Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
སློབ་དཔོན་སྤྱོད་འཆང་དབང་པོའི་རྣམ་ཐར་གྱི་འཕྲོས་དོན་ཁ་སྐོང་ལ་ཉེ་བར་མཁོ་ཞིང་གྲུབ་ཐོབ་གཞན་མང་པོའི་བྱུང་ཚུལ་རྟོགས་པར་བྱེད་པའི་ཡི་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསློབ་དཔོན་སྤྱོད་འཆང་དབང་པོའི་རྣམ་ཐར་གྱི་འཕྲོས་དོན་ཁ་སྐོང་ལ་ཉེ་བར་མཁོ་ཞིང་གྲུབ་ཐོབ་གཞན་མང་པོའི་བྱུང་ཚུལ་རྟོགས་པར་བྱེད་པའི་ཡི་གེnext

སློབ་དཔོན་སྤྱོད་འཆང་དབང་པོའི་རྣམ་ཐར་གྱི་འཕྲོས་དོན་ཁ་སྐོང་ལ་ཉེ་བར་མཁོ་ཞིང་གྲུབ་ཐོབ་གཞན་མང་པོའི་བྱུང་ཚུལ་རྟོགས་པར་བྱེད་པའི་ཡི་གེ


TNT17_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་སྤྱོད་འཆང་དབང་པོའི་རྣམ་ཐར་གྱི་འཕྲོས་དོན་ཁ་སྐོང་ལ་ཉེ་བར་མཁོ་ཞིང་གྲུབ་ཐོབ་གཞན་མང་པོའི་བྱུང་ཚུལ་རྟོགས་པར་བྱེད་པའི་ཡི་གེ་ཡང་དག་པའོ།


TNT17_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སློབ་དཔོན་ཙརྱ་པ་ཆེན་པོའི་གཏམ་རྒྱུད་ཀྱི་སྐབས་སུ་གོལ་ས་གཅོད་པ་དང་ཉེར་མཁོ་འགའ་ཞིག་བཤད་ན། སློབ་དཔོན་ཆེན་པོ་དེ་ཉིད་ཀྱི་སྐབས་ནས་གཟུང་རྗེས་སུ་ལོ་བརྒྱའམ་ཉིས་བརྒྱའི་བར་མཚམས་ཚུན་ཆད་དུ་སློབ་དཔོན་ཉིད་ཀྱི་རྗེས་འབྲང་དང༌། རྗེས་འབྲང་སློབ་རྒྱུད་མ་ཡིན་པའི་རྣལ་འབྱོར་པ་གཞན་ཡང་རུང་སྟེ། དབང་པོ་རྣོན་པོ་རྫོགས་རིམ་ཁོ་ན་བསྒོམས་པས་ཡེ་ཤེས་མཆོག་སྐྱེས་པ། འབྲིང་པོ་བསྐྱེད་རྫོགས་གཉིས་ཀར་ལ་བསླབས་པས་རིམ་པས་བརྟན་པ་ཐོབ་པ་དང༌། ཐ་མ་བསྐྱེད་རིམ་ཙམ་ལ་བརྟན་པ་ཐོབ་པ་ཤིན་ཏུ་མང་བར་བྱུང་ཞིང༌། ཕལ་ཆེར་སློབ་དཔོན་སྤྱོད་པ་པ་ཆེན་པོའི་མིག་ལྟོས་ལ་བརྟེན་ནས། སྤྲོས་བཅས་སམ་སྤྲོས་མེད་ཀྱི་རིག་པའི་བརྟུལ་ཞུགས་འཇིག་རྟེན་པའི་མངོན་དུ་སྤྱོད་པའི་སྲོལ་ཀ་མང་པོ་དང༌། དུས་ལ་མ་


TNT17_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པ་ཅི་རིགས་ཙམ་མ་གཏོགས། སྤྱོད་པ་ལ་ཞུགས་པ་རྣམས་མཆོག་དང་ཐུན་མོང་གི་དངོས་གྲུབ་གང་རུང་རེ་ཐོབ་པ་ཁོ་ནའོ། ཁྱད་པར་དུ་ཡང་སློབ་དཔོན་ཆེན་པོ་ཀཧྣ་པའི་སློབ་རྒྱུད་ཆེས་མང་ཞིང༌། དེ་དག་རྣམས་རིམ་གཉིས་ལ་རྟོགས་པ་སྐྱེས་ཤིང༌། ཅུང་ཟད་བརྟན་ན་ཤིན་ཏུ་བརྟན་པ་རང་མ་ཐོབ་ཀྱང༌། རིག་པའི་བརྟུལ་ཞུགས་སྤྱོད་པའི་སྲོལ་ཀ་ཤིན་ཏུ་དར་ཞིང༌། ཐམས་ཅད་ལ་འདོད་དོན་གྲུབ་འབྲས་ཀྱང་འབྱུང་སྟེ། བརྟུལ་ཞུགས་སྤྱོད་པའི་བསྟན་པ་དར་བའི་དུས་ལ་བབ་པ་གཅིག་དང༌། སློབ་དཔོན་ཀཧྣ་པ་ཉིད་ཀྱི་བྱིན་རླབས་ཀྱི་སྟོབས་ཀྱང་ཡིན་པར་གྲགས། དེ་ཡང་སློབ་དཔོན་དེས་བརྟུལ་ཞུགས་ཀྱི་འཕྲོ་བསྡུས་ནས། རང་གི་མཛད་དགོས་རྒྱུའི་བྱ་བ་ལྷག་མ་རྣམས། སློབ་རྒྱུད་རྣམས་ཀྱི་དོན་དུ་བསྔོས་པ་ལས་བྱུང་བ་ཡིན་ཟེར།


TNT17_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེ་ཙམ་ན་སྤྱོད་པ་པའི་སློབ་རྒྱུད་ཕྱོགས་ཀུན་ཏུ་ཁྱབ་ལ། དུས་ཚོད་དེའི་རྗེས་ཤིག་ནས་ཙརྱ་པའི་སྡེ་ཤར་ཕྱོགས་སུ་གཙོ་བོར་དར་བས། བར་སྐབས་དེར་འཕག་ཡུལ་གྱི་ཁ་སྐད་ལ། ཤར་ཕྱོགས་ནག་པོ་པས་འདུལ་བས་ཙརྱ་པ་མང༌། ལྷོ་ཕྱོགས་ཀླུ་སྒྲུབ་ཀྱིས་འདུལ་བས་དྷརྨ་པ་མང༌། ནུབ་ཕྱོགས་ལཱ་བ་པས་འདུལ་བས་བ་ལནྟི་པ་མང༌། བྱང་ཕྱོགས་གོ་རཀྵས་འདུལ་བས་ཨ་ཏེ་ས་པ་མང་ཟེར་ཏེ་ཕྱི་མ་འདི་ད་ལྟ་ཛོ་གིར་གྲགས་པ་རྣམས་སོ། །ཙརྱ་པའི་སྡེ་ལ་གྲུབ་ཐོབ་ཆེ་ཆུང་དཔག་ཏུ་མེད་པ་བྱུང༌། ད་ལྟ་ཡང་བྷང་ག་ལ་དང་བྷཱ་ཊི་དང༌། ཧེར་མྦ་དང༌། སིལ་ཧ་ཊ་དང༌། ཀོ་ཀི་སོགས་ན་སྡེ་ཅུང་ཟད་ཙམ་ཡོད་དེ། མི་གྲངས་མང་པོ་མེད་ཀྱང་དུས་ལ་ལྟོས་པའི་ནུས་པ་ཐོབ་པ་མང་པོ་ཡོད་དོ། །སྔོན་བོད་ཀྱི་ལོ་རྒྱུས་གཞན་རྣམས་ནའང་སྣ་ཚོགས་སྣང་ཞིང༌། དོ་ཧའི་ངག་སྒྲོས་རས་ཆུང་པ་ནས་བརྒྱུད་པ། རྗེ་རྒྱ་རས་ཀྱིས་ཡི་གེར་མཛད་པ་ཅིག་ན། བླ་མའི་བཀའ་ཆད་བྱུང་བའི་ཚུལ་བསྟན་པའི་ནག་པོ་པ་དེ། ནག་པོ་སྤྱོད་པ་ཆུང་བ་ཡིན། ཆེ་བ་མིན་གསུང་བ་ཅིག་ཀྱང་འདུག དེ་ཡང་ཏི་པུའམ། ཨ་མོ་གྷ་བཛྲ་གྱི་གསུང་བགྲོས་ཅིག་ནི་ཡིན་པར་སྣང༌། ཨུ་རྒྱན་པ་རིན་ཆེན་དཔལ་ཡང་དེ་དང་མཐུན་པར་གསུང་ཞིང༌། ཁོང་རང་ནག་པོ་པའི་རྣམ་འཕྲུལ་ཡིན་ཚུལ་སློབ་མ་རྣམས་ཀྱིས་བྲིས་འདུག ཁོང་གིས་མཛད་པའི་གཏན་ཚིགས་ཉུང་ངུ་ཅིག་ན། རྒྱ་གར་བ་རྣམས་སློབ་དཔོན་ནག་པོ་སྤྱོད་པ་ད་ལྟ་ཀམྤོ་ཛའི་གླིང་ན་འཁྲུངས་ཡོད། མ་འོངས་པ་ན་རལ་གྲི་ལ་སོགས་པའི་དངོས་གྲུབ་མང་པོ་སྒྲུབས་ཏེ། ཝཱ་རཱ་ཎ་སིར་བྱོན་ནས་ཆོས་བསྟན་པས་རྡོ་རྗེ་ཐེག་པའི་བསྟན་པ་ཆེས་


TNT17_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཏེ། གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་འབྱུང་བར་འདོད་དོ། །ཞེས་བྲིས་འདུག ཡི་གེ་དེ་ན་རྒྱལ་པོ་གོ་པཱ་ལས་འགྲུབ་པའི་ཡི་དམ་ཡང་ལྷ་མོ་ཙུན་ད་ཡིན་པར་བཤད་པ་དང༌། སྐབས་འདིའི་འདོད་ཚུལ་བསྐྱར་བ་དེ་གཉིས་རྒྱ་གར་བའི་ངག་སྒྲོས་སུ་འདུག །བོད་རྐྱང་པའི་རིག་གྲས་དང་མི་འདྲའོ། །རྒྱ་གར་ཕྱོགས་ནའི་སློབ་རྒྱུད་བོད་པ་རྣམས་ཀྱི་དོ་ཧའི་ལོ་རྒྱུས་ཀུན་ན། མངའ་བདག་མཻ་ཏྲི་པ་ཡང༌། སློབ་དཔོན་ནག་པོ་སྤྱོད་པའི་རྣམ་འཕྲུལ་ཡིན་པར་འཆད་ཅིང༌། འབར་བའི་གཙོ་བོ་ནག་པོ་སྤྱོད་པའི་མཚན་གྱི་རྣམ་གྲངས་སུ་འཆད་དོ། །ཡང་ཇི་སྐད་དུ། བརྟུལ་ཞུགས་སྤྱོད་འཆང་བླ་མེད་པ། །འབར་བའི་གཙོ་བོའི་བཀའ་དྲིན་གྱིས། །ཞེས་སློབ་དཔོན་ཨ་མི་ཏ་བཛྲ་གྱིས་བཤད། དཔྱད་དེ་མིག་ཟུར་ལ་ཐོགས་ནས་ཕྱིས་ཀྱི་ཁ་ཅིག སྤྱོད་འཆང་ནག་པོ་དང༌། འབར་གཙོ་གཅིག་ཡིན། དེ་དང་ནག་པོ་སྤྱོད་པ་ཐ་དད་དོ་ཞེས་སྨྲ་བ་ནི། གླིང་ཆེན་རས་པ་དང༌། གླིང་རས་མི་གཅིག་ཟེར་བ་དང་འདྲའོ། །ཡང་འབར་བའི་གཙོ་བོའི་སྐྱེ་བ་གསལ་བར་དྲན་པས་སྤྱོད་པ་ཉིད་ལའང་འབར་བའི་གཙོ་བོའི་མཚན་གྱི་རྣམ་གྲངས་འབྱུང་བ་ནི་མི་འགལ་ལོ། །ད་ནི་གཏམ་རྒྱུད་འགའ་ཞིག་བརྗོད་དེ། ཙརྱ་པའི་རྣལ་འབྱོར་པ་ཀཱ་ལི་ཟེར་བ་ཅིག ཡུལ་ར་དྷའི་ཚོང་འདུས་དང་ཉེ་བར་སྒོམ་བྱེད་དོ། །དེའི་གྲོགས་མཆེད་བི་ཀཱ་ལི་ཟེར་བ་ཅིག་གྲོང་ཁྱེར་ལི་ཁར་ཤིང་འཕེལ་དང་ཉེ་བར་བསྒོམ་མོ། །གཉིས་


