Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྒོ་དྲུག་གཟུངས་ཀྱི་རྣམ་པར་བཤད་པ།
   
   


 
previousའཕགས་པ་སྒོ་དྲུག་གཟུངས་ཀྱི་རྣམ་པར་བཤད་པ།next

འཕགས་པ་སྒོ་དྲུག་གཟུངས་ཀྱི་རྣམ་པར་བཤད་པ།


TNT17_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྒོ་དྲུག་གཟུངས་ཀྱི་རྣམ་པར་བཤད་པ་བཞུགས།


TNT17_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །འཕགས་པ་སྒོ་དྲུག་པའི་གཟུངས་མདོའི་དོན་ཅུང་ཟད་བཤད་ན། དོན་གསུམ་སྟེ། གླེང་གཞི་དང༌། མདོ་དངོས་དང༌། རྗེས་སུ་ཡི་རང་ངོ༌། །དང་པོ་ནི།འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གྱི་འཁྱམས་གནས་གཙང་མའི་སྟེང་ནམ་མཁའི་དཀྱིལ་ན་གནས་པ་རིན་པོ་ཆེ་སྣ་བདུན་གྱི་རབ་ཏུ་ཕྱེ་བས་སྤྲས་པ་ན། བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་པའོ། །དེ་ལ་འདི་སྐད་ནི་འོག་ནས་འབྱུང་བའི་ཆོས་ཐམས་ཅད་དོ། །བདག་གིས་ཐོས་པ་ནི་བཀའ་སྡུད་པ་པོ་ཕྱག་ན་རྡོ་རྗེས་སོ། །དུས་གཅིག་ན་ནི་བསམ་གྱིས་མི་ཁྱབ་པའི་དུས་སོ། །བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྟེ་


TNT17_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའོ། །འཁོར་གྱི་འཁྱམས་ནི་འདུ་ཞིང་ཚོགས་པའི་ཁང་པ་སྟེ། རིན་པོ་ཆེ་སྣ་བདུན་གྱི་སྤྲས་པའི་གཞལ་མེད་ཁང་ཉིད་དོ། །རབ་ཏུ་ཕྱེ་བ་ནི་བཀོད་པའི་དབྱེ་བ་དུ་མ་དང་བཅས་པ་སྟེ་གནས་དམ་པའོ། །གཞལ་མེད་ཁང་དེ་ཡང་ས་ཕྱོགས་གང་དུ་ཡིན་ཞེ་ན། གནས་གཙང་མའི་སྟེང་སྟེ་ཉན་ཐོས་འཕགས་པ་རྣམས་ཀྱི་གནས་མི་ཆེ་བ་ནས་འོག་མིན་ཆུང་ངུའི་བར་ཏེ་གནས་ལྔ་ནི་གནས་གཙང་མ་ཆུང་ངུ་སྟེ། དེ་རྣམས་ཀྱི་སྟེང་གི་ཕྱོགས་རིང་དུ་སོང་བའི་ནམ་མཁའི་དཀྱིལ་ན། གཞི་ཡོངས་སུ་དག་པ་རིན་པོ་ཆེའི་ས་གཞི་ལ་གནས་པའོ། འདི་ནི་གནས་གཙང་མ་ཆེན་པོ་ཡིན་ཏེ། ཐེག་དམན་པའི་གནས་གཙང་མ་སྤངས་པ། གཟུགས་ཀྱི་ཁམས་སུ་གཏོགས་ཤིང༌། ལྷའི་བུ་དབང་ཕྱུག་ཆེན་པོས་ཡོངས་སུ་བསྟེན་པའི་ཡུལ་ཏེ། ཡུལ་


TNT17_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་ཁྱད་པར་རོ། །བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་ནི། གནས་དེ་ཉིད་ན་གནས་པའི་ལྷའི་རྟེན་ཅན་མོས་པས་སྤྱད་པ་རྣམས་དང༌། ས་བཅུ་ལ་གནས་པ་ཡིད་ཀྱི་ལུས་ཅན་དང༌། དེའི་སྤྲུལ་པ་རྣམས་ཏེ། འཁོར་གྱི་ངེས་པའོ། །དེ་ལྟར་ན་ཆོས་དང་སྡུད་པ་པོ་དང༌། དུས་དང་སྟོན་པ་དང༌། གནས་དང་ཡུལ་ཕྱོགས་དང༌། འཁོར་གྱི་ངེས་པ་སྟེ་དོན་ཚན་བདུན་རིམ་པ་བཞིན་དུ་བསྟན་ཏོ། །གཉིས་པ་ལ་དགོས་པ་བསྟན་པའི་སྒོ་ནས་ཉན་པར་གདམས་པ་དང༌། སྒོ་དྲུག་པའི་ཏིང་ངེ་འཛིན་དང༌། དེའི་གཟུངས་སྔགས་བཤད་པ་དང༌། གཟུངས་སྔགས་བཟློས་པའི་ཕན་ཡོན་ཏེ་བཞི་ལས། དང་པོ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི་ཟུངས་ཤིག་ཅེས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། སྒོ་དྲུག་པའི་གཟུངས་ཀྱི་ཏིང་ངེ་འཛིན་སྒོམས་ཤིང༌། གཟུངས་སྔགས་འདི་ཟུངས་ཤིག་ཅེས་བཟླས་བརྗོད་བྱ་དགོས་པ་སྟེ། རང་དོན་དུ་འཁོར་བའི་བདེ་བ་དང༌། དམན་པའི་མྱང་འདས་ཙམ་ཐོབ་པའི་ཕྱིར། བཟླས་སྒོམ་བྱེད་པ་ནི་མ་ཡིན་ནོ། །ཞེས་པ་ཡིན་པ་ལས། ཕན་པ་ཕྱི་མའི་དོན་དང༌། བདེ་བ་ཚེ་འདིའི་ཕུན་ཚོགས་ལ་འཆད་པའང་ཡོད་མོད་ཀྱི། འདིར་


