Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
གཞན་སྟོང་སྙིང་པོ།
   
   
   
   
   
   
   
   
   
   
   


 
previousགཞན་སྟོང་སྙིང་པོ།next

གཞན་སྟོང་སྙིང་པོ།


TNT18_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སྟོང་སྙིང་པོ་ཞེས་བྱ་བ་བཞུགས་སོ།


TNT18_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། འདིར་ཐེག་པ་ཆེན་པོ་ངེས་དོན་གྱི་དབུ་མའི་ངོ་བོ་ངོས་གཟུང་བར་བྱ་སྟེ། གྲུབ་མཐའི་རྣམ་གཞག་སྤྱིར་བསྟན་པ་དང༌། དབུ་མའི་རྣམ་གཞག་ངོས་བཟུང་བ་དང༌། དེ་ལ་གཞན་གྱིས་བརྟགས་པའི་མཐའ་བསལ་བའོ། །དང་པོ་ནི། གཞན་སྡེ་མུ་སྟེགས་བྱེད་ཀྱི་ལྟ་གྲུབ་ནི་ཐར་བའི་ལམ་དང་བྲལ་བ་ཡིན་ལ། རང་སྡེ་སངས་རྒྱས་པའི་ལྟ་གྲུབ་ནི་ཐར་པའི་ལམ་དང་འབྲེལ་བ་ཡིན་ནོ། །མུ་སྟེགས་པ་ལ་ཐར་ལམ་མེད་ཀྱང༌། མཐོ་རིས་ཀྱི་མངོན་པར་མཐོ་བའི་ཆོས་ནི་ཡོད་མེད་གཉིས་ཏེ། རྒྱང་འཕེན་པ་སོགས་མེད་པར་ལྟ་བ་ཅན་ལས་འབྲས་ལ་སྐུར་བ་འདེབས་པ་སོགས་དང༌། འཚེ་བ་ཆོས་ཀྱི་གཙོ་བོར་སྨྲ་བ་རྣམས་ལ་མཐོ་རིས་ཀྱི་ལམ་རྣམ་དག་མེད་ཅིང༌། གྲངས་ཅན་པ་དང༌། གཅེར་བུ་པ་དང༌། ལྷའི་མཆོག་གི་རྗེས་འབྲང་འགའ་ཞིག་དང༌། མུ་སྟེགས་བསམ་གཏན་པ་རྣམས་ལ་ནི་མཐོ་རིས་ཀྱི་ལམ་ནི་ཡོད་དེ། སྡིག་པ་སྤོང་ཞིང་དགེ་བ་བསྒྲུབས་པས་མི་དང་འདོད་ཁམས་པའི་ལྷར་སྐྱེ་ཞིང༌། བསམ་གཏན་བཞི་བསྒོམས་པས་གཟུགས་ཁམས་སུ་སྐྱེ་བ་དང༌། གཟུགས་མེད་ཀྱི་ཏིང་


TNT18_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བཞི་བསྒོམས་པས་གཟུགས་མེད་ཁམས་སུ་སྐྱེ་བས་སོ། །མུ་སྟེགས་རྣམས་ལ་ཐར་ལམ་མེད་པའི་རྒྱུན་མཚན་ནི། གང་ཟག་གི་བདག་འཛིན་ཅེས་བྱ་བ། ང་བདག་ཏུ་འཛིན་པའི་བློ་འདི་སྤོང་པར་མི་བྱེད་པའི་རྒྱུ་མཚན་གྱིས་ཡིན་ཏེ། འཁོར་བ་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་ང་བདག་ཏུ་འཛིན་པའི་བློ་བརྟན་པོ་ཡོད་པའི་སྟེང་དུ། གྲུབ་མཐས་ཀྱང༌། ང་བདག་དེ་ཉིད་ཁྱད་པར་མང་པོ་དང་བཅས་ཏེ་ཡོད་པར་བསྒྲུབ་ཅིང༌། དེའི་དོན་བསྒོམ་པ་དང༌། བདག་འཛིན་དེ་ལ་གཉེན་པོ་གཞན་ཡང་མེད་པའི་ཕྱིར་བདག་འཛིན་སྤོང་མི་ནུས་ཤིང༌། བདག་འཛིན་དེ་ནི་ཉོན་མོངས་གཞན་ཐམས་ཅད་ཀྱི་ཡང་རྒྱུ་ཡིན་པའི་ཕྱིར་རོ། །འོན་ཀྱང་མུ་སྟེགས་བཟང་བ་དེ་རྣམས་ལ་སྐྱེ་རྒ་ན་འཆི་སོགས་མི་རྟག་པ་རགས་པ་བསྒོམ་པ་དང༌། ཚེ་འདི་དང་འདོད་ཁམས་སྡུག་བསྔལ་དུ་ཤེས་པ་དང༌། གཟུགས་སོགས་དངོས་པོ་རགས་པ་རྣམས་བདེན་མེད་དུ་འདོད་པ་དང་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། བྱམས་སྙིང་རྗེ་དང༌། དགྲ་གཉེན་མཉམ་པ་ཉིད་དུ་སྒོམ་པའི་བཏང་སྙོམས་སོགས་དང༌། རྩ་བ་བཞི་སྤོང་བ་སོགས་ལྟ་སྒོམ་སྤྱོད་པ་ལེགས་པོ་ཡང་ཡོད་པས་མཐོ་རིས་ཀྱི་ལམ་ནི་ཡོད་


TNT18_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

དོ།། །།སངས་རྒྱས་པའི་གྲུབ་མཐའ་ནི་རྣམ་པ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་བ་དང༌། སེམས་ཙམ་པ་དང༌། དབུ་མ་པའོ། །དེ་ལ་དང་པོ་གཉིས་ནི་ཐེག་དམན་ཉན་ཐོས་པ་དང༌། ཕྱི་མ་གཉིས་ནི་ཐེག་ཆེན་པའོ། །དེ་རྣམས་ལ་ཐེག་པ་ཆེ་ཆུང་དུ་འཇོག་པ་ཡང་ཐེག་པ་ཆུང་ངུའི་སྡེ་སྣོད་སངས་རྒྱས་ཀྱི་བཀའི་མཐར་ཐུག་ཏུ་འདོད་པ་དང༌། ཐེག་པ་ཆེན་པོའི་གསུང་རབ་སྡེ་སྣོད་རྣམས་བཀའི་མཐར་ཐུག་ཏུ་འདོད་པས་དེ་ལྟར་བཏགས་པ་ཡིན་པས། ཐེག་དམན་སྨྲ་བ་དང་ཐེག་ཆེན་སྨྲ་བ་ཞེས་བྱ་བའི་གྲུབ་མཐའ་ཐེག་དམན་པ་དང༌། གྲུབ་མཐའ་ཐེག་ཆེན་པ་ཞེས་གྲགས་པ་ལྟར་ཡིན་ལ། གང་ཟག་དེ་ཉིད་ཐེག་ཆུང་ངམ་ཐེག་ཆེན་པར་འཇོག་པ་ལ་ནི་གྲུབ་མཐའ་ལ་མཐའ་གཅིག་ཏུ་མ་ངེས་ཏེ། ཐེག་པ་ཆེན་པོའི་ལམ་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་ཆེན་པ་ཡིན་ལ། ཐེག་དམན་གྱི་བསམ་སྦྱོར་རྒྱུད་ལ་སྐྱེས་པ་ནི་ཐེག་དམན་པ་ཡིན་ཞིང༌། དེ་གཉིས་གང་ཡང་རྒྱུད་ལ་མ་སྐྱེས་ན། གསུང་རབ་གང་ཀློག་གཞུང་ཅི་བཟུང་གྲུབ་མཐའ་ཇི་ལྟར་བྱེད་ཀྱང་གང་ཟག་ཐེག་ཆེན་པ་ཡང་མ་ཡིན་གང་ཟག་ཐེག་དམན་པ་ཡང་མ་ཡིན་ནོ། །གཞན་ཡང་གྲུབ་མཐའ་ཐེག་ཆེན་འཛིན་ལ། ལམ་ཐེག་དམན་དུ་ཞུགས་པ་ཡང་ཡོད། གྲུབ་མཐའ་ཐེག་དམན་འཛིན་ལ་ལམ་ཐེག་ཆེན་དུ་ཞུགས་པ་ཡང་ཡོད། གཉིས་ཀ་ཐེག་ཆེན་པ་ཡང་ཡོད་གཉིས་ཀ་ཐེག་དམན་པའང་ཡོད། གྲུབ་མཐའ་འཛིན་ཅིང་ལམ་དུ་མ་ཞུགས་པ་ནི་ཤིན་ཏུ་ཡང་མང་ལ། ལམ་དུ་ཞུགས་པའི་གང་ཟག་ལ་གྲུབ་མཐའ་མེད་པ་ནི་ཡེ་མི་སྲིད་དོ། །དེ་དག་ལས་བྱེ་བྲག་ཏུ་སྨྲ་བ་ནི། ཤེས་པ་སེམས་སེམས་བྱུང་གཉིས། ཡུལ་གཟུགས་སོགས་བཅུ། སྐྱེ་འཇིག་སོགས་ལྡན་མིན་འདུ་བྱེད།


