Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
ཟབ་དོན་ཉེར་གཅིག་པ།
   
   
   
   
   
   
   
   
   


 
previousཟབ་དོན་ཉེར་གཅིག་པ།next

ཟབ་དོན་ཉེར་གཅིག་པ།


TNT18_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་དོན་ཉེར་གཅིག་པ་བཞུགས་སོ།


TNT18_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ཟབ་མོ་གཟིགས་པ་རྣམས་ལ་ནི། །བཞེད་དགོངས་འགལ་བ་མི་སྲིད་སྙམ། །འོན་ཀྱང་གདུལ་བྱ་ཐ་དད་དང༌། །དགོས་པའི་དབང་གཟིགས་ཐ་དད་བསྙད། །འདིར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་རྟོན་པ་བཞི་ལྡན་དང༌། པཎྜི་ཏ་ཆེན་པོ་རྒྱལ་བ་ཤཱཀྱ་མཆོག་ལྡན་གཉིས། གཞན་སྟོང་དབུ་མའི་ལྟ་སྒོམ་གྱི་གནད་གཅིག་ཀྱང༌། གནས་སྐབས་ལྟ་བ་དེ་གཏན་ལ་འབེབས་པའི་སྐབས། གྲུབ་མཐའ་མི་འདྲ་བ་ཐན་ཐུན་མང་དག་ཡོད་པ་རྣམས་འདིར་ངོས་བཟུང་བར་བྱ་སྟེ། དེ་ལ་ཤཱཀྱའི་མཚན་ཅན་ནི། ཐལ་རང་གི་ལྟ་བ་འདི་ཀུན་འཁོར་ལོ་བར་པ་དང༌། རིག་ཚོགས་ཀྱི་དགོངས་དོན་འཐད་ལྡན་ཡིན་ཞིང༌། བར་པའི་དངོས་བསྟན་སྒྲ་ཇི་བཞིན་པ་ཡང་ཡིན། རིག་ཚོགས་དང་འཁོར་ལོ་ཐ་མའི་དངོས་བསྟན་མི་མཐུན་པར་བཞེད་ལ། ཀུན་མཁྱེན་ཇོ་ནང་པ་ཆེན་པོ་ནི། ཐལ་རང་གི་ལྟ་བ་འདི་འཁོར་ལོ་བར་པ་དང་རིག་ཚོགས་ཀྱི་དགོངས་པར་རློམ་པ་ཡིན་ཀྱང༌། དགོངས་པ་རྨ་མེད་པ་མ་ཡིན་ལ། རིག་ཚོགས་དངོས་བསྟན་གྱི་ཚིག་ཕལ་ཆེར་ལ་འབྱོར་བ་ལྟར་སྣང་ཡང༌། མི་འབྱོར་པ་ཡང་མང་དུ་ཡོད་ལ། འཁོར་ལོ་བར་པའི་གཞུང་ཚིག་མང་


TNT18_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པོས་གཞན་སྟོང་གསལ་བར་སྟོན་པས་འཁོར་ལོ་བར་པ་དང་རིག་ཚོགས་ཀྱི་དངོས་བསྟན་སྒྲ་ཇི་བཞིན་པ་མ་ཡིན་ནོ། །དེ་ལ་འཁོར་ལོ་བར་པ་དང་རིག་ཚོགས་ཀྱི་ཚིག་ཕལ་ཆེར་གྱི་དངོས་བསྟན་ནི། ཐལ་རང་དང་གཞན་སྟོང་གཉིས་ཀ་ལ་མི་འགལ་ཡང༌། རང་སྟོང་པར་གྲགས་པའི་ཐུན་མོང་མ་ཡིན་པའི་གྲུབ་མཐའི་ཁུངས་ལ་འདྲེན་པ་རྣམས་ནི། དེ་རྣམས་ཉིད་ལ་འཁྲུལ་གཞི་བྱུང་བ་ཡིན་གྱི། གྲུབ་མཐའ་དེ་དང་དེ་མི་སྟོན་ཞིང་དེ་ལས་གཞན་དེའི་ལུགས་དང་འགལ་ཞིང༌། གཞན་སྟོང་ཁོ་ན་སྟོན་པ་ཐུན་མོང་མ་ཡིན་པའི་ཚིག་ཀྱང་དུ་མ་ཡོད་པས། བར་པ་དང་རིག་ཚོགས་ཀྱིས་ཀྱང་གཞན་སྟོང་དབུ་མ་ཉིད་སྟོན་ཏོ། །འོན་ཀྱང་དེ་དག་ནས། འཁོར་ལོ་ཐ་མ་དགོངས་འགྲེལ་དང་བཅས་པ་ཙམ་དུ་གཞན་སྟོང་ཐུན་མོང་མ་ཡིན་པ་རྣམས་གསལ་ཞིང་རྒྱས་པར་འབྱུང་བ་ཡིན་ལ། ཐལ་རང་གི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་དེང་སང་རང་སྟོང་གི་ལྟ་བར་གྲགས་པ་དེ་མི་སྟོན་ཀྱང༌། རྒྱལ་བ་སྲས་བཅས་ཀྱི་དགོངས་པའི་རང་སྟོང་དེ་རྒྱས་པར་བསྟན་ཏོ་ཞེས་གསུང་ངོ༌། །ཁྱད་པར་དང་པོའོ། །ཡང་སྔ་མས་ནི། མངོན་རྟོགས་རྒྱན་གྱིས། རང་སྟོང་གཞན་སྟོང་གི་


