Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས།next

རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས།


TNT20_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས་ཞིག་བཞུགས།


TNT20_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྗེ་བཙུན་ཐམས་ཅད་མཁྱེན་པ་ཆེན་པོ། ཁམས་གསུམ་ན་ནི་འགྲན་ཟླ་དང་བྲལ་བ། མཐོང་ཐོས་དྲན་རེག་ཏུ་གྱུར་པའི་འགྲོ་བ་རྣམས་ཀྱི་དེད་དཔོན་འདི་ཉིད་ནི། དང་པོ་ལྷུམས་སུ་གཞུག་པ་དང༌། སྐུ་བལྟམས་པའི་ངོ་མཚར་ཆེ་བ་རྣམས་མཐའ་ཡས་ཤིང༌། བརྗོད་ཀྱི་མི་ལང་བར་གདའ་སྟེ། དེ་ལ་བདག་རང་རྒྱུད་ཆེ་ཞིང༌། ཡུལ་མི་དེ་སྐབས་པ་རྣམས་དང༌། ད་ལྟའི་རྒྱལ་རྒྱུད་བྱེད་པ་རྣམས་ཡིད་ཆེས་ཁུངས་བཙུན་པ་ལྟར་ཡོད་ཅིང༌། བཅོས་མ་མ་ཡིན་པ་ངེས་ཤེས་འདྲོངས་པ་རྣམས་ཡི་གེར་བཀོད་པ་ཡིན། ༈ གཡོན་དུ་བརྟན་མ་བཅུ་གཉིས་ཀྱི་ནང་ནས། རྡོ་རྗེ་གཡུ་སྒྲོན་མའི་གནས། ཁ་རག་འབྲང་གི་ཕུ་དང་པོ་རྭ་ལོ་ཙཱ་བ་ཆེན་པོ། དེའི་བརྒྱུད་པ་རིམ་པར་བྱོན་པའི་བསྟི་གནས། ད་ལྟ་ཆོས་འཁོར་སྟེང་དུ་གྲགས་པ་ན། སྔགས་ཀྱི་རྡོ་རྗེ་འཛིན་པ་རྗེ་ཚུལ་ཁྲིམས་རྒྱ་མཚོ་ལ་སྲས་བཞི་བྱུང་བའི་ཁབ་ཏུ། ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་བཞེས་པས་དེ་ནི་དགེ་བ་ལ་དཀར་ཞིང་སྡིག་པ་ལ་འཛེམས་པ། ངན་སློང་ལ་བྱམས་པ་ཞིག་ཡོད་དེ། ཡུམ་


TNT20_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་བཅུ་དགུ་ལ། རྗེ་བཙུན་འདི་ཉིད་ལྷུམས་སུ་ཞུགས་པའི་སྐབས། ཡུམ་གྱི་རྨི་ལམ་དུ་ཉི་མའི་འོད་ལས། གསེར་གྱི་རྡོ་རྗེ་གྲུ་གང་བ་འོད་ཟེར་འཕྲོ་བ་གཅིག་བབས་ཏེ། འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ། ཡང་འོད་ཟེར་དེ་རྣམས་དང༌། གསེར་གྱི་རྡོ་རྗེ་དྲི་མ་མེད་པ་དེ། ཡུམ་གྱི་སྤྱི་བོར་ཐིམ་ནས་ཡུམ་སྔར་ལས་ཀྱང་སྐུ་གཟི་མདངས་དཔག་ཏུ་མེད་པ་རྒྱས་པ་དང༌། གཞན་ཡང་སྐུ་ལ་དར་སྣ་ཚོགས་པའི་ན་བཟའ་དང༌། རིན་པོ་ཆེའི་ཁྲི་ལ་བཞུགས་པ་ལ། བུད་མེད་གཞོན་ནུ་མ་ལང་ཚོ་རྒྱས་པ། འགའ་ཞིག་གིས། རིན་པོ་ཆེའི་སྣོད་དུ་ཟས་སྣ་ཚོགས་ཅུང་ཟད་བཟུང་ནས་ཕུལ་བ་དང༌། ཕྱག་དང་སྐོར་བ། བསྟི་སྟང་བསམ་ལས་འདས་པ་བྱེད་པ་དང༌། མི་ནག་པོ་གསེར་གྱི་སྐེ་རགས་བཅིང་པ། ལག་ཏུ་གྲི་གུག་བཟུང་བ་གཅིག་གི་སྒོ་བསྲུང་བ་དང༌། ལྷའི་བུ་དང་བུ་མོ་མང་པོས་ནམ་མཁའ་ནས་སྐུ་ཁྲུས་གསོལ་ཞིང༌། མཆོད་བསྟོད་བྱེད་པ་དང༌། སྐུ་ལ་རུས་པའི་རྒྱན་དང༌། རིན་པོ་ཆེའི་ཆས་ཀྱིས་བརྒྱན་པ་ལ་སོགས་པའི་རྨི་ལྟས་བཟང་པོ་ཇི་སྙེད་དུ་མ་བྱུང་བ་རྣམས་


TNT20_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་མི་རྣམས་ལ་འདི་ལྟར་རྨི་ཚུལ་བཤད་པས། མི་གཞན་མ་རྣམས་ཀྱིས་ནི་བརྗོད་མ་ཤེས་པར། ལ་ལས་ནི་རྨི་ལམ་དེ་དགའ་རྒྱུ་མེད་པས། ཡུམ་སྐུ་རིམས་དང་བརྟན་བཞུགས་གང་དྲག་གྱྀས་ཟེར། ཡིད་མི་བདེ་བ་ཙམ་བྱུང༌། སྔགས་འཆང་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ་ཞེས་པ། མདོ་སྔགས་རིག་གནས་ཐམས་ཅད་ལ་མཁས་པ། ཡི་དམ་གྱི་ལྷ་དང་ཆོས་སྐྱོང་གི་གྲངས་བསྙེན་མང་དུ་སོང་ཞིང༌། ཡི་དམ་གྱི་ཞལ་གཟིགས་པ་ཞིག་ཡོད་པ། དེ་ཉིད་ཀྱི་ཞལ་ནས། བུ་དགའ་ལྷ་མོའི་རྨི་ལམ་དེ་རྣམས་ཤིན་ཏུ་བཟང་བར་གདའ། དེང་སང་བདག་ལ་ཡང་རྨི་ལྟས་བཟང་བ་མང་དུ་བྱུང་བས། བུ་དགའ་ལྷ་མོ་ལ་གཙང་སྦྲ་ཆེ་བར་གྱིས། མི་གང་གི་བཟའ་བཟའ་སོགས་སྤོང༌། དེ་ནས་རྨི་ལམ་སོགས་ཀྱང་སུ་གང་ལ་ཡང་མ་བཤད་གསུངས་ནས། ཡུམ་ལ་ཤིན་དུ་བརྩེ་བར་མཛད་དོ། །དེ་ནས་ཕག་ལོ་ཧོར་ཟླ་དང་པོའི་ཚེས་བཅུའི་སྔ་ཞོགས་ཉི་མ་རྩེ་ཤར་ལ། ཡུམ་སྙེལ་བ་ཆེར་མེད་པའི་ངང་ནས། གྲོད་པུ་འཇའ་ཚོན་ཁ་དོག་ལྔ་ལྡན་ཡོད་པ་ཞིག་འཁྲུངས་སོ། །མེས་པོ་རིན་པོ་ཆེ་དེ་ཉིད་ཀྱིས་ཞལ་ནས། ཨེ་ཨེ་ངེད་ཚོ་ལ་རིགས་རྒྱུད་འདི་ལྟར་ཡོང་བ་ཡིན། འདི་ཡི་ཞལ་འབྱེད་པར་བྱེད་པ་ལ། ལྕགས་དང་ཟངས་ཀྱི་རིགས་ཀྱི་ཞལ་འབྱེད་མི་རུང་འདི་ནི་ངེས་པར་དུ་ཤིང་གི་ལྡེ་མིག་གིས་སྒོ་འབྱེད་ཚུལ། ཐགས་འཐག་པའི་འུ་ལུ་ཞིག་གིས་ཞལ་འབྱེད་པ་སོགས་བྱེད་དགོས་གསུངས་ནས། འུ་ལུ་དང་ཤིང་གི་ལྡེ་མིག་སོགས་ཀྱིས་ཞལ་ཕྱེ་བས་དེའི་ནང་ནས་ཁྱེའུ་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ། སྐུ་ལ་ཤ་


TNT20_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཁྲག་ཞག་གི་ཐིག་ལེ། ལི་ཁྲིའི་ཚངས་སྐུད་ཀྱི་རྣམ་པ་ཡོད་པ། ཕྱག་ཞབས་འཁོར་ལོའི་མཚན་པ། ག་བུར་དང་གུར་གུམ་གྱི་དྲི་མཆོག་དང་ལྡན་པ། པདྨ་རྒྱས་པའི་མཆུ་འགྲོས་དང༌། ཨུཏྤལ་མཆོག་གི་སྤྱན་ནི་ཕྱོགས་ཐམས་ཅད་ལ་ཧྲིག་ཧྲིག་གཟིགས་ཤིང༌། ཞལ་ནས་ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ། སོགས་ཀྱི་སྔགས་ལན་གསུམ་དུ་མཛད་པ་ཞིག་སྐུ་བལྟམས་སོ། །ལྟེ་བ་གཅོད་པ་སོགས་ནི་མ་དགོས་སོ། །དེ་སྐབས་ཀྱི་སྐུ་འཁོར་བ་རྣམས་ཀྱིས་འདི་ལྟ་བུ་ནི་བཟང་ངན་གང་ཡིན་ཀྱང་འདི་ནི་ཐམས་ཅད་ནས་ཡ་མཚན་པའི་རང་བཞིན་ཡིན་པ་ལ། སྐྱེ་མ་ཐག་ཏུ་ལབ་ལབ་ཤེས་པ་ཞིག་འདུག་ཟེར་བས། མེས་པོ་དྲུང་གི་ཞལ་ནས། ཤ་མཚན་དང་ལྟས་ཤིན་དུ་ངོ་མཚར་ཆེ་བ་འདུག ལབ་ལབ་ནི་བསངས་སྦྱངས་ཀྱི་སྔགས་མཛད་པར་གདའ། དང་པོ་རྗེ་ཀུན་དགའ་སེང་གེ་དེ་ཉིད་ཀྱི་དགོན་པ་འདིངས་པ་མཛད་དུས། ས་དཔྱད་དང་རྟེན་འབྲེལ་གང་ལ་དཔག་ཀྱང་ངེད་ཀྱི་མི་བརྒྱུད་ཁ་ཅིག་ནས་རྒྱུད་སྡེ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོ་གཅིག་བྱོན་པར་གདའ་གསུངས་པ་དང༌། འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པའི་སྐབས་རྨི་ལྟས་བཟང་བ་བསམ་ལས་འདས་པ་ཡང་བྱུང་བ་དང༌། ད་ནང་གཉིད་མ་སད་གོང་དུ་འཕགས་པ་འཇམ་དཔལ་ཡིན་ཟེར་བའི། སྐྱེས་བུ་ཆེན་པོ་མཚན་དཔེས་རབ་ཏུ་བརྒྱན་པ་ཞིག་གིས། རྒྱལ་བའི་གསུང་རབ་ཀྱི་པོ་ཏི་མང་པོ། དེང་རང་གི་མཆོད་ཁང་དུ་སྤྱན་དྲངས་ནས་འདི་རྣམས་ཀྱི་བདག་པོ་ཁྱོད་རང་ཡིན་གསུངས་ཤིང༌། གསུང་རབ་དེ་རྣམས་ལ་བུ་དགའ་


