Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
རྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད།next

རྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད།


TNT17_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད་བཞུགས།


TNT17_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དགེ་ལེགས་དཔྱིད་ཀྱི་དགའ་སྟོན་རྣམ་འཕྲུལ་བ། །གང་འདིར་ཡིད་བྱུང་གཡུལ་ལས་རྣམ་རྒྱལ་ཏེ། །དཔལ་ལྡན་ཕྱོགས་ཀྱི་དགའ་མའི་སྐྱེད་ཚུལ་དུ། །མཆོག་ཏུ་གྲོལ་བའི་དགའ་སྟོན་སྦྱིན་འདི་མཚར། །སྙན་པའི་དྲི་བསྲུང་གཡོ་ལྡན་པ། །ཕྱོགས་ཀུན་ཡ་མཚན་རི་མོ་ཡི། །རབ་ཏུ་རྒོད་པ་ལྷུར་ལེན་པ། །འཕྲོག་བྱེད་ཀྱི་ནི་ཞལ་བཟང་བཞིན། །ངོ་མཚར་གཏམ་གྱི་སྦྱོར་བ་ནི། །གང་འདིར་དྲི་ཟའི་བུ་མོ་ཡི། །རྒྱུད་མངས་ཀྱི་ནི་རྗེས་འགྲོ་བ། །ཡིད་ཅན་རྣ་བའི་བདུད་རྩི་ཉིད། །གང་ཡང་ཡང་དག་པའི་ལམ་ལ་ཤིན་ཏུ་གོམས་ཤིང་སྨོན་ལམ་གྱིས་དབང་དུ་གྱུར་པ་རྣམས་ནི། གཞན་གྱིས་མ་བསྐུལ་བར་ཡང་དགེ་བ་ལ་འཇུག་པ་ལྟ་ཅི་སྨོས། དེ་བས་ན་དགེ་བ་ལ་ཡོངས་སུ་གོམས་པར་བྱའོ། །དེ་ཡང་འདི་སྐད་ཅེས་བྱ་སྟེ། ནམ་


TNT17_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་སྔོན་གྱི་ལེགས་བྱས་ཀྱི། །བདུད་རྩིས་འཚོ་བྱེད་མཁར་ཉལ་བུ། །བདེ་སོགས་བདག་བཞིན་མཆོད་སྦྱིན་བརྒྱས། །མངོན་པར་བསྒྲུབས་པའི་མི་བདག་ནི། །མུ་ཀུན་ད་ཡི་ལྷ་ཞེས་པ། །ཆུ་གཏེར་བཞི་ཡི་སྐེ་རགས་ཅན། །འབྱུང་པོ་འཛིན་བྱེད་ནོར་འཛིན་མ། །གང་གི་འཇུག་བྱེད་ན་ཡང་སྤྱོད། །བློ་ལྡན་ས་འཛིན་དེ་ཡི་བཀའ། །ཕྱོགས་ཀུན་མི་བདག་མགོ་བོ་ལ། །སྣང་བྱེད་ཅོད་པན་རབ་འཆར་བ། །ཉི་གཞོན་ཤར་གྱི་རི་ལ་བཞིན། །དེ་ཡང་ཤར་ཕྱོགས་ཏི་པཱུ་རིའི་རྒྱུད་དུ། ཟླ་བའི་རིགས་ཀྱི་རྒྱལ་རིགས་ཞིག་གིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཟླ་བ་དྲུག་ཏུ་བསྒྲུབས་པས། རྨི་ལམ་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་བྲམ་ཟེའི་གཟུགས་ཀྱིས་བྱོན་ཏེ། ཁྱོད་ཅི་འདོད་གསུང་བ་ལ། འཕགས་པ། བདག་དང་


