Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གསེར་ཆོས་ཕྱི་མ་བཞིའི་སྙིང་པོ།
   
   
   
   
   
   
   
   
   
   
   
   


 
previousགསེར་ཆོས་ཕྱི་མ་བཞིའི་སྙིང་པོ།next

གསེར་ཆོས་ཕྱི་མ་བཞིའི་སྙིང་པོ།


TNT20_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཆོས་ཕྱི་མ་བཞིའི་སྙིང་པོ་སོགས་བཞུགས། ན་མོ་མཧཱ་མུ་དྲ་ཡ། ཕྱག་ཆེན་གའུ་མར་གྲགས་པའི་སྙིང་པོ་ནི། ཐུན་མགོར་སྐྱབས་སེམས། རང་ལྷ་སྐུ་བླ་མའི་རྣལ་འབྱོར་རྣམས་ཆོས་དྲུག་དང་མཚུངས། མཇུག་ཏུ་བསྔོ་བ་སྤྱི་དང་འདྲའོ། །ཉམས་ལེན་དང་པོ་ལ་སྔོན་འགྲོ་རང་བབས་རྣམ་གསུམ་ནི། ལུས་གནད་བཅས་རླུང་རོ་ལན་གསུམ་བསལ། དེ་ནས་ལུས་ལྷོད་བདེ་བ། ངག་རླུང་རང་གར་བཞག །སེམས་མ་བཅོས་པ་ཧད་དེ། དྲན་པ་ཏུར་རེ་བྱ། ཡང་ན་ཐོལ་སྐྱེས་རྦད་གཅོད་དམ། ཡེངས་པའི་ངོ་བོ་དེ་ཀ་ལ་ཅེ་རེ་ལྟ། རྟོག་པ་རྒྱ་འབྱམས་བྱུང་ན་ཞེ་བཅད་དང་འདུན་པ་ཤུགས་ཅན་དང༌། དྲན་པ་རྟག་ཏུ་བརྟན་པ་སྒྲིམས། ཐུན་མཚམས་ཀུན་དུ་སེམས་སྣང་དབྱེར་མེད་ལ་རང་གར་ཧད་དེ་འཇོག་པའི་སྒོམ་དང༌། མ་བྲལ་བྱ་བྱེད་སྤྱོད་ལམ་ཆོས་སྤྱོད་ཀུན་དང་འདྲེས་ཏེ་དྲན་འདུན་གལ་ཆེའོ། །དེ་ནས་རགས་ཕྲ་རྒྱང་རིང་ཐུང༌། གྱེན་ཐུར་བར་གསུམ། མདོ་འདོན་སྔགས་བཟླ། གཏམ་སྣ་ཚོགས་སྤྱོད་ལམ་ཀུན་དང༌། ཁྱད་པར་རྟོག་པ་ཚོམས། དཀའ་ཚད་ལ་རྩལ་ཕྱོགས་མེད་དུ་སྦྱངས་གསུང༌། གཙོ་བོར་དམིགས། རྟེན་གང་ཡང་མེད་པར་ཆེ་རེ་འཇོག །ནང་དུ་གཞུག་ལ་སེམས་རང་ལ་ལྷན་ནེ་ལྟ། རྣམ་རྟོག་ཆེད་དུ་དགག་སྒྲུབ་མེད་ངོ་མི་ཤེས་སུ་ཡེ་མ་སོང་བ་གལ་ཆེའོ། །དེ་ན་སེམས་ཚོལ་བྱ་སྟེ།


