Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིགས་བཅད་གཅིག་པའི་རྣམ་བཤད།
   
   
   
   


 
previousཚིགས་བཅད་གཅིག་པའི་རྣམ་བཤད།next

ཚིགས་བཅད་གཅིག་པའི་རྣམ་བཤད།


TNT17_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་གཅིག་པའི་རྣམ་བཤད་བཞུགས། །


TNT17_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པ་གཅིག་པའི་མདོ་འདི། སྔོན་གྱི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་རྒྱལ་ཞེས་བྱ་བ། མེའི་ཁམས་ལ་སྙོམས་པར་ཞུགས་ཏེ། ཏིང་ངེ་འཛིན་གྱིས་གནས་པས་བཞུགས་པ་ལ། འོ་སྐོལ་གྱི་སྟོན་པ་བྲམ་ཟེ་མི་སྦྱིན་ཞེས་བྱ་བར་གྱུར་པ་དེ། དད་པ་ལྷ་ལྷག་ཏུ་སྐྱེས་ནས། ཞབས་ཡ་གཅིག་ཁོ་ན་ས་ལ་བཙུགས་ཏེ་འགྲེང་བཞིན་དུ། ཚིགས་སུ་བཅད་པ་གཅིག་པ་འདིས། ཞག་བདུན་དུ་བར་མ་ཆད་པར་བསྟོད་པས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་པ་ཡིན་ནོ། །ཞེས་གསུངས་ཏེ། སྟོན་པ་ཉིད་ཀྱི་སླར་ཡང་གཏམ་དེ། ཟློས་ནས་གསུངས་པ་ཡིན་ནོ། །དེ་ཡང་སྐྱེས་བུ་ཁྱུ་མཆོག་ཅེས་བྱ་བ་ནི། སྐྱེ་བུ་ནི་སོ་སོ་སྐྱེ་བོ་དང་འཕགས་པའི་སེམས་ཅན་གྱི་


TNT17_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སོ། །དེ་རྣམས་ཀྱི་གཙོ་བོ་དང་འདྲེན་པ་དང༌། ལམ་སྟོན་པ་པོ་ཡིན་པའི་ཕྱིར་ཁྱུ་མཆོག་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། ཁྱོད་འདྲ་ཞེས་པ་ལ། ཁྱོད་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ཁྱོད་དང་མཚུངས་པ་ཡང་གཞན་མེད་ཅེས་པའོ། །དགེ་སྦྱོང་ཆེན་པོ་གཞན་དག་གཅེས་པ་ལ། དགེ་སྦྱོང་ནི་རབ་ཏུ་བྱུང་བ་སྟེ། ཁྱོད་དང་མཚུངས་པའི་དགེ་སྦྱོང་ཡང་མེད་ན། ཁྱིམ་པ་ཁྱོད་དང་མཚུངས་པ་ལྟ་ཅི་སྨོས་ཞེས་པའི་དབང་དུ་བྱས་པ་ཡིན་ལ། དེ་ལྟར་ན་དྲག་པོ་དང་ཁྱབ་འཇུག་ལ་སོགས་པ་ལྷ་དང༌། སེར་སྐྱ་ལ་སོགས་པ་དགེ་སྦྱོང་དང༌། རྒྱས་པ་ལ་སོགས་པ་བྲམ་ཟེ་སྟེ། དབང་ཆེ་བ་དང༌། མཐུ་ཆེ་བ་དང༌། སྐྱེས་བུ་ཆེན་པོར་གྲགས་པ། འཇིག་རྟེན་པ་རྣམས་ཀྱི་མཆོད་འོས་སུ་གྱུར་པ་དེ་དག་ནི། ལྟ་བ་


TNT17_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པ་དང་སྤྱོད་པ་ངན་པར་བསྟེན་པའི་ཕྱིར། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་ཡང་མཉམ་པ་མ་ཡིན་ན། སངས་རྒྱས་ཉིད་དང་ག་ལ་མཚུངས། །ཞེས་པའི་དོན་ཏེ། འོན་ཏེ་དེ་བཞིན་གཤེགས་པ་གཞན་དག་ཀྱང་བཞུགས་པ་མ་ཡིན་ནམ་སྙམ་ན། ངེས་པའི་དོན་དུ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ངོ་བོ་གཅིག་པའི་ཕྱིར། སོ་སོ་ཐ་དད་པའི་གཞན་དུ་མི་འགྱུར་ལ། ཀུན་རྫོབ་འཇིག་རྟེན་པ་རྣམས་ཀྱི་སྣང་ངོ་ལྟར་ན། འདས་པའི་སངས་རྒྱས་རྣམས་ནི་སྐབས་དེར་མ་མཐོང་བ་དང། མ་དག་པའི་བློ་མིག་ཅན་རྣམས་དང་ཐུན་མོང་དུ་སྣང་བ་ལ། འཇིག་རྟེན་གྱི་ཁམས་གཅིག་ཏུ་དེ་བཞིན་གཤེགས་པའི་སྤྲུལ་པའི་མཆོག་གཉིས་དུས་མཉམ་དུ་མི་འབྱུང་བའི་དབང་དུ་མཛད་པ་ཡིན་གྱི། ཉན་ཐོས་སྡེ་བ་མང་པོའི་འདོད་པ་ལྟར། འཇིག་རྟེན་གྱི་ཁམས་གཞན་དང་གཞན་དུ། སངས་རྒྱས་གཉིས་དུས་མཉམ་དུ་མི་འབྱུང་བར་འདོད་པ་ལྟར་ནི་མ་ཡིན་ནོ། །སྡེ་པ་བཅོ་བརྒྱད་ཀྱི་འདོད་པ་ལྟར་ན་ཡང༌། སངས་རྒྱས་རྣམས་ཆོས་ཀྱི་སྐུ་མཚུངས་ཤིང༌། བཞེད་དོན་གཅིག་ལ་འདུ་བུའི་ཕྱིར། དགེ་སྦྱོང་གཞན་གྱི་ཁོངས་སུ་མི་བསྡུའོ། །ལྷ་ཡུལ་ས་ཞེས་པ་ནི། རྒྱལ་ཆེན་བཞིའི་རིགས་དང༌། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་རི་རབ་ལ་སོགས་པ་ས་གཞི་ལ་བརྟེན་པས། དེ་དག་གི་ས་ཡུལ་ཡིན་ལ། བརྒྱ་བྱིན་གྱི་དྲུང་ན་ལྷ་མཐོ་བོ་ཆེ་རྣམས་གནས་པས། སུམ་ཅུ་རྩ་གསུམ་ན་ཡོད་དམ་སྙམ་པའི་དོགས་པ་སེལ་


TNT17_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །འཇིག་རྟེན་འདི་ན་ཞེས་པ་ནི། མིའི་འཇིག་རྟེན་འཛམ་བུའི་གླིང་འདི་ན་ཞེས་པའི་དོན་ཡིན་ལ། དགེ་སྦྱོང་དང་བྲམ་ཟེ་ཆེས་མཐུ་ཆེ་བ་རྣམས། ཁྱད་པར་ཅན་གྱི་ཡོན་ཏན་བསྒྲུབ་པའི་གནས་ནི་འདི་ཡིན་པས་སོ། །རྣམ་ཐོས་བུའི་གནས་ནི་ལྕང་ལོ་ཅན་དེ། དེ་ན་ནི་བཅུད་ལེན་དང་གྲུབ་པའི་རྫས་དང༌། རིགས་སྔགས་འཆང་བ་ཆེན་པོ་དག་གནས་པའི་ཕྱིར། དེ་ཁྱད་པར་དུ་སྨོས་ལ། དེས་ནི་འཇིག་རྟེན་སྐྱོང་བ་གཞན་གསུམ་པོ་དག་ཀྱང་ཤུགས་ལ་གོ་བར་འགྱུར་རོ། །ལྷའི་ཕོ་བྲང་གནས་མཆོག་ཅེས་བྱ་བ་ནི། ཟླ་བ་དང་ཉི་མ་ལ་སོགས་པ་ས་གཞི་ལ་བརྟེན་པ། ནམ་མཁའ་ལ་འགྲོ་བའི་གཞལ་མེད་ཁང་རྣམས་དང༌། འཐབ་བྲལ་གྱི་གནས་ཡན་ཆད། ནམ་མཁའ་ལ་སྤྲིན་ཆགས་པ་བཞིན་དུ་ཡོད་པའི་ལྷའི་གནས་རྣམས་ཏེ། ཉི་ཟླ་གཟའ་སྐར་ལ་སོགས་པ་ནི། ལོ་ལེགས་ཉེས་དང༌། ནད་ཡམས་འབྱུང་གཅོད་ལ་སོགས་པ། མི་དང་དུད་འགྲོ་རྣམས་ལ་བདེ་སྡུག་གི་བྱེད་པོར་འཇིག་རྟེན་ན་གྲགས་པའི་ཕྱིར་དང༌། འཐབ་བྲལ་ལ་སོགས་པ་ནི་ཆེས་ཆེ་བའི་ལྷ་རྣམས་གནས་པའི་ཕྱིར་སྨོས་པ་ཡིན་ནོ། །ཕྱོགས་དང་ཕྱོགས་མཚམས་ཞེས་བྱ་བ་ལ། རི་རབ་ཀྱི་ཕྱོགསབཞི། འཇིག་རྟེན་སྐྱོང་བ་བཞིའི་གནས་དང༌། རྩེ་མོའི་མཚམས་རྣམས་ན་གནོད་སྦྱིན་ལག་ན་རྡོ་རྗེ་དང་གནས་པའི་རྫོངས་རྣམས་ཡོད་པའམ། ཡང་ན་ཕྱོགས་དང་མཚམས་ཀྱི་གླིང་ཡིན་