TNT20_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོས་བཀུར་སྟི་མཆོད་པ་བསམ་ལས་འདས་པ་བྱེད་པ་རྨིས། འདི་ཉིད་རྒྱལ་བའི་གསུང་རབ་རྣམས་ལ་མཁས་པའི་མི་གཅིག་ཡོང་བར་འདུག །དེ་རིང་གུ་རུ་རིན་པོ་ཆེའི་དུས་བཟང་ལ་བྱོན་པས་འདིའི་མིང་དར་ཅིག་ལ་སྔར་གྱི་ཆུང་སྲི་ཞིག་ཡོད་པས། དེ་གནོད་པའི་ཕྱིར་དར་ཅིག་ལ་པདྨ་སྲི་གཅོད་རྡོ་རྗེ་ཐོགས་ཤིག །དེ་བས་མཚན་དངོས་ནི། བྱང་ཆུབ་སེམས་དཔའ་ཀུན་ཟིན་པ་ཞིག་གིས་གནང་བ་འདུག་གསུངས་ཤིང༌། ཤིན་དུ་དགེ་བའི་གསུང་གླེང་མང་དུ་མཛད། བཙས་སྟོན་ཀྱང་དེའི་ཉིན་ཤིན་དུ་རྒྱས་པར་མཛད་དོ། །དེ་སྐབས་མེ་ཏོག་ལྡུམ་རར་རྒྱ་མེན་ལྔ་ཙམ་ཁ་བྱེད་ཅིང༌། ཁ་འབུས་པ་ཡང་མང་དུ་བྱུང༌། ཉེ་འཁོར་གྱི་སེ་བ་རྣམས་ལ་ཡང་མེ་ཏོག་ཐོར་རེ་བ་ཤར། ཁམ་བུ་དང་ལོ་མ་སྣང་ཞིང་འདེབ་ཀྱི་སྐབས་དང་འདྲ་བ་བྱུང༌། འཁུར་མང་གི་མེ་ཏོག་ཀྱང་དེའི་ཉིན་རང་ལ་མང་དུ་ཤར། ནམ་མཁའ་ལ་མེ་ཏོག་གི་ཆར་ཞག་བདུན་ཁོར་ཡུག་ཏུ་བབས་པ་དང༌། ནམ་མཁའ་གཡའ་དག་པའི་ངང་ནས་འཇའ་འོད་ཀྱི་གུར་ཁང་བཞི་རིམ། ཉིན་མཚན་དུ་ཡོད་པ་དང༌། བྱ་བྱེའུ་རྣམས་ཀྱང་སྐད་ཀྱི་རྣམ་འགྱུར་སྙན་པར་སྒྲོགས་ཞིང༌། དགའ་སྤྲོ་རྣམ་འགྱུར་དཔག་ཏུ་མེད་པ་བྱེད་པ་དང༌། རི་དྭགས་རྣམས་ཀྱང་དགའ་བའི་རྩེ་འཁོར་བྱེད་ཅིང༌། ཐམས་ཅད་ཡུལ་དེར་འཁོར་ནས་ཡོང་བ་དང༌། ད་ལྟར་བླ་བྲང་གི་ལྡུམ་ར་ན། སེ་བ་གཞན་ལས་སྟོབས་ཆེ་བ། མེ་ཏོག་རྒྱ་མཚོའི་མདོག་ཏིང་ཕོར་ཙམ་དང༌། སེ་འབྲུ་མི་རྒན་གྱི་མཐེབ་བོང་ལས་ཆེ་ཞིང༌། རོ་ཁ་བ་དང༌། སྐྱུར་བ་དང༌། ནུས་


TNT20_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚ་བ་ཡོད་པ་འདི་ཡང་དེ་སྐབས་སུ་སྐྱེས་པ་ཡིན་པར་འདུག་ལགས། ཤིང་དེ་ཡང་གཞན་ལས་ངོ་མཚར་ཆེ་བ་ཡོད། བྱང་ཆུབ་ལྗོན་ཤིང་གི་མཚན་ཉིད་ཡོད་པ་ནི། དང་པོ་སྐུ་བལྟམས་སྐབས་མྱུ་གུ་སྐྱེས། རབ་ཏུ་བྱུང་སྐབས་མེ་ཏོག་ཤར། བསྙེན་པར་རྫོགས་སྐབས་སེ་འབྲུ་སྨིན། ད་ལྟ་ཡལ་ག་ལོ་འདབ་བསམ་ལས་འདས་ཤིང༌། ད་ལྟའི་མི་དྲག་ཞན་ཀུན་གྱིས་སེ་བ་དེའི་འབྲས་བུ་མེ་ཏོག་ཚེར་མ་ཤུན་པ་རྣམས་བྱིན་རླབས་རྟེན་རྫས་སུ་ཞུས་ཤིང༌། ཐམས་ཅད་ཡ་མཚན་དུ་བྱེད་པ་ཡོད་དོ། །དེ་ནས་མི་ནད་ཕྱུགས་ནད་མི་འབྱུང་ཞིང༌། མི་རྒན་རྣམས་ནི་ཚེ་འཕེལ་ནས་གཞན་ཤ་ཅན་དུ་གྱུར་པ་དང༌། ལོང་བ་རྣམས་མིག་རང་འབྱེད་དུ་གྱུར་ནས་སྔར་ལས་ཀྱང་གསལ་བར་བྱུང་བ་དང༌། མཆོག་གི་སྤྲུལ་སྐུའི་འདི་ནི་ཕྱི་ནང་གི་མི་ཀུན་གྱི་གཅེས་པར་གྱུར་ཞིང༌། སྐུ་རྫི་བཞི་དང་བཅས་ནས་བསྐྱེད་བསྲིངས་སོ། །སྐུ་ལྷུམས་སུ་ཞུགས་པ་དང༌། །བལྟམས་པའི་རྣམ་ཐར་མདོར་བསྡུས་པའི་ལེའུ་སྟེ་དང་པོའོ། ༈ དེ་ནས་ཞག་བཅུ་ཙམ་ནས། ཁམས་པ་སྨྲི་ཏི་ལོང་བ་ཡིན་ཟེར་བའི། ལོང་འཁྲིད་བྱེད་དགོས་པ་ཞིག་བྱུང༌། ང་ལྷ་ས་བསམ་ཡས་བསྐོར་བར་ཡོང་བ་ཡིན་ཏེ། འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུའི་དབང་ཕྱུག་ཆེན་པོ་ཞིག་བྱོན་པ། ང་ཚོས་སྲིན་པོ་རིར་ཤེས་ནས་འདིར་འོང་བ་ཡིན། ཁྱེད་ཀྱི་སྲས་མཇལ་དགོས་ཟེར་བས་སྐུ་གཅེས་པས་མཇལ་ཁ་མ་གནང་བས། ཁོང་རྣམས་བླ་བྲང་ལ་ཕྱག་འཚལ་བསྐོར་བ་བྱས་སྨོན་ལམ་མང་དུ་


TNT20_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་ནས་ལོག་སོང་ངོ༌། ཞལ་ངོ་ཡུམ་སྐུ་འཁོར་རྣམས་ལ་ཁ་ངན་གཏོང་ཞིང་མ་མགུ་བར་གྱུར་ནས་སོང ངོ༌། །དེ་སྐབས་ཡུལ་མི་ལ་ལས་མོ་ལན་གཉིས་བཏབ་འདུག་ཀྱང༌། མོ་སྔ་ཕྱི་ཚང་མ་ཤིན་དུ་བདེན་པར་འབྱུང་ཞིང༌། མངོན་ཤེས་དང་ལྡན་ཞིང་དཔྱད་པ་ཀུན་ལ་ཉམས་རྒྱུས་ཆེ་ཞིང་མིང་འདོགས་ཤེས་པ་ཞིག་བྱུང༌། མོ་བཏབ་པ་ཐམས་ཅད་དུ་དེ་རྣམས་ལ་ཁྱེད་བསོད་ནམས་ཆེ། བྱང་ཆུབ་སེམས་དཔའ་སྐུ་བལྟམས་པས་གནས་ཆུ་བཏུང་བས་ངན་སོང་མྱོང་མི་དགོས་པ་ཡིན་པ་ལ། ཁྱེད་ཀྱི་ཡུལ་དུ་བྱང་ཆུབ་སེམས་དཔའ་བལྟམས་པ་ཡིན་པས་བསོད་ནམས་ཆེ། འདིས་ནི་སེམས་ཅན་གྱི་དོན་དཔག་ཏུ་མེད་པར་མཛད་དེ། རྩང་དབུས་ཀྱི་སྡེ་དཔོན་བསོད་ནམས་ཆེ་བ་རྣམས་ཀྱི་བཀུར་སྟི་ཞུ་བར་གདའ། འདི་ལ་འབྲེལ་བ་དོན་ལྡན་རང་ཡིན་ཟེར། དེ་རྣམས་ཡུམ་ལ་མི་རྣམས་ཀྱི་འདི་བཞིན་ཟེར་བ་འདུག་ཞུས་པས་མེས་པོ་དྲུང་གི་ཞལ་ནས། དེ་ཡ་མཚན་པར་གདའ། དང་པོ་བདག་གི་བླ་མ་དབུས་སྨྱོན་མཇལ་སྐབས་སུ། བླ་མ་དེ་རྟེན་འབྲེལ་དང༌། མངོན་ཤེས་རང་མཛད་པ་ཞིག་གདའ་བས། བདག་ལ་ཡང་ཁྱོད་ལ་ཚ་བོ་སུས་ཀྱང་འགྲན་མི་ནུས་པའི་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་འབྱོན་གསུངས་པ་ན། བདག་གིས་བསམ་པ་ལ་རྭ་ལོ་ཙཱ་བའི་བརྒྱུད་པ་ལ་སྔགས་འཆང་བཟང་པོ་ལོས་ཡོང་བསམ་པ་བྱུང་ཚེ། དེ་ཡང་བླ་མས་མཁྱེན་ནས། དེ་ནི་ཁྱོད་ཀྱི་ཕ་མེས་རིགས་རྒྱུད་ཐམས་ཅད་ལས་ལྷག་པར་འགྱུར་གསུངས། འོ་ན་ཅི་ལྟ་བུ་ཞིག་འབྱུང་ཞུས་པས། དེ་ནི་བྱང་ཆུབ་སེམས་དཔའ་