TNT18_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་སོགས་འདུས་མ་བྱས་གསུམ་དང༌། འདས་མ་འོངས་ཀྱི་དངོས་པོ་རྣམས་རང་རང་སོ་སོ་ནས་རྫས་སུ་གྲུབ་པར་འདོད་ཅིང་བདེན་གྲུབ་ཀྱི་ཆ་རེ་ཡང་ཡོད་པར་འདོད་ལ། རགས་པའི་དངོས་པོ་དང་རྒྱུན་གྱི་དངོས་པོ་སོགས་ནི་བདེན་མེད་དུ་འདོད་ཅིང༌། ཡུལ་དང་དབང་པོ་བདེན་གྲུབ་ལས་རྣམ་ཤེས་སྐྱེ་མིག་གིས་གཟུགས་དངོས་སུ་མཐོང་ཟེར་རོ། །འདིའི་ནང་ཚན་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་སོགས་གྲུབ་མཐའ་བཟང་བ་རྣམས་ནི། འདུས་བྱས་ཐམས་ཅད་སྐད་ཅིག་གིས་འཇིག་པས་མི་རྟག་པར་འདོད་པ་དང༌། གང་ཟག་གི་བདག་ནི་བློས་བཏགས་པ་ཙམ་མ་གཏོགས་རྫས་སུ་མེད་པར་འདོད། མང་པོས་བཀུར་བའི་སྡེ་བ་སོགས་གྲུབ་མཐའ་ངན་པ་རྣམས་ནི། འདུས་བྱས་རྣམས་མཐར་འཇིག་པས་མི་རྟག་པ་ཡིན་ཀྱང༌། སྐད་ཅིག་གིས་འཇིག་པ་མིན་ཞེས་ཟེར་ཞིང་དེ་ཕྱིར་རྒྱུན་གྱི་དངོས་པོ་ཡང་ཅི་རིགས་པར་འདོད་ལ། མུ་སྟེགས་པ་རྣམས་ཀྱིས་བཏགས་པའི་ང་བདག་རྟག་པ་གཅིག་པུ་རང་དབང་ཅན་དེ་འདྲ་མེད་ཀྱང༌། སྤྱིར་ང་བདག་ཙམ་ཞིག་རྫས་གྲུབ་དང་བདེན་གྲུབ་ཏུ་འདོད། འདི་ལ་བདག་ལྟའི་སྐྱོན་གྱིས་དངོས་སུ་ཐར་བའི་ལམ་མེད་ན་ཡང༌། དཀོན་མཆོག་ལ་སྐྱབས་སུ་སོང་ཞིང༌། ཐར་འདོད་ཀྱི་ཀུན་ནས་བསླངས་པའི་ཚུལ་ཁྲིམས་དང་ཐོས་བསམ་སྒོམ་གསུམ་ཡོད་པས། རིམ་པས་ཐར་པ་འཐོབ་པའི་སྐལ་བ་ཅན་དུ་འགྱུར་རོ། །བྱེ་བྲག་ཏུ་སྨྲ་བ་འདི་ནི་མངོན་པ་སྡེ་བདུན་བཀར་འདོད་ཅིང༌། མདོ་སྡེ་རྣམས་དགོངས་པ་ཅན་དང༌། དྲང་དོན་གསུངས་པ་མང་བས། ལྟ་གྲུབ་རྣམས་བསྟན་བཅོས་ཀྱི་ལུགས་བཞིན་དུ་ཁས་ལེན་དགོས་པར་འདོད་ལ། བསྟན་བཅོས་ཀྱང་བྱེ་བྲག་ཏུ་བཤད་པ་ལ་ངོས་འཛིན་ཏོ།། །།མདོ་སྡེ་བ་ནི། གོང་དུ་བཤད་པའི་ཆོས་དེ་རྣམས་


TNT18_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ལས། འདུས་མ་བྱས་དང་ལྡན་མིན་འདུ་བྱེད་ནི་བཏགས་ཡོད་ཅེས་བྱ་བ་བློས་བཏགས་པ་ཙམ་ཡིན་པས་བདེན་པར་མེད་ཅིང༌། གཟུགས་སོགས་ལ་རགས་རྒྱུན་དང་ཤེས་པ་ལ་རྒྱུན་བདེན་པར་མ་གྲུབ། འདས་མ་འོངས་ཀྱི་ཆོས་ཀྱང་བཏགས་ཡོད་ཙམ་ཡིན་ལ། ད་ལྟར་བའི་རྡུལ་ཕྲན་ཙམ་དང་ཤེས་པ་སྐད་ཅིག་མ་ཙམ་ཆ་མེད་བདེན་གྲུབ་ཡིན། མིག་གིས་གཟུགས་མི་མཐོང་མིག་ཤེས་ཀྱིས་ཀྱང་གཟུགས་དངོས་སུ་མི་མཐོང་སྟེ། མིག་ཤེས་ཀྱིས་མཐོང་བ་དེ་ནི་མིག་ཤེས་ཉིད་ལ་གཟུགས་སྣང་ཤར་བ་དེ་གཟུགས་ཀྱི་རྣམ་པར་གྲགས་པ་ཤེས་པར་གྱུར་པ་དེ་ཡིན་ལ། འོན་ཀྱང་རྣམ་པ་འཆར་བ་དེ་ལ་རྣམ་པ་གཏོད་བྱེད་གཟུགས་སོགས་ཕྱི་རོལ་ཡོད་པར་འདོད་དོ། །མངོན་པ་སྡེ་བདུན་སོགས་ནི་བཀའ་མ་ཡིན་ཞིང༌། བྱེ་བྲག་བཤད་པ་སོགས་བསྟན་བཅོས་ལ་འཁྲུལ་བ་ཡོད་པས་གྲུབ་མཐའ་ནི་མདོ་སྡེ་དང་བསྟུན་དགོས་པར་འདོད་དོ། །གྲུབ་མཐའ་སྨྲ་བའི་སྡེ་འདི་གཉིས་ཀས་ཀྱང་སངས་རྒྱས་ཀྱི་བཀའ་ནི། ཉན་ཐོས་ཀྱི་ཆེད་དུ་གསུངས་པའི་སྡེ་སྣོད་འདི་རྣམས་ཁོ་ན་ཡིན་ཞིང༌། ཤེར་ཕྱིན་དཀོན་བརྩེགས་ཕལ་ཆེན་སོགས་ཐེག་ཆེན་གྱི་མདོར་གྲགས་པ་འདི་ཀུན་ནི་རྒྱལ་བའི་བཀའ་མ་ཡིན་ནོ། །ཐེག་པ་ཆེ་ཆུང་ནི་གང་ཟག་གི་བྱ་བའི་ཁྱད་པར་ཡིན་གྱི་གསུང་རབ་ཐ་དད་མེད་དོ་ཞེས་ཟེར་རོ། །དེ་རྣམས་ཀྱི་གང་བདེན་གྲུབ་ཏུ་འདོད་པ་དེ་ཀུན་དང་ཐེག་ཆེན་འགོག་པ་ནི་གྲུབ་མཐའ་ནོར་འཁྲུལ་གྱི་སྐྱོན་ཡིན་ལ། གང་ཟག་གི་བདག་མེད་དང་སྐད་ཅིག་གིས་འཇིག་པ་སོགས་གཞན་རྣམས་ནི་རང་ས་དེར་མ་ནོར་བ་ཡིན་ནོ།། །།སེམས་ཙམ་པ་ནི། གཟུགས་སོགས་ཕྱི་རོལ་གྱི་ཡུལ་རྣམས་རྨི་ལམ་གྱི་གཟུགས་སོགས་ལྟར་ཤེས་པ་ཉིད་དང་


TNT18_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དེར་སྣང་བ་ཙམ་ཡིན་གྱི། ཕྱི་རོལ་ན་དེ་ལྟར་སྣང་བ་མེད་དེ་དཔེར་ན་གཟུགས་ལ་མཚོན་ན། མིག་གི་དབང་པོར་གྲགས་པ་ཡང༌། མིག་གྀ་རྣམ་པར་སྣང་བའི་སེམས་ཡིན་པས། མིག་རང་མཚན་པ་ཞིག་མེད་ལ། གཟུགས་སུ་གྲགས་པ་ཡང་གཟུགས་ཀྱི་རྣམ་པར་སྣང་བའི་སེམས་ཡིན་པས་གཟུགས་རང་མཚན་པ་མེད་ཅིང༌། དེ་དག་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་པར་སྣང་བ་ཙམ་ཡིན་པས། གསུམ་ཀར་ཡང་ཐ་དད་པར་སྣང་བ་ནི་འཁྲུལ་བ་ཡིན་ཞིང་ཤེས་པའི་ངོ་བོར་རྫས་གཅིག་པས། མིག་ཤེས་ཀྱིས་གཟུགས་མཐོང་བ་ནི་རང་གིས་རང་ཉིད་མཐོང་བ་ཡིན་ཞིང༌། གཟུགས་ཀྱི་རྣམ་པ་འཆར་བའི་རྒྱུ་ཤེས་པ་ལས་གཞན་ཕྱི་རོལ་ཏུ་རྣམ་པ་གཏོད་བྱེད་གཟུགས་སུ་གྲུབ་པ་ནི་གཏན་ནས་མེད་དོ། །འོན་ཀྱང་མ་བརྟགས་མ་དཔྱད་པའི་ངོར་མིག་གིས་གཟུགས་མཐོང་ཞེས་སོགས་འདོད་ཀྱང་དཔྱད་ན་གཟུགས་ནི་མ་གྲུབ། གཟུགས་སུ་སྣང་བའི་ཤེས་པ་དེ་ནི་བདེན་པར་གྲུབ་བོ། །དེས་ན་འདི་ནི་རྣམ་ཤེས་སོགས་ཤེས་པ་ཐམས་ཅད་ཀྱི་ངོ་བོ་བདེན་པར་གྲུབ་ལ། ཡུལ་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ་གཟུང་ཆ་དང༌། རིག་པ་ནང་ན་ཡོད་པ་ལྟར་སྣང་བ་འཛིན་ཆ་སྟེ་དེ་གཉིས་འཁྲུལ་བ་ཡིན་པའི་ཕྱིར་གཟུང་འཛིན་གཉིས་མེད་ལ། གཟུང་འཛིན་གཉིས་སྤངས་པའི་རྣམ་པར་ཤེས་པ་ནྀ་བདེན་པར་འདོད་དོ། །ཞེས་འདོད་པས་གཟུང་ཆ་དང་འཛིན་ཆ་གཉིས་ཐ་དད་དུ་མ་གྲུབ་པས་གཟུང་འཛིན་གཉིས་མེད་ཀྱི་གོ་ཆོད་པ་དང༌། རྣམ་ཤེས་ཀྱི་རང་ངོ་ཙམ་ཡེ་ཤེས་སུ་འདོད་པ་ཡིན་ནོ། །སེམས་ཙམ་པ་ཁོང་གི་རང་ལུགས་ཀྱི་གཟུང་འཛིན་བཀག་པར་རློམ་ཡང་གྲུབ་མཐའ་གོང་མས་གཞལ་ན། གཟུང་འཛིན་བཀག་པར་


