Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྱུ་ལུས་དབང་མོ་ཆེ་བསྐུར་ཚུལ་གྱི་ལག་ལེན།
   
   
   
   
   
   
   
   
   
   
   
   
   


 
previousསྒྱུ་ལུས་དབང་མོ་ཆེ་བསྐུར་ཚུལ་གྱི་ལག་ལེན།next

སྒྱུ་ལུས་དབང་མོ་ཆེ་བསྐུར་ཚུལ་གྱི་ལག་ལེན།


TNT20_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ལུས་དབང་མོ་ཆེ་བསྐུར་ཚུལ་གྱི་ལག་ལེན་ཞེས་བྱ་བ་བཞུགས།


TNT20_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། སྒྱུ་ལུས་དབང་མོ་ཆེ་བསྐུར་བ་འདོད་པའི་གོ་སྐབས་ཡངས་པར་སྟེགས་བུའི་སྟེང་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་རྒྱས་འབྲིང་བསྡུས་གསུམ་གང་རུང་ཞིག་འབྲིའོ། །དེ་ལ་རྒྱས་པ་ནི། ཕྱི་ནས་རིམ་པས་མུ་ཁྱུད་དཀར་པོ་དང་དམར་པོ་དང་སྔོན་པོ་གསུམ་གྱིས་བསྐོར་བའི་ཟླུམ་པོ་འཁོར་ཡུག་ཆེན་པོ་སྟེ། དེ་ཡང་ཕྱི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དང༌། དེའི་ནང་དུ་མེ་རི། དེའི་ནང་རྡོ་རྗེའི་ར་བ་རྣམས་ཡོད་པ་མཚོན་པ་ཡིན་ལ། སྐུ་གསུང་ཐུགས་གསུམ་མཚོན་པའང་ཡིན་ནོ། །དེའི་ནང་དུ་གཞལ་མེད་ཁང་གྲུ་བཞི་སྤྱི་དང་མཐུན་པ། རྩིགས་པའི་ནང་དབུས་ལ་ཐུགས་ཀྱི་བར་དང༌། ཕྱིའི་ཁྱམས་གཉིས་ཀར་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ཕྱོགས་མདོག་ཡིན་ལ། གཞལ་ཡས་ཁང་གི་ནང་དུ་ཚངས་ཐིག་གིས་བཅད་པའི་རེ་མིག་བཞི་པོ་ལ། ཟླུམ་སྐོར་རེ་བྱ་སྟེ། དེ་ཡང་ཤར་ལྷོའི་ཟླུམ་སྐོར་ལ་ཆོས་འབྱུང་ཉིས་བརྩེགས་དཀར་པོ། བཅད་མཐིང་ནག །རྩིབས་མཆན་དམར་པོ། དབུས་སུ་ཉི་གདན་ལྔ་ཚོམས་ལ། ཚོམས་བུ་མཐིང་ཁ་རེ་རེ་བཀོད། ལྷོ་ནུབ་ཀྱི་གྲར་པདྨ་འདབ་བཞིའི་ཕྱོགས་མདོག །ལྟེ་བར་ཉི་གདན་ལ་ཚོམ་བུ་སྔོན་པོ། བྱང་ཤར་གྱི་གྲྭར་ཆོས་འབྱུང་དམར་


TNT20_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བཅད་ལྗང་ཁུ་གྲུ་ཆད་དཀར་པོ་ནུབ་བྱང་གི་གྲྭར་ཆོས་འབྱུང་ནག་པོ། མེ་རི་དམར་པོ། གྲུ་ཆད་ལྗང་ཁུ། ཟླུམ་བསྐོར་བཞི། བཅད་ཀྱི་མུ་ཁྱུད་ནག་པོ། ཆོས་འབྱུང་དམར་པོའི་དབུས་སུ། ཉི་གདན་ལྔ་ཚོམས་ལ། དབུས་དཀར་ཤར་ནག །ལྷོ་སེར་ནུབ་དམར་བྱང་ལྗང་བའི་ཚོམས་བུ་དང༌། ཆོས་འབྱུང་ནག་པོའི་དབུས་སུ་ཉི་གདན་ལ་ཚོམས་བུ་ནག་པོ། གཞལ་ཡས་ཁང་གི་དབུས་རང་དུ་ཉི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གཅིག་བྲི། འདི་བཤད་ཚོད་ལ་མེད་ནའང་བླ་མའི་ཕྱག་ལེན་ལ་མཛད་དོ། །འབྲིང་པོ་ནི། འདོད་སྣམ་ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་རྣམས་དོར་ཏེ། རྩིགས་པ་ལྗང་ཁུ། སྒོ་ཁྱུད། སྒོ་འགྲམ། སྒོ་ལོགས། སྒོ་སྟེང་གི་གདུང་དང་བཅས་པ་ཞིག་བྱ། གཞན་སྔ་མ་དང་འདྲ། བསྡུས་པ་ནི། རྩིགས་པ་ཕན་ཆད་མི་འབྲི་བར། མཎྜལ་གྲུ་བཞི་ཕྱོགས་ཀྱི་མདོག་ཅན་ལ་ཟླུམ་སྐོར་བཞི་པོ་གོང་བཞིན་འབྲི། ཕྱིའི་མུ་ཁྱུད་གྲུ་བཞིར་རེ་ཁ་དཀར་པོ་འབྲིའོ། །སྟེགས་བུ་དེའི་མདུན་དུ་ཟླུམ་གཏོར་མཾ་སས་བརྒྱན་པ་གཉིས། གོ་སྐབས་ཅི་བདེར། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་རྣམས་དང༌། འོག་ཏུ་དགོས་པའི་དབང་རྫས་དང་ཚོགས་ཀྱི་