TNT17_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རིགས་ཐམས་ཅད། རྒྱལ་སྲིད་ཐོབ་པར་འགྱུར་བ་དེ་ལྟ་བུ་འཚལ་ལོ། །ཞེས་གསོལ་བས། འཕགས་པའི་གསུང་གིས། འཇིག་རྟེན་ན་བསོད་ནམས་དང་ལྡན་པ་ཉུང་མོད་ཀྱི། འོན་ཀྱང་བརྒྱུད་པ་བཅོ་ལྔའི་བར་དུ་དེ་ལྟར་འགྱུར་རོ། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནང་པར་འཕགས་པ་ལ་མཆོད་པའི་དོན་དུ། ཁ་སརྤཱ་ཎིར་ཆས་པ་ལས་མཐར་གྱིས་ཕྱིན་ཏེ། དེ་ཉིད་དུ་མཆོད་ཅིང་འདུག་གོ །དེའི་ཚེ་ཤར་ལྷོའི་ཡུལ་ཨཽ་ཌི་ཤའི་རིགས་ཀྱི་གཙོ་བོ་རྣམས་ཀྱིས་བདག་ཅག་རྣམས་སྔོན་རྒྱལ་པོ་ཡོད་པའི་དུས་སུ་ནི་བདེ་ལ། ད་ལྟར་ནི་འཐབ་རྩོད་ཀྱིས་མི་བདེ་བས། འོ་སྐོལ་རྣམས་ཀྱིས་རྒྱལ་པོ་ཞིག་བཙལ་ལོ་ཞེས་ཕྱོགས་མང་པོར་སོང་བ་ལས། མཐར་གྱིས་ཁ་སརྤཱ་ཎི་མཆོད་པར་བྱེད་པའི་རྒྱལ་རིགས་ཀྱི་བུ་དེ་ཁྱེར་ནས་སེང་གེའི་ཁྲི་ལ་བཞག་ཅིང་དབང་བསྐུར་བས། མིང་ཡང་ཨཱ་ག་མ་རཱ་ཛ་ཞེས་གྲགས་སོ། །དེ་ཉིད་ཀྱི་བུ་བརྒྱུད་བརྒྱད་པར་གྱུར་པ། རྒྱལ་པོ་མུ་ཀུན་ད་དེ་བ་ཞེས་བྱ་བ་བྱུང་སྟེ། ཡུལ་ཨཽ་ཌི་ཤ གྷ་ཧཱུ་ར། བཱ་ག་ལ། བོ་ཌ། ཛཱ་རི་ཁཾ་ཌ། ཀ་ལིཉྫ་ར་རྣམས་སྔ་ནས་ཀྱང་མངའ་རིས་སུ་ཡོད་པ་ལས། དཔུང་གི་སྟོབས་ཀྱིས་ཏྲི་ལིཾ་ག་ཞེས་བྱ་བའི་རྒྱལ་ཁམས་དང༌། ཡུལ་དབུས་ཕལ་ཆེར་ཡང་མངའ་འབངས་སུ་ཆུད་ཅིང་རྒྱལ་པོ་གླང་པོའི་བདག་པོ་ཞེས་གྲགས་སོ། །རྒྱལ་པོ་དེའི་སྲས་བ་ར་པ་རཱ་མ་བརྷ་རི་ཞེས་བྱ་བ། མ་ག་ད་དང༌།


TNT17_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་བརླག་དང༌། པྲ་ཡ་ག་རྣམས་ཀྱི་བདག་པོའི་ས་ལ་གནས་པ་ཞིག་གི་སྲས་སུ་གྲུབ་ཆེན་ཀ་ཧྣ་པའི་རྣམ་འཕྲུལ་དུ་མི་འཇིགས་པའི་བདེན་པས་ཞལ་གྱིས་མཆེས་པ་བླ་མ་དམ་པ་ཀུན་དགའ་གྲོལ་མཆོག་དེ་ཉིད་ཡང་སྲིད་ལེན་པའི་ཚུལ་མཛད་ཅེས་གྲགས་ཏེ། གྲོང་ཁྱེར་གཱ་ཡར་བལྟམས་པའི་ཉིན། ཕོ་བྲང་གི་ཡང་ཐོག་ཏུ་རྣལ་འབྱོར་པ་གཅེར་བུ་ཐལ་བས་ལུས་ལ་བྱུགས་པ་ཞིག་ལམ་གང་ནས་འོངས་ཆ་མེད་པར་བྱུང་སྟེ། དེ་ན་མཆོད་པའི་ལས་ལ་བརྩོན་པའི་བྲམ་ཟེ་རྣམས་ཀྱིས་མི་གཙང་ངོ་སྙམ་ནས། སྡེ་ཚན་བཅུ་གཉིས་ཀྱི་རྣལ་འབྱོར་པ་རྣམས་ནི་འཆོལ་བའི་སྤྱོད་པ་ཅན་ཏེ་ཁོ་བོ་ཅག་གཙང་མའི་ལས་ལ་མངོན་པར་དགའ་བ་རྣམས་ལ་ཚུལ་འདི་འོས་པ་མ་ཡིན་པས་རྣལ་འབྱོར་པ་འདིར་མ་འདུག་ཅིག་བརྗོད་པས། རྣལ་འབྱོར་པ་དང་མཆོད་རྫས་གཉིས་ཀ་དེ་ཉིད་དུ་མི་སྣང་བར་གྱུར་ནས་དེ་རྣམས་ཕན་ཚུན་དུ་མི་དང་མི་མ་ཡིན་པ་སུ་ཞིག་ཅེས་སྨྲ་བ་ལ་ཡང་རྣལ་འབྱོར་པ་གཞན་ཞིག་དེ་ཉིད་དུ་བྱུང་ནས། དམ་པ་གུ་རུ་ན་མཱ་སྟེ་ན་མོ་ཞེས་སྨྲས་ནས་དེ་ཡང་མི་སྣང་བར་གྱུར་ཏོ། །དེ་ནས་དུས་གཞན་ཞིག་ན་བཙས་སྟོན་རྒྱ་ཆེན་པོ་བྱེད་པའི་ཚེ། ཡབ་རྒྱལ་པོ་ཉིད་སྔ་ནས་མུ་སྟེགས་སྤྱོད་པ་པ་ཁོ་ན་ལ་དད་པའི་དབང་གིས་དཔག་ཚད་བརྒྱད་འཁོར་ཡུག་ཏུ་ཕྱི་ནང་གི་རབ་ཏུ་བྱུང་པ་གཞན་བསྲུང་ཞིང་ཉིན་རེར་རྟ་བ་དང་རྔ་མོ་ལ་གནས་པ་དག་གིས་སའི་ཆ་རྣམས་རྟོག་པར་བྱེད་དོ། །དེ་ལྟར་


