Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱིར་བཟློག་དྲུག་གི་ཁྲིད་ཡིག་ཚིགས་བཅད་མ།
   
   
   


 
previousཕྱིར་བཟློག་དྲུག་གི་ཁྲིད་ཡིག་ཚིགས་བཅད་མ།next

ཕྱིར་བཟློག་དྲུག་གི་ཁྲིད་ཡིག་ཚིགས་བཅད་མ།


TNT20_Page_0731
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བཟློག་དྲུག་གི་ཁྲིད་ཡིག་ཚིགས་བཅད་མ་ཞུགས།


TNT20_Page_0732
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ནཱ་ཐ་ཡ། རིས་མེད་རྡོ་རྗེའི་གསང་གསུམ་དཔའ་བོ་ནི། །གཟུང་འཛིན་གཡེམ་མའི་ཅོ་འདྲི་ཉིད་ཀྱིས་ཀྱང༌། །ཟུང་འཇུག་རྩེ་དགའི་དགའ་སྟོན་རྒྱས་ནས་སླར། །རང་བཞིན་བདེ་བའི་ཁྱིམ་དུ་ངལ་བསོས་ཤིག །འདིར་ནི་བླ་མའི་མན་ངག་ཞིག །དྲན་པའི་སྣོད་དུ་ཅི་གནས་པ། །དེ་ཙམ་ཡི་གེར་འབྲི་བ་ལ། །གྲུབ་པ་རྣམས་ཀྱིས་དགྱེས་པའི་རིགས། །དེ་ཕྱིར་དམ་ཚིག་མཁྱེན་པ་རྣམས། །མཉེས་ཤིང་བཟོད་པར་གྱུར་ན་ནི། །ཐོས་པ་ཙམ་གྱིས་མཁས་རློམ་སོགས། ཁམས་གསུམ་གཤེ་བར་གྱུར་ཀྱང་སླ། །དེ་ལ་ཕྱིར་བཟློག་རྣམ་པ་བརྒྱད། །ཕྱི་ཡི་བར་ཆད་བཟློག་པ་ཡི། །བསམ་གཏན་འཁྲུལ་འཁོར་གཞན་དུ་བཤད། །འདིར་གང་ངེས་པའི་དོན་བཤད་དོ། །སྟག་དང་ཕག་གི་སྒྲ་དང་ནི། །གཏུན་ཤིང་དང་ནི་མཚོན་ཆའོ། །དགང་དང་དགུག་དང་གཞོལ་དང་རེངས། །དེ་ལྟར་རླུང་གི་རྣལ་འབྱོར་རོ། །སྟག་གི་སྒྲ་ནི་ཧ་གསུམ་དང༌། །ཧཱུཾ་གསུམ་ངག་ཏུ་བརྗོད་པར་བྱ། །པུས་མོར་ལག་བཀབ་གྲུ་མོ་ནི། །རྩིབས་ལོགས་ལ་བརྡེག་ཕག་སྐད་འབྱིན། །ལག་པས་པུས་བཀབ་ལྟེ་


