Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མཁའ་འགྲོ་ནཻ་གུའི་དབང་བཀའ་ཆེ་ཆུང་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཅུ་དང་ལྔར་དབྱེ་བའི་ཁྱད་པར།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མཁའ་འགྲོ་ནཻ་གུའི་དབང་བཀའ་ཆེ་ཆུང་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཅུ་དང་ལྔར་དབྱེ་བའི་ཁྱད་པར།next

ཡེ་ཤེས་མཁའ་འགྲོ་ནཻ་གུའི་དབང་བཀའ་ཆེ་ཆུང་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཅུ་དང་ལྔར་དབྱེ་བའི་ཁྱད་པར།


TNT20_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཁའ་འགྲོ་ནཻ་གུའི་དབང་བཀའ་ཆེ་ཆུང་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཅུ་དང་ལྔར་དབྱེ་བའི་ཁྱད་པར་བཞུགས།


TNT20_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། ཡེ་ཤེས་མཁའ་འགྲོ་ནཻ་གུ་མ་ནས་བརྒྱུད་པའི་དབང་བཀའ་ཆེ་ཆུང་རྣམས་ལ་ཉེ་བར་མཁོ་བའི་སྔོན་འགྲོ་རྣམ་པ་བཅུ་དང༌། ལྔའི་དབྱེ་བ་བཤད་པར་བྱ་སྟེ། དེ་ལ་སྔོན་འགྲོ་བཅུ་ནི་བསམ་པ་འཆོས་པ་དང༌། སྐྱབས་འགྲོ་སེམས་བསྐྱེད་དང༌། སྤྲོ་བ་བསྐྱེད་ནས། དེ་རྗེས་གསོལ་བ་བཏབ་པ། གནང་པ་སྦྱིན་པ་དང༌། ཉན་པར་གདམས་པ་དང༌། ཡན་ལག་ལྔ་པ་བྱ་ཞིང༌། སྡོམ་པ་བཟུང་བ། གསང་བ་བསྒྲགས་ཏེ་ཡེ་ཤེས་དབབ་པའོ། །འདི་ལ་བསམ་པ་འཆོས་པ་ཡན་ལག་ཏུ་བཏང་ནས། སྐྱབས་འགྲོ་སེམས་བསྐྱེད་སོ་སོར་བགྲང་བས་བཅུར་བྱེད་པའི་སྐབས་ཀྱང་ཡོད་མོད་དོན་གཅིག་གོ །ཡིག་རྙིང་འགའ་ཞིག་ན། སྤྲོ་བ་བསྐྱེད་པ་མེད་པར། གཟེང་བསྟོད་དང༌། གསང་བ་བསྒྲགས་པ་སོ་སོར་བྱེད་པའང་ཡོད་དོ། །འདིར་འགྲོ་མགོན་སངས་རྒྱས་སྟོན་པའི་ཡི་གེ་ལྟར་བྱས་ཏེ། དེ་ལ་དང་པོ་བསམ་པ་འཆོས་པ་ནི།ད་རེས་རང་རེ་རྣམས་ཀྱི་རྙེད་པར་དཀའ་བའི་དལ་འབྱོར་ཀྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་


TNT20_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སུ་སྔགས་ཀྱི་ཐེག་པ་ཟབ་མོ་དང་མཇལ་བའི་སྐབས་འདིར་ཆོས་ལ་འབད་ན་བླ་ན་མེད་པའི་སངས་རྒྱས་ཀྱང་བསྒྲུབ་པར་དཀའ་བ་མིན་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་ད་རེས་ཆོས་ལ་མ་འབད་ན། ཕྱིས་མི་ལུས་ཐོབ་པ་ཙམ་ཡང་རྙེད་དཀའ། མི་ལུས་མ་ཐོབ་ན་ཆོས་བྱེད་པའི་སྐལ་བ་མེད། ཆོས་མ་བྱས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་མི་སྲིད། མི་ལུས་ལན་གཅིག་ཐོབ་པས་ཕན་པ་ཡང་མིན་གྱིས། ངེས་པར་འཆི། མྱུར་དུ་འཆི། ནམ་འཆི་ཆ་མེད་འཆི་བ་ལ་ཅིས་ཀྱང་མི་ཕན། ཤི་ནས་ཁུངས་མེད་དུ་སོང་ན་ཏ་ཁོ་རང་ཤེས་ཏེ། ད་ལྟའི་དགྲ་གཉེན་ལོངས་སྤྱོད་ཚེ་འདིའི་སྣང་བ་ཀུན་དང་བྲལ་ཡང་སེམས་ཁུངས་མེད་དུ་མི་འགྲོ། སྔར་བྱས་ཀྱི་སྡིག་པ་རྣམས་ཚེ་འདིའི་ལོངས་སྤྱོད་བཞིན་ཤུལ་ཏུ་སྤངས་པ་མི་འདོད། ལས་ཀྱི་དབང་གིས་རིགས་དྲུག་གང་རུང་དུ་སྐྱེ་བ་ལས་འོས་མེད། གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་


