Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
རྗེ་བཙུན་བླ་མ་དམ་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་བླ་མ་དམ་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ།next

རྗེ་བཙུན་བླ་མ་དམ་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ།


TNT20_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བླ་མ་དམ་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ་ཞེས་བྱ་བ་བཞུགས།


TNT20_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་ར་ཝེ། དཔལ་ལྡན་བླ་མ་མཆོག་ཏུ་གྲུབ་པའི་དབང་ཕྱུག་ཀུན་དགའ་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ་ཞེས་བྱ་བ། རྗེ་བཙུན་བླ་མ་དམ་པ་གྲུབ་པའི་དབང་པོ་གང་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདེ་ཆེན་དངོས་པོ་ཀུན༵་གྱི་ངོ་བོ་ཉིད། །ལྷན་སྐྱེས་དག༵འ་བའི་ཡེ་ཤེས་མཆོག་བརྙེས་ཏེ། །དཔ༵ལ་ལྡན༵་སྐལ་བ་བཟ༵ང་པོ༵འི་གདུལ་བྱའི་ཚོགས། །རྡོ་རྗེའི་ས་ལ་འགོད་མཛད་གང་ཁྱོད་རྒྱལ། །ཕུན་ཚོགས་དངོས་ཀུན་ངོ་བོ་གདོད་ནས་རྙོགས་བྲལ་བདེ་ཆེན་རླབས་བརྒྱ་གཉེར་བ་ཆོས་ཉིད་མཆོག་གི་རྒྱ་མཚོ་དང༌། །ཟག་མེད་ཡོན་ཏན་ཆ་ཤས་རབ་བཀང་འོད་གསལ་ཆུ་མཐོང་རྗེས་འགྲོ་རྒྱལ་བ་ཀུན་གྱི་ཡེ་ཤེས་འོད་བརྒྱའི་མཛོད། །བཅུ་གཉིས་འཕོ་བ་དག་པས་བདེན་དོན་འོད་ཟེར་


TNT20_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཆོས་ལ་རྫོགས་པར་ལོངས་སྤྱོད་ཉིན་མོར་བྱེད་པའི་སྐུ། །བཅུ་དྲུག་དགའ་བའི་རྩེ་མོར་སོན་པས་དེ་ཉིད་མངོན་རིག་སྒྱུ་འཕྲུལ་རྡོ་རྗེའི་རང་བཞིན་དཔལ་ལྡན་བླ་མར་འདུད། །གང་ཡང་འཇིག་རྟེན་སྒྲོན་མེ་རྣམས། མུན་པའི་བསྐལ་པ་གཞོམ་པའི་ཕྱིར། །མོས་པར་ལྡན་པའི་གཞན་དབང་བཞིན། །དུས་དང་དུས་སུ་འཇུག་པ་ཉིད། །དེ་སླད་གྲུ་འཛིན་བདག་པོའི་ཐུགས་རྗེའི་ཟེར། །བོད་ཡུལ་ཀུན༵་དའི་དག༵འ་ཚལ་འདིར་ཤར་བ། །དཔ༵ལ་ལྡན༵་སྐལ་བ་བཟ༵ང་པོ༵འི་འདབ་མ་དག །ཆེས་ཆེར་རྒྱས་པའི་དུས་སྟོན་ལྷག་པར་འཕེལ། ཀུན༵་ལ་བྱམས་དང་བརྩེ་བས་སྐྱོང་བ་ལ། །དག༵འ་ལྡན་བདག་པོ་དེ་དང་དབྱེར་མེད་ཅིང༌། །དཔ༵ལ་འབྱོར་སྲིད་ཞིའི་ཕུན་སུམ་


TNT20_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་དངོས། །བཟ༵ང་པོ༵འི་འགྲོ་ཀུན་སྐྱོང་བའི་མཛད་པ་ནས། །དམ་པའི་མཛད་པ་ཕ་མཐའ་མེད་པའི་མཁའ། །བདག་བློའི་བུང་པས་གཞལ་བར་མི་ནུས་མོད། །འོན་ཀྱང་རང་ཉིད་མོས་དང་སྐལ་མཉམ་ལའང༌། །ཕན་ཕྱིར་མདོ་ཙམ་དགོད་ལ་སྐྱོན་ཡོད་མིན། རྣམ་ཐར་ངོ་མཚར་གསེར་གྱི་རྔ་བོ་ཆེ། །བསྐུལ་མཁས་དབྱུག་གུའི་བྱེད་པ་མང་སྟོན་པས། །དྲང་པོའི་དབྱངས་ཀྱིས་འབྲུག་སྒྲ་འབུམ་གྱི་ཤུགས། །འགོག་ནུས་འདི་ལ་ཐར་འདོད་རྣ་བ་བྱེ། །འདིར་བདག་ཅག་གི་འདྲེན་པ་དམ་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་རྗེའི་ཁྱད་པར་གངས་ཅན་ལྗོངས་འདིར་ངུར་སྨྲིག་འཛིན་པར་བསྟན་པ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་དམ་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་པ་ཐུན་མོང་དུ་གྲགས་པ་ཅུང་ཟད་བཀོད་ན། རྗེ་བཙུན་འདིའི་རིགས་རུས་ཆོ་འབྲང་ནི། རྒྱལ་ཐང་དུ་ལྷ་རྒྱལ་ཐང་དཀར་པོ་ལས་མཆེད་དེ། གཉག་སྟོན་ཤཱཀྱ་མུ་ནེ་ལ་སོགས་པ་མཁས་པ་དང་གྲུབ་པའི་དཔལ་འཛིན་པ་དང༌། འཇིག་རྟེན་གྱི་ལུགས་དང་རྗེས་སུ་འབྲེལ་བའི་དཔའ་བ་དང་རྟུལ་ཕོད་པ་དང༌། བློ་གྲོས་ཆེ་བ་དང༌། གཞུང་བཟང་བ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་པར་རིམ་པར་བྱོན་པ་ཞལ་ངོ་གཅིག་གིས་གློ་བོའི་ཕྱོགས་ཡུལ་དགེ་བཅུ་ཚང་ཞིང་བཀྲ་ཤིས་པའི་དགེ་མཚན་དུ་མ་དང་ལྡན་པའི་ཡུལ་ལྗོངས་སུ་ཕེབས། དེའི་ཚེ་ས་ཆེན་སྐྱོང་བ་དགེ་སྦྱོང་ཨ་མ་དཔལ་ཟླ་བ་གསར་དུ་ཚེས་པ་


TNT20_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔོན་བློན་དུ་གྱུར། སྒེར་དུའང་ཡངས་པའི་ས་ཆེན་པོ་ལ་དབང་མཛད། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་གདན་དྲངས། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཐུབ་ཆེན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་བཞེངས་པ། དགེ་འདུན་གྱི་སྡེ་འཛུག་པ་སོགས་ཀྱི་བདག་གཉེར་མ་ལུས་པ་མཛད། དེའི་སྲས་དབོན་དྲུང་ཚེ་དབང་བཟང་པོ་ཞེས་བྱ་བ་དེས། ཚངས་པ་ཆེན་པོ་བཀྲ་ཤིས་མགོན་སྐུ་མཆེད་ཀྱི་བཀའི་བློན་པོ་མཛད། ལུགས་གཉིས་ཀྱི་བྱ་བ་ལ་མཁས་པས་དཔོན་བློན་གཉིས་ཀའི་ཕྱྭ་སྲིད་ཡར་ངོ་ཟླ་བ་ལྟར་འཕེལ་དགྲ་བོའི་སྡེ་མི་བསྲུན་པ་མཐའ་དག་ཚར་བཅད། རང་སྲིད་རྣམས་བྱམས་པ་ཆེན་པོས་བསྐྱངས། ཐུབ་དབང་གཉིས་པ་པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་སློབ་མའི་ཚོགས་རྒྱ་མཚོ་ལྟ་བུས་བསྐོར་བ་སའི་ཕྱོགས་དེར་དཔོན་བློན་གྱིས་གདན་དྲངས། ལོ་གསུམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་མཛད་པ་སོགས་ལུགས་གཉིས་ཀྱི་བྱ་བ་བསམ་གྱིས་མི་ཁྱབ། སྤྲུལ་པའི་གང་ཟག་ཏུ་གྲགས། དེ་ཉིད་ཀྱི་གཅུང་པོ་ནི་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཡིན། དཔོན་དྲུང་ཚེ་དབང་བཟང་པོ་དེས་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་སྔ་མའི་སྲས་དབོན་དྲུང་ཚེ་དར་སྐྱབས་པ་སྐུ་མཆེད་རྣམས་ཡིན་ཞིང༌། ཕྱི་མའི་སྲས་ནི་དཔལ་འཁོར་ལོ་སྡོམ་པའི་ཡེ་ཤེས་ཀྱི་སྣང་བརྙན་རྗེ་བཙུན་དམ་པ་འཇམ་མགོན་གྲུབ་པའི་


TNT20_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་ཡིན་ནོ། །དཔོན་དྲུང་ཚེ་དར་སྐྱབས་པ་དེ་ཉིད་ལུགས་གཉིས་ཀྱི་མཁྱེན་པ་ཆེ་བས་མངའ་རིས་ཉིད་དུ་ཞལ་ངོ་སྔ་མ་རྣམས་ལས་ཀྱང་ཆེས་ལྷག་པ་ཙམ་མཛད་ཅིང༌། དབུས་གཙང་གི་ལྗོངས་སུ་བྱོན། པཎྜི་ཏ་ཆེན་པོ་ཤཱཀྱ་མཆོག་ལྡན་ལ་ཟབ་ཆོས་དུ་མ་གསན། གསེར་མདོག་ཅན་གྱི་གཙོས་པའི་དབུས་གཙང་གི་ཆོས་སྡེ་དང་ཆོས་འཁོར་ལྷ་ས་ལ་སོགས་པའི་གཙུག་ལག་ཁང་ཁྱད་པར་ཅན་ཕལ་ཆེར་མཇལ་ཞིང༌། དེ་ཐམས་ཅད་དུ་མང་ཇ་འགྱེད་བཅས། མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་ཕུལ། བྱང་ངམ་རིང༌། རྒྱ་མཁར་རྩེ་གཞིས་ཀ་རིན་སྤུངས་སོགས་སུ་རྒྱང་ས་རེ་བཞུགས་ཤིང༌། ཁྱད་པར་གཞིས་ཀར་ཞབས་དྲུང་ངག་དབང་རྣམ་རྒྱལ་ཤིན་ཏུ་དགྱེས། དེ་དག་ཏུ་སྒྱུ་རྩལ་ཐམས་ཅད་ལ་བྱང་ཞིང་བློ་གྲོས་ཆེ་བ་བློན་པོ་ཤིང་གི་ལག་པ་ཅན་ཞེས་གཙུག་ལག་གཉིས་ལ་ཕུལ་དུ་ཕྱིན་པའི་གྲགས་པ་ཅན་དེ། རྗེ་ཉིད་ཀྱི་ཡབ་ཡིན་ལ། ཡུམ་དཔོན་མོ་དཔལ་ཁྲིད་ཅེས་བྱ་བ་མཁའ་འགྲོའི་མཚན་རྟགས་དང་ལྡན་པ་དེ་ཡིན། དེ་གཉིས་ཀྱི་སྲས་སུ་མངའ་རིས་སྨད་ཀྱི་སའི་ཆ། སྨོན་ཐང་རྒྱལ་པོའི་ཁབ་དང་ཉེ་བའི་ནུབ་བྱང་མཚམས། བསམ་འགྲུབ་རབ་བརྟན་ཞེས་བྱ་བ། རྣམ་ཐོས་སྲས་ཀྱི་ཕོ་བྲང་ལྟ་བུ་དེར། དཔལ་གདོང་ཞེས་པ་ཆུ་མོ་བྱའི་ལོར་ཧོར་ལུགས་ཀྱི་ཟླ་


TNT20_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བ་བདུན་པའི་ཚེས་བཅུ་གཟའ་སྐར་དུས་སྦྱོར་བཟང་པོ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། དེ་ནུབ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་མནལ་ལམ་དུ། ཐུབ་པའི་གསེར་སྐུ་དྲི་མས་ཅུང་ཟད་གོས་པ་ཞིག་ལ་ཁྲུས་ཆབ་ཕུལ་བའི་མཚན་མ་བྱུང༌། དེའི་སར་ཁྲུས་ཞུ་མཁན་བྱུང་བས། དེ་ལ་བྱིས་པ་འདི་བསྟན་པ་ལ་ཕན་ཐོགས་མཁན་གཅིག་འོང་གིས་གཙང་སྦྲ་ལེགས་པར་གྱིས་གསུངས་སོ། །རྗཻ་དེ་དང་བྱང་སེམས་ཤེས་རབ་དཔལ་འབྱོར་གཉིས་ཀྱིས། རྗེ་འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་ནས་བསྲུང་འཁོར། བལྟམས་ནས་སྒྲོལ་དཀར། རྣམ་འཇོམས། སྨེ་བརྩེགས་སོགས་ཀྱི་ཁྲུས་ཆོག་དང་རྗེས་གནང༌། ཚེ་དབང༌། མགོན་པོའི་བཀའ་བསྒོ་སོགས་ཡང་ཡང་གནང་ངོ༌། །མཐོ་རིས་ཆུ་འཛིན་འཐུག་པོའི་འཕྲེང་བ་ལས། །ཉེ་བར་འོངས་པའི་རིགས་རྒྱུད་ཆུ་བོའི་རྒྱུན། །གཉག་སྟོན་ཤཱཀྱ་ལ་སོགས་དབུ་བ་ཡི། །འཛུམ་དཀར་རྒོད་པ་ཞིང་འདིའི་དཔལ་དུ་དངར། །མངའ་རིས་འཛིན་མའི་ལྟེ་བར་ལེགས་བྱས་ཀྱི། །མྱུ་གུ་སྨིན་པ་གུར་གུམ་གཞོན་ནུའི་འཕྲེང༌། །བསྔགས་འོས་དྲི་བཟང་འབར་བ་གློ་བོ་ཡི། །མི་དབང་རིམ་པས་སྤྱི་བོའི་རྒྱན་དུ་མཛེས། །དེ་ཡི་ལུགས་བཟང་རིན་ཆེན་འབྱུང་གནས་ཆེ། །རྒྱས་བྱེད་གཙུག་ལག་བདུད་རྩིའི་འོད་འབར་བ། །བཀའ་ཡི་བློན་པོ་ཕུར་བུའི་བློ་གྲོས་ཅན། །


TNT20_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རབས་དང་རབས་སུ་རིམ་པར་འབྱུང་བར་གྱུར། །དེ་ལས་སྒྱུ་རྩལ་སྲིད་སྒྲུབ་ཟིལ་གནོན་ཞིང༌། །ཚེ་དར་སྐྱབས་པ་ཤིང་ལག་ཅན་ཞེས་གྲགས། །དེ་ཡི་བཙུན་མོ་བདེ་སོགས་སྐྱེ་མཆེད་ཅན། །ལུས་མེད་རྩེ་དགའི་འཁྲི་ཤིང་དར་པའི་དཔྱིད། །ལང་ཚོའི་མེ་ཏོག་མཆོག་ཏུ་འཛུམ་པ་ཡི། །མཛེས་སྡུག་སྙིང་པོ་དཔལ་ཁྲིད་ཅེས་པ་བྱུང༌། །དགེ་བའི་ལས་ཀྱི་སྲད་བུ་ལ་རྒྱུས་པའི། །བསྔགས་པར་འོས་པ་རིན་ཆེན་ཅོད་པཎ་འཕྲེང༌། མཐའ་དག་སྐྱེ་བོའི་མགོ་ལ་འགོད་མཁས་པ། །འདོད་དགུའི་ཕུན་ཚོགས་ཅི་ཡང་དར་བར་གྱུར། །ཨ་དི་ཏི་ལས་ནམ་མཁའི་ནོར་བུ་དང༌། །རིན་ཆེན་འབྱུང་གནས་ཆེ་ལས་ཟླ་བ་བཞིན། །ཐབས་དང་ཤེས་རབ་འདུས་པའི་ངོ་མཚར་ལས། །ཟུང་འཇུག་མཚན་དཔེ་འབར་བ་གང་ཁྱོད་བལྟམས། །དེ་ནས་དགུང་ལོ་བདུན་ཙམ་བཞེས་ཀྱི་བར་ཁབ་ཏུ་བཞུགས་ཏེ་ཡབ་ཡུམ་གྱིས་བྱམས་པས་བསྐྱངས། དགུང་ལོ་བདུན་གྱི་སྟེང་དུ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་མཆོག་གྲུབ་ཀྱི་དྲུང་དུ། དགེ་བསྙེན་སྔོན་དུ་འགྲོ་བས་དབུའི་གཙུག་ཕུད་ཕུལ། ངུར་སྨྲིག་གི་རྒྱལ་མཚན་བཞེས་ཏེ་བར་མ་རབ་ཏུ་བྱུང་བ་དང༌། དགེ་ཚུལ་གྱི་སྡོམ་པ་ནོད་དེ་མཚན་ཀུན་དགའ་དཔལ་བཟང་དུ་འདོགས་པར་མཛད། ལས་པ་ཆོས་སྐྱོང་དཔལ་མཆོག་གིས་ཀློག་ཡིག་ཆོས་སྤྱོད་སོགས་ཉེར་མཁོའི་བསླབ་སྦྱངས་ཕུལ། རྗེ་ཀུན་དགའ་


TNT20_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གྲུབ་ལས་གོང་སྨོས་ཀྱི་དབང་བཀའ་རྗེས་གནང་ཡང་ཡང་དང༌། གཞན་ཡང་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་དབང་ལྷ་དགུ་སོགས་བཀའ་ཆོས་སོགས་མང་དུ་གསན་ཞིང་མཉམ་མེད་ཆོས་ཀྱི་རྒྱལ་པོ་ལས། སྒྲོལ་དཀར་རྗེས་གནང་ཁྲིད་བཅས། ཚེ་དབང་ལྷ་དགུ་དབང་མང་པོ་དང༌། མཉམ་མེད་ཉིད་ཀྱི་བཀའ་འབུམ་གྱི་ལུང་ལ་སོགས་པ་དང༌། མཁས་པའི་རྗེ་དཔལ་ལྡན་ཚུལ་ཁྲིམས་ལས་ཕག་དཀར་ཤེས་རབ་གསལ་བྱེད། འཇམ་དབྱངས་དམར་སེར་སོགས་ཀྱི་རྗེ་གནང༌། བྱང་སེམས་ཤེས་རབ་དཔལ་འབྱོར་ལས་ཚེ་དབང༌། རྒྱལ་ཐང་ལུགས་ཀྱི་གཅོད་འཁྲིད། རྗེ་བཙུན་མི་ལ་དང༌། གྲུབ་ཐོབ་གཙང་སྨྱོན་གྱི་རྣམ་ཐར་ལུང་སོགས་གསན། དེ་ནས་དགུང་ལོ་བཅུ་དགུ་པའི་སྟེང་དུ། འགྲན་ཟླ་དང་བྲལ་བའི་ཆོས་གྲྭ་ཆེན་པོ་ཐུབ་བསྟན་གསེར་མདོག་ཅན་དུ་ཐུགས་གཉེར་ལ་ཕེབས་བར་ཆས་ཏེ། ཉིད་ཀྱི་སྐུ་མཆེད་ཆོས་རྗེ་ཀུན་དགའ་བློ་མཆོག་དང་གཉིས་ཕྱག་གཡོག་ཏུ་སློབ་གཉེར་བ་ཤ་སྟག་གཏོས་ཆེ་བ་དང་བཅས་སྟོན་ཁ་མྱུར་བར་ཤངས་སུ་ཕེབས། དུས་དེའི་ཚེ་པཎ་ཆེན་ཆོས་ཀྱི་རྒྱལ་པོའི་ཁྲི་ཐོག་ལ་མཁས་མཆོག་བློ་གྲོས་བཟང་པོ་དང༌། ཤངས་པ་གྲྭ་ཁང་དུ་སློབ་དཔོན་མཁས་མཆོག་གཙུག་གི་ནོར་བུ་བཞུགས་པ་དང་མཇལ། མང་ཇ་དང་མཁན་སློབ་སོ་སོར་ཕྱག་མཇལ་


TNT20_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། དེ་མཚམས་གཙང་དུ་འབྲུམ་པ་བྱུང་བ་ནས་འབྲུམ་མཛེམ་དང༌། ཆོས་ཞུ་སྦྲགས་ཏེ་དབུས་སུ་ཕེབས། ཆོས་འཁོར་ལྷ་ས་གཙོ་བོར་གྱུར་པའི་གནས། རྟེན་ཁྱད་པར་ཅན་རྣམས་མཇལ་དེར་ཏྲེ་བོ་ཆོས་རྒྱལ་ལ་ཚེ་དབང་དང་ཕག་མོ་ལྔ་ཁྲིད་གསན། ཞོགས་རྩེ་དམར་དུ་ལོ་དེའི་ལྷ་བབས་དུས་ཆེན་ལ་རྗེ་དབུས་སྨྱོན་པ་གཤེགས་པའི་གདུང་མཇལ་གནང༌། ཞུན་ཐིག་མང་དུ་གསོལ། ལྕང་ལུང་ཆོས་སྡིངས་སུ་ཕེབས་ནས་རྗེ་གཞོན་ནུ་ཆོས་གྲུབ་ལ་མཇལ་ཁ་ཞུས་པས། མདང་དུང་དཀར་གཉིས་ཁ་སྤྲོད་བྱས་འབུད་པ་རྨིས་ཤིན་དུ་བཟང་གསུངས། དགྱེས་བཞིན་དུ་སྐུ་མཆེད་ཚ་རོང་ནམ་མཁའ་བློ་གསལ་དང་གསུམ་ཀས་ཚལ་དེར་པཎ་ཆེན་རིན་པོ་ཆེར་བརྒྱུད་པའི་གསུངས་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་སོགས་ལམ་སྐོར་ཞལ་བྱུང་མ་ལུས་པ་སོགས་དབང་ཁྲིད་ལུང་མཐའ་ཡས་པ་གསན། ཁྱད་པར་མནལ་ལམ་དུ་དར་ཚོན་གྱི་ཕུང་པོའི་ནང་ན་རུས་པའི་མདུད་པ་མ་ཞིག་པའི་ཀེང་རུས་ཀྱི་གཟུགས་ཅན་འཇིགས་སུ་རུང་བ་ཞིག་གཟིགས་པས། སང་གསོལ་བ་མ་བཏབ་པར་དུར་ཁྲོད་བདག་པོའི་རྗེས་གནང་སྩལ། མགོན་པོ་གུར་ལྕམ་དྲལ་ལྷ་བརྒྱད། ཞལ་བཞི་པ་བསྙེན་སྒྲུབ་སོ་སོའི་རྗེས་གནང༌། དེ་དག་དང་འབྲེལ་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདམས་


TNT20_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ངག་མཐའ་ཡས་པར་གསན། ཆོས་འཁོར་རྩེར་པཎ་ཆེན་རྡོ་རྗེ་རྒྱལ་མཚན་གྱི་དྲུང་དུ་གསུངས་ངག་རིན་པོ་ཆེ་ཆ་ཚང༌། སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ཇོ་ནང་ལུགས་གཙོ་བོར་གྱུར་པའི་གཞན་མ་བུ་ལུགས། དཔལ་ལྡན་བླ་མའི་ལུགས། ཤ་ཝ་རས་དམར་སྟོན་རིན་ཆེན་ཤཱཀྱ་ལ་གནང་བ་དང༌། པཎ་ཆེན་ནགས་རིན་གྱི་ལུགས་སོགས་ཀྱི་ཁྲིད་དང༌། རྒྱ་བོད་ཀྱི་ལུགས་སྲོལ་ཐ་དད་པ་མང་པོ་སོགས་རྒྱས་པར་གསན་ཞིང༌། མུན་ཁང་དང་ཉིན་མོའི་རྣལ་འབྱོར་སོགས་ལ་བརྟེན་རྩེ་གཅིག་ཏུ་མཉམ་པར་འཇོག་པ་གནང་བས་རྟགས་སྣང་འབྱམས་ཀླས་པ་མངོན་དུ་གྱུར། པཎ་ཆེན་གྱི་གསུངས་ནས་སྦྱོར་དྲུག་གི་སྒོ་ནས་ཁྱེད་ལ་འགྲོ་དོན་ཆེན་པོ་འོང་གསུངས་པའི་ལུང་བསྟན་པའང་ཐོབ། གཞན་ཡང་ཟབ་ཆོས་མཐའ་ཡས་པ་གསན་ནས། སླར་གསེར་མདོག་ཅན་དུ་ཕེབས། མཁན་ཆེན་ལས་ཚེ་དབང་དང༌། སྤྱི་ཆོས་ཐོབ་པ་གསན་ཞིང༌། སློབ་དཔོན་མཁས་མཆོག་གཙུག་གི་ནོར་བུའི་དྲུང་ལས། ཐོག་མར་ཕར་ཕྱིན་གྱི་གཞུང་ཆོས་རྒྱས་པར་གསན། དེ་ནས་རིམ་པར་འདུལ་བ། མངོན་པ་མཛོད། སྡོམ་གསུམ་རབ་དབྱེ་རྣམས་ལ་གསན་མཐིལ་ཕྱིན་པ་གནང༌། སླར་ཡང་དབུས་སུ་ཕེབས་ནས། སྔགས་ཆོས་ཀྱི་འཕྲོ་རྣམས་དང༌། བསྙེན་རྫོགས་ཞུ་བ་མཛད་དེ། ལྕང་


TNT20_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་པ་གཞོན་ནུ་ཆོས་གྲུབ་ཀྱིས་མཁན་པོ། པཎ་ཆེན་རྡོ་རྗེ་རྒྱལ་བས་ལས་སློབ། ལྕང་ལུང་པ་གཞོན་ནུ་རྒྱལ་མཆོག་གིས་གསང་སྟོན། རིགས་གཏེར་སློབ་དཔོན་ཆོས་རྗེ་བསམ་གཏན་པས་དུས་བསྒོ་བ་མཛད་ནས། དགེ་འདུན་གྲངས་ཚང་པ་ལས་བསྙེན་པར་རྫོགས་ཏེ་ཤིན་དུ་བཙུན་པའི་མཆོག་ཏུ་བཞུགས། ཕྱིར་ཕེབས་སྐབས་ལྕང་ལུང་རིན་པོ་ཆེ་ཉིད་ཀྱི་ཞལ་གཟིགས་ཀྱི་དཔལ་མགོན་གྱི་བྲིས་སྐུ་བྱིན་རླབས་ཅན་སོགས་ཀྱིས་གནང་སྦྱིན་དང༌། ཐུགས་བརྩེ་བའི་བསླབ་བྱ་ལུང་བསྟན་མང་དུ་གནང༌། པཎ་ཆེན་རྡོ་རྗེ་རབ་རྒྱལ་བས་ཀྱང་ཆོས་འཕྲོ་དང༌། གནང་སྦྱིན་བསླབ་སྟོན་རྒྱས་པར་བསྩལ། དེ་སྐབས་འཕན་ཡུལ་དུ་ཀརྨ་པ་མི་བསྐྱོད་རྡོ་རྗེ་དང་མཇལ། མ་ཎིའི་ལུང་བཀའ་འགྲེལ་དུ་གསན་ནོ། །དེ་ནས་གསེར་མདོག་ཅན་དུ་ཕེབས། མངའ་རིས་ནས་སྤྱན་འདྲེན་ནན་ཅན་བྱུང་ནས། མཁན་སློབ་སོ་སོའི་རྫོངས་ཆོས་གནང་སྦྱིན་བསླབ་བྱ་དཔག་མེད་གནང་ནས་མངའ་རིས་ལ་ཕེབས། ཕུན་ཚོགས་བསམ་གཏན་གླིང་གི་དགེ་འདུན་རྣམས་ཀྱིས་ཕེབས་བསུ་དང༌། སྐྱེ་བོའི་ཚོགས་མང་པོས་བསུས། ཐོག་མར་རྗེ་བཙུན་ཐམས་ཅད་མཁྱེན་པ་དང་མཇལ། བྱིན་གྱིས་བརླབས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་རྒྱ་ཧོར་དཔལ་བཟང་དང་མཇལ་ཞིང༌། བླ་མ་སློབ་དཔོན་སོ་སོ། སྡེ་


TNT20_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཔོན་བློན། སྐུ་ཉེ་རྣམས་དང་བཅས་པས་གཞི་ལེན་རྒྱས་པ་བྱུང༌། ཁྱི་ལོ་དེའི་དགུན་ལ་རྗེ་ཀུན་དགའ་མཆོག་གྲུབ་ཞིང་བརྗེས་ནས་ལོ་སྐོར་གཅིག་སོང་བའི་དུས་ཆེན་དང༌། རྗེ་བཙུན་ཐམས་ཅད་མཁྱེན་པའི་ཡུམ་གྱི་ལོ་མཆོད་སྦྲགས་པར་སྒྲུབ་མཆོད་རྒྱ་ཆེར་གནང་བའི་སྐབས། དེ་ཉིད་སྐུ་མཆེད་ཀྱིས་སྨན་བླའི་མདོ་མཆོད་ཀྱི་གཙོ་བོ གནང་། སྒྲུབ་མཆོད་གྲོལ་འཕྲལ་ཕུན་ཚོགས་བསམ་གཏན་གླིང་གི་གསེར་ཁང་དུ་རྗེ་སྐུ་མཆེད་གཉིས་ཀས་ཀྱཻ་རྡོ་རྗེའི་གཞིའི་བསྙེན་པ་སྦྱིན་སྲེག་དང་བཅས་པ་བར་ཆད་མེད་པར་གྲུབ་རྗེས། ཚེ་དཔག་མེད་ཀུན་རིག་སོགས་ཀྱི་ལྗགས་བསྙེན་མཛད། དེ་རྣམས་མཐར་ཕྱིན་ནས་སོས་ཀར། རྗེ་ཐམས་ཅད་མཁྱེན་པའི་དྲུང་དུ་གསུངས་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཆ་ལག་ཡོངས་རྫོགས། བརྟག་གཉིས་བཤད་པ། བདེ་མཆོག་ལཱུ་ནག་དྲིལ་གསུམ་གཤེད་དམར། འཇིགས་བྱེད་རྣལ་འབྱོར་མ་སོགས་ཀྱི་དབང་བྱིན་རླབས་ཁྲིད་ལུང་སོགས་མཐའ་ཡས་པ་དང༌། ཤངས་ཆོས་ཡོངས་རྫོགས། གཞན་ཡང་སྒྲུབ་ཐབས་བརྒྱ་རྩ། མགོན་པོ་ཆེ་ཆུང་གི་སྐོར། དམར་པོ་སྐོར་གསུམ་གྱི་རྗེས་གནང་སྒྲུབ་སྐོར་སོགས་བསམ་གྱིས་མི་ཁྱབ་པ་གསན། སྤྱིར་བླ་མ་སོ་སོ་ལས་བཀའ་ཆོས་བསམ་གྱིས་མི་ཁྱབ་པ་གསན་མོད། འདིར་བྲི་བར་མ་ནུས། རྒྱས་པར་གསན་ཡིག་སོགས་སུ་ཤེས་