TNT18_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཐའ་གཉིས་ཀ་སྟོན་པ་ནི་ལྟ་བས་སྤྲོས་པ་གཅོད་པ་ལ་ཐལ་རང་གཞུང་ཕྱི་གསུམ་གྱི་རང་སྟོང་དང༌། སྒོམ་པས་ཉམས་ལེན་གཞན་སྟོང་དགོས་པ་ལ་དགོངས་ལ། བྱམས་ཆོས་ལྷག་མ་བཞིས་གཞན་སྟོང་ཁོ་ན་སྟོན་མོད། དེ་ལའང་རིགས་གཉིས་ཏེ། རྒྱུད་བླ་མར་མཐར་ཐུག་ཐེག་གཅིག་བཤད། རིགས་ཆད་བཀག་གཞུང་གཞན་གསུམ་དུ་མཐར་ཐུག་ཐེག་གསུམ་དང་རིགས་ཆད་བཤད་གསུང༌། ཕྱི་མས་ནི། བྱམས་ཆོས་སྡེ་ལྔ་ལ་གྲུབ་མཐའ་སོ་སོ་བ་ཡེ་མེད། རང་སྟོང་པར་གྲགས་པའི་གྲུབ་མཐའ་མངོན་རྒྱན་ནས་ཀྱང་མ་བཤད། མདོ་རྒྱན་སོགས་ནས་ཀྱང་གཏན་ནས་རིགས་ཆད་པ་དང་མཐར་ཐུག་ཐེག་གསུམ་མ་བཤད། ཞེས་གསུང་ངོ༌། །གཉིས་པའོ། །ཡང་སྔ་མས། ལྟ་བས་སྤྲོས་པ་གཅོད་པ་ལ་རང་སྟོང་ཟབ། སྒོམ་པས་ཉམས་སུ་ལེན་པ་ལ་གཞན་སྟོང་ཟབ་ཅེས་ཏེ། དེའི་རང་སྟོང་ཡང་ཐལ་རང་གཞུང་ཕྱི་གསུམ་གྱི་ལུགས་ལ་ངོས་འཛིན། ཕྱི་མས་ནི། རྒྱལ་བ་སྲས་བཅས་བཞེད་པའི་རང་སྟོང་གི་ལྟ་བ་དེ་སྤྲོས་པ་གཅོད་བྱེད་མཆོག་ཡིན་ཀྱང༌། གཞན་སྟོང་དུ་འདུས་པས་ལྟ་གྲུབ་ལོགས་ལོགས་པ་མིན་ལ། དེང་སང་གྲགས་པའི་རང་སྟོང་ཐལ་རང་གཞུང་ཕྱི་གསུམ་གྱི་ལྟ་བ་དོན་དམ་བདེན་མེད་དུ་འདོད་པ་ནི་ནོར་བ་ཡིན་པས། ལྟ་བས་སྤྲོས་པ་གཅོད་པ་ལ་བཟང་པ་མིན་ཏེ། སྐུར་འདེབས་སུ་འགྱུར་བའི་ཕྱིར་ཡིན་ཞེས་གསུང༌། གསུམ་པའོ། །ཡང་སྔ་མས། གཞན་སྟོང་སེམས་ཙམ་ལས་འདས་པས་དབུ་མ་གོ་ཆོད་པོ་ཡིན་ཀྱང༌། ལྟ་བའི་ངོས་ནས་དེ་བས་ཀྱང་རང་སྟོང་མཐོ། འོན་ཀྱང་སྔ་མ་དེ་ནོར་བར་མི་འགྱུར་ཏེ། སྒོམ་དོན་དང་མཐུན་པས་སོ་གསུང༌། ཡང་ཕྱི་མས་ནི། རང་སྟོང་ཡང་སེམས་ཙམ་ལས་འདས་པས། གྲུབ་མཐའ་བཞིའི་དབུ་མར་བསྡུ་བ་ཙམ་ཡིན་ཀྱང་རྣམ་


