Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ལོ་རྒྱུས་མུ་ཏིག་ཕྲེང་བ།
   
   
   
   
   


 
previousགཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ལོ་རྒྱུས་མུ་ཏིག་ཕྲེང་བ།next

གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ལོ་རྒྱུས་མུ་ཏིག་ཕྲེང་བ།


TNT20_Page_0715
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ལོ་རྒྱུས་མུ་ཏིག་ཕྲེང་བ་བཞུགས།


TNT20_Page_0716
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གཅོད་ཀྱི་དབང་ཟབ་མོ་གསན་སྙམས་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཏེ་གསན་པར་ཞུ། གང་གསན་པར་བྱེད་པ་དེ་ཉིད་ལ་ཡང༌། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་གྱུར། །ཞེས་གསུངས་པ་བཞིན། སྔོན་གྱི་དུས་ན། ངམ་ཤོད་སྨད་ཀྱི་གྲོགས་མཚོ་བྱ་བ་ན། ཡབ་སྒེ་ཁད་ཆོས་ལ་བྱ་བ་དང༌། ཡུམ་ཕྱུག་མོ་འབུམ་སྡེ་ལྕམ་བྱ་བའི་ལྷུམས་སུ་ཞུགས་ནས། མའི་ལུས་ལ་བཞུགས་པའི་སྐབས་སུ་ཡུམ་གྱི་རྨི་ལམ་དུ་སྒྲོན་མེ་བཏེགས་པ་དང༌། ཟླ་བ་དྲུག་ལོན་པའི་དུས་སུ་ཁྱིམ་ཐམས་ཅད་སྒྲོན་མེས་གང་བ་དང༌། ཟླ་བ་དགུ་པའི་དུས་སུ་ཡུལ་ཐམས་ཅད་སྒྲོན་མེས་གང་བ་རྨིས་པ་དང༌།


TNT20_Page_0717
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་བ་བཅུ་ལོན་པའི་སྐབས་སུ་ག་ཏའི་སྔགས་དང་ཧ་རི་ནི་སའི་སྔགས་སྒྲ་གྲགས་པ་སོགས་ངོ་མཚར་བ་མང་དུ་འབྱུང་བས་ཡུམ་གྱིས་ཡབ་ལ། ངའི་ལུས་ལ་ཡོད་པ་འདི་ལྷ་མི་གང་གིས་སྤྲུལ་པ་ཡིན་པ་མི་ཤེས། འདི་འདྲའི་རྟགས་བྱུང་བ་ཅི་ཡིན་དྲིས་པ་ན། ཡབ་ཀྱིས་ག་ཏིའི་སྔགས་ནི་བཅོམ་ལྡན་འདས་ཀྱི་སྙིང་པོ་དང༌། ཧ་རི་ནི་ས་མཁའ་འགྲོ་མ་རྣམས་ཀྱི་སྙིང་པོ་ཡིན། བདུད་ཀྱིས་སྤྲུལ་པ་ནི་མིན་གཞན་ལ་མ་སྨྲ་གསུངས། དེ་ནས་སྐུ་བལྟམས་ཏེ་མས་གཟིགས་པ་ན། མདོག་དཀར་བ་དཔྲལ་བ་ན་སྤྱན་གསུམ་ཡོད་པ་ཞལ་ནས་ཨ་ཨ་ཞེས་གསུངས་པ། སྐྱེ་ཐོག་ཏུ་ཡི་གེ་ཧྲཱིཿདམར་པོ་གཅིག་འཁོར་བ་སྣང་བའི་ཡབ་ལ་སྨྲས་པ་ན། ཡབ་ཀྱིས་འདི་བཟང་ངན་ཅི་ཡིན་ཤན་མ་འབྱེད་ཀྱི་བར་དུ་གསང་དགོས་གསུངས། ཟླ་བ་གསུམ་ལོན་པ་ན་མི་རྣམས་ཀྱིས་ཡིད་དུ་འོང་བ་དང་ངོ་མཚར་བའི་མཚན་མ་དུ་མ་བྱུང་བ་དང༌། དེ་ནས་