TNT17_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་ནི། འཇིག་རྟེན་ལས་འདས་པའི་ཡེ་ཤེས་མ་ཐོབ་ཚུན་ཆོད་ཀྱི་བདེ་སྐྱིད་འབྱོར་པ་ཐམས་ཅད་ཡིན་ལ། བདེ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པ་ཕན་ཆད་ཀྱི། ཞིང་དང་ལུས་དང༌། ཏིང་ངེ་འཛིན་དང་རྣམ་འཕྲུལ་གྱི་ཕུན་སུམ་ཚོགས་པ་ཐམས་ཅད་དོ། །གཉིས་པ་ནི། དེ་ནི་འདི་ལྟ་སྟེ། ཞེས་སྤྱིར་བསྟན་པ་སྟེ། གྱུར་ཅིག་ཅེས་སོགས་དང་པོ་ལྔ་པོ་རྣམས་དོན་ཚན་རེ་རེ་དང༌། ཕྱི་མ་གཉིས་གཅིག་ཏུ་བསྡོམས་པ་དོན་ཚན་གཅིག་གོ །དེ་དག་ཀྱང་གང་ཞེ་ན། སྡུག་བསྔལ་ཤེས་པའི་སྒོ། བདེ་བ་སྦྱིན་པའི་སྒོ། ལས་སྒྲིབ་བཤགས་པའི་སྒོ། བདུད་ལས་སྤོང་བའི་སྒོ། ཚོགས་ཆེན་སྡུད་པའི་སྒོ། ཡང་དག་ཡེ་ཤེས་ཀྱི་སྒོ་སྟེ་སྒོ་དྲུག་གོ །དང་པོ་ནི། བདག་འཁོར་བ་ན་འཁོར་བའི་ཚེ་སྡུག་བསྔལ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་མཉམ་པ་ཉིད་དུ་མི་ཤེས་པའི་མཚན་ཉིད་དུ་མ་གྱུར་ཅིག །ཅེས་པ་སྟེ། བདག་འཁོར་བ་ན་ཞེས་པ་སོ་སོ་སྐྱེ་བོའི་གནས་སྐབས་ནའོ། །མཉམ་པ་ཉིད་དུ་མི་ཤེས་པའི་མཚན་ཉིད་ནི། དེའི་ཉེས་སྐྱོན་ཏེ། འདི་ལ་གསུམ་ལས་ཐབས་ལ་ལྟོས་པའི་ཉེས་སྐྱོན་ནི། བདག་ལ་སྡུག་བསྔལ་འབྱུང་བ་མི་འདོད་ཅིང་སྤོང་བར་སེམས་པ་སྟེ། དེའི་གཉེན་པོར་གཞན་གྱི་སྡུག་བསྔལ་བདག་གིས་ཁུར་དུ་ལེན་པར་འདོད་པའོ། །ཤེས་རབ་ཀྱི་ཕྱོགས་ལ་ཉེས་སྐྱོན་ནི་


TNT17_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཞན་གྱི་སྡུག་བསྔལ་བདེན་གྲུབ་ཏུ་འདོད་པས། སྡུག་བསྔལ་མཐའ་མེད་པ་ལ་འཇིགས་ཤིང་སྐྲག་ནས། གཞན་གྱི་སྡུག་བསྔལ་སེལ་བར་མི་སྤྲོ་བ་སྟེ། དེའི་གཉེན་པོར་རང་གཞན་གྱི་སྡུག་བསྔལ་མཐའ་དག་དངོས་གནས་ལ་མ་གྲུབ་པས་བདེན་མེད་དུ་མགོ་སྙོམས་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕྱོགས་ལ་ཉེས་སྐྱོན་ནི། བདག་ཉིད་མཆོག་འཛིན་དང༌། བདག་ལ་སྨོད་པ་དང༌། གཞན་ལ་བརྙས་པ་རྣམས་ཡིན་ཏེ། དེའི་གཉེན་པོར་བདག་གཞན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ལ། དེ་ཡང་མཉམ་པ་ཉིད་དུ་ཤེས་པའོ། །དེ་ལ་མཉམ་པ་ཉིད་དང་པོའི་དབང་དུ་བྱས་ན་ཏེ། བདག་གི་སྡུག་བསྔལ་ནི་སེམས་ཅན་གཅིག་གི་སྡུག་བསྔལ་ཁོ་ན་ཡིན་ཞིང༌། གཞན་གྱི་སྡུག་བསྔལ་ནི་རང་དང་འདྲ་བའི་སེམས་ཅན་མཐའ་མེད་པ་རྣམས་ཀྱི་ཡིན་པ་དང༌། སེམས་ཅན་རེ་རེ་ནས་ཀྱང་རང་རང་ལ་ལྟོས་ན་གལ་ཆེ་ཆུང་ལ་ཁྱད་པར་མེད་པས། གཞན་གཅིག་པུ་ཞིག་དང་བདག་གཉིས་སྡུག་བསྔལ་སྤོང་དགོས་ལ་འདྲ་བར་མཐོང་ཞིང༌། སྡུག་བསྔལ་མི་འདོད་པར་མཚུངས་ཤིང་མཉམ་པས། རྐང་པའི་སྡུག་བསྔལ་གྱི་རྒྱུ་ལག་པས་སེལ་དགོས་པ་བཞིན་དུ། དེའི་སྡུག་བསྔལ་ཡང་བདག་གིས་སེལ་བར་བྱེད་དགོས་པ་ཁོ་ན་ཡིན་ནོ། །དེས་ན་བདག་དང་སེམས་ཅན་རེ་རེ་ནས་གལ་ཆེ་ཆུང་མཉམ་ཞིང་འདྲ་བ་ལ་མཉམ་པ་ཉིད་ཀྱི་དོན་ནོ། །བདག་དང་འདྲ་བའི་


