Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནཻ་གུས་བརྒྱུད་འདེབས་ཨ་ཡིག་ཆོས་འབྱུང་མ།
   
   
   
   
   
   
   
   
   
   
   
   
   
   


 
previousནཻ་གུས་བརྒྱུད་འདེབས་ཨ་ཡིག་ཆོས་འབྱུང་མ།next

ནཻ་གུས་བརྒྱུད་འདེབས་ཨ་ཡིག་ཆོས་འབྱུང་མ།


TNT20_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

ནཻ་གུས་བརྒྱུད་འདེབས་ཨ་ཡིག་ཆོས་འབྱུང་མ་ཞེས་བྱ་བ་བཞུགས་སོ།


TNT20_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཡིག་ཆོས་ཀྱི་འབྱུང་གནས་ཕོ་བྲང་དུ། །ཨ་དཀར་ཟག་མེད་བདུད་རྩིའི་ཆུ་རྒྱུན་གྱིས། །ཨ་བྷི་ཥྀཉྩས་སེམས་ཀྱི་དྲི་མ་འཁྲུད། །ཨ་ཧཾ་མི་ཕྱེད་བདེ་སྟོང་རྡོ་རྗེ་འཆང༌། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དག་བྱེད་སྟོང་རའི་རྣལ་འབྱོར་བསྒོམས་པའི་མཐུས། །འགལ་རྐྱེན་ནད་གདོན་སྡིག་སྒྲུབ་སྦྱངས་པ་དང༌། །མཐུན་རྐྱེན་རྟགས་གསུམ་ཅི་རིགས་ཤར་ནས་ཀྱང༌། །ཏིང་འཛིན་མྱུར་དུ་སྐྱེ་བར་བྱིན་གྱིས་རློབས། །མི་རྟོག་གཏུམ་མོས་རྣམ་རྟོག་བུད་ཤིང་བསྲེགས། །བདེ་ཆེན་གཏུམ་མོས་སྡུག་བསྔལ་ཚང་ཚིང་འཇོམ། །ཟུང་འཇུག་གཏུམ་མོས་ཡེ་ཤེས་མེ་ལྕེ་འབར། །གཏུམ་མོ་མཐར་བྱིན་མཁའ་འགྲོ་ནཻ་གུ་མ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟས་དང་གོས་དང་སྟན་གྱི་རྣལ་འབྱོར་གྱི། །སྤྱོད་ལམ་ཀུན་ཏུ་གཏུམ་མོ་འབྲལ་མེད་ཅིང༌། །སྲིད་པའི་དབང་ཐོབ་གེགས་ཀུན་རང་སར་གྲོལ། །རླུང་འབྱོང་བདེ་དྲོད་འབར་བར་བྱིན་གྱིས་རློབས། །སྣང་བ་སྒྱུ་མར་རྟོགས་པའི་ཆགས་སྡང་གྲོལ། །


TNT20_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་སྒྱུ་མར་ཤར་བའི་འཁྲུལ་པ་དག །གཉིས་འཛིན་སྒྱུ་མ་ཤར་པའི་འོད་གསལ་ཤར། །སྒྱུ་མའི་དོན་རྟོགས་ཁྱུང་པོ་རྣལ་འབྱོར་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཡང་རབ་བླ་མའི་མོས་གུས་འབྲལ་མེད་ཅིང༌། །འབྲིང་གིས་བརྗོད་བྲལ་བར་མ་ཆད་དུ་སྒོམས། །ཐ་མའི་ཀུན་ཀྱང་སྒྱུ་མར་སྦྱངས་ནས་ནི། །ཞེན་མེད་རང་སར་གྲོལ་བར་བྱིན་གྱིས་རློབས། །རྨི་ལམ་ལྟ་བུར་ཆོས་རྣམས་ཐུགས་སུ་ཆུད། །སྨི་ལམ་ཉིད་ཀྱང་བདེན་མེད་སྒྱུ་མར་གཟིགས། །རྨི་ལམ་སྒྱུ་མའང་འོད་གསལ་གནས་གྱུར་ཏེ། །རྨི་ལམ་མཐར་ཕྱིན་མཉམ་མེད་རྨོག་ཅོག་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདུན་པའི་གནད་ཀྱིས་རྨི་ལམ་བཟུང་ནས་ནི། །སྦྱང་དང་སྤེལ་དང་སྤྲུལ་སྒྱུར་སྣ་ཚོགས་ཀྱིས། །ཡུལ་སྣང་རྣམ་བཞི་གཏན་ལ་ཕབ་ནས་ཀྱང༌། །གསལ་སྟོང་འཛིན་མེད་འཆར་བར་བྱིན་གྱིས་རློབས། །གསལ་སྟོང་ཞེན་མེད་འོད་གསལ་རང་གསལ་གྱིས། །ཟབ་ཞི་སྤྲོས་བྲལ་འོད་གསལ་མཐར་