TNT20_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན༌། སྡུག་བསྔལ་དེ་ཡང་ཟད་མི་ཤེས་ཤིང་ཐར་བར་དཀའ་བ་རྒྱ་མཚོ་དང་མཚུངས་པ་བཞིན་འདུག་པ་ལས། ངེས་པར་ཐར་དགོས་པར་འདུག །རང་གཅིག་པུ་ཐར་བས་མི་ཕན་གྱིས་སེམས་ཅན་ཐམས་ཅད་ཐར་དགོས་པ་འདུག་སྙམ་པའི་འདུན་པ་མཛོད། །ཅེས་བརྗོད། གཉིས་པ་སྐྱབས་འགྲོ་དང་སེམས་བསྐྱེད་གཉིས་ཀྱི་སྐྱབས་འགྲོ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས། ཇི་སྲིད་སྙིང་པོར་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཞི་བ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ། གཉིས་པ་སེམས་བསྐྱེད་ལ་གཉིས་ཀྱི། སྨོན་པ་སེམས་བསྐྱེད་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་སྦྱིན་པའི་རང་བཞིན་དང༌། ཚུལ་ཁྲིམས་ཀྱི་རང་བཞིན་དང༌། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་


TNT20_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱ་བཅོམ་ལྡན་འདས་རྣམས་དང༌། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཇི་ལྟར་ཐུགས་རིན་པོ་ཆེ་སྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བགྱིད་དོ། །སེམས་ཅན་མ་སྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་པ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་དབྱུངས་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་ལན་གསུམ།གཉིས་པ་འཇུག་པ་སེམས་བསྐྱེད་ནི། དགོངས་གསོལ་གོང་བཞིན། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་ནས་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མཐར་གྱིས་བསླབས་པ་དང༌། མཐར་གྱིས་སྦྱངས་པ་དང༌། མཐར་གྱིས་བསྒྲུབས་པར་བགྱིའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་མཐར་གྱིས་བསླབས་པ་དང༌། མཐར་གྱི་སྦྱངས་པ་དང༌། མཐར་གྱིས་བསྒྲུབ་པར་བགྱིའོ། །གསུམ་པ་སྤྲོ་བ་བསྐྱེད་པ་ནི། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང༌། །དཀྱིལ་འཁོར་འདིར་ནི་


TNT20_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

གཞུག་པར་བྱ། །བསོད་ནམས་འདོད་པས་དེ་ལས་གཞན། །གཞན་ནི་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ན། །དཀྱིལ་འཁོར་དམ་པ་གཞུག་བྱ་སྟེ། །ཚེ་འདིའི་འབྲས་བུ་གཉེར་མི་བྱ། །བདག་དོན་ཚེ་འདིར་གཉེར་བྱེད་ན། །གཞན་དོན་སངས་རྒྱས་ག་ལ་བྱུང༌། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །བཞི་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ནི། ཐོག་མར་སློབ་མས་མཎྜལ་ཕུལ་ཏེ། ཚིགས་ལྷུག་པ་རྒྱས་བསྡུས་གང་ཡང་རུང་བ་ཞིག་གིས་མཎྜལ་ཕུལ་བའི་རྗེས་ལ། བཀོད་པ་ཤིན་ཏུ་ལེགས་པའི་མཎྜལ་མཆོག །ཞེས་སོགས་བརྗོད། གསོལ་བ་གདབ་པ་ནི། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ།ལྔ་པ་གནང་བ་སྦྱིན་པ་ནི། བུ་ཚུར་ཐེག་པ་ཆེན་པོ་ཡི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་དང༌། །ད་ལྟར་བྱུང་