TNT17_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གླིང་བཅུ་གཉིས་རྣམས་སམ། ཡང་རྣམ་པ་ཅིག་ཏུ་ན། དབང་པོ་དང་མེ་ལྷ་ལ་སོགས་པ་ཕྱོགས་སྐྱཽང་བ་བརྒྱད་པོ་རྣམས་ཀྱི་གནས། འཁོར་ཡུག་གི་ནང༌། འཁོར་ཡུག་གི་རི་ལ་བརྟེན་པ་རྣམས་ཏེ། དེ་དག་ནི་འཇིག་རྟེན་གྱི་འཕེལ་འགྲིབ་བྱེད་པ་པོར་གྲགས་པ་དང༌། དྲི་ཟ་དང་དྲང་སྲོང་ལ་སོགས་པ་དབང་ཆེ་བ་རྣམས་གནས་ཤིང༌། དེ་དག་གི་རིགས་ལས་བྱུང་བའི་དགེ་སྦྱོང་དང་བྲམ་ཟེ་དེ་དག་གི་བརྟེན་པའི་ཕྱིར་འདིར་སྨོས་སོ། །རི་དང་ཞེས་པ་ནི་གཉའ་ཤིང་འཛིན་རི་ལ་སོགས་པ་རིའི་གཙོ་བོ་རྣམས་དང༌། གངས་ཅན་དང་མནྡན་ར་ལ་སོགས་པ་རི་ཕྲ་མོ་རྣམས་དང༌། ནགས་ནི། ནགས་ཚལ་ཆེན་པོ་བདུན་ནམ་བཅུ་གཉིས་ལ་སོགས་པ་སྟེ། རི་བོ་དང་ནགས་ཚལ་དག་ལ། དཀའ་ཐུབ་ཅན་དག་རྒྱུ་ཞིང་གནས་པའི་ཕྱིར་སྨོས་པ་སྟེ་ས་སྟེང་རྒྱས་པ་ནི། ས་སྟེང་ཡངས་པའི་དོན་ནོ། །ཚིག་གཞན་རྣམས་ཀྱི་འདོད་ཁམས་པ་ལས་ཁྱད་པར་དུ་འཕགས་པ་དང༌། ལྷ་ཡུལ་ས་ལའང་མེད་ཅེས་པས། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་བསྟན་ཏོ། །ཞེས་པ་ཡང་དོན་གྱི་མདོའི་རྣམ་གྲངས་གཞན་ཏེ། མདོ་འདིའི་དོན་འཕགས་པ་དབྱིག་གཉེན་གྱིས་བཤད་པ་ལྟར་ལས་གོ་བདེ་བར་ཏཱ་ར་ནཱ་ཐས་བརྗོད་པའོ།། ཤུ་བྷཾ།། །། ༈ ཚིགས་སུ་བཅད་པ་གཉིས་པའི་རྣམ་བཤད་བཞུགས། བླ་མ་ལ་ཕྱག་འཚལ་ལོ། །ཚིགས་སུ་བཅད་པ་གཉིས་པའི་གཟུངས་


TNT17_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཉེས་པ་བརྒྱད་དང་དེ་སྤོང་བྱེད་ཀྱི་ཆོས་དང༌། གཟུགས་སྔགས་དང༌། དེའི་ཕན་ཡོན་ཏེ། བསྡུས་པའི་དོན་བཞིས་བསྟན་ཏོ། །དང་པོ་ནི། སངས་རྒྱས་དང་ནི་ཆོས་ལ་བརྙེས་པ་དང་སོགས་ཏེ། དེ་ཡང་ཐེག་པ་དམན་པའི་སྡེ་སྣོད་ལས་མི་འབྱུང་ཞིང༌། ཐེག་པ་ཆེན་པོ་ལས་འབྱུང་བ། མདོའི་ཚིག་དོན་འགལ་འགལ་འདྲ་ལ་མི་འགལ་བ་མང་པོ་དག་ནི། ཉེས་པ་བརྒྱད་པོ་འདི་སྤོང་བའི་ཕྱིར་གསུངས་སོ། །དེ་ཡང་སོ་སོའི་དཔེར་བརྗོད་བཤད་ན། སྔོན་གྱི་སངས་རྒྱས་ལ་བརྙས་པ་སྤངས་པའི་དོན་དུ། དེ་བཞིན་གཤེགས་པ་རྣམ་གཟིགས་ལ་སོགས་པའི་སྐུ་ཚེ་དང་ཞིང་ཁམས་དང༌། འཁོར་ཕུན་སུམ་ཚོགས་པའི་ཚེ་དཔག་ཏུ་མེད་པ་གསུངས་ལ། འོ་ན་སྟོན་པ་ཤཱཀྱ་ཐུབ་པ་ནི། ཆེས་ཆུང་བའོ་སྙམ་པའི་བརྙས་པ་སྤངས་པའི་དོན་དུ། དེའི་ཚེ་དེའི་དུས་ན་ང་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་གཟིགས་ཞེས་བྱ་བར་དེར་གྱུར་ཏོ། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ཡང་སྔོན་གྱི་ལུས་རྗེས་འབྲང་བའི་ཚུལ་གྱི། ཐ་དད་པའམ། གཅིག་པ་གང་ཡིན་ཡང་འདྲ་སྟེ། སངས་རྒྱས་ཀྱིས་བརྙེས་ཟིན་པ་ན་ཐམས་ཅད་ངོ་བོ་གཅིག་པ་ལ་དགོངས་ཏེ། གངྒཱའི་ཆུ་ཡང་རྒྱ་མཚོ་ཆེན་པོ་ལ་འདུས་པ་སྟེ། རྒྱ་མཚོ་འདི་ནི་གངྒཱ་ཡང་ཡིན་ལ་སིན་དྷུ་ཡང་ཡིན་ནོ་ཞེས་པ་ལྟ་བུ་སྟེ། མཉམ་པ་ཉིད་ལ་དགོངས་པའོ། །ཆོས་ལ་བརྙས་པ་ནི། གསུང་རབ་ཡན་ལག་བཅུ་གཉིས་སམ། སྡེ་


TNT17_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་གསུམ་པོ་འདི་དག་གདོལ་བ་དང༌། བུད་མེད་ཚུལ་ཆད་ཀྱིས་ཀྱང་ཐོས་པས་ཐུན་མོང་བ་དང༌། རྙེད་སླ་བ་དང་ཉེས་པར་བཤད་པ་ཡིན་ནམ་སྙམ་པ་སྟེ། དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ནི། ཉོན་མོངས་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་གཉེན་པོ། ཡེ་ཤེས་དང་བདེ་བ་ཐམས་ཅད་ཀྱི་རྒྱུ་ཡིན་ནོ། །དེའི་ཕྱིར་ཇི་སྐད་དུ། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ན། ཐེག་པ་ཆེན་པོ་ལ་ཤེས་པ་སྐྱེ་བ་འགྱུར་རོ་ཞེས་གསུངས་ཏེ། རྒྱུ་ཕུན་སུམ་ཚོགས་པ་དཔག་ཏུ་མེད་པ་ལས་སྒྲུབ་དགོས་པས་ཤིན་ཏུ་རྙེད་དཀའ་བར་བསྟན་ཏོ། །སྤྱིར་དམ་ཆོས་ཙམ་དང༌། དགོས་སུ་ཐེག་ཆེན་གྱི་ཆོས་ཐོས་པ་ཙམ་ཡང་ཤིན་ཏུ་རྙེད་དཀའ་བ་ནི་ངེས་པར་ཡིན་ནོ། །འོན་ཀྱང་དེ་ལྟར་གསུངས་པ་དེ་ནི། སྐབས་ཀྱི་གདུལ་བྱ་དེ་རྣམས་ཀྱིས་ཐེག་ཆེན་གྱི་ཆོས་ལ་ཐོས་པའི་ཤེས་རབ་སྐྱེ་བ་ལ་རྒྱུ་དེ་ཙམ་དགོས་པར་གོ་ནས། ཆོས་ལ་བརྙས་པ་སྤངས་ཏེ་གུས་པར་འགྱུར་ལ། དོན་དུ་མི་ཐོས་པའི་ཤེས་རབ་ཙམ། ཡེ་ཤེས་རྣམ་དག་མ་ཡིན་པས། ཐེག་ཆེན་གྱི་དོན་མངོན་སུམ་དུ་མཐོང་བའི་ཡེ་ཤེས་སྐྱེ་བ་ལ་རྒྱུ་དེ་ཙམ་དགོས་པར་དགོངས་སོ། །དེ་ནི་ཡིན་ཏེ། བསྐལ་པ་གྲངས་མེད་པ་གཅིག་ཏུ་ཚོགས་བསགས་པ་ལས། མཐོང་ལམ་གྱི་ཡེ་ཤེས་སྐྱེ་བར་དགོངས་སོ། །ལེ་ལོ་ནི། རྣམ་གཡེང་དང༌། ཡིད་ཆད་དང༌། སྒྱིད་ལུག་པ་དང༌། འདོད་པ་ལ་ཆགས་པ་ལ་སོགས་པའི་རྒྱུ་ལ་བརྟེན་


TNT17_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། དགེ་བ་ལ་མི་སྤྲོ་ཞིང་མི་རྩོལ་བ་སྟེ། དེའི་གཉེན་པོར་དེ་བཞིན་གཤེགས་པ་རིན་ཆེན་མིང་གི་མཚན་བརྗོད་པ་ཙམ་གྱིས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །ཞེས་སྤྲོ་བ་བསྐྱེད་དེ་གསུངས་པ་ལྟ་བུའོ། །དེས་ནི་ལེ་ལོ་ཅན་དེ་ཡང་གནས་འདི་ལ་ནི་དེ་ཙམ་དུ་དཀའ་བ་མ་ཡིན་ནོ་སྙམ་པས། དེ་མ་ཐག་ཏུ་སངས་རྒྱས་རིན་ཆེན་མིང་གི་མཚན་བརྗོད་པ་དེ་ལ་འཇུག་པར་འགྱུར་ལ། དུས་སྐབས་དེ་ཉིད་དུ་བྱང་ཆུབ་ཆེན་པོར་ངེས་པ་མ་ཡིན་ཀྱང༌། མཚན་བརྗོད་པའི་དགེ་བ་དེ་ལ་བརྟེན་ནས་མ་འོངས་པ་ན་འགྱུར་ཏེ། ས་བོན་འདི་ལས་ནི། སྟོན་ཐོག་འདི་བྱུང་ངོ་ཞེས་པ་ལྟ་བུའོ། །ཅུང་ཟད་ཙམ་གྱི་ཆོག་པར་འཛིན་པ་ནི། སྦྱིན་པའང༌། ཚུལ་ཁྲིམས་སམ། ཏིང་ངེ་འཛིན་རེ་ཙམ་སྒྲུབ་ནས། གཞན་མི་དགོས་སོ་ཞེས་འཛིན་པ་སྟེ། དེ་ལ་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་འགྲུབ་པར་བྱེད་པ་ལ་ཡང༌། དགེ་བ་རྒྱ་མཚོ་ལྟར་དཔག་ཏུ་མེད་པ་བྱ་དགོས་ན། དེ་ཇི་ལྟར་ལེ་ལོས་ཐོབ་པར་ནུས། ཞེས་གསུངས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་ལ་བསྒྲུབ་དགོས་པར་གདམས་པའོ། །འདི་དང་གོང་མ་གཉིས་འགལ་འགལ་འདྲ་ཡང་མི་འགལ་ཏེ། ཆུང་ངུ་ལ་བརྟེན་ཏེ། རིམ་པས་བརྒྱུད་ནས་དོན་ཆེན་པོ་འགྲུབ་ཏུ་རུང་བ་དང༌། དོན་ཆེན་པོ་འཕྲལ་དུའམ་དངོས་སུ་སྒྲུབ་པ་ལ་རྒྱུ་ཚོགས་མང་པོ་བསགས་ཟིན་པ་དགོས་པ་མི་འགལ་བས་སོ། །དེ་