TNT20_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་སོགས་བཞག་གོ །བུམ་པ་ནི་ལྷོ་ནུབ་ཀྱི་གྲྭའི་པདྨ་འདབ་བཞིའི་དཀྱིལ་འཁོར་དེར་འཇོག་པ་དབང་ཆོག་ལས་གསུངས་པ་ལྟར་དཀྱིལ་འཁོར་རྒྱ་ཁྱོན་ཆེན་པོ་ཡོད་ན། དེར་མཉྫུའི་སྟེང་དུ་བཞག་རྒྱུ་ཡིན་ནའང༌། ཕྱག་ལེན་ལ་ནི། དཀྱིལ་འཁོར་ཆེ་ན་ཟླུམ་སྐོར་བཞི་ཚོམ་གྱི་དབུས་སུ་མཉྫུ་ལ་འཇོག་ཀྱིན་འདུག །དཀྱིལ་འཁོར་ཆུང་ངུ་ལ་བུམ་པ་ལོགས་སུ་བཤམས་པ་ལེགས། བུམ་པ་ནི་མགུལ་ཆིངས་ཁ་རྒྱན་དང་བཅས་པ་སོགས་བཤམས་ལུགས་སྤྱི་དང་འདྲ་བ་ལས། དུང་ཆོས་གཟུངས་ཐག་སོགས་མི་དགོས་སོ། །འདི་ཉིད་ཀྱི་དབང་ཆོག་ལས་པདྨ་འདབ་བཞིའི་དཀྱིལ་འཁོར་ལ་ཚོམ་བུ་ལྔ་འགོད་པ་ལྟར་གསུངས་ཤིང༌། དེར་ལྷ་མི་བསྐྱེད་ཀྱང་བུམ་པའི་གདན་ཡིན་པས་བུམ་ནང་གི་ལྷ་རྣམས་ཉིད་མཚོན་པ་འདྲ་བ་དང༌། ཆོས་འབྱུང་དམར་པོའི་སྟེང་དུ་བདེ་མཆོག་ལྷ་ལྔ་བསྐྱེད་པ་ལྟར་གསུངས་ཤིང་དེང་སང་ཡང་ཕལ་ཆེར་ཡི་གེ་ནག་འདེད་ལྟར་བྱེད་ལ། ལྷན་ཐབས་ཀྱི་ཡི་གེ་འགའ་རེ་ན་ཡང༌། དེ་དང་འདྲ་མིན་ཙམ་བཤད་ཀྱང༌། བླ་མའི་ཞལ་ནས་དེ་རྣམས་མན་ངག་གབ་པ་ཡིན་ཞིང༌། ཁྱད་པར་ལྷན་ཐབས་ཀྱི་ཡི་གེ་ན། པདྨ་འདབ་བཞིའི་དབུས་སུ་རྩ་བའི་བླ་མ། མདུན་དུ་ཡི་དམ། གཡས་སུ་འདས་པའི་བླ་མ་ཞེས་སོགས་འཆད་པ་ནི། ཤིན་ཏུ་མ་དག་གསུངས། དེས་ན་རང་ལུགས་ཞལ་བཞེས་ཕྱག་ལེན་ནི། ཆོས་འབྱུང་ཉིས་བརྩེགས་དང་བུམ་པའི་ནང་དུ་རྒྱུད་སྡེ་ལྔའི་གཙོ་བསྡུས། པདྨ་འདབ་བཞི་ལ། བླ་མ་རྡོ་རྗེ་འཆང་ལ་མཁའ་འགྲོ་སྡེ་ལྔའི་བསྐོར་བའམ། བླ་མའི་ངོ་བོ་བདེ་མཆོག་ལྷ་ལྔ། ཆོས་འབྱུང་དམར་པོའི་ནང་དུ་རྡོ་རྗེ་ཕག་མོ་ལྷ་ལྔ་བསྒོམ་པ་ཡིན་ནོ། །དེ་ལྟར་ན་སྔོན་འགྲོ་གཏོར་མ་མཁའ་འགྲོ་སྤྱི་གཏོར་བཞིན་ཏུ་བཏང༌། གནས་


TNT20_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཆོད་པ་བྱིན་རླབས་ཀྱང་བདེ་མཆོག་ལྷ་ལྔ་དང་འདྲ་སྟེ། སྤྱི་དང་མཐུན་སྐྱབས་འགྲོ་ནས་བརྩམས་ཏེ། སླར་ཡང་རང་ཉིད་ཧེ་རུ་ཀ་ཡབ་ཡུམ་ཀྱི་ང་རྒྱལ་ལ་གནས་གསུམ་བྱིན་བརླབས་ཀྱི་བར་རྒྱུད་སྡེ་ལྔའི་སྒྲུབ་ཐབས་བསྡུས་པ་ནས་བཤད་པ་བཞིན། བདག་བསྐྱེས་བཟླས་པ་དང་བཅས་པ་བྱ། དེ་ནས་མདུན་བསྐྱེད། ཨ་མྲྀ་ཏས་བསངས། སྭཱ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་དུར་ཁྲོད་ཆེན་པོའི་དབུས་སུ་ཕྱི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ནང་བསྲུང་འཁོར་རྡོ་རྗེའི་ས་གཞི་རྭ་གུར་མེ་དཔུང་དང་བཅས་པའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ་འདོད་སྣམ་དང་ཕ་གུ་དང་དྲྭ་ཕྱེད་དང་མདའ་ཡབ་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་ཕྱོགས་ཀྱི་མདོག་ཅན་དུ་གྱུར་བའི་དཀྱིལ་འཁོར་དང་པོའི་ནང་དུ་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་དབུས་དང༌། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་བུམ་པའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལྔ་ཚོམས་སུ་གནས་པའི་དབུས་ཀྱི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ཨིནྡྲ་ནི་ལ་ལྟར་རབ་ཏུ་འབར་བའི་འོད་ཟེར་འཕྲོ་བ་ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གཡོ་བ་འཕྲོ་ཞིང་སྒེག་པ་ལ་ཆགས་པའི་ཉམས་ཅན་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ་བཞིན་ཤིན་ཏུ་འགྱུར་པས་ཁྲོ་གཉེར་ཅན་བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པའི་རྩེ་


TNT20_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

མོར་རུས་པའི་འཁོར་ལོ་ལ་གནས་པའི་ནོར་བུ་དང་རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པའི་བརྒྱན་པ་མི་རུས་ཀྱི་རྣ་ཆ་དང༌། མགུལ་རྒྱན་དང་གདུབ་བུའི་ཚོགས་དང༌། སྐ་རགས་དང་མཆོད་ཕྱིར་ཐོག་གིས་བརྒྱན་པ་ཐལ་བ་ཆེན་པོའི་ཉེ་བར་བྱུགས་ཤིང་མི་མགོ་སྐོམ་པོ་ལྔའི་དབུ་རྒྱན། དཔའ་བོའི་དར་དཔྱང་དང་བཅས་པ་མིའི་རྒྱུ་མ་ལ་རྒྱུས་པའི་ཁྲག་འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་བཀྲོལ་བ། ཕྱག་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ་ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་དང༌། གཡས་བརྐྱང་བས་དུས་མཚན་དམར་མོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་བསྐལ་བའི་མེ་ལྟར་གཟི་བརྗིད་འབར་བ་ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཞིང༌། གཡོན་ཐོད་པ་ཁྲག་གིས་བཀང་བ་འཛིན་པས་ཡབ་ལ་འཁྱུད་པ་གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན་ཞབས་གཡས་བསྐུམ་གཡོན་བརྐྱང་པའི་ཡབ་ལ་འཁྱུད་ཅིང་ཡབ་ཡུམ་གཉིས་ཀ་ཡང་ལང་ཚོ་གསར་དུ་བརྡོ་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཤར་དུ་གསང་བ་འདུས་པ་སྐུ་མདོག་སྔོན་པོ་ཡིད་ཙམ་ཁྲོ་བ་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་མཚུངས་ཀྱིས་ཡུམ་ལ་འཁྱུད་པ་རྡོ་རྗེ་སྐྱིལ་ཀྲུང་གིས་པད་ཉི་ལ་བཞུགས་ཤིང་དར་དང་རིན་པོ་ཆེའི་བརྒྱན་


