Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
གྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར་རྗེ་བཙུན་ཉིད་ཀྱི་ཞལ་ལུང་ལས་གཞན་དུ་རང་རྟོག་གི་དྲི་མས་མ་སྦགས་པའི་ཡི་གེ
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར་རྗེ་བཙུན་ཉིད་ཀྱི་ཞལ་ལུང་ལས་གཞན་དུ་རང་རྟོག་གི་དྲི་མས་མ་སྦགས་པའི་ཡི་གེnext

གྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར་རྗེ་བཙུན་ཉིད་ཀྱི་ཞལ་ལུང་ལས་གཞན་དུ་རང་རྟོག་གི་དྲི་མས་མ་སྦགས་པའི་ཡི་གེ


TNT17_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར་རྗེ་བཙུན་ཉིད་ཀྱི་ཞལ་ལུང་ལས་གཞན་དུ་རང་རྟོག་གི་དྲི་མས་མ་སྦགས་པའི་ཡི་གེ་ཡང་དག་པའོ། །


TNT17_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་དྷ་རཱ་ཡ། དུས་གསུམ་སངས་རྒྱས་ངོ་བོ་རྡོ་རྗེ་འཆང༌། །རིག་ཀུན་བདག་པོ་དཔལ་ལྡན་བླ་མ་ལ། །སྙིང་ནས་གུས་པས་ཕྱག་འཚལ་གསོལ་བ་འདེབས། །ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབ་ཏུ་གསོལ། འདིར་བདག་ཅག་གི་བླ་མ་དམ་པ་རྡོ་རྗེ་ཐེག་པའི་ལམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ། རྗེ་བཙུན་བུདྡྷ་གུཔྟ་ནཱ་ཐའི་ཞབས་ཀྱི་རྣམ་པར་ཐར་བ་ཅུང་ཟད་ཅིག་བརྗོད་ན། འཕགས་ཡུལ་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རསྨི་ཤྭ་ར་ཞེས་བྱ་བ་དང་ཉེ་བ་ཨིནྡྲ་ལིང་ག་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོར་ཡབ་ནི་ཚོང་དཔོན་ཆེན་པོ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་མངོན་པར་མཐོ་བ་ཀྲིཥྞ་ཞེས་བྱ་བ་ལ། ཡུལ་ཐ་དད་ན་བུ་བརྒྱད་ཡོད་པ་ལས། རྗེ་འདི་ནི་ཆུང་སྟག་ཡིན་ཏེ། ཆུང་ངུའི་དུས་ནས་སློབ་དཔོན་ཏིརྠི་ནཱ་ཐ་ཞེས་བྱ་བ་འཁོར་རྣལ་འབྱོར་པ་མང་པོ་དང་


TNT17_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཕྱོགས་དེར་ཕེབ་པས་རྣལ་འབྱོར་པ་བྱེད་པ་ལ་མོས་པར་གྱུར། ཡབ་ལ་ཞུས་པས་ཀྱང་གནང་ནས་རྣལ་འབྱོར་པ་མཛད། མཚན་ནི་བུདྡྷ་ནཱ་ཐ་ཞེས་བྱ་བར་བཏགས། བླ་མ་དེ་ཡང་ལོ་འགའ་རེར། ཡུལ་ཀ་ཙ་ལི་དང༌། གོང་ཀུ་ན་དང༌། ཏུ་ལུ་རཱ་ཏི་ལ་སོགས་པར། གཙོ་བོར་དབེན་པ་བསྟེན་ཅིང་བཞུགས། རྗེ་འདིས་ནི་བླ་མའི་རིམ་གྲོ་བ་མཛད་ཅིང༌། ཡི་གེ་ལ་སོགས་པ་རིག་གནས་ཕྲ་མོ་ལ་བསླབས། བྲམ་ཟེའི་རྣལ་འབྱོར་པ་དཱི་པ་ནཱ་ཐ་ཞེས་བྱ་བ་ལ་སྒྲ་མདོ་ཙནྡྲ་པ་ཡན་ལག་དང་བཅས་པ་ཐམས་ཅད་དང༌། སྡེབ་སྦྱོར་གྱི་བསྟན་བཅོས་དམར་སེར་སྙན་དངགས་ཨ་ལངྐ་ར། ཨ་མ་ར་ཀོ་ཥ་ནས་ཅི་རིགས་པ་དང་བཅས་པ་གསན། བླ་མ་ཏིརྠི་ནཱ་ཐ་དེ། བཅུད་ལེན་གྱི་རྫས་གསོལ་ཞིང་བཞུགས་པས། རྫས་ཀྱི་ནུས་པས་རལ་པ་ནི་ཁྲུ་ཉི་ཤུ་


TNT17_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། སྐུའི་སྨ་ར་ཡང་ཁྲུ་བདུན་ཙམ་སྐྱེས་ཏེ། སྐྱེ་བོ་རྣམས་ཡ་མཚན་དུ་གྱུར་པ་ལ། རྒྱལ་པོ་རཱ་མ་རཱ་ཛ་ཐེ་ཚོམ་སྐྱེས། ལེགས་པར་བརྟགས་པའི་ཡིད་ཆེས་ཏེ། ཉག་མ་རེ་རེ་བཞིན་དུ་མཆོག་ཏུ་གྱུར་པའི་མུ་ཏིག་རེ་རེས་བརྒྱན་ནོ། །སློབ་དཔོན་གྱིས་མུ་ཏིག་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་པས་ཕུང་པོ་ཆེན་པོར་གྱུར་ཏེ། སུ་འདོད་པ་ཁྱེར་ཞེས་དེ་ཉིད་དུ་ཅི་དགར་བོར་ནས། འཁོར་བཅས་ཡུལ་དབུས་སུ་ཕེབས། བླ་མ་དེ་བྷ་ཎཱ་ར་ཤི་ཏེ། བཱ་རཱ་ཎ་སིར་ཐོག་གཅིག་བཞུགས། ཌི་ལིའི་གྲོང་ཁྱེར་དང་ཉེ་བ། བི་ཀྲ་མ་ལོངས་སྤྱོད་ཀྱི་ནགས་སུ་གཙོ་བོར་བཞུགས། བཅུད་ལེན་ཀླ་པ་སྒྲུབ་པར་མཛད་པས། ལེགས་པར་འགྲུབ་སྟེ་སྔར་གྱི་རལ་བ་སོགས་ལྷུང༌། དགུང་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་དུ་གྱུར། དམ་པ་འདིས་ཀྱང་བླ་མ་དེ་ལ་སིནྡྷྱཱ་ན་ཏ་པ་ར་མ་ཞེས་བྱ་བའི་གཽ་རཀྵའི་ལུགས་ཀྱི་དབང་བསྐུར་གསན་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་སྒྲུབ་ཐབས་ཀྱང་མང་དུ་གསན། ཌི་ལི་དང༌། ཊི་ལ་དང༌། གཽར་ཥ་ཊ་རི་དང༌། ཧ་རི་དྭ་ར་ཞེས་བྱ་བ། འཕྲོག་བྱེད་སྒོ་ཡང་ཟེར་བ་སྟེ་བྱང་ཕྱོགས་ཀྱི་རི་དང་ཉེ་བ་དེ་རྣམས་སུ་ཡང་ཐོག་རེ་བཞུགས་ཤིང༌། དེ་ལྟར་ལོ་དགུ་ཙམ་ཞིག་སྐབས་སུ་རླུང་གི་རྣལ་འབྱོར་བསྒོམ་པ་དང༌། ཡང་དག་འཇོག་སྤེལ་གྱིན་མཛད། ཕལ་ཆེར་སློབ་དཔོན་པྲཧྨ་ནཱ་ཐ་ཞེས་བྱ་བ་རིག་སྔགས་ཀྱི་ནུས་པས་ཀླུའི་ཡུལ་དུ་བྱོན་པར་གྲགས་


TNT17_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞིག་དང༌། ཀྲིཥྞ་ནཱ་ཐ་ཞེས་བྱ་བ་དུག་སྦྲུལ་གྱིས་མིད་ཀྱང་གནོད་པ་མ་བྱུང་བར་ཕྱིར་ཐོན་པའི་རྣལ་འབྱོར་པ་ཆེན་པོ་དེ་གཉིས་ལ་ཡང་གདམས་པ་མང་དུ་གསན། གཽ་རཀྵའི་གསུང༌། མཧཱ་བ་ད་དང༌། སྭ་སཾ་བ་ད་ཞེས་བྱ་བ་རིག་བྱེད་ཆེན་པོ་དང༌། རང་གི་རིག་པ་ཞེས་བྱ་བ་ངེས་དོན་སྟོན་པ་གཉིས། པྲཱ་ཎ་ཤྲིཾ་ཁ་ལ་སྟེ། སྲོག་ལུ་ཁུར་རྒྱད་ཅེས་བྱ་བ། ལུས་དང་འཇིག་རྟེན་གྱི་རྣམ་གཞག་སྟོན་པ། པྲཱ་ཎ་ཏནྡྲ་ཏེ་སྲོག་གི་རྒྱུད་ཅེས་བྱ་བ་རྣལ་འབྱོར་གྱི་ལམ་གཙོ་བོར་སྟོན་པ་ཞིག་སྟེ། གཞུང་ལུགས་དེ་རྣམས་འཛིན་པར་མཛད་ཅིང༌། དེ་དག་གི་བཤད་པ་དང༌། ཉམས་ལེན་གྱི་མན་ངག་ཐོར་བུ་ལྔ་བཅུ་ལྷག་ཙམ་ལས་ཚོགས་མང་པོ་དང་བཅས་པ་ལ། མཁས་པར་སྦྱངས། མཐོ་དམན་བདེ་སྡུག་གི་ཉམས་ཀྱི་གེགས་སེལ་བོགས་འདོན་ཇི་རྙེད་པ་ཞིག་ཞུས། ཕན་གནོད་ཀྱི་སྔགས་དང་ལས་ཚོགས། གཞན་ཡང་མང་དུ་མཁྱེན་ཅིང་གྲུབ་པར་མཛད། དེ་ནས་སྐུ་ཡང་དར་ལ་བབ་པའི་སྐབས་ཡིན་པའི། ད་ནི་སྒྲུབ་པ་རྩེ་གཅིག་པ་ཞིག་བྱ་དགོས་ཤིང༌། སྒྲོ་འདོགས་ཐམས་ཅད་བླ་མ་བཞུགས་དུས་མ་བཅད་ན་མི་ཡོངས་དགོངས་ཏེ། གྷནྡྷ་མྲྀ་གའི་མཆོད་པ་སྟེ། ངོ་བོ་ནི་ཚོགས་ཀྱི་འཁོར་ལོ་ཡིན་ལ། དབང་དང་གདམས་ངག་ཟབ་པ་རེ་ལ་མཆོད་པ་དེ་འདྲ་རེ། གཞན་ཡང་རྙེད་བཀུར་དང༌། ཇི་རྙེད་པའི་ཡོན་རྣམས་འབུལ་བ་དང༌། ཅི་གསུང་སྒྲུབ་པའི་སྤྱོད་ལམ་གྱིས་མཉེས་པར་མཛད་དེ།


TNT17_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དང་ཡང་དུ་དྲི་ལན་གྱི་རྣམ་པར་གཏན་ལ་ཕབ་སྟེ། བླ་མ་གསུམ་པོ་དེའི་གདམ་ངག་གི་སྒྲོ་འདོགས་ཆོད་པར་བྱུང་ངོ༌། །གཽ་རཀྵའི་རྗེས་འབྲང་དུ་གྲགས་པ་ཛོ་གི་ཞེས་ཟེར་བ་ལ་སྡེ་ཚན་བཅུ་གཉིས་ཡོད། ནཱ་ཐ་པནྠི། པ་ཝོ་པནྠི། པཀྵ་པནྠི། གོ་པཱ་ལ་པནྠི། པ་ག་ལ་པནྠི། ཨཱ་ཡི་པནྠི། ཙོ་ལི་པནྠི། ཧོ་དུ་པནྠི། དྷྭ་ཛ་པནྠི། བྷེ་ར་གི་པནྠི། མང་ག་ལ་ནཱ་ཐ་པནྠི། སཏྟ་ནཱ་ཐ་པནྠི། ཞེས་པ་རྣམས་སོ། །སྔ་མའི་ནང་སེལ། ནཱ་ཌེ་ཤྭ་རི་ཛོ་ཀི་ཟེར་བའི་སྡེ་གཅིག་ཡོད། ད་ལྟ་ཡང་ནང་པ་ཟང་མ་ཡིན། བླ་མ་ཏིརྠི་ནཱ་ཐ། པྲཧྨ་ནཱ་ཐ། ཀྲྀཥྞ་ནཱ་ཐ་གསུམ་ཀ ནཱ་ཊེ་ཤྭ་རིའི་སྡེ་ཡིན་ནོ། །དེ་ནས་རྗེ་འདིས་ལོ་གཅིག་མ་ལ་ཝའི་ཡུལ་དུ་ནིམྦའི་བཅུད་ལེན་ཟླ་བ་དྲུག ཀླ་པ་ཟླ་བ་དྲུག་བསྟེན། ཕྱིས་སིང་ག་ལིའི་གླིང་དང༌། ཛྷ་མི་གི་རི་དང༌། ཛ་གཏྣཱ་ཐར་ཡང་ཀླ་པ་ཀྱི་སྦྱོར་བ་ཟླ་བ་བཞི་རེ་མཛད་པས། ད་ལྟ་དགུང་ལོ་སྨིན་ཡང༌། ལོ་སུམ་ཅུ་ཙམ་གྱི་ན་ཚོད་དུ་བཞུགས་པ་འདི་ཡིན། དེ་སྐབས་ཀྱང༌། མ་རུས་ཡུལ་དུ་ར་ཋོ་ར་སྟེ་རྒྱལ་པོའི་མི་གཅིག་གིས་ཡོན་སྦྱར་ཏེ། སྤྱིལ་བུ་ཆུང་ངུ་ཞིག་མཛད་ནས་རྩེ་གཅིག་ཏུ་བསྒོམས། མནལ་ལམ་དུ་རྡོ་རྗེ་རྣལ་འབྱོར་མའི་སྐུའི་རྣམ་པ་ཡང་ཡང་བྱུང༌། རེས་འགའ་མངོན་ཤེས་སྐྱེ་བ་སྙམ་བྱེད་པ་དང༌། མི་དང་མི་མ་ཡིན་ཅི་རིགས་པའི་ལྐོག་གྱུར་གྱི་སྤྱོད་པ་མཁྱེན་པ་དང༌། དེ་སོགས་ཡོན་ཏན་གྱི་སྣ་མང་དུ་བྱུང་ཞིང༌།


TNT17_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

རེས་འགའ་སྐུ་ལ་ཟུག་ཟེར་སྣ་ཚོགས་ལྡང་བ་དང༌། ཐུགས་ཀྱང་མི་བདེ་ཞིང་མཐོ་དམན་དུ་འགྱུར་བ་སོགས། ཉམས་མཐོ་དམན་སྣ་ཚོགས་པ་བྱུང་ཞིང༌། དེ་ཐམས་ཅད་ཀྱང་བླ་མའི་གདམས་ངག་གིས་ལམ་དུ་བཏང༌། རེས་འགའ་མནལ་ལམ་དུ་རྡོ་རྗེ་རྣལ་འབྱོར་མ་ཆང་འཚོང་མ་ཞིག་གི་གཟུགས་སུ་འོང་ནས། གེགས་སེལ་མཛད་པ་ཡང་ཡང་བྱུང༌། དེ་ནས་ལོ་བཞི་ལྔ་ཙམ་ཞག་རེ་མལ་རེ་མཛད་ཅིང་རྩེ་གཅིག་ཏུ་བསྒོམས་པས། སྒོམས་ཀྱང་མཐོ་དམན་ཆེ་བར་བྱུང་ཞིང༌། ལན་ཅིག་ནུབ་ཕྱོགས་སིན་དྷུའི་ཡུལ་གྱི་གྲོང་ཁྱེར་ན་ག་ར་ཋ་ཋ་ཞེས་བྱ་བར་ཅུང་ཟད་ཅིག་བཞུགས་པའི་སྐབས། བསྙུང་བ་དྲག་པོས་དྲག་ཏུ་བསྙུང་སྟེ། དེ་ཡང་ཇེ་དྲག་ལ་འཆི་ལྟས་རྣམས་ཀྱང་ཚང་བར་བྱུང་བས། འཆི་བའི་གདམས་ངག་བསྒོམ་དགོས་དགོངས། རྩེ་གཅིག་ཏུ་རླུང་བཀག་ཅིང་བསྒོམ་པར་མཛད་པ་ན། ལན་ཅིག་ཉིན་ཞག་སྦྲེལ་མ་ཙམ་ཐུགས་དྲན་མེད་དུ་སོང་ཞིང༌། ཞལ་དབུགས་ཀྱི་འགྱུ་བའང་ཆད། དེ་ཁའི་ངང་ནས་ཐུགས་གསལ་རིག་བདེ་ཉམས་དང་བཅས་པ་རྙེད་ཅིང༌། དེ་ཀ་ཡང་ཡུན་རིང་རབ་བར་དུ་མ་སད། དེ་ནས་སད་ཙམ་ན་བསྙུང་བ་ཀུན་དྲག དེ་ནས་བཟུང་ནས། གསལ་སྟོང་གི་ཏིང་ངེ་འཛིན་ཕལ་ཆེར་རྒྱུན་མི་འཆད་པ་དང༌། ཚུལ་མི་བྱིང་བ་སོགས་ཐུན་མོང་གི་ཡོན་ཏན་ཅི་རིགས་པ་ཤར་པ་འདི་བྱུང་གསུང༌། དེ་རྗེས་སིན་དྷུའི་གནས་ཆེན་མཇལ་བར་བཞེད་དེ་