TNT20_Page_0718
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་དག་གིས་སྒྲོན་ཚེ་མ་ཞེས་མིང་བཏགས༌། ཡུལ་དུ་ནད་རིམས་ཡོད་པ་རྣམས་ཀྱི་རྒྱུན་ཆད་པ་དང༌། དེ་ནས་དགེ་བཤེས་ཨིན་སྟོན་གྱི་མདུན་དུ་ཕྱིན་ནས་དེའི་ཞལ་ནས་ཁྱོད་ཀྱི་བུ་མོ་འདི་ལ་མཁའ་འགྲོ་མའི་མཚན་རྟགས་ཚང་འདུག་འདི་ལ་ཀློག་སློབ་དང་ཆོས་པ་བཟང་པོ་ཞིག་འོང་བར་འདུག་གསུངས། དེ་ནས་རབ་ཏུ་བྱུང་ནས་ཡི་གེ་བསླབ་པས་ལོ་བཅུ་ཙམ་ནས་ཀློག་ལ་མཁས་པར་གྱུར། དུས་ལན་གཅིག་ན་ཡུལ་དེའི་རྒྱལ་པོས་སྟོན་མོ་ཆེན་པོ་བཤམས་པས་ཐམས་ཅད་སྟོན་མོ་ལ་སོང་བའི་དེར་འདུས་པའི་ཕོ་མོ་ཐམས་ཅད་ཀྱིས་བུ་མོ་འདི་གང་ནས་འོང་བ་ཡིན་འདི་ངོ་མཚར་བ་གཅིག་འདུག་ཅེས་ཀུན་གྱིས་སྨྲས་པ་དང༌། ཡབ་ཀྱིས་ལབ་ཀྱི་ཡུལ་ནས་འོང་བ་ཡིན་པ་སོགས་རྒྱུ་མཚན་བཤད་པ་དང༌། ཁྲོམ་རྣམས་ཀྱིས་བུ་མོ་ལ་ལབ་སྒྲོན་མཚན་དུ་གསོལ་བ་ཡིན། དེ་ནས་གཡུ་རུ་གྲ་ཐང་དུ་བྱོན་ནས། གྲྭ་པ་མངོན་ཤེས་ཅན་གྱི་དྲུང་དུ་འབུམ་རྒྱས་འབྲིང་བསྡུས་གསུམ་འདོན་ནས་འདུག་ཙ་ན། རྒྱ་ཕོ་བ་གྲོང་འཇུག་གི་འབུམ་ཆ་གཅིག་ཀློག་པའི་གྲྭ་པ་མངོན་ཤེས་ཅན་གྱིས་ཇོ་མོ་ཁྱོད་ཞྭ་ཆུང་འདི་གྱོན་ན་བཟང་བར་འདུག་གསུངས་པའི་མིང་ཇོ་མོ་ཞྭ་ཆུང་ཅན་དུ་བཏགས། རྒྱ་ཕོ་བ་གྲོང་འཇུག་གི་ཀློག་འདོན་པ་ལས་ཇོ་མོ་ཉིས་འགྱུར་གྱིས་བཟང་པོ་ཐག་ཆོད་པ་བྱུང༌། དེ་སྐབས་རྒྱ་གར་གྱི་ཨ་ཙ་རའི་མངོན་ཤེས་ཀྱི་གཟིགས་ནས་དེར་བྱོན་པའི་སྔོན་རྒྱ་གར་སེར་སྐྱའི་གྲོང་ཁྱེར་དུ་བྱོན་པའི་པཎྜི་ཏ་ཨ་ཙ་ར་གཅིག་པོ་ཊ་ལའི་བྲག་ཕུག་ཏུ་བསྒོམས་ནས་ཡོད་པའི་དུས་སུ་མཁའ་འགྲོས་ལུང་བསྟན་ནས་སྔོན་ལས་མཁན་བྱས་པ་འདིར་ཚེ་འཕོས་ནས། ལབ་ཀྱི་ལུང་པ་ན་སྐུ་འཁྲུངས་ཏེ།


