འཕོ་བའི་མན་ངག


TNT20_Page_0727
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། འཕོ་བའི་མན་ངག་ནི། འཕོ་བ་འདེབས་ཡུལ་དེས། སྔར་ཆོས་ཀྱི་གོ་བ་ཡོད་པ་འདེབས་དགོས་པ་དེས་ཀྱང་རིག་པ་དྭངས་ཤིང་དམིགས་པ་གསལ་ཐེབ་པ་འདུག་ན་འདི་ལྟར་བྱ་སྟེ་དེ་བླ་མ་ལ་མོས་ནས་བླ་མ་སྟེང་གི་ནམ་མཁའ་ལ་བཞུགས་པར་མོས་ལ། ཡི་དམ་ལ་མོས་ནས་ཡི་དམ་སྟེང་གི་ནམ་མཁའ་ལ་བཞུགས་པར་བསམ། མོས་གུས་གདུང་བས་གསོལ་འདེབས་སུ་བཅུག ཁོ་རང་གི་རྣམ་ཤེས་མར་མེ་འདྲ་བ་གཅིག་སྤྱི་བོ་སོགས་གང་བདེ་ཞིག་ལས་སྦྱངས་ཏེ་ཐོན་ལ། བླ་མ་ཡི་དམ་ཀྱི་ཐུགས་ཀར་ཐིམ། ཡང་མོས་གུས་བྱེད་དུ་བཅུག །ཐུགས་ཀར་ཐིམ་པའི་མོས་གུས་བྱེད་དུ་བཅུག །དེ་ཀ་སྐྱར་གྱིན་ལན་མང་དུ་གསལ་བཏབ་ནས་དེ་ཁོ་ན་མན་ངག་གི་དམིགས་པ་བྱེད་དུ་བཅུག །རང་རེ་ཡི་དམ་ཀྱི་བསྟོད་དབྱངས་གསོལ་འདེབས་སུ་གྱེར། བསྟོད་པ་གསོལ་འདེབས་ལ་སོ་སོའི་རང་ལུགས་སུ་བྱས་པའི་ཆོག །དེ་དག་གི་བར་དུ་འདི་སྐད་ཅེས་བྱ་སྟེ། རང་གི་སྤྱི་གཙུག་མདའ་གང་ཙམ་གྱི་སྟེང་གི་ནམ་མཁའ་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་བཟུང་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་དཔེ་རྫོགས་ཤིང་པད་ཟླའི་གདན་ལ་བཞུགས་པ་ཞིག་ལེགས་པར་གསལ་ཐོབ་ལ། ཁྱེད་རང་གི་ལུས་འདི་ཉིད་ཁང་སྟོང་ཀ་བ་གཅིག་པ་ལྟ་བུ་ཕྱི་གསལ་ནང་གསལ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་ལྟེ་བ་ནས་སྤྱི་གཙུག་གི་བར་དུ་རྩ་དབུ་མ་དྲང་ཐ་ལེའི་ཡར་ཟུག་ནས་སྤྱི་


TNT20_Page_0728
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ཁ་ཡངས་སུ་སོང་བ་རྒྱ་མཐོང་ཁ་ཧ་རེ་ཕྱེས་ཡོད་པ་ལྟ་བུ། སྙིང་ཁའི་ཐད་ཙམ་གྱི་རྩ་དབུ་མའི་ནང་ན་རྣམ་ཤེས་ཀྱི་ངོ་བོ་མར་མེ་མེ་ལྕེ་ལྟ་བུ་འོད་ལམ་མེ་ཡོད་པ་གཅིག་གསལ་བཏབ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད།༈ རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །དུས་ད་ལྟར་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་དྲུག་གི་སྐྱེ་སྒོ་བཀག་ཏུ་གསོལ། །བར་དོའི་འཁྲུལ་པ་བསལ་དུ་གསོལ། །ཐར་པའི་ལམ་སྣ་འདྲེན་དུ་གསོལ། །བྱིན་རླབས་ཀྱི་ཚན་ཀ་དབབ་ཏུ་གསོལ། །ཆོས་ཉིད་ཀྱི་དོན་དང་སྤྲད་དུ་གསོལ། །དུས་ལ་བབ་བོ་ཐུགས་རྗེ་ཅན། ཁྱེད་ཐུགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ། །བདག་སོགས་ཀྱི་རིག་པ་དྲི་མེད་ཐིམ། །མཉམ་ཉིད་ཀྱི་ངང་ལས་མ་གཡོས་ཀྱང༌། །མོས་གུས་ཀྱི་ས་ལམ་བསྒྲོད་པར་ཤོག །ཅེས་གསོལ་བ་བཏབ་པ་ལ་བརྟེན་ནས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཐུར་དུ་རྒྱུག་ནས་སྙིང་ཁའི་རྣམ་པར་ཤེས་པའི་ངོ་བོ་མར་མེ་མེ་ལྕེ་ལྟ་བུ་འོད་ལམ་མེ་ཡོད་པ་དེ་ཡར་དྲངས་ནས་རྩ་བའི་བླ་མའི་ཐུགས་ཀར་ཐིམ། བླ་མའི་ཐུགས་དང་ཁྱེད་རང་གི་སེམས་དབྱེར་མེད་དུ་འདྲེས་ནས་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མོས་པ་མཛོད། དེའི་ངང་དེར་ཅུང་ཟད་ཅིག་མཉམ་པར་བཞག་གོ །ཕཊ། ཅེས་ལན་གསུམ་བརྗོད་ལ་དབྱིངས་སུ་ཆམ་མེ་བཞག་གོ །འོ་ཆེ་གེ་མོ་དེ་ལྟ་བུའི་དམིགས་པ་ཡང་ཡང་བྱང་དགོས་པས་སླར་ཡང་དམིགས་པ་འདི་བཞིན་མཛོད། ཁྱེད་རང་གི་སྤྱི་གཙུག་མདའ་གང་ཙམ་གྱིས་སྟེང་གི་ནམ་མཁའ་ལ་སོགས་གོང་གི་རིགས་འགྲེ། དེ་ལྟ་བུའི་ཚུལ་


TNT20_Page_0729
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལན་གསུམ་ལན་བདུན་བདུན་ཉེར་གཅིག་སོགས་སྐབས་དང་བསྟུན་པའི་རང་གིས་ཀྱང་ནང་ནུབ་ལ་མ་འཆགས་པར་སྦྱང་བ་དང༌། གཞན་ཚེ་འདས་པ་ལའང་ལས་ལ་སྦྱར་བ་དེ་བཞིན་དུ་བྱའོ། །ཕྱིའི་སྣང་བ་ཅུང་ཟད་བསྡུས་པའི་སྐབས་སུ་སླེབ་ན་སྙན་ལ་སྐད་གསང་མཐོན་པོས་བོས་ཏེ། ཁྱོད་བསོད་ནམས་བསགས་པའི་བླ་མ་ཆེ་གེ་མོ་འདི་ན་གྲོང་གི་བྱོན་གདའ། ད་དུང་མོས་གུས་ཡང་ཡང་སྒོམ་ཤིག །ཅེས་སོགས་སྤྲོ་བ་བསྐྱེད་དུ་བཅུག །དེའི་བར་དུ་རང་གི་ཀྱང་འཕོ་བའི་དམིགས་པ་ཁོ་ན་སྤོ་ལ་རང་གང་མོས་པའི་ཡི་དམམམ་བླ་མའི་ཐུགས་ཀར་འཕོ་བའི་དམིགས་པ་ཡང་ཡང་བསམ་ལ། ཟས་ནོར་གྱི་འདུན་པ་དང་ཁེངས་དྲེགས་སོགས་མི་བྱེད་པར་ངེས་འབྱུང་དུང་ངེ་བ་དང་སྙིང་རྗེའི་སྒོ་ནས་སྦྱངས་པའི་ཕན་ཡོན་ནི་ཤིན་ཏུ་ཆེ་བར་ཡོད། ཡི་དམ་ལ་མོས་ནའང་བསྟོད་པའི། ཡི་དམ་ཐུགས་རྗེ་དབང་ཕྱུག་རྣམས། །དུས་ད་ལྟ་བྱིན་གྱིས་བརླབ་ཏུ་གསོལ། །འགྲོ་དྲུག་གི་སྐྱེ་སྒོ༴ སོགས། མོས་གུས་སོགས་སྔར་བཞིན་སྦྱར་བའི་ཆོག །ལུགས་སོ་སོར་ནས་བླང་བའི་འཕོ་བའི་དམིགས་པ་སྒོམ་མྱོང་བའི་མི་ཡིན་ན། ཁོ་རང་སྔར་བསྒོམ་མྱོང་བ་དེ་བསྒོམ་དུ་བཅུག་པས་ཆོག །གཞན་སྔར་དང་འདྲ། སྔར་ཆོས་ཀྱི་གོ་བ་མེད་པས། དེ་དུས་དམིགས་པ་གསལ་མི་ཐེབས་པ་དང༌། སྔར་གོ་བ་ཡོད་ཀྱང་དེ་དུས་རིག་པ་གསལ་དྭངས་ཉམས་འདུག་ན། དད་པའམ་སྙིང་རྗེའམ་ངེས་འབྱུང་སོགས་གང་རུང་ཞིག་རྣ་བར་བཤད་ནས་མཚམས་སྦྱོར་གྱིས་སེམས་དགེ་བ་ཞིག་ཡོད་པར་བྱ། རང་རེས་རྩ་བརྒྱུད་གྱི་བླ་མ་ཡི་དམ་དབྱེར་མེད་དུ་མོས་ལ། དེའང་རང་ངོ་ལ་ཆེར་རེ་བལྟས་ལ། ཕཊ། ཅེས་དབྱིངས་སུ་ཆམ་ཏེ་སྒྱུར།


TNT20_Page_0730
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཡང་ཡང་འདེབས་པ་ཉིད་གནད་ཀྱི་སྙིང་པོ་ཡིན་ནོ། །སྔགས་ཆུ་སོགས་བྱིན། འཐུང་དུ་བཅུག་ནས། སྐྲ་ཉག་ལན་གསུམ་འཐེན་པར་བྱ། མགྲོན་བུ་ཕོ་ཆེན་བསྲེགས་ཐལ། རྡོ་ཁབ་ལེན། རྒྱ་ཚ་ཚལ། ཅུ་གང་རྣམས་ཀྱི་ཕྱི་མ་སྦྲང་སྙོན་ལ་སྦྱོར་བའང་སྤྱི་གཙུག་གི་མཐིལ་དུ་བྱུགས། སྤྱི་བོའི་སྟེང་གི་ནམ་མཁར་སྒྲ་སྙན་པ་ཅུང་ཟད་ཅིག་ཡོད་པར་བྱ། སྐབས་ཐམས་ཅད་དུ་སྨོན་ལམ་ཡང་ཡང་འདེབས་པ་གནད་དུ་ཆེ། སྔགས་ཆུའི་སྒོམ་བཟླས་བྱེད་ཚུལ་ནི། རང་ཉིད་ལྷ་མོ་ཡེ་ཤེས་དབང་ཕྱུག་མ་དཀར་མོ་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ་ཞི་མ་ཁྲོ་དབུ་སྐྲ་དམར་སེར་དར་དང་རིན་པོ་ཆེ་དང༌། རུས་པས་བརྒྱན་པ་གཅིག་ཏུ་བསྒོམས་ནས། ཨོཾ་ཨཱཿསྭཱཧཱ། སུཾ་ཀྵུ་ཡུཾ་ཧཱུཾ། ཞེས་པ་ལ་སྔོན་དུ་བསྙེན་པ་འབུམ་ཙམ་བཟླས་ལ། དགོས་དུས་སུ་བརྒྱ་རྩ་བཟླ་བའི་སྔགས་ཆུས་འམ་བུམ་ཆུ་ཁོང་དུ་གཏོང་བ་དང༌། བུ་ག་དགུའམ། ལྟེ་བ་དང་སྙིང་ག་སྨིན་མཚམས་ལ་སོགས་པར་ཐིག་ལེ་ཙམ་བྱས་པས་ཀྱང་ངན་སོང་གི་སྒོ་ཁེགས་པར་བཤད་དོ།། །།འཕོ་བ་ཉེར་མཁོ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །འདིར་བཞད་དགེ་བའི་ཟླ་ཟེར་གྱིས། །བསྟན་འགྲོའི་ལེགས་དགེའི་ཀུ་མུད་ཚལ། །ཡོངས་རྒྱས་དགའ་སྟོན་གསར་པའི་དཔལ། །སྲིད་མཐའི་བར་ཏུ་ཉམས་མེད་ཤོག །དགེའོ། བཀྲ་ཤིས་པ་གྱུར་ཅིག །