TNT18_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོང་སྟེ་གཟུང་འཛིན་རྫས་གཞན་མེད་པ་ཙམ་ཞིག་ཁས་བླངས་པ་ཡིན་ཀྱང་འཛིན་པ་རང་ངོས་ནས་ཡོད་པར་ཁས་བླངས་པར་སོང་བས་སོ། །དེ་ལྟར་ན་འདིས་འདོད་པའི་གཟུགས་སོགས་ཕྱི་དོན་དུ་སྣང་བའི་རྣམ་རིག་བདེན་གྲུབ་དང༌། རྣམ་ཤེས་ཀྱི་ངོ་ལྡོག་ཙམ་གཟུང་འཛིན་གཉིས་མིན་གྱི་ཡེ་ཤེས་སུ་འདོད་པ་དང༌། འཛིན་པའི་ངོ་བོ་རྣམ་ཤེས་ཉིད་ལ་མི་འདོད་པར་ཡུལ་དུ་སྣང་བའི་རྣམ་རིག་ལས་ཐ་དད་པར་སྣང་བའི་ཆ་ཙམ་ལ་འདོད་པ་ནི་འཁྲུལ་བ་ཡིན་ལ་གཞན་རྣམས་མ་ནོར་པའོ།། །།དབུ་མ་པ་ལ་དབུ་མ་ཕལ་པ་དང༌། དབུ་མ་ཆེན་པོ་གཉིས་ཀྱི་ཕལ་པ་ནི་བོད་ཡུལ་འདིར་རང་སྟོང་དུ་གྲགས་ཤིང་རྒྱ་བོད་གཉིས་ཀར་དུ་ངོ་བོ་ཉིད་མེད་པར་སྨྲ་བ་ཞེས་གྲགས་པ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་དང༌། ལེགས་ལྡན་དང༌། རྣམ་གྲོལ་སྡེ་དང༌། ཞི་བ་འཚོ་རྗེས་འབྲང་དང་བཅས་པ་རྣམས་ཀྱི་ལུགས་སོ། །དེ་དག་ལ་གྲུབ་མཐའ་ནང་སེལ་མི་འདྲ་བ་མང་ཡང༌། ཐམས་ཅད་མཐུན་པར་གཟུགས་སེམས་གཉིས་དང་ལྡན་མིན་འདུ་བྱེད་དེ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང༌། ནམ་མཁའ་སོགས་འདུས་མ་བྱས་དང་དངོས་མེད་ཐམས་ཅད་དེ་ཆོས་འདི་དག་ཐམས་ཅད་ནི་ཀུན་རྫོབ་ཡིན་ལ། དེ་རྣམས་ཀྱི་རང་བཞིན་བདེན་མེད་ཙམ་ནི་དོན་དམ་ཡིན་ཞིང༌། དེ་གཉིས་ངོ་བོ་གཅིག་དང་ཐ་དད་གང་དུ་ཡང་བརྗོད་དུ་མེད། རྣམ་གཞག་ཙམ་ཐ་དད་དེ་དོན་དམ་དབྱིངས་ཀྱི་ངོ་བོ་ནི་གང་ཡང་མེད་པས་སྤྲོས་བྲལ་ནམ་མཁའི་དཔེས་བསྟན། ཀུན་རྫོབ་སྣང་དུས་ན་བདེན་པས་སྟོང་ཡང་སྣང་བ་མ་འགག་པ་སྒྱུ་མའི་དཔེས་བསྟན། དེ་གཉིས་ཀར་ཡོད་མེད་ཡིན་མིན་སོགས་སྤྲོས་པ་ཐམས་ཅད་ལས་འདས་པར་འདོད་དོ། །གྲུབ་མཐའ་འདི་ལ་ཡང་དོན་དམ་ཆོས་ཉིད་དེ་སྤྲོས་པ་བཀག་ཙམ་གྱི་ནམ་མཁའ་ལྟ་བུ་ལ་


TNT18_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང༌། སངས་རྒྱས་ཀྱི་ཡེ་ཤེས་སོགས་ཀུན་རྫོབ་ཡིན་ཞིང་བདེན་པར་མེད་ཟེར་བ་དང༌། དོན་དམ་བདེན་པ་ཡང་བདེན་མེད་དུ་འདོད་པ་དང༌། ཁྱད་པར་ཐལ་འགྱུར་བ་རྣམས་ནི་གྲུབ་མཐའི་རྣམ་གཞག་འཇོག་བཞིན་དུ། གཞན་གྱི་རྩོད་པ་ལ་འཛེམ་པའི་ཕྱིར་གང་ཡང་ཁས་མི་ལེན་པ་དང༌། ངེས་ཤེས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ་སོགས་འཁྲུལ་བ་ཡིན་ལ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་དང༌། བདེན་མེད་ཙམ་དེ་ཡང་བདེན་པར་མ་གྲུབ་པ་སོགས་ནི་མ་ནོར་བ་ཡིན་ནོ། །སེམས་ཙམ་པ་དང༌། རང་སྟོང་སྨྲ་བའི་དབུ་མ་པ་འདི་གཉིས་ཀྱི་བདེ་གཤེགས་སྙིང་པོའི་ངེས་གསང་དང༌། དོན་དམ་ཡེ་ཤེས་རང་རིག་རང་གསལ་ནི་རང་ལུགས་ལ་མི་འདོད་ཅིང་དེ་དག་གི་གནས་ཚུལ་མ་གོ་བས། སློབ་དཔོན་སྔ་མ་རྣམས་ཀྱིས་གཞན་སྟོང་ལ་དགག་པ་བྱས་པ་ནི་མེད་ལ། རྗེས་འབྲང་ཕྱིས་བྱུང་བ་རྣམས་ཀྱིས་དགག་པ་བྱེད་མོད་ཀྱང༌། གཞན་སྟོང་གི་གྲུབ་མཐའི་གནད་གོ་བ་ནི་གཅིག་ཀྱང་མེད་པས་ཕྱོགས་སྔ་མ་ལོངས་པའི་དགག་པ་ཤ་སྟག་གོ། ། ། གཉིས་པ་དབུ་མ་ཆེན་པོ་ནི། བོད་དུ་གཞན་སྟོང་དུ་གྲགས་པ་རྣམ་རིག་གི་དབུ་མ་སྟེ། རྗེ་བཙུན་བྱམས་པའི་གཞུང་དང༌། འཕགས་པ་ཐོགས་མེད་དང༌། མཁས་མཆོག་དབྱིག་གཉེན་གྱིས་གསལ་པར་མཛད་ཅིང༌། འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པར་ཡང་ཆེས་གསལ་བས། འཕགས་མཆོག་གཉིས་ཅར་གྱི་བཞེད་པ་གཞན་སྟོང་ཡིན་ནོ། །འདིའི་ལུགས་ལ་སེམས་ཙམ་མན་ཆད་དུ་འདོད་པའི་འདུས་མ་བྱས་གསུམ་སོགས་འདུས་མ་བྱས་བརྟགས་པ་བ་དངོས་མེད་རྣམས་དང༌། གཟུགས་སོགས་ཕྱི་དོན་དུ་གྲགས་པ་དང༌།


