Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དོན་ཅུང་ཟད་བཤད་པ།
   
   
   
   
   
   
   
   
   
   


 
previousདཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དོན་ཅུང་ཟད་བཤད་པ།next

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དོན་ཅུང་ཟད་བཤད་པ།


TNT17_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དོན་ཅུང་ཟད་བཤད་པ་བཞུགས།


TNT17_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དོན་ཅུང་ཟད་བཤད་པར་བྱ་སྟེ། འདིར་རྗེས་སུ་དྲན་པ་ཞེས་པའི་རྗེས་སུ་དྲན་པའི་དོན་ནི་དངོས་པོ་ལ་ཡོན་ཏན་ཇི་ལྟར་ཡོད་པ་ལྟར་མ་ནོར་བར་རྗེས་སུ་ཞུགས་པ་ཉིད་དོ། །དེ་ལ་འདི་ནི་དཀར་པོའི་ཆོས་མཐའ་དག་གི་རྩ་བར་གྱུར་པ། ཡུལ་མཆོག་ལ་དད་པ་བསྐྱེད་པའི་ཆེད་དུ་ཡིན་ལ། དད་པ་དང་མོས་པ་དང་གུས་པ་ཞེས་བྱ་བ་ཡང༌། གནས་སྐབས་མང་པོ་ཞིག་ཏུ་བློའི་རིགས་མཚན་ཉིད་ཤིན་ཏུ་ཐ་དད་པར་ཡང་འཆད་ཅིང༌། གནས་སྐབས་གཞན་འགའ་ཞིག་ཏུ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་ཡང་བྱེད་དོ། །འོན་ཀྱང་སྐབས་འདིར་གསུམ་པོ་དོན་གྱི་གཙོ་བོ་ལ་གཅིག་པར་འགྱུར་ཞིང་ཆ་ཤས་ཕྲ་མོ་ནས་ཁྱབ་ཆེ་ཆུང་ཅུང་ཟད་ཡོད་པར་ཡང་བྱའོ། །དེ་ཡང་


TNT17_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་ནི་རྣམ་པ་གསུམ་སྟེ། དང་བའི་དད་པ་དང༌། ཡིད་ཆེས་པའི་དད་པ་དང༌། འདུན་པའི་དད་པའོ། །དང་པོ་ནི། འདིར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས་ནས། དེ་རྣམས་མཆོག་ཏུ་འཛིན་ཅིང༌། མཆོག་ཏུ་ཤེས་པ་དང༌། དེ་ཡང་ཡིད་ལ་དགའ་བ་ཕུན་སུམ་ཚོགས་པ་མཆོག་དང་མཚུངས་པར་ལྡན་པའོ། །ཡིད་ཆེས་པའི་དད་པ་ནི། དེ་བཞིན་གཤེགས་པ་ལ་ཡོན་ཏན་དེ་དང་དེ་ཡོད་པར་ཡིད་ཆེས་པ་དང༌། ལུང་གི་ཆོས་ནས་ཇི་སྐད་བཤད་པ་ལ། དོན་བདེན་ཅིང་ངེས་པའི་ཚིག་ཏུ་ཡིད་ཆེས་པ་དང༌། རྟོགས་པའི་ཆོས་དང༌། དགེ་འདུན་ལ་ཡང་དེ་དང་དེའི་ཡོན་ཏན་དང་ལྡན་པར་ཡིད་ཆེས་པ་དང༌། དོན་དམ་པའི་ཆོས་འགོག་པའི་བདེན་པ་ཡང༌། སྐྱོན་ཐམས་ཅད་དང་བྲལ་བར་ཡིད་ཆེས་པ་དང༌། གང་སྐྱོན་ཐམས་ཅད་དང་བྲལ་བ་དེ་ནི་ཡོན་ཏན་ཐམས་ཅད་དང་


TNT17_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཡིན་ཏེ། གང་དང་གང་གི་ཕན་ཡོན་དང་མི་ལྡན་པ་དེ་ཉིད་སྐྱོན་ཡིན་པའི་ཕྱིར་རོ། །འདུན་པའི་དད་པ་ནི། སངས་རྒྱས་དང་དགེ་འདུན་གྱི་གོ་འཕང་ཐོབ་པར་འདུན་ཅིང་འདོད་པ་དང༌། ལུང་གི་ཆོས་ཁོང་དུ་ཆུད་པར་འདོད་པ་དང༌། དོན་དམ་དབྱིངས་ཀྱི་ཆོས་མངོན་དུ་བྱ་བར་འདོད་པ་དང༌། རྟོགས་པའི་ཆོས་རྒྱུད་ལ་སྐྱེད་པར་འདོད་པ་རྣམས་འདུན་པའི་དད་པ་དངོས་ཡིན་ལ། རྣམ་གྲངས་ཙམ་དུ་དཀོན་མཆོག་མཆོད་པར་འདོད་པ་དང༌། ཡོན་ཏན་སྒྲགས་པར་འདོད་པ་དང༌། ལུང་གི་ཆོས་དར་བར་འདོད་པ་ལ་སོགས་པ་ཡང་འདུན་པའི་དད་པ་ཡིན་ནོ། །དེ་དག་ཀྱང་དང་བ་དང་ཡིད་ཆེས་པའི་དད་པ་སྔོན་དུ་སོང་བས་ནི་དེ་ལྟར་ཡིན་གྱི། ཁེའི་ཕྱིར་དང༌། གྲགས་པ་འདོད་པ་དང༌། འགྲན་པའི་ཕྱིར་མཆོད་པ་ལ་སོགས་དེ་རྣམས་འདོད་པ་ནི། དེ་དང་དེར་འདུན་པ་ཙམ་ཡིན་ཡང་དད་པ་ནི་མ་ཡིན་ནོ། །མོས་པ་ཞེས་བྱ་བ་ནི། ངེས་པའི་དངོས་པོ་ལ་ངེས་པར་འཛིན་པ་སྟེ། སྐབས་འདིར་ནི་གང་ཡོན་ཏན་དང་ལྡན་པ་དང༌། གང་མི་བསླུ་བ་དེ་ལ་ཡོན་ཏན་དང་ལྡན་པར་ཤེས་ཤིང་མི་བསླུ་བར་ཤེས་པ་སྟེ། གཙོ་ཆེར་ཡིད་ཆེས་པའི་དད་པ་ཡིན་ནོ། །ཡང་མངོན་པ་ལས། དགའ་དང་གུས་ཉིད་ངོ་ཚ་ཤེས། །ཞེས་ཀྱང་འབྱུང་མོད། སྐབས་འདིར་གུས་པ་ནི་ཡུལ་དེ་ཉིད་མཆོག་ཏུ་ཤེས་པ་ཡིན་པས། ཕལ་ཆེར་དང་བའི་དད་པར་འདུ་བ་ཡིན། ཡང་བསླབ་པ་ལ་གུས་པ་ཞེས་པ་ལྟ་བུ་ཡིད་ཆེས་པའི་དད་པའི་


TNT17_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱང་ཡོད་ལ། དེ་ལས་གཞན་གུས་པར་སྦྱོར་བ་ཞེས་པ། བརྩོན་འགྲུས་ཤུགས་དྲག་པོ་ལ་བཤད་པའང་ཡོད་མོད་སྐབས་འདིར་མི་སྦྱར་རོ། །གང་དཀོན་མཆོག་གསུམ་ལ་དད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་ནི་སྐྱབས་སུ་འགྲོ་བ་ལེན་པར་འགྱུར་ཞིང༌། སོ་སོ་ཐར་པའི་སྡོམ་པ་ལེན་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་ཡང་འགྱུར་ལ། བསླབ་པ་གསུམ་དང་ཕ་རོལ་ཏུ་ཕྱིན་པ་དག་ལ་ཡང་འཇུག་པར་འགྱུར་བས། ལམ་ཐམས་ཅད་ཀྱི་རྩ་བ་ནི་དད་པ་ཡིན་ལ། དེ་ཡང་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལ་རག་ལས་སོ། །དེ་ལ་དང་པོར་སངས་རྒྱས་རྗེས་སུ་དྲན་པའི་དབང་དུ་བྱས་ནས། འདི་ལྟར་བཅོམ་ལྡན་འདས་ཞེས་པ་ལ་སོགས་པའོ། །འདི་ལ་ཚིག་དང་པོ་དགུ་ནི། མདོར་བསྟན་པའི་དབང་དུ་བྱས་ཤིང༌། ཐེག་པ་ཆེ་ཆུང་ཐམས་ཅད་ལ་ཐུན་མོང་དུ་ཡོངས་སུ་གྲགས་པ་ཡིན་ནོ། །དེ་ལ་འདི་ལྟར་ཞེས་པ་ནི། འཆད་པར་འགྱུར་བའི་ཡོན་ཏན་ཐམས་ཅད་འདི་ལྟ་སྟེ་ཞེས་པའོ། །དེ་ཡང་དོན་དགུ་སྟེ། སྡོམ་ནི། བགེགས་བཅོམ་པ་དང་བཤད་པ་དང༌། །སྤང་དང་ཡེ་ཤེས་ཕུན་ཚོགས་དང༌། །རྒྱུད་དང་ཇི་ལྟར་གཤེགས་པ་དང༌། །འཇིག་རྟེན་ལ་གཟིགས་སྐལ་ལྡན་འདུལ། །སྟོན་པ་ཉིད་དེ་ཡོན་ཏན་དགུ། །གང་ལ་གནས་པའི་གཞི་ཉིད་དོ། །དེ་ལ་བགེགས་བཅོམ་པ་ནི། བཅོམ་ལྡན་འདས་ཞེས་པ་སྟེ། བཅོམ་