TNT17_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་གྱིས་ཏིང་ངེ་འཛིན་ཅུང་ཟད་བརྙེས། བི་ཀཱ་ལི་གྲོང་ཁྱེར་ར་དྷར་སོང་ན། ཀ་ལི་དང་འཕྲད། འོ་སྐོལ་རྣམས་ཚོགས་འཁོར་བྱའོ་ཞེས་བགྲོས་ནས། ཚོགས་ཁང་དུ་རྣལ་འབྱོར་ཕོ་མོ་གཞན་ཡང་སྤྱན་དྲངས། བི་ཀཱ་ལི་ན་རེ། དུར་ཁྲོད་ནས་མི་རོ་བཀུག་ལ་གདན་བྱ་ཟེར། ཁོང་གཉིས་ཀར་དུར་ཁྲོད་དུ་ཕྱིན། མི་རོ་རྣམས་ལ་ལྕག་རྒྱབ་པས་ཐམས་ཅད་ལངས་ཏེ། ཚོགས་ཁང་དུ་སླེབ་ནས་སོ་སོའི་གདན་དགོས་པར་འགྱེལ་ཏེ་སོང་ངོ༌། །དེར་གཡས་གྲལ་གྱི་འགོ་ལ་བི་ཀཱ་ལི་དང༌། གཡོན་གྲལ་གྱི་འགོ་ལ་ཀཱ་ལི་འདུག་ནས་ཚོགས་འཁོར་གྱི་བྱ་བ་བྱས། དེ་གྲོལ་བ་ན་ཐམས་ཅད་ལངས་པའི་སྐབས། ད་མི་རོ་རྣམས་རང་གནས་སུ་སྐྱེལ་དགོས་ཟེར་ཙ་ན། ཀཱ་ལིའི་འགྲལ་གྱི་རྣམས་ལ། ཁོང་རང་གིས་སེ་གོལ་གཏོགས་པས་ཐམས་ཅད་ལངས་ནས་གར་བྱེད་ཅིང་དུར་ཁྲོད་དུ་སོང༌། སྔར་གྱི་ཤུལ་དུ་འགྱེལ་ལོ། །བི་ཀཱ་ལིའི་གྲལ་གྱི། རྣམས་ཁོང་རང་གི་དམིགས་པ་བརྟད་ཅིང་རྣམ་འགྱུར་བྱས་པས། ཐོག་མར་ཕྱེད་ཙམ་ལངས་ཏེ་སླར་འགྱེལ། བར་དུ་མགོ་བཏེག་ཙམ་བཏེག་ཙམ་བྱུང༌། མཐར་འགུལ་བ་ཙམ་ཡང་མ་བྱུང་སྟེ། དེར་རྣལ་འབྱོར་པ་ཀཱ་ལིན་རེ། ནུས་པ་ཅུང་ཟད་ཙམ་ལ་ང་རྒྱལ་བྱར་མི་རུང༌། ད་དུང་བསྒོམ་དགོས་ཟེར། མི་རོ་དེ་རྣམས་ལ་ཀཱ་ལིས་རྡོག་པ་རེ་བསྣུན་པས་ཐམས་ཅད་ལངས་ཏེ་སྔ་མ་བཞིན་དུ་སོང་ངོ༌། །ཕྱིས་རྣལ་འབྱོར་པ་ཀཱ་ལིས་དངོས་གྲུབ་ཆེན་པོ་བརྙེས། བི་ཀཱ་ལིས་ཀྱང་


TNT17_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སླར་རང་གནས་སུ་ལོག་སྟེ་བསྒོམས། དུས་གཞན་ཅིག་ན་མིག་སྨན་གྱི་དངོས་གྲུབ་ཐོབ་བོ། །ཡང་རྒྱལ་པོ་དེ་བ་བཱ་ལིའི་ཡིག་མཁན་པྲ་ཎ་པ་ཞེས་བྱ་བ་ཞིགཡིག་མཁན་བོར་ཏེ་ཆོས་བསླབས་པས་པཎྜི་ཏ་མཁས་པར་སོང༌། དེ་ནས་ཙརྱ་པའི་རྣལ་འབྱོར་པ་ཅིག་གི་དྲུང་དུ་ཕྱིན་ནས་གདམས་ངག་ཞུས་ནས་བསྒོམས། ཏིང་ངེ་འཛིན་བཟང་པོ་སྐྱེས། ལུས་ཀྱང་ཤིན་ཏུ་ཡང་བ་ཐོབ་སྟེ་ངལ་དུབ་མེད་པར་གྱུར་ཅིང༌། ཆུའི་སྟེང་དུ་འཆག་པར་ནུས། ནང་གི་རྩ་ཐིག་མཐོང་པའི་ནུས་པས། བསྟན་བཅོས་དང་ཡི་གེའི་རིགས་སྔར་མ་ཤེས་པ་ཐམས་ཅད་ཀྱང་ཤེས། དུད་འགྲོ་དང་མི་མ་ཡིན་གྱི་སྐད་གོ་བར་བྱུང༌། ད་ནི་ནུས་པ་ཐོབ་པས་སྤྱོད་པ་བྱའམ་སྙམ་སྟེ་ལན་ཅིག་ལྗོངས་རྒྱུ་ཞིང་སོང་ངོ༌། །དེར་ཡུལ་ཀཱ་མ་རུའི་གྲོང་ཁྱེར་ཅིག་གི་འདབས་ན། ལྷ་ཁང་ཕྱེད་ཙམ་ཞིག་པ་ཅིག་འདུག།དེ་ན་གསུང་རབ་ཀློག་པའི་སྒྲ་ཐོས་སོ། །སྒོ་ཕྱེ་ནས་ནང་དུ་ཕྱིན་པས། རྣལ་འབྱོར་པ་ཀུན་སྤངས་ཀྱི་ཆ་བྱད་རྒན་པོ་ཅིགརེས་འགའ་ནི་པོ་ཏི་ཀློགརེས་འགའ་ནི་གཉིད་ཡུར་ཞིང་འདུག་གོ །དེ་དང་གཏམ་ཅུང་ཟད་བྱས་ནས། པྲ་ཎ་པས་ཀློག་མཁན་དེ་ལ། ཁྱེད་པཎྜི་ཏ་ལགས་སམ་རྣལ་འབྱོར་པ་ལགས་བྱས་པས། དེ་ན་རེ། རྣལ་འབྱོར་པ་ཡིན་ཟེར། རྣལ་འབྱོར་པ་རྒན་པོ་ཞིག་ཀློག་འདོན་བྱེད་དམ་བྱས་པས། འདི་ཀློག་པ་ཤིན་ཏུ་དཀའ་བས་དཀའ་ཐུབ་ཏུ་འགྱུར་སྡིག་པ་འབྱང་སྙམ་ཀློག་པ་ཡིན་


TNT17_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། དེ་ཙམ་ཀློག་པ་ལ་དཀའ་བ་ཅི་ཡོད་བྱས་པས། དེ་ན་རེ། འོ་ན་ཁྱེད་རང་འདི་ཀློག་ང་སྒོམ་པ་ལ་འགྲོ་ཟེར། པོ་ཏི་དེ་གཏད་ནས་དེ་སོང་ངོ༌། །པྲ་ཎ་པས་དེར་པོ་ཏི་བལྟས་པས་ཡི་གེའི་འགོ་གཞུག་ཙམ་ཡང་ངོ་མ་ཤེས། རྣལ་འབྱོར་པ་དེ་ཡང་གར་སོང་ཆ་མེད་དོ། །དེར་སྤྱོད་པ་བྱ་བའི་དུས་ལ་མ་སླེབ། ད་དུང་སྒོམས་ཤིག་ཅེས་པའི་སྒྲ་ནམ་མཁའ་ནས་སྒྲགས་པས། ཡང་དེ་ནགས་ཚལ་དབེན་པ་ཞིག་ཏུ་སོང་ནས་བསྒོམས་སོ། །ཀློག་མཁན་གྱི་ཚུལ་འཛིན་པའི་རྣལ་འབྱོར་པ་དེ་ནི། གྲུབ་ཐོབ་དྷརྨ་པ་ཡིན་པར་གྲགས། རྣལ་འབྱོར་པ་པྲ་ཎ་པས་ཕྱིས་སྤྲོས་བཅས་ཀྱི་སྤྱོད་པ་ནི་མ་བྱས། འཁོར་ལོ་སྡོམ་པའི་རྒྱུད་ལས་གསུངས་པའི་ཚིག་གི་བདག་པོའི་དངོས་གྲུབ་འགྲུབ་སྟེ་སྨོན་ལམ་གང་བཏབ་པ་འགྲུབ་བོ། །ཡང་ཙརྱ་པའི་རྣལ་འབྱོར་པ་ཅིག་མཚོ་ཞིག་གི་འགྲམ་ན་སྒོམ་ཞིང་ཡོད་དོ། །ཡུལ་ནི་ཨུ་ཌི་བི་ཤ་ཡིན། དེར་ལན་ཅིག་ཐོ་རངས་ཁ་སྒྲ་དང་འོད་ཆེན་པོ་དང་བཅས་ཏེ། བུད་མེད་ནག་མོ་ཅིག་གམ་དུ་བྱུང་ངོ༌། །དེ་བཀྲེས་སོ། །སྐོམས་སོ། །ངལ་ལོ་ཟེར་བ་ལ། རྣལ་འབྱོར་པ་དེ་ལ་རི་ཁྲོད་པ་འགས་བྱིན་པའི་མ་ཧེའི་གཟུག་གཅིག་དང༌། ཆང་གྷ་ཊ་གང་ཡོད་པ་དང་སྟབས་འགྲིག་ནས། དེ་ལ་བྱིན་པས། དེ་ཁམས་གཅིག་ལ་ཟོས། ཧུབ་གཅིག་ལ་བཏུངས། དེ་དགའ་བའི་ཚུལ་གྱིས་སྔགས་ཅིག་བསླབས། འདིས་ལྟ་སྟངས་བཅུ་འགྲུབ་པར་འགྱུར་ཟེར། བུད་མེད་དེ་ན་རེ། ངེད་ཕྲ་མེན་མའི་ལུགས་ཀྱིས་སྔགས་གཞན་ལ་སྦྱིན་ནས་


TNT17_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་འདོར་དགོས་ཟེར། མཚོ་དེའི་དབུས་སུ་ནུབ་སོང་སྐད། རྣལ་འབྱོར་པ་དེས་རྩ་ཤིང་ལ་ཉམས་སད་བྱས་པས། ལྟ་སྟངས་གྲུབ་པར་མངོན་ཏེ། ད་ནི་ཡུལ་རྒྱུ་ཞིང་སྤྱོད་པ་བྱ་སྙམ། དེ་ནས་ཅུང་ཟད་ཅིག་ཡུལ་གཞན་དུ་སོང་བ་ན། བློན་པོའི་བུ་མོ་ཞིག་བློན་པོ་གཞན་ཅིག་ལ་བག་མར་འགྲོ་བ་ལ། རྒྱང་རིང་པོ་ནས་དབང་གི་ལྟ་སྟངས་བྱས་པས། དེ་དཔོན་གཡོག་ཐམས་ཅད་ཚུར་འོངས་རྣལ་འབྱོར་པ་ལ་ཕྱག་བཙལ། གསེར་གྱི་ཕྱེ་མས་གཏོར། ཡོ་བྱད་རྣམ་པ་དུ་མ་བཞག་ནས་སོང་ངོ༌། །དེ་ནས་རྣལ་འབྱོར་པ་དེ་དོན་ཐམས་ཅད་འགྲུབ་སྙམ་དགའ་ཆེས་ཏེ། རིག་པ་ཡེར་ཡེར་པོར་བྱས་ནས་རྒྱུ་ཞིང་སོང་ངོ༌། །དེ་ནས་དུས་གཞན་ཅིག་ན། ཐོང་མཁན་ཞིག་ཞིང་རྨོ་ཞིང་འདུག །ཕ་ཚད་ན་བཟའ་བཏུང་སྣ་ཚོགས་པ་རས་ཀྱིས་གཡོགས་ཏེ་བཞག་འདུག་གོ །ད་ལྟོའི་དུས་ལ་བབ་པས་ཟས་སློང་དགོས་སྙམ་སྟེ། ཤིས་བརྗོད་བྱས་པས། ཐོང་མཁན་དེ་ནི་གཏམ་གྱི་སྣེ་ཙམ་ཡང་མི་ལེན་པར་མ་ཐོས་པ་བཞིན་དུ་ལན་མི་འདེབས། རྒྱབ་བསྟན་ཅིང་འགྲོའོ། །དེ་ནས་ཡང་ནན་གྱིས་ལྟོ་བསླངས་པས་རྣལ་འབྱོར་པའི་གཟུགས་བཟུང་ནས་ལྟོགས་ངབ་ཆེ་བ་འདི་འདྲ་ཞེས་ཁ་ཟེར་བས། དེས་ཀྱང་རྨོས་གླང་གཉིས་ལ་ལྟ་སྟངས་བྱས་པས། གླང་གཉིས་དེ་མ་ཐག་ཤིའོ། །དེར་ཐོང་མཁན་ན་རེ། འོ་ན་ཁྱོད་སངས་རྒྱས་པའི་རྣལ་འབྱོར་པར་འདུག་པ། སངས་རྒྱས་པ་སྙིང་རྗེ་ཅན་བྱ་བ་ཡིན། ད་གླང་