TNT20_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ནས་རྗེ་དེ་ཉིད་དགུང་ལོ་ཉེར་དགུར་ཕེབས་པ་འཕར་བ་ཞེས་པ་ལྕགས་མོ་གླང་གི་ལོ་ཕུན་ཚོགས་བསམ་གཏན་གླིང་གི་གདན་ས་ལ་རྗེ་དེ་ཉིད་སྐུ་མཆེད། རྗེ་བཙུན་ཐམས་ཅད་མཁྱེན་པས་བཀོད་པ་གནང༌། པཎ་ཆེན་རིན་པོ་ཆེ་ཆོས་རྗེ་བློ་གྲོས་རྒྱལ་མཚན་ལ་གནང༌། དེས་རྗེས་ཀུན་དགའ་མཆོག་གྲུབ་དང༌། དེས་རྗེ་བཙུན་ཐམས་ཅད་མཁྱེན་པ་ལ་གནང་བའི་སྟོན་པའི་སྐུ། རྒྱ་དྲིལ་ཟླམ་སྐྱོར་ཆེན་གསུམ་གྱིས་གཙོས་པའི་གནང་སྦྱིན་སྟོབས་ཆེ་བ་དང་བཅས་ཤིས་བརྗོད་མེ་ཏོག་བཅས་བསྩལ། དེ་མཐུན་སྡེ་པ་དཔོན་སློབ་སོགས་ཐམས་ཅད་ཀྱིས་ཁྲི་སྟོན་འབུལ་བ་རྒྱས་པར་བྱས། དེ་ནས་རྗེ་བཙུན་ཐམས་ཅད་མཁྱེན་པ་དབུས་གཙང་ལ་ཕེབས་སྐྱེལ་ལ། བཀྲ་དུམ་གྱི་བར་དུ་སྐུ་མཆེད་གཉིས་ཀས་ཕེབས། དེར་སྐུ་མཆེད་གཉིས་དང་རྗེ་བློ་གྲོས་དབང་ཕྱུགཚ་རོང་ནམ་མཁའ་བློ་གསལ་སོགས་གློ་བོ་བྱང་དགོན་དང་བཅས་པའི་ཆེ་དགུ་ཐམས་ཅད་ཀྱིས་ཡར་གང་མྱུར་ཕེབས་དགོས་པས་རྒྱུ་མཚན་ནན་སྐྱེད་ཕུལ་ཞིང༌། བཀའ་ལས། ཁྱེད་འདིར་འདུས་ཀྱིས་དད་ལྡན་རྣམས་ལ་མ་ཡིན་ཏེ། །ལར་རང་ཡུལ་ཕྱོགས་ལྷུང་ཅན་གྱི་ཚེར་ནག་འདིར། །བློ་གཏད་སུ་ལ་བཀལ་ཡང་ཐུབ་པ་མེད། །མཁས་མཆོག་ངང་པའི་རྒྱལ་པོ་གྲོལ་མཆོག་དང༌། །ཉི་མ་དབུས་གཙང་དག་པའི་པད་མཚོ་རྙོག །གསུངས་པ་སོགས་ནས་ཡར་ཕེབས་པའི་ཞལ་བཞེས་མ་གནང༌། ཕྱིས་ཁྱེད་རང་སྐལ་ལྡན་རྣམས་དང་


TNT20_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲད་པ་འོངས་གསུངས་པ་བྱུང༌། ཕྱིས་སྐྱ་སྐྱར་དད་ལྡན་རྣམས་དང་མཇལ་བ་ལ་གསུངས་པར་ངེས་གསུངས། དེ་ནས་ཚུར་ཕེབས་ནས་དགོན་པའི་དུས་ཆོས་དང་སྐྱོང་དར་སྔར་སྲོལ་བཟང་པོ་གང་ཡོད་ལྟར་མཛད་ཅིང༌། མི་དབང་ཁྲི་ཐོག་པའི་བཀས་བསྐུལ་ཏེ། རི་ཤིང་སྡོམ་གསུམ་གླིང་གི་ཞལ་བདག་ཀྱང་གནང་ནས་འཛིན་སྐྱོང་སྤེལ་གསུམ་གནང༌། དེར་ཆོས་སྡེའི་ལས་སློབ་ཀྱིས་གཙོས་པའི་དགེ་འདུན་སྤྱི་དགོས་སུ་ཐུགས་འདོད་དང་བསྟུན་པའི་ཆོས་ཀྱིས་ཚིམས་པར་གནང༌། བློན་རིགས་དཔོན་རིགས་ལ་སོགས་ཀུན་གྱིས་ཀྱང་མོས་དད་ཆེན་པོས་རང་རང་གི་འདོད་ཆོས་ཞུ་བའི་འཕྲིན་ལས་ཡར་རྒྱས་ཀྱི་ངང་ནས་སྡེ་པའི་བཀའ་བཀོད་ཀྱི་ས་སྡེ་པ་ཨོ་ངའི་དྲུང་ཐུབ་བསྟན་གསེར་མདོག་ཅན་དུ། ཐུགས་གཉེར་ལ་ཕེབས་པའི་དབུ་འདོན་དང༌། གདན་ས་ཆེན་པོས་གཙོས་པའི་གྲྭ་དགོན་ཐ་དད་དུ་བསྙེན་བཀུར། །སློབ་གཉེར་བ་གཏོས་ཆེ་བ་དང་བཅས་མྱུར་ཤར་ཕེབས་ཏེ། ངམ་རིང་དུ་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་དང་མཇལ་ནས་སྨན་སྡིངས་སུ་ལོ་ཆེན་རཏྣ་བྷ་དྲ་དང་མཇལ། བཀའ་འགྲེལ་གསན། རིམ་པས་གསེར་མདོག་ཅན་དུ་ཕེབས། མཁན་ཆེན་ཆོས་རྗེ་འཇམ་དབྱངས་དཔལ་བཞུགས་པ་དང༌། ཤངས་པ་གྲྭ་ཁང་དུ་རྗེ་འབུམ་ཕྲག་གསུམ་པ་དགེ་འདུན་ཉི་མ་བཞུགས་པ་མཇལ། མང་ཇ་འགྱེད་བཅས་སོགས་རྒྱ་ཆེར་མཛད། མཁན་སློབ་ཐམས་ཅད་ཐུགས་ཤིན་དུ་


TNT20_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པར་གྱུར། ཨོ་ངའི་དྲུང་མཁན་ཆེན་གྱི་དྲུང་དུ་རབ་བྱུང་མཛད་པའི་རབ་སྟོན་ལེགས་པར་གྲུབ་ནས། དཔོན་སློབ་ཐམས་ཅད་ཐུགས་གཉེར་ལ་བཀོད་ནས། འབྲུམ་བུ་འཇོམས་པས་ཨོ་ངའི་དྲུང་ཆུ་དབར་ཆོས་རྫོང་སུ་ཕེབས། རྒྱང་ཙམ་སོང་ནས་རྗེ་འདིས་རྗེ་བཙུན་ཐམས་ཅད་མཁྱེན་པ་དབུས་ནས་ཕེབས་པའི་ཕེབས་བསུར་ལྷི་ཁུང་དུ་ཕེབས། དེར་མཇལ་ནས་བཀའ་བཀོད་ལ་ངེད་རྣམ་པ་རྣམས་བརྒྱུད་ནས་ཁྲི་ཁང་དུ་འགྲོ་བས་ཁྱེད་རང་དཔོན་སློབ་ཡང་དེར་ཤོག་གསུངས་པ་བཞིན། གསེར་མདོག་ཅན་དུ་ཕེབས་ནས་སྐུ་ཆས་གང་ཡོད་མང་ཇ་གྲྭ་ཇ་སོགས་སུ་བཏང༌། བསམ་འགྲུབ་རྩེ་བརྒྱུད་ཁྲི་ཁང་དུ་ཕེབས་པའི་ནུབ་མན་སྐུ་འབྲུམ་བསྙུང་ནས། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་པའི་དགོན་གནས་དེར་སྤོ་བ་གནང་ནས་ལེགས་པར་ངེས། དེ་ནས་དཔོན་སློབ་ཚང་མ་ཁྲི་ཁང་དུ་ཕེབས། རྗེ་འདིར་སྡེ་བ་མ་ཆིན་དྲུང་དུ། ཀིནྡྷ་རའི་སྒྲ་ལས་དྲངས་པའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པའི་གཱི་ཏ་ཡང་བསླབ་སྦྱངས་ཕུལ། སླར་བསམ་འགྲུབ་རྩེར་ཕེབས། བྲག་དམར་ཆོས་སྡེར་མཁན་ཆེན་གཙུག་གི་ནོར་བུ་མཇལ། དེ་ནས་སྣར་ཐང་ལ་གནང༌། སྟག་ལ་བརྒྱུད་ནས་ཕེབས་པས་བཞུགས་ས་ཞག་གཅིག་བྲག་གཞུག་ཏུ་གནང༌། དེར་བཞུགས་མཚེར་གྱི་སྟེང་དུ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཞབས་འཆག་གནང་བའི་ཕྱག་ཕྱི་གནང་བས། རྗེ་བཙུན་རིན་པོ་ཆེའི་


TNT20_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་དུང་ཆུང་ཞིག་བསྣམས་ཡོད་པ་འཕང་བ་གནང་སོང་བས་སྤའུ་མཁྲེགས་པ་ཞིག་ལ་འཕོག་འདམ་ལ་བརྒྱབ་པ་བཞིན་སོང༌། དེ་རྡོ་ཞིག་ལ་འཕོག་ན་ཡང་དེ་བཞིན་འགྲོ་རྒྱུ་ཡིན་འདུག་གསུངས། དེ་ནས་འཇེད་བརྒྱུད་རིན་ཆེན་གླིང་དུ་ཕེབས། དེར་ཟླ་ཕྱེད་ཙམ་བཞུགས་ནས་ཡུལ་སྤེའུར་ཕེབས་ཏེ། དེར་རྗེ་བཙུན་ཐམས་ཅད་མཁྱེན་པས། རྗེ་འདི་གཙོ་བོར་གྱུར་པའི་དགེ་ཆུ་དང་ལོ་ཕུའི་གདན་ས་བ་སོགས་ལ་རྡོ་རྗེ་འཕྲེང་བའི་དབང༌། དེ་ནས་བརྟག་གཉིས་ལུང་རྐྱང་དང༌། དེ་རྗེས་རྡོ་རྗེ་གུར་དང་སཾ་པུ་ཊ་ལས་བླ་མ་གོང་མའི་ས་བཅད་ཐོ་ཡིགགུར་ལ་གུར་བརྒྱན། སཾ་པུ་ཊ་ལ་གནད་ཀྱི་གསལ་བྱེད་དེ། རྗེ་བཙུན་སྐུ་མཆེད་ཀྱི་ཡིག་སྟེང་ནས་གཟབ་བཤད་གནང་བ་གསན། ངམ་རིང་རྩེར་ཕེབས་ནས་བདེ་མཆོག་ནག་པོའི་ཡབ་བཀའ་ཡུམ་བཀའ་གསན། དེ་ནས་རྗེ་བཙུན་རིན་པོ་ཆེ་གདན་ས་ཆེན་པོ་བརྒྱུད་ཁའུར་ཕེབས་ནས་ལས་ཆེན་ཡེ་ཤེས་ལྷུན་གྲུབ་གདན་དྲངས་ཏེ་ས་སྐྱ་བཀའ་འབུམ་གྱི་ལུང་གསན་པ་གནང༌། རྗེ་དེ་ཉིད་ཀྱི་གདན་ས་ཆེན་པོར་མང་ཇ་འགྱེད་བཅས་ཞུས་ནས། འཇམ་དབྱངས་གཟི་འོད་འབར་བ་དང༌། སྒོ་རུམ་གྱི་བསེ་འབག་སོགས་ཀྱིས་གཙོས། སྒོ་རུམ་བཞི་ཐོག་བླ་བྲང་ཤར། ལྷ་ཁང་ཆེན་མོ་སོགས་གདན་ས་ཆེན་པོའི་གནས་བརྟེན་ཁྱད་པར་ཅན་ཐམས་ཅད་མཇལ། གུས་པ་


TNT20_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོས་ཕྱག་མཆོད་སྨོན་ལམ་གནང༌། དེ་ནས་ཁའུར་རྗེ་བཙུན་རིན་པོ་ཆེས་ཤངས་ཆོས་སོགས་གནང་བ་མཐའ་དག་གསན། དེར་ཁའུ་རི་བྲག་སྒོར་རབ་བརྗིད་བརྡོ་ཡི་ཁྱིམ། ཡོངས་སུ་གྲུབ་ཚེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བར་ཆད་ལས་ཡོངས་སུ་རྒྱལ་བའི་གྲུབ་རྟགས་གནང་དུས། རྗེ་ཉིད་སྐུ་གཞོགས་རང་དུ་ཡོད། ཉེས་སྐྱོན་སྤུ་ཙམ་མ་བྱུང༌། དེ་ནས་གཏིང་སྐྱེས་སུ་ཕེབས་ནས་ས་སྐྱ་དཀའ་འབུམ་གྱི་ལྗགས་ལུང་གནང་པས། དེ་ལོ་ས་པཎ་གྱི་བཀའ་འབུམ་ཡན་གསན། དེ་ནས་རྗེ་བཙུན་རིན་པོ་ཆེ་ངམ་རིང་དུ་ཕེབས། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་སྐུ་བཞེངས་པའི་བསྲུང་འཁོར་ཕྱག་ནས་སོགས་གནང༌། དེ་ནས་དབུས་སོགས་ལ་ཕེབས་པའི་ཕྱག་ཕྱིར་སྒོ་མར་ཕེབས་ཏེ། དེ་ཡང་མཁའ་འགྲོ་རྒྱ་མཚོའི་རབ་གནས་གྲུབ་རྗེས་སྣར་ཐང༌། ཚོང་འདུས། འབྲོང་རྩེ་སོགས་ནས་རིམ་གྱིས་རྒྱ་ཆེར་ཕེབས། མཁན་ཆེན་བཀྲ་ཤིས་རྣམ་རྒྱལ་མཇལ། ཆོས་འབྲེལ་གསན། མཁའ་རོ་བརྒྱུད་ནས་རྒྱལ་ཆེན་གླིང་དུ་ཕེབས། དེར་རྡོ་རྗེ་ཕུར་པའི་སྟོད་ལས་སྨད་ལས་ཀྱི་དབང་སོགས་གསན། བྱམས་པ་གླིང་དུ་ཕེབས་མཆོད་རྟེན་ཆེན་མོའི་རྩེར་བདེ་མཆོག་གསེར་སྐུའི་རབ་གནས་གནང་བའི་གསུངས་ཆོག་ཕྱག་ཕྱི་གནང་ནས། བྲག་དཀར་དང་ལྕགས་ལུང་བརྒྱུད། ལྷུན་གྲུབ་རྫོང་དུ་མུས་པ་དཀོན་མཆོག་གྲགས་པ་སྤྱན་དྲངས་ནས་རྗེ་


TNT20_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རིན་པོ་ཆེས་དུས་འཁོར་གྱི་དབང་གསན་ཞིང༌། རྗེ་འདིས་ཆོས་འབྲེལ་ཙམ་གསན་ཏེ་སྟག་ལུང་དུ་ཕེབས། ཟླ་བ་གཅིག་ཙམ་ནས་རྗེ་བཙུན་རིན་པོ་ཆེ་ཡར་རྒྱབ་ཏུ་ཕེབས། རྗེ་འདིས་སྟག་ལུང་རིང་དུ་བཞུགས་ནས་མཆོག་གི་སྤྲུལ་པའི་སྐུ་རྣམ་རྒྱལ་བཀྲ་ཤིས་ལས་སྟག་ལུང་བཀའ་བརྒྱུད་ཀྱི་ཆོས་སྐོར་ཕལ་ཆེ་བ་གསན་ཞིང་རྗེ་བཙུན་རིན་པོ་ཆེའི་ཐུགས་དམ་ཐང་སྐུ་རྔོག་དཀྱིལ་བདུན་དཀྱིལ་ཐང་བཞེང་པའི་ཞལ་བཀོད་གནང༌། ཟླ་བ་གཉིས་ཙམ་ནས་རྗེ་བཙུན་རིན་པོ་ཆེ་སྟག་ལུང་དུ་ཕེབས། རྗེ་བཙུན་རིན་པོ་ཆེས་མཁན་པོ། སྟག་ལུང་རིན་པོ་ཆེ་ལས་སློབ། རྗེ་འདིས་གསང་སྟོན་གནང་ནས་དགེ་སློང་ཉིས་བརྒྱར་ཉེ་བ་བསྒྲུབ་པ་གནང་ཞིང༌། ཕེབས་ཀར་སྟག་ལུང་རིན་པོ་ཆེ་སྐུ་མཆེད་ཐམས་ཅད་ཀྱིས་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་གནང༌། ཉན་པོ་དང་ནམ་མཁའ་ཁྱུང་རྫོང་སོགས་བརྒྱུད་ནས་ལྷ་སར་ཕེབས། ཇོ་མཇལ་རྒྱས་པར་མཛད། ཡར་ལམ་ནུབ་ཆོས་ལུང་དང༌། དངུལ་ཆུ་སོགས་སུ་ཕེབས་ནས་རྟེན་མཇལ་གནང་ནས་ངམ་རིང་དུ་ཕེབས་སོ། །དེ་ལྟར་ལོ་གཉིས་ལྷག་ཙམ་རྗེ་བཙུན་ཐམས་ཅད་མཁྱེན་པའི་ཞབས་ཕྱིར་བཞུགས་ཏེ། དེ་བར་དུ་གསུངས་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་བཀའ་བསམ་གྱིས་མི་ཁྱབ་པ་གསན་ཞིང༌། དེར་བསླབ་བྱ་དང་ཟང་ཟིང་གི་གནང་སྦྱིན་མང་པོ་གནང༌། མངའ་རིས་ནས་སྤྱན་འདྲེན་པ་དང་བསྟུན་རྗེ་


TNT20_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རིན་པོ་ཆེས་ཀྱང་ལྗོངས་ལྟར་གནང་ནས་གློ་བོར་ཕེབས། རྗེ་ཉིད་དགུང་ལོ་སུམ་ཅུ་སོ་ལྔ་བཞེས་པ། སྤྲེའུ་ཞེས་པ་མེ་མོ་ལུག་གི་ལོ་ཟླ་ཚེས་གཟའ་སྐར་དགེ་བ་ལ། ཆོས་སྡེ་ཆེན་པོ་ཐུབ་བསྟན་དར་རྒྱས་གླིང་གི་མཁན་པོར་མངའ་གསོལ་ནས། སྡེ་སྲིད་ཁྲི་སྟོན་ཟབ་རྒྱས་དང༌། དགོན་ཆེན་བདུན། དགོན་ཆུང་བཅུ་སོ་སོའི་བླ་མ་སློབ་དཔོན། ཆོས་སྡེ་ལས་སློབ། བློན་ཆེན་གོ་གསུམ། བློན་ཕྲན། དཔོན་སྐྱ་སོགས་ཀུན་གྱི་ཁྲི་སྟོན་རྒྱས་པ་ཕུལ། གློ་བོ་ཕྱི་ནང་གི་ཆེ་དགུ་ཀུན་གྱི་མཆོད་ཡུལ་དུ་གྱུར་ནས། ཆོས་སྡེ་ཆེན་པོར་སྤྱི་ཆོས་སུ་ཐེག་པ་ཆེན་པོ་དབུ་མ་པ་དང་སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཐུབ་པ་དགོངས་གསལ། སྡོམ་རིགས་གཉིས། བྱམས་ཆོས་སྡེ་ལྔ། ས་སྐྱ་གོང་མ་ལྔའི་རྣམ་ཐར་གྱི་ལྗགས་ལུང་དགོས་ཆོས་སོ་སོའི་འདོད་པ་དང་མཐུན་པར་བློ་སྦྱོང་དཔལ་ཡེ་མའི་ཁྲིད་ལེགས་བཤད་ཀུན་འདུས། རྒྱལ་སྲས་བཀའ་འབུམ། བཀའ་གདམས་གླེགས་བམ་སོགས་དང༌། གསང་སྔགས་དོན་གཉེར་ལས་ཀྱཻ་རྡོ་རྗེ་མཚོ་སྐྱེས་ལུགས། མན་ངག་ལུགས། ཌོཾ་བྷི་ལུགས། ནག་པོ་ལུགས་ཏེ་བཀའ་བབས་བཞིའི་དབང༌། ཡུམ་བཀའ་གཞན་དང་ཀུན་རིགམི་འཁྲུགས་པ། ཚེ་དཔག་མེད་སོགས་ཀྱི་དབང་དང་རྗེས་གནང་མང་པོ། ཁྲོམ་ཆོས་སུ་ཚེ་དབང་མ་ཎིའི་བཟླས་ལུང༌། ཤ་ཝ་རིའི་རྗེས་གནང་སོགས་


TNT20_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཡང་གནང་སྟེ་འགྲོ་དོན་འཕེལ་བར་གྱུར་ཏོ། །མཆོག་གི་དགེ་ལེགས་ས་བོན་ནོར་འཛིན་མའི། །ལྟེ་བར་ཡོངས་སྨིན་རྒྱས་པའི་ས་ལཀྵ། །ཡོན་ཏན་སྙེ་མ་གཡུར་ཟ་ལྡེམ་པ་འདི། །ཡིད་བཞིན་རིན་ཆེན་མཆོག་གི་ནོར་བུ་བཞིན། །ལང་ཚོ་འབར་བའི་འོད་ཟེར་འཆར་ཀ་ནས། །སྲིད་པའི་བདེ་བ་པད་ཚལ་རྒྱགས་འཛུམ་མར། །ཆགས་བྲལ་ཐུན་མཚམས་ངུར་སྨྲིག་ཉེར་བཟུང་ནས། །སྨྲ་བའི་ཉི་མ་གཞོན་ནུ་ལྷག་པར་མཛེས། །དེ་ནི་སྨོན་ལམ་རྣམ་དག་དྲི་བཞོན་གྱིས། །ཉེར་དྲུངས་དབུས་གཙང་དག་པའི་མཁར་འཕགས་ཏེ། ལུང་རིགས་འོད་ཟེར་འབུམ་ཕྲག་རབ་འཕྲོ་ཞིང༌། །མཐའ་ཡས་སེམས་ཅན་ཀུན་གྱི་ཉེར་འཚོར་གྱུར། །ཕུན་ཚོགས་ལྔ་ཕྲག་གིས་བརྒྱན་མཁན་པོ་ཡི། །ཉིན་མོར་བྱེད་ལས་ཡོངས་རྫོགས་སྡོམ་པའི་འོད། །གང་སྐུ་འདབ་བརྒྱ་རྒྱས་པར་འཕོས་པ་ལས། །མཐའ་ཡས་ཡོན་ཏན་དྲི་བཟང་གང་བར་གྱུར། །རྒྱུད་སྡེ་བཞི་ཡི་བཀའ་སྲོལ་ཆུ་བོའི་རྒྱུན། །གང་ཐུགས་རྒྱ་མཚོ་ཆེན་པོར་འབབས་པ་ལས། །དངོས་གྲུབ་རིན་པོ་ཆེ་རྣམས་ཀུན་གྱི་མཛོད། །དབང་ལུང་གདམས་པའི་རླབས་ཕྲེང་ཕྱོགས་བཅུར་སྤྲོས། །དེ་ནས་ཐུབ་ཆེན་རྣམ་པར་རྒྱལ་བ་ཡིས། །ཆོས་ཀྱི་སྡེ་ཆེན་རྡོ་རྗེ་གདན་གཉིས་པའི། །མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ་ཏེ། །


TNT20_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་སྲིད་ཀྱི་དཔལ་འབྱོར་ཡོངས་སུ་གང༌། །སྐུ་གསུང་ཐུགས་ལ་ཉེས་པའི་དྲི་ཙམ་གྱིས། །ཡུལ་དུས་གནས་སྐབས་ཀུན་ཏུའང་རེག་མིན་ཏེ། །མིག་སྟོང་ལྡན་དང་རྣ་བ་བརྒྱ་པས་ཀྱང༌། །མཐོང་དང་ཐོས་པའི་ཡུལ་དུ་གྱུར་པ་མིན། །བུམ་པའི་མཆུ་སྒྲོས་གསལ་བའི་འཛུམ་ངོམས་ནས། །ཚེམས་ཕྲེང་ཀུན་དའི་འོད་ཟེར་དང་ལྷན་ཅིག །དམ་ཆོས་སྣང་བ་སྤྲོས་ཚེ་སྐལ་བཟང་ལ། །རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་གསར་དུ་ཤར། །དེ་ལྟར་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེ་བའི་ངང་ནས་གཙོ་བོར་ཆོས་སྡེ་ཆེན་པོར་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སྐབས་མཚམས་སུ། དོལ་ཕྱོགས་དང་འབྲོག་ཕྱོགས་རྣམས་སུའང་ཕེབས་ནས་སེམས་ཅན་མང་པོའི་དོན་མཛད། སྐབས་འགར་སྒྲུབ་གནས་ཆེན་པོ་བྲག་སྟེང་རྡོ་རྗེའི་བྲག་རྫོང་ལ་སོགས་པར་ཟབ་དོན་ལ་མཉམ་པར་འཇོག་པར་མཛད་པའི་སྒོ་ནས་ལོ་བཅུ་ཙམ་སོང་བ་ན། བདུད་ཀྱིས་བྱིན་གྱིས་རླབས་པ་འགའ་ཞིག་གིས་བྱེད་སྤྱོད་ལ་བརྟེན། གློ་བུར་དུས་ཟིང་རྒྱ་ཆེན་ལང་གྲབས་བྱུང་བས། གཙོ་བོར་སྡེ་བདག་དཔོན་བློན་ཀུན་ཞལ་འཆམ་པ་དེང་རང་གི་གཟིར་བུན་འདི་ཞི་བར་བྱེད་པ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་དང༌། ངོར་པ་མཁན་ཆེན་སྤྱན་འདྲེན་དགོས་འདུག་ཅིང༌། དེ་ལ་གཞན་མས་སྤྱན་འདྲེན་ལ་ཕེབས་དགོས་ཞུ་བ་ནན་ཅན་བྱུང་ཞིང༌། རྗེ་ཉིད་རང་ཡང་རྗེ་བཙུན་


TNT20_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་མཇལ་བར་ཕེབས་སྤྲོ་བ་སོགས་ནས་ཕེབས་ཏེ། ཇོ་ནང་དུ་རྗེ་བཙུན་ཐམས་ཅད་མཁྱེན་པ་ལྕགས་ཕོ་སྤྲེའུ་ལོ་དགུན་ཁྲིད་ཚུགས་མཚམས་སུ་ཕེབས། གློ་བོ་སྡེ་སྲིད་ཀྱི་ཞུ་ཡིག་འབུལ་ཆས་སོགས་དང་ཞུ་དག་རྣམས་དང༌། བླ་མ་དམ་པ་ཉིད་ཀྱི་གསེར་ཟངས། བྱུ་རུ་སྤོས་ཤེལ། ཁྱད་རས་སོགས་མང་དུ་འབུལ་བ་མཛད། ཁྱད་པར་རྗེ་ཉིད་ཀྱི་སྐུ་རྒྱན་མང་དག་ཕུལ་བ་རྣམས་ལ་བརྟེན། ཇོ་ནང་ཆོས་གྲྭའི་བལ་པོ་ཤིང་ཀུན་གྱི་བཀོད་པའི་མཆོད་རྟེན་ཁྱད་པར་དུ་འཕགས་པ་འདི་བཞེངས་པ་གནང་སོང༌། ཞུ་དོན་རྣམས་ལ་ཡང༌། མི་རྒས་ནས་ཡུལ་གྱི་དཔེ་ཡིན་པས་ཕེབས་གསུངས་བ་བྱུང༌། དེ་ནས་གསེར་མདོག་ཅན་དེར་དུས་ཁྲིད་གཙོ་བོར་གྱུར་པའི་བཀའ་ཆོས་གསན། གྲོལ་མཚམས་གཞིས་ཀ་རིན་སྤུངས་རྒྱལ་རྩེ་གཙོ་བོར་གྱུར་པའི་རྗེ་བཙུན་རིན་པོ་ཆེ་སྤྱན་འདྲེན་འདུག་པ་ལ་མྱུར་སྐོར་གནང་ནས་མངའ་རིས་ལ་ཕེབས་རྩིས་དང༌། དེ་བར་ལ་རྗེ་འདི་ལ་ངོར་དུ་རྒྱུ་མཚན་རྣམས་ཕུལ་ལ་བྱ་ལོ་ལོ་ཐོག་ཏུ་འདུག་པས། ངེད་མངའ་རིས་ལ་འགྲོ། འགྲོ་བའི་བར་སྤན་ནོར་བུ་གླིང་དུ་མཚམས་གྱིས་གསུངས་པ་ལྟར། ཁྲི་ཁང་བར་ཕྱག་ཕྱི་གནང་ནས་ངོར་དུ་ཕེབས་རྗེས་སངས་རྒྱས་སེང་གེ་དང་མཇལ། ཆོས་འབྲེལ་གསན། མང་ཇ་ཞུས་ནས་ཕེབས་དོན་རྣམས་ཞུས་པས། རྗེ་བཙུན་རིན་པོ་ཆེ་ཕེབས་ན་ངེད་ཀྱང་འགྲོ་ཐུབ་པ་བྱེད་གསུངས་


TNT20_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱུང༌། དེ་ནས་གསེར་མདོག་ཅན་དུ་རྟེན་མཇལ་གནང་ཞིང་མང་ཇ་ཞུས་ནས་ནོར་བུ་གླིང་དུ་རེ་ཞིག་སྐུ་མཚམས་དམ་པའི་ཁོངས་ནས་ཡང་དག་འཇོག་ཁོ་ན་གནང་ངོ༌། །དེ་ནས་རྗེ་བཙུན་ཡར་ཕེབས་པའི་ཁྲི་ཁང་ནས་ཕྱག་ཕྱི་གནང༌། ངམ་རིང་དུ་ཕེབས་ནས་སྤྱིར་ཡང་བཀའ་ཆོས་མང་བ་དང༌། ཁྱད་པར་རྗེ་ཉིད་ལ་སྒེར་ཆོས་སུ་གསུང་ངག་ལམ་འབྲས་ཤིན་ཏུ་སྨིན་པ། མགོན་པོའི་མན་ངག་ཡོངས་རྫོགས། སྔར་གྱི་ས་སྐྱ་བཀའ་འབུམ་གྱི་འཕྲོ་འཕགས་པའི་བཀའ་འབུམ་གྱི་ལུང་རྣམས་གནང་ཞིང༌། དེར་མངའ་རིས་ལ་ཕེབས་དགོས་པའི་རྒྱུ་མཚན་ནན་སྐྱེད་འབུལ་བ་གནང་ནས། སྡེ་པ་གཞིས་བྱང་རྒྱང་གསུམ་པོ་འདི་ད་ལྟ་ངེད་ཀྱི་ཁ་ཏ་དང༌། ཆོས་དབང་དམ་ཚིག་ལ་བསམ་ན་སྡེ་གཟར་མེད་པར་དུས་བདེ་བ་ཡིན། ངེད་སྟོད་ཕྱོགས་ལ་སོང་ན་སྡེ་གཟར་ཡོངས་ཟེར། ཁོང་གསུམ་ག་ཞལ་འཆམ་འདུག་པས་ཕེབས་མ་ཐུབ་ཅིང༌། སྤྱིར་ཡང་ངེད་དབུས་གཙང་དུ་བསྡད་པ་བསྟན་པ་དང་སེམས་ཅན་ལ་ཕན་སྟོབས་ཆེ་གསུང་བ་བྱུང་ནས་སྤྱན་མ་འདྲོངས། སྔ་སོར་ནོར་བུ་གླིང་དུ་བཞུགས་སྐབས་རྗེ་ཉིད་ཀྱི་མནལ་ལམ་དུ་འཁར་རྔ་ཞིག་བརྡུང་བ་མཛད་ཀྱི་འདུག་པ་ལ་སྐད་མེད་པ་ཞིག་བྱུང་བ་ཡང༌། རྗེ་བཙུན་རིན་པོ་ཆེ་སྤྱན་མི་འདྲོངས་པའི་ལྟས་སུ་དགོངས། དེར་རྗེ་བཙུན་རིན་པོ་ཆེ་སྤྱན་མ་འདྲོངས་ཕྱིན་བདག་ཀྱང་མི་འགྲོ་བ་བསྡད་ཆོག་པ་དགོས་ཞུས་པས། ད་ལན་