TNT20_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱང་ནས། །བདེ་ཆེན་མཐར་ཐུག་འོད་གསལ་མངོན་གྱུར་ཏེ། །འོད་གསལ་དག་པ་གཉིས་ལྡན་སྐྱེར་སྒང་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འོད་གསལ་ཟུང་བཞི་ལམ་དུ་ཁྱེར་བ་དང༌། །བསྲེ་འཕོའི་གནད་དང་གེགས་སེལ་བོགས་འདོན་གྱིས། །དམ་ཚིག་མ་ཉམས་འཆར་སྒོ་ངོ་ཟིན་ནས། །འོད་གསལ་ཉམས་མྱོང་འབྱོང་པར་བྱིན་གྱིས་རློབས། །ཆོས་སྐུ་འཕོ་བའི་སྒྱུ་མ་ལམ་དུ་ཁྱེར། །ཟུང་འཇུག་འཕོ་བའི་ཡི་དམ་ལམ་དུ་ཁྱེར། །བྱིན་རླབས་འཕོ་བའི་བླ་མ་ལམ་དུ་ཁྱེར། །འཕོ་བའི་ལམ་ལ་མངའ་བརྙེས་གཉན་སྟོན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལམ་ཁྱེར་གསུམ་གྱིས་འཕོ་བ་མཐར་ཕྱིན་ནས། །འཆུག་མེད་མཁའ་སྤྱོད་གནས་སུ་འཁྲིད་པ་དང༌། །མཐར་ཐུག་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ། །འབད་མེད་ལྷུན་གྱི་འགྲུབ་པར་བྱིན་གྱིས་རློབས། །རྨི་ལམ་བར་དོར་སྤྲུལ་བསྒྱུར་མཐར་ཕྱིན་ནས། །སྐྱེ་ཤི་བར་དོར་འོད་གསལ་རྒྱུན་ཆད་མེད། །སྲིད་པ་བར་དོའི་རང་ཞལ་ལྷུན་གྱིས་གྲུབ། །བར་དོར་རང་དག་སངས་རྒྱས་སྟོན་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཇིགས་པའི་སྒྲ་བཞི་ཡ་ངའི་གཡང་ས་སོགས། །བར་དོའི་འཕྲང་དུ་མཆུག་མེད་ཐབས་ཀྱི་གནད། །ལམ་ཁྱེར་གསུམ་གྱིས་འཇིགས་པ་རང་སར་དག །སྐུ་གསུམ་མངོན་དུ་གྱུར་པར་བྱིན་གྱིས་རློབས། །ཕྱི་རོལ་ཡུལ་རྣམས་སྣང་སྟོང་རྒྱས་བཏབ་ཅིང༌། །