TNT17_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གཉིས་གསོ་བར་ཞུ་ཟེར། དེར་རྣལ་འབྱོར་པས་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་བྱས་ཀྱང༌། གཡོ་བ་ཙམ་ཡང་མ་བྱུང་ངོ༌། །དེར་ཐོང་མཁན་ཉིད་ཀྱིས་ལྕག་རྒྱབ་པས་གླང་གཉིས་འཕྲབ་ཅིང་ལངས། ཞིང་ཆེན་པོ་དེ་ཡང་སྐད་ཅིག་ཉིད་ལ་རྨོས་གྲུབ་སྟེ། ཐག་ཇེ་རིང་ཇེ་རིང་ལ་མིག་མཐོང་ཙམ་ནས། དེ་ན་རེ། སེམས་ཅན་ལ་ཕན་བཏགས་པས་དངོས་གྲུབ་ཐོབ་པ་ཡིན་གྱི། ངན་པའི་སྤྱོད་པས་ག་ལ་ཡིན། ད་དུང་སྒོམས་ཤིག་ཟེར་ནས་མི་སྣང་བར་སོང་ངོ༌། །དེ་ནས་འཇིག་རྟེན་པའི་མཁའ་འགྲོ་མས་མཆོག་སྦྱིན་པ་དེ་ནི་ཡང་དག་པའི་དངོས་གྲུབ་ཀྱི་བར་ཆད་དུ་ཤེས་ནས་ལྷག་པའི་ལྷ་ལ་ནན་ཏན་དུ་བཤགས་པ་བྱས་ནས་བསྒོམས་པས། ནམ་ཞིག་ན་བཅོམ་ལྡན་འདས་མ་འདབ་ཆགས་ཀྱི་གཟུགས་ཀྱི་རྣམ་པས་བྱོན་ནས། ལུང་བསྟན་ཞིང་བྱིན་གྱིས་བརླབས། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་ཅན་དུ་གྱུར། ཕྲ་མོའི་ལས་རྣམས་ནི་གྲུབ་ལུས་ནི་གནས་མ་གྱུར་རོ། །འདིས་དང་པོ་ཞིག་རྣལ་འབྱོར་པ་རྣམས་ཀྱི་དགའ་སྟོན་དང་ཚོགས་ཀྱི་སྐབས། གྲལ་འཆོས་མཁན་ཡུན་རིང་རབ་བྱས་པས། པང་ཀ་ཏི་པ་སྟེ་གྲལ་བཅོས་པ་ཞེས་མིང་ལ་གྲགས་སོ། །ཐོང་མཁན་དུ་སྣང་བ་དེ་ཡང་གྲུབ་ཐོབ་མེ་དྷི་ན་པ་ཡིན་པར་གྲགས་ཀྱི། དཔལ་ཧེ་རུ་ཀའི་གསལ་ཁ་མེད་དོ། །ཡང་སློབ་དཔོན་ཤྲཱི་མ་ནུ་ནི། ཡུལ་མ་རུར་འཁྲུངས། རིགས་ཚོང་པ། གནས་དེ་ཉིད་དུ་རབ་ཏུ་བྱུང་ནས་མི་རིང་བར་ཁ་ཆེའི་ཡུལ་དུ་སོང༌། དེར་རིན་སྦས་


TNT17_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཙུག་ལག་ཁང་དུ་སྡེ་སྣོད་གསུམ་ལ་སྦྱངས་ཤིང་མཁས་པར་བྱས་པ་ཞིག །སློབ་དཔོན་སྤྱོད་པ་པའི་དངོས་སློབ་རྣལ་འབྱོར་པ་ནནྡྷི་པ་ཞེས་བྱ་བ་ས་འོག་གི་འཇིག་རྟེན་དུ་འགྲོ་ནུས་པ་ཅིག་དང་མཇལ། དབང་བསྐུར་ཞིང་གདམས་པ་དང་རྗེས་སུ་གདམས་པ་ཐོབ། དཔལ་ཨོ་རྒྱན་གྱི་གནས་སུ་བྲག་ཕུག་གཅིག་ཏུ་གནས་བཅས་ཏེ་བསྒོམ་ཞིང་བཞུགས། དཔྱིད་ཀྱི་ཐིག་ལེ་ལ་གསལ་སྣང་ཐོབ་པས། མངོན་ཤེས་དང་རྫུ་འཕྲུལ་ཤུགས་ལ་བྱུང་སྟེ། རིའི་ཁོང་སེང་དང་ས་འོག་ལ་ཅི་བདེར་སྤྱོད་ནུས། དེ་ནས་ནུས་པ་ཅུང་ཟད་ཐོབ་པའི་རྣལ་འབྱོར་ཕོ་འགའ་ཞིག་དང་ལྷན་ཅིག་ཏུ་རིག་བརྟུལ་གྱི་སྤྱོད་པས་ཡུལ་རྒྱུ་ཞིང་སོང་བ་ན། གྲོང་ཁྱེར་ཅིག་གི་འདབས་ན་ཐགས་མཁན་རྒད་པོ་གཅིག་འདུག་གོ །དེ་ན་རེ་ཁྱོད་རྣམས་རྣལ་འབྱོར་པར་རློམ་པ་ཞིག་འདུག་ན། དུར་ཁྲོད་དུ་ཚོགས་འཁོར་ལ་མི་འགྲོའམ་ཟེར། འགྲོའོ་བྱས་ནས་ལྷན་ཅིག་ཏུ་སོང༌། མི་གཞོན་ནུ་ཚོ་བཅུད་དང་ལྡན་པའི་རོ་ཞིག་བླངས་ཏེ་ཚོགས་རྫས་ལ་བཞག་པ་ན། ཤྲཱི་མ་ནུ་འཁོར་བཅས་ཀྱིས་མཚོན་གྱིས་གཅོད་པར་བརྩམས་པ་ལ། ཐགས་མཁན་དེ་ན་རེ། ཁྱེད་རྣམས་དངོས་གྲུབ་ཀྱི་རྫས་ལ་སྡིག་པ་གསོག་གམ་ཞེས་གད་མོ་བྱེད་དོ། །འོ་ན་ཇི་ལྟར་བཟའ་བྱས་པས། ཐགས་མཁན་དེ་སྟག་ཆེན་པོའི་གཟུགས་སུ་བྱས་ནས། ཁམས་ཅིག་ལ་ཟོས་ནས་སླར་མིར་སོང་ངོ༌། །དེ་ན་རེ། དེང་འདིར་རྫས་ཀྱི་དངོས་གྲུབ་ལ། ཁྱོད་


TNT17_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཡེལ་བར་གྱུར་གྱྀ། ད་ནི་དངོས་གྲུབ་ཕྲ་མོ་དོན་དུ་མི་གཉེར་བར། ལྷན་ཅིག་སྐྱེས་པའི་དོན་སྒོམས་ཤིག་ཟེར་རོ། །དེ་ནས་ཤྲཱི་མ་ནུས་ཀྱང་སྤྲོས་པ་སྤངས་ཏེ་ལོ་བཅུ་གཉིས་བསྒོམས། དེར་དངོས་གྲུབ་ཆེན་པོ་ཉམས་འོག་ཏུ་ཆུད་ནས་སློབ་མ་འགའ་ལ་ཆོས་བསྟན། ཡུལ་ལ་ཧོར་དུ་གྲོང་ཁྱེར་གྱི་ལམ་འགེགས་པའི་བྲག་དེའུ་ཅིག་ཆུ་ཀླུང་ནཱི་ལའི་འགྲམ་དུ་བསྐྱལ་བས། སྡིག་སྤྱོད་ཀླ་ཀློའི་རྒྱལ་པོ་ཞིག་ཀྱང་དད་པ་ཐོབ་སྟེ་ཞབས་ལ་གཏུགས། འདི་མཐར་སྐུ་ལུས་མི་སྣང་བར་གྱུར་རོ། །དེ་ལྟར་བཞི་པོ་དེ་རྣམས་ལ་ཙ་ཏུར་ཨ་བྷི་མ་ནྱ་སཱ་དྷ་ཀ་སྟེ། མངོན་པའི་ང་རྒྱལ་ཅན་གྱི་སྒྲུབ་པ་པོ་བཞི་ཟེར་རོ། །བོད་རྙིང་རྣམས་ཀྱང༌། གཏམ་རྒྱུད་དེ་དག་གི་དུམ་བུ་འདྲ། སློབ་དཔོན་ཀཧྣ་པ་ཆེན་པོ་ལ་སྦྱོར་བ་འདི་ནི། དེ་བཞི་ཀར་ཙརྱ་པའི་རྣལ་འབྱོར་པ་ཡིན་པས། ཙརྱ་པ་ཟེར་ཙ་ན་སློབ་དཔོན་ཀཧྣ་པ་ཡིན་ཏེ་འོང་སྙམ་པ་ཅིག་གིས། བལ་པོའི་སྔགས་པ་འགའ་ཞིག་དང༌། བོད་རྙིང་པ་རྣམས་ལ་འཁྲུལ་གཞི་བསྐྱེད་པས་བྱུང་འདྲའོ། །བཤད་མ་ཐག་པའི་ཐགས་མཁན་རྒན་པོ་དེ་ནི། གྲུབ་ཐོབ་ཏནྡི་པ་ཡིན་ཏེ་དེ་ཡང༌། ཡུལ་མཱ་ལ་བར་ཐགས་མཁན་ཞིག་ཐགས་འཐགས་པའི་ལས་ལ་མཁས་ཤིང་རྩོལ་བ་ཆེ་བ་ཅིག་ཡོད་དོ། །དེ་ལ་བུ་ཡང་བཅུ་ཙམ་བྱུང་ཞིང༌། ཕྱིས་དེ་དག་ཆེན་པོར་གྱུར་ནས་རེ་རེ་ཞིང་ཁྱིམ་ཕུག བག་མ་བླངས། སོ་སོ་ལ་ཡང་བུ་ཚ་མང་དུ་བཙས་ཐགས་