TNT17_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གྱི་མཚན་ཉིད་གང་ལ་མངའ་བའི་སངས་རྒྱས་དེ་ནི་ཞེས་པའོ། །དེ་ལ་བགེགས་ནི་ཕུང་པོ་དང༌། ཉོན་མོངས་པ་དང༌། འཆི་བདག་དང༌། ལྷའི་བུའི་བདུད་བཞི་ལས། དང་པོ་གསུམ་སྤངས་ཤིང༌། བཞི་པས་གནོད་པ་བྱེད་པའི་ཡུལ་ལས་འདས་པའི་ཕྱིར། བདུད་བཞི་བཅོམ་པའི་ཡོན་ཏན་དང་ལྡན་པའོ། །དེ་ལ་བྷ་ག་ཝཱན་ཞེས་བྱ་བ་ལ། བཅོམ་ལྡན་དང༌། སྐལ་ལྡན་དང༌། ལེགས་ལྡན་ལ་སོགས་པ་དོན་སྣ་ཚོགས་པར་འགྱུར་བའི་ཕྱིར། དྲང་སྲོང་སེར་སྐྱ་དང༌། རྒྱལ་རིགས་ནག་པོ་ལ་སོགས་པ་ལ་ཡང༌། བཅོམ་ལྡན་དུ་གྲགས་པའི་ཕྱིར་ན། དེ་ལས་ཁྱད་པར་དུ་འབྱེད་པའི་དོན་དུ་འཇིག་རྟེན་ལས་འདས་པ་ཉིད་ཀྱི་ཕྱིར་འདས་ཞེས་པ། སྔོན་གྱི་ལོ་ཙཱ་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ཐབས་སུ་བསྣན་པ་ཡིན་གྱི། ལེགས་སྦྱར་གྱི་སྐད་ལ་སྐབས་འདིར་འདས་པའི་སྒྲ་ནི་མེད་དོ། །བཤད་པ་ཕུན་སུམ་ཚོགས་པ་ནི། དེ་བཞིན་གཤེགས་པ་ཞེས་པ་སྟེ། རང་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་རྟོགས་པ་བཞིན་དུ། གཞན་ལ་ཡང་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། དེ་བཞིན་ནི་དེ་ཁོ་ན་བཞིན་གྱི་ཕྱིན་ཅི་མ་ལོག་པའི་དོན་ཡིན་ལ། གཤེགས་པ་ནི་རང་གིས་རྟོགས་པའམ་གཞན་རྟོགས་སུ་འཇུག་པའོ། །སྤངས་པ་ཕུན་སུམ་ཚོགས་པ་ནི་དགྲ་བཅོམ་པ་ཞེས་པ་སྟེ། དགེ་བའི་ཆོས་ལ་གནོད་པ་བྱེད་པའི་དོན་གྱི་ན། ཉོན་མོངས་པ་


TNT17_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་དང་བཅས་པ་ནི་དགྲ་སྟེ། དེ་སྤངས་པའི་ཚུལ་གྱིས་བཅོམ་པའོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། ཕྱིན་ཅི་མ་ལོག་པར་ཤེས་བྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལ། མི་གཉིད་སངས་པ་བཞིན་དུ་མི་ཤེས་པ་མཐའ་དག་པ་སངས་ཤིང༌། པདྨ་ཁ་བྱེ་བ་ལྟར་བློ་གྲོས་ཀྱི་སྣང་བ་རྣམ་པ་ཐམས་ཅད་དུ་རྒྱས་པ་ཡིན་ནོ། །སྤངས་པ་དང་ཡེ་ཤེས་དེ་གཉིས་ནི་སྒྲུབ་པ་ཕུན་སུམ་ཚོགས་པ་ཞེས་ཀྱང་བྱ་ལ། དེ་གཉིས་དང་བཤད་པ་ཕུན་སུམ་ཚོགས་པ་སྟེ་གསུམ་དང་ལྡན་པ་ནི། འགྲོ་བའི་དོན་ཕྱིན་ཅི་མ་ལོག་པ་སྐྱོན་མེད་པར་སྤྱོད་ནུས་པའི་ཕྱིར། སྟོན་པ་ཕུན་སུམ་ཚོགས་པ་ཡིན་ཏེ། དེ་ཡང་སྟོན་པ་སངས་རྒྱས་ཁོ་ན་ལ་ཡོད་ཀྱི། དྲག་པོ་དང༌། ཁྱབ་འཇུག་ལ་སོགས་པ་གང་ལ་ཡང་ཡོད་པ་མ་ཡིན་པས། ཐུན་མོང་དུ་མ་གྱུར་པའི་ཡོན་ཏན་ནོ། །དེ་ལ་དྲང་སྲོང་རྒྱས་པ་ལ་སོགས་པ་ནི། ལྟག་འོག་འགལ་བར་སྨྲ་བ་དང༌། སྒྲ་ངན་གྱི་འཐབ་མོ་ལ་ལུང་བསྟན་པ་ཐོག་ཏུ་མ་བབས་པས་ཆོས་ཐམས་ཅད་ལ་བློ་གྲོས་རྒྱས་པ་མ་ཡིན་ལ། དགའ་བྱེད་ལ་སོགས་པ་འདོད་ཆགས་ཀྱི་དབང་དུ་གྱུར་པ་དང༌། སྡུག་བསྔལ་གྱིས་འཁོལ་ཞིང་སྡིག་པ་སྤྱོད་པ་དེ་དག་ལ་ནི། རང་ཉིད་ཉོན་མོངས་པའི་གཞན་དབང་དུ་གྱུར་པས། གཞན་སྐྱོབ་པའི་ནུས་པ་ཅི་ཞིག་ཡོད། གང་ཞིག་རང་རྒྱལ་ལ་སོགས་པ་


TNT17_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྟོགས་ཀྱང༌། མི་སྨྲ་བ་དེས་ནི་གཞན་རྗེས་སུ་འཛིན་པར་མི་ནུས་པས། དེའི་ཕྱིར་བཤད་པ་ཕུན་ཚོགས་སྨོས་སོ། །དེ་ལྟ་བུའི་སྟོན་པ་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་ལ། རིག་པ་ནི་ཡང་དག་པའི་ལྟ་བ་ཡིན་ལ། ཞབས་ནི་རྟོག་པ་དང༌། ངག་དང༌། ལས་ཀྱི་མཐའ་དང༌། འཚོ་བ་དང༌། རྩོལ་བ་དང༌། དྲན་པ། ཏིང་ངེ་འཛིན་འཕགས་པའི་ལམ་རྣམས་སོ། །ཡང་ན་ལྷག་པའི་ཤེས་རབ་ནི་རིག་པ་ཡིན་ལ། ཚུལ་ཁྲིམས་དང་སེམས་ཀྱི་བསླབ་པ་ནི་ཞབས་སམ། གཞན་ཡང་རིག་པ་ནི་རིགས་པ་གསུམ་ཡིན་ལ། ཞབས་ནི་ཕུན་སུམ་ཚོགས་པ་བཞི་སྟེ། ཚུལ་ཁྲིམས་དང༌། སྤྱོད་པ་དང༌། ཟློག་པ་དང༌། མཐོང་ཆོས་བདེར་གནས་ཀྱི་ལྷག་པའི་སེམས་སོ། །བཤད་པའི་རྣམ་གྲངས་གསུམ་པོ་དེ་ཡང་དོན་གྱི་གནད་གཅིག་ལ་འདུ་སྟེ། ཡང་དག་པའི་ལྟ་བ་དང༌། ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང༌། ཟག་ཟད་རིག་པ་རྣམས་དངོས་པོ་གཅིག་ལ་འདུ་བའི་ཕྱིར་དང༌། ཡང་དག་པའི་ངག་སོགས་གསུམ་དང༌། ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཚུལ་སྤྱོད་ཟློག་པ་གསུམ་ངོ་བོ་གཅིག་པའི་ཕྱིར་དང༌། ཡང་དག་པའི་ཏིང་ངེ་འཛིན་དང༌། སེམས་ཀྱི་བསླབ་པ་དང༌། མཐོང་ཆོས་བདེར་གནས་ཀྱི་ལྷག་སེམས་རྣམས་ཀྱང་དོན་གྱི་གཙོ་བོ་གཅིག་པའི་ཕྱིར་རོ། །དེ་ལ་རིག་པ་གསུམ་ནི། སྔོན་གྱི་མཐའ་རིག་པ་དང༌། ཕྱི་མའི་


TNT17_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་རིག་པ་དང༌། ཟག་ཟད་རིག་པའོ། །སྤྱོད་པ་ཕུན་སུམ་ཚོགས་པ་ནི། སྤྱོད་ལམ་ཐམས་ཅད་དུ་ཤེས་བཞིན་དུ་གནས་པའོ། །ཟློག་པ་ཕུན་སུམ་ཚོགས་པ་ནི་དབང་པོའི་སྒོ་བསྡོམས་པ་སྟེ། དེ་གཉིས་ནི་ཚུལ་ཁྲིམས་དག་པར་བྱེད་པ་དང༌། ཏིང་ངེ་འཛིན་གྱི་ལྷན་ཅིག་བྱེད་པའོ། །མཐོང་ཆོས་བདེར་གནས་ཀྱི་ལྷག་པའི་སེམས་ནི། བསམ་གཏན་བཞི་པོ་དག་པ་བ་དང༌། ཟག་མེད་རྣམས་ཏེ་དེའི་ནང་ནས་ཀྱང་བཞི་པ་གཙོ་བོ་ཡིན་ལ། འདི་ལས་མངོན་ཤེས་རྣམས་སྒྲུབ་པའི་ཕྱིར། རིག་པ་གསུམ་ཡང་འབྱུང་བའོ། །དེ་ལྟར་རིགས་པ་ནི་གང་ཤེས་པར་བྱ་བ་དང༌། སྤངས་བྱ་དང་བླང་བྱའི་གནས་རྣམས་མ་ནོར་བར་མངོན་སུམ་གྱིས་མཐོང་བས་མིག་དང་འདྲ་བ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་སྒྲུབ་ཅིང་སྤྱོད་པ་ནི། མིག་གིས་བལྟས་པའི་ལམ་ལ་འགྲོ་བ་དང་འདྲ་བས། ཞབས་ཞེས་བྱའོ། །ཡང་ན་རིག་པ་ནི་མངོན་པར་ཤེས་པ་དྲུག་སྟེ། གོང་དུ་བཤད་པ་དང་དོན་འདྲ་ལ། ཞབས་ནི་རྫུ་འཕྲུལ་གྱི་རྐང་པ་བཞིའོ། །ཞེས་གཞན་ལས་བཤད་དོ། །ཇི་ལྟར་གཤེགས་པ་ནི། བདེ་བར་གཤེགས་པ་ཞེས་ཏེ། སུ་ག་ཏ་ཞེས་པའི་སྒྲ་ལས་དྲངས་ནས། བདེ་བར་གཤེགས་པ། ལེགས་པར་གཤེགས་པ། རབ་ཏུ་གཤེགས་པ་ཞེས་བྱ་བར་འགྱུར་ན། ལམ་བདེ་བ་ནས་འབྲས་བུ་བདེ་བར་གཤེགས་པའི་ཕྱིར་ཏེ། ལམ་གྱི་དུས་ན་བྱ་བ་མ་ཡིན་པ་སྤངས་ཤིང༌། གཞན་གྱི་


