Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
བྱམས་སྨོན་འགྲེལ་བ།
   
   
   
   
   
   


 
previousབྱམས་སྨོན་འགྲེལ་བ།next

བྱམས་སྨོན་འགྲེལ་བ།


TNT17_Page_0897
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་སྨོན་འགྲེལ་བ་བཞུགས།


TNT17_Page_0898
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་ལ་ཕྱག་འཚལ་ལོ། །འཕགས་པ་བྱམས་པའི་སྨོན་ལམ་ཞེས་ཡོངས་སུ་གྲགས་པ་འདི་ནི། འཕགས་པ་དཀོན་མཆོག་བརྩེགས་པའི་འདུས་པ་བཞི་བཅུ་ཞེ་གཅིག་པ། འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བའི་མདོ་ན་བཞུགས་སོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཡུལ་ཝརྒ་ན་ཆུ་སྲིན་བྱིས་པ་གསོད་ཀྱི་རིའི་ངོགས། འཇིགས་སུ་རུང་བའི་རི་དྭགས་ཀྱི་ནགས་ན་བཞུགས་ཏེ། ཀུན་ཤེས་ལ་སོགས་པ་ཉན་ཐོས་ཆེན་པོ་ལྔ་བརྒྱ་དང༌། བྱམས་པ་ལ་སོགས་པ་སེམས་དཔའ་ཆེན་པོ་ཁྲི་དང་ཐབས་ཅིག་གོ །དེ་ནས་འཕགས་པ་བྱམས་པས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན། ངན་འགྲོ་སྤོང་ཞིང་སྡིག་གྲོགས་ཀྱིས་དབང་དུ་མི་འགྲོ་བར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེས་ཞུས་པ་ལ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་གཅིག་དང་ལྡན་ན་དེར་འགྱུར་ཏེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ། །དེ་བཞིན་དུ་སྦྱར་ཏེ་ཆོས་གཉིས་ནི་ཞི་གནས་ཚོལ་བ་དང༌། ལྷག་མཐོང་ལ་མཁས་པའོ། །གསུམ་ནི་


TNT17_Page_0899
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོ་དང༌། སྟོང་ཉིད་ངེས་པར་སེམས་པ་དང༌། དེ་ལ་རློམ་སེམས་མི་བྱེད་པའོ། །བཞི་ནི་ཚུལ་ཁྲིམས་ལ་གནས་པ་དང༌། ཆོས་ལ་སོམ་ཉི་མེད་པ་དང༌། སྒོམ་པ་ལ་དགའ་བ་དང༌། ཡང་དག་པར་བླང་བ་ལས་མི་གཡོ་བའོ། །ལྔ་ནི་སྟོང་ཉིད་ལ་གནས་པ་དང༌། གཞན་གྱི་འཁྲུལ་པ་མི་འཚོལ་བ་དང༌། བདག་ལ་རྟོག་པ་དང༌། ཆོས་ལ་དགའ་བ་དང༌། གཞན་ལ་ཕན་འདོགས་པའོ། །དྲུག་ནི་བརྐམ་པ་དང༌། སྡང་བ་དང༌། རྨོངས་པ་མེད་པ་གསུམ་དང༌། དྲིས་མ་ཐག་ཏུ་ལན་ཡང་དག་པར་འདོན་པ་དང༌། བསྙེན་པར་བླ་བ་དང༌། སྟོང་པ་ཉིད་ཀྱི་སྤྱོད་ཡུལ་པའོ། །བདུན་ནི་དྲན་པ་དང༌། ཆོས་ལ་མཁས་པ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་སྦྱངས་དང༌། ཏིང་འཛིན་དང༌། ཤེས་རབ་བོ། །འདི་བྱང་ཆུབ་ཡན་ལག་དྲུག་དང་ཆོས་ལ་མཁས་པ་སྟེ་བདུན་བགྲངས་པ། ཆོས་ལ་མཁས་པ་ནི་ཇི་སྙེད་པ་དང༌། ཤེས་རབ་ནི་ཇི་ལྟ་བའི་ཕྱོགས་ལ་གཞག་པའོ། །བརྒྱད་ནི་འཕགས་ལམ་ཡན་ལག་བརྒྱད་དོ། །དགུ་ནི་སྙོམས་


TNT17_Page_0900
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པ་དགུའོ། །བཅུ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང༌། གནས་དང་གནས་མ་ཡིན་པ་ལ་མངོན་པར་བརྩོན་པ་དང༌། ཐབས་ཀྱི་འགྲོ་བ་དང༌། རྣམ་པར་སྣང་བྱེད་དང༌། ཀུན་ནས་སྣང་བ་དང༌། ཀུན་ཏུ་གསལ་བ་དང༌། རིན་ཆེན་ཟླ་བ་དང༌། ཟླ་བ་སྒྲོན་མེ་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་ཏིང་ངེ་འཛིན་ཏེ་ཏིང་ངེ་འཛིན་བཅུའོ། །དེ་ནས་མགོན་པོ་བྱམས་པས་བཅོམ་ལྡན་འདས་ལ་ཕར་ཕྱིན་དྲུག་གི་སྒོ་ནས་བསྟོད་དོ། །དེ་ནས་ཀུན་དགའ་བོས་འཕགས་པ་བྱམས་པ་ལ་བསྔགས་པ་ན། སྟོན་པས་མཐུན་འགྱུར་མཛད་དེ། ད་ལྟར་ང་ལ་བསྟོད་པར་མ་ཟད་སྔོན་བསྐལ་པ་གྲངས་མེད་པ་བཅུའི་སྔོན་རོལ་ན། བཅོམ་ལྡན་འདས་སྣང་བས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བ་སྐྱེད་མོས་ཚལ་དུ་འགྲོ་བས་སངས་རྒྱས་དེ་མཐོང་ནས་དད་པ་ཆེར་སྐྱེས་ཏེ། བདག་ཀྱང་ལུས་འདི་འདྲ་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་སྟེ་ས་ལ་ཉལ་ནས། སྨོན་ལམ་འདི་འགྲུབ་པར་འགྱུར་ན། སངས་རྒྱས་འདིའི་ཞབས་ཀྱིས་བདག་གི་ལུས་ལ་རེག་པར་གྱུར་ཅིག་སྙམ་དུ་འདུག་པ་ན། སྟོན་པ་དེའི་ཞབས་ཀྱི་བྲམ་ཟེ་བཟང་དག་ལ་རེག་པར་མཛད་པས། དེ་ཉིད་དུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །སྟོན་པ་དེས་འཁོར་རྣམས་ལའང༌། བྲམ་ཟེའི་ཁྱེའུ་འདིའི་ལུས་ལ་མ་འགོམ་ཞིག་པར་བཀའ་བསྒོས། མངོན་ཤེས་ལ་སོགས་པའི་ཡོན་ཏན་གཞན་དཔག་ཏུ་མེད་པ་ཐོབ་ནས། སྟོན་པ་དེ་ལ་ཡོན་


TNT17_Page_0901
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དུ་མས་བསྟོད་པ་བྱས་སོ། །བཟང་དག་དེ་ནི་སེམས་དཔའ་ཆེན་པོ་བྱམས་པ་འདི་ཡིན་ནོ། །དེ་ནས་འཕགས་པ་ཀུན་དགའ་བོས། བྱམས་པས་དེ་དུས་བཟོད་པ་ཐོབ་ལགས་ན། ད་དུང་སངས་མི་རྒྱ་བའི་རྒྱུ་ཞུས་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀོད་པ་ཡོངས་སུ་བཟུང་བ་གཉིས་ཡོད་དེ། དང་པོ་ནི་སེམས་ཅན་གྱི་བཀོད་པ་དང༌། སེམས་ཅན་ཡོངས་སུ་བཟུང་བ་ཡིན་ལ། གཉིས་པ་ནི་ཞིང་གི་བཀོད་པ་དང་ཞིང་ཡོངས་སུ་བཟུང་བའོ། །བྱམས་པ་དང་ང་གཉིས་ཡོངས་སུ་བཟུང་བ་གཉིས་པོ་དེའི་སྒོ་ནས་སྤྱིར་ནི་འདྲའོ། །བྱམས་པ་འདི་ནི་ཡང་དག་པར་ཞུགས་པ་སྟེ། འཕགས་པའི་ས་ཐོབ་ནས། བསྐལ་པ་བཞི་བཅུ་རྩ་གཉིས་ལོན་པའི་འོག་ཏུ། དེས་སེམས་བསྐྱེད་དེ། དེའི་དབང་དུ་བྱས་ན། བསྐལ་པ་བཟང་པོ་འདི་འདས་ནས། བསྐལ་པ་དགུ་བཅུ་རྩ་བཞི་ན། ང་སངས་རྒྱ་བར་རིགས་པ་ལས། ངས་བརྩོན་འགྲུས་དྲག་པོ་བརྩམས་ནས་མྱུར་དུ་སངས་རྒྱས་པ་ཡིན་ནོ། །མྱུར་དུ་སངས་རྒྱ་བའི་ཆོས་བཅུ་ཚན་གཉིས་གསུངས་ཏེ། དང་པོ་ནི། ནོར་དང་ཆུང་མ་དང་བུ་དང༌། མགོ་དང་མིག་དང༌། རྒྱལ་སྲིད་དང་ལོངས་སྤྱོད་དང༌། ཁྲག་དང་རྐང་རུས་དང༌། ཡན་ལག་ཐམས་ཅད་སྦྱིན་པའོ། །བཅུ་ཚན་གཉིས་པ་ནི། ཕར་ཕྱིན་གཞན་ལྔ་དང༌། སེམས་ཅན་མི་བཏང་བ་དང༌། ཐབས་མཁས་པ་དང༌། ཐམས་ཅད་ལ་སེམས་སྙོམས་པ་དང༌། སྟོང་པ་ཉིད་ཀྱི་ཆོས་རྟོགས་པ་དང༌། མཚན་


TNT17_Page_0902
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྨོན་མེད་གཉིས་གཅིག་ཏུ་སྡོམས་པའི་ཆོས་རྟོགས་པའོ། །ངས་ཚོར་བ་སྡུག་བསྔལ་དྲག་པ། ཚ་བ་རྩུབ་པ་ཉམས་སུ་མྱོང་བས་ཆོས་རྟོགས་པར་བྱས་ཏེ། དེ་ཡང་རྒྱལ་བུ་གཞོན་ནུ་ནོར་ཐམས་ཅད་སྦྱིན་པ་ཞེས་བྱ་བར་གྱུར་ནས། ནད་པ་ལ་རང་གི་ཁྲག་སྦྱིན་པས་གསོས་པ་དང༌། རྒྱལ་བུ་མེ་ཏོག་ཅེས་བྱ་བར་གྱུར་ནས། སྐྱ་བབས་ཀྱི་ནད་ཅན་ལ་རང་གི་རྐང་སྦྱིན་པས་གསོས་པ་དང༌། རྒྱལ་པོ་ཟླ་འོད་ཅེས་བྱ་བར་གྱུར་ནས། ལོང་བ་ལ་མིག་སྦྱིན་ཏེ་དེས་ཀྱང་མིག་ཐོབ་པ་རྣམས་སུ་གསུངས་ནས། དེ་དག་ལ་སོགས་པ་ཁྲག་དང་རྐང་དང་སྤྱན་སྦྱིན་པར་བཏང་བའི་རྣམ་གྲངས་རང་ཡང་མཐའ་མེད་ལ། འཕགས་པ་བྱམས་པ་འདི་ནི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཐེག་པ་བདེ་བ་དང་ལམ་བདེ་བ་དང༌། འཇུག་པ་བདེ་བས་བྱང་ཆུབ་སྒྲུབས་ཀྱི་གོང་གི་དེ་ལྟ་བུའི་དཀའ་བ་མ་སྤྱད་དོ། །བདེ་བས་བྱང་ཆུབ་སྒྲུབ་པ་དེ་ཡང་ཐབས་ལ་མཁས་པའི་ཁྱད་པར་གཅིག་ནི་ཡིན་ནོ། །སྐབས་འདིར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཞེས་པ་ནི། ལས་དང་པོའི་ས་དང༌། མོས་སྤྱོད་ཀྱི་སའི་གནས་སྐབས་ལ་དགོངས་པ་ཡིན་གྱི། འཕགས་པའི་ས་ཐོབ་ནས་ནི་ཁྱད་པར་མེད་དོ། །ཞེས་གོ་དགོས་སོ། །རྒྱལ་བ་མ་ཕམ་པ་འདི་ཉིད་ཀྱི་རྣམ་པར་ཐར་བ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས། མཐའ་གཅིག་ཏུ་བརྗོད་པ་མ་ཡིན་མོད། བདེ་བས་བྱང་ཆུབ་སྒྲུབ་པའི་རིགས་ཅིག་ཀྱང་ཡོད་པས། དེའི་དཔེར་བརྗོད་པ་ལྟ་བུར་


TNT17_Page_0903
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ཡིན་ལ། ངེས་པར་ནི་སེམས་དཔའ་ཆེན་པོ་འདིའི་མཛད་པའི་ཕྱོགས་གཅིག་ནས། བདེ་བ་ཁོ་ནས་བྱང་ཆུབ་སྒྲུབས་པའི་སྐབས་ཅིག་ཀྱང་ཡོད་པས། དེ་ལ་དགོངས་ནས་གསུངས་པའི་ཕྱིར། དེ་ལྟར་བསྟན་པ་དེ་དྲང་དོན་ཡང་མ་ཡིན་ནོ། །དེ་བཞིན་དུ་འོ་སྐོལ་གྱི་སྟོན་པ་ལ་ཡང་སྦྱར་བར་བྱ་ལ་སངས་རྒྱས་ཐམས་ཅད་ཀྱང་དེ་དང་འདྲའོ། །ཡང་སྔར་གྱི་འཕྲོས་ལས། དེ་ནས་ཀུན་དགའ་བོས་འཕགས་པ་བྱམས་པའི་ཐབས་མཁས་ཅི་ཡིན་ཞུས་པས། ཀུན་དགའ་བོ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས། སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་སངས་རྒྱས་ཐམས་ཅད་མངོན་སུམ་དུ་བྱས་ཏེ། ཚིག་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་པ་ནས། ས་བཅུ་པོ་ལ་རབ་ཏུ་གནས། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་གང་ལ་གནས་ནས། ཐབས་ལ་མཁས་པས་ཐེག་པ་བདེ་བ་དང༌། ལམ་བདེ་བ་དང༌། འཇུག་པ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་སྒྲུབ་པའི་ཐབས་ལ་མཁས་པ་ནི་དེ་ཡིན་ནོ། །ཞེས་གསུངས་ཏེ། སྔོན་བྱུང་རྒྱལ་བ་མ་ཕམ་པ་ལའང་དེ་བཞིན་ཡིན་མོད་ཀྱི། འདིའི་དོན་གྱི་གཙོ་བོ་རྗེས་འཇུག་ལ་དགོངས་ཏེ། ཡན་ལག་བདུན་པ་འདི་ནི་བྱང་ཆུབ་སེམས་


TNT17_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྣམས་ཀྱི་ཐབས་མཁས་ཁྱད་པར་ཅན་ཡིན་པ་དང༌། ཚེགས་ཆུང་ངུས་སྡིག་སྒྲིབ་བྱང་ཞིང་ཚོགས་རྫོགས་པའི་ཐབས་སོ། །ཞེས་གོ་བར་བྱ་བའི་དོན་ནོ། །ཡང་སྔར་གྱི་འཕྲོས་ལས། བྱམས་པ་འདི་སྔོན་སེམས་ཅན་སྨིན་པར་བྱེད་པའི་དུས་ན། རང་གི་ཞིང་ཁམས་ཀྱི་སེམས་ཅན་རྣམས་དུག་གསུམ་ཤས་ཆུང་ཞིང༌། དགེ་བ་བཅུ་ལ་ངང་གི་གནས་པའི་ཐབས་ཁོ་ན་བྱས་ལ། ངས་ནི་སེམས་ཅན་དམུ་རྒོད་རྣམས་ཁོ་ན་དངོས་སུ་འདུལ་བའི་སྨོན་ལམ་སྙིང་རྗེ་ཆེན་པོས་ཀུན་ནས་བླངས་ཏེ་བཏབ་པས་དེ་ལྟར་གྱུར་ཏོ། །དེ་ཕྱིར་ངས་ཡུལ་རྣམས་སུ་ཆོས་སྟོན་པ་ན་ཆད་པར་སྨྲ་བ་ཡིན་ནོ། །རྟག་པར་སྨྲ་བ་ཡིན་ནོ། །འཁོར་འདོད་པའོ། །འདོད་པ་ཆེའོ་ཞེས་སྐུར་པ་འདེབས་པ་དང༌། སྐུ་ལ་ས་འཐོར་བ་དང༌། ཟས་སུ་དུག་ཅན་འབུལ་བ་དང༌། མེའི་དོང་སྒྲུབས་པ་དང༌། མཛེས་ལྡན་མས་སྐུར་པ་བཏབ་པ་ཀྱང༌། ད་ནི་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ནས་ཆོས་སྟོན་ཏོ། །དེ་ནས་དེ་ཉིད་ཀྱི་འཕྲོས་ཀྱི་ཞུ་ལན་དང༌། ཆོས་ཀྱི་རྣམ་གྲངས་འདིའི་མཚན་བསྟན་པ་དང༌། རྗེས་སུ་ཡི་རང་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་དེའི་དོན་ཚན་རྫོགས་པ་ཡིན་ནོ། །ད་ནི་གཞུང་དངོས་བཤད་པར་བྱ་སྟེ། འདི་ལ་དོན་གསུམ་ནི། རྩ་བ་སེམས་བསྐྱེད་ལེན་པ། ཐབས་མཁས་ཡན་ལག་བདུན་པ། འཕེལ་བྱེད་སྨོན་ལམ་དངོས་སོ། །དང་པོ་ལ། ཕྱག་འཚལ་ཚུལ་གྱིས་སྐྱབས་སུ་འགྲོ་བ། རང་རྒྱུད་དག་བྱེད་སྟོབས་བཞིའི་བཤགས་པ། སྨོན་པ་སེམས་བསྐྱེད་དངོས་བླང་ཚུལ་ཏེ་གསུམ་ལས།