TNT18_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་ཚོགས་བརྒྱད་སེམས་བྱུང་ལྔ་བཅུ་རྩ་གཅིག་སོགས་མདོར་ན་གཞི་ཕྱི་འཁོར་བའི་ཆོས་ཐམས་ཅད་དང༌། གནས་སྐབས་ལམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དང༌། འབྲས་བུ་སངས་རྒྱས་ཀྱི་སས་སྡུས་པའི་ནང་ནས་གསར་དུ་བྱུང་བའི་ཆ་རྣམས་དང་གདུལ་བྱ་གཞན་སྣང་གིས་བསྡུས་པ་སྟེ། སྣང་གྲགས་ཀྱི་ཆོས་སམ་ཆོས་ཆོས་ཉིད་ཀྱི་ཟླས་ཕྱེ་བའི་ཆོས་སམ་གཟུང་འཛིན་གྱིས་བསྡུས་པའི་ཆོས་སམ། དོན་དམ་གཏན་ལ་འབེབས་པའི་སྐབས་འདིར་དངོས་པོ་དངོས་མེད་ཐམས་ཅད་འདུས་བྱས་དང༌། གློ་བུར་བར་གཞག་པ་དེ་རྣམས་ཐམས་ཅད་ནི་བདེན་མེད་ཡིན་ལ། དབྱིངས་དང་གཉིས་སུ་མེད་པའི་ཡེ་ཤེས་རང་རིག་རང་གསལ་ནི་དོན་དམ་བདེན་པ་ཆོས་ཉིད་འདུས་མ་བྱས་ཞེས་བྱ་བ་སྟེ། འདི་ནི་རིགས་པས་དཔྱད་བཟོད་བདེན་གྲུབ་ཁོ་ན་ཡིན་ནོ། །རང་སྟོང་པ་རྣམས་འདོད་པའི་ནམ་མཁའ་ལྟ་བུ་དེ་ནི་རྣམ་པར་དཔྱད་ན་དངོས་མེད་ཡིན་པའི་ཕྱིར། དོན་དམ་བདེན་པ་མ་ཡིན་ནོ་ཞེས་བཞེད་ལ། གྲུབ་མཐའ་འདི་ནི་སྐྱོན་མེད་ཡོན་ཏན་ཐམས་ཅད་དང་ལྡན་པའི་གྲུབ་མཐའ་འོ། །ཐེག་ཆེན་པ་དེ་རྣམས་ཐམས་ཅད་ཐེག་ཆེན་གྱི་མདོ་ཐམས་ཅད་བཀར་འདོད་ཀྱང༌། སེམས་ཙམ་པ་རྣམས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་དང༌། ལང་ཀར་གཤེགས་པ་དང༌། རྒྱན་སྟུག་པོ་དང༌། ཕལ་པོ་ཆེ་སྟེ་མདོ་བཞིར་གྲགས་རྣམས་ངེས་དོན་དུ་འཛིན་ཏེ། གཞན་རྣམས་དྲང་དོན་དུ་འདོད་ལ། གྲུབ་མཐའ་བྱེད་པ་པོ་ནི་སྔོན་གྱི་སློབ་དཔོན་ལྔ་བརྒྱ་པོའོ། །དབུ་མ་ཕལ་བ་འཛིན་པ་རྣམས་ནི་འཁོར་ལོ་ཐ་མའི་མདོ་ཐམས་ཅད་དྲང་དོན་ཡིན་ཞིང༌། འཁོར་ལོ་བར་པའི་ཤེར་ཕྱིན་གྱི་མདོ་རྣམས་ངེས་དོན་མཐར་ཐུག་གོ་ཞེས་སྨྲ། གྲུབ་མཐའ་བྱེད་པ་པོ་ཡིན་ངེས་ནི་སངས་རྒྱས་


TNT18_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱངས་སོགས་གོང་དུ་སྨོས་པ་དེ་རྣམས་སུ་ཟད་ལ། འདི་རྣམས་ཀྱི་རང་རིག་གི་འདོད་པས་སྒྲ་གཅན་འཛིན་བཟང་པོ་སོགས་ངོ་བོ་ཉིད་མེད་སྨྲ་བ་བརྒྱད་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱང་གྲུབ་མཐའ་འདི་ཁོ་ན་འཛིན་པ་ཡིན་ནོ་ཞེས་འདོད་དོ། །དབུ་མ་ཆེན་པོ་ནི་འཁོར་ལོ་རིམ་པ་གསུམ་གྱི་མདོ་མཐའ་དག་ལ་བརྟེན་ཅིང༌། ཁྱབ་པར་དུ་ཀ་ཏྱ་ཡ་ནའི་གདམས་ངག་གི་མདོ་དང༌། མདོ་སྡེ་ཆེན་པོ་སྟོང་པ་ཉིད་སོགས་འཁོར་ལོ་དང་པོའི་མདོ་མང་པོ་དང༌། བྱམས་པས་ཞུས་པའི་ལེའུ་དང་ཤེར་ཕྱིན་ལྔ་བརྒྱ་པ་སོགས་འཁོར་ལོ་བར་བའི་གནས་སྐབས་མང་པོ་དང༌། མདོ་བཞི་སོགས་ཐ་མའི་མདོ་མང་པོ་ལ་ཡང་བརྟེན་ནས་ཆོས་ཉིད་དོན་དམ་བདེན་གྲུབ་ཏུ་སྟོན་པའི་གྲུབ་མཐའ་རགས་པ་ཐུན་མོང་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་དང༌། རྔ་བོ་ཆེའི་མདོ་དང༌། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་དང༌། དཔལ་ཕྲེང་གི་མདོ་དང༌། མྱ་ངན་ལས་འདས་པ་ཆེན་པོ་དང༌། དཀོན་མཆོག་སྤྲིན་དང༌། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་ལ་སོགས་པ་ངེས་དོན་མཐར་ཐུག་སྟོན་པ་མང་པོ་ལ་བརྟེན་ནས་ཡང་དག་པའི་དབྱིངས་དེ་ཉིད། དེ་བཞིན་གཤེགས་པའི་སྙིང་པོ་དང༌། ཆོས་ཀྱི་སྐུ་དང༌། རྟག་བརྟན་གཡུང་དྲུང་དང༌། སངས་རྒྱས་ཀྱི་ཡོན་ཏན་དོན་དམ་པ་ཐམས་ཅད་གདོད་མ་ནས་རང་ཆས་སུ་བཞུགས་པའི་གྲུབ་མཐའ་ཐུན་མོང་མ་ཡིན་པ་ཞིབ་མོ་རྣམས་གསང་གཏམ་དུ་མཛད་པ་ཡིན་ལ། མདོ་དོན་གསལ་བྱེད་ཀྱི་གཞུང་བྱེད་པ་པོ་ནི། རྒྱལ་ཚབ་འཕགས་པ་བྱམས་པ་ཡིན་ཏེ། དེས་མངོན་པར་རྟོགས་པའི་རྒྱན་དུ་ཆོས་སྐད་རགས་པ་དེ་ཉིད་མདོ་ཙམ་དུ་གསུངས། མདོ་སྡེ་རྒྱན་དང༌། དབུས་མཐའ་རྣམ་འབྱེད་དང༌། ཆོས་ཉིད་རྣམ་འབྱེད་


TNT18_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསལ་ཞིང་རྒྱས་པར་བཤད། སྙིང་པོའི་མདོའི་དོན་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ཞིབ་མོ་དེ་རྒྱུད་བླ་མར་གཏན་ལ་ཕབ་བོ། །གཞུང་གི་དགོངས་འགྲེལ་བྱེད་པ་པོ་ནི་ཐོགས་མེད་སྐུ་མཆེད་དེ། ཐོགས་མེད་ཀྱི་རྒྱུད་བླ་མའི་འགྲེལ་པར། ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེ་ཤིན་ཏུ་རྒྱས་ཤིང་གསལ་བ་དང༌། སྤྱིར་གཞན་སྟོང་གི་དབུ་མ་ནི་སྐུ་མཆེད་གཉིས་ཀྱི་བསྟན་བཅོས་མཐའ་དག་ན་གསལ་ཞིང་དབྱིག་གཉེན་གྱི་ཉི་ཁྲིའི་འགྲེལ་པ་གནོད་འཇོམས་དང༌། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ན་ཤིན་ཏུ་གསལ་ཞིང་རྒྱས་པའོ། །གཞན་སྟོང་གི་གྲུབ་མཐའ་སྤྱི་དེ་ནི། ཕྱོགས་གླང་དང་བློ་གྲོས་བསྟན་པ་ལ་སོགས་པའི་སློབ་མ་སློབ་རྒྱུད་མང་ལ་བཟང་བ་རྣམས་ཀྱིས་རྒྱ་ཆེར་བཤད་ཅིང༌། ཐུན་མོང་མ་ཡིན་པ་དེ་ནི་གཞན་གྱི་བློར་ཤོང་བ་དཀའ་ནས་སློབ་མ་མཆོག་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་ཚུལ་གྱིས་དར་བར་མཛད་དོ། །ཕྱིས་གཞན་སྟོང་གི་དབུ་མ་འདི་དང༌། སེམས་ཙམ་གྱི་གྲུབ་མཐའ་འདྲ་འདྲེས་སུ་བྱས་པ་རྒྱ་གར་དུ་མང་དུ་བྱུང་བ་ལ་བརྟེན་བོད་པ་ཕལ་ཆེར་གྱིས་གཅིག་པར་འཁྲུལ་ལོ། །བོད་དུ་ནི་ལོ་པཎ་དུ་མས་གཞུང་རྣམས་བསྒྱུར་ཀྱང༌། གྲུབ་མཐའ་གཙང་མར་འཛིན་པ་ལོ་ཙཱ་བ་གཟུ་དགའ་བའི་རྡོ་རྗེ་དང༌། བཙན་ཁ་བོ་ཆེ་སོགས་བྱམས་ཆོས་སྒོམ་ལུགས་པ་རྣམས་ཡིན་ཞིང༌། ཁྱད་པར་དུ་གཞན་སྟོང་ཟབ་མོ་སེང་གེའི་སྒྲས་ས་སྟེང་ཁྱབ་པར་མཛད་པ་པོ་ནི། ཀུན་མཁྱེན་ཆེན་པོ་དོལ་བུ་ཤེས་རབ་རྒྱལ་མཚན་ཡིན་ནོ། །གཉིས་པ་ནི། དབུས་མཐའ་རྣམ་འབྱེད་ལས། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་