TNT17_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དེ་འདྲ་མཐའ་ཡས་པའི་ཕྱིར། སྤྱི་ལྡོག་ནས་སེམས་ཅན་ཁོ་ན་གཙོ་བོར་བྱེད་ཀྱི་བདག་དང་མཉམ་པར་མི་འགྱུར་རོ། །མཉམ་ཉིད་གཉིས་པའི་དབང་དུ་བྱས་ན། སྣང་བ་སྒྱུ་མ་ཙམ་དང༌། རང་བཞིན་སྤྲོས་པ་དང་བྲལ་བའི་ཕྱིར་མཉམ་ཉིད་དངོས་སོ། །མཉམ་ཉིད་གསུམ་པའི་དབང་དུ་བྱས་ན། བདག་གཞན་གྱི་སྟེང་གི་ཀུན་རྫོབ་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་གྲུབ་པ་ཡིན་པས། དེའི་ཕྱོགས་ནས་མཉམ་ཉིད་དུ་གཞག་མི་དགོས་ཤིང༌། བདེ་གཤེགས་སྙིང་པོ་གདོད་མ་ནས་ཐ་དད་གཏན་མེད་ཡང་ཡིན་ལ། དངོས་གནས་ལ་གྲུབ་པའི་ཕྱིར། མཉམ་ཉིད་མཐར་ཐུག་པའོ། །གཉིས་པ་ནི། བདག་གི་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་བདེ་བ་གང་ཅི་མྱོང་བ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་སྤྱོད་པར་གྱུར་ཅིག་ཅེས་ཏེ། རང་གི་ལུས་དང་ལོངས་སྤྱོད། དེའི་རྒྱུ་དུས་གསུམ་གྱི་དགེ་བ་འཇིག་རྟེན་ལས་མ་འདས་པ་ཐམས་ཅད་ཀྱང༌། རང་ཚོར་བ་བདེ་བ་ལ་སོགས་པ་མྱོང་བའི་དོན་དུ་མི་འདོད་ཀྱི། བདག་གིས་ནི་སྦྱིན་པའི་ཡུལ་གང་དང་གང་ཕྲད་པར་གྱུར་པ་དེ་དང་དེ་ལ། འདོད་ན་རེ་རེ་བཞིན་ཐམས་ཅད་སྦྱིན་པར་བགྱིད་ཅིང་ཅི་སྟེ་ནུས་པ་དང་ལྡན་ན་སྦྱིན་པར་བགྱིད་དོ། །ཞེས་སྨོན་ཅིང་དམ་འཆའ་བའོ། །སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཚུལ་འདི་ལྟ་བུས་བསྒྲུབ་པར་བྱ་ལ། འཕགས་པའི་ས་


TNT17_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་ནས་ནི། སྐད་ཅིག་རེ་རེར་སེམས་ཅན་དཔག་ཏུ་མེད་པ་ལ་དངོས་སུ་དེ་ལྟར་བྱ་ནུས་པའང་ཡིན་ལ། དེ་དུས་ཀྱི་འཇིག་རྟེན་པ་ནི་རྗེས་ཐོབ་ཏུ་མ་རིག་བག་ཆགས་ཀྱི་རྣམ་འཕྲུལ་ལས་བྱུང་བའི་བདེ་དགེ་རྣམས་ཡིན་པར་བྱེད་དགོས་ཤིང༌། སྤྱིར་གཟུངས་འདི་དག་མོས་སྤྱོད་ཀྱི་སར་སྒྲུབ་པའི་དབང་དུ་བྱས་ནས་གསུངས་པས། དངོས་བསྟན་མོས་སྤྱོད་ཀྱི་དབང་དུ་བྱས་པ་ཡིན་ལ། དེའི་རིགས་རྒྱུན་མཐའ་མེད་དུ་འཕེལ་བ་ནི་འཕགས་པའི་སར་ཡིན་ནོ། །གསུམ་པ་ནི་བདག་ལ་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པ་གང་ཅི་ཡོད་པ་དེ། སོ་སོར་བཤགས་པ་བླ་ན་མེད་པས་སོ་སོར་མ་བཤགས་པར་མ་གྱུར་ཅིག་ཅེས་ཏེ། སྡིག་པ་དང་མི་དགེ་བ་ནི་དོན་གཅིག་མིང་གི་རྣམ་གྲངས་ཏེ་སོ་སོ་སྐྱེ་བོའི་ས་ཁོ་ན་ཡིན་ལ། ལས་ཀྱི་སྒྲིབ་པ་ཡང་དེ་དང་རྣམ་གྲངས་སུ་ཡང་བྱ་ཞིང༌། ལས་ངན་པའི་བག་ཆགས་ལ་བཤད་ནའང་རུང་སྟེ། དེ་ལྟར་ན་སྐྱེ་འཕགས་གཉིས་ཀར་ལ་ཡང་ཡོད་མོད་དེ། འོན་ཀྱང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་ནི་མེད་དོ། །མ་བཤགས་པར་མ་གྱུར་ཅིག་ནི། བཤགས་པར་གྱུར་ཅིག་པའོ། །བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ནི་ཉེས་ལྟུང་དངོས་ཀྱིས་མ་གོས་ཀྱང༌། དེའི་བག་ཆགས་ནི་མ་བྱང་བར་ཡོད་པ་དང༌། སེམས་ཅན་གཞན་གྱི་ཉེས་ལྟུང་རྣམས་ཀྱང་བྱང་ཆུབ་སེམས་དཔའ་བཤགས་པར་བྱ་བའི་དབང་དུ་བྱས་སོ། །བཞི་པ་ནི་བདག་ལ་བདུད་ཀྱི་ལས་