TNT17_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་དགུའི་བར་དུ་སྔར་གནས་པ་རྣམས་བསྐྲད་ཅིང༌། གློ་བུར་བ་ཡོངས་སུ་མི་སྟེར་བ་ལས། ཉི་མ་བཅུ་པའི་སྔ་དྲོ་མཆོད་སྦྱིན་གྱི་ཁང་པར་རྒྱལ་པོ་ཉིད་ཀྱང་བཞུགས་ཤིང༌། བྲམ་ཟེ་རྣམས་ཀྱིས་མཆོད་པ་བྱེད་པར་བརྩམས་པ་ན། སྲེད་མེད་ཀྱི་བུའི་སྐུ་ལ་མཆོད་ཡོན་འབུལ་བའི་ཚེ། གློ་བུར་དུ་གོ་དྷ་རི་གྱོན་པའི་རྣལ་འབྱོར་པ་ཐོད་པ་ཅན་ཞིག་གིས་མཆོད་སྦྱིན་གྱི་ཆུ་སྣོད་དུ་ཁྲུས་བྱས་པས། བྲམ་ཟེ་སྟག་དབྱུག་ཐོགས་པ་རྣམས་ཀྱིས་བརྡེག་པར་བརྩམས་པ་ན། ཕཊ་ཡེ་ཞེས་ཟེར་བས་མཆོད་སྦྱིན་གྱི་ཁང་པ་ཞིག་པས་དེ་ཐམས་ཅད་དངངས་པ་ན། རྣལ་འབྱོར་པ་དེའི་ཞལ་ནས་རྒྱལ་པོ་ལ་ཁྱོད་ཀྱི་བུ་ནི་སྐྱེ་བ་གཞན་དུ་སངས་རྒྱས་པའི་རིགས་ཡིན་པས་འདིའི་བཙས་སྟོན་ལ་བྲམ་ཟེའི་ལུགས་ཀྱི་མཆོད་སྦྱིན་བྱ་བར་མི་འོས། ངེས་པར་རྣལ་འབྱོར་པ་རྣམས་ལ་མཆོད་སྦྱིན་པ་རྒྱ་ཆེན་པོ་གྱིས་གསུང༌། འདི་སུ་ཞིག་ཡིན་ཞུས་པས། མེ་གྷ་ནཱ་ཐ་ཞེས་གསུངས་ནས་དེ་ཉིད་དུ་ས་ལ་ཐིམ་མམ་ཟེར། དེར་ཡང་རྣལ་འབྱོར་པའི་བཀའ་བཞིན་བྱས། མིང་རཱ་མ་གོ་བཱ་ལར་བཏགས། དེ་ནས་ཕྱིས་སྲས་ཀྱིས་གཏམ་སྨྲ་ཞིང་ཤེས་པའི་དུས་ན། སངས་རྒྱས་དང་སློབ་དཔོན་གཽ་རཀྵ་ཁོ་ནའི་བསྔགས་པ་བརྗོད་པ་ཞིག་བྱུང་སྟེ། ཡུམ་རྒྱལ་རིགས་ཀྱི་བུ་མོ་ལཀྵྨཱི་ནི་ཐོག་མ་ནས་ཀྱང་སངས་རྒྱས་ལ་དད་པས། ནུབ་ཕྱོགས་སཽ་རཥྟའི་པཎྜི་ཏ་གསུམ་ལྡན་རྡོ་རྗེ་འཛིན་པ་བསོད་སྙོམས་པ་ཞིག་སྤྱན་དྲངས་ནས། དེས་ཀྱང་སློབ་དཔོན་མ་