TNT20_Page_0733
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ནི། །གཡས་གཡོན་མདུན་རྒྱབ་སྡེབ་གཏུན་ཤིང༌། །མཚོན་ཆ་རྟིང་གཡོན་བཤང་ལམ་གཏད། །དེ་མདུན་གཡས་བཞགས་བོལ་གཉིས་བཟུང༌། །གཡས་གཡོན་དབུས་རྔུབ་རང་ཕྱོགས་བསྐོར། །བགང་བ་ཐུབ་ཚད་རྔུབ་པ་དང༌། །དགུག་པ་མཆིལ་མ་མིད་ནས་མནན། །གཞིལ་བ་རྔུབ་ཆུང་བྱེད་པ་དང༌། །རེངས་པ་རྩོལ་ཀློད་ཐད་ཀར་བལྟ། །སྦྱོར་བ་བཞི་ལ་དོར་བཟླས་སྦྱོར། །རྩོལ་མེད་རྡོ་རྗེའི་བཟླས་པའང་བྱ། །ལྟེ་སྙིང་ལྟེ་ལ་ཟླ་བར་ཧཱུཾ། །སྤྱི་བོ་ནས་ནི་རྐང་པའི་བར། །གང་བ་བུམ་ཅན་བསྒོམ་པའོ། །རྐང་གཉིས་གཡས་གཡོན་གསང་བར་སྲུབས། །ཀུམྦྷ་ཀ་ཡི་བོགས་འདོན་ནོ། །རླུང་གི་ཕྱིར་བཟློག་གོ །དགའ་དང་སྐྱིད་དང་དགྲ་དང་གདོན། །མྱ་ངན་ནད་དང་མི་སྙན་སོགས། །ཐམས་ཅད་རང་བཞིན་མ་གྲུབ་པས། །མཉམ་པ་ཉིད་དུ་བལྟ་བར་བྱ། །མཉམ་པ་ཉིད་ཀྱི་ཕྱིར་བཟློག་གོ །བདེ་སྡུག་ཡ་ང་ངོ་ཚ་དང༌། །ཉོན་མོངས་གང་སྐྱེས་ཐམས་ཅད་ལ། །རང་བཞིན་གསལ་སྟོང་མེ་ལོང་བལྟ། །རང་ལ་གཅེས་འཛིན་མེད་པར་བྱ། །ལུས་ནི་སངས་རྒྱས་རྣམས་ལ་འབུལ། །


TNT20_Page_0734
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་རྣམས་ལ་ལུས་ཀྱི་སྦྱྀན། །ཐམས་ཅད་སྟོང་པར་ཤེས་པར་བྱ། །དེ་ནི་མཉམ་ཉིད་ཡེ་ཤེས་སོ། །འདོད་ཆགས་སོ་སོར་རྟོག་པ་སྟེ། །ཕྱག་རྒྱ་བཞི་ལ་སྦྱོར་ཐབས་ཡིན། །ལྟ་བར་འདོད་པའི་སྨྲ་གཏམ་དང༌། །དྲི་རོ་རེག་དང་གཉིས་སྤྲོད་བཞི། །རེག་དང་བཅུག་དང་སྐྱོད་དང་མཐར། །ལྷན་སྐྱེས་ཕྱི་ནང་དགའ་བཞི་པོར། །རང་རིག་གསལ་སྟོང་བསྒོམ་པར་བྱ། །ལས་རྒྱ་ལན་གཅིག་མྱོང་བྱས་ནས། །ཕྱི་ནས་མྱོང་པས་བསྒྲུབ་པར་བྱ། །སྙིང་རྗེ་དང་ནི་བྱ་བ་ཀུན། །རང་བཞིན་སྟོང་པ་གསལ་རིག་བསྒོམ། །བྱ་བ་གྲུབ་པ་དེ་བཞིན་སྟེ། །མཐའ་བྲལ་སེམས་ལ་མཐའ་མི་བསྒོམ། །མ་བཅོས་རང་བཞིན་ཉིད་ལས་ནི། ཁྲོ་བོ་བདེ་མཆོག་གར་མཛད་པ། །ཡིད་གྱི་རང་བཞིན་སྟོང་པར་བསྒོམ། །རང་བཞིན་མེད་ཀྱང་ང་རྒྱལ་ནི། །ཆོས་དབྱིངས་ཡེ་ཤེས་ཞེས་བྱའོ། །ཡེ་ཤེས་འཁོར་ལོས་ཕྱིར་བཟློག་པའོ། །དགྲ་དང་བགེགས་སོགས་གནོད་བྱེད་རྣམས། །རང་བཞིན་གྱིས་ནི་མ་གྲུབ་ཀྱང༌། །ལས་ཉོན་གྱིས་ནི་འཁོར་བར་འཁོར། །དེ་ལ་སྙིང་རྗེ་དྲག་ཏུ་བསྒོམ། །སེམས་ཅན་ཀུན་ལ་བྱང་སེམས་དང༌། །སྙིང་རྗེས་བདེ་སྡུག་བརྗེ་བར་བྱ། །མི་དང་མི་མ་ཡིན་པ་ལ། །གནོད་པ་མི་བྱ་བརྩེ་བར་བྱ། །མི་འདོད་པ་ཡིས་ནོན་པའི་ཚེ། །གཞན་གྱི་སྡུག་བསྔལ་བསྡུ་བར་བྱ། །སྙིང་རྗེས་ཕྱིར་བཟློག་པའོ། །ཅི་ཙམ་གཟུང་འཛིན་སྣང་བ་ཀུན། །ཐམས་ཅད་ཡེ་ཤེས་ཉིད་དུ་ཤེས། །གཉིས་འཛིན་རྒྱུན་ཆགས་ཐམས་ཅད་བྱ། །འཁྲུལ་པ་ཐམས་ཅད་སྐད་ཅིག་ཙམ། །རང་རིག་སྐད་ཅིག་འགྱུར་བ་མེད། །སྣང་བ་ཅི་དང་ཅི་ཤར་