TNT17_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པ། ན་ག་ར་ཋ་ཋ་ནས་གནས་ཆེན་གྱི་བར་དུ་ཉིན་ལམ་དགུ་ལ་ཡུལ་སྟོང་པ་འབའ་ཞིག་ཡིན་ཅིང༌། གཅན་གཟན་དང་ཆོམ་པོ་སོགས་འཇིགས་པ་ཆེ། ཁྱད་པར་ཟས་གཡོས་སུ་བྱས་པ་ཅི་རིགས་པ་ཁུར་ཡང་ཉེས་པ་མེད། རྫས་གཞན་ཁབ་དང་སྐུད་པ་རེ་ཡོད་ནའང༌། ཆོམ་པོ་རྣམས་ཀྱིས་ངེས་པར་འཕྲོག་ཅིང༌། བརྡུང་བ་དང་གསོད་པའི་བར་དུ་བྱེད་པ་ཞིག་ཡོད། དེར་ཕེབས་དུས་ནགས་ཚལ་ཞིག་ཏུ། སྟག་གཅིག་དྲུང་དུ་རྒྱུགས་བྱུང་བ། དེ་གཟིགས་པ་ལ་བརྟེན་ནས་རྨི་ལམ་ལྟ་བུར་བདེན་མེད་དུ་ཆམ་སོང་བས་སྟག་ཀྱང་ལོག །ཡང་ལམ་ཞིག་ཏུ་ནགས་ཀྱི་ཁྱི་ཞིག་གིས་རྨུགས་པས་སྐུ་ལ་རྨ་བྱུང་ཞིང༌། ཉིན་གཅིག་ཟུག་ཟེར་ཆེ་བར་ཡོད་པ་ལམ་དུ་ཁྱེར་ཞིང་བསྒོམས་པས། ནམ་ཕྱེད་ཙམ་ན་ཟུག་ཟེར་ཞི་ཞིང་རྨ་ཡང་ཤུལ་མེད་དུ་སོང༌། གནས་ཆེན་ཉིད་དུ་ཕེབས་ནས། དེ་ན་ལྷ་མོ་ཧིང་ག་ལཱ་ཙཱི་ཞེས་བྱ་བ། ལྷ་མོ་ཨུ་མའི་རྟེན་རང་བྱུང་ཞིག་ཡོད་པ། དེའི་དྲུང་དུ་ཞག་འགའ་བཞུགས་པས། ནུབ་སྔ་མ་ཆོ་འཕྲུལ་ཆེར་བྱུང་ཞིང༌། གཉིས་པ་ལ་ཐོ་རངས་ཀྱི་དུས་ཙམ་ན། རྡོ་སྐུ་ཉིད་བུད་མེད་རྒྱན་གྱིས་བརྒྱན་པའི་རྣམ་པར་སོང༌། ཕྱག་བྱེད་པ་ནི་མེད། ཡོ་བྱད་མང་པོ་འབུལ་བ་ལྟར་བྱུང༌། དེ་ན་རེ། རྣལ་འབྱོར་པ་ང་རྒྱལ་ཆེར་མི་རུང༌། གྲུབ་པ་མ་ཡིན་པ་ལ་ང་ཕྱག་མི་འཚལ། ཏིང་ངེ་འཛིན་ཅུང་ཟད་ཙམ་འདུག ཡོ་བྱད་ནི་སྦྱིན་གྱི་ཟེར། དེ་སྐབས་ང་


TNT17_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་པའི་རྣལ་འབྱོར་པ་ནུས་པ་ཐོབ་པ་ཡིན་པས། མུ་སྟེགས་པའི་ལྷ་ཆེན་པོས་ཀྱང་ཕྱག་འཚལ་ལམ་དགོངས་པ་ཐུགས་ལ་ཡོད་པས། དེ་ཤེས་པར་འདུག །ལར་དེ་དུས་རྒྱུད་སྡེ་མང་པོ་མ་ཐོས་པས། ཡོན་ཏན་ཆུང་ངུ་ལ་ང་རྒྱལ་ཆེན་པོ་ཡོད་གསུངས། ཚུར་ལམ། ལམ་དུ་ཆོམ་རྐུན་མང་པོས་སྐུ་ལ་དབྱུག་པ་བརྡེག་པ་སོགས་བྱུང་བས། དེ་རྣམས་ལུས་སྦྱོང་བཞིན་དུ་སོང་ནས་རྩ་མདུད་གྲོལ། སྐུ་ལུས་ཆེས་ཡང་བར་གྱུར་ནས་ཞག་དགུའི་ལམ་ཉི་མ་ལྔ་ལ་ཆོད་ནས། སླར་ན་ག་ར་ཋ་ཋ་ར་ཕེབས། དེ་ནས་བྱང་ཕྱོགས་ལ་བྱོན་ཏེ། གྲོང་ཁྱེར་མོ་ལ་ཏཱ་ན་དང༌། ཀ་བྷེ་ལ་དང༌། ཁོ་རཱ་སཱ་ན་དང༌། བ་ཛ་སཱ་ན་དང༌། གོ་ཥ་ལ་སོགས་པར་ཐོག་རེ་ཐོག་རེ་བཞུགས་ཤིང༌། ཡུལ་དེ་དག་གི་མི་ཕལ་ཆེར་མོང་གོལ་ཏེ། སྟོད་ཧོར་ཀླ་ཀློ་སྟག་གཟིག་གི་རིགས་ཡིན་པས། ཐོག་མར་ཕེབས་ཙ་ན་ཅོ་འདྲི་བ་དང༌། གནོད་པ་རེ་བྱེད་པ་བྱུང༌། དྲག་སྔགས་ཀྱི་མཐུར་མངོན་པའམ། རྫས་སྔགས་ཀྱི་མིག་འཕྲུལ་ཅུང་ཟད་རེ་བསྟན་ཙ་ན། མགུ་བར་འདུག་གསུང༌། དེ་རྣམས་ཀླ་ཀློ་སྡིག་སྤྱོད་ཀྱི་ཡུལ་ཡིན་ཡང༌། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དང་འབྲེལ་བས། ཞིང་གི་རྣལ་འབྱོར་མ་ཤིན་ཏུ་མང་བར་འདུག་གསུང༌། དེ་ནས་ནུབ་ཕྱོགས་ཨོ་རྒྱན་དུ་ཕེབས། སང་སྐྲྀ་ཏའི་སྐད་དུ་ཨཽ་ཌི་ཡ་ཎ། རང་བཞིན་སྐད་དུ་ཨོ་རྒྱན་ཟེར། ཌ་དང་ར་འདོན་ཚུལ་འདྲ་མིན་ཡོད་པས། ཨཽ་ར་ཡ་ཎ་ཟེར་བ་


TNT17_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ཅིག་ཡོད། དེ་ལ་བོད་ཡིག་འཁྲུལ་གཞི་རྒྱ་འབྱམས་ནས། ཨུ་རྒྱན་དུ་སོང་གདའ་ན་བོད་སྐད་རང་ལ་གྲགས་པའི་ཚད་མར་བྱ་དགོས་དགག་ཏུ་མེད། ད་ལྟ་དེ་ཕྱོགས་རང་ན་ཀླ་ཀློའི་སྐད་དུ་གྲགས་པ་ཀུན་གྱིས་གོ་བ་ལ། ཡུལ་ག་ཛ་ནི་ཟེར་རོ། །གྲུབ་ཆེན་ལྭ་བའི་ན་བཟའ་ཅན་གྱི་ཕུག་པ་དང༌། རྒྱལ་པོ་ཨིནྡྲ་བྷཱུ་ཏའི་ཕོ་བྲང་གི་ཤུལ་དང༌། ཨི་ལོ་བར་པ་ཏ་ཞེས་བྱ་བའི་གནས་ཆེན་རྣམས་སུ་ཕེབས། ཨོ་རྒྱན་གྱི་གནས་མཐིལ་དྷུ་མསྠཱིར་སྟེ། དུ་བའི་གནས་ཞེས་བྱ་བའི་གྲོང་ཁྱེར་ཞིག་ཏུ་ཟླ་གཅིག་ཙམ་བཞུགས། སྤྱིར་ཨོ་རྒྱན་གྱི་གནས་མཐིལ་དེ་རི་རོང་དང་ནགས་འཐུག་པོས་མཐའ་བསྐོར་པའི་དབུས་ན་ཐང་ཁོར་ཙམ་པ་ཤར་ནུབ་ཏུ་ཉིན་ལམ་གཉིས་ཙམ། ལྷོ་བྱང་དུ་བཞི་ཙམ། གྲོང་ཁྱེར་ནི་དྷུ་མསྠཱིར་གཅིག་པུར་འདུག དེ་ཡང་རྒྱ་གར་གྱི་གྲོང་ཁྱེར་ཆུང་ལ་གཏོགས་པ་ཙམ་ཡིན། གཞན་གྷཱ་མ་གྷཱ་མ་འདྲ་འདུག་གསུངས། གནས་མཐིལ་དེ་མ་གཏོགས་པའི་སྒོ་བཞི་སོགས་ཨོ་རྒྱན་གྱི་ཕྱིའི་ཡུལ་ནི་ཤིན་ཏུ་ལྟོས་ཆེ་བར་འདུག ཀླ་ཀློའི་ཡུལ་ཡིན་རུང་གནས་མཐིལ་ན་ཡང་ད་ལྟ་དགེ་འདུན་གྱི་སྡེ་ནི་མེད། གཞི་སྡོད་རྣལ་འབྱོར་པའི་སྡེ་དང༌། དགེ་བསྙེན་དང༌། མུ་སྟེགས་དང༌། ཀླ་ཀློ་སོགས་ཀྱང་མི་འདུག བུད་མེད་ཕལ་ཆེར་ནི་མཁའ་འགྲོ་མའི་རིགས་ཅན་དུ་ཡོད་པར་སྣང་སྟེ། ཕན་གནོད་ཀྱི་སྔགས་ཀྱི་ནུས་མཐུ་ཆེན་པོ་གྲུབ་པ་དང༌། གཟུགས་སྣ་ཚོགས་སུ་


TNT17_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བ་དང༌། ལྟ་སྟངས་ཀྱི་ནུས་པ་ཡོད་པ་དང༌། ཆོ་འཕྲུལ་སྟོན་ནུས་པའི་རིགས་ཅན་ཤིན་ཏུ་མང་བ་གཟིགས་འདུག་ཅིང༌། སྔོན་ཆད་སྟོད་ཧོར་དང༌། ཨ་ཀ་པ་ར་པཱ་ཙས་སོགས་ཀྱི་ལུང་མི་འགྲོ་བ་ཡང༌། སྔགས་ཀྱིས་བསྲུངས་པའི་ནུས་མཐུ་འབའ་ཞིག་ཡིན་གསུངས། གནས་འདི་ཤར་དང་ལྷོ་དང་ནུབ་རྣམས་མཚོ་གསུམ་གྱིས་བསྐོར། ཤར་གྱི་དང་ལྷོའི་རྒྱ་མཚོའི་ལག་བརྒལ་ནས་འོངས་ན་ཧོར་ཀླ་ཀློ་བྷ་ལག་ཁའི་ཡུལ་དུ་སླེབ་འོང༌། དེའི་ས་ཕྱོགས་གཅིག་ན་སློབ་དཔོན་རྟ་མཆོག་གི་སྤྲུལ་པ་མ་བསྡུས་པར་གྲགས་པའི་ནམ་མཁའ་ཐག་རིང་པོ་ན་རྟའི་གཟུགས་བརྙན་ཞིག་དང༌། ལྭ་བ་པས་མཁའ་འགྲོ་མའི་རྡོ་ཆར་བཟློག་སྟེ་ནམ་མཁའ་ལ་ཆགས་པར་མཛད་པའི་ཕ་བོང་ཞིག་བྲག་གི་ངོས་ཞིག་དང་ཉེ་བའི་གནས་ལ་རྟེན་མེད་དུ་གནས་པ་དང༌། གཞན་ཕ་བོང་ཆེ་ཆུང་མང་པོ་བྲག་ལ་ཅུང་ཟད་འབྱར་པའི་ཚུལ་གྱིས་རམ་མེ་གནས་པ་དང༌། པདྨ་བཛྲ་ཀྱི་ཐུགས་དམ་ཧེ་རུ་ཀའི་ལྷ་ཁང་སོགས་ངོ་མཚར་ཅན་གྱི་གནས་ཐམས་ཅད་མཇལ། སྔོན་གྲུབ་ཆེན་གྲགས་ཆེ་བ་ཕལ་ཆེར་གྱི་གནས་རེ་ཡོད་གསུང༌། ལན་གཅིག་ལམ་དུ་འགྲོ་བའི་བུ་མོ་གཅིག །ཆུ་ཧ་ཅང་ཆེ་བ་མ་ཡིན་པ་ཞིག་གི་འགྲམ་དུ། བྱེ་མ་ལ་སྔགས་བཟླས་ནས་ཆུ་ལ་གཏོར་སོང་བས། ཆུའི་རྒྱུན་ཆད་དེ། དེའི་བར་ལ་སོང༌། སླར་ཡང་ཆུ་སྔར་བཞིན་འབབ་པ་དང༌། ཡང་བུད་མེད་ཞིག་བྱ་མ་བྱའི་གཟུགས་སུ་བསྒྱུར་ནས། ནམ་མཁའ་ལ་འཕུར་


TNT17_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐག་རིང་པོའི་ཤིང་ཞིག་ལ་བབས་སོང༌། དེ་སོགས་འཇིགས་ཤིང་ངོ་མཚར་བ་མང་པོ་འདུག་གསུང༌། འོན་ཀྱང་ཞིང་གི་རྣལ་འབྱོར་མའི་ཆོ་འཕྲུལ་དེ་དག་ནི་རྗེ་ཉིད་ཀྱི་གཟིགས་པ་ཡིན་གྱི་སྐྱེ་བོ་ཕལ་བས་མཐོང་པའི་སྤྱོད་ཡུལ་མིན་ནམ་སྙམ་མོ། །དྷུ་མཥྛི་རར་བཞུགས་པའི་སྐབས་སྨྀག་སྒྱུ་ལ་སོགས་པའི་རྟགས་ལྔ་རྒྱུད་ནས་གསུངས་པ་བཞིན་དུ། ཤིན་ཏུ་གསལ་ཞིང་བརྟན་པར་བྱུང༌། རང་དང་སྣང་བ་ཐམས་ཅད་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་དུ་རང་ཤར་ལ་སྣང་བ་ཞག་གསུམ་ཙམ་ཉིན་མཚན་འབྲལ་མེད་དུ་བྱུང་མོད། ཕྱིས་ཡང་ཡལ་སོང་གསུང༌། དེ་ནས་རིམ་གྱིས། སྟོད་ཧོར་གྱི་ཡུལ་མང་པོ་བརྒྱུད་ནས་ཁ་ཆེར་ཕེབས། ས་ར་དཱ་དང་ན་ར་དཱ་སོགས་མུ་སྟེགས་ཀྱི་གནས་རྣམས་སུ་བྱོན། ཤིན་ཏུ་འཚུབ་ཅིང་ཐུགས་དམ་ཡང་གོང་འཕེལ་དུ་བྱུང༌། དྷ་ར་ཏ་བྷོ་ཊ་སྟེ་ནང་ཁོམ་དུ་གྲགས་པ་དང༌། ཀས་ཀཱ་ར་ཞེས་གྲགས་པ་བོད་ལ་རྒྱུག་པའི་སྟོད་ཧོར་གྱི་ཡུལ་རྣམས་སུ་བྱོན། བོད་དང་ལི་ཡུལ་གྱིས་སོ་མཚམས་དང༌། པར་སིག་གི་བར་མཚམས་དང༌། ཁ་ཆེ་དང་མོང་གོལ་གྱི་ཡུལ་འདི་ཀུན་ལ་ཁོ་རང་ཡུལ་སྐད་དུ་ཆག་སོ་ཟེར་རོ། །སླར་ཡང་བླ་མ་ཏིརྠི་ནཱ་ཐ་མཇལ་དུ་ཕེབས། ལོ་རྒྱུས་ཞུས་པས་ཤིན་ཏུ་དགེས་པར་བྱུང༌། ཡང་ཌི་ལི་ནས་ལྷོ་ལ་ཕེབས་ཏེ། བྷི་མེ་ཤྭ་ར་ཞེས་བྱ་བ། དབང་ཕྱུག་གི་ལྷ་ཁང་སྟོང་པ་ཞིག་ཏུ་བཞུགས་པས། སྲོད་ཀྱི་ཐུན་ལ་རོ་ལངས་མང་པོ་ལག་ཏུ་དབྱུག་པ་ཐོགས་ཏེ། གནོད་པ་སྐྱེལ་དུ་བྱུང་བ་ལ། ཐུགས་གཡོ་བ་མེད་པ་དང༌། རླུང་བཀག་སྟེ་བཞུགས་པས། དེ་རྣམས་རུས་དུམ་དུ་སིལ་གྱིས་ཞིག །དེ་མ་ཐག་ཏུ་འབྲུག་སྒྲ་