TNT20_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་གཉིས་སྨྲ་བ། རྡོ་རྗེའི་གླུ་ལེན་པ། སྙིགས་མའི་སྟོན་པ་ཞིག་འབྱོན་པར་འདུག་གསུངས་ཡོད་པ་དང༌། དེ་རྣམས་མཐུན་པར་གདའ་གསུངས་སོ། །དེ་ནས་མཆོག་གི་སྤྲུལ་སྐུ་དེ་ནི་གཞན་གྱི་ཟླ་བསྐྱེད་ལས། ཁོང་གི་ཞག་བསྐྱེད་ཆེ་བ་ཙམ་བྱུང༌། ཟླ་བ་བརྒྱད་ནས་ཐམས་ཅད་ལ་འབྱོན་ཐུབ་པ་ཞིག་བྱུང༌། ཟླ་བ་བཅུ་གཉིས་ནས་སྨྲ་བརྗོད་མཁྱེན་ཞིང་ཤིན་ཏུ་ནས་ཀྱང་སྒོམ་པ་དང་དབང་པོ་རབ་ཏུ་དྭངས་ཞིང་ཀློག་ཀློག་པ་དང་འབྲི་བ་དང༌། ཡི་དམ་ཆོས་སྐྱོང་གི་མངོན་རྟོགས་རྩ་སྔགས། གཏོར་ཆོག་རྣམས་ནི་སུས་ཀྱང་སློབ་པའི་རྣམ་པ་དང༌། དཀའ་སྤྱད་གཅིག་ཀྱང་མ་དགོས་པར་རང་ཤེས་སུ་མཁྱེན་པ་དང༌། སྔར་གྱི་བྲིས་རྙིང་གི་ཐང་སྐུ་གཤིན་རྗེ་དགྲ་ནག་གདོང་དྲུག འཆར་ཀའི་ཚེ་བདག་ཁམས་གསུམ་རྣམ་རྒྱལ་ལ་སོགས་པའི་བྲིས་ཐང་དུ་བས་ནག་པ་མང་པོ་ཡོད་པས། སྔར་གྱི་ཡབ་མེས་རྣམས་ཀྱི་ཐུགས་དམ་ཐང་སྐུ་ཡིན་པས། མོས་པ་ཙམ་བྱས་ནས་བཞག་པ་མ་གཏོགས། དེ་དག་ལྷ་གང་ཡིན་དང༌། རིགས་གང་ཡིན་སུ་ལ་ཡང་རྒྱུས་མེད་པ་ལ། མཆོག་གི་སྤྲུལ་སྐུས་ནི་ཐང་སྐུ་དེ་རྣམས་ཞལ་ཕྱེ་ནས། རེ་རེ་ནས་འདི་ལྷ་འདི་རྣམས་ཡིན་པ་གསུངས་ནས་དེ་ཐམས་ཅད་རེ་རེ་ནས་ངོ་མཁྱེན་པ་དང་མེས་པོ་དྲུང་གིས་མཚན་པདྨ་སྲི་གཅོད་རྡོ་རྗེ་ཕུལ་བ་ཡིན་ཀྱང༌། མི་རྣམས་ཀྱི་མཚན་མགྱོགས་བཅོས་སུ་བྱས་ནས། དབོན་པོ་སྲི་གཅོད་ཞེས་པ་བྱུང་བས། མཚན་ནས་བོས་པའི་ཚེ། དེ་ལ་མི་དགྱེས་པའི་ཚུལ་མཛད་ནས། ངའི་མིང་ནི་བླ་མ་འཇམ་མགོན་


TNT20_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཟེར་བ་ཡིན། དབོན་པོ་སྲིད་གཅོད་སུ་ལ་ཟེར་བ་ཡིན། ང་ལ་དེ་སྐད་མ་ཟེར་ཞིག་གསུངས་ནས། མཚན་ནས་བོས་པ་ལ་མི་མཉེས་ཞིང་གསུངས་ལན་ཀྱང་མི་མཛད་པ་བྱུང༌། དེ་སྐབས་ཀྱི་མི་རྣམས་ཀྱིས་བླ་མ་ཀུན་དགའ་གྲོལ་མཆོག་བྱ་བའི། བླ་མའི་མཚན་ནི་སྔར་ཐོས་མ་མྱོང་ཟེར་ནས་ཡ་མཚན་དུ་གྱུར་ཏོ། །དེ་ནས་མི་རྣམས་ཀྱི་དྲི་བ་ཞུས་པས། དེ་རྣམས་ལ་ཐོགས་པ་མེད་པར་སྐུ་ཚེ་སྔོན་གྱི་གནས་ཚུལ་དང༌། སྦྱིན་བདག་གྲྭ་རིགས་དགོན་གནས། ཕྱག་རྫས་ཀྱི་སྐོར་དབང་རྫས། རྟེན་རྫས་ལ་སོགས་པ་གང་ན་ཅི་ཡོད་པ་རྣམས་དང༌། ཉེ་གནས་དཔལ་འབྱོར་གྱི་ཕྱག་ཕྱི་ཞུས་ནས་སྣ་དཀར་རྩེར་ཕེབས་པ་དང༌། སྡེ་པ་བསྟན་འཛིན་པས་ཚོགས་འཁོར་རྒྱ་ཆེན་པོ་ཞུས་པ་དང༌། དེ་ནས་རོང་རིན་དཔུངས་ཕྱོགས་ནི་མུན་པ་ནག་པོར་འདུག་པ་དང༌། འབྲིང་གི་ཁ་ནི་འོད་གསལ་ཆེ་བར་འདུག་པས། དེར་ངེད་གཉིས་ཀྱི་ཡོང་ནས། ལ་ཁར་སྣ་དཀར་རྩེའི་འཁྱོས་མ་ཟོས། ལྷག་མ་རྣམས་དེ་ཁར་སྤུངས་ནས་བཞག་ཡོད། དེ་ནས་ལ་བབས་ནས་འོང་བའི་ཚེ། ཡུམ་གྱི་བ་ཕྱུགས་ལ་ཆུ་བླུད་ནས་ཟུར་ཁ་རྒྱབ་ནས་ཕར་བྱོན་སོང་བ་ན། བདག་རྒྱུག་ནས་ཡུམ་གྱི་ན་བཟའ་ལ་འཇུག་ནས་ཡོང་བ་ཡིན། ཉེ་གནས་དཔལ་འབྱོར་གྲོང་ཕ་གི་ལ་སོང་བ་ཡིན། གསུངས་ནས་ཕྱག་མཛུབ་ཀྱི་སྟོན་པ་སོགས་མཛད་པ་དང༌། བདག་གི་ཉེ་གནས་གཞན་མ། དྲུང་ཀུན་ཆོས་པ་དང་མཆེད་གྲོགས་བཞུང་མ་དང༌། ཕ་བ་ལ་སོགས་པའི་གྲྭ་པ་རྣམས་དང༌། རྟ་


TNT20_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དྲེལ་རྣམས་ཆོས་ལུང་བྱང་རྩེ་ན་ད་ལྟ་ཡོད་གསུངས་པ་སོགས་དྲིས་ལན་གསུང་གླེང་ཞིབ་པར་གནང་བས། སྤྱིར་རིགས་ནི་ཕུ་རགས་པའི་མི་མཐོང་བ་དང་མྱོང་བ་ཆུང་བ་ཀུན་གྱི་ཆོས་ལུགས་ཡིན་ཞིང༌། ཁྱད་པར་འབྲང་ཕུའི་མི་རྣམས་ནི་ཕུ་རག་གི་མི་དང༌། ཕུ་རག་གི་ཆུའི་དཔེར་སོང་ནས། གོ་ཤེས་ཆུང་བ་དང་མ་བཅོས་པའི་བྱ་བ་ལྷུག་གྲོལ་དུ་གནས་པ། རྫི་སང་དང༌། རྣམ་དཔྱོད་ཀྱི་དྲི་མས་མ་གོས་པ་མེད་པ་ཕུ་གོང་ལ་དང༌། མདའ་ཐེམ་པ་ལ་བྱེད་པའི་དཔེ་ལྟར་མཐོང་མྱོང་ཤིན་ཏུ་ཆུང་བ་ནི་འབྲིང་གི་མི་རྣམས་ཀྱི་ཆོས་ལུགས་ཡིན་པས། གསུང་གླེང་དེ་དག་རྣམས་ཐོས་མ་མྱོང་བ་འདི་ཡ་རེ་མཚར། འདི་ལབ་ལབ་མང་ལུགས་དང༌། སྐུ་སྐྱེད་ཡོད་སྟངས་གང་ལ་དཔག་ན། ལྷའི་བུ་ཆེན་པོ་གཅིག་ཡིན་པ་འདྲ་འདི་ནང་གི་ཕུག་ཏུ་གཞུག་ལ། ཕྱི་ལ་མ་གཏོང་ཟེར་ནས། ནང་རང་དུ་སྦས་ཐབས་ཀྱི་སྒོ་ནས་སྐྱེད་བསྲིངས་སོ། །དེ་ནས་ནམ་ཞིག་འཚོགས་པ་དགེ་འདུན་སྒང་པའི་ཆོས་བཞི་འབྲང་སྣ་བཞི་རུ་ནས་གཉེར་བ་བཞི་ཡོད་པའི་ནང་ནས། དཔལ་གནས་ཆོས་བྱ་བ་ཞིག་གིས་ཁམས་ཅུང་ཟད་མི་བདེ་བའི་ཁོང་གཉིས་འབྲང་ཕུར་སྨན་ཞུ་བ་དང༌། རྩ་དང་ཆུ་སྤྱན་ལམ་འབེབས་པར་བྱུང་བས་དེ་སྐབས་མེས་པོ་རིན་པོ་ཆེ་དང༌། ཨ་ཁུ་ལགས་ཀྱི་སྨན་དཔྱད་ལ་མངའ་ཤིན་ཏུ་བརྙེས་པས། ཁོང་ཇོ་གདན་པ་གཉིས་ནང་དུ་བོས་ནས་གཞི་ལེན་རྒྱས་པར་མཛད་པ་དང༌། སྨན་སོགས་གནང་ནས་ཡོད་སྐབས་མཆོག་གི་སྤྲུལ་སྐུ་ནི་རྒྱུན་དུ་མི་ཀུན་ལ་ཆོས་ཀྱི་ཆེ་བ་དང༌། ལས་རྒྱུ་འབྲས། འཁོར་བའི་སྡུག་བསྔལ། དལ་འབྱོར་རྙེད་


TNT20_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དཀའི་ཆོས་དང༌། གཞན་ཡང་དབང་རྗེས་གནང་སོགས་གནང་གིན་ཡོད་པ་དེ་ཁོང་གཉིས་ཀྱི་མཐོང་བས་ཁོང་གཉིས་ནི་ཡ་མཚན་དུ་གྱུར་ནས་ཕྱག་འཚལ་ཞིང་བྱིན་རླབས་ཞུས། འདི་ནི་རྗེ་བཙུན་བླ་མ་ཀུན་དགའ་གྲོལ་མཆོག་པའི་སྐུའི་སྐྱེ་བ་གསལ་བར་འདུག །འདི་དབུས་གཙང་གི་སྡེ་དཔོན་ཆོས་སྡེ་གནད་ཆེ་བའི་བླ་མ་ཡིན། ངེད་དགེ་འདུན་སྒང་པ་རྣམས་བླ་མ་དེ་ལ་མི་ཕྱེད་པའི་དད་པ་ཡོད། བླ་མ་དེ་ཀའི་ངེད་འཚོགས་པ་རྣམས་ལ་གསུང་ཆོས་མང་དུ་གནང་བ་ཡིན། ངེད་གཉིས་པོས་ཀྱང་གསུང་ཆོས་མང་དུ་ཐོབ་ཟེར་ནས་ཡབ་ཡུམ་རྣམས་ལ་རྗེ་གོང་མའི་ལོ་རྒྱུས་མང་དུ་ཞུས། འདིའི་བླ་མ་འདི་གཞན་དང་མི་འདྲ་བའི་ངེད་རང་ཚོ་བསོད་ནམས་ཆེ་ཟེར་ནས་སོང་ངོ༌། ཁོང་གཉིས་ཀྱི་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ལོ་རྒྱུས་བཤད་དུ་བྱུང་བ་མ་གཏོགས་སུ་གང་གི་ཀྱང་མི་ཤེས། དེ་ནས་ཡབ་ཕུན་ཚོགས་རྣམ་རྒྱལ་བྱ་བ༌། ཡི་དམ་གཤིན་རྗེ་གཤེད་མཐའ་དག་དང༌། བཀའ་བརྒྱད་སྐོར་དང༌། ཕྱག་རྡོར་རྣམས་ལ་འདྲིས་ཤིང༌། ཁྱད་པར་དུ་མ་ནིང་ལ་གྲངས་བསྙེན་མང་དུ་སོང་ཞིང༌། མ་ནིང་གི་ཞལ་ཡང་ཡང་གཟིགས་པ་ནུས་མཐུ་ཆེ་བ། མདོར་ན་དྲག་སྔགས་ཀྱི་རྡོ་རྗེ་འཛིན་པ་ཆེན་པོ་ཡིན་པ་ལ། འཇིག་རྟེན་གྱི་བྱ་བ་མཁྱེན་པ་མ་བཅོས་པའི་ཁུལ་དོག་པ། བུ་དུང་ཆེ་བ་ཞིག་ཡོད་པས། དེའི་གསུང་ནས། ངའི་བུ་གཅིག་པོ་འདི་དཔྲལ་བའི་མིག་དང་འདྲ་བ། འདི་བླ་མའི་སྐུ་སྐྱེ་ཡིན་པ་འདུག་སུ་གང་གི་ཟེར་བ་བྱུང་ན་སྐུ་རྒྱབ་ལ་གཏོར་སྒམ་རླང་པ་ཐུལ་ལེ་བ་ཞིག་ཡོད་པ་