TNT17_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ་སོགས་ཏེ། སངས་རྒྱས་ནི་སྐུ་གསུམ་གྱིས་བསྡུས་པ་དང༌། དོན་དམ་པ་དང་བརྡར་བཏགས་པའི་སངས་རྒྱས་ཐམས་ཅད་དོ། །དེ་ལ་གུས་པར་བྱ་བའི་ཡུལ་གྱི་དབང་དུ་བྱས་ནས། ཆོས་ཡང་དག་པར་བསྡུད་པ་དང༌། ཕལ་པོ་ཆེ་ལས། སངས་རྒྱས་དཀོན་མཆོག་གི་རྣམ་གྲངས་བཅུ་གསུངས་པ་སྟེ། དེ་ཡང༌། རྒྱུ་མཐུན་རྣམ་སྨིན་ལས་བྱུང་དང༌། །ཏིང་འཛིན་སྨོན་ལམ་སེམས་ཀྱི་ངང༌། །ངོ་བོ་ཉིད་ལོངས་རྫོགས་སྤྲུལ་པ། །རྟགས་དང་མདུན་གཞག་སངས་རྒྱས་སོ། །དེ་ལ་རྒྱུ་མཐུན་པའི་སངས་རྒྱས་ནི། ཕར་ཕྱིན་དྲུག་གི་སྒྲུབ་པ་ལ་སྤྱོད་པའི་བྱང་སེམས་དང༌། རྣམ་སྨིན་ལས་བྱུང་བའི་སངས་རྒྱས་ནི། ཐེག་ཆེན་གྱི་ཡིད་ལུས་དང༌། ཏིང་ངེ་འཛིན་གྱི་སངས་རྒྱས་ནི། སངས་རྒྱས་ཉིད་ཀྱི་ཏིང་ངེ་འཛིན་ལས་རང་འཁྲུངས་སུ་སྤྲུལ་པ་དང༌། སྨོན་ལམ་གྱི་སངས་རྒྱས་ནི་བྱང་སེམས་ཀྱི་སྨོན་ལམ་ལས་བྱུང་བ་དང༌། སེམས་ཀྱི་སངས་རྒྱས་ནི་བྱང་ཆུབ་སེམས་དཔས་སྤྲུལ་པ་དང༌། དེ་ནས་སྐུ་གསུམ་ཉིད་དང༌། བཏགས་པའི་སངས་རྒྱས་མཁན་པོ་དང་སློབ་དཔོན། མདུན་དུ་བཞག་པའི་སངས་རྒྱས་ནི་སྐུ་གཟུགས་རྣམས་སོ། །དྲང་སྲོང་ཡང་ཡིན་ལ་ལྷའི་མིག་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་སོ། །དྲང་སྲོང་གི་སྒྲ་རི་ཥ་ཞེས་པའི་སྒྲ་ལས་དྲངས་ན། རྀདྡྷི་ནི་རྫུ་འཕྲུལ་ཏེ་འབྱོར་བ། ཤ་ནི་པོ་ཥ་དྷུ་གསོ་ཞིང་སྦྱོང་བ་སྟེ་ནུས་མཐུའི་འབྱོར་པ་ཕུན་སུམ་ཚོགས་དང་ལྡན་ལ།


TNT17_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

རང་གཞན་གྱི་ནད་དང་སྡུག་བསྔལ་སོགས་གསོ་ཞིང་སྦྱོང་བར་བྱེད་པའི་དོན་ནོ། །ཡང་ན་རྀ་ག་བེ་ཥ་དྷ་ར་ཞེས་པ་ངེས་བརྗོད་ཆ་བྱད་འཆང་བ་སྟེ། ངེས་པ་བདེན་པ་ཁོ་ན་སྨྲ་ཞིང༌། བདེན་པར་སེམས་ལ་བདེན་པར་བྱེད་པ་ཡང་ཡིན། དགེ་སྦྱོང་ངམ་བྲམ་ཟེའི་ཆ་བྱེད་ཀྱང་འཛིན་པའི་དོན་དུ་འཆད་དེ། དེ་ལྟར་ན་མཐུ་ཕུལ་དུ་བྱུང་བ་དང་སེམས་ཅན་གྱི་སྡུག་བསྔལ་སེལ་བ་དང༌། བདེན་པའི་རང་བཞིན་ཅན་གསུམ་པོ་དེ་ཡང་གཞན་རྣམས་ལ་ནི་ཕྱོགས་མཐུན་དང་ཕྲ་མོ་ཙམ་ལས་མེད་ལ། ཇི་ལྟ་བ་བཞིན་དུ་མངའ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །ཆ་བྱད་འཛིན་པ་ཡང་མུ་སྟེགས་དང༌། ཉན་ཐོས་དག་གིས་ནི་ཐོར་ཚུགས་དང༌། གཡང་གཞི་དང༌། ཆོས་གོས་གསུམ་ལ་སོགས་པ། བཅོས་མས་གསར་དུ་སྒྱུར་བ་ཙམ་ཡིན་ལ། སངས་རྒྱས་རྣམས་ཀྱི་སྐུ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་ལུས་ནི་མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་བརྒྱན་པ། རང་བཞིན་གྱིས་གྲུབ་ཅིང་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ནོ། །ཡང་དྲང་པོའི་ལམ་གཞུང་སྲོང་བར་བྱེད་པའི་ཕྱིར། དྲང་སྲོང་སྟེ་དྲང་པོ་ནི་མཐའ་གཉིས་སྤངས་པའམ། བདེན་པའི་དོན་ལ་འཆད་དགོས་པའི་ཕྱིར། བདེན་པ་བཞིའི་སྒོ་ནས་གང་ཟག་གི་བདག་མེད་པ་དང༌། བདེན་པ་གཉིས་ཀྱི་སྒོ་ནས་ཆོས་ཀྱི་བདག་མེད་པའི་ལམ་སྟོན་པའོ། །ལྷ་མིག་ནི་ལྷའི་མིག་གི་མངོན་ཤེས་ཉིད་ཀྱང་ཡིན་ལ། གཞན་དུ་ན་འགྲོ་བ་དྲུག་ལས་འདས་པའི་ལྷ་ནི་ལྷ་མཆོག་སྟེ། ཐེག་ཆེན་འཕགས་


TNT17_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཡིན་ལ། མིག་ནི་གསལ་བར་མཐོང་བ་དབང་པོའི་དོན་ཏེ། ཤེས་རབ་ཀྱི་དབང་པོས་ཇི་ལྟ་ཇི་སྙེད་གཟིགས་པ་དང༌། ཏིང་ངེ་འཛིན་གྱི་དབང་པོ་སྤྱོད་ཡུལ་སྣ་ཚོགས་པ་བསྒྱུར་བ་དང༌། དབང་པོ་ལྔ་གཞན་དུ་གྱུར་པ་ལ་སོགས་པའི་མངོན་ཤེས་སྣ་ཚོགས་པ་མཐུ་ཐོབ་པ་ལས་བྱུང་བ་རྣམས་སོ། །ཡང་ཞེས་པས་ཆོས་དཀོན་མཆོག་ཀྱང་ཞོར་ལ་འཕངས་ཏེ་དེ་ལྟར་ན་ཐེག་ཆེན་པའི་སྐྱབས་ཡུལ་དཀོན་མཆོག་གསུམ་པོ་དངོས་རྣམས་ཡིན་ལ། ཉན་ཐོས་རྣམས་ཞེས་པ་ནི། རྒྱུན་ཞུགས་དང་ཕྱིར་འོང་དང༌། ཕྱི་མི་འོང་དང་དགྲ་བཅོམ་པ་སྟེ། དེ་དག་ཀྱང་ཞུགས་པ་དང་འབྲས་གནས་ཀྱི་དབྱེ་བས། གང་ཟག་ཡ་བརྒྱད་དམ་སྐྱེས་བུ་ཟུང་བཞི་སྟེ། རྣམས་ཞེས་པ་མང་པོའི་ཚིག་གོ །རང་རྒྱལ་རྣམས་ཀྱང་ཉན་ཐོས་དང་ལྟ་སྤྱོད་སྒོམ་པ་གསུམ་མཐུན་པའི་ཕྱིར། དེའི་ནང་དུ་བསྡུས་པ་ཡིན་ལ། ཉན་ཐོས་ལས་རང་རྒྱལ་མཆོག་ཏུ་གྱུར་པའི་ཕྱིར། མཆོག་དམན་པར་བསྡུ་བ་མི་རིགས་སོ་སྙམ་ན། མཆོག་དམན་གྱི་ཆ་ནས་དེ་ལྟར་བདེན་ཡང་ཉན་ཐོས་མང་བའི་ཕྱིར་མང་བར་བསྡུས་པའམ། རང་རྒྱལ་རྣམས་ནི་སྤྱིར་བཏང་ན། དེ་བཞིན་གཤེགས་པའི་དངོས་ཀྱི་འཁོར་དུ་མི་འབྱུང་བར་གྲགས་པ་དང༌། དེ་མ་ཟད་བསྟན་པ་གནས་པའི་ས་ཕྱོགས་སུ་ཡང་མི་འབྱུང་ཞིང༌། ལུང་གི་ཆོས་སྟོན་པ་པོ་ཡང་མིན་པས། དགེ་འདུན་དུ་འཇོག་པའི་ཆ་ནས་ཉན་ཐོས་གཙོ་ཆེ་བ་ཡིན་ནོ། །དག་པའི་ཞིང་དང་ཐེག་ཆེན་གྱི་ལམ་དུ་


TNT17_Page_0908
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་དང༌། ཐེག་པ་ཆེན་པོ་མདོ་སྔགས་ཀྱི་སྡེ་སྣོད་ལ་དམིགས་ཏེ། དེའི་འབྲས་བུ་ཐོབ་པ་དང༌། སྤྲུལ་པའི་རང་རྒྱལ་རྣམས་ནི་དམིགས་གསལ་ཡིན་པའི་ཕྱིར་ངེས་པ་དེ་ཡང་མེད་མོད། རེ་ཞིག་ཐུན་མོང་གི་རྣམ་གཞག་གཙོ་ཆེ་བར་བྱས་པའོ། །ཐེག་དམན་འཕགས་པ་འདི་དག་འཇིག་རྟེན་གྱི་ཡོན་གནས་ཆེན་པོར་གྱུར་པ་ཉིད་ཀྱིས་ན་འཇིག་རྟེན་གྱི་ངོ་བསྲུང་བའི་ཕྱིར་དང༌། ཐེག་དམན་གྱི་རིགས་ཅན་རྗེས་སུ་བཟུང་བའི་ཕྱིར་དང༌། ཐེག་པ་ཆེན་པོར་རློམ་པའི་ང་རྒྱལ་གཞིག་པའི་ཕྱིར་དང༌། ཡོན་ཏན་ཆེ་འབྲིང་ཆུང་ངུ་དང་ལྡན་པ་གང་ལ་ཡང་དད་པ་བསྐྱེད་དགོས་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་རིགས་ཅུང་ཟད་སད་པ་ཡིན་པས་ན། རྒྱལ་བའི་སྲས་ཀྱི་ཆ་ཤས་སུ་ཆུད་པས། མ་འོངས་པ་ན་སངས་རྒྱས་སུ་འགྱུར་ངེས་པའི་ཕྱིར་དང༌། དེ་བཞིན་གཤེགས་པའི་ཞབས་འབྲིང་དུ་གནས་པ་ཡིན་པས། སངས་རྒྱས་ལ་གུས་པ་བསྐྱེད་པའི་ཕྱིར་དང༌། བཀའ་བཞིན་དུ་སྒྲུབ་པས་ན། བཟང་འདུན་ལ་གཅིག་ཏུ་ཞུགས་པའི་ཕྱིར་དང༌། ཆོས་ལ་ཐུན་མོང་དུ་ཞུགས་ནས་མཐུན་པར་བགོ་བཤའ་བྱེད་པས། སྤུན་ཟླ་ཉེ་བ་ལྟ་བུར་གྱུར་པའི་ཕྱིར་དང༌། འཕགས་པའི་ས་མ་ཐོབ་པ་རྣམས་ཀྱིས་ནི། ཡོན་ཏན་འགའ་ཞིག་གིས་ལྷག་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་ཉན་ཐོས་ལ་ཕྱག་འཚལ་བའི་གནས་སྐབས་ཡོད་ཅིང༌། རྒྱུ་མཚན་ཕྱི་མ་དེ་དང༌། ཐོས་པ་ལ་སོགས་པའི་ཕྱིར། སྐྱབས་སུ་འགྲོ་བའི་སྐབས་ཀྱང་ཡོད་དོ། །སེམས་ཡང་


TNT17_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བསྐྱེད་པའི་དོན་དང༌། ལམ་མཐར་ཐུག་པ་ལ་དཀྲི་བའི་དོན་དང༌། འཕགས་མཆོག་རྣམས་ཀྱི་དབང་དུ་བྱས་ནས་ནི། སྐྱབས་སུ་འགྲོ་བ་ཡང་མིན་ལ་ཕྱག་འཚལ་བ་ཡང་མིན་ནོ། །དེའི་ཕྱིར་འདིར་སྨོས་པ་ཡང༌། བསོད་ནམས་འཕེལ་བའི་ཕྱིར་ཞོར་ལ་བསྟན་པ་ཡིན་གྱི། སེམས་བསྐྱེད་པའི་ཡན་ལག་ཏུ་མ་ཡིན་ནོ། །ཐུན་མོང་མ་ཡིན་པའི་སྐྱབས་དང་ཕྱག་གི་ཡུལ་བསྟན་པ་ནི་ངན་འགྲོ་ལས་ནི་ལྡོག་བགྱིད་ཅིང་སོགས་ཏེ། དེ་ཡང་བྱང་ཆུབ་ཀྱི་སེམས་ཡིན་ལ་ཚིགས་བཅད་འདི་ནི་ཕྱག་འཚལ་བའི་ཚུལ་གྱིས་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པས་དེ་ལེན་འདོད་བསྐྱེད་དགོས་པ་བསྟན་ཏོ། །དེ་ནི་སྙིང་རྗེ་ཆེན་པོ་དང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཟུང་དུ་འཇུག་པ་སྟེ། རེ་ཞིག་ལམ་གྱི་དབང་དུ་བྱས་ན། སྙིང་རྗེ་ཆེན་པོ་བདག་གཞན་བརྗེ་བ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང༌། ལས་ངན་དཔག་ཏུ་མེད་པ་ཟད་ཅིང་ཕྱིན་ཆད་སྡོམ་པར་འགྱུར་བས། ངན་འགྲོ་ལས་ལྡོག་པ་དང༌། སེམས་བསྐྱེད་པ་ཉིད་ཀྱི་ཕན་ཡོན་ལས། ལྷ་དང་མིའི་གཙོ་བོའི་གོ་འཕང་ལན་ཤིན་ཏུ་མང་བ་ཐོབ་པར་ཡང་འགྱུར་ལ། སེམས་བསྐྱེད་ལས་ཚུལ་ཁྲིམས་ལ་སོགས་པ་དགེ་བ་མཐའ་ཡས་པ་འབྱུང་བའི་ཕྱིར། མཐོ་རིས་ཀྱི་ལམ་སྟོན་པ་དང༌། རྒ་ཤི་མེད་པའི་གནས་སངས་རྒྱས་ཀྱི་སར་འདྲེན་པར་བྱེད་པའི་ཡོན་ཏན་དང་ལྡན་པའོ། །ཡང་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་ཀྱང༌། ངན་འགྲོ་དང་དེའི་རྒྱུ་ས་བོན་དང་བཅས་པ་སྤོང་བར་