TNT17_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཁོལ་གྱིས་མཛད་པའི་སངས་རྒྱས་ཀྱི་བསྟོད་པ་མང་པོ་འཛིན་དུ་བཅུག ལྷག་པའི་ལྷ་མང་པོའི་དབང་བསྐུར་བ་དང༌། རིགས་སྔགས་སྦྱིན་པས་སྔོན་གྱི་སྐྱེ་བ་མང་པོ་དྲན་ཅིང༌། ཁྱད་པར་ཡང་སྲིད་སྔ་མ་གངས་རིའི་ཁྲོད་དུ་ཆོས་ཀྱི་སྒྲོན་མེ་སྦར་བའི་ཚིག་དོན་དང་ཡི་གེ་དང་སྐད་རྣམས་ཐམས་ཅད་ཡོངས་སུ་དྲན་ཅིང་གཞན་རྣམས་ལའང་མང་དུ་བསྟན་པས་བྲམ་ཟེ་དང་མུ་སྟེགས་ཅན་ཀུན་ཀྱང་ངོ་མཚར་དུ་བྱེད་ཅིང༌། ཡང་བསོད་སྙོམས་པ་ཀུཔྟ་མི་ཏྲ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་ནོད་ཅིང་ཟབ་མོའི་ཆོས་ཀྱང་མང་དུ་ནོད་ནས་བཟླས་པ་དང་རྣལ་འབྱོར་སོགས་ཀྱང་ཅི་རིགས་པར་བྱེད་ཅིང༌། རྒྱལ་པོའི་སྲས་སུ་སོང་བས། དངུལ་ཏོ་ལ་མང་པོས་མེ་ཏོག་སོགས་རྩེད་མོའི་ཡོ་བྱད་སྣ་ཚོགས་པ་ཉོས་ཏེ་རྩེད་མོར་སྤྱོད་པ་ན་ཡང་སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་རྣམས་ཁོ་ན་ལ་མཆོད་པའི་ཚུལ་དུ་མཛད་དོ། །ཡང་སྐབས་ཤིག་ན། རཱ་ཛ་གྲྀ་ཧ་དང༌། གུར་པ་པར་པ་ཏ་དང་ཉེ་བའི་ནགས་ཚལ་རྣམས་སུ་འཁོར་ཉུང་ཤས་དང་བཅས་དེ་རྒྱུ་བ་ན། ཤིང་དྲུང་ཞིག་ན་རྣལ་འབྱོར་པ་ཞིག་བཅུད་ལེན་སྒྲུབ་པའི་གཡོག་ཐམས་ཅད་སྤྲེའུ་གསུམ་དང༌། དོམ་ཞིག་གིས་བྱེད་པ། སྐབས་འགར་མཉམ་པར་བཞག་པ་ན་རླུང་གི་རྒྱུ་བ་འགག་པ་ཞིག མཐོང་བ་ཙམ་གྱིས་ལྷག་པར་མོས་པས་ཕྱག་འཚལ་ཞིང་དེ་ཉིད་དུ་འདུག་ནས། གྲོང་ཁྱེར་དུ་མི་འགྲོའོ། །རྣལ་འབྱོར་པ་དེ་ནི་གྲུབ་ཐོབ་ཆེན་པོ་ཨོ་ཀོ་ར་ནཱ་ཐའི་