TNT20_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་འགྲོ་མ་ཐུབ་པའི་ཁར་ཁྱེད་ཀྱང་མ་ཕྱིན་ན་ཅི་ལ་འོངས། ཅིས་ཀྱང་སོང་ཕྱིས་འདིར་བྱོན་དགོས་པ་ཡོང་བས་དེ་སྐབས་ཐེ་ཚོམ་མེད་པར་ཤོག་གསུངས་ཚེ་དབང༌། མགོན་པོ་གུར་ཞལ་སོགས་ཀྱི་རྗེས་གནང་སོགས་དང༌། དངོས་པོའི་གནང་སྦྱིན་རྒྱ་ཆེ་བ་དང་བཅས་རྫོངས་དར་གནང༌། དེར་ཞབས་ལ་གཏུགས་སྨོན་ལམ་རྒྱ་ཆེར་བཏབ། འདི་ཕྱིའི་དོན་འབྲེལ་མང་པོ་ཡང་སྙན་ལམ་དུ་ཕུལ། ཐུགས་ཤིན་ཏུ་སྐྱོ་བཞིན་པས་མངའ་རིས་སུ་ཕེབས་ཏེ་འདི་མཇལ་བའི་རྗེས་མ་ཡིན་ནོ། །སྐྱ་སྐྱར་བྱང་རི་ཆོས་རྗེ་རྒྱལ་མཚན་ཡེ་ཤེས་ཀྱི་ཞབས་ཏོག་ཞུས། བཀའ་ཆོས་ཐོར་པ་གནང་ནས་གློ་བོར་ཕེབས་ཆེ་དགུ་ཀུན་གྱིས་བསུ་བའི་རིམ་པ་གཟབས་མས་བསུས་ཏེ་ཆོས་སྡེ་ཆེན་པོར་ཕེབས། འཚོགས་ཆེན་ལ་མང་ཇ་འགྱེད་བཅས། ཐུབ་ཆེན་རྗེ་བློ་གློས་རྒྱལ་མཚན་གྱི་གདུང་འབུམ། དཔལ་བརྩེ་བ་ཆེན་པོའི་གསེར་གདུང་སོགས་རྟེན་སོ་སོ་སྙན་དར། དཀར་མེ། མཆོད་རྫས། གཙུག་ལག་ཁང་དུ་དར་འཕན་འབུལ་བ་གནང༌། ཆོས་སྡེ་འཛིན་སྐྱོང་སྔ་མ་ཁོ་ན་ལྟར་གནང་མུས་ནས། ཕུན་ཚོགས་བསམ་གཏན་གླིང་གི་གཙུག་ལག་ཁང་ཀ་ཆེན་བཅུ་གཉིས་ཡོད་པ་གསར་འདེབས་གནང༌། ལོགས་བྲིས་ལ་གཙོ་བོ་ཐུབ་དབང་གནས་བཅུ། གཡས་སུ་པཎ་ཆེན་རིན་པོ་ཆེ། བརྩེ་བ་ཆེན་པོ་ཀུན་དགའ་མཆོག་


TNT20_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། གཡོན་དུ་རྗེ་བཙུན་རིན་པོ་ཆེ། རྗེ་བློ་མཆོག་རྣམས་ཀྱི་ཞིང་ཁམས་ཏེ། བྱིངས་ལ་ཕྱོགས་བཅུའི་སངས་རྒྱས། ཚེ་དཔག་མེད། ཨོ་རྒྱན་རིན་པོ་ཆེ། གུར་ལྷ་བརྒྱད། རྣམ་སྲས་རྟ་བདག་བརྒྱད་རྣམས་ཀྱི་ཞིང་ཁམས་སྦྱིན་བདག་དང་བཅས་པ། དེའི་བར་རྣམས་ལ་སངས་རྒྱས་སྟོང་སྐུ་ལེགས་པར་བཞེངས། རབ་གནས་དགའ་སྟོན་གྲུབ་མཚམས་བྱང་སྤང་ལེར་སྤྱན་འདྲེན་བྱུང༌། དགོན་པའི་ཞལ་བདག་མཛད་ནས་གཙུག་ལག་ཁང་ཀ་བ་བཅུ་གཉིས་མ་ཤིང་ཆ་གློ་བོ་ནས་དྲངས་ནས་བཞེངས། རི་མོ་འཕན་སྤྱི་སྤུན་ལྔས་སྦྱིན་བདག་བྱས། ལེགས་པར་གྲུབ་ནས་རབ་ཏུ་གནས་པ་གནང་པས་མེ་ཏོག་གི་ཆར་འབེབས་པ་དང༌། བརྟན་བཞུགས་སྐབས་གཙོ་བོ་ཐུབ་དབང་གི་ཐུགས་ཀར་མེ་ཏོག་ནས་གསུམ་ཆགས་པ་ཡུན་རིང་པོར་གནས་པ་བྱུང་ཞིང༌། འཕན་སྤྱི་བ་སོ་སོས་འབུལ་བ་ཡང་རྒྱ་ཆེར་བར་ཕུལ། དེར་ཚོགས་པ་ལ་ཚེ་དབང་གྲུབ་རྒྱལ་མ། ལྷ་དགུ་ངོར་ལུགས་དང་བོ་དོང་ལུགས་ཀྱི་ཀུན་རིག་གི་དབང་སོ་སོར་མི་འཁྲུགས་པ། ཀྱཻ་རྡོ་རྗེ་ཡབ་བཀའ། ཡུམ་བཀའ་བོ་དོང་ཐམས་ཅད་མཁྱེན་པའི་ཐུགས་དམ་ལྷ་ལྔའི་རྗེས་གནང་དེའི་རྣམ་ཐར་དང༌། པཎ་ཆེན་རིན་པོ་ཆེའི་རྣམ་ཐར་ཞིབ་མོ་རྣམ་འབྱེད་ཀྱི་ལུང་སོགས་གནང༌། བླ་བྲང་དུ་མི་འཁྲུགས་པའི་ལྗགས་བསྙེན་བཏང་དུས། སྡིག་སྒྲིབ་དག་པ་ཡིན་དགེ་སྦྱོར་གསལ་སྣང་ཆེ་བ་


TNT20_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་གསུངས། སྦྱིན་བདག་སོ་སོ་ཡང་འདོད་ཆོས་ཀྱིས་ཚིམ་པར་མཛད། དབུ་ལེགས་མཁན་པོ་ཆོས་ལེགས་བཟང་པོས་སྤྱན་འདྲེན་ཞུས། ཆོས་དགོན་གསུམ་གྱི་མཁན་པོས་སེར་སྦྲེངས་རྒྱས་པར་ཕུལ། གང་ལ་གང་འདོད་ཀྱི་ཆོས་རྒྱ་ཆེར་བསྩལ་ནས་གློ་བོར་ཕེབས། རྗེ་འདིས་བཀའ་ཕེབས་ནས། ས་སྐྱོང་བསོད་ནམས་རྒྱལ་པོ་རབ་རྒྱལ་རྩེ་ནས་གདན་དྲངས། སྨོན་ཐང་གི་རྒྱལ་སྲིད་ལ་མངའ་གསོལ་ཤིས་བརྗོད་ཁྲི་སྟོན་རྒྱས་པ་དང་བཅས་པ་ཕུལ། གློ་བོ་ཕྱི་ནང་ཀུན་དུས་བདེ་འཇམ་ལ་བཀོད། བྲག་སྟེངས་སུ་རེ་ཞིག་དབེན་པ་བསྟེན་པ་གནང་ནས་སྒྲོལ་དཀར་སོགས་ཀྱི་ཚེ་སྒྲུབ་འགའ་ཤས་དང༌། དེ་རྗེས་མགོན་པོ་ལྷ་བརྒྱད་སྦྲག་སྒྲུབ་གནང་དུས་མགོན་པོས་རྗེས་སུ་འཛིན་པའི་རྟགས་དང༌། མནལ་ལམ་གྱི་ཚུལ་དུ་ས་ཕྱོགས་འདི་འདྲར་འགྲོ་དོན་འབྱུང་སོགས་ཀྱི་ལུང་བསྟན་ཐོབ། སླར་རི་ཤིང་དུ་ཐུགས་སྒྲུབ་ཀྱི་བསྙེན་པ་གནང་དུས། ཁང་བཟང་མཐོན་པོའི་རྩེར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སྐུ་ལ་ཕོད་ཀ་གསོལ་ཞིང༌། རྒྱན་དུ་མས་བརྒྱན་པ་དང་མཇལ་བའི་གསལ་སྣང་བྱུང་གསུངས། དེ་སྐབས་ས་སྐྱོང་དཔོན་གཡོག་མཆོད་ཡོན་གྱིས་ཐུགས་རྩོལ་གནང་ནས། སྟོན་པ་ཐུབ་པའི་དབང་པོའི་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པ། པད་གདན་ཡན་ལ་མཐོ་ཚད་གསུམ། ཡོད་པ་ཞིག་བཞེངས། ནང་བཞུགས་རྒྱས་པ་གནོད་སྦྱིན་འཁོར་ལོའི་བར་དུ་ལེགས་པར་གྲུབ། རབ་ཏུ་གནས་པ་


TNT20_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཉིད་ཀྱི་ཕྱག་ཕྱིར་བླ་མ་སློབ་དཔོན་སྡེ་སྣོད་འཛིན་པ་མང་དག་པ་དང་བཅས་པས། བཅོམ་ལྡན་འདས་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོའི་ཞལ་ཕྱེ། རབ་གནས་རྒྱས་པར་གནང་སྐབས་མེ་ཏོག་གི་ཆར། འཇའ་འོད་ཀྱི་གུར་ཁྱིམ་སོགས་བྱུང ཞིང༌། སྦྱིན་བདག་བསྒོ་བའི་སྐབས་ས་སྐྱོང་དཔོན་བློན་འཁོར་བཅས་ཟབ་སྤྲོད་རྒྱས་པ་དང་བཅས་ཕེབས་པར་བཀྲ་ཤིས་རྫས་བརྒྱད་འབུལ་བ་སོགས་ཤིས་བརྗོད་གནང་སྐབས། གདུང་བརྒྱུད་འཕེལ་ཞིང་མངའ་ཐང་རྒྱས་པའི་དགེ་མཚན་བྱུང༌། སྡེ་སྲིད་ནས་རབ་ཏུ་གནས་པའི་ཡོན་ཡང་སྐུ་གསུང་ཐུགས་རྟེན་སྤུས་གཙང་བ། གསེར་དངུལ་བྱུ་རུ་དང་སྦོས་ཤེལ་གྱི་ཤལ་པ་སོགས་སྤུས་གཙང་བ་ཕུལ། བླ་སྒྲུབ་བླ་སློབ་དགེ་འདུན་གྱི་སྡེ་སོགས་ལ་ཡང་འབུལ་བ་གྱ་ནོམ་པ་བྱུང་སྟེ། བཀྲ་ཤིས་དགའ་སྟོན་གྱི་ཡུན་རིང་དུ་དུས་འདའ་བར་གྱུར། དེའི་ཕྱི་ལོ་རྒྱལ་བུ་བལྟམས་པའི་མཚན་ཡང་རྗེ་ཉིད་ཀྱིས་འདོགས་པར་མཛད་དེ་ཀུན་དགའ་རྣམ་རྒྱལ་དུ་གསོལ། སྐུ་ཁྲུས་ཡང་ཡང་ཕུལ། སྐུ་ཚེའི་ལེགས་ལམ་སྤེལ་ཕྱིར་ཚེ་དབང་གྲུབ་རྒྱལ་མ་དང་ལྷ་དགུ། སྒྲོལ་དཀར་བར་ཆད་བསྲུང་ཕྱིར། ཕྱག་རྡོར་དང་མི་གཡོ་བའི་རྗེས་གནང་སོགས་བསྩལ། གླང་ལོའི་དབྱར་ཆོས་ལ་ཆོས་སྡེ་ཆེན་པོར་དམར་ཁྲིད་ཚེ་ཁྲིད་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་གྱི་ལུང་སོགས་གནང་སྐབས་མནལ་ལྟས་ལ། ཉི་མ་སྒྲ་གཅན་གྱིས་བསྒྲིབས་པ་སོགས་


TNT20_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་དང༌། ཐུན་གཏོར་བྱ་རོག་གིས་མི་ཟ་བ་སོགས་བྱུང་བས། ད་ལོ་དོགས་ཆ་གཅིག་རང་འདུག་གསུངས། སྟོན་རྒྱབ་དབུས་གཙང་ནས་རྗེ་རིན་པོ་ཆེའི་བཀའ་ཤོག་ཕེབས་དོན། ངོས་ཀྱང་གཟུགས་པོ་བདེ་མོ་མི་འདུག་པས་ཡུན་རིང་སྡོད་པར་མི་འདུག་ནའང༌། འདིར་འཕྲལ་གྱི་གཡོག་སོགས་འཕན་ངེས་ཡོང་བ་འདུག་པས། ཁྱེད་རང་འཕྲལ་དུ་ཡོང་པའི་ཙབ་ཙོབ་མ་བྱེད། ངེད་ཀྱིས་རྗེས་སུ་འཛིན་གསུངས་པ་བྱུང་བས། ཐུགས་ཤིན་ཏུ་སྐྱོ་ན་ཡང་ཐུགས་དམ་ཕེབས་སྒོ་དང་བསྟུན་པས་འཕྲལ་དུ་ཕེབས་མ་ནུས། སྐུ་རིམ་ཡང་ཡང་གནང་ཀྱང༌། དབོན་དྲུང་རིན་པོ་ཆེས། རྗེ་བཙུན་ཐམས་ཅད་མཁྱེན་པ་སྟག་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་སྤྲུལ་པའི་སྣང་བ་བསྡུ་བ་གནང་བའི་ཚུལ་གྱིས་བང་ཆེན་ཆེད་བཏང་བྱུང་བས། རེ་ཞིག་ཐུགས་ལ་བཟོད་གླགས་མེད་པར་གྱུར་ཀྱང༌། བླ་མ་རྗེ་བཙུན་དག་པའི་ཞིང་དུ་ཕེབས་པ་ལ་དགོངས་པ་རྫོགས་ཕྱིར་མཆོད་འབུལ་མ་གཏོགས། འཇིག་རྟེན་ལུགས་ཀྱི་མྱ་ངན་བྱ་མི་རིགས་པར་དགོངས། ཆོས་སྡེ་ཆེན་པོས་གཙོས་པའི་གློ་བོ་ནང་གི་དགོན་པ་རྣམས་དང༌། བྱང་དགོན་རྣམས་དང༌། དོལ་ཕྱོགས་ཀྱི་དགོན་པ་ཐམས་ཅད་ལ་བསྙེན་བཀུར་འབུལ་བ། སྐྱེ་བོའི་ཚོགས་ལ་སྦྱིན་གཏོང་དཔག་མེད་གནང་ཞིང༌། ཁྱད་པར་གུར་བརྟགས་སཾ་གསུམ་བདེ་གསང་དང་


TNT20_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཞལ་ཕྱེ། རྗེ་ཉིད་ཀྱི་ཀྱཻ་རྡོ་རྗེའི་ཚོགས་དབུ་གནང་སྟེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པར་གསལ་བཏབ་པ་ལ་མཆོད་འབུལ་གསོལ་བཏབ་གནང༌། གཞན་ཡང་སྡེ་སྲིད་དཔོན་བློན་སོགས་ཆེ་དགུ་ཀུན་གྱིས་མཆོད་འབུལ་རྒྱས་པར་གནང་བའི་ཚོགས་དབུ་གནང་ནས་མཆོད་བསྔོ་རྒྱས་པར་ཕུལ། དེ་དག་གི་སྐབས་སུ་མནལ་ལམ་དུ་རྗེ་དམ་པ་ཕེབས་ནས། བླ་མའི་སྐུ་འདྲ་བརྒྱ་རྩ་བཞེངས་ན་ཕན་ཡོན་ཆེ་གསུངས་པ་བྱུང་བས། སྐུ་འདྲ་བརྒྱ་རྩའི་བྲིས་སྐུ་འདི་འཕྲལ་དུ་བཞེངས་པ་གནང༌། དེ་གྲུབ་མཚམས་རྗེ་དམ་པ་མནལ་ལམ་དུ་ཕེབས་ནས། འདི་ལ་རབ་གནས་ང་རང་གིས་བྱས་པ་ཡིན་པས་རབ་གནས་ཟུར་པ་བྱེད་མི་དགོས་གསུངས། ཆོས་ལུང་དུ་མི་འཕྲལ་མར་ཆེད་གཏད་དུ་གནང་ནས། སྐུ་གདུང་རིན་པོ་ཆེར་སྙན་དར་དཀར་མེ། མཆོད་འབུལ་རྣམས་ལ་བསྙེན་བཀུར་འབུལ་བ་དང་བཅས་པའི་ཆས། ཆོས་ལུང་ཇོ་ནང་ཤུད་ཁྲོད་རྣམས་སུ་མང་ཇ་དང་བཅས་གནང༌། དེ་རྗེས་བརྟེན་བཞེངས་ཀྱི་རྒྱུར་གསེར་དངུལ་ཟངས་སོགས་གཏོས་ཆེ་བ་འབུལ་བ་དགེ་སློང་བསྲུང་སྐྱོབས་རྫོངས་ལྟ་གནང༌། དེ་ནས་རྟེན་བཞེངས་ནོན་པ་གཞིར་བཅས་གནང་ནས་སྟག་ལོའི་དགུན་ཤར་ལ་ཕེབས་ནས། གཞིས་བྱང་རྒྱང་གསུམ་བཀའ་གྲོས་སུ་བསྟུན་པའི་རྐང་ལེན་བྱང་ནས་གནང༌། རི་ཁྲོད་ཆེན་པོ་ཇོ་ནང་གི་གདན་ས་གནང་དགོས་ཚུལ་གྱི་སྙན་ཞུས་ཀྱི་


TNT20_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཡིག་དང་བཅས་གདན་འདྲེན་པ་རྣམས་དང་བྱང་ལམ་མགྲོན་ཆེན་དུ་མཇལ། ཕེབས་ལམ་བདེ་བར་བྱང་ངམ་རིང་དུ་ཕེབས། ཆོས་རྒྱལ་ཀུན་དགའ་རིན་ཆེན་དང་མཇལ། ཇོ་ནང་གི་གདན་ས་གནང་དགོས་པ་སོགས་ཀྱི་བཀའ་གྲོས་རྒྱས་པ་བྱུང༌། མཆེད་གྲོགས་དཔལ་བ་སོགས་རྗེ་བཙུན་རིན་པོ་ཆེའི་ཕྱག་གཡོག་རྣམས་དང༌། སྨོན་གྲོ་ནས་ཕྱག་གཡོག་དྲག་ཁ་རྣམས་ཀྱང་ངམ་རིང་དུ་ཕེབས་བསུ་འབྱོར་པ་བཞིན་རིམ་པས་བརྒྱུད་དེ་དཔོན་དྲུང་འཕན་ནེ་དཔོན་གཡོག་གིས་ཕེབས་བསུ་གཟབས་མ་དང་བཅས་སྨོན་གྲོར་ཕེབས། ཞག་གཉིས་བཞུགས་ཆོས་ལུང་བྱང་ཆུབ་རྩེ་མོར་གྲུབ་སྡེ་ཆེན་པོའི་སེར་སྦེངས་རྒྱས་པས་སྤྱན་དྲངས་ནས་ཕེབས། ཐུགས་རྩོལ་ཆེ་བས་དངུལ་གདུང་རིན་པོ་ཆེ་ཁྲི་ཐོག་ཏུ་ཕེབས་གྲུབ་འདུག །དེར་གུས་འདུད་ཆེན་པོས་ཕྱག་མཆོད་སྨོན་ལམ་རྒྱས་པར་མཛད་དེ། སྙན་དར་དུ་གོས་ལྗང་ཁུ་མུ་ཏིག་གི་ལཉྩ་བཀོད་པ་ཆ། གོས་འཕན་དམར་པོ་མུ་ཏིག་རྒྱན་ཅན་ཆ། གུ་གུ་ཤའི་མཎྜལ། དངུལ་ཏིང་བདུན་ཚར། དངུལ་གྱི་ཀོང་བུ་དཀར་མེ་རྒྱུན་འབར་དང་བཅས་པ། སྒྲུབ་སྡེར་མང་ཇ་འགྱེད་སོགས་གནང༌། རྗེ་རྡོ་རིང་བ་དང་མཇལ། ཐུགས་མཉེས་པའི་གསུང་གླེང་ཞིབ་རྒྱས་གནང༌། དེ་མཚམས་གཞིས་རྒྱང་བྱང་གསུམ་སོ་སོའི་ཞུ་ཡིག་མི་སྣ་དང་བཅས་རྒྱུ་མཚན་ཕུལ་ཏེ། རྗེ་ཉིད་དགུང་ལོ་ལྔ་བཅུ་ང་ལྔར་ཕེབས་པ་


TNT20_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་ཞེས་པ་མེ་མོ་ཡོས་ལོ་རི་ཁྲོད་ཆེན་མོའི་ནང་དུ་སྒྲུབ་སྡེའི་ཕེབས་བསུ་རྒྱས་པ་དང་བཅས་སྤྱན་དྲངས། ཀུན་མཁྱེན་ཆེན་པོ་རྟོན་པ་བཞི་ལྡན་སོགས་མཁས་གྲུབ་རིམ་པར་བྱོན་པའི་ཁྲི་ཐོགརྗེ་བཙུན་ཐམས་ཅད་མཁྱེན་པའི་གདན་ས་དྲོན་མོར་རྒྱལ་ཚབ་ཏུ་མངའ་གསོལ། སྡེ་སྲིད་གོ་གསུམ་གྱི་མང་ཇ་དང་འབུལ་ཆས་གཟབ་མ་བསྐོ་འཇག་དང་བཅས་ཕུལ། དེ་ནས་གཏིང་སྐྱེས། སྨོན་གྲོ་ཁྲི་སྣར་གདོང་དགའ་སོགས་ཐ་དད་ནས་ཁྲི་སྟོན་ཕུལ། དེ་གོང་དུ་ཆོས་བདག་སྨན་བཙུན་མ་བབས་ནས། ངས་བླ་མའི་གྲབས་བྱས་ཟིན་ཉི་མྱུར་འབྱོན་རྒྱུ་ཡིན་ཟེར་བ་བྱུང༌། དེ་མཚམས་བླ་མ་གོང་མའི་ཕྱག་སྲོལ་ལྟར་སྦྱོར་དྲུག་གི་ཁྲིད་དབུ་བཙུགས། ཕྱོགས་ཀྱི་ཁྲིད་གསར་པ་སྟོབས་ཆེ་བ་དང་བཅས་ལ་སྔོན་འགྲོའི་སྐབས། ཀུན་སྤངས་ཀུན་ཏུ་བཟང་པོ། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་དུས་གསུམ་སངས་རྒྱས། རྗེ་བཙུན་ཐམས་ཅད་མཁྱེན་པ་རྣམས་ཀྱི་རྣམ་ཐར་གྱི་ལུང༌། མཆོག་དབང་གི་སྐབས་དབང་ཞུ་མི་བདུན་བརྒྱ་འགྲོར་ངེས་ཤེས་པ་བྱུང༌། སོར་སྡུད་དང་བསམ་གཏན་གྱི་ཁྲིད་ངོ་སྤྲོད་དང་བཅས་པ་གྲུབ་ནས། ཟླ་བ་གཉིས་ཙམ་སྐུ་མཚམས་དམ་པ་གནང་ནས་བཞུགས་སྐབས་མནལ་ལམ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་སྐུ་ཆོས་ངུར་སྨྲིག་གི་རྒྱལ་མཚན་གསོལ་བ། སྐུ་གཟི་བརྗིད་ཆེ་ཞིང་


TNT20_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་འཛུམ་མདངས་དང་ལྡན་པས། ཕྱག་གཉིས་ཀྱིས་གསེར་གྱི་འཁོར་ལོ་ཞིག་གནང་ནས་འགྲོ་བ་རྣམས་ཐར་ལམ་ལ་འགོད་པ་ཞིག་བྱ་དགོས་གསུངས་པ་ཞིག་གི་ངང་ལ་མནལ་ལམ་སད་པས། བླ་མ་དྲན་པ་དང་དད་པས་སྤུ་ལོངས་གཡོ་བ་བྱུང་གསུངས། གཞན་ཡང་དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་དང༌། སྣ་ཚོགས་ཡུམ། སྨན་བཙུན་མའི་སྲོག་དབང་སོགས་གནང༌། དེར་གློ་བོ་ནས་སྡེ་པ་དཔོན་བློན་ལྷ་སྡེ་མི་སྡེ་ཀུན་གྱིས་གདན་འདྲེན་བྱུང་བས་ཐོག་མར་དབུས་ཕྱོགས་སུ་ཕེབས། དེ་རྗེས་ཕེབས་པའི་བཀའ་གནང༌། དུས་འདི་ནས་བཟུང་རྗེ་བཙུན་རིན་པོ་ཆེའི་ཕྱག་གཡོག་དྲག་པ་རྣམས་རྗེ་འདི་བྱང་ཕྱོགས་ལ་ཕེབས་དུས་ཕྱག་གཡོག་ལ་འཁྲིད། རྒྱུན་དུ་ཆོས་ལུང་དུ་དཔོན་དྲུང་རིན་པོ་ཆེས་ཞབས་ཏོགས་གནང་བ་མཆོག་གི་སྤྲུལ་པའི་སྐུ་ཉིད་ནམ་ཕེབས་ཀྱི་བར་ལ་གནང༌། ཕེབས་ནས་མཆོག་གི་སྤྲུལ་པའི་སྐུ་ཉིད་ཀྱི་ཕྱག་ཕྱིར་ཕུལ། ཕྱག་གཡོག་ཏུ་གཏོགས་ཙམ་ཡན་ཆད་བར་མ་དོར་མ་ལྷུང་བར་མགོ་འདོན་བདག་རྐྱེན་མཐར་ཕྱིན་པར་གནང་ངོ༌། །དེ་ནས་དཔོན་སློབ་རྣམས་བསམ་གྲུབ་རྩེར་ཕེབས། ཞབས་དྲུང་རྒྱལ་བུ་ངག་དབང་ནོར་བུ་བཟང་པོ་དང་མཇལ། སྐུ་མདུན་ཞལ་ངོ་སོགས་ལ་བཀའ་དབང་གནང༌། ལེགས་ལམ་ཆེ་བའི་མུ་ནས་གསེར་མདོག་ཅན་དུ་ཕེབས། མཁན་རིན་པོ་ཆེ་དཔལ་མཆོག་བཟང་པོ་སོགས་ཀྱིས་དད་གུས་ཀྱིས་མཆོད། དངུལ་གདུང་རིན་པོ་ཆེ། སྐུ་འདྲ་ཡིད་བཞིན་ནོར་བུ།


TNT20_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་བྱམས་མགོན་སོགས་དང༌། ལམ་འབྲས་ལྷ་ཁང༌། མགོན་ཁང་སོགས་ཀྱི་རྟེན་མཇལ་དང༌། རྟེན་བྱིན་རླབས་ཅན་དེ་རྣམས་ལ་སྙན་དར་དཀར་མེ་ཕུལ། མང་ཇ་བསྔོ་རྟེན་རྣམ་གཞག་དང་བཅས་པ་གནང་ནས་ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་པར་ཕེབས། སའི་བརྒྱ་བྱིན་ངག་དབང་འཇིག་རྟེན་དབང་ཕྱུག་གྲགས་པ་སྟེང་ཞལ་དང་མཇལ། ལེགས་ཚོགས་ཆེ་བ་ནས་རོང་ཆེན་བརྒྱུད་སྨུག་ལར་ཕེབས། སྡེ་པ་དཔོན་བློན་གྱིས་ཕེབས་བསུ་དང་ཞབས་ཏོག་དད་མོས་རྩེ་གཅིག་པས་བསྒྲུབས། རིམ་གྱིས་ལྷ་སར་ཕེབས་ཇོ་ཤཱཀ་རྣམ་གཉིས་རང་བྱོན་ལྔ་ལྡན་སོགས་ལ་ཞལ་གསེར་སྙན་དར། གཞན་ལྷ་ཁང་ཐམས་ཅད་དུ་ཡང་དཀར་མེ་ལྷག་པར་རྗེ་བཙུན་གོང་མ་ལྔ། ཀུན་མཁྱེན་ཆེན་པོའི་སྐུ་འདྲ་རྣམས་ལ་སྙན་དར་དཀར་མེ་ཕུལ་ནས་གླང་ཐང་དུ་ཕེབས། རྟེན་འཇལ་གནང་ཞིང་ཚོགས་ལ་མང་ཇ་བསྔོ་རྟེན་དང༌། གདན་ས་བས་གཙོས་པ་འགའ་ཤས་ལ་ཆོས་འབྲེལ་གནང༌། ལྕང་ལུང་ཆོས་སྡིངས་དང་ཆོས་འཁོར་རྩེ་སོགས་སུ་ཕེབས་ཏེ། ལྕང་ལུང་པ་གཞོན་ནུ་བློ་གྲོས་དང༌། བཀའ་དྲིན་ཅན་གཞོན་ནུ་ཆོས་གྲུབ། པཎ་ཆེན་རྡོར་རྒྱལ་བ་སོགས་ཀྱི་སྐུ་འདྲ་དང་ནང་རྟེན་རྣམས་ལ་སྙན་དར་མཆོད་མེ་སོགས་ཕུལ། སྨོན་ལམ་རྒྱ་ཆེར་འདེབས་པ་གནང༌། དགོན་གནས་གཉིས་པོར་མང་ཇ་དང་བསྔོ་རྟེན་སྩལ་ནས་བྱང་སྟག་ལུང་དུ་ཕེབས། རྗེ་ཀུན་དགའ་བཀྲ་ཤིས་དང་མཇལ། སྟོང་རྫས་ལ་བརྟེན་པའི་འབུལ་བ་རྒྱ་ཆེར་ཕུལ།