TNT20_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ལྷོར་དགྱེས་མཛད་རྡོ་རྗེ་མཐིང་ཁ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས། ཡུམ་བདག་མེད་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ་སྐྲ་སེར་པོ་གྱེན་དུ་བརྫེ་བ་གཡས་བརྐྱང་གིས་པད་ཉི་ལ་ཚངས་པ་དང་དྲག་པོ་མནན་པའོ། །ནུབ་ཏུ་མཧཱ་མཱ་ཡ་མཐིང་ཁ་ཕྱག་གཉིས་ཀྱིས་མདའ་གཞུ་འཛིན་པས་ཡུམ་སངས་རྒྱས་མཁའ་འགྲོ་མ་དམར་མོ་རང་དང་མཚུངས་པ་ལ་འཁྱུད་པ་སྐྲ་སེར་བརྫེས་པ་གཡས་བརྐྱང་གི་པད་ཉི་ལ་མི་རོ་མནན་པའོ། །བྱང་དུ་རྡོ་རྗེ་འཇིགས་བྱེད་མཐིང་ནག་མ་ཧེའི་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་ཐོད་ཁྲག་འཛིན་པས་ཡུམ་ཕག་མོ་དམར་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ་སྐྲ་སེར་གྱེན་དུ་བརྫེས་ཤིང་དུར་ཁྲོད་ཀྱི་ཆས་རྫོགས་པ་གཡོན་བརྐྱང་གིས་པད་ཉི་ལ་མ་ཧེ་མནན་པའོ། །ཡང་དབང་ཆོག་གི་དཔེ་མང་པོ་ལས། ཤར་དུ་དགྱེས་མཛད། ལྷོར་གསང་འདུས་བཤད་པ་ལྟར་བྱས་ཀྱང་རུང་སྟེ་འདམ་ཁའོ། །དཀྱིལ་འཁོར་གཉིས་པའི་དབུས་སུ་པདྨའི་ལྟེ་བ་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་གསང་བ་འདུས་པ་དང་མཚུངས་པ་ལས་ཡུམ་རྡོ་རྗེ་ཕག་མོ་དམར་མོ་འཁྱུད་པ། འདབ་མ་བཞི་ལ། ཤར་དུ་མཁའ་འགྲོ་མ་ནག་མོ། བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་གྲི་གུག་དང་ཐོད་པ་ཁ་ཊཾ་ག་འཛིན་པ་གཡས་བརྐྱང་གི་སྟབས་ཀྱི་བཞུགས་པའོ། །དཀྱིལ་འཁོར་གསུམ་པ་ཆོས་འབྱུང་དམར་པོའི་དབུས་སུ་རྡོ་རྗེ་ཕག་མོའི་ངོ་བོ་སངས་རྒྱས་མཁའ་འགྲོ་མ་དམར་མོ། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་སྔོན་


TNT20_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མོ། ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ། ནུབ་ཏུ་པདྨ་མཁའ་འགྲོ་མ་དཀར་མོ། བྱང་དུ་ལས་ཀྱི་མཁའ་འགྲོ་མ་ལྗང་མོ་རྣམས་ཌཱ་མ་རུ་དང་ཐོད་པ་ཁ་ཊྭཱཾ་ག་འཛིན་པ། གཅེར་བུ་ཕྱག་རྒྱ་ལྔ་དང་མི་མགོའི་འཕྲེང་བས་བརྒྱན་པ། རང་མཚུངས་ཀྱི་འཁོར་དཔག་ཏུ་མེད་པ་དང་བཅས་པའོ། །དཀྱིལ་འཁོར་བཞི་པའི་དབུས་སུ་མྱུར་མཛད་ཡེ་ཤེས་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་སྐུ་མདོག་ནག་པོ་ཕྱག་གཡས་རྣམས་ན་ཐོད་སྐམ་གྱི་འཕྲེང་བ་དང༌། གྲི་གུག་དང་ཌཱ་མ་རུ་དང༌། གཡོན་རྣམས་ན་ཐོད་ཁྲག་དང་རྩེ་གསུམ་དང་ཞགས་པ་བསྣམས་པ། དགྲ་བགེགས་དང་ཡི་དྭགས་ཀྱི་གདན་ལ་བཞུགས་པ། གཙང་རིགས་ཀྱིས་མགོན་པོ་བདུན་ཅུ་རྩ་ལྔ་སོགས་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའོ། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའི་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་རྡོལ་དྲིལ་གཡབ་མོ་དང༌། སྤོས་དང་རོལ་མོ་སྒྲ་ཆེན་པོ་དང་བཅས་ཏེ། ཨོཾ་ཧྲི་ཧཱ་ཧཱ་ཧཱུཾ་ཧཱུཾ་ཕཊ། བཛྲ་ས་མཱ་ཛཿ ཞེས་ལན་གསུམ། དེ་བཞིན་དུ་སྦྱར་ཏེ། ཨོཾ་བཛྲ་བཻ་རོ་ཙ་ན་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བཛྲ་ས་མཱ་ཛཿ ཨོཾ་ཨ་བཛྲ་དྷྲིཀྐ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨ་ཧྲི་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཧྲཱིཿཥྟཱིཿཝི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་ཝརྞཱ་ནི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། བཛྲ་ས་མཱ་ཛཿ ཨོཾ་བཛྲ་མཧཱ་ཀ་ལ་ཀྵིཾ་ཀྵེ་དྲ་བིགྷྣན་བི་ན་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། བཛྲ་ས་མཱ་ཛཿ