TNT17_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་ཀྱི་སློབ་མ་མེ་གྷ་ནཱ་ཐའམ་ཛྭ་ལ་ནཱ་ཐ་ཞེས་བྱ་བ་ཡིན་ནོ། །འདིར་བླ་མ་དེ་གཉིས་ཀྱི་ལོ་རྒྱུས་ཅུང་ཟད་བསྙད་ན། དང་པོ་ནི་ཡུལ་དབུས་ན་རྒྱལ་རིགས་ཀྱི་བུ་ཞིག་ཆུང་ངུ་ནས་ཕ་འདས་ཤིང༌། ཕུ་བོའི་ཁྱིམ་དུ་གསོ་བ་ལས། བཱི་རཱུ་པཀྵིའི་སློབ་བརྒྱུད་ཛོ་གི་ཞིག་གིས་རྣལ་འབྱོར་མའི་སྒྲུབ་ཐབས་ཞིག་བྱིན་ནོ། །དེ་ཙམ་མ་གཏོགས་ལོ་བཅོ་བརྒྱད་ལོན་གྱི་བར་དུ་རིག་པ་གཅིག་ཀྱང་མ་བསླབས་པས། ཡིད་མི་དགའ་ནས་ཕུ་བོ་དང༌། ཁྱིམ་བདག་མོས་བླུན་པོ་ཁྱོད་ཀྱིས་ཅི་རུང་ཞེས་སྤྱོས་ནས་ཕྱིར་ཕྱུང་བས་ཡིད་འབྱུང་ནས། གཞན་གྱི་ཡུལ་དུ་སློང་མོས་འཚོ་ཞིང་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་པར་བྱེད་ཅིང་མཐར་གྱིས་ལོ་བཅུ་དྲུག་སོང་བ་ན། ཏིང་ངེ་འཛིན་བཟང་པོ་ཡང་སྐྱེས་ནས་ནུབ་ཕྱོགས་ཧིཾ་ག་ལ་ཙི་ལྷ་མོ་ཨུ་མའི་གནས་སུ་སོང་ནས་ལྷ་མོའི་རྡོ་སྐུའི་སྟེང་དུ་ཟླ་བ་དྲུག་གཉིད་ཀྱི་འོད་གསལ་ཐུན་གཅིག་བསྒོམས་པས་ལྷ་མོ་བསྐྲག་ནས། རྣལ་འབྱོར་པ་རྀད་དྷི་དེ་ཧི་ཀི་ནི་དྷི་དེ་ཞེས་ཟེར་བ་ན་རྣལ་འབྱོར་པས་རྫུ་འཕྲུལ་དང་གཏེར་གྱིས་ཅི་བྱེད། ཡེ་ཤེས་ཀྱི་དངོས་གྲུབ་སྦྱིན་ན་བླང་མོད། ལྷ་མོས་བདག་ལ་གྲུབ་ཐོབ་སྦྱིན་དུ་མེད། གཽ་རཀྵ་ལས་ལོང་ཟེར་བས་ན་དེས་གཽ་རཀྵ་འཚོལ་དུ་སོང་བ་ན། སིན་དྷུའི་ཡུལ་ན་རྣལ་འབྱོར་པ་གྲངས་མེད་པ་འདུག་པའི་གྲལ་གྱི་ཐ་མ་ཞིག་ན། བཞིན་ཤིན་ཏུ་མི་སྡུག་པ། ཡན་ལག་ལས་རྣག་ཁྲག་ལྷུང་བ་ཞིག་འདུག་པས་དེ་ཡིན་པར་ཤེས་ནས་ཕྱག་བཙལ་ཞིང་གསོལ་བ་བཏབ་པས།