TNT20_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སེམས་ཉིད་གསལ་སྟོང་རྒྱ་ཡིས་བཏབ། །རང་ལུས་ལྷ་སྐུ་བདེ་སྟོང་རྒྱས་བཏབ་ནས། །ཕྱག་རྒྱ་ཆེན་པོའི་དོན་རྟོགས་ཤངས་སྟོན་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྔོན་འགྲོ་རང་བབས་རྣམ་གསུམ་གནད་ལ་དབབ། །དངོས་གཞི་སྐྱོན་བཞི་ལས་གྲོལ་ཉམས་ལེན་གྱིས། །མཐར་ཐུག་སྐུ་བཞི་རང་ཤར་ལྷུན་གྱིས་གྲུབ། །ཕྱག་ཆེན་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །སྣང་བའི་རོལ་པ་བླ་མ་ཡིན་དམ་ལྷ། །གྲག་སྟོང་བརྗོད་བྲལ་ཡན་ལག་དྲུག་ཅུའི་གསུངས། །གསལ་ལ་འཛིན་མེད་བདེ་གསལ་མི་རྟོག་ཐུགས། །ལམ་ཁྱེར་མཐར་ཕྱིན་ཁྱུང་པོ་ཚུལ་ཁྲིམས་མགོན །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྤྱོད་ལམ་ཀུན་ཏུ་སྣང་བ་སྣ་ཚོགས་ཀུན། །བླ་མ་ཡི་དམ་སྒྱུ་མར་ལམ་ཁྱེར་ནས། །སེམས་ཉིད་འོད་གསལ་འཛིན་མེད་གནད་ཀྱི་ནི། །མཚན་རྟོགས་རང་སར་གྲོལ་བར་བྱིན་གྱིས་རློབས། །མཁའ་འགྲོའི་དབང་མོ་བྱེ་བའི་ཞལ་གྱི་གསུང༌། །མཁའ་འགྲོའི་དབང་ཕྱུག་མཆེད་ལས་ལེགས་བརྒྱུད་ནས། །མཁའ་འགྲོའི་གསང་ཚིག་ནཻ་གུ་སུ་ཁའི་ཆོས། །མཁའ་འགྲོས་རྗེས་བཟུང་ཚད་ལྡན་རི་ཁྲོད་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །མཁའ་སྤྱོད་དཀར་དམར་བསྐྱེད་རྫོགས་ཟུང་འཇུག་མ། །མཁའ་སྤྱོད་རིལ་བུའི་སྒྲུབ་པ་མཐར་ཕྱིན་ནས། །མཁའ་སྤྱོད་འཕོ་བའི་རིག་འཛིན་ཉེ་ལམ་གྱིས། །


TNT20_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྦྱོད་ཞིང་དུ་བསྒྲོད་པར་བྱིན་གྱིས་རློབས། །རང་ལུས་ལྷ་སྐུ་སྣང་སྟོང་མཐའ་དང་བྲལ། །སེམས་ཉིད་འཛིན་མེད་འོད་གསལ་ལྷུན་གྱིས་གྲུབ། །འཆིང་བར་བྱེད་པ་རང་སང་དག་པ་སྟེ། །འཆི་མེད་དོན་རྟོགས་མཁྱེན་ལྡན་ཤངས་དཀར་བ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བློས་བྱས་རྩོལ་བའི་དྲི་མ་ཀུན་སྤངས་ཤིང༌། །ཐ་མལ་ཞེན་པའི་འཛིན་པ་རང་དག་ནས། །སྣང་ལ་རང་བཞིན་མེད་པར་ལྷ་ཡི་སྐུ། །རང་སེམས་འཆི་མེད་རྟོགས་པར་བྱིན་གྱིས་རློབས། །བར་དོའི་སྲིད་པ་ལག་མཐིལ་སྤུ་ཇི་བཞིན། །མ་འདྲེས་ཡེ་ཤེས་སྤྱན་གྱིས་ལེགས་གཟིགས་ནས། །སྙིང་རྗེས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱང༌། །ཐར་པའི་ལམ་དུ་འཁྲིད་མཛད་སངས་རྒྱས་དཔལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྣམ་མང་འགྲོ་བའི་སྐྱེ་སྒོ་མཐའ་ཡས་པ། །རྣམ་དག་ཡེ་ཤེས་འཁོར་ལོའི་ལེགས་སྦྱངས་ནས། །རྣམ་པར་མྱོང་བའི་ལམ་སྒྲིབ་ཀུན་བསལ་ཏེ། །འཆུག་མེད་ལོངས་སྐུ་ཐོབ་པར་བྱིན་གྱིས་རློབས། །རོ་རྐྱང་ཉི་ཟླའི་བསྒྲོད་པ་དྷུ་ཏི་རུ། །ཡོངས་སུ་འཇུག་པའི་བཙན་ཐབས་སྦྱཽར་བ་ཡིས། །ལས་རླུང་རྒྱུ་བའི་གྲོང་ཁྱེར་ཀུན་བཅོམ་ནས། །གྲུབ་པའི་དབང་ཕྱུག་ནམ་མཁའ་རྒྱལ་མཚན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཕྱག་རྒྱ་བཅིང་གྲོལ་བུམ་པ་ཤིང་རྟ་ཅན། །ལུས་སེམས་འཆི་མེད་གྲུབ་པའི་འཁྲུལ་འཁོར་གྱིས། །ཆགས་