TNT20_Page_0719
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བཞུགས་པ་མཇལ་དུ་འོང་བ་ཡིན་ཟེར། ཕྱིར་ཉིན་ཉི་མ་ཤར་དུས་མཇལ་བའི་ཕྱག་བྱས་ནས་དབུ་གཏུགས་རེས་བྱས། ཇོ་མོའི་ཞལ་ནས། དམ་པ་ཁྱོད་བོད་ཡུལ་དུ་འགྲོ་དོན་ལ་བྱོན་པ་ངོ་མཚར་ཆེ་གསུངས། དམ་པའི་ཞལ་ནས་ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་བོད་ཡུལ་དུ་འགྲོ་དོན་དུ་བྱོན་པ་ཡིན་པས་ངོ་མཚར་ཆེ། ཨ་ཙ་ར་དེ་ཉིད་དམ་པ་རྒྱ་གར་ཡིན། ཇོ་མོ་ནི་མ་ཅིག་ལབ་ཀྱི་སྒྲོན་མ་ཡུམ་ཆེན་མོའི་སྤྲུལ་པ་བོད་ཡུལ་དུ་འགྲོ་དོན་ལ་ཕེབ་པ་དང༌། འདིའི་ཆོས་རྒྱུན་ནི་མཁའ་ལ་ཉི་མ་ཤར་བ་ལྟར་མཐའ་དབུས་མེད་པར་ས་སྟེང་ཀུན་ཏུ་ཁྱབ་པ་ཡིན། དེ་ནས་དབུ་གཙང་དང་རྒྱལ་ཁམས་ཕྱོགས་མེད་དུ་བྱོན་པ་དང༌། ལ་སྟོད་དྭང་རི་ལ་བྱོན་ནས་དམ་པ་རྒྱ་གར་དང་མཇལ། དམ་པའི་མངོན་ཤེས་ཀྱིས་གཟིགས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལབ་ཀྱི་སྒྲོན་མ་བྱོན་གསུངས་པས་ཐམས་ཅད་ཀྱིས་བསུ་བ་བྱས། དམ་པ་དང་ཉམས་བསྐུར་བྱས། དེ་ནས་ཟངས་རི་མཁར་དམར་དུ་བྱོན་ཏེ། ཡོན་བདག་མོ་ཆོས་མཚོ་བྱ་བ་གཅིག་གི་རྩར་བཞུགས་ནས་ཡོད་སྐབས་སྲོད་ལ་གཞི་བདག་དེ་བྱུང་ནས་དེས་ཇོ་མོ་ཁྱོད་ཀྱི་མཚན་ནི་ལབ་སྒྲོན་དུ་སྣང༌། སྟེང་ཡ་ཀི་ན་དུར་ཁྲོད་ཡོད་པ་དེ་ལ་དགོན་པ་བཏབས་ནས་བཞུགས་ན་ངས་ཡོན་བདག་བྱེད་ཟེར། ཡང་མི་དམར་རྟ་དམར་ཅན་ཞིག་འབྱུང་བ་འདི་ཟངས་རིའི་གཞི་བདག་ཡིན་པར་སྣང༌། དེར་དགོན་པ་བཏབས་ནས་བཞུགས་པའི་ལོ་གསུམ་ཙམ་ན་བསྟན་པ་ནམ་མཁའ་དང་མཉམ་པ། སྐུའི་སྙན་པ་འབྲུག་ལྟར་སྒྲོགས་པ་བྱུང༌། དེ་ནས་རྒྱ་ཆོས་དང་བོད་ཆོས་གནམ་ཆོས་ས་ཆོས་སོགས་