TNT20_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྗེས་གྲོགས་ཁར་རྗེ་རས་པ་ཆེན་པོ་རྣམ་རྒྱལ་ཕུན་ཚོགས་དང་མཇལ་བཀའ་འབྲེལ་གསན། དེ་རྗེས་སྟག་ལུང་ནས་རྗེ་སྐུ་མཆེད་གཉིས་ཀས་བཀའ་ཆོས་དགོས་གསུངས་ནན་སྐྱེད་ཆེ་བ་ནས་སོ་སོར་ཚེ་དབང་ལྷ་དགུ། གྲུབ་རྒྱལ་མ་བརྒྱ་ཚར། དུས་འཁོར་སྙན་རྒྱུད་ཀྱི་ཁྲིད། རྣམ་སྲས་དཀར་པོའི་རྗེས་གནང་སོགས་འབུལ་བ་གནང༌། སྟག་ལུང་གི་ཆེ་དགུ་གཞན་རྣམས་དང༌། ཁྲ་ཁྱུ་བ། སྨུག་ཆུ་བ་སོགས་ཁང་ཚན་སོ་སོས་ཀྱང་འབུལ་བ་དཔག་ཏུ་མེད་པ་ཕུལ་ཞིང༌། སོ་སོར་ཚེ་དབང༌། ཛཾ་དམར། མགོན་དཀར་སོགས་འདོད་ཆོས་གནང༌། ར་སྒྲེང་དུ་ཕེབས། གནས་བརྟེན་ཁྱད་པར་ཅན་ཐམས་ཅད་མཇལ་ཞིང་ཕྱག་མཆོད་གནང་ནས་སླར་སྟག་ལུང་དུ་ཕེབས། རྗེ་སྐུ་མཆེད་ཀྱི་གཙོས་ཐམས་ཅད་ཀྱིས་འབུལ་བ་བསམ་གྱིས་མི་ཁྱབ་པ་ཕུལ། ཕྱིར་ཕེབས་ཏེ་ལྕང་ལུང་སོགས་གང་ཕེབས་ཀྱི་དགོན་གནས་རྣམས་སུ་མང་ཇ་དང་རྟེན་རྣམས་ལ་མཆོད་པ་འབུལ་བཞིན་པས་སྣ་དཀར་རྩེར་ཕེབས། ཞབས་ཏོག་དཔེ་མེད་པ་བྱུང༌། གཞིས་ཀ་རིན་སྤུངས་སུ་ཕེབས། སྡེ་སྲིད་ཞལ་ངོ་རྣམས་དང་མཇལ། ར་ལྔ་རྩེར་དཔོན་ས་བདག་མོའི་དྲུང་དུ་ཐུགས་བཞེད་ལྟར་ཚེ་དབང་སྒྲོལ་དཀར། མགོན་པོའི་བཀའ་བསྒོ་སོགས་ཕུལ། བཀའ་ནན་ཆེ་བ་ནས་གཟའ་སྐར་དགེ་བ་ལ། མིའི་དབང་པོ་ཡབ་སྲས་རྣམས་ལ་ཚེ་དབང་བརྒྱ་རྩ། ལྷ་དགུ་རྣམ་སྲས་དཀར་པོ་དུས་འཁོར་ལུགས་ཀྱི་བླ་མའི་རྣལ་འབྱོར་སོགས་ཕུལ་བ་གནང་རྗེས། གཡུང་ལ་བརྒྱུད་རྒྱལ་མཁར་


TNT20_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

རྩེར་ཕེབས། སྡེ་པ་དང་མཇལ། བཞུགས་གདན་སོགས་བཀུར་བསྟི་ཆེན་པོ་མཛད། ལི་མ་ལྷ་ཁང་སངས་རྒྱས་ཀྱི་འཕེལ་གདུང་སོགས་མཇལ། མཆོད་སྡེའི་བླ་བྲང་དཀར་པོར་ཞབས་ཏོག་ཆེར་ཞུས། དེ་ནས་རྩེ་ཆེན་ཆོས་སྡེར་སྤྱན་འདྲེན་དང་བསྟུན་ཕེབས། ཚོགས་སུ་དུས་འཁོར་ལུགས་ཀྱི་བླ་མའི་རྣལ་འབྱོར་གནང༌། འཇམ་དབྱངས་དཀོན་མཆོག་བཟང་པོའི་དངུལ་གདུང་ལ་སྙན་དར། དཀར་མེ། ཕྱག་མཆོད་སྨོན་ལམ་གནང་ནས། ཤོ་མ་རི་ཆུང་ངུ༌། གྲུབ་ཆེན་ཀུན་བློའི་གདུང་རྟེན་མཇལ། ཁྲི་ཁང་དུ་ཕེབས། སྡེ་པ་གྲྭ་ལྔ་ཡབ་སྲས་ལ་ཚེ་དབང་དང༌། ཛམ་དཀར་སོགས་གནང་ནས་སྣར་ཐང་དུ་ཕེབས། སྡེ་པ་ལ་ཚེ་དབང་སོགས་གནང༌། ཆོས་སྡེའི་རྟེན་མཇལ་ཕྱག་མཆོད་སྨོན་ལམ་རྒྱས་པར་མཛད་ནས་རི་ཁྲོད་ཆེན་པོར་ཕེབས། དགུན་ཁྲིད་རྒྱས་པ་ངོ་སྤྲོད་དང་བཅས་པ་དང༌། གྲོལ་ཁར་ཁྲོམ་ཆེན་པོ་ལ་ཚེ་དབང་གྲུབ་རྒྱལ་མ། ཐུགས་རྗེ་ཆེན་པའི་སྒོམ་ལུང་དང་བཅས་གནང་ངོ༌། །ཞབས་སེན་སིནྡྷུ་ཝ་རའི་ཀླུང་བརྒྱ་པས། །དབང་པོ་ཀུན་སིམ་རྐང་སྦས་སྙིང་པོའི་རྡུལ། བྱིན་རླབས་བདུད་རྩིར་འབབས་པས་གདུལ་བྱ་རྣམས། །ཀུན་དཀྲིས་ཚ་གདུང་ཞི་ལ་ཟླ་བ་བཞིན། །བདག་གཞན་མཉམ་དང་བརྗེ་བའི་སེམས་མཆོག་གིས། །འགྲོ་ཀུན་རང་ལས་གཅེས་པར་འཛིན་པའི་ལུགས། །བྱམས་པ་ཆེན་པོའི་ཆུ་བོས་དགྲ་སྡེ་ཡི། ཁྲོ་བའི་འདམ་རྫབ་སྐེམ་པར་


TNT20_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་འདིར་མཚར། །གཟུང་འཛིན་དག་པའི་ཏིང་འཛིན་མཁའ་དབྱིངས་སུ། །རིགས་ལྔའི་འཇའ་ཚོན་རི་མོ་རྣམ་བཀྲ་ཞིང༌། །རྡོ་རྗེའི་སྔགས་ཀྱི་ན་ད་གླུར་བླངས་བས། གཞོམ་མེད་ནུས་པའི་སྙིང་པོ་མངོན་དུ་གྱུར། །ལུས་དང་ངག་ཡིད་རྫོགས་པའི་རྣལ་འབྱོར་གྱིས། །སྣང་སྲིད་བདེ་ཆེན་མཆོག་གི་རོལ་བར་ཤར། །དེ་ལས་གནས་གསུམ་མཁའ་འགྲོས་གུས་བཏུད་དེ། །རྡོ་རྗེ་འཛིན་པ་ཀུན་གྱི་ཁྱབ་བདག་མཛད། །རྗེ་བཙུན་མཆོག་གི་བྱིན་རླབས་ནོར་བུའི་ཕྲེང༌། །སྤྱི་བོར་བཀོད་པའི་སྐད་ཅིག་དེ་ཉིད་ལ། །གྲུབ་རིག་འཛིན་པ་ཀུན་དང་སྐལ་མཉམ་པའི། །སྤངས་རྟོགས་ཡོན་ཏན་ཀུན་གྱི་མཛོད་དུ་གྱུར། །དེ་ཚེ་རྗེ་བཙུན་བླ་མ་དམ་པ་དེས། །བྱིན་རླབས་ཅོད་པཎ་གང་གི་གཙུག་བཅིངས་ནས། །སྐུའི་རྒྱལ་ཚབ་མཆོག་ཏུ་དབང་བསྐུར་ནས། །དེ་ཉིད་དག་པའི་ཞིང་ཁམས་ཆེན་པོར་བཞུད། །དེ་ཡི་ཐུགས་དགོངས་རྒྱ་མཚོ་བསྐང་པའི་སླད། །ཀུན་དུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ ལས། །ཉེ་བར་འོངས་པ་མཆོད་པའི་ཆར་ཆེན་གྱིས། །སྲིད་པ་ཡངས་པའི་ཁོང་ཀྱང་ཡོངས་སུ་གང༌། །རྟོན་པ་བཞི་ལྡན་ཆེན་པོའི་སེངྒེའི་ཁྲི། །རྗེ་བཙུན་མཆོག་གི་ཞབས་རྡུལ་གྱིས་གཙང་བར། །གང་ཁྱོད་མངོན་པར་འཛེག་ནས་ངེས་དོན་གྱི། ཆོས་ཀྱི་སྒྲ་དབྱངས་འགོག་པ་མེད་པར་བསྒྲགས། །དེ་ནས་མངའ་རིས་ལ་ཕེབས་པའི་དགོངས་རྩེ་གཏད་དེ་ཆོས་ལུང་བྱང་རྩེར་ཕེབས། དངུལ་གདུང་རིན་པོ་ཆེར་བཀྲ་ཤིས་ཁ་བཏགས་ཉིན་


TNT20_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མ་སུམ་སྦྲེལ་དང༌། གོས་ཡུག་གི་ན་བཟའ། གཞན་མ་སྐུ་སོ་སོར་ཡང་སྙན་དར་དཀར་མེ་སོགས་ཕུལ། ཕྱག་མཆོད་སྨོན་ལམ་རྒྱས་པ་མཛད། ཚོགས་ལ་མང་ཇ་འགྱེད་བཅས་གནང༌། སྨོན་གྲོར་ཕེབས། ཞལ་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ་སོགས་དང༌། ཟང་ཟིང་གི་གནང་སྦྱིན་བསླབ་སྟོན་ཞིབ་རྒྱས་གནང༌། མགོན་ཁང་དུ་མཆོད་རྫས་ཕུལ་ཞིང་བསྐང་གསོ་རྒྱས་པར་གནང་ནས་ཇོ་ནང་དུ་ཕེབས། རྡོར་འཛིན་པ་དང་གཙོ་མོ་གསུམ་གྱིས་གཙོས་པ་ལ། ངེད་མྱུར་སྟབས་སུ་སླེབས་པར་བྱེད་པས་དེ་བར་ལ་དབྱར་མཚམས་དགུན་མཚམས་སོགས་བསྒྲིགས་རྣམས་སྔར་ལས་མ་གཡོས་པར་བྱེད་དགོས་པའི་བསླབ་སྟོན་རྒྱས་པ་དང་ཚོགས་ལ་མང་ཇ་དང་བཅས་པ་གནང༌། མངའ་རིས་ཕྱོགས་ལ་ཆིབས་ཁ་བསྒྱུར། དགོན་པ་བདེ་ཆེན་དུ་ཁྲོམ་དབང་གནང༌། ལྷ་རྩེར་བདག་པོ་ནམ་མཁའ་རྒྱལ་པོ་དང་མཇལ། སྐུ་རིམ་དུ་བསྐང་གསོ་བརྒྱ་ཚར་གནང་ནས་རིམ་གྱིས་ངམ་རིང་དུ་ཆོས་རྒྱལ་ཀུན་དགའ་རིན་ཆེན་དང་མཇལ། ལམ་གྱི་དགོས་ཆ་མཐའ་དག་ཕུལ། སྐྱ་སྐྱར་ཕེབས། ཆོས་རྗེ་བྱང་རི་བས་ཞབས་ཏོག་ཞུས་ཤིང་འདོད་ཆོས་མང་དུ་གནང༌། རིམ་པས་བརྒྱུད་གློ་བོ་ནང་དུ་ཐོག་མ་རེ་ཤིང་དུ་ཕེབས། དེ་ནས་ཐུབ་བསྟན་དར་རྒྱས་གླིང་དུ་ཕེབས་ཏེ། དགེ་འདུན་ཚོགས་ཆེན་གྱིས་གདུགས་རྒྱལ་མཚན། བ་དན་ལྡ་ལྡི། ཕྱེ་ཕུར། རོལ་མོའི་བྱེ་བྲག་མཐའ་ཡས་པ་ཐོགས་པའི་སེར་སྦྲེང་ཟབ་རྒྱས། སྐྱེ་བོའི་ཚོགས་ཀྱིས་སྐྱ་རགས་དང་བཅས་པས་གདན་


TNT20_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས། རྟེན་སོ་སོར་སྙན་དང་དཀར་མེ་སོགས་མཆོད་རྫས། ཚོགས་སུ་མང་ཇ་འགྱེད་བཅས་གཟབས་མ་སོགས་སྐུ་སྐྱེས་རྒྱས་པ་བསྩལ། དེ་ནས་སྨོན་ཐང་རྒྱལ་པོའི་ཕོ་བྲང་དུ་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཕེབས། ཆོས་རྒྱལ་བསོད་ནམས་རྒྱལ་པོ་དང་མཇལ། སྔར་བས་ཀྱང་སྲི་ཞུ་ཆེར་གནང༌། རྒྱལ་བུ་ལ་ཚེ་དབང་སོགས་བསྩལ། དེ་ནས་རྣམ་རྒྱལ་རྩེར་ཕེབས་ནས་ཚེ་དཔལ་དྲུང་སོགས་ལ་ཚེ་དབང་རིགས་མི་གཅིག་པ་མང་པོ་དང་འཛམ་སེར་ནགརྣམ་འཇོམས་སོགས་རྗེས་གནང་མང་དག་གནང་དེ་ནས་ལས་པ་བློ་ལྡན་དང༌། སློབ་དཔོན་བསོད་ནམས་རྒྱལ་མཚན་སོགས་བླ་མ་སློབ་དཔོན་འགའ་ཤས་ལ་སྒྱུ་ལུས་དབང་མོ་ཆེས་སྒོ་ཕྱེས་ཏེ་ནི་གུ་ཆོས་དྲུག་གི་ཁྲིད། གཞན་ཡང་ཁྲིད་བརྒྱ་དང༌། པཎ་ཆེན་རིན་པོ་ཆེ་དང་རྗེ་རིན་པོ་ཆེའི་རྣམ་ཐར་གྱི་ལུང༌། ཚོགས་ཆེན་ལ་བློ་སྦྱོང་དོན་བདུན་མའི་ཁྲིད། མི་དམངས་ལ་ཁྲོམ་ཆོས་སོགས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། སླར་རྣམ་རྒྱལ་རྩེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གསུང་བསྙེན་སྦྱིན་སྲེག་དང་བཅས་པ་དང༌། དཔའ་བོ་དུར་ཁྲོད་བདག་པོའི་ལྗགས་བསྙེན་མཛད་དུས་དེ་ཉིད་དངོས་སུ་ཞལ་གཟིགས། དེ་ནས་འཚར་དགར་ཕེབས། འཚར་ཁ་རབ་འབྱམས་པ་ཆོས་སྐྱོང་རྡོ་རྗེ་ལ་ཁོང་རང་གི་འདོད་ཆོས་དང་མཐུན་པར་དབུས་སྨྱོན་གྱི་རྣམ་ཐར་དང༌། རྗེ་དམ་པའི་རྣམ་ཐར་གྱི་ལུང་གནང༌། དེ་ནས་བར་བོང་བྲག་དམར་དུ་ཕེབས།


TNT20_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་རྡོ་རྗེའི་རྒྱུད་དང་དབང༌། ཚེ་ཁྲིད་སོགས་གསུང་ཆོས་མང་དག་གནང༌། བར་བོང་དགོན་གསར་དུ་ཕེབས། དྲུང་ཡོན་དར་བ་དཔོན་སློབ་རྣམས་ལ་རྗེས་གནང་འགའ་ཡར་དང༌། རི་ཆོས་སྐོར་གསུམ་གྱི་ལུང་གནང༌། རྗེ་ཉིད་ཀྱིས་ཀྱང་དྲུང་ས་ཡོན་དར་བ་ལ། རྗེ་བཙུན་ཐམས་ཅད་མཁྱེན་པ་ནས་བརྒྱུད་པའི་རྒྱུད་འབུམ་དང༌། ནག་པོ་གཞུང་དྲུག་གི་ལུང་སོགས་གསན། ཀོ་མོང་དུ་ཕེབས། དེ་སོགས་གང་ཕེབས་སུ་ཁྲོམ་ཆོས་ཚེ་དབང་དང་ཐུགས་རྗེ་ཆེན་པོའི་བཟླས་ལུང་གནང༌། བྱ་ཚང་ཆོས་སྡེར་མཁན་པོ་བསོད་ནམས་དཔལ་འབྱོར་གྱིས་གཙོས་པའི་དགེ་འདུན་རྣམས་ཀྱིས་བསུ་བ་གཟབས་མ་དང་བཅས་པས་གདན་དྲངས། སྒྲོལ་དཀར་གྱི་རྗེས་གནང་དང༌། མཁན་ཆེན་མཉམ་མེད་ཀྱི་རྣམ་ཐར་ལུང་གནང༌། སླར་ཀོ་མང་དུ་ཕེབས། དོལ་ཕྱོགས་ཀྱི་བླ་མ་སློབ་དཔོན། དོལ་གྲུ་བཞིར་དབང་གནང་ནས། ཀུན་མཁྱེན་ཆེན་པོའི་འཁྲུངས་ཡུལ་སྤུ་རུ་ཕེབས། གསེར་མཆོད་དར་ཅོག་འཛུག་པ་གནང་དུས། མངའ་རིས་སུ་གཏན་ནས་མི་ཡོང་བ་ལ། བྱ་སྐྱ་ཀ་གཅིག་ཀུན་གྱིས་མཐོང༌། དེ་སྨན་བཙུན་མའི་བསུ་བར་དགོངས། དེ་ནས་དགོན་པ་གྲྭ་ལུང་དུ་ཆོས་རྗེ་རྣམ་གྲོལ་དཔོན་སློབ་གྱིས་བསུ་བ་རྒྱས་པས་སྤྱན་དྲངས། ཆོས་རྗེ་ལ་ཚེ་དབང་བརྒྱ་རྩ་ལྷ་དགུ་རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་ཚེ་དཔག་མེད་ལྷ་བཅུ་བདུན་མའི་དབང༌། ཀུ་རུ་ཀུལླེའི་ཁྲིད། སྒྲོལ་དཀར་གྱི་ཁྲིད། རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་བཅུ་གཅིག་གི་རྟོགས་བརྗོད་དང་རྣམ་ཐར་ཆེན་མོའི་


TNT20_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གནང༌། རྗེ་ཉིད་ཀྱིས་ཀྱང་གུ་རུ་དྲག་དམར་གྱི་དབང་ལུང༌། ཕྱག་བཞི་པ་དང༌། མགོན་སེར་གྱི་སྐོར་རྣམས་གསན། དེ་ནས་བྱང་རྣམ་རྒྱལ་ལྷ་རྩེར་ཕེབས། ཆོས་དགོན་གསུམ་གྱི་ཕེབས་བསུ་གཟབས་རྒྱས་བཅས། བླ་བྲང་དུ་ཕེབས་མཁན་པོ་ལྷ་མཆོག་བས་གཙོས་པའི་དགེ་བའི་བཤེས་གཉེན་ཤ་སྟག་འདུས་པ་ལ་ཚེ་དབང་གྲུབ་རྒྱལ་མ། ལྷ་དགུ་མི་འཁྲུགས་པ་ཀྱཻ་རྡོ་རྗེ་ཡབ་བཀའ། ཡུམ་བཀའ་རྣམས་གནང༌། བྱང་དགོན་ཐ་དད་ཀྱི་བསྙེན་རྫོགས་ཞུ་མི་མང་པོ་བྱུང་བ་ལ། རྗེ་ཉིད་ཀྱིས་མཁན་པོ། ཆོས་རྗེ་ལྷ་མཆོག་གིས་སློབ་དཔོན། རབ་འབྱམས་པ་རབ་བརྟན་གྱིས་གསང་སྟོན། རབ་འབྱམས་པ་མཐར་ལེགས་ཀྱིས་དུས་བསྒོ་བ་བྱས། ཁ་སྐོང་གི་དགེ་འདུན་དང་བཅས། བསྒྲུབ་བྱ་མང་པོ་ལ་བསྙེན་རྫོགས་གནང་ནས་སྤོང་ལེར་ཕེབས། བོ་ཟི་གཉིས་འདུས་ལ་དབང་རྗེས་གནང་ལུང་མང་ངག་གནང༌། དེ་སོགས་དགོན་པ་གང་ཕེབས་ཐམས་ཅད་དུ་མང་ཇ། བསྔོ་རྟེན་འཚོགས་ཆོས་ཁྲོམ་ཆོས་སོགས་གནང་ངོ༌། །དེ་ནས་གློ་བོ་ནང་དུ་ཕེབས་ནས་ཆོས་སྡེ་ཆེན་པོར་བཞུགས། དེའི་དགུན་ལ་བལ་པོ་ཀུ་སུ་འཇུ་དང་ཟངས་འཇུ་སོགས་མཁས་པ་མང་དག་གིས་རྗེ་ཐམས་ཅད་མཁྱེན་པའི་ནང་རྟེན། རྣམ་རྒྱལ་མཆོད་རྟེན་མཐོ་ཚད་ཆེ་བ་ཞིག་གསེར་ཟངས་ལས་བཞེངས་པ་གནང༌། སྦྲུལ་ལོ་ཟླ་བ་བདུན་པའི་ནང་དུ་གྲུབ། དེའི་ཚེས་བརྒྱད་ཉི་མ་མེ་བཞིའི་ཉིན་རབ་གནས་རྗེ་ཉིད་ཀྱིས་གནང་བའི་ཕྱག་ཕྱིར་


TNT20_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ལས་པ་བློ་ལྡན་སོགས་སློབ་དཔོན་དང་དགེ་སློང་ཉི་ཤུ་རྩ་ལྔ་ཙམ་གྱིས་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བླ་མ་གོང་མའི་ཕྱག་ལེན་བཞིན་རྒྱས་པར་གནང་སྐབས། འཇའ་ཚོན་གྱི་གུར་མེ་ཏོག་གི་ཆར་སོགས་ཕྱི་ནང་གི་ལྟས་ངོ་མཚར་བ་དུ་མ་བྱུང༌། སྡེ་སྲིད་ཀྱི་གཙོས་པའི་ཆེ་དགུ་ཀུན་གྱིས་དགའ་སྟོན་རྒྱ་ཆེར་ཕུལ། བལ་པོ་རྣམས་བཀོན་སྐྱོན། བྱུ་གསེར་གྱི་དོད་པོ་གསེར་རྐྱང་དང་གཞན་ཡང་གནང་སྦྱིན་དཔག་མེད་བསྩལ་བས་ཡིད་མགུ་བ་ཐོབ་པར་གྱུར། རབ་གནས་ཕྱག་གཡོག་པ་སློབ་དཔོན་ལྔ་ལ་ཟངས་ལྕགས། རས་སྔོ་དམར་དར་ཁ་རེ། ཆོ་ག་བ་བྱིང་ལ། ཟངས་ལྕགས་ཇ་རྣམས་ཞོ་རེ། རས་སྣམ་བུ་དར་རྣམས་ཞོ་གཉིས་རེ་གནང༌། གསེར་གདུང་ལ་གོས་དར་གྱི་ན་བཟའ། མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང༌། དགེ་འདུན་ལ་བསྙེན་བཀུར། སྡེ་པ་བླ་དཔོན་རྣམས་བཀྲ་ཤིས་དགའ་སྟོན་ལ་སྤྱན་དྲངས། དེ་ཐམས་ཅད་ལ་ཙཱ་རུའི་བཟའ་བ་བཟང་ཞིང་རྒྱ་ཆེ་བ་དང༌། སྐྱེ་བོའི་ཚོགས་མཐའ་ཡས་པ་ལ་སྦྱིན་གཏོང་རྒྱ་ཆེར་གནང༌། གཏང་རག་ཏུ་ཆོས་སྐྱོང་ལ་བསྐང་གསོ་མངའ་གསོལ་རྒྱས་པར་གནང༌། དེ་ནས་མཁན་ཁང་དུ་སྐུ་མཚམས་ཟླ་བ་གཅིག་ཙམ་མཛད་དེ་གྲོལ་མཚམས་ཚོགས་པ་ལ་སྙིང་པོ་དོན་གསུམ་གྱི་ཁྲིད། ནི་གུའི་ཁྲིད། བརྒྱུད་པའི་རྣམ་ཐར། ཡིག་ཆ་གསར་རྙིང་རྣམས་ཀྱི་ལུང༌། ཡེ་ཤེས་མགོན་པོ་ཕྱག་དྲུག་པའི་རྗེས་གནང་གནང་


TNT20_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྨོན་ཐང་དུ་ཕེབས། དཔོན་དྲུང་ཐ་དད། དྲུང་སྐོར་དྲག་བསྡུས་སྐོར་རྣམས་ལ་ཚེ་དབང༌། རྣམ་སྲས། མགོན་པོ་ལྷ་བརྒྱད་སོགས་དབང་རྗེས་གནང་མང་བར་གནང༌། དེ་ནས་རྣམ་རྒྱལ་རྩེར་ཟླ་བ་གསུམ་གྱི་བར་དུ་རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་སྦྱིན་སྲེག་དང་བཅས་པ་གནང༌། ད་རེས་ཀྱི་མཚམས་འདི་གསལ་སྣང་ཆེ་ཞིང་རྗེ་བཙུན་མས་རྗེས་སུ་འཛིན་པའི་ལྟས་ཀྱང་བྱུང་གསུངས་པའི་བཀའ་ཕེབས། དེ་ནས་ཆོས་སྡེའི་སྒྲུབ་མཆོད་རྒྱས་པའི་གཙོ་བོར་ཕེབས། དཀྱིལ་འཁོར་རྒྱ་ཆེ་ཞིང་སྟེང་དུ་བླ་བྲེ། འཁོར་ཡུག་ཏུ་སི་ཏ་ཧཱུས་ཐག་པ་ལ་གོས་དར་ཡུག་གདང་འགེལ་གྱི་ལྡ་ལྡི། གཞན་ཡང་འཕན་གཏོར་གུར་སོགས་གྲངས་མང་བ་དང༌། དར་ཡོལ་ཉིས་སྦྲག་གིས་བསྐོར་བའི་དབུས་སུ་དཔོན་སློབ་འདུས་པའི་ཚོགས་རྣམས་བཞུགས་པའི་རེ་རེ་ལ་ཡང་དབུ་རྒྱན་གསེར་མ། དར་དཔྱངས། རྡོ་རྗེ་དྲིལ་བུ། ནང་མཆོད་སྣོད་ཐོད་བཟང་པོ། རྟེན་ཁེབས་བཟང་སྒྲིགས་སོགས་མ་ཚང་བ་མེད་པ་མཛད། དབང་རྫས་དང་མཆོད་པའི་བཀོད་པ་རྣམས་མ་ཉམས་པར་ལོ་ལྟར་བཞིན་དགོས་པའི་བཀའ་བཀོད་བསྩལ་ལ། དེ་ལྟར་སྒྲུབ་མཆོད་རྒྱས་པ་གནང་བ་གྲོལ་བའི་རྡུལ་མཚོན་སྤྱན་འདྲེན་གྱི་དུས་སུ། དུང་དཀར། རྒྱ་གླིང༌། ཕྲ་དུང༌། སྦོམ་དུང༌། སིལ་སྙན། རྔ་བོ་ཆེ་སོགས་རོལ་མོ་མང་བ། གདུགས་སུམ་ཐོག་མ་དང་ཉིས་ཐོག་བདུན་ཚར་རེ།


TNT20_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་ཐོག་གཅིག་མ་བདུན་ཚར་གཉིས། རྒྱལ་མཚན། འཕྱར་དར་ཕྱེ་ཕུར་སོགས་གྲངས་མང་བ། དྲི་བཟང་གི་དུད་སྤྲིན་དང་བཅས་ཆུ་བོ་ཆེན་པོར་སྤྱན་འདྲེན་མཛད། འཁོར་མཚམས་ཆོས་སྐྱོང་ལ་གཏང་རག་གི་མཆོད་གཏོར་རྒྱ་ཆེར་མཛད་ཅིང༌། པུ་ཊ་ཕོ་མོ། རུ་འདྲེན། དུར་ཁྲོད་བདག་པོ་སོགས་ཀྱི་མཚམས་དཔལ་ལྡན་ས་སྐྱའི་ཕྱག་ལེན་བཞིན་མཛད། དེའི་སོས་ཀ་བྱང་སྤོང་ལེར་ཕེབས་ནས། ཚ་རོང་ནམ་མཁའ་བློ་གསལ་གདན་སའི་བསྐོ་བཞག་གནང༌། རྣམ་རྒྱལ་ལྷ་རྩེ་བརྒྱུད་ནས་ཆོས་སྡེ་ཆེན་པོར་ཕེབས། དེ་མཚམས་དབུས་གཙང་ནས་ཇོ་ནང་ཆོས་ཁྲིམས་པ་སོགས་ལ་བྱང་བདག་པོའི་ཞུ་ཡིག་དང་བཅས་གདན་འདྲེན་རྣམས་སླེབས། དེར་བསྐང་གསོ་རྒྱས་པར་མཛད་སྐབས། དགོང་མོའི་མཆོད་གཏོར་དང་རྒྱན་གྱི་ཐུགས་དམ་རྣམས་གྲོལ་ནས་མཚན་ཕྱེད་ཙམ་སོང་བ་ན། མནལ་གྱིས་སྲབ་སྲིབ་ཀྱི་ངང་དུ་རོལ་མོའི་སྒྲའི་རྣམ་པ་ཞིག་བྱུང༌། དེ་ལ་སྙན་གཏད་རིང་དུ་ཤ་ཆེན་གྱི་དུད་པས་གཟིམས་ཆུང་ཁེངས་བྱུང་བས། ཆོས་སྐྱོང་དགྱེས་པའི་མཚན་མ་བྱུང་གསུངས་པ། དེ་སྐབས་མགོན་པོ་འཁོར་བཅས་ཞལ་གཟིགས་པར་གདོན་མི་ཟ་ཡང་གསལ་བར་མི་གསུངས་ཞེས་སྐུ་གཞོགས་པ་རྣམས་གསུངས། དེ་ནས་ཤར་ཕྱོགས་སུ་ཕེབས་པ་ལ། སྡེ་པ་དཔོན་བློན། ཆོས་སྡེ་མི་སྡེ་ཐམས་ཅད་ཀྱིས་ཡར་ལོ་གཅིག་ཙམ་ནས་ཕེབས་དགོས་པའི་ཞུ་བ་ནན་ཅན་བྱུང་ནས། ཡར་ཁྱུག་ཙམ་ཕེབས་