TNT17_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་རེས་འགའ་སྦྱིན་པ་ལ་ཆེས་བསྔགས་ཤིང༌། ཁ་ཅིག་ཏུ་བྱིན་པ་སྨད་དེ་ཚུལ་ཁྲིམས་བསྔགས་པ་སོགས་རྣམ་གྲངས་ཀྱི་སྒོ་ནས་གདུལ་བྱའི་བསམ་པ་ལ་ལྟོས་པས་མི་འགལ་ཏེ། སེར་སྣའི་གཉེན་པོར་འགྱུར་བའི་སྐབས་སམ། སྦྱིན་པ་ནི་ལྷག་པར་གཏོང་བར་ནུས་ལ། ཚུལ་ཁྲིམས་སོགས་ལ་རེ་ཞིག་མི་འཇུག་པ་དེ་དག་ལ་ནི། སྦྱིན་པ་ཉིད་ཕན་ཡོན་ཆེ་བའི་ཕྱིར་སྦྱིན་པ་བསྔགས་པར་མཛད་ལ། སྦྱིན་པ་ལ་མཆོག་འཛིན་ཅན་གྱི་གཉེན་པོར་འགྱུར་བའི་སྐབས་དང༌། དེ་ཙམ་གྱིས་ཆོག་པར་འཛིན་ཡང་ཚུལ་ཁྲིམས་ཀྱི་སྐལ་བ་ཅན་རྣམས་ཚུལ་ཁྲིམས་ལ་འགོད་པའི་དོན་དུ། སྦྱིན་པ་ནི་སྨད་་ཚུལ་ཁྲིམས་ནི་བསྟོད་པར་མཛད་དེ། དོན་དུ་སྦྱིན་པ་རྐྱང་པ་བས་ཚུལ་ཁྲིམས་མཆོག་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སྤྱོད་པ་ནི། རང་གི་རྫས་དང་ཡོ་བྱད་ལ་ཆགས་ཤིང་བཟང་པོར་རློམ་པ་ཡིན་ཏེ། དེའི་དོན་དུ་བདེ་བ་ཅན་ལ་སོགས་པ་ཞིང་གི་འབྱོར་བ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྟན་པས་རང་གི་ལོངས་སྤྱོད་ངན་པ་ལ་མ་ཆགས་ཤིང༌། ཞིང་ཁམས་དེར་སྨོན་ལམ་འདེབས་པར་འགྱུར་བའོ། །ང་རྒྱལ་ལ་སྦྱོང་བ་ནི། ལྷ་དང་མི་ལ་སོགས་པ་གང་དག་ལུས་དང་ལོངས་སྤྱོད་དང་མཐུ་སྟོབས་དང༌། ཚེ་དང་ཤེས་རབ་དང་རིགས་ལ་སོགས་པའི་སྙེམས་ཏེ། དཀོན་མཆོག་མི་མཆོད་པའམ། དཀོན་མཆོག་ལ་མི་གུས་པའམ། བདེན་པ་མ་མཐོང་བ་དག་ལ། དེ་བཞིན་གཤེགས་


TNT17_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

པ་འོད་དཔག་མེད་ལ་སོགས་པའི་སྐུ་ཚེ་དཔག་ཏུ་མེད་པ་དང༌། འཁོར་གྱི་ཆེ་བ་དཔག་ཏུ་མེད་པ་སོགས་བསྟན། དེ་དག་གིས་ཐོས་པས་ང་རྒྱལ་ཞི་ཞིང༌། སྔར་གྱི་ངང་ཚུལ་ལ་འགྱོད་པས། བཤགས་སྡོམ་བྱེད་ཅིང་དཀོན་མཆོག་གསུམ་ལ་གུས་པ་སྐྱེ་བ་དང༌། དེས་རྒྱུད་དག་པར་གྱུར་ཏེ། བདེན་པ་མཐོང་བ་ལ་སོགས་པར་འགྱུར་རོ། །འགྱོད་པ་ནི། སྤྱིར་བྱ་བ་མ་ཡིན་པ་བྱས་ཟིན་པ་ལ་འགྱོད་པས་སྐྱེ་དགོས་པ་ཡིན་ཀྱང༌། ཧ་ཅང་འགྱོད་པ་ཐལ་ཆེས་པས། སེམས་རྩེ་གཅིག་པར་མ་གྱུར་ཅིང༌། དེ་ལས་ཡོན་ཏན་གྱི་ཁྱད་པར་མ་ཐོབ་པ་དག་ལ་དགོངས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། གནོད་པ་བྱེད་པ་གང་ཡིན་དེ་དག་ཐམས་ཅད་མཐོ་རིས་སུ་འགྲོ་བར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་སྟེ། ཚིག་དེ་ཐོས་པས་འགྱོད་པ་ཤུགས་ཆུང་དུ་སོང་ནས་སེམས་གནས་ཤིང༌། དེ་ལས་ཡོན་ཏན་གྱི་ཁྱད་པར་མང་པོ་ཐོབ་པར་འགྱུར་བ་ཡིན་ལ། སངས་རྒྱས་ལ་གནོད་པ་བྱས་པའི་དངོས་ཀྱི་འབྲས་བུ་ལ་ནི། སྡུག་བསྔལ་ཆེས་ཆེ་བ་ཁོ་ན་མ་གཏོགས། བདེ་བའི་དྲི་ཙམ་ཡང་མི་འབྱུང་མོད་ཀྱི། གནོད་པ་རྩོམ་པའི་སྐབས་དེར་ཡང་སྐུ་མཐོང་བའམ། མཚན་ཐོས་པའམ། རྣམ་པ་ཡིད་ལ་བྱས་པའི་འབྲས་བུ་ནི། དུས་མ་འོངས་པ་ཞིག་ན་མཐོ་རིས་ཀྱི་བདེ་བ་ཐོབ་པའི་རྒྱུར་འགྱུར་བ་ལ་དགོངས་པའོ། །མ་ངེས་འབྱེད་པ་ཞེས་པ་ལ། འབྱེད་


TNT17_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་ལོག་པའི་དོན་ཏེ། རིགས་མ་ངེས་པའི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཆུང་ཞིང་བསམ་པ་མི་བརྟན་པ་རྣམས། ལོག་སྒྲུབ་དང་སྡུག་བསྔལ་དྲག་པོ་མྱོང་བ་ལ་སོགས་པའི་རྐྱེན་གྱིས་ཐེག་ཆེན་སེམས་བསྐྱེད་བཏང་སྟེ། ཐེག་དམན་དུ་འཇུག་པ་ཡང་སྲིད་པ་ལས། དེ་འདྲ་དེ་ལྡོག་པར་བྱ་བའི་ཕྱིར་དང༌། ཐེག་དམན་དུ་ཞུགས་པ་ཡིན་ཀྱང་ཐེག་དམན་གྱི་རིགས་སུ་མ་ངེས་པ་དག་ཀྱང༌། སྤྲོ་བ་སྐྱེད་དེ་ཐེག་པ་ཆེན་པོ་ལ་འཇུག་པའི་ཕྱིར་དུ། ཐེག་པ་ཆེན་པོ་འདི་བསྟན་ཏེ། ཉན་ཐོས་ཆེན་པོ་རྣམས་ཀྱང་སངས་རྒྱས་སུ་ལུང་བསྟན་པ་དང༌། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ནི་ཐེག་པ་ཆེན་པོ་ཁོ་ན་ཡིན་པ་དང༌། མྱ་ངན་ལས་འདས་པ་དང་ཐར་བ་དང་བྱང་ཆུབ་ཀྱང་བླ་ན་མེད་པའི་ཆོས་ཀྱི་སྐུ་ཁོ་ན་ཡིན་པར་བསྟན་པས་གདུལ་བྱ་ཉེ་བར་གནས་པ་དེ་རྣམས་ལས། ཐེག་ཆེན་པ་རིགས་མ་ངེས་པ་དེ་རྣམས་ནི། འདི་ལས་གཞན་པ་ལ་ཐེག་པ་མེད་པའི་ཕྱིར། བདག་དཀའ་བ་བརྒྱ་ཕྲག་དུ་མ་ལ་སྤྱོད་དགོས་ཀྱང༌། ལམ་གཞན་བཙལ་བར་མི་བྱའོ་སྙམ་པའི་དམ་བཅའ་བརྟན་པོར་བྱེད་པ་དང༌། ཉན་ཐོས་མ་ངེས་པ་རྣམས་ཀྱང༌། ལམ་འདི་ལ་ནི་མཐར་ཐུག་གི་གནས་མེད་ན། ཉེས་ལས་འདི་ཅི་ཞིག་བྱ་སྙམ་སྟེ། ཐེག་པ་ཆེན་པོ་ལ་འཇུག་པར་འགྱུར་རོ། །དགོངས་གཞི་ནི། ཐེག་པ་གཉིས་ནི་གནས་སྐབས་པའི་ཐེག་པ་ཙམ་ཡིན་