TNT17_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

གང་དག་ཡོད་པ་དེ་དག་ཡོངས་སུ་ཤེས་པ་བླ་ན་མེད་པས་ཡོངས་སུ་མི་ཤེས་པར་མ་གྱུར་ཅིག་ཅེས་ཏེ། དེ་ལ་བདུད་ཀྱི་ལས་དངོས་ནི་སོ་སོ་སྐྱེ་བོ་ཁོ་ན་ལ་འཇུག་སྟེ། ཆོས་སྤྱོད་ལ་འཇུག་པའི་ཚེ་ཕྱི་བཤོལ་ལ་དགའ་བ་དང༌། འདོད་ཡོན་ལ་དགའ་བ་དང༌། ལེ་ལོ་སྐྱེ་བ་དང༌། འཐབ་ཁྲོལ་ལ་སོགས་པའི་གཞི་དང༌། གཞན་གྱི་དགེ་བའི་རྩ་བ་ལ་བརྙས་པ་དང༌། ཕུན་སུམ་ཚོགས་པ་ལ་སྡང་བ་དང༌། བྱང་ཆུབ་སེམས་དཔའ་ལ་སྨོད་པ་དང༌། ལྟ་བ་ངན་པའི་ཆ་ཤས་བསྐྱེད་པ་དང༌། མཉམ་པར་འཇོག་པ་ན་རྣམ་པར་གཡེང་བ་བསྐྱེད་པ་དང༌། དགེ་བ་ལས་རྩ་བ་ནས་བཟློག་པ་དང༌། ཆེན་པོ་ཆུང་ངུར་སྒྱུར་བ་དང༌། དགེ་བ་ལ་འཇུག་པ་ན་བློ་མི་མཐུན་པར་བསྒྱུར་བ་ལ་སོགས་པ་ཡིན་ལ། འཕགས་ཆེན་རྣམས་ལ་ནི། རང་ཉིད་ལ་བདུད་ཀྱི་ལས་འཇུག་པ་མེད་ཀྱང༌། སེམས་ཅན་གཞན་གྱི་བདུད་ཀྱི་ལས་སྤོང་བའི་ཕྱིར་དེ་ཡོངས་སུ་ཤེས་སུ་འཇུག་པའོ། །ཡོངས་སུ་ཤེས་པ་བླ་ན་མེད་པ་ཞེས་པ་ལ། བདུད་ཀྱི་ལས་ལ་དེར་ངོ་ཤེས་པ་དེ་ཉིད། བདུད་ལས་སྤོང་བའི་སྒོ་ཁྱད་པར་ཅན་ཡིན་པས་བླ་ན་མེད་པ་ཞེས་ཀྱང་བྱ་ལ། གཙོ་བོར་ནི་བདུད་དང་བདུད་ཀྱི་ལས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པས། དེས་མི་རྫི་ཞིང་དེ་ཉིད་སྙིང་རྗེ་ཆེན་པོ་དང་སྦྲེལ་བས། དེ་ལ་བརྟེན་ནས་ཀྱང་རང་གཞན་གྱི་ཚོགས་ཁྱད་བར་ཅན་རྫོགས་པའི་ཐབས་ཤེས་པའོ། །ལྔ་པ་ནི་བདག་


TNT17_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་དགེ་བའི་རྩ་བ་འཇིག་རྟེན་པའམ། འཇིག་རྟེན་ལས་འདས་པ་ཡང་རུང༌། གང་ཅི་ཡོད་པ་དེའི་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་སུ་གྱུར་ཅིག་ཅེས་ཏེ། དེ་ལ་ལྡན་པ་ནི་འབྲེལ་བ་ནི་དོན་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཅུ་དང་འབྲེལ་བའི་དགེ་བ་ཞེས་པའོ། །འཇིག་རྟེན་པ་ནི་རྗེས་ཐོབ་དང༌། འཇིག་རྟེན་ལས་འདས་པ་ནི་མཉམ་གཞག་གོ །བླ་ན་མེད་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་སའོ། །དེ་ལྟར་དགེ་བའི་ཆོས་རྒྱ་ཆེར་སྤེལ་བ་ཐམས་ཅད། སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བའི་རྣམ་པ་ཅན་གྱི་མཉམ་གཞག་གོ །དྲུག་པ་ནི་བདག་གི་རྣམ་པར་གྲོལ་བ་གང་ཡིན་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་གྱུར་ཅིག །འཁོར་བ་དང་མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིག་ཅེས་ཏེ། རང་གི་རྣམ་གྲོལ་ཐོབ་པའི་གཞི་ཆོས་དབྱིངས་དང༌། སེམས་ཅན་རྣམས་རྣམ་པར་ཐར་པའི་གཞི་ཆོས་དབྱིངས་ངོ་བོ་གཅིག་ཡིན་པས། བདག་གློ་བུར་གྱི་དྲི་མ་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ན། དེའི་རྒྱུ་མཐུན་པའི་བྱིན་རླབས་ཀྱི་སྟོབས་ལས། ཆོས་བསྟན་པས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བ་དེ་ལྟ་བུར་གྱུར་ཅིག །དེ་ལ་བི་མུཀྟ་རྣམ་པར་གྲོལ་བ། བི་མོ་ཀྵ་རྣམ་པར་ཐར་བ་སྟེ། དོན་གཅིག་མིང་གི་རྣམ་གྲངས་སོ། །བདག་རྣམ་པར་གྲོལ་བ་ནི་འཁོར་བའི་མཐའ་ལ་མི་གནས་པ་ཡིན་ལ། འཁོར་བ་མ་སྟོངས་བར་དུ་སེམས་ཅན་རྣམས་