TNT20_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣལ་འབྱོར་ཕོ་ཉའི་མྱུར་ལམ་ལས། །འཇའ་ལུས་དངོས་སུ་འགྲུབ་པར་བྱིན་གྱིས་རློབས། །ཞི་བའི་དབྱིངས་ལས་ཐུགས་རྗེའི་ཁྲོས་པའི་གར། །མྱུར་མཛད་ཡེ་ཤེས་མགོན་པོའི་སྐུར་བཞེངས་ནས། །བར་ཆད་བདུད་དཔུང་གཡུལ་ལས་ལེགས་རྒྱལ་བའི། །རྒྱ་སྒོམ་བླ་མ་མགོན་པོ་དབྱེར་མེད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ལས་བཞིའི་འཕྲིན་ལས་བསྒྲུབ་པའི་སྲུང་མའི་ཚོགས། །དུས་ལས་མི་འདའ་བྲན་དུ་འཁོལ་ནུས་ཤིང༌། །སྲིད་ཞིའི་ཕན་བདེའི་དཔལ་གྱི་སྐལ་བཟང་རྣམས། །རེ་བ་ཇི་བཞིན་འགྲུབ་པར་བྱིན་གྱིས་རློབས །དུས་གསུམ་རྒྱལ་བའི་ཐུགས་བསྐྱེད་རྨད་བྱུང་དང༌། །རྒྱལ་སྲས་སེམས་དཔའི་རླབས་ཆེན་མཛད་པ་དང༌། །བསྟན་འཛིན་སྐྱེས་བུ་ཀུན་གྱི་ལྟ་སྤྱོད་ལ། །རྗེས་སུ་ཡི་རང་མཐར་ཕྱིན་གྲོལ་མཆོག་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་དང༌། །ཐར་པའི་ལམ་མཆོག་ཡང་དག་དམ་པའི་ཆོས། །ཐར་པའི་ལམ་དུ་ཆེས་པའི་མཆེད་གྲོགས་ལ། །དག་སྣང་ཕྱོགས་མེད་འབྱུང་པར་བྱིན་གྱིས་རློབས། །ཐབས་ལམ་གཏུམ་མོ་ལས་རྒྱ་ཟུང་འབྲེལ་ཞིང༌། །གྲོལ་ལམ་གཏུམ་མོ་སྒྱུ་ལུས་ཟུང་འཇུག་གི །འཕྲིན་ལས་དོན་གཉིས་ཕུན་ཚོགས་ལྷ་དབང་གྲགས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དགྱེས་མཛད་གཏུམ་མོ་བདེ་མཆོག་གཞན་ལུས་དང༌། །


