Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚིགས་བཅད་ཉུང་ངུའི་བསྟོད་པ་རྣམ་པར་འགྲེལ་པ།
   
   
   


 
previousཚིགས་བཅད་ཉུང་ངུའི་བསྟོད་པ་རྣམ་པར་འགྲེལ་པ།next

ཚིགས་བཅད་ཉུང་ངུའི་བསྟོད་པ་རྣམ་པར་འགྲེལ་པ།


TNT17_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་བཅད་ཉུང་ངུའི་བསྟོད་པ་རྣམ་པར་འགྲེལ་པ་བཞུགས།


TNT17_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འཕགས་པ་དཀོན་མཆོག་སྤྲིན་ལས་བྱུང་བའི་བསྟོད་པ་ཚིགས་བཅད་གཅིག་པ་ནི་འདི་ཡིན་ཏེ། གྲགས་ཆེན་སྙན་གྲགས་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་རྒལ་བ་པོ། །ཉོན་མོངས་བརྒལ་ལ་ཕྱག་འཚལ་འདུད། །ཅེས་སོ། །དེ་ལ་གྲགས་པ་ཆེན་པོ་ནི། བཅོམ་ལྡན་འདས་འདིས། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་ལ་སོགས་པར་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་བཞེད་པ་ཁོ་ནས། སྐུ་གཏོང་བ་སོགས་བཏང་དཀའ་བ་དཔག་ཏུ་མེད་པ་བཏང་བ་དང་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་དཔག་ཏུ་མེད་པ་སྤྱད་པའི་ཕྱིར་གྲགས་པ་དོན་དང་མཐུན་པ་ཆེར་གྲགས་པའོ། །འདིས་ནི་ཐུགས་བསྐྱེད་པ་དང༌། ཚོགས་བསགས་པ་བསྟན་ཅིང༌། བྱང་ཆུབ་ཆེན་པོའི་རྒྱུ་ཐམས་ཅད་འདིས་བསྡུས་པར་རིག་


TNT17_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སྙན་པར་གྲགས་པ་ཆེན་པོ་པ་ནི་གང་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུས་བརྒྱན་པའི་སྐུ་མངའ་བ་དང༌། ཡན་ལག་དྲུག་ཅུའི་གསུང་དང༌། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཡོན་ཏན་རྒྱ་མཚོ་མངའ་བའི་ཐུགས་ཏེ། ཡོན་ཏན་འདི་ལྟ་བུ་དང་ལྡན་པའི་ཕྱིར་སྲིད་པ་གསུམ་ན་མཉམ་པ་མེད་པའོ། །ཞེས་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་བསྟོད་པའོ། །འདིས་ནི་སྟོན་པ་ཉིད་ཀྱི་ཡོན་ཏན་མཐའ་དག་བསྟན་པར་རིག་པར་བྱའོ། ད་ལྟའི་མདོའི་དཔེ་འགའ་ལས། གྲགས་ཆེན་ཤེས་རབ་ཆེན་པོ་པ་ཞེས་འབྱུང་ཡང་འདི་ཉིད་འཐད་དོ། །ཐུབ་པ་ཆེན་པོ་ཞེས་པ་ལ། མུ་སྟེགས་བྱེད་རྣམས་ཀྱི་ཐུབ་པའི་དཀའ་ཐུབ་ནི་ལུས་ལ་གདུང་བ་བརྩོན་པ་ཙམ་ཞིག་