TNT17_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་གྱི་རིགས་རྒྱུད་ཤིན་ཏུ་མང་བར་གྱུར་ཏོ། །དེ་ནས་དེ་ཤིན་ཏུ་རྒས་པར་གྱུར་ཏེ། བུ་རྣམས་ཀྱི་ཁྱིམ་དུ་རེ་མོས་ཀྱིས་གསོ་བ་ལས། དེ་རྒས་པས་སྦྱོར་བ་མི་བཟོ་ཞིང༌། སྤྱོད་པ་མི་མཛེས་པར་མཐོང་ནས། བུ་རྣམས་ན་རེ། ཕ་ལ་འོ་མི་བརྒྱལ་བའི་ཞབས་ཏོག་ནི་ངེད་རྣམས་ཀྱིས་བྱེད། ཁྱིམ་དུ་རེ་མོས་འབྱོན་པ་ཁྱེད་རང་འོ་བརྒྱལ། མི་རྣམས་ཀྱིས་ཀྱང་འཕྱ་བ་ལས་མི་འདུག་པས། འདིར་བཞུགས་ཤིག་ཟེར་བུ་རྒན་ཤོས་ཀྱི་ཁྱིམ་དང་ཉེ་བའི་སྐྱེད་མོས་ཚལ་ཅིག་དུ་བཞག འཚོ་བ་རེ་མོས་ཀྱིས་སྐྱེལ་ལོ། །ལན་ཅིག་གྲུབ་ཐོབ་ཛ་ལནྡྷ་རི་པ་དེ་ཐགས་མཁན་དེའི་བུ་ཅིག་གི་ཁྱིམ་དུ་བྱོན་པ། ནམ་སྲོས་པ་ན་སྐྱེད་མོས་ཚལ་དེར་གནས་གཡར་བའི་ཚུལ་གྱིས་བསྐྱལ་ལོ། །དེར་སྒྲོན་མེ་དང་བཅས་ཏེ་མི་ཞིག་སླེབ་སོང་བ་ནི་ཤེས། སུ་ཡིན་མ་ཤེས་པ་ལ། ཐོ་རངས་ཀྱི་དུས་ཙ་ན་ཐགས་མཁན་རྒན་པོས་དེ་ན་ཡོད་པ་དེ་སུ་ཡིན་ཞེས་དྲིས་པས། དངོས་ཕྱོགས་ནས་འོངས་པའི་རྣལ་འབྱོར་པ་ཅིག་ལགས། ཉིད་རང་སུ་ཡིན་གསུང༌། བདག་ཐགས་མཁན་འདི་ཀུན་གྱི་ཕ་ལགས་ཏེ། གཞན་ལ་སྟོན་མ་ཉན་པར་འདིར་སྦས་པ་ཡིན་པས། རང་གིས་རང་ལ་ཡི་ཆད་པས་ཡིད་མི་བདེ་བར་མཆིས་ཟེར། འོ་ན་སྡུག་བསྔལ་དེ་སེལ་བའི་ཐབས་ཅིག་མི་འཚལ་ལམ་གསུངས་པས། ཅིས་ཀྱང་འཚལ་གྱི་རྗེས་སུ་གཟུང་བར་ཞུ་ཟེར། དེ་ལ་སློབ་དཔོན་ཛ་ལནྡྷ་རི་


TNT17_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྒན་པོ་དེ་ལ་ཡེ་ཤེས་འཕོ་བར་མཛད་དེ་རྒྱུད་བྱིན་གྱིས་བརླབས། གདམས་པ་དང་རྗེས་སུ་གདམས་པ་སྩལ་ལོ། །དེ་ཡང་སེམས་ཀྱི་སྡུག་བསྔལ་སངས། ནོམ་པ་ཆེན་པོ་རྙེད་པ་བཞིན་དུ་སྤྲོ་བ་བསྐྱེད་དེ་བསྒོམས་པས། ལེ་གཉིས་སམ་གསུམ་ཙམ་ལོན་པའི་སྐབས་ཤིག་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་འོག་ཏུ་ཆུད་དེ། འོན་ཀྱང་རེ་ཞིག་གཞན་ལ་མ་བསྟན་པར་སྦས་ཏེ་འདུག་གོ །ལན་ཅིག་བུ་ཆེ་ཤོས་དེའི་ཟས་སྐྱེལ་བའི་རེས་ཅིག་ལ། ཉིན་པར་མགྲོན་པོ་བྱུང་བ་སོགས་བྱ་བས་གཡེངས་ནས། ཟན་སྐྱེལ་བ་བརྗེད། ནམ་ཕྱེད་ན་དྲན་ཏེ་གཡོག་པོ་ཞིག་ཟས་སྐྱེལ་དུ་བཏང་བས། སྐྱེད་མོས་ཚལ་ནི་འོད་ཀྱིས་ཁྱབ། རོལ་མོའི་སྒྲ་སྣ་ཚོགས་འདུག་སྟེ། སྒོ་གསེང་ནས་བལྟས་པས་རྒན་པོ་དེ་ནི་ལུས་ལ་འོད་འཕྲོ་ཞིང༌། གཟུགས་དང་ཆ་བྱད་སྣ་ཚོགས་པའི་མི་མ་ཡིན་གཟི་བརྗིད་དང་ལྡན་པས་མཆོད་པ་བྱེད་པར་མཐོང་ངོ༌། །དེ་ནས་གྲུབ་པ་ཐོབ་པའི་གྲགས་པ་བྱུང་བས་ཡུལ་དེར་མ་བཞུགས། ཡུལ་གཞན་སྣ་ཚོགས་པར་ཐགས་མཁན་གྱི་སྤྱོད་པར་བརྫུས་ཏེ། ལོ་མང་དུ་འགྲོ་བའི་དོན་མཛད་ནས་མཐར་འཁོར་མང་པོ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གྲུབ་ཐོབ་ཏནྟི་པ་འདི་ནི་བརྦི། ཌོམྦི་སོགས་དང་འདྲ་བའི་གྲུབ་ཐོབ་ཆེས་ཆེ་བ་ཞིག་ཡིན་པར་འདུག འདིས་གསུངས་པའི་དོ་ཧ་སུམ་བརྒྱ་པ་བྱ་བ་རྒྱས་པ་ཅིག་ཡོད། གཞན་ཡང་མན་ངག་ཐོར་བུ་མང་དུ་མཛད་ཡོད་པར་


TNT17_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ནའང༌། གཏམ་རྒྱུད་དེ་ཙམ་ཁོ་ན་མ་གཏོགས། འགྲོ་དོན་མཛད་ཚུལ་གྱི་ལོ་རྒྱུས་རྒྱས་པ་ནི་བདག་གིས་མ་རྙེད་དོ། །གཞན་ཡང་འདི་ལྟར་གོ་བར་བྱ་སྟེ། སྔོན་ཐེག་པ་ཆེན་པོའི་གསུང་རབ་འཇིག་རྟེན་དུ་ཐོག་མར་བྱོན་པའི་སྐབས། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ཕལ་ཆེར་བྱོན་པར་སྣང་ཞིང༌། འདུས་པ་ལ་སོགས་པ་རྣལ་འབྱོར་བླ་མེད་ཀྱང་མང་དུ་བྱུང་བའི་སྡེབས་ལ། དཔལ་འཁོར་ལོ་སྡོམ་པའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་བཅུ་རྩ་གཅིག་པ་འདི་ཡང་བྱོན་པ་ཡིན་ནོ། །སྔར་བོད་གཞན་རྣམས་འཁོར་ལོ་སྡོམ་པ་རྩ་རྒྱུད་འདི་སུས་སྤྱན་དྲངས་པའི་གསལ་ཁ་མི་སྨྲ་ལ། མར་དོ་ནི་སམྦྷུ་ཊི་དང་ལྷན་ཅིག་སློབ་དཔོན་སྤྱོད་པ་པས་སྤྱན་དྲངས་པར་བཞེད་མོད། སྔ་མ་ཉིད་དོན་ལ་གནས་སོ། །དེ་ལྟར་རྒྱུད་འདི་བྱོན་པ་ནས་རིང་ཞིག་གི་བར་དུ་གསང་སྔགས་འཛིན་པ་རྣམས་ཀྱིས་བསྒོམས་ཤིང་བཤད་ནས་དངོས་གྲུབ་ཐོབ་པ་མཐའ་ཡས་པ་བྱུང་མོད་ཀྱང༌། གཅིག་ནས་གཅིག་ཏུ་བརྒྱུད་པ་རིང་དུ་དར་བ་མེད་ལ། དགོངས་འགྲེལ་གྱི་བསྟན་བཅོས་བརྩམས་པ་ཡང་ཆེར་མེད། དེའི་ཕྱིར་དེ་དག་གི་གཏམ་རྒྱུད་ཀྱང་ནུབ་པ་ཁོ་ནའོ། །དེས་ན་རྡོ་རྗེ་འཛིན་པ། ས་ར་ཧ་པ་ཀླུ་སྒྲུབ་ཅེས་སོགས་བརྒྱུད་པ་འདོད་པ་ཡང་རྣམ་གྲངས་ཙམ་ཡིན་གྱི། གཅིག་ཏུ་ངེས་བཟུང་ཅན་ཡང་མེད་དོ། །དེ་ནས་ཕྱི་ཞིག་ན་གྲུབ་ཐོབ་ཤཱ་བ་རི་པས། སྡོམ་པའི་རྒྱུད་


TNT17_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ཐུགས་སུ་ཆུད་ནས་དཔལ་ལཱུ་ཡི་པ་ལ་ཐོག་མར་གདམས་པ་ཡིན་མོད། ཕྱིས་ནི་སློབ་དཔོན་ལཱུ་ཡི་པ་དེ་ཉིད་སྡོམ་པའི་རྒྱུད་ཀྱི་བདག་པོར་གྱུར་ཅིང༌། དཔལ་ཧེ་རུ་ཀ་དང་རྡོ་རྗེ་ཕག་མོ་ཉིད་ཀྱིས་རྟག་ཏུ་མངོན་སུམ་དུ་འདོམས་པ་ཡིན་པས། ལཱུ་ཡི་པའི་གོང་དུ་གཞན་ལ་བརྒྱུད་པ་འདེད་མི་དགོས་སོ། །སློབ་དཔོན་འདིས་དཔལ་རྣལ་འབྱོར་མ་ཀུན་སྤྱོད་ཀྱི་རྒྱུད་སྤྱན་དྲངས་པར་གྲགས། དེའི་རྗེས་སུ་སློབ་དཔོན་རྡོ་རྗེ་དྲིལ་བུ་བས་ཀྱང༌། དཔལ་མངོན་སྤྱོད་བླ་མའི་རྒྱུད་སྤྱན་དྲངས་པར་འཆད་པའང་ཡོད། གང་ལྟར་ན་ཡང་སློབ་དཔོན་འདི་གཉིས་ཀྱིས་བཤད་རྒྱུད་དེ་དག་དང་བསྟུན་ནས། རྩ་རྒྱུད་ཀྱི་སྒྲུབ་ཐབས་སོགས་བསྟན་བཅོས་མཛད་དོ། །སློབ་དཔོན་ལཱུ་དྲིལ་ནག་གསུམ་པོ་འཁོར་ལོ་སྡོམ་པའི་སྲོལ་འབྱེད་ཉི་ཟླ་ལྟ་བུར་གྲགས་པ་ཡིན་ལ། གཞན་ཡང་དཱ་རི་ཀ་པ་དང༌། ཌིང་གི་པ་དང༌། ཨིནྡྲ་བྷཱུ་ཏི་ཆུང་བ་རྣམས་ཀྱིས་ལམ་སྲོལ་རེ་ཕྱེ་ཞིང༌། སློབ་དཔོན་ཀོང་ཀ་ན་པའམ། ལང་ཀ་རྒྱལ་བཟང་དང༌། མི་ཐུབ་ཟླ་བ་དང༌། བྷ་བ་བྷ་དྲ་རྣམས་ཀྱིས་ཀྱང་ལུགས་སྲོལ་མི་འདྲ་བ་རེ་མཛད་འདུག བྲམ་ཟེ་རིན་ཆེན་རྡོ་རྗེས་ཀྱང་དེ་དག་དང་མི་འདྲ་བའི་ལུགས་སྲོལ་གསར་བ་མཛད་འདུག་པ། ཨིནྡྲ་བྷཱུ་ཏི་ཆུང་བའི་རྗེས་འབྲང་ཡིན་ནམ་ཁོང་རང་ཉིད་ཀྱིས་སྲོལ་གསར་དུ་ཕྱེ་བ་ཡིན་བརྟག་པར་བྱ་མོད་ལུགས་སྲོལ་ངོ་མཚར་ཆེ་ཞིང་བྱིན་རླབས་དང་ལྡན་པ་ཅིག་ནི་