TNT17_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མཐར་ཐུག་གི་ཐེག་པ་ནི་གཅིག་ཁོ་ན་ཡིན་པ་ལ་དགོངས་པའོ། །དེ་ལྟར་ན་ཉེས་པའམ། བར་དུ་གཅོད་པའམ། སྒྲིབ་པའི་ཆོས་བརྒྱད་པོ་དེ་དག་གི་གཉེན་པོར། ཐེག་པ་ཆེན་པོའི་ཁྱད་ཆོས། འགལ་བ་འདུས་པ་ལྟར་སྣང་བ་རྣམས་བསྟན་པ་ཡིན་ནོ། །འདིར་སྨོས་པ་རྣམས་ནི་མཚོན་བྱེད་ཙམ་སྟེ། དེ་དང་དེའི་རིགས་ཅན་རིགས་མཐུན་པའི་ལོག་པར་རྟོག་པ་དཔག་ཏུ་མེད་པ་ཡང་ཉེས་པ་བརྒྱད་པོ་དེར་འདུས་པ་དང༌། གཉེན་པོའི་ཆོས་བསྟན་པ་ཡང་དེ་དང་དེ་འདྲའི་རིགས་དཔག་ཏུ་མེད་པ་དག་འདིར་དཔེར་བརྗོད་ཙམ་བསྟན་པ་ལས་དཔགས་ཏེ་ཤེས་པར་བྱའོ། །སྤྱིར་སངས་རྒྱས་ལ་བརྙས་པ་ལ་སོགས་པ་ཉེས་པ་བརྒྱད་པོ་རྣམས་ནི། སེམས་ཅན་རྣམས་ཀྱི་རྒྱུད་ལ་འབྱུང་དུ་རུང་བའི་སྒྲིབ་པར་འགྱུར་བ་སྟེ། དེ་དག་ཀྱང་བསྡུ་ན། མ་དད་མི་བརྩོན་ཆགས་པ་དང༌། །ང་རྒྱལ་ལམ་ངན་ཞེས་པ་ལྔ། །དང་པོ་གཉིས་ནི་མ་དད་པར་འདུས་ལ། དེ་ནས་གཉིས་ནི་མི་བརྩོན་པ་ཡིན་ཞིང༌། དེ་ལྟར་གཉིས་དང་འདོད་ཆགས་དང་ང་རྒྱལ་ཏེ། ཉོན་མོངས་དང་འབྲེལ་བའི་ལས་བཞི་དང༌། འགྱོད་པ་དང༌། མ་ངེས་ལྡོག་པ་གཉིས་གཅིག་ཏུ་སྡོམས་པ་ནི་ལམ་ངན་པའི་ཉེས་པ་ཞེས་བྱ་སྟེ། གཉིས་པོ་དེ་ནི། གཉེན་པོའི་ཕྱོགས་ལ་བརྟེན་པ་ཡིན་ཀྱང༌། གཉེན་པོ་ལས་སྐྱོན་དུ་གྱུར་པ་ཡིན་ནོ། །དང་པོ་གཉིས་དང༌། འདོད་ཆགས་ནི་ཆོས་ལ་འཇུག་པ་ལ་བར་དུ་གཅོད་པའོ། །ཅུང་ཟད་


TNT17_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་འཛིན་དང༌། འགྱོད་པ་ནི་ཞུགས་ཟིན་པ་ལ་བར་དུ་གཅོད་པའོ། །ལེ་ལོ་དང་ང་རྒྱལ་ནི་གཉིས་ཀ་ལ་བར་དུ་གཅོད་པའོ། །ཐ་མ་ནི་འབྲས་བུ་མཆོག་ཐོབ་པ་ལ་བར་དུ་གཅོད་པའོ། །གཉིས་པ་ནི་དེ་ཡི་གཉེན་པོ་སོགས་ཏེ་དེ་དག་གི་གཉེན་པོ་ནི་ཐེག་པ་གསུམ་པོའི་ཆོས་མཐའ་དག་ཡིན་ཀྱང༌། ཐེག་པ་མཆོག་ཐེག་ཆེན་བསྟན་པས་ནི། དེའི་གཉེན་པོ་བླ་ན་མེད་པར་འགྱུར་ཏེ། དེའི་རིམ་པས་བར་དུ་གཅོད་པ་བརྒྱད་པོ་དེ་དག་གིས། ཉེས་པ་ཐམས་ཅད་རྩ་བ་ནས་རབ་ཏུ་སྤོང་བར་འགྱུར་རོ། །སྤོང་ཚུལ་སྔོན་བཤད་པ་དེ་དག་གི་འགྲེལ་བ་དག་ལས་གསུངས་པ་ལྟར་ཡིན་ལ། བདག་གི་རྟོག་པ་ནི་འདི་ལྟ་སྟེ། དེ་ཡང་ཐེག་ཆེན་གྱི་ཆོས་སྤྱི་ལྡོག་དང་སྦྱར་ན་འདི་ལྟར་གོ་དགོས་ཏེ། ཉན་ཐོས་ཀྱི་ཐེག་པར། སངས་རྒྱས་ཀྱི་སྤངས་པའི་ཁྱད་པར་ལས་བརྩམས་ཏེ། འདོད་ཆགས་ཞེ་སྡང་སོགས་མེད་པའི་ཚུལ་དང༌། རྒྱུའི་ཁྱད་པར་ལས་བརྩམས་ཏེ། གཞན་དོན་དུ་དཀའ་སྤྱད་དཔག་ཏུ་མེད་པ་སོགས་སྐྱེས་བུ་དམ་པ་ཁོ་ནའི་སྤྱོད་ཡུལ། ཁྱབ་འཇུག་དང་དྲག་པོ་སོགས་ལ་མེད་པའི་ཁྱད་ཆོས་སུ་ཤེས་པས། སངས་རྒྱས་ལ་བརྙེས་པ་ཕལ་ཆེར་ལྡོག་མོད་ཀྱི། རྣམ་པར་འཕྲུལ་བ་མཐའ་ཡས་པ་དང༌། ཤེས་བྱ་ཀུན་ཁྱབ་ཀྱི་ཚུལ་རྒྱས་པར་མ་བསྟན་པས། རྣམ་པར་འཕྲུལ་བ་དང༌། དབང་འབྱོར་བའི་ཁྱད་པར་ནི། སངས་རྒྱས་ལས་ཀྱང་དེ་དག་ལྷག་གོ་སྙམ་པ་འབྱུང་སྲིད་ན། ཐེག་ཆེན་ལས་ནི། དེ་བཞིན་གཤེགས་པའི་སྐུ་


TNT17_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་དང༌། ཡོན་ཏན་དང༌། ཞིང་ཁམས་དང་འབྱོར་བ་དང་ཕྲིན་ལས་མཐའ་ཡས་པ་རྣམས་རྒྱས་ཤིང་གསལ་བར་བསྟན་པས། སྟོན་པ་གཞན་དེ་དག་གི་ཡོན་ཏན་ནི། བྱེ་བ་བརྒྱ་ཕྲག་དུས་གཅིག་ཏུ་ཚོགས་ཀྱང༌། བ་གླང་གི་རྨིག་རྗེས་མི་གཙང་བའི་ཆུས་གང་བ་ཙམ་དུ་ཟད་པ་ལ། བཅོམ་ལྡན་འདས་ཀྱི་ཆེ་བ་ནི། བདུད་རྩིའི་རྒྱ་མཚོ་ལྟ་བུ་གཏིང་མཐའ་མེད་པའོ། །ཞེས་ཤེས་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་ལས། ལམ་དང་གང་ཟག་བསྟན་པ་དེ་རྣམས་ཀྱིས་ཀྱང༌། མུ་སྟེགས་བྱེད་ཀྱི་ཆོས་ཕལ་ཆེར་ཟིལ་གྱིས་གནོན་མོད་ཀྱི། གནས་སྐབས་འགའ་ཞིག་ཏུ། རིག་བྱེད་ལ་སོགས་པ་ཐོས་པས་གྲོལ་བའི་རྒྱུའོ་ཞེས་ཐོས་པ་ན། འདི་བས་ཀྱང་དེ་བཟང་ངོ་སྙམ་པའི་ཐེ་ཚོམ་སྐྱེ་བ་སྲིད་ལ། ཐེག་ཆེན་དུ་ནི། ལྟ་སྤྱོད་སྒོམ་པ་འབྲས་བུའི་ཁྱད་པར། རྒྱུ་འབྲས་ཐམས་ཅད་བཟང་ལ་རྒྱ་ཆེ་བ་ཡང་བསྟན་ལ། ཆོས་ཐོས་པ་ཙམ་དང༌། གླེགས་བམ་ས་ཕྱོགས་ན་བཞུགས་པ་ཙམ་གྱི་ཕན་ཡོན་ཡང་མཐའ་ཡས་པ་ཞིག་གསུངས་པས། ཆོས་ལ་གུས་པ་མཚུངས་མེད་སྐྱེ་བར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་ལས་ནི། འཁོར་བ་འཁྲུལ་བའི་སྣང་བ་ཙམ་དུ་སྟོན་པ་ཉུང་ཞིང་མི་གསལ་ལ། ཐེག་པ་ཆེན་པོར་ནི་ཤིན་ཏུ་གསལ་ཞིང་རྒྱས་པས། འཁོར་བ་སྤོང་བ་ཡང་དཀའ་བ་མ་ཡིན་པར་ཤེས་ཤིང༌། སེམས་ཅན་ལ་སྙིང་རྗེ་ཆེན་པོ་ལྷག་པར་རྒྱས་པས། དེ་རྣམས་སྒྲོལ་བའི་ཕྱིར་