TNT18_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཐར་ཐུག་མིན་ལ། ལྟ་བའི་མཐོ་ཤོས་གཞན་སྟོང་ཁོ་ན་ཡིན་ནོ་གསུང༌། བཞི་པའོ། །ཡང་སྔ་མས་དེའི་རྒྱུ་མཚན་དུ། བྱམས་ཆོས་རྗེས་འབྲང་དང་བཅས་པར། གཉིས་མེད་ཀྱི་ཡེ་ཤེས་ལ་དཔྱད་པ་མི་བྱེད་པ་ཡིན་ལ། སྤྱི་ལྡོག་ནས་དེ་ཡང་རིགས་པས་དཔྱད་ན་དཔྱད་མི་བཟོད་པས། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་བཟོད་མི་སྲིད་པས་ལྟ་བ་རང་སྟོང་ཟབ། དཔྱད་མ་བཟོད་ཀྱང་ཡེ་ཤེས་དེ་ཉམས་མྱོང་རྒྱུན་མི་འཆད་པས། སྒོམ་དོན་གཞན་སྟོང་ལྟར་གནས་གསུང༌། ཕྱི་མས་ནི། གཉིས་མེད་ཡེ་ཤེས་རིགས་པས་དཔྱད་བཟོད་ཡིན་པས། དེ་ལ་དཔྱོད་པ་དེ་རང་གི་འཁྲུལ་གསུང༌། ལྔ་པའོ། །ཡང་སྔ་མས་ནི། གཉིས་མེད་ཡེ་ཤེས་དེ་རིག་པ་སྐད་ཅིག་མ་ཡིན། རྟག་པ་མིན། གནས་པའི་གོ་སྐབས་མེད་པ་ཅིག་ཡིན་གསུང༌། ཕྱི་མས་ནི། དེ་སྐད་ཅིག་མ་མ་ཡིན། དུས་གསུམ་ལས་གྲོལ་བས་རྟག་པ་བརྟན་པ་ཡིན་གསུང༌། དྲུག་པའོ། །དེ་བཞིན་དུ་ཤེས་པ་ཡིན་པའི་ཕྱིར་དངོས་པོར་བཞེད་པ་དང༌། དངོས་པོ་དངོས་མེད་གཉིས་ཀ་ལས་གྲོལ་བར་བཞེད་པ་སྟེ། བདུན་པའོ། །དེ་བཞིན་དུ་འདུས་བྱས་སུ་བཞེད་པ་དང༌། འདུས་མ་བྱས་སུ་བཞེད་པ་ཡང་སྟེ། བརྒྱད་པའོ། །ཡང་སྔ་མས་བོད་སྤྱི་དང་མཐུན་རུང་དུ་ཤེས་པ་ཐམས་ཅད་ཀྱི་རང་ལྡོག་གསལ་རིག་ཙམ་འདི་ཀ་གཞན་དབང་གི་དངོས་པོ་ཡིན་ལ། དེ་ཉིད་ལ་ཤར་བའི་གཉིས་སྣང་ཁོ་ནའི་རང་ལྡོག་ནས་ཀུན་བཏགས་ཡིན་ནོ། །གསལ་རིག་དེ་གཉིས་སྣང་དེ་དང་བཅས་པའི་ཆ་ནས་གཞན་དབང་དང༌། གསལ་རིག་དེ་ལ་གཉིས་ཆོས་ཀྱིས་གདོད་ནས་མ་གོས་པའི་ཆ་ནས་ཡོངས་གྲུབ་ཡིན་པས། གཞན་དབང་ཡོངས་གྲུབ་ལྡོག་ཆ་ནས་ཐ་དད་ཅིང༌། མཚན་ཉིད་ཀྱི་ཆ་ནས་


TNT18_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་དད་ཀྱང་གཞན་དབང་གི་དངོས་པོ་དེ་ཉིད་དང༌། ཡོངས་གྲུབ་ངོ་བོ་གཅིག་པར་བཞེད་དོ། །ཕྱི་མས་ནི། བློ་རྣམ་རྟོག་སྣ་ཚོགས་པས་བརྟགས་པའི་བརྟགས་ཆ་དང༌། ཕྱི་དོན་དུ་སྣང་བའི་སྣང་ཆ་སྟེ། གཟུང་བའི་རང་ལྡོག་ཀུན་བཏགས་དང༌། སེམས་སེམས་བྱུང་ཤེས་པའི་རང་ལྡོག་ཀུན་རྫོབ་པའི་ཤེས་པའམ་རྣམ་ཤེས་ཀྱིས་བསྡུས་པའི་ཤེས་པ་གཞན་དབང་དང༌། སྤྲོས་པ་དང་བྲལ་པའི་རང་བཞིན་གསལ་རིག་ཡོངས་གྲུབ་སྟེ། དེས་ན་ཀུན་བཏགས་ནི་གཞན་དབང་ལས་རྫས་ཐ་དད་དུ་མེད་ཀྱང༌། མཚན་ཉིད་ཀྱི་སྒོ་ནས་ནི་ཤིན་ཏུ་ཐ་དད་དོ། །ཡོངས་གྲུབ་དང་གཞན་དབང་ནི། ལྡོག་ཆ་དང་མཚན་ཉིད་ཐ་དད་པར་མ་ཟད། ངོ་བོ་གཅིག་པ་ཡང་མ་ཡིན་ནོ། །སྔ་མས་རྣམ་གཞག་ནི་སེམས་ཙམ་དང་མཐུན་ཤས་ཆེ་ལ། དབུ་མའི་ལུགས་ནི་འདི་ཁོ་ནའོ་ཞེས་དགོངས་སོ། །དགུ་པའོ། །རྒྱུ་མཚན་དེའི་ཕྱིར་སྔ་མས་ནི་ཀུན་བཏགས་ལ་བདེན་མེད་ཀྱིས་ཁྱབ། ཡོངས་གྲུབ་ལ་བདེན་ཡོད་ཀྱིས་ཁྱབ། གཞན་དབང་ལ་ཆ་གཉིས་མཛད། ཕྱི་མས་ནི། ཀུན་བཏགས་གཞན་དབང་གཉིས་ཀ་ལ་མཐའ་གཅིག་ཏུ་བདེན་མེད་ཀྱིས་ཁྱབ་པར་མཛད་དོ། །བཅུ་པའོ། །དེ་བཞིན་དུ། སྔ་མས་རང་རིག་ཐམས་ཅད་རང་རིག་གི་རང་ལྡོག་ནས་དོན་དམ་ཁོ་ན་ཡིན་གསུངས་ལ། ཕྱི་མས་ནི། ཀུན་རྫོབ་རྣམ་ཤེས་ཀྱི་རང་རིག་རྣམས་ཀུན་རྫོབ་ཁོ་ན་ཡིན་པས། རང་རིག་ལ་ཡང་ཀུན་རྫོབ་དོན་དམ་གཉིས་ཡོད་པར་བཞེད་དོ། །བཅུ་གཅིག་པའོ། །སྔ་མས་ཡོངས་གྲུབ་སྟོང་པ་ཉིད་ཡིན། ཀུན་བཏགས་སྟོང་པ་ཙམ་ཡིན་ཀྱང་སྟོང་ཉིད་མིན། སྟོང་ཉིད་ལ་དོན་དམ་གྱིས་ཁྱབ་པར་བཞེད། ཕྱི་མས་ཆོས་དང་ཆོས་ཉིད་ཐམས་ཅད་ལ་སྟོང་ཉིད་ཙམ་དུ་བརྗཽད་དགོས། སྟོང་ཉིད་ལ་དོན་དམ་གྱིས་མ་ཁྱབ་