TNT17_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བསྔགས་པ་མ་ཡིན་པ་མི་འབྱུང་བ་དང༌། རང་ཞུམ་པ་དང་འཛེམ་བག་མེད་ཅིང༌། ཡིད་བདེ་བ་མང་པོའི་བྱ་བས་སྒྲུབས་པ་དང༌། འབྲས་བུའི་དུས་ན་སྡུག་བསྔལ་གྱི་རིགས་ཐམས་ཅད་སྤངས་ཤིང༌། ཟག་པ་མེད་པའི་བདེ་བ་ཕུན་སུམ་ཚོགས་པ་བརྙེས་པའི་ཕྱིར་རོ། །དེས་ནི་གྲུབ་མཐའ་ལ་ཞུགས་སམ་མ་ཞུགས་ཀྱང་རུང་སྟེ། འཁོར་བ་པ་རྣམས་ལས་ཁྱད་པར་དུ་བྱས་པ་སྟེ། དེ་དག་ནི་རྒྱུ་སྡུག་བསྔལ་ལས་འབྲས་བུ་སྡུག་བསྔལ་སྒྲུབ་པའི་ཕྱིར་རོ། །འདོད་པ་ན་སྤྱོད་པ་རྣམས་ནི་དེ་ལྟར་སྡུག་བསྔལ་བ་ཡིན་ཡང༌། བསམ་གཏན་དང་གཟུགས་མེད་ལ་གནས་པ་ནི་དེ་ལྟར་མ་ཡིན་ནོ་སྙམ་ན། དེའི་འབྲས་བུ་ཡང་སྡུག་བསྔལ་ཡིན་མོད་ཀྱི། དེ་ལྟར་མ་གོ་བའི་ངོར་ལེགས་པར་གཤེགས་པ་ཞེས་ཏེ། ལེགས་པ་ནི་སྤངས་ཟིན་སླར་མི་ལྡོག་པ་ལ་སྦྱར་ཏེ། རིམས་ནད་ལེགས་པར་བྱང་བ་བཞིན། ཉིད་ཀྱིས་སྤངས་པའི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སླར་མི་ལྡོག་པར་གཤེགས་ཤིང་སོང་བའོ། །འདིས་ནི་མུ་སྟེགས་སྙོམས་འཇུག་པ་རྣམས་ལས་ཁྱད་པར་དུ་བྱས་པའོ། །འོ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་དེ་ཡིན་ནོ་སྙམ་ན། རབ་ཏུ་གཤེགས་པ་སྟེ་རྟོགས་པར་བྱ་བའི་ཆོས་མཐའ་དག་རབ་ཏུ་སྟེ་མ་ལུས་པར་རྟོགས་ཤིང་གཤེགས་པ་ནི། བུམ་པ་མ་ལུས་པ་གང་བ་ལ་བུམ་པ་རབ་ཏུ་གང་བ་ཞེས་པ་ལྟ་བུ་སྟེ། དེ་ནི་དེ་བཞིན་གཤེགས་


TNT17_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁོ་ན་ལ་ཡོད་དེ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་རྟག་ཏུ་འཇུག་པ་ཡིན་ནོ། །དེ་ལྟར་དོན་ཚན་གཉིས་པོ་དེ་ནི་སྤངས་རྟོགས་ཀྱི་མཐའ་གཅོད་པ་ཡིན་ལ། འདི་ནས་བརྩམས་ཏེ་གསུམ་ནི་འཕྲིན་ལས་ཀྱི་དབང་དུ་བྱས་སོ། །དེ་ལ་འཇིག་རྟེན་ལ་གཟིགས་པ་ནི། འཇིག་རྟེན་མཁྱེན་པ་ཞེས་པ་སྟེ། ཐུགས་རྗེ་ཆེན་པོས་སེམས་ཅན་ལ་རྟག་ཏུ་གཟིགས་པས། སེམས་ཅན་བདེ་བའམ་སྡུག་བསྔལ་དང་ལྡན་པ་དང༌། འབྱོར་པ་དང༌། རྒུད་པ་དང༌། སྐལ་བ་དང་ལྡན་པ་དང༌། མི་ལྡན་པ་དང༌། འདུལ་བའི་དུས་ལ་བབ་པ་དང༌། མ་བབ་པ་དང༌། འདུལ་བའི་ཐབས་ཐམས་ཅད་མཁྱེན་པའོ། །བཤད་པའི་རྣམ་གྲངས་གཞན་ལས་ནི། སྡུག་བསྔལ་དང་ཀུན་འབྱུང་ཀྱང་མ་ལུས་པ་མཁྱེན་པ་ལ་འཇིག་རྟེན་མཁྱེན་པར་བཤད་པ་ཡང་ཡོད་དོ། །སྐལ་ལྡན་འདུལ་བར་མཛད་པ་ནི། མི་མཆོག་གམ་སྐྱེས་བུ་འདུལ་བ་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ཞེས་པ་སྟེ། མི་མཆོག་གམ་སྐྱེས་བུ་ནི་སྐལ་བ་དང་ལྡན་པ་སྟེ། དེ་དག་གིས་སེམས་རྒྱུད་འདུལ་བས་བྱང་ཆུབ་གསུམ་ལ་འགོད་པར་མཛད་པའོ། །དངོས་སུ་ཐར་བའི་ལམ་གྱིས་འདུལ་བའི་སྐལ་བ་མེད་པ་རྣམས་ནི། ངན་འགྲོ་ལས་འདོན་པ་དང༌། སྡུག་བསྔལ་ཆེན་པོ་རྣམས་ཆུང་ངུར་བསྒྱུར་བ་དང༌། མཐོ་རིས་ཀྱི་ལམ་ལ་འགོད་པར་མཛད་པ་ཡིན་ལ། མཐོ་རིས་དང་བྱང་གྲོལ་གང་ལ་ཡིན་ཡང་རུང་


TNT17_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཆེན་པོའི་སྐལ་བ་ལྡན་པ་ཆུང་ངུ་ལ་སྦྱར་བ་ནི་ནམ་ཡང་མི་སྲིད་དོ། ཁ་ལོ་བསྒྱུར་བ་ནི། ཇི་ལྟར་འདུལ་བའི་ཚུལ་གྱི་ཐབས་ལ་མཁས་པ་སྟེ། རྟ་དང་གླང་པོ་ཆེ་དང་ཤིང་རྟའི་ཁ་ལོ་བསྒྱུར་བ་རྣམས་ཀྱིས། དེ་དང་དེ་ལམ་དུ་འཇུག་པ་ལ་མཁས་པས་ལམ་བདེ་བ་ལ་སྦྱོར་བ་བཞིན། བླ་ན་མེད་པ་ནི། ཁ་ལོ་བསྒྱུར་བའི་ཁྱད་པར་སྟོན་པ་སྟེ། ཤིན་ཏུ་འདུལ་དཀའ་བ། འདོད་ཆགས་ཆེས་ཆེ་བ་གཅུང་དགའ་བོ་དང༌། ཞེ་སྡང་རབ་ཏུ་འབར་བ་སོར་མོའི་འཕྲེང་བ་དང༌། གཏི་མུག་གཤིན་ཏུ་འཐུག་པ་བྲན་བུ་དང་སྐྱོང་བ་ལ་སོགས་པ་དང༌། ང་རྒྱལ་ལྷག་པར་མཐོ་བ་སྟེང་རྒྱས་འོད་སྲུང་ལ་སོགས་པ་ཡང་ཉན་ཐོས་ཀྱི་བྱང་ཆུབ་ལ་བཞག་པར་མཛད་པ་ལྟ་བུའོ། །ཞེས་འཆད་དོ། །དེ་བཞིན་གཤེགས་པའི་འཕྲིན་ལས་ནི་སྣོད་དང་ལྡན་པ་དང་མི་ལྡན་པ་ཐམས་ཅད་ལ་ཡང་འཇུག་མོད་ཀྱི། ཐར་པའི་སྐལ་བ་ཅན་ནི་སྣོད་དང་ལྡན་པ་ཁོ་ན་ཡིན་པའི་ཕྱིར་དང༌། འཇིག་རྟེན་དུ་སངས་རྒྱས་འབྱུང་བའི་གནས་ཀྱི་གཙོ་བོ་ནི་མིའི་འཇིག་རྟེན་ཡིན་པའི་ཕྱིར། སྐལ་ལྡན་འདུལ་བ་དང་མི་མཆོག་འདུལ་བ་ཞེས་ནང་ཚན་གྱི་ཁྱད་པར་ནས་སྨོས་པ་ཡིན་ནོ། །འཕྲིན་ལས་དེ་གང་ལ་གནས་པའི་སྟོན་པ་ཉིད་ཀྱི་དོན་ནི། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་ཏེ། ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཡིན་ཡང༌། ལྷ་དང་མི་སྨོས་པ་ནི། ལྷ་དང་མི་རྣམས་


TNT17_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་བདེན་པ་མཐོང་བའམ། དགེ་སྦྱོང་ཚུལ་གྱིས་འབྲས་བུ་ཐོབ་པའམ། འཕགས་པའི་ས་ཐོབ་པ་མཐོང་གི། གཞན་ལ་ནི་མ་མཐོང་ལ། འགྲོ་བའི་མཆོག་ཀྱང་དེ་ཡིན་པས་གདུལ་བྱའི་གཙོ་བོ་དེ་དག་ཡིན་པས་འདིར་སྨོས་སོ། །འདི་ལྟར་བཤད་པ་ཡང་ཐེག་པ་ཐུན་མོང་གི་དབང་དུ་བྱས་པའོ། །དོན་དུ་ནི་འཇིག་རྟེན་དུ་ཡང་རྒྱལ་པོས་འདུད་ཅིང་ཕྱག་འཚལ་བ་ཞེས་བརྗོད་ན། འཁོར་རྣམས་ཀྱིས་འདུད་ཅིང་ཕྱག་འཚལ་བ་མ་སྨོས་ཀྱང་ཤུགས་ལ་གོ་བ་བཞིན་ནོ། །དེ་ལྟ་བུའི་ཡོན་ཏན་གང་ལ་མངའ་བའི་གཞི་སྟོན་པ་ནི། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་སླར་ཡང་ཟློས་ཏེ་སྨོས་པའོ། །འདི་ལ་ཟློས་པའི་སྐྱོན་ནི་མེད་དེ། སྔ་མ་ནི་ཡོན་ཏན་གྱི་ངོ་བོ་སྟོན་པའི་ཕྱིར་ཡིན་ལ། འདིར་ནི་ཡོན་ཏན་གང་ལ་མངའ་བའི་གཞི་སྐྱེས་བུའི་གཙོ་བོ་ཉིད་གོ་བའི་ཕྱིར་རོ། །ད་ནི་རྒྱས་པར་བཤད་པའི་རིམ་པ་རྣམས་བརྗོད་པར་བྱ་སྟེ། སྡོམ་ནི། གཏན་དུ་བཞུགས་དང་སྐུའི་རང་བཞིན། །གང་ལ་བརྟེན་དང་བྱ་བ་ཐབས། །གནས་དང་མ་ཆགས་ཇི་ལྟས་མཛད། །དོན་བསྡུ་རྣམས་སུ་ངེས་པར་བྱ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་ཞེས་པའི་ཚིག་གཉིས་ཀྱིས། གཏན་དུ་བཞུགས་པ་སྟེ། ལྷག་མེད་ཀྱི་དབྱིངས་སུ་ཡོན་ཏན་ཟད་པར་མི་འགྱུར་བར་རྟག་ཏུ་སེམས་ཅན་གྱི་དོན་མཛད་པ་སྟོན་ཏེ་འཁོར་བ་