TNT20_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མགོན་པོ་ལ། ཀྵིཾཿ མང་དུ་བརྗོད་པས་སྤྱན་དྲངས་སོ། །དེ་ནས་ཛཿཧཱུཾ་བཾ་ཧོཿ ལན་མང་དུ་བརྗོད། གཉིས་སུ་མེད་པར་ཐིམ། ལྷ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་གར་ཧཱུཾ་སྔོན་པོ། ཡང་སྙིང་ཁའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། རྒྱུད་སྡེ་ལྔའི་གཙོ་བོ་རྣམས་དང༌། བླ་མ་དང་ནག་པོ་ཆེན་པོ་ལ་མི་བསྐྱོད་པས་དབུ་རྒྱན། མཁའ་འགྲོ་ལྔ་པོ་རྣམས་ལ་རིགས་ལྔ་སོ་སོའི་དབུ་བརྒྱན་པར་གྱུར། དེ་ནས་ཕྱི་མཆོད་ནང་མཆོད་གསང་མཆོད་རྣམས་བདེ་མཆོག་ལྷ་ལྔའི་དཀྱིལ་ཆོག་ལྟར་ཕུལ། བསྟོད་པ་ནི། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱི་ཁྲོ་བོའི་སྐུར་བསྟན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །རྣམ་དག་རྡོ་རྗེ་དབང་ཕྱུག་དང༌། །རྗེས་ཆགས་ཆགས་པ་ཆེ་རྣམས་ཀྱིས། །རྡོ་རྗེ་ཕག་མོ་ལ་འདུད་དོ། །ཐམས་ཅད་དངོས་པོ་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་


TNT20_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

གནས། །ཐབས་དང་ཤེས་རབ་གཉིས་མེད་པའི། །དགྱེས་མཛད་རྡོ་རྗེ་ལ་ཕྱག་འཚལ། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱིངས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང༌། །མཁའ་འགྲོ་མ་ཡི་འཁོར་ལོ་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་རྒྱན་གྱི་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་སྟོན་པ། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །བསྟན་པའི་རུ་ཊ་འཇོམས་མཛད་པ། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་སོགས་ཀྱི་བསྟོད།གཏོར་མ་ནི། བདག་སྐྱེད་བཞིན་བསང་སྦྱངས་བྱིན་གྱིས་རླབས། རྒྱུད་སྡེ་ལྔ་དང༌། རྡོ་རྗེ་ཕག་མོ་དང༌། མགོན་པོའི་སྙིང་པོ་རྣམས་ཀྱི་མཐར། ཨ་ཀཱ་རོ། བཏགས་པ་ལན་གསུམ་གསུམ་དང༌། མགོན་པོ་ལ། ཤཱ་ས་ན་ལན་གསུམ་གྱིས་ཀྱང་ཕུལ་ལ། སླར་ཡང་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རབ་རྫོགས་པ། །དཀྱིལ་འཁོར་ལྔ་པོ་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །ཧཱུཾ་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །གཡས་


TNT20_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲི་གུག་བར་པ་ཕྲེང་བ་འཛིན། །ཐ་མས་ཌ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པས་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོའི་ཞལ་གདངས་མཆེ་བ་རྣམ་པར་གཙིགས། སྤྱན་གསུམ་དྲག་པོ་དབུ་སྐྲ་གྱེན་དུ་འབར། །དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེ་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་ལོ། །མཆོད་སྤྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གི་བར་འཕྲིན་ལས་བཅོལ། མདུན་བསྐྱེད་དང་བུམ་པ་ལ་དམིགས་ནས་བཟླས་པ་ཅི་འགྲུབ་བྱ། འོག་ནས་འབྱུང་བའི་དབང་གི་དངོས་གཞི་རྣམས་དམིགས་པས་བདག་འཇུག་གི་ཚུལ་དུ་བླངས། ཚོགས་འཁོར་བྱིན་གྱིས་རླབས་པ་ཡང༌། སྐབས་འདིར་བྱས་ན་ལེགས་ཏེ་སློབ་དཔོན་གྱི་བྱ་བའོ། །དེ་ནས་སློབ་མ་རྣམས་ནང་དུ་འདུས་པ་ལ། ཐོག་མར་བགེགས་གཏོར་སྤྱི་དང་འདྲ་བར་བཏང་ལ་བགེགས་བསྐྲད། ལག་ལེན་བསྡུས་པའི་སྐབས། སྔར་གྱི་སྔོན་འགྲོའི་གཏོར་མ་ལ་འདིའི་དོན་ཚང་པས། བགེགས་གཏོར་མ་བཏང་ཀྱང་རུང་ངོ༌། །དེ་ནས་སེམས་བསྐྱེད་གསོལ་བ་འདེབས་པ་སོགས་ཆོས་དང་ལོ་རྒྱུས་ཅུང་ཟད་བཤད། འགྲོ་མགོན་སངས་རྒྱས་སྟོན་པས་མཛད་པའི་སྔོན་འགྲོ་རྒྱས་པའོ། །མདོ་ཙམ་ལོགས་སུ་འབྲི་བ་ལྟར་སྔོན་འགྲོ་བཅུ་པོ་རྣམས་བྱ། དེ་རྗེས། ད་ལན་གྱི་སྐབས་འདིར་དངོས་གཞི་ལ་བཏགས་པ་བརྡའ་ཡི་དབང་བཞི། ཐོབ་པ་དོན་གྱི་དབང་བཞི། མཐར་ཐུག་


TNT20_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་དབང་བཞི་སྟེ། ཏིང་ངེ་འཛིན་གྱི་མཆོད་དབང་བཞི་གསུམ་བཅུ་གཉིས་ཡོད་པ་ལས། ཐོག་མར་བཏགས་པ་བརྡའི་དབང་བཞིའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་པས་བསྐུལ། སློབ་མས་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་གདབས་པ་འདིའི་རྗེས་བཟློས་མཛོད། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱབས་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ་གྱི་གསོལ་བ་བཏབས། མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་སློབ་མའི་ངོར་གོང་བཞིན་གསལ་བཏབ། མདུན་དུ་བཞུགས་པའི། སྐུ་གསང་བ་འདུས་པ། གསུང་མཧཱ་མཱ་ཡ། ཐུགས་དགྱེས་མཛད་རྡོ་རྗེ། ཡོན་ཏན་འཁོར་ལོ་སྡོམ་པ། འཕྲིན་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ལྷ་ཚོགས་རྣམས་དང༌། རྩ་བརྒྱུད་ཀྱི་བླ་མ་མཁའ་འགྲོ་སྡེ་ལྔ། མྱུར་མཛད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་དབང་བསྐུར་བའི་དགོངས་པ་མཛད། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱིས་ཤིས་པ་བརྗོད། རྡོ་རྗེ་ཕག་མོ་དང༌། མཁའ་འགྲོ་མ་ལ་སོགས་པས་ཕྱག་ན་བུམ་པ་ཐོག་ནས་དབང་བསྐུར་བས་ལུས་ཀྱི་སྡིག་སྒྲིབ་དག་པའི་མོས་པ་མཛོད། ཧཱུཾ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་གྱིས་ནི་ཁྲུས་གསོལ་ལྟར༌། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ལ་ཤ་ཨ་བྷི་ཥིཉྩི་མཾ། བུམ་པའི་ཆུ་རྒྱུན་གྱིས་སྤྱི་བོའི་འཁོར་ལོར་སླེབ། དེས་བུམ་པའི་དབང་བསྐུར་བ་ཐོབ་པས། ལུས་ཀྱིས་དྲི་མ་དག །


