Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་པ་དང་ཡན་ལག་དྲུག་གི་ལམ་གྱི་ཟབ་གནད།
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་པ་དང་ཡན་ལག་དྲུག་གི་ལམ་གྱི་ཟབ་གནད།next

དཔལ་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་པ་དང་ཡན་ལག་དྲུག་གི་ལམ་གྱི་ཟབ་གནད།


TNT20_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་པ་དང་ཡན་ལག་དྲུག་གི་ལམ་གྱི་ཟབ་གནད་དག་བཞུགས། ༈ དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་པ། དཔལ་ལྡན་བླ་མ་ཐམས་ཅད་པ། དམ་པའི་ཤེས་རབ་ཡེ་ཤེས་ཆེ། །འགྱུར་མེད་བདེ་བ་ལྷན་ཅིག་སྐྱེས། །མ་ལུས་འདོད་པའི་ལྷ་སྩོལ་བ། །


TNT20_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་ཀུན་ཀྱི་ཁྱོད་ལ་འདུད་བགྱིད་ན། །འདྲེན་བྱེད་གཡོ་བའི་ཕྱག་རྒྱ་དམན་དག་ལ། །མཆིལ་མའི་ཐལ་བ་བཞིན་བགྱིས་རྡོ་རྗེ ཡིས། །སད་རྨི་གཉིད་འཐུག་བཞི་པའི་འབྲོག་དགོན་དུ། །རྣམ་པར་འཁྱམས་བྱེད་ཁྱབ་བདག་རྡོ་རྗེ་བཞི། །བྱང་ཆུབ་རྣམ་བཞིའི་ཁྱིམ་དུ་བདེ་བ་ཆེས། །དཔལ་ལྡན་སྒྱུ་འཕྲུལ་རྒྱལ་པོ་མགྲོན་གཉེར་ཤིག །མཧཱ་སུ་མ་སྟུ་སརྦ་ཛ་ག་ཏཾ། རང་ལོ་བཅུ་དྲུག་པ་ལའོ། ༈ །ཡན་ལག་དྲུག་གི་ལམ་གྱི་ཟབ་གནད་ནི།།ན་མོ་བུདྡྷ་བོ་དྷི་སཏྭ་ཀྲོ་ད་ར་ཛ་ཡཱ། དཔལ་ལྡན་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ། །སོ་སོར་བསྡུད་པའི་དྷུ་ཏི་ཡི། ཡས་སྣར་སྲོག་རླུང་བསྡུད་པར་བྱེད།༵ ༼༡༽ །བསམ་གཏན་གྱིས་ནི་བསྟན་པར་བྱེད། ༼༢༽ །འདི་ནི་རྩ་ལམ་སྦྱོང་བྱེད་ཡིན། ༼༣༽ །མཐོ་རིས་སྣང་བའི་འཇུག་ངོགས་ལས། །རླུང་སྔགས་མི་ཕྱེད་ཡི་གེ་གསུམ། །ལྷུན་གྲུབ་རྡོར་བཟླས་སྙིང་ཀར་བྱེད། ༼༤༽ །སྲོག་ཐུར་བསྲེ་བྱེད་ཀུམྦྷ་ཉ། །ཀུནྡྷར་ནང་དུ་ཁ་སྦྱོར་པའོ། །སྲོག་རྩོལ་སྲོག་འགོག་ལྟེ་བར་བྱེད། ༼༥༽ །འཛིན་པ་འཁོར་ལོ་དྲུག་ཀ་རུ། ཁམས་དྲུག་ཐིག་ལེ་སྲོག་བཅིང་བས། །སྤྲོ་བསྡུ་དག་པའི་སྐུ་སྒྲུབ་བྱེད། ༼༦༽ །སྟོང་གཟུགས་ཕྱག་རྒྱའི་པདྨ་ཡིས། །མི་འགྱུར་བདེ་བ་འདྲེན་པར་བྱེད། ༼༧༽ །ཕྱག་རྒྱ་གཞན་ཡང་ཐབས་ཡིན་ཏེ། །དེ་འདྲ་རྗེས་དྲན་ཡིན་པར་ཤེས། ༼༨༽ །དེ་ཡི་སྟོང་ཕྲག་ཉི་ཤུ་དང༌། །རོལ་བརྒྱའི་དཀར་དམར་སྟེང་འོག་བརྩེགས། །རླུང་ཐིམ་དེ་ཉིད་བདེ་བར་བྱེད། ༼༩༽ །དཀར་དམར་