TNT17_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་བ་ནི་རྣམ་སྨིན་ཕྱུང་ཟིན་ནས་ཟད་པར་འགྱུར་བ་དང༌། ཉན་རང་གི་དགེ་བ་ཡང་ལྷག་མེད་ཀྱི་དབྱིངས་སུ་ཟད་པར་འགྱུར་བ་ཉིད་ཀྱིས། བསོད་ནམས་ཀྱི་རྒྱུ་མཐུན་པ་རྟག་ཏུ་གནས་པ་མ་ཡིན་ལ། སངས་རྒྱས་ནི་སྔོན་བྱང་ཆུབ་སེམས་དཔའི་སྐབས། སྦྱིན་སོགས་ཐམས་ཅད་ཉིད་ཀྱི་བདེ་བའི་དོན་དུ་མ་བསྔོས་ཤིང༌། སེམས་ཅན་ཐམས་ཅད་ཀྱི་ཐར་པའི་དོན་དུ་བསྔོས་པས། དེ་མ་འགྲུབ་ཀྱི་བར་དུ་མི་ཟད་པ་དང༌། ཆོས་ཀྱི་དབྱིངས་དང་མཉམ་པར་སྒོམས་པའི་ཕྱིར་ཡང་སྟེ། རྒྱུ་དང་རྗེས་བུ་མཐུན་པ་འབྲས་བུ་ཡང་མི་ཟད་པའོ། །དེ་ལྟར་ཡང་རྒྱུད་བླ་མ་ལས། རྒྱུ་མཐའ་ཡས་དང་སེམས་ཅན་ཟད་མེད་དང༌། །བརྩེ་དང་སྤྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང༌། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟག །ཅེས་གསུངས་པ་དྲན་པར་བྱའོ། །དེ་ཉིད་ཀྱི་ཕྱིར་ན་དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ་སྟེ། སྔོན་དགེ་བ་རྩ་བ་མཛད་པ་ཐམས་ཅད་ཀྱི་འབྲས་བུ་རྒྱུན་ཆད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་:དྲན་[རན་]པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ་ཞེས་པ་ཚིག་དྲུག་པོའི་འདི་རྣམས་ཀྱིས། སྐུའི་རང་བཞིན་ཁྱད་པར་རྣམས་བསྟན་ཏེ། སྔར་རྟག་ཏུ་སེམས་ཅན་གྱི་དོན་རྒྱུན་


TNT17_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆད་པར་མཛད་དོ་ཞེས་བསྟན་ན། འགྲོ་དོན་མཛད་པའི་སྐུ་དེ་ཇི་ལྟ་བུ་ཞེས་པ་ལ་འདི་བསྟན་ཏེ། དེ་ཡང་གཟུགས་ཀྱི་སྐུའོ། །སྡོམ་ནི། རྩ་བ་རབ་དབྱེ་ངོ་བོ་དང༌། །གནས་སྐབས་བྱེད་ལས་ཕུན་སུམ་ཚོགས། །དེ་ལ་རྩ་བའི་རྒྱུ་བཤད་པ་ནི། བཟོད་པས་བརྒྱན་པ་སྟེ། བཟོད་པའི་མཐུ་ལས་སྐུ་བོང་ཚོད་ཆེས་འཕགས་ཤིང༌། ཁ་དོག་དང་དབྱིབས་མཛེས་པ་ཕུན་སུམ་ཚོགས་པ། རྒྱུ་བཟོད་པས་བརྒྱན་པའི་འབྲས་བུ། མཛེས་པ་ཉིད་རྒྱན་གྱི་དོན་ཏེ་སྐུ་ལ་རང་བཞིན་གྱིས་གྲུབ་པའོ། །དེ་ནི་མི་མཐུན་ཕྱོགས་ཁྲོ་བ་དང༌། འཁོན་དུ་འཛིན་པ་སྤངས་ཤིང༌། རྒྱུ་བཟོད་པ་ཉིད་བསྟེན་པའི་འབྲས་བུའོ། །བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི་ཞེས་པ་ནི་རབ་ཏུ་དབྱེ་བའི་རྒྱུ་བཤད་པ་སྟེ། སྐུའི་བ་སྤུའི་ཁུང་བུ་རེ་རེ་ཡང་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོ་བཅུ་འགྱུར་བཅུ་འགྱུར་གྱིས་འགྲུབ་པོ་ཞེས་སོགས་བསོད་ནམས་མཐའ་ཡས་པ་སོ་སོ་སོ་སོ་ལས། སྐུའི་ཆ་ཤས་དང་མཚན་དཔེ་སོགས་སོ་སོར་གྲུབ་པ་སྟེ། འདིར་གཏེར་ཞེས་བྱ་བ་ནི་དཔག་ཏུ་མེད་པའི་དོན་ནོ། །དོན་འདི་རྒྱས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བརྩོན་འགྲུས་མི་ཟད་པའི་སྐབས་ལས་རྟོགས་པར་བྱའོ། །ངོ་བོའི་དབང་དུ་བྱས་ནས་དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ་ཞེས་པ་ནི། དཔེ་བྱད་བརྒྱད་ཅུ་ལ་སོགས་པའོ། །མཚན་རྣམས་ཀྱི་མེ་ཏོག་


TNT17_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ལ་སོགས་པ་སྟེ། སྐུ་རང་གི་ངོ་བོ་ཕུན་སུམ་ཚོགས་པ་བསྟན་ཏེ། མེ་ཏོག་རྒྱས་པ་ནི་རྒྱན་དང་འདྲ་བའི་དོན་ཏེ། སྤྲས་པ་ནི་དེའི་འཁོར་ཡིན་པའི་ཕྱིར་མཚན་རྣམས་མཛེས་པར་བྱེད་པའི་དོན་ནོ། །སྤྱོད་ཡུལ་རན་པར་མཐུན་པ་ནི་གནས་སྐབས་ཕུན་སུམ་ཚོགས་པ་སྟེ་གཤེགས་པ་དང་བཞུགས་པ་ལ་སོགས་པ་ཅི་མཛད་ཀྱང༌། ཧ་ཅང་རྟབ་པ་ཡང་མ་ཡིན། ཧ་ཅང་དལ་བ་ཡང་མ་ཡིན་པ་ལ་སོགས་པ། གཞན་གྱི་མཐོང་ན་མི་མཛེས་པའི་སྐྱོན་གདགས་པའི་གཞིར་གྱུར་པ་མེད་པའོ། །མཐོང་ན་མི་མཐུན་པ་མེད་པ་ནི། སྐུའི་བྱེད་ལས་ཕུན་སུམ་ཚོགས་པ་སྟེ། གཤེགས་པ་དང༌། བཞུགས་པ་དང༌། མནལ་བ་དང༌། བསོད་སྙོམས་གསོལ་བ་དང༌། གཟིགས་པ་དང༌། གསུང་བ་ལ་སོགས་པ་ཐམས་ཅད་ལ་འདི་ཉིད་ཉོན་མོངས་སོ་སྙམ་པ་དང་གཞན་རྣམས་སྐྲག་པ་དང་གདུང་བ་དང༌། སྲེད་པ་བསྐྱེད་པ་སོགས་ནམ་ཡང་མེད་ལ། སྐུ་དང་འབྲེལ་བའི་སྤྱོད་པ་གང་མཐོང་བ་དང་ཐོས་པ་ཐམས་ཅད་དད་དང་སྙིང་རྗེ་དང༌། ངེས་པར་འབྱུང་བ་དང༌། བརྩོན་འགྲུས་དང༌། ཡང་དག་པའི་ཤེས་རབ་སྐྱེ་བ་དང་སྡུག་བསྔལ་ཞི་བ་ལ་སོགས་པ་གཞན་གྱི་དགེ་བའི་རྒྱུ་འབའ་ཞིག་ཏུ་འགྲོ་ཞིང་དང་བ་འདྲེན་པའོ། །དེ་ལ་མི་མཐུན་པ་ནི། ཡུལ་དེ་ལ་མ་དད་པའམ། མཐོང་བ་པོ་རང་ཉིད་ལ་ཉོན་མོངས་པའི་རྣམ་པར་