TNT18_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་ཏེ། ཀུན་རྫོབ་བདེན་པ་གཏན་ལ་འབེབས་པའི་དབང་དུ་བྱས་ནས། སྣང་བ་སྣ་ཚོགས་པར་འཆར་བའི་ཤེས་པ་ཡང་དག་མིན་རྟོག་ཙམ་ནི་ཀུན་རྫོབ་ཏུ་ཡོད་ལ། དེ་ལ་སྣང་བའི་གཟུང་ཆ་དང་འཛིན་ཆ་ནི་བློས་བཏགས་པ་ཙམ་ཡིན་པའི་ཕྱིར་ཀུན་རྫོབ་ཏུ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཀུན་རྫོབ་བདེན་པ་ཡང་མཐའ་གཉིས་ལས་གྲོལ་བ་ཡིན་ཏེ། ཀུན་རྟོག་ཀུན་རྫོབ་ཏུ་ཡོད་པ་ཙམ་ཁས་བླངས་པས་མེད་མཐའ་དང་ཆད་མཐའ་ལས་གྲོལ་ལ། གཟུང་ཆ་འཛིན་ཆ་སོགས་ལྟོས་ཆོས་སྒྲོ་བཏགས་ཐམས་ཅད་ལས་འདས་པས། རྟག་མཐའ་དང་ཡོད་མཐའ་ལས་གྲོལ་བ་ཡིན་ནོ། །སྤྲོས་བྲལ་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ནི། རྣམ་ཤེས་ཡང་དག་མིན་རྟོག་དེ་ལ་ཆོས་ཉིད་ཀྱི་ཚུལ་དུ་བདེན་པར་ཡོད་ཅིང༌། དྲི་བཅས་ཀྱི་སྐབས་ན་ཆོས་ཉིད་དེ་ལ་རྣམ་ཤེས་དེ་ཆོས་ཅན་དྲི་མ་གློ་བུར་བ་འབྲལ་རུང༌། སྤང་བྱ་དྲི་མ་བདེན་མེད་ཀྱི་ངོ་བོར་ཡོད་ཅེས་བྱ་སྟེ། དེས་ན་དོན་དམ་བདེན་པ་ཡང་མཐའ་གཉིས་དང་བྲལ་བ་ཞེས་བྱ་སྟེ། སྟོང་ཉིད་བདེན་གྲུབ་དང༌། ཀུན་རྟོག་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བདེན་མེད་ཡིན་པའི་ཕྱིར། ཡོད་མེད་རྟག་ཆད་ཀྱི་མཐའ་ལས་འདས་པ་ཡིན་ནོ། །དེ་ལྟ་བས་ན་ཀུན་རྫོབ་གཟུང་འཛིན་གཉིས་ནི་འཁྲུལ་བའི་སྣང་བ་ཤར་བ་ཙམ་མ་གཏོགས་རང་གི་ངོ་བོས་གྲུབ་རྒྱུ་མེད་པའི་ཕྱིར་རང་གི་ངོ་བོས་སྟོང་ལ། རང་གཞན་གཉིས་ཀྱི་ཟླས་ཕྱེ་བའི་གཞན་གྱི་ངོ་བོར་གྲུབ་པ་ཤེས་བྱ་ལ་མི་སྲིད་པའི་ཕྱིར། རྣམ་པ་ཀུན་ཏུ་སྟོང་པས་མི་སྟོང་པ་མིན་ལ། ཡེ་ཤེས་ཆོས་ཉིད་དེ་ནི་རང་


TNT18_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གི་ངོ་བོས་གདོད་མ་ནས་གྲུབ་ཅིང་ནམ་དུ་ཡང་འགྱུར་བ་མེད་པའི་ཕྱིར་རང་གི་ངོ་བོས་སྟོང་པ་མ་ཡིན་ཞིང་རྟག་ཏུ་ཡོད་པའོ། །འོ་ན་མདོ་རྣམས་སུ་ཆོས་དབྱིངས་དེ་ཡང་སྟོང་པར་གསུངས་པ་མ་ཡིན་ནམ་ཞེ་ན། སྤྱིར་སྟོང་པ་དང་སྟོང་ཉིད་ཡིན་ཀྱང༌། རང་གི་ངོ་བོས་སྟོང་པ་ཡིན་མི་དགོས་ཏེ། ཡེ་ཤེས་རང་ལས་གཞན་གྱི་མཚན་ཉིད་ཅན་སྤྲོས་པའམ་གཟུང་འཛིན་ཐམས་ཅད་ཀྱིས་སྟོང་པས་སྟོང་ཉིད་ཅེས་བྱའོ། །དེ་ལ་ཀུན་བརྟགས། གཞན་དབང༌། ཡོངས་གྲུབ་སྟེ། མཚན་ཉིད་གསུམ་ལས་ཀུན་བཏགས་ནི་ནམ་མཁའ་ལ་སོགས་པ་དངོས་མེད་ཐམས་ཅད་དང༌། རྣམ་རྟོག་ལ་ཤར་བའི་གཟུགས་སོགས་ཡུལ་གྱི་སྣང་ཆ་རྣམས་དང༌། མིང་ལ་དོན་དུ་ཞེན་པ་དང་དོན་ལ་མིང་དུ་འཁྲུལ་བའི་མིང་དོན་གྱི་འབྲེལ་བ་དང༌། ཕྱི་ནང་མཐའ་དབུས་ཆེ་ཆུང་བཟང་ངན་མཆོག་དུས་སོགས་བློས་སྒྲོ་བཏགས་ཀྱིས་གཟུང་བྱ་ཐམས་ཅད་དོ། །གཞན་དབང་ནི་གཟུང་འཛིན་གྱི་དངོས་པོར་སྣང་བའི་རྣམ་པར་ཤེས་པ་ཙམ་སྟེ། མ་རིག་པའི་བག་ཆགས་ཀྱི་གཞན་དབང་དུ་གྱུར་པས་སྣང་བ་ཡིན་པའི་ཕྱིར་རོ། །ཡོངས་གྲུབ་ནི་རང་རིག་རང་གསལ་སྤྲོས་པ་ཐམས་ཅད་དང་བྲལ་བ་དེ་ཡིན་ཏེ། ཆོས་ཉིད་དང་ཆོས་དབྱིངས་དང༌། དེ་བཞིན་ཉིད་དང༌། དོན་དམ་བདེན་པ་རྣམས་མིང་གི་རྣམ་གྲངས་སོ། །དེ་ལ་གཞན་དབང་དང་ཀུན་བརྟགས་གཉིས་བདེན་པར་མེད་མཉམ་དང༌། འཁྲུལ་སྣང་ཡིན་མཉམ་དང༌། ཀུན་རྫོབ་དང་རྫུན་པ་ཡིན་མཉམ་ཡིན་ཀྱང༌། མཚན་ཉིད་སོ་སོར་དབྱེ་དགོས་པ་ནི། ཀུན་བརྟགས་ཀུན་རྫོབ་ཏུ་ཡང་མེད། གཞན་དབང་ཀུན་རྫོབ་ཏུ་ཡོད་པ་ཡིན་ཞིང༌། ཡོངས་གྲུབ་ནི་ཀུན་རྫོབ་ཏུ་མེད་ལ་དོན་དམ་དུ་ཡོད་པས་བདེན་པར་ཡོད་


TNT18_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་བཞིན་དུ་ཀུན་བརྟགས་ནི་བཏགས་པས་ཡོད་པ་དང༌། གཞན་དབང་ནི་རྫས་སུ་ཡོད་པ་དང༌། ཡོངས་གྲུབ་ནི་དེ་གཉིས་སུ་ཡོད་པ་མིན་ཡང་སྤྲོས་མེད་དུ་ཡོད་པའོ། །ཀུན་བརྟགས་ནི་མེད་པའི་སྟོང་ཉིད། གཞན་དབང་ནི་ཡོད་པའི་སྟོང་ཉིད། ཡོངས་གྲུབ་ནི་དོན་དམ་སྟོང་ཉིད་དོ། །རྗེ་བཙུན་གྱིས། མེད་པའི་སྟོང་པ་ཉིད་ཤེས་ཤིང༌། །དེ་བཞིན་ཡོད་པའི་སྟོང་ཉིད་དང༌། །རང་བཞིན་སྟོང་བ་ཉིད་ཤེས་ན། །སྟོང་ཉིད་ཤེས་པ་ཞེས་བརྗོད་དོ། །ཀུན་བརྟགས་ནི་མཚན་ཉིད་ངོ་བོ་ཉིད་མེད་པ། གཞན་དབང་ནི་སྐྱེ་བ་ངོ་བོ་ཉིད་མེད་པ། ཡོངས་གྲུབ་ནི་དོན་དམ་ངོ་བོ་ཉིད་མེད་པའོ། །ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །བརྟེན་ནས་ཆོས་རྣམས་ཐམས་ཅད་ནི། །རང་བཞིན་མེད་པར་བསྟན་པ་ཡིན། །འདིའི་ལུགས་ལ་ཤེས་བྱ་ཐམས་ཅད་ལ་སྟོང་ཉིད་ཀྱིས་ཁྱབ་པ་དང༌། ངོ་བོ་ཉིད་མེད་པས་ཁྱབ་ལ། དེས་ན་:ཆོས་ཐམས་ཅད་སྟོང་ཉིད་དང་ཆོས་ཐམས་ཅད་སྟོང་ཉིད་མེད་པར་ཁས་ལེན་པ་གཞན་སྟོང་ལུགས་ཡིན་གྱི། རང་སྟོང་པར་གྲགས་པའི་ལུགས་ལ་ནང་འགལ་ཡོད་དོ། །དེས་ན་སངས་རྒྱས་ཀྱིས་གསུངས་པའི་རང་སྟོང་རྣམ་དག་ནི་ཀུན་རྫོབ་རང་སྟོང་དུ་གནས་པ་འདི་ཡིན་ཞིང༌། ངོ་བོ་ཉིད་མེད་པ་ཡང་གསུམ་པོ་འདི་ཡིན་པས་རང་སྟོང་མ་ནོར་བར་སྨྲ་བ་དང༌། ངོ་བོ་ཉིད་མེད་སྨྲ་བ་ཡིན་ངེས་ནི་གཞན་སྟོང་སྨྲ་བ་རྣམས་ཡིན་ལ། ལེགས་ལྡན་དང༌། སངས་རྒྱས་བསྐྱངས་སོགས་རང་སྟོང་སྨྲ་བ་དང༌། ངོ་བོ་ཉིད་མེད་སྨྲ་བར་གྲགས་པ་ནི་འཇིག་རྟེན་ཕལ་པ་ལ་གྲགས་པ་གཙོ་བོར་བྱས་པ་ཡིན་ནོ། །ཡོངས་གྲུབ་བདེན་གྲུབ་ཏུ་ཡོད་ན་དེ་ལ་སྐྱེ་འགག་གནས་གསུམ། འགྲོ་འོང་འགྱུར་ལྡོག་ཕྱོགས་དུས་གཅིག་དང་དུ་མ་སོགས་ཡོད་དམ་ཞེ་ན་མ་ཡིན་ཏེ། དེ་