TNT20_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ངས་མི་རྒྱག་ན་དཀོན་མཆོག་གསུམ། ངའི་བུ་གཅིག་པོ་འདི་ངེད་རང་གི་རྒྱུད་པ་གསེར་གྱི་འཕྲེང་བ་ལྟ་བུ་འདི་ཟིན་པ། ཆོས་རྗེ་ཀུན་དགའ་སེང་གེའི་རྡོ་རྗེ་གདན་འདི་དང་སྦྱིན་བདག་ཁ་ཤས་འདི་རྣམས་སྐྱོང་དགོས་པ་ཡིན་གསུངས་ནས། ཐམས་ཅད་ལ་གསང་ནས་བཞུགས། དེ་ནས་ཞག་ཁ་ཤས་ཞིག་ནས་ནམ་ཞིག་ཞལ་ངོ་འཁོར་དང་བཅས་པ་རྣམས་ནང་དུ་གསོལ་བ་གཅིག་གནང་སྐབས་ཡང་ལུང་ནས་ཡིན་ཟེར་བའི་རྣལ་འབྱོར་པ་སྐུ་ཤ་སྔོ་སང་ངེ་བ་སྐུ་ལ་རས་དང་སྟག་ལྤགས་ཀྱི་ན་བཟའ་གསོལ་ཞིང༌། མི་ཐོད་རློན་པ་ལག་ཏུ་བཟུང་བ་རལ་པའི་ཐོད་བཅིང་པ་ཞིག སྒོ་འབྱེད་པ་དང་ཁྱི་བཀག་པ་སོགས་མ་དགོས་པར་ནང་དུ་ཐལ་ལེ་བྱུང་བས། ཚང་མ་ཤིན་ཏུ་འཇིགས་ཤིང་སྐྲགས་པ་ཞིག་བྱུང་བ་ལ། མཆོག་གི་སྤྲུལ་སྐུ་ནི་ཤིན་ཏུ་དགེས་པར་མཛད་ཅིང༌། རྣལ་འབྱོར་པ་དེས་ཀྱང་མཆོག་གི་སྤྲུལ་སྐུ་ལ་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ནས་སྔར་འདྲིས་པ་བཞིན་གསུང་གླེང་མང་དུ་མཛད་ཅིང༌། གསུང་གླེང་དེ་རྣམས་ཁོ་རང་དཔོན་སློབ་གཉིས་ཤིན་ཏུ་སྨྲ་བར་གདའ། ཞལ་ངོ་འཁོར་བཅས་རྣམས་ཀྱི་ཚིག་འབྲུ་གཅིག་ཀྱང་མ་གོ །དེ་ནས་རྣལ་འབྱོར་པ་དེ་ཉིད་ཀྱིས་མཆོག་གི་སྤྲུལ་སྐུ་ཉིད་ལ། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆོག་ཅིག་ཕུལ། ལྕགས་ཀྱི་ཕུར་བུ་གྲུ་གང་བ་ཞིག་ཕུལ་ནས་ཕུར་བུ་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱིས། ཡེ་ཤེས་མཚོ་རྒྱལ་ལ་གནང་དེ་ནས་སྣ་ནམ་རྡོ་རྗེ་བདུད་འཇོམ་གྱི་བསམ་ཡས་སུ་གཏེར་ལ་གཞུག་སྟེ། ཡེ་ཤེས་མཁའ་འགྲོ་མ་རྣམས་ཀྱིས་ལུང་བསྟན་ནས་བླ་མ་གཡུང་སྟོན་པས་གཏེར་ནས་བཏོན་


TNT20_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ལན་གསུམ་བསྒྲལ་ནས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱི་ཕྱག་ཏུ་ཡུན་རིང་དུ་བཞུགས་པ་ཡིན། འདི་ནི་བགེགས་དང་ལོག་འདྲེན་གྱིས་མི་ཚུགས་པའི་ཕྱིར་སྐུ་ལ་འཆང་བར་ཞུས་ནས་ཕུལ། དེ་ནས་ཡུམ་དྲུང་གིས་ཆང་ལེགས་ཤིག་ཞུས་པས་རྟེན་འབྲེལ་ལེགས་གསུངས་ནས། མི་ཐོད་རློན་པ་ཤ་ཚལ་གྱིས་བཀང་ནས་ནང་མཆོད་བྱིན་རླབས་མཛད་ནས། མཆོད་པ་སྤྲོ་བར་གསོལ་ནས་ཐེག་སོང་ངོ༌། །རྣལ་འབྱོར་པ་དེ་ནི་སྒོ་ཕྱི་ལ་ཐོན་པ་དང་མི་མངོན་པར་གྱུར། སྒོ་ཐོན་ནས་མི་སུས་ཀྱང་མཐོང་ཚོད་སུ་ལ་མ་བྱུང་བར་ངའི་འདིར་ཡང་སྤྲུལ་པའི་རྣལ་འབྱོར་པ་ཞིག་ཡིན་འདུག ཕུར་བུ་དེ་ཡང་མཆོག་གི་སྤྲུལ་སྐུ་ལ་བསྲུངས་བའི་ཚུལ་དུ་ཕྱིས་མཁན་ཆེན་ལུང་རིག་རྒྱ་མཚོ་ཡི་སྤྱན་འདྲེན་ལ་ཞུས་ཀྱི་བར་དུ་སྐུ་ལ་བཅིངས། དེ་ནས་ཕུར་བུ་དེ་འབྲང་ཕུ་དགོན་པར་བཞུགས་པ་ནི་ད་ལྟ་མཆོད་ཁང་གི་ནང་རྟེན་ཁྲོད་ན་བཞུགས་པ་འདི་ཡིན་ནོ། །གང་ལྟར་ཡང་མཆོག་གི་སྤྲུལ་སྐུ་འདི་ཉིད་ནི། ངན་ལོང་ལ་བྱམས་ཤིང༌། མི་ཐམས་ཅད་ལ་ཁོ་རང་རྣམས་དང་འདྲ་བའི་སྒོ་ནས་གང་ལ་གང་འཚམས་ཀྱི་ཆོས་དང༌། སངས་རྒྱ་བའི་གདམས་ངག་རང་སྟོན་པ་དང༌། བྱིས་པ་རྣམས་ལ་བྱིས་པ་རང་དང་མཐུན་པའི་ཆོས་སྟོན་པ་དང༌། མི་རྒན་རྣམས་ལ་མི་རྒན་རང་དང་མཐུན་པའི་ཆོས་སྟོན་པ། མི་ཐམས་ཅད་ལ་རང་རང་དང་མཐུན་པའི་བསླབ་བྱ་དང་ཆོས་འབྲེལ་གནང་བ་ཞིག་བྱུང༌། སེམས་ཅན་བྱོལ་སོང་རྣམས་ལ་སྙིང་རྗེ་ཆེན་པོའི་སྒོ་ནས་བྱིན་རླབས་དང་སྲོག་ལས་སྐྱོབ་པ་མང་དུ་མཛད། བཟོ་དང་གསོ་བ་རིག་པ་ལ་སོགས་པའི་རིག་གནས་


TNT20_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཐའ་དག་ལ་མངའ་བརྙེས་པ་བྱུང༌། །མཆོག་གི་སྤྲུལ་སྐུ་དེ་མི་ཀུན་གྱིས་ཡ་མཚན་དུ་གྱུར་པའི་ལེའུ་སྟེ་གཉིས་པའོ། ན་མོ་གུ་རུ། སངས་རྒྱས་ཀུན་གྱི་ངོ་བོ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། རིག་ཀུན་གྱི་བདག་པོ་མཐོང་ཐོས་དྲན་རེག་རྣམས་ཀྱི་དེད་དཔོན། རྗེ་བཙུན་རྡོ་རྗེ་འཆང་ཐམས་ཅད་མཁྱེན་པ་ཆེན་པོ། སྒྲོལ་བའི་མགོན་པོ་དེ་ནི། དགུང་ལོ་གསུམ་དང་ཟླ་བ་ཕྱེད་དྲུག་བཞེས་པའི་སྐབས་ཉིན་ཞིག་ཉི་མ་སྔ་ཕྱེད་ཙམ་ལ། ཆོས་རྗེ་བསྟན་འཛིན་པའི་བང་ཆེན་ཡིན་ཟེར་བའི་གྲྭ་པ་གཉིས་བྱུང་སྟེ། འདི་ན་ངེད་དཔོན་སློབ་ཀྱི་བླ་མ་དམ་པའི་སྐུ་སྐྱེ་འཁྲུངས་ཡོད་འདུག་ཟེར་བས། དེ་ཡིན་མིན་ལ་གཟིགས་པར་ཆོས་རྗེ་བསྟན་འཛིན་ཕེབས་ཀྱིན་ཡོད། དེ་ཁའི་ཁྱེད་ཞལ་ངོ་གང་དུའང་མི་ཐེག་པ་ཞུ་ཟེར་བའི་སྔོན་འགྲོས་ཞིག་བྱུང༌། མཆོག་གི་སྤྲུལ་སྐུའི་ཞལ་ནས་ང་ངོས་འཛིན་པའི་སྐལ་བ་ཁོ་ལ་མེད་དེ། ཐོག་མར་བསྟན་འཛིན་ཉི་མ་བཟང་པོ་བྱ་བ་ཁོ་བོ་ལ་རྟེན་འབྲེལ་བཟང་བས་ཤར་རེ་བདག་གི་རྩར་ཐོང་ཞིག་གསུངས། དེ་ནས་ཉི་མ་སྔ་ཕྱེད་ཙམ་ལ་དགོན་གནས་མཐོང་བར་རྒྱ་གླིང་དང་དུང་དཀར་གཏོང་གིན་བྱུང་བས། དེ་ཡང་རྟེན་འབྲེལ་ལེགས་གསུངས། དེ་ནས་ཁོང་དཔོན་སློབ་རྣམས་བླ་བྲང་དུ་ཕེབས་ནས། ཁོ་རང་ལ་བཞུགས་ཁྲི་ཆེ་བ་ཞིག་བྱས་མཆོག་གི་སྤྲུལ་སྐུ་ལ་ཁོ་རང་གི་གཡས་སུ་ས་གདན་དང་བཅས་པའི་བཞུགས་ཁྲི་ཞིག་གི་སྟེང་དུ་བཞུགས་ཕྱག་འཚལ་བ་ནི་མ་བྱས། ཇ་ཡང་ཁོ་རང་སྔོན་དུ་གསོལ། དེ་ནས་ཆོས་རྗེ་བསྟན་འཛིན་པས་མཆོག་གི་སྤྲུལ་སྐུ་ལ་དྲི་བ་སོགས་གང་ས་ནས་ཞུས་རུང༌། མཆོག་གི་སྤྲུལ་སྐུའི་ངེད་བླ་མ་