TNT17_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྐྱེ་བའོ། །དེ་ལྟར་ཡང༌། ལུས་ཅན་རྣམས་ཀྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལེགས་པར་འཚལ། །མཐོང་བ་ཙམ་གྱིས་རབ་དད་པར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། ཞེས་ཚིག་གསུམ་གྱིས་གང་ལ་བརྟེན་ནས་སེམས་ཅན་གྱི་དོན་མཛད་པ་དེ་སྟོན་ཏེ། སྟོན་པའི་དྲུང་དུ་འོང་བ་ནི་བསམ་པ་གཉིས་ཀྱིས་འོང་སྟེ། དད་པའི་བསམ་པ་དང༌། ཟིལ་གྱིས་གནོན་པའི་བསམ་པའོ། །དད་པ་ཡང་ཁ་ཅིག་ནི་སྔོན་གྱི་དགེ་བའི་རྩ་བས་བསྐྱེད་ནས་ཐེ་ཚོམ་གྱིས་འོང་པ་ཡང་ཡོད་དེ་དད་པར་གཏོགས་ལ། ཁ་ཅིག་རབ་ཏུ་དད་པ་ཉིད་ཀྱིས་འོང་བ་ནི། དེ་ལྟར་དད་པས་སྟོན་པའི་ཆོས་ཐོབ་པར་མོས་པས་འོང་སྟེ། དེ་ཐམས་ཅད་སྐུ་མཐོང་བ་དང༌། གསུང་ཐོས་པས་རབ་ཏུ་དང་ཞིང་མངོན་པར་དགའ་བ་སྐྱེ་བ་ཡིན་ནོ། །ཟིལ་གྱིས་གནོན་པའི་བསམ་པས་འོང་བའང་གཉིས་ཏེ། ཤེས་རབ་ཀྱིས་ཟིལ་གྱིས་གནོན་པར་འདོད་པ་གཅེར་བུ་པ་བདེན་སྨྲ་ལ་སོགས་པ་དང༌། ལུས་སྟོབས་ཀྱི་ཟིལ་གྱིས་གནོན་པར་འདོད་པ་གནོད་སྦྱིན་འབྲོག་གནས་ལ་སོགས་པ་སྟེ་དེ་དག་འདུལ་པའི་ཕྱིར། དེ་བཞིན་གཤེགས་པ་ནི་མི་མཁྱེན་པ་མེད་ཅིང་མཁྱེན་པ་མཐའ་ཡས་ལ། སྣོད་དང་འཚམ་པར་ཆོས་


TNT17_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་བའི་སྤོབས་པ་དང་ལྡན་པའི་ཕྱིར། དེ་བཞིན་གཤེགས་པའི་ཤེས་རབ་ནི་གཞན་གྱི་ཟིལ་གྱིས་གནོན་པ་མེད་པ་དང༌། རྡོ་འཕངས་པའི་མདོ་ལས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་སྐུའི་སྟོབས་མཐའ་ཡས་པ་མངའ་བའི་ཕྱིར། དེ་བཞིན་གཤེགས་པའི་སྐུའི་སྟོབས་ལ་སྐྱེས་བུ་གཞན་གྱི་སྟོབས་ཀྱིས་རྫི་བར་ནུས་པ་མེད་པའི་དོན་ནོ། །དེ་བཞིན་གཤེགས་པའི་སྐུའི་སྟོབས་རྣམ་པར་གཞག་པ་ཐེག་པ་ཆེན་པོ་ཉིད་ཀྱི་རང་ལུགས་ནི། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་གྱི་མདོ་ལས་རྒྱས་པར་འབྱུང་ངོ༌། །ཡང་ན་དད་པས་མོས་པ་ནི་དབང་པོ་རྟུལ་པོ་རྣམས་ཏེ། དེ་རྣམས་ཆོས་ཀྱི་དགའ་བས་དགའ་བར་མཛད་ལ། ཤེས་རབ་ཟིལ་གྱིས་མི་གནོན་པ་ཞེས་པས་དབང་པོ་རྣོན་པོ་མཐོང་བས་ཐོབ་པ་ལ་སོགས་པ་དགའ་བར་མཛད་པའོ། །སྟོབས་རྣམས་ལ་རྫི་བ་མེད་པ་ནི། སྟོབས་བཅུའི་ཡེ་ཤེས་དང་ལྡན་པའི་ཕྱིར། ཕ་རོལ་པོ་སུས་ཀྱང་གཞོམ་དུ་མེད་པའོ། །སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཞེས་པའི་ཚིག་བཞི་པོ་འདིས། སེམས་ཅན་གྱི་དོན་མཛད་པའི་བྱ་བ་གང་ཡིན་པ་སྟོན་ཏེ། སེམས་ཅན་ཐམས་ཅད་ལ་བདེ་བའི་ལམ་མམ། རྒྱུ་སྟོན་པར་མཛད་དེ་དཔེར་ན་ངན་


TNT17_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཁ་ཅིག་ནི་སྐུ་ལས་འོད་ཟེར་སྤྲོས་པས་སྡུག་བསྔལ་ཞི་ཞིང༌། དད་པ་བསྐྱེད་ནས་བདེ་འགྲོ་ལ་འགོད་པར་མཛད་པ་དང༌། བདེ་འགྲོ་རྣམས་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སྣ་ཚོགས་པ་ལ་བཀོད་ནས། རིམ་གྱིས་བྱང་ཆུབ་གསུམ་ལ་སྨིན་པར་མཛད་དོ། །སེམས་ཅན་དེ་རྣམས་ཀྱི་ནང་ནས་ཐེག་པ་ལ་ཞུགས་པའི་དབང་དུ་མཛད་ནས་ཕྱི་མ་གསུམ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ཅེས་པས་ནི།ཐེག་པ་ཆེན་པོ་ལ་སངས་རྒྱས་ཀྱི་རིགས་ཅན། བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་ཆོས་ལས་སྐྱེས་ཤིང༌། སྐུ་གསུང་ཐུགས་དང་མཛད་པའི་སྒོ་ནས། སངས་རྒྱས་ཉིད་དང་རྣམ་པ་འདྲ་རུང་དུ་གནས་པའི་ཕྱིར། སངས་རྒྱས་ཀྱི་སྲས་ཡིན་ལ། དེ་བཞིན་གཤེགས་པ་ནི་དེའི་ཡབ་སྟེ་དེ་དག་གི་ཡོན་ཏན་གང་ལས་ཐོབ་པའི་ཡུལ་ཡིན་པས་སོ། །འཕགས་པའི་གང་ཟག་རྣམས་ཞེས་པ་ནི་ཉན་རང་གི་རིགས་ཅན་ནོ། །རྒྱུན་དུ་ཞུགས་པ་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་དང༌། ཉན་ཐོས་དགྲ་བཅོམ་པ་དང་རང་རྒྱལ་ལ་སོགས་པ་སྟེ། དེ་རྣམས་ནི་སངས་རྒྱས་ཀྱི་ཆོས་ཀྱིས་འཚོ་བ་ཡིན་ཀྱང༌། དེ་བཞིན་གཤེགས་པ་དང་འདྲ་བའི་ཕྱོགས་སུ་མ་སླེབ་པའི་ཕྱིར་འབངས་ཕལ་པ་ལྟ་བུ་ཡིན་པས་སངས་རྒྱས་ནི་དེའི་རྒྱལ་པོའོ། །ཚོང་པ་རྣམས་ཀྱི་གཙོ་བོ་ཚོང་པ་ཀུན་གྱི་སྣ་དྲངས་ཏེ་འགྲོ་བ་ནི་དེད་དཔོན་ཏེ།


TNT17_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པའི་གྲོང་ཁྱེར་ནི་ཐེག་པ་གསུམ་ཅར་གྱི་དབང་དུ་བྱས་པ་སྟེ། དེར་འགྲོ་འདོད་པ་རྣམས་མ་ནོར་བར་འཁྲིད་པའི་ཕྱིར་དེད་དཔོན་ཏེ་གྲོང་ཁྱེར་ནི་བསྟི་བའི་གནས་ཏེ་ཐར་པའོ། །ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་སྐུ་མཚུངས་པ་མེད་པ་ཞེས་ཚིག་དྲུག་གིས་གཞན་དོན་མཛད་པའི་ཐབས་བསྟན་ཏོ། །དེ་ལ་ཐུགས་ཀྱི་འཕྲིན་ལས་ནི། ཡེ་ཤེས་དཔག་ཏུ་མེད་པ་སྟེ། སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་དང་དབང་པོ་དང༌། བག་ལ་ཉལ་ཐམས་ཅད་མཁྱེན་པས་འགྲོ་དོན་གྱི་དུས་དང་ཐབས་ཐམས་ཅད་མ་ནོར་བར་སྤྱོད་པའོ། །གསུང་གི་འཕྲིན་ལས་ནི། སྤོབས་པ་བསམ་གྱིས་མི་ཁྱབ་པ་སྟེ། དེ་ལ་ཡི་གེ་ལ་བརྟེན་པ་ནི་ཚིག་གཅིག་ལ་བརྟེན་ནས། ཚིག་གི་རྣམ་གྲངས་གཞན་དང་གཞན་གྱིས་བསྟན་ན། བསྐལ་པ་དཔག་ཏུ་མེད་པ་བསྟན་ཡང་མི་བཟད་པ་དང༌། དོན་ལ་བརྟེན་པ་ནི་བསྐལ་པ་དཔག་ཏུ་མེད་པར་སེམས་ཅན་མཐའ་ཡས་པས་དོན་མི་འདྲ་བ་ཁོ་ནས། དུས་གཅིག་ཏུ་ཞུ་བ་ཞུས་ཀྱང་དུས་གཅིག་ཁོ་ནར་གསུང་མི་འདྲ་བ་གསུང་ཐ་དད་པ་སྣ་ཚོགས་རྩོལ་མེད་དུ་བྱུང་ནས་སོ་སོ་ལ་མ་འཛིངས་པར་ལན་ཐེབས་ལ། གསུང་གཅིག་ཁོ་ནས་ཀྱང་དོན་མཐའ་ཡས་པ་སོ་སོ་ཐ་དད་པའི་ལན་དུ་ཡང་འབྱུང་བ་དང༌། གསུང་མཐའ་


TNT17_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པས་ཀྱང་གདུལ་བྱ་གཅིག་གི་ཡེ་ཤེས་མཐའ་མེད་དུ་འཕེལ་བར་ཡང་འགྱུར་བས། སྤོབས་པ་ནི་ཆོས་སྟོན་པ། བསམ་གྱིས་མི་ཁྱབ་པ་ནི་སྟོན་ཚུལ་ངོ་མཚར་རྨད་དུ་བྱུང་བའོ། །གསུང་རྣམ་པར་དག་པ་སྟེ། ངག་གི་སྐྱོན་བརྫུན་སྨྲ་བ་དང༌། ང་རོའི་སྐྱོན་གདངས་མི་སྙན་པ་དང༌། བྱེད་ལས་ཀྱི་སྐྱོན་ཡིད་མི་བདེ་བར་བྱེད་པ་སོགས་དང༌། རྩོལ་པའི་སྐྱོན་ཧ་ཅང་མྱུར་ཆེས་པ་ལ་སོགས་པ། གསུང་ལ་སྐྱོན་མཐའ་དག་སྤངས་ཤིང་རྣམ་པར་དག་པ་དང༌། གསུང་གི་ཡོན་ཏན་གྱི་སྒོ་ནས་དབྱངས་སྙན་པ་སྟེ། ཐེག་དམན་ལྟར་ན་གསུང་དབྱངས་ཡན་ལག་ལྔ་ལྡན་ནམ། ཐེག་ཆེན་ལྟར་ན་ཡན་ལག་དྲུག་ཅུ་ལ་སོགས་པའོ། །སྐུའི་འཕྲིན་ལས་ནི། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་སྟེ། སྐུའི་ཡན་ལག་དང་ཉིང་ལག་གི་ཆ་ཤས་རེ་རེའི་མཛེས་སྡུག་གིས་ཀྱང༌། ཁམས་གསུམ་གྱི་མཛེས་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཕྱིར། བལྟས་པས་ཚིམ་པ་མེད་པའོ། །སྐུ་མཚུངས་པ་མེད་པ་ནི། ཁམས་གསུམ་དང་འགྲོ་བ་དྲུག་དང༌། སྐྱེ་གནས་བཞིར་གཏོགས་པ་རྣམས་ལ། བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་དང་དབྱིབས་ལས་ལྷག་པ་ལྟ་སྨོས་ཀྱང་ཅི་དགོས། མཉམ་པར་མཚུངས་པ་འགའ་ཡང་མ་དམིགས་པའོ། །འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་