TNT17_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་སྣང་ངོ༌། །རིན་ཆེན་རྡོ་རྗེས་བདེ་མཆོག་གི་སྒྲུབ་ཐབས་འདི་ཁ་ཆེའི་ཡུལ་དུ་བརྩམས་ནས། ཡུལ་དབུས་སུ་དཔལ་ནཱ་རོ་པ་ལ་སྐྱེས་སུ་སྩལ་བས། ནཱ་རོ་པས་གཟིགས་ཏེ་ངོ་མཚར་ཆེ་བར་དགོངས་ནས། རྒྱལ་མཚན་གྱི་རྩེ་མོར་བཏགས་ནས། ཕྱག་མཆོད་རྒྱ་ཆེར་མཛད་པས། སྙན་གྲགས་རྒྱས་ཏེ་ཇི་ཞིག་ལྟར་ལ་ཁ་ཆེ་དང་ཉི་འོག་ཏུ། དཔལ་ལཱུ་ཡི་པའི་ལུགས་ལས་ཀྱང་འདི་སྒོམ་པ་མང་བའི་དུས་ཅིག་བྱུང་སྐད། བོད་དུ་ཡང་ལོ་ཙཱ་བ་རིན་ཆེན་བཟང་པོས་རྩལ་འདོན་དུ་བསྒྱུར་ཞིང༌། སྔོན་དུས་ཅུང་ཟད་དར་བས་ས་བཅད་མཆན་བུ་ཡིག་སྣ་སོགས་ཡོད་དོ། །ལང་ཀ་རྒྱལ་བཟང་གི་ལུགས་ནི་འགའ་ཞིག་ལཱུ་ཡི་པའི་ནང་སེལ་ཡིན་ཟེར་རོ། །འོན་ཀྱང་བསྐྱེད་རིམ་ལཱུ་ཡི་པ་དང་མཐུན་རུང་དུ་ཡོད་ཀྱང༌། རྫོགས་རིམ་སོགས་སྒོ་གཞན་ནས་ཆེས་མི་འདྲ་བས་ལུགས་སྲོལ་ལོགས་པ་ཉིད་ཡིན་ནོ། །དེ་དག་ནི་བོད་དུ་འགྱུར་བའི་དབང་དུ་བྱས་སོ། །གཞན་ཡང་གྲུབ་ཐོབ་གླུ་དབྱངས་མཁན་དང༌། ནག་པོ་རྡོ་རྗེ་དང༌། ཀ་ལ་ཧང་ས་ཀུ་མཱ་ར་དང༌། དྷརྨ་པ་དང༌། ཀུཀྐུ་ཊི་པ་དང༌། གྷུནྚ་རི་པ་དང༌། ཙ་ཊི་ཡ་པ་དང༌། ནཱ་ཌི་པ་དང༌། གྷནྡྷ་ར་པ་དང༌། བཱི་ན་པ་དང༌། ཊནྚེན་པ་དང༌། ཏཱ་ཌ་ཀ་བ་དང༌། ཀཾ་ཀ་ལ་པ་དང༌། ཛ་ཡ་ནནྡི་པ་དང༌། བྷ་དེ་པ་སྟེ་གྲུབ་པའི་སློབ་དཔོན་བཅུ་བཞི་པོ་དེ་དག་ཀྱང་འཁོར་ལོ་སྡོམ་པའི་ལམ་ལས་གྲུབ་པ་བརྙེས་


TNT17_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། དེ་དག་གི་སྲོལ་གཏོད་པའི་བསྐྱེད་རྫོགས་ཀྱི་གཞུང་སོགས་ལུགས་སྲོལ་མི་འདྲ་བ་རེ་རེ་བྱུང་བར་གྲགས། སོ་སོའི་དུས་དེར་ལུགས་དེ་དང་དེ་བསྒོམས་པས་གྲུབ་པ་ཐོབ་པ་ཡང་མང་དུ་བྱུང་བར་འདུག །དེ་དག་གིས་མཛད་པའི་གཞུང་ལུགས་བོད་དུ་འགྱུར་བ་མང་པོ་མི་སྣང་ཡང༌། འཕགས་པའི་ཡུལ་དུ་སྔོན་དུས་མང་དུ་བྱུང་ཞིང༌། ཕྱིས་ཀྱང་ཅི་རིགས་པ་ཡོད་པར་སྣང་ངོ༌། །རྩ་རྒྱུད་ཀྱི་དཀྱིལ་འཁོར་ལ་ལྷ་ཚོགས་ཐམས་ཅད་སྐུ་མདོག་ནག་པོར་འདོད་པ་ཡོད་ཅེས་བཤད་པ་ནི། སློབ་དཔོན་དྷརྨ་པའི་ལུགས་ཡིན་པར་སྣང་ལ། ཞབས་གཡོན་བརྐྱང་དུ་མཛད་པ་ཡོད་པར་བཤད་པ་ནི་ནག་པོ་རྡོ་རྗེའི་སྒྲུབ་ཐབས་སོ། །གར་སྟབས་སུ་བྱེད་པ་ནི་གྲུབ་ཐོབ་ས་འཛིན་ཞབས་ཏེ་གནྡྷར་པའི་ལུགས་སོ། །གྲུབ་ཐོབ་གྷུནྚ་རི་པའི་སློབ་མ་དཔལ་ཨོ་རྒྱན་པར་གྲགས་པ་ཆོས་ཀྱི་འབྱུང་གནས་ཀྱི་སྒྲུབ་ཐབས་ནི། སྐུ་མདོག་མ་ངེས་པར་འདོད་ཅིང༌། ཡབ་ཡུམ་ཁ་དོག་རྣམ་པ་ཀུན་ཏུ་མཚུངས་པར་སྨྲའོ། །བཱི་ན་པས་མཛད་པའི་སྒྲུབ་ཐབས་ན། ལྷ་ཚོགས་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པར་ཡོད་པས། དེའི་ལུགས་ལ་རྩ་རྒྱུད་ཀྱི་ལྷ་ཚོགས་ཕྱག་གཉིས་པ་ཁོ་ནར་བཞེད་ཅེས་གྲགས་ཀྱང༌། སྒོམ་བདེ་བའི་དགོས་པ་དང་མཚོན་བྱེད་ཙམ་ཡིན་གྱི། ཕྱག་མངས་མི་བཞེད་པ་མ་ཡིན་ནོ། །རྣལ་འབྱོར་རྫོགས་འཕྲེང་དུ་བསྡུས་པའི། ཧེ་རུ་ཀ་སེར་པོའི་དཀྱིལ་འཁོར་ནི། སློབ་དཔོན་


TNT17_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཡ་ནན་ཏི་པའི་ལུགས་ཡིན་ཟེར་བ་ཙམ་སྣང༌། སློབ་དཔོན་བྷ་དེ་པ་དང༌། བྷ་ད་ལི་ཀ་དང༌། བྷ་དྲ་པ་དང༌། བནྡྷེ་པ་རྣམས་མཚན་འདྲ་མཚུངས་ལ། ཡི་གེ་ནོར་བ་དང༌། དོན་ནོར་བ་དང༌། གཅིག་ཏུ་འཁྲུལ་བ་མང་པོ་བྱུང་ཡང་ངོ་བོ་སོ་སོ་ཡིན་ཞིང༌། བསྟན་བཅོས་ཀྱང་སོ་སོར་ཡོད་དོ། །སློབ་དཔོན་ཀུཀྐུ་ཊི་པའི་ལུགས་ཀྱི་རྩ་རྒྱུད་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་གདོང་བརྙན་ཅན་དུ་བཞེད་ཅེས་གྲགས་སོ། །དེ་ལ་གྲུབ་ཐོབ་གླུ་དབྱངས་མཁན་ནི། གླུ་གར་མཁན་གྱི་རིགས་རང་གི་ལས་ལ་བརྩོན་པ། ཚིག་མང་པོ་གསར་དུ་སྦྱོར་ནུས་པ་ཞིག་ཡོད་པ་ལས། ལན་ཅིག་དུས་སྟོན་ཞིག་ལ་མི་ཆེ་བ་ལྔ་བརྒྱ་ཙམ་འདུས། དེ་རེ་རེ་ལ་བསྟོད་པ་གསར་པའི་གླུ་དབྱངས་ཀྱིས་བསྟོད་དགོས་བྱུང་བས། ཇི་ཞིག་ནས་ཚིག་གསར་པ་སྦྱོར་བའི་བློ་གྲོས་གཏུགས་ཏེ། ཚིག་སྦྱོར་སྔ་མ་རྣམས་ཉིད། སླར་བསྐྱར་ཏེ་འདོན་པ་སྤོས་ནས་གླུ་བླངས་སོ། །དེར་ཚིག་གསར་པས་བསྟོད་པ་རྣམས་ཀྱིས་རྔན་པ་ཆེ་བར་བྱིན། བསྐྱར་མས་བསྟོད་པ་རྣམས་ཀྱིས་ཟས་ཉུང་ཟད་རེ་ཙམ་མ་གཏོགས་མ་བྱིན་པས་དུས་སྟོན་གྲོལ་ནས་དེས་བསམས་པ། ཚིག་གསར་པ་སྦྱོར་བ་ལ་ཐོགས་པ་མེད་པའི་ཐབས་ཅིག་དགོས་པ་འདུག་སྙམ། ཤིང་དྲུང་ཞག་ཏུ་མ་ནོ་བསམ་གཏོང་ཀྱིན་ཡོད་ཙ་ན། རྒྱུད་ཡོངས་སུ་གྲོལ་བའི་རྣལ་འབྱོར་པ་ཞིག་དེར་བྱོན་ནས་ཁྱོད་འདི་ལྟར་སེམ་མམ་གསུངས་པས། དེ་མཆོག་ཏུ་


TNT17_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་སྐྱེས་ནས་དེ་ལྟར་ལགས་ཀྱི་རྗེས་སུ་བཟུང་བར་ཞུ་ཞེས་ཞབས་ལ་གཏུགས། གསོལ་བ་བཏབ་པས་རྣལ་འབྱོར་པ་དེས། བདེ་མཆོག་ཧེ་རུ་ཀའི་བསྐྱེད་རྫོགས་ཀྱི་གདམས་པ་ཉུང་ངུ་ཞིག་བྱིན་ནོ། །དེ་ནས་དེས་ཀྱང་མཚན་ཐོག་ཐག་ཏུ་གཉིད་སྤངས་ཏེ་རྟག་ཏུ་སྒོམ་པར་བྱེད་ཅིང༌། ཉིན་པར་ཡང་རེས་འགའ་ནི། ངམ་གྲོག་དག་ཏུ་ཡིབ་ཀྱིན་བསྒོམ། རེས་འགའ་ནི་རང་གི་ལས་ཀྱི་མཐའ་བྱེད་དོ། །དེ་ནས་ལོ་མང་དག་སོང་བའི་སྐབས་ཞིག་ན། ལུང་སྟོངས་ཀྱི་ལམ་འགའ་ཞིག་ན་ཁྱི་མོ་ཞིག་ན་ནས་འཆི་ལ་ཁད་འདུག་གོ །དེར་སྤྱང་ཀི་ཞིག་འོངས་ནས་ཁྱི་དེ་ཟ་ལ་ཁད་ཁད་འདུག་པ་ལ། ཐབས་སྣ་ཚོགས་ཀྱིས་བསྲུངས་ཀྱང་མི་ཐུབ་པ་ལྟར་བྱུང༌། ཁྱི་མོ་དེའི་སྲོག་སྲུང་བའི་ཕྱིར་རང་གི་ཕྱག་གཡོན་པ་བཅད་དེ་སྤྱང་ཀི་ལ་བྱིན་པས་དེ་ཟོས་ཏེ་སྤྱང་ཀི་སོང་ངོ༌། །དེ་ནས་ཡངས་ཐབས་ཅིག་ལ་ཁྱི་མོ་མེད་པར་རྡོ་རྗེ་ཕག་མོར་སོང་ནས། ཕྱག་སྤྱི་བོར་བཞག་ཅིང་བཀའི་གནང་བ་སྩལ་བ་ཙམ་གྱིས་གྲུབ་པ་ཐོབ། དེ་ནས་ནགས་དང་གྲོང་ཁྱེར་ཀུན་ཏུ་གླུ་ཁོ་ན་ལེན་ཅིང་སྐྱེ་བོ་མང་པོ་སྨིན་གྲོལ་ལ་བཀོད། གྲུབ་ཐོབ་གཱ་ཡ་པ་སྟེ་གླུ་དབྱངས་མཁན་དུ་གྲགས་སོ། །སློབ་དཔོན་ནག་པོ་རྡོ་རྗེ་ནི་ཡུལ་ཀ་ལིཉྫ་ར་ཏེ། ཀ་ལིང་ཀ་པ་ཡིན། སོ་མ་པུ་རིར་སློབ་གཉེར་བྱས་ཏེ། མཁས་པར་སོང་བའི་སྐབས་ཤིག་གྲོང་ཁྱེར་ན་བྱིས་པ་མང་པོ་ཚོགས་ཏེ། གཅིག་གིས་སྒོམ་བྱེད་པ་ལྟར་བྱེད། གཞན་རྣམས་ཀྱིས་དེ་ལ་ལྐོག་གྱུར་དྲིས་