TNT17_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་བྱེད་པ་ནི། མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ་ཡིན་པས། འདིའི་སྨོན་ལམ་སྔ་ཕྱི་གཉིས་པོ་དོན་གཅིག་ལ་འདུ་ལ། བདག་གཞན་གྲོལ་བ་ནི་ངོ་བོའི་སྒོ་ནས་བསྟན་ལ། འཁོར་འདས་ལ་མི་གནས་པ་ནི། ཁྱད་པར་སྤངས་པའམ། མཐའ་གཉིས་ལ་མི་གནས་པའི་སྒོ་ནས་བསྟན་ཏོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་སྤྱི་ཁྱབ་ཏུ་འཇུག་པ་དེ་སྒྲུབས་ནས། དེའི་རྗེས་སུ་ཆོས་ཀྱི་བདག་མེད་ལ་མཉམ་པར་བཞག་པའི་ངང་ནས། རྣམ་པ་དྲུག་པོ་འདི་དག་ལ་ཐོག་མར་གསལ་སྣང་སོ་སོར་སྒྲུབས་ནས། དེ་ནས་གཅིག་ཏུ་བསྡོམས་ཏེ་སྒོམ་བཞིན་དུ། གཟུངས་སྔགས་བཟློས་པས་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་ཐོབ་པར་འགྱུར་ཏེ། གཟུངས་བཞི་ཀར་གྱི་ཆ་ཤས་ཐོབ་པར་འགྱུར་རོ། །བཞི་པོ་གང་ཞེ་ན་ཚིག་གི་གཟུངས་ཞེས་བྱ་བ་ཐོས་པ་མ་ལུས་པ་འབད་པ་མེད་པར་འཛིན་པ་དང་དོན་གྱི་གཟུངས་ནི་ཐོས་པའི་དོན་ཐམས་ཅད་ལྷུན་གྲུབ་ཏུ་ཤེས་པ་དང༌། བཟོད་པའི་གཟུངས་ནི་རྟག་ཏུ་ཏིང་ངེ་འཛིན་དང་སྤྱོད་པ་བྱ་དཀའ་ཞིང་ཕུན་སུམ་ཚོགས་པ་རླབས་ཆེན་པོ་རྣམས་ལ་བདེ་བར་གནས་ཤིང་རྒྱུན་མི་འཆད་པར་སྤྱོད་ནུས་པ་དང༌། སྔགས་ཀྱི་གཟུངས་ནི་བདེ་ཆེན་ཚིག་གྲུབ་ཅིང༌། སེམས་ཅན་ལ་ཕན་པའི་གསང་སྔགས་གསར་དུ་བྱེད་ནུས་པའོ། །སྒོ་དྲུག་པོ་འདི་དག་རིམ་པ་བཞིན་དུ་ཤེས་རབ་


TNT17_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པ་དང༌། སྙིང་རྗེའི་སྟོབས་རྣམ་པར་དག་པ་དང༌། རང་གི་རྒྱུད་རྣམ་པར་དག་པའི་ཕྱིར་དང༌། སྒྲུབ་པའི་གེགས་སྤོང་བ་དང༌། བྱང་ཆུབ་ཀྱི་ཚོགས་གསོག་པ་དང༌། དེའི་འབྲས་བུ་ཐོབ་པ་སྟེ་བསྒྲུབ་པར་བྱ་བའི་དགོས་པ་དྲུག་དང༌། སེམས་ཅན་གྱི་དོན་ལ་མི་ཕྱོགས་པ་དང༌། རང་གི་བདེ་བ་ལ་ཀུན་ཏུ་འཛིན་པ་དང༌། ལས་ཀྱི་སྒྲིབ་པས་བསྒྲིབས་ནས་ལམ་གྱི་ཡེ་ཤེས་མི་སྐྱེ་བ་དང༌། སྡིག་གྲོགས་ཀྱི་རྗེས་སུ་འཇུག་པ་དང༌། ཚོགས་རྒྱ་ཆུང་བ་དང༌། སྲིད་ཞྀའི་ཕུན་ཚོགས་ལ་སེམས་གཞོལ་བ་སྟེ། ཉེས་པ་དྲུག་གི་གཉེན་པོའི་ཕྱིར་དུ་ཡང་གསུངས་སོ། །ཡང་དང་པོ་གཉིས་སེམས་ཅན་སྨིན་པའི་ཕྱིར་དང༌། ལྔ་པ་ནི་རང་གི་ས་ལམ་གྱི་ཡོན་ཏན་ཐོབ་པའི་ཕྱིར་དང༌། དྲུག་པ་ནི་ཐེག་དམན་དུ་མི་གོལ་བའི་ཕྱིར་དང༌། གསུམ་པ་དང་བཞི་པ་ནི་ཕྱི་དང་ནང་གི་བར་ཆད་བསལ་བའི་ཕྱིར་རོ། །ཐམས་ཅད་ཀྱང་ཆོས་ལ་བདག་མེད་པའི་ཡེ་ཤེས་སྤེལ་བའི་ཕྱིར་ཏེ། སྡུག་བསྔལ་དང་བདེ་བ་དང༌། སྡུག་བསྔལ་གྱི་རྒྱུ་དང་ཉེ་བར་འཚེ་བ་དང༌། ལམ་གྱི་ཆོས་དང་འབྲས་བུའི་ཆོས་ལ་ཇི་ལྟར་སྣང་བ་དང༌། རྟོགས་པས་བཟུང་བའི་ཡུལ་ཐམས་ཅད་གདོད་ནས་མ་གྲུབ་ཅིང༌། དེའི་རང་བཞིན་ཡེ་ཤེས་མཉམ་ཉིད་རྟོགས་པའི་ཐབས་མཆོག་བླ་ན་མེད་པའོ། །ཕན་ཡོན་ཡང་རྣམ་པ་དྲུག་སྟེ། རང་གཞན་གྱི་སྡུག་བསྔལ་སྲབས་པར་འགྱུར་བ་དང༌། རང་