TNT17_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་འདྲེས་བ་ཞེས་ཚིག་གསུམ་གྱིས་བཅོམ་ལྡན་འདས་དེ། གང་ལ་གནས་པ་བསྟན་ཏེ། དེ་ཡང་ཁམས་གསུམ་ལ་མི་གནས་ཏེ་ཆོས་ཀྱི་དབྱིངས་ལ་བཞུགས་ཤིང༌། ཁམས་གསུམ་དུ་སྤྱོད་པ་ན་ཡང་ཁམས་གསུམ་གྱི་སྐྱོན་གྱིས་མ་གོས་ཞེས་པའོ། །དེ་ལ་འདོད་ཁམས་ན་སེམས་ཅན་གྱི་དོན་མཛད་པའི་ཚེ། འདོད་པ་ལ་འདུན་པ་དང༌། གནོད་སེམས་དག་གིས་མ་གོས་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྤྱོད་པའི་ཚེ། དེ་དག་གིས་བསམ་གཏན་ལ་སྙོམས་པར་འཇུག་པའི་སྐྱོན་སྲེད་པ། ལྟ་བ་དང༌། ང་རྒྱལ་དང༌། ཐེ་ཚོམ་ལ་སོགས་པས་ཉེ་བར་ཏེ་ལྷག་པར་མ་གོས་ཞེས་པ་དེ་ཡང་འདོད་གཟུགས་དག་ནི་ལུས་ངག་དང་འབྲེལ་བའི་ཕྱིར་དེ་དང་དེས་མ་གོས་པ་ཞེས་མཚུངས་པར་སྦྱར་ལ། གཟུགས་མེད་ཁམས་ན་གོས་པའི་ཚུལ་དེ་མེད་པའི་ཕྱིར། མ་འདྲེས་པ་ཞེས་བསྟན་པར་བཞེད་དེ། གཟུགས་མེད་ཁམས་ན་གཟུགས་མེད་པ་ཁོ་ནའི་ལུགས་ལྟར་ན་སྒྲ་ཇི་བཞིན་དུ་སྦྱར་ལ། གཟུགས་ཡོད་པའི་ལུགས་ལའང༌། དེ་ཤིན་ཏུ་ཕྲ་བ་ཡིན་པའི་ཕྱིར། དེ་ལྟར་འཆད་པ་མི་འགལ་ལོ། །ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ་ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་སྡམ་པ་ཞེས་ཚིག་གསུམ་གྱིས་སེམས་ཅན་གྱི་དོན་སྤྱོད་པ་ན་གང་ལ་ཡང་མ་ཆགས་པར་བསྟན་ཏེ། ཕུང་པོ་རྣམས་ནི་ཡང་ཡང་སྐྱེ་བའི་མཚན་ཉིད་ཅན་གྱི་ཕྱིར། དེ་བཞིན་གཤེགས་པ་སྐྱེ་བ་མེད་པས་དེ་ལས་རབ་ཏུ་རྣམ་པར་


TNT17_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའོ། །ཁམས་རྣམས་ནི་རྣམ་ཤེས་ཡུལ་འཛིན་པ་སྐྱེ་བའི་སྒོ་འཇོག་ན། ཡུལ་དང་ཤེས་པ་ལ་བརྟེན་པའི་ཉོན་མོངས་པ་སྤངས་པའི་ཕྱིར། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་ནི་མཐོང་བ་ལ་སོགས་པ་སྐྱེ་བའི་རྒྱུའི་སྒོ་ནས་འཇོག་ལ། དེ་ལ་བརྟེན་པའི་ཉོན་མོངས་རྣམས་སྡམས་ཟིན་པའི་ཕྱིར། སྐྱེ་མཆེད་རྣམས་སྡམས་པའོ། །མདོར་བསྡུ་ན་ངེས་པའི་དོན་དུ་ཕུང་ཁམས་སྐྱེ་མཆེད་ལས་འདས་པའི་ཡེ་ཤེས་ཀྱི་སྐུའོ། །ད་ནི་སྤངས་པ་དང་ཡེ་ཤེས་ཀྱིས་འགྲོ་དོན་མཛད་ཚུལ་སྟོན་ཏེ། དེ་ལས་མདུད་པ་རྣམས་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཞེས་ཚིག་བཞིས་དང་པོར་སྤངས་པ་ཇི་ལྟ་བུ་ཞིག་གི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་དེ་བསྟན་ཏེ། ཉོན་མོངས་པ་ཐམས་ཅད་བསྡུ་ན། ཡུལ་དང་ཕྲད་པ་མདུད་པའི་མཚན་ཉིད་ཅན་སྲེད་པ་དང༌། མ་ཕྲད་པ་ཡོངས་སུ་གདུང་བའི་མཚན་ཉིད་ཅན་ཆུ་བོའོ། །དེ་ཡང་མདུད་པ་བཅད་པ་ཉིད་ཀྱི་ཕྱིར་སྲེད་པ་ལས་གྲོལ་བའོ། །ཡོངས་སུ་གདུང་བ་ལས་གྲོལ་བའི་ཕྱིར་ཆུ་བོ་ལས་བརྒལ་བའོ། །ཞེས་སྦྱར་ཏེ་དེ་ལ་མདུད་པ་ནི། མ་གྲོལ་བ་འཆིངས་པའི་དོན་ཏེ་དེ་བཅད་པ་ནི། ལུས་དང་ལོངས་སྤྱོད་སོགས་ཕྲད་པའི་ཡུལ་ལ་སྲེད་པ་བཅད་པ་དང༌། ཡོངས་སུ་གདུང་བ་ནི་མ་ཕྲད་པའི་ཡུལ་ལ་དམིགས་ནས་ཉོན་མོངས་ཤས་ཆེར་ཀུན་ཏུ་སྤྱོད་པ་དེ་སྤངས་པའོ། །ཞེས་ཏེ་


TNT17_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་སྲེད་པ་ནི་ཁམས་གསུམ་གྱི་ཡོངས་སུ་བསྡུས་པའི་སྲེད་པ་དང༌། ཆུ་བོ་ནི་ཆུ་བོ་དང་འདྲ་བར་རྒྱུན་ཕྱོགས་སུ་ཁྱེར་བ་སྟེ། ཉོན་མོངས་པས་སེམས་དབང་མེད་དུ་འཁྱེར་བའོ། །དེ་ཡང་བཞི་སྟེ། འདོད་པ་དང༌། སྲིད་པ་དང༌། མ་རིག་པ་དང༌། ལྟ་བའི་ཆུ་བོའོ། །ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། ཞེས་ཚིག་བཞིའི་གཉིས་པ་ཡེ་ཤེས་ཇི་ལྟ་བུའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པ་བསྟན་ཏོ། །ཡེ་ཤེས་ནི་གསུམ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་མཁྱེན་པ་དང༌། ཐ་དད་མེད་པར་མཁྱེན་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་དུ་གཟིགས་པ་དང༌། མི་གནས་པ་མཁྱེན་པའི་ཡེ་ཤེས་ཀྱིས། འཁོར་འདས་ཀྱི་མཐའ་ལ་མི་གནས་ཤིང༌། ཡང་དག་པའི་མཐའ་ལ་གནས་པ་སྟེ། དེ་དག་ཀྱང་གོ་རིམ་བཞིན་དུ་སྦྱར་རོ། །དང་པོའི་དབང་དུ་བྱས་ནས་ཡེ་ཤེས་ནི་དུས་གསུམ་གྱི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་རྣམས་ལ་ཡོངས་སུ་རྫོགས་པར་ཁྱབ་པའོ། །འདས་པ་དང་མ་འོངས་པ་དང་ད་ལྟར་བའི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ནི་སངས་རྒྱས་གཅིག་གི་ཡེ་ཤེས་ཡིན་ལ། སངས་རྒྱས་གཅིག་གི་ཡེ་ཤེས་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་


TNT17_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིན་པས། ཐ་དད་མེད་པར་མཁྱེན་པའོ། །མྱ་ངན་ལས་འདས་པ་ལ་མི་གནས་པ་ནི། མྱ་ངན་ལས་འདས་པའི་མཐའ་དམན་པའི་མྱང་འདས། གཞན་དོན་རྒྱུན་ཆད་པའི་དབྱིངས་ལ་མི་གནས་པའོ། །ཡང་དག་པ་ཉིད་ཀྱི་མཐའ་ནི། ཡང་དག་པ་ཁོ་ནའི་མཐའ་སྟེ། དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་སྐུ་ལ་གནས་པ་སྟེ། འདིས་འཁོར་བ་ལ་མི་གནས་པར་བསྟན་པས། འདི་གཉིས་སྡོམས་པ་ནི་མི་གནས་པའི་མྱང་འདས་སོ། །སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ་ཞེས་པ་ནི། ཐམས་ཅད་ཀྱི་དོན་བསྡུའི་ཚིག་སྟེ། དེ་བཞིན་གཤེགས་པའི་སྐུ་གསུམ་ལས། ཆོས་ཀྱི་སྐུ་ནི་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ལ་རང་གི་རང་བཞིན་དུ་གཟིགས་ཤིང་གཡོ་བ་མེད་པར་བཞུགས་པ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་ནི་དག་པའི་སེམས་ཅན་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་གཟིགས་ཤིང༌། ཆོས་སྟོན་པས་བཞུགས་པ་དང༌། མཆོག་གི་སྤྲུལ་པའི་སྐུ་ནི་ཉན་ཐོས་ལ་སོགས་པ་དང༌། སོ་སོ་སྐྱེ་བོ་བློའི་མིག་ཡོངས་སུ་དག་པ་རྣམས་སེམས་ཀྱི་རྒྱུད་གྲོལ་བར་བྱ་བའི་ཕྱིར། དེ་དག་གི་ཁམས་དང་མོས་པ་གཟིགས་པའི་གནས་སམ་ས་ལ་བཞུགས་པ་ཡིན་ནོ། །དེ་ལྟར་ན་རྗེས་དྲན་ཕྱི་མ་འདི་ནི། གཏན་དུ་བཞུགས་པ་དང༌། སྐུའི་རང་བཞིན་དང༌། གང་ལ་བརྟེན་པ་དང༌། བྱ་བ་དང༌། ཐབས་དང༌།