TNT17_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཅིང༌། དེ་ལས་དགེ་བ་དཔག་ཏུ་མེད་པ་འཕེལ་བ་དང༌། རྒ་ཤི་མེད་པ་འཕགས་པའི་ས་དངོས་སུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཡང་ན་སྟོང་ཉིད་རྟོགས་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་ལ། དེ་ལས་ཀུན་རྫོབ་ཏུ་ལས་འབྲེལ་ཕྱིན་ཅི་མ་ལོག་པ་རྟོགས་པས་སྔ་མ་གཉིས་དང༌། དོན་དམ་དུ་འཁོར་བ་རྩ་བྲལ་དུ་རྟོགས་པས། རྒ་ཤི་མེད་པར་འདྲེན་ཞེས་ཀྱང་སྦྱར་རོ། །ཡང་ན་བྱང་ཆུབ་ཀྱི་སེམས་ནི་དོན་དམ་པའི་ཆོས་ཉིད་ཟུང་དུ་འཇུག་པའི་ཡེ་ཤེས་ཡིན་ལ། དེ་ལ་དམིགས་ཏེ་སྒོམས་པས་ཕན་ཡོན་གསུམ་པོ་དེ་འབྱུང་ཞེས་ཀྱང་སྦྱར་རོ། །གླེགས་བམ་འགའ་ཞིག་ལས། ཐར་པའི་ལམ་ནི་རབ་སྟོན་ལ་ཞེས་འབྱུང་བ་ལ་ཁ་ཅིག་ངན་འགྲོ་ལས་ལྡོག་པའི་ནང་དུ་མཐོ་རིས་ཀྱི་ལམ་སྟོན་པ་ནི་འདུས་ལ། ཐར་པའི་ལམ་ནི་ཐེག་པ་གསུམ་གྱི་ལམ་ཐམས་ཅད་སྤྱིར་བསྟན་པ་དང༌། རྒ་ཤི་མེད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་ཁོ་ན་སྟེ། སྐྱེས་བུ་གསུམ་གྱི་རིམ་པ་དང་ཡང་སྦྱོར་བར་བཞེད་དོ། །དེ་ལ་རྒ་ཤི་མེད་པ་དངོས་ནི། དེ་ཁོ་ན་ཡིན་ཏེ། ཉན་རང་རྣམས་ཀྱིས་མ་རིག་བག་ཆགས་ཀྱི་ས་དང་ཟག་མེད་ཀྱི་ལས་མ་སྤངས་པས། ཡིད་ཀྱི་ལུས་ལ་དེ་ཉིད་དུ་གཏོགས་པའི་སྐྱེ་འཆིའི་བྱེ་བྲག་མང་དུ་ཡོད་པའི་ཕྱིར་རོ། །འོན་ཀྱང་ཁམས་གསུམ་འཁོར་བའི་སྐྱེ་འཆི་སྤངས་པའི་ཕྱིར། ཐུན་མོང་གི་གཏམ་ལ་རྒ་ཤི་མེད་པར་ཡང་གྲགས་སོ། །དེ་ལ་འདི་ནི་ཐེག་ཆེན་ཐུན་མོང་མ་ཡིན་པ་ལ་འཇུག་པའི་ཕྱིར། སྐྱེས་བུ་གསུམ་དང་སྦྱར་བ་མཐའ་གཅིག་ཏུ་དགོས་ངེས་མིན་པས། རེ་


TNT17_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་དཀྱུས་ནི་སྔར་བསྟན་པ་དེ་ཡིན་ནོ། །གཉིས་པ་ནི། སེམས་ཀྱི་དབང་དུ་གྱུར་པས་ན་སོགས་ཏེ་སེམས་ནི་ཀུན་གཞི་རྣམ་ཤེས་ཏེ། དེ་ལ་ལས་ཉོན་གྱི་བག་ཆགས་ཡོད་པ་མཐུ་བརྟས་པའི་དབང་ལས། ཉོན་མོངས་མངོན་གྱུར་པས་སྡིག་པ་བསགས་ཞེས་ཀྱང་སྦྱར་ལ། དངོས་སུ་ན་སེམས་ཏེ་འདོད་ཆགས་སོགས་ཉོན་མོངས་ཀྱི་དབང་དུ་གྱུར་པ་ཞེས་སྦྱར་རོ། །འདི་ལ་ཀུན་སློང་ཉོན་མོངས་དང༌། ལས་དངོས་དང༌། བཤགས་པའི་ཡུལ་དང༌། བཤགས་པ་དངོས་རྣམས་རྐང་པ་རེ་རེ་སྟེ་ཚིག་དོན་རྣམས་གོ་སླའོ། །དབང་དུ་གྱུར་ཞེས་པས་སུན་འབྱིན་པ་དང༌། སྡིག་པ་ཞེས་པས་ཡིད་དུ་མི་འོང་བ་དེ་སླར་ཟློག་པར་སྟོན། སངས་རྒྱས་ཞེས་པས་རྟེན་ཏེ་དཀར་པོའི་ས་བོན་ཤུགས་ལ་འཕངས་སོ། །གསུམ་པ་ནི། བདག་ལས་རྣམ་པ་གསུམ་གང་གི་སོགས་ཏེ་ལས་གསུམ་ནི་ལུས་ངག་ཡིད་ཀྱི་ལས་ཞེས་སྦྱར་ཡང་རུང་མོད་ཀྱི། འདིར་ནི་སྨོན་པ་སེམས་བསྐྱེད་ཀྱི་ཆོ་ག་རྒྱལ་ཚབ་བྱམས་པ་ཉིད་ཀྱི་ལུགས་ལས་འབྱུང་བའི་ཆོ་གའི་ཚིག་རྒྱས་པ་དང་དངོས་སུ་སྦྱར་རྒྱུ་ཡོད་པས། འདི་ལྟར་བཤད་པར་བྱ་སྟེ། བདག་གི་ལས་སྦྱིན་པའི་ལས་དང༌། ཚུལ་ཁྲིམས་ཀྱི་ལས་དང༌། སྒོམ་པའི་ལས་གསུམ་གྱི་བསོད་ནམས་ཏེ་དགེ་བའི་ལས་སུ་གྱུར་པ། འཁོར་བ་ཐོག་མེད་ནས་ད་ལྟ་ཡན་ཆད་དུ་བསགས་པ་ཐམས་ཅད། བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་སྟེ། སངས་རྒྱས་ཀྱི་རྒྱུར་དམིགས་ནས་བཞག་པ་སྟེ། ནམ་ཞིག་སངས་རྒྱས་ཐོབ་པར་འགྱུར་


TNT17_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུ་ཚོགས་ཀྱི་ས་བོན་ནམ་བསྐྱེད་འཕེལ་གྱི་རྩ་བར་བྱས་ནས། དགེ་བ་འདི་ལས་དགེ་བ་གཞན་རབ་ཏུ་སྤེལ་ཏེ། བདག་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་གྱུར་ཅིག །ཅེས་བསམ་པའོ། །འདིར་གྱུར་ཅིག་ཅེས་པ་སྨོན་ལམ་གདབ་པ་ཁོ་ན་མ་ཡིན་ཏེ་སྨོན་སེམས་ལེན་པའི་ཆོ་གའོ། །དེས་ན་འདིར་ས་བོན་ཞེས་པ་ནི་རྒྱས་འགྱུར་གྱི་རིགས་ཡིན་ལ། སེམས་ཅན་གང་ཅི་ཡང་རུང་སྟེ་དེ་ཐམས་ཅད་ཀྱི་རྒྱུད་ལ་འབྲས་བུ་གསུམ་སྨིན་ཟིན་པ་དང་མ་ཟིན་པའི་དགེ་བ་རིགས་གཉིས་ཀ་ཡང་མེད་པ་ནི་མི་སྲིད་ལ། དེ་ཙམ་གྱིས་རྒྱས་འགྱུར་གྱི་རིགས་དངོས་སུ་ནི་མི་འགྱུར་མོད་དགེ་བའི་ས་བོན་དེ་སླར་ཡང་དགེ་བ་གསར་པ་གཅིག་གིས་གསོས་བཏབ་ལ། དེ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ནས། བདག་གི་དགེ་བ་གསར་རྙིང་འདི་ཀུན་གྱི་མཐུ་ལས་བདག་མ་འོངས་པ་ན་སངས་རྒྱས་སུ་གྱུར་ན་ཅི་མ་རུང༌། ད་ལྟའི་དགེ་བ་འདི་ལས་དགེ་བ་གཞན་སྤེལ་ནས། བདག་སངས་རྒྱས་སུ་བྱའོ་སྙོམ་པའི་བསམ་པ་བཅོས་མ་མ་ཡིན་པ་སྐྱེས་པ་ཚུན་ཆད་ནས། དེ་ལྟ་བུའི་དགེ་བའི་ས་བོན་དེ་ནི་རྒྱས་འགྱུར་གྱི་རིགས་ཡིན་ཏེ། ལམ་གྱི་ཆོས་ཐམས་ཅད་ཀྱི་འཕེལ་བའི་གཞི་ཡིན་ལ། དེ་ནི་བྱང་ཆུབ་མ་ཐོབ་བར་དུ་ཆུད་མི་ཟ་བ་ཤིན་ཏུ་བརྟན་པ་ཡང་ཡིན་ཅིང༌། ཕྱིན་ཆད་སེམས་བསྐྱེད་ཀྱིས་ཟིན་པ་དང་མ་ཟིན་པའི་དགེ་བ་རང་གིས་བྱས་པ་ཐམས་ཅད་ཀྱིས་དེ་རྒྱས་པར་འགྱུར་བས། དེ་རྣམས་དེ་རྒྱས་བྱེད་ཡིན་ནོ། །དེ་ལྟར་ན་སེམས་བསྐྱེད་ཀྱི་ཆོ་ག་ཆེན་པོ་


TNT17_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བདག་མིང་འདི་ཞེས་བགྱི་བས་སྔོན་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པ་ལས་བྱུང་བ་དང༌། ཚུལ་ཁྲིམས་ལས་བྱུང་བ་དང༌། སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་བདག་གིས་བགྱིས་པ་དང༌། བགྱིད་དུ་རྩལ་བ་དང༌། བགྱིད་པ་ལས་རྗེས་སུ་ཡི་རང་བ་ལས་བྱུང་བའི་དགེ་བའི་རྩ་བ་དེས། ཞེས་འབྱུང་བ་སྟེ། གཞུང་འདིར་བདག་ལས་རྣམ་པ་གསུམ་གང་གིས། བསོད་ནམས་ཚོགས་ནི་བསྐྱེད་པ་སྟེ། བདག་གི་ཀུན་མཁྱེན་ས་བོན་ཏེ། །ཞེས་བསྡུས་ཏེ་གསུངས་པར་སྣང་ལ། སྐབས་འདིར་དགེ་བའི་རྩ་བ་དང་ས་བོན་ཡང་མིང་གི་རྣམ་གྲངས་སུ་འགྱུར་རོ། །ཤིན་ཏུ་བསྡུས་པ་ལ། བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། ཞེས་འདོན་པ་དེའོ། །བདག་གི་བྱང་ཆུབ་ཅེས་པ་ནི། མ་འོངས་པ་ན་བདག་གིས་ཐོབ་པར་གྱུར་པའི་བྱང་ཆུབ་དེ་ནི། འཁོར་བ་ཇི་སྲིད་བར་རམ། ནམ་མཁའ་ཇི་སྲིད་བར། སྐུ་དང་ཡེ་ཤེས་དང་ཕྲིན་ལས་ཟད་པ་མེད་པར་གྱུར་ཅིག ཅེས་སྨོན་པ་སྟེ། མི་ཟད་པ་དེ་ནི་ཉན་རང་གི་བྱང་ཆུབ་ལ་མེད་པས། བླ་ན་མེད་པའི་བྱང་ཆུབ་ཀྱི་ཁྱད་ཆོས་ཡིན་ལ། དགེ་བ་དེ་ཆོས་དབྱིངས་དང་རོ་གཅིག་ཏུ་བསྔོས་པས་ཀྱང་མི་ཟད་པའི་རྒྱུ་ཐུན་མོང་མིན་པ་བྱེད་དོ། །དོན་དམ་པར་ནི་མི་ཟད་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། གདོད་མའི་ཡེ་ཤེས་ཟད་མེད་གསུམ་ལྡན་དེ་ཉིད་དུ་སྒྲུབ་པོ་རང་ཡང་ཐིམ་པར་འགྱུར་བ་ནི། ལམ་གྱི་སྐབས་སུ་བདག་


TNT17_Page_0914
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་སྟེང་དུ་བསམས་ནས་ཆོས་དབྱིངས་ལ་དམིགས་ཏེ། སྤྱོད་པ་སྤྱོད་པ་ལ་རག་ལས་པ་ཡིན་པས། དེ་ཕྱིར་སེམས་བསྐྱེད་དང་བསྔོ་བ་ལ་ཡང་འདི་དྲན་པར་བྱའོ། །འདུས་མ་བྱས་ཀྱི་དགེ་བ་བསྔོས་ཤིང་དེ་ལ་སེམས་བསྐྱེད་པས། ཆོས་སྐུ་ཐོབ་པར་འགྱུར་ལ། འདུས་བྱས་ཀྱི་དགེ་བ་བསྔོས་ཤིང་དེ་ལ་སེམས་བསྐྱེད་པས། གཟུགས་སྐུ་ཐོབ་པར་འགྱུར་རོ་ཞེས་ཀྱང་བྱའོ། །ཆོ་ག་རྒྱས་པ་ལས། གོང་གི་འཕྲོས་ལ་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང༌། ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་དགྲོལ་བའི་ཕྱིར་དང༌། དབུགས་མ་བྱུང་བ་རྣམས་དབུགས་དབྱུང་བའི་ཕྱིར་དང༌། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར་དུ་ཞེས་འབྱུང་བ་དེ་གཞུང་འདིར། མི་ཟད་ཤོག་ཅེས་པས་བསྟན་ཏེ། སེམས་ཅན་མཐའ་ཡས་པ་སྒྲོལ་བའི་ཕྱིར་ཟད་པར་མི་འགྱུར་བའོ། །ཤིན་ཏུ་བསྡུས་པ་ལས། འགྲོ་ལ་ཕན་ཕྱིར་ཞེས་འདོན་པ་དེའོ། །ཆོ་ག་རྒྱས་པ་ལས། ཇི་ལྟར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་ཡང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །ཞེས་སོགས་ནི་གཞུང་འདིར་བདག་གི་བྱང་ཆུབ་


TNT17_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དང་ཤོག་ཅིག་ཅེས་པའོ། །དེ་ཡང་སེམས་བསྐྱེད་པར་བགྱིའོ་ཞེས་པ། བྱང་ཆུབ་ཐོབ་པར་ཞིག་ངེས་པར་བགྱིའོ། །དེའི་རྒྱུར་བྱང་ཆུབ་འདོད་པའི་བསམ་པ་མ་འགྱུར་བར་བགྱིའོ། །ཞེས་པའི་དོན་ཡིན་ལ། དེ་ཉིད་བྱང་ཆུབ་ཐོབ་པར་ཤོག་ཅིག་པ་དང་དོན་གཅིག་པའི་ཕྱིར་རོ། །ཤིན་ཏུ་བསྡུས་པ་ལས། སངས་རྒྱས་འགྲུབ་པར་ཤོག་ཅེས་པ་དེའོ། །འདི་ནི་སྨོན་སེམས་ལེན་པ་ཡིན་པའི་ཕྱིར། སྨོན་ལམ་གྱི་ཚུལ་དུ་བྱུང་བ་ཡིན་མོད་ཀྱང༌། སེམས་བསྐྱེད་ལེན་ཆོག་དངོས་ཡིན་པས་སྨོན་ལམ་འདེབས་པ་ཙམ་ཞིག་ཏུ་གོ་བར་མི་བྱའོ། །རྩ་བའི་ས་བཅད་གཉིས་པ། ཐབས་མཁས་ཡན་ལག་བདུན་པ་ལ། མཆོད་པ། བཤགས་པ། ཡི་རང། ཕྱག་འཚལ། བསྔོ་བ། བསྐུལ་བ། གསོལ་འདེབས་ཏེ་བདུན་ལས། དང་པོ་ནི། ཕྱོགས་བཅུ་དག་གི་ཕྱོགས་རྣམས་སུ་སོགས་ཏེ། སངས་རྒྱས་མཁྱེན་པའི་ཡི་རང་བ། ཞེས་པ་ལ། སངས་རྒྱས་ཐམས་ཅད་མཁྱེན་པ། དེའི་ཡི་རང་བ་ནི་དེ་རྣམས་དགྱེས་པར་འགྱུར་བ་སྟེ། སངས་རྒྱས་ཀྱི་ཐུགས་དགྱེས་པ་བསྐྱེད་པའི་རྒྱུར་འགྱུར་བའི་དོན་ནོ། །དོན་དུ་ནི་མཆོད་པ་ཉིད་ཀྱི་ཁྱད་པར་ལ། སངས་རྒྱས་དགྱེས་མི་དགྱེས་ཀྱི་དབྱེ་བ་མེད་ཀྱང༌། གང་གདུལ་བྱ་ཉིད་ཀྱི་སྒྲིབ་པ་ཟད་པ་དང༌། ཚོགས་རྫོགས་པའི་ཐབས་སུ་ཆེ་བ་དེ་ཉིད་ལ། དེ་བཞིན་གཤེགས་པ་རྗེས་སུ་ཡི་རང་བར་མཛད་པའོ། །དེ་ལ་བདག་ཡི་རང་བ་ནི་བདག་ཀྱང་དེ་ལྟ་བུར་འདོད་དོ་ཞེས་