TNT20_Page_0735
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གསལ་ཙམ་དེ་ལ་མཉམ་པར་བཞག །གསལ་སྟོང་ཙམ་ཡང་མི་བསམ་དང༌། །བདེ་སྡུག་སྣང་ཙམ་ལ་ལྟ་དང༌། །ངོ་བོ་མེད་པར་དཔྱོད་པ་གསུམ། །འདི་ཡི་གདམས་ངག་ཡིན་ཞེས་ཀྱང༌། །རང་རིག་སྐད་ཅིག་གིས་ཕྱིར་བཟློག་པའོ། །རང་སེམས་གནོད་བྱེད་སེམས་ལ་ཐིམ། །རང་གཞན་བརྗེ་བའི་དམིགས་པ་བྱ། །ལྷ་སྔགས་གནོད་བྱེད་ལ་སོགས་པ། །ཐམས་ཅད་འཁྲུལ་པ་ཤེས་པར་བྱ། །འདི་ཉིད་གཉིས་མེད་ཡེ་ཤེས་ལ། །ཀུན་རྟོག་དྲ་བས་བཅིངས་ནས་ཅི། །གནོད་བྱ་གནོན་བྱེད་ཐམས་ཅད་ནི། །སྒྱུ་མའི་དགྲ་གཉེན་བཞིན་དུ་བལྟ། །ཐོབ་བྱ་ཐོབ་བྱེད་ཐམས་ཅད་ཀྱང༌། །རྨི་ལམ་རྒྱལ་པོའི་རྒྱལ་སྲིད་བཞིན། །རེ་དོགས་མེད་པར་བསྒོམ་པར་བྱ། །དྲོད་རྟགས་གང་ལའང་དགའ་མི་བྱ། །གང་ལའང་མ་ཞེན་སྐྱོན་མི་ལྟ། །རང་སེམས་ལས་གཞན་སངས་རྒྱས་མེད། །གནོད་བྱ་གནོད་བྱེད་ཐོབ་བྱ་སོགས། །གང་བསམ་རིག་སྟོང་ངང་ལ་བཞག །བདག་བསྟོད་བསྙེམས་འཁྲིག་ཀུན་སྤངས་སོ། །ལེགས་པ་ཐམས་ཅད་བླ་མའི་དྲིན། །རྐྱེན་ཀུན་ལྷ་དང་བླ་མར་བསྒོམ། །ཡུལ་དང་སྤྱོད་པ་སྣ་ཚོགས་པས། །ཉམས་ནི་སྣ་ཚོགས་སྤྲོས་བྲལ་བསྒོམ། །སྲིད་ཞི་མཉམ་ཉིད་ཀྱིས་བཟློག་པའོ། །ལྷ་སྔགས་བླ་མ་ལས་འབྲས་བརྙས་མི་བྱ། །འཇིག་རྟེན་མཐུན་འཇུག་ཀུན་སྤངས་སྨྱོན་པའི་ཚུལ། །ཆོས་དབྱིངས་རང་བཞིན་ཡེ་ཤེས་གཉིས་བྲལ་བསྒོམ།། །།ཞེས་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པ་གྲུབ་པའི་གསུང་བཞིན་རང་ལོ་ཉེར་གཉིས་པ་ལ་བྲིས་པའོ། །མངྒ་ལཾ།།#div1 ཁྲིད་ཡིག་ཚིགས་བཅད་མའི་ཞལ་ཤེས།