TNT17_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བྱིན་གྱིས་རླབས་པའི་ཚོད་མ་ཕུལ་གང་སྩལ་བ་འཐུངས་པས་དེ་ཉིད་དུ་ཤེས་བྱའི་ཡུལ་ཀུན་ལ་མངའ་བརྙེས། ཆོས་ཉིད་མངོན་སུམ་དུ་མཐོང་བའི་གྲུབ་ཐོབ་ཆེན་པོར་གྱུར་ནས། ཆོས་བཤད་པས་འདིའི་སློབ་རྒྱུད་ཤིན་ཏུ་མང་ངོ༌། །འདིའི་གསུང་འགའ་ཞིག་མུ་སྟེགས་ཀྱི་གཞུང་ལུགས་དང་བསྲེས་ནས་སྤྱོད་པའི་མུ་སྟེགས་པའི་རྣལ་འབྱོར་པའང་ཨོ་ཀཽ་ར་པནྠི་ཞེས་པ་མང་དུ་བྱུང་ངོ༌། །ཕྱི་མ་ནི་དུས་མ་ཡིན་པར་ཆར་འབེབས་པ་དང༌། ལུས་ལ་མེ་འབར་བའི་ཆོ་འཕྲུལ་བསྟན་པས། སྤྲིན་གྱི་མགོན་པོ་དང་འབར་བའི་མགོན་པོ་ཞེས་གྲགས་སོ། །དེ་ནས་རྒྱལ་བུ་རཱ་མ་གོ་པཱ་ལས་སློབ་དཔོན་དེ་ལ་བསྙེན་བཀུར་མང་དུ་མཛད་པ་ན། སློབ་དཔོན་དེས་ཀྱང་ལྷག་པའི་ལྷས་བྱིན་གྱིས་བརླབས་པ་དང༌། གདམས་ངག་ཀྱང་འདོམས་པར་མཛད་ཅིང༌། བུ་ཁྱིམ་དུ་མ་འགྲོ་བར་དེ་ཉིད་དུ་འདུག་ཤིག་ཅེས་གསུང་ནས་འདུག་པ་ན། ཡབ་ཀྱིས་སློབ་དཔོན་ལ་ངའི་བུ་འདི་ཉིད་དུ་རྫོངས་ཤིག་ཅེས་བརྗོད་པས། སློབ་དཔོན་གྱིས་ཀྱང་འདི་ནི་ངའི་ཆོས་ཀྱི་བུ་ཡིན་པས་ང་དབང་བ་ཡིན་ནོ་ཞེས་སླར་གསུངས་པ་ན། རྒྱལ་བུ་ར་མ་བྷར་ཏ་རི་ཁྲོས་ནས། ཞོ་ཤས་འཚོ་བ་དག་ཅིག་འཕྲོག་ཏུ་བཏང་པས་འཕྲོག་པར་མ་ནུས་ཤིང༌། སླར་རྟ་བ་སྟོང་ཕྲག་གཅིག་ལ་རྣལ་འབྱོར་པ་ངན་པ་དེ་ཆོམས་ཤིག་ཅེས་སྨྲས་ཏེ་བཏང་པ་དེ་རྣམས་སློབ་དཔོན་གྱི་དྲུང་དུ་ཉེ་བར་སླེབ་པ་ན། སློབ་དཔོན་གྱིས་སྔགས་


TNT17_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྦྱོར་བ་ཅུང་ཟད་ཅིག་གིས་དེ་ཐམས་ཅད་ཀྱི་ཕྱིན་པ་རེངས་ཏེ་གཡོ་འགུལ་མ་ནུས་པ་ན་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཨེ་མ་མཐུ་དང་ལྡན་པའི་རྣལ་འབྱོར་པ་འདི་ལ་བདག་ཅག་མོས་པར་བྱའོ། །ཞེས་ཕན་ཚུན་གཅིག་གིས་གཅིག་ལ་འདོམས་ཤིང་དད་པ་བསྐྱེད་པས་རེངས་པ་རྣམས་གྲོལ་ཞིང༌། སླར་རྒྱལ་པོ་ལ་སྦྲན་པས། རྒྱལ་པོ་ཡང་ངོ་མཚར་སྐྱེས་ནས། སློབ་དཔོན་གྱི་དྲུང་དུ་སོང་སྟེ་ཕྱག་འཚལ་ཞིང༌། དངུལ་ཏ་ར་སྙིམ་པ་མང་པོ་གཏོར་ཏེ་བཟོད་པར་གསོལ་བས་སློབ་དཔོན་གྱིས་ཀྱང་བི་བྷཱུ་ཏིའི་ཐིག་ལེ་ཡང་སྩལ་ཏོ། །དེ་ནས་དུས་གཞན་ཞིག་ན་གོང་མ་རྒྱལ་པོ་མུ་ཀུན་ད་དེ་བ། ཌི་ལཾ་པཱ་ཙ་བ་སྟག་གཟིག་གི་རྒྱལ་པོ་རྩོད་པར་གྱུར་ཏེ། མ་ག་དྷ་ནས་ཟླ་ཕྱེད་ཙམ་ནུབ་ཏུ་འོངས་པ། ཡུལ་མ་ཐུ་ར་ས་ཀ་རི་ཞེས་པའི་གྲོང་ཁྱེར་སྲང་ག་ལ་ཡང་ཉི་མ་གཉིས་ཀྱི་ལམ་ཡོད་པ་ཞིག་ཏུ་རྒྱལ་པོ་རཱ་མ་བྷ་ར་ཏ་རི་དམག་དཔུང་སུམ་འབུམ་ཙམ་དང་ལྷན་ཅིག་གནས་པ་ན། སློབ་དཔོན་ཆེན་པོ་མེ་གྷ་ནཱ་ཐ་ཡང་དེ་ཉིད་དུ་བྱོན་ཏེ་ཕན་ཚུན་གྱི་དམག་དཔོན་གཉིས་ཀར་ལས་བསོད་སྙོམས་གསོལ་ཏེ་བདེན་པའི་ཚིག་གི་སྟོབས་ཀྱིས་འཁྲུག་པའང་རང་ཞི་ལ། ཁྱད་པར་ཌི་ལིའི་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་དྲུག་སྟོང་ཙམ་གྱི་གཙོ་བོ་གསུམ་དང༌། རྒྱལ་པོ་གླང་པོའི་བདག་པོའི་གཡུལ་དུ་སྤྱོད་པའི་གླང་པོ་ཆེ་ཀུན་གྱི་མཆོག་གོ་པཱ་ལ་ཧསྟི་ཞེས་བྱ་བ། ལུས་ཀྱི་དཔང་ལ་