TNT17_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཏེ། ཕྱོགས་བཅུའི་མཆོད་པ་དེ་ལྟ་བུ་བདག་གི་འདོད་པས་ཀྱང་དབུལ་ལོ། །ཞེས་པ་ནི་མཆོད་པའི་ཡན་ལག་ཉིད་ཡིན་གྱི། ཡི་རང་གི་ཡན་ལག་ནི་མ་ཡིན་ནོ། །དཔེ་གཞན་ལ་ཐམས་ཅད་མཁྱེན་པའི་ཡི་རང་བས་ཞེས་འབྱུང་བའང་དོན་འདྲའོ། །གཉིས་པ་ནི། སྡིག་པ་ཐམས་ཅད་བཤགས་སོགས། གསུམ་པ་ནི་བསོད་ནམས་ཀུན་ལ་སོགས། བཞི་པ་ནི་སངས་རྒྱས་ཀུན་ལ་སོགས། ལྔ་པ་ནི་བདག་ནི་ཡེ་ཤེས་ཏེ། ཡེ་ཤེས་མཆོག་ནི་སངས་རྒྱས་ཀུན་གྱི་ཆོས་ཀྱི་སྐུ་ཤེས་བྱ་ཀུན་ལ་ཆོས་ཉིད་དུ་ཉེ་བར་སོང་བའི་ཆོས་དབྱིངས་ཡེ་ཤེས་རྣམ་པ་ཐམས་ཅད་པའོ། །དྲུག་པ་ལ་འཚང་རྒྱ་བར་ཉེ་བའི་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐོབ་པར་བསྐུལ་བ་དང༌། སངས་རྒྱས་མ་ཐག་པ་རྣམས་ཆོས་འཁོར་བསྐོར་བར་བསྐུལ་བའོ། །དང་པོ་ནི། ཕྱོགས་བཅུ་དག་གི་ཕྱོགས་རྣམས་ན་སོགས་ཏེ། གང་དུ་བཞུགས་པའི་གནས་དང༌། བསྐུལ་བའི་ཡུལ་ངོས་བཟུང་བ་དང༌། བྱ་བ་གང་ལ་བསྐུལ་བ་སྟེ། རིམ་པ་བཞིན་དུ་ཚིག་རྐང་དང་པོ་དང༌། ཕྱེད་དང་གཉིས་པ་གཉིས་སོ། །ས་བཅུ་དག་ལ་གནས་པ་ཞེས་པ་ནི་ས་བཅུ་པ་ལ་གནས་པ་སྟེ། སེམས་རྒྱུད་དུ་མ་དང་འབྲེལ་བའི་ས་དུ་མ་ལ་དག་ཅེས་མང་པོའི་དོན་ལ་གཉིས་པོའི་ཚིག་སྦྱར་རོ། །རེ་ཞིག་ས་དང་པོ་ནས་དགུ་པའི་བར་ལ། ས་གཞན་གྱིས་བར་ཆོད་པའི་ཕྱིར། དངོས་སུ་ནི་མ་ཡིན་ལ། བརྒྱུད་ནས་བསྐུལ་བ་ཡིན་ན་མི་འགལ་


TNT17_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སྐབས་ཀྱི་དོན་དུ་མི་འགྱུར་རོ། །གཉིས་པ་ལ། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུ་དང༌། དོན་དངོས་དང༌། དེའི་འབྲས་བུ་སྟེ་གསུམ་གྱི་སླད་དུ་བསྐུལ་ཞིང་སྨོན་པ་ལས། དང་པོ་ནི། དོན་གཉིས་ཏེ། རྟེན་དང་དགོས་པའོ། །རྟེན་ནི་བྱང་ཆུབ་དམ་པར་སོགས་ཏེ། བདུད་ཀྱི་སྡེ་མ་ལུས་པ་བཅོམ་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་ཟིན་པ་དེས་ནི། འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་གྱི། གཞན་དུ་ན། འགྲོ་བ་མཐའ་དག་གི་འདྲེན་པར་མི་རུང་བའི་ཕྱིར་རོ། །དགོས་པ་ནི། སྲོག་ཆགས་ཀུན་ལ་སྨན་པ་སྟེ། ཕན་པའི་སླད་དུའོ། །གཉིས་པ་དོན་དངོས་ནི། ཆོས་ཀྱི་འཁོར་ལོ་སོགས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བའི་སྡེ་པ་ཕལ་ཆེ་བ་དག་མཐོང་བའི་ལམ་ཁོ་ན་རྟོགས་པ་དོན་གྱི་ཆོས་འཁོར་དང༌། དེ་ཐོབ་བྱེད་ཀྱི་རྐྱེན་དུ་ཆོས་བསྟན་པ་དེ་ཉིད་འབའ་ཞིག་ལུང་གི་ཆོས་འཁོར་དུ་འདོད་ན། འདིར་ནི་དེ་ལྟར་མ་ཡིན་ཏེ། གང་བཟོད་པ་ཐོབ་པ་ཡན་ཆད་ཀྱི། ཐེག་པ་ཆེན་པོའི་ལམ་ལ་འཇིག་རྟེན་ལས་འདས་པའི་སའི་རིམ་པ་མི་འདྲ་བ་རེ་གསར་ཐོབ་ཏུ་འབྱུང་བ་ཀུན་དང༌། ཉན་ཐོས་ཀྱི་འབྲས་བུ་བཞི་ལ་སོགས་པ་ཐམས་ཅད་རྟོགས་པའི་ཆོས་འཁོར་ཡིན་ལ། དེ་དང་དེ་དངོས་སུ་ལྟ་ཅི་སྨོས། རྒྱུད་ནས་ཐོབ་བྱེད་ཀྱི་ཆོས་སྟོན་པ་ཐམས་ཅད་ཀྱང༌། ལུང་གི་ཆོས་འཁོར་ཏེ། དེ་དག་ཀུན་རྫོབ་ཀྱི་ཆོས་འཁོར་རོ། །ཤེས་བྱ་ཐམས་ཅད་གཟིགས་པའི་ཡེ་ཤེས་


TNT17_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མི་འཆད་པ་ནི་རྟོགས་པའི་ཆོས་འཁོར་དང༌། དོན་དེ་དང་མཐུན་པའི་གསུང་རབ་ཡན་ལག་རྒྱ་མཚོ་སངས་རྒྱས་ཉིད་ལ་སྣང་བ་ནི། ལུང་གི་ཆོས་འཁོར་ཏེ་འདི་གཉིས་ནི་དོན་དམ་པའི་ཆོས་འཁོར་རོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཡང་རྣམ་པ་གསུམ་སྟེ། ཆེད་དུ་བྱ་བ་ཐེག་དམན་གྱི་གདུལ་བྱ་ལ། བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང༌། ཆེད་དུ་བྱ་བ་ཐེག་ཆེན་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྟོང་ཉིད་ཀྱི་རྣམ་པར་གཡེང་བ་ཅན་ལ། མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཆེད་དུ་བྱ་བ་ཐེག་པ་སྣ་ཚོགས་པ་མཐའ་དག་ལ་རིམ་གྱིས་ཞུགས་ཟིན་ནས་རྒྱུད་ཤིན་ཏུ་བྱང་བའི་བྱང་ཆུབ་སེམས་དཔའ་དབང་རྣོན་མོས་པའི་དགེ་བ་ཕུན་སུམ་ཚོགས་པ་ཅན་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པའི་འཁོར་ལོའམ། ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་གྱི་ཆོས་འཁོར་རམ། ལུང་སྟོན་པའི་འཁོར་ལོའམ། བདེ་གཤེགས་སྙིང་པོའི་གཏམ་སྟོན་པར་མཛད་དོ། །གསུམ་པ་འབྲས་བུ་ནི། ཆོས་རྔ་སོགས་ཏེ། ལྷའི་རྔ་ཆེན་གྱི་སྒྲས་ལྷ་དམག་ཞུམ་པ་རྣམས་དབུགས་འབྱིན་ཅིང་སྡུག་བསྔལ་དང་ཡིད་མི་བདེ། སེལ་བ་ཡིན་པ་ལྟར། འདིར་སངས་རྒྱས་ཀྱི་ཆོས་སྟོན་པ་ནི་ལྷའི་རྔ་བོ་ཆེའི་གཟུགས་སུ་བཀོད་དེ། །དེའི་སྒྲས་སེམས་ཅན་གྱི་སྡུག་བསྔལ་སེལ་བ་ལས། སྡུག་བསྔལ་བའི་སེམས་ཅན་ལྷའི་དམག་དཔུང་གི་གཟུགས་སུ་བཀོད་དེ། དེའི་


TNT17_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྡུག་བསྔལ་ལས་ཐར་བར་བགྱིད་པར་ཤོག་ཅིག །ཅེས་ཆོས་བསྟན་པའི་འབྲས་བུ་སེམས་ཅན་རྣམས་སྡུག་བསྔལ་ཅན་གྱི་འཁོར་བ་ལས་བསྒྲལ་ཏེ། ཐར་བའི་བདེ་ལ་འཇོག་པའོ། །བདུན་པ་ནི། བསྐལ་པ་བྱེ་བ་བསམ་ཡས་སུ། །ཞེས་སོགས་ཚིག་རྐང་བཅུ་སྟེ། འདིར་བྱེ་བ་ཞེས་པ། འབུམ་ཕྲག་བརྒྱའི་ངེས་ཚིག་སྟོན་པ་མ་ཡིན་ཏེ། སྤྱི་ཙམ་ནས་ཤིན་ཏུ་མང་པོ་གོ་བར་བྱེད་པའོ། །དེ་བས་ན་དུས་ཀྱི་ཁྱད་པར་ནི་བསྐལ་པ་སོགས། མཛད་པའི་ཁྱད་པར་ནི་ཆོས་སྟོན་པར་མཛད་ཅིང་ཞེས་སོ། །དོན་དངོས་ནི། སངས་རྒྱས་མྱ་ངན་ལས་མི་འདའ་བར་འཇིག་རྟེན་དུ་བཞུགས་པར་གྱུར་ཅིག་ཅེས་པའོ། །རྒྱུ་ཅི་ཞིག་གིས་བཞུགས་ཅེ་ན་འདོད་པའི་འདམ་དུ་སོགས་ཏེ། ཁམས་གསུམ་གྱི་སེམས་ཅན་རྣམས་རང་རང་གི་སས་བསྡུས་པའི། སྲེད་པ་སྲེད་བུ་སྟེ་ཞགས་པས་དམ་དུ་བཅིངས་འདོད་པ་སྟེ་སྲེད་པའི་ཡུལ། རྒལ་བ་དཀའ་བའི་འདམ་དང་འདྲ་བར་བྱིང་བ། འཇིགས་ཚོགས་ལ་ལྟ་བ་སོགས་གཞན་ཡང་ཉོན་མོངས་པའི་འཆིང་བ་ལྕགས་སྒྲོག་ལྟ་བུས་བཅིངས་པ་དག་ལ། རྐང་གཉིས་མཆོག་སངས་རྒྱས་རྣམས་ཐུགས་རྗེ་ཆེན་པོས་གཟིགས་པར་མཛད་དུ་གསོལ། ཞེས་རྒྱུ་སྙིང་རྗེ་ཆེན་པོ་བསྟན་ཏོ། །འདི་ལ་འདོད་ཁམས་པ་རྣམས་གཟུགས་སོགས་འདོད་པའི་འདམ་དུ་བྱིང་བར་འཐད་ཀྱང༌། ཁམས་གཞན་གཉིས་ལ་དེ་ལྟར་བརྗོད་


TNT17_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མི་རིགས་སོ་སྙམ་ན། འདོད་པ་ནི་འདོད་ཆགས་དང་དེའི་ཡུལ་ལ་ཟེར་བས་མི་འགལ་ལོ། །དེ་ཡང་དེ་རྣམས་ཉིད་ཀྱི་སྲེད་པའི་ཡུལ་ཕུང་པོ་དང་བསམ་གཏན་འོག་མ་གསུམ་གྱི་ཚོར་བ་བདེ་བ་དང༌། བཞི་པ་དང་གཟུགས་མེད་ཀྱི་བཏང་སྙོམས་གང་ཡིན་པ་དེ་ཡང༌། དེ་རྣམས་ཉིད་ཀྱི་འདོད་བྱ་ཡིན་པའི་ཕྱིར་འདོད་པའི་སྒྲས་བསྟན་ཏོ། །ཚིགས་བཅད་འདིའི་དོགས་པ་བསལ་བའི་ཚུལ་དུ་སེམས་ཉོན་མོངས་པའི་དྲི་མས་གཡོགས་པར་བགྱིས་པའི་དབང་གིས། མཚམས་མེད་པ་ཅན་དང༌། རྐུ་འཕྲོག་དང༌། ལོག་པར་གཡེམ་པ་ཅན་དང༌། སངས་རྒྱས་ལ་སྐུར་བ་འདེབས་ཤིང་སྡིག་བསོག་པ་སོགས། མ་རུངས་པ་རྣམས་ལ་ཐུགས་རྗེས་གཟིགས་པ་མིན་ནམ་སྙམ་ན། སངས་རྒྱས་རྣམས་ནི་དེ་དག་ལ་སྨོད་པ་སྟེ། སྤོང་ཞིང་ཁྱད་པར་གསོད་པ་དང་འཁོན་པ་དང༌། མ་བརྟགས་པའི་བཏང་སྙོམས་སུ་མི་མཛད་དེ། ཉོན་མོངས་མེད་པའི་བཏང་སྙོམས་ཚད་མེད་མངའ་བས་སོ། །དེ་ཙམ་དུ་མ་ཟད་སེམས་ཅན་ཐམས་ཅད་ལ་སྙོམས་པར་བྱམས་པའི་ཐུགས་དང་ལྡན་པས། བསྐུར་བ་འདེབས་པ་དང༌། སྨོད་པ་སོགས་མེད་པར་བཞུགས་ལ། རྟག་ཏུ་བྱམས་བརྩེའི་རང་བཞིན་ཅན་གྱི་ཕྱིར་རོ། །དེ་ལྟར་སྙིང་རྗེ་དང་བཏང་སྙོམས་དང་བྱམས་པ་སྨོས་པས་དགའ་བ་ཡང་ཤུགས་ལ་བསྟན་ཏོ། །མདོར་ན་ཚིགས་བཅད་དེ་གཉིས་ཀྱིས་གཞན་དོན་དུ་འཁོད་པར་བཞུགས་པའི་རྒྱུ་ཚད་མེད་བཞི་བཤད་པའོ། །དེ་ལྟར་ན་རྟག་ཏུ་ཆོས་


TNT17_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཅིང་བཞུགས་ནས་འགྲོ་བ་མཐའ་དག་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག་ཅིག་ཅེས་པའོ། །དེ་ལྟར་དགེ་བའི་རྩ་བ་དེ་རྣམས་འཕེལ་ཞིང་ཡངས་ལ་རྒྱས་པར་འགྱུར་བ་ནི། སྨོན་ལམ་རྒྱ་ཆེན་པོས་ཡོངས་སུ་བསྔོ་བ་ལ་རག་ལས་པས། རྩ་བའི་ས་བཅད་གསུམ་པ་འཕེལ་བྱེད་སྨོན་ལམ་དངོས་ནི། རྫོགས་པའི་སངས་རྒྱས་གང་བཞུགས་དང་ཞེས་པ་མན་ཆད་དོ། །དེ་ལ་མདོར་བསྟན་རྒྱས་བཤད་ཕན་ཡོན་གསུམ་ལས། དང་པོ་ནི་ཚིགས་བཅད་གཅིག་སྟེ། རྫོགས་པའི་སངས་རྒྱས་གང་ད་ལྟར་འཇིག་རྟེན་ན་བཞུགས་པ་དང༌། གང་དག་འདས་པའི་ཚུལ་བསྟན་པ་རྣམས་དང༌། མ་བྱོན་པར་འབྱོན་འགྱུར་དེ་དག་ཐམས་ཅད་ཀྱི་དགོངས་པ་གང་ཡིན་པ་དང༌། གསུང་ཇི་སྐད་གསུང་བ་དང༌། མཛད་པ་གང་མཛད་པའི་རྗེས་སུ་བདག་ཀྱང་དེ་དང་འདྲ་བར་སློབ་ཅིང༌། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་ཅེས་པ་སྟེ། དེ་ལ་བྱང་ཆུབ་སྤྱོད་པ་ནི་བྱང་ཆུབ་ཀྱི་དབང་དུ་བྱས་པའི་སྤྱོད་པ་སྟེ། རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པ་རྣམས་དང་འབྲས་དུས་ཀྱི་འཕྲིན་ལས་ཐམས་ཅད་དོ། །དེ་བས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གང་མཛད་པ་དེ་བདག་གིས་ཀྱང་བྱེད་ཅིང༌། བྱང་ཆུབ་ཀྱི་སྤྱོད་པ་ཐམས་ཅད་སྤྱོད་པར་གྱུར་ཅིག་ཅེས་པ་འདིར་ནི་སྨོན་ལམ་ཐམས་ཅད་འདུས་པ་ཡིན་ནོ། །གཉིས་པ་རྒྱས་བཤད་ལ། སྤྱོད་པའི་གཙོ་བོ་དང་འབྲེལ་བའི་སྨོན་ལམ། དོན་དམ་སྟོང་ཉིད་དང་འབྲེལ་བའི་སྨོན་ལམ་


TNT17_Page_0922
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་དྲུག་རྒྱས་པར་བསྟན་པའི་སྨོན་ལམ། འབྲས་བུ་མཐར་ཐུག་གི་སྨོན་ལམ་མོ། །དང་པོ་ནི། ཕ་རོལ་ཕྱིན་དྲུག་སོགས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་དག་འདུས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བགྱིད་པ་དང༌། གཞན་དོན་དུ་འགྱུར་བའི་ཕྱོགས་ནས་བསྡུ་བའི་དངོས་པོ་བཞིས་འགྲོ་བ་དྲུག་གི་སེམས་ཅན། ཐར་བ་ལ་འགོད་པར་བགྱིད་པ་དང༌། མཐུ་སྟོབས་ཀྱི་ངོ་བོ་མངོན་པར་ཤེས་པ་དྲུག་པོ་དག་མངོན་སུམ་དུ་བགྱིས་ནས། བདག་བླ་ན་མེད་པའི་བྱང་ཆུབ་ལ་རེག་པར་གྱུར་ཅིག་ཅེས་པ་སྟེ། ཕྱིན་དྲུག་བསྡུ་དངོས་མངོན་ཤེས་རྣམས་སྤྱོད་པའི་གཙོ་བོར་བསྟན་པ་ཡིན་ནོ། དེ་ལ་ཕྱིན་དྲུག་དང་བསྡུ་དངོས་ནི་ངོ་བོའི་སྒོ་ནས་ཐ་དད་པ་མ་ཡིན་ཀྱང། དབྱེ་སྒོ་ཐ་དད་པ་ཙམ་སྟེ། བྱང་ཆུབ་ཀྱི་སྤྱོད་པ་ལ་བདག་ཉིད་ཉམས་ལེན་གྱི་སྒོ་ནས་དབྱེ་ན་ཕར་ཕྱིན་དྲུག གཞན་དོན་སྤྱོད་ཚུལ་གྱི་སྒོ་ནས་དབྱེ་ན་བསྡུ་དངོས་བཞི། གཞན་དོན་གྱི་རྒྱུའི་རབ་དབྱེ་ལོགས་སུ་བསྟན་ན་མངོན་ཤེས་དྲུག་གོ །དེའི་དང་པོ་མི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང༌། ཚུལ་ཁྲིམས་ཀྱི་དང༌། བཟོད་པའི་དང༌། བརྩོན་འགྲུས་ཀྱི་དང༌། བསམ་གཏན་གྱི་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། འདི་དག་ཀྱང་རྒྱ་ཆེ་བ་དང་ཟང་ཟིང་མེད། དོན་ཆེ་བ་དང་མི་ཟད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། ཡོན་ཏན་བཞིར་ནི་ཤེས་པར་བྱ། ཞེས་གསུངས་ཏེ། སྦྱིན་པ་ལ་སོགས་ལ་རེ་རེ་བཞིན་དུ། ཆེས་དཀའ་བ་རྣམས་


TNT17_Page_0923
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བྱེད་དགོས་ན་གཞན་རྣམས་སྨོན་ཀྱང་མ་དགོས་པས་རང་རང་གི་བསླབ་པའི་ཡུལ་མཐའ་དག་ལ་སློབ་པ་རྗེས་སུ་སྒྲུབ་པ་ནི། རྒྱ་ཆེ་བའི་ཡོན་ཏན་ནོ། །ལན་དང་རྣམ་སྨིན་ལ་རེ་བ་དང༌། བདག་གཅེས་འཛིན་ལ་སོགས་པ་ཉོན་མོངས་པའི་བསམ་པ་སྤང་བ་ནི། ཟང་ཟིང་མེད་པའི་ཡོན་ཏན་ནོ། །རང་གིས་བགྱིས་པའི་དགེ་བའི་རྩ་བ་ཡང་གཞན་དོན་དུ་སྒྱུར་བ་དང༌། གཞན་རྣམས་སྤྱིན་སོགས་ལ་བཀོད་ནས། སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་དང༌། མོས་པ་དང༌། ཡི་རང་དང༌། བསྔོ་བ་བྱེད་དུ་འཇུག་པ་ནི་གཞན་དོན་དང་འབྲལ་བའི་ཕྱིར་དོན་ཆེ་བའི་ཡོན་ཏན་དང༌། སྦྱིན་པ། སྦྱིན་བྱ། ལེན་པོ་སོགས་དྲུག་ཀར་སོ་སོའི་འཁོར་གསུམ་རང་བཞིན་མི་དམིགས་པའི་ཡེ་ཤེས་ཀྱིས་ཟིན་པ་ནི། མི་ཟད་པའི་ཡོན་ཏན་ཏེ་ལས་དང་པོ་པ་ནས་ཡོན་ཏན་བཞི་ལྡན་དུ་འབད་རྩོལ་གྱིས་སྒྲུབ་པ་ནི། ཕ་རོལ་ཏུ་ཕྱིན་པའི་རྒྱུའམ་སྒྲུབ་པ་ཡིན་ལ། ས་ཐོབ་ནས་ཡོན་ཏན་བཞི་ལྡན་རང་ཤུགས་སུ་འབྱུང་བ་ནི། ཟབ་ཅིང་རྒྱ་ཆེ་དཔག་པར་དཀའ་བ་སྟེ། ལམ་གྱིས་བསྡུས་པའི་ཕར་ཕྱིན་དངོས་སོ། །སྡོམ་ནི། འགལ་དང་དང་པོར་འཇུག་པ་དང༌། །འཕེལ་དང་ཆེན་པོ་འགྲུབ་པ་དང༌། །མཐར་ཐུག་འགྲོ་ས་མི་མཐུན་ཕྱོགས། འདི་དག་གི་བར་དུ་གཅོད་པའི་ཆོས་ལ་སེར་སྣ་ལ་སོགས་པ་དྲུག་ནི་འགལ་བ་མི་མཐུན་པའི་ཕྱོགས་སོ། ཕྱི་བཤོལ་དང༌། ཆེན་པོ་


TNT17_Page_0924
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུམ་པ་དང༌། ཆུང་ངུ་ལ་བརྙས་པ་དང༌། ལེ་ལོ་ནི་དང་པོར་འཇུག་པ་ལ་མི་མཐུན་པའི་ཕྱོགས་སོ། །ཆོག་ཚོད་དུ་སེམས་པ་ནི་འཕེལ་བ་ལ་མི་མཐུན་པའི་ཕྱོགས་སོ། །ལན་དང་གྲགས་པ་དང་རྣམ་སྨིན་ལ་རེ་བ་དང༌། ཉེ་དུ་འདི་ཕྱིར་དང༌། འགྲན་པའི་ཕྱིར་དང༌། གཞན་ལ་བརྙས་པ་ལ་སོགས་པ་ཉོན་མོངས་ཅན་དང་འབྲེལ་བ་ནི། འབྲས་བུ་ཆེན་པོ་འགྲུབ་པ་ལ་མི་མཐུན་པའི་ཕྱོགས་སོ། །རང་དོན་ཡིད་བྱེད་དང་མཚན་མར་འཛིན་པ་ནི། མཐར་ཐུག་འགྲུབ་པ་ལ་མི་མཐུན་པའི་ཕྱོགས་སོ། །དེ་ལྟར་མི་མཐུན་པའི་ཕྱོགས་ལྔ་པོ་དེ་ཡོངས་སུ་སྤངས་པ་ནི། ཟང་ཟིང་མེད་པའི་དོན་ལས་རྣམ་པར་ཕྱེ་སྟེ་བཤད་པ་ཡིན་ལ། ཕར་ཕྱིན་ཀྱི་སྒྲུབ་པར་འགྱུར་པ་ལ་འདི་དག་སྤངས་པ་གལ་ཆེའོ། །དེ་དག་གི་ལྡོག་ཕྱོགས་སོ་སོའི་གཉེན་པོ་བསྟེན་ན་དེ་དག་མངོན་འགྱུར་བ་འགག་པའི་ཕྱིར། འཕགས་ལམ་མ་ཐོབ་ཀྱི་བར་དུ་གཉེན་པོ་ཡིད་བྱེད་བག་ཡོད་པས་མགོ་བསྡུས་ཏེ། ཡང་ཡང་སྒྲིམ་པ་ལ་བསླབ་པར་བྱའོ། །བསྡུ་བའི་དངོས་པོ་བཞི་ནི། ཟང་ཟིང་གི་སྦྱིན་པ་རྣམ་པར་དག་པ། སྡིག་བྲལ་ཆོས་ལྡན་གྱི་སྒོ་ནས་སེམས་ཅན་ཚིམ་པར་བྱེད་པ་སྦྱིན་པ་དང༌། རང་རང་གི་བསམ་པ་དང་མཚུངས་པར་དམ་པའི་ཆོས་སྟོན་པ་སྙན་པར་སྨྲ་བ་དང༌། གཞན་རྣམས་ཕྱིན་དྲུག་སོགས་དགེ་བ་བྱེད་དུ་འཇུག་པ་དོན་སྤྱོད་པ་དང༌། བདག་ཉིད་ཀྱང་དེ་ལྟ་བུའི་ཆོས་སྤྱོད་ལས་མི་འདའ་ཞིང་རྟག་ཏུ།


TNT17_Page_0925
[མ་དཔེ་གཟིགས་ན་འདིར་གནོན།]

བཙོན་པ་ནི་དོན་མཐུན་པའོ། །མངོན་པར་ཤེས་པ་དྲུག་ནི། ལྷའི་མིག་དང༌། ལྷའི་རྣ་བ་དང༌། ཕ་རོལ་སེམས་ཤེས་དང༌། སྔོན་གནས་རྗེས་དྲན་དང༌། རྫུ་འཕྲུལ་གྱི་ཡུལ་དང༌། ཟག་པ་ཟད་པའོ། །དེ་ལྟར་ཡང༌། སྐྱེ་དང་ངག་སེམས་དགེ་དང་མི་དགེ་བསྐྱེད། །དེའི་གནས་དང་ངེས་འབྱུང་མངོན་སུམ་དང༌། །ཤེས་པ་ཀུན་འགྲོ་རབ་ཏུ་དབྱེ་བཅས་ལ། །ཐོགས་མེད་བརྟན་པ་ཐོབ་པའི་མཐུ་ཡིན་ནོ། །ཞེས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའི་མཐུ་དེ་ཡང༌། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པའི་དབྱེ་བས་རྒྱས་པར་རྟོགས་པར་བྱའོ། །དེ་ལྟར་ཡང་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ནས། ཇི་ལྟར་འདབ་གཤོག་མེད་པ་ཡི། །བྱ་ནི་མཁའ་ལ་འཕུར་མི་ནུས། །དེ་བཞིན་མངོན་ཤེས་སྟོབས་བྲལ་བས། །འགྲོ་བའི་དོན་བྱེད་ནུས་མ་ཡིན། །མངོན་ཤེས་ལྡན་ན་ཉིན་མཚན་གྱི། །འགྲོ་བའི་དོན་ནི་གང་བྱེད་པ། །མངོན་ཤེས་དང་ནི་བྲལ་བ་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། འགྲོ་བའི་དོན་སྤྱོད་པའི་མཐུའི་གཙོ་བོ་ནི་མངོན་ཤེས་རྣམས་སོ། །དེའི་ཕྱིར། མངོན་ཤེས་དྲུག་པོ་མངོན་བགྱིས་ནས། །བླ་མེད་བྱང་ཆུབ་རེག་གྱུར་ཅིག །ཅེས་པའི་ཚིག་འདི་ནུས་པ་ཅན་དུ་ཤེས་པར་བྱའོ། །གཉིས་པ་དོན་དམ་སྟོང་ཉིད་དང་འབྲེལ་བའི་སྨོན་ལམ་ནི། ཚིགས་བཅད་གཉིས་ལས། དང་པོ་ནི། མ་སྐྱེས་པ་དང་སོགས། དེ་ཡང་ཆོས་ཅན་ཀུན་རྫོབ་པའི་


TNT17_Page_0926
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་དམིགས་ནས་བདེན་པར་འཛིན་པ་ནི་ཆོས་ཀྱི་བདག་འཛིན་ཡིན་ལ། དེ་ལྟ་བུའི་ཆོས་གང་ཡང་དངོས་པོའི་གནས་ཚུལ་ལ་ཡོད་མ་མྱོང་བ་ནི་ཆོས་ཀྱི་བདག་མེད་དོ། །དེའི་དབང་དུ་བྱས་ནས་འདིར་བཤད་པ་དེ་ལ་མ་སྐྱེས་པ་ནི་མ་འོངས་པའོ། །མི་འབྱུང་བ་ནི་འདས་པའོ། །འདས་མ་འོངས་ཀྱི་དངོས་པོ་གཉིས་ནི་རང་བཞིན་གྱིས་མེད་པའོ། །གལ་ཏེ་འདས་པའི་དངོས་པོ་ཡོད་ན་ནི། ས་བོན་ཞིག་པ་ལས་ཀྱང་མྱུ་གུ་སྐྱེ་སྲིད་པར་ཐལ་བ་དང༌། མིར་སྐྱེས་པ་ད་ལྟར་བའི་དུས་ན་སྐྱེ་བ་སྔ་རོལ་ཀྱི་དམྱལ་བའི་སྡུག་བསྔལ་དང་ལྷའི་བདེ་བ་ཡང་ཡོད་པར་འགྱུར་ཞིང༌། དེ་ཡོད་ན་མྱོང་བར་ཡང་ཐལ་བར་འགྱུར་ཏེ། མྱོང་བ་པོ་མེད་པའི་བདེ་སྡུག་སྲིད་པའི་ཕྱིར་རོ། །མ་འོངས་པ་བདེན་པར་གྱུར་ན་ནི་དེ་རྒྱུ་སྔོན་སོང་ཡིན་པར་ཐལ་བར་འགྱུར་བ་དང༌། མ་སྐྱེས་པར་འཇིག་པར་ཡང་ཐལ་བར་འགྱུར་ཏེ། སྐད་ཅིག་རེ་རེར་འཇིག་པའི་ཕྱིར་རོ། །རང་བཞིན་ཏེ་ཀུན་གཞི་རྣམ་པར་ཤེས་པ་ཡང་བདེན་པར་མེད་ལ། གནས་ཏེ་སྣོད་ཀྱི་འཇིག་རྟེན་ཡང་གནས་ཚུལ་ལ་མ་གྲུབ་པ་དང༌། རྣམ་རིག་སྟེ་སེམས་དང་སེམས་བྱུང་དང་དེ་དག་རང་རང་གི་རྣམ་པ་དང་བཅས་པ་ཡང་ངོ་བོས་གྲུབ་པ་མེད་པ་དང༌། དངོས་པོ་སྟེ་ཕྱི་རོལ་ཀྱི་དོན་ཡང་རང་བཞིན་གྱིས་མ་གྲུབ་པའོ། །འདིར་མ་མཆིས་ཞེས་པ་ནི་མེད་པའི་ཚིག་གཙོ་བོ་ལ་སྨྲ་བའི་ཞེ་ས་བརྗོད་པའོ། །དེ་ལ་ཕྱི་རོལ་ཀྱི་དོན་མེད་དེ། ཕྱོགས་ཀྱི་