TNT18_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མིང་གི་རྣམ་གྲངས་ལ་ཁྱབ་མཐའ་མི་བརྩི། གཙོ་བོའི་དོན་དུ་སྦྱོར་གསུང༌། བཅུ་གཉིས་པའོ། །དེ་བཞིན་དུ་སྔ་མས་ཚད་མའི་གཞུང་དང་མངོན་པ་སོགས་སྤྱི་སྐད་དང་ཕལ་ཆེར་མཐུན་པར། གཞི་གྲུབ་པ་ལ་དངོས་པོ་དངོས་མེད་གང་རུང་གིས་ཁྱབ། ཤེས་པ་ལ་དངོས་པོས་ཁྱབ། དོན་དམ་དངོས་པོ་མིན། འདུས་མ་བྱས་ནི་དངོས་མེད་ནམ་མཁའ་སོགས་ཡིན། དེ་བཞིན་ཉིད་ལ་ལས་ཉོན་གྱིས་འདུས་མ་བྱས་དང་གསལ་རིག་ཙམ་གསར་དུ་འདུས་མ་བྱས་སོགས་འདུས་མ་བྱས་པའི་ཆ་རེ་ཡོད་པས། རྣམ་གྲངས་ཀྱི་སྒོ་ནས་འདུས་མ་བྱས་སུ་བརྟགས་པ་ཡིན་གྱི། འདུ་བྱེད་དང་མཚན་ཉིད་འགལ་བའི་འདུས་མ་བྱས་མ་ཡིན་ཏེ། དེས་ན་འདུས་མ་བྱས་བཏགས་པ་བ་ཡིན་གསུང༌། ཕྱི་མས་ནི། ཚད་མངོན་སོགས་སུ་བཤད་པ་དེ། ཀུན་རྫོབ་གཙོ་བོར་གཏན་ལ་འབེབས་པའི་ལུགས་ཡིན། དོན་དམ་གཙོ་བོར་གཏན་ལ་འབེབས་པའི་ངེས་དོན་གྱི་སྐབས་འདིར། ཀུན་རྫོབ་ལ་དངོས་པོ་དང་དངོས་མེད་ཀྱིས་ཁྱབ་ཅིང༌། དངོས་པོ་དངོས་མེད་ལའང་ཀུན་རྫོབ་ཀྱིས་ཁྱབ། དོན་དམ་དངོས་པོ་ཡང་མིན། དངོས་མེད་ཀྱང་མིན་པས་གཞི་གྲུབ་ལ་དེས་མ་ཁྱབ། ཡེ་ཤེས་དངོས་པོ་མ་ཡིན་ལ་ཤེས་པ་ཡིན་པས་ཤེས་པ་ལ་དངོས་པོས་མ་ཁྱབ། དངོས་མེད་དོན་དམ་དུ་འདོད་པ་ཆེས་མི་རིགས་ལ། དོན་དམ་དངོས་པོར་འདོད་པ་དངོས་སྨྲ་བའི་ལུགས་སོ། །མངོན་པ་བ་རྣམས་འདུས་མ་བྱས་སུ་འདོད་པའི་ནམ་མཁའ་སོགས། དངོས་མེད་ཐམས་ཅད་ཀྱང་སྐབས་འདིར་འདུས་བྱས་ཡིན་པས། དངོས་པོ་དངོས་མེད་ལ་འདུས་བྱས་ཀྱིས་ཁྱབ། དོན་དམ་འདུས་མ་བྱས་དངོས་ཡིན། ནམ་མཁའ་སོགས་འདུས་མ་བྱས་བཏགས་པ་བ་ཡིན་གསུང༌། བཅུ་གསུམ་པའོ། །ཡང་