TNT17_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕུན་སུམ་ཚོགས་པས་སེམས་ཅན་སྨིན་པར་འགྱུར་བ་དང༌། དགེ་བའི་ཆོས་གེགས་མེད་དུ་སྐྱེ་བ་དང༌། མོས་པ་དང་དགའ་བ་ལ་སོགས་པས་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང༌། ཚོགས་ཁྱད་པར་ཅན་གསོག་ཐུབ་པའི་ཏིང་ངེ་འཛིན་ཐོབ་པ་དང༌། སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་རྣམས་རིམ་པ་བཞིན་སྦྱར་རོ། །བསྡུས་བའི་དོན་གྱི་རྣམ་གྲངས་གཞན་ཡང་བཤད་དེ་འདིར་མ་བྲིས་སོ། །གསུམ་པ་གཟུངས་སྔགས་ནི། ཏདྱ་ཐཱ། ཨོཾ་ཀྵ་མེ་ཀྵ་མེ། ཀྵནྟེ་ཀྵནྟེ། ད་མེ་ད་མེ། དཱནྟེ་དཱནྟེ། བྷ་དྲེ་བྷ་དྲེ། སུ་བྷ་དྲེ། སུ་བྷ་དྲེ། ཙནྡྲེ་ཙནྡྲེ། སུ་ཙནྡྲེ་སུ་ཙནྡྲེ། ཙནྡྲ་ཀི་ར་ཎེ། ཙནྡྲ་བ་ཏི། དེ་ཛོ་བ་ཏི། དྷརྨ་བ་ཏི། ཡ་ཤོ་བ་ཏི། པྲཧྨ་བ་ཏི། སརྦ་ཀླེ་ཤ་བི་ཤོ་དྷ་ནི། སརྦ་ཨརྠ་སཱ་དྷ་ནི། སརྦ་ཨ་ནརྠ་པྲ་ཤ་མ་ནི། པྲ་ར་མ་ཨརྠ་སཱ་དྷ་ནི། ཀཱ་ཡ་བི་ཤོ་དྷ་ནི། ཝཀ་བི་ཤོ་དྷ་ནི། མ་ནཿསཾ་ཤོ་དྷ་ནི་སྭཱཧཱ། ཞེས་པ་སྟེ། དེ་ལ། ཏདྱ་ཐཱ་ནི་འདི་ལྟ་སྟེ། ཨོཾ་ནི་སྔགས་ཀྱི་མགོ་འདྲེན་ནོ། །ཀྵ་མེ་ཀྵ་མེ་ཀྵནྟེ་ཀྵནྟེ་ནི་བཟོད་པར་བྱ་བ་དང༌། བཟོད་པར་བྱེད་པའི་དོན་ཏེ་བཟོད་པའི་དོན་ནོ། །ད་མེ་ད་མེ་ནི་དུལ་བ་སྟེ་ཚུལ་ཁྲིམས་སོ། །དཱནྟེ་དཱནྟེ་ནི་སྦྱིན་པར་བྱེད་པ་སྟེ་སྦྱིན་པའོ། །བྷ་དྲེ་བྷ་དྲེ་བཟང་པོ་དང༌། སུ་བྷ་དྲེ་རབ་ཏུ་བཟང་པོ་སྟེ་བརྩོན་འགྲུས་སོ། །ཙནྡྲེ་ཟླ་བ། སུ་ཙནྡྲེ་ཟླ་བཟང༌། ཙནྡྲ་ཀི་ར་ཎེ་ཟླ་འོད་སྟེ་གདུང་བ་སེལ་བར་བྱེད་པའི་ཕྱིར་བསམ་


TNT17_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་ནོ། །འདི་དག་རྟག་མཐའ་མོ་རྟགས་ཡིན་པས། བཟོད་མ་ཞེས་སོགས་མོ་རྟགས་སུ་སྦྱར་ཀྱང་རུང་ལ། དེ་ལྟར་ན་ཤེས་རབ་སྟོང་པ་ཉིད་ཡུམ་ཆེན་མོ་དང་རྗེས་སུ་འབྲེལ་བའི་དོན་དུ་བཤད་དགོས་སོ། །ཙནྡྲ་བ་ཏི་ཟླ་བ་ལྡན་པ། ཏེ་ཛོ་བ་ཏི་གཟི་བརྗིད་ལྡན་པ། དྷརྨ་བ་ཏི་ཆོས་ལྡན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཡ་ཤོ་བ་ཏི་གྲགས་པ་དང་ལྡན་པ། པྲཧྨ་བ་ཏི་ཚངས་པ་དང་ལྡན་པ། འཇིག་རྟེན་གྱི་ལྷ་ཚངས་པ་ཐབས་མཁས་སྣ་ཚོགས་ཀྱིས་ལྷ་རྣམས་ཀྱི་དོན་བྱེད་པ་བཞིན་དུ། འདིར་ཡང་སྦྱར་ཏེ་དེ་གཉིས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སརྦ་ཀླེ་ཤ་བི་ཤོ་དྷ་ནི་ཞེས་པ་ཉོན་མོངས་པ་ཐམས་ཅད་རྣམ་པར་སྦྱོང་བ་སྟེ། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སརྦ་ཨརྠ་སཱ་དྷ་ནི་དོན་ཐམས་ཅད་སྒྲུབ་པ། སརྦ་ཨ་ནརྠ་པྲ་ཤ་མ་ནི་དོན་མེད་ཐམས་ཅད་རབ་ཏུ་ཞི་བ། པ་ར་མ་ཨརྠ་སཱ་དྷ་ནི་མཆོག་གི་དོན་སྒྲུབ་པ་སྟེ། དེ་རྣམས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཀཱ་ཡ་བི་ཤོ་དྷ་ནི་ལུས་རྣམ་པར་སྦྱོང་བ། ཝཱཀ་བི་ཤོ་དྷ་ནི་ངག་རྣམ་པར་སྦྱོང་བ། མ་ནཿསཾ་ཤོ་དྷ་ནི་ཡིད་ཡང་དག་པར་སྦྱོང་བ་སྟེ། དེ་རྣམས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སྭཱཧཱ་ནི་སྔགས་ཀྱི་མཐའ་བརྟེན་པ་སྟེ་སྔགས་དོན་མཐའ་དག་སྒྲུབ་པར་བྱེད་པའོ། །གཟུངས་སྔགས་འདི་དག་ཀྱང༌། གོང་དུ་བསྟན་པའི་སྒོ་དྲུག་དང་སྦྲེལ་ཞིང༌། སྔགས་ཀྱི་སྒྲ་དང་ཡིག་འབྲུ་རང་བཞིན་མེད་ཀྱང་རྟེན་འབྲེལ་ཙམ་