TNT20_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འདུས་སྒྱུ་ལུས་མཱ་ཡ་འོད་གསལ་སོགས། །འཇིགས་མཛད་འཕྲིན་ལས་རྣམ་བཞིའི་དོན་འགྲུབ་པར། །རྣམ་ལྔའི་བརྒྱུད་དོན་རྟོགས་པར་བྱིན་གྱིས་རློབས། །དྲི་མཛད་གཞན་དོན་བསྔོ་བའི་རྒྱས་འདེབས་ཤིང༌། །སྨོན་ལམ་དབང་གིས་སྔགས་ལམ་བཀྲ་ཤིས་ཆོས། །བཀའ་རྒྱ་གྲོལ་བར་སྟོན་མཛད་སྒྲོལ་བའི་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིན་ཆེན་སྒྲོམ་བུ་ལྟ་བུར་དམིགས་པའི་གནད། །ཟབ་དོན་འཕྲུལ་གྱིས་གནད་དོན་ཀུན་ཤེས་ཤེང༌། །རིག་སྔགས་འཁྲོས་པའི་དབང་མོ་དཔག་ཡས་ཀྱི། ཁམས་གྱི་དབང་བསྒྱུར་སྩོལ་བར་བྱིན་གྱིས་རློབས། །གཞིའི་གནས་ལུགས་སྐུ་གསུམ་རང་ཤར་གྱིས། །ལམ་གྱི་འཁྲུལ་པ་གློ་བུར་སྒྲིབ་སྦྱངས་ནས། །འབྲས་བུ་དག་པ་གཉིས་ལྡན་ཀུན་དགའི་མཚན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐབས་མཁས་གཞན་གྱི་དོན་ལ་མ་རྨོངས་ཞིང༌། །གང་དུ་སྤྲུལ་པ་ཕྱོགས་བཅུར་འགྱེད་ནུས་པའི། །བསམ་པའི་དོན་རྣམས་ཡིད་བཞིན་ཀུན་འགྲུབ་པ། །སྨོན་ལམ་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །འཁྲུལ་མེད་ལམ་གྱི་ཡོན་ཏན་ཀུན་རྫོགས་ཤིང༌། །འཁྲུལ་པའི་སྣང་བརྙན་དགེ་ལེགས་དཔལ་གྱུར་པའི། །དགེ་ལེགས་ཀུན་འབྱུང་རྣལ་འབྱོར་བྱམས་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འཁོར་འདས་ཀུན་གྱི་བཀྲ་ཤིས་དགེ་ལེགས་རྣམས། །བཀྲ་ཤིས་དཔལ་ཡོན་བཟང་པོའི་ཕུན་ཚོགས་ཀྱིས། །དཔལ་ལྡན་


TNT20_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ཤངས་པ་བཀའ་བརྒྱུད་ཕྱོགས་ཀུན་ཏུ། །དར་ཞིང་རྒྱས་ལ་ཡུན་གནས་བྱིན་གྱི་རློབས། །མདོ་སྔགས་རྒྱུད་སྡེ་ཀུན་གྱི་གསང་བའི་མཛོད། །མ་ལུས་ཐུགས་སུ་ཆུད་ཅིང་དཔལ་ཤངས་པའི། །བསྟན་པའི་སྲོག་ཤིང་བྱམས་པ་ཡོན་ཏན་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཚེ་གཅིག་སངས་རྒྱས་སྒྲོད་པའི་ཐེགས་པའི་མཆོག །ལམ་དུ་སྒོམས་པས་བར་ཆད་ཀུན་ཞི་ཞིང༌། །མཐར་ཐུག་སྐུ་བཞིའི་ཡེ་ཤེས་མངོན་དུ་གྱུར། །འབད་མེད་མྱུར་དུ་རྟོགས་པར་བྱིན་གྱིས་རློབས། །སྐྱེས་ཀུན་སྨོན་ལམ་བཟང་པོའི་རྒྱུད་སྡེའི་བཅུད། །ངེས་གསང་མཁའ་འགྲོའི་བཀའ་བབས་མན་ངག་ལ། །བློ་གྲོས་ཡངས་པ་ཀུན་དགའ་ལྷུན་གྲུབ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཆོས་བདག་མཁའ་འགྲོའི་བཀའ་རྒྱ་ཉམས་མེད་ཆོས། །བྱིན་རླབས་ཆུ་བོའི་བཀའ་རྒྱུན་མི་ཉམས་ཤིང༌། །གྲུབ་ཐོབ་བརྒྱུད་པའི་ཟམ་པ་མ་ཆད་པར། །ཉམས་དང་རྟོགས་པ་འཆར་བར་བྱིན་གྱིས་རློབས།། །།ཞེས་པ་འདི་ནི་ཏཱ་ར་ནཱ་ཐས་སྨྲས་པའོ། ༈ །འདིའི་ཁ་སྐོང་རྗེ་ཚུལ་ཁྲིམས་ཀྱིས་མཛད་པ་ནི། སྔོན་གོམ་སྨོན་ལམ་བཟང་པོའི་ལེགས་བྱས་ཀྱིས། །ཉེར་གྲངས་མཁའ་འགྲོའི་སྙན་རྒྱུད་བདུད་རྩིའི་བཅུད། ཁྱོད་ཐུགས་རིན་ཆེན་བུམ་བཟང་ཆུད་སོར་ལྡེམས། །ཆོས་དྲུག་མཐར་ཕྱིན་ངག་དབང་བློ་གྲོས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས །སྒྲིབ་གཉིས་བག་ཆགས་འཐུག་པོའི་