TNT20_Page_0720
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བཀའ་གཏེར་གཉིས་དང་ཕོ་གཅོད་མོ་གཅོད་སོགས་ངོས་བཟུང་བྱས། ཆོས་འདིའི་བརྒྱུད་པ་བཤད་ན་སྤྱིར་དམ་པའི་ཆོས་ཐམས་ཅད་རྒྱ་གར་ནས་བོད་ལ་དར་བ་ཡིན། བོད་ཀྱི་ཆོས་རྒྱ་གར་ནའང་ཡོད། རྒྱ་གར་རྡོ་རྗེ་གདན་དུ་ཆོས་ཐམས་ཅད་བསྡུས་ནས་ཆོས་ཐམས་ཅད་རྒྱ་གར་ནའང་ཡོད་པ་ཡིན་གྱི། དེང་སང་བོད་ལ་ཕྱག་རྒྱ་ཆེན་པོའི་གཅོད་པ་གཅིག་ཡོད་ཟེར་བས་ཅི་འདྲ་ཡིན་རྐང་མགྱོགས་གཅིག་བྱས་ནས་རྒྱ་གར་ལ་འགྲོ་ཟེར་ནས་གྲོས་བྱས་ནས་རྐང་མགྱོགས་བཏང༌། ཁྲ་ཧོར་བ་དགུང་སྔོན་ལ་འགྲིམ་པ་བཞིན་བྱོན་པས་ཞག་གཉིས་ནས་ཟངས་རི་མཁར་དམར་མའི་སྒོ་དྲུང་དུ་སླེབས། དེ་ནས་ཉེ་གནས་རྣམས་ཀྱིས་འུ་ཅག་གི་སྒོ་དྲུང་ན་ཨ་ཙ་ར་གསུམ་འདུག་ཟེར། མའི་ཞལ་ནས་ཨ་ཙ་ར་གསུམ་གྱི་གཟུགས་ཅི་འདྲ། གོས་ཅི་འདྲ་གྱོན་འདུག་ལྟོས་གསུངས་ནས་བལྟས་ཙ་ན། གཞན་གྱིས་གོས་གྱོན་ལུགས་མ་རེད། དར་གྱི་ལ་ཝོས་གསུམ་དེ་གྱོན་འདུག་ཟེར། དེ་ནས་མས་མདུན་དུ་བོས་ནས་འཚོ་བ་དྲངས༌། བགྲོ་གླེང་བྱས་ཙ་ན། མས་རྒྱ་གར་གྱི་སྐད་ཐོགས་མེད་དུ་མཁྱེན། ཨ་ཙ་ར་རྣམས་ཀྱིས་ཉིད་ཀྱི་རྒྱ་གར་གྱི་སྐད་འདི་ཙམ་མཁྱེན་པ་འདི་ཅི་ཡིན་དྲིས་པས། མའི་ཞལ་ནས་ང་ཚེ་སྔ་མ་རྒྱ་གར་དུ་སྐྱེས་པས་ཡིན་གསུངས། ཨ་ཙ་རས་སྐྱེ་བ་དྲན་པ་ཡིན་ནམ་ཟེར་བས། ངས་སྐྱེ་བ་སྔ་ཕྱི་ད་ལྟ་གསུམ་དྲན་གསུངས། དེ་གསུམ་ཅི་ལྟར་དྲན་གསུངས་ཞུས་པའི། མའི་རྒྱ་གར་སྐད་ཀྱིས་བཤད་ན་གྲྭ་སློབ་རྣམས་ཀྱི་མི་གོ །བཤད་ཀྱང་དགོས་པ་ཆུང་གསུངས། དེ་ནས་ཨ་ཙ་ར་གསུམ་བྲང་ཁང་དུ་བཞག་པའི་ཞབས་ཏོག་བྱས། དབུ་གཙང་རུ་བཞིའི་མཁས་


TNT20_Page_0721
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་རྣམས་དང༌། ཡུལ་ཕྱོགས་ཀྱི་གྲྭ་སྐོར་ཡོན་བདག་དང༌། རྒྱ་གར་བ་དང་བོད་ཀྱི་ལོ་ཙཱ་བ་ཀུན་ལ། ཕོ་ཉ་བཏང་ནས་ཐམས་ཅད་བསྡུས་པས་འབུམ་ཚོ་བདུན་དང་བརྒྱ་འཚོགས་ཏེ། དེ་ནས་མཆོད་པ་ཆེན་པོ་དང་སྟོན་མོ་བཤམས། དེར་འཚོགས་པ་རྣམས་ཀྱི་གོང་དུ་བཞུགས་ནས་མ་ཅིག་གི་མདུན་དུ་ཨ་ཙ་ར་རྣམས་བོས་ནས་ཆོས་ཀྱི་བགྲོ་གླེང་བྱས་ཏེ་ལོག་རྟོག་ཅི་རིགས་པ་བསལ། དབུ་གཙང་གི་ལོ་ཙཱ་བ་བཞིས་འཚོགས་པ་རྣམས་ལ་ལོ་ཙཱས་བསྒྱུར་ནས་མའི་ཆོས་རྒྱུད་ཐམས་ཅད་ཀུན་གྱིས་ཡིད་ཆེས་པ་དང༌། ཨ་ཙ་ར་རྣམས་ཀྱིས་ཆོས་ཐམས་ཅད་རྒྱ་གར་ནས་མ་བྱུང་བ་མེད་གསུངས། མའི་ཞལ་ནས་རྒྱ་གར་བོད་ལ་བཀའ་དྲིན་ཆེ། རྒྱ་གར་ནས་ཆོས་དར་ཚུལ་ཁྱེད་གསུམ་གྱིས་ཤོད་གསུངས། ངེད་གསུམ་གྱིས་མི་ཤེས་པས་མས་གསུངས་ཞུས་པས། མའི་ཞལ་ནས་ང་ནི་ཡུམ་ཆེན་མོའི་སྤྲུལ་པ་ཡིན་པས་ཤེས་ཟེར། སྔོན་རྒྱ་གར་གྱི་རྒྱལ་པོ་ཛ་ཝ་བྱ་བ་བཞུགས་པའི་དུས་སུ་གདམགས་ངག་གི་རྒྱུན་ཐམས་ཅད་ཆར་བཞིན་དུ་བབས་པ་ཡིན། དེ་ཡང་ཡུམ་གྱིས་བྱིན་གྱིས་རླབས་པ་ཡིན་གསུངས། འོ་སྐོལ་འདིར་འཚོགས་པའི་ཁྲོམ་པ་རྣམས་གསོན་དང༌། ང་ཡི་སྐྱེ་བ་སྔ་ཕྱི་ད་ལྟ་རྣམས་མ་བཤད་ན་ང་ཡི་བརྒྱུད་པ་འཛིན་པ་རྣམས་ཀྱིས་ཡིད་མི་ཆེས། ཕྱག་རྒྱ་ཆེན་པོའི་གཅོད་ཀྱི་རྒྱུད་མ་བཤད་ན་གདམས་ངག་ལ་ཡིད་མི་ཆེས་གསུངས་ནས་སྐྱེ་བ་སྔ་ཕྱི་དང་གཅོད་ཀྱི་རྒྱུན་ཟླ་བ་གཅིག་ལ་གསུངས་པས། དེར་འཚོགས་པ་རྣམས་ཀྱིས་ཡིད་ཆེས། ཚིག་གི་སྒྲོ་འདོག་ཆོད་པ་དང༌། ཡང་ཡུམ་གྱི་སྐྱེ་རབས་ནི། སུམ་ཅུ་རྩ་གསུམ་དགའ་ལྡན་ལྷ་ཡུལ་