TNT20_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་པ་ཅན་དུ་བྱས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཡབ་ཡུམ་ཐམས་ཅད་བདེ་བའི་ངོ་བོར་ཞུ། དཀྱིལ་འཁོར་གྱིས་གཙོ་བོ་རྣམས་ཀྱི་ཞལ་དུ་ཞུགས། སྐུའི་ཆ་ཐམས་ཅད་རྒྱུད། རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་གསང་བའི་མཚོ་སྐྱེས་སུ་བྱོན་པའི་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་བཞག་པར་གྱུར། ནང་མཆོད་ལ་བུམ་ཆུ་ཅུང་ཟད་བསྲེས་ཏེ། ཧཱུཾ་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡིས། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །རྡོ་རྗེའི་དབང་བསྐུར་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱེ་ཨ་བྷྱི་ཥཉྩི་མཾ། ཞེས་བདུད་རྩི་སྦྱྀན། བུམ་ཆུ་དང་བདུད་རྩིའི་རྒྱུན་གྱིས་མགྲིན་པར་སླེབས། དེས་གསང་དབང་ཐོབ། ངག་གི་དྲི་མ་དག །ལོངས་སྐུ་ཐོབ་པའི་སྐལ་བ་དང་ལྡན་པར་བྱས། ཡང་བུམ་ཆུ་སྤྱི་བོར་གཏོར་ལ། ཁྱེད་རང་རྣམས་ལྷ་སྐུ་ཡབ་ཡུམ་ཞལ་སྦྱོར་གྱིས་རྣམ་པར་གནས་པ་ལ་ཐུགས་རྒྱུད་བདེ་བ་ཆེན་པོའི་ཡོངས་སུ་གང་བར་གྱུར། བུམ་ཆུའི་རྒྱུན་དང་བདུད་རྩི་སྙིང་གར་སླེབས་པས། དབང་གསུམ་པའི་ཡེ་ཤེས་སྐྱེས་པར་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་པྲ་ཛྙ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་པས། ཡིད་ཀྱི་དྲི་མ་དག །འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་བུམ་ཆུ་གཏོར། བུམ་ཆུ་དང་བདུད་རྩིའི་རྒྱུན་ལྟེ་བར་སླེབས། ལུས་ཐམས་ཅད་གང༌། གཟུང་འཛིན་གྱི་རྟོག་པ་དབྱིངས་སུ་དག་པར་མོས་ལ། ཅུང་ཟད་མཉམ་པར་བཞག་པར་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏཱ་


TNT20_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཏུརྠ་ཨ་བྷི་ཥིཉྩ་མཾ། དེའི་དབང་བཞི་པ་ཐོབ་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་དག །ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། དེས་བཏགས་པ་བརྡའ་ཡི་དབང་བཞི་སོང༌། གཉིས་པ་ཐོབ་པ་དོན་གྱིས་དབང་བཞིའི་དོན་དུ་མཎྜལ་ཕུལ། ཅེས་བསྐུལ། སློབ་མས་མཎྜལ་ཕུལ། འདི་ལ་དབང་གདམས་ངག་དང་འབྲེལ་བ་དང༌། གདམས་ངག་དབང་དང་མ་འབྲེལ་བ་གཉིས་ལས། དང་པོ་ནི། ཁྱེད་རང་རྣམས་ཀྱིས་ལུས་དང་ལོངས་སྤྱོད་ཕྱི་ནང་གསང་གསུམ་གྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཕུལ་བར་མོས་ཏེ། འདིའི་རྗེས་བཟློས་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། ཡི་དམ་དཀྱིལ་འཁོར་གྱིས་ལྷ་ཚོགས་རྣམས་ཀྱི་བདག་ལ་ཡང་དག་པར་སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ། ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་སྐྱོངས་བའི་སྲུང་མ་རྣམས་ཀྱིས་བདག་ལ་ཡང་དག་པར། སྒྱུ་ལུས་ཀྱི་དབང་བསྐུར་དུ་གསོལ་ཞུ་བ་དང༌། ཉམས་སུ་ལེན་པ་ལ་བར་ཆད་ཐམས་ཅད་བསྲུང་བར་མཛད་དུ་གསོལ། ཞེས་པ་ལན་གསུམ། དེ་ནས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ་དེ་ལས་འོད་ཟེར་དཀར་པོ་འཕྲོས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐམས་ཅད་ཨོཾ་དཀར་པོའི་རྣམ་པར་བསྡུས། སྤྱི་བོའི་ཨོཾ་ལ་ཐིམ། ཨོཾ་དེ་ཉིད་འོད་ཟེར་དཀར་པོར་ལྡེམ་ལྡེམ་ཞུ་སྟེ། སྤྱི་བོ་ནས་ཞུགས། ལྟེ་བར་བྱོན་པས་དེ་