TNT20_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ནོན་པའི་དྲི། །ཆོས་དྲུག་ཆབ་ཀྱིས་ལྷག་མེད་འཁྲུད་པ་དང༌། །འགྲོ་བའི་ནད་གསོ་སྦས་པའི་རྣལ་འབྱོར་གྱིས། །རང་གཞན་སྨིན་ཞིང་གྲོལ་བར་བྱིན་གྱིས་རློབས། ཁྱོད་གསུང་ཐུགས་ཀྱི་ཉིང་ཁུ་འཛིན་པ་ལ། །མཁྱེན་རབ་ཐུགས་རྗེས་ནམ་ཡང་མི་དོར་ཞིང༌། །སངས་རྒྱས་ཀུན་ལས་ལྷག་པའི་བརྩེ་བ་ཅན། །རྡོ་རྗེ་འཆང་ཆེན་ངག་དབང་འཇམ་དབྱངས་ལ། །གསོལབ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རྣམ་ཀུན་རྩ་རྒྱུད་བླ་མའི་རྣམ་ཐར་ལ། །མི་ཕྱེད་དད་པའི་རྗེས་འཇུག་སྙིང་ཁོང་ནས། །རྩེ་གཅིག་གུས་པའི་གསོལ་བ་བཏབ་པའི་མཐུས། །ཟབ་ལམ་མཐར་ཕྱིན་མཁའ་སྤྱོད་བསྒྲོད་པར་ཤོག །བཀའ་དྲིན་འཁོར་མེད་རྒྱལ་བ་རྡོ་རྗེ་འཆང༌། །བཅུ་གསུམ་སྙིང་པོའི་དོན་རྩོལ་སྒྲོལ་བའི་མགོན། །སྙིགས་མའི་དུས་འདིར་འདྲེན་མཆོག་ཆོས་ཀྱི་རྗེ། །ཀིརྟི་དྷརྨ་ཝརྟིའི་མཚན་ཅན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། ཁྱེད་ཀྱི་ཟབ་གསུང་ཆོས་དྲུག་བདུད་རྩིའི་རོ། །བདག་བློ་མ་དག་འཛིན་རྟོག་ཀུན་བཀྲུས་ཏེ། །འཁོར་བ་གནས་འགྱུར་ཡེ་ཤེས་མངོན་མཐོང་བའི། །ཧེ་རུ་ཀ་ཉིད་ཐོབ་པར་བྱིན་གྱིས་རློབས།། །།ཞེས་སོ། །བཀྲ་ཤིས། །


previousནཻ་གུས་བརྒྱུད་འདེབས་ཨ་ཡིག་ཆོས་འབྱུང་མ།next