TNT20_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཁོ་ངེད་ཀྱི་གྲ་རིགས་སུ་གྱུར་པ་ཙམ་ནི་ཡིན། དེ་ལས་སྤྲོས་པ་མིན་པ་ལ་ཁོ་རང་ཁམ་ཆེ་རྒྱུ་བྱེད་པ་ནི། དགའ་མོ་མིན་པ་འདུག་དགོངས་ནས་མི་མཉེས་པའི་ཚུལ་མཛད་ནས་བཀའ་ལུང་ཆེན་པོ་མི་གནང་བས་ཡང་ཆོས་རྗེ་བསྟན་འཛིན་པས་སྒམ་ཆུང་ཞིག་ན་ཙན་དན་དམར་པོའི་ཌཱ་མ་རུ་གཅིག་བསྟན་ནས་འདི་ཁྱེད་ཀྱི་ངོ་ཨི་ཤེས། འདི་གང་ཡིན་པ་གདའ་ཞུས་པས། མཆོག་གི་སྤྲུལ་སྐུའི་ཞལ་ནས་དེ་ངོ་ལོས་ཤེས། དང་པོ་ངེད་རང་གི་ཡིན་པ་ལ། ཁྱེད་ཀྱི་བྱང་སྟག་རྩེར་བདེ་མཆོག་དུས་འཁོར་འཇིགས་བྱེད་སོགས་ཀྱི་དབང་ཞུས་རྟེན་འབྲེལ་དང་བྱིན་རླབས་ཡིན་པས་བདག་ལ་བླ་ཆས་འོས་རིགས་དགོས་ཚུལ་ནན་གྱི་བྱུང་བས་དེ་དུས་ངེད་ཀྱི་བླ་ཆས་ཞིག་སྦྱིན་པའི་ཙནྡན་གྱི་ཌཱ་མ་རུ་དེ་ཡིན་པ་འདུག་གསུངས་པས། དེ་གཅིག་པོ་ཡིད་ཆེས་ནས་ཕྱག་འཚལ། དར་རས་ཀྱི་འབུལ་བ་དགུ་ཚན་གཅིག་ཕུལ་ཡབ་ཡུམ་ལ་དར་རས་ཀྱི་ལྔ་ཚན་ཞིག་ཕུལ་ནས། ཁྱེད་ཀྱི་སྔོན་ཆད་གཙང་སྦྲ་ཐོན་པ་བྱུང་འདུག་ད་རུང་གཙང་སྦྲས་ཐོན་པ་དང༌། སྐས་ཁ་སོགས་ལ་སྐུ་བབས་མ་བྱུང་བ་མཛད་དགོས་འདི་ངེད་ཀྱི་བླ་མ་ཡིན་ད་ལྟ་སྤྱན་འདྲེན་སྔ་ནས་ཡོད་པ་འདུག །བདག་ཁ་རག་གི་རྫོང་དུ་རབ་གནས་ཞིག་ལ་ཞག་ཁ་ཅིག་སྡོད་དེ་ནས་ཆུ་བོ་རི་དང༌། གོང་དཀར་ཕྱོགས་ལ་འགྲོ་དེ་ཚོ་རུ་ཟླ་བ་ཁ་རེ་སྡོད་དགོས་ཤས་ཆེ། དེ་ནས་སླར་སྐུ་དྲུང་རིན་པོ་ཆེ་ཡོང་ངོ་གསུངས་ནས་ཐེག་སོང་ངོ༌། །དེ་མ་ཐག་ཏུ་ཡབ་དྲུང་པ་ནི་ཤིན་ཏུ་མི་མཉེས་པས། ངའི་བུ་ཆུང་ལྷ་ཕྲུག་འདྲ་བ་འདི་ལ་ཁོང་མ་ཎི་བར་སོང་བས། ཟ་འདོད་ལངས་པ་ཞིག་ཡིན་ནམ་གསུངས་ནས་


TNT20_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་དར་དཀར་གཅིག་གཟན་ལེགས་པོ་གཅིག་རས་ཡུག་དཀར་ཡོལ་སྣམ་དཀར་བུབ་གཅིག་རྣམས་ཁུར་ནས་ཁོང་གི་རྗེས་ལ་སོང་ནས། ཆོས་རྗེ་བསྟན་འཛིན་པ་ཕྱིས་བྱོན་ཁར་ཡབ་དྲུང་གི་ཆོས་རྗེ་བསྟན་འཛིན་པ་ལ་འབུལ་བ་མཛད་ནས། ངེད་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་རྒྱུད་པ་གསེར་གྱི་འཕྲེང་བ་ལྟ་བུ་ཟམ་མ་འཆད་པ་ནི། དགོན་གནས་ཐབས་ཤེས་ཟུང་དུ་འབྲེལ་བ་འདི་སྔགས་ཀྱི་བསྟན་པ་འཛིན་ཞིང༌། དད་པ་དམ་ཚིག་དང་ལྡན་པའི་སྦྱིན་བདག་རྒྱ་ཆེ་བར་ཡོད་པས་འདི་རྣམས་སྐྱོང་དགོངས་པ་ཡོད་པས་ད་ལྟ་ངེད་རྒས་ཁོག་ཤ་བའི་རྭ་ལྕཽ་འདྲ་བ་ཞིག་ལ་རྒྱུད་འཛིན་དཔྲལ་བའི་མིག་ལྟར་གཅེས་པ་ལྟ་བུ་འདི་ཀ་ཡིན། གཅིག་པོ་འདི་གོང་དུ་ཞུ་བ་བཞིན་མི་གནང་བ་ཞུ། བུ་ཆུང་གཅིག་པོ་དེ་ནི་འདི་ཁར་དགོས་པ་ཡོད་པས་ཁྱེད་ཀྱི་བླ་མའི་སྐུ་སྐྱེ་མིན་པའི་འཕྲོག་མི་གནང་བ་ཞུ། དེའི་ཞུ་རྟེན་དུ་འབུལ་བ་འདི་རྣམས་མཛོད་གསུངས་པས་ཆོས་རྗེ་བསྟན་འཛིན་པའི་གསུངས་ནས་ཁྱེད་དེ་འདྲ་མི་གསུངས་བ་ཞུ། ཁྱེད་ཀྱི་རྒྱུད་འཛིན་ད་རུང་ལོས་ཡོང་སྐུ་གཞོན་པར་གདའ་བ་ད་ལྟ་འདི་ནི་རྗེ་བླ་མ་དམ་པའི་སྐུ་སྐྱེ་གསལ་བ་ཡིད་ཆེས་པ་རང་གདའ་འདི་ཉིད་རང་ཚོ་སྐུ་སྐྱེས་མིན་བྱ་བ་ཟེར་དགོས་མེད། ཁྱེད་རང་ཞལ་ངོ་རྣམས་ཀྱང་ཕུན་སུམ་ཚོགས་པར་ཡོང༌། འབྲང་བ་ཞེས་པའི་ཕུ་འདི་ཙམ་ཞིག ཁྱེད་ཡབ་ཡུམ་གྱི་ཕྱག་ཏུ་བླ་མ་དམ་པའི་སྤྲུལ་སྐུ་སྤྱན་འདྲེན་པའི་བླུ་ཡོན་དུ་འབུལ་རྒྱུ་ཡོད་པ་ད་ལམ་བདག་གི་ཁ་རག་ཏུ་ཞག་མལ་ཞིག་བསྡད་


TNT20_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཕྲལ་དུ་གོང་དཀར་དུ་ཕྱིན་ནས་བླ་མ་དམ་པའི་སྤྲུལ་སྐུ་སྤྱན་འདྲེན་པ་དང༌། བླུ་ཡོན་མི་ཟེར་འདི་རྣམས་ཀྱི་རྒྱུ་མཚན་འབུལ་དུ་འགྲོ་དར་ཅིག་ལ་ཁྱེད་རང་གི་ཐུགས་འདོད་ཀྱང་ཡིན་ལགས་དགོས་པ་ཞིག་འདུག་པས་བླ་མ་དམ་པའི་སྐུ་སྐྱེ་ཡིན་པ་ཕྱི་ནང་ཐམས་ཅད་དུ་གསང་བ་ཞུ་ངེད་རྣམས་ཀྱིས་ཀྱང་གསང་ངོ༌། །ཕུགས་སུ་བླ་མའི་སྐུ་སྐྱེ་མིན་བྱ་བ་གསང་བ་ངེད་རང་ཀུན་གྱི་མི་ཐུབ། དར་ཅིག་ངེད་རང་ཚང་མས་གསང་གསུངས་ནས་ཡབ་ཀྱི་ཕྱག་ནས་བཅང་བཅང་མང་དུ་མཛད་ནས་ཐེགས་སོང་ངོ༌། །དེ་བཞིན་ཁ་རག་རྫོང་དུ་ཡང༌། ཁོང་རྫོང་དཔོན་རྣམས་ཀྱིས་ཀྱང་སྐུ་སྐྱེ་ངེས་ཤེས་འདྲོང་མི་འདྲོང་གི་དྲི་བ་མཛད་འདུག་པས། ཡབ་དྲུང་དང་གསུངས་ཆད་མཛད་པ་ལྟར། ད་ལམ་བདག་གིས་ལམ་ཞོར་ལ་འདུག་པ་དང༌། རྣ་ཐོས་ལ་ཡང་གསུང་ཆོས་དང་དབང་རྗེས་གནང་སོགས་བསླབ་མི་དགོས་པར། རང་ཤེས་སུ་འདུག་ཟེར་བའི་སྙན་གྲགས་བྱུང་བ་ནས། ཚུར་ལམ་ཞིག་བལྟས་པ་ཡིན་ཀྱང༌། དེ་སྐྱེས་བུ་ཆེན་པོ་གཞན་རང་མིན་པ་འདུག་གསུངས་ནས་ཐམས་ཅད་ལ་གསང་ནས་བཞུགས་འདུག དེ་ཁའི་དབུས་ཕྱོགས་ཀྱི་སྡེ་དཔོན་རྣམས་དང༌། གྲྭ་རིགས་ཀུན་ཐེ་ཚོམ་བྱས་ནས་ངོས་འཛིན་ཆེ་འདོན་འགྱངས་པ་ཞིག་བྱུང༌། དེའི་ངང་ནས་ཡུན་རིང་བ་ན། མཁན་ཆེན་ལུང་རིག་རྒྱ་མཚོ་ངོས་འཛིན་སྤྱན་འདྲེན་ཞུ་སོང་ཟེར་བ་ཀུན་ལ་གྲགས་པས་ཆོས་རྗེ་བསྟན་འཛིན་པ་ནི་ཞལ་སྐྱེངས་པ། སྤྲེའུ་ཤིང་འབྲས་གཞན་གླེང་དཔེ་ལྟར་བྱུང༌། ཁོང་ཞལ་སྐྱེངས་པ་ཆེན་པོ་