TNT17_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང༌། མ་ཆགས་པ་དང༌། སྤངས་པ་དང༌། ཡེ་ཤེས་ཇི་ལྟ་བུས་འགྲོ་བའི་དོན་མཛད་པ་དང༌། དོན་བསྡུ་སྟེ་དོན་ཚན་དགུས་བསྡུས་པ་ཡིན་ནོ། །འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །ཞེས་པ་ནི་གོང་དུ་བསྟན་པའི་ཡོན་ཏན་ཐམས་ཅད་གཞན་ལ་མེད་ཅིང་དེ་བཞིན་གཤེགས་པ་ལ་མངའ་བའི་ཆེ་བ་ཡིན་ནོ། །ཞེས་པས་རིགས་མཐུན་ཕྲ་མོ་ཡོད་སྲིད་ཀྱང་རྫོགས་པར་གཞན་ལ་མེད་པའི་དོན་ནོ། །དེ་དག་ནི་སངས་རྒྱས་རྗེས་དྲན་གྱི་དོན་བཤད་པ་སྟེ། རྗེས་དྲན་དང་པོ་དགུ་ལ་འཕགས་པ་ཐོགས་མེད་སྐུ་མཆེད་གཉིས་ཀར་གྱིས་བཤད་པ་མཛད་པ་དང༌། རྗེས་དྲན་ཕྱི་མ་ལ་སློབ་དཔོན་དབྱིག་གཉེན་གྱིས་འགྲེལ་པ་མཛད་པ་ལྟར་ལས། འདུས་ཤིང་གསལ་བར་བཤད་པ་ཡིན་ནོ། །གཉིས་པ་ཆོས་རྗེས་སུ་དྲན་པའི་མདོ་ལ། དམ་པའི་ཆོས་ནི་ཞེས་པ་ལུང་དང་རྟོགས་པ་དང་མྱ་ངན་ལས་འདས་པའི་ཆོས་གསུམ་ཅི་རིགས་པ་ལ་སྦྱར་རོ། །ཐོག་མར་དགེ་བ་ནི་དང་པོ་ཐོས་པའི་དུས་ན། དོན་ངེས་ཤིང་ཡིད་ཆེས་པའི་དད་པ་བསྐྱེད་པ་དང༌། བར་དུ་དགེ་བ་ནི་བསམ་པའི་དུས་ན་ཆོས་ལས་ཇི་སྐད་བཤད་པ་ལྟར་གྱི་ཕན་ཡོན་དང་འབྲས་བུ་རྣམས་ཐོབ་པར་རིག་ནས་དགའ་བར་འགྱུར་བ་དང༌། ཐ་མར་དགེ་བ་ནི་སྒོམ་པའི་དུས་ན་དེ་ཁོ་ན་ཉིད་ཕྱི་ཅི་མ་ལོག་པར་རྟོགས་པའི་བློ་གྲོས་ཀྱི་རྒྱུ་བྱེད་པའི་དོན་ནོ། །དོན་བཟང་པོ་ནི། ཀུན་


TNT17_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་དང་དོན་དམ་པའི་བདེན་པ་མ་འཁྲུལ་བར་སྟོན་པའོ། །ཚིག་འབྲུ་བཟང་པོ་ནི་གོ་བདེ་ཞིང་འཛིན་སླ་ལ་བརྗོད་པ་བདེ་ཞིང་སྙན་པའོ། །མ་འདྲེས་པ་ནི། གཞན་མུ་སྟེགས་བྱེད་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་དང་ལྡན་པ་སྟེ། ཕྲ་བའི་མི་རྟག་པ་དང༌། འདུ་བྱེད་ཀྱི་སྡུག་བསྔལ་དང༌། བདག་མེད་ལ་སོགས་པ་དང་ལྡན་པའོ། །ཡོངས་སུ་རྫོགས་པ་ནི་འདོད་པའི་ཉོན་མོངས་པ་ཉི་ཚེའི་གཉེན་པོ་ལྟ་བུ་མ་ཡིན་གྱི། ཁམས་གསུམ་ཆར་གྱི་ཉོན་མོངས་སྤོང་བའོ། །ཡོངས་སུ་དག་པ་ནི། རང་བཞིན་རྣམ་པར་དག་པའི་གནས་ལུགས་ཆོས་དབྱིངས་དང༌། དེ་ལ་དམིགས་པའི་ཡེ་ཤེས་སོ། །ཡོངས་སུ་བྱང་བ་ནི་གློ་བུར་གྱི་དྲི་མ་སྦྱོང་བྱེད་དང་དེ་སྤངས་པའི་བྲལ་འབྲས་གཉིས་སོ། །དེ་ལྟར་ན་དགེ་བ་གསུམ་དང༌། དོན་ཚིག་བཟང་བ་སྟེ་ལྔ་པོ་ནི། ལུང་གི་ཆོས་ཀྱི་ཡོན་ཏན་གཙོ་བོར་བསྟན་པ་ཡིན་ལ་མ་འདྲེས་པ་སོགས་བཞི་ནི། ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཞེས་བྱ་སྟེ། ཡུལ་འདུས་མ་བྱས་ཀྱི་དམ་ཆོས་དང༌། ཡུལ་ཅན་རྟོགས་པའི་དམ་ཆོས་ཀྱི་ཆེ་བའོ། །དེ་རྣམས་མདོ་སྡེའི་རྒྱན་གྱི་འགྲེལ་པར་དབྱིག་གཉེན་གྱིས་གསུངས་པ་ལྟར་བཤད་པའོ། །བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཞེས་པའམ། དཔེ་གཞན་འགའ་ཞིག་ལས་ཀྱང༌། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་ཞེས་འབྱུང་སྟེ། མུ་སྟེགས་ཅན་རྣམས་ཀྱིས་བསྟན་པའི་ཆོས་ནི་ཉེས་པར་བཤད་


TNT17_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། ཐར་པའི་ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པའི་ཕྱིར་དང༌། ཁ་ཅིག་ནི་ངན་སོང་གི་ལམ་ལ་མཐོ་རིས་ཀྱི་ཆོས་སུ་འདུ་ཤེས་པའི་ཕྱིར་དང༌། ཁ་ཅིག་མཐོ་རིས་ཀྱི་ལམ་སྟོན་ཡང༌། དྲི་མ་ཅན་དང་མ་ཚང་པ་དག་སྟོན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་དེ་ལས་ལྡོག་པའི་ཕྱིར་ལེགས་པར་གསུངས་པའོ། །ཡང་དག་པར་བསྟན་པ་ནི། ཀུན་རྫོབ་དང་དོན་དམ་པའི་གནས་སྐབས་གང་ཡིན་ཀྱང་རུང༌། སོ་སོའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའོ། །ནད་མེད་པ་ནི། ཉོན་མོངས་པ་དང༌། བག་ལ་ཉལ་གྱི་སྒྲིབ་པ་ཐམས་ཅད་ཀྱི་གཉེན་པོར་འགྱུར་པའི་ཕྱིར་སྒྲིབ་པའི་ནད་མེད་པའོ། །དུས་ཆད་པ་མེད་པ་ཞེས་པ་ནི། འདུས་མ་བྱས་ཀྱི་དབྱིངས་འགྱུར་བ་མེད་ཅིང་འཇིག་པ་མེད་པ་དང༌། འཕགས་པའི་ལམ་གྱི་ཡེ་ཤེས་ཀྱང་ཉམས་པ་མེད་པ་དང༌། སྤངས་བྱ་སྤངས་ཟིན་པ་སླར་ཡང་སྤོང་མི་དགོས་པ་རྣམས་ཀྱི་དོན་ནོ། །ཉེ་བར་གཏོད་པ་ཞེས་པ་ནི། ཨུ་པ་ནཱ་ཡི་ཀ་ཞེས་པའི་སྒྲ་ལས་དྲངས་ན། ཉེ་བར་འདྲེན་པ་སྟེ། ཉོན་མོངས་པ་དང་སྡུག་བསྔལ་གྱིས་བསྡུས་པའི་འཁོར་བ་སྤངས་པའི་ཚུལ་གྱིས་ཟག་མེད་ཀྱི་དབྱིངས་སུ་གཏོད་ཅིང་འདྲེན་པའི་དོན་ཡིན་ལ། འདིའི་འགྲེལ་པར་ལོ་ཙཱ་བས་རིག་པ་དང་ལྡན་པ་ཞེས་བསྒྱུར་ཏེ། དེ་ལྟར་ན་ཨུ་པ་རྱ་ཡི་ཀ་ཞེས་པ་ཡིན་དགོས་ཀྱང༌། བཤད་པ་དང་ཅུང་མི་འགྲིག་གོ །འདི་མཐོང་བ་ལ་དོན་ཡོད་པ་ནི། གང་ཞིག་ཆོས་མཐོང་བ་ལས། འབྲས་