TNT20_Page_0722
[མ་དཔེ་གཟིགས་ན་འདིར་གནོན།]

ན། གླིང་ཆེན་པོ་བདེ་སྐྱོབ་ནོར་བུ་ཕུན་ཚོགས་ཀྱི་གླིང་ཞེས་བྱ་བ་ན། ཡབ་ནི་རྒྱལ་པོ་བདེ་སྐྱོང་དང༌། ཡུམ་དཔལ་མཚོ་བྱ་བའི་སྲས་སུ་འཁྲུངས་ཏེ་ལྷ་ཡུལ་དུ་འགྲོ་དོན་དཔག་མེད་མཛད། དེ་ནས་རྡོ་རྗེ་གདན་གྱི་སེར་སྐྱའི་གྲོང་ཁྱེར་དུ་ཡབ་ཨའི་དབང་ཕྱུག །ཡུམ་ལྷ་ཟ་ཀླུ་སྒྲོན་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་སྡེ་སྨོན་འགྲུབ་ཏུ་བཏགས། རྒྱ་གར་གྱི་མུ་སྟེགས་པ་མང་པོ་བཏུལ་ནས་ནང་པའི་སྡེ་ལ་བཀོད། ཡབ་ཡུམ་ཀྱི་གཤེགས་རྫོང་བྱས། ཆོས་ཚན་གྱི་སྒྲོ་འདོགས་བཅད་ནས་པོ་ཏ་ལའི་བྲག་ཕུག་ཏུ་སྒོམ་ཞིང་བཞུགས་པའི་སྐབས་སུ་མཁའ་འགྲོ་ལས་མཁན་བྱས་ནས་བེམ་རིག་བྲལ། ངས་བེམ་པོ་བྲག་ཕུག་ནང་དུ་ཡོད་པའི་མགོ་ལ་རྒྱལ་བ་རིག་ལྔ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔས་བསྐོར་བ་འབུར་དུ་དོད་པ་དང༌། སྙིང་ལ་ཤཱཀྱ་ཐུབ་པ་རང་བྱུང་དུ་དོད་པ་ཡོད་པ་དང༌། ལྷག་མའི་རོ་དེ་ལ་གདུང་ཤ་རི་རཾ་སྲན་མ་ཙམ་འབུམ་དང༌། དེ་མ་ཡིན་པའི་རིང་བསྲེལ་ཁ་དོག་སྣ་ལྔ་པ་རྡོ་རྗེ་གདན་གྱི་བྲེ་གང་གི་ཚད་བྱོན་ནས་ཡོད། ཞེས་གསུངས་པས་དེར་འཚོགས་པ་རྣམས་ཀྱིས་གྲོས་བྱས་ནས་རྒྱ་གར་དུ་རྐང་མགྱོགས་གསུམ་བཏང་ནས། རྡོ་རྗེ་གདན་དུ་སོང་ནས་རྒྱ་གར་གྱི་རྒྱལ་པོ་དང་པཎྜི་ཏ་རྣམས་འདུས་ནས་ཐམས་ཅད་ལ་སྔར་གྱི་མའི་ལོ་རྒྱུས་དང༌། པོ་ཏ་ལའི་རིའི་ཁུང་གི་གདུངས་རུས་ཀྱི་ལོ་རྒྱུས་རྣམས་ཞུས་པས། རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་ཞལ་ནས་འདི་ཡུམ་གྱི་སྤྲུལ་པ་ཡིན་ནམ་རྒྱལ་བསེན་གྱི་སྤྲུལ་བ་ཡིན་ཆ་མེད། གདམས་ངག་མ་ལུས་པ་ལེན་དགོས། པོ་ཏ་ལའི་བྲག་ཕུག་ཏུ་སོང་ནས་ཨི་བདེན་ལྟོས་གསུངས་ཏེ། པནྚི་ཏ་རྣམས་དེར་སོང་བས། ལབ་སྒྲོན་གྱི་ཅི་སྐད་གསུངས་པ་བཞིན་