TNT17_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱི་སྒྲ་ཞིག་གྲགས་པ་དང་མཉམ་དུ་བདེ་སྟོང་གི་ཏིང་ངེ་འཛིན་ལ་སོང་སྟེ། ཉི་མ་ཤར་བའི་བར་མ་སད། དེ་ནས་ཀྱང་ཞག་མང་པོའི་བར་དུ་སྐུ་ལུས་བདེ་བ་ཆེན་པོས་གང༌། དེ་ཡན་ཆད་དུ་ལོ་བཅུ་དྲུག་ཙམ་གཙོ་བོར་བསྒོམ་བཟླས་དང༌། རླུང་དང་སེམས་གནས་ཀྱང་མ་ཆག་པར་མཛད། འདི་ནས་རླུང་ཅི་རིགས་པར་ལས་སུ་རུང་བར་བྱུང་བས་འདི་ཕྱིན་རྫོགས་རིམ་གཙོ་བོར་མཛད་གསུང༌། དེ་ནས་ལྷོ་ཕྱོགས་དང་ཉེ་བ་ཨུ་ཤིར་ཞེས་བྱ་བ། ཡུལ་ཆུང་ངུ་ཞིག་ན། རྡོ་རྗེ་འཇིགས་མཛད་ཀྱི་ལྷ་ཁང་མར་མེ་མཛད་བཟང་པོས་རབ་གནས་མཛད་པ། ད་ལྟ་ལུང་སྟོང་ན་ཡོད་ཅིང༌། གྲོང་ཁྱེར་བའི་མི་རྣམས་ཀྱི་རྐྱེན་སེལ་དུ་ལོ་རེ་བཞིན་མཆོད་པ་ཆེན་པོ་ཡོད་པ། ཡུལ་ཆོས་དང་བསྟུན་པའི་གྲོང་ཁྱེར་བ་རྣམས་ཀྱིས་ནི། ཁྲག་མཆོད་བྱེད་པ་ཞིག་ཡོད་པ་དེར་ཡུན་རིང་པོ་བཞུགས། ལན་གཅིག་བདེ་ཉམས་གཅིག་གིས་རྐྱེན་བྱས་ཏེ། ཉིན་ཞག་དྲུག་ཙམ་ཏིང་ངེ་འཛིན་ཐུན་གཅིག་ལ་སོང་ཞིང༌། ཕྱིའི་སྣང་བ་ཐམས་ཅད་འགགས། ནང་བདེ་སྟོང་གི་ཉམས་ཁྱད་པར་ཅན་ལ་རྩེ་གཅིག་ཏུ་གནས་པར་འདུག་གསུང༌། འདི་ཕྱིན་དྭངས་མ་རགས་པ་བརྟན་ཅིང་དབང་ཐོབ་པ་བྱུང༌། དེ་ནས་མ་རུར་ཕེབས་པདྨ་བཛྲ་གྱིས་བཞེངས་པའི་ཀྱཻ་རྡོ་རྗེའི་ལྷ་ཁང༌། དམ་ཚིག་ཉམས་པས་ཞལ་རས་མཐོང་ན་ཁྲག་སྐྱུག་པར་གྲགས་པ་དེ་མཇལ། དེ་ནས་ཨཱ་བྷུའི་མུ་སྟེགས་ཀྱི་གནས་དང༌། ཡུལ་སཽ་རཥྟ་ན་མ་སི་ཏ་སྟེ་ཀླ་ཀློའི་ལྷ་ཁང་ཞིག་ཏུ་


TNT17_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྨོ་བརྫུས་མཛད་ཅིང་ཐོག་རེར་བཞུགས། ཡུལ་ཀད་ཙ་རུ་བླ་མ་ཏིརྠི་ནཱ་ཐ་ཕེབས་པ་གསན་ཏེ་མཇལ་དུ་བྱོན། ཞག་གསུམ་ཙམ་བཞུགས། བླ་མ་དེ་ལྷོ་ཕྱོགས་སུ་ཕེབས་སོང༌། ཡུལ་སཽ་རཥྟར་སོ་བ་ནཱ་ཐ་སྟེ་དབང་ཕྱུག་གི་ལིངྒ་དང༌། བི་རཱུ་པའི་རྡོ་སྐུ་རང་བྱུང་ཡང་མཇལ་བར་མཛད། ལྷོ་ཕྱོགས་ས་ཧེ་ར་བྷི་ཐང་ཞེས་པའི་གྲོང་ཁྱེར། ལམ་སྲང་རང་ལ་ཡང་ཉིན་ལམ་གསུམ་བཞི་ཙམ་འགྲོ་དགོས་པ་ཞིག་ཡོད་པ་དེར། དབྱར་ཞིག་བཞུགས་པས་ཐུགས་དམ་ཤིན་ཏུ་འཕེལ་ཞིང་རྒྱུ་འགྲུལ་ཞིག་ལ་ཕེབས་པ་ལ། སྨད་འཚོང་མ་ཞིག་གིས་ཁྲུས་བྱས་པའི་ཁྲུས་ཁུ་ཁང་སྟེང་ནས་ཕོ་བ་དབུ་ལ་ཕོག་པས། དེ་དང་མཉམ་དུ། བིཛྙཱ་ན་ཛྙཱ་ན། ཨ་བརྫི་ཏ་བི་བརྫི་ཏཾ་ཞེས་རྣམ་ཤེས་དང་ཡེ་ཤེས་སྤང་བྱ་དང་སྤོང་བྱེད་མེད་ཅེས་པའི་སྒྲ་གྲགས་པ་ཡང་གསན་པས། དེ་ཉིད་དུ་ལྟ་བ་ལ་ངེས་ཤེས་ཆེན་པོ་བརྙེས། དེ་ནི་ཡེ་ཤེས་ཀྱི་རྣལ་འབྱོར་མ་ཞིག་ཡིན་པ་འདུག་གསུང༌། ལྷོ་ཕྱོགས་མཐིལ་གྱི་ཕྱི་ནང་གྀི་གནས་ཕལ་ཆེར་དུ་ཕེབས་ཤིང༌། སྔ་ཕྱིར་བགྱིས་ན་ལྷོ་ཕྱོགས་ཀྱི་ཡུལ་གྲུ་ཐམས་ཅད་དུ་མ་བྱོན་པ་ཙམ་མེད། དེ་ཡང་མར་ཧ་ཊ་དང༌། ཁཱ་ན་དེ་ས་དང༌། ཏཾ་བ་ལ་དང༌། བི་དྱཱ་ན་ག་ར་དང༌། ཀརྞ་ཊ་ཀ་དང༌། ཏྲི་ལིངྒ་དང༌། ཏྲི་མལ་དང༌། ཙནྩི་དང༌། མ་ལྱཱ་ར་དང༌། ཙཱ་རི་ཏྲ་དང༌། མརྦ་ར་དང༌། ཀོངྐུ་ན་དང༌། ཙཻ་བ་ལ་དང༌། ནི་ཙཱ་མས་དང༌། ནི་ཙམྦྷ་ཧ་ར་དང༌། ཙནྡྲ་དུ་ར་དང༌། པཉྩ་བྷ་ཏཱ་ར་དང༌། ཙ་ར་མཎྜལ་དང༌།


TNT17_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ར་མཎྜལ་དང༌། ཛ་ལ་མཎྜལ་དང༌། ཏ་ལ་མཎྜལ་དང༌། ཏུཎྜ་མཎྜལ་དང༌། བྷོ་ག་མ་ལྱ་ར་དང༌། ཀ་ལིངྐ་དང༌། གཞན་ཡང་ཡུལ་ཕྲན་སྣ་ཚོགས་པ་དེ་དག་ནི། ལྷོ་ཕྱོགས་མཐིལ་ཡིན་ནོ། །དེ་ནས་ཀོངྐུ་ན་ནས། རྒྱ་མཚོ་ལ་ནུབ་ཕྱོགས་སུ་གྲུ་བཏང་ནས་བྱོན་པས། འགྲོ་ལྡིང་གི་གླིང་སྟེ། རྒྱ་སྐད་དུ། ཌ་མི་ཌོ་དྭི་པ་ཞེས་པར་ཕེབས། འདི་ལ་ཀླ་ཀློ་དང་ཡུལ་མཐའི་མི་དང༌། གླིང་ཕྲན་པ་རྣམས་ཀྱི་སྐད་དུ། སམ་ལོ་ར་ན་སོ་ཟེར་གྱིན་གདའ། གླིང་དེ་ན་གསང་སྔགས་ཀྱི་བསྟན་པ་ཆེས་དར་བ་ཡོད། མངོན་ཤེས་དང་ལྡན་པའི་སློབ་དཔོན་སུ་མ་ཏི་ཞེས་བྱ་བའི་པཎྜི་ཏ་གཅིག་ལ། བདེ་མཆོག་དང༌། དགྱེས་རྡོར་གྱི་དབང་གསན་ནས། དགྱེས་རྡོར་གྱི་རྒྱུད་ལ་བཤད་པའང་ཞིབ་རྒྱས་སུ་གསན། དགྱེས་རྡོར་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལུགས་ཡིན་ཅིང༌། སྤྱིར་གླིང་དེ་ན་རྒྱུད་སྡེ་བཞི་ཀའི་བཀའ་མ་ཆད་པ་དང༌། ཁྱད་པར་བླ་མེད་ཆེས་དར་དུས་འཁོར་མ་གཏོགས་རྒྱ་གར་ན་ཡོད་པ་ཕལ་ཆེར་དེ་ན་ཡོད། ཕུར་བུ་དང་ཁྲོ་བོ་བཅུའི་རྒྱུད་དང༌། ཧེ་རུ་ཀའི་རྒྱུད་མང་པོ་དང༌། ཕྱག་ན་རྡོ་རྗེ་དང་མཁའ་ལྡིང་དང༌། མ་མོ་དང་ནག་པོ་ཆེན་པོ་སོགས་དང༌། རྟ་མགྲིན་བླ་མེད་ཀྱི་རིགས་རྒྱ་གར་ན་མེད་པ་མང་པོ་ཡང་དེ་ན་ཡོད་པ་དང༌། སློབ་དཔོན་པདྨ་འབྱུང་གནས་ནས་བརྒྱུད་པའི་ཆོས་ཀྱང་མང་བར་ཡོད་འདུག དགེ་འདུན་མང་པོ་ཡོད་ཀྱང་འདུལ་བའི་ལག་ལེན་དག་པོ་མེད་དེ། དགེ་སློང་རྣམས་གོས་


TNT17_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གྱོན་པ་ཕལ་ཆེར་ཆང་འཐུང་བ་སོགས་ཡོད་པར་འདུག་གོ །གླིང་དེར་ལོ་གཅིག་ཙམ་ནས་བླ་མ་དེ་སྐུ་འདས་པས། རྒྱུད་ཀྱི་འཕྲོས་ཡང་བག་ཙམ་མ་རྫོགས་ཤིང༌། མན་ངག་ཀྱང་གསན་མ་ཐུབ་པས། སློབ་དཔོན་དེའི་སྲས་མོ་རྣལ་འབྱོར་མ་ནུས་པ་ཐོབ་པ། མ་ཏི་སྭ་མཱི་ཞེས་བྱ་བ་ཞིག་ལ་ཆོས་ཀྱི་འཕྲོ་རྣམས་གསན། དེ་ནས་སླར་ཚོང་པ་དང་ལྷན་ཅིག་གྲུར་ཞུགས་ནས་ཤང་ཁ་དྭི་པ་སྟེ། དུང་གི་གླིང་དུ་ཕེབས། དེ་ན་བདེ་འབྱུང་གི་གནས་ཞེས་བྱ་བ། རི་བོ་སྨན་སྣ་ཚོགས་སྐྱེ་བ་ཞིག་འདུག །དེར་ཐོག་གཅིག་བཞུགས། གླིང་དེ་ན། ག་ཛ་ནཱ་ས་ཞེས་བྱ་བའི་གླིང་ནས་འོངས་པའི་མི་གདོང་མི་ལ། སྣ་གླང་པོ་ཆེ་ལྟ་བུར་ཡོད་པ་མང་པོ་གཟིགས། དེ་ནས་ལྷོར་བྱོན་པ་ལ། པཱ་ལ་ཏ་ཞེས་བྱ་བའི་གླིང་དུ་ཕེབས། དེ་ནས་ཤར་ཕྱོགས་སུ་གྲུ་བཏང་བས། སིང་ག་ལིའི་གླིང་དུ་ཕེབས་ཏེ་དེར་ལོ་ལྔ་ཙམ་བཞུགས། གླིང་དེ་ནི། དགེ་འདུན་གྱི་སྡེ་མང་ཞིང༌། ཆོས་ཀྱང་དར་ལ། ཤིན་ཏུ་འབྱོར་པ་ཆེ་ཞིང༌། སྐྱིད་པ་ཡིན་ཏེ། ཛ་ལཱི་མུཀྟི་ཏ་ལཱི་མ་ཎི་ཀ ར་ནེ་བ་ནེ་ཀུཉྫ་ར་གྷ་རི་གྷ་རེ་པདྨ་ནཱི་ནཱ་རི། བྷ་ལཱ་དེ་ཤ་སིངྒ་ལ་ཞེས་པ་སྟེ། ཆུ་རྣམས་མུ་ཏིག་དྭངས་གཞི་ནོར་བུས་གང་བ། ནགས་རྣམས་གླང་པོ་ཆེས་གང་བ། ཁྱིམ་ཐམས་ཅད་བུད་མེད་པདྨ་ཅན་གྱིས་གང་བ་ཟེར་ཏེ། དོན་ལའང་ཕྱོགས་འདྲ་འདུག་གླིང་དེ་རྒྱ་ཁྱོན་ཡང་ཤིན་ཏུ་ཆེ་བར་འདུག་སྟེ། ཐམས་ཅད་ཞབས་ཀྱིས་བཅགས་གསུངས། ཤྲཱི་བཱ་དུ་ཀ་ཞེས་བྱ་བ། བཅོམ་