TNT20_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྫོགས་སངས་རྒྱས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་དེས། །ཡེ་ཤེས་མཉམ་མེད་ཐོབ་པས་ན། །སྐྱོབ་པ་སངས་རྒྱས་ཧེ་རུ་ཀས། །བདུད་ནི་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་བརྗོད་ལ་དོན་བཤད་དོ། །དྲུག་པ་རྟོག་པ་བསྡུ་བ་ནི། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོའི་སེམས་ཀྱིས་ཉོན། །བརྗེད་ངེས་བློ་ལ་ཧེ་རུ་ཀ་སོགས་དང༌། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས།།ཞེས་བརྗོད་ལ་དོན་བཤད་དོ། །བདུན་པ་ཡན་ལག་ལྔ་པ་བྱ་བ་ནི། བདག་གི་སྡིག་པ་བགྱིས་པ་དང༌། །བགྱིད་རྩལ་རྗེས་སུ་ཡི་རང་གང༌། །སངས་རྒྱས་སྤྱན་སྔར་མཆིས་ནས་སུ། །དེ་དག་བདག་གིས་བཤགས་པར་བགྱི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །སྒོམ་དང་བཟླས་བརྗོད་བསོད་ནམས་ཀྱི། །ཚོགས་ལ་བདག་ནི་ཡི་རང་ངོ། །སེམས་བསྐྱེད་མངོན་པར་སངས་རྒྱས་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་མཆོག །དེ་ལ་བདག་ནི་སྐྱབས་སུ་མཆི། །སངས་རྒྱས་འབྱུང་བ་ཇི་ལྟར་བར། །སྐལ་ལྡན་བྱང་ཆུབ་སེམས་


TNT20_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། །དེ་བཞིན་བདག་ནི་སེམས་བསྐྱེད་དོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ནི་སྟོན་བགྱིད་ཅིང༌། །སེམས་ཅན་སྡུག་བསྔལ་མང་པོ་གཟིར་ལས་སྒྲོལ། །ཞེས་ལན་གསུམ།བརྒྱད་པ་སྡོམ་པ་འབོགས་པ་ནི། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཇི་ཙམ་དུས་ནས་བཟུང་ནས་སུ། །མ་ལུས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ཉིད་ནས་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོ་ལ། །ཡོངས་སུ་གནས་པའི་བར་དག་ཏུ། །བདག་གིས་བྱང་ཆུབ་མཆོག་གི་སེམས། །མ་ལུས་པར་ནི་སྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། ནམ་དུ་ཡང་ནི་མི་སྤང་ངོ། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡིས། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཡང་དུས་དྲུག་ཏུ། །སྤྱིན་པ་རྣམ་བཞི་རྟག་ཏུ་སྤྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་


TNT20_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་བརྗོད།དགུ་པ་གཟེངས་བསྟོད་ཅིང་གསང་བ་བསྒྲགས་པསོགས་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །ཨུ་དམ་ཝ་རིའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེ་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གཉིས་མེད་ཟབ་མོའི་སྤྱོད་ཡུལ་འདིས། །སེམས་ཅན་ཐམས་ཅད་སངས་རྒྱས་བྱེད། །གང་གིས་བསྐལ་པ་བྱེ་བ་རུ། །སྡིག་པའི་ལས་རྣམས་བྱས་པ་ཡང༌། །ཟབ་མོའི་དཀྱིལ་འཁོར་འདི་མཐོང་བས། །དེ་དག་ཐམས་ཅད་བྱང་གྱུར་ནས། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས༌། །གང་གི་བསྐལ་བ་དཔག་མེད་དུ། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཀྱང༌། །འདི་ནི་རྙེད་པ་ཤིན་ཏུ་དཀའ། །དེ་བས་འདི་ལ་དགའ་བར་གྱིས། །ཞེས་བརྗོད། དེ་ནས་གསང་བ་བསྒྲགས་པ་ནི།


TNT20_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་གནས་གསུམ་དུ་དྲི་བཟང་གིས་ཐིག་ལེ་བྱས། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། དེ་རྣམས་ཀྱི་འོད་ཀྱིས་ལུས་གང་བས། ལུས་ངག་ཡིད་གསུམ་གྱི་དྲི་མ་དག་པར་གྱུར། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། སྙིང་གར་རྡོ་རྗེ་བཞག་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟམ། ཧོཿསིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། དེ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོ་བོར་གཞག་ལ། འདི་ནི་དམ་ཚིག་རྡོ་རྗེ་སྟེ། ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས། །སངས་རྒྱས་སྐུ་རུ་ཁྱོད་འགྲུབ་ཅིང༌། །མི་ཕྱེད་ཡེ་ཤེས་ཐོབ་པར་འགྱུར། །རྡོ་རྗེ་སྙིང་གར་བཞག་ལ། རྡོ་རྗེ་འཛིན་པ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲ་ན་ནི། །དེ་མ་ཐག་ཏུ་གྲལ་ཏེ་གཤེགས། །བདུད་རྩི་ལྔ་ཡིས་ཆུ་བླུད་ལ། །འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ནི། །ཡེ་ཤེས་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་བཛྲ་སརྦ་པཉྩ་ཨམྲྀ་ཏ་ཨུ་ཏ་ཀ་ཧཱུཾ། ཡང་རྡོ་རྗེ་སྤྱི་བོར་བཞག་ལ། དེང་ནས་བཟུང་སྟེ་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱི། །ང་ཡི་ཇེ་ལྟར་བཀའ་སྩལ་པ། །གུས་པའི་ཚུལ་གྱིས་ཉན་པར་གྱིས། །གལ་ཏེ་ང་ལ་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་པ་ཡིན། །མི་བདེ་མ་སྤངས་དུས་བྱས་ནས། །དམྱལ་བ་ཆེན་པོར་འགྱུར་ཏ་རེ། །བཅུ་པ་ཡེ་