TNT20_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བའི་སྟབས་ཀྱི། དེ་རྗེ་བླ་མ་དམ་པའི་སྐུ་སྐྱེ་མིན་ནོ་ཞེས་པའི་གླེང་གཞི་ཆེན་པོ་བཅུག་གོ །ཆོས་རྗེ་བསྟན་འཛིན་པའི་ངོས་འཛིན་དང་མཇལ་དཀའ་ཞུས་པའི་ལེའུ་སྟེ་གསུམ་པའོ། ༈ ན་མོ་གུ་རུ། བྱང་ཆུབ་སེམས་དཔའ་ཆེན་པོ་ལུང་རིག་རྒྱ་མཚོ་དེ་ཉིད་དཔལ་འཁོར་ཆོས་སྡེ་ཆེན་པོའི་བླ་བྲང་དཀར་པོ་ན་བཞུགས་པའི་སྐབས། སྟག་ལོ་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་དཔལ་འཁོར་ལོ་སྡོམ་པའི་ཆོ་ག་གཅིག་མཛད་པའི་ནུབ་མོ་རྨི་ལམ་དུ་རྗེ་དེ་ཉིད་དང་མཇལ་ཞིང༌། དགེས་པའི་འཛུམ་ཞལ་དཔག་ཏུ་མེད་པ་དང་གསུང་གླེང་དངོས་སུ་མཇལ་བ་ལྟར་གྱི་དགའ་བ་དཔག་ཏུ་མེད་པ་མཛད་པ་བྱུང༌། ཐོ་རངས་ཁར་བུད་མེད་རྒྱན་གོས་མཛེས་པ་ལ་སོགས་མང་པོ་ནམ་མཁའ་ལ་དགྱེས་པའི་གར་བསམ་ལས་འདས་པ་བྱེད་ཅིང་ཐམས་ཅད་ཀྱིས་ཀྱང་མགྲིན་གཅིག་ཏུ་དཔལ་ནག་པོ་སྤྱོད་པ་འགྲོ་བ་སེམས་ཅན་གྱི་དོན་ལ་བྱོན་པ་དེ་ནི། ལྷའི་ཡུལ་གྱི་བྱེ་བྲག་དཔའ་བོ་དང་མཁའ་འགྲོ་མའི་འདུ་ས་རྒྱ་བོད་ཀྱི་མཁས་གྲུབ་དུ་མའི་བརྟེན་པའི་གནས་ཁ་རག་འབྲང་གི་ཕུ་ནས་བྱོན་ཡོད་པ་ལུང་རིག་རྒྱ་མཚོ་ཞེས། རྣ་འོན་པོ་མཚན་ལྡན་བླ་མའི་དྲུང་དུ་མྱུར་བ་ཉིད་དུ་གཤེགས་པར་འཚལ། ཞེས་མགྲིན་གཅིག་ཏུ་ཟེར་རོ། །དེ་མ་ཐག་ཏུ་མནལ་ཡང་སངས་བར་བྱུང་བ་དང༌། ནམ་ལངས་འདུག་སྐུ་ལུས་སྔར་དང་མི་འདྲ་བའི་བདེ་བ་ཆེན་པོས་གང་བ་དང༌། ཐུགས་དགའ་སྤྲོ་བརྗོད་མི་ཤེས་པ་ཞིག་བྱུང་བས་བདག་གི་བླ་མ་དེའི་སྤྲུལ་སྐུ་དེ་ཉིད་ཅིག་


TNT20_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་ཡོད་པ་ཐག་ཆོད་འདུག །མདང་རྨི་ལམ་དུ་བྱུང་བའི་བུད་མེད་དེ་རྣམས་མཁའ་འགྲོ་མའི་ལུང་བསྟན་པ་ཞིག་ཡིན་པར་གདའ་དགོངས་ནས་ཐུགས་དམ་གྲོལ་བ་དང༌། སྔར་དང་མི་འདྲ་བའི་སྐུ་བདེ་ཚོར་བྱེད་ཅིང༌། རབ་གསལ་དུ་ཕེབས་པ་དང༌། ཉི་མ་ཤར་བ་དང་གསོལ་དཔོན་གྱི་ཇ་ཁྱེར་བ་དང༌། སྡེ་པ་སྣ་དཀར་རྩེ་བས་བང་ཆེན་ཞུ་ཤོག་རྟེན་དང་བཅས་པ་འབྱོར་བ་མཉམ་དུ་བྱུང་བས། སྣ་དཀར་རྩེ་བའི་ཞུ་ཤོག་ལ་གཟིགས་པས། འབྲང་ཕུ་ན་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་སྐུ་སྐྱེ་ཡིད་ཆེས་ཤིང་གསལ་བ་ངེས་ཤེས་འདྲོངས་པ་ཞིག་འདུག་པ་སོགས་ཀྱི་རྒྱས་བཤད་དུ་འདུག་པ་ཁོང་བང་ཆེན་གཉིས་ཀྱང་སྐུ་གཞོགས་སུ་བཏང་ནས་འབྲང་ཕུའི་དྲི་བ་གནང་ནས། ཁོང་གཉིས་ཀྱི་འབྲང་ཕུའི་གནས་ཚུལ་རྣམས་ཞུས་པས། དེ་དང་པོ་མཁན་ཆེན་རང་ལ་ཞལ་གདམས་དང༌། ཡུལ་བཀོད་པ་ཤོག་ཁྲ་ཞིག་གནང་བ་དང་མཐུན་བྱུང་བས་མཁན་ཆེན་ནི་ཆར་འདོད་བྱེའུ་འབྲུག་སྒྲ་བཞིན་དགའ་བ་བརྗོད་ཀྱི་མི་ལང་བ་བ་སྤུ་གཡོ་བ་བཞིན་དུ་བྱུང་ཞིང་མཁན་ཆེན་གྱི་གསུངས་ནས་མདང་རྨི་ལམ་དུ་ཡང་བདག་གི་བླ་མ་དང་མཇལ་བ་ཡང་རྨིས། ད་ནང་རྟེན་འབྲེལ་སོགས་གང་གི་ས་ནས་ཤིན་ཏུ་ལེགས། སྡེ་པ་བསྟན་འཛིན་པ་ཞེས་པའི་མིང་བཀྲ་ཡང་ལེགས་པ་འདི་དག་དང༌། བདག་གི་བླ་མའི་ལུང་བསྟན་མཛད་པ་རྟེན་འབྲེལ་སོགས་འདི་ལྟ་བུའི་ལེགས་གསུང་ཤིན་ཏུ་དགྱེས་པར་གྱུར། དེའི་ཉིན་རང་རྩང་བྱང་གི་གྲྭ་རིགས་སྦྱིན་བདག་ཆེ་གྲ་རྣམས་མི་སྣ་བསྐུལ་བའི་ཕོ་ཉ་བར་བཏང༌། དེ་དག་རྣམས་ནས་ཀྱང་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་


TNT20_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་སྣ་རྟ་པ་ལྔ་དྲུག་རེ་དང༌། ཡབ་ཡུམ་ལ་འབུལ་བ་དང་བཅས་སོ་སོ་ནས་བྱུང་མཁན་ཆེན་དཔོན་སློབ་དབུ་མཛད་པའི་རྩང་བྱང་གི་གྲྭ་རིགས་སྡེ་དཔོན་སོ་སོའི་མི་སྣ་དང་བཅས་པའི་རྟ་པ་བརྒྱད་ཅུ་རྩ་ལྔ་ཙམ་རང་རང་སོ་སོའི་ཡོ་བྱད་དང༌། འཁོར་བུ་རྟ་མང་པོ་དང་བཅས་ནས་ཧོར་ཟླ་དགུ་བའི་ཡར་ཚེས་བཟང་པོ་བེའུ་སྤེལ་གྱི་འགྲུབ་སྦྱོར་ལ་རྒྱལ་དཀར་རྩེའི་དཔལ་འཁོར་བདེ་ཆེན་ནས་འབྲང་གི་ཕུ་ལ་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་པར་ཆས། སྣ་དཀར་རྩེར་ཞག་གཅིག་མལ་ཞིག་མཛད། འབྲང་ཕུར་སྔ་མགྱོགས་སུ་རྟ་པ་གཉིས་བཏང་ནས་དེའི་ནུབ་ཡར་གཟིགས་སུ་བཞུགས། ཁོང་སྔ་མགྱོགས་པ་རྣམས་ཀྱང་འབྲང་ཕུར་བྱོན་མཁན་ཆེན་དཔོན་སློབ་རྣམས་མཆོག་གི་སྤྲུལ་སྐུ་སྤྱན་འདྲེན་དུ་ཕེབས་ཀྱིན་ཡོད་ངེད་ཚོར་སྙན་འབུལ་ཞུ་རུ་ཡོང་བ་ཡིན། དེ་ལམ་ཁོང་དཔོན་སློབ་ཤིན་ཏུ་རགས་བསྡུས་མང་པོ་ཡོད། དོ་ནུབ་ཡར་གཟིགས་སུ་ཕེབ་རྒྱུ་ཡིན། སང་ཉིན་སྔ་མོར་ཕེབས་ཡོང༌། དེ་ཀའི་གྲ་བཤོམ་གནང་དགོས་ཟེར་བས། ཡབ་ཡུམ་རྣམས་མ་མཉེས་ཤིང༌། ཁོང་དཔོན་སློབ་མང་པོ་ཞིག་འོང་ནས་ངེད་ཀྱི་བུ་ཆུང་འཕྲོག་རྩིས་ཨི་ཡིན། ཁོང་རྟ་ཧྲག་མི་ཧྲག་བྱས་ཀྱང་ངའི་བུ་ཆུང་ཅི་ལ་འཕྲོག་རྒྱུ་ཡིན་པ་ཁྱེད་གཉིས་པོ་ཡང་སོང་འདི་ཚོར་མ་སྡོད་ཅིག །འཕྲལ་དུ་ལོག་པ་དགའ་འབང་གི་བུ་འཕྲོག་པ་བྱུང་ན་འདི་ལས་དགྲ་ཆེ་བ་མེད་ཁོང་རང་དཔོན་སློབ་རྣམས་ཀྱང་ངེད་སྔགས་པའི་དགྲ་འདི་མི་དགའ་ངེད་ལ་ཆོས་སྐྱོང་རི་དྭགས་ལ་ཤ་ཁྱི་ལས་སྦུང་རྦད་སླ་བ་མཐུ་གློག་དམར་ལས་མྱུར་བ་ཞིག་ཡོད། སུ་གང་ཡང་