TNT17_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་ཞབས་རྗེས་བཞུགས་པ་ལ། ཞག་བདུན་ཙམ་གསོལ་བ་འདེབས་པར་མཛད་པས། ཞབས་རྗེས་ནས་འོད་ཟེར་མང་པོ་འཕྲོས་ནས་སྐུ་ལུས་ལ་ཐིམ་པའི་སྣང་བ་བྱུང༌། ཀན་ཌ་ལ་ཞེས་བྱ་བའི་ཡུལ་ཞིག་གི་ཕུ། ནགས་འཐུགས་པོ་ཞིག་གི་དབུས་ན་བྲག་ཕུག་འདུག །དེ་ན་སྔོན་སློབ་དཔོན་ཆེན་པོ་ཤནྟི་པས་སིངྒ་ལིའི་གླིང་དུ་ཕེབས་པའི་དུས་ཀྱི་དངོས་སློབ། མ་ཤཱ་ཀ་ར་ཤནྟི་བོད་སྐད་དུ་གྲགས་པའི་འབྱུང་གནས་ཞི་བ་ཞེས་བྱ་བ། དགུང་ལོ་བདུན་བརྒྱ་ཡང་ལྷག་ལོན་པ་ཞིག་བཞུགས་པ། སློབ་མ་གཅིག་མ་གཏོགས་པ་ཕལ་ཆེར་ལ་མི་མཇལ་ནའང༌། རྗེ་འདིས་ཕུག་པའི་སྒོ་དྲུང་དུ་བཞུགས་པས་ནང་དུ་བྱོན་གསུང་མཇལ་བས་ཤིན་ཏུ་དགེས་ཤིང༌། ཆོས་འབྲེལ་ཞིག་ཀྱང་གསན། དེ་ཡང་གྲུབ་པ་ཡིན་གྱི་ཕལ་པ་ཆོས་མཐོང་བ་རང་ཅིག་མིན་པར་སེམས། རྒྱལ་པོ་རཱ་ཧེ་ཤིང་ཁ་བྷན་ཊ་རི་ལ། ཆོས་ཀྱི་གླེང་བ་གསུངས་པས། མཆོག་ཏུ་མགུ་བ་ཐོབ་པར་བྱུང༌། གླིང་དེ་ནས་གྲུ་བཏང་ནས་ཨུ་ལིངྒ་ཞེས་བྱ་བའི་གླིང་ཕྲན་ཞིག་ཏུ་ཅུང་ཟད་བཞུགས། དེ་ནས་ཡང་ཡུལ་དེའི་ཚོང་བ་འགའ་ཞིག་དང་ལྷན་ཅིག་ཏུ། ཨ་མུ་ཀ་ཞེས་བྱ་བའི་གླིང་ཕྲན་ཞིག་ཏུ་ཕེབས། འདི་ཕན་ཆད་དུ་ནི་རྗེ་ཉིད་རང་མ་གཏོགས་འཛམ་བུ་གླིང་གི་མི་འགྲོ་བ་མེད་པ་ལྟ་བུ་ཡིན་གསུང་ཞིང༌། སིང་ག་ལའི་གླིང་ནས་ད་བར་ཞག་སུམ་ཅུ་ལྷག་ཙམ་རེ་རྒྱ་མཚོ་ལ་གཟིངས་གཏོང་དགོས་གཉིས་དང༌། གླིང་གཉིས་


TNT17_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དེ་ལའང་ཟླ་ལམ་ཙམ་རེ་ཡོད་གསུངས། དེ་ནས་གླིང་དེ་དག་གི་མི་དང་ལྷན་ཅིག་གྲུ་བོ་ཆེ་བཟོ་ཁྱད་ཆོས་ཕུན་སུམ་ཚོགས་པ་ཞིག་ཏུ། མི་སྟོང་ཕྲག་ལྔ་ཙམ་དང་ལྷན་ཅིག་ལྷོ་ཕྱོགས་ལ་གྲུ་བསྐྱོད་དེ་བྱོན་པས། ཟླ་བ་བཞི་ཙམ་ན། ཛྷ་མི་གི་རི་ཞེས་བྱ་བའི་གླིང་ཆེས་བཟང་བ། ཞིང་ལ་སོགས་པ་མེད་ཅིང༌། འབྲས་འབྲུ་རེ་བཏབ་པ་ལ་སྡོང་པོ་མི་འགྲང་ལྔ་ཙམ་ཡོད་པ། ཁྱིམ་རེའི་འཚོ་བ་ཐམས་ཅད་འབྱུང་བ་ཙམ་ཡོད་པ། གྲོང་ཁྱེར་ཆེན་པོ་ལྷོ་བྱང་གཉིས་སྣང་ཞིང༌། དེ་གཉིས་རེ་རེའི་སྲང་བར་ལ་ཉི་མ་བདུན་བདུན་ཙམ་རེ་འགྲོ་དགོས་པའི་ལམ་ཡོད་པ། གྲོང་ཁྱེར་གཉིས་ཀྱི་བར་ན་རི་ལྷོ་བྱང་དུ་གསུམ་ཙམ་ཞིག་འདུག་པའི་གཅིག་གི་རྩེ་མོ་ན་མཚན་མོ་འོད་འཕྲོ་བའི་གསེར་གྱི་བྲག་ཆུང་ངུ་ཞིག་ཀྱང་སྣང་གསུང༌། དེར་ལོ་གཅིག་ལྷག་ཙམ་བཞུགས་ཤིང༌། གླིང་དེ་ན་སྔོན་སློབ་དཔོན་ཀླུ་སྒྲུབ་ཕེབས་པའི་བཞུགས་ཁྲི་དང༌། བཅོམ་ལྡན་འདས་ཀྱི་རྡོ་སྐུ་ཆེན་པོ་མང་པོ་དང༌། ལྷ་ཁང་ཡང་མང་དུ་ཡོད་ཅིང༌། དེ་རྣམས་ལ་མཆོད་པ་དང༌། དུས་སྟོན་ཡང་ཆེ་བར་ཡོད། ཀླུ་སྒྲུབ་ཀྱིས་བཞེངས་པའི་ལྷ་ཁང་ཞིག་ཏུ་རྩེ་གཅིག་ཏུ་ཐུགས་དམ་མཛད་པས། བདེ་བ་ཅན་ནས་སློབ་དཔོན་ཀླུ་སྒྲུབ་འཁོར་མང་པོ་དང་བཅས་ནས་བྱོན་པ་གཟིགས་ཤིང༌། དེ་ཡང་སྐུའི་རྣམ་པ་ནི་བྱང་ཆུབ་སེམས་དཔའ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་སོར་རེ་ལའང་དཔག་ཚད་ཙམ་ཡོད་པ་བལྟ་བའི་མི་ངོམ་པ་ཞིག་གཟིགས་ཤིང༌། དག་སྣང་གི་ཆོས་ཀྱང་འགའ་


TNT17_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རེ་གསན་ནོ། །དེ་ལ་ཡེ་ཤེས་ཀྱི་སྐུ་གཟིགས་པ་འདི་ནི་གསང་འདུས་ལས། ཚངས་པ་དྲག་པོ་ལ་སོགས་ལྷས། །ནམ་ཡང་མཐོང་བར་མི་ནུས་སོ། །ཞེས་ལྷ་མཐུ་ཆེ་རྣམས་ཀྱིས་ཀྱང་མཐོང་བར་དཀའ་བ་ཡིན་པས། མངོན་པར་རྟོགས་པ་ཅི་ཙམ་ཡིན་རྒྱུད་སྡེ་མཁྱེན་པ་རྣམས་ཀྱིས་གསུངས་ཤིག དེ་ནས་ཤར་ཕྱོགས་ཀྱི་གླིང་ཕྲན་འགར་འགྲོ་བའི་ཚོང་བ་རྣམས་དང་ལྷན་ཅིག གྲུ་ཤར་དྲང་ཐད་དུ་བཏང་སྟེ་ཟླ་གཅིག་ཙམ་ཕེབས་པ་ན། རིའི་རྒྱལ་པོ་པོ་ཊ་ལ་ཀ་ཡོད་པའི་གླིང་དུ་ཕེབས། ཁ་ཅིག་འདི་པོ་ཊ་ལ་ཆུང་བ་ཡིན་ཟེར་བའང་ཡོད། གང་ནའང་མིའི་འགྲོ་བའི་སྤྱོད་ཡུལ་གྱི་པོ་ཊ་ལ་སྟེ་འདི་ཁོ་ནར་མངོན་ནོ། །ནོར་བཟང་གཞོན་ནུའི་གནས་ཤེལ་གྱི་ཕུག་པ་དང༌། ཁྲོ་གཉེར་ཅན་མའི་གནས་དང༌། ལྷ་མ་ཡིན་གྱི་སྒོ་གསེར་གྱི་ཕུག་པ་དང༌། སྒྲོལ་མའི་གནས་སེང་ལྡེང་གི་ནགས་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། དབང་ཕྱུག་ཆེན་པོའི་གནས་རི་བོ་རང་བྱུང་གི་ལྷ་ཁང་དང་བཅས་པ་རེ་རེ། གཞན་ཡང་མཇལ་དུ་བཏུབ་པའི་གནས་ཕལ་ཆེར་མཇལ། རི་བོ་པོ་ཊ་ལ་ཉིད་ལའང་བསྐོར་བ་ཞིག་མཛད། འཕགས་པ་འཇམ་དཔལ་གྱི་གནས་སུ་གྲགས་པ། ནམ་མཁའི་ངོས་ལ་ནགས་ཚལ་དང༌། དེ་ནས་འབབ་པའི་ཆུ་དངོས་སུ་འབབ་པ་ཡོད་དེ། དེ་ལ་ཁྲུས་ཀྱང་མཛད་གསུངས། པོ་ཊ་ལའི་རི་ཆེན་པོའི་མགུལ་ཐུགས་པར་ནགས་སྣ་ཚོགས་འདུག་པ་བསྐོར་བར་ཕེབས། རྩེ་མོ་ཤེལ་མ་རྡོའི་བྲག་རི་རྒྱ་དཔངས་


TNT17_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་པ་ཡོད་པ་ལ་ད་ལྟ་འགྲོ་ས་ནི་མི་འདུག་གསུང། གླིང་དེར་ཕྱིན་པའི་སྡིག་པ་དག་པ་འདྲ། དེ་ཕྱིན་ཆད་ཐ་མལ་གྱི་མནལ་གཏན་མེད་པ་དང༌། མི་མ་ཡིན་ཕལ་མོ་ཆེ་ཞིག་གི་སྤྱོད་པ་མངོན་སུམ་དུ་གཟིགས་པ་དང༌། དེ་དག་གི་ལོངས་སྤྱོད་ལ་དངོས་སུ་ལོངས་སྤྱོད་བྱར་གྱུར་པ་འདི་བྱུང་གསུང༌། གླིང་དེའི་མི་ཀུན་ལ་ད་ལྟ་ཕྱི་ནང་ཀླ་ཀློ་སོགས་གྲུབ་མཐའ་གང་ཡང་མེད། མི་གྲོང་ཡང་ཐན་ཐུན་མ་གཏོགས་མི་འདུག པོ་ཊ་ལ་ཀ་ལ་གསོལ་བ་འདེབས་པ་ལ་ཤིན་ཏུ་བརྩོན་པར་འདུག སྔོན་དུས་བཞེངས་པའི་སངས་རྒྱས་པའི་ལྷ་ཁང་ཡོད། འཛམ་བུ་གླིང་ན་མེད་པ་ལ། ལས་ལས་གྲུབ་པའི་འཁྲུལ་འཁོར་མང་པོས་ཁྱིམ་གྱི་མཐའ་བསྲུང་བ་འབའ་ཞིག་འདུག གླིང་འདིར་གླིང་གཞན་ནས་འོངས་པའི་མི་རྣ་བས་ལུས་ཐམས་ཅད་གཡོག་ཐུབ་པ་མང་པོ་གཟིགས། གླིང་དེ་ནས་གྲུ་བཏང་སྟེ་ཐག་རིང་པོ་བྱང་ཕྱོགས་སུ་བྱོན་པས། ཛ་བ་དྭཱི་པ་ཞེས་བྱ་བ། ནས་གླིང་དུ་ཕེབས། གླིང་དེ་ན་ཉན་ཐོས་སེནྡྷ་པའི་དགེ་འདུན་གྱི་སྡེ་མང་དུ་ཡོད་ཅིང༌། དེ་རྣམས་སུ་མ་བཞུགས། དེ་ན་མཚོ་ཆུང་ཞིག་གི་དཀྱིལ་ན་གླིང་ཆུང་ཞིག་ཡོད་དེ། དེའི་མིང་ནི། བ་ན་དྭི་པ་སྟེ། ནགས་གླིང་ཞེས་བྱ་བ་ཡིན། དེ་ན་སློབ་དཔོན་མཚོ་སྐྱེས་རྡོ་རྗེས་བྱིན་གྱིས་བརླབས་པའི་གནས། ཕྱི་བྲག་རི་ནང་ལྷ་ཁང་གྲུ་བཞིར་ཡོད་པ། དབུས་ན་ཀྱཻ་རྡོ་རྗེ་ཕྱག་གཉིས་པའི་རྡོ་སྐུ་རང་བྱུང་བཞུགས་ཤིང༌། ཕུག་པ་གཅིག་ན་གསང་སྔགས་ཀྱི་གླེགས་བམ་མང་དུ་ཡོད། རྒྱུད་


TNT17_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་ལྔ་པ་ཡང་བཞུགས་ཟེར་ཏེ། ཤིན་ཏུ་འཚུབ་པར་གྲགས་པས་ལྟ་ནུས་པ་ནི་མི་འདུག་གསུང༌། དེ་ནས་སླར་ཡང་བྱང་ལ་ཕེབས་ཏེ། སིངྒ་ལར་ཕེབས། དེ་དུས་སངས་རྒྱས་ཀྱི་ཞབས་རྗེས་ལ་གསོལ་བ་འདེབས་ཤིང་བཞུགས། དེར་རྫོགས་རིམ་གྱི་རྣལ་འབྱོར་གཙོ་བོར་མཛད་པས། ཐ་མལ་གྱི་རྣམ་རྟོག་ཕལ་ཆེར་འགགས། བདེ་བས་ཉིན་མཚན་ངོ་མི་མཁྱེན་པ་འདྲ་བའང་བྱུང༌། དེ་ཕྱིན་ཞུ་བདེ་འགྱུར་མེད་བསྟན་པས་བདེ་སྟོང་རྒྱུན་མི་འཆད་པ་བྱུང་ལ། ལན་གཅིག་མནལ་ལམ་ན། རང་ཉིད་རྣམ་པར་སྣང་མཛད་ཀྱི་སྐུ་ཤིན་ཏུ་ཆེ་བར་གྱུར་པ་ལ། ཕྱོགས་བཅུའི་སངས་རྒྱས་ཡིན་སྙམས་པ་སངས་རྒྱས་མང་པོ་བྱོན་ཏེ། ཁྱོད་ནི་འཆི་བ་མེད་པའི་སྐུའོ་ཞེས་བསྟོད་པའི་སྣང་བ་བྱུང༌། དེ་ནས་ཀོངྐ་ནའི་གླིང་དུ་ཕེབས་ཏེ། ཛྙཱ་ན་ཀཱ་ཡ་ཞེས་བྱ་བ། མཚོའི་ནང་ན་འཇམ་དཔལ་གྱི་སྐུ་རང་བྱུང༌། སྐུ་ཚད་རི་ཆུང་ཙམ་ཡོད་པ་ཉལ་སྟབས་སུ་གནས་པ་དང༌། བིམྤ་ཀཱ་ཡ་ཞེས་བྱ་བ། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུ། མཆོད་རྟེན་གྱི་གཟུགས་བརྙན་ཤིན་ཏུ་ཆེ་ཞིང་གསལ་བ་དཔལ་དུ་བ་འཁྲིགས་པ་རེག་པ་མེད་པའི་མཆོད་རྟེན་དུ་གྲགས་པ་དེ་ཡིན་ཏེ། དེ་གཉིས་ལ་ཉིན་མཚན་དུས་དྲུག་ཏུ་རོལ་མོ་དང༌། དྲི་བཟའ་དང༌། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་མི་མ་ཡིན་གྱི་མཆོད་པ་རྟག་ཏུ་འོང༌། ཆོ་འཕྲུལ་རྒྱུན་མི་འཆད་པ་ཞིག་ཡོད་པ་དེ་དག་ཏུ་ཕྱག་མཆོད་དང་སྨོན་ལམ་མཛད།