TNT20_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བཀའ་བཞེས་གནང༌། དེར་རྗེ་ཉིད་ཀྱི་སྐུའི་དབོན་པོ་སྐུ་ཆོས་གནང༌། དེ་དང་སྐྱ་སྐྱར་སྒང་པའི་ཞལ་ངོ་གཅིག་ཀྱང་རབ་བྱུང་མཛད། དེ་ལྟར་ཆོས་མཛད་གཉིས་ཀྱིས་གཙོས་པའི་སོ་མ་སྟོབས་ཆེན་དང་བཅས་བྱང་ལི་རྩེར་ཕེབས། ཆོས་རྗེ་ནམ་མཁའ་བློ་གསལ་སྐུ་མཆེད་ལ་ཚེ་དབང་སྒྲོལ་དཀར་སོགས་གནང་ནས་སྐྱ་སྐྱར་ཕེབས། བྱང་རི་ཆོས་རྗེ་རྒྱལ་མཚན་མཆོག་གྲུབ་སྐུ་མཆེད་ལ་ཚེ་དབང་བརྒྱ་རྩ། སྒྲ་མི་སྙན་པའི་ཚེ་སྒྲུབ། ནི་གུའི་ཁྲིད་བསྡུས་པ་རྣམས་གནང༌། ངམ་རིང་དུ་ཕེབས་ཆོས་རྒྱལ་ཀུན་དགའ་རིན་ཆེན་གྱིས་གཞི་ལེན་རྒྱས་པར་མཛད། ལྷ་རྩེ་བརྒྱུད་ནས་རི་ཁྲོད་ཆེན་པོར་ཕེབས། སྒྲུབ་སྡེའི་སེར་སྦྲེངས་རྒྱས་པས་སྤྱན་དྲངས། ཐེབས་འཕྲལ་ལ་ཕྱག་དབང་གནང༌། སང་ནས་སྐུ་འཁྱོས་སུ་མང་ཇ་འབྲས་འཇམ་འགྱེད། ལྷ་ཁང་སོ་སོར་སྙན་དར་འབུལ་བ་གནང་ནས། སྨོན་གྲོར་སྤྱན་དྲངས། བཀའ་དབང་དང་དངོས་པོའི་སྐུ་འཁྱོས་གནང༌། ཆོས་ལུང་བྱང་རྩེར་ཕེབས་བསུ་ཟབ་རྒྱས་དང་བཅས་ཏེ་ཕེབས། དངུལ་གདུང་རིན་པོ་ཆེར་སྨན་ཚེ་ཡུག །གོས་འཕན་ཆ། དཀར་མེ་བརྒྱ་ཀོང་སོགས་མཆོད་རྫས་རྒྱ་ཆེ་བ་དང༌། ཚོགས་པ་ལ་མང་ཇ་ཉིས་སྦྲེལ་འགྱེད་བཅས་གནང་རྗེས། སླར་རི་ཁྲོད་ཆེན་པོར་ཕེབས། ཆོས་མཛད་བཅུ་གཉིས་ཀྱིས་གཙོས་པའི་སོ་མ་རྣམས་མང་ཇ་དང་བཅས་གྲྭ་ས་ཆེན་པོར་རྫོངས་ལྟར་གནང་ནས། རྟ་ལོའི་དགུན་འཁྲིད་འཛུག་པ་གནང༌།


TNT20_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

དེ་གྲོལ་ནས་གཏིང་སྐྱེས་ནས་སྤྱན་འདྲེན་བྱུང་ནས་དབྱར་ཆོས་གྲོལ་ནས་ཕེབས་པ་གནང༌། ཕར་ལམ་གདོང་སྒར་ནང་སོ་བསྟན་པ་སྐུ་མཆེད་ཡབ་སྲས་ཀྱིས་གཙོས་པའི་ཆིབས་རགས་ཀྱིས་ཕེབས་བསུ་དང་ཆོས་སྡེ་སེར་སྦྲེངས་དང་བཅས་ཕེབས། ཞལ་ངོ་རྣམས་ལ་ཚེ་དབང་སོགས་འདོད་ཆོས་གནང༌། རིམ་གྱིས་གཏིང་སྐྱེས་མཁར་ཆེན་རྩེར་ཕེབས། ཆོས་སྡེ་གསུམ་གྱིས་སེར་སྦྲེངས་དང༌། སྡེ་པ་ཞལ་ངོས་གཙོས་པའི་ཆིབས་རགས་ཀྱིས་ཕེབས་བསུ་མཛད། ཆོས་སྡེ་སོ་སོར་མང་ཇ་བསྔོ་རྟེན། སྡེ་པ་ཡབ་སྲས་ལ་གནང་སྐྱེས་རྒྱས་པར་གནང༌། བྲག་དཀར་དུ་སེམས་དཔའ་ཆེན་པོ་བསོད་ནམས་རིན་ཆེན་གྱི་སྐུ་གདུང་དང༌། ཏྲཀྴད་ཀྱི་མགོན་ཁང་མཇལ། སྙན་དར་དཀར་མེ་སོགས་འབུལ་བ་གནང༌། དེ་དུས་མགོན་པོའི་སྐུའི་ཐད་ནས་གོས་ཆེན་ལྕགས་ནག་ཁ་གང་མདུན་དུ་རང་བབས་སུ་བྱུང་བ་སོགས་རྟེན་འབྲེལ་རང་འགྲིག་ཏུ་གྱུར། ཆོས་གྲྭར་ཕེབས། ཞལ་ངོ་རྣམས་ལ་སྒྲོལ་དཀར་རྣམ་འཇོམས་རྣམས་ཀྱི་རྗེས་གནང་ཁྲུས་ཆོག་དང་བཅས་པ་ཚེ་དབང་གྲུབ་རྒྱལ་མ་བརྒྱ་ཚར། ཚེ་འཁྲིད་ཚེ་དཔག་མེད་ལྷ་དགུ་མ་བརྒྱ་ཚར། ཚེ་དཔག་མེད་ལྷ་བཅུ་བདུན་མའི་དབང་གནང་དུས། ཚེ་མདའ་མཐོ་གང་ཙམ་འཕེལ་པས་ཐུགས་ཡ་མཚན་ཞིང་དགྱེས་པར་མཛད། མགོན་པོའི་སྐོར་མང་པོ་དང༌། པཎ་ཆེན་རིན་པོ་ཆེ་དང་རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་གྱི་ལུང༌། དགོན་གསུམ་ཀའི་དགེ་འདུན་ཚོགས་པ་ལ་ཛཾ་དཀར་གྱི་


TNT20_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནང༌། པཎ་ཆེན་རིན་པོ་ཆེའི་སྐུ་བསྟོད་རྣམས་ཀྱི་ལུང༌། གཤིན་གྱི་གདུང་བརྒྱུད་འགྲོ་མགོན་དཔོན་སློབ་རྣམས་ཆེད་གཏད་མཇལ་བར་ཕེབས། ཁོང་གིས་ནན་ཞུས་མཛད་ནས་ཀྱཻ་རྡོ་རྗེའི་རྒྱུད་དབང༌། རྣལ་འབྱོར་མའི་བྱིན་རླབས། ཚེ་དབང༌། ཛཾ་ལྷ་དཀར་པོའི་རྗེས་གནང་སོགས་མང་བ་དང༌། ཆོས་སྡེའི་དྲག་པ་རྣམས་དང༌། དྲུང་འཁོར་རགས་བསྡུས་རྣམས་ལ་ཡང་གང་ལ་གང་འདོད་ཀྱི་བཀའ་ཆོས་གནང༌། ཟླ་བ་དྲུག་ཙམ་བཞུགས་ནས། ཕྱིར་ཕེབས་དུས་རྣམ་སྲས་དཀར་པོ་དང༌། མགོན་དཀར་ཡིད་བཞིན་ནོར་བུའི་རྗེས་གནང་ཕེབས་སྐྱེལ་རིམ་ཅན་དུ་བྱུང༌། དགོང་གཅིག་ཚུལ་ཕེབས་མཚམས་གཏིང་སྐྱེས་ནས་ཕུལ་བའི་ཆིབས་པ་དེ་འགྲོགས་ནས་ཕར་ཤོར་བ་ལ་རྟ་བས་དེད་ཀྱང་མ་ཟིན་པ་ལ། མགོན་ཁྱི་རྗེས་ལ་བརྒྱུགས་ནས་ཚུར་བཀུག་པས་ཡ་མཚན་པར་བྱུང༌། དེ་ནས་གདོང་རྒར་ཕེབས། ནང་སོ་ཞལ་ངོ་རྣམས་ལ་བཀའ་ཆོས་གནང་ནས་དགོན་པ་བདེ་ཆེན་དུ་ཕེབས། ལྷ་རྩེ་ནས་མ་ཆེན་ཧེ་པ་སོགས་དྲག་པ་ཐམས་ཅད་མཇལ་དུ་བྱུང་བ་ལ། ཚེ་རྟ་སོགས་གནང་ནས། ཇོ་ནང་དུ་ཕེབས་ཕྲལ་བོ་དོང་གཉེར་པ། ཤེལ་དཀར་ནང་སོ་ཡབ་སྲས་སོགས་མཇལ་མཁན་མང་དག་བྱུང་བ་ལ། སོ་སོའི་འདོད་ཆོས་དང་མཐུན་པའི་བཀའ་ཆོས་གནང་ནས་ཆོས་ལུང་བྱང་རྩེར་ཕེབས། དངུལ་དུང་རིན་པོ་ཆེར་སྙན་དར་དཀར་མེ་ཕྱག་མཆོད་སྒྲུབ་སྡེ་ལ་


TNT20_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

མང་ཇ་འགྱེད་བཅས་གནང༌། ཚོགས་ཆོས་སུ་བདེ་མཆོག་ལྷ་ལྔའི་དབང༌། རྣལ་འབྱོར་མའི་བྱིན་རླབས། རྩ་དབུ་མའི་ཁྲིད། རྗེ་བཙུན་ཀུན་དགའ་མཆོག་གྲུབ་ཀྱི་བཀའ་འབུམ་འདོད་འཇོའི་ལུང་རྣམས གནང༌། སྨོན་གྲོར་ཕེབས་སྐུ་སྐྱེས་གནང་སྦྱིན་གནང་ནས། ཚེ་དབང་བརྒྱ་རྩ། ཁྲུས་ཆོག །སྒྱུ་ལུས་དབང་མོ་ཆེ། ནི་གུའི་ཁྲིད་ཕྱག་དྲུག་པ་དང་གུར་གྱི་བཀའ་བསྒོ་གནང་ནས་རི་ཁྲོད་ཆེན་མོར་ཕེབས། དགུན་འཁྲིད་ཕྱོགས་ཐ་དད་ཀྱི་དཔོན་སྐྱ་ཆེ་ཆུང༌། ཁྲིད་གསར་པ་སྟོབས་ཆེ་བ་དང་བཅས་པ་ལ་སྔར་ལྟར་གནང༌། ངོ་སྤྲོད་ཀྱི་སྐབས་གཞིས་ཀ རྒྱལ་རྩེ། བྱང་ངམ་རིང་བ་སོགས་ནས་མང་ཇ་འགྱེད་བཅས་བསྔོ་རྟེན་སོགས་གཏོས་ཆེ་བར་བྱུང༌། དགུན་སྨད་སྐུ་མཚམས་གནང་སྐབས། བྱང་སྟག་ལུང་ནས་གདན་འདྲེན་ནན་ཏན་བྱུང་བ་ལ། དབྱར་ཆོས་གྲོལ་མཐར་ཕེབས་པའི་བཀའ་བཞེས་གནང༌། དབྱར་ཆོས་ལ་དམར་འཁྲིད་སྦྱོར་ཚ་མ་དང༌། ངེས་དོན་རྒྱ་མཚོའི་ལུང་གནང༌། དབུས་ལ་ཕེབས། གདོང་དུ་རྡོར་འཛིན་པ་སོགས་དྲག་བསྡུས་རྣམས་ལ། ངེད་གཙུག་ལག་ཁང་འདི་ཞིག་གསོས་བྱེད་འདོད་ཡོད་པས། ཤིང་ཆ་རགས་པ་ཁ་ཡར་གཅོད་དགོས་འདུག་ཅིང༌། ལས་མགོ་ནམ་བཙུག་པ་དགའ་བའི་བཀའ་གྲོས་གནང་ནས། ཁོང་རྣམས་ཀྱི་ཞུ་ཆ། འདི་ཀུན་མཁྱེན་གྱི་ཕྱག་ནས་མ་ཡིན་པ་དང༌། ཤིང་ཆ་ཕལ་ཆེར་ཆོས་སྐྱོང་གི་སྤྱན་གཟིགས་ཡིན་པས་མི་ལེགས་སམ་ཞུ་བ་བྱུང་བས། གཙུག་


TNT20_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་བཤིག་རང་དགོས་པའི་ངེས་པ་མེད། ཞིག་གསོ་བྱེད་དགོས་གསུངས། རྗེ་ཉིད་རང་གི་ཤིང་སྟ་བསྣམས་ནས་སྡོང་པོ་གསུམ་བཞི་ལ་གནང༌། ད་བཅད་ན་སྐྱོན་མི་ཡོང་གསུངས་པ་དང༌། གཉེར་ལ་ཚོགས་གདན་རྣམས་བསྒྲིལ་ལ་ཕུགས་སུ་ཞོག དབྱར་ཆར་བས་སྐྱོན་ཞིག་ཡོད་གསུངས་པ་ནན་གྱིས་བྱུང༌། ཚོགས་པ་ལ་མང་ཇ་འགྱེད་སོགས། གནང་ནས་ཤར་ལ་ཆིབས་ཁ་བསྒྱུར། ལམ་བར་གྱི་སྡེ་དཔོན་སོ་སོས་ཀྱང་སྤྱན་འདྲེན་པ་སླེབས་ནས། ཐོག་མར་སྣར་ཐང་དུ་ཕེབས། སྡེ་པ་ལ་དབང་བྱིན་རླབས་མང་དུ་གནང་ནས་ཁྲི་ཁང་དུ་ཕེབས། སྡེ་པ་ཡབ་སྲས་རྣམས་ལ་ཚེ་དབང་གྲུབ་རྒྱལ་ལ། ཚེ་དཔག་མེད་ལྷ་བཅུ་བདུན་མ། ཀྱཻ་རྡོ་རྗེའི་རྒྱུད་དབང༌། ལམ་དབང་རྣལ་འབྱོར་མ་རྣམས་དང༌། རྗེས་གནང་མང་བར་གནང་ནས་རིམ་པས་བརྒྱུད། གཞིས་ཀ་རིན་སྤུངས་སུ་ཕེབས། ཡབ་སྲས་སྟེང་ཞལ་རྣམས་དང་མཇལ་དཔལ་ཚེ་དཔག་མེད་དཀར་པོ། གྲུབ་རྒྱལ་མ་དང་ལྷ་དགུ་བརྒྱ་རྩ་རེ་རེ། ཐུབ་པ་མེ་རུ་སིདྷའི་ཚེ་སྒྲུབ། སྒྲོལ་དཀར། མི་གཡོ་བ་སོགས་རྗེས་གནང་མང་བ། ཛམྦྷ་ལ་དམར་པོའི་བྱིན་རླབས། དུར་ཁྲོད་བདག་པོའི་རྗེས་གནང༌། རྣམ་འཇོམས་ཛ་ལི་མ་དཀར་པོའི་བྱབ་བསྲུང་རྣམས་ཕུལ། ངུར་སྨྲིག་ཏུ་སྒྲོལ་མ་མཇལ་ནས་རོང་ཆེན་བརྒྱུད། སྨྱུག་ལར་ཕེབས་ཚེ་དབང་ཛམ་སེར་སོགས་རྗེས་གནང་འགའ་དང༌།


TNT20_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་ཐམས་ཅད་མཁྱེན་པའི་རྣམ་ཐར་གྱི་ལུང་གནང༌། གཞིས་ཀ་གོང་དཀར་ནས་ཡུམ་སྲས་ཀྱིས་སྤྱན་དྲངས། དགོངས་བཞེད་ལྟར་ཚེ་དབང་བརྒྱ་རྩ། རྣམ་རྒྱལ་ཛཾ་བྷ་ལ་རིགས་ལྔའི་རྗེས་གནང༌། ཚེ་དབང་ལྷ་དགུ་སོགས་འབུལ་བ་གནང༌། དེ་སྐབས་ཇོ་ནང་གི་གཙུག་ལག་ཁང་ཕྱོགས་ནས་ཞིག་པས། རྡོར་འཛིན་པ་སོགས་ཀུན་གྱིས་འདི་རྗེ་རང་གིས་དགོངས་པ་འདུག་ཟེར་ཡ་མཚན་ཞིང༌། སྐུ་གཞོགས་སུ་བང་ཆེན་བྱུང༌། དེ་ནས་ལྷ་སར་ཕེབས། ཇོ་བོ་རིན་པོ་ཆེར་བཀྲ་ཤིས་ཁ་བཏགས་ཟུང་གིས་སྙན་དར། དར་ཆེན་གྱི་སྣམ་སྦྱར། གཞན་མ་ཇོ་བོ་བཅུ་གཅིག་ཞལ་སོགས་རྟེན་གཙོ་སོ་སོར་སྙན་དར། དཀར་མེ་གཞན་ཡང་གུར་གུམ། ལི་སུག ཛཱ་ཏི། ཙནྡན་དང་ཨ་ག་རུའི་ཕྱེ་མ་གསེར་གྱི་ཕྱེ་མ་དང་བསྲེས་པ་སྐུ་སོ་སོར་འཐོར་བ་དང༌། སྤོས་ཀྱི་དུད་སྤྲིན་སོགས་ཀྱིས་མཆོད། སྨོན་ལམ་ཐུགས་ཚིམ་པར་གནང་ནས། ལྕང་ལུང་ཆོས་སྡིངས་སུ་མཁན་ཆེན་ཀརྨ་བཟང་པོ་དཔོན་སློབ་ཀྱིས་སེར་སྦྲེངས་རྒྱས་པས་སྤྱན་དྲངས། རིག་འཛིན་ལོ་བརྒྱ་བ་ལྕང་ལུང་པ་ཆེན་པོ་དང༌། བཀའ་དྲིན་ཅན་རྗེ་བཙུན་གཞོན་ནུ་ཆོས་གྲུབ་ཀྱི་སྐུ་སོགས་ལ་སྙན་དར་དང་མཆོད་པ་དཔག་མེད་གནང༌། ཚོགས་པ་ལ་ཚོགས་ཆོས་མང་ཇ་འགྱེད་བཅས་དང་མཁན་ཆེན་རང་ལ་ཚེ་དབང་ལྷ་དགུ་སོགས་གནང༌། སྟག་ལུང་ནས་ཕེབས་བསུ་དང་བཅས་ཕེབས། རྗེ་རིན་པོ་ཆེ་ཀུན་དགའ་བཀྲ་ཤིས་པ་དང་མཇལ། གུར་གུམ་སོགས་སྨན་བཟང་དྲུག


TNT20_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་སྲང་གང༌། བྱུ་རུ་སྤོས་ཤེལ། རས་སྤུས་གཙང་བ་སོགས་སྟོད་ཟོག་སྤུས་གཙང་མང་པོས་སྐུ་སྐྱེས་ཕུལ། དེ་ནས་རྗེ་གྲོགས་ཁ་པ་ཆེན་པོ་དང་མཇལ། སྐུ་སྐྱེས་སྔར་བཞིན་ཕུལ། སྟག་ལུང་བའི་ཆེ་བཙུན་ཀུན་གྱིས་ཕྱག་མཇལ་ཕུལ།དེ་ནས་རྗེ་ཀུན་དགའ་བཀྲ་ཤིས་ལས་ཚེ་དབང་དབྱངས་ཅན་མའི་རྗེས་གནང༌། སྟག་ལུང་ཐང་པ་ཆེན་པོའི་རྣམ་ཐར་གྱི་ལུང་གསན། དེ་ནས་རྗེ་ཉིད་ལ་ཚེ་དཔག་མེད་དཀར་པོ། སྒྲོལ་དཀར་འཇམ་དཀར། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བརྒྱ་རྩ། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་བཀའ་སྲོལ། ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་པའི་ཚེ་དཔག་མེད་ལྷ་དགུའི་འཆི་བླུ་དང་བཅས་པ། ཚེ་ཁྲིད་ཛཾ་དམར། རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་བཅུ་གཅིག་གི་རྟོགས་བརྗོད། རྣམ་ཐར་ཡོངས་རྫོགས་མགུར་འབུམ་དང་བཅས་པའི་ལུང་ཕུལ། རྗེ་གྲོགས་ཁ་བ་ཆེན་པོ་ཚེ་དབང་རིགས་མི་གཅིག་པ་འགའ་ཤས། བཀའ་གདམས་ཐོར་བུ་པ དང༌། རྗེ་བཙུན་ཐམས་ཅད་མཁྱེན་པའི་རྣམ་ཐར་ཆེན་མོའི་ལུང་ཕུལ། ཅོག་གྲྭ་སློབ་དཔོན་པས་གཙོས་པའི་དོན་གཉེར་མང་དག་ལ། སྙིང་པོ་དོན་གསུམ་གྱི་འཁྲིད་བྱིངས་པ་རྣམས་ལ་རང་རང་གི་འདོད་པའི་རྗེས་གནང་ལུང་སོགས་གནང༌། དེ་ནས་རྭ་སྒྲེང་མཇལ་བར་ཕེབས། ཇོ་བོ་ལ་དཀར་མེ། ཞལ་གསེར། སྙན་དར་ཕྱག་མཆོད་སྨོན་ལམ་གནང་ནས་སླར་སྟག་ལུང་དུ་ཕེབས། རྗེ་སྐུ་མཆེད་ལ་ཀུ་རུ་ཀུལླེའི་


TNT20_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གསང་འཁྲིད། གུར་གྱི་རྗེས་གནང༌། མན་ངག་ཟབ་མོ་དང་བཅས་པ་གནང༌། དཔོན་རིན་པོ་ཆེ་སོགས་དྲག་པ་རྣམས་ལ་ཡང་ཚེ་དབང་སོགས་དང༌། སོ་སོར་འདོད་ཆོས་མང་བ་གནང༌། དེ་ནས་སྟག་ལུང་ནས་དཔོན་སློབ་སོ་སོས་འབུལ་བ་རྒྱ་ཆེ་བ་རང་མཛད། དེ་ནས་ལྷུན་གྲུབ་སྒང་དུ་ཕེབས། ཞལ་ངོ་རྣམས་ལ་ཚེ་དབང་རྟ་མགྲིན་སོགས་གནང༌། ཚུར་ཡོང་ལྕང་ལུང་ཆོས་སྡིངས་སུ་ཕེབས། མཁན་རིན་པོ་ཆེ་དང་སྤྱི་ཆོས་དགོས་ཆོས་སོགས་གནང་ནས་ལྷ་སར་ཕེབས། ཞལ་གསེར་གསེར་སྟོན་རྒྱས་པ་བཅས་སྙན་དར་སོགས་སོ་སོར་འབུལ་བ་གནང༌། རིམ་གྱིས་རོང་ངུར་སྨྲིག་དང༌། གཞིས་ཀ་བྱམས་ཆེན་སོགས་ཀྱི་རྟེན་མཇལ་གནང་ནས། གཞིས་ཀ་རིན་སྤུངས་སུ་ཕེབས་ནས་སྡེ་སྲིད་དང་མཇལ། རྒྱང་ཙམ་བཞུགས་ནས་དགོངས་བཞེད་ལྟར་ཚེ་དབང་སོགས་དབང་བཀའ་རྗེས་གནང་མང་བ། དུས་འཁོར་སྙན་བརྒྱུད་ཀྱི་འཁྲིད། མགོན་པོའི་རྗེས་གནང་སོགས་གནང༌། ཇ་བཟང་དང་རྫོང་ཁ་བརྒྱུད་ཁྲི་ཁང་དུ་ཕེབས། ཚེ་དབང་གནང༌། གཞིས་ཀ་བསམ་འགྲུབ་རྩེར་ཕེབས། སྡེ་པ་རྒྱལ་བུ་དཔོན་བློན་ལ་ཚེ་དབང་སོགས་གནང༌། གསེར་མདོག་ཅན་ལ་མང་ཇ་སྐོལ་བ་རྫོང་དར་གནང༌། རིམ་གྱིས་རི་ཁྲོད་ཆེན་མོར་ཕེབས། ལྷ་ཁང་སོ་སོར་སྙན་དར་མར་མེ། ཚོགས་པ་ལ་མང་ཇ་གནང༌། སྨོན་འགྲོ་བརྒྱུད་ནས་ཆོས་ལུང་བྱང་རྩེར་ཕེབས། དངུལ་གདུང་རིན་པོ་ཆེར་སྙན་དར་གོས་ཡུག །རྗེ་ཀུན་དགའ་མཆོག་གྲུབ་ཀྱི་སྐུ་ལ་སོགས་པ་སྐུ་ཆེ་གྲྭ་རྣམས་


TNT20_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙན་དར། དཀར་མེ་བརྒྱ་རྩ་སོགས་མཆོད་པ་དང༌། ཚོགས་སུ་མང་ཇ་ཟུང་སྦྲེལ་འགྱེད་བཅས། རྗེ་དྲུང་རྡོ་རིང་པར་བཀྲ་ཤིས་ཁ་བཏགས། གསེར་སྲང༌། དངུལ་ཕོར། གོས་ཕྱི་ནང༌། ཇ་སིགས་འབུལ་བ་གནང༌། རྒྱང་ཙམ་བཞུགས་རིང་རྗེ་རིན་པོ་ཆེ་ལ་ཚེ་དབང་བརྒྱ་རྩ། རྗེ་བཙུན་ཐམས་ཅད་མཁྱེན་པའི་རྣམ་ཐར་ཡོངས་རྫོགས། གསན་ཡིག་འཁྲིད་བརྒྱའི་ལུང་རྣམས་ཕུལ། ཚུར་ཡང་ཚེ་དབང༌། ཞལ་བཞི་པ་རིགས་མི་འདྲ་བ་བཅུ་གཅིག་གི་རྗེས་གནང་ལུང་བཅས་རྩ་དབུ་མའི འཁྲིད་སོགས་གསན། སྒྲུབ་སྡེ་ལ་ཚེ་འཁྲིད། རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་གྱི་ལུང་རྣམས་གནང་ངོ༌། ༈ །བྱང་ཆུབ་ཕྱོགས་ཆོས་གཟུགས་སུ་སྣང་བའི་སྤོ། །རིན་ཆེན་དུ་མ་ལས་གྲུབ་ཆོས་སྐུའི་རྟེན། །ཉིན་བྱེད་འོད་དུ་འབར་བའི་གཟི་འོད་ཀྱིས། །རྩོད་དུས་མུན་པའི་ཚོགས་རྣམས་རིང་དུ་བསྐྲད། །གང་ལ་བདེ་ཆེན་འཁོར་ལོ་སྡོམ་པ་ཡི། ཡེ་ཤེས་རང་བཞིན་རྗེ་བཙུན་བླ་མའི་ཐུགས། །གཉིས་སུ་མེད་པའི་ཡེ་ཤེས་སྤྱན་དྲངས་པས། །རྡུལ་སྙེད་རྒྱལ་བའི་བྱིན་རླབས་མ་ལུས་ཞུགས། །སྔགས་རྒྱ་ཏིང་འཛིན་ཆོ་གའི་རིམ་པ་ལས། །ལྷག་གནས་མེ་ཏོག་གཏོར་ཚེ་ཕྱོགས་བཅུ་ཡི། རབ་འབྱམས་ཞིང་གི་རྒྱལ་བ་མ་ལུས་པས། །ཤིས་བརྗོད་མན་ད་ར་བའི་ཕྲེང་བ་སྤེལ། །དེ་ཚེ་མཁའ་དབྱིངས་ཆུ་འཛིན་གོས་བྲལ་བར། །འཇའ་ཚོན་ཕྲེང་བས་ཡོངས་སུ་བྲིས་བྱས་ཤིང༌། །ལྷ་རྫས་མེ་ཏོག་


TNT20_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་མའི་ཆར་ཆེན་གྱིས། །ནམ་མཁའ་ཡངས་པ་མ་ལུས་འགེངས་པར་བྱེད། །རྒྱལ་བའི་དགོངས་པ་དྲང་ངེས་ཆོས་ཀྱི་ཚོགས། །གང་ལ་གང་འདུལ་བློ་དང་འཚམས་སྟོན་ཞིང༌། །སྐལ་ལྡན་མཆོག་ལ་རྡོ་རྗེ་ཐེག་པ་ཡི། །ཉེ་ལམ་གྲུབ་པའི་ཞལ་ལུང་གཙོ་བོར་བསྟན། །ཕྱོགས་བཅུའི་སྐྱེ་འགྲོའི་བསོད་ནམས་གསོག་ཕྱིར་དུ། །རིན་ཐང་ཆེ་བའི་དངོས་པོ་ཀུན་ཕུལ་བ། །སླར་ཡང་མི་ཟད་ནམ་མཁའ་མཛོད་ཕྱེ་ནས། །དཀོན་མཆོག་མཆོད་དང་དམན་ལ་སྦྱིན་གཏོང་མཛད། །ཟབ་མོའི་དོན་མཆོག་བསྐྱེད་རྫོགས་ཡེ་ཤེས་ལ། །སྐད་ཅིག་ཡེངས་པ་མེད་པར་མཉམ་འཇོག་ཅིང༌། །བསྡུ་དངོས་བཞི་དང་ཕ་རོལ་ཕྱིན་དྲུག་གི །སྤྱོད་པའི་ཚུལ་འདི་ལག་ལེན་ཐེབས་པར་མཛད། །མང་པོའི་དབུས་སུ་ཁ་བཤད་ནེ་ཙོའི་ཚིག །ཡིན་ཡིན་ལྟར་སྨྲའི་ཆེར་རློམ་མང་མོད་ཀྱི། དམ་ཆོས་ཆོས་ནས་བཤད་བཞིན་མཛད་པ་དེས། །རྗེ་བཙུན་ཁྱེད་ཀྱི་རྣམ་པར་ཐར་པ་ཡིན། །དེ་ནས་སླར་ཡང་སྨོན་གྲོར་ཕེབས། ཞལ་ངོ་རྣམས་ལ་ཚེ་དབང༌། ཆོས་སྐྱོང་གི་བཀའ་བསྒོ་སོགས་གནང་ནས་ཇོ་ནང་དུ་ཕེབས། ཕྱོགས་ཀྱི་བླ་མ་སློབ་དཔོན་སོགས་སེར་སྐྱ་དད་འདུས་ལ་རང་རང་གི་བསམ་པ་ལྟར་གྱི་རྗེས་གནང༌། ཚེ་དབང་ལུང་སོགས་གནང༌། དེ་ནས་ཟླ་བ་གཉིས་ཙམ་སྐུ་མཚམས་གནང་བ་གྲོལ་མཚམས། ནང་སོ་གྲོ་ལུང་ཆོས་མཛད་པ་སོགས་ལ་ཚེ་དབང༌། དམར་པོ་སྐོར་གསུམ། ནི་གུའི་འཁྲིད་སོགས་


TNT20_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གནང་རྗེས། དགུན་ཁྲིད་སོགས་ཀྱི་འཁྲིད་གསར་པ་གཏོས་ཆེ་བ་དང་བཅས་པ་མཐར་ཕྱིན། དུས་ཀྱི་འཁོར་ལོའི་བསྙེན་པ་ཟླ་སྦྲེལ་ཙམ་གནང༌། དེ་ནས་བྲག་དམར་ཆོས་སྡེའི་མཁན་པོ་ཆོས་ཀྱི་རྗེ་དོན་ཡོད་རྡོ་རྗེ་དཔོན་སློབ་རྣམས། པཎ་ཆེན་རིན་པོ་ཆེ་དང་རྗེ་དམ་པ་ནས་བརྒྱུད་པའི་སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་སོགས་གསན་པར་ཆེར་གཏད་དུ་ཕེབས་ཟླ་བ་གསུམ་ཙམ་བཞུགས་པར་སྒྲུབས་ཐབས་བརྒྱ་རྩ་དང་རྒྱ་མཚོ་གཉིས་ཀའི་རྗེས་གནང༌། སླ་ཆོས་སུ་མ་སོང་བར་རྗེས་གནང་རྟིང་མ་རྣམས་སྒྲུབ་རིང་ཚོགས་པས་སྒྲོལ་མ་གནང༌། རྗེས་གནང་གྲུབ་འཕྲལ་སྒྲུབ་ཐབས་ཀྱི་ལུང་གནང༌། ཡང་དགོས་རྗེས་གནང་རྟིང་མ་སྒྲུབ་པ་སོགས་ཕྱག་ལེན་ཤིན་དུ་གཙང་བའི་སྒོ་ནས་གནང༌། གཞན་ཡང་རྗེས་གནང་ཟུར་བཀའ་མང་དག་དང༌། འཕགས་པ་བརྒྱད་སྟོང་པའི་ལུང་སོགས་གནང་ནས་ཤར་ལ་ཐོགས་ཕེབས། རིང་པོ་མ་ལོན་པར་གསེར་མདོག་ཅན་དུ་གནང་འདུག །དེ་ནས་ཉི་མ་མེ་བཞིའི་འགྲུབ་སྦྱོར་ཡོད་པ་ཞིག་གི་ཉིན་རི་ཁྲོད་ཆེན་པོ་ཇོ་ནང་གི་གཙུག་ལག་ཁང་གི་འགྲམ་བསྐྱེད་ནས་གསར་དུ་གཙུག་ལག་གི་བླའི་དཔོན། ཆོས་རྗེ་ཀུན་བཟང་རྒྱལ་པོ་ལ་བསྐོ་བཞག་གནང༌། རྡོ་བཟོ་ཤིང་བཟོ་སོགས་གང་མཁས་ནས་འབོད་པ་གནང་སྟེ། གཙུག་ལག་ཁང་སྔར་བས་རྒྱ་ཆེ་ལ་དཔངས་མཐོ་བའི་ཞལ་བཀོད་གནང༌། དེ་ནས་རིང་པོ་མ་ཐོགས་པར་འདུ་ཁང་ཀ་ཆེན་སུམ་