TNT17_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྣང་བ་ལ་དམིགས་ནས། དེའི་ཆོས་ཉིད་སྔགས་སུ་མོས་པ་ལ་མཉམ་པར་བཞག་པས། གཟུངས་འདི་ཉིད་སྒྲུབ་པར་བྱེད་པ་ཡིན་ནོ། །བཞི་པ་གཟུངས་སྔགས་བསྡུས་པའི་ཕན་ཡོན་ནི། རིགས་ཀྱི་བུ་དེ་ལྟར་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས། སྒོ་དྲུག་པ་ཞེས་བྱ་བའི་གཟུངས་འདི། ཉིན་ལན་གསུམ་མཚན་ལན་གསུམ་དུ་བརྗོད་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་གྱུར་ནས་སྐྱེ་བ་བདུན་གྱི་བར་དུ་དེས་ནི་སྐྱེ་བ་དྲན་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱ་བར་འགྱུར་རོ། །ཞེས་ཏེ། སེམས་དང་པོ་བསྐྱེད་པས་ཀྱང་གོང་དུ་བཤད་པའི་དོན་ལ་མཉམ་པར་བཞག་ནས། ཐུན་དྲུག་ཏུ་བཟླས་བརྗོད་མང་དུ་བྱས་ན། ཕན་ཡོན་གསུམ་སྟེ་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཡང་བྱང་བ་དང༌། སྐྱེ་བ་དྲན་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཏུ་རིགས་ངེས་པའོ། །སྐྱེ་བ་བདུན་གྱི་བར་དུ་ཞེས་པ་ནི། སྔོན་གྱི་སྐྱེ་བ་བདུན་གྱི་བར་དུ་དྲན་ཞེས་པ་ཡིན་གྱི། གཟུངས་འདི་བཟླས་པ་ནས་བརྩམས་ཏེ་སླར་ཚེ་རབས་བདུན་གྱི་བར་དུ་སྐྱེ་བ་དྲན་ལ་དེ་ནས་མ་ཡིན་ཞེས། ཅི་ཙམ་དུ་སྐྱེ་བ་དྲན་པའི་དུས་སྟོན་པ་མ་ཡིན་ཏེ། དེས་ན་འདི་སྐད་ཅེས་བྱ་བར་འགྱུར་ཏེ། དེས་ནི་སྐྱེ་བ་བདུན་གྱི་བར་གྱི་སྐྱེ་བ་དྲན་པར་འགྱུར་རོ་ཞེས་པའི་དོན་ཡིན་པས། བར་དུ་ཞེས་པ་ནི་དྲུག་པའི་དོན་ལ་བདུན་པའི་


TNT17_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཡིན་ནོ། །འཚང་རྒྱ་བར་འགྱུར་ཞེས་པ་ཕྱི་ཕྱིར་ལམ་གྱི་ཆོས་ཉམས་པ་མེད་པའི་ཚུལ་གྱིས། འཚང་རྒྱ་ངེས་སུ་འགྱུར་བའི་དོན་ནོ། །ཅི་སྟེ་གཟུངས་ཀྱི་སྒོ་འདི་སྒྲུབས་ནས། ཐོབ་པ་ཕན་ཆད་ཀྱི་ཕན་ཡོན་ནི། གོང་དུ་བསྟན་པའི་ཕན་ཡོན་དྲུག་དང༌། གཟུངས་བཞི་པོའི་ཕན་ཡོན་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་འགྲུབ་པར་འགྱུར་རོ། །དེ་དག་ནི་སྒྲ་ཇི་བཞིན་པའི་དབང་དུ་བྱས་པས། ཕར་ཕྱིན་ཐེག་པ་ཉིད་ཀྱི་ལུགས་སུ་སྦྱར་རོ། །གལ་ཏེ་སྔགས་ཀྱི་ཚུལ་དང་མཐུན་པ་ལ་མོས་པས་སྒྲུབ་ན་འདི་ལྟར་བྱ་སྟེ། གཟུངས་ཀྱི་སྒོ་དང་པོ་ནི། མཉམ་པ་ཉིད་དུ་རྟོགས་པ་ཤེས་རབ་སྟེ། འཕགས་པ་འཇམ་དཔལ་ལོ། །གཉིས་པ་བདག་གི་བདེ་བ་སེམས་ཅན་ལ་སྦྱིན་པ་ནི་སྙིང་རྗེ་སྟེ། པདྨའི་རིགས་ཀྱི་གཙོ་བོ་སྤྱན་རས་གཟིགས་སོ། །གསུམ་པ་མཐོལ་ཚངས་སུ་བྱེད་པ་ནི། འཇིག་རྟེན་པའི་གཙོ་བོ་ཚངས་པ་ཆེན་པོ་སྟེ། གཡས་སུ་དཀྱིལ་འཁོར་གྱི་ལྷ་རྣམས་ལ་རིམ་པ་བཞིན་དུ་བཀོད་དོ། །བཞི་པ་བདུད་ཀྱི་ལས་སྤོང་བ་ནི། རྡོ་རྗེའི་རིགས་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེའོ། །ལྔ་པ་ཚོགས་བསགས་པའི་སྒོ་ནི། ནོར་བུའི་རིགས་ཀྱི་གཙོ་བོ་འཕགས་པ་ཛཾ་བྷ་ལའོ། །དྲུག་པ་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ་ནི། རིགས་བརྒྱུད་དང་རྐང་འགྲོས་དང་རྩ་འབྱིང་དར་བར་བྱེད་ཅིང༌། ཕ་རོལ་གྱི་སྡེ་གཞོམ་པར་བྱེད་པ་གནོད་སྦྱིན་ལྔ་བརྩེན་ཏེ། གཡོན་གྱི་