TNT17_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། སྡིག་པ་མཐའ་དག་ནམ་ཡང་སྤངས་པ་མ་ཡིན་ལ། ཏིང་ངེ་འཛིན་ཤིན་ཏུ་རྣམ་པར་དག་པ་མེད་ཅིང༌། ཤེས་རབ་འཆལ་བ་དང་བཅས་པ་ཡིན་པའི་ཕྱིར། ཐུབ་པའི་མིང་ཙམ་འཛིན་པའོ། ཉན་ཐོས་དང་རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ནི། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་བསླབ་པ་གསུམ་རྣམ་པར་དག་པའི་དཀའ་ཐུབ་ཅན་གྱི་ཕྱིར་ཐུབ་པའོ། །ཆེན་པོ་ནི་ཀུན་ལས་ཆེ་བའི་དོན་ཏེ། འགའ་ཞིག་ལས་ཆེ་བས་ཆེན་པོར་འགྱུར་ན། ཐམས་ཅད་ཀྱང་ཆེན་པོར་ཐལ་བའི་ཕྱིར་རོ། །དེས་ན་དེ་ལས་ཆེ་བ་མི་སྲིད་པ་ལྟ་ཅི་སྨོས། མཉམ་པ་ཙམ་ཡང་མི་སྲིད་ལ། གཞན་དུ་ན་བགྲང་བར་ཡང་མི་བཟོད་པ་དེ་ལྟར་བུ་ཆེ་བ་ནི། སྟོན་པ་ཉག་གཅིག་སྟེ། དེ་ནི་བདག་ཉིད་བསླབ་པ་གསུམ་ལ་གོམས་ཤིང༌། བགྲང་བ་ལས་འདས་པའི་འགྲོ་བ་བསླབ་པ་གསུམ་གྱི་བརྟུལ་ཞུགས་ལ་འགོད་པའི་ཕྱིར་ཐུབ་པ་ཆེན་པོའོ། །དཔའ་བོ་ནི་དགྲ་ཐུབ་པའི་དོན་ཏེ། དགྲ་ནི་ཉོན་མོངས་པའི་བདུད་དང༌། ཕུང་པོའི་བདུད་དང་འཆི་བདག་གི་བདུད་དང༌། ལྷའི་བུའི་བདུད་སྡིག་ཏོ་ཅན་ནོ། །ཉན་རང་ལྷག་མེད་རྣམས་ཀྱང་དེ་དག་བཅོམ་པའོ་སྙམ་ན། གཞན་རྣམས་ཀྱིས་དེ་རྣམས་མི་འཇོམས་པའི་ཕྱིར་ཤིན་ཏུ་དཔའ་བ་མ་ཡིན་ལ། བཅོམ་ལྡན་འདས་ནི་བདག་ཉིད་ཀྱིས་བག་ཆགས་གནས་དང་བཅས་པ་བཅོམ་ཞིང༌། ཕྱོགས་ཐམས་ཅད་དུ་དུས་


TNT17_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་ཚེ་འགྲོ་བ་དཔག་ཏུ་མེད་པའི་བདུད་རྣམས་འཇོམས་པའི་ཕྱིར་དཔའ་བོ་ཆེན་པོའོ། །སྲིད་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་གསུམ་སྟེ། ཁམས་གསུམ་གྱིས་བསྡུས་པ་ཕུང་པོ་ལྔའི་བདག་ཉིད་ཐམས་ཅད་དོ། །མྱ་ངན་ནི་སྡུག་བསྔལ་ཏེ། སྡུག་བསྔལ་གསུམ་མམ་བརྒྱད་ཀྱིས་བསྡུས་པ་ཐམས་ཅད་དོ། །གང་ཞིག་རྒྱུ་རྐྱེན་གྱིས་བསྐྱེད་པའི་འཁྲུལ་འཁོར་ཉམས་པ་ལས་སྡུག་བསྔལ་བསྐྱེད་པ་གང་ཡིན་པ་དེ་ལ་མྱ་ངན་ཅེས་གྲགས་ཏེ། བུ་དང་ཆུང་མ་ཤི་བ་དང་ཁང་པ་ལ་སོགས་པ་ཞིག་པ་ན་སྡུག་བསྔལ་བསྐྱེད་པའི་ཕྱིར་མྱ་ངན་དང་བཅས་པའོ། །ཞེས་རྟོགས་པ་བཞིན་ནོ། །དེའི་ཕྱིར་མི་རྟག་པ་ལ་སྡུག་བསྔལ་གྱི་འདུ་ཤེས་རབ་ཏུ་འཇུག་གོ །དེ་ལྟ་བུའི་མྱ་ངན་ཆུ་བོ་ལྟ་བུ་ལས་བརྒལ་བ་སྟེ། ཐེག་པ་དམན་པ་དག་ནི་སྟོན་པས་སྡུག་བསྔལ་དེ་དག་སྤངས་མོད། འོན་ཀྱང་མྱ་ངན་ལས་འདས་པ་མ་བསྟན་གྱི་བར་དུ་ལྷག་མ་དང་བཅས་པར་འདོད་དོ། །དེ་ནི་མ་ཡིན་ཏེ། དེ་དག་གི་བག་ཆགས་ཕྲ་མོ་རྣམ་པར་བྱང་བཞིན་དུ་དེ་དང་བཅས་པ་འགལ་བའི་ཕྱིར་རོ། །དེས་ན་ཐུབ་པ་ཆེན་པོ་ནི་སྤྲུལ་པའི་སྐུ་ཉིད་ཀྱི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་ཅན་དུ་བལྟ་བར་མི་བྱའོ། །ཉོན་མོངས་ནི་རྩ་བའི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པ་ཐམས་ཅད་དོ། །དེ་དག་ཀྱང༌། འདོད་ཆགས་དང༌། ཁོང་ཁྲོ་དང༌། ང་རྒྱལ་དང༌། མ་རིག་པ་དང༌། འཇིག་