TNT20_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་དབབ་པར་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །བདག་ལ་བྱིན་གྱིས་རློབས་མཛོད་ལ། །རྡོ་རྗེ་ཡེ་ཤེས་བླ་མེད་ནི། །ད་ལྟ་ཉིད་དུ་དབབ་ཏུ་གསོལ། །ཅེས་པའམ། བདེ་བར་གཤེགས་པ་ཐམས་ཅད་ཀྱི། །བྱིན་གྱིས་བརླབ་པའི་ཡེ་ཤེས་མཆོག །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གཙོ་བོས་བདག་ལ་སྩལ་དུ་གསོལ། །ཞེས་པ་གང་རུང་གིས་ལན་གསུམ་གསོལ་བ་གདབ། སྔོན་འགྲོ་བཅུ་ནི་དེ་རྣམས་ཡིན་ལ། ཡེ་ཤེས་དབབ་པ་ནི། སོ་སོ་ལ་ཅུང་ཟད་མི་འདྲ་སྟེ། སྤོས་དང་རོལ་མོའི་སྒྲ་བྱ་སྟེ། སྒྱུ་ལུས་དབང་མོ་ཆེའི་ཡེ་ཤེས་དབབ་པ་ལ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྒྱུད་སྡེ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་དང་བཅས་པ་རྣམས་དང༌། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་ལྷ་ཚོགས་རྣམས་དང༌། བླ་མ་རྡོ་རྗེ་ཧེ་རུ་ཀ་མཁའ་འགྲོའི་ཚོགས་དང་བཅས་པ་རྣམས་ལས་དེ་དང་འདྲ་བའི་ལྷ་ཚོགས་དཔག་ཏུ་མེད་པ་བྱུང་ཁྱོད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་གང་ལུས་སེམས་བདེ་བས་ཁྱབ་པར་གྱུར། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ལྷ་ཚོགས་ས་གཞི་བར་སྣང་ཐམས་ཅད་ཁྱབ་པ་ཙམ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པར་མོས་པ་མཛོད། ཅེས་བརྗོད་ལ། སྤོས་ཕུལ། རོལ་ཆེན་དབབ། རྒྱུད་སྡེ་ལྔ་དང་རྣལ་