TNT17_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། དེས་ཀྱང་དེ་རྣམས་ལ་མངོན་ཤེས་ལུང་སྟོན་གྱི་ཟླད་མོ་བྱེད་ཀྱིན་འདུག་པ་མཐོང་ནས། དེས་རྐྱེན་བྱས་ཏེ་སློབ་དཔོན་གྱིས་ཀྱང༌། ཚོང་ཁང་ན་ཚོང་པ་རྣམས་ཀྱི་སྒྲོམ་དང་རྐྱལ་པ་རྣམས་ཀྱི་ནང་ན་ཅི་ཞིག་ཡོད་ཅེས་བློས་བརྟགས་ཀྱང་མ་ཤེས་ནས། རིག་པའི་གནས་ལྔ་ལ་སྦྱངས་ཀྱང་ཕྲ་མོ་འདི་ཙམ་ཡང་མི་ཤེས་པ་སྙམ། མཁས་པའི་བྱ་བ་ལ་ཐུགས་མུག་སྟེ་མཚན་མོ་གསངས་ནས་བྲོས་སོ། །དེ་ནས་ཁ་སར་པ་ཎི་ལ་གསོལ་བ་འདེབས་ཀྱིན་ཟླ་བ་དྲུག་བཞུགས། རྨི་ལམ་དུ། འདི་ནས་ཤར་ཕྱོགས་སུ་ཕྱིན་པ་ཧི་ཙི་ལི་ཞེས་པའི་གྲོང་ཁྱེར་ཡོད། དེའི་ཉ་པའི་གྲོང་ན་རྡོ་རྗེ་ཕག་མོ་བཞུགས་ཏེ། དེར་ཞག་བདུན་དུ་གསོལ་བ་བཏབ་ན་ཞལ་སྟོན་གསུང༌། དེ་བཞིན་དུ་བྱས་པས་ཞག་བདུན་སོང་བའི་ཐོ་རངས་ཅིག །ཉ་བའི་བུད་མེད་རྒན་མོ་ཉ་བརྒྱ་ཕྲག་པ་ལ་བཀལ་ནས་ཧྲལ་ཧྲལ་འགྲོ་བ་ཅིག་འདུག །དེ་བཅོམ་ལྡན་འདས་མར་ཤེས་ནས་ཞབས་ལ་ཕྱག་བྱས་ཏེ་གསོལ་བ་བཏབ་པས། བུད་མེད་ལང་ཚོ་མ་ཅིག་ཏུ་གྱུར་ཏོ། །ཡང་གསོལ་བ་བཏབ་པས་སྐུ་དངོས་སུ་གྱུར་ཏེ་མེ་ལྕེ་དྲག་ཏུ་འབར་བའི་དབུས་ན་བཞུགས་ནས། རྒྱུད་བྱིན་གྱིས་བརླབས་ཤིང་གདམས་པས་ཏིང་ངེ་འཛིན་དང་མངོན་ཤེས་སྐྱེས་སོ། །དེར་ས་དོང་བྱས་ཉ་རོས་མཐའ་བསྐོར་ཏེ། རྒྱུད་སྦྱངས་ཤིང་བསྒོམས་པས་དུས་གཞན་ཞིག་ན་གྲུབ་པ་བརྙེས་སོ། །སློབ་དཔོན་འདིས་ཉ་པའི་


TNT17_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་གི་མགྲོན་ཁང་ཅིག་ཏུ་བཞུགས་ཙ་ན། རྣལ་འབྱོར་པའི་གཙོ་བོ་གསུམ་འཁོར་རྣལ་འབྱོར་པ་སྟོང་ཙམ་དང་བཅས་ནས་འོང་ཞིང་འདུག །དེ་རྣམས་ལ་འདིར་བྱོན་ཚོགས་ཀྱི་འཁོར་ལོ་མཛོད་བྱས་པས། སློབ་དཔོན་གསུམ་པོ་དེས་སློབ་དཔོན་འདི་བཞུགས་པའི་སྒོ་ནས་ལྟས་པས་ཤ་དུམ་ཅིག་དང༌། ཉ་དུམ་ཅིག་དང་ཆང་བུམ་ཆུང་ཅིག་ལས་མི་འདུག་ཅིང༌། གནས་དེ་ཡང་དོག་པོར་ཤེས་ནས་ཁྱེད་ཀྱིས་དེ་རྣམས་ཚིམས་པར་ཡང་མི་ནུས། གནས་འདིར་ཡང་མི་ཤོང་ངོ་ཟེར། སློབ་དཔོན་ན་རེ། ཇི་ཙམ་ཤོང་བལྟའོ་བྱས་ནས། རྣལ་འབྱོར་པ་སྟོང་ཕྲག་གཅིག་ནང་དེར་ཞུགས་པས། ཁྱིམ་གྱི་གྲ་ཅིག་ཀྱང་མ་ཁེངས་སོ། །ཡོ་བྱད་དེ་རྣམས་གཏད་ནས་ཁྱེད་རྣམས་ཀྱིས་འདི་ལོངས་སྤྱོད་ནུས་པར་གྱིས་ཤིག་གསུངས། རྣལ་འབྱོར་པ་དེ་རྣམས་ཀྱིས་རྫས་དེ་ལས་ཞག་བདུན་གྱི་བར་དུ་ཇི་ཙམ་ཟོས་ཤིང་འཐུངས་ཀྱང་མ་ཟད་དོ། །དེ་རྣམས་ཀྱིས་སློབ་དཔོན་ནག་པོ་རྡོ་རྗེའི་ཞབས་ལ་ཕྱག་བྱས། བཟོད་པ་གསོལ་ཏེ། ལྷག་མ་ཟ་མ་ནུས་པར་བོར་ཏེ་སོང་ངོ༌། །ཀ་ལ་ཧཾ་ས་ཀུ་མཱ་ར་ནི་གྲོང་ཁྱེར་པ་ཊ་ལི་པུ་ཏྲར་འཁྲུངས། ཆུང་ངུའི་དུས་སུ་ཞིང་གི་རྐ་ཡུར་ཁོ་ན་འཚོ་བར་བྱེད། ལུས་ཁ་དོག་དཀར་བ་ཞིག་ཡོད་པས། ཀ་ལ་ནི་ཞིང་གི་ཡུར་བ་པ། ཧང་ས་ནི་ངང་པ་སྟེ་དཀར་པོ། ཀུ་མཱ་ར་གཞོན་ནུ་སྟེ་དེ་ལྟར་གྲགས། དེ་ནས་གཙུག་ལག་ཁང་གཅིག་ཏུ་རབ་ཏུ་བྱུང་ཞིང་ཆོས་བསླབས་པས་མཁས་པའི་གྲལ་


TNT17_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་ཙམ་བྱུང༌། ད་ནི་གཞན་སྙིང་པོ་མེད་སྙམ་སྟེ། བླ་མ་ཅིག་ལ་འཁོར་ལོ་སྡོམ་པ་ཞུས་ནས་བསྒོམས་པས། ནམ་ཞིག་ན་ནུས་པ་ཁྱད་པར་ཅན་བརྙེས་སོ། །ཡུལ་བྷང་ག་ལའི་གྲོང་ཁྱེར་ཅིག་ན། རྒྱལ་པོ་ཅིག་གིས་སྦྱིན་བདག་བྱས་ཏེ། བྲམ་ཟེ་ལྔ་བརྒྱ་ཙམ་ཡོད་པ་ལ་རེ་རེས་ཐབ་གསུམ་གསུམ་བྱས་ཏེ་སྦྱིན་སྲེག་མཆོད་སྦྱིན་རེ་རེ་བྱེད། དཀྱིལ་འཁོར་དང་མཆོད་པའི་ཡོ་བྱད་དཔག་ཏུ་མེད་པ་ཡོད་པ་ལ། སློབ་དཔོན་འདིས་དམིགས་པ་བརྟད་པས་སྐད་ཅིག་ཉིད་ལ་རླུང་དམར་མི་བཟད་པ་ལངས་ནས། མཆོད་སྐོང་ཐམས་ཅད་ཆག་ཡོ་བྱད་ཐམས་ཅད་ཁྱེར་རོ། །དེ་ལྟར་ལན་བདུན་བརྩམས་པ་ལས་ཐམས་ཅད་རླུང་གིས་ཁྱེར་བའི་ཐ་མལ་བྲམ་ཟེ་རྣམས་དང༌། རྒྱལ་པོ་རང་ཡང་རླུང་གིས་ཁྱེར་ཞིང་གོས་དང་བྲལ་བར་འདུག་གོ །དེ་ནས་རྒྱལ་པོ་དང་བྲམ་ཟེ་རྣམས་སློབ་དཔོན་གྱི་མཐུ་བསྟན་པར་ཤེས་ནས་གུས་པས་བཏུད་དེ། བཀའ་གནང་ཞུས། ཕྱིན་ཆད་སྲོག་བཅད་པའི་མཆོད་སྦྱིན་མི་བྱེད་ཅིང༌། སངས་རྒྱས་ཀྱི་བསྟན་པ་ལ་དད་པར་གྱུར་ཏོ། །སློབ་དཔོན་དྷརྨ་པ་ནི་ཡུལ་ལྷོ་ཕྱོགས་དང་ཉེ་བའི་གྲོང་ཁྱེར་སཱ་ལི་པུ་དྲར་འཁྲུངས། ཡུལ་དེར་རབ་ཏུ་བྱུང་ཞིང༌། རིག་པའི་གནས་རྣམས་ལ་མཁས་པར་བྱས། ཉན་བཤད་ཀྱིས་དུས་འདས་པའི་ངང་ལ་བགྲེས་ཤིང་སྤྱན་ཡང་ལོང༌། ཅི་བྱར་ཡང་མེད་པའི་སྐབས་སུ་ཡང་དག་པའི་ལམ་དངོས་སུ་སྟོན་ནུས་པའི་


TNT17_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཞིག་དང་མཇལ་ན་ཅི་མ་རུང་སྙམ་ཞིང་རྟག་ཏུ་དཀོན་མཆོག་ལ་གསོལ་བ་བཏབ་པས། མནལ་ལམ་དུ་རྡོ་རྗེ་མཁའ་འགྲོ་མ་བྱོན། ངས་བྱིན་གྱིས་བརླབས་ཀྱི་གསུང༌། དེ་ནས་ཡང་ཡང་གསོལ་བ་བཏབ་པས་དངོས་སུ་བྱོན་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་ངོ༌། །དེ་ནས་བསྒོམས་པས་ལོ་ལྔ་ལོན་པ་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་འོག་ཏུ་ཆུད། ཀློག་མཁན་གྱི་ཚུལ་བཟུང་ནས་སེམས་ཅན་གྱི་དོན་མཛད་དོ། །མཧཱ་མཱ་ཡའི་གཞུང་སློབ་དཔོན་འདིས་མཛད་པ་ཞིག་བདག་གིས་ཀྱང་ཐོས་སོ། །ཀུཀྐུ་ཊི་པ་ནི་རིག་མ་ཁྱིམ་བྱའི་གཟུགས་སུ་བསྒྱུར་བ་ཅིག་ཡིན། གུཎྜི་རི་པ་ནི་གྷུནྡ་རི་པ་ཞེས་སྔར་བོད་ན་གྲགས་པ་དེ་ཡིན་པར་མངོན། བྱེའུ་གྷུཎྜི་རི་དྭགས་མང་པོ་བསད་ནས་ཤ་གསོལ། ཡང་གསོས་ཏེ་ཞལ་ནས་སྤུར་བའི་ཆོ་འཕྲུལ་བསྟན་ཏོ། །ཙཱ་ཊི་ལ་པ་ནི་མཚན་ཙམ་མ་གཏོགས་ལོ་རྒྱུས་ཆ་མ་འཚལ། ནཱ་ཌི་པ་ཡང་ན་རི་པ་གཅིག་གམ་མི་གཅིག་བརྟག་གོ །སློབ་དཔོན་གནྡྷ་ར་པ་སྟེ་སློབ་དཔོན་ས་འཛིན་པ་ནི། རིགས་རྗེ་རིགས། ཡུལ་གནྡྷ་ར་སྟེ་ས་འཛིན་དུ་འཁྲུངས། མཚན་དངོས་ནི། བིཛྙཱ་ནཾ་ཀུ་རི་ཟེར། དགེ་བསྙེན་བྱས་ནས་རིག་པའི་གནས་ཅི་རིགས་པར་བསླབས། གསང་སྔགས་པའི་སྡེ་ཅིག་ལ་ཞུགས། དེ་ན་ས་འཛིན་ནས་ཡོངས་པའི་མི་གཞན་མེད་པས། གནྡྷ་ར་པ་ཞེས་བླ་དྭགས་སུ་ཐོགས། སློབ་དཔོན་སྒྲུབ་པ་པོ་