TNT20_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས་པ་མ་བྱེད་ཅིག་ཟེར་ཁོང་རྣམས་ལ་ཁྲིམས་གཏམ་མང་དུ་བསྒྱུར་ནས། ད་ལྟ་སོང་ཟེར་ཞིང་གོས་གོང་བ་ནས་བཟུང་སྟེ་ཕྱིར་ཕུད་དོ། །ལུང་པའི་མི་རྣམས་ཀྱང་བླ་བྲང་པའི་སྲས་འདི་འཁྲུངས་ནས་ཡུལ་འདི་བཀྲ་ཤིས་པ་བྱུང༌། འདི་ནི་ཕྱིར་འགྲོ་རུ་མི་འཇུག །འདི་ཕྱོགས་གཞན་ལ་སོང་ན་ཡུལ་འདི་ཅི་འདྲ་ཞིག་ཡོང་མི་ཤེས་ཟེར་ཞིང་སྡུག་བསྔལ་བར་གྱུར། ཡབ་ཡུམ་རྣམས་ཤིན་ཏུ་ཡིད་མུག་པར་གྱུར་ཏེ། མཆོག་གི་སྤྲུལ་སྐུ་ནི་ཤིན་ཏུ་མཉེས་པས། ལུང་རིག་པ་ངའི་གྲྭ་པ་དམ་ཚིག་དང་ལྡན་པ་སྨོན་ལམ་དང་འབྲེལ་བ་ཞིག་ཡིན་པས་འདི་ང་ཡི་རྩར་ཕེབས་སུ་ཆུག ཁོང་སྔ་མགྱོགས་པ་འདི་གཉིས་ཡང་ནང་དུ་ཁྲིད་ལ་ལྟོ་སྦྱིན་ཞིག །ཡབ་ཡུམ་རྣམས་ཀྱང་དེ་བཞིན་དུ་སྡུག་བསྔལ་བར་མ་མཛད་ཅིག །བདག་ཀྱང་བདག་རང་གི་དགོན་པ་དང་གྲྭ་རིགས་རྣམས་དང༌། དད་ལྡན་གྱི་འགྲོ་བ་སེམས་ཅན་གྱི་དོན་དུ་ཆོས་ཟབ་མོ་ཞིག་བྱས་ནས། རྒྱལ་ཁམས་ཐམས་ཅད་ལ་འགྲོ་བ་སེམས་ཅན་གྱི་དོན་དུ་ཉི་ཟླ་ལྟར་འགྲོ་འོ་གསུངས་ནས། ཡབ་ཡུམ་རྣམས་ཀྱི་ཐུགས་གསོལ་ཤིང༌། སྤྲོ་སེམས་གཞན་དང་མི་འདྲ་བའི་སྒོ་ནས་ཞལ་བརྡ་མཛད་ཅིང༌། ཁོང་སྔ་མགྱོགས་པ་རྣམས་ལ་ཞུ་ལན་རྒྱས་པར་གནང༌། སང་མཁན་ཆེན་ལུང་རིག་པ་ལ་བསུ་ཆང་གྱྀས་ཤིག་གསུངས་སོ། །སང་ཉིན་དེ་འབྲང་ལ་རུ་ཕེབས་པའི་ཚེ་མི་ལམ་རྒྱུས་ཤེས་པ་རྣམས་ཀྱི་འབྲང་ཕུ་ཟེར་བ་འདི་ཡིན་ནོ། །ཟེར་ནས་མཛུབ་མོ་བཙུགས་པས་མཁན་ཆེན་གྱི་ཕྱག་ན་སྔོན་རྗེ་བཙུན་གོང་མའི་ཞལ་གདམས་


TNT20_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དཔེ་ཤོག་ཁྲ་སོགས་གནང་འདུག་པ་དང་ཨི་མཐུན་ཞལ་ཕྱེ་ནས་ལེགས་པར་གཟིགས་པས། འདི་གཉིས་ནི་ཐིག་བཏབ་པ་དང་འདྲའོ་གསུངས་ནས་འབྲང་གི་ཕྱོགས་ལ་ཕྱག་འཚལ་བར་མཛད་ནས་ཐུགས་དགྱེས་པར་འགྱུར་ཞིང༌། དང་པོ་བླ་མ་དེ་ཉིད་ཀྱི་བདག་ལ་ཤོག་ཁྲ་གནང་བ་དེ་ནི་ཡུལ་འདིའི་ཁོག་ཤར་གྱི་རི་མཎྜལ་ལྟར་ཡོད་པ། བྱང་རི་ནག་པོ་གནམ་དུ་ལངས་པ་འདྲ་བ། ནུབ་གངས་དཀར་པོ་རྒྱལ་བློན་གྱི་ཚུལ་དུ་ཡོད་པ། མེ་ཏོག་པདྨ་ཁ་ཕྱེ་བ་འདྲ་བ། རྩ་བ་ཆབ་གནས། ཡུལ་གྱི་ཆུ་བོ་ཐམས་ཅད་དབུས་སུ་འབབ་པ། རི་ཀླུང་ཐམས་ཅད་སྨན་ལྗོངས་དྲི་ཞིམ་པོས་གང་བ། བྱ་རི་དྭགས་སྣ་ཚོགས་པས་མཛེས་ཤིང༌། ཤིང་ཚེར་མ་ཅན་གྱི་ནགས་ཚལ། རྒྱབ་རི་དར་དཀར་གྱི་ཡོལ་བ་འདྲ་ཞིང༌། མདུན་རི་དཔའ་བོ་ཆས་སུ་ཞུགས་པ་བཞིན་གནས་གཞི་བྱ་ངང་པའི་སྒོ་ང་འདྲ་བ་ཞིག་ཏུ་འབྱོན་པར་མཛད་པ་ཡིན། ཤོག་ཁྲ་ཞལ་གདམས་གཉིས་ཀ་ནས་འདི་ཤིན་ཏུ་གསལ་བར་གདའ། འདི་ལྟ་བུ་ཐམས་ཅད་མཁྱེན་པ་ཆེན་པོ་འཇིག་རྟེན་གྱི་ཁམས་ན་ད་ལྟ་ཞལ་གསུང་ཐོས་པ་འདི་འོ་ཅག་ཚོ་བསོད་ནམས་ཆེ། བསྐལ་པ་བཟང་པོ་ཡིན། ན་ནིང་ནས་ལྷ་བདག་པོའི་སྐུ་སྐྱེ་ཆུ་ཤེལ་བ་དེ་ནས་སྤྱན་དྲངས་ཟེར་བ་དེ་ཡང༌། ཡུལ་འདི་དང་འདྲ་སེ་བ་འདུག་པས་བདག་གིས་བླ་མ་དེ་ཁོང་རྣམས་ཀྱིས་བླ་མའི་ངོས་འཛིན་བྱས་པ་མིན་ནམ་བསམ་སེམས་མ་བདེ་བ་འབྱུང་ཞིང༌། བླ་མ་ལ་གསོལ་བ་དྲག་ཏུ་བཏབ་པས། ནུབ་གཅིག་ནམ་མཁའ་ལ་བདག་གི་བླ་མའི་ཆོས་སྐྱོང་ཡིན་


TNT20_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའི་མི་ནག་པོ་རྟ་ནག་ལ་བཞོན་པ་ལག་ན་མདུང་དར་ནམ་མཁའ་གང་བ་ཞིག་ཀླད་ལ་བསྐོར་ཞིང༌། ཧ་ཧའི་གད་མོ་འབྲུག་སྒྲ་ལྟར་སྒྲོགས་པ། ནམ་མཁའ་ལ་མེ་དང་གློག་དམར་རབ་ཏུ་འཁྱུག་པ་ཞིག ཉི་མ་དབུས་ཀྱིས་ཕྱོགས་ནས་མཚན་ལྡན་བླ་མའི་སྤྲུལ་སྐུ་བལྟམས་ནས་ཞག་ཁ་ཅིག་སོང་ངོ༌། །ངེད་སྐྱེད་བསྲིང་པའི་བར་ཆད་སྲུངས་བར་འགྲོ་བ་ཡིན་ཟེར་ཞིང་ས་དང་བར་སྣང་ཐམས་ཅད་གཡོ་བ་ཞིག་བྱུང་བས་བླ་མ་དེ་དང་མཇལ་བ་འདུག་བསམ་ནས་བློ་བདེ་བ་ཞིག་བྱུང༌། ཁྱད་པར་ཉི་མ་དེ་རིང་ནས་མི་བདག་གི་བསམ་དོན་ཐམས་ཅད་འགྲུབ་བོ་གསུངས་ཞིང་དགྱེས་པའི་རྣམ་འགྱུར་མང་པོ་དང་བཅས་ཏེ། ལ་བབས་ནས་ཕེབས་ལ་དམངས་ཀྱི་ད་ལ་ལྟ་ལ་སྣང་སྤང་འབོར་གྲགས་པའི་མདུན་དུ་ཕེབས་པའི་ཚེ་ཆོས་འཁོར་སྡིངས་གཟིགས་པས་ཤོག་ཁྲ་ན་ཡོད་པའི་བཀོད་པ་དང༌། སྤུ་ཙམ་གྱི་འཁྲུལ་པ་མི་འདུག །འདི་ལྟར་གསལ་བ་ཡོད་པ་འདི་ཐམས་ཅད་མཁྱེན་པའི་གཟིགས་པ་ཆེན་པོ་ཡིན་པ་འདུག །དེ་ལྟར་ན་ཁོ་བོ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་གདའ་གསུངས་ཞིང་ཞལ་འཛུམ་མུལ་གྱི་ཤོར་ནས་ཆིབས་བཤོལ་ནས་ཆོས་འཁོར་སྡིངས་ལ་ཕྱག་མང་དུ་མཛད། ཐལ་མོ་སྦྱར་ཞབས་པུས་མོ་ས་ལ་བཙུགས་སྟེ་མཎྜལ་རྒྱས་པ་ཞིག་དང་ཡན་ལག་བདུན་པ་ལན་གསུམ་མཛད། དེ་ནས་ཆོས་འཁོར་སྡིངས་ཐུག་གི་བར་ཞབས་ཐང་ལ་ཕེབས་པ་ཡིན་ཞིང༌། བཀྲ་ཤིས་བྲག་ཏུ་ཕེབས་པའི་ཚེ་བླ་བྲང་ནས་བསུ་ཆང་ཆང་བརྫིའུ་ཤིན་ཏུ་ཆེ་བ་ལྔ་ཇ་སྟིབས་རྒྱུགས་བྱུང་བས། མཁན་ཆེན་གྱིས་གསུང་ནས། ཕྱི་ནང་གི་


TNT20_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་ཤིན་ཏུ་ལེགས། ད་སེར་འཕྲེང་དང༌། རོལ་མོ་སོགས་གྱིས་གསུངས་ནས། དུང་ཆེན་ཆ་གཉིས་དང་དུང་དཀར་ཆ་གཅིག རྒྱ་གླིང་ཆ་གཅིག །མཁར་རྔ་ལ་སོགས་པའི་རོལ་མོ་མང་པོའི་སྒྲ་དང་བཅས་ཆོས་འཁོར་སྡིངས་སུ་ཕེབས་སོ། །བཞུགས་གནས་གཡུལ་ས་ཆེན་པོ་རུ། གུར་དཀར་པོ་བསམ་ལས་འདས་པ་ལ། ཡོལ་གོར་ཕྱི་ནང་མང་པོ་དང༌། བླ་རེ་གདུགས་དང་རྒྱལ་མཚན་དང༌། བ་དན་དག་དར་ལྕོག་བསམ་ལས་འདས་པ་ནི། ལྷའི་ཡུལ་རྣམ་པར་རྒྱལ་བའི་ཞིང་ཁམས་ལྟར་ལོངས་སྤྱོད་མངའ་ཐང་བརྗོད་ཀྱི་མི་ལང་བ་བྱུང་ངོ༌། །རྗེ་བཙུན་མཆོག་གི་སྤྲུལ་སྐུ་དང༌། ཆོས་རྗེ་མཁན་ཆེན་གཉིས་ནི་གཅིག་གི་གཅིག་ལ་འཇུས་ཤིང༌། དགྱེས་པའི་གསུང་གླེང་ཟབ་མོ་འཆད་ཅིང༌། བཞུགས་ཁྲི་ཆེན་པོ་རྒྱ་དཔངས་མཐོ་བ་རེ་ལ་བཞུགས་སོ། །ཆོས་རྗེ་མཁན་ཆེན་གྱི་རྗེ་བཙུན་སྤྲུལ་སྐུ་ལ་ཕྱག་འཚལ་གསེར་ཞོ་ཉི་ཤུ་རྩ་ལྔ། གོས་དར་སོགས་ཀྱི་དགུ་ཚན་གཉིས་ཕུལ། དེ་སྐབས་མེ་ཏོག་གི་ཆར་བབ་ཅིང༌། འཇའ་དཀར་པོ་གུར་ཕུབ་པ་སོགས་བྱུང༌། དེ་ནས་ཞག་པོ་དྲུག་ནས། མཁན་ཆེན་དཔོན་སློབ་རྣམས་གོང་དཀར་སོགས་ལ་ཞག་པོ་བདུན་ཕེབས་ནས། མཆོག་གི་སྤྲུལ་སྐུ་རྩང་ཕྱོགས་ལ་སྤྱན་འདྲེན་གྱི་དགོངས་བ་ཞུ་བར་ཐེགས། དེ་སྐབས་འབྲང་ཕུ་གོང་དཀར་བའི་བདག་རྐྱེན་མཛད་སྐབས་ལགས། ཡར་ཕེབས་དུས་ལ་ནང་དཀར་མོ་བྱ་བའི་ཞིང་ཁར་གུར་ཕུབ་ནས་དེར་ཞག་པོ་བདུན་བཞུགས་པ་གནང༌། མཆོག་གི་སྤྲུལ་སྐུ་ཡང་ཉིན་རེ་བཞིན་གུར་