TNT20_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་ཡོད་པ། ཤིང་ཆ་སོགས་གཟབས་ལྡན་ཕུགས་ཐིག་ཁང་དང་བཅས་པ་གྲུབ་མཚམས། བཟོ་རིས་པ་རྣམས་ལ་གནང་སྦྱིན་རྒྱ་ཆེར་གནང་ནས་རྫོངས་ལྟར་གནང༌། དེ་རྗེས་སྤྲུལ་སྐུ་སྨན་ཐང་བ་སྐུ་མདུན་བློ་བཟང་བ་དང་ལྷུན་གྲུབ་པ་གཉིས་ཕྱག་ཕྱིར་རྒོད་ཁུངས་བསོད་དཔལ་བ་དང༌། སྣར་ཐང་པ་ཚེ་རིང་འཕེལ་སོགས་མཁས་བསྡུས་དཔོན་སློབ་ཉི་ཤུ་ཕྱིར་ཕེབས། གཙུག་ལག་ཁང་ལ་གཟིགས་ནས། གཙུག་ལག་ཁང་ཆེ་ཞིང་ཤིང་ཆ་བཟང་བསྒྲིགས་རང་དུ་འདུག་པས་ཚོན་མང་པོ་དགོས་པར་འདུག་པ་ལ། གཞིས་ཀ་རིན་སྤུངས་ནས་སྤང་མཐིང་གཏོས་ཆེ་བ་འབུལ་བ་གནང་འདུག་པ་འདིས་ལྡངས་ཀྱང་མཚལ་ལི་ཁྲི་སྟོབས་ཆེན་དགོས་པ་འདུག་ཞུས་པས་དེས་རང་ཐོགས་མི་འོང་གསུངས། བར་ཆད་སེལ་ཕྱིར་ཁོང་དཔོན་སློབ་ལ་ཚེ་དབང་དང༌། ལྷ་ཞི་དྲག་གི་རྗེས་གནང་འགའ་རེ་གནང༌། སྐྱ་རིས་ཚུགས་མཚམས་ཤེལ་དཀར་ནས་སྒྲུབ་སྡེ་ཆེན་པོར་མང་ཇ་བསྙེན་བཀུར། རྗེའི་དྲུང་དུ་འབུལ་བ་སྤྱི་དང༌། ཁྱད་པར་ལོགས་བྲིས་གནང་གི་ཡོད་འདུག་པས་ཟེར། མཚལ་ལེགས་པ་གྲོ་འབོ་ཕྱུར་པ་གཅིག་ཕུལ་བྱུང་བས་ལྷག་འཐོར་པ་བྱུང༌། ཤིང་རྩི་ལོགས་བྲིས་ཚང་མ་ཚོན་བཟང༌། གསེར་ཚ་བྱུགས་ཤིང་རི་མོ་གཟབ་པའི་ངོས། ཐུབ་དབང་གཙོ་བོར་གྱུར་པའི་ཀུན་མཁྱེན་ཆེན་པོ་དང༌། རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་བཅུ་གཅིགདུས་ཀྱི་འཁོར་ལོ་ཞལ་ཕྱག་རྫོགས་པ། ཆོས་རྒྱལ་རིགས་ལྡན། སྦྱོར་དྲུག་བརྒྱུད་པ། འདོད་ལྷ་འགའ་ཤས་དང་བཅས་པ་རྣམས་རི་མོ་འབབ་ཅིང་གྲུབ་


TNT20_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེན་པ་རང་བྱོན་ལྟ་བུར་བྱུང་ནས། ཟླ་བ་བཞི་ལྷག་པ་ལ་བར་ཆད་ཀྱི་མཚན་མ་ཅུང་ཟད་ཙམ་ཡང་མེད་པར་མཐར་ཕྱིན། བཟོ་རིས་པ་རྣམས་ཀྱང་རྗེ་ཉིད་ཀྱི་ཐུགས་རྗེ་དང་བྱིན་རླབས་ལས་གྲུབ་པར་འདུག་ཞུ་བ་བྱུང༌། རབ་ཏུ་གནས་པར་རྗེ་ཉིད་ཕེབས་དགོས་པའི་ནན་ཞུས་བྱུང་བས། ལྗགས་བསྙེན་གྱི་འཕྲོས་གང་མྱུར་གནང་ནས་ཞག་དྲུག་ནས་སྐུ་མཚམས་གྲོལ་ནས་ཕེབས་པས་དབོན་དྲུང་རིན་པོ་ཆེ་འཕན་ནེ་དེ་ཉིད་གཤེགས་པའི་བང་ཆེན་དང་ལམ་དུ་མཇལ་ནས་མྱུར་བར་སྨོན་གྲོར་ཕེབས། སྐུ་རྗེས་རྒྱ་ཆེར་བྱེད་དགོས་པའི་བཀའ་བཀོད་གནང་སྟེ་རྗེ་བཙུན་མཆོག་གི་སྤྲུལ་སྐུ་དང༌། རྗེ་རྡོ་རིང་པ་ཡར་འབྲོག་ན་བཞུགས་པ་ལ་འབུལ་བ་དང་སྤྱན་འདྲེན་སྦྲགས་པ། གཞན་སྟག་ལུང་ཆོས་རྗེ་སོགས་ཆོས་འབྲེལ་ཡོད་པའི་བླ་མ་ཀུན་ལ་འབུལ་བ། ཆོས་ལུང་བྱང་རྩེར་སྙན་དར་དང་དཀར་མེ་སོགས་གཏོས་ཆེ་བ་སྨོན་འགྲོ་རང་དུ་ཆོས་ལུང༌། ཤུག་ཁྲོ། དགོན་པ་དཀར་པོ་བ། ཇོ་ནང་སྒྲུབ་སྡེ་རགས་པ༌། གསེར་མདོག་ཅན་གྱི་ཕུ་ཐུག་པའི་སློབ་གཉེར་བ་སོགས་དགེ་འདུན་སུམ་བརྒྱ་བུད་པས་དཀྱིལ་འཁོར་མང་པོའི་སྒྲུབ་མཆོད་དང་སྨོན་ལམ་མཛད། རྗེ་ཉིད་དཔོན་སློབ་ཉུང་བསྡུས་ཀྱིས་རྣལ་འབྱོར་མ་དང༌། མི་འཁྲུགས་པའི་ཆོ་ག་གནང༌། མཐར་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་གསུངས་བསྔོ་རྒྱས་པ་ཤིས་བརྗོད་དང་བཅས་པ་གནང་ཞིང༌། ངམ་རིང་ཆོས་སྡེ། བཟང་ལྡན། ཇོ་ནང་སོགས་བྱང་ཁོག་གི་


TNT20_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་པ་ཕལ་ཆེ་བ་དང༌། ངོར་གསེར་མདོག་ཅན་སོགས་སུ་མང་ཇ་བསྔོ་རྟེན་གྲྭ་ལ་འགྱེད། སྙན་དར་དཀར་མེ། འཕན་སོགས་མཆོད་རྫས་དཔག་མེད་འབུལ་བ་སོགས་ཞལ་བཀོད་ཀྱིས་ཁྱབ་པར་མཛད་ནས་ཇོ་ནང་དུ་ཕེབས། མགོན་པོ་ལྕམ་དྲལ་གྱི་འཆམས། སྐུ་འཁོར་རྣམས་ཀྱི་ཞལ་འབག་དང་བཅས་པ་བཞེངས་པ་གནང༌། རབ་ཏུ་གནས་པ་གནང་ནས་ཡེ་ཤེས་པ་བཞུགས་ངེས་པའི་ཟིལ་ཅན་དུ་གྱུར། དེ་སྐབས་ཇོ་ནང་གི་ཆེ་བགྲེས་རྣམས་ཀྱིས་རྗེ་ཉིད་ཀྱི་སྐུ་འདྲ་ཕྱག་ནས་མ་གཅིག་བཞེང་ཟེར། རྒྱུ་དར་ཟབ་སྨན་བཟང་དྲུགརིན་པོ་ཆེའི་ཕྱེ་མ་སྣ་ཚོགས་པ་བསྲེས་པ་ལས་གྲུབ་པ། ནང་གཞུག་སྐུ་གསུང་ཐུགས་ཀྱི་རྟེན་གཟུངས་སྔགས། རིང་བསྲེལ་སོགས་དཔག་ཏུ་མེད་པས་བཀང་བ་འདི་བཞེངས་ནས། རབ་ཏུ་གནས་པ་རྒྱས་པར་གནང་ནས་འདུ་ཁང་དུ་བཞུགས་སུ་གསོལ། རྟ་ལོ་སྐུ་མཚམས་དམ་པར་གནང་ཡོད་པའི་སྐབས་དབྱར་སོས་བསམ་འགྲུབ་རྩེ་ནས་དཔོན་ས་བདག་མོའི་དྲུང་ཆོས་བྲོས་མཛད་ནས་ཕེབས། དེ་ནས་མྱུར་སྟབས་སུ་སྡེ་པ་ཀུན་སྤངས་དྲུང་སྐུ་མཆེད་ཀྱང་མྱུར་ཤངས་སུ་ཕེབས། དཔོན་ས་རིན་པོ་ཆེ་ནས་གཙུག་ཕུད་བཞེས་དགོས་ཚུལ་ནན་ཞུས་བྱུང་ན་ཡང༌། སྐུ་མཚམས་སྟབས་ནས་སུ་ལ་ཡང་མཇལ་ཁ་མ་གནང༌། འོན་ཀྱང་བཀའ་བཀོད་གནང་བའི་ཞལ་ངོ་མཐུན་གྲུབ་ཀྱི་སྒོ་ནས་དབུ་བསིལ་གནང༌། སྡེ་པ་སྐུ་མཆེད་ཀྱིས་ཀྱང་འབུལ་བ་རྒྱ་ཆེ་བ་


TNT20_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནས་ཕྱིར་ཐེགས། ལུག་ལོ་རྗེ་དབོན་དྲུང་མངའ་རིས་ལ་རྣམ་རྒྱལ་ཆོས་སྡེའི་མཁན་པོར་རྫོང་ལྟར་གནང༌། དེ་ནས་སྤྲེའུ་ལོ་ལོ་གསར་དབུ་ལེགས་ནས་ཀྱི་ཞབས་ཕྱིར་ཆོས་ལུང་སྒྲུབ་སྡེ་བ་ཉི་ཤུ་ཙམ་གྱིས་ཀྱཻ་རྡོ་རྗེ་ཆོས་ལུང་སྒྲུབ་པ་བྱིན་གྱིས་བདེ་མཆོག་ལྷ་ལྔ། ཇོ་ནང་ཆོ་ག་ཤེས་པ་རྣམས་ཀྱིས་དུས་འཁོར་ཇོ་ནང་ལུགས། དགོན་པ་བདེ་ཆེན་པ་རྣམས་ཀྱིས་དུས་འཁོར་བདག་ཆེན་ལུགས། བྲག་རམ་པས་ཀུན་རིག །དཀར་པོ་བས་ཀྱཻ་རྡོར་སྒྲུབ་མཆོད་བྱེད་མི་རྣམས་ཚེས་དྲུག་ལ་འཛོམས་ཐིག་བཏབ། བདུན་པ་སྟ་གོན་ཚེས་བརྒྱད་རྒྱལ་ཕུར་འཛོམ་པ་ལ་དངོས་གཞི་སྟེ། དཀྱིལ་འཁོར་ཡང་དུས་འཁོར་རས་བྲིས་དང༌། གཞན་རྣམས་རྡུལ་ཚོན་ལས་བཞེངས། རབ་ཏུ་གནས་པ་གནང་བས། སྟོན་པ་དུས་འཁོར། ཀུན་མཁྱེན་རྗེ་བཙུན་ཐམས་ཅད་མཁྱེན་པ་རྣམས་ཀྱི་སྐུས་མེ་ཏོག་བཞེས་ཤིང༌། ནམ་མཁར་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་ཀུན་གྱིས་མཐོང་བས་དད་མོས་ངོ་མཚར་དཔག་མེད་དུ་གྱུར། རབ་གནས་དགའ་སྟོན་ཡང་ཙཱ་རུའི་བཟའ་བ་རྒྱ་ཆེ་དཔངས་མཐོ་བ་དང༌། དེ་སྐབས་གཞིས་རྒྱང་བྱང་གསུམ་གཙོ་བོར་གྱུར་པའི་ཁྲི་སྣར་གཏིང་སྐྱེས་སོགས། སོ་སོ་ནས་འབུལ་བ་རྒྱ་ཆེ་བ་འབྱུང༌། དེ་ནས་རིག་བྱེད་པ་རྣམས་ལ་ཇ་གོས་དར་གཙོ་བོར་གྱུར་པ། དཔོན་སློབ་སོ་སོར་གང་ལ་གང་འཚམས་བློ་ཡུལ་ལས་འདས་པ་ལྟ་བུའི་གནང་སྦྱིན་གནང་


TNT20_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཡིད་མགུ་བ་བླ་ན་མེད་པ་ཐོབ་ཅིང༌། རྗེ་ཉིད་ཀྱིས་བསྔོ་བ་སྨོན་ལམ་རྒྱས་པར་གནང་སྟེ། སྟག་ལུང་གཙོ་བོར་གྱུར་པའི་དད་པ་ཅན་རྣམས་ཀྱིས་ཕུལ་བའི་དངོས་པོ་རྣམས་ཆུད་མི་ཟོས་པར་སོང་ཞིང་ཐུགས་བདེ་བར་གྱུར། དེ་ནས་ཟླ་བ་གཉིས་སྐུ་མཚམས་གནང་བ་གྲོལ་མཚམས། གནས་རྙིང་ནས་རྗེ་གསང་བའི་དྲུང་བཀའ་ཆོས་གསན་པ་ལ་ཆེད་གཏད་ཕེབས་པ་ལ། ཚེ་དབང་ཁྲིད་བཅས། སྒྲོལ་དཀར་གྱི་ཚེ་ཁྲིད་རྡོ་རྗེ་རྣལ་འབྱོར་མའི་སྐོར་རྣམས་དང་རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་ཡོངས་རྫོགས་ཀྱི་ལུང་སོགས་བཀའ་ཆོས་མང་བར་གནང༌། དེ་ནས་དཔལ་འཁོར་བདེ་ཆེན་གྱི་མཁན་རིན་པོ་ཆེ་ལུང་རིག་པ་དཔོན་སློབ་རྣམས་ཆོས་ལུང་བྱང་རྩེའི་རྟེན་མཇལ་དང༌། རྗེ་ཉིད་དུ་བཀའ་ཆོས་གསན་པ་ལ་ཕེབས་བྱུང་བ་ནས། ཇོ་ནང་དུ་སྤྱིར་བཀའ་ཆོས་མང་བ་དང༌། ཁྱད་པར་རས་ཆེན་དཔལ་འབྱོར་ནས་བརྒྱུད་པའི་ཚེ་དབང་གནང་བས། ཚེ་མདའ་འཕེལ་བའི་རྟེན་འབྲེལ་བྱུང་བས་ཤིན་ཏུ་ཐུགས་དགྱེས་པར་གྱུར། རྗེ་ཉིད་ཀྱིས་ཀྱང་དུས་འཁོར་ལུགས་ཀྱི་བླ་མའི་རྣལ་འབྱོར་གསན་ནས། མཁན་ཆེན་པ་དཔོན་སློབ་ཕྱིར་ཐེགས། དགུན་ཁྲིད་གྲོལ་ནས་སྐུ་མཚམས་རྒྱང་ཙམ་གནང༌། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་གཙོ་བོར་གནང་ནས་ལྟས་ཁྱད་པར་རྣམས་བརྙེས། དེ་མཚམས་ཁྲི་ཁང་ནས་ཡུམ་གྲོངས་སོང་བས་དགོངས་རྫོགས་ལ་སྤྱན་འདྲེན་བྱུང་བ་ནས། ཆོས་ལུང་དང་ཇོ་


TNT20_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་སྒྲུབ་སྡེ་དྲག་བསྡུས་དང་བཅས་ཕེབས། སྔ་དྲོ་མི་འཁྲུགས་པ་དང༌། དགོང་མོ་རྣལ་འབྱོར་མའི་གསུང་ཆོག་མཛད་པའི་སྒོ་ནས་རྗེས་སུ་བཟུང༌། གྲོལ་ཁར་དགེ་འདུན་མང་དག་འདུས་པའི་དབུས་སུ་བསྔོ་བ་སྨོན་ལམ་རྒྱས་པར་གནང་ནས་ཇོ་ནང་དུ་ཕེབས། བྱ་རྒོད་གཤོངས་ཀྱི་མཁན་ཆེན་སངས་རྒྱས་རྒྱལ་མཚན་པ། ཁྲོ་ཕུ་གདན་ས་པ་ཤག་ཚལ་འབུམ་རམ་པ་སོགས་མང་དག་ལ་ནི་གུའི་ཁྲིད་ལུང་དང་བཅས་པ་དང༌། རྗེས་གནང་འགའ་ཤས་གནང༌། བྱང་པ་བདག་པོས་རྨ་བྱ་ཤུག་ཁྲོད་ཀྱི་ལོགས་བྲིས་རབ་གནས་ལ་སྤྱན་འདྲེན་ཞུས་ནས་ཕེབས། རབ་གནས་ཞག་གསུམ་གནང༌། མེ་ཏོག་གི་ཆར་འབབས་པ་སོགས་ལྟས་ཀྱང་ལེགས་པར་བྱུང༌། དེར་ས་སྐྱོང་ཆེན་པོ་སྐུ་གཞོན་པ་ཡིད་བཞིན་ནོར་བུའི་དྲུང་ལ་ཚེ་དབང་ལྷ་དགུ། གྲུབ་རྒྱལ་མ་བརྒྱ་རྩ་སོགས་གནང་ནས་ངམ་རིང་རྩེར་ཕེབས། དེར་ཡང་བཀའ་ཆོས་མང་བར་གནང་ནས། རྔོད་ལ་བརྒྱུད་གདོང་དགར་ཕེབས། ཞག་འགའ་ཡར་སོང་དུས་ནུབ་གཅིག་གཟིམ་ཆུང་གི་ལྷོ་ནུབ་མཚམས་སུ་ཐོག་བབས། རྗེ་ཉིད་ཀྱི་ཞབས་སུས་གཡས་པའི་བཞུགས་གདན་ནས་སོང་བས། ནང་སོ་བསྟན་པ་ལེགས་སོགས་ཞལ་ངོ་ཐམས་ཅད་ཐུགས་འཚབས་པའི་ངང་ལ་ཕེབས་བྱུང་བས། ངེད་ལ་ཅི་ཡང་གནོད་པ་མ་བྱུང་འོག་ཏུ་གཟིགས་གསུངས། གཟིགས་པས་མི་གཉིས་ལ་མེ་ལྕེ་གནོད་པ་བྱུང་ན་ཡང་ཕུགས་སྐྱོན་མ་བྱུང༌། དེའི་སང་མདང་དགོང་གྲུབ་པའི་


TNT20_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་དངོས་སུ་སྟོན་པ་མཛད་པའི་སྐུ་ལ་ཉེས་སྐྱོན་མེད་པའི་དགའ་སྟོན་ཡིན་གསུངས། ཀརྨ་གན་ཀར་གྱིས་གཙོས་པའི་འབུལ་བ་རླབས་ཆེ་བ་བྱུང༌། དེར་ཚེ་དབང་དང་མགོན་པོའི་བཀའ་བསྒོས་སོགས་གནང་ནས། ལྷ་རྩེ་བརྒྱུད་ཇོ་ནང་དུ་ཕེབས། དེ་ཐམས་ཅད་དུ་ངམ་རིང་སྡེ་སྲིད་དཔོན་བློན། གཞིས་ཀ་ཞབས་དྲུངས། ཁྲི་སྣར། གཏིང་སྐྱེས་སོགས་ཕྱོགས་ཐ་དད་ནས་གྲུབ་པའི་རྟགས་མངོན་གྱུར་དུ་སྟོན་པ་གནང་བའི་དགའ་སྟོན་གྱི་འབུལ་བ་རྒྱ་ཆེ་བ་དང༌། བསྟོད་བཀུར་བསྔགས་པའི་འཕྲེང་བ་ཕུལ་ལོ། །དེ་ནས་དགུན་ཁྲིད་འཛུག་པ་གནང༌། སྔོན་འགྲོའི་སྐབས་སུ་དུས་འཁོར་ཆོས་འབྱུང་སོགས་སྤྱི་བཤད་རྒྱས་པ་དང་མཆོག་དབང་གི་སྐབས་ལས་ཅན་འགའ་ཤས་ཀྱིས་རྗེ་ཉིད་རྡོ་རྗེ་ཤུགས་དངོས་སུ་མཐོང་བ་ཡང་བྱུང༌། དངོས་གཞིའི་སྐབས་ཁྲིད་ཞུ་བ་ཕལ་ཆེ་བ་ལ་རྟགས་སྣང་ཅི་རིགས་སུ་ཤར་ཞིང༌། ཆོས་ལུང་དུ་དུས་ཆེན་ལ་ཕེབས། གྲོལ་འཕྲལ་སྣར་ཐང་ནས་སྤྱན་འདྲེན་བྱུང་བ་བཞིན། དཔོན་ས་ཡུམ་ཞིང་བརྗེས་པའི་དགོངས་རྫོགས་སུ་འདུག་པས་ཟླ་ཕྱེད་ཙམ་བཞུགས་ནས་མི་འཁྲུགས་པའི་གསུང་ཆོག་དང༌། མཐར་མཚན་བྱང་བཞུ་བ་ཚྭ་ཚྭའི་བར་དུ་གྲུབ་ནས། སྣར་ཐང་ཚོགས་སུ་ས་དགེ་གཉིས་འདུས་ཀྱི་དགེ་འདུན་ཚོགས་པ་རྒྱ་མཚོ་ལྟ་བུའི་དབུས་སུ། བཅོམ་ལྡན་རིགས་རལ་གྱི་བཞུགས་ཁྲིའི་སྟེང་ནས་བསྔོ་བ་ཤིས་བརྗོད་ཀྱི་མཐའ་རྟེན་དང་བཅས་པ་གནང༌། ཡར་ལམ་ཆུ་མིག་གི་རྗེ་བཙུན་མ་ལ་ཕྱག་མཆོད་གནང་ནས་རི་ཁྲོད་ཆེན་


TNT20_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

མོར་ཕེབས། དབྱར་ཆོས་ལ་སྨར་ཁྲིད་སྦྱོར་རྩ་མ་གནང༌། དེ་ནས་དབོན་དྲུང་རིན་པོ་ཆེའི་གདན་འདྲེན་དང་བསྟུན་ཆོས་ལུང་བྱང་རྩེར་ཕེབས། སྒྲུབ་སྡེ་ལ་ནི་གུའི་ཁྲིད་རྒྱས་པ་དང༌། སྨོན་གྲོར་ཞལ་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ་སོགས་གནང་སྐབས། བྱང་ནས་བདག་པོ་རིན་པོ་ཆེ་བཀྲ་ཤིས་སྟོབས་རྒྱལ་ཕེབས། བཀའ་ཆོས་དགོས་གསུངས་ནན་སྐྱེད་ཆེ་བ་ནས་དགོངས་བཞེད་དང་བསྟུན་ཚེ་འཛིན་དཀར་པོའི་རྗེས་གནང་ཐོག་མར་གནང་ནས། དེ་རྗེས་ཚེ་དབང་གྲུབ་རྒྱལ་མ་བརྒྱ་རྩ། ཚེ་ཁྲིད་ཚེ་དབང་ལྷ་དགུ་མགོན་པོའི་རྗེས་གནང་སོགས་བཀའ་ཆོས་མང་དག་གནང་ནས། ཇོ་ནང་དུ་ཕེབས། སྒྲུབ་སྡེ་ལ་སྙིང་པོ་དོན་གསུམ་གྱི་ཁྲིད་མི་ཏྲཱ་ཛོ་ཀིའི་རྣམ་ཐར། བུ་སྟོན་ཆོས་འབྱུང་གི་བཤད་ལུང་སོགས་གནང༌། བྱང་སྟག་ལུང་སོགས་དབུས་ཕྱོགས་ནས་སྔར་ནས་སྤྱན་འདྲེན་སྙན་ཞུས་མང་དག་བྱུང་ཞིང༌། དེ་སྐབས་སྤྱན་འདྲེན་ནན་ཆེ་ནས་ཤར་ཕྱོགས་ལ་ཆིབས་ཁ་བསྒྱུར་ནས། སྣར་ཐང་བསམ་འགྲུབ་རྩེ་ཁྲི་ཁང་སོགས་སུ་བཀའ་ཆོས་རིམ་པར་གནང་ནས། རོང་རལ་ལྔར་ཞབས་དྲུང་སྟེང་ཞལ་མཇལ། ཚེ་དབང་ཀྱཻ་རྡོར་གྱི་དབང༌། དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་རྗེས་གནང་འགའ་ཡང་གནང༌། ངུར་སྨྲིག་ཏུ་སྒྲོལ་མ་གསུངས་འབྱོན་ལ་སྙན་དར་ཞལ་གསེར་ཕྱག་མཆོད་དང༌། བླ་མ་ས་སྐྱ་པ་ཆེན་པོའི་ཕྱག་རྗེས་ལ་ཕྱག་མཆོད་སྨོན་ལམ་གནང་ནས་རོང་གྲགས་སར་ཕེབས། ཚེ་རྟ་སྦྲགས་མ་སོགས་གནང༌།


TNT20_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་གྱིས་རོང་ཆེན་བརྒྱུད་དེ་དཔལ་དེར་ཕེབས། དེར་ཡང་བཀའ་ཆོས་མང་བར་གནང༌། གམ་པ་ལ་ལ་ཕེབས་ནས་ཆུ་བོ་རིའི་ཤན་ལ་བརྒྱུད་ནས། གདན་འདྲེན་དང་བསྟུན་ནས་སྨྱུག་ལ། ཆུ་ཤུལ་གྱེ་རེ། འཚར་ས་སྣ་ལྗངས་སྙེ་ཐང་རྣམས་སུ་རིམ་པས་ཕེབས། གང་ལ་གང་འདོད་ཀྱི་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་བསྩལ། ལམ་བར་ན་ཡོད་པའི་གཉོས་སངས་རྒྱས་རས་ཆེན་གྱི་སྐུ་ལྡེར་ཕྱག་ནས་མ་སོགས་གྱི་རེའི་ལྷ་ཁང་གི་རྟེན་གསུམ་རྣམས་དང༌། སྙེ་ཐང་འཁོར་གྱི་ཇོ་བོའི་གནས་རྟེན་རྣམས་དང༌། ཆོས་རྫོང་གི་དཔལ་ལྡན་བླ་མ་དམ་པའི་བཞུགས་གནས་རྟེན་གསུམ་སོགས་ཐམས་ཅད་ལ་ཕྱག་མཆོད་སྨོན་ལམ་རྒྱས་པར་གནང༌། དེ་ནས་ཆོས་འཁོར་ལྷ་སར་ཕེབས། ཇོ་བོ་རིན་པོ་ཆེ་སོགས་འོད་ཟེར་འཕྲོས་པའི་ལྷ་བརྒྱད་ཀྱི་གཙོས་པའི་རྟེན་བྱིན་རླབས་ཅན་རྣམས་ལ་ཞལ་གསེར། སྙན་དར་དཀར་མེ་ཕྱག་མཆོད་རྒྱས་པ་དང༌། གསེར་སྟོན་རྒྱ་ཆེ་བ་གནང༌། དཔོན་ས་ཆོས་སྐྱོང་དབང་མོས་སྤྱན་དྲངས། ཡེར་པ་ལྷ་རི་སྙིང་པོར་ཕེབས། གནས་ཐམས་ཅད་ཞིབ་མཇལ་གནང་ཞིང་བཀའ་ཆོས་ཤིན་ཏུ་འཕེལ། དེ་ནས་གླང་ཐང་དུ་ཕེབས་ཚོགས་པ་ལ་མང་ཇ་དང་ཆོས་འབྲེལ་གནང༌། ཤར་བ་འབུམ་པ་དང༌། པོ་ཏོ་སོགས་མཇལ་ནས་སྟག་ལུང་དུ་ཕེབས་བསུའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་ཕེབས། རྗེ་རིན་པོ་ཆེ་རྩེ་བ་ཁུ་དབོན་དང་མཇལ་ཐོག་མར་ཚེ་དཔག་མེད་དཀར་པོའི་རྗེས་གནང༌། དེ་ནས་ཚེ་དཔག་མེད་ལྷ་དགུ་བརྒྱ་རྩ།


TNT20_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་རྒྱལ་མ་བརྒྱ་རྩ། ཚེ་ཁྲིད་རྒྱས་པ། སྒྲོལ་དཀར་གྱི་ཁྲིད། དམར་པོ་སྐོར་གསུམ། ཀུ་རུ་ཀུལླེའི་གསང་ཁྲིད་ནི་གུའི་ཁྲིད་འབྲིང་བོ་ཆོས་དྲུག་སོ་སོའི་བཀའ། ཡེ་ཤེས་མགོན་པོའི་བཀའ་ནི་གུའི་རྣམ་ཐར་དང་ཁྲིད་ཡིག་སོགས་པོ་ཏི་གཉིས་ཀྱི་ལུང༌། ཛམ་དམར་ཚེ་རིང་མཆེད་ལྔ་བོ་དོང་བའི་ལུགས་ཀྱི་ཐུགས་དམ་ལྷ་ལྔའི་རྗེས་གནང་རྣམས་དང༌། ཚོགས་ཆེན་ལ་བཀའ་གདམས་གླེགས་བམ་དང༌། ཐམས་ཅད་མཁྱེན་པའི་རྣམ་ཐར་གྱི་ལུང་དང༌། སྨྲ་ཁྲིད་རྣམས་གནང༌། སོ་སོའི་འདོད་ཆོས་གང་ལ་གང་འཚམས་སུ་གནང༌། སྟག་ལུང་པ་དཔོན་སློབ་ཐམས་ཅད་ཀྱི་ཞབས་ཏོག་འབུལ་བ་མཐའ་ཡས་པ་མཛད། བྱང་རྭ་སྒྲེང་དུ་ཕེབས། ཇོ་བོ་འཇམ་དཔལ་རྡོ་རྗེ་ལ་ཞལ་གསེར་སྙན་དར་སོགས་མཆོད་པ་དང༌། གནས་མཇལ་ཞིབ་པ་དང༌། དེ་ཐམས་ཅད་དུ་སྨོན་ལམ་རྒྱས་པར་གནང་ནས་ལྕང་ལུང་ཆོས་སྡིང་དུ་ཕེབས། རྟེན་རྣམས་ལ་དཀར་མེ་སྙན་དར་སོགས་མཆོད་པ་དང༌། མཁན་པོ་དབུ་མཛད་ཚོགས་པ་ལ་ཆོས་འབྲེལ་མང་ཇ་འགྱེད་བཅས་གནང༌། ཆོས་འཁོར་རྩེར་པཎ་ཆེན་རྡོར་རྒྱལ་པའི་ནང་རྟེན་ལ་ཞལ་གསེར་སྙན་དར། ཚོགས་པ་ལ་མང་ཇ་ཞུ་མི་གནང་ནས་ལྷ་སར་ཕེབས། ཞལ་གསེར་སྙན་དར་སོགས་འབུལ་བ་རྒྱས་པ་གནང༌། ཡར་རྒྱབ་ནས་སྡེ་པ་དཔོན་ཆེན་ཡང་དེར་ཕེབས་པ་དང་ཐུགས་མཇལ་བར་ཕེབས་བྱུང་ཞིང་ཆོས་འབྲེལ་གནང༌། ཕྱིས་ཡར་རྒྱབ་ལ་ཕེབས་དགོས་ཞུ་