TNT20_Page_0723
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པས་གདུང་རུས་རྣམས་རྒྱ་གར་དུ་གདན་དྲངས། རྒྱལ་པོ་རྣམས་ཀྱིས་ཕྱོགས་སུ་རྐང་མགྱོག་བཏང་ཏེ་མི་སྐྱ་ཕོ་མོ་རྣམས་བསྡུས་ནས། རྟེན་རྣམས་བསྟན་པས་ཀུན་གྱིས་ངོ་མཚར་སྐྱེས་ནས། མ་ཅིག་གི་ཆོས་རྒྱུན་གཅོད་རྒྱུད་རྣམས་གདན་དྲངས་པའི་གྲོས་བྱས༌། རིང་བསྲེལ་བྲེ་གང་ཡོད་པ་དེ་རྒྱལ་པོ་ཐམས་ཅད་ལ་ཕུལ་བས་ཚིམ་པར་བྱས། དབུ་ལ་རིགས་ལྔ་བཞུགས་པ་རྡོ་རྗེ་གདན་དུ་བཞག་ཏེ་རྟེན་དུ་བྱས། ཐུགས་ལ་ཤཱཀྱ་ཐུབ་པ་ཡོད་པ་དེ་བོད་ཡུལ་དུ་དམ་པ་རྒྱ་གར་དང་རྐང་མགྱོགས་གི་མི་རྣམས་ཀྱིས་བཟུང་ནས་ཟངས་རི་མཁར་དམར་དུ་མའི་དྲུང་དུ་འོངས་ནས། ཁྱཻད་ཡུམ་ཆེན་ཐུགས་སྤྲུལ་ཡིན་པས་ངོ་མཚར་ཆེ། ཞལ་ནས་གསུངས་པ་ཐམས་ཅད་འཁྲུལ་མེད་དུ་འདུག་པ་སོགས་ཞུས་པ་དང༌། དེ་ནས་ཐུགས་ལ་བྱོན་པའི་ཤཱཀྱ་ཐུབ་པ་དེ་དབུས་གཙང་གི་སྐྱེ་བོ་ཐམས་ཅད་ལ་མཇལ་བཅུག་ནས་ཀུན་ཀྱི་རྒྱུད་ལ་ལུང་རྟོགས་ཀྱི་བསྟན་པ་ཅི་རིགས་པ་སྐྱེས་པའི་སྒོ་ནས་འགྲོ་དོན་རྒྱ་ཆེར་འབྱུང༌། ཐུགས་སུ་གྱུར་པའི་རྟེན་དེ་དམ་པ་རྒྱ་གར་གྱི་གདན་དྲངས། དེ་ནས་མ་ཅིག་གིས་གཅོད་ཀྱི་རྒྱུད་ཕ་རྒྱུད་མ་རྒྱུད་ཉེ་རྒྱུད་རིང་རྒྱུད་ཐམས་ཅད་གསུངས་ནས་བསྡུས་ཏེ་ངོ་མཚར་ཅན་གྱི་བརྗོད་པ་བཅུ་གསུམ་གསུངས་པ་དང༌། དེ་ཐམས་ཅད་རྐང་མགྱོགས་གསུམ་ལ་རྡོ་རྗེ་གདན་དུ་བསྐུར་ནས་རྒྱ་གར་དུ་དར་བར་མཛད། དེ་ནས་ཡུམ་གྱི་སྲས་འགྲུབ་པ། འགྲུབ་ཆུང༌། ཐོད་སྙོན་བསམ་འགྲུབ་བྱ་བ་དེ་རྣམས་ཡིན་པའི་འགྲུབ་ཆུང་ནི། ལོ་བཅུ་ལོན་པ་ན་གཟའ་ནད་ཕོག་ནས་:བསྙོ་[སྨྱོ]བརྒྱལ་དུ་སོང་བ་ནི། མའི་དྲུང་དུ་ཁྱེར་བའི་མས་སྣོད་ལྡན་དུ་གཟིགས་པ་དང༌། རྨི་