TNT17_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྣམས་ཀྱི་མཆོག་ཐོབ་ཅིང༌། སླར་མི་ལྡོག་པའི་ཕྱིར་དོན་ཡོད་པའོ། །རྒྱ་སྐད་ཀྱི་དཔེ་འགའ་ཞིག་ལས། ཨེ་ཧི་པ་ཤྱི་ཀཿཞེས་འབྱུང་བ། འདིར་ལྟོས་ཤིག་ཅེས་བསྒྱུར་ཏེ། འོན་ཀྱང་དཀྱུས་ལྟར་ལེགས་སོ། །མཁས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་ཞེས་པ་ནི། མཁས་པའི་སྒྲ་ནི་འཕགས་པ་ཡིན་ལ། དེ་རྣམས་ཀྱི་མཉམ་གཞག་ཡེ་ཤེས་རྣམ་པར་མི་རྟོག་པས་མངོན་སུམ་དུ་རྟོགས་པར་བྱ་བ་ཡིན་གྱི། རྣམ་པར་ཤེས་པ་དང་རྟོག་གེའི་ཡུལ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ་ཞེས་པ་ནི། སོ་སོར་རང་གི་རིག་པར་བྱ་བ་ཡིན་ཡང༌། ལུང་གིས་མི་སྟོན་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པའི་བཀའ་ནི་ཆོས་ཀྱི་སྐུའི་རྒྱུ་མཐུན་པ་ཡིན་པས། ཆོས་ཀྱི་སྐུ་ལ་ཇི་ལྟར་མངའ་བ་བཞིན་ལུང་ལས་འབྱུང་བས། སོ་སོར་རང་གིས་རིག་བྱ་དེ་ལུང་ལས་ཀྱང་བཤད་ཅེས་པའོ། །ལེགས་པར་སྟོན་པ་ཞེས་པ་ལ་རྒྱ་སྐད་འགའ་ཞིག་ཏུ༌། སུ་པྲ་གེ་དི་ཏ་ཞེས་འབྱུང་བ་ལྟར་ན་ལེགས་པར་རབ་ཏུ་ཕྱེ་བ་ཞེས་པར་འགྱུར་རོ། །ངེས་པར་འབྱུང་བ་ནི་འཁོར་བ་ལས་ངེས་པར་འབྱུང་བའོ། །རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ནི། ལུང་ལ་དམིགས་ནས་ལམ་གྱིས་འགྲོ་བར་བྱེད་པ་སྟེ། ཐེག་ཆེན་ཉིད་ཀྱི་ལམ་ལྟ་ཅི་སྨོས། བརྒྱུད་པའི་སྒོ་ནས་ནི་ཉན་རང་གི་ལམ་ཡང་འདི་ཡིན་ཏེ། ཉན་ཐོས་ལྷག་


TNT17_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་ཞུགས་པར་འདོད་པ་རྣམས་ཀྱང༌། དུས་ཡུན་རིང་པོ་འདས་པའི་འོག་ཏུ་གདོན་མི་ཟ་བར་ཐེག་ཆེན་དུ་འཇུག་པའི་ཕྱིར་རོ། །འདས་ནི་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་ཏོ། །མི་མཐུན་པ་མེད་ཅིང་ཞེས་པ་ནི། །རྟོགས་བྱའི་ཆོས་ཉིད་ཀྱང་གཅིག་ཡིན་ཅིང༌། འཕགས་པ་རང་ས་ཐད་མཉམ་པ་རྣམས་ནི་ཉམས་མྱོང་གི་ཆོས་མི་འདྲ་བ་གཏན་མེད་པའོ། །འདུས་པ་དང་ལྡན་པ་ནི། གང་ཤེས་པ་གཅིག་གིས་རྣམ་པ་དུ་མ་ཡོངས་སུ་འཛིན་པས་རྣམ་པ་རྣམས་གཅིག་ལ་འདུས་པ་ལྟ་བུའི་ཡོན་ཏན་དང་ལྡན་པ་སྟེ། ཡེ་ཤེས་གཅིག་ཉིད་ཀྱིས་མི་རྟག་པ་དང༌། སྡུག་བསྔལ་བ་དང༌། བདག་མེད་པ་ལ་སོགས་པ་མཐའ་དག་རྟོགས་པའོ། །བརྟེན་པ་ཡོད་པ་ནི། དགེ་བའི་ཆོས་མ་ལུས་པ་ཐམས་ཅད་ཀྱང༌། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་ཡིན་ལ། དེ་ཉིད་ཆོས་དཀོན་མཆོག་གི་མཐར་ཐུག་པའོ། །རྒྱུ་བ་བཅད་པ་ནི་སེམས་དང་སེམས་བྱུང་གི་རྒྱུ་བ་ཐམས་ཅད་ཡོངས་སུ་ཆད་པ་སྟེ། དེ་བཞིན་གཤེགས་པའི་ས་ལ་རྣམས་པ་ཐམས་ཅད་དུ་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་མཉམ་གཞག་ཏུ་ཡང༌། ཀུན་གཞི་ལས་གཞན་པ་ཐམས་ཅད་འགགས་པའོ། །གསུམ་པ་དགེ་འདུན་རྗེས་དྲན་གྱི་མདོ་ལ། ཐེག་པ་ཆེན་པོའི་དགེ་འདུན་ནི་ཞེས་པ་ལྟར་ན། བྱང་ཆུབ་སེམས་དཔའ་


TNT17_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ཡིན་ལ། དེའི་དབང་དུ་བྱས་ན་ལེགས་པར་བཞུགས་པ་ནི་ཚུལ་ཁྲིམས་རྣམ་པ་གསུམ་ལ་གནས་པའོ། །རིགས་པར་ཞུགས་པ་ནི་ཏིང་ངེ་འཛིན་མཐའ་ཡས་ལ་ཞུགས་པའོ། །དྲང་པོར་ཞུགས་པ་ནི་རྟག་པ་དང་ཆད་པའི་མཐའ་ལ་མི་གནས་པར། ཆོས་ཀྱི་དབྱིངས་མཉམ་པ་ཉིད་ལ་ཞུགས་པ་སྟེ། དེ་གསུམ་རིམ་ཅན་དུ་ཚུལ་ཁྲིམས་དང་སེམས་དང་ཤེས་རབ་ཀྱི་བསླབ་པའོ། །མཐུན་པར་ཞུགས་པ་ནི། ཐམས་ཅད་ཀྱང་ལྟ་བ་དང༌། སྤྱོད་པ་དང༌། དམིགས་པའི་ཡུལ་དང༌། འགྲོ་བའི་དོན་སྤྱོད་པ་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་པའི་ལམ་ལ་ཞུགས་པའོ། །ཐལ་མོ་སྦྱར་བའི་འོས་སུ་གྱུར་པ་ནི། གང་ཞིག་གཞན་གྱིས་མ་མཐོང་བའི་ཆོས་ཉིད་ཟབ་མོ་མཐོང་བའི་ཕྱིར་རོ། །ཕྱག་བྱ་བའི་འོས་སུ་གྱུར་པ་ནི། སེམས་ཅན་འཁོར་བ་ལས་སྒྲོལ་བའི་སྙིང་རྗེ་ཆེན་པོ་ཅན། བདག་ཉིད་ཀྱི་དོན་ཡོངས་སུ་སྤངས་བས། སྐྱེས་བུ་དམ་པའི་སྤྱོད་པ་ཆེན་པོ་དང་ལྡན་པའི་ཕྱིར་རོ། །བསོད་ནམས་ཀྱི་དཔལ་གྱི་ཞིང་ཞེས་པ་ནི། བསོད་ནམས་ཡང་ཡིན་ལ་དཔལ་ཡང་ཡིན་པས་བསོད་ནམས་ཀྱི་ཚོགས་ཆེན་པོ་དང་ལྡན་པ་དང༌། ཞིང་དེ་གུས་པ་བྱ་བའི་ཡུལ་དུ་གྱུར་པའོ། །ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་ནི། ཉེས་པ་སྤངས་ཤིང༌། ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པས་ཉེར་བར་བརྒྱན་


TNT17_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཐའ་ཡས་པ་ལ་ཕན་པ་ཉེ་བར་སྒྲུབ་པའི་ཕྱིར། རང་ཉིད་ཡོན་གྱི་ཕུང་པོ་སྟོང་གསུམ་དང་མཉམ་པས་རྟག་ཏུ་མཆོད་ཀྱང་རང་ཉིད་ལ་སྒྲིབ་པར་མི་འགྱུར་ཞིང༌། འབུལ་བ་པོ་ལ་ཆེས་ཕན་པའོ། །སྦྱིན་པའི་གནས་སུ་གྱུར་པ་ནི། སྦྱིན་པའི་ཞིང་ཁྱད་པར་ཅན་ཏེ། ཞིང་གི་སྐྱོན་རྩ་སྤངས་པ་ལྟ་བུ་སྟེ། མཐོང་བས་སྤངས་པར་བྱ་བའི་ཀུན་ནས་ཉོན་མོངས་པ་རྣམས་ཡོངས་སུ་སྤངས་པས། སྦྱིན་པ་པོ་ལ་འབྲས་བུ་མཐའ་ཡས་པར་འཕེལ་བའོ། །ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོ་ནི། དོན་སྔ་མ་དང་འདྲ་བ་ལས་སྒོམ་པས་སྤངས་པར་བྱ་བའི་རིགས་ཉོན་མོངས་པ་དང༌། ཤེས་བྱ་དང་སྙོམས་འཇུག་གིས་སྒྲིབས་པས་བསྡུས་པ་མང་དུ་བྱང་བའི་ཕྱིར་འབྲས་བུ་ཟད་མི་ཤེས་པ་ཁོ་ནའོ། །ཀུན་ཏུ་ནི་གནས་སྐབས་ཀུན་ཏུའོ། །ཉན་ཐོས་ཀྱི་དགེ་འདུན་ལ་སྦྱོར་བའི་ཚུལ་ལ་ལེགས་པར་ཞུགས་པ་དགྲ་བཅོམ་ཞུགས་པ་སོགས་ལ་འཆད་པར་སྣང་ངོ༌། །ད་ལྟའི་དཀོན་མཆོག་རྗེས་དྲན་གྱི་མདོ་འདི་ཐེག་ཆེན་གྱི་མདོ་ཡིན་ལ། ཐེག་དམན་གྱི་མདོའི་ནང་ཚན་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ལ། འཕགས་པ་ཐོགས་མེད་ཀྱིས་བཤད་པ་རགས་རིམ་ཙམ་མཛད་པ་གཅིག་འདུག་པ། བསྟན་བཅོས་རྒྱས་པ་ཞིག་གི་ནང་ནས་ཕྱུང་བ་ཡིན་ནམ་སེམས་ཤིང༌། མདོ་རང་གི་ཚིག་རིགས་ཀྱང་མི་འདྲ་བ་ཆེ་བར་སྣང་བས། ཇི་བཞིན་དུ་འདི་


TNT17_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་མི་འབྱོར་བར་སྣང་ཡང༌། རྗེས་དྲན་ཕྱི་མ་གཉིས་ཀྱི་སྐབས་སུ་མཐུན་རུང་རྣམས་དེ་དང་མཐུན་པར་བཤད་དོ། །དཀོན་མཆོག་རྗེས་དྲན་གྱི་མདོའི་རྣམ་པར་བཤད་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།མངྒ་ལཾ། །ཞུས་དག


TNT17_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་དོན་ཅུང་ཟད་བཤད་པ།next