TNT20_Page_0736
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཡིག་ཚིགས་བཅད་མའི་ཞལ་ཤེས་བཞུགས། བླ་མ་ལ་ཕྱག་འཚལ་ལོ། །རླུང་གི་ཕྱིར་བཟློག་གི་སྐབས། ཧ་གསུམ་ལ་ཡིད་ཀྱིས་ཧཱུཾ་གི་སྒྲར་མོས་ཧ་ཧཱུཾ་དྲུག་ཆར་ལ། ཧཱུཾ་རིང་པོ་དང་ཧོཿཐུང་ངུ་འབྱུང་རྔུབས་དང་སྦྱར་བའི་རྡོར་བཟླས་བྱ་བ་ཡིན་ལ། ཕག་སྐད་ལ་ཡང་ཧཱུཾ་དང་འདྲ། གྲངས་ངེས་པ་མེད་པ་ཧཱུཾ་གསུམ་གྱི་སྐབས་ཧཱུཾ་ངག་ཏུ་བརྗོད་པ་ནི། གྲེ་བའི་སྦུབས་ནས་སྣར་འདོན་གྱི་ཁ་ནས་མི་བྱེད་ཕག་སྐད་གྱི་སྣ་ནས་ངུར་སྒྲ་འདོན་པ་ཡིན། གཏུན་ཤིང་བརྡེབ་པ་བཞི་པོ་ལན་གཉིས་གཉིས་བྱ། མཚོན་ཆའི་སྐབས་བོལ་གཉིས་ལག་པས་འཛིན། རང་ཕྱོགས་སྐོར་བ་ནི། དཔུང་པ་གཡོན་པས་སྣ་བུག་གཡོན་བཀབ། གཡས་ནས་རྔུབ། ཁ་སྦྱོར་གྲུབ་མ་ཐག་ལྟོ་བ་གཡས་སུ་བསྐོར། གཞན་གཉིས་ལའང་ཕལ་ཆེར་འགྲེ། དབུས་གཉིས་ཀ་ལ་རྔུབ་གཡས་གཡོན་སྤེལ་མར་བསྐོར། བཞི་པོ་གཅིག་རྟིང་ལ་གཅིག་བསྒོམ་པ་ལ་འབད་པ་ཞག་ཉི་ཤུ་ཙམ་བྱ། བར་བར་དུ་རྡོར་བཟླས་སྤྱི་དང་མཐུན་པ་བྱ་སྟེ་འདི་རྣམས་ལ་དབུ་མ་མི་བསྒོམ། དངོས་གཞི་བུམ་ཅན་སྐབས་དབུ་མའི་ནང་དུ་ཀྵཱུཾ་དམར་ནག་འོག་དང་དམར་སྐྱ་སྟེང་དུ་བྱ། ཡར་འགྲོ་མར་འགྲོ་མང་པོ་བྱས་ཧཱུཾ་ལ་ཐིམ་པར་བསྒོམ། འདི་ལའང་རྡོར་བཟླས་སྦྱོར་ན། འདི་དང་ཕྱི་མ་གཉིས་ཀ་སྟེ་གསུམ་ལ་འབྲུ་གསུམ་སྦྱོར། སྦྱོར་བ་ཕྱི་མ་རྩ་དྲྭ་བ་མ་གཏོགས་གཞན་མི་བསྒོམ། བོགས་འདོན་སྐབས་རོ་རྐྱང་གསང་གནས་ནས་དབུ་མར་ཐིམ་པར་བསྒོམ། གྲུབ་ལུགས་དེ་ཕྱོགས་ཀྱི་འཕོངས་ཚོས་དང་རྐང་པ་བཏེག གཅིག་ཤོས་ས་ལ་བཙུགས། གཉིས་ཆར་སྐྱིལ་ཀྲུང་མ་ཞིག་པའོ། །ལུས་སངས་རྒྱས་ལ་འབུལ་བ་ལ་མཆོད་རྫས་དང་བདུད་རྩིར་བྱས་པར་འབུལ། གནོད་བྱེད་ལ་གང་འདོད་པ་བཅད་ནས་སྟེར་བའང་མཛད། གཅེས་འཛིན་ནི་རང་ལ་གཅེས་འཛིན་ཏེ། ང་