TNT18_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མས་སྟོང་གཞི་གཞན་དབང་གི་རང་ངོ་དེ་དགག་བྱ་ཀུན་བཏགས་ཀྱིས་སྟོང་པ་སྟེ། དེ་ཉིད་ཀུན་རྫོབ་ཀྱིས་སྟོང་པའི་དོན་དམ་དུ་མཛད་དོ། །ཕྱི་མས་ནི། སྟོང་གཞི་ཡོངས་གྲུབ། དགག་བྱ་གཞན་དབང་ཀུན་བཏགས་གཉིས་ཀྱིས་སྟོང་པ་དོན་དམ་ཀུན་རྫོབ་ཀྱིས་སྟོང་པའི་དོན་ཡིན་ལ། གཞན་དབང་ཀུན་བཏགས་ཀྱིས་སྟོང་པ་ནི། ཀུན་རྫོབ་བདེན་པ་ཁོ་ན་གཏན་ལ་འབེབས་པའི་སྐབས་ཁོ་ན་ཡིན་པར་བཞེད་དོ། །བཅུ་བཞི་པའོ། །ཡང་སྔ་མས་དག་པ་གཞན་དབང་ཞེས་བོད་སྤྱི་ལ་གྲགས་ཀྱང༌། དོན་ལ་གཞན་དབང་མིན་ཞིང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་ལ། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱང་ཡོངས་གྲུབ་མཚན་ཉིད་པ་ཡིན་ཞིང༌། དག་པ་གཞན་དབང་གི་ཐ་སྙད་ལའང་ཁུངས་གསལ་མེད་པས། དེའི་བརྡ་ཆད་བྱེད་པ་མི་ལེགས་པར་དགོངས་སོ། །ཕྱི་མས་ནི། དག་པ་གཞན་དབང་ཞེས་པའི་ཐ་སྙད་གཞུང་ལས་གསལ་པོ་མ་བྱུང་ཡང༌། དོན་ཚང་བས་ཐ་སྙད་བྱར་རུང་སྟེ། སངས་རྒྱས་ཀྱི་བསྟན་པ་དོན་ལ་རྟོན་པ་ཡིན་པ་དང༌། བོད་སྔ་མ་ཐམས་ཅད་ཐ་སྙད་དེ་ལྟ་བུ་མཐུན་པར་བྱེད་པས། བྱམས་པ་ནས་བརྒྱུད་པའི་མན་ངག་མ་ནོར་བ་ཡིན་དུ་རུང་བས་སོ། །དེའི་ནང་ཚན་འཕགས་པ་སློབ་པའི་ཡེ་ཤེས་འགའ་ཞིག་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་ཀྱང༌། ས་ཐོབ་པ་རྣམས་ལ་ས་གཞི་གསེར་དུ་སྣང་བ་སོགས་འགའ་ཞིག་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པའང་ཡོད་པས། དེའི་ཐ་སྙད་ཀྱི་རྣམ་གཞག་ལེགས་པར་དགོངས་སོ། །བཅོ་ལྔ་པའོ། །ཡང་སྔ་མས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལ། ཡོངས་གྲུབ་མཚན་ཉིད་པས་ཁྱབ་པར་བཞེད། ཕྱི་མས་ནི། དེ་ནི་རྣམ་གྲངས་ཀྱི་ཡོངས་གྲུབ་ཏུ་བསྟན་པ་ཙམ་སྟེ། གསུང་རབ་


TNT18_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་བཅུ་གཉིས་ཀྱང་ཡོངས་གྲུབ་ཏུ་གསུངས་པ་དང་འདྲའོ། །དེས་ན་འགྱུར་མེད་ཡོངས་གྲུབ་ཀྱི་ཟླས་དྲངས་པའི་ཕྱིན་ཅི་མ་ལོག་པ་དེ་ནི་གཞན་དབང་དག་པ་བ་ཡིན་ཞིང་ཡོངས་གྲུབ་བཏགས་པ་བ་ཡིན། འགྱུར་མེད་ཉིད་དང་གཅིག་པའི་ཡོངས་གྲུབ་ཕྱིན་ཅི་མ་ལོག་པ་དེ་ལ། དོན་དམ་པའི་ཕྱིན་ཅི་མ་ལོག་པའི་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ་འགྱུར་མེད་ཁོ་ནའོ། །དེས་ན་གནས་ཚུལ་གཏན་ལ་འབེབས་པའི་སྐབས་སུ་ཡོངས་གྲུབ་དེ་ཉིད་ཁོ་ན་ཉིད་ཡིན་ལ། རྣམ་གྲངས་རྒྱས་པར་བཤད་པའི་སྐབས་སུ་གཉིས་ཀྱི་རྣམ་གཞག་བྱེད་དོ་གསུང༌། བཅུ་དྲུག་པའོ། །ཡང་སྔ་མས་ལམ་བདེན་ཡང་དོན་དམ་བདེན་པར་མཛད་ལ། ཕྱི་མས་ནི། བདེན་པ་བཞིར་ཕྱེ་བའི་འགོག་བདེན་དོན་དམ་དང༌། བདེན་པ་གཞན་གསུམ་ཀུན་རྫོབ་ཏུ་བཞེད། ཞིབ་མོར་ན། འགོག་བདེན་མཚན་ཉིད་པ་གདོད་མའི་འགོག་བདེན་ལ་དོན་དམ་ཁོ་ན་དང༌། གཞན་བདེན་པ་གསུམ་དང་སོ་སོར་བརྟགས་འགོག་ལ་ཀུན་རྫོབ་ཀྱིས་ཁྱབ་པར་དོན་ལ་གནས་པས། ལམ་བདེན་མཚན་ཉིད་པ་ལ་ཀུན་རྫོབ་ཀྱིས་ཁྱབ། འགོག་བདེན་མཚན་ཉིད་པ་ལ་དོན་དམ་གྱིས་ཁྱབ། དོན་དམ་པའི་ལམ་བདེན་ནི་གདོད་མ་དང་གཅིག་པའི་ཕྱིར། འགོག་བདེན་ཉིད་ཡིན་པས། ལམ་བདེན་བཏགས་པ་བ་ཡིན་གསུང༌། བཅུ་བདུན་པའོ། །ཡང་སྔ་མས་སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་མེད་སེམས་ཅན་གྱི་སེམས་རང་བཞིན་འོད་གསལ་དེ། བདེ་གཤེགས་སྙིང་པོའི་རྒྱུ་དང་ཁམས་ཙམ་ཡིན་པས། རྒྱུ་བདེ་གཤེགས་སྙིང་པོའམ་ཁམས་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་ཀྱང་དེ་ནི་དེ་འདྲ་མཚན་ཉིད་པ་མིན། སངས་རྒྱས་ཀྱི་ཡེ་ཤེས་ཉིད་བདེ་གཤེགས་སྙིང་པོའོ། །ཞེས་གསུངས། ཕྱི་མས་ནི། སེམས་