TNT18_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཡོད་ན་བདེན་མེད་ཡིན་པས་ཁྱབ་ཅིང༌། འདི་ནི་སྐྱེ་མེད་འགག་མེད་གནས་མེད། འགྲོ་མེད་འོང་མེད། གཅིག་མིན་དུ་མ་མ་ཡིན། རྒྱུ་མིན་འབྲས་མིན། རང་གི་ངོ་བོས་མཚན་མཚོན་གཞི་གསུམ་སྤངས་པ། ཕྱོགས་དུས་ཐམས་ཅད་དང་བྲལ་བ། རང་གི་ངོ་བོས་ཀུན་རྫོབ་ཀྱི་ཆོས་ཉིད་དང་མ་འབྲེལ་བ་ཡིན་ནོ། །དེ་ལ་དུམ་བུ་ཐ་དད་དབྱེ་རྒྱུ་མེད་པའི་ཕྱིར་ཆ་མེད་ཡིན་ལ། ཆོས་ཉིད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་ཀུན་འགྲོ་དང་ཀུན་ཁྱབ་ཡིན་ནོ། །། །གཉིས་པ་ཐུན་མོང་མ་ཡིན་པའི་དོན་ནི། མདོ་སྡེ་རྒྱན་ལས། དེ་བཞིན་ཉིད་ནི་ཐམས་ཅད་ལ། ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར། །འགྲོ་ཀུན་དེ་ཡི་སྙིང་པོ་ཅན། །ཞེས་དེ་བཞིན་ཉིད་དང༌། དེ་བཞིན་གཤེགས་པ་ངོ་བོ་གཅིག་ཅིང་དེ་ཉིད་དེ་བཞིན་གཤེགས་པའི་སྙིང་པོའོ་ཞེས་པའི་དོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་དང༌། བདེ་གཤེགས་སྙིང་པོ་དང༌། སངས་རྒྱས་ཀྱི་སྙིང་པོ་ཞེས་པ་རྣམས་དོན་གཅིག་ཅིང༌། དེ་ཉིད་སངས་རྒྱས་དང་སེམས་ཅན་སོགས་ཆོས་ཉིད་ལ་མཉམ་པ་ཉིད་དུ་བཞུགས་ཀྱང༌། སེམས་ཅན་རྣམས་ལ་སྙིང་པོའི་ཚུལ་གྱིས་བཞུགས་ཤིང༌། སངས་རྒྱས་རྣམས་ལ་མངོན་སུམ་གྱི་ཚུལ་དུ་བཞུགས་པས། དོན་དམ་པའི་སངས་རྒྱས་ཉིད་སེམས་ཅན་གྱི་སེམས་རྒྱུད་ཀྱི་དབུས་ན་སྙིང་པོར་ཡོད་པ་དང་འདྲ་བ་ཡིན་པས། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཞེས་བྱ་ཞིང༌། བདེ་གཤེགས་སྙིང་པོ་དེ་ཡང་སེམས་ཅན་ལ་ཡོད་པ་དང༌། སེམས་ཅན་གྱི་དེ་ལ་རང་བཞིན་གནས་རིགས་དང་ཁམས་ཞེས་ཀྱང་བྱའོ། །དེས་ན་སངས་རྒྱས་ལ་དེ་བཞིན་ཉིད་སྙིང་པོའི་ཚུལ་དུ་བཞུགས་པ་མ་ཡིན་ཞིང༌། སེམས་ཅན་གྱི་དེ་


TNT18_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་ཚུལ་དུ་བཞུགས་པ་ཡིན་པས་དེ་བཞིན་ཉིད་གཉིས་སུ་འགྱུར་རམ་སྙམ་ན། མི་འགྱུར་ཏེ་སངས་རྒྱས་ནི་དེ་བཞིན་ཉིད་རང་ཡིན་ལ་སངས་རྒྱས་ཞེས་པ་སྐྱེས་བུའི་དོན་ཅན་དུ་འཆད་ཀྱང༌། རང་ཉིད་རང་ལ་མ་སྦས་པར་མངོན་དུ་གྱུར་པ་ཡིན་པས། སྙིང་པོའི་དོན་ཁོང་ན་གནས་པ་དང་སྦས་པ་ལ་བྱས་ན། ཁོང་ན་སྦས་པའི་སྙིང་པོའི་སྒྲ་བཤད་མ་ཚང་ལ། སངས་རྒྱས་ཀྱི་དེ་བཞིན་ཉིད་དེ་ཁོ་ན་སེམས་ཅན་ལ་གནས་ཀྱང་སེམས་ཅན་རང་གི་ངོས་ནས་མ་མཐོང་བས་སེམས་ཅན་ལ་སྦས་པའི་དོན་གྱི་སྙིང་པོ་ཡིན་པས། སྙིང་པོའི་དོན་མི་འགྱུར་བ་ལ་འཆད་པའི་ཚེ་སངས་རྒྱས་ཉིད་ཀྱང་སངས་རྒྱས་ཀྱི་སྙིང་པོ་ཅན་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྙིང་པོ་འདི་ནི་དངོས་པོ་དང་དངོས་མེད་གཉིས་ཅར་ལས་གྲོལ་པས་འདུས་མ་བྱས་དངོས་དོན་དམ་པའི་འདུས་མ་བྱས་སོ། །དེ་ཡང་གསང་བ་ཐུན་མོང་མ་ཡིན་པའི་གནས་ལུགས་ནི། སངས་རྒྱས་ཀྱི་ཆོས་དབྱིངས་དེ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་ཡོད་པ་ལ་རྩོད་པ་མེད་ལ། དེ་ཀ་སེམས་ཅན་གྱི་ཆོས་དབྱིངས་དང་དབྱེ་བ་མེད་པའི་ཕྱིར། སེམས་ཅན་གྱི་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་དེ་ཡང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་གནས་པ་ལ་མི་རིགས་པ་ཅི་ཞིག་ཡོད། དེས་ན་འོད་གསལ་བྱས་མིན་དབྱེར་མེད་པར། །འཇུག་ཅན་གངྒཱའི་ཀླུང་གི་ནི། །རྡུལ་ལས་འདས་པའི་སངས་རྒྱས་ཀྱི། །ཆོས་རྣམས་ཀུན་དང་ལྡན་པ་ཉིད། །ཅེས་རྒྱུད་བླ་མ་ལས་གསུངས་ཏེ།འདུས་མ་བྱས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་དང་ལྡན་པར་གསུངས་པས། དོན་དམ་པའི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཡོད་དོ། །དེས་ན་ཆོས་དབྱིངས་ཡེ་ཤེས་