TNT17_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སྲོག་གཏོང་བ་ཡང་ཚོམ་ཚམ་ཚོམ་མེད་པར་ནུས་ཏེ། དེའི་ཕྱིར་ལེ་ལོའི་གཉེན་པོ་མཆོག་བརྩོན་འགྲུས་ལ་སྦྱོར་བར་བྱེད་དོ། །སྟོང་པ་ཉིད་དང༌། སྙིང་རྗེ་དེ་གཉིས་རྒྱས་པར་བསྟན་པ་ཁོ་ནས། ཅུང་ཟད་ཆོ་ག་འཛིན་ཡང་སེལ་ཏེ། རང་བཞིན་མེད་པའི་སྒྲིབ་པ་སྤོང་བ་དང༌། རང་བཞིན་མེད་པས་ཚོགས་བསོགས་ཅིང་སྤྱད་པ་སྤྱོད་པ་ལ་ཡུན་རིང་ཐུང་དང༌། གྲངས་མང་ཉུང་གི་དཀའ་བ་དང་སླ་བའི་ཁྱད་པར་མེད་དེ། སྒྱུ་མ་མཁན་པོས་སྐད་ཅིག་ལ་ཉིན་ཞག་ཏུ་སྤྲུལ་པ་དང༌། ལོ་མང་པོར་སྟོན་པ་དང་ཡུན་རིང་ཐུང་སོགས་སྒུག་དགོས་མི་དགོས་ཀྱི་ཁྱད་པར་དང༌། ཆུ་ཚོད་གཅིག་ཏུ་གཉིད་ལོག་པའི་རྨི་ལམ་ན། བརྒྱ་བྱིན་གྱི་འབྱོར་བ་ལ་སྤྱོད་པ་རྨི་བ་དང༌། ཕྱུག་རྫིའི་བྱ་བ་བྱེད་པར་མཐོང་བ་གཉིས་ལ་འབྱོར་བ་ཆེ་ཆུང་མེད་པར་བཞིན་ནོ། །དེ་བཞིན་དུ་སྙིང་རྗེས་སེམས་ཅན་མོས་པ་ཐ་དད་པ་རྗེས་སུ་འཛིན་པ་ལ། ཆོས་མཐའ་དག་རྟོགས་ཤིང་ཡོན་ཏན་མཐའ་དག་ལྡན་པ་དགོས་པས་སོ། །ཐེག་དམན་ལས་ནི། ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་པ་མིན། །གང་དག་འདི་མ་ཐོས་ཉུང་ཡང༌། །ལུས་ཀྱི་ཆོས་དག་མངོན་སུམ་བྱས། །ཞེས་གསུངས་ཏེ། རང་ཉིད་གཅིག་པུ་འཁོར་བ་ལས་ཐར་བ་ལ་ཡོན་ཏན་མཐའ་མེད་དུ་འཕེལ་དགོས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་མཐའ་དག་སེལ་བར་མི་ནུས་སོ། །ཉན་ཐོས་ཀྱི་ཐེག་པས་ཀྱང༌། ངེས་འབྱུང་སྟོན་


TNT17_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

པས་འདོད་ཆགས་དང༌། ཁམས་ཀྱི་རྣམ་པའི་རབ་དབྱེ་དང༌། རགས་རྒྱུན་གྱི་དངོས་པོ་འཇིག་པར་སྟོན་པའི་ཕྱིར་ང་རྒྱལ་སེལ་ཞིང༌། བདག་མེད་པར་སྟོན་པས་གཉིས་ཀའང་སེལ་མོད་ཀྱི། ཐེག་པ་ཆེན་པོར་ནི་དེ་དག་ཀྱང་སྟོན་ལ། ཁྱད་པར་ཐུན་མོང་མ་ཡིན་པ་ནི། ཀུན་རྫོབ་ཐམས་ཅད་གདོད་མ་ནས་མ་གྲུབ་པར་སྟོན་པས། རང་དང་རང་གི་ཉེར་སྤྱོད་ལ་ཆགས་པ་དང་དེ་ལས་བྱུང་བའི་ང་རྒྱལ་ཤུགས་ལ་རྗེས་མེད་དུ་སྤོང་བར་འགྱུར་ཞིང༌། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་བྲན་དུ་ཁས་བླངས་པས། ང་རྒྱལ་སེལ་བ་དང༌། བདག་གི་ལུས་དང་ལོངས་སྤྱོད་ཐམས་ཅད་གཞན་ལ་གཏོང་བས། འདོད་ཆགས་སྤོང་སྟེ། དཔྱིས་ཕྱིན་པར་སྤོང་བ་ནི་ཐེག་ཆེན་ཁོ་ནས་སོ། །ཐེག་དམན་ལས་ཀྱང་སྡིག་པ་སྦྱོང་བའི་ཐབས་ཇི་སྐད་དུ། གང་གིས་སྡིག་པའི་ལས་བྱེད་པ། དགེ་བས་འགེབས་པར་བྱེད་པ་སྟེ། སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ཏུ་གསལ། །ཞེས་གསུངས་ཏེ། ནོངས་པ་བཤགས་པ་དང༌། གཉེན་པོས་སྦྱོང་བའི་ཚུལ་མང་དུ་གསུངས་མོད་ཀྱི། འོན་ཀྱང་མཚམས་མེད་སྦྱོར་བ་བྱས་པ་ལ་འདོད་ཆགས་བྲལ་འབྲས་མི་སྲིད་དོ། །ཞེས་པ་ལ་སོགས་པ་གཉེན་པོའི་སྟོབས་ཆུང་ངུར་བསྟན་ལ། འདིར་ནི་ཆོས་ཉིད་ཀྱི་དོན་ཡང་དག་པར་བསམས་ན། མཚམས་མེད་ལ་སོགས་པ་སྡིག་པའི་ཕུང་པོ་ཆེས་ཆེ་བ་ཡང་མྱུར་དུ་བྱང་བར་འགྱུར་བ་དང༌། གཟུངས་


TNT17_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བཟླས་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་དག་གིས་ཀྱང༌། ལས་སྒྲིབ་ཀྱི་ཚོགས་ཆེན་པོ་རྩོལ་མེད་དུ་བྱང་བར་འབྱུང་བའི་ཕྱིར། འགྱོད་པ་སེལ་བའི་ཁྱད་པར་ཡང་དེ་འདྲའོ། །མ་ངེས་འབྱེད་པ་ཡང༌། ཐེག་ཆུང་ལས། བཙུན་པ་སངས་རྒྱས་ཀྱི་ཆོས་ཟབ་མོ་དེ་ལྟ་བུ་བདག་གི་བློ་བར་མ་ཆུད་དོ། །གལ་ཏེ་བདག་གི་བློ་བར་ཆུད་པ་དེ་ལྟ་ན། བདག་གི་ལུས་ཏིལ་གྱི་བྱེ་མ་ལྟར་བགྱིས་ཀྱང༌། བདག་བླ་ན་མེད་པའི་བྱང་ཆུབ་ལ་བློ་མི་བཟློག་པ་ཞིག་ན། ད་ནི་ཤིང་ཚིག་པ་བཞིན་ཅི་བགྱིད་ཡང་མ་མཆིས་སོ། །ཞེས་པ་ལྟ་བུ། ཐེག་དམན་གྱི་ལམ་ལ་སྨད། ཐེག་ཆེན་གྱི་ལམ་ལ་བསྟོད་པ་ནི་ཅུང་ཟད་ཡོད་མོད་ཀྱི། ཉན་ཐོས་ཀྱི་ལམ་རྟོགས་ནས་ཐེག་ཆེན་དུ་འཇུག་ཚུལ་མ་བཤད་ལ། ཐེག་ཆེན་ལས་ནི། དེ་ཡང་རྒྱས་པར་བཤད་པས་ཤིན་ཏུ་ཁྱད་པར་ཆེ་བ་ཡིན་ནོ། །དེ་ལ་ཉན་ཐོས་སྡེ་བ་རྣམས་ཀྱི་འདོད་པ་ནི། གཉིས་སློབ་རིགས་ལས་ལྡོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང༌། །ཞེས་འདོད་མོད་ཀྱི་མདོའི་ཚིག་གསལ་ནི་མེད་པར་མངོན་ནོ། །གསུམ་པ་ནི། ཏདྱ་ཐཱ་ཞེས་པ་ནི། འདི་ལྟ་སྟེ་ཅེས་པའོ། །ཨོཾ་ནི་སྔགས་ཀྱི་འགྲོ་འདྲེན་པ་ཡིན་ལ། བཛྲ་ནི་རྡོ་རྗེ། པྲཱ་ཀཱ་རཱ་ནི་རྭ་བ་སྟེ་ལྕགས་རི། དེ་ཉིད་ལན་གཉིས་སུ་བཟློས་པ་ནི་རྒྱ་ཆེ་བ་དང་འཐུག་པོའི་དོན་ཡིན་ལ། བཛྲ་ཙཀྲ་ནི་རྡོ་རྗེ་འཁོར་ལོ། དཥྟཾ་ནི་མཆེ་བ། བྷ་ཡཱ་ན་ཀེ་ནི་འཇིགས་པར་བྱེད་པ་པོ། ཨ་མ་ལེ་


TNT17_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དྲི་མ་མེད་པ། བི་མ་ལ་ནི་དྲི་མ་དང་བྲལ་བ། ནིརྨ་ལེ་ནི་དྲི་མ་མེད་པའམ་དག་པ། ཙ་ལེ་སོགས་འགྲོ་ལྡིང་པའི་སྔགས་ཏེ། དོན་མཐུན་པར་བསྒྱུར་དུ་མེད་ཀྱང་འབྲུ་བཅུ་བཞི་བོ་དེ་དག་གཟུངས་ཀྱི་དངོས་གཞི་ཡིན་ཏེ། ཏིང་ངེ་འཛིན་ཐོབ་པར་བྱེད་པའི་རྒྱུ་གཙོ་བོའོ། །སརྦ་བུདྡྷེ་སངས་རྒྱས་ཐམས་ཅད་ལ་ཞེས་པ་དང༌། སྭཱཧཱ་ནི་གཞི་ཚུགས་ཞེས་པ་སྟེ་སྔགས་ཀྱི་མཐའ་སྒྲུབ་པའོ། །འདི་དག་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། སྟོང་ཉིད་སྙིང་རྗེ་དེ་ནི། ལས་དང་ཉོན་མོངས་པ་དང་སྡུག་བསྔལ་གྱི་འཇིགས་པ་ཐམས་ཅད་ཕྱིན་ཆད་མི་འབྱུང་བར་བསྲུང་བ། རྡོ་རྗེའི་རྭ་བ་ལྟ་བུ་ཡིན་ལ། སྔར་གྱི་བག་ཆགས་གཅོད་པ་བྱེད་པའི་རྡོ་རྗེའི་འཁོར་ལོ་དང༌། ད་ལྟར་མངོན་གྱུར་པ་འགོག་པར་བྱེད་པའི། འཇིགས་པའི་གཟུགས་ཅན་མཆེ་བ་གཙིགས་པས་ཟ་བར་བྱེད་པ་ལྟ་བུ་ཡིན་ལ། དེའི་ངོ་བོ་ནི་དུས་གསུམ་དུ་དྲི་མ་དང་བྲལ་བའི་ཕྱིར། ཨ་མ་ལེ་སོགས་གསུམ་གསུངས་པ་ཡིན་ལ། དེ་ཉིད་ཀྱང་དོན་དམ་པའི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཡིན་ཏེ། དྲི་མ་མེད་པ་ལ། སངས་རྒྱས་ཐམས་ཅད་ལ་ཞེས། བཞི་པའི་དོན་ལ་བདུན་པའི་ཚིག་ཡིན་པས། དྲི་མ་མེད་པའི་སངས་རྒྱས་ལ་དམིགས་པར་བྱའོ་ཞེས་པའི་དོན་ནོ། །དེ་ལྟར་གཟུངས་སྔགས་དེ་ཉིད་ངག་ཏུ་ཡང་བཟླ་ཞིང༌། ཤེས་བྱ་ཐམས་ཅད་གཟུངས་སྔགས་དེ་དག་དབྱེ་བ་མེད་པར་