TNT18_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་རྒྱུད་ཀྱི་དེ་ཀ་བདེ་གཤེགས་སྙིང་པོ་མཚན་ཉིད་པ་ཡིན་ཏེ། སངས་རྒྱས་ཀྱི་དེ་མཚན་ཉིད་པ་ཡིན་ན། དེ་གཉིས་ཀ་སེམས་ཅན་ཀྱི་ཆོས་ཉིད་ཡིན་པས། སེམས་ཅན་བདེ་གཤེགས་སྙིང་པོ་ཅན་དུ་གྲུབ་ལ། ཁྱད་པར་ལུང་མཐའ་ཡས་པས་གྲུབ་བོ། །ཁམས་དང་རྒྱུར་བཤད་པ་ཡང༌། སྐྱེད་རྒྱུ་དང་སྐྱེད་ཁམས་མིན་པར་དབྱིངས་དང་བྲལ་རྒྱུ་ལ་དགོངས་པའོ་གསུང༌། བཅོ་བརྒྱད་པའོ། །ཡང་སྔ་མས་ནི། སྙིང་པོ་ལ་ཡོན་ཏན་ངོ་བོ་དབྱེར་མེད་རང་བཞིན་ཉིད་ལྡན་དུ་གསུངས་པ་འབྲས་བུ་ཁོ་ནའི་སྐབས་ཡིན་ལ། རྒྱུའི་སྐབས་སུ་ཡོན་ཏན་འབྱུང་རུང་གི་ནུས་པ་ས་བོན་ཙམ་ཡོད་པར་བཞེད། ཕྱི་མས་ནི་ཡོན་ཏན་ངོ་བོ་དབྱེར་མེད་ཉིད། རང་བཞིན་ཉིད་ལྡན་དེ་གཞི་བདེ་གཤེགས་སྙིང་པོ་ལ་ཡང་ཡོད་དེ། གསར་དུ་བྱུང་བས་རང་བཞིན་གྱིས་ལྡན་པར་མི་འགྲོ་བའི་ཕྱིར་དང༌། གཞི་ལམ་འབྲས་གསུམ་ཀུན་རྫོབ་ཆོས་ཅན་གྱིས་ཕྱེ་བ་མ་གཏོགས། རང་བཞིན་བདེ་གཤེགས་སྙིང་པོ་གཅིག་ཁོ་ན་ཡིན་པའི་ཕྱིར། བདེ་གཤེགས་སྙིང་པོ་ཡིན་ཕྱིན་ཆད་དོན་དམ་པའི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་ཡིན་དགོས་པར་བཞེད་དོ། །བཅུ་དགུ་པའོ། །ཡང་སྔ་མས། ཆོས་སྐུའི་ཡོན་ཏན་ལ་མཚན་དཔེ་སོགས་མི་བཞེད། ཕྱི་མས་ནི། སངས་རྒྱས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ལ། ཆོས་སྐུའི་ཡོན་ཏན་དོན་དམ་པ་སངས་རྒྱས་རང་སྣང་རེ་དང༌། གཟུགས་སྐུའི་ཡོན་ཏན་ཀུན་རྫོབ་པ་གདུལ་བྱ་གཞན་སྣང་གི་ཆ་རེ་ཐམས་ཅད་དུ་ཡོད་པ་ཡིན་ལ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་དང༌། རྒྱུད་བླ་མའི་དངོས་བསྟན་ནི། སྤྱིར་སྐུ་གཉིས་ཀའི་ཡོན་ཏན་ཚང་དགོས་པ་ལ་གཙོ་ཆེ་ཆུང་གི་དབང་ལས། གྲགས་པ་སྤྱི་དང་མཐུན་པ་དཔེར་བརྗོད་ཙམ་དུ་མཛད་ལ། མདོ་གཞན་རྣམས་དང་རྒྱུད་སྡེ་སོགས་ལས་གསུངས་པ་