TNT20_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་དུ་ཕེབས། གུར་དུ་ཕེབས་དུས་ནམ་མཁའ་ནས་མེ་ཏོག་གི་ཆར་དང༌། འཇའ་འོད་དཀར་པོ་དང༌། སིལ་སྙན་དང༌། དུང་དང༌། པི་ཝཾ་དང༌། རྔ་ཆུང་རྣམས་ཀྱི་སྐད་སྙན་པ་བསམ་ལས་འདས་པ་ཉིན་རེ་བཞིན་བྱུང༌། དེ་དུས་ཡབ་ཡུམ་རྣམས་ལ་གསེར་ཞོ་ལྔ་བརྒྱ། རྟ་ཕོ་སེར་པོ་གཅིག བྱི་རུ་སྤོས་ཤེལ་བད་བུ་གང༌། ཟངས་ལྕགས་གོས་དར། རས་ལ་སོགས་པའི་དགུ་ཚན་བཅུ་གཅིག་འབུལ་བ་མཛད་དེ། སྣ་དཀར་རྩེ་ནས་སྡེ་པ་བསྟན་འཛིན་པས། སྐུ་རྫི་བ་གཅིག རྟ་འཛམ་གླིང་རྡོ་མགྱོགས་ཟེར་བའི་རྟ་གཅིག་རྟ་རྫི་དང་བཅས་པ་མཆོག་གི་སྤྲུལ་སྐུ་ལ་ཕུལ། ཡབ་ཡུམ་རྣམས་ལ་གསེར་ཞོ་བཞི། ཁྲོ་གཅིག་རས་དར་གྱི་དགུ་ཚན་གཅིག །ས་ཆ་ཐེམ་སྐང་ཉི་ཤུའི་བཀའ་བཞེས་དང་བཅས་གནང༌། ཟླ་བ་བཅུ་པའི་ཚེས་བཞི་ལ་རྩང་ཕྱོགས་ལ་ཆིབས་ཁ་བསྒྱུར་བ་ཡིན་ཞིང༌། ཡུལ་གྱི་མི་མང་པོ་དང༌། ཡབ་ཡུམ་གྱི་བཀྲ་ཤིས་བྲག་མདོ་ཐུག་གི་བར་ཕེབས་སྐྱེལ་ལ་ཕེབས། བཀྲ་ཤིས་བྲག་ལ་ཡི་གེ་རང་བྱོན་སྔར་གཅིག་ལས་མེད་པ་ལ་དེའི་ཉིན་མཆོག་གི་སྤྲུལ་སྐུའི་ཕྱག་གིས་རེག་པ་རྣམས་ལ་ད་ལྟ་ཡང་ཡི་གེ་གསལ་བར་ཡོད། འདི་ཡང་འཁོར་ལོ་སྡོམ་པའི་སྙིང་པོ་ནི་ཡིན། བྱ་བྱེའུ་དང་རི་དྭགས་རྣམས་ཀྱང་སྐྱོ་བའི་རྣམ་འགྱུར་དང༌། ཕེབས་སྐྱེལ་གྱི་རྣམ་པར་བྱུང༌། ཡུལ་གྱི་མི་རྣམས་ནི་ཐམས་ཅད་མཁྱེན་པ་ལ་ལྟ་ཞིང༌། འོ་དོད་ཆེན་པོ་འདོན་ཏེ། ལ་ལ་སྨོན་ལམ་བཟང་པོ་འདེབས་ལ་ལ་ནི་བདག་ལྟ་བུ་སེམས་ཅན་སྐལ་བ་མེད་པ་རྣམས་ལ་ཐུགས་རྗེས་གཟིགས་ཤིག་ཟེར་


TNT20_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ལུས་ས་ལ་རྡེབ། ལ་ལ་ནི་ངེད་ཡུལ་མི་རྣམས་ད་ཅི་འདྲ་ཞིག་ཡོང་ཟེར་གདོང་མཆི་མས་གང་ཞིང་སྨྲེ་སྔགས་འདོན་པ་བྱུང༌། ཡུལ་མི་ཕལ་ཆེར་བ་ལ་ཐུགས་ཕྱིར་འབྲངས་དེ་ཐུབ་བྱ་རི་དྭགས་རྣམས་ཀྱིས་ཀྱང་ཕེབས་སྐྱེལ་ལ་ཡོང༌། དུས་དེ་ནས་ལོ་བཅུ་གཅིག་བར་དུ། མཆོག་གི་སྤྲུལ་སྐུའི་འབྱོན་སྐབས་བཞིན། མི་ལ་ཤི་ཆད་མེད་པ་དང༌། ལོ་ཕྱུགས་དང་འབྲས་བུ་རྒྱས་ཤིང། བྱ་རི་དྭགས་རྣམས་ཀྱང་གོང་དུ་འཕེལ། མདོར་ན་ཡུལ་དེ་ཡང་ཁྱད་པར་དུ་འཕགས་པ་བྱུང༌། ད་ལྟ་ཡང་མི་རྣམས་ཀྱི་གཏམ་རྒྱུད་གླེང་ཞིང་ཐམས་ཅད་ལ་རྒྱུས་ཡོད་པ་མང་པོ་ཡོད། ལྷག་པར་བདག་ཀྱང་ཤིན་ཏུ་ངེས་པར་ཡི་གེར་བྲིས་པ་ཡིན། དེ་ནས་མཆོག་གི་སྤྲུལ་སྐུ་དཔོན་སློབ་ཤིན་ཏུ་མང་བ་དང་བཅས། ཡར་འབྲོག་སྣ་དཀར་རྩེར་ཕེབས་སྡེ་པ་བསྟན་འཛིན་པ་ལ་སོགས་པའི་དཔོན་གཡོག་རྣམས་ལ་བླ་མའི་རྣལ་འབྱོར་དང༌། སྤྱན་རས་གཟིགས་ཀྱིས་སྒོམ་ལུང་གཅིག་གནང་བས། ཚང་མ་ཀུན་གྱི་ཧ་ལས་ཤིང༌། ཆུང་ཆུང་ནས་རྣམ་སྤྱོད་དང་སྤོབས་པ་འདི་ལྟ་བུ་ཟེར་ཞིང༌། དད་པ་ཆེན་པོ་གུས་པས་འདུད་དོ། །དེ་ནས་ཞག་བཅོ་ལྔ་ནས་རྒྱལ་རྩེར་ཕེབས། ཐུགས་སྲས་ལྷ་དབང་གྲགས་པ་དང་རིན་པོ་ཆེ་རྡོ་རིང་པ་དང༌། རྗེ་ཀུན་དགའ་དཔལ་བཟང་ལ་སོགས་པའི་གྲྭ་རིགས་མང་པོ་དང་མཇལ། རྒྱལ་རྩེ་བདག་པོ་ཞལ་ངོ་རྣམས་ཀྱི་ཡུན་རིང་དུ་ཞབས་ཏོག་བསམ་ལས་འདས་པ་ཞུས། དེ་ནས་ཐམས་ཅད་ལ་སྔར་གྱི་དྲི་བ་དང་གསུང་གླེང་རྗེ་དེ་ཚོ་དང་དངོས་སུ་མཇལ་བ་ལྟར་མཛད། དེ་ནས་སྒྲ་དང་རྩིས་ཚད་མ་རྣམ་འགྲེལ་


TNT20_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་མདོའི་ཕྱོགས་ལ་སྦྱང་པ་མཛད། བླ་མ་ཡང་རྗེ་བྲག་སྟོད་པ་དང༌། རྡོ་རྗེ་རིང་པ་དང༌། ཡེ་ཤེས་དབང་པོ་དང༌། ཀུན་དགའ་བཀྲ་ཤིས་དང༌། རྗེ་བྱམས་པ་ལྷུན་གྲུབ་དང༌། རྗེ་ལུང་རིག་རྒྱ་མཚོ་ལ་སོགས་པའི་བླ་མ་མང་དུ་བསྟེན་ནས། མདོ་རྒྱུད་ཐམས་ཅད་ལ་མཁས་ཤིང་སྐུའི་ཡོན་ཏན་དང༌། མཛད་པ་འཕྲིན་ལས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་ནི། ས་ཐོག་གི་ལྷ་འདྲེ་མི་གསུམ་ཚང་མ་ལ་རྒྱུས་ཡོད་པ་དེ་ཡིན་པར་འདུག །ཆེ་བརྗོད་མི་དགོས་ཤིང་རྗེ་བཙུན་ཐམས་ཅད་མཁྱེན་པ་རང་གི་མཛད་པའི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར་རྒྱས་བཤད་དུ་འདུག་པས་འདིར་མ་བཀོད། འདི་ནི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་གསལ་ཞིང་ནོར་འཁྲུལ་གཏན་ནས་མེད་པ་ཞིག་ཡིན། འདིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཕན་ཞིང་འགྲོ་བ་སེམས་ཅན་ལ་ཕན་བདེ་རྒྱ་ཆེན་པོར་གྱུར་ཅིག །ཅེས་རྗེ་བཙུན་བླ་མའི་རྣམ་ཐར་ཆུང་ངུ་འདི། །སྙན་ངག་སྡེབ་སྦྱོར་ལ་སོགས་པ་མི་ཤེས་པས། །འདི་ལ་གཟིགས་པོ་རྣམས་ཀྱིས་བཟོད་པར་གསོལ་ཅིག །དགུང་ལོ་བཞི་པ་ཡན་རྒྱུས་ཆེ་བའི་སྙན་ངག་སྡེབ་སྦྱོར་མེད་ཀྱང༌། ཀུ་སུ་ལིའི་ཡི་གེར་བཀོད་པ་ཡིན། འདི་ནི་སྐྱེ་ཡུལ་མ་ག་དྷཱ་དང་དབྱེར་མེད་པའི་འཕགས་ཡུལ་འབྲང་ཕུ་དང་ད་ལྟ་གནས་ངེས་མེད་བྱེད་པ། མཚན་ལྡན་བླ་མའི་མིང་གནང་བའི་ཚེ་བསྟན་དར་རྒྱས་རྡོ་རྗེ་ཕ་མས་མིང་བཏགས་པ་ཙིཏྟ་ཞེས་པར་གྱུར་པ། ཡོངས་རྫོགས་དགེ་བསྙེན་ལ་གནས་པ་བདག་གི་འཕགས་པ་འཇིག་རྟེན་དབང་ཕྱུག་གི་བསྒྲུབ་གནས་ཆེན་པོར་ཡོས་ལོ་ཧོར་ཟླ་ལྔ་པར་བྲིས་སོ།། །།བཀྲ་ཤིས་ཤོག །སརྦ་མངྒ་ལཾ། དགེའོ། །


previousརྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་དགུང་ལོ་བཞི་པ་ཡན་གྱི་རྣམ་ཐར་མདོར་བསྡུས།next