TNT17_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སླར་གྲུ་བཏང་ནས་ལྷོ་ཕྱོགས་མ་ལྱཱ་རར་ཕེབས། འདི་དང་ཉེ་བའི་ཡུལ་ཕྲན་ཤཾ་བྷུ་དཏྟ་ཞེས་བྱ་བ་ན། རྡོ་རྗེ་ཐེགས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཐུན་མོང་གི་གྲུབ་པའི་རྟགས་ཅི་རིགས་པ་དང་ལྡན་པའི་རྒྱལ་པོ་འཕྲོག་བྱེད་འོད་ཅེས་བྱ་བ་ལ། སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་དང༌། སྡོམ་པ་རྣམ་པར་བརྩོན་པ་དང༌། ལྷན་ཅིག་སྐྱེས་པའི་དེ་ཉིད་དང༌། ཧ་རི་དཱ་རིའི་གླུ་དབྱངས་ལ་སོགས་པ་ཆོས་མང་དུ་གསན། བླ་མ་འདི་ནི་རྣལ་འབྱོར་མ་དཱི་ན་ཀ་རིའི་ཞང་པོ་ཡིན་ནོ། །དེར་གྲུབ་ཆེན་ཞི་བ་སྦས་པའི་སྙན་པ་གསན་ཏེ། ཛ་གད་ནཱ་ཐར་ཐོག་མར་མཇལ་བར་ཕེབས་ཟླ་བ་གསུམ་ཙམ་བླ་མའི་རིམ་གྲོ་བགྱིད་ཅིང་བཞུགས། སྔར་གྱི་བླ་མ་གཞན་རྣམས་ལ་གདམས་ངག་ཞུས་ཤིང་བསྒོམས་པ་བས། གྲུབ་ཆེན་འདིའི་ཞལ་རས་མཐོང་བ་ཙམ་ཡང་བོགས་ཆེ་བར་བྱུང་ཞིང༌། ཡོ་བྱད་ཐམས་ཅད་ཡོན་དང༌། ཚོགས་ཀྱི་འཁོར་ལོར་བྱས་ཏེ། གདམས་ངག་གནང་དགོས་པར་ཞུས་པས། བླ་མའི་ཞལ་ནས་དབང་བསྐུར་དགོས་པས་ད་རུང་ཡོ་བྱད་ཚོལ་གསུངས། དེ་ནས་ཏྲི་ལིངྐ་ཕྱོགས་སུ་ཟླ་བ་གསུམ་ཙམ་སྡོམ་བུ་བྱེད་ཅིང་བྱོན་པས། རུ་པྱ་སྟེ། དངུལ་ཏོ་ལ་སུམ་ཅུ་ཙམ་དང༌། གཞན་ཡང་ཡོ་བྱད་མང་དུ་བྱུང༌། ཏྲི་མལ་ཞེས་བྱ་བ་ཙནྡན་དམར་པོའི་ནགས་ཀྱིས་ཁྱབ་པའི་ཡུལ་ཞིག་ཏུའང་བྱོན། དེར་ཡང་ཡོ་བྱད་མང་པོ་འབྱོར། བླ་མ་ཡང་ཀརྞ་ཊ་ཀར་ཕེབས་འདུག་པས། དྲུང་དུ་ཕེབས། དབང་


TNT17_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡོ་བྱད་ཐམས་ཅད་ལེགས་པར་བཤམས། དམིགས་པའི་སྒོ་ནས་དབང་བསྐུར་ཞིག་མཛད། གདམས་པ་ཅི་རིག་པ་གནང༌། དེ་སྐབས་དབང་བསྐུར་ཐ་དད་མང་པོ་ནི། སློབ་དཔོན་གཾ་བྷི་རཱ་མ་ཏི་ལ་ཞུས། དེ་ནས་ཤར་ཕྱོགས་ཀྱི་གླིང་ཕྲན་རྣམས་གཟིགས་པར་བཞེད་ནས། ཛཱ་རི་ཁཎྜ་དང༌། ཛ་ག་ད་ནཱ་ཐ་རྒྱུད་ནས་བྷངྒ་ལར་ཕེབས། ཡུལ་པུཎྜ་བྷརྟ་རུ་ཁ་སརྤ་ཎི་མཇལ། ཞག་ཉི་ཤུ་ཙམ་གསོལ་བ་འདེབས་ཀྱིན་བཞུགས། མནལ་ལམ་དུ་བྱིན་གྱིས་བརླབས་པའི་མཚན་མ་ཡང་ཡང་བྱུང༌། དེ་ནས་ཏི་པུ་རར་ཕེབས། ཏི་པུ་རའི་ཡུལ་གྱི་ཕུ། ཀ་ས་རཾ་གའམ། དེ་ཝི་གོ་ཊའི་གནས་ཡོད་པ་མཇལ་པར་མཛད་ཅིང༌། གྲུབ་ཆེན་ནག་པོ་སྤྱོད་པས་བཞེངས་པའི་གཙུག་ལག་ཁང་དུ་ཞག་ཤས་བཞུགས། ཡུལ་འདི་ཡང་ཨོ་རྒྱན་བཞིན་དུ། གཟུགས་སྣ་ཚོགས་སུ་བསྒྱུར་བའི་མཁའ་འགྲོ་མ་གདུག་ཚུབ་ཆེ་བ་མང་པོ་ཡོད་ཅིང༌། སྟག་རྫུས་དང༌། སྣ་ཚོགས་པའི་རྫས་དང་སྔགས་ཀྱི་ངན་ཐབས་བྱེད་པ་ཤིན་ཏུ་མང༌། དེ་ནས་ར་ཁང་གི་ཡུལ་གྱི་ནང་ཚན། ཧ་རི་བྷཉྫ་དང༌། པུ་ཁང་དང༌། བལ་གུ་རྣམས་སུ་ཕེབས། ཡུལ་འདི་རྣམས་ན་དགེ་སློང་གི་དགེ་འདུན་ཆེས་མང་ཞིང༌། བསྟན་པ་ལྷག་པར་དར་བར་ཡོད་པས། ཡུན་རིང་རབ་རེ་བཞུགས་ཤིང༌། ཧ་རི་བྷཉྫའི་གཙུག་ལག་ཁང་མཆོད་རྟེན་ཆེན་པོ་ཞེས་བྱ་བ་ཞིག་ན། དྷརྨཱ་ཀྵ་གྷཽ་ཥ་


TNT17_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་པཎྜི་ཏ་ཆེན་པོ་ཞིག་དང༌། དེ་བཞིན་དུ་བལ་གུའི་ཡུལ་དུ་བཞུས་པའི་བར་ཧེ་ཏན་ནྡགྷོ་ཥ་ཞེས་བྱ་བ། དགེ་བསྙེན་པཎྜི་ཏ་ཆེན་པོ་ཞིག་ལ་གསང་སྔགས་ཀྱི་ཆོས་ཀྱང་ཅི་རིགས་པ་གསན། མདོ་ལུགས་ཀྱི་གཞུང་མང་པོ་ཞོར་ཉན་དུ་མཛད། བླ་མ་འདི་ཀུན་ཡང་གྲུབ་ཆེན་ཞི་བའི་ཞབས་ཀྱིས་སློབ་མ་འབའ་ཞིག་ཡིན་གསུང༌། དེ་ནས་གྲུ་བཏང་སྟེ། དྷ་ན་ཤྲཱི་གླིང་དུ་ཕེབས། གླིང་འདི་ནང་དགེ་འདུན་ཤིན་ཏུ་མང་ཞིང༌། དཔལ་ལྡན་འབྲས་སྤུང་ངམ། མཆོད་རྟེན་དཔལ་ཡོན་ཅན་ཞེས་ཀྱང་བྱ། ཨསྟུ་ཀ་ཀཱ་ཡ་ཞེས་བྱ་བ་མཆོད་རྟེན་ཆེན་པོ་ངོ་བོ་ཤིན་ཏུ་རྒྱ་ཁྱོན་ཆེ་བའི་བྲག་རི་མཆོད་རྟེན་གྱི་དབྱིབས་ཅན། ཕྱི་ལ་རྡོའི་ལྕགས་རི་བྲག་རི་འདྲ་བ་ཉིས་རིམ་གྱིས་བསྐོར་བ། ཉི་མ་གཅིག་ལ་སྐོར་བ་ཐེབས་ཙམ། ཤར་དུ་གྲོང་ཁྱེར་ཤིན་ཏུ་ཆེ་བ། རྒྱ་ནག་དང༌། ཕྲེང་གི་དང༌། རྒྱ་གར་ལ་སོགས་པའི་ཡུལ་ཐ་དད་པའི་ཚོང་བ་ཤིན་ཏུ་མང་པའི་ཚོང་འདུས་ཆེན་པོ་འདུག་གསུང༌། དང་པོ་རེག་པ་མེད་པ་གཟུགས་བརྙན་གྱི་མཆོད་རྟེན་མཇལ་བར་མཛད་དུས། རྣམ་སྣང་གཙོ་བོར་གྱུར་པའི་རིགས་ལྔའི་དཀྱིལ་འཁོར་དང༌། ཛྙཱ་ན་ཀཱ་ཡ་ནི། འོད་དཔག་མེད་གཙོ་བོར་གྱུར་པའི་རིགས་ལྔའི་དཀྱིལ་འཁོར་དང༌། ཤྲཱི་དྷ་ནྱཱ་ཀ་ཊ་ཀ་ནི་མི་བསྐྱོད་པ་གཙོ་བོར་བྱས་པའི་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་དུ་གཟིགས། གཞན་ཡང་ཚོང་པ་རྣམས་དང་ལྷན་ཅིག་ཏུ་བྱོན་པས། པོ་ཊ་ལ་ཟེར་བའི་རྒྱ་མཚོའི་དོ་རི་


TNT17_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གཅིག་དང༌། པཻ་གུའི་གླིང་དང༌། ཛ་ཏི་དང་ལི་ཤི་སོགས་མང་པོ་སྐྱེ་བ། ཕྲེང་གིས་འཛིན་པའི་གླིང་ཞིག་དང༌། སཱདྷ་དྷཱི་པ་དང༌། གསེར་གླིང་ཆེན་པོ་དང༌། གསེར་གླིང་གི་མིང་ཅན་ཆུང་བ་གཉིས། སུརྫ་དྷཱི་པ། ཙནྡྲ་དྷཱི་པ། སརྦ་དྷཱི་པ་སྟེ། གླིང་ཆུང་ཆུང་དེ་རྣམས་སུ་ཡང་ཞབས་ཀྱིས་བཅགས། དེ་ནས་གཾ་ག་ས་ག་ར་ཞེས་བྱ་བའི་གླིང་ཆུང་ཞིག་ཏུ་ནག་པོ་སྤྱོད་ཆུང་དང༌། བྷུ་བ་རི་པ་དང༌། བྷུ་བ་བློ་ལྡན་རྣམས་རིམ་པར་བྱོན་སའི་དགོན་པ་ཞིག་ན་སློབ་དཔོན་ནག་པོ་སྤྱོད་པ་པའི་རྒྱན་དྲུག་མཁའ་འགྲོ་མས་བྱིན་གྱིས་བརླབས་པ་དེ་མཚན་མོ་མེ་འབར་བ་སོགས་ཆོ་འཕྲུལ་དང་འཚུབ་ཤིན་ཏུ་ཆེ་བ་ཅིག་འདུག་པ་དེ་ཡང་མཇལ། དེར་དབྱར་ཞིག་ཟླ་བ་གསུམ་གཏུམ་མོ་དང༌། ཕྱག་རྒྱ་ཆེན་པོ་རྩེ་གཅིག་ཏུ་བསྒོམས་པས། གནས་གསུམ་གྱི་མཁའ་འགྲོ་མའི་རིགས་སུ་གཏོགས་པ་མང་པོ་དང༌། ཁྱད་པར་མི་མ་ཡིན་གྱིས་མཁའ་འགྲོ་མ་མང་པོ་དངོས་སུ་འདུ་བ་བྱུང༌། དེ་དག་གི་རྐྱེན་གྱིས་ཡེ་ཤེས་གོང་ནས་གོང་དུ་འཕེལ་ཞིང༌། རྟོག་པ་ཁྱད་པར་དུ་གྱུར། གྲུབ་པའི་དབང་ཕྱུག་ཆེན་པོ་ཞི་བ་སྦས་པ་ལ། དེ་རྣམས་ཀྱིས་རྟོགས་པ་འབུལ་བར་བཞེད་ནས། གཟེངས་ལ་བསྐྱོད་དེ། ཛམ་བུ་གླིང་དུ་ཕེབས་པར་བཞེད་པའི་ལམ་གླིང་ཕྲན་ཆུང་ངུ་ཞིག་ན། སྔོན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེདྒེ་སྒྲས་ཐུགས་བསྐྱེད་པའི་གནས་སུ་གྲགས་པ། གླིང་སྟོང་པ་ཞིག་ན་ནོར་བུ་དམར་པོ་འདྲ་བའི་རྡོའི་ཕུག་པ་དང༌། ཙནྡན་གྱི་ནགས་ཚལ་ཡང་


TNT17_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། ཤིན་ཏུ་གཉན་པས་འདབ་མ་རེ་ཡང་གཅོད་མི་ནུས་པ་ཞིག་ཡོད་པ་དེ་མཇལ་དུ་ཕེབས། དེ་ན་གྲུབ་ཆེན་ཞི་བའི་ཞབས་ཀྱི་གདམས་པའི་མངའ་བདག་རྣལ་འབྱོར་མ་ཆེན་མོ་དཱི་ན་ཀ་རཱ། འཁོར་རྣལ་འབྱོར་ཕོ་མོ་བཞི་བཅུ་ཙམ་དང་བཅས་པ་བཞུགས་འདུག་པ་ལ། གདམས་ངག་གནང་བར་ཞུས་པས། མང་དུ་གནང་ཞིང༌། དེ་ནས་རྣལ་འབྱོར་མ་ཆེན་མོ་དེ་ཉིད་ཀྱི་ཞབས་པད་བསྟེན་བཞིན་དུ། ཏྲི་ལིངྒ་དང༌། བི་དྱ་ན་ག་ར་དང༌། ཀརྞ་ཊ་ཀ་རྣམས་བརྒྱུད་ནས། བྷཾ་དྭ་གྱི་ཡུལ་དུ་ཕེབས། ཛམ་བུ་གླིང་བ་ཐམས་ཅད་ཀྱི་སྐྱབས་གནས་གཅིག་པུ་གྲུབ་ཆེན་ཞི་བ་སྦས་པ་དང་མཇལ། ཟླ་བ་བཅུ་གསུམ་ཙམ་དྲུང་དུ་བཞུགས། གདམས་པ་བསམ་གྱིས་མི་ཁྱབ་པ་གསན། མཚན་ནི་བུདྡྷ་གུབྟ་གྱིས་གསུང་བས་དེ་ཕྱིན་བུདྡྷ་གུཔྟ་ནཱ་ཐ་ཟེར། དབང་བསྐུར་དང་བཤད་པ་ཕལ་ཆེ་བ་ནི་རྣལ་འབྱོར་མ་ཆེན་མོ་དཱི་ན་ཀཱ་ར་དང༌། སློབ་དཔོན་གམ་བྷི་ར་ཡ་ཏི་ཆེན་པོ་གཉིས་ལ་ཞུས་ཤིང༌། ཕྱག་ལེན་དང་དོགས་དཔྱོད་ཅི་རིགས་པ་ཞུ་བར་མཛད་པའི་བླ་མ་ནི། གཞན་ཡང་མང་དུ་ཡོད་པ། སུ་དྷཱི་གརྦྷ་ཞེས་བྱ་བ་དང༌། ཀནྟ་པ་ཞེས་བྱ་བ་དང༌། བེ་ཏ་ཏིཀྵ་ཎ་དང༌། བཱི་ར་བནྡྷ་དང༌། གྷ་གྷ་པ་སྟེ། དེ་རྣམས་ཀྱང་གྲུབ་ཆེན་ཞི་བ་སྦས་པའི་ཞབས་འབྲིང་བསྟེན་པས། རྡོ་རྗེའི་ཐེགས་པ་ལ་ཆེས་མཁས་ཤིང༌། ཁྱད་པར་ནུས་པ་བརྙེས་པ་ཤ་སྟག་ཡིན་ཏེ། སྤྱིར་གྲུབ་ཆེན་འདིའི་དྲུང་དུ། ཡུལ་དང་རིགས་ལ་སོགས་པ་སྐྱེ་བོ་གཞན་གྱིས་བཤད་