TNT20_Page_0737
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟུང་ནས༌། ན་ཡིས་དོགས། ཤི་ཡིས་དོགས། སྡུག་གི་དོགས༌། གཏམ་མི་སྙན་པ་བྱུང་གི་དོགས། དེའི་ལོགས་ཕྱོགས་རྣམས་ཡོངས་སུ་རེ་བའི་རང་འདོད་ང་མཐོ་ན་དགྲ་དམའ་ན་སྙམ་པ་སོགས་གང་ཡང་མི་བྱེད་པའོ། ཁྲོ་བོ་བདེ་མཆོག་གར་མཛད་པ་ནི། སྤྲོས་བྲལ་གྱི་ངང་ནས་ཐོལ་གྱིས་ཤར་བའི་རིག་པ་རང་ཧཱུཾ་མཛད་ལྟ་བུའམ་ཧེ་རུ་ཀར་བསྐྱེད་པའོ། །གཉིས་འཛིན་རྒྱུན་ཆགས་ནི་ཤར་དུས་ཉིད་ནས་རང་གྲོལ་མ་སོང་བའི་འཁྲུལ་བའི་རབ་རིབ་བོ། རང་གནོད་བྱེད་ལ་ཐིམ་པའི་མན་ངག་ནི། རང་ལུས་ལ་ནི་གནོད་བྱེད་ཁོ་ཅི་འདོད་པ་གཅིག་བྱ། སེམས་ཧཱུཾ་གི་རྣམ་པ་དེའི་སྙིང་གར་ཐིམ་པས་རང་སེམས་དང་དེ་དབྱེར་མེད་དུ་སོང༌། དེ་ནས་སྤྲོས་བྲལ་གྱི་ངང་སྐྱོང༌། ཟབ་གསལ་གཉིས་སུ་མེད་པ་བསྒོམ། རང་གཞན་བརྗེ་བ་ནི། རང་དང་གནོད་བྱེད་ཅེས་བྱ་བ་དོན་ལ་མེད་ཀྱང་སེམས་ཀྱི་སྣང་བ་ཙམ་ཞེས་ངེས་པས་རང་དེ་དང་དེ་རུ་བསྒོམ་པའོ། རྐྱེན་ལྷར་སྒོམ་པ་ནི། དགྲ་གདོན་བདེ་སྡུག་ཅིང་བྱུང་ཡང༌། རང་དང་དེ་གཉིས་ཀ་ལྷའི་སྐུར་ཝལ་གྱིས་མོས། དེ་བླ་མའི་ངོ་བོར་བསྒོམ། མོས་གུས་དུང་དུང་གསོལ་བ་བཏབ་རང་ལ་ཐིམ། སྤྲོས་བྲལ་གྱི་ངང་སྐྱོང༌། བྱ་བ་སྤྱོད་པ་ཐམས་ཅད་ལ་སྙེམ་ཆོད་ཆོད། སྣང་སྟོང་ལ་ཅེར་ཅེར་མཉམ་པར་འཇོག །འདིའི་གཙོ་བོ་ཡེ་ཤེས་འཁོར་ལོའི་ཆོས་དབྱིངས་ཡེ་ཤེས་ཀྱི་ཉམས་ལེན་ཡིན། དེའི་བོགས་འདོན་གྱི་གཙོ་བོ་སོར་རྟོག་ཡེ་ཤེས་ཕྱག་རྒྱའི་རྣལ་འབྱོར་དང་རླུང་གི་ཕྱིར་བཟློག་གཉིས་ཡིན། གཞན་རྣམས་དེ་དག་གི་ཡན་ལག་ཡིན་ནོ། །འདིར་