TNT20_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཐིག་ལེ་དཀར་པོ་གཅིག་ཏུ་གྱུར། དེའི་འོད་ཀྱིས་ལུས་གང་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱང་འོད་དཀར་པོའི་ངོ་བོར་ལྡེམ་ལྡེམ་འདུག །ཉོན་མོངས་པ་གཏི་མུག་སངས་ཀྱིས་དག་པར་མོས། དེའི་རིགས་འགྲེས་ཏེ། ཁྱེད་རང་རྣམས་ཀྱི་མགྲིན་པར་ཨཱཿདམར་པོ་དེ་ལས་འོད་ཟེར་དམར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གསུང་གི་བྱིན་རླབས་ཐམས་ཅད་ཨཱཿདམར་པོའི་རྣམ་པར་བསྡུས། མགྲིན་པའི་ཨཱཿལ་ཐིམ། ཨཱཿདེ་ཉིད་འོད་ཟེར་དམར་པོར་ལྡེམ་ལྡེམ་ཞུ་སྟེ། མགྲིན་པ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་དམར་པོ་གཅིག་ཏུ་གྱུར། དེའི་འོད་ཀྱིས་ལུས་གང་བས་ཁྱེད་རང་རྣམས་ཀྱི་ལུས་ཀྱང་འོད་དམར་པོའི་ངོ་བོར་ལྡེམ་ལྡེམ་འདུག །ཉོན་མོངས་པ་འདོད་ཆགས་སངས་ཀྱིས་དག་པར་མོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཧཱུཾ་སྔོན་པོ་དེ་ལས་འོད་ཟེར་སྔོན་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཧཱུཾ་སྔོན་པོའི་རྣམ་པར་བསྡུས། ཐུགས་ཀའི་ཧཱུཾ་ལ་ཐིམ། ཧཱུཾ་དེ་ཉིད་འོད་ཟེར་སྔོན་པོར་ལྡེམ་ལྡེམ་ཞུ་སྟེ། ཐུགས་ཀ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་སྔོན་པོ་གཅིག་ཏུ་སོང༌། དེའི་འོད་ཀྱིས་ལུས་གང་བས། ཁྱེད་རང་རྣམས་ཀྱི་ལུས་ཀྱང་འོད་སྔོན་པོའི་ངོ་བོར་ལྡེམ་ལྡེམ་འདུག །ཉོན་མོངས་པ་ཞེ་སྡང་སངས་རྒྱས་དག་པར་མོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཏྲཾ་སེར་པོ་དེ་ལས་འོད་ཟེར་སེར་པོ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་ཏྲཾ་སེར་པོའི་


TNT20_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བསྡུས། ལྟེ་བའི་ཏྲཾ་ལ་ཐིམ། ཏྲཾ་དེ་ཉིད་འོད་ཟེར་སེར་པོར་ལྡེམ་ལྡེམ་ཞུ་སྟེ། སྤྱི་བོ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་སེར་པོ་གཅིག་ཏུ་སོང༌། དེའི་འོད་ཀྱིས་ལུས་གང་བས། ཁྱེད་རང་རྣམས་ཀྱི་ལུས་ཀྱང་འོད་སེར་པོའི་ངོ་བོར་ལྡེམ་ལྡེམ་འདུག །ཉོན་མོངས་པ་ང་རྒྱལ་དང་སེར་སྣ་སངས་ཀྱིས་དག་པར་མོས། ཞེས་སོགས་འདོན་པ་སྤོས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཨ་ལྗང་ཁུ་དེ་ལས་འོད་ཟེར་ལྗང་ཁུ་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཕྲིན་ལས་ཐམས་ཅད་ཨ་ལྗང་ཁུའི་རྣམ་པར་བསྡུས། སྤྱྀ་བོའི་ཨ་ལ་ཐིམ། ཨ་དེ་ཉིད་འོད་ཟེར་ལྗང་ཁུར་ལྡེམ་ལྡེམ་ཞུ་སྟེ། སྤྱི་བོ་ནས་ཞུགས། ལྟེ་བར་བྱོན་པས་དེ་ཉིད་ཐིག་ལེ་ལྗང་ཁུ་གཅིག་ཏུ་སོང༌། དེའི་འོད་ཀྱིས་ལུས་གང་བས། ཁྱེད་རང་རྣམས་ཀྱི་ལུས་ཀྱང་འོད་ལྗང་ཁུའི་ངོ་བོར་ལྡེམ་ལྡེམ་འདུག ཉོན་མོངས་པ་ཕྲག་དོག་སངས་ཀྱིས་དག་པའི་མོས་པ་མཛོད། དེ་ལྟར་ན་ཁྱེད་རང་རྣམས་ཀྱི་སེམས་ཉིད་དྭངས་མ་ཡེ་ཤེས་ལྔ་ལྡན། བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུར་གསལ་སེང་ངེར་གྱུར་པ་ལ་མཉམ་པར་བཞག་མཛོད།གཉིས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་གདན་ལ་བླ་མ་རྡོ་རྗེ་འཆང་ཆེན་ལ་ཡུམ་རྡོ་རྗེ་ཕག་མོས་འཁྱུད་པ། འཁོར་མཁའ་འགྲོ་མ་བཞིས་བསྐོར་བ་ལ། མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་ཏེ། ཁྱེད་རང་རྣམས་ཀྱི་ལུས་དང་ལོངས་སྤྱོད་དུས་གསུམ་གྱི་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་བློས་ལིང་གིས་ཕུལ་ནས་འདིའི་རྗེས་བཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་


TNT20_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་ལ་བུམ་པའི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མའི་སྐུའི་སྨིན་མཚམས་ནས་འོད་ཟེར་དཀར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་སྨིན་ཕྲག་ཏུ་ཐིམ། ལུས་ཀྱི་སྡིག་སྒྲིབ་དག ཁྱེད་རང་རྣམས་ཀྱི་ལུས་ལྷ་སྐུ་གསལ་སྟོང་འཇའ་ཚོན་ལྟ་བུར་གྱུར་པ་ལ་མཉམ་པར་ཞོག་མཛོད། ཡང་གསང་བའི་དབང་གི་དོན་དུ་འདིའི་རྗེས་བཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་ལ་གསང་བའི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མ་ཡབ་ཡུམ་གྱི་གསང་བའི་སྦྱོར་མཚམས་ནས། བྱང་ཆུབ་སེམས་ཀྱི་ངོ་བོ་འོད་ཟེར་དཀར་དམར་འདྲེས་པ་བྱུང༌། ཁྱེད་རང་རྣམས་ཀྱི་ལྕེ་ལ་ཐིམ་པས། ངག་གིས་དྲི་མ་དག །ལྷ་སྐུ་སྔ་མ་ལས་ཀྱང་ཆེས་གསལ་བར་གྱུར་པ་ལ་མཉམ་པར་ཞོག་མཛོད། ཡང་ཤེས་རབ་ཀྱི་དབང་གི་དོན་དུ་འདིའི་རྗེས་བཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དུ་གསོལ། ལན་གསུམ། བླ་མའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་སྣ་ལྔ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། ཡིད་ཀྱི་སྡིག་སྒྲིབ་དག་ནས། ལྷ་སྐུ་གསལ་བ་རབ་ཀྱི་མཐར་ཐུག་པར་གྱུར་པ་ལ་མཉམ་པར་ཞོག་མཛོད། ཅེས་བརྗོད། དབང་དེ་གསུམ་རེ་རེའི་མཐར་ལྷ་སྐུ་ལ་ཅུང་ཟད་སེམས་འཛིན་དུ་འཇུག །ཡང་དབང་བཞི་པའི་དོན་དུ་འདིའི་རྗེས་བཟློས་མཛོད། དུས་