TNT20_Page_0724
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་ཕྱོགས་བཞིར་དུང་འབུད་པས་གླིང་བཞི་ལ་སྒྲས་ཁྱབ་པར་རྨིས། དེ་ནས་མས་རྗེས་སུ་བཟུང་ནས་དམིགས་པ་བརྒྱ་རྩ་བསྟན་དུར་ཁྲོད་ན་ཞག་བདུན་ཉལ་བས་སྨྱོ་ནད་ཀྱང་སོས། དམ་པ་རྒྱ་གར་གྱི་མདུན་དུ་རབ་ཏུ་བྱུང༌། མཚན་ཐོད་སྙན་བསམ་འགྲུབ་གསོལ། མའི་ཐུགས་ལ་ཡོད་པའི་གདམས་པ་རྣམས་གནང༌། མ་ཅིག་སེང་གེ་དཀར་མོ་ལ་ཆིབས་ཏེ་ཤམ་བུ་གངས་ལ་བྱོན་ནས་སེདྒེའི་ཁྲིའི་སྟེང་ནས་མཁའ་འགྲོ་མས་ཚོགས་ཀྱིས་བསྐོར་ནས་བཞུགས་པའི་སྐབས་སུ་སྲས་ཀྱང་དེར་བྱོན་ནས་རྒྱུད་པའི་དབང་དང༌། ཚེ་དབང་མ་རྒྱུད་མཁའ་འགྲོའི་དབང༌། སྙན་རྒྱུད་ཀྱི་ལུང་བསྟན་ཐམས་ཅད་བགྲོལ་ནས་གནང། ཤམ་བུའི་གཞི་བདག་ཡང་དམ་ལ་བཏགས་ནས་བཀའ་སྒོ་མཛད། དེ་ནས་མའི་ཞལ་ནས་ང་ལོ་དགུ་བཅུ་གོ་དགུ་ལོན་པས། སྲས་རྒྱལ་བ་དོན་འགྲུབ་ལ་དབུསུ་གཙང་རུ་བཞིའི་གྲྭ་སློབ་རྣམས་བསྡུས་གསུངས། ཐམས་ཅད་བསྡུས་ནས་ཚོགས་བརྒྱ་མང་དུ་བྱས། དབང་དང་བྱིན་རླབས་མཛད། དམ་རྫས་རྣམས་གྲྭ་པ་རྣམས་ལ་གནང༌། འབྲུག་གི་ལོའི་ཚེས་བཅོ་ལྔའི་མཚན་མོར་ཟངས་མཁར་དུ་བྱོན་ནས་ཐོ་རངས་སྐྱ་རིངས་ཤར་བའི་དུས་སུ་སྐུ་གཤེགས་ཚུལ་བྱས། སྐབས་སུ་སྲས་གཉིས་ཀྱི་ཕྱག་ཏུ་ཞལ་མཆིལ་རེ་རེ་བླུགས་པས། སྲས་རྒྱལ་བ་དོན་འགྲུབ་ཀྱི་ཕྱག་ཏུ་དུང་གཡས་སུ་འཁྱིལ་བ་གཅིག་བྱོན། འགྲོ་བའི་དོན་ཡུན་རིང་དུ་འབྱུང་བར་གྱུར་ཅིག་གསུངས། ཐོད་སྙོན་བསམ་འགྲུབ་ཀྱི་ཕྱག་ཏུ་རྗེ་བཙུན་མའི་སྐུ་གཅིག་བྱོན། མོ་རྒྱུད་དབང་དང་ལྡན་པར་གྱུར་ཅིག་ཅེས་གསུངས། དེ་ནས་མ་ཅིག་སེང་གེ་ལ་ཆིབས་ནས་འཁོར་མཁའ་འགྲོ་མ་གྲངས་མེད་