TNT17_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་རིམ་པ་བཞིན་དུ་འགོད་དོ། །རྒྱབ་དང་མདུན་དུ་ནི། ཁྲོ་བོ་ཆེན་པོ་དང་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་འགོད་དོ། །གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་གཙོ་བོ་དེ་བཞིན་གཤེགས་པ་ཤཱཀྱའི་རྒྱལ་བོ་ནི། གླེང་གཞིའི་བསྟན་ཏོ། །དེའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་བ་བཅུའི་བརྒྱད་ཀྱང་འགོད་ཅིང་སྒོ་བཞིར་ནི་རྒྱལ་པོ་ཆེན་པོ་བཞིའོ། །གལ་ཏེ་སྤྲོས་པ་ལ་མོས་ན། ཕ་རོལ་ཏུ་ཕྱིན་པ་བཅུའི་གཟུངས་ཀྱི་ལྷ་མོ་རྣམས་ལྷ་རྣམ་གཉིས་པ་ལ་འགོད་ཅིང༌། ཕྱོགས་སྐྱོང་བ་རྣམས་ནི་གསུམ་པ་ལའོ། ཁྲོ་བོ་ཆེན་པོ་དང་ཕྱོགས་སྐྱོང་ལ་སོགས་པ་ནི་གསང་བ་སྤྱིའི་ཆོ་གས་བཀོད་པ་ཡིན་ལ། འཕགས་པ་གཤིན་རྗེ་གཤེད་ནི་སྒོ་དྲུག་པ་སྟེ། ཥ་ཊ་མུ་ཁི་ཞེས་པའི་མཚན་དོན་ལ་བརྟེན་ནས་བཀོད་པའོ། །གཟུངས་སྔགས་ཀྱི་སྐབས། གོང་དུ་བསྟན་པའི་ཕར་ཕྱིན་དྲུག་གི་སྔགས་ནི། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་འོ། །ཡ་ཤོ་ཞེས་པ་ནི་ལྔ་བརྩེན་གྱིའོ། །པྲཧྨ་ནི་ཚངས་པ་ཉིད་དོ། །ཀླེ་ཤ་བི་ཤོ་དྷ་ནི་ཉོན་མོངས་འཇོམས་པ་སྟེ་འཇམ་དཔལ་གྱིའོ། །ཨརྠ་ནི་གཞན་དོན་སྒྲུབ་པ་སྙིང་རྗེ་སྟེ་སྤྱན་རས་གཟིགས་ཀྱིའོ། ཨ་ནརྠ་ནི་དོན་མེད་དེ་བར་ཆད་སེལ་བ་རྡོ་རྗེ་འཛིན་པའི་འོ། །པ་ར་མ་ནི་འདོད་དོན་མཆོག་སྒྲུབ་པའི་ཕྱིར་སྣོད་གནས་ཀྱིའོ། །ཀཱ་ཡ་སོགས་ནི་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་སོ། །འདི་ལས་ཐུན་མོང་དང་ལས་ཚོགས་


TNT17_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ནི་ཉན་པར་གདམས་པ་བསྟན་ཏོ། །ཕན་ཡོན་གྱིས་ནི་མཆོག་གི་དངོས་གྲུབ་བོ། །ཇི་ལྟར་སྒྲུབ་པའི་ཆོ་ག་ནི་བྱ་བའི་རྒྱུད་ཀྱི་ཆོ་གས་ཏེ། འདི་རིགས་དྲུག་ཀ་འདུས་པ་ལྟ་བུ་ཡིན་ཀྱང༌། གཙོ་བོ་དེ་བཞིན་གཤེགས་པ་ཡིན་པས། དེའི་ཆོ་ག་སྦྱར་བར་བྱའོ། །གསུམ་པ་རྗེས་སུ་ཡི་རང་ནི། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང༌། གནས་གཙང་མའི་རིགས་ཀྱི་ལྷའི་བུ་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་སྒོ་དྲུག་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །ཞེས་ཏེ་དེ་ལ་དགྱེས་པ་ནི། འདི་གསུངས་པ་ཙམ་གྱིས་འཁོར་དེར་འདུས་པ་གཟུངས་ཀྱི་སྒོ་འདི་མ་ཐོབ་པ་རྣམས་ཀྱིས་ཐོབ་ཅིང༌། ཐོབ་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་གྱུར་པས། སེམས་ཅན་གྱི་དོན་རྒྱ་ཆེན་པོར་གྱུར་པ་ལ་དགྱེས་པའོ། །འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་འདི་ནི། སངས་རྒྱས་གཉིས་པ་ལྟ་བུའི་སློབ་དཔོན་དབྱིག་གཉེན་གྱི་མདོ་ཙམ་དུ་བཀྲལ་བ་དང༌། བླ་མའི་མན་ངག་གི་ཡི་གེ་རྣམས་དང༌། རང་གི་བློ་མཐུ་སྟེ་གསུམ་ལས་ཇི་ལྟར་རིགས་པར་བརྗོད་པ་སྟེ་ཏཱ་ར་ནཱ་ཐས་སོ། །དགེའོ། །གཅིག་ཞུས།


previousའཕགས་པ་སྒོ་དྲུག་གཟུངས་ཀྱི་རྣམ་པར་བཤད་པ།next