TNT18_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དོན་དམ་བདེན་པ་ཁོ་ནས་ཁྱབ་ལ། ཡེ་ཤེས་གཞན་བཞི་ལ་གདོད་མ་ནས་གནས་པའི་དོན་དམ་གཙོ་ཆེ་ཡང༌། ལམ་བསྒོམས་པས་གསར་ཐོབ་ཀུན་རྫོབ་ཀྱི་ཆ་ཤས་ཅུང་ཟད་རེ་ཡོད་ཅིང༌། སྟོབས་བཅུ་མི་འཇིགས་པ་བཞི་ལ་སོགས་པ་ཡང་དེ་དང་འདྲ་ཞིང་མཚན་དཔེ་སོགས་སྐུའི་ཡོན་ཏན་དང༌། ཡན་ལག་དྲུག་ཅུ་སོགས་གསུང་གི་ཡོན་ཏན་ལ་ཀུན་རྫོབ་དང་དོན་དམ་ནི་ཆ་མཉམ་ཞིང༌། དེ་བཞིན་དུ་ངོ་བོ་ཉིད་སྐུ་དོན་དམ་ཁོ་ན་དང༌། ཆོས་སྐུ་དོན་དམ་ཤས་ཆེ་བ་དང༌། ལོངས་སྤྲུལ་གཉིས་ལ་དངོས་བཏགས་མ་ཕྱེ་ན་ཆ་མཉམ་ཞིང༌། འཕྲིན་ལས་ཀྱང་གཞན་ངོར་སྣང་བ་ནི་ཀུན་རྫོབ་ཡིན་ལ། ནུས་མཐུའི་ཡེ་ཤེས་ནི་དོན་དམ་ཡིན་པས། སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་དོན་དམ་གྱིས་བསྡུས་པ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ལ་གདོད་མ་ནས་གནས་པ་ཡིན་ལ། གང་ཟག་གཅིག་སངས་རྒྱས་པའི་ཚེ་དེ་གསར་ཐོབ་མ་ཡིན་ཞིང་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་བྲལ་བ་ཙམ་ཡིན་མོད། ཀུན་རྫོབ་ཀྱི་དེ་རྣམས་ནི་གསར་དུ་ཐོབ་པ་ཡིན་ནོ། །འདས་པའི་སངས་རྒྱས་དང་མ་འོངས་པའི་སངས་རྒྱས་རྣམས་ཀྱི་དོན་དམ་པའི་དེ་རྣམས་ངོ་བོ་གཅིག་ཅིང༌། ཀུན་རྫོབ་ཀྱི་དེ་རྣམས་ཀྱང་སངས་རྒྱས་ཐོབ་པ་ཕན་ཆད་ནས་ནི་རང་བཞིན་དབྱེ་བ་མེད་ལ། ཐོབ་མཚམས་ནི་ཐ་དད་པའི་ཕྱིར་གཅིག་དང་ཐ་དད་གང་དུ་ཡང་མི་བརྗོད་དོ། །དེས་ན་ལམ་བསྒོམས་པས་བསྐྱེད་རྒྱུ་འབྲས་བུ་གསར་ཐོབ་རྣམས་ནི་སྐྱེད་འབྲས་ཡིན་པས་བདེན་པར་མེད་ལ། གདོད་ནས་གནས་པའི་སངས་རྒྱས་ནི་ལམ་བསྒོམས་པའི་སངས་རྒྱས་དེའི་སྒྲིབ་གཡོགས་བྲལ་བ་ཙམ་ཡིན་པས་བྲལ་འབྲས་ཞེས་བྱ་ཞིང༌། ལམ་ཡང་དེའི་བྲལ་རྒྱུ་ཞེས་རྒྱུ་འབྲས་བཏགས་པ་


TNT18_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡིན་གྱི་དངོས་མ་ཡིན་ནོ། །བྲལ་འབྲས་འདི་ཡང་མངོན་པ་ནས་བཤད་པའི། བྲལ་བ་བློ་ཡིས་ཟད་པའོ། །ཞེས་པའི་སོ་སོར་བརྟགས་འགོག་མ་ཡིན་གྱི། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས། གདོད་ནས་ཟད་པས་དེ་ཕྱིར་ཟད་ཅེས་བྱ། །ཞེས་གསུངས་པ་ལྟར་དོན་དམ་པའི་བྲལ་འབྲས་དང་འགོག་བདེན་ཡིན་ནོ། །ལམ་གྱི་མཐུས་སྒྲིབ་པ་སྤངས་པ་ཡིན་པས་བློས་ཟད་པ་དང་དོན་གཅིག་པར་འགྱུར་རོ་སྙམ་ན། སྒྲིབ་པ་ནི་ཆོས་དབྱིངས་ངོས་ནས་སྤངས་པ་མ་ཡིན་གྱི། གང་ཟག་གི་ངོས་ནས་སྤངས་པ་ཡིན་པའི་ཕྱིར། སངས་རྒྱ་མཁན་གྱི་གང་ཟག་དེ་ཉིད་ལ་བློས་ཟད་པའི་བྲལ་བ་ཐོབ་བོ་ཞེས་ཐ་སྙད་ཙམ་ཐོབ་ཀྱང༌། ཆོས་དབྱིངས་ལ་གདོད་མ་ནས་དྲི་མས་མ་གོས་པའི་ཕྱིར་བློ་ཡིས་གསར་དུ་ཟད་པ་མ་ཡིན་ནོ། །དེས་ན་ཆོས་ཉིད་ལ་མཉམ་པ་ཉིད་དུ་ཁྱབ་པའི་གཉིས་མེད་ཀྱི་ཡེ་ཤེས་བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་དོན་དམ་ཐམས་ཅད་ཀྱིས་བརྒྱན་པ། སྤྲོས་པ་ཐམས་ཅད་དང་བྲལ་ཡང་ཡེ་ཤེས་ཀྱི་རྣམ་པ་ཀུན་ལྡན་འདི་ཉིད་འགྱུར་མེད་ཡོངས་གྲུབ་ཆེན་པོ་ཡིན་ཞིང༌། འདི་ཁོ་ན་ཕྱིན་ཅི་མ་ལོག་པའི་གནས་ལུགས་དང༌། འཕགས་པའི་ཡེ་ཤེས་མ་འཁྲུལ་བའི་མྱོང་བྱ་ཡིན་པའི་ཕྱིར་བདེན་པར་གྲུབ་ལ་འགྱུར་བ་མེད་པའི་ཕྱིར་རྟག་བརྟན་ཐེར་ཟུག་གོ། བདེ་གཤེགས་སྙིང་པོ་མཚན་དཔེ་སོགས་ཡོན་ཏན་ཅན་དུ་བཞུགས་པ་འདི་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་ལས་རྣམ་གྲངས་དུ་མས་གསུངས་སོ། །ཀུན་རྫོབ་ཅེས་ཀྱང་བྱ་གཟུང་འཛིན་ཞེས་ཀྱང་བྱ། འཁྲུལ་བའི་སྣང་བ་ཞེས་བྱ་བ་མདོར་ན་སྣང་གྲགས་ཀྱི་ཆོས་གང་གིས་ཀྱང་ཡོངས་གྲུབ་དེ་ལ་མ་གོས་ཤིང༌། མ་གོས་པ་དེ་ཡང་


TNT18_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྫོབ་དེ་དངོས་གནས་ལ་ཡོད་ཀྱང་ཆོས་དབྱིངས་ལ་གོས་མ་ཐུབ་པར་སོ་སོར་ཐ་དད་ན་ཡོད་པ་མ་ཡིན་གྱི། ཀུན་རྫོབ་ནི་འཁྲུལ་བའི་སྣང་བ་ཙམ་ཡིན་པས། གནས་ལུགས་ལ་རི་བོང་རྭ་བཞིན་མ་གྲུབ་པའི་ཕྱིར་གོས་རྒྱུ་མེད་ནས་མ་གོས་པ་ཡིན་ནོ། །དེས་ན་ཡོངས་གྲུབ་བདེ་གཤེགས་སྙིང་པོ་དེ་ནི་རང་གི་ངོ་བོས་ནམ་ཡང་མི་སྟོང་ལ། གཞན་ཀུན་རྫོབ་ཀྱིས་གདོད་ནས་སྟོངས་པའི་ཕྱིར། ཡོངས་གྲུབ་དོན་དམ་བདེན་པ་དེ་ནི་གཞན་སྟོང་ཡིན་གྱི་རང་སྟོང་མིན་ནོ། །དེའི་ཕྱིར་ཀུན་རྫོབ་རྣམས་གཞན་གྱི་ངོ་བོས་སྟོང་པའི་སྟེང་དུ་རང་གི་ངོ་བོས་ཀྱང་སྟོང་པ་དང་དོན་དམ་གཞན་གྱི་ངོ་བོ་ཁོ་ནས་སྟོང་བའི་ཕྱིར་ཚུལ་འདི་སྨྲ་བ་ནི་གཞན་སྟོང་དབུ་མའོ། །དེ་ལ་འཁོར་བའི་ཆོས་ལ་ཞེན་པ་ཅི་རིགས་པ་བཟློག་པའི་ཕྱིར། མི་རྟག་པ་དང་སྡུག་བསྔལ་གྱིས་ངེས་འབྱུང་བསྒོམ་པ་དང༌། རང་དོན་ཡིད་བྱེད་སྤོང་ཞིང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྟེན་པར་བྱ། ཀུན་རྫོབ་ལ་ཞེན་པ་རགས་པ་རྣམས་སྤངས་བའི་ཕྱིར་ཀུན་རྫོབ་བདེན་མེད་དུ་གཏན་ལ་ཕབ་ནས་བསྒོམ། ཞེན་པ་ཕྲ་བོ་རྣམས་ཀྱང་སྤོང་བའི་ཕྱིར་ཀུན་རྫོབ་ཀྱི་རྣམ་རྟོག་དབྱིངས་སུ་བསྡུས་ནས་མི་རྟོག་པ་བསྒོམ། དེས་བདེ་གཤེགས་སྙིང་པོ་མི་རྟོག་པ་དང་རིམ་པས་ཞལ་མཇལ་བར་འགྱུར་བས། ལམ་བསྒོམ་ཚད་ཡོངས་གྲུབ་དང་མཇལ་བའི་ཕྱིར་ཡིན་ནོ། །གསུམ་པ་གཞན་གྱིས་བརྟགས་པའི་མཐའ་བསལ་བ་ནི། གཞན་སྟོང་དབུ་མའི་རྒྱན་དུ་ཡང་ཤེས་པར་བྱ་ལ། རྒྱས་པར་གཞན་དུ་འཆད་པར་ཡང་འགྱུར་མོད། སྙིང་པོ་བསྡུས་པ་ནི། གཞན་དག་ལངྐར་གཤེགས་པ་ལས། བདེ་གཤེགས་སྙིང་པོ་མཚན་དཔེ་ཅན་ཡོད་ན་མུ་སྟེགས་པའི་བདག་དང་མཚུངས་པར་འགྱུར་བ་མིན་ནམ་ཞེས་ཞུས་ནས། ལན་དུ་མི་མཚུངས་ཏེ་སྟོང་པ་ཉིད་ཡིན་པའི་ཕྱིར་ཞེས་གསུངས་པས།