TNT20_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། བདག་ལ་བཞི་པའི་དབང་བསྐུར་དུ་གསོལ། ལན་གསུམ། ཁྱེད་རང་རྣམས་ཀྱི་ལུས་སེམས་ཁོང་ཀློད་ལ་གཤིས་ཅིར་ཡང་མ་གྲུབ་ཅིང་གདངས་གང་དུ་ཡང་འགག་པ་མེད་པ། ཐོལ་སྐྱེས་རང་བྱུང་གི་ཤེས་པ་སོ་མ་འདི་ལ་བཟོ་བཅོས་མེད་པར་ལྷན་ནེ་མཉམ་པར་ཞོག་ཅིག །ཅེས་བརྗོད་ལ་ཅུང་ཟད་བསྒོམ་དུ་གཞུག་གོ །དེ་ནི་སེམས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བ། དབང་བཞི་པའི་ཡེ་ཤེས་ལགས་སོ། །དེས་ཐོབ་པ་དོན་གྱི་དབང་བཞི་སོང༌། གསུམ་པ་མཐར་ཐུག་གསང་བའི་དབང་བཞི་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བསྐུལ་ལ་སློབ་མས་མཎྜལ་ཕུལ།དེ་ནས་མཐར་ཐུག་གསང་བའི་དབང་བཞི་འདི་གསུམ་སྟེ། སྟོང་པའི་གཞི་འཆའ་བ་དང༌། རྩ་ལམ་སྦྱང་བ་དང༌། དག་པའི་ལྷ་སྐུར་བསྒོམ་པའོ། །དང་པོ་ནི། ཁྱེད་རང་ལྷ་སྐུར་གསལ་བའི་ལུས་ཀྱི་དབུས་སུ་རྩ་དབུ་མ་ཁ་དོག་དཀར་བ། ཡར་རྩེ་ཚངས་བུག་དང༌། མར་རྩེ་གསང་གནས་སུ་ཟུག་པ་ཞིག་གསལ་བཏབ། དབུ་མ་དེའི་ནང་སྙིང་གའི་ཐད་དུ་ཨ་དཀར་པོ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་གསལ་བཏབ། ངག་ཏུ། ཨ་ཞེས་ལན་མང་དུ་བརྗོད་ཅིག་བྱས་ལ། བརྗོད་དུ་གཞུག །ཨ་ལས་འོད་ཟེར་འཕྲོས། ཐོག་མར་དབུ་མ་དང༌། དེ་ནས་རང་ལུས་གང༌། མཐར་རང་གཞན་སྣོད་བཅུད་ཐམས་ཅད་ཨ་ཡིག་གི་འོད་ཀྱིས་ཁྱབ་པས། ཐམས་ཅད་འོད་དུ་ལྡེམ་ལྡེམ་འདུག་པ་ལ། ཅུང་ཟད་སེམས་གཏད་པས། དེ་རྣམས་ཀྱང་ནམ་མཁའ་ལ་འཇའ་ཡལ་


TNT20_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞིན་དུ་གྱུར་པའི་ངང་དུ་ཅུང་ཟད་མཉམ་པར་ཞོག་མཛོད། གཉིས་པ་རྩ་ལམ་སྦྱངས་བ་ནི། ཡང་ཁྱེད་རང་རྣམས་ལྷ་སྐུར་གསལ་བའི་ལུས་ཀྱི་དབུས་སུ། རྩ་དབུ་མ་ཁ་དོག་དཀར་པོ་ཡར་རྩེ་ཚངས་བུག་དང༌། མར་རྩེ་གསང་གནས་སུ་ཟུག་པ་ཞིག་གསལ་བཏབ། དབུ་མའི་ནང་སྤྱི་བོའི་ཐད་དུ་ཧཾ་དཀར་པོ་མགོ་བོ་ཐུར་དུ་བལྟ་བ། མགྲིན་པའི་ཐད་དུ་ཨཱཿདམར་པོ་མགོ་བོ་གྱེན་དུ་བལྟ་བ། སྙིང་གའི་ཐད་དུ་ཧཱུཾ་མཐིང་ནག་མགོ་བོ་ཐུར་དུ་བལྟ་བ། ལྟེ་བའི་ཐད་དུ་ཨཾ་དམར་སེར་མགོ་བོ་གྱེན་དུ་བལྟ་བ། སྤྱི་བོའི་ཧཾ་ལས་འོད་ཟེར་གསལ་སེང་གིས་བྱུང༌། མགྲིན་པའི་ཨཱཿལ་ཕོག དེ་ལས་འོད་ཟེར་གསལ་སེང་གིས་བྱུང༌། སྙིང་གའི་ཧཱུཾ་ལ་ཕོག །དེ་ལས་འོད་ཟེར་གསལ་སེང་གིས་བྱུང༌། ལྟེ་བའི་ཨཾ་ལ་ཕོག །ལུས་སེམས་ཐམས་ཅད་བདེ་ཆམ་ཆམ་སོང༌། ཡང་འོད་ཟེར་ཡར་ལོག་སྟེ་སྔར་གྱི་རིམ་པས་ལུགས་བཟློག་ཏུ་སོང་སྟེ། སྤྱི་བོའི་ཧཾ་གི་བར་དུ་གསོས། དེ་ལྟར་ཡས་རིམ་དང་མས་རིམ་དུ་འཕྲོས་པའི་འོད་ཟེར་དེ་རྣམས་ཀྱི་རྩ་གནས་ཐམས་ཅད་གང༌། འཁོར་ལོ་བཞི་ལ་སོགས་པའི་རྩ་མདུད་ཐམས་ཅད་གྲོལ། རྩ་ནང་ཐམས་ཅད་འོད་ཟེར་གྱིས་གང་བའི་རྐྱེན་གྱིས་རྩ་རྣམས་ཀྱང་འཇའ་འོད་དུ་ལྡེམ་ལྡེམ་འདུག་པར་བསམ་མོ། །གསུམ་པ་ལྷ་སྐུར་བསྒོམ་པ་ནི། ཡང་ཁྱེད་རང་རྣམས་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྐུ་འཇའ་ཚོན་ལྟ་བུར་གསལ་བའི་རྡོ་རྗེ་ནོར་བུའི་ནང་དུ་ཧཱུཾ་སྔོན་པོ་མགོ་བོ་གྱེན་དུ་བསྟན་པ། ཧཱུཾ་གི་རྩེ་མོ་ལ་ཐིག་ལེ་དམར་པོ་སྲན་མ་ཙམ་གྱིས་མཚན་པ། སྤྱི་བོར་ཧཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་པ་