TNT20_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་དང༌། མགོན་པོའི་སྙིང་པོ་དང༌། ན་མོ་བུདྡྷ་ཡའི་སྔགས་རྣམས་ཀྱི་མཐར། ཨཱ་བེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་ལ་ཡེ་ཤེས་འབེབས། ཏིཥྠ་བཛྲ་སོགས་ནི་འདི་རྣམས་ལ་མི་དགོས། འདི་རྣམས་ཀྱིས་གཞན་རྣམས་ལའང་རིགས་འགྲེ། བདེ་མཆོག་ལྷ་ལྔའི་དབང་བཞི་ལུས་བསྒྲེས་སུ་གྲགས་པ་ཏིང་ངེ་འཛིན་གྱི་དབང་དང་འཕོ་བའི་དབང་མོ་ཆེ་དང༌། ཆོས་དུག་སོ་སོའི་སྒོས་བཀའ་དང༌། ཕྱག་ཆེན་བཀའ་ལྔ། མཁའ་སྦྱོད་བཀའ་ལྔ། གཞན་ཡང་རྒྱུད་སྡེ་ལྔའི་ཏིང་ངེ་འཛིན་གྱི་དབང་བཀའ་སོགས་ཕལ་ཆེ་བ་ཞིག་ལ། སྒྱུ་ལུས་དབང་མོ་ཆེ་འདི་ཁ་འདོན་པ་སྤོ་བས་ཆོག་སྟེ། མདུན་བསྐྱེད་གང་བསྐྱེད་བ་དེ་དང་འདྲ་བའི་ལྷ་ཚོགས་སྤྲོས་ནས་སློབ་མའི་སྤྱི་བོར་བསྟིམ་པ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བདུན་བསྐྱེད་ཀྱི་ལྷ་རྣམས་དང་རྣམ་པ་མཐུན་པར་སྤྱན་དྲངས་ཏེ། ལུས་ཀྱི་ཆ་ཐམས་ཅད་ནས་བསྟིམ། མདུན་བསྐྱེད་ལ་ཇི་ལྟར་བསྐྱེད་པའི་ལྷ་དེའི་སྔགས་ལ་ཨ་བེ་ཤ་བཏགས་པས་འབེབས། སྒྱུ་ལུས་དབང་མོ་ཆེའི་དབང་ཆོག་ལས་ཡེ་ཤེས་འབེབས་པའི་སྐབས་མིག་དར་བཅིངས་པར་གསུང་ནའང༌། ལག་ལེན་ལ་མི་མཛད་དོ། །བསྡུས་པ་སྔོན་འགྲོ་ལྔ་པ་ནི། མཎྜལ་ཕུལ་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སོགས་ཀྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། རྒྱུན་བཤགས་བྱ། ཟླ་བ་རྡོར་སེམས་བསྐྱེད་པ་དང༌། མནའ་ཆུ་བླུད་པའི་དམ་བཞག་དང༌། གསོལ་བ་བཏབ་ནས་ཡེ་ཤེས་འབེབས་པ་རྣམས་ཡིན་ཏེ། ཡིག་རྙིང་རྣམས་ལ་དབང་བཀའ་ཐམས་


TNT20_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་སྔོན་འགྲོ་བཅུ་པ་འདི་བྱེད་པར་གསུང་པས། དེ་བཞིན་ལྕོགས་ན་བཟང་བའོ། །དངོས་གཞིའི་ཆོ་ག་ཤིན་ཏུ་བསྡུས་པ་ལ་སྔོན་འགྲོ་རྒྱས་པ་དེ་མི་མཛེས་པས་ཕྱག་ལེན་ལ་བདེ་མཆོག་ལྷ་ལྔའི་དབང་རྒྱས་པ་དང༌། སྒྱུ་ལུས་དབང་མོ་ཆེ་ལ་སྔོན་འགྲོ་བཅུ་པ་འདི་མཛད་ཅིང༌། གཞན་རྣམས་ལ་སྔོན་འགྲོ་ལྔ་པ་འདི་མཛད་ན། དགོས་དོན་འགྲུབ་པས་ཤིན་ཏུ་ལེགས་སོ། ཁོ་བོ་ཅག་གི་བླ་མ་དམ་པ་དོན་ལ་སངས་རྒྱས་དང་གཉིས་སུ་མེད་ཅིང༌། ཚུལ་སྟོན་དུ་ཡང་རྫོགས་རིམ་གྱི་མན་ངག་རྩོམས་པ་ལ་མཁྱེན་པ་རྒྱས་པ་དང༌། བྱེ་བྲག་ཏུ་ཡང་གདམས་པ་འདིའི་སྐོར་ལ་ཐོས་བསམ་སྒོམ་པའི་ཉམས་མྱོང་ཕྱག་ལེན་དེ་རྣམ་པ་ལྔའི་སྒོ་ནས་རང་བྱན་ཆུད་པ་དེ་ཉིད་ཀྱི་ཕྱག་ལེན་བཞིན་དུ་བདག་གིས་འཁུམ་པ་ལགས། གཞན་དེང་སང་ཆོས་འདིའི་སྐོར་ལ་མཁས་པར་གྲགས་ཤིང་མཁས་པར་རློམ་པ་འགའ་ལའང་ལག་ལེན་ཨོཾ་སོ་ལས་མི་གདའོ།། །།སྔོན་འགྲོའི་ཡིག་ཆུང་བསྡུས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ། །སརྦ་མདྒ་ལམ། དགེ་ལེགས་འཕེལ། འདི་བྲིས་དགེ་བས་ལས་སྒྲིབ་དག་གྱུར་ཅིག །བཀྲ་ཤིས་བདེ་ལེགས། །


previousཡེ་ཤེས་མཁའ་འགྲོ་ནཻ་གུའི་དབང་བཀའ་ཆེ་ཆུང་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཅུ་དང་ལྔར་དབྱེ་བའི་ཁྱད་པར།next