TNT20_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱུང་ཡང་ཕེབས་མ་ཐུབ། གུང་ཐང་དང་མཚལ་གྱི་རྟེན་མཇལ་གནང་ནས། ཤེལ་གྲོ་ལུམ་པ་སོགས་བརྒྱུད་ནས་དྲང་སྲོང་སྲིན་པོ་རིའི་རྟེན་མཇལ་མཛད། སྤྱན་འདྲེན་བྱུང་བ་བཞིན་གོང་དཀར་དུ་ཕེབས། སྲས་ཡུམ་ལ་བཀའ་ཆོས་གནང༌། གམ་པ་དང་དཔལ་དེ་ནས་གྲགས་སར་ཕེབས། ཚེ་དབང་ལྷ་དགུ་དང་བརྒྱ་རྩ་སོགས་གནང༌། བདག་གིས་རབ་ཏུ་བྱུང་བའི་བཀའ་དྲིན་མནོས། འཇམ་དཀར་དང་མི་ཏྲའི་རྗེས་གནང་ཡང་གནང༌། ཕོ་བྲང་རིན་པོ་ཆེ་སྤུངས་པར་ཕེབས། ཞབས་དྲུང་སྟེང་ཞལ་སྲས་བཅས་སུ། ཚེ་དབང་ཀྱཻ་རྡོ་རྗེའི་དབང༌། མགོན་པོའི་རྗེས་གནང་སོགས་གནང་ནས་བཀྲ་ཤིས་རྫོང་དཀར་ཕེབས། ཚེ་དབང་སོགས་གནང༌། གཉེན་ཡོད་གསེར་མདོག་ཅན་གྱི་ཆོས་གྲྭར་ཆེན་པོར་དགེ་འདུན་ཚོགས་ཆེན་གྱི་སེར་སྦྲེངས་ཟབ་རྒྱས་ཀྱིས་སྤྱན་དྲངས། བླ་བྲང་ཆེན་པོར་ཕེབས། མཁན་ཆེན་ཟླ་བ་བཟང་པོས་ཀྱང་ཕེབས་བསུ་སོགས་སྲིད་ཞུ་དཔག་མེད་མཛད། དེར་ཚོགས་ཆེན་ལ་མང་ཇ་འགྱེད་བཅས། བསྔོ་རྟེན་གཟབས་མ། དངུལ་གདུང་རིན་པོ་ཆེར་གོས་ཡུག །རྗེ་བཙུན་བྱམས་པ་ལ་དར་ཡུག་གི་སྙན་དར། སྐུ་འདྲ་ཡིད་བཞིན་ནོར་བུ་ལ་ཞལ་གསེར་བྱམས་ཁང་ལམ་འབྲས་ལྷ་ཁང༌། མགོན་ཁང་ཀུན་མཁྱེན་དོན་ཡོད་དཔལ་འབྱོར་སོགས་སོ་སོར་སྙན་དར། མར་མེ་མཆོད་རྫས་ཕུལ་ཞིང༌། ཕྱག་མཆོད་སྨོན་ལམ་དཔག་མེད་གནང༌། ཀ་དྲུག་མར་མཁན་སློབ། བཀའ་བཅུར་རབ་འབྱམས་


TNT20_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ཆོས་མཛད། རགས་བསྡུས་ལ་པཎ་ཆེན་རིན་པོ་ཆེའི་རྣམ་ཐར། ཁྲིད་བརྒྱ་དུས་འཁོར་བསྡུས་རྒྱུད་སོགས་ཀྱི་ལུང་དང་ཚེ་དབང༌། ཚོགས་ཆོས་སུ་འཇམ་དཀར་གྱི་རྗེས་གནང་གནང་ནས་ཕོ་བྲང་བསམ་འགྲུབ་རྩེར་ཕེབས། སྡེ་པ་ཞིང་གི་བསྙེན་བཀུར་ཞབས་ཏོག་ཞུས། སྣར་ཐང་ཤེལ་དཀར་སོགས་སུ་འདོད་ཆོས་གནང་ནས་རི་ཁྲོད་ཆེན་མོར་ཕེབས། དབྱར་ཚེས་ལ་བློ་སྦྱོང་འགྲོ་མགོན་དཔལ་ཡེའི་ཡིག་ཆ་ལྟར་གྱི་ཁྲིད་དང༌། རྒྱབ་ཆོས་སུ་ལེགས་བཤད་ཀུན་འདུས་སོགས་ཀྱི་ལུང་གནང་ནས། མཚན་ལྟས་འཚུབ་ཙམ་བྱུང་ནས་ཚེ་སྒྲུབ་ཀྱི་སྐུ་མཚམས་ཤིན་ཏུ་དམ་པ་གནང༌། ཟླ་བ་གཅིག་ལྷག་ཙམ་སོང་བའི་ཐོ་རངས་ཁ་ཅིག་གི་མནལ་ལམ་ན། གློ་བོའི་རྨ་བྱ་ཤུག་ཁྲོད་ཀྱི་ལུང་པ་ཀུན་མེ་ཏོག་གསེར་གཙོ་མའི་མདོག་ཅན་གྱིས་ཁེངས་པར་བྱུང་བས། དེ་ཚེ་སྒྲུབ་ཀྱི་ལྟས་སུ་ལེགས་པར་བཤད་འདུག་པས་ཚེ་མཐར་ཕྱིན་ཡོད་པ་ཡིན་ནམ་གསུངས་བ་བྱུང༌། དེ་ནས་སྨོན་གྲོར་ཕེབས། ཟླ་བ་གཉིས་ཙམ་བཞུགས་ནས་ཆོས་ལུང་དུ་ཕེབས། དངུལ་གདུང་རིན་པོ་ཆེར་སྙན་དར་མཆོད་འབུལ་གནང༌། རྗེ་དྲུང་རྡོ་རིང་པ་དང་མཇལ་ཐུགས་སྣང་དག་པའི་སྒོ་ནས་བླ་མ་གོང་མའི་ལོ་རྒྱུས་སོགས་གསུངས་གླེང་ཞིབ་པར་གནང༌། རྗེ་རྡོ་རིང་པར་བཀའ་འབུམ་འདོད་འཇོའི་ལུང་ཕུལ་ཞིང༌། ཚུར་ཀུན་སྤངས་རིན་པོ་ཆེའི་རྣམ་ཐར་དང༌། བདེ་མཆོག་ལྷ་ལྔའི་དབང་གསན། སླར་ཇོ་ནང་དུ་


TNT20_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་བློ་སྦྱོང་དོན་བདུན་མའི་ཁྲིད། རྒྱལ་སྲས་བཀའ་འབུམ་གྱི་ལུང་དང་བཅས་པ་གནང༌། དེ་ནས་ཇོ་ནང་སྐྱིད་ཕུག་ཏུ་ཟླ་བ་གཉིས་ལྷག་ཙམ་སྐུ་མཚམས་གནང༌། ཐོ་རངས་ཤིག་གི་མནལ་ལམ་དུ་རྗེ་ཐམས་ཅད་མཁྱེན་པ་དང་མཇལ། ཕྱག་དབུ་ཐོག་ཏུ་བཞག་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གནང་ནས། ཚེ་རབས་ཀུན་དུ་འབྲལ་བ་མེད་གསུངས་པའི་སྣང་བ་བྱུང་བས། མནལ་སད་ནས་ཐུགས་དགྱེས་པ་ཆེན་པོ་འཁྲུངས། སྔར་ལྟར་དུས་ཁྲིད་གནང་བ་གྲོལ། རྗེ་ཉིད་དགུང་ལོ་རེ་དྲུག་ཏུ་ཕེབས་པ་ས་ཕོ་སྟག་ལོ་ཤར། དེ་ལོ་རྗེ་བཙུན་རིན་པོ་ཆེ་དག་པའི་ཞིང་དུ་ཕེབས་ནས་ལོ་སྐོར་གཅིག་ཙམ་སོང་བའི་དུས་མཆོད་ཆེན་མོ་ཡིན་པ་ནས། དབོན་དྲུང་རིན་པོ་ཆེས་གདན་འདྲེན་གནང་བ་བཞིན་ཆོས་ལུང་བྱང་རྩེར་ཕེབས། དུས་ཆེན་སྟེང་དུ་རྗེ་ཉིད་ཀྱིས་ཀྱཻ་རྡོ་རྗེ། རྗེ་རྡོ་རིང་པ་དཔོན་སློབ་གྱིས་བདེ་མཆོག་ནག་པོ་པ། བསྟན་འཛིན་རིན་པོ་ཆེ་དཔོན་སློབ་ཀྱིས་བདེ་མཆོག་ནག་པོ་པ། རིན་པོ་ཆེ་བྲག་སྟོད་པ་དཔོན་སློབ་ཀྱིས་རྣལ་འབྱོར་མ། ཕ་དྲེ་བོ་དཔོན་སློབ་ཀྱིས་ཕག་མོ། དགོན་པ་དཀར་པོ་པ་རྣམས་ཀྱིས་ཀྱཻ་རྡོ་རྗེ། ཆོས་ལུང་སྒྲུབ་སྡེ་བྱིན་གྱིས་བདེ་མཆོག་ལྷ་ལྔ་དང་རྣལ་འབྱོར་མ། རྨ་བྱ་ཤུག་ཁྲོད་སྒྲུབ་སྡེ་བ་རྣམས་ཀྱིས་རྣལ་འབྱོར་མའི་ཆོ་ག་གནང་སྟེ། སོ་སོས་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས། དཀྱིལ་འཁོར་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་བཤམས་ནས་སྒྲུབ་མཆོད་དང་མཆོད་འབུལ་རྒྱས་པར་


TNT20_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། དེ་སྐབས་རྗེ་ཉིད་ཀྱི་ཕྱག་ནས་དངུལ་གདུང་རིན་པོ་ཆེ་ལ་གོས་དར་ཡུག་རིང་གིས་གཙོ་བའི་ན་བཟའ། མཆོད་རྫས་བསམ་གྱིས་མི་ཁྱབ་པ་དང༌། བླ་མ་ཆེ་ཆུང་ཐམས་ཅད་ལ་འབུལ་བ། ཚོགས་པ་རྣམས་གྲལ་འགྱེད་བསྙེན་བཀུར་དཔག་ཏུ་མེད་པ་གནང༌། དེ་བཞིན་དུ་བླ་ཆེན་གཞན་རྣམས་ཀྱིས་ཀྱང་མཆོད་རྫས་བསྙེན་བཀུར་འགྱེད་བཅས་དང༌། དེར་མ་ཕེབས་པའི་རྗེ་བཙུན་རིན་པོ་ཆེའི་དངོས་སློབ་ཕྱོགས་ན་བཞུགས་པའི་ཆེ་ཕྲ་མང་དག་དང༌། སྦྱིན་བདག་ཏུ་གཏོགས་པའི་སྡེ་དཔོན་ཐམས་ཅད་ཀྱིས། དངུལ་གདུང་རིན་པོ་ཆེར་གོས་དར་ཡུག་གི་གཙོས་པའི་སྙན་དར། མཆོད་རྫས། བླ་མ་སོ་སོ་ལ་འབུལ་བ་ཚོགས་པ་ལ་བསྙེན་བཀུར་དཔག་མེད་འདུག་ཅིང༌། ཁྱད་པར་སྨོན་འགྲོ་ནས་ཞབས་ཏོག །རྐང་ལེན་རྒྱ་ཆེར་མཛད། དེ་དག་གི་སྐབས་སུ་ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཁྱིམ། མེ་ཏོག་གི་ཆར་འབབ་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། རྗེ་ཉིད་ཀྱིས་ཕ་དྲེ་བོའི་སྐུ་སྐྱེས་གཙོས་པའི་དྲག་བསྡུས་ལ་ཀྱཻ་རྡོ་རྗེའི་དབང༌། བྱིན་རླབས་ཁོག་ཕུབ་ཀྱི་བཀའ་གཉིས་ཀྱིས་སྒོ་ཕྱེ་སྟེ་ནི་གུའི་ཁྲིད་རྒྱས་པ་ཆོས་དྲུག་སོ་སོའི་བཀའ་དང་བཅས་པ། ཕྱག་དྲུག་པ་དཀར་ནག་གཉིས་རྗེས་གནང༌། ནི་གུའི་བརྒྱུད་པའི་རྣམ་ཐར་དང་ཡིག་རྙིང་མང་པོའི་ལུང༌། རྗེ་བཙུན་རིན་པོ་ཆེའི་རྣམ་ཐར་གྱི་ལུང་སོགས་དང༌། དྲེ་བོ་སྐུ་སྐྱེ་སྐུ་རྐྱང་ལ་ཚེ་དབང་གྲུབ་རྒྱལ་མ་བརྒྱ་རྩ། ལྷ་དགུའི་དབང༌། ནག་པོ་གཞུང་དྲུག་རྣམས་གནང༌། བླ་མ་གཞན་རྣམས་ཀྱིས་


TNT20_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རང་རང་གི་བློ་འདོད་དང་མཐུན་པའི་ཆོས་བཤད་གནང༌། དེ་ལྟར་དུས་མཆོད་རྒྱས་པ་གནང་བ་གྲོལ་ནས། གཏིང་སྐྱེས་ནས་རབ་འབྱམས་པ་བསྟན་པས་གཙོས་པའི་སྤྱན་འདྲེན་ནན་ཅན་རང་བྱུང་བ་ལྟར། ཇོ་ནང༌། གདོང་དགའ། རྨ་བྱ། དཔལ་རྩེ། བྱམས་གླིང་སོགས་བརྒྱུད་ནས་ལམ་དུ་ཡོད་པའི་སྡེ་དཔོན། བླ་མ་སློབ་དཔོན་རྣམས་གང་འཚམས་ཀྱི་བཀའ་ཆོས་གནང་ནས། གཏིང་སྐྱེས་སྡེ་སྲིད་ཀྱིས་གཙོས་པའི་ཕེབས་བསུ། སེར་སྦྲེངས་རྒྱས་པ་དང་བཅས་མཁར་ཆེན་རྩེར་ཕེབས། སྡེ་སྲིད་བཅས་ལ་ཐོག་མར་སྒྲོལ་དཀར་ཁྲུས་ཆོག་དང་བཅས་པ། ཚེ་དབང་གྲུབ་རྒྱལ་ལྷ་དགུ། རྣམ་འཇོམས། སྨེ་བརྩེགས། མི་གཡོ་བ་དཀར་པོ། སྔོན་པོ། འཇམ་དབྱངས་དཀར་པོ། དམར་སེར། རྣལ་འབྱོར་མའི་བྱིན་རླབས། རྣམ་སྲས། མགོན་སེར་སོགས་དབང་རྗེས་གནང་ཁྲུས་ཆོག་མང་བར་གནང༌། དེར་དྲུང་རྡོ་རིང་པ་ཡང་ཕེབས། རྒྱང་ཙམ་བཞུགས་པ་གནང༌། རྗེ་ཉིད་ཀྱིས་མཁན་པོ། རྗེ་དྲུང་རྡོ་རིང་པས་ལས་སློབ་གནང་སྟེ་བསྒྲུབ་བྱ་བཞི་བཅུ་ཙམ་ལ་བསྙེན་རྫོགས་གནང༌། དེ་ནས་མདོ་ཁར་མཆོད་ཡོན་གཉིས་ཀས་ཕེབས། ཞག་ཤས་སོང་མཚམས་ཆུ་སྤེ་གསར་འདེབས་ཤིག་བྱེད་དགོས་འདུག་པས། གང་དུ་ཆུ་བྲུས་ན་ལེགས། བསླབ་སྟོན་དགོས་ཞུ་པ་ལ། དེ་ནས་དཔོན་སློབ་རང་ཐུགས་ཉམས་ཆེ་བས་ངེད་ཀྱིས་ཚུལ་འབུལ་མི་དགོས་པ་ཕེབས་པས། བྱིན་རླབས་ཀྱང་ཡོད་ཞིང༌། སང་


TNT20_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་བཟང་བས་ཞབས་འཆག་ཙམ་གནང་དགོས་ཞུས་ནས་སང་ཉིན་ཕེབས། སྡེ་པ་དཔོན་བློན་རྣམས་ཀྱིས་དམིགས་གཏད་ཀྱི་སར་རྗེ་ཉིད་ཀྱིས་གསུངས་བཀོད་མ་གནང་བར་རླན་ཆེར་མེད་པའི་ས་ཁད་མཐོ་སྙོམས་པ་ཞིག་ཏུ་ཕྱག་མཁར་འཛུགས་པ་གནང་ནས་འདིར་དགྱེས་པ་འདུག །ནང་སོ་ཆོས་རབ་སོགས་བྱིངས་རྣམས་ཅུང་ཟད་ཐེ་ཚོམ་དུ་གྱུར་ཀྱང༌། སྡེ་པ་རང་དད་མོས་ཆེ་བས་བཀའ་ཕེབས་འདི་ཀར་བྲུས་གསུངས་ཞག་མང་པོར་བྲུས་ཀྱང་རླན་ཚད་ཡེ་མ་བྱུང་བས། ཆུ་ཐོན་མི་ཐོན་ཐུགས་དམ་བརྟག་པ་ཞིག་གནང་དགོས་ཞུ་བར། རྗེའི་གསུངས་ལས། བརྟག་པ་ནི་མི་དགོས་པར་མཆིས། སང་ཉིན་གཞི་བདག་གཏོར་མ་ཞིག་བྱེད་གསུངས་བ་བྱུང༌། དེ་ནས་ཞག་གཉིས་ནས་ཕ་བོང་ཟུར་ཅན་ཞིག་འདུག་པ་དེ་ཐོན། དཀོན་མཆོག་གིས་མི་བསླུ་གསུངས། ཕ་བོང་ཐོན་འཕྲལ་རྫོང་ངོས་ནས་ཆུ་བཟང་པོ་ཐོན། དེ་དམ་པ་རྣམས་ཀྱིས་ཆུ་ཕུད་འབུལ་དུ་བྱུང་སྐབས། སྡེ་པ་དཔོན་གཡོག་ཐམས་ཅད་ཐུགས་ཤིན་ཏུ་དགྱེས། སྐུ་གཞོགས་སུ་འབུལ་བ་མང་དུ་མཛད། དེ་ནས་ཚུར་ཕེབས་པའི་བཀའ་བཀོད་གནང་བས། ཆུ་སྤེ་མཐར་ཐོན་གྱི་བར་བཞུགས་པའི་ཕྱག་ནས་གནང་དགོས་ཞེས་ནན་ཞུས་ཆེ་བ་ནས་ཆུ་སྤེ་མཁར་ལས་གྲུབ་ཀྱི་བར་བཞུགས། དེ་སྐབས་ནང་སོ་མགོན་ཚེ་བས་རྩེ་ཆེན་དུ་ཕྱིན་པའི་སྐད་ཆ་ལ། རྗེ་བཙུན་ཐམ་ཅད་མཁྱེན་པའི་མཆོག་གི་སྤྲུལ་པའི་སྐུ་རྗེ་ཏཱ་ར་ནཱ་ཐའོ་དབུས་ཕྱོགས་སུ་སྐུ་


TNT20_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བལྟམས་པའི་གཏམ་སྙན། སྣ་དཀར་རྩེ་ནས་རྒྱལ་རྩེ་བརྒྱུད་པའི་སྐད་ཆ་དང༌། དེ་མཚུངས་སྨོན་གྲོ་ནས་ཀྱང་གཏམ་སྙན་འབུལ་བ་དང་སྤྱན་འདྲེན་པ་བྱུང༌། ཆུ་སྤེ་ཡང་མཐར་ཐོན་གྱིས་ཕྱག་ནས་མཛད། ལྕེ་ལུང་ནས་སྤྱན་འདྲེན་བྱུང༌། དེར་དགོངས་པ་ལྟར་གྱི་བཀའ་ཆོས་ཐོག་མ་གནང༌། རིམ་པས་བརྒྱུད་རི་ཁྲོད་ཇོ་ནང་དུ་ཕེབས། དེ་ནས་སྤྲུལ་སྐུ་རིན་པོ་ཆེ་སྤྱན་འདྲེན་ལ་རྗེ་ཉིད་ཕེབས་ཏེ། དེ་དང་ཆབ་གཅིག་པར་རྗེ་དྲུང་རྡོ་རིང་པ། རིན་པོ་ཆེ་བྲག་སྟོད་པ། དབོན་དྲུང་འཕན། ངམ་རིང་ནས་མི་སྣ་དྲག་སྦྲེལ་དང་བཅས་ནས་དཔལ་འཁོར་ཆོས་སྡེར་ཕེབས། དེར་མཇལ་ཁ་ཞུས། ཤིན་ཏུ་ཐུགས་དགྱེས་པ་ཆེན་པོ་དང་ལྡན་པར་གྱུར། རྒྱལ་རྩེ་ནས་མཆོད་ཡོན་གྱིས་གཞི་ལེན་རྒྱས་པར་ཞུས། མཁན་ཆེན་པོ་ལ་ཐུགས་འདོད་ཀྱི་ཆོས་གནང༌། རྩེ་ཆེན་ཁྲི་ཁང་བསམ་འགྲུབ་རྩེ། སྣར་ཐང་བརྒྱུད་རི་ཁྲོད་ཆེན་མོ་ཇོ་མོ་ནང་དུ་ཕེབས་བསུ་རྒྱས་པ་དང་བཅས་སྤྱན་དྲངས། ཞབས་ཏོག་རྒྱས་པར་ཞུ་བ་གནང་ཞིང་འགའ་ཤས་བཞུགས། མཆོག་གི་སྤྲུལ་པའི་སྐུའི་ཞབས་དྲུང་དུ་བཀྲ་ཤིས་ཁ་བཏགས་གསེར་སྲང་གང༌། ཧོར་དཀར་ཆག་མེད། གོས་བེར། ཆིབ་བཟང་བ་སོགས་ཉི་ཤུ་རྩ་ལྔ་ཚན་དང༌། རྗེ་རྡོ་རིང་པ། རྗེ་བྲག་སྟོད་པ་སོགས་སོ་སོར་ཡང་འབུལ་གནང་མཛད་དོ། །དྲེགས་ལྡན་ས་སྐྱོང་འབུམ་གྱི་རལ་པ་ཡིས། །ཡོངས་སུ་ཕྱེས་པ་ཞབས་སེན་ཉི་མའི་འོད། །འབར་ཡང་ཞུ་དུལ་ཟླ་འོད་མི་འགོག་པ། །ཕུལ་དུ་བྱུང་བའི་ཁྱད་ཆོས་ཡོངས་སུ་གཟུང༌། །


TNT20_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་བྲག་ཡང་འགོག་ནུས་གནམ་ལྕགས་ལྕེས། སྐུ་ལ་བརྫི་བར་མ་ནུས་མཚར་ཅི་ཞིག །རྡུལ་སྙེད་བདུད་སྡེས་འཕངས་པའི་མཚོན་ཆའི་ཚོགས། །ཟས་གཙང་སྲས་ལ་མེ་ཏོག་ཆར་དུ་གྱུར། །ཐུགས་རྗེའི་ཉི་འོད་དང་འགྲོགས་དམ་ཆོས་ཀྱིས། །བདུད་རྩི་ཟིལ་ཆར་དལ་བུར་བབས་པ་ན། །སྐལ་ལྡན་རྣམས་ལ་ཡེ་ཤེས་ལྔའི་རང་གཟུགས། །འཇའ་འོད་གསལ་བའི་རྟགས་བཅུ་མངོན་དུ་གྱུར། །སྐད་ཅིག་གཅིག་ལ་གླིང་བཞི་ཐེར་འབུམ་སྙེད། །མྱུར་ཞིང་སྡང་བར་སེམས་པའི་དགྲ་དང་བགེགས། །བསྲེགས་ལས་དུས་མཐའི་མེ་བས་ཆེས་དཔའ་བའི། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་འཕྲིན་ལས་བསྒྲུབ། །སྐྱོན་མེད་བསམ་གཏན་གྱིས་བསྒྲུབས་ལྷ་མིག་གིས། །གཞལ་ཚེ་ཇི་སྙེད་དངོས་པོའི་རང་གཟུགས་རྣམས། །གསལ་བས་ཤིན་ཏུ་རྟོགས་ཀའི་ས་ཕྱོགས་སུའང༌། །དལ་འགྲོའི་གཏེར་ཆེན་ཡོད་པ་དགོངས་ཏེ་བསྟན། །ཐུགས་རྗེའི་སྟོབས་ཅན་གང་གིས་སྐམ་པོའི་སར། །ཆུ་རྒྱུན་ཕྱུར་ལ་ངོ་མཚར་ཅི་ཞིག་ཡོད། །འདི་ཡི་ཟད་པར་ཆུ་ཡི་ཏིང་འཛིན་གྱིས། །སྟོང་གསུམ་ཆུ་ཡིས་འགེངས་ལ་དཀའ་བ་མེད། །ཐེའུ་རང་བསྒྲུབས་དང་མིག་མཐོང་རྫས་འཕྲུལ་ལ། །མངོན་ཤེས་རྫུ་འཕྲུལ་དུ་རེའི་ཆེན་པོ་འགའ། མཐོང་གིན་གྲུབ་པའི་རྟགས་མཚན་མངོན་གྱུར་པ། །ཉེར་སྟོན་རྗེ་བཙུན་ཁྱོད་ལ་སྙིང་ནས་དད། །དེ་ནས་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན། དག་པའི་ཞིང་ནས་སླར་ཡང་ཟླ་བ་བཞིན། །སྒྱུ་འཕྲུལ་དྲ་བའི་སྣང་


TNT20_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཤར་བ་ལ། །གུས་དང་མཆོད་པའི་རྒྱུན་གྱིས་སྤྱན་འདྲེན་མཛད། །དེ་ནས་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་ཀྱང་སྨོན་གྲོ་བརྒྱུད་ཆོས་ལུང་བྱང་རྩེར་ཕེབས། རྗེ་ཉིད་ཀྱིས་སྐུ་མཚམས་ཟླ་བ་གཉིས་ཙམ་གནང་བ་གྲོལ་ནས་དགུན་ཁྲིད་གནང༌། དེ་ནས་ཆོས་ལུང་བྱང་རྩེར་ཕེབས། གཟའ་སྐར་དགེ་བ་ལ་རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་ལ་ཐོག་མར་ཚེ་དབང་ཕུལ། དེ་ནས་དབང་ལུང་རྗེས་གནང་མང་བར་འབུལ་བ་གནང་ནས་སྨོན་གྲོར་ཕེབས་དུས་དབང་རྣམས་གནང་ནས་ཇོ་ནང་དུ་ཕེབས། བདེ་མཆོག་ནག་པོའི་གསུངས་བསྙེན་ཟླ་བ་བདུན་གནང༌། ལེགས་པར་གྲུབ་ནས་ཁ་གསོའི་སྦྱིན་སྲེག་གནང་སྐབས་ནམ་མཁའ་གཡའ་དག་པ་དང༌། མེ་ཏོག་གི་ཆར་བབས། ལྟས་ཡ་མཚན་པ་བྱུང༌། བཀའ་བཀོད་ལ་འདིའི་བསྙེན་པ་བྱེད་པ་འཕྱིས་འདུག་ཡང་ཡང་བཀའ་ཕེབས་པ་ཞིག་བྱུང༌། དེ་མཚམས་ཁྲི་ཁང་ནས་སྡེ་པ་དོན་གྲུབ་ལ་གཤེགས་ནས་སྤྱན་འདྲེན་ནན་ཅན་བྱུང་བས། པ་སྣམ་ལྷུན་གྲུབ་རྩེར་ཕེབས། དགུང་ཞག་གི་བར་ལ་མི་འཁྲུགས་པ་དང༌། རྣལ་འབྱོར་མའི་གསུང་ཆོག་མཛད། མཚན་བྱང་བཞུ་བ་གྲུབ་རྗེས། ཞལ་ངོ་རྣམས་ལ་ཚེ་དབང་བརྒྱ་རྩ། སྒྲོལ་དཀར། མགོན་པོའི་རྗེས་གནང་སོགས་གནང་ནས་ཇོ་ནང་དུ་ཕེབས། མ་ཅིག་བཀའ་པོ་མའི་ཁྲིད་ལུང་དང་བཅས་པ་གནང༌། དེ་ནས་རྒྱུ་དང་བཀོད་པ་ཁྱད་པར་དུ་འཕགས་པའི་ཚོགས་ཁྲོ་ཆེ་བ་གསང་བླུགས་གནང༌། ཤིས་བརྗོད་མཛད་ནས་ཞལ་དྲོའི་ཚུལ་དུ་མང་


TNT20_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཇ་འབྲས་འཇམ་སོགས་གནང༌། དེ་ནས་སྐུ་མཚམས་རྒྱང་ཙམ་གནས་སྐབས་ཐོ་རངས་ཤིགབུད་མེད་གཞོན་ནུའི་རྣམ་པ་གཡུའི་ཐོར་ཚུགས་དང་རིན་ཆེན་རྒྱན་གྱིས་སྤྲས་པ། དར་གྱི་གོས་ལྷབ་ལྷུབ་ཏུ་གྱོན་པ། ལག་ན་མེ་ལོང་དང་མདའ་དར་འཛིན་པ་འཁོར་དང་བཅས་པ་ཞིག་བྱུང་ནས། སྙན་པའི་གླུ་ལེན་ཞིང་རིན་པོ་ཆེའི་སྣོད་བདུད་རྩིས་གང་བ་ཐོགས་ནས། ངེད་ལ་ཆོས་ཀྱི་སྦྲང་རྩིའི་ཟིམ་ཆར་སྤེལ་བའི་ལེགས་ལམ་ཡིན་ཟེར་བྱུང་བའི་ངང་ལ་མནལ་སད། དེ་ནས་ཀྱང་སྒྲ་དེ་སྙན་ལམ་ན་ལྷང་ངེ་འདུག་གསུངས། དེ་ནས་དུས་ཀྱི་དགུན་ཁྲིད་ལ་ཕྱོགས་ཀྱི་བླ་མ་སློབ་དཔོན། ཆ་ལུང་སྒྲུབ་ཆེན་མ་སོགས་ཆོས་དོན་གཉེར་བ་ཕྱོགས་ནས་ཀྱང་མང་དུ་བྱུང་བ་ལ་སྦྱོར་དྲུག་རྒྱས་པ། བླ་མ་བརྒྱུད་པའི་རྣམ་ཐར། ཀུན་སྤངས་ཆེན་པོའི་ཁྲིད་ཡིགཆོས་རྗེ་ཕྱོགས་རྒྱལ་པའི་སྔོན་འགྲོ་ཐོག་མཐའ་བར་དགེ །ངོ་སྤྲོད་གསང་དོན་རབ་གསལ་གྱི་ཁྲིད་ལུང་གནང༌། དེ་ནས་ཁྱུ་མཆོག་ཅེས་པ་ལྕགས་མོ་སྦྲུལ་ལོའི་དུས་ཆེན་ལ་རྗེ་དྲུང་རྡོ་རིང་པ་གཏིང་སྐྱེས་ནས་ཕེབས་ལོངས་མ་བྱུང་བར། རྗེ་ཉིད་ལ་སྤྱན་འདྲེན་བྱུང་བས་ཆོས་ལུང་དུ་ཕེབས། བདེ་མཆོག་ནག་པོ་པའི་སྒྲུབ་མཆོད་གཙོ་བོ་གནང༌། གྲུབ་སྡེ་ལ་བསྙེན་བཀུར་གཟབས་མ་བསྩལ། དེ་སྐབས་སྡེ་པ་བཀའ་བཞི་ནས་ཚུལ་ཁྲིམས་འགྱུར་མེད་ཕེབས། ཐུགས་འདོད་བཞིན་གཞུང་བཀའ་ཉེར་ལྔ་དང་འབྲེལ་བའི་ནི་གུའི་ཁྲིད་