TNT17_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པུརྦ་གུཔྟ་ཞེས་པ། སྦས་པའི་རྣལ་འབྱོར་ཅིག་ལ་འཁོར་ལོ་སྡོམ་པ་ཞུས་ནས་བསྒོམས་པས། ནམ་ཞིག་ན་ཕྲ་རགས་ཐམས་ཅད་ལ་གསལ་སྣང་ཐོབ་བོ། །དེས་གསེར་མགར་གྱི་གྲོང་བྱ་བ་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཅིག་དང་ཉེ་བའི་ནགས་སུ་བསྒོམས་པས། འབར་སྣང་གསལ་བ་ཅིག་ལ་དངོས་སུ་མེ་བྱུང་ནས། ནགས་ཀྱི་རྩྭ་དང་ཤིང་ཐམས་ཅད་མེས་ཚིག་གོ །དེ་ནས་མི་རིང་བར་ཆར་དབབ་པོ་སྙམ། ཏིང་ངེ་འཛིན་ཁོ་ནས་ཆར་ཕབ་སྟེ་སྔར་ཚིག་པ་རྣམས་ཡུད་ཙམ་གྱིས་གསོས་སོ། །དེར་ནུས་པ་ཐོབ་པས་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཅིང་ཡུལ་སྣ་ཚོགས་སུ་བཞུད། གླིང་གཾ་ག་ས་ག་ར་ནས། གྲོང་ཁྱེར་པྲ་ཡ་གའི་བར་དུ། ཆུ་བོ་གངྒཱ་ལ་ལྤགས་གདན་བཏིང་སྟེ། འཁོར་དང་བཅས་པ་ཡར་འབྱོན་མར་འབྱོན་མང་པོ་མཛད། ཆུ་ཀླུང་རོ་ཧཾ་ཏའམ་ཚངས་པའི་བུ་ཤིན་ཏུ་རྒྱས་པ་ལའང་དེ་བཞིན་དུ་མཛད། དེ་ནས་ལན་ཅིག་གླིང་དྷ་ན་ཤྲཱིར་བཞུད་པར་བཞེད་ནས། འཁོར་དང་བཅས་པ་རྒྱ་མཚོའི་སྟེང་ནས་མི་བྱིང་བར་བཞུད་པ་ན་མེ་ཏོག་གི་ཆར་དང༌། སྒྲ་དང་འོད་དང་དྲི་བཟང་གིས་ཁྱབ་པ་དག་བྱུང་ངོ༌། །དེར་སློབ་དཔོན་གན་དྷ་ར་པས་བསམས་པ། ད་ནི་བདག་བླ་མ་དང་ནུས་པ་མཉམ་མོ་བསམས་པ་ནི། དེ་མ་ཐག་ཆུར་བྱིང་ངོ༌། །ཡང་དད་པ་སྐྱེད་པས་སྔར་བཞིན་དུ་གྱུར་ཏེ་གླིང་དྷ་ན་ཤྲཱིར་བཞུད་དོ། །དེར་ཡང་སྔགས་ཀྱིས་འགྲོ་


TNT17_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོན་མང་དུ་མཛད། ཉི་མ་གཅིག་ལ་མཆོད་རྟེན་བརྒྱ་དང་བརྒྱད་ལ་རྡོའི་གདུགས་བཀལ་ལོ། །དེ་ནས་སླར་ཡང་མ་ག་དྷ་དང་ཉེ་བ། དབང་པོས་ཕུག་གི་གནས་སུ་བཞུགས། དང་པོ་བླ་མ་དང་ཡོན་ཏན་མཉམ་མོ་བསམ་པའི་ང་རྒྱལ་བྱུང་བའི་རྒྱུས། སྐུ་ལུས་ནི་གནས་མ་གྱུར། ནུས་པ་ཁྱད་པར་ཅན་བརྙེས་པས་འགྲོ་བའི་དོན་མཛད་ཅིང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་ཉེ་བར་ཕྱོགས་པའོ། །བཱི་ན་པ་ནི་གཞན་དུ་བྲིས་ཟིན། ཏཎྜེ་པ་ནི། ཏནྟི་པ་དང་གཅིག་གམ་སྙམ། ཏཱ་ཌ་ཀ་པ་ནི། ཆོམ་པོ་གཅིག་ཕྱིས་གྲུབ་པ་ཐོབ་པར་གྲགས། གྲུབ་ཐོབ་ཀང་ཀཱ་ལ་པ་ནི། ཡུལ་ཤར་ཕྱོགས་གཽ་ར་པ། ཁྱིམ་བདག་ནོར་དང་ལྡན་པ་ཅིག་འདོད་ཡོན་ལ་རྩེ་ཞིང་དགའ་བས་གནས་པ་ལས། གློ་བུར་དུ་ཆུང་མ་ཤི་བར་གྱུར་ཏེ། ཕུང་པོ་དུར་ཁྲོད་དུ་བསྐྱལ་བའི་ཙ་ན་མྱ་ངན་བྱེད་ཅིང་འདུག་གོ །དེར་ལེགས་པར་རྟོགས་པའི་རྣལ་འབྱོར་པ་ཅིག་བྱོན་ནས། ཁྱོད་ཅི་བྱེད་གསུང༌། དེས་ལོ་རྒྱུས་བཤད་སྡུག་གཏམ་བྱས་པས། འདི་བས་ཁྱོད་ཉིད་ཀྱང་འཆི་ན་གསུང༌། འོ་ན་དེ་ལས་ཐར་བ་ཅིག་ཞུ་བྱས་པས་དེས་དབང་བསྐུར་ཞིང་གདམས་པ་གནང་དེ་ནས་ཁྱིམ་བདག་དེ་དུར་ཁྲོད་དེར་འདུག་ནས། སེམས་ཀྱི་དྲི་མ་སྦྱོང་བའི་དོན་དུ་ཀེང་རུས་ཀྱིས་མཐའ་བསྐོར་ཏེ་བསྒོམས་པས་ལོ་དྲུག་ན་དངོས་གྲུབ་ཐོབ། འགྲོ་དོན་ཡང་རྒྱ་ཆེར་མཛད་དོ། །སློབ་དཔོན་ཛ་ཡ་ནན་དི་པ་ནི། བྲམ་ཟེ་


TNT17_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་ཚངས་པར་སྤྱོད་པ་ཞིག སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ནས་དགེ་བསྙེན་བྱས་སོ། །གསང་སྔགས་ཀྱི་སློབ་དཔོན་ཅིག་ལ་གདམས་པ་ནོད་ནས་བསྒོམས། ཡུལ་བ་ག་ལའི་རྒྱལ་པོའི་མཆོད་གནས་བྱེད་ཅིང་ཡོད་པ་ལ། དེས་གཏོར་མའི་བྱ་བ་ཡོ་བྱད་དཔག་ཏུ་མེད་པ་དང་བཅས་ཏེ། ཉིན་རེ་བཞིན་གཏོར་མ་བཏང་བས་བློན་པོ་འགའ་ཞིག་གིས་རྒྱལ་པོ་ལ། འདིས་རྒྱལ་པོའི་ལོངས་སྤྱོད་ལ་འཕངས་མེད་བྱས་ཟེར་ཞིང་ཕྲ་མ་བཅུག་པས། རྒྱལ་པོས་སློབ་དཔོན་བཙོན་དུ་བཅུག་གོ །དེར་བྱ་རིགས་མི་གཅིག་པ་ཐམས་ཅད་འདུས། འདབ་ཆགས་འབུམ་ཕྲག་མང་པོ་ཕོ་བྲང་དེར་འོངས་ནས། སྒྲ་སྣ་ཚོགས་འབྱིན། ལུས་རྣམ་འགྱུར་སྣ་ཚོགས་བྱེད། མི་རྣམས་ཀྱི་མགོ་ལ་འཚོག་པར་བྱེད་དོ། །དེར་བྱ་སྐད་ཤེས་པ་ཞིག་གིས་བརྟགས་པས། ངེད་རྣམས་ཀྱི་ཕ་མ་བཙོན་དུ་བཟུང་བ་ཡིན། ཁྱེད་རྣམས་ཞག་བདུན་ནས་རླག་པར་བྱེད་དོ་ཟེར་སྐད། དེ་རྒྱལ་པོ་ལ་ཟློས་པས། རྒྱལ་པོས་ཀྱང་བཙོན་ཁང་གི་ཁར་འོངས་ནས། སློབ་དཔོན་ལ་གཏམ་དྲིས་པས། སློབ་དཔོན་ན་རེ། ངས་རྒྱལ་པོའི་ཡོ་བྱད་ནས་རང་འཚམས་ཀྱིས་བླངས་ནས་བཏང་བ་མེད་གསུང༌། འོ་ན་དེ་ཙམ་གང་ལས་རྙེད་བྱས་པས་ཕྱག་ནམ་མཁའ་ལ་གཡབས་པ་ཙམ་གྱིས་འབྲུ་དང་ཟན་དང་དར་རས་སོགས་དཔག་ཏུ་མེད་པ་མདུན་དུ་ཕུང་ཕུང་བྱུང༌།


TNT17_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སློབ་དཔོན་དེ་གྲུབ་པ་ཐོབ་པར་ཤེས་ནས། རྒྱལ་པོས་ཞབས་ལ་གཏུགས། ཕོ་བྲང་དུ་སྤྱན་དྲངས་ཏེ། མཆོད་དོ། །དེ་གོང་ཡོན་ཏན་སྦས་པའི་རྣལ་འབྱོར་དུ་མཛད། དེ་ནས་བརྩམས་ཏེ་གྲུབ་ཐོབ་ཏུ་གྲགས་སོ། །ཆོས་འཁོར་བི་ཀྲ་མ་ཤཱི་ལའི་བ་ལིང་ཨཱ་ཙརྱ་ཏེ་གཏོར་མའི་སློབ་དཔོན་ཐོག་མ་རང་མཚན་ཀླུ་སྒྲུབ་སྙིང་པོར་གྲགས་པ་གཏོར་མའི་ཆོ་ག་ཀུན་ལས་བཏུས་པ་མཛད་པ་པོ་དེ་ཡང༌། གྲུབ་ཐོབ་ཛ་ཡ་ནན་དི་པ་འདིའི་སློབ་མ་ཡིན་ནོ། །སློབ་དཔོན་བྷ་དེ་པ་ནི། མ་ག་དྷའི་ཕྱོགས་གཅིག་གནས་ཆུང་གཅིག་གི་གཉེར་བྱེད་པའི་གནས་བརྟན་ཡིན། ཆོས་ཀྱང་ཅི་རིས་ཤེས་པ་གཅིག་ཡིན་པ་ལ། ལན་ཅིག་དགེ་སློང་དུར་ཁྲོད་པ་ཞིག་ལ་བརྡ་གཏོང་བའི་ཕྱིར་དུར་ཁྲོད་དུ་ཕྱིན། དེར་མང་ངོའི་བཅུ་བཞི་ཡིན་པས། གྲོང་ཁྱེར་ནས་འོངས་པའི་མཆོད་པ་བྱེད་མཁན་མང་དུ་འདུག གཞན་རྣམས་མཆོད་པ་ཟིན་ནས་སྔོན་ལ་ལོག །བུད་མེད་དར་ཡོལ་ཅིག་མཆོད་པའི་བྱ་བ་ལ་ཐོགས་ནས་རྗེས་ལ་ལུས། དེ་ནི་སངས་རྒྱས་ལ་ཕྱག་འཚལ་ལོ་ལན་གསུམ་ཟེར་ནས། རྐང་པ་ཁྲུ་གང་ཙམ་ས་ལ་མ་རེག་པར་ཡེར་ཀྱིས་སོང་ཙ་ན། གཞན་རྣམས་ལས་ཆོད་ཆད་ཀྱི་སོང་བར་གྲོང་ཁྱེར་དུ་སླེབ་སོང་བ་མཐོང༌། ད་དུས་རྗེས་མ་ཟིན་ཡང་སླར་དེ་བཙལ་བས་རྙེད། སྤྲུལ་པའི་སྐུར་ཤེས་ནས་ཞབས་ལ་གཏུགས་ཤིང་གསོལ་བ་བཏབ་པས། དེས་ཡེ་ཤེས་འཕོ་བའི་དབང་བསྐུར་ཞིང་