TNT20_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་པའི་དཀར་དམར་ནི། །བརྟན་པ་འཛག་བདེར་བཅས་འཇོམས་བྱེད། ༼༡༠༽ །དྷུ་ཏིའི་སྣ་གཉིས་གཙོ་ཆེའོ། ༼༡༡༽ །ཇི་ལྟར་ངོ་ཡིས་རང་ཉིད་མི་སྣང་ཞིང༌། ཁམས་ཟད་བྱེད་བཞིན་བྱང་ཆུབ་སེམས་བཅིངས་པས། །ཕྲ་རགས་རྡུལ་འཇིགས་ཁུ་རྡུལ་ཚོགས་པ་འཇོམས། །ཇི་སྲིད་ཚོགས་པ་དེ་སྲིད་འགྱུར་པ་ཡིན། །བདེ་ཆེན་ཀུན་དའི་རྒྱུ་ལས་བྱུང་མོད་ཀྱང༌། །བདེ་བས་བརྟེན་པའི་འབྲེལ་བ་རྫོགས་ཚོགས་འཇིགས། །རྫོགས་སངས་རྒྱས་ལ་རྡུལ་གྱི་ཁམས་མེད་དོ། །ཚོགས་པ་ཞིག་ན་མི་འགྱུར་བདེ་ཆེན་ཐོབ། །བསྐྱེད་རིམ་ཡན་ལག་བཞི་ཡིས་རྒྱུད་སྨིན་བྱེད། །ཕྲ་ཐིག་བདེ་སྟོང་རྒྱས་འདེབས་གནད་དུ་ཆེ། དང་པོ་སྟོང་གཟུགས་བར་སྒྲུབ་དྷུ་ཏིར་བཅུག །དབུ་མར་མི་འགྱུར་བཅིང་དང་ཐིམ་པ་ཡིས། །ཕྱག་རྒྱ་ཆེན་པོ་འགྲུབ་ཅེས་གསལ་བར་ཤེས། །དེ་དང་སྦྱར་བའི་ལྷན་སྐྱེས་བདེ་སྟོང་དེས། །དོན་ནི་འཕོ་བ་གཅིག་ཐིམ་མ་རེག་པར༌། །བདེན་འཛིན་ཉོན་མོངས་སྒྲིབ་བྲལ་བྱེད་པར་གོ །རླུང་དང་ཐིག་ལེ་བཞི་དང་ཚོགས་པ་བཅོམ། །ཕུང་ཁམས་ཀུན་ཡང་མི་འགྱུར་བདེ་ཆེན་དང༌། །སྟོང་གཟུགས་ལུས་སེམས་ཟུང་འཇུག་ཏིང་འཛིན་འདི། །འཛག་བདེའི་བག་ཆགས་གཉིས་སྣང་ཕྲ་མོ་འཇོམས། །གཟའ་སྐར་འགྲོས་དང་ལོངས་སྤྱོད་ལ་སོགས་པ། །ཤིན་དུ་ཕྲ་བ་མདོ་རྒྱུད་གཞན་ན་མེད། །དེ་ཀུན་ལུས་ལ་དུས་སྦྱོར་རླུང་ལ་སོགས། །སྐྱེས་གནས་འཇིགས་སྲུང་འདི་ལས་རྒྱས་པ་སུ། །དགོས་པ་སྦྱང་གཞི་དང་ནི་ལུས་ཀྱི གནད། །རྟོགས་ཕྱིར་


TNT20_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་དེ་ཤེས་རིམ་པ་གཉིས། །ཤིན་ཏུ་རྒྱས་པའི་གནད་ཀུན་བདེ་བར་རྟོགས། །ཕྱི་མ་ཤེས་པ་སྔ་མ་རག་ལས་ཤིང༌། །དང་པོའི་གནད་ཀུན་ཞིབ་པར་རྟོགས་སླའི་ཕྱིར། །སྐར་རྩིས་རྣམས་ཀྱང་གསལ་བར་གསུང་པ་ཡིན། །ཕྱི་ནང་ངེས་པའི་ལམ་གྱི་སྒྲིབ་སྤོང་དང༌། །ཡོན་ཏན་བསྐྱེད་ཚུལ་འབྲས་བུའི་གནད་ཀུན་ཤེས། །ལམ་དང་ལམ་མིན་འབྱེད་ལ་སྤོབས་པ་རྙེད། །རྒྱུད་དོན་མ་ལུས་ཉམས་ལེན་ལ་དྲིལ་ནས། །ལམ་གྱི་སྲོག་ནི་དེ་ལྟར་ཤེས་དེ་མཁས། །དེ་ལྟར་མི་ཤེས་གཟའ་སྐར་ལུང་སྟོན་ཙམ། །ཐུགས་ལ་བཞག་ནས་རིམ་གཉིས་ལ་བྱོལ་དང༌། །ལམ་གནད་མི་ཤེས་བླུན་པོ་གླུ་སྒྱུས་མཁན། །རི་མོར་བྲིས་པའི་མར་མེ་ངོ་མཚར་ཆེ། །བདག་ནི་ལོག་པའི་ལམ་དུ་མི་འགྲོའོ། །འདི་ནི་རང་ལོ་བཅུ་དགུ་པ་ལ་བྲག་སྟོད་ཡེ་ཤེས་ཀྱི་ཕོ་བྲང་དུ། ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས སོ།། །།བཀྲ་ཤིས། །དགེ་ལེགས་འཕེལ། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་པར་འཛམ་ཐང་གཙང་བའི་ཆོ་གྲྭ་ཆེར། །བསྐྲུན་པའི་དགེ་བའོ་དཀར་དྲི་མེད་ཀྱིས། མ་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོགབ་ཤོག །འདི་བཞེངས་དགེ་བའི་ཟླ་ཟེར་ཀྱི། འཁོར་བའི་ཚ་གདུང་སེལ་བར་ཤོག །དགེའོ། །


previousདཔལ་དུས་ཀྱི་འཁོར་ལོ་ལ་གསོལ་བ་འདེབས་པ་དང་ཡན་ལག་དྲུག་གི་ལམ་གྱི་ཟབ་གནད།next