TNT17_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

མོས་ཤིང༌། དེ་ཉིད་རྣམ་པར་དཔྱད་ན། སྒྲ་དང་བརྗོད་པ་གང་དུ་ཡང་མ་གྲུབ་ཅིང༌། ཆོས་ཉིད་གསལ་རིག་མ་འགགས་པ་ལ་མི་རྟོག་པར་མཉམ་པར་འཇོག་པ་དང༌། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་ཆེན་པོ་བསྒོམས་པས། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ཞེས་བྱ་བའི་གཟུངས་ཀྱི་སྒོ་ཐོབ་པར་འགྱུར་རོ། །གསང་སྔགས་ཀྱི་ཚུལ་ལྟར་ན། སྔར་བཤད་པ་དེ་ཡང་ཡིན་མོད་ཀྱི། རྡོ་རྗེ་ཁྲཽ་བོ་འཁོར་ལོ་དང་མཆེ་བ་ཐོགས་པ། བསྲུང་བའི་འཁོར་ལོ་དང་བཅས་པ་སྒོམས་ཏེ། གཟུངས་སྔགས་བཟླ་བ་ཡིན་མོད་ཀྱི་དེའི་ཆོ་ག་ནི་བྱ་བའི་རྒྱུད་ལྟར་སྦྱར་ན་ལེགས་པ་ཡིན་ནོ། །བཞི་པ་ནི། ཚིགས་སུ་བཅད་པ་གཉིས་པའི་གཟུངས་ལ་ནི། ཞེས་པ་ལ་སོགས་པ་སྟེ། ཚིགས་བཅད་གཉིས་པའི་གཟུངས་ཚིག་གི་སྒོ་ནས་བཟློས་པ་དང༌། དོན་སྟོང་ཉིད་སྙིང་རྗེ་སྒོམ་པ་གོང་དུ་བཤད་པ་ལྟར་སྒྲུབས་ན། སེམས་ཅན་དམ་པ་བློ་ལྡན་ཏེ། བྱང་ཆུབ་སེམས་དཔའ་སེམས་བསྐྱེད་པའི་སྡོམ་པ་དང་ལྡན་ཞིང་ཚུལ་ཁྲྀམས་ལ་བརྩོམ་པ་ཞི་གནས་གྲུབ་ཅིང་བདག་མེད་པའི་དོན་ལ་ལྷག་མཐོང་ཅུང་ཟད་སྐྱེས་པ་སྟེ། དེ་འདྲས་སྒྲུབས་ན་དེ་མ་ཐག་ཏུ་ཕན་ཡོན་རྣམ་པ་བཅུ་པ་ནི་ཐོབ་པར་འགྱུར་ཏེ། བཅུ་པོ་དེ་ཡང་གང་ཞེ་ན། ཁམས་ནི་སངས་རྒྱས་ཀྱི་ས་བོན་ཞེས་བྱ་སྟེ། དེ་ཡང་ཕར་ཕྱིན་དང་བྱང་ཕྱོགས་དང༌། ས་དང་སྟོབས་ལ་སོགས་པའི་ས་བོན་རྒྱས་འགྱུར་གྱི་རིགས་སྔར་ཡང་དག་པར་བླང་བ་ལས་ཐོབ་པ་དེ་


TNT17_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྒོ་ཐམས་ཅད་ནས་རྒྱས་ཤིང་འཕེལ་བར་འགྱུར་ལ། རྒྱས་ཤིང་འཕེལ་བའི་དོན་ཡང་འབྲས་བུ་བསྐྱེད་པ་ལ་མངོན་དུ་ཕྱོགས་པའི་དོན་ནོ། །གཉིས་པ་ནི། ནམ་ཞིག་འཆི་བའི་ཚེ། ལུས་དང་སེམས་ལ་མཆོག་ཏུ་དགའ་བ་དང༌། དགེ་བའི་སེམས་དང༌། ཡིད་དུ་འོང་བའི་སྣང་བརྙན་དག་མཐོང་ཞིང་སངས་རྒྱས་སྲས་དང་བཅས་པའི་ཞལ་མཐོང་བ་དང༌། ཏིང་ངེ་འཛིན་དག་ཀྱང་ཐོབ་པའོ། །གསུམ་པ་ནི། ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་སྟེ། གང་དུ་སྐྱེ་བར་འགྱུར་བའི་གནས་ལ་ཡང་རང་ལ་རང་དབང་ཡོད་པ་སྟེ། གང་འདོད་འདོད་ཀྱི་སར་སྐྱེ་བ་ལེན་པར་འགྱུར་བའོ། །བཞི་པ་ནི་དེ་ཐམས་ཅད་དུ་ཡང་སྔོན་གྱི་ཚེ་རབས་རྣམས་དྲན་ཞིང༌། སེམས་བསྐྱེད་པ་དང༌། ཆོས་ལ་སྤྱོད་པ་རྣམས་ཀྱང་མི་བརྗེད་པར་འགྱུར་བའོ། །ལྔ་པ་ནི་སངས་རྒྱས་སྤྲུལ་པའི་སྐུ་རྣམས་དང་མངོན་སུམ་དུ་མཇལ་བར་འགྱུར་བ་དང༌། དྲུག་པ་ནི་དེ་བཞིན་དུ་སངས་རྒྱས་དེ་དག་ལས་ཀྱང་ཐེག་པ་མཆོག་ཐེག་ཆེན་གྱི་ཆོས་ངེས་པར་ཐོབ་པར་འགྱུར་བ་དང༌། བདུན་པ་ནི། སྟོན་པ་དང་ཆོས་ལ་མོས་པ་ཕུན་སུམ་ཚོགས་པ་ངེས་པར་འཛིན་པས་ཐེ་ཚོམ་སྤངས་པ་དང༌། བརྒྱད་པ་ནི། ཐོས་པའི་ཆོས་རྣམས་ལ་གཞན་གྱིས་བཀྲོལ་ཞིང་སྟོན་མི་དགོས་པར་རང་སྟོབས་ཀྱིས་དྲང་ངེས་འབྱེད་ནུས་ཤིང་དགོངས་པ་ལོངས་པའི་བློ་གྲོས་དང་བཅས་པར་འགྱུར་བ་དང༌། དགུ་པ་ནི། སྒོ་གཉིས་ཐོབ་པ་སྟེ། དེ་ལ་


TNT17_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གྱི་སྒོ་ནི། ཐེག་ཆེན་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པའི་སྙོམས་འཇུག་དགུ་པོ་དག་ཡིན་ཏེ། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་མཐའ་ཡས་པ་རྣམས་འདི་དག་ལ་བརྟེན་ནས་འབྱུང་བའི་ཕྱིར་སྒོ་ཞེས་བྱའོ། །གཟུངས་ནི་བཟོད་པ་དང༌། སྔགས་དང༌། ཆོས་དང༌། དོན་གྱི་གཟུངས་ཏེ་བཞིའམ། ཡང་ན་གཉིས་ཏེ། ཚིེག་གི་གཟུངས་དང༌། དོན་གྱི་གཟུངས་སོ། །དེ་ཡང་ཚིག་དོན་མཐའ་ཡས་པ་འབད་རྩོལ་མེད་པས་མི་བརྗེད་པ་འཛིན་པའི་ནུས་པ་ཡིན་ལ། དེའི་སྒོ་ཡང་གཟུངས་སྔགས་ཉིད་ཀྱིས་ཐོབ་པའི་ཡེ་ཤེས་སོ། །བཅུ་པ་ནི། བྱང་ཆུབ་མྱུར་དུ་ཐོབ་པ་སྟེ། གཟུངས་སྔགས་སྒྲུབ་པའི་སྒོ་འདིས་འབད་རྩོལ་གཞན་ལ་མ་ལྟོས་པར། སྒྲིབ་པ་དཔག་ཏུ་མེད་པ་བྱང་བ་དང༌། ཚོགས་མང་པོ་ཞིག་ཟླུམས་པར་འགྱུར་བས། བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པ་ལ་ཤིན་ཏུ་ཉཻ་བར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་ཚོགས་ལམ་ཆེན་པོ་ཐོབ་པ་ཞིག་ཡིན་ན་ནི། གཟུངས་འདི་སྒྲུབས་པས་ཕན་ཡོན་བཅུ་པོ་དེ་དག་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་དེ། གཞན་རྣམས་དངོས་སུ་ཐོབ་ཅིང༌། གང་འདོད་དུ་སྐྱེ་བ་ལེན་པའི་ནི་ནུས་མཐུ་ཐོབ་པ་ཡིན་ལ། བྱང་ཆུབ་དངོས་ཚེ་འདི་ལ་ཐོབ་པ་མིན་ཡང༌། སྤྱིར་བསྐལ་པ་མང་པོས་བགྲོད་དགོས་པའི་ལམ་ཡང་གཟུངས་ཀྱི་མཐུས་ཡུད་ཙམ་ལ་ཆུད་པའི་ཕྱིར་