TNT17_Page_0927
[མ་དཔེ་གཟིགས་ན་འདིར་གནོན།]

ཆའི་དབྱེ་བས་བརྟགས་ན་གཅིག་དང་དུ་མ་གང་དུའང་མི་འགྲུབ་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་སྣོད་ཀྱི་འཇིག་རྟེན་ཡང་མ་གྲུབ་ལ། རྣམ་རིག་སྣང་བ་རྣམས་ཀྱང་བདེན་པར་མི་འགྲུབ་སྟེ། སྔོན་པོ་མི་བདེན་པ་ཉིད་ཀྱི་ཕྱིར། སྔོན་པོར་སྣང་བ་ཡང་འཁྲུལ་བ་སྟེ། མོ་གཤམ་གྱི་བུ་མེད་པ་ཉིད་ཀྱི་ཕྱིར། དེ་མཐོང་བའི་རྣམ་པ་ཡང་རྫུན་པ་ཁོ་ན་ཡིན་པ་བཞིན་ནོ། །དེ་ལྟར་གཟུང་བའི་རྣམ་པ་མེད་པའི་ཕྱིར། རྣམ་པ་དེ་ལྟ་བུ་འཛིན་མཁན་ནམ་མཐོང་བ་པོ། སེམས་དང་སེམས་ལས་བྱུང་བ་ཡང་མེད་དེ། གང་ཡུལ་བརྫུན་པ་དེའི་ཡུལ་ཅན་མཐའ་དག་ཀྱང་བརྫུན་པ་ཡིན་དགོས་པ། རྨི་ལམ་གྱི་གཟུགས་དང་དེ་མཐོང་བའི་ཤེས་པ་བཞིན་ནོ། །ཀུན་གཞི་རྣམ་པར་ཤེས་པ་ཡང་བག་ཆགས་ཐམས་ཅད་པ་ཡིན་པའི་ཕྱིར་ཤེས་པ་ཉིད་ཀྱི་ཆ་དུ་མ་ནས་རྣམ་པར་དབྱེ་ན། རགས་པ་བཞིན་དུ་གཅིག་དང་དུ་མར་མ་གྲུབ་པའི་ཕྱིར་དང༌། རྣམ་ཤེས་ཀྱི་ཕྱོགས་ཀྱིས་བསྡུས་པའི་ཤེས་པ་ཐམས་ཅད་སྐད་ཅིག་མའི་འཕྲེང་བ་ཡིན་པ་ལས། སྐད་ཅིག་མ་ཡང་ཐོག་མཐའ་བར་གསུམ་དུ་དབྱེ་བ་ལ་སོགས་པས་རྣམ་པར་ཕྱེ་ན། རང་གི་ངོ་བོས་གྲུབ་པ་མི་སྲིད་པའི་ཕྱིར། ཐམས་ཅད་ཀྱང་མིང་ཙམ་བརྡ་ཙམ་འཁྲུལ་བ་ཙམ་སྣང་བ་ཙམ་བཏགས་པ་ཙམ་ཁོ་ན་ལས་དོན་དམ་པར་ཡོད་པ་ནི་མ་ཡིན་ནོ། །དེ་དག་ལས་འདས་པ་དང་མ་འོངས་པ་དང་ཕྱི་རོལ་ཀྱི་དོན་སྣོད་ཀྱི་འཇིག་རྟེན་དང་བཅས་པ་བཀག་པས་ནི། ཀུན་བརྟགས་


TNT17_Page_0928
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། ཀུན་རྫོབ་བདེན་པའི་དོན་ཡང་མ་གྲུབ་པར་བསྟན་པ་ཡིན་ལ། རྣམ་རིག་དང་རང་བཞིན་མེད་པར་བསྟན་པས། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་སྟེ། ཀུན་རྫོབ་རྟེན་འབྲེལ་གྱི་སྐྱེ་བ་ཙམ་ལས་གཞན་དོན་དམ་དུ་བསྟན་པ་མེད་དོ། །དེ་ལྟར་ཀུན་བརྟགས་དང་གཞན་དབང་གཉིས་ཀྱིས་སྟོང་པའི་སྟོང་གཞིའི་ཡེ་ཤེས་ནི། སྟོང་པའི་ཆོས་ཞེས་བྱ་ལ། ཡོངས་གྲུབ་དོན་དམ་པའི་བདེན་པ་གཟུང་འཛིན་གཉིས་སྟོང་ཆོས་ཀྱི་དབྱིངས་བདེ་བར་གཤེགས་པའི་སྙིང་པོའོ། །འདིར་སྟོང་པའི་ཆོས་ཞེས་སྟོང་པ་ཁོ་ནའི་སྒྲ་མ་སྨོས་པར་ཆོས་ཀྱི་ཚིག་ངེས་བཟུང་དུ་མཛད་པ་ནི། མེད་དགག་གི་སྒྲ་འཇུག་པའི་ཡུལ་སྤྲོས་བྲལ་ཙམ་གྱི་སྟོང་ཉིད་དགག་པའི་ཕྱིར་རོ། །དེ་ལ་ཆོས་ནི་ཆོས་ཉིད་ཀྱི་ཟླས་ཕྱེ་བའི་ཆོས་དང་ཆོས་ཁམས་ལྟ་བུ་ལ་མི་བྱ་སྟེ། ཡོངས་གཅོད་དུ་གྲུབ་པའི་དོན་ནོ། །དགག་པའི་རྣམ་གྲངས་དྲུག་དང༌། སྒྲུབ་པའི་མཚན་ཉིད་གཅིག་སྟེ། དོན་བདུན་དང་ལྡན་པའི་ཚིགས་བཅད་འདིས་ནི་ཆོས་ཀྱི་བདག་མེད་རྒྱས་ཤིང་གསལ་བར་བསྟན་པ་ཡིན་ནོ། །ད་ནི་གང་ཟག་གི་བདག་མེད་པའི་དབང་དུ་བྱས་ནས། སངས་རྒྱས་དྲང་སྲོང་སོགས་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ནི་སྔར་བསྟན་པ་ལྟར་དྲང་སྲོང་ཞེས་བྱ་ལ། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དྲང་སྲོང་ཆེན་པོའོ། །སངས་རྒྱས་ཀྱང་ཡིན་ལ་དྲང་སྲོང་ཀྱང་ཡིན་པས་སངས་རྒྱས་


TNT17_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་ཆེན་པོ་སྟེ། དེས་ཇི་ལྟར་ཐུགས་སུ་ཆུད་པ་དེ་ལྟ་བུར་གདུལ་བྱ་རྣམས་ལ་བསྟན་པ་ལྟར། བདག་མེད་པའི་དོན་རྟོགས་པར་ཤོག་ཅེས་པ་སྟེ། གང་ཟག་གི་བདག་མེད་པའི་ཆོས་ཀྱི་གཏམ་ནི། ཐེག་པ་ཆེ་ཆུང་གིས་བསྡུས་པ་སངས་རྒྱས་ཀྱི་གསུང་ཡིན་ནོ་ཅོག་ལས་ནི་བསྟན་ཅིང༌། སངས་རྒྱས་ཀྱི་བསྟན་པ་ལས་གཞན་དུ་གྱུར་པ་ནི། གང་ལས་ཀྱང་མི་འབྱུང་བས། སངས་རྒྱས་ཀྱི་བསྟན་པ་ཡིན་མིན་གྱི་ཁྱད་པར་འབྱེད་ཆོས་ཀྱི་གཙོ་བོ་ཡིན་པའི་ཕྱིར། འདི་ལ་སངས་རྒྱས་ཀྱི་གསུངས་པ་ལྟར་ཞེས་སྨོས་སོ། །ཆོས་ཀྱི་བདག་མེད་ཉེ་ཚེ་བ་ནི་ཕྱི་རོལ་ལ་ཡང་ཡོད་ལ། ཆོས་ཀྱི་བདག་མེད་རྫོགས་པ་ནི། དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ཡིན་མོད་ཀྱི། ཐེག་པ་དམན་པའི་གང་ཟག་རྗེས་སུ་འཛིན་པ་ལ་མི་དགོས་པ་དང༌། ཐེག་དམན་གྱི་སྡེ་སྣོད་ཕལ་ཆེར་ལས་མ་གསུས་པར་ཡང་སྣང་ངོ༌། །དེས་ན་ཆོས་ཀྱི་བདག་མེད་ཉེ་ཚེའི་དབང་དུ་བྱས་ན། སྟོན་པའི་གསུང་ལས་གཞན་ལ་ཁྱབ་ཆེས་ལ། ཡོངས་རྫོགས་ཀྱི་དབང་དུ་བྱས་ན། སྡེ་སྣོད་མཐའ་དག་ལ་མ་ཁྱབ་པས། སྟོན་པའི་བསྟན་པ་དར་ཁྱབ་མཉམ་གྱི་བདག་མེད་ནི་གང་ཟག་གི་བདག་མེད་དོ། །དེ་ལ་བདག་འཛིན་ལྷན་སྐྱེས་སོགས་གང་ཅི་ཡང་རུང་བས། སེམས་ཅན་དང་བདག་ཅེས་བྱ་བ་ལ་ལུས་སེམས་འདུས་པའི་ཚོགས་པ་ལ་དམིགས་ནས་ཚོགས་ཙམ་དེ། ལུས་སེམས་ཀྱི་གནས་སྐབས་དང་ཆ་ཤས་སྣ་ཚོགས་པ་དེ་རྣམས་ལས་


TNT17_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་ཚུགས་ཐུབ་ཏུ་ཡོད་པར་འཛིན་ལ། བདག་འཛིན་ཀུན་བརྟགས་ཏེ་གྲུབ་མཐའ་ངན་ལས་བརྟགས་པ་ལས་བྱུང་བས་ནི། དེའི་སྟེང་དུ་གཞན་ཡང་ཁྱད་པར་དུ་མ་དང་བཅས་ཏེ་འདོགས་སོ། །བློ་འཁྲུལ་བ་དེ་དག་གིས་བཏགས་པའི་བཏགས་ཆ་དེ་གདོད་མ་ནས་ཡོད་མ་མྱོང་བ་ནི་གང་ཟག་གི་བདག་མེད་ཅེས་བྱའོ། །བདག་མེད་དེ་ནི་ནང་པའི་ཆོས་ཁོ་ན་ལས་བཤད་པའོ། །དེ་ལ་སེམས་ཅན་དང༌། སྲོག་དང༌། གང་ཟག་དང༌། གསོ་བ་དང༌། ང་བདག་རྣམས་སྤྱིར་བཏང་ལ་མིང་གི་རྣམ་གྲངས་སུ་བསྟན་ཅིང༌། དེ་དང་དེར་འཛིན་པ་ཡང་སྤྱིར་བཏང་ལ་མིང་གི་རྣམ་གྲངས་སོ། །ཞིབ་མོར་ན་ཁྱད་པར་ཅུང་ཟད་ཡོད་དེ། སེམས་ཅན་ལ་སོགས་པ་བཞི་ནི་ཚོགས་དྲུག་གི་ཡུལ་དུ་གསལ་བར་སྣང་དུ་རུང་ལ། ང་བདག་ནི་རྣམ་པར་རྟོག་པ་ཁོ་ནས་བཏགས་པ་ལས་གཞན་སྣང་དུ་མེད་དོ། །དེ་ཡང་དོན་དམ་པར་ན་སེམས་ཅན་ལ་སོགས་པ་ཡང་མེད་ཅིང༌། ཡང་དག་ཀུན་རྫོབ་ཏུ་ཡང་དེ་དག་མེད་ལ། བཏགས་པ་ཙམ་གྱི་ངོ་བོར་ནི་བདག་ཀྱང་ཡོད་པ་མ་ཡིན་ནམ་ཁྱད་པར་ཅི་ཡོད་སྙམ་ན། མ་བརྟགས་མ་དཔྱད་པའི་ངོར་ལས་འབྲས་ཀྱི་རྟེན་ཙམ་གྱི་བདག་ནི་སེམས་ཅན་ལ་སོགས་པ་དང་མཚུངས་པར་བཏགས་ཡོད་ཙམ་དུ་ཁས་བླངས་པ་ཡིན་མོད་ཀྱི། བདག་འཛིན་གྱིས་ཇི་ལྟར་གཟུང་བ་ལྟར་གྱི་དབང་དུ་བྱས་ན། བདག་འཛིན་ཀུན་བཏགས་ཀྱིས་བཟུང་བ་ལྟར་ལྟ་ཅི་སྨོས། བདག་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་


TNT17_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ཡང་སྲིད་པ་མ་ཡིན་ནོ། །དེའི་ཅིའི་ཕྱིར་ཞེ་ན། ལྷན་སྐྱེས་ཀྱིས་ཀྱང་རྟག་ཅིག་རང་དབང་ཅན་གྱི་དོན་འཛིན་པའི་ཕྱིར་རོ། །འདིར་སེམས་ཅན་དང་བདག་དང་སྲོག་དང་གང་ཟག་དང་གསོ་བ་པོ་རྣམས་ནི་འཇིག་རྟེན་ལྷན་སྐྱེས་ཀྱི་བློ་ལ་ཡང༌། བདག་གི་རྣམ་གྲངས་སུ་འགྱུར་ཏེ། རང་དང་གཞན་སེམས་ཅན་དུ་འཛིན་པའི་ཕྱིར་དང༌། བདག་ནི་ཕ་མས་གསོའོ། །བདག་གིས་ནི་རྟ་དང་བ་གླང་ལ་སོགས་པ་གསོས་སོ་ཞེས་དང༌། ཤི་བ་ན་སྲོག་གི་དབང་པོ་ཡོངས་སུ་འགགས་པ་ལ། བདག་ཆད་དོ། །ལྷ་སྦྱིན་ལྟ་བུ་སེམས་ཅན་འདི་མེད་པར་གྱུར་ཏོ་སྙམ་པ་དང༌། བདག་ལ་ནི་ཤེས་རབ་ཀྱང་ཡོད། འདོད་ཆགས་ཀྱང་ཡོད། ལུང་ཡང་ཡོད། ཤ་ཁྲག་ཀྱང་ཡོད་ཅེས་གང་བའི་རྣམ་པ་དང༌། ཤེས་རབ་ལ་སོགས་པ་འདིས་བྱ་བ་འདི་དང་འདི་བྱེད་དོ་ཞེས། ཟག་པའི་རྣམ་པ་སྟེ་གང་ཟག་གི་སྐྱེས་བུར་སེམས་པའི་ཕྱིར་དང༌། རང་ངམ་གཞན་གྱིས་ཀྱང་རུང་སྟེ། རྒྱལ་སིང་ལ་བསམས་ནས་ལས་འདི་བྱས་སོ། །ཐར་བའི་ཆེད་དུ་དཀའ་ཐུབ་འདི་སྤྱོད་དོ་ཞེས། སེམས་པ་པོར་ཡང་འདོད་པའི་ཕྱིར་རོ། །ཡང་གྲུབ་མཐས་བཏགས་པའི་དབང་དུ་བྱས་ན། སེམས་ཅན་དང་གང་ཟག་ཙམ་དུ་ནི་རང་སྡེ་སངས་རྒྱས་པ་ལ་གྲགས་པའི་དབང་དུ་བྱས་པ་དང༌། སྲོག་ནི་གཅེར་བུ་པ་སོགས་ལ་གཙོ་བོར་གྲགས་པ་དང༌། གསོ་བ་ནི་དབང་ཕྱུག་སྨྲ་བ་རྣམས་ལ་གཙོ་བོར་གྲགས་པ་དང༌། བདག་ནི་མུ་སྟེགས་བྱེད་ཐམས་ཅད་