TNT18_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ན། གཉིས་ཀ་ལ་ཐམས་ཅད་ཀྱི་ཆ་རེ་ཡོད་པ་ཡིན་ནོ་གསུང༌། ཉི་ཤུ་པའོ། །ད་ནི་སྔགས་ཀྱི་སྐབས་སུ་གཞན་སྟོང་ལ་མི་འདྲ་བ་ནི་འདི་ཡིན་ཏེ། སྔ་མས་ནི། སེམས་རང་བཞིན་འོད་གསལ་ལ་འབྲས་བུའི་ས་བོན་ཙམ་རང་ཆས་སུ་ཡོད་པ་དེ་ལམ་བསྒོམས་པས་གོང་འཕེལ་ཐོབ། མཐར་འབྲས་བུ་མངོན་གྱུར་དུ་འབྱུར་བར་བཞེད། ཕྱི་མས་ནི། གདོད་མ་ནས་ཡེ་ཤེས་དོན་དམ་པའི་དཀྱིལ་འཁོར་དུ་ལྷུན་གྲུབ་ཏུ་རྫོགས་པ་དེ་ལམ་བསྒོམས་པས་དྲི་མ་བསལ་ཏེ་མངོན་དུ་གྱུར་པ་ཡིན་པར་བཞེད་དོ། །ཉི་ཤུ་རྩ་གཅིག་པའོ། །དེ་ལྟར་བཞེད་པ་ཐ་དད་པ་དེ་དག་བསྐྱར་བ་ལ། སྔ་མ་ཞེས་པ་གླེང་བསླང་བའི་ཚུལ་དུ་བཀོད། ཕྱི་མ་ཞེས་པ་རྣམས་གཞུང་འཛུགས་པའི་ཚུལ་དུ་འགྲོ་བར་སྦྱོར་འདོད་ནས། བཞེད་པ་དང་པོའི་སྐབས་སུ་དེ་ལྟར་བཀོད་པའི་གོ་རིམ་ལྟར་འོག་མ་རྣམས་ལའང་སྦྱར་བ་ཡིན་གྱི། གྲུབ་མཐའ་མཛད་པ་པོ་དུས་སྔ་ཕྱིར་བྱོན་པའི་གོ་རིམ་ནི་མ་ཡིན་ནོ། །དེ་ལ་གནས་སྐབས་ཀྱི་བཞེད་པ་མི་འདྲ་བ་དེ་སྙེད་འབྱུང་བའི་རྒྱུ་མཚན་ཡང༌། རྩ་བ་གཅིག་ལས་ཕལ་ཆེར་བྱུང་བ་ཡིན་ཏེ། གཅིག་པུ་དེ་གང་ཞེ་ན། པཎ་ཆེན་ཤཱཀྱའི་མཚན་ཅན་ནི། གཉིས་མེད་ཀྱི་ཡེ་ཤེས་དེ་གཅིག་པུ་མ་ཡིན་པ་དུ་མའི་ཚུལ་ཅན། སྐད་ཅིག་གིས་མི་གནས་པ་མི་རྟག་པར་བཞེད་པ་དང༌། ཀུན་མཁྱེན་ཇོ་ནང་པ་ནི། དེ་དངོས་གནས་ལ་གཅིག་མིན་དུ་མ་ཡང་མིན་པར་ངེས་མོད། གནས་སྐབས་སུ་གཅིག་པུའི་རྣམ་གཞག་འཐད་ལྡན་དུ་མཛད་ཅིང༌། དེ་རྟག་པ། ཆ་མེད་ཀུན་ཁྱབ། སྤྲོས་བྲལ་བརྗོད་བྲལ་ཡིན་པར་བཞེད་པའི་དབང་ལས་ཏེ། མདོར་ན་མི་རྟག་པ་དང་རྟག་པར་བཞེད་པའི་ཁྱད་པར་རོ། །དབྱིངས་དེ་སྒྲ་རྟོག་ལས་འདས་པར་བཞེད་པ་དང༌། མི་རྟོག་ཡེ་ཤེས་མ་འཁྲུལ་བའི་ཡུལ་དུ་བཞེད་པར་མཚུས་


TNT18_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པས། མཐར་གཏུགས་པའི་གནད་ལ་མི་འདྲ་བ་མེད་དོ། །དེས་ན་དཔལ་ཇོ་ནང་པ་ཆེན་པོས་དེ་ལྟར་མཁྱེན་ནས། ཆ་མེད་ཡིན་པའི་ཕྱིར་དང༌། ཀུན་ཁྱབ་ཡིན་པའི་ཕྱིར། སྣོད་བཅུད་སོ་སོ་དང་གཞི་ལམ་འབྲས་གསུམ་སངས་རྒྱས་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་གཅིག་ཁོ་ན་ཡིན་པ་དང༌། དེའི་རྒྱུ་མཚན་གྱིས་བདེ་གཤེགས་སྙིང་པོ་ཡོན་ཏན་ཐམས་ཅད་དང་ལྡན་པ་དང༌། རྒྱུ་མཚན་དེས་ན། རྟེན་འབྲེལ་དང་གཅིག་དུ་བྲལ་སོགས་ཀྱི་རིགས་པས་མི་གནོད་པས་དཔྱད་བཟོད་ཡིན་པ་དང༌། དེ་ལྟར་ཡིན་པས། དེ་ལ་དཔྱད་པས་འཇིག་པར་འདོད་པའི་ཐལ་རང་གི་གྲུབ་མཐའ་ཐུན་མོང་མ་ཡིན་པ་དེ་ནོར་བ་ཡིན་པས། ཐལ་རང་ལྟ་བ་མ་དག་པ་དང༌། དེའི་ཕྱིར་འཁོར་ལོ་བར་པའི་དགོངས་པར་མི་འགྱུར་བ་སོགས་རིག་པས་དཔྱད་པས་ཤེས་ཏེ། མདོ་རྒྱན་ནས་ཐེག་གཅིག་བསྟན། ཕུགས་ཀྱི་རིགས་ཆད་བཀག་པར་བཞེད་པ་འདི་ནི། སྔར་བཤད་པའི་ཁྱད་པར་གཅིག་པོ་དེ། རང་ལ་བསྟེན་པ་མིན་གྱི་གཞན་རྣམས་སྔ་མའི་གནད་ཀྱིས་སོ། །དེ་ལྟ་བུའི་ངེས་དོན་མཐར་ཐུག་གི་གྲུབ་མཐའ་འདི་བཟུང་པས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བའི་མཛོད་བཟུང་བར་འགྱུར་ཞིང༌། ཀུན་མཁྱེན་ཇོ་ནང་པ་ཆེན་པོས་དོན་དམ་སེང་གེའི་སྒྲ་འདི་བསྒྲགས་པ་ན། དུས་དེ་སྐབས་ཀྱི་སྐལ་ལྡན་གདོང་ལྔ་པའི་བརྟུལ་ཞུགས་འཛིན་པ་ཐམས་ཅད་ཆེས་སྤྲོ་བ་ཐོབ་མོད་ཀྱང༌། ཕྱིས་སྐལ་དམན་ཝ་སྐྱེས་ཐམས་ཅད། ཟབ་མོ་ཅི་ཡི་ཕྱིར་ན་རྟོག་གེའི་ཡུལ་མ་ཡིན། ཅིའི་ཕྱིར་ཟབ་མོའི་དོན་རིག་པ་དག་ཐར་འགྱུར་ཞེས། །ཞེས་གསུངས་པ་ལྟར་སྐྲག་སྟེ། ཕྱིས་བྱུང་བ་ས་དགེ་བཀའ་གསུམ། ཞ་ལུ་བོ་དོང་གཉིས། །རྙིང་མ་པ་འགའ་རེ་དང་བཅས་པ། གྲུབ་