TNT17_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལ་ཉེ་བའི་ཆོས་ཐོབ་པ་ཡིན་ནོ། །དབང་པོ་བརྟུལ་པོའི་དབང་དུ་བྱས་ན། དང་པོའི་གཉིས་ཚེ་འདི་ལ་དང༌། བར་གྱི་བདུན་ཚེ་རབས་གཞན་དང༌། ཐ་མ་ནི་མཐར་ཐུག་པ་ལ་ཉེ་བའི་གནས་སྐབས་སུ་སྦྱར་རོ། །ཞེས་འཆད་དོ། །དེས་ན་བསྡུས་པའི་དོན་འདི་ཡིན་ཏེ། མཉམ་གཞག་ཏུ་གཟུངས་ཀྱི་སྒོ་འདི་སྒྲུབ་ཅིང༌། རྗེས་ཐོབ་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱི་དང༌། ཁྱད་པར་དུ་མདོ་འདི་ཡི་གེ་འབྲི་མཆོད་སྦྱིན་པ་ལ་སོགས་པ། སྤྱོད་པ་དགུས་སློབ་པར་བྱེད་ན། བར་དུ་གཅོད་པའི་ཆོས་བརྒྱད་སྤོང་བ་དང༌། ཕན་ཡོན་བཅུ་ཐོབ་པར་འགྱུར་རོ། །ཞེས་པ་སྟེ། འདིར་མ་ཟད་གཟུངས་མདོ་ཁྱད་པར་ཅན་ཐམས་ཅད་ཀྱི་ཕན་ཡོན་ཡང་ཞོར་ལ་བསྟན་པ་ཡིན་ནོ། །ཚིགས་སུ་བཅད་པ་གཉིས་པའི་མདོ་འདི་བརྗོད་བྱ་རྒྱ་ཆེ་ཞིང༌། བཤད་པའི་རྣམ་གྲངས་ངོ་མཚར་ལ། ཆོས་ལ་དད་པ་སྐྱེ་བའི་དགོས་པ་ཡང་ཆེ་བར་འདུག་པས། འདི་ཉིད་ཀྱི་འགྲེལ་པ་སློབ་དཔོན་མཛེས་བཀོད་ཀྱི་བྱས་པ་དང༌། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་འདི་སྟོན་བྱེད་ཀྱི་འགྲེལ་པ་རྣམས་ཀྱི་ལེགས་བཤད་ཀྱི་སྙིང་པོ་ཡང་བསྡུས་ལ། རང་གི་བློ་གྲོས་ཀྱི་ནུས་པས་ཀྱང་ཅུང་ཟད་སྤྲོས་ཏེ་འཚམས་པར་བཤད་པ་ཡིན་ནོ། །མངྒ་ལཾ།། གཅིག་ཞུས་དག ། ༈ ཚིགས་བཅད་བཞི་པའི་རྣམ་བཤད་བཞུགས། ན་མོ་བུདྡྷཱ་ཡ། ཚིགས་སུ་བཅད་པ་བཞི་པའི་མདོ་དོན་ཅུང་ཟད་བཤད་པར་བྱ་


TNT17_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། འདི་ལ་གསུམ། མདོ་དངོས་ཕྱག་འཚལ་བ་དང༌། གསུང་པ་པོའི་རང་བཞིན་དང༌། མདོ་བཏོན་པའི་ཕན་ཡོན་ཏེ་གསུམ་ལས། དང་པོ་ལ། དེ་བཞིན་གཤེགས་པ་ཉིད་ལ་ཕྱག་འཚལ་བ། དེའི་མཛད་པ་ཁྱད་པར་ཅན་གྱི་གནས་ལ་ཕྱག་འཚལ་བ། སྐུའི་སྤྱོད་ལམ་གྱི་གནས་ལ་ཕྱག་འཚལ་བ། མཆོད་རྟེན་གྱི་ཚོགས་ལ་ཕྱག་འཚལ་བ་སྟེ་བཞི་ལས། དང་པོ་ནི་སྐུར་གྱུར་པ་ནི་སོགས་པ་སྟེ། དེ་བཞིན་གཤེགས་པའི་སྐུ་ལ་མཚན་སུམ་ཅུ་རྩ་གཉིས་ལ་སོགས་པ་རྨད་དུ་བྱུང་བའི་མཚན་མཆོག་དུ་མས་བརྒྱན་པ་ནི། རེ་ཞིག་གཟུགས་ཀྱི་སྐུའི་ཡོན་ཏན་གྱི་དབང་དུ་བྱས་ཏེ་བླ་མ་སྐྱེལ་བ་ལ་སོགས་པ། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པའི་རྟགས་སོ། །རྫོགས་པའི་སངས་རྒྱས་ཞེས་པ་ལ། རྫོགས་པ་ནི། དོན་གཉིས་ཏེ་ལམ་དང་སྦྱར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ཤིང༌། ལམ་འདིའི་མཐུ་ལས་སྒྲིབ་པ་གཉིས་སྤངས་པའི་སྤངས་པ་ཡང་ཡོངས་སུ་རྫོགས་པའོ། །འབྲས་བུ་ལྟར་སྦྱར་ན། སྒྲིབ་པ་རྫོགས་པར་སངས་པ་དང༌། ཡེ་ཤེས་རྫོགས་པར་རྒྱས་པ་ཞེས་བྱའོ། །གྲགས་པ་དང་ལྡན་པ་ནི། ཐུབ་པ་མཆོག་འདི་ནི་སྔོན་སྐྱེས་པའི་རབས་ཀྱི་འཕྲེང་བ་མཐའ་ཡས་པར། སེམས་ཅན་གྱི་དོན་དུ་ཉིད་ཀྱི་སྐུ་ཡང་ལན་གྲངས་མེད་པར་བཏང་བ་སོགས། སྙིང་རྗེའི་གཞན་དབང་དུ་གྱུར་པས་དཀའ་བ་དཔག་ཏུ་མེད་པ་མཛད་པ་དང༌། དམ་པའི་


TNT17_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཚོལ་བ་ལ་མངོན་པར་རྩོལ་བ། ཆོས་ཚིགས་བཅད་གཅིག་ཐོས་པའི་ཕྱིར་ཡང༌། རྒྱལ་སྲིད་ཀྱི་འབྱོར་བ་རང་ཡང་གྲངས་མེད་པར་བཏང་བ་སོགས། དམ་པའི་སྤྱོད་པ་ལ་སོགས་པས་ཡིད་ཕྲོགས་པ་ལས་བྱུང་བའི་གྲགས་པ་ཆེན་པོ་དང༌། སངས་རྒྱས་པའི་མཛད་པ་བསྟན་པ་ན་ཡང༌། འོད་ཟེར་རེ་རེ་སྤྲོས་པས་ཀྱང་འགྲོ་བ་དྲུག་གི་སྐྱེ་བོ་མཐའ་ཡས་པའི་སྡུག་བསྔལ་ཞི་བ་དང༌། ཆོས་སྟོན་པ་གཅིག་གིས་ཀྱང་གདུལ་བྱ་དཔག་ཏུ་མེད་པ་སྨིན་ཅིང་གྲོལ་བར་མཛད་པའི་ཕྱིར། སྙན་པའི་གྲགས་པས་འཇིག་རྟེན་གསུམ་དུ་ཁྱབ་པའི་ཡོན་ཏན་དང་ལྡན་པའོ། །རྒྱལ་བ་ནི་རྒྱུའི་དུས་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྒྱལ་བས། འབྲས་བུའི་དུས་ན་མི་མཐུན་པའི་ཕྱོགས་མཐའ་དག་སྤངས་ཤིང༌། འགྲན་ཟླ་མེད་པའི་གོ་འཕངས་བརྙེས་པའོ། །འདིར་སྐུར་གྱུར་པ་ཐམས་ཅད་ལ་མཚན་དཔེས་བརྒྱན་པ་ཞེས་བཤད་པ་ནི། གཟུགས་སྐུ་ཁོ་ན་མ་ཡིན་པར་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡང་མཚན་དཔེ་ཐམས་ཅད་དང་ལྡན་པར་བསྟན་པ་ཡིན་ལ། དེའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་དེར་བསྟན་པའང་ཡིན་ནོ། །གཉིས་པ་ནི། རྫོགས་སངས་གང་དུ་སོགས་ཏེ། མཆོག་གི་སྤྲུལ་པའི་སྐུ་རྣམས་བལྟམས་པ་དང་རྫོགས་པར་སངས་རྒྱས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མྱ་ངན་ལས་འདའ་བའི་ཚུལ་གང་དུ་བསྟན་


TNT17_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་ལ་ཕྱག་འཚལ་ལོ། །ཞེས་སྦྱར་ཏེ། འདི་ནི་མཛད་པའི་གཙོ་བོ་བཞི་སྨོས་པས། མཐའ་ཡས་པའི་མཛད་པ་གང་དུ་བསྟན་པའི་གནས་ལའང་ཕྱག་འཚལ་བར་འགྱུར་ལ། དེ་ཁོ་ནར་མ་ཟད་གནས་དེར་བསྟན་པའི་མཛད་པ་ཉིད་ལའང་ཕྱག་འཚལ་བ་ཡིན་ནོ། །འདིར་མཛད་པ་གསུམ་ནི། ཐུན་མོང་གི་གདུལ་བྱ་རྣམས་ཀྱི་སྣང་ངོར་ཚུལ་སྟོན་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་ནི་སྐྱེ་འཆི་སྤངས་པའི་ཕྱིར་དང༌། སྔ་རོལ་ཀྱི་དུས་ནས། འོག་མིན་གྱི་ཞིང་དུ་མངོན་པར་རྫོགས་པར་སངས་རྒྱས་ཟིན་པའི་ཕྱིར་རོ། །འཇིག་རྟེན་དུ་ཆོས་ཀྱི་འཁཽར་ལོ་བསྐོར་བ་ཡང༌། དངོས་སུ་གདུལ་བྱའི་གཞན་སྣང་ཡིན་མོད་ཀྱི། དེ་དང་དེར་གནས་སུ་གསུང་གི་གསང་བ་རྗེས་སུ་ཞུགས་པའི་ཕྱིར། འདི་ལ་ཚུལ་སྟོན་པའི་ཐ་སྙད་མི་སྦྱོར་བ་ཤེས་ཆེའོ། །དེ་ལ་ཞི་བའི་འཁོར་ལོ་ཞེས་བྱ་བ་ནི། གདུལ་བྱ་རྣམས་ཞི་བ་དམ་པའི་གནས་ལ་འཇོག་པར་བྱེད་པའི་ཕྱིར། ལས་ཀྱི་སྒྲ་བྱེད་པ་པོ་ལ་སྦྱར་ནས་ཞི་བ་ཞེས་བྱ། འཁོར་ལོ་དོན་ནི་ཆོས་བསྟན་པ་ལས་ཞི་བ་ཐོབ་པ་དང༌། ཞི་བ་ཐོབ་པས་ཀྱང་ཆོས་སྟོན་པའི་ཕྱིར། ཕན་ཚུན་དུ་འཁོར་བའོ། །ཆོས་ཀྱི་འཁོར་ལོ་དེ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང༌། རབ་ཏུ་སྨིན་པ་དང༌། ལུང་སྟོན་པའི་འཁོར་ལོའོ། །གསུམ་པ་ནི་བདེ་གཤེགས་གང་དུ་སོགས་དང༌། སངས་རྒྱས་རྣམས་བཞུགས་པ་དང་འཆག་