TNT20_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཧཾ་གི་རྩེ་མོ་ལ་ཐིག་ལེ་དཀར་པོ་སྲན་མ་ཙམ་གྱིས་མཚན་པ། དེ་ནས་འོག་རླུང་ཅུང་ཟད་འཐེན་པའི་རྐྱེན་གྱིས་ཧཱུཾ་དེ་ཡར་ཡོང་བས་གསང་བའི་དབང་པོ་ཕྱི་ནང་བཟློག་པ་བཞིན་ཏུ། ཧཱུཾ་གིས་འཁྲིད་ནས་ཡར་བྱུང་སྟེ། ཧཱུཾ་སྙིང་གར་སླེབས་ཉོན་མོངས་པ་འདོད་ཆགས་དག །སྟེང་རླུང་ཅུང་ཟད་མནན་པས་སྤྱི་བོའི་ཧཾ་སྙིང་གར་སླེབས། ཉོན་མོངས་པ་གཏི་མུག་དག་གཉིས་པོ་སྙིང་གར་འཛོམས་པས། ཞེ་སྡང་རང་དག་ལ་སོང་བར་བསྒོམས་ཤིག །མཐར་ཐུག་གསང་བའི་དབང་གི་སྐབས་དེར། དེ་མན་ཆད་ནི་སྔོན་འགྲོ་གདམས་ངག་དབང་དང་འབྲེལ་བ་ཞེས་བྱ་བ་ཡིན་ལ། ད་ནི་དངོས་གཞི་དབང་གདམས་ངག་དང་མ་འབྲེལ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གའི་ཧཾ་ཡིག་དེ་ཐིག་ལེ་དཀར་པོ་ལ་ཐིམ། སྙིང་ཀའི་ཧཱུཾ་ཡིག་དེ་ཐིག་ལེ་དམར་པོ་ལ་ཐིམ། ཐིག་ལེ་དཀར་དམར་དེ་གཉིས་སྙིང་གར་འབྲོས་འདེད་ཀྱི་ཚུལ་དུ་འཁོར་བ་ལ་སེམས་གཏོད་ལ་འདི་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་འདུན་པ་སྦྱོངས་ཤིག །དེ་བུམ་དབང་ཡིན། ཐིག་ལེ་གཉིས་པོ་སྙིང་གར་འཁོར་བས་གཅིག་རྗེས་གཅིག་གིས་ཟིན་པའི་ཚུལ་གྱིས་རིག་རིག་འདུག་པ་ལ་སེམས་གཏོད་ལ་སྒྱུ་མའི་འདུན་པ་སྦྱོངས་ཤིག །དེ་གསང་དབང་ཡིན། དེ་ལྟར་ཐིག་ལེ་གཉིས་རེག་པས་ལུས་སེམས་བདེ་བས་ཁྱབ་པ་ལ་སེམས་གཏོད་ལ་སྒྱུ་མའི་འདུན་པ་སྦྱོངས་ཤིག །དེ་ཤེར་དབང་ཡིན། ཐིག་ལེ་གཉིས་པོ་གཅིག་ལ་གཅིག་ཐིམ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པའི་ངང་དེར་གང་ཡང་སྒོམ་དུ་མེད་བསམ་དུ་མེད་པའི་ཚུལ། རིག་པ་གཅེར་བུ་བརྟེན་མེད་ཀྱི་ངང་དུ་རང་གར་ཞོག་ཅིག །དེ་དབང་བཞི་པ་


TNT20_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། སྤྲོས་བྲལ་དེའི་ངང་ལས་བདག་དང་སྣང་བ་ཐམས་ཅད་ལྷ་སྐུ་འཇའ་ཚོན་ལྟ་བུའི་ཟུང་འཇུག་ཏུ་གསལ་ཐོབ་ལ་མཉམ་པར་བཞག་གོ །དེ་དག་གིས་གནས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་བསྲུང་སྡོམ་ཚུལ་བཞིན་དུ་བགྱིད་སྙམ་པས་འདིའི་རྗེས་བཟློས་མཛོད་ཅིག །གཙོ་བོའི་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ། དབང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་མཎྜལ་འབུལ། ཨོཾ་བཛྲ་བྷུ་མེ་ཨ་ཧཱུཾ། མཎྜལ་རྒྱས་བསྡུས་སྐབས་དང་སྦྱར། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་ཐམས་ཅད་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་བཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ན། ཁྱོད་ཀྱིས་སློབ་མར་བཟུང་བ་དང༌། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ལན་གསུམ་མོ། །སྒྱུ་ལུས་དབང་མོ་ཆེའི་དབང་ལེགས་པར་ཐོབ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་སོགས། སྒྲོལ་བར་ཤོག །ཚོགས་ཕུད་འབུལ་བ་ནས། ཚོགས་ལྷག་གི་བར་ཚོགས་འཁོར་གྱིས་བྱ་བ་རྣམས་ཀྱང་སྐབས་འདིར་བྱེད།རྗེས་ཆོག་མཆོད་པ་ཁ་གསོས། དེ་ནས་བྱིན་རླབས་བྱ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྙིང་པོ་སོ་སོའི་མཐར་འབྲུ་གསུམ་བཏགས་ནང་མཆོད་འབུལ། སངས་རྒྱས་ཀུན་གྱིས་སྐུ་གསུང་ཐུགས་སོགས་ཀྱིས་བསྟོད། ཡིག་བརྒྱ་ལན་བདུན་བཟླས། གང་ཡང་བདག་བློ་གཏི་མུག་པས། །སོགས་ཀྱིས་བཟོད་པར་གསོལ།


TNT20_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །སོགས། གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སོགས་ཀྱི་སྨོན་ལམ་བཏབ། ཡོན་ཏན་རབ་རྫོགས་སོགས་ཀྱི་བཀྲ་ཤིས་བརྗོད། དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །སོགས་ཀྱི་བསྔོ་བ་བྱའོ།། །།ཞེས་སྒྱུ་ལུས་དབང་མོ་ཆེའི་ལག་ལེན་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ། བཀྲ་ཤིས། རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་དགུ་བརྒྱ་གོ་ལྔ་ལོ་རི། །རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། ཤིང་པར་འཛམ་ཐང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མ་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག །འདི་ཡང་པུཎྱཻ་ཤྲཱིས་བྲིས་པ་དགེ། སརྦ་མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག །


previousསྒྱུ་ལུས་དབང་མོ་ཆེ་བསྐུར་ཚུལ་གྱི་ལག་ལེན།next