TNT18_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་འདི་ཐོས་པས་སྙིང་གས་ཤིང༌། ཀླད་པ་འགེམས་པ་ཙམ་དུ་གྱུར་པས། ལོག་རྟོག་གིས་མྱོས་ཏེ་རྨོངས་པ་ལས་སྐུར་འདེབས་དང་རིགས་པ་ལྟར་སྣང་གི་ཉེས་བཤད་བརླབ་རྡོལ་དུ་སྨྲས་པས་ཅ་ཅོར་གྱུར་ཏོ། །འོན་ཀྱང་ཟབ་མོའི་དོན་ལ་སྐལ་བ་བཟང་པོ་ཅན་འགའ་ཞིག་ནི། མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ན་ཆོས་འདིས་སྐྲག་མི་འགྱུར། ཞེས་པའི་ཚུལ་གྱིས་ཡིད་ཆེས་རྣམ་པ་གསུམ་ཐོབ་པ་དུས་མཐའ་འདིར་ཡང་འབྱུང་བར་སྣང་ངོ༌། །དེ་ཡང་འདིར་ཡང་དག་པའི་རྟག་པ་ནི་མི་རྟག་པ་ལོག་ཙམ་གྱི་རྟག་པ་དངོས་མེད་རྟག་པ་དེ་ནི་མིན་ཞིང༌། རྒྱུན་གྱི་རྟག་པ་འདུས་བྱས་རྟག་པ་དེ་ཡང་མིན། མུ་སྟེགས་འདོད་པའི་རྟག་དངོས་ཤེས་བྱ་ལ་མི་སྲིད་པ་དེ་ཡང་མིན། དགག་པའི་རྟག་པ་བདེན་སྤྱི་ཙམ་དེ་ཡང་མིན། སྒྲུབ་པ་རང་དབང་ཅན་གྱི་རྟག་པ་དེ་འདྲར་འདོད་པའང་མིན། འདི་ནི་སྤྲོས་བྲལ་ཏེ། དངོས་པོ་སྒྲུབ་པ་མི་རྟག་པ་དང༌། དངོས་མེད་དགག་པ་རྟག་པ་གཉིས་ཀ་ལས་གྲོལ་བའི་དབྱིངས་འགྱུར་མེད་དེ་ཡིན། རྟག་པའི་མཚན་མ་ལས་གྲོལ་ཞིང༌། རྟག་པའི་སྤྲོས་པ་ལས་གྲོལ་ཡང་འགྱུར་མེད་ཡིན་པའི་ཕྱིར་རྟག་པ་ཁོ་ན་ཡིན་ནོ། །འོ་ན་དེ་མི་རྟག་པའི་མཚན་མ་དང་སྤྲོས་པ་ལས་གྲོལ་བས་མི་རྟག་པར་ཡང་ཅིའི་ཕྱིར་མི་འགྱུར་སྙམ་ན། རང་བཞིན་དེ་ལ་འགྱུར་བ་བརྟན་པའི་ཆ་ཡོད་ན་དེ་ལྟར་བདེན་ཡང་དེ་འདྲ་མེད་པས་མི་རྟག་པར་འཇོག་པའི་རྣམ་གཞག་མི་བྱེད་དེ། དེས་རྟག་མི་རྟག་གི་སྤྲོས་པ་དང་བྲལ། སྤྲོས་པའི་རྟག་པ་ཡང་མིན། སྤྲོས་པའི་མི་རྟག་པ་ཡང་མིན་མོད། སྤྲོས་བྲལ་གྱི་མི་རྟག་པ་མི་སྲིད་པས་དེ་འདྲ་མིན་ལ། སྤྲོས་བྲལ་གྱི་རྟག་པའོ་ཞེས་བྱ་བ་ནི། སྙིང་པོའི་མདོ་ཟབ་མོ་རྣམས་ཀྱི་དགོངས་དོན་རྒྱལ་བ་ཐམས་ཅད་ཀྱི་


TNT18_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ལས་ཆེས་གསང་པའོ། །བློ་གྲོས་བཟང་ཞིང་བསོད་ནམས་དང༌། །བྱིན་རླབས་སྟོབས་མཆོག་འཛོམས་གྱུར་ན། །འདི་ལ་ཡིད་ཆེས་ཐོབ་པར་འགྱུར། །ཤེས་རབ་ཆེར་རློམ་ཙམ་གྱིས་མིན། །ཟབ་དོན་ཁྱད་པར་ཉེར་གཅིག་པ་ཞེས་བྱ་བ་ཏཱ་ར་ནཱ་ཐས་བློ་དམན་ལ་མཁོ་བའི་དོན་དུ་སྨྲས་པའོ། །གཅིག་ཞུས། མངྒ་ལཾ།། །།


previousཟབ་དོན་ཉེར་གཅིག་པ།next