TNT17_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་མེད་པའི་རྣལ་འབྱོར་བ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་སྟོན་པ་མང་དུ་འོང་ཞིང༌། ཡང་གར་སོང་ཆ་མེད་པར་སོང་བ། དེ་ལྟ་བུ་ཡང་ཡང་ཡོད་པ་ཞིག་འདུག་གསུངས། ལན་ཅིག་ཁ་གེནྡྲའི་རི་སུལ་ཞིག་ན་རྣལ་འབྱོར་བ་ཞིག་མར་མེ་སྦར་ཏེ་འདུག དྲུང་དུ་བྱོན་པའི་དེའི་སྣང་བར་ཡལ་ཤུལ་ན་མི་ཐོད་སྐམ་པོ་གསུམ་འདུག་གསུང༌། དེ་ནི་མིག་སྨན་གྲུབ་པའོ། །དེ་ནས་གྲུབ་ཆེན་ཞི་བ་སྦས་པའི་གསུང་གིས། ཡུལ་དབུས་ཀྱི་ཕྱོགས་སུ་སྒོམ་དུ་སོངས་ཞིག ཐུགས་དམ་གྱི་བོགས་ཆེ་བར་འོང་ཞེས་གསུངས་པ་ཞིག་བྱུང་བས། དབུས་ཀྱི་ཕྱོགས་སུ་ཕེབས། མཧཱ་བྷོ་དྷི་མཇལ་བར་མཛད། རྡོ་རྗེ་གདན་གྱི་བྱང་ཕྱོགས་རྒྱང་ཙམ་གཅིག་ཏུ་སྒོམ་ཁང་ཞིག་མཛད། ཟླ་བ་གཅིག་ཙམ་བཞུགས་ཤིང༌། ཉིན་མོ་ཏིང་ངེ་འཛིན་ཁོ་ན་དང༌། མཚན་མོ་ཕྱག་དང་སྐོར་བ་འབའ་ཞིག་མཛད། ཐུགས་ཀྱི་སྣང་བ་ལ། རང་ཉིད་མངོན་པར་རྫོགས་པ་སངས་རྒྱས་པ་ཡིན་སྙམ་པ་དང༌། སྐུ་ལུས་རྡོ་རྗེ་སེམས་དཔའི་རྣམ་པ་ཤིན་ཏུ་སྐུ་ཚད་ཆེ་བ། སྒྲ་དང་འོད་དུ་མ་དང་བཅས་པར་གྱུར། བྱང་ཆུབ་ཆེན་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དངོས་ཀྱི་རྣམ་པར་གྱུར་ཏེ། ཁྱོད་ནི་ཏ་ཐཱ་ག་ཏ་རཏྣ་སྥ་ར་པྲ་དཱི་པ་ཞེས་བྱ་བ་ཡིན་ནོ། །ཞེས་ལུང་སྟོན་པ་དང༌། ཕྱོགས་བཅུའི་སངས་རྒྱས་མང་པོ་བྱོན་ཏེ། རྡོ་རྗེ་འཛིན་པ་ཁྱོད་སྤྲུལ་པ་སྟེ་སྤྲུལ་པ་ལྟ་བུས་སེམས་ཅན་གྱི་དོན་མཛོད་ཅིག །


TNT17_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུང་བའི་སྣང་བ་བྱུང༌། དེ་ཉིད་དུ་བདེ་སྟོང་གི་ཡེ་ཤེས་འོད་གསལ་མུ་མཐའ་མེད་པ་ལ་ཡུན་རིང་དུ་གནས་པ་བྱུང་ཞིང༌། དེ་ནས་རིམ་གྱིས་གནས་ཆེན་པོ་བརྒྱད་པོ་རྣམས་བསྐོར་བ་ལ་ཡང་ཕེབས། ཐམས་ཅད་དུ་ཐུགས་དམ་གྱི་བོགས་ཤིན་ཏུ་ཆེ་བ་བྱུང༌། བྱ་རྒོད་ཕུང་པོའི་རི་དང༌། རི་བྱ་རྐང་ཡང་མཇལ། སླར་ཡང་རྟོགས་པ་འབུལ་བ་ལ། གྲུབ་ཆེན་ཞི་བའི་ཞབས་ཀྱི་དྲུང་དུ་ཕེབས། འདི་སྐབས། བྷཾ་དྭ་གྱི་རྒྱལ་པོ་གཞོན་ནུ་བ་ལ་བྷ་དྲ་འདིས། གྲུབ་ཐོབ་ཆེན་པོ་འཁོར་བཅས་ལ་ཚོགས་ཀྱི་འཁོར་ལོ་མཛད་པའི་གསོལ་བ་གདབ་པའི་དོན་དུ་སྟོན་མོ་ཞིག་མཛད་པ་དང་འཛོམ། སྔར་གྱི་རྟོགས་པ་རྣམས་ཕུལ་ཞིང༌། སངས་རྒྱས་དངོས་སུ་གཟིགས་པའི་མོས་གུས་སྤྲོས་པའི་རྣམ་པ་ཐམས་ཅད་དང་བྲལ་བ་ཐུགས་པ་འཁྲུངས་ཏེ། སྔོན་མེད་པའི་མོས་གུས་ཀྱི་ནུས་མཐུ་འདིས། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་དང་བྲལ་བ། གཅིག་མིན་དུ་མ་མ་ཡིན་པ་བརྗོད་བྲལ་ནམ་མཁའ་ལྟ་བུ་མངོན་དུ་གྱུར། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཚད་དུ་ཕྱིན། ནང་ཀུན་དྷ་དབུ་མའི་ནང་འཁོར་ལོ་རྣམས་སུ་བརྟན་པ་ཐོབ་པས་རྩ་མདུད་གྲོལ་བའི་རྟགས་ཐོབ། རྣལ་འབྱོར་བའི་གྲར་སུ་ཆུད་པ་འདི་དེ་ནས་བྱུང་བ་ཡིན་གསུང༌། བླ་མ་ཏིརྠི་ནཱ་ཐ་དང་ལན་རྟིང་མ་མཇལ་བའི་དུས་དེ་ནས། དེ་བར་དུ་ལོ་བཞི་བཅུ་ཞེ་དྲུག་སོང་གསུང༌། ལར་ཁོ་བོ་སྒོམ་ཡུན་ཤིན་ཏུ་རིང་ཡང༌། གནས་སྐོར་ཡང་གཡེང་བའི་རྒྱུར་སོང་བ་འདྲ། ཁྱད་པར་གྲུབ་ཆེན་ཞི་བ་སྦས་པ་འདི་དང་མ་མཇལ་བར་དུ་བླ་མ་གཞན་རྣམས་དང་ཅུང་ཟད་ལས་འཕྲོ་ཆུང་བ་ཡིན་ན། ཐུན་མོང་གི་ཡོན་ཏན་འགའ་ལས་


TNT17_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་ཀྱི་དོན་ལ་འགྱུར་བ་མེད་པའི་གདེང་མ་ཐོབ། སྤྱིར་ཡང་ཌ་མི་ཌོར་དགྱེས་པའི་རྡོ་རྗེ་མ་གསན་བར་དུ་སངས་རྒྱས་པའི་མན་ངག་རྒྱུད་དང་འབྲེལ་བའི་ཁུང་མ་རང་ཚོ་མ་ལོན་པས་ཀྱང་ཡིན་པ་འདྲའོ་གསུང༌། ཨོ་རྒྱན་ནས་ཕྱིར་བྱོན་དུས། ད་ང་རྣལ་འབྱོར་པ་ཆེན་པོ་ཡིན་སྙམ་པའི་ང་རྒྱལ་ཆེན་པོ་བྱུང༌། གཞན་ཁྱད་དུ་གསོད་པའི་སེམས་སྐྱེས་པས་ཀྱང༌། དེ་ནས་ལོ་བཅུ་གཉིས་ཙམ་དུ་སྒོམ་ལ་སྐྱེད་ཆེན་པོ་མ་བྱུང་ཞེས་དང༌། ལན་ཅིག་ཛྷ་མི་གི་རིའི་གླིང་དུ་དད་པར་བྱ་དགོས་པའི་ཡུལ་འགའ་ཞིག་ལ་སྨད་པས་ཀྱང༌། དངོས་གྲུབ་རང་དུ་འགྱང་བར་འདུག་གསུང༌། དེ་དག་ཀྱང་བདག་ཅག་ལ་སོགས་པ་གྱ་གྱུར་སྤྱོད་པ་རྣམས། ལམ་ལ་འབད་པར་གདམས་པའི་དགོངས་པ་ཅན་ཡིན་གྱི། གཞན་དུ་ན། དམ་པ་འདི་ཉིད་གྲུབ་པའི་དབང་ཕྱུག་ལྭ་བའི་ན་བཟའ་ཅན་དང་གཉིས་སུ་མེད་པར་འཁུམས་སོ། །དེ་སྐབས་ཟླ་བ་གསུམ་ཙམ་དུ་སློབ་དཔོན་མཆོག་ལ་གདམས་པའི་འཕྲོ་མང་དུ་གསན། དེ་མཚམས་ནས། ཁ་གེནྡྲའི་རི་བོར་ཚོགས་ཀྱི་ཁང་པ་རྒྱ་ཆེན་པོ་ཞིག་བཞེངས། རིམ་པས་སློབ་དཔོན་ཞི་བའི་ཞབས་ཀྱི་སློབ་མ། གསང་སྔགས་སྤྱོད་པ་ཐམས་ཅད་འདུས་ཏེ། སླར་ཡང་ཟླ་བ་གསུམ་ཙམ་ན། རྣལ་འབྱོར་ཕོ་མོ་སྟོང་ཕྲག་ལྔ་ཙམ་བྱུང་སྟེ། རྒྱལ་པོས་ཀྱང་ཉིན་རེ་བཞིན་དུ་དངུལ་ཏོ་ལ་སྟོང་ཕྲག་དྲུག་དྲུག་གི་རིན་ཐང་གི་ཚོགས་ཀྱི་ཡོ་བྱད་དང༌། གཞན་


TNT17_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉེར་མཁོའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་བཅས་པ་འབུལ་ཞིང༌། དཔོན་སློབ་རྣམས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་རྒྱ་ཆེན་པོ་མཛད་དེ། ཉིན་མོའི་ཆ་ལ་ཕལ་ཆེར་གདམས་ངག་འབོགས་པ་དང༌། སོ་སོར་མཉམ་པར་བཞག་པས་གནས་པ་དང༌། རྒྱུད་སྡེ་ཟབ་མོ་དང་སྔགས་ཀྱི་གཞུང་མཐའ་ཡས་པ་རྣམས་འཆད་པའང་ཤིན་ཏུ་མང་ལ། མཚན་མོའི་ཆ་ལ་འཁོར་ལོའི་མཆོད་པས་དུས་འདའ་བར་མཛད། ཟླ་བ་རེ་རེ་བཞིན་རྒྱལ་པོ་ཉིད་ཀྱང་འོངས་ཏེ། དེར་འདུས་ཐམས་ཅད་ལ་གོས་མཆོག་ཕྲུགས་རེ་དང༌། དངུལ་སྲང་བཞི་བཞིའི་ཡོན་ཕུལ་ཞིང༌། ཟླ་བ་དྲུག་སོང་བའི་རྗེས་སུ། རྣལ་འབྱོར་པ་རེ་རེ་ལ་ཡང་གསེར་མོ་ཧར་བཅུ་ཕྲག་རེ་སོགས་ཡོན་གྱི་རྣམ་པ་ནི་མཐའ་ཡས་པ་ཞིག་གིས་མཆོད་པར་བྱས་ཏེ། ཕྱི་རབས་ལོ་ལྔ་བརྒྱ་ཚུན་ཆད་ལ་འཕགས་པའི་ཡུལ་དུ་རྡོ་རྗེ་ཐེག་པའི་ཆོས་འཁོར་འདི་བས་ཆེ་བ་མ་བྱུང༌། གྲུབ་ཐོབ་ཞི་བའི་ཞབས་ཀྱི་གདམས་པ་ལ་བརྟེན་ནས། མཁས་པ་རྣམས་ཀྱིས་རྒྱུད་སྡེ་འཆད་པ་དང༌། ནུས་པ་ཅུང་ཟད་རྙེད་པའི་རྣལ་འབྱོར་པ་རྣམས་ལས་ཚོགས་དང་དངོས་གྲུབ་སྒྲུབ་པ་མང་པོ་བྱུང་སྟེ། དམ་པ་འདིས་གཟིགས་པ་ལ་ཡང་དངུལ་ཆུ་གྲུབ་པ་བཅུ་གཉིས་ཙམ་དང༌། མི་སྣང་བར་གྱུར་པ་ཡང་དྲུག་ཙམ་དང༌། དངོས་གྲུབ་ཕྲ་མོ་དང༌། ལས་ཚོགས་གྲུབ་པ་ནི་དཔག་ཏུ་མེད་པ་འདུག་གསུང༌། དེ་ནས་ཚོགས་པ་ཤས་ཆེ་བ་ནི་སོ་སོར་གྱེས་


TNT17_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང༌། རྣལ་འབྱོར་ཕོ་མོ་སུམ་བརྒྱ་ཙམ་ཞིག་སླར་ཡང་ཟླ་བ་བཞི་ཙམ་དེར་བཞུགས་ཏེ། དེ་ཀུན་གྱི་འཚོ་བ་ཡང་རྒྱལ་པོའི་ཕུལ། དེ་བར་དུ་དམ་པ་འདིས་ཀྱང་བཞུགས་ཤིང༌། དམ་པའི་ཆོས་ཀྱི་དགའ་སྟོན་གྱིས་ཐུགས་མགུ་བ་བླ་ན་མེད་པ་ཐོབ། མཆོག་བརྙེས་ཞི་བའི་ཞལ་སྔ་ནས་དམ་པ་འདི་ལ། ཁྱོད་བྱང་ཕྱོགས་དང་ཤར་ཕྱོགས་ཀྱི་ཡུལ་རྣམས་སུ་སོང༌། སྐལ་བ་དང་ལྡན་པར་ཤེས་ན་གཞན་ལ་ཆོས་ཀྱང་ཅི་རིགས་པར་ཤོད། ཅེས་སྩལ་པ་ལྟར་བླ་མའི་ཞབས་ལ་ཕྱག་མཛད་དེ། ཕྱིར་ཕེབས་པ་ན་པཎྜི་ཏའི་རྣམ་པ་གཅིག་གིས། མགྲོན་ཁང་གཡོས་ཁང་ཡོད་པ་ཞིག་ཏུ་ཁྲིད། གཡོས་ཁང་གི་ནང་དུ་མི་མང་པོ་ཡོད་པ་ལྟར་སྣང་བ་ཞིག་ལས། དམ་པ་འདི་དང་གཞན་ཡང་རྣལ་འབྱོར་པ་མང་པོ་ལ། བཟའ་བཏུང་གྱ་ནོམ་པའི་རྙེད་བཀུར་བྱས། དེ་ཉིད་ཕྱིར་སོང་བའི་ཤུལ་ན། གཡོས་ཁང་གི་ནང་ན་སུ་ཡང་མེད་དེ། མེ་བུས་པའི་ཤུལ་ཡང་མི་སྣང་གསུང༌། ཡང་རྣལ་འབྱོར་པ་གཞན་ཞིག །མེ་བས་ཤིག་ཅེས་བརྗོད་པས་མེ་རང་འབར་འབྱུང་ཞིང༌། འབྲས་ཚོས་ཤིག་ཅེས་བརྗོད་པས་སྣོད་དུ་འབྲས་ཆན་འབྱུང་བ་སོགས་ཆོ་འཕྲུལ་དེ་ལྟ་བུས་མགྲོན་བྱེད་པ་ཞིག་ཀྱང་ཡོད་གསུངས། དེ་ནས་པྲ་ཡ་ཀར་ཕེབས་པས། ཞི་བའི་ཞབས་ཀྱི་སློབ་མ། ཤུབྷ་རཀྵི་ཏ་ཞེས་བྱ་བ་རྣལ་འབྱོར་པ་ཤིན་ཏུ་མ་སྤྲོས་པ་འཆོལ་བ་ལྟར་སྟོན་པ་ཞིག་དང་མཇལ། ཁོང་རྣལ་འབྱོར་ཆེན་པོར་