TNT17_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་སུམ་ཅུ་རྩ་བརྒྱད་ཡོད་པ་གླང་ཆེན་ཕལ་པ་ཉིས་བརྒྱའི་བྱ་བ་བྱེད་པར་གྲགས་པའི་གླང་ཆེན་མཆོག་དེ་རྣམས་ཀྱང་ཕྱག་རེ་རེས་གནོན་པའི་ཆོ་འཕྲུལ་སྟོན་ཅིང༌། དམ་པ་འདིས་ཀྱང་སྔགས་དང་མཉམ་གཞག་ཅུང་ཟད་རེ་མཛད་པ་ན། རྒྱལ་པོ་གཉིས་ཀའི་རྟའི་ཚོགས་རྣམས་རེས་བསྐུལ་ཡང་མི་འགྲོ། རེས་བཟུང་བར་ཡང་མི་ནུས་པ་མཐོང་ནས། སྐྱེ་བོ་ཐམས་ཅད་ཆེས་ངོ་མཚར་བར་གྱུར་ཏོ། །ཡང་སྐབས་ཞིག་ཡབ་རྒྱལ་པོ་དེ་ཉིད་ཀུ་བེ་ར་དང་ཞི་བ་ལ་མཆོད་པ་ནམ་བྱེད་རེས་ཀྱི། སློབ་དཔོན་མེ་གྷ་ནཱ་ཐ་རྫུ་འཕྲུལ་གྱིས་མངོན་དུ་བྱོན་ནས། ཁྱོད་ཀྱི་རིགས་ཀྱང་སངས་རྒྱས་ཁོ་ན་མཆོད་ན། འདི་མི་འོས་ཞེས་ཟློག་པར་མཛད་དོ། །ལན་ཅིག་རྩེད་མོའི་ཞོར་ལ་ལམ་གྱི་གཞི་མདོའི་ལྡིང་ག་ཞིག་ལ་བྱི་ཙེ་སྙིམ་པ་གང་གཏོར་བ་ནའང་མིག་འཕྲུལ་བཞིན་དུ་སློབ་དཔོན་དཔོན་སློབ་གཉིས་དེར་བྱོན་ནས་སྔར་བཞིན་བཟློག་པས། དེ་ཕྱིན་ཆད་ཡབ་རྒྱལ་པོའང་སངས་རྒྱས་པ་རྣམས་རྫུ་འཕྲུལ་ཆེ་ཞེས་གཙོ་བོར་མཆོད་དོ། །དེ་ལྟར་དམ་པ་འདིས་ནི་སྐབས་འགར་སློབ་དཔོན་རྣམ་གསུམ་སོ་སོའི་དྲུང་དང༌། སྐབས་འགར་ཕོ་བྲང་དུ་བཞུགས་ཤིང༌། ཡབ་དང་ལྷན་ཅིག་ཡུལ་པུཎྜ་བརྔྷ་ན་དང༌། ཁ་སརྤཱ་ཎ་དང༌། ར་ར་རྣམས་བརྒྱུད་ནས་ཨུ་ཌི་ཤ ཛ་གད་ནཱ་ཐ། ཀཊ་ཀ་བྷ་ན་ར་སི། ཨུ་ཤི་ར་ན་ལི་ཏ་གྷཱ་ཧཱུ་ར་བྷོ་ཌ་རྣམས་སུའང་བྱོན།