TNT18_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་སྙིང་པོ་བདེན་མེད་ཡིན་ཞིང༌། མཚན་དཔེ་སོགས་ཡོད་ན་མུ་སྟེགས་པའི་ལུགས་སུ་འགྱུར་པས། ནམ་མཁའ་ལྟར་ཅིར་ཡང་མ་གྲུབ་པ་ཞིག་ལ་བདེ་གཤེགས་སྙིང་པོ་ཞེས་བྱའོ། །ཞེས་ཟེར་བ་ནི་སྟོང་ཉིད་ཡིན་ཚད་བདེན་མེད་ཀྱི་དོན་དང༌། རྣམ་མེད་ཅིར་ཡང་མ་གྲུབ་པ་ཙམ་ལ་ངོས་འཛིན་པ་རང་གི་གྲུབ་མཐའ་ངན་པ་ལ་ཞེན་པའི་བློ་སྐྱོན་ཡིན་ཞིང༌། མདོ་ལས་ཀྱང༌། མུ་སྟེགས་དང་མི་མཚུངས་པའི་རྒྱུ་མཚན་སྟོང་ཉིད་ཡིན་པར་བཀོད་ཀྱི་མཚན་དཔེ་མེད་པ་མ་བཀོད་པའི་ཕྱིར། མཚན་དཔེ་གསལ་རྫོགས་ཀྱི་བདེ་གཤེགས་སྙིང་པོ་དྲང་དོན་དུ་བཤད་ཟེར་བ་ཡང་རྫུན་གྱི་འཇིག་རྟེན་བསླུ་བ་ཙམ་དུ་ཟད་དོ། །ཡང་སྙིང་པོ་རྟག་པར་འདོད་པ་མུ་སྟེགས་ཀྱི་ལུགས་སོ་ཟེར་བ་ཡང་སྙིང་པོའི་མདོ་རྣམས་ལ་དགག་པ་བྱེད་པར་ཟད་ལ། རྟག་པའི་དོན་རྒྱུན་གྱི་རྟག་པ་ལ་འདོད་པ་ཡང་མི་འཐད་དེ། རྒྱུན་གྱི་རྟག་པ་ཙམ་ནི་འཁོར་བ་དང་གཟུང་འཛིན་ཀུན་ཀྱང་ཡིན་པའི་ཕྱིར་དང༌། རྒྱུན་གྱི་རྟག་པ་ཙམ་གྱིས་རྟག་པའི་གོ་ཆོད་ན་འདུས་བྱས་ཐམས་ཅད་ཀྱང་རྟག་པར་འགྱུར་རོ། །དང་པོ་དྲི་བཅས་ཡིན་པ་ཕྱིས་དྲི་མེད་དུ་འགྱུར་བས་མི་རྟག་པ་ཡིན་ནོ་སྙམ་ན། ཆོས་དབྱིངས་ཀྱི་ངོས་ནས་དང་པོ་དྲི་བཅས་མ་ཡིན་ལ། ཕྱིས་དྲི་མེད་དུ་སོང་བ་ཡང་མ་ཡིན་མོད། དྲི་བཅས་དང་དྲི་མེད་དུ་འགྲོ་ཚུལ་ནི་གང་ཟག་གི་རྒྱུད་ལ་བལྟོས་ནས་ཡིན་པའི་ཕྱིར། སེམས་ཅན་གནས་སྐབས་འགྱུར་བས་ཆོས་ཉིད་གནས་སྐབས་འགྱུར་བར་མི་འགྲོའོ། །སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡོད་པ་ནི་མི་འཐད་དོ་སྙམ་ན། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་དངོས་སུ་གསུངས་པ་དང་འགལ་ལོ། །སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཡོན་


TNT18_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡོད་པ་མི་འཐད་དེ། དཔེར་མཚོན་ན། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་སེམས་ཅན་གྱི་རྒྱུད་ལ་ཡོད་ན། གནས་དང་གནས་མ་ཡིན་པ་ཐམས་ཅད་སེམས་ཅན་གྱི་ཤེས་པར་ཐལ་ལོ་ཞེས་ཟེར་པ་ཡང་ཡང་དག་པ་མ་ཡིན་ཏེ། སེམས་ཅན་གྱི་རྒྱུད་ཡིན་ཚད་སངས་རྒྱས་ཡིན་ནོ་ཞེས་ཁོ་བོ་ཅག་ནི་མི་འདོད་པའི་ཕྱིར་དང༌། སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་དང་དེའི་ཡོན་ཏན་བཞུགས་པས་དེར་ཐལ་ན། གདན་ཁྲི་ལ་སངས་རྒྱས་བཞུགས་པ་ན། གདན་ཁྲིས་ཀྱང་ཤེས་བྱ་ཐམས་ཅད་ཤེས་པར་ཐལ་བར་འགྱུར་རམ། དེས་ན་སེམས་ཅན་གྱི་རྒྱུད་རྣམ་པར་ཤེས་པའི་ཚོགས་བརྒྱད་སངས་རྒྱས་ག་ལ་ཡིན་ཞིང༌། དེ་ལ་བཞུགས་པའི་སངས་རྒྱས་ཀྱང་ཀུན་རྫོབ་རྟེན་བརྟེན་པའི་ཚུལ་གྱིས་བཞུགས་པ་མ་ཡིན་ལ། དོན་དམ་ཆོས་ཉིད་ཀྱི་ཚུལ་གྱིས་བཞུགས་པ་ཡིན་ནོ། །སྐབས་འདིར་ཉེ་བར་མཁོ་བའི་བརྡ་ཆད་ཅུང་ཟད་བརྗོད་ན། ཆོས་འཁོར་རིམ་པ་གསུམ་ནི། དང་པོ་བདེན་བཞིའི་ཆོས་འཁོར། བར་བ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་རོ། །དང་པོ་ཉན་ཐོས་ལ་གསུངས་པའི་སྡེ་སྣོད་ཐེག་དམན་གྱི་མདོ། བར་བ་ཐེག་ཆེན་གྱི་རྩ་བའི་མདོ་ལྟ་བུ་ཡིན་ཡང་དགོངས་དོན་གབ་པར་ཡོད། ཐ་མ་ནི་དེའི་བཤད་རྒྱུད་ལྟ་བུ་སྟེ་ངེས་དོན་ཤིན་ཏུ་གསལ་བར་བསྟན་ཏོ། །ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་ལས། ཀུན་བརྟགས་ལ་གཟུང་བའི་ཀུན་བརྟགས་དང་འཛིན་པའི་ཀུན་བརྟགས་གཉིས། གཞན་དབང་ལ་མ་དག་པའི་གཞན་དབང་དང་དག་པའི་གཞན་དབང་གཉིས། ཡོངས་གྲུབ་ལ་འགྱུར་མེད་ཡོངས་གྲུབ་དང་ཕྱིན་ཅི་མ་


TNT18_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པའི་ཡོངས་གྲུབ་གཉིས་ཡོད་པ་ལས། ཀུན་བརྟགས་དངོས་གཟུང་བ་དང༌། ཡོངས་གྲུབ་དངོས་འགྱུར་མེད་ཡིན་ལ། འགྱུར་མེད་དང་ངོ་བོ་གཅིག་པའི་ཕྱིན་ཅི་མ་ལོག་པ་ཅིག་ཡོད་པ་དེ་མིན་ཕྱིན་ཅི་མ་ལོག་པ་དག་པ་གཞན་དབང་དུ་བསྡུ། འཛིན་པ་ཀུན་བརྟགས་དང་གཞན་དབང་ངོ་བོ་གཅིག་གོ །རིགས་པས་རྣམ་པར་དཔྱད་པའི་ཚེ་གཞན་དབང་དངོས་ནི་ཀུན་བརྟགས་སུ་འདུ་ཞིང༌། དེའི་ཆོས་ཉིད་ཀྱི་གནས་ཚུལ་ནི་ཡོངས་གྲུབ་ཡིན་པས། ཀུན་བརྟགས་དང་ཡོངས་གྲུབ་གཉིས་སུ་ཆོས་ཐམས་ཅད་འདུས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གྱི་དབྱེ་བའམ། ཀུན་རྫོབ་རྣམ་ཤེས་དང་འབྲེལ་བ་དང༌། དོན་དམ་ཡེ་ཤེས་ཀྱི་ཕྱོགས་གཉིས་གཉིས་བཞག་ནས། གཟུགས་སྒྲ་དྲི་རོ་སོགས་ཀུན་རྫོབ་རྣམ་ཤེས་ཀྱི་ཕྱོགས་ཡིན་པའི་ཕྱིར་བདེན་མེད་དང༌། ཆོས་ཉིད་ཀྱི་གཟུགས་སྒྲ་སོགས་ཡེ་ཤེས་ཀྱི་ཕྱོགས་ཡིན་པས་བདེན་གྲུབ་དང༌། ཀུན་རྫོབ་ཀྱི་ཕྱོགས་ཐ་དད་དང༌། དོན་དམ་གྱི་ཆོས་རྣམས་འགལ་འདུས་སྐྱོན་མེད་དོ། །ཞེས་པ་འདི་ཡང་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་ནས། ཏཱ་ར་ནཱ་ཐས་སྨྲས་པ་སྟེ། ཆོས་ལུང་བྱང་རྩེའི་དབེན་གནས་སུའོ།། །།བཀྲ་ཤིས། གཅིག་ཞུས།།


previousགཞན་སྟོང་སྙིང་པོ།next