TNT20_Page_0725
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐོར་ནས་སྐུ་ལུས་ལྷག་མེད་དུ་ནུབ་ཕྱོགས་ཨུ་རྒྱན་མཁའ་འགྲོའི་ཡུལ་དུ་ཕེབས། དེ་ནས་སྲས་ཐོད་སྙོན་བསམ་འགྲུབ་ཤམ་བུའི་གད་ལ་ཕེབ་ནས། སྲས་གཉིས་དང་གྲྭ་སློབ་རྣམས་ཀྱིས་མའི་ན་བཟའ་རྣམས་མེ་མཆོད་བྱས་པས་འགའ་ཞིག་རྟེན་རྣམས་བཞེངས་མཆོད་པ་རྒྱ་ཆེན་པོ་བྱས་སོ། །དེ་ནས་སྲས་གཉིས་དང་གྲྭ་སློབ་རྣམས་ཀྱིས་གཅོད་ཀྱི་རྒྱུད་ས་སྟེང་ཀུན་ཏུ་ཁྱབ་པར་བྱས། མའི་ཞལ་ནས་གཅོད་འདི་གཡུའི་དུམ་བུ་དང་གསེར་གྱི་ཕྱེ་མ་དང་འདྲ། མན་ངག་སྣ་རེས་ཀྱང་ཕན་ཐོགས་ཆེན་པོ་འབྱུང༌། དེ་བཞིན་དུ་གཅོད་མཁན་གྱི་ཆོས་གཞན་མི་ཤེས་ཀྱང་གཅོད་འདིས་འགྲོ་དོན་བྱེད་ཐུབ། སྐྱེ་མེད་ཀྱི་དོན་ཁོང་དུ་ཆུད་ནས་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་མྱུར་དུ་འགོད་པ་ཡིན་ནོ། །དེ་ལྟ་བུའི་སངས་རྒྱས་ནས་ད་ལྟའི་བར་དུ་བརྒྱུད་པའི་ཟམ་པ་མ་ཆད། གདམས་ངག་ཀྱི་བཅུད་མ་ཉམས། བྱིན་རླབས་ཀྱི་དྲོད་མ་ཡལ། བཀའ་རྒྱུད་དོན་གྱི་གདམས་པ་དབང་པོ་རབ་འབྲིང་མཐའ་གསུམ་གྱི་གཅོད་ནང་དྲོད་ཚད་གསུམ་དང་ལྡན་པ། ཆོ་འཕྲུལ་རང་ཞི་ལ་གཏོང་བར་བྱེད་པའི་ནད་བརྒྱ་སྨན་གཅིག་ལྟར་བྱིན་བརླབས་རྟགས་མཚན་དང་ལྡན་པ་ནི། གྲུབ་ཐོབ་གཅོད་ཀྱི་རྒྱུད་འདི་ཉིད་ཡིན་ལ། འདིའི་དབང་ཟབ་མོ་སྒྲུབ་བར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་དང༌། སློབ་མའི་བྱ་བ་གཉིས་ཡོད་པ་ལས་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་ལེགས་པར་གྲུབ་ཟིན། ད་ཁྱེད་རང་རྣམས་ཀྱི་ངོས་སྐལ་དུ་གྱུར་པ་ལ་བླ་མ་དང་མ་ཅིག་ལབ་སྒྲོན་དབྱེར་མ་མཆིས་པའི་དྲུང་དུ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཨོཾ་བཛྲ་བྷུ་མི་ཨཿ


TNT20_Page_0726
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུཾ། ཞེས་སོགས་མཎྜལ་ཕུལ།། །།ཞེས་གཅོད་དབང་གི་ལོ་རྒྱུས་མུ་ཏིག་ཕྲེང་བ་ཞེས་བྱ་བ་འདི་ནི། གཅོད་རྒྱུད་རྣམས་ཀྱི་ནང་ནས་ཉེ་བར་མཁོ་བ་རྣམས་ཀརྨཱ་བི་ཛ་ཡ[འཕྲིན་ལས་རྣམ་རྒྱལ།]ས་སྨྲས་པའོ། །རྒྱ,ལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི། །རྣམ་སྤྲུན་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམས་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་དབང་འཛམ་ཐང་གཅོང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མར་གྱུར་འགྲོལ་རྫོགས་སངས་རྒྱས་ཐོབ་ཤོག །སརྦ་མངྒ་ལཾ། བཀྲ་ཤིས། དགེའོ། དགའོ།


previousགཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་ལོ་རྒྱུས་མུ་ཏིག་ཕྲེང་བ།next