TNT17_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་དང་རྗེས་སུ་གདམས་པ་སྩལ། བྷ་དེ་བས་གནས་བརྟན་གྱི་བྱ་བ་བོར་ནས། རེས་འགའ་ནི་དུར་ཁྲོད་དུ་བསྒོམ། རེས་འགའ་ནི་གཙུག་ལག་ཁང་དུ་བསྒོམ། དེ་ལྟར་ལོ་བཅུ་གཉིས་ཙམ་སོང་བ་ན། ལན་ཅིག་དུར་ཁྲོད་དུ་མི་མང་པོས་སོང་བ་ན། ཀེང་རུས་ཆོས་གོས་གོན་པ་ཞིག་ཏུ་མི་རྣམས་ཀྱིས་མཐོང་སྐད། གཙུག་ལག་ཁང་དུའང་དེ་ལྟར་མཐོང་བ་ལན་མང་དུ་བྱུང༌། ནང་དུ་དངོས་གྲུབ་ཁྱད་པར་ཅན་བརྙེས། ཕྱི་རོལ་ཏུ་ཀེང་རུས་དང༌། མི་ཐོད་བྱ་རིལ་གྱི་ཆོ་འཕྲུལ་མང་དུ་བསྟན། ཕྱིས་འཇའ་ལུས་སུ་གཤེགས། འདིས་ཀྱང་དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རིམ་དང་རྫོགས་རིམ་དང་དབང་ཆོག་གི་གཞུང་ལ་སོགས་པ་མཛད་དོ། །གཞན་ཡང་གྲུབ་ཐོབ་བི་དྷི་བཛྲ་ཞེས་བྱ་བ་འཁོར་རྣལ་འབྱོར་ཕོ་མོ་ལྔ་བརྒྱ་ཙམ་དང་བཅས་ཏེ་རྟག་ཏུ་ཚོགས་ཀྱི་དཀྱིལ་འཁོར་ལ་སྤྱོད་པ་ཞིག་བྱུང༌། འཁོར་ལྔ་བརྒྱ་པོ་རེ་རེས་ཀྱང་ཐུན་མོང་གི་དངོས་གྲུབ་འགྲུབ། གཞན་ཡང་སློབ་ཚོགས་མང༌། འདིས་འགྲོ་ལྡིང་དུ་བྱོན་ཏེ། དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དང༌། བསྡུས་པའི་དོན་དང༌། རྣམ་པར་བཤད་པ་ལ་སོགས་པ་མཛད། གནས་དེར་འཇའ་ལུས་སུ་གཤེགས་པར་གྲགས། འདིའི་སྲོལ་ཀ་རྒྱ་གར་དུ་རིང་དུ་མ་དར། འགྲོ་ལྡིང་ན་ད་ལྟའི་བར་དུ་ཡང་ཡོད་པར་འདུག འདི་དང་བྲམ་ཟེ་ཡེ་ཤེས་རྡོ་རྗེ་སྟེ་ཡེ་ཤེས་ཞབས་སུ་གྲགས་


TNT17_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཅར་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ནས་ལུང་བསྟན་ཏོ། །ཡང་རྣལ་འབྱོར་པ་མ་ཏྲི་དད་ཏ་ཞེས་བྱ་བ། རིགས་ནི་བྲམ་ཟེ། རྟེན་ནི་དགེ་བསྙེན། དཔལ་འཁོར་ལོ་སྡོམ་པ་ལ་རྣམ་འབྱོར་དུ་བྱེད་པ་ཅིག ལན་ཅིག་ལུང་བསྟན་བྱུང་སྟེ་དུར་ཁྲོད་དུ་བཞུད། རང་གི་བློ་སྦྱང་བའི་དོན་དུ། མི་རོ་ལ་ལ་གདན་དུ་བཏིང༌། ལ་ལ་སྔས་སུ་བཙུག །ལ་ལ་ཕྱོགས་ཕྱོགས་སུ་ཀ་བའི་ཚུལ་དུ་བཙུགས། ལ་ལས་སྟེང་ནས་ཐོག་ཕུབ་པའི་ཚུལ་བྱས་ཏེ་བཞུགས། དེ་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་བསྒོམ་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉམས་འོག་ཏུ་ཆུད་དོ། །ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་མཛད་པ་ཅིག་ཡིན། དུས་དེ་ཙམ་ན་ཨོ་ཌི་བི་ཤའི་ཡུལ་གྱི་ཕྱོགས་ཅིག་ཏུ། མཚོ་གསར་པ་བརྡོལ། ཀླུ་གདུག་པ་ཅན་གསར་དུ་སྐྱེས་པ་ཞིག་བྱུང་སྟེ། དེས་གྲོང་པའི་ཁྱེའུ་དང་བུ་མོ་གཙང་མ་དག་རྐུས་ཏེ་རང་གནས་སུ་འཁྱེར་རོ། །ལན་ཅིག་རྒྱལ་པོ་བཱི་ར་པཱ་ལ་ཞེས་བྱ་བའི་བུ་གཅིག་ཀྱང་ཀླུས་ཁྱེར་ཏེ་སྟོར་བས། རྒྱལ་པོས་སློབ་དཔོན་དེ་ལ་གསོལ་བ་བཏབས། སློབ་དཔོན་གྱིས་མཚོའི་ནང་དུ་སོང༌། ཀླུའི་གནས་སུ་བྱོན་ཏེ་རྒྱལ་པོའི་བུ་བླངས་ཏེ་སླར་རྒྱལ་པོ་ཉིད་ལ་གཏད་དོ། །དེར་ཐམས་ཅད་ཀྱི་གྲུབ་པ་ཐོབ་པར་ཤེས་ནས། ཀླུ་དེ་འདུལ་བར་ཞུས། སློབ་དཔོན་གྱིས་ཐུགས་བརྟད་པས་མཚོ་དེ་ཁོལ། སྔར་ཁྱེའུ་བུ་མོ་རྐུས་པ་ཐམས་ཅད་ཀྱང་མ་ཤི་བ་ཉིད་དུ་ཐོན་ནས།


TNT17_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

རང་རང་གི་ཕ་མ་སོགས་ལ་གཏད་པས་དགའ་བ་སྐྱེས། འདི་ལ་གྲུབ་ཐོབ་མ་སཱ་ན་པ་ཟེར། བྱང་ཆུབ་སེམས་དཔའི་འགྲེལ་པ་སྟེ་ཕྱག་རྡོར་སྟོད་འགྲེལ་ལུགས་ཀྱི་སྡོམ་པའི་སྒྲུབ་ཐབས་དང༌། སྦྱོར་དྲུག་བསྒོམས་པས་གྲུབ་པ་ཐོབ་པ་ཡིན། འདིས་སེམས་འགྲེལ་གྱི་ཁ་སྐོང་ཡང་མཛད། ཆོས་རྒྱུན་ཡང་ཅི་རིགས་པར་བྱུང་ངོ༌། །དཱ་རི་ཀ་པ་ནས་དེའི་བར་གྱི་སློབ་དཔོན་དེ་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པའི་ངོ་མཚར་བའི་གཏམ་ཤིན་ཏུ་མང་བ་ཞིག་ཡོད་འདུག་ནའང༌། བདག་གིས་མཐོང་ཐོས་སུ་གྱུར་པ་ནི། གཞན་དུ་བྲིས་པ་དང༌། འདིར་ནི་བྲིས་པ་དེ་ཙམ་མོ། །དེ་བཞིན་དུ་ཙརྱ་པའི་སྡེ་རིགས་སུ་ཆད་པ་ལ། གྲུབ་ཐོབ་ཧི་ར་ཎྱ་པ་དང༌། མནྡ་ར་པ་དང༌། ཏི་ལ་ཀ་པ་དང༌། སུ་དར་ཤ་པ་དང༌། ཙི་ཏྲཱ་ཙ་པ་དང༌། ཀརྐ་ར་པ་དང༌། ཛ་དུ་ཀརྞ་དང༌། དྷ་ན་མི་ཏྲ་དང༌། སློབ་དཔོན་ཛི་མུ་ཏ་པ་དང༌། དྷརྨ་ཤྲཱི་དང༌། ཨ་ཛི་ཏ་བཛྲ་དང༌། ཀྲྀཥྞ་ག་ཡི་པ་དང༌། ལི་ལ་བཛྲ་དང༌། ས་རི་ཏ་པ་ལ་སོགས་པ་བསྟན་བཅོས་ཀྱང་ཅི་རིགས་པ་མཛད་ཅིང༌། ནུས་པ་ཐོབ་པའི་གྲགས་ཆེན་མང་དུ་བྱུང་ལ། ཕྱིས་རང་ཡང་ན་གོ་པ་དང༌། ས་དྷཱ་རི་པ་སོགས་ནུས་མཐུ་ཆེན་པོ་ཐོབ་པ་དག་བྱུང་ངོ༌། །ཙརྱ་པ་རྣམས་ཕལ་ཆེར་འཁོར་ལོ་སྡོམ་པ་ལ་ཞུགས་པ་མང༌། དགྱེས་རྡོར་དང༌། གཤིན་རྗེ་གཤེད་དང༌། གཞན་སྒྲུབ་ཐབས་


TNT17_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲ་མོ་ལ་བརྟེན་ནས། ནག་པོ་ཆེན་པོ་དང༌། རྡོ་རྗེ་མཁའ་འགྲོ་མ་རིགས་གྲུབ་པ་ཡང་མང་དུ་བྱུང༌། ཐམས་ཅད་ཀྱང་དཔྱིད་ཀྱི་ཐིག་ལེ་དང༌། རླུང་གི་རྣལ་འབྱོར་ལ་གཙོ་བོར་བྱེད་པ་ཤ་སྟག་གོ །སློབ་དཔོན་ཨན་ཏར་པ་ཡན་ཆད་དུ། སྤྱོད་པ་པའི་སློབ་རྒྱུད་མང་པོས་ས་སྟེང་ཁྱབ་ཀྱང༌། ཙརྱ་པའི་སྡེ་རིགས་སུ་ཆད་པ་མེད། སློབ་དཔོན་སྤྱོད་ཆུང་བའི་དུས་སུ་སྤྱོད་པ་པར་གྲགས་པའི་སྡེ་བྱུང༌། དེ་ནས་བྷུ་བ་རི་པ་དང༌། བྷུ་བ་བློ་ལྡན་གྱི་དུས་ལའང་ཅུང་ཟད་འཕེལ། དེ་རྗེས་སློབ་དཔོན་ཀུ་ས་ལ་པས་གཞན་གྱི་འདྲེས་དང་བསྲེ་བསླད་སྤངས། གཞུང་མན་ངག་རྣམས་ལ་དག་སྟེར་དང༌། སྒྲུབ་པ་ཉམས་ལེན་གྱི་སྒྲིགས་བཀོད་སོགས། ལུགས་སྲོལ་ཁྱད་པར་ཅན་བཙུགས་པ་ཡིན་ནོ། །ཞེས་པ་འདི་ཡང་སློབ་དཔོན་སྤྱོད་པ་པའི་ལོ་རྒྱུས་ཁ་སྐོང་དང་འཁོར་ལོ་སྡོམ་པའི་སྲོལ་འབྱེད་གྱི་བྱུང་ཚུལ་རྟོགས་པའི་ཕྱིར་དུ། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བར་སྐབས་སུ་བརྗོད་པའོ། །ཞུས་དག །མངྒ་ལཾ།། །།


previousསློབ་དཔོན་སྤྱོད་འཆང་དབང་པོའི་རྣམ་ཐར་གྱི་འཕྲོས་དོན་ཁ་སྐོང་ལ་ཉེ་བར་མཁོ་ཞིང་གྲུབ་ཐོབ་གཞན་མང་པོའི་བྱུང་ཚུལ་རྟོགས་པར་བྱེད་པའི་ཡི་གེnext