TNT17_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལ་ལྟ་བ་དང༌། ལོག་པར་ལྟ་བ་དང༌། མཐར་འཛིན་པའི་ལྟ་བ་དང༌། ལྟ་བ་མཆོག་ཏུ་འཛིན་པའི་ལྟ་བ་དང༌། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བས་བསྡུས་པ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་ཐམས་ཅད་བསྡུས་སོ། །བརྒལ་བ་ནི། དེའི་བག་ལ་ཉལ་ཤེས་བྱའི་སྒྲིབ་པ་དང་བཅས་པ་མཐའ་དག་སྤངས་པའོ། །དེ་ཡང་འདོད་པ་དང་སྲིད་པ་དང་མ་རིག་པ་དང་ལྟ་བའི་ཆུ་བོ་སྟེ་བཞི་པོ་དེ་ལས་བརྒལ་བའོ། །དེ་ལྟ་བུའི་སྟོན་པ་ལམ་ཕུན་སུམ་ཚོགས་པ་ལས་བསྒྲུབས་པའི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་མངའ་བ་དེ་ལ། དེ་ལྟར་ཤེས་པའི་དད་པས་ཕྱག་བྱ་བ་ནི། ཕྱག་འཚལ་འདུད་ཅེས་པ་སྟེ། ལུས་ཀྱིས་ཕྱག་འཚལ་ཞིང༌། ཡིད་ཀྱིས་དང་བས་འདུད་པའོ། །འདིར་སྨྲས་པ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་དུ་དཀའ་སྤྱད་ཅིང༌། །ཕ་རོལ་ཕྱིན་དྲུག་ཡོངས་རྫོགས་པ། །གྲགས་པ་ཆེན་པོ་ཁྱོད་ལ་འདུད། །མཚན་དཔེར་རབ་གསལ་རྡོ་རྗེའི་གསུང༌། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན། །ལྷ་མི་ཀུན་གྱིས་བསྟོད་པའི་གནས། །སྙན་གྲགས་ཆེན་པོ་ཁྱོད་ལ་འདུད། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་ནི། །ཟག་མེད་མཆོག་ལ་བདག་གནས་ཤིང༌། །སློབ་མ་མཆོག་ཏུ་ཞི་བས་བསྐོར། །ཐུབ་པ་ཆེན་པོ་ཁྱོད་ལ་འདུད། ཁྱོད་ཀྱིས་བདུད་བཞི་བཅོམ་པ་ནི། །དཔུང་པས་མ་


TNT17_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མཚོན་ཆས་མིན། །ཤིན་ཏུ་དུལ་བའི་མཁྱེན་པས་ཏེ། །དཔའ་བོ་ཆེན་པོ་ཁྱོད་ལ་འདུད། །ལས་དང་སྡུག་བསྔལ་ལས་གྲོལ་བ། །འདུས་མ་བྱ་བར་རབ་བརྙེས་ནས། །ཡང་སྲིད་བྲལ་བའི་གནས་སུ་འཁྲིད། །སྲིད་པའི་མྱ་ངན་ལས་བརྒལ་འདུད། ཁམས་གསུམ་ཉོན་མོངས་ཀུན་བྲལ་ཞིང༌། །མ་རིག་བག་ཆགས་ས་ལས་འདས། །འགྲོ་འདི་ཆུ་བོ་བཞྀ་ལས་སྒྲོལ། །ཉཽན་མོངས་བརྒལ་བ་དེ་ལ་འདུད། །སེམས་བསྐྱེད་ཕར་ཕྱིན་དྲུག་གི་རྣམ་བཞག་དང༌། །སྟོན་པས་ཐུགས་བསྐྱེད་ཚོགས་བསགས་གཏམ་རྒྱུད་དང༌། །རྒྱལ་བའི་ཡོན་ཏན་རྒྱས་དང་བསླབ་པ་གསུམ། །བདུད་བཞི་བཏུལ་དང་སྡུག་བསྔལ་བདེན་པ་དང༌། །ལས་དང་སྤང་གཉེན་རྣམས་ཀྱི་ཚུལ་ཤེས་ན། །བསྟོད་པ་འདི་དོན་རྒྱས་པར་སྨྲ་བར་ནུས། །ཚིག་ཉུང་རྟོགས་དཀའི་མདོ་དོན་ཅུང་ཟད་ཙམ། །རྣམ་པར་ཕྱེ་བའི་དགེ་བ་འགྲོ་ལ་བསྔོ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ།། །།


TNT17_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཚིགས་བཅད་ཉུང་ངུའི་བསྟོད་པ་རྣམ་པར་འགྲེལ་པ།next