TNT20_Page_0738
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་གསུམ་ནང་གི་བྱད་མ་ཕྱིར་བཟློག་སྟེ། ལས་དང་པོ་པ་ལ་ཐུན་དང་རྣལ་འབྱོར་བ་ལ་ཡང་མཉམ་བཞག་གཙོ་ཆེ། ཕྱི་མ་གསུམ་ཆ་མཉམ། ཐ་མ་འབྲས་བུ་ལ་སྦྱོར་བ་ཡང་ཉམས་ལེན་ད་ལྟ་བྱེད། འབྲས་བུ་ལ་དམིགས་པ་རེ་དོགས་འགོག་པ་དང༌། འབྲས་བུ་འགྲུབ་པ་ལ་བར་ཆད་ལམ་དུ་ད་ལྟ་ནས་འཁྱེར་ཚུལ་ཡིན། དེ་ཐམས་ཅད་ལ་སྣང་བ་གང་སྣང་དེས་རྩལ་མ་འགགས། མ་བཅོས་པ་ལ་གཤིས་ཅིང་ཡང་མ་གྲུབ་པའི་རིག་སྟོང་དེ་གལ་ཆེ་ཤོས་ཡིན། གཞན་དཀྱུས་ན་གསལ། ངེས་དོན་ཟབ་མོ། བར་ཆད་ཐམས་ཅད་ནང་གི་རྣལ་འབྱོར་གྱིས་བཟློག་པའི་ཚུལ་ཕྱིར་བཟློག་དྲུག་གི་མན་ངག་ཚིགས་བཅད་མའི་གབ་པ་མངོན་དུ་གསལ་བའི་ཡིག་ཆུང་འདི་ཡང་ཏཱ་ར་ནཱ་ཐས་རང་ལོ་ཉེར་གཉིས་པ་ལ་བླ་མའི་གསུང་བཞིན་བྲིས། མན་ངག་གི་ཡི་གེ་འདི་ཤིན་ཏུ་གསང་བ་ཆེན་པོ་ཡིན་པས་གཅེས་པ་བཟུང༌། འདིའི་གོ་དོན་རྒྱུད་ལས་བསྟན་ཚོད་ཀྱི་མན་ངག་གི་བཤད་པ།མཁས་པའི་རྣར་འོང་ཞིང་ཡིད་ཆེས་ངེས་པ་རྣམས་ཁྲོ་བོར་རྣམ་རོལ་དུ་བྲིས་ཟིན་ཏོ། །ཨོ་རྒྱན་ལས་བྱུང་མན་ངག་འདི། །གུ་རུ་ལྷོ་ཕྱོགས་པ་ཡི་དྲིན། །གཞན་དག་མགུ་བ་མ་ཡིན་ཡང༌། །རང་ཉིད་ཡིད་ཆེས་རྨད་དུ་བྱུང༌། ཁྲོ་བོ་རྣམ་རོལ་དང་མན་ངག་གི་ཡི་གེ་འདི་གཉིས་མི་སུས་ཀྱང་མ་བསྐུལ་ཞིང་བྲིས་པ་ལ་རྗེས་སུ་ཡི་རངས་པ་ཙམ་ཡང་མི་སྣང་མོད་མཚན་མ་རྙེད་ནས་བརྗེད་ཐོར་བྲིས། །ཀལྱན་ཏིཥྛ། དགེའོ། །སརྦ་མངྒ་མཾ། བཀྲ་ཤིས་པར་གྱུར་ཅིག །


previousཕྱིར་བཟློག་དྲུག་གི་ཁྲིད་ཡིག་ཚིགས་བཅད་མ།next