TNT17_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་ཨཱ་ནནྡ་བྷ་དྲའི་དཔོན་པོ་ཨཱ་ནནྡ་པྲ་ཤྲོ་ཏི་དང་ཡང་མཇལ། འཕགས་མ་སྒྲོལ་མའི་བཟླས་ལུང་མནོས་པས་རྗེས་སུ་བཟུང་བའི་རྟགས་འཕྲལ་དུ་བྱུང་བར་གྲགས་[འདི་རྒྱལ་པོ་གྲག་ཤོས་ཡིན།]ཤིང༌། རཱ་ཛ་གྲྀ་[རྒྱལ་པོའི་ཁབ་]ཧ། ག་ཡ་ཤིརྵ་གུརླ་རི་བྱ་རྐང༌། གྲྀ་དྷ་[བྱ་རྒོད་ཕུང་པོ་]ཀུ་ཊ་སོགས་རྒྱལ་པོའི་གནས་ཆེན་ཀུན་དང༌། ནགས་དང་གྲོང་ཁྱེར་ཀུན་ཏུ་བསྐོར་ཞིང་ངོ་མཚར་སྒྱུ་མའི་རོལ་རྩེད་ཅན་ཞིག་གོ །དེ་ལྟར་སྐྱེས་བུ་མཆོག་གི་ལོ་བརྒྱའི་བྱ་བ་ཞིག་ལོ་བརྒྱད་དུ་ཉེ་བ་ལ་རྫོགས་པར་མཛད་པར་གྲགས། དེ་ལས་སྐྱེ་བ་འཕོས་པ་ནི་ད་ལྟའི་འདིའོ། །དེ་ལྟར་ན་སྔོན་གོམས་པ་རྣམས་ནི་དགེ་བ་ལ་ངང་གིས་འཇུག་པ་ཡིན་ནོ་ཞེས་དགེ་བ་ལ་གོམས་པའི་ཡོན་ཏན་བསྔགས་པ་ལ་སྦྱར་བར་བྱའོ། །བླ་མ་དམ་པ་ཚུལ་བཞིན་བསྟེན་པ་རྣམས་ནི་འཕགས་པ་རྣམས་རྟག་ཏུ་རྗེས་སུ་འབྲང་བའི་ཕྱིར། བླ་མ་བསྟེན་པའི་ཡོན་ཏན་བསྔགས་པ་ལའང་སྦྱར་བར་བྱའོ། །སྨོན་ལམ་གྱིས་ལེགས་པར་བསྒྲུབ་པ་རྣམས་ནི་ངེས་པར་ལེགས་པ་ཁོ་ནར་འགྱུར་རོ་ཞེས་སྨོན་ལམ་གྱི་སྟོབས་ལའང་སྦྱར་བར་བྱའོ།། །།འདིར་སྨྲས་པ། ཚོགས་གཉིས་རིན་ཆེན་ཡིད་ཀྱི་ཤིང་རྟ་དང༌། །ཡང་དག་སྨོན་ལམ་རྟ་བདུན་རབ་སྦྱར་བས། །དོན་གཉིས་རབ་རྒྱས་སྣང་བྱེད་བདག་པོ་ནི། །ས་གསུམ་མཁའ་ལ་ཐོགས་པ་མེད་པར་སྤྱོད། །ཆུ་ཡི་


TNT17_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལས་ཐིགས་ཚུལ་དུ། །དམ་པའི་རྣམ་ཐར་བརྗོད་པ་ལས། །བསོད་ནམས་གང་ཞིག་ཐོབ་གྱུར་པ། །མ་གྱུར་འགྲོ་བ་ཡོངས་ལ་བསྔོ། །ཞེས་པའང་མཁྱེན་ཡངས་མིའི་དབང་པོའི་བཀས་བསྐུལ་ནས། ཏཱ་ར་ནཱ་ཐས་རང་ལོ་ཉེར་གསུམ་པ་ལ་འགུར་མོའི་ཕོ་བྲང་དུ་སྦྱར་བའོ། །གཅིག་ཞུས་དག །མངྒ་ལཾ། བྷ་ཝན་ཏུ།། །།


TNT17_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་བུ་དགའ་བྱེད་ས་སྐྱོང་གི་རྟོགས་བརྗོད།next