TNT17_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པའི་ཕྱག་མཛད་ཅིང༌། དཀའ་བ་མང་པོ་བྱས། རྩེ་གཅིག་ཏུ་བསྒོམས་པས། ཐུན་མོང་གི་རྟགས་འདི་ཙམ་ཐོབ་གསུང་སྟེ། རླུང་ཅུང་ཟད་འཛིན་ཀྱྀན་འདུག་པས། སྐུ་ལུས་ཤིན་ཏུ་ཆུང་བར་གྱུར་ནས་ཀུ་ཕོར་ཆུང་ཆུང་ཞིག་གི་ནང་དུ་ཞུགས། ཡང་རླུང་སྦྱོར་ཞིག་མཛད་ཀྱིན་འདུག་པས་སྐུ་ལུས་མི་འདྲ་བ་བརྒྱད་བྱུང༌། མཆོག་གི་ཡོན་ཏན་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་བ་ཙམ་ཡོད་གསུང༌། གདམས་པ་གནང་བར་ཞུས་ཀྱང་མ་གནང༌། དེ་ནས་ཛ་གད་ནཱ་ཐར་ཕེབས། དེ་རྗེས་ཅིག་ཏི་བུ་ར་དང་ཉེ་བ་བྷི་མེ་ཤྭ་རའི་ཡུལ་ན་ཕྱི་བྲག་ཕུག་ལ། ནང་དགྱེས་རྡོར་དྲག་པོ་གདན་ཅན་གྱི་ལྷ་ཁང་ཀ་ཡསྠ་བགྲེས་པོས་བཞེངས་པ་ཞིག་ཡོད་པར་བཞུགས་དུས། མཚན་མོ་ཅིག་དེར་དུར་ཁྲོད་ནས་རོ་ལངས་ཉི་ཤུ་ཙམ་ཡོངས་ནས་གར་བྱེད་ཅིང་འདུག མཆོད་གཏོར་དངོས་སུ་བླངས་སོང་གསུང༌། དེ་སྐབས་ཙརྱ་པའི་རྣལ་འབྱོར་པ་འགའ་ལ་དབང་དང་མན་ངག་འདྲ་མཛད། བྷཾ་ག་ལ་དང༌། ཏི་པུ་ར་དང༌། ར་ཁང་གི་རྣམས་སུ་སླར་ཡང་ཕེབས། ཀཱ་མ་རུར་ལོ་གཅིག་ཙམ་བཞུགས། སློབ་མ་བརྒྱད་ཙམ་ཕྱག་ཕྱིར་ཡོད་པ། ཡང་དག་པའི་དོན་ལ་རྟོགས་པ་བཟང་རབ་ཡོད་པ་རྣམས་རྗེ་བཙུན་ཞི་བའི་ཞབས་མཇལ་བར་སོང༌། གཞན་འགའ་ཞིག་ཡོད་པ། རྗེ་ཉིད་ཀྱི་མཆེད་གྲོགས་ཞིག་ལ་གཏད་དེ། རང་ཉིད་ཤིང་གི་རི་བརྒྱུད་ནས་ཕེབས་པས་མོན་པའི་ཇག་པ་ཚན་གཅིག་བྱུང་བ། རང་དཀྱིལ་འཁོར་དུ་བསྒོམས་པས་ཁོ་བ་ཚོ་མིག་


TNT17_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡེངས་པ་འདྲ་བ་ལ་ཅང་མ་བྱས་པར་ཚུར་ཐོན། བོད་ཀྱི་ཕྱོགས་སུ་ཆེད་བརྟད་ལྷ་ས་མཇལ་བར་ཕེབས། ལམ་དུ་བསམ་ཡས་མཇལ་བར་ཕེབས་པས། གནས་བདག་མི་དཀར་པོའི་རྣམ་པར་དངོས་སུ་བྱུང༌། ཕྱག་འབུལ་ཞིང་ཆོས་འབྲེལ་ཞུས་ཏེ། དེ་ནས་ལྷ་སར་ཕེབས་དུས་ཇོ་བོ་ཤཱཀྱ་མུ་ནེ་དེ་ཐུབ་པའི་དབང་པོ་ཆགས་བྲལ་ལ་ཤེས་རབ་དང་བཅས་པ་གོ་བཟློག་གི་ལྷར་ཞལ་གཟིགས། བཅུ་གཅིག་ཞལ་ལ་གསོལ་བ་འདེབས་པར་མཛད་པས། ཁ་སརྤ་ཎིའི་སྐུ་ཞིག་ཐུགས་ཀ་ནས་ཆད་ནས། ཉིད་ཀྱི་ཐུགས་ཀར་ཐིམ་པའི་མོད་ལ། རང་ཉིད་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་སྙམ་པ་ཞག་མང་པོ་བྱུང་གསུངས། ནུབ་གཅིག་དངོས་སུ་བུད་མེད་ཤིན་ཏུ་མཛེས་མ་གཟི་བརྗིད་ཆེ་བ་མང་པོ། རེ་རེ་ལ་འཁོར་བརྒྱ་སྟོང་དུ་མར་བཅས་པ་མཇལ་བར་བྱུང༌། གླུ་དང་མཆོད་པ་མང་པོ་བྱས། བོད་དུ་སླེབ་པ་ལ་གཞི་ལེན་གྱི་ཚུལ་དུ་འདུག བོད་ཀྱི་གནས་བདག་མཁའ་འགྲོ་མ་ཆེན་མོར་འདུག་གསུང་སྟེ། བསྟན་མ་བཅུ་གཉིས་ཡིན་པར་མངོན་དེས་ཞག་མང་པོ་མི་ཟས་གསོལ་མ་དགོས། དེ་ནས་རིམ་གྱིས་གཙང་ཕྱོགས་སུ་ཕེབས། བོད་ཀྱི་སྡེ་དཔོན་གྱི་སར་ཆེར་མ་ཕེབས། དེ་སྐབས་བདག་དབེན་གནས་བྱང་ཆུབ་ཆེན་པོར་ཡོད་པ་དང་དུས་མཚུངས། བདག་གི་བསོད་ནམས་ཀྱི་དཔལ་དུ་ཕེབས། སང་ཕེབས་རྒྱུའི་དོ་ནུབ་རྨི་ལྟས་ཀྱང་བཟང་བ་རང་ཞིག་རྨིས། བདག་གིས་འཕྲལ་


TNT17_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཐམས་ཅད་བྱང་བར་ཤེས་ཤིང༌། ལེགས་སྦྱར་ཡང་ཐོར་བུ་ཤེས་པས། ཆོས་དང་གང་ཟག་གི་དྲི་བ་འགའ་རེ་ཞུས་པ་རྣམས། ལན་དཔྱིས་ཕྱིན་པར་བཀའ་སྩལ། སྤྲོ་བ་བསྐྱེད་དེ་རྒྱུད་ཅི་ཙམ་མཁྱེན་ཞུས་པས། །ཀྱཻ་རྡོ་རྗེ། སམྦུ་ཊ། སངས་རྒྱས་མཉམ་སྦྱོར། མཧཱ་མཱ་ཡ། མཚན་བརྗོད། དབང་མདོར་བསྟན། སྒྲོལ་མའི་རྒྱུད་རྣམས་ཞིབ་མོར་ཐོས། བདེ་མཆོག་འཁོར་ལོ་དང༌། གསང་བ་འདུས་པ་དང༌། མི་གཡོ་བ་དང༌། རྡོ་རྗེ་གདན་བཞི་དང༌། རལ་གཅིག་མ་དང༌། ཀུ་རུ་ཀུལླེ་ལ་སོགས་པའི་རྒྱུད་ཕན་འགའ་རེ་དང༌། ནག་པོ་ཆེན་པོའི་རྒྱུད་རྣམས་ཡཾ་མེ་བ་རེ་ཉན་གསུངས། མན་ངག་གི་གཞུང་ནི་མཐའ་ཡས་པ་ཞིག་ཐུགས་ལ་མངའ་སྟེ། གསང་འདུས། བདེ་མཆོག གཤེན་རྗེ་གཤེད་དང༌། མཧཱ་མཱ་ཡ། ཀྱཻ་རྡོ་རྗེ་སོགས་གྱི་རྫོགས་རིམ་གྱི་གཞུང་མང་པོ་དང༌། གཞན་ཡང་གསང་བ་གྲུབ་པ་དང༌། དོ་ཧ་མཛོད་དང༌། ཕྱག་རྒྱ་བཞི་པ་དང༌། བསམ་མི་ཁྱབ་ལ་སོགས་པ་གཞུང་མང་པོ་དང༌། ཕྲེང་བ་སྐོར་གསུམ་སོགས་སློབ་དཔོན་གྱི་ལས་རིམ་གྱི་གཞུང་ཆེན་བོད་དུ་སྔར་འགྱུར་བའི་ཚད་ལྡན་རྩ་བའི་གཞུང་རྣམས་ཕལ་ཆེ་བ་ལའང་མཁྱེན་པ་ཤིན་ཏུ་རྒྱས་པར་སྣང་ཡང་དེ་དུས་ངེད་ཀྱིས་ཆེར་མ་ཞུས། སྔ་ཕྱིར་གསེར་ཞོ་ཉི་ཤུ་ལྷག་ཙམ་དང༌། དངུལ་ཊཾ་ཁ་བརྒྱད་ཙམ། གཞན་ཅི་རིགས་པ་དང༌། དབང་རེ་ལ་གོས་དར་ཡུག་རེ་ཙམ་དང༌། ཐེར་མ་རེ་ཙམ་དང༌། བྱིན་བརླབས་དང་མན་ངག་རེ་


TNT17_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚོགས་འཁོར་རེ་དང་ཁ་བཟང་བ་རེ་ཙམ་རེ། ཆོས་ཐུན་ཐམས་ཅད་ལ་ཆོས་ཕྱག་བཟང་བ་རེ་མ་ཆག་པར་ཕུལ་ཏེ། སྔོན་ཆད་ཁ་བ་ཅན་གྱི་ཕྱོགས་སུ་མ་བྱུང་བ་ཞུས་པ་ལ། སྒྲོལ་མ་རྣལ་འབྱོར་མའི་དབང་བསྐུར་བ། དེའི་བསྐྱེད་རིམ་དང༌། རྫོགས་རིམ་གྱི་མན་ངག་བྱིན་བརླབས་དང་བཅས་པ། རྒྱུད་ཀྱི་བཤད་པ། གསང་འདུས་ཡེ་ཤེས་ཞབས་ལུགས། མི་བསྐྱོན་པ་ལྷ་བཅུ་དགུ། སེམས་ཀྱི་ཕྱག་རྒྱའི་དབང༌། དཔྱིད་ཐིག་གི་བྱིན་རླབས། བཀའ་བབས་དྲུག་ལྡན་གྱི་ཁྲིད་ཆེན་མོ། ཛ་ལན་དྷ་རའི་དོ་ཧ་དང་མན་ངག སེམས་ཀྱི་ཕྱག་རྒྱས་མན་ངག་གཞུང་བཤད། ཡི་གེ་བཞི་པའི་མན་ངག རང་བྱིན་གྱིས་རླབས་པའི་བྱིན་རླབས་རྣམས་དང་གཞུང་གི་བཤད་པ། ཕྱག་རྒྱ་བཞིའི་སྙིང་པོ། ཀྱཻ་རྡོ་རྗེའི་རྫོགས་རིམ་ཀུ་ས་ལའི་མན་ངག་དང༌། ཡན་ལག་དྲུག་པ། ཡེ་ཤེས་འཆར་བ། སྒྲོན་མེ་གཅིག་པ། དྲན་པ་གཅིག་པ། མཧཱ་མཱ་ཡའི་མན་ངག ཕག་མོ་ཀེང་རུས་ལ་ཞུགས་པ་ཛ་ལན་དྷ་རིའི་ལུགས། ཕག་མོ་རྔོན་པའི་གདམས་ངག ཕག་མོ་སྣ་ཚོགས་མདོག རྣམ་འབྱོར་མ་དཀར་དམར་སྔོ་གསུམ། ངང་བའི་རྡོ་རྗེ་བདག་མེད་མ། རྡོ་རྗེ་ཕག་མོ་ཅ་ཅོ་སྒྲོག་མ། མི་གཡོ་བའི་རྫོགས་རིམ་ཨ་ཏི་ཤས་མཛད་པ། དཔལ་མཆོག་ཌོམ་བི་པའི་དེ་ཉིད་བཞི་པ། ནག་པོ་ཆེན་པོའི་སྒྲུབ་ཐབས་གཉིས་དང་བཅས་པ་རྣམས་ལེགས་པར་ཐོབ། ཉིན་མཚན་མེད་


TNT17_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འབད་སྩོལ་བྱས་ཏེ། དབང་དང་བྱིན་བརླབས་དང༌། ཁྲིད་རྣམས་ལ་དོགས་དཔྱོད་ཟིན་བྲིས་ནན་ཆགས་སུ་བྱས་ཤིང༌། གཞུང་མང་པོ་ཕྱག་དཔེ་དང༌། ཞལ་ལས་ཡི་གེར་བྲིས་ཏེ་ཐོ་རེ་ལོང་ངེ་བ་བསྒྱུར་ཞིང༌། གསུང་འཕྲོས་ཅི་བྱུང་བྱུང་ཟིན་བྲིས་སུ་བྱས། ཆོས་ཟབ་མོ་གཅིག་ལ་རྣམ་རྟོག་ཅུང་ཟད་གཅིག་བྱུང་བའི་རྐྱེན་གྱིས་ཟླ་བ་གསུམ་དུ་ཉེ་བ་ན། ཅིས་ཀྱང་མྱུར་དུ་འབྱོན་པའི་ཞལ་ཏ་གནང་བ་ལ། ལོ་གསུམ་ཅིས་ཀྱང་བཞུགས་དགོས་པ་དང༌། མིན་ནའང་ལོ་གཅིག་ཅིས་ཀྱང་བཞུགས་དགོས་པའི་ནན་ཞུས་ཕུལ། དེ་ལྟར་མ་གནང་ན་ཆོས་ཀྱང་འཕྲོ་ལུས་འགྲོ་བར་འདུག བཀའ་དྲིན་དྲན་པའི་ཡོན་ནི་འདི་ཙམ་ཞིག་མ་མཐའ་འབུལ་ཞེས་ཞུས་ཀྱང༌། མྱུར་དུ་རྒྱ་གར་དུ་འགྲོ་བ་དོན་ཆེ། རྙེད་པ་དང་ནོར་གྱི་དགོས་པ་མེད། བཤད་པ་དང་གདམས་ངག་གི་འཕྲོ་རྣམས་ངའི་ཆོས་ཀྱི་སྤུན་རྣམས་ཀྱིས་འཆད་པར་འགྱུར། རྣམ་རྟོག་ཤས་ཆེ་བར་འདུག་པས། གདམས་ངག་ལ་ལ་བཤད་ཀྱང་མི་བཏུབ་པ་འདུག་གསུང་ཞིང་བཞུགས་སུ་མ་གནང༌། རྗེ་འདི་ཉིད་རྒྱ་གར་བའི་ལུགས་ལ་ལྟོས་པའི་དབང་དང་གདམས་ངག་གནང་བ་ལ་བཀའ་ཡངས་པར་འདུག་ཅིང༌། འོན་ཀྱང་བླ་མེད་ཀྱི་དབང་དང་གདམས་ངག་འདི་ཀུན་ནི། སློབ་མ་བཞིར་ལོངས་པ་ལ་ཕྱོགས་གཅིག་ཏུ་འཆད་པ་ཆེར་མེད་གསུངས། དམ་པ་འདི་གོང་དུ་བཤད་པ་ལྟར། མཁས་པའི་ཡོན་ཏན་ཡང་བསམ་གྱིས་མི་ཁྱབ་ཅིང༌། རྣལ་


TNT17_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པའི་རྟགས་མཚན་ཁོ་བོ་ཅག་གི་ཐ་མལ་བའི་མིག་གི་མཐོང་བ་ཡང༌། ཉི་མ་ཕྱེད་ཙམ་དུ་རླུང་གི་རྒྱུ་བ་བཀག་ནས་བཞུགས་པ་དང༌། ཤིན་ཏུ་གྲང་བའི་ཚེ་ཡང་སྐུ་ལུས་གཅེར་བུར་བཞུགས་པ་ལ་ཉམས་ང་བ་མེད་པར་མ་ཟད། ཉེ་འཁོར་འདོམ་གང་ཙམ་ཚུན་ཆད། ཚ་ཚུབ་ཚུབ་པ། གཞན་གྲང་བ་ལས་སྐྱོབ་ནུས་ཤིང༌། རླུང་རྣམས་ཞལ་དང་ཤངས་ཀྱི་རྒྱུ་བ་བཀག་ནས། སྤྱན་དང་སྙན་ནས་ཅི་བདེར་འབྱུང་འཇུག་ནུས་པ་དང༌། ཞབས་ཆུ་ལ་མི་བྱིང་བ་དང༌། ཕྱག་སོར་གཉིས་ས་ལ་བཙུགས་ཏེ་སྐུའི་བརྗིད་ཐམས་ཅད་བོར་ཡང་ཡུན་རིང་དུ་ཐེག་པ་དང༌། གཞན་གྱི་སེམས་མཁྱེན་པ་སོགས་ལྐོག་གྱུར་གཟིགས་པ་མངའ་འོ། །སྐུ་ལུས་ཡང་བས་ཐོག་སོ་གཉིས་གསུམ་སྐུ་ལྷུང་དུ་བཅུག་ཀྱང་ལྤགས་པ་བསྐྱུར་བ་འདྲ་བ་ཟེམ་ཟེམ་འབབ་པ་དང༌། རི་གཟར་པོ་ལ་ཡང་ཐང་བཞིན་གཤེགས་པ་དང༌། དུག་དང་དངུལ་ཆུ་ལ་སོགས་པས་སྐུ་ལ་གནོད་པ་མེད་པ་དང༌། ཐུགས་བྱམས་པའི་ངང་ཚུལ་གྱིས་ཁྱི་དང་གཅན་གཟན་མ་རུངས་པ་རྣམས་ཀྱང་སྐུ་ལ་ལྡག་པ་སོགས་ཡིད་ཆགས་པར་བྱེད་ལ། བྱ་རོག་དང་བྱིའུ་ལ་སོགས་པ་རྣམས་སྐུ་པང་དང་ཕྱག་རྩེར་འོང་ཞིང༌། ཕྱག་གིས་བྱུགས་ཀྱང་མི་འབྲོས་པར་དགའ་བཞིན་པས་གནས་པ་དང༌། དབང་བསྐུར་བའི་ཚེ་ཡེ་ཤེས་དངོས་སུ་འབེབ་པར་ནུས་པ་དང༌། དཀྱིལ་འཁོར་ལས་འོད་འཕྲོ་བ་སོགས་ཆོ་འཕྲུལ་ཅི་རིགས་པ་སྐལ་ལྡན་