TNT20_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་ལུང་དང་བཅས་པ་གཞན་ཡང་ཚེ་དབང་རྣམ་གྲངས་མང་བ་སོགས་གནང༌། སླར་ཇོ་ནང་དུ་ཕེབས། དེ་ལོའི་དབྱར་ཆོས་ལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ལུང་དང་བཅས་པ་གནང༌། དེ་ནས་དེ་ལོ་རྨི་ལྟས་འཚུབ་པས་མཚམས་དམ་པར་བྱེད་གསུངས་བཅད་རྒྱ་དམ་པར་མཛད། རྒྱང་ཙམ་སོང་ནས་སྨོན་གྲོར་དཔོན་དྲུང་རིན་པོ་ཆེ་སྐུ་ཁམས་བསྙེལ་བས། འཕྲལ་དུ་ཆོས་རྗེ་ལྷ་མཆོག་པ་ཕེབས་པ་ལ། ས་སྐྱ་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང༌། ཚེ་དབང་ཚེ་ཁྲིད་སོགས་བཀའ་ཆོས་མང་དུ་གནང༌། དེ་ནས་གཏིང་སྐྱེས་ནས་ས་སྐྱོང་ངག་དབང་རྣམ་རྒྱལ་ཡབ་སྲས་ཀྱིས་སྤྱན་དྲངས། མཁར་ཆེན་དུ་ཕེབས། སྡེ་པ་ཡབ་སྲས་རྣམས་ལ་ཚེ་དབང་ལྷ་དགུ། གྲུབ་རྒྱལ་མའི་ཚེ་དབང་བརྒྱ་རྩ་ཚེ་ཁྲིད། གཞན་ཡང་སྒྲོལ་མ་དཀར་སྔོ། འཇམ་དབྱངས་དཀར་སེར་མགོན་པོའི་རྗེས་གནང་སོགས་དང༌། བྱིངས་རྣམས་ལ་ཡང་འདོད་ཆོས་དཔག་མེད་སྩལ་ནས་ཚུར་ཕེབས་ཏེ། བྱམས་གླིང་དཔལ་རྩེ། གདོང་དགའ་རྣམས་སུ་རིམ་པས་ཕེབས་ཤིང་སོ་སོའི་འདོད་ཆོས་རྣམས་གནང་ནས་ཇོ་ནང་དུ་ཕེབས། དེར་རྗེ་དབོན་རིན་པོ་ཆེ་ཡང་གློ་བོ་ནས་ཕེབས་ཏེ། རྗེ་དབོན་དང༌། ཚ་རོང་གྲགས་པ་བློ་གྲོས་སོགས་དྲག་བསྡུས་ལ་ཤངས་ཆོས་རྒྱས་པར་གནང་སྟེ། རྩ་བ་ནི་གུའི་ཆོས་དྲུག སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་འཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་འཆི་མེད་འཆུག་མེད་


TNT20_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཁྲིད་དང་ལུང༌། གཞུང་བཀའ་ཉེར་ལྔ་དང་འབྲེལ་བར་གནང༌། དེར་བདག་གིས་ཀྱང་མཇལ་བར་སླེབས་ཏེ། མགོན་པོའི་རྗེས་གནང་སོགས་ཐོབ། སྨོན་གྲོར་ཕེབས་པའི་ཕྱག་ཕྱིར་བདག་ཀྱང་དཀྲིས་པའི་ཚེ་དབང་སོགས་གནང༌། སླར་བདག་གིས་ཀྱང་ངམ་རིང་གི་གྲྭ་སྐོར་འཁོར་ནས་སྨོན་གྲོ་དང་ཇོ་ནང་སོགས་སུ་ཚེ་དབང་བརྒྱ་རྩ། ཚེ་ཁྲིད་ཚེ་དཔག་མེད་ལྷ་བཅུ་བདུན་མའི་དབང་སོགས་དབང་ལུང་ཁྲིད་མང་བར་ཐོབ་ཅིང༌། ཐུགས་རྗེ་ཆེན་པོས་བརྩེ་བར་བསྐྱང༌། ཡང་སྐབས་ཤིག་ཇོ་ནང་དབྱར་ཆོས་ལ་དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་གནང་ཞིང༌། ལོ་ཕུ་གདན་ས་བ་སོགས་ལ་ཡང་ཁྲིད་བརྒྱ་མང་བར་གནང༌། དེ་ནས་ལྷ་རྩེར་སྤྱན་དྲངས་ནས་བྱང་པ་བདག་པོ་ནམ་མཁའ་རྒྱལ་པོ་སྟེང་ཞལ་ལ། ཚེ་དཔག་མེད་ལྷ་དགུ་མའི་དབང་དང༌། གྲུབ་རྒྱལ་མའི་ཚེ་དབང་བརྒྱ་རྩ་ཁྲིད་བཅས་གནང༌། སླར་ཇོ་ནང་དུ་དུས་ཚིགས་ཀྱི་དགུན་ཁྲིད། བྱ་གཤོངས་མཁན་ཆེན་པ་སོགས་ལ་གསུང་ཆོས་མང་བར་གནང༌། དགུན་ཁྲིད་གྲོལ་ནས་ཆོས་ལུང་དུ་དུས་ཆེན་ལ་ཕེབས། རྗེ་བཙུན་མཆོག་གི་སྤྲུལ་སྐུ་མཇལ། ཚེ་དབང་ལྷ་དགུ་སོགས་འབུལ་བ་གནང༌། རྗེ་རྡོ་རིང་རིན་པོ་ཆེ་དང་བཀའ་ཆོས་འབུལ་རེས་གནང༌། དགུན་ཁྲིད་གྲོལ་ནས་ཆོས་ལུང༌། སྨོན་གྲོར་བཀའ་ཆོས་ཐོགས་མ་གནང་ནས་ཇོ་ནང་དུ་ཕེབས། ས་སྐྱ་གོང་མ་རྡོ་རྗེ་འཆང་མུས་ཆེན་རྗེ་བཙུན་ཐམས་ཅད་མཁྱེན་པ་སོགས་བླ་མ་གོང་མ་


TNT20_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བདུད་རྩིའི་རིལ་བུ་མ་ལྟ་གནང་ནས། ཡི་དམ་ཀྱཻ་རྡོ་རྗེ་ལ་བརྟེན་ནས་བདུད་རྩི་རིལ་བུ་ཕྱག་ལེན་བཞིན་དུ་བསྒྲུབ་པ་གནང་ནས། ལྡེ་གུའི་སྐབས་ནས་དྲི་བཟང་རྒྱང་རིང་པོར་ཚོར་བ་དང༌། རིལ་བུ་འཕེལ་ཤིན་ཏུ་ཆེ་བ་བྱུང་ནས། བྱང་སྟག་ལུང་ངམ་རིང༌། གཏིང་སྐྱེས་སོགས་གནང་འོས་རྣམས་སུ་གནང༌། དེ་ནས་ངེད་རང་ཁམས་བཟང་སྐབས་ཇོ་ནང་གི་གདན་ས་འདི་མཆོག་གི་སྤྲུལ་པའི་སྐུར་འབུལ་ཐུབ་པ་ཞིག་ཅི་ནས་ཀྱང་བྱེད་གསུངས། ངམ་རིང་སྟེང་ཞལ་དུ་ཞུ་བ་གནང་བས་ཁྲོལ་དཀའ་བ་བྱུང་ན་ཡང༌། འབུལ་ཆས་གང་དྲག་དང་བཅས་ནན་སྐྱེད་ཞུ་བ་གནང་བས་ཁྲོལ་ནས་ཕེབས་བསུ་གཟབས་མ་དང་བཅས་གདན་དྲངས། བཟང་སྐར་དགེ་བ་ལ་ཁྲི་ཐོག་ཏུ་ཕེབས། ཤིས་བརྗོད་ཀྱི་མེ་ཏོག་འབུལ་བ་དང་མཉམ་དུ་སྐུ་གསུང་ཐུགས་ཀྱི་རྟཻན། དབང་རྫས་རོལ་མོའི་རིགས། ཇ་གོས་དར། གསེར་དངུལ། བྱུ་རུ་སྤོས་ཤེལ་རས་ཆ་སོགས་སྐུ་ཆས་གང་ཡོད་སྤྲུག་པའི་འབུལ་བ་རྒྱ་ཆེར་གནང༌། དེར་ཞག་ཉི་ཤུ་སྐོར་བཞུགས་པར་ཞབས་ཏོག་གང་ཟབ་དང༌། བཀའ་ཆོས་སྦྱོར་དྲུག་གི་ཁྲིད། བརྒྱུད་པའི་རྣམ་ཐར། འགྲེལ་ཆེན་དྲི་མེད་འོད་ཀྱི་ལུང༌། ནི་གུའི་མགྱོགས་ཁྲིད་སོགས་འབུལ་པ་གནང༌། དེ་ནས་རྗེ་དབོན་དྲུང་མངའ་རིས་ལ་རྫོངས་ལྟར་མཛད་དོ། ཆོས་དང་ཟང་ཟིང་གི་གནང་སྦྱིན་མང་དུ་གནང་ངོ༌། །ཟུང་འཇུག་སྒོམ་པའི་གོམ་སྟབས་གཅིག་ཉིད་ཀྱིས། །


TNT20_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གསུམ་ས་ཡི་ཐེམ་སྐས་ངེས་བགྲོད་ནས། །བདེ་ཆེན་འཁོར་ལོ་སྡོམ་པ་རྒྱལ་སྲིད་ལ། །དབང་བསྒྱུར་དེ་ཚེ་སྒྲིབ་པའི་སྟོབས་ལྡན་བཅོམ། །གང་ལ་ས་གསུམ་མཁའ་འགྲོས་ག་མ་ཀའི། །དབྱངས་དང་ལྷན་ཅིག་བདུད་རྩིས་མཆོད་པར་བྱས། །དད་པའི་བློ་ཅན་ཡིད་སྐྱེས་རྣམ་མང་གིས། །གཞལ་བར་དཀའ་བའི་ཟང་ཟིང་དངོས་པོས་ཀྱང༌། གང་དང་འབྲེལ་བས་སྲིད་མཐར་བདེ་བའི་རྒྱུན། །སྐྱེད་བྱེད་བདུད་རྩིའི་བུམ་པ་ཆེས་འཕྱུར་བ། །མདུན་དུ་རྒྱུ་ཡང་དོན་གཉེར་མེད་པ་ཡི། །སྐྱེ་བོ་འགའ་དང་འགའ་ཡང་བྱུང་བར་གྱུར། །རྣམ་པར་རྟོག་པ་མེད་བཞིན་རེས་བྲལ་ལ། །གང་འདོད་བསམ་པར་མཐུན་པའི་མཆོད་སྦྱིན་ཆེ། །སྤྲོ་བ་དཔག་བསམ་ཤིང་དང་མཚུངས་བསམ་ཡང༌། །དེ་ནི་སེམས་མེད་ཁྱེད་ཐུགས་རྣམ་ཀུན་མཁྱེན། །ཡོན་ཏན་གྱིས་ལྕི་བླ་མའི་ཞབས་པད་ཟུངས། །འདེགས་ལ་ཁྱབ་འཇུག་སྟོབས་ཀྱང་ཕམ་བགྱིད་པས། །ནོར་བཟང་སེམས་དཔའ་ཆེ་དང་ནཱ་རོ་པའི། །བླ་མར་མོས་པ་དག་ཀྱང་ཟིལ་གྱིས་མནན། །གདམས་ངག་བདུད་རྩིའི་བཅུད་ཀྱིས་སྙིང་མྱོས པའི། །གྲུབ་པའི་གར་གྱིས་ཞིང་འདི་བཀང་བ་ན། །གྲུབ་དབང་གཞན་གྱིས་གོ་སྐབས་ཐོབ་མིན་ཞེས། །དག་པའི་ཞིང་ཁམས་གཞན་དུ་བཞུད་པ་བཞིན། །རིན་ཆེན་དུ་མ་ལས་གྲུབ་མཚན་དཔེའི་གཟུགས། །དེ་ལ་གང་ཐུགས་ཡེ་ཤེས་རྗེས་ཞུགས་པས། །དེ་དང་མཚུངས་པར་རྒྱལ་བའི་ཡེ་ཤེས་ཀུན། །འདུས་པ་ལྷ་མིའི་མཆོད་གནས་མཆོག་ཏུ་གྱུར། །


TNT20_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ལྡན་གཙུག་ལག་ཁང་ན་ཟས་གཙང་སྲས། རྗེས་མཚོན་སྐུ་དེ་འགྲན་ཟླ་མེད་སྙམ་པའི། ཁེངས་པ་གཞིལ་ཕྱིར་བྱོན་པ་ཡིན་ནོ་ཞེས། །ཅུང་ཟད་འཛུམ་པའི་ཚུལ་གྱིས་བཞུགས་པ་སྙམ། །དེ་ནས་མྱོས་བྱེད་ཅེས་པ་ཤིང་མོ་ལུག་གི་ལོ་རྗེ་ཉིད་དགུང་ལོ་བརྒྱད་ཅུ་རྩ་གསུམ་བཞེས་པའི་ཧོར་ཟླ་གཉིས་པའི་ནང་དུ་སྐུ་གྲིབ་ལ་བརྟེན་པའི་ཅུང་ཟད་སྐུ་ཁམས་བསྙེལ་བ་བྱུང་ཡང༌། སྐུ་རིམས་དང་ལྷ་རྗེ་གསོལ་སྨན་གྱི་འཕྲོད་བསྟེན་ཕུལ་བས་ཞག་ཤས་ནས་སྐུ་ཁམས་བདེ་བར་གྱུར། དེ་ནས་ཉིན་གཅིག་ཉི་མ་ཕྱེད་ཡོལ་ཙམ་ལ། ཁར་སང་ནས་ཁྱེད་རྣམས་ཀྱིས་རྗེ་རྡོ་རིང་པ་ཞིང་བརྗེས་པ་ངེད་ལ་གསང་འདུག་པས། ད་ལྟ་རང་འདིར་སྒྲུབ་སྡེ་ལ་མང་ཇ། སྐུ་འབུམ་ལྷ་ཁང་སོ་སོར་དཀར་མེ་སྙན་དར་ཕུལ། ཆོས་ལུང་བྱང་རྩེར་དངུལ་གདུང་རིན་པོ་ཆེར་མཆོད་རྫས་ན་བཟའ། མང་ཇ་སོགས་ཐོངས་གསུངས་ནས། ཕྱག་གཡོག་རྣམས་ཀྱིས་དེ་རྣམས་འཕྲལ་དུ་བསྒྲུབས། དེར་བླ་མ་མཆོད་པ་རྒྱས་པ་རེ་མཛད་མཚམས། ངེད་རྒན་པོ་རྣམས་དུས་གཅིག་ལ་འགྲོ་རན་གསུངས་པ་བྱུང་ནས། ཡང་སྐུ་ཁམས་མི་བདེ་བའི་ཚུལ་སྟོན་པ་གནང༌། ཧོར་ཟླ་གསུམ་པའི་ཉེར་བདུན་གྱི་སྔ་དྲོ། ད་ནངས་ཐོ་རངས་སུ་རྗེ་བཙུན་ཐམས་ཅད་མཁྱེན་པའི་སྐུའི་སྣང་བ་བྱུང་གསུངས། དེ་ནས་ཐུགས་དམ་གྱི་རིམ་པ་རྣམས་མཛད་རྗེས་མཐར་ནི་གུའི་འཕོ་བ་གནང་སྟེ། གཟིམ་ཆུང་འགག་ན་ཡོད་པ་རྣམས་ཀྱིས་ཐག་ཅེས་པའི་སྒྲ་བྱུང་མ་ཐག་ནང་དུ་ཕྱིན་དུས། ཞལ་རས་ཟིལ་པ་


TNT20_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོམ་མེ་བ་དང་དབུ་གཙུག་འཕར་ཞིང་རླངས་འཚུབ་ཡོད་པ་མཐོང་ཞིང༌། མཁའ་སྤྱོད་དུ་གཤེགས་སོ། །དེ་མ་ཐག་ནམ་མཁའ་གཡའ་དགམེ་ཏོག་གི་ཆར་བབས། རོལ་མོའི་སྒྲ་དབྱངས་གྲགས་པ་ཕལ་ཆེར་བས་ཚོར། དེར་ཆོས་ལུང་སྒྲུབ་སྡེའི་དྲག་པ་རྣམས་དང༌། ཇོ་ནང་ཉིད་ཀྱི་གྲུབ་སྡེའི་དྲག་པ་རྣམས་ཀྱིས་སྐུ་གདུང་སྐུ་གཞོགས་སུ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་བྱས་ཤིང༌། རྗེ་བཙུན་མཆོག་གི་སྤྲུལ་པའི་སྐུ་བསམ་སྡིངས་སུ་བཞུགས་པ་མྱུར་ཤད་དུ་སྤྱན་འདྲེན་བཏང་ནས་སྤྱན་འདྲོངས། ཆོས་ལུང༌། ཇོ་ནང༌། ངོར་པ། བདེ་ཆེན་པ། བྲག་རམ་པ་སོགས་ཆོས་སྡེ་མང་པོ་ཕེབས་ཏེ། དཀྱིལ་འཁོར་མང་པོ་ཞལ་ཕྱེས་ནས་ཞག་མང་པོའི་བར་དུ་སྒྲུབ་མཆོད་རྒྱས་པར་མཛད། དེ་མཐུན་གསེར་མདོག་ཅན་སོགས་དབུས་གཙང་གི་ཆོས་གྲྭ་དང༌། ཐུབ་བསྟན་དར་རྒྱས་གླིང་སོགས་མངའ་རིས་སྨད་ཀྱི་ཆོས་གྲྭ་རྣམས་སུ་མང་ཇ་འགྱེད་བཅས་རྒྱ་ཆེར་བསྒྲུབས། དགོངས་རྫོགས་དངོས་གཞིའི་ཉིན་སྐུ་ཆས་དྲག་ཁ་གང་ཡོད་རྗེ་བཙུན་རིན་པོ་ཆེར་ཕུལ། གཞན་བླ་མ་སློབ་དཔོན་དགེ་འདུན་གྱི་སྡེ་དེར་ཚོགས་ཐམས་ཅད་ལ་འབུལ་བའི་དངོས་པོ་བསམ་གྱིས་མི་ཁྱབ་པ་ཕུལ་ཏེ། ཐུགས་ཀྱི་དགོངས་པ་ཡོངས་སུ་བསྐོངས་པར་མཛད་དོ། ༈ འགྲོ་བློའི་རེ་བ་ཡོངས་སུ་སྐོང་ལ་དཔག་བསམ་ཤིང་ཡང་མིང་གི་ཟོལ། །ཡིད་ཀྱི་གདུང་བ་འཕྲོག་པར་བྱེད་ལ་ལྷོ་ཕྱོགས་མེ་ཡང་ཟིལ་གྱིས་མནན། །ཀུན་ལ་


TNT20_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་བརྩེའི་བསིལ་ཟེར་འགྱེད་ལ་འོད་དཀར་ཅན་ལ་ཐ་མི་དད། །དེ་ཕྱིར་མཛད་པའི་ཆ་ཤས་འགའ་ལའང་དཔེ་དང་འགྲན་ཟླས་དབུལ་བར་གྱུར། །སྙིང་རྗེའི་བདུད་རྩིའི་རང་བཞིན་ཟླ་བ་དེ། །འཛམ་གླིང་གདུལ་བྱའི་ཀུ་མུད་བཞད་མཛད་ནས། །ལྷོ་གླིང་མཛད་པའི་ཆུ་མཐོང་རྫོགས་སོ་ཞེས། །ནུབ་ཕྱོགས་བདེ་བ་ཅན་དེར་གཤེགས་པར་རྩོམ། །དེ་ཚེ་དེ་ཡི་ལྷ་ཚོགས་མཁའ་འགྲོའི་ཚོགས། །ནམ་མཁའ་གང་བའི་འཇའ་ཚོན་གདུགས་མཛེས་དང༌། །མེ་ཏོག་ཆར་དང་པི་ཝཾ་སོགས་ཐོགས་ནས། །སྤྱན་འདྲེན་སླད་དུ་ཞིང་འདིར་ལྷགས་པར གྱུར། །འགྱུར་མེད་རྡོ་རྗེའི་དངོས་ཀྱང་འགའ་ཞིག་གིས། །རྟག་པར་འཛིན་པའི་བློ་མུན་འཇོམས་སོ་ཞེས། །རབ་ཞིའི་ཉི་མ་འབུམ་གྱི་གཟི་བྱིན་ལ། །མཆོག་ཏུ་བཞུགས་པའི་ཏིང་འཛིན་མངོན་དུ་མཛད། །དེ་ཚེ་ཞིང་འདིའི་སྐྱེ་དགུ་ལྷར་བཅས་ལ། །མྱ་ངན་མེ་ལྕེས་སྙིང་གི་དངོས་བསྲེགས་ཤིང༌། །མཆོད་པའི་དུད་སྤྲིན་འཇའ་ཚོན་སྣ་ལྔ་རུ། །འཐུལ་བས་ཕྱོགས་ཀྱི་ཡངས་པ་འགེངས་པར་བྱས། །ཆོས་དབྱིངས་གདོད་མའི་ནམ་མཁའ་རྙོག་བྲལ་ལ། །སྤྲུལ་པའི་ཟླ་ཚེས་འགོག་པ་མེད་འཆར་བས། །བདག་ཅག་གདུལ་བྱའི་བློ་མཚོར་བརྙན་པའི་གཟུགས། །ཅིར་ཡང་རྩོལ་ཞེས་གསོལ་གདབ་དབྱངས་སུ་ཚེར། །འགའ་ཞིག་བླ་མ་དམ་པ་གྲུབ་པའི་དབང༌། །འདི་ལ་གཤེགས་དང་བཞུད་པ་མི་མངའ་ཡང༌། །རང་


TNT20_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་བློ་ཡི་མེ་ལོང་རྙོག་པ་ལ། །འདི་ལྟར་སྣང་འདི་བྱིས་པའི་བློ་ཞེས་སྨྲ། །དེ་ནས་སྨོན་གྲོ་ནས་ཞལ་ངོ་རྣམས་ཀྱིས་གདུང་རྟེན་གསེར་ཟངས་ལས་གྲུབ་པ་ཐོག་སོ་ཙམ་གྱི་ཚད་ལོངས་བ། བལ་པོ་བཟོ་བོ་མཁས་པས་བཞེངས་ཏེ། གཟུངས་རྫོགས་ཕུན་སུམ་ཚོགས་པ་ཕུལ། རྡོ་རྗེ་འཛིན་པ་མང་པོས་རབ་ཏུ་གནས་པ་བགྱིས་ཏེ། འདུ་ཁང་ཆེན་མོར་མཆོད་པའི་ཡུལ་དང་ཚོགས་གསོག་པའི་རྟེན་དུ་བཞུགས་སོ། །དེ་ལྟར་ན་རྗེ་བཙུན་བླ་མ་མཆོག་འདི་གཞོན་ནུ་ནས་རབ་ཏུ་བྱུང༌། ཐོས་བསམ་མཛད། རྗེ་བཙུན་ཐམས་ཅད་མཁྱེན་པའི་ཐུགས་སྲས་ཀྱི་གཙོ་བོར་གྱུར། དེ་བརྗོད་འདོད་ཙམ་ཡིན་མིན་ནི། རྗེ་གོང་མའི་རྣམ་ཐར་རྣམས་ལ་བལྟས་པས་ཤེས་པར་ནུས། གཙོ་བོར་སྒོམ་པ་ལ་ཐུགས་གཞོལ་དངོས་པོ་ལ་འཛིན་པ་མི་མངའ། ཚུལ་ཁྲིམས་ཡོངས་སུ་དག གནོད་བྱེད་ལ་བཟོད་པ་ཙམ་དུ་མ་བཞག་གནོད་ལན་ཕན་པས་འཇལ་བ་སོགས་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྤྱོད་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྐུ་ཉམས་སུ་བསྟར། ངེས་དོན་ཟབ མོའི་ཆོས་འཁོར་གཙོ་བོར་བསྐོར། རྒྱུ་མཚན་དེས་ན་སྒྲུབ་སྡེ་ཇོ་ནང་ཡང་འཕེལ་རྒྱས་ཤིན་དུ་ཆེ་ཞིང༌། སྒྲུབ་པ་མོ་གཙོ་བོར་གྱུར་པའི་སྒྲུབ་ཆེན་ཐུགས་དམ་གྱི་རྩལ་འབྱོངས་པ། ཉམས་རྟོགས་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ངེས་དོན་གྱི་བསྟན་པ་ཉི་མ་


TNT20_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་བ་ལྟར་མཛད་པ་འདི་ནི་ལྷུན་གྱིས་གྲུབ་པ་དང༌། རྒྱུན་མི་འཆད་པའི་འཕྲིན་ལས་སུ་གྱུར་ཞིང༌། རྣམ་པར་ཐར་པའི་སྙིང་པོའོ། །རིགས་བརྒྱའི་གཙུན་རྒྱན་འཇམ་མགོན་ཀུན་དགའི་མཚན་འཆང་གི བྱིན་རླབས་རིན་ཆེན་སྣ་ལྔའི་སྲད་བུ་མདངས་གསལ་བ། །གང་ཐུགས་ཤེལ་གྱི་དཔལ་བེའུར་བཞུགས་པའི་མོད་ཉིད་ལ། །ཡེ་ཤེས་ཁ་དོག་སྣ་ལྔར་འབར་བའི་གཏམ་བཟང་པོ། །བསྒྲགས་པའི་དགེ་བས་བདག་དང་འགྲོ་བ་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། ཁྱབ་བདག་བླ་མ་གང་དེས་རྗེས་བཟུང ནས། །འབྲལ་བ་མེད་པར་ཆོས་ལ་སྤྱོད་པར་ཤོག །ཚུལ་ཁྲིམས་དག་པའི་ཉེ་བ་འཁོར་དང་ནི། །བྱང་ཆེན་སྤྱོད་ལ་ཀུན་ཏུ་བཟང་པོ་དང༌། །རྒྱལ་བའི་ཆོས་ཚུལ་རྡོ་རྗེ་ཐེག་པའི་དོན། །འཛིན་ལ་གསང་བའི་བདག་པོ་དང་མཚུངས་ཤོག །ཀླུ་སྒྲུབ་ཡབ་སྲས་བཞེད་པའི་ལྟ་བ་དང༌། །ཐོགས་མེད་མཆེད་པའི་རྒྱ་ཆེན་སྤྱོད་པའི སྲོལ། །མཐུ་སྟོབས་དབང་ཕྱུག་བཞེད་པའི་རིམ་གཉིས་ཀྱིས། །རྒྱལ་བའི་བསྟན་པ་རྒྱས་པར་བྱེད་ནུས་ཤོག །ཚུལ་ཁྲིམས་དག་པའི་གཞི་ལ་ལེགས་གནས ཤིང༌། །སྡེ་སྣོད་རྒྱུད་སྡེའི་ཚིག་དོན་ཤེས་པ་དང༌། །དེ་དོན་རྒྱུད་ལ་འབྱོར་བའི་ཉམས་ལེན་གྱིས། །དམ་ཆོས་ཚུལ་བཞིན་བསྒྲུབ་ལ་བརྩོན་པར་ཤོག །དེ་ནས་ལམ་ལྔ་ས་བཅུ་མ་ལུས་པ། །མོས་པའི་གོམས་སྟབས་གཅིག་གིས་བགྲོད་བྱས་ནས། །སྟོབས་བཅུ་མངའ་བ་གང་དེའི་གོ་འཕང་ཆེ། །བྱིན་རླབས་སྟོབས་ཀྱིས་མྱུར་དུ་ཐོབ་པར་


TNT20_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཇི་སྲིད་ཉི་མས་སྣང་བའི་བྱ་བ་བྱེད་པ་དང༌། །བསིལ་ཟེར་བྱེད་པ་བདུད་རྩིའི་འོད་དཀར་སྤྲོ་བྱེད་པ། །དེ་སྲིད་རྣམ་ཐར་ཨུཏྤལ་བཞད་པའི་ཆུན་པོ་འདི། །དད་ལྡན་རྣམས་ཀྱི་རྣ་བའི་རྒྱན་དུ་གནས་གྱུར་ཅིག །ཅེས་རྗེ་བཙུན་བླ་མ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཀུན་དགའ་དཔལ་བཟང་པོའི་ཞལ་སྔའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ་ཞེས་བྱ་བ་འདི་ནི། རང་ཉིད་ཀྱང་མོས་རྟེན་དུ་རྣམ་པར་ཐར་པ་ཞིག་འབྲི་བསམ་ཡོད་པ་ལ། སླར་གཏིང་སྐྱེས་ནས་ས་སྐྱོང་མིའི་དབང་པོའི་གསུང་གིས་བསྐུལ་བས་རྐྱེན་བྱས་ཏེ། རྗེ་ཉིད་ཀྱི་སྐུའི་དབོན་གློ་བོ་མཁན་ཆེན་རིན་པོ་ཆེས་མཛད་པ་ལ་གཞི་བྱས། དེར་མི་གསལ་བ་ཅུང་ཟད་རྗེ་བཙུན་ཐམས་ཅད་མཁྱེན་པའི་རྣམ་ཐར་ནས་ཁ་བསྐངས། རང་ཉིད་ཀྱིས་མཐོང་ཐོས་སུ་གྱུར་པ་ཅུང་ཟད་ཀྱང་བསྣན་ཏེ་རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང༌། གསུང་གིས་བདུད་རྩིས་འཚོ་བའི་དགེ་སློང་ཀློག་པ་བ་དཔལ་ལྡན་ཤཱཀྱ་བསྟན་འཛིན་བློ་གསལ་རྒྱ་མཚོའི་སྡེ་ཞེས་པས་མཉན་ཡོད་གསེར་མདོག་ཅན་གྱི་ཆོས་གྲྭར་སྦྱར་བའོ།། །། བཀྲ་ཤིས། །


TNT20_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྗེ་བཙུན་བླ་མ་དམ་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་གསེར་གྱི་རྔ་བོ་ཆེ།next