TNT20_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྐྱེ་འགག་གནས། ངོ་བོ་གཅིག་བཞིར་གཅིག་ལུས་སམ་མིང་ངམ། སྤྱི་བོའི་དངོས་པོ་གང་ལ་འདུག །གཅིག་གམ། ཐ་དད་དུ་འདུག །གཟུགས་སུ་འདུག་གམ། ཤེས་པའམ་ཅིང་མེད་དུ་འདུག་ཆེས་ཁ་ནང་དུ་ཕྱོགས་ལ་རང་གིས་རང་ལ་བརྡ་སྦྱོར་རོ། །དངོས་པོ་ནི་སྐྱོན་བཞི་རང་གྲོལ་ནི། ལར་ཕྱག་ཆེན་བྱ་བ་བཟང་བཟང་སྐད་པ། བདེ་བདེ་མོ། སྟོང་སྟོང་པོ། གསལ་གསལ་མོ་ཞིག་གི་ཆེད་འཛིན་གྱིས་ཕུད་དུ་བཏང༌། དོན་མེད་དུ་རང་བཞག་པས་བཅིངས་པ་ཡིན། དེ་ཐ་མལ་ཤེས་པ་ཡེངས་མེད་རྗེད་ཆེ་རེ་བ་ངོས་བཟུང་མེད་པ་ལ་གསལ་རིག་གེ་པ། སྣང་བ་ཅི་ཡང་འཆར་བ་ལ། གནས་རུང་འགྱུ་རུང་རང་སྟོང་རྩ་བྲལ་དུ་ཐག་ལེ་བ། སོ་ཁད་དེ་བ། ལྷུག་གེ་བ། ཡེ་རེ་བ། ཅི་སྣང་ཡང་ཆ་ལེ་བ། འདི་ཀ་བཟང་ངན་གང་གིས་ཡང་མ་བཅོས་པ། བཅོས་རུང་དེ་ཀ་ལ་མ་འདའ་བའི་རང་གྲོལ་འདི་ཀ་ལ། འཁོར་འདས་སྣང་བ་ཐམས་ཅད་འདིའི་ཆོ་འཕྲུལ་ཙམ། འདི་རང་ངོ་བོ་ཡིན་མིན་ཡོང་མེད་ལས་ཡེ་ནས་འདས་འདི་ཉེ་གྲགས་ངོ་མ་ཤེས༌། ཟབ་གྲགས་ངོ་མ་ཟིན། སླ་གྲགས་ཡིད་མ་ཆེས་བཟང་གྲགས་བློར་མ་ཆུད་པས་འཁོར་བར་འཁྱམས་པ་ཡིན། རྒྱུན་དུ་ངོ་ཤེས་ཀྱི་དྲན་པ་དང་མ་བྲལ་བར་ཉོན་མོངས་གང་སྐྱེར་རང་སྟོང་ཚུལ་མི་ཐུབ་ཝལ་ལེ་བ་འཁྱེར་བ་གནང༌། ཡང་སྐབས་སུ་ཉོན་མོངས་པའི་ཡུལ་ཡིད་ལ་བྱས་ནས་ཆེད་དུ་


TNT20_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་ལ། དེ་ཁའི་ངོ་ལ་ཆེར་རེ་འཇོག་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་ཅི་བྱུང་ལ་དེ་ལྟར་བསྐྱང་ངོ༌། །རྗེས་སྐུ་གསུམ་རང་ཤར་ནི། འདི་ལ་སྒོམ་བོགས་ཐོན་ནས། སྣང་བ་ཅི་ཤར་ལ་སེམས་ཀྱི་རྩལ་གང་ཡང་ཅི་ཡང་འཆར་ཀྱང༌། རྣམ་རྟོག་རང་ཁ་གདོད་མ་ནས་ཡེ་སྐྱེ་རྒྱུ་རང་མེད་པ། སེམས་རང་ངོ་ཤེས་པའི་ཐག་ཆོས་རྩལ་ཕྲལ་དུ་འོང་རྟོགས་འོངས། མཉམ་རྗེས་དབྱེར་མེད་དུ་འདྲེས། རྒྱ་མ་ཆད། ཕྱོགས་སུ་མ་ལྷུང་བའི་རྩལ་འགག་མེད་དགུ་ཡངས་རྒྱ་འབྱམས་ཉམས་ལེན་གྱི་སྙིང་པོ་ཕྱོགས་མེད་དུ་འཆར་བ་དང༌། སྤྱོད་ལམ་ཐོ་ཆོ་དང༌། སྒོམ་ཚོགས་ཚོལ་དུ་མི་འགྲོ་བ་ཡིན། དེ་ལ་དང་པོ་ནས་སྣང་སྟོང་དབྱེར་མེད། སྐུ་གསུམ་རང་གྲོལ་ཏེ། དེའི་དུས་རང་ཤར་པ་ཡིན། ཡེངས་མེད་དང་ཐག་ཆོད་ཀྱིས་སྐྱངས་པ་གལ་ཆེ། དམིགས་པ་མེད་པའི་རང་མདངས་མ་འགགས་པའི་ངང་ནས་ཐབས་ལམ་རྣམས་དང༌། མོས་གུས་དང་སྙིང་རྗེ་བོགས་འདོན། སྤྲོས་བཅས་ཀྱི་དགེ་བ་ཐམས་ཅད་སྤྲོས་མེད་རྩ་བྲལ་ངང་ནས་བོགས་ཕྱུངས་པའི་རྡོ་རྗེ་འཆང་མངོན་དུ་བྱེད་པ་གདོན་མི་ཟའོ། །ཕྱག་རྒྱ་ཆེན་པོའི་སྙིང་པོ་བསྟན་པ་འདི་ཡང་དད་ལྡན་སློབ་མ་འགས་བསྐུལ་ཏེ་དགེ་སློང་སྤོང་པ་པར་རྫུ་བ་ཀུན་དགའ་སྙིང་པོ་ཏཱ་ར་ནཱ་ཐས་གྲུབ་པའི་གནས་མཆོག་བསམ་སྡིངས་སུ་སྦྱར་བ་དགེ་ལེགས་འཕེལ།། །།


TNT20_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགསེར་ཆོས་ཕྱི་མ་བཞིའི་སྙིང་པོ།next