TNT17_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ངོར་སྟོན་པར་མཛད་པ་དང༌། མིའི་ཁ་ཟས་གསོལ་བ་མེད་ཀྱང༌། མི་མ་ཡིན་གྱིས་ཕུལ་བའི་ཞལ་ཟས་ཀྱིས་འཚོ་བ་དང༌། ལྷའི་རྣལ་འབྱོར་ལ་ཐུགས་རྩེ་གཅིག་ཏུ་བཞག་པའི་ཚེ་ད་ལྟའི་སྣང་བ་འདི་དངོས་སུ་འགག་ཅིང༌། དུས་རྟག་ཏུ་ཕྱི་ནང་ཐམས་ཅད་གཞི་མེད་རང་གྲོལ་དུ་གཟིགས་པའི་ཡེ་ཤེས་མངའ་སྟེ། བདག་ཅག་ཉི་ཚེ་བ་རྣམས་ཀྱི་སྤྱོད་ཡུལ་ཡང་དེ་འདྲ་ན། སྐུ་གསུང་ཐུགས་ཀྱི་ཡོན་ཏན་གྱི་ཕ་མཐའ་ནི་སུ་ཞིག་གིས་བགྲང་བར་སྤྱོད། ཡི་དམ་གྱི་ལྷ་ཇི་ལྟར་གཟིགས་ཚུལ་ཞུས་པས། དངོས་སུ་ནི་མ་མཐོང༌། རྨི་ལམ་གྱི་མཚན་མ་བརྟན་པོ་ལ། རྡོ་རྗེ་ཕག་མོ་དང༌། སྒྲོལ་མའི་རྣམ་པ་ཡང་ཡང་འོང༌། དཔལ་ཧེ་རུ་ཀ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའང་ལན་འགའ་རེ་མཐོང་གསུང༌། དེ་ཡང་ཞལ་གཟིགས་དངོས་ཀྱི་དབང་དུ་བྱས་ཤིང༌། བདག་ཅག་བློ་ཆུང་རྣམས་ཀྱི་དོན་གསུངས་ཀྱི། ཉམས་ཀྱི་སྣང་བ་ལ་གཟིགས་པ་ནི་ཅི་རིགས་པ་གོང་དུ་བརྗོད་པ་ལྟར་ཡང་ཡིན་ལ། གཞན་ཡང་རྟག་ཏུ་རྒྱུན་མི་ཆད་པར་གཟིགས་ཀྱིན་ཡོད་པར་སྣང་ངོ༌། ཁོ་བོ་ཡང་སྐུ་དྲུང་ན་ཡོད་པ་ལ། ལན་གཅིག་ནམ་མཁའ་ལ་གཟིགས་ཤིང་སྐུ་ཉམས་དང་གསུང་ཉམས་མང་པོ་ཞིག་མཛད་ཀྱིན་འདུག་པ་ལ། ཇི་ལྟར་ཡིན་ནན་གྱིས་ཞུས་ཤིང་གསོལ་བ་བཏབ་པས། ལཱུ་ཡི་པ་དང༌། པདྨ་འབྱུང་གནས་འཁོར་མང་པོ་དང་བཅས་ཏེ་ནམ་མཁའ་ལ་གཤེགས་པར་འདུག་གསུང༌། སིནྡྷུ་ཧིང་ག་ལྔ་ཙིའི་གནས་སུ་བྱོན་པ་མན་ཆད། སྔོན་གྱི་གྲུབ་


TNT17_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་མང་པོ་དང་ཡང་ནས་ཡང་དུ་མཇལ། ཡང་བཀའ་ལས་ཁོ་བོས་སྔགས་བཟླས། རླུང་བསྒོམས། ཆུ་དང་གཡང་ས་དང་ཆོམ་པོ་དང༌། ལྟོ་གོས་ཀྱི་འཇིགས་པ་མེད་པས་ང་ནི་གནས་སྐོར་བྱེད་པ་བློ་བདེ་ཞིང་སྐྱིད་པོ་ཡོད་ཀྱང་གསུང་ངོ༌། །དེ་ལྟར་ན་བདག་གིས་དམ་པ་འདི་ལ་གཞུང་དང་མན་ངག་ཅི་རིག་པར་ཐོབ་མོད་ཀྱི། དེ་ཙ་ན་འབྱོར་པ་ཡང་ཆུང༌། རྣམ་རྟོག་ཀྱང་རྒོད་པས། རྫོགས་རིམ་གྱི་མན་ངག་གི་གནད་ཟབ་མོ་ཅི་རིགས་པ་ཐོབ་ཀྱང༌། མང་པོ་ཞིག་མ་ཐོབ་ཅིང༌། བླ་མ་ཉིད་ཀྱིས་བཀའ་སྩལ་ལྟར། གཞུང་གི་བཤད་པ་རྣམས་ནི་དམ་པ་འདི་ཉིད་ཀྱི་མཆེད་གྲོགས། སློབ་དཔོན་ནིརྦཱ་ཎ་ཤྲཱིའི་ཞབས་དང༌། པུརྞ་བཛྲ་གྱི་ཞབས་ལས་མཐའ་ཆོད་པར་ནོད་མོད་ཀྱི། སྔར་མ་ཐོབ་པའི་མན་ངག་རྣམས་ཞུས་དུས། ཕལ་ཆེར་མི་བཞུགས་གསུང་ནས་མི་གནང་ངོ༌། །དམ་པ་འདི། དེ་ནས་བོད་ཀྱི་ཡུལ་ཁམས་གཞན་ཅི་རིགས་པ་རྣམས་སུ་ཕེབས་ནས། སྐྱིད་གྲོང་ཕྱཽགས་སུ་ཟླ་བ་གསུམ་ཙམ་བཞུགས་གནང་ཟེར། འགྱང་ཙམ་བཞུགས་བདེན་ཡིན། ཡང་སྐབས་དེ་ཉིད་དུ་ཀ་སྣར་ཐང་བའི་ཚོང་པ་འབྲས་དོལ་ཁར་ཕྱིན་པ་དང་ཡང་མཇལ་ངེས་ཡིན་ཟེར། སྐུ་ལུས་ཀྱི་བཀོད་པ་གཉིས་པར་སེམ། དེ་ནས་བལ་ཡུལ་མཐིལ་དུ་ཕེབས། འཇུ་འཇུ་འགའ་ཞིག་གིས་ཞབས་རྟོག་དང་འབུལ་བ་ཆེར་བྱས་པ། དེ་ཉིད་དུ་འཕོངས་པ་ཐམས་ཅད་ལ་སྩལ། བལ་


TNT17_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་གནས་ཐམས་ཅད་མཇལ་བར་མཛད། ཟླ་བ་གཉིས་གསུམ་ཙམ་བཞུགས། དེ་ནས་ཡུལ་བྷང་ཤྱ་ཡང་ཟེར། ཙམྤཱ་ར་ཎར་ཕེབས། སྔར་གྱི་སློབ་མ་རྣམས་དང་མཇལ་ཏེ། དཔོན་སློབ་ལྷན་ཅིག་ཏུ་པྲ་ཡ་ག་སོགས་ཀྱི་ལམ་རྒྱུད་ནས། གྲུབ་ཆེན་ཞི་བ་སྦས་པའི་དྲུང་དུ་ཕེབས་ཏེ། རྡོ་རྗེ་སློབ་དཔོན་གཙོ་བོར་བཞུགས། ཁ་གེནྡྲའི་རི་ལ་གནས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ། འཁོར་ལོའི་མཆོད་པ་རྒྱ་ཆེན་པོ་མཛད། འདི་སྐབས་ནི་སློབ་དཔོན་ཆེན་པོ་ཞི་བའི་ཞབས་ཀྱང༌། སློབ་མ་རྙིང་པ་མཆོག་རྣམས་མ་གཏོགས་ཕལ་ཆེར་དང་མི་མཇལ་བར་ལོ་གཅིག་གཉིས་འགྲོ་ཚོད་ཡིན་པར་འདུག བཞུགས་ས་ཡང་ཕུག་པ་ཟབ་མོ་མི་བཟད་པ་ཅིག་ཡོད་པར་འདུག རྗེ་འདིས་ཟླ་གཅིག་ཙམ་ཁ་གེནྡྲའི་གནས་དེར་བཞུགས་ཏེ། ཉིན་རེ་བཞིན་གྲུབ་ཆེན་ཞི་བའི་ཞབས་ཀྱི་སྐུ་དྲུང་དུ་ཕེབས་གྱིན་འདུག་ཟེར། དེ་ནས་ཡང་ཡུལ་དབུས་ཀྱི་ལམ་རྒྱུད་ནས་བྷངྒ་ལར་ལོ་གཅིག་ཙམ་བཞུགས། སྤྱོད་པ་པའི་རྣལ་འབྱོར་ཕོ་མོ་ཉི་ཤུ་ཙམ་ཞབས་འབྲིང་དུ་བྱུང་ལ། སླར་ཏི་ཕུ་རའི་ཡུལ་དུ་ཕེབས། ལོ་མང་རབ་བཞུགས། དེ་ནས་ད་ལྟ་དེ་ཝི་ཀོ་ཊ་དང་ཉེ་བ་ཞིག་ན་བཞུགས་ཞེས་ཐོས་སོ། །འདི་དག་གི་སྐབས་ཀྱི་ཡུལ་སོ་སོའི་ངོ་མཚར་བའི་གཏམ་མང་པོ་ཡོད་མོད་ཀྱི། འདིར་རྣམ་ཐར་དཀྱུས་གོ་བའི་གེགས་སུ་འགྱུར་བར་སྣང་བས་མ་བྲིས་སོ། ༈ ཡང་སྨྲས་པ། རྗེ་བཙུན་མཆོག་འདིའི་བཀའ་དྲིན་གྱིས། །


TNT17_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཀྱང་སྐལ་བ་བཟང་པོར་གྱུར། །འགྲོ་ལ་རྟག་ཏུ་ཕན་དགོངས་པ། །བརྩེ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་སྔོན་མ་རུའི་དུས་ཡུལ་ཕྱོགས་སུ། ང་ཙོར་གྱུར་ཏེ་འདབ་ཆགས་ཀྱི། །འགྲོ་བ་མང་ལ་ཆོས་སྟོན་པ། །དེ་ཚེ་གཙོ་བོར་གྱུར་ལ་འདུད། །རི་བོ་པོ་ཊ་ལ་ཡི་ངོགས། །དགེ་བསྙེན་རིགས་སྔགས་འཛིན་གྱུར་ནས། །སྤྱན་རས་གཟིགས་དབང་སློབ་དཔོན་དུ། །བསྟེན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དུས་གཞན་ཞིག་ན་ཨོ་རྒྱན་དུ། །ལྭ་བའི་ཞབས་ཀྱིས་རྗེས་བཟུང་ནས། །བླ་མར་གུས་པའི་ཚད་དུ་བཞག །གཙོ་འཁོར་གཉིས་མེད་གྱུར་ལ་འདུད། །ས་འོག་སྤྱོད་པའི་མི་མ་ཡིན། །རིགས་འཛིན་མཐུ་སྟོབས་ཆེར་གྱུར་ནས། །ཀླུ་དང་ལྷ་མིན་དབང་པོ་སོགས། །འགྲོ་བའི་དོན་ཆེན་མཛད་ལ་འདུད། །དེང་འདིར་གྲུབ་པ་ཐམས་ཅད་ཀྱི། །ཞལ་ལུང་དངོས་སུ་གསོལ་མཛད་ནས། །སྐལ་ལྡན་མང་པོའི་དོན་མཛད་པའི། །གྲུབ་པའི་དབང་ཕྱུག་ཁྱོད་ཕྱག་འཚལ། །འདི་འོག་ལྕང་ལོ་ཅན་དུ་ནི། །བཛྲ་ཤུ་ཀླ་ཞེས་བྱ་བ། །གསང་བའི་བདག་པོའི་ཕོ་ཉར་འགྱུར། །རིགས་སྔགས་བདག་པོ་དེ་ལ་འདུད། །དེ་འོག་ཨིནྡྲ་ནཱི་ལའི་འོད། །ཅེས་བྱ་སངས་རྒྱས་ཞིང་མཆོག་ཏུ། །རྡོ་རྗེ་སྡེ་ཞེས་བྱ་བ་ཡི། །འཁོར་ལོའི་བསྒྱུར་རྒྱལ་དེ་ལ་འདུད། །སླར་ཡང་ཞིང་དེར་དགའ་ལྡན་གནས། །མཛེས་བྱེད་གསེར་གྱི་དབང་པོ་ཞེས། །སྐྱེ་བ་


TNT17_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གིས་ཐོགས་པའི་ཚུལ། །སེམས་དཔའ་ཆེ་ལ་སྤྱི་བོའི་འདུད། །དེ་ནས་དེ་བཞིན་གཤེགས་པ་ནི། །རིན་ཆེན་རབ་འཕྲོ་སྣང་བ་ཞེས། །ཐེག་ཆེན་དམ་ཆོས་སེང་གེའི་སྒྲ། །སྒྲོག་མཛད་རྒྱལ་བ་ཁྱོད་ལ་འདུད། ཁྱོད་སྔོན་ཤཱཀྱ་ཐུབ་པའི་དྲུང༌། །ཞིང་པར་གྱུར་ཏེ་དད་པ་བསྐྱེད། །དེ་ནས་བརྩམས་ཏེ་དུས་རྟག་ཏུ། །མཆོད་འོས་གྱུར་པ་ཁྱོད་ལ་བསྟོད། །དེ་དག་ནི་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་དང༌། དཔལ་ཧེ་རུ་ཀས་ལུང་བསྟན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པའི་ཚུལ་ཤིན་ཏུ་གསང་བ་ཆེན་པོས་བཀའ་སྩལ་པའི་སྐྱེས་རབས་རྣམས་སོ། །ཞེས་པ་འདི་ནི་བླ་མ་དམ་པ་ལྷོ་ཕྱོགས་པ་སངས་རྒྱས་སྦས་པའི་མགོན་པོའི་རྣམ་པར་ཐར་པ་སྟེ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་པདྨོ་ལ་ཉེ་བར་རེག་པས་རྡོ་རྗེ་ཐེག་པ་ལ་བློ་གྲོས་ཀྱི་སྣང་བ་རྒྱས་པའི་བཀའ་དྲིན་ཐོབ་པ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་གཞན་ལ་ཕན་པའི་ཕྱིར་སྒྲོ་སྐུར་སྤངས་ཏེ་དངོས་གནས་ལྷུག་པར་བརྗོད་པའོ། །ཐོག་མའི་དུས་ཀྱི་བརྗེད་བྱང་ལས་གསལ་བར་ཕྱེ་བ་འདི་ནི་རང་ལོ་ཉེར་བདུན་པ་ལའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཞུས་དག །མདྒལཾ།། །།


previousགྲུབ་ཆེན་བུདྡྷ་གུཔྟའི་རྣམ་ཐར་རྗེ་བཙུན་ཉིད་ཀྱི་ཞལ་ལུང་ལས་གཞན་དུ་རང་རྟོག་གི་དྲི་མས་མ་སྦགས་པའི་ཡི་གེnext