TNT17_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཞེངས་པ་དང༌། གཟིམས་པའི་གནས་ལ་ཕྱག་འཚལ་བའོ། །བཞི་པ་ནི་སྟེང་དང་སོགས་ཏེ། དེ་ལ་སྟེང་ནི་སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་གནས་དང༌། གནོད་སྦྱྀན་གྱི་གནས་གྲོང་ཁྱེར་བྱ་གར་ཅན་ལ་སོགས་པའོ། །བར་ནི་མིའི་འཇིག་རྟེན་ལ་སོགས་པའོ། །འོག་ནི་རྒྱལ་མཚོ་ཆེན་པོ་དང་སའི་བུ་གའི་ནང་རྣམས་ཏེ། ཀླུ་དང་ལྷ་མ་ཡིན་དང༌། གྲུབ་པའི་བུད་མེད་དག་གནས་པའི་སའོ། །ཕྱོགས་དང་ཕྱོགས་མཚམས་ཞེས་པ་ནི། ཡུལ་དང་ཡུལ་མཐའ་ཞེས་པའམ། རང་ཉིད་གནས་པའི་ཕྱོགས་བཞི་མཚམས་བཞི་ལ་སོགས་པའོ། །སྐུར་བཅས་སོགས་ལ། དངོས་སུ་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་བཅས་པའི་མཆོད་རྟེན་ནི་གཞལ་མེད་ཁང་གི་ཚུལ་ཡིན་ལ། སྐུ་གཟུགས་མེད་པར་སྐུ་གདུང་ངམ་ཡིག་འབྲུའི་སྙིང་པོ་ཅན་ནི། ཆོས་ཀྱི་སྐུ་མཚོན་པས་ཏེ། དེ་གཉིས་ཀར་ལ་ཕྱག་འཚལ་ལོ་ཞེས་པའོ། །ཡང་ན་མཆོད་རྟེན་ནི་སྐུ་གཟུགས་དང་གླེགས་བམ་དང༌། ཆོས་ཀྱི་མཚན་མར་གཞག་པ་ཐམས་ཅད་ཡིན་པ་ལས། ད་ལྟར་གཟུགས་སུ་ཡོད་པ་རྣམས་ནི་སྐུ་དང་བཅས་པ་ཡིན་ལ། སྔོན་གྱི་སངས་རྒྱས་རྣམས་རྣམས་ཀྱི་མཆོད་རྟེན་རགས་པ་ནི་ཞིག །ཕྲ་ཞིང་དྭངས་པ་ནི་གཞིག་ཏུ་མེད་པས་ད་ལྟར་ཡང་གནས་ཤིང༌། བྱང་ཆུབ་སེམས་དཔའི་མངོན་ཤེས་འཇིག་རྟེན་ལས་འདས་པའི་སྤྱོད་ཡུལ་དུ་


TNT17_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་མཐོང་བ་ནི། གཟུགས་རགས་པ་མེད་པའི་ཕྱིར་སྐུ་མེད་པའོ། །སྐུ་བཅས་སྐུ་མེད་ཀྱི་དོན་རྣམ་གྲངས་གཞན་ཡང་མང་པོ་འཆད་པ་ནི། སྐབས་ཀྱི་དོན་མ་ཡིན་ནོ། །གཉིས་པ་གསུང་བ་པོའི་རང་བཞིན་ནི། རྐང་གཉིས་དམ་པ་སོགས་ནས། དེ་ཡང་ཤར་དང་བྱང་གི་ཕྱོགས་ནི་བྱང་ཤར་མཚམས་ཏེ། ཕྱོགས་དེའི་འཇིག་རྟེན་གྱི་ཁམས་ཞིག་ན་བཞུགས་པའི། དེ་བཞིན་གཤེགས་པ་ཞིག་ལ་བསྟེན་པར་དཀའ་བ་ཞེས་མཚན་དུ་གསོལ་བ་དེས་ཚིགས་བཅད་བཞི་པོ་འདི་གསུངས་པ་ཡིན་ལ། དེ་ཉིད་འོ་སྐོལ་གྱི་སྟོན་པས་སྐྱར་ཟློར་མཛད་དེ་འཁོར་རྣམས་ལ་བསྟན་པའོ། །རྐང་གཉིས་དམ་པ་དང་རྒྱལ་བ་ཞེས་པ་ནི་མཚན་གྱི་རྣམ་གྲངས་སོ། །དེ་ལ་རྐང་གཉིས་ནི། ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པའོ། །དེ་རྣམས་ཀྱི་མཆོད་ཅིང་གུས་པར་བྱ་བའི་ཡུན་ཡིན་པའི་ཕྱིར་དམ་པའམ་མཆོག་གོ །གསུམ་པ་ཕན་ཡོན་ནི། གང་གི་ཚིགས་བཅད་སོགས་ཏེ། བསྟོད་པའི་མདོ་འདི་ཚེ་གང་དུ་ཡི་དམ་བླངས་ནས་ཉིན་མཚན་དུ་འདོན་པར་བྱེད་ན། བསྐལ་པ་ཐེར་འབུམ་ཆེན་པོ་གཅིག་གི་བར་དུ་ངན་འགྲོར་འགྲོ་བར་མི་འགྱུར་ཏེ། འདིའི་ཕན་ཡོན་གྱིས་ནི་དེ་ལྟར་འགྱུར་ལ། དེ་ནས་ནི་བསྐལ་པ་དེ་དག་ཏུ་དགེ་བ་སྤྱད་པས། བླ་ན་མེད་པའི་བྱང་ཆུབ་དམ་པ་ལ་གཞོལ་བར་འགྱུར་རོ། །དེ་ཡང་ཐར་བའི་ལམ་དུ་མ་ཞུགས་པ་འཁོར་བ་ཉིད་དུ་ཐ་


TNT17_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

མལ་བར་གནས་པ་ལ་ནི། བསྐལ་པ་བྱེ་བ་མང་པོར་ངན་སོང་དུ་གཏན་ནས་མི་སྐྱེ་བ་ནི་མེད་དེ། དེ་བས་ན་དེ་ཙམ་གྱི་བར་དུ་ངན་འགྲོར་མི་འགྲོ་བ་དེ་དག་ནི་ཕྱིས་ཀྱང་ངན་འགྲོར་འགྲོ་བ་གནས་མ་ཡིན་ནོ། །དེ་ལྟར་ན་དེ་འདྲ་བའི་ཕན་ཡོན་གྱི་འབྲས་བུ་འབྱུང་བ་ཡང༌། གང་དག་གི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དད་པ་ཕུན་སུམ་ཚོགས་པ་དང་ལྡན་པ། མ་ཡེངས་པའི་ཡིད་ཅན་ལ་ནི་དེ་དག་གདོན་མི་ཟ་བར་འབྱུང་བ་ཡིན་ལ། རྟག་ཏུ་འདོན་པར་བྱེད་ཀྱང་ཁྱད་ཆོས་དེ་དག་མ་ཚང་བ་ལ་ནི། ཕན་ཡོན་དེའི་ཆ་ཤས་ཅི་རིགས་སུ་འབྱུང་བ་ཡིན་ནོ། །ཡོངས་ནི་རྒྱུ་ཆུང་ངུ་ལྟར་སྣང་བ་ལ། ཕན་ཡོན་མཐའ་ཡས་པ་གསུངས་པ་མང་དུ་ཡོད་པ་རྣམས་ལས་ཡིད་མི་ཆེས་པར་མི་བྱ་སྟེ། ཆོས་ཟབ་མོའི་མཐུ་བསམ་གྱིས་མི་ཁྱབ་པ་ཡིད་ལ་གཞག་ནས། མོས་པ་བསྐྱེད་དེ་འབད་པར་བྱའོ། །འོ་ན་དེ་འདྲ་བ་དུས་གཞན་ལ་དགོངས་པ་མ་ཡིན་ནམ་ཞེ་ན། གནས་སྐབས་འགའ་ཞིག་ཏུ་དེ་ལྟར་ཡིན་པ་ཡང་ཅུང་ཟད་སྲིད་མོད་ཀྱི། དེ་ལ་ཡང་དུས་སྔ་ཕྱི་ཙམ་མ་གཏོགས། ཕན་ཡོན་དེ་ནི་ཇི་སྐད་བཤད་པ་ལྟར་གདོན་མི་ཟ་བར་འབྱུང་ངོ༌། །ཡང་གཟུངས་སྔགས་སོགས་ཀྱི་ཕན་ཡོན་འགའ་ཞིག་ནི། རིགས་སྔགས་དེ་གྲུབ་པའི་གནས་སྐབས་ཀྱི་དབང་དུ་བྱས་ནས་གསུངས་པའང་ཡོད་མོད། བཤེས་གཉེན་ལྟར་སྣང་གཞུང་ལུགས་ཤེས་པར་རློམ་པ་འགའ་ཞིག་ལྟར་


TNT17_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་དད་པའི་སྒོ་དོར་བར་མི་བྱ་སྟེ། གང་ཐེ་ཚོམ་ཟ་བ་དང་མོས་པ་མེད་པ་དེས་ནི། སྒྲུབས་ཀྱང་འགྲུབ་པར་མི་འགྱུར་ལ། ཡིད་ཆེས་དང་མོས་པ་བརྟན་པོས་སྒྲུབ་ན། སྤྱོད་པ་དང་གྲོལ་བའི་བདག་ཉིད་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །ཚིགས་སུ་བཅད་པ་བཞི་པའི་མདོའི་རྣམ་པར་བཤད་པ་འདི་ཡང་ཏཱ་ར་ནཱ་ཐས་སྦྱར་བའོ།། །།མངྒ་ལཾ། གཅིག་ཞུས་དག།


previousཚིགས་བཅད་གཅིག་པའི་རྣམ་བཤད།next