TNT17_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གྲགས་པའོ། །དེ་ལ་སེམས་ཅན་གྱི་གོ་དོན་ནི་སེམས་པར་བྱེད་པ་པོའོ། །དེ་ཡང་ཡོད་པ་མ་ཡིན་ཏེ། སེམས་པ་པོ་སེམས་པ་ལས་གཞན་དུ་ཡོད་ན། སེམས་པ་མ་ཡིན་པའི་སེམས་པ་པོ་ནི་སེམས་པ་དང་ཕན་ཚུན་དུ་གནས་ན། གཅིག་གིས་གཅིག་ལ་བྱ་བ་མི་མཐོང་བས་སེམས་པ་པོའི་ཡུལ་ལ་སེམས་པར་མི་ནུས་སོ། །ཅི་སྟེ་རྒྱུ་འབྲས་སུ་ཡོད་པར་གྱུར་ན་ནི། གཅིག་ཡོད་པའི་ཚེ་ཅིག་ཤོས་མེད་པས་སེམས་པ་པོས་སེམས་པར་ག་ལ་ནུས། ཅི་སྟེ་ངོ་བོ་གཅིག་ཡིན་ན་ནི་སེམས་དང་སེམས་པ་མི་རྟག་པས་སེམས་པ་པོ་ཡང་མི་རྟག་པར་འགྱུར་བའི་ཕྱིར། རང་གི་ངོ་བོས་མི་འགྲུབ་བོ། །འདིར་སེམས་པ་པོ། ཞེས་པས་སེམས་པ་ན། ཡུལ་ལ་རྗེས་སུ་འགྲོ་བའི་ཤེས་པ་སྤྱི་མིང་ཡིན་གྱི། སེམས་བྱུང་སེམས་པ་ཁོ་ན་ལ་བརྗོད་པ་ནི་མ་ཡིན་ནོ། །སྲོག་ཅེས་བྱ་བ་འདི་ཡང་ཅི་ཞིག བདག་དང་གཅིག་པར་ནི་མི་རུང་སྟེ། སྲོག་ལ་ནི་སྐྱེ་བ་དང་ཆད་པ་ཡོད་ལ། བདག་ལ་ནི་སྐྱེ་བ་དང་ཆད་པ་མི་རུང་བའི་ཕྱིར་རོ། །ཅི་སྟེ་ཐ་དད་པར་གྱུར་ན་ནི། ལུས་ཀྱི་ཡན་ལག་ལ་སོགས་པ་དང་འདྲ་བའི་ཕྱིར། སྲོག་ནི་དེ་ཁོ་ན་ཉིད་དུ་མི་རུང་ཞིང༌། གཅེས་པར་བྱ་བ་ཡང་མ་ཡིན་ནོ། །སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་བརྟེན་གང་ཡིན་པའོ། །ཞེས་ཉན་ཐོས་སྡེ་པ་རྣམས་ཀྱི་འདོད་པ་ལྟར་ཡང་མི་རུང་སྟེ། རྣམ་པར་ཤེས་པ་གང་ལ་བརྟེན་པའི་གནས་ཉིད་སྲོག་ཡིན་ན་ནི། ལུས་སམ་སེམས་


TNT17_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་དུ་མེད་ལ། ཅི་སྟེ་རྣམ་པར་ཤེས་པ་སྐྱེ་བ་དང་གནས་པའི་རྒྱུ་བྱེད་པ་ཙམ་ལ་རྟེན་ཞེས་བརྗོད་ན་ནི། དམིགས་རྐྱེན་དང༌། བདག་པོའི་རྐྱེན་དང༌། རྒྱུ་རྐྱེན་དང༌། དེ་མ་ཐག་རྐྱེན་བཞི་ལས་མ་འདས་ཀྱང༌། དེ་དག་གང་ཡང་སྲོག་ཏུ་མི་རུང་ཞིང་ལས་འབྲས་ཀྱི་རྟེན་དུ་ཡང་མི་རུང་ངོ༌། །དྲོད་དང་དྲོད་ཀྱི་གནས་ནི་ལུས་ལས་གཞན་དུ་མི་རུང༌། ཚེ་ཡང་ལུས་དང་སེམས་ཀྱི་གནས་སྐབས་ལས་གཞན་དུ་མ་དམིགས་པའི་ཕྱིར། སྲོག་ཅེས་བྱ་བ་ཡང་བཏགས་པ་ཙམ་མོ། །གང་ཟག་ཅེས་བྱ་བ་ལ་རྒྱུའམ་ལས་ཀྱི་གང་ཞིང༌། གནས་སྐབས་གཞན་དུ་འབྲས་བུ་མྱོང་བའི་ཚུལ་གྱིས་ཟག་པ་ནི། གང་ཟག་གི་དོན་ཏེ། ལས་བྱེད་པ་པོ་ཡང་དེ་ཡིན་རྣམ་སྨིན་མྱོང་བ་པོ་ཡང་དེ་ཡིན་པའི་དོན་ཡིན་ནོ། །འདི་ནི་མི་རུང་སྟེ། ལས་བྱེད་པ་པོ་དེ་ཉིད་མྱོང་བ་པོ་ཡིན་ན་ནི། ལས་བྱེད་པའི་དུས་ཉིད་དུ་རྣམ་སྨིན་མྱོང་བར་ཐལ་བ་དང༌། མྱོང་བ་པོ་ཉིད་བྱེད་པ་པོ་ཡིན་ན་ནི་འབྲས་བུ་མྱོང་བའི་དུས་སུ་ཡང་ལས་དེ་ཉིད་བྱེད་པར་ཐལ་བ་དང༌། ཅི་སྟེ་མི་བྱེད་པ་དང་མི་མྱོང་ཡང༌། བྱེད་པ་པོ་དང་མྱོང་བ་པོ་ཡིན་ན་ནི། ཐམས་ཅད་ཀྱང་བྱེད་པ་པོ་དང༌། མྱོང་བ་པོར་འགྱུར་རོ། །དེ་བས་ན་གང་ཟག་ཀྱང་དངོས་པོར་མ་གྲུབ་སྟེ་བློ་བཏགས་པ་ཙམ་དུ་ཟད་དོ། །ཞི་བ་ལྷས་ཀྱང༌། རྒྱུད་གཅིག་ལ་ནི་བརྟེན་ནས་སུ། །བྱེད་པོ་སྤྱོད་པོ་ཞེས་བྱར་བསྟན། །ཞེས་སོ། །གསོ་བ་ཞེས་བྱ་བ་འདི་ཡང་ཅི་ཞིག ཟས་དང༌། གནས་


TNT17_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཡོ་བྱད་དང༌། རང་གི་རིགས་འདྲ་ཕྱི་མས་སྔ་མའི་རྒྱུན་འཐུད་པར་བྱེད་པ་ནི། གསོ་བའོ་ཞེས་བྱའམ། བྱེད་པ་པོ་གཅིག་པུ་ཞིག་གིས་བདག་ཅེས་བྱ་བ་གཅིག་པུ་ཞིག་གསོ་བར་བྱེད། སྔ་མ་ལྟར་ན་རང་སྡེ་རྣམས་ཀྱི་འདོད་པ་ཡིན་མོད་ཀྱི། རྒྱུ་སྣ་ཚོགས་པས་འབྲས་བུ་སྣ་ཚོགས་པ་བསྐྱེད་དེ་དངོས་པོའི་རྒྱུན་ཙམ་གནས་པ་ལ། གསོ་བ་པོར་བཏགས་པའི་ཕྱིར། འདི་ནི་རྫས་སུ་མེད་ཅིང་བཏགས་པ་ཁོ་ནར་གྲུབ་ལ། གཉིས་པ་ལྟར་ན་ནི་མི་རུང་སྟེ། དེ་ལྟ་བུའི་གསོ་བྱ་གསོ་བྱེད་གཉིས་ཀ་ཡང་སྣང་དུ་རུང་ལ་ཚད་མས་མ་དམིགས་པའི་ཕྱིར་རོ། །བྱེད་པ་པོས་གསོ་བ་ཡང་མི་རུང་སྟེ། བྱེད་པ་པོ་ཉིད་རང་དབང་འབྱོར་བ་ནི་ཡིན་ལ། གནས་པར་འདོད་པ་ཡིན་ན་ནི། གསོ་མི་དགོས་པར་གནས་པ་ཉིད་བྱེད་ལ་རག་གིས། ཐབས་གཞན་གྱིས་བསྐྱེད་ནས་ཐབས་གཞན་གྱིས་གནས་པར་བྱེད་དགོས་ན་ནི། རང་དབང་འབྱོར་བ་མིན་པའི་ཕྱིར་བྱེད་པ་པོར་མི་རུང་ངོ༌། །བདག་གཅིག་པུ་མ་འདྲེས་པ་ཡིན་ན་ནི། གསོ་བྱ་མི་རུང་སྟེ། དེ་ལ་ཕ་རོལ་པོས་རྫས་དང་བྱ་བ་མི་འཇུག་པའི་ཕྱིར་རོ། །མི་འཇུག་ཀྱང་གསོ་བྱར་རུང་ན་ནི། ནུབ་ཕྱོགས་ཀྱི་ཆུ་རྒྱུན་གྱིས་ཤར་ཕྱོགས་ཀྱི་ལོ་ཐོག་གསོ་བར་ཐལ་བར་འགྱུར་རོ། །ཅི་སྟེ་གཞན་གྱི་རྫས་དང་བྱ་བ་འདྲེ་ན་ནི། མི་རྟག་པ་དང་དུ་མ་ཉིད་ཀྱི་ཕྱིར། གཅིག་པུ་དང་མ་འདྲེས་པ་ཉམས་ལ་བཏགས་ངོ་ཙམ་དུ་ཡང་འགྱུར་རོ། །དེ་བཞིན་དུ་བདག་ཅེས་བྱ་བ་ཡང་མ་གྲུབ་སྟེ། ལུས་སེམས་ལས་ཐ་དད་ན་ནི། ལུས་


TNT17_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་འགྱུར་བ་ལས་བདག་བདེ་སྡུག་ཏུ་འདོད་པ་དང་འགལ་ལ། ཅི་སྟེ་གཅིག་ན་ནི་ལུས་སེམས་མི་རྟག་ཅིང་དུ་མ་ཡིན་པས་བདག་ཀྱང་ད་ལྟར་འགྱུར་དགོས་ན། དེ་ནི་རྟག་པ་དང་གཅིག་པུར་འདོད་པས་འགལ་ལོ། །ཅི་སྟེ་མི་རྟག་ཅིང་དུ་མ་ཡིན་ཡང༌། བདག་ཏུ་མི་འགལ་སྙམ་ན། དེ་དག་ནི་ལུས་སེམས་ལ་སོགས་པའི་དངོས་པོ་ཉིད་ཡིན་གྱི། དངོས་པོ་རྣམས་པས་གཞན་དུ་བློས་འཛིན་པ་དང་འགལ་བ་དང༌། བདག་ཅེས་བྱ་བའི་མིང་ལོགས་པ་བཏགས་པ་ལ་དགོས་པ་མེད་པ་དང༌། བྱེད་པ་པོ་དང་མྱོང་བ་པོར་མ་གྲུབ་པ་དང༌། རྫས་སུ་ཡོད་པར་མི་རུང་བའི་ཕྱིར་རོ། །འདིར་ཡང་བདག་མ་མཆིས་པའི་ཆོས་ཞེས་པ་ནི། བདག་མེད་པས་ཁྱད་དུ་མར་བྱས་པའི་ཆོས་ཞེས་པ་སྟེ། མེད་དགག་ཙམ་བཀག་ནས། དགག་གཞིའི་ཆོས་ཉིད་ཡོད་པར་བསྟན་པའོ། །ང་བདག་ལ་མཚན་ཉིད་དངོས་མི་སྲིད་ཀྱང༌། བདག་འཛིན་གྱིས་ཇི་ལྟར་བཏགས་པའི་བཏགས་ཆ་ང་བདག་གི་མཚན་ཉིད་དུ་འདོད་ཅིང་རློམ་པར་འཛིན་སྟངས་ཀྱི་བཟུང་ཆ་སེམས་ཅན་གྱི་མཚན་ཉིད་ནས་བདག་རང་གི་མཚན་ཉིད་ཀྱི་བར་དུ་བཀག་པས། ང་བདག་རྣམ་པ་ཐམས་ཅད་དུ་ཁེགས་པ་ཡིན་ལ། དེ་ལྟར་ན་དགག་བྱ་མཚན་ཉིད་ལྔ་བཀག་ཅིང༌། སྒྲུབ་ཕྱོགས་ཀུན་རྫོབ་ཏུ་ལས་འབྲས་ཀྱི་རྟེན་བཏགས་ཡོད་ཙམ་དང༌། དོན་དམ་དུ་ཆོས་དབྱིང་ཙམ་གནས་པ་སྟེ། དོན་དྲུག་དང་ལྡན་པའི་ཚིགས་བཅད་


TNT17_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

༼འདི་ན་མ་དཔེ་མེད༽འདིས་གང་ཟག་གི་བདག་མེད་རྒྱས་པར་བསྟན་ཏོ། །གསུམ་པ་ཕར་ཕྱིན་དྲུག་གི་སྨོན་ལམ་ལ། མཚན་ཉིད་ཐུན་མོང་པ་བཤད་པ་དང༌། མཚན་གཞི་ཐུན་མོང་མ་ཡིན་པ་བཤད་པའོ། །དང་པོ་ནི། བདག་འཛིན་བདག་གིར་འཛིན་པ་ཡི་སོགས་ཏེ། བདག་དང་བདག་གིར་འཛིན་པས་ཀུན་ནས་བླངས་པའམ། ལན་དང་རྣམ་སྨིན་ལ་རེ་བ་སོགས་སྤངས་ཤིང༌། དངོས་པོ་སྟེ་སྦྱིན་སོགས་དྲུག་པོའི་བྱ་བྱེད་ལས་གསུམ་པ་གང་ལ་ཡང་མངོན་པར་ཞེན་པས་མི་གནས་པར་ཕར་ཕྱིན་དྲུག་ལ་སྤྱོད་པའོ། །འཛིན་པ་ཡི་ཞེས་པ་ནི། བདག་དང་བདག་གིར་འཛིན་པ་ཡི་ཆོས་དང༌། ཞེས་པའི་དོན་ཡིན་པས། བདག་འཛིན་གྱི་ཆོས་ལ་གནས་པར་སྤྱོད། དངོས་པོར་འཛིན་པའི་ཆོས་ལ་མི་གནས་པར་སྤྱོད་ཅེས་པའི་དོན་ནོ། །བདག་དང་དངོས་པོར་མི་འཛིན་ཡང༌། དགོས་པ་དང་བྱེད་ལས་སེམས་ཅན་ཀུན་ལ་ཕན་པའི་སླད་དུ་སྤྱོད་དེ། སྙིང་རྗེ་ཆེན་པོས་ཀུན་ནས་བླངས་བས་སོ། །སེར་སྣ་མེད་པའི་སྦྱིན་གཏོང་ཞེས་པ་ནི་སྦྱིན་པ་ལ་ཐོག་མའི་གསལ་བྱེད་དུ་སྦྱར་བ་སྟེ། འཆལ་ཁྲིམས་སྤངས་ཤིང་ཉོན་མོངས་ཀྱི་གཉེན་པོ་བསྟེན་པའི་ཚུལ་ཁྲིམས་དང༌། མི་བཟོད་པའི་འགྱུར་བ་སྤངས་པའི་བཟོད་པ་དང༌། ལེ་ལོ་སྤངས་པའི་བརྩོན་འགྲུས་དང༌། རྣམ་པར་གཡེང་བ་སྤངས་པའི་བསམ་གཏན་དང༌། ཤེས་རབ་འཆལ་བ་སྤངས་པའི་ཤེས་རབ་རྣམས་ཤུགས་ལ་བསྟན་པ་ཡིན་


TNT17_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཚིགས་བཅད་འདིས་གོང་དུ་བཤད་པའི་ཡོན་ཏན་བཞི་ལྡན་ཉིད་བསྟན་ཏེ། སྦྱིན་གཏོང་ཞེས་པས་རྒྱ་ཆེ་བ་དང༌། བདག་འཛིན་སོགས་དང་སེར་སྣ་མ་མཆིས་ཞེས་པས་ཟང་ཟིང་མེད་པ་དང༌། སེམས་ཅན་ཞེས་སོགས་དོན་ཆེ་བ་དང༌། དངོས་པོ་སོགས་ཀྱིས་མི་ཟད་པ་བསྟན་ཏོ། །གཉིས་པ་ལ་དྲུག་ལས་སྦྱིན་པ་ནི། དངོས་པོ་དངོས་པོ་མ་མཆིས་པས་སོགས་ཏེ། འདིར་དངོས་པོ་ནི་སྦྱིན་པའི་དངོས་པོ་སྟེ། ཟང་ཟིང་གི་ཡོ་བྱད་དང༌། གཞན་ལ་བསྟན་པར་བྱ་བའི་ལུང་གི་ཆོས་ལ་སོགས་པའོ། །དེ་ལྟར་དངོས་པོར་སྣང་བ་རྣམས་ལ་དངོས་པོའི་ངོ་བོ་མ་གྲུབ་སྟེ། སྒྱུ་མ་ལྟར་རྟོགས་པའི་ཏིང་ངེ་འཛིན་དང༌། དགེ་བའི་རྩ་བ་དད་སྨོན་ལམ་གྱི་སྟོབས་ཚོགས་པ་ལས། བདག་གི་ཟང་ཟིང་དང་ཆོས་ཀྱི་ལོངས་སྤྱོད་དཔག་ཏུ་མེད་པ་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པར་གྱུར་ཅིག་ཅེས་སྦྱིན་པའི་རྒྱུ་ཡོ་བྱད་སྒྲུབ་པ་དང༌། དངོས་པོ་ཐམས་ཅད་རྣམ་པར་འཇིག་པ། ངེས་པར་འབྲལ་བ་ཆོས་ཉིད་ཡིན་པས། གཞན་ལ་སྦྱིན་ན་ལེགས་ཞེས་པ་སྟེ། སྤྱོད་འཇུག་ལས། ཐམས་ཅད་གཏོང་བར་ཆབས་ཅིག་ལ། །སེམས་ཅན་རྣམས་ལ་གཏོང་བ་མཆོག །ཅེས་པ་བཤད་པ་དང་འདྲའོ། །འདི་ལ་རྣམ་པར་འཇིག་པའི་དངོས་ཀུན་གྱིས། །ཞེས་བསྒྱུར་ན་གོ་བདེ་ལ། དེ་ལྟར་ན་སྦྱིན་པ་རྣམ་པ་གསུམ་ལ། བསླབས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤོག་ཅིག་པའོ། །གཉིས་པ་ཚུལ་ཁྲིམས་ནི།


TNT17_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་ཀྱི་སོགས་ཏེ། ཚིག་རྐང་གསུམ་པོ་རིམ་ཅན་དུ། ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་གསུམ་བསྟན་པར་འཆད་མཁན་ཡོད་པ་ལྟར་བྱས་ཀྱང་རུང་ལ། ཡང་ན་ཚུལ་འཆལ་གྱི་སྐྱོན་མེད་ཅིང༌། ལྟུང་བའི་རྒྱུ་ཉོན་མོངས་པ་རྣམ་པར་དག་པ་དང༌། བདེན་ཞེན་གྱི་རློམ་སེམས་མེད་པ་ཞེས་སྦྱར་རོ། །འདིར་མཁས་མཆོག་འགའ་ཞིག་ཚུལ་ཁྲིམས་ཁྲིམས་ཀྱི་སྐྱོན་མེད་ཅིང༌། །ཞེས་བསྒྱུར་ན་ལེགས་སོ་ཞེས་གསུང་ངོ༌། །གསུམ་པ་བཟོད་པ་ནི། ས་འམ་ཡང་ན་སོགས་ཏེ་ས་ལྟ་བུ་ནི། གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང༌། མེ་ལྟ་བུ་ནི་སྡུག་བསྔལ་དང་ལེན་གྱི་བཟོད་པ་སྟེ། དཀའ་སྤྱད་ལ་སྤྲོ་བ་དང་འབད་པའི་ཕྱིར་དང༌། ཆོས་ལ་ངེས་པར་སེམས་པ་ལ་དབྱེ་བ་གཉིས་ཀྱི། ཀུན་རྫོབ་ལ་དམིགས་པ་ནི། ཆུ་དང་འདྲ་སྟེ་རྒྱ་ཆེ་བའི་ཆོས་ཀྱི་མཚན་ཉིད་ཤེས་པ་ལ། རྣོ་བར་འཇུག་པའི་ཕྱིར་རོ། །དོན་དམ་ལ་དམིགས་པ་ནི། རླུང་གི་ཁམས་ལྟར་སྤྲོས་པའི་མཚན་མ་ལ་མི་གནས་ཤིང་བཟོད་པའོ། ཁྲོ་བ་མེད་པ་ནི་བཟོད་པ་གསུམ་ག་ཡིན་ཏེ་ཡུལ་རྣམས་ལ་སྤོང་འདོད་ཀྱི་ཁྲོ་བ་མེད་པའོ། །ཡང་ན་གནོད་པ་ལ་ཇི་མི་སྙམ་པའི་དབང་དུ་བྱས་ནས་སྒྲ་ཇི་བཞིན་པ་སྟེ་ཁོང་ཁྲོ་རྗེས་འབྲང་དང་བཅས་པ་མེད་པའོ། །བཞི་པ་བརྩོན་འགྲུས་ནི། བརྩོན་འགྲུས་བརྩམས་པའི་སོགས་ཏེ། རྒྱལ་སྲས་བརྩོན་འགྲུས་བརྩམས་པ་ནི་སྦྱོར་བའི་དུས་སུ་གོ་ཆའི་བརྩོན་འགྲུས་རྒྱ་ཆེན་པོ་ལ་


TNT17_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

བློ་བརྟན་ཅིང་སྤྲོ་བ་དང༌། དངོས་གཞིའི་དུས་སུ་སྦྱོར་བའི་བརྩོན་འགྲུས་ལེ་ལོ་མེད་ཅིང་གུས་སྦྱོར་རྟག་སྦྱོར་གྱི་བརྩོན་འགྲུས་བརྩམས་པ་དང༌། རྗེས་ཀྱི་དུས་སུ་སླར་མི་ལྡོག་པའི་བརྩོན་འགྲུས་ལུས་སེམས་སྟོབས་དང་ལྡན་པ་སྟེ་ངལ་བ་མེད་པའོ། །ལྔ་པ་བསམ་གཏན་ནི། སྒྱུ་མ་ལྟ་བུ་སོགས་ཏེ། དེ་ཡང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། གཙོ་བོར་ཀུན་རྫོབ་རྟེན་འབྲེལ་མཐའ་དག་གཟིགས་པའི་ཡེ་ཤེས་རྩེ་གཅིག་པ་དང༌། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། ངོ་བོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་བྱེད་ལས་རང་སྣང་གི་སྐུ་དང༌། གཞན་སྣང་གང་ལ་གང་འདུལ་གྱི་ཆོ་འཕྲུལ་སྟེན་པའི་ཡེ་ཤེས་རྩེ་གཅིག་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་བཅོམ་ནས། ཇི་ལྟ་བ་དང་ཇི་སྙེད་པའི་གནས་མཐའ་དག་གཟིགས་པའི་ཡེ་ཤེས་རྩེ་གཅིག་པའོ། །འདི་དག་རྒྱས་པ་རང་རང་གི་མདོ་ལ་ཤེས་པར་བྱ་ལ། ས་མཚམས་ནི་རྗེས་མཐུན་པ་ལམ་དམའ་མོ་ནས་ཡོད་ཅིང༌། སོ་སོའི་སྒྲུབ་པ་ལ་ནི་ལས་དང་པོ་པས་ཀྱང་འཇུག་དགོས་མོད། དངོས་ཀྱི་དབང་དུ་བྱས་ན་ས་བརྒྱད་པ་དང༌། བཅུ་པ་ཙམ་པོ་དང༌། རྒྱུན་མཐའ་རྣམས་སོ། །དྲུག་པ་ཤེས་རབ་ནི། རྣམ་པར་ཐར་བའི་སོགས་ཏེ། སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ། རྣམ་པར་ཐར་པའི་སྒོ་གསུམ་མོ། །དེ་ལྟར་ཡང༌།


TNT17_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་རྒྱན་ལས། རྣམ་པར་མི་རྟོག་རྒྱབ་ཀྱི་ཕྱོགས། རྟག་ཏུ་དགའ་དང་ལྡན་པའོ་ཞེས། བདག་མེད་སྤྲོས་བྲལ་ལ་དམིགས་པའི་ཡེ་ཤེས་ནི། སྟོང་ཉིད་ཀྱི་ཏིང་ངེ་འཛིན་དང༌། འདུས་བྱས་དང་འཁོར་བའི་མཚན་ཉིད་ཤེས་པ་ནི་སྨོན་པ་མེད་དང༌། མྱང་འདས་ཀྱི་མཚན་ཉིད་ལ་དམིགས་པས་དགའ་བ་ཐོབ་པ་ནི་མཚན་མེད་དོ། །ཀུན་རྫོབ་ཀྱི་དུས་གསུམ་རང་བཞིན་མེད་པར་མཉམ་པ་ཉིད་དང༌། དོན་དམ་དབྱིངས་དུས་གསུམ་འགྱུར་མེད་རྟག་བརྟན་མཉམ་ཉིད་དུ་རྟོགས་པའི་ཤེས་རབ་དང༌། རིག་པ་གསུམ་ནི། སྔོན་གྱི་མཐའ་རིག་པ་དང༌། ཕྱི་མའི་མཐའ་རིག་པ་དང༌། ཟག་ཟད་རིག་པ་སྟེ། དེ་ཐམས་ཅད་ཀྱང་མངོན་སུམ་དུ་མཐོང་བའི་ཤེས་རབ་བོ། །བཞི་པ་འབྲས་བུ་མཐར་ཐུག་གི་སྨོན་ལམ་ནི། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས། སངས་རྒྱས་ཀུན་གྱིས་བསྔགས་ཤིང་བསྟོད་པའི་ཆོས་སྐུ་དང༌། འོད་འབར་བའི་ལོངས་སྐུ་དང༌། གཟི་བརྗིད་འབར་བ་སྤྲུལ་སྐུ་དང༌། བྱང་ཆུབ་སེམས་དཔའི་དུས་སུ་བརྩོན་འགྲུས་ཀྱིས་འབད་པའི་འབྲས་བུ་འཕྲིན་ལས་རྒྱུན་མི་འཆད་པ་རྣམས་ཀྱི་སྒོ་ནས། བདག་གི་བསམ་པའི་དོན་སེམས་ཅན་བླ་ན་མེད་པའི་བྱང་ཆུབ་ལ་འགོད་པའི་བྱ་བ་མྱུར་དུ་རྫོགས་པར་གྱུར་ཅིག་པའོ། །གསུམ་པ་ཕན་ཡོན་ནི། དེ་ལྟར་སོགས་ཏེ། ཕྱིན་དྲུག་བསྡུ་དངོས་མངོན་ཤེས་ལ་སོགས་


TNT17_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་བྱེད་ཅིང༌། སྨོན་ལམ་གྱི་ཁྱད་པར་འདི་བཏབ་པས་ནི། རྒྱལ་ཚབ་བྱམས་པ་འདི་སྔོན་སེམས་དང་པོ་བསྐྱེད་དེ་མི་རིང་བ་ན། དགེ་སློང་བློ་གྲོས་བརྟན་པ་ཞེས་བྱ་བ་གྱུར་པའི་ཚེ། བྱམས་པའི་ཏིང་ངེ་འཛིན་ཡངས་ཤིང་རྒྱ་ཆེ་བ་ཐོབ་ནས་སྐྱེ་བོ་དཔག་ཏུ་མེད་པ་བྱམས་པའི་ཏིང་ངེ་འཛིན་ལ་བཀོད་པ་དེ་ནས་བཟུང་ནས་དུས་རྟག་ཏུ་བྱམས་པ་ཞེས་བྱ་བའི་མཚན་གྱིས་འཁྱུད་པ། རྒྱལ་སྲས་ས་བཅུའི་དབང་ཕྱུག་རྣམས་ཀྱི་ནང་ནས་ཀྱང༌། ཆེས་གྲགས་པ་དང་ལྡན་པ་འདི་ཡིས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བགྱིས་ནས། ས་བཅུ་པ་ལ་རབ་ཏུ་གནས་ཏེ་དཀའ་སྤྱད་མེད་ཅིང་འཇུག་པ་བདེ་བས་སངས་རྒྱས་ཐོབ་པར་གྱུར་ཏོ། །ཞེས་སྔོན་བྱུང་བ་རྣམ་འཕྲུལ་གྱི་རིམ་པ་བསྟན་པས། རྗེས་འཇུག་རྣམས་ལ་ཡང་ཕན་ཡོན་དེ་ལྟ་བུ་འབྱུང་བར་བསྟན་ཏོ། །དེ་ལྟར་ན་ཚིག་དོན་གསལ་བར་བསྟན་ཟིན་ཏོ། །གཞུང་འདི་ལ་འཕགས་ཡུལ་གྱི་འགྲེལ་པ་ནི་མེད་པར་གྲགས་ལ། བོད་ཀྱི་འགྲེལ་པ་ཅི་རིགས་པར་མཐོང་མོད་ཀྱི། འདིར་བཤད་ཕལ་ཆེར་མདོ་ཉིད་ལ་རྣམ་པར་བརྟག་ཏེ་རང་གི་བློ་མཐུས་སྨྲས་པའོ། །འོན་ཀྱང་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་རྗེ་བཙུན་ཤཱཀྱ་མཆོག་ལྡན་གྱི་ཞལ་སྔ་ནས། ཐེག་པ་ཆེན་པོ་མདོ་སྡེ་བརྒྱན་གྱི་གཞུང་དོན་རགས་པ་དང་གཞུང་འདིར་སྦྱོར་བར་མཛད་པ་ནི་སྦས་དོན་གྱི་རིམ་པ་རྨད་དུ་བྱུང་བའི་ལེགས་བཤད་ཐུན་མོང་མ་ཡིན་པ་བླ་ན་མེད་པ་སྟེ།


TNT17_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་དང་པོ་གཉིས་ནི་སྐྱབས་འགྲོའི་སྐབས་དང༌། བཤགས་པ་དང་བསོད་ནམས་ཀྱི་ཚོགས་ནི་རིགས་སད་བྱེད་དང༌། ཀུན་མཁྱེན་ས་བོན་ཞེས་པ་རིགས་དངོས་ཏེ་རིགས་ཀྱི་སྐབས་སོ། །བྱང་ཆུབ་མི་ཟད་ཅེས་པ་སེམས་བསྐྱེད་ཀྱི་སྐབས་དང༌། ཕྱོགས་བཅུ་དག་གི་སོགས། མཆོད་པ་དང༌། བཤགས་པ་དང༌། ཡི་རང་ཕྱག་འཚལ་རྣམས་སེམས་བསྐྱེད་ཀྱི་བསླབ་བྱ་ཡིན་པའི་ཕྱིར་སྒྲུབ་པའི་སྐབས་དང༌། ཡེ་ཤེས་མཆོག་ཅེས་པས་དེ་ཁོ་ན་ཉིད་དང༌། མངོན་ཤེས་དྲུག་པོ་ཞེས་པས་མཐུ་དང༌། སངས་རྒྱ་བར་བསྐུལ་བས་ཡོངས་སྨིན་དང༌། ཆོས་འཁོར་དང༌། བཞུགས་གསོལ་དང༌། བླ་མེད་བྱང་ཆུབ་ཅེས་པས་བྱང་ཆུབ་ཀྱི་སྐབས་སོ། །མ་སྐྱེས་པ་དང་སོགས་ནི། ཆོས་མོས་ཆོས་འཚོལ་ཆོས་བཤད་ཆོས་སྒྲུབ་གདམས་ངག་རྗེས་དྲན་གྱི་སྐབས་རྣམས་ཏེ། ལེའུ་དེ་དག་གི་བསྟན་བྱའི་སྙིང་པོ་བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་བསྐྱེད་པའོ། །བདག་འཛིན་སོགས་ནི་ལས་གསུམ་རྣམ་དག་དང༌། ཕྱིན་དྲུག་སོ་སོའི་ཚིགས་བཅད་ཀྱིས་ཕར་ཕྱིན་གྱི་སྐབས་དང༌། སངས་རྒྱས་ཀུན་གྱི་སོགས་མཐར་ཐུག་གི་སྐབས་དང༌། བྱང་ཕྱོགས་དང་ས་བཅུ་སོགས་དེ་ལྟར་སྦྱར་བ་སོགས་ཀྱིས་བསྟན་ཏེ། མཆོད་རྟེན་ཚད་མེད་སོགས་ཀྱང་དེ་དག་གི་ནང་དུ་འདུས་པས། གཞུང་དེའི་ལེའུ་སོ་སོའི་བརྗོད་བྱའི་གཙོ་བོ་རྣམས་འདིར་འདུས་སོ་ཞེས་པའོ། །ཚིགས་བཅད་དང་པོ་གཉིས་ཀྱིས་བཀའ་སྒྲུབ་ཀྱི་ལེའུ་


TNT17_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བསྟན་ཞེས་བཤད་ཡམས་སུ་མཛད་དེ། འོན་ཀྱང་བཀའ་སྒྲུབ་ལམ་རིམ་ལ་མི་གཏོགས་པས། དེའི་དོད་མེད་ཀྱང་རྒྱན་གྱི་བརྗོད་བྱའི་གཙོ་བོ་མ་འདུས་པར་མི་འགྱུར་རོ་སྙམ་པ་ནི་བདག་གི་རྣམ་རྟོག་གོ །གཞུང་གཉིས་སྦྱར་བའི་འཆད་ཚུལ་འདི། མཁས་པ་རྣམས་ངོ་མཚར་བསྐྱེད་པའི་སྒོ་ཁྱད་པར་ཅན་དུ་སྣང་བའི་ཕྱིར། འདིར་ཡང་བླངས་པའོ། །ཞེས་པ་འཕགས་པ་བྱམས་པའི་སྨོན་ལམ་གྱི་རྣམ་པར་བཤད་པ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །ཞུས་དག །མངྒ་ལཾ། །


TNT17_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབྱམས་སྨོན་འགྲེལ་བ།next