Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ།
   
   


 
previousདཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ།next

དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ།


TNT20_Page_0739
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ་བཞུགས།


TNT20_Page_0740
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀ་ལཱ་པ་ཨ་ཝ་ཏ་ར། བོད་སྐད་དུ། ཀ་ལཱ་པར་འཇུག་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འགྲོ་བའི་མགོན་པོ་ཐབས་དང ལྡན། །དེ་བཞིན་གཤེགས་ལ་རབ་བཏུད་ནས། །གང་གིས་དགའ་བའི་གནས་འཐོབ་འགྱུར། །ཐབས་དེ་འདིར་ནི་བཤད་པར་བྱ། །གཞོན་ནུ་ཟུར་ཕུད་ལྔ་པ ནི། །ཐུགས་རྗེ་ལྡན་པ་འཇམ་པའི་དབྱངས། །རྒྱལ་སྲས་སྟོང་ཕྲག་བརྒྱད་དག་དང༌། །ལྷན་གཅིག་འདིར་ནི་རབ་གཤེགས་ནས། །དབང་ཆེན་ཞེས་བྱ་རི་བོ་ཆེན་པོ་ནི། །ཤར་དང་ནུབ་ཏུ་ཆུ་གཏེར་ཟབ་མོ་གནས། །གང་གི་ཕྱོགས་གཉིས་མེ ཏོག་འབྲས་བུས་བརྒྱན། །རིག་འཛིན་རྣམས་ཀྱི་རོལ་པའི་གནས་དེར བཞུགས། །ཤེས་བྱ་ཀུན་ལ་མ་ཐོགས་པའི། །སྤྱན་དང་ལྡན་པ་འཇིག་རྟེན དབང༌། རྒྱལ་སྲས་བྱེ་བའི་ཚོགས་བཅས་ལ། །གནས་


TNT20_Page_0741
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་དེ་ནི་དེ་གཤེགས་ནས། །ལྷ་དང་ལྷ་མིན་འབྱུང་པོའི་དབང༌། །ལྟོ་འཕྱེའི་བདག་དང་ཀླུ་ཡི་གཙོ། །སྐལ་བཟང་མཐུ་དང་ལྡན་པ་ཡི། །མི་དང་མི་རྣམས་དེར་འདུས་ལ། །གང་གི་བླ་ན་མེད་པ་མཆོག །གཟི་བརྗིད་ཆེན་པོའི་ཐེག་མཆོག་སྟེ། །བྱེ་བ་ཕྲག་བརྒྱའི་ཆོས་ཀྱི་གཏམས། །ཡང་དག་བསྒྲོག་ནས་རབ་ཏུ་བསྟན། །བྷ་ཏའི་དུམ་བུ་འཛམ་གླིང་སྐྱེས། །ཀོ་ས་ལ་དང་ཡངས་པ་ཅན། །ལུས་འཕགས་མཻ་ཐི་ལ་དག་ན། །སྐལ་བཟང་གཅིག་ཅིག་དེ་དག་ཡོད། །བློ་གྲོས་ཆེ་ལྡན་ལྔ་བརྒྱའི་ནི། །དེ་འདྲའི་གཏམ་ནི་ཡང་ཡང་ཐོས། །གཞན་ལ་ཕན་བྱེད་རིག་པའི་བློ། །རྨད་བྱུང་མང་པོ་སྐྱེས་པར་གྱུར། །དཀའ་བ་བརྒྱ་ཕྲག་འབད་པ་ཡིས། །དབང་ཆེན་གྱི་ནི་རི་ལ་སོང༌། གཞོན་ནུར་གྱུར་པ་མི་སྣང་ནས། །ཕྱག་ན་པདྨའི་ཞབས་ལ་བཏུད། །ཡང་


TNT20_Page_0742
[མ་དཔེ་གཟིགས་ན་འདིར་གནོན།]

དག་མཆོད་ནས་རབ་དྲིས་པ། །ཚངས་ལ་སོགས་པ་ལྷས་བརྒྱུད་ཅིང༌། །འགྲོ་བ་དྲུག་ལ་མཉམ་པར་བརྩེ། །ཐོས་ནས་བདག་ཅག་འདིར་འོང་ལགས། །གང་གི་ཞབས་བཀྲུའི་ཆུ་འཐུངས་པས། །བདེ་མེད་བདེ་བ་ལྡན་གྱུར་ཞིང༌། །འདོད་པ་དང་ནི ཐར་པ་འགྲུབ། །ལྷ་ཡིའང་ལྷ་ཁྱོད་ཕྱག་འཚལ་ལོ། །གང་ཟག་དང་ནི་ཆོས་ལ་སོགས། །འགའ་ཡང་མ་གཟིགས་དམིགས་སུ་མེད། །འོན་ཀྱང་མི་ཟད་ཐུགས་རྗེ་ཡིས། །ཀུན་ལ་སྐྱོབ་མཛད་འདི་རེ་མཚར། །འདིར་འོང་འདི་དག་ལ་བརྩེ བས། །དོན་ཆེན་འགའ་ཞིག་ཞུ་འཚལ་ནི། །ཕྱི་མའི་དུས་འགར་ཕན་པའི སླད། །ཡང་དག་གསུངས་པས་བཤད་དུ་གསོལ། །མ་འོངས་པ་ཡི་དུས་ན་ནི། རིགས་སྔགས་སྨྲ་བ་ཁས་འཆེ་ཞིང༌། །རྒྱལ་བའི་དགོངས་པ་མི་ཤེས་པ། །དེ་དག་ཕྱིན་ཅི་ལོག་ཏུ་བལྟ། །གང་ཕྱིར་འདི་དག་ཡོངས་དག་པའི། །ལམ་དུ་ངེས་པར་འཇུག་འགྱུར་པ། །ཇི་ལྟར་ཕྱུགས་ལ་དབྱུག་པ་ལྟའི། །ཐབས་དེ་གང་ལ་རྙེད་པར་འགྱུར། །དེ་ནས་བཅོམ་ལྡན་སྙིང་རྗེ་ཆེ། །སྤྱན་རས་གཟིགས་ཀྱི་འདི་སྐད་གསུངས། །འགྲོ་རྣམས་མང་ལ་ཕན་འདོད་པས། །འདྲི་བ་འདི་ནི་ལེགས་སོ་ལེགས། །དབང་ཆེན་རི་ལ་མཆོད་འོས་པའི། །གཞོན་ནུར་གྱུར་པ་སྔོན་བཤད དེ། །དོན་འདི་ཡང་ནི་ལེགས་པར་བསྟན། །མཉམ་མེད་སེམས་ཅན་དོན་བྱེད་པའོ། །སྐྱེ་བོ་འདི་ལ་ཕན་བྱེད་ཕྱིར། །སྔགས་འཛིན་རལ་པ་གཅིག་མ་ལོངས། སྙིང་རྗེ་ལྡན་པ་དོན་ཡོད་


TNT20_Page_0743
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །ལྕགས་ཀྱུ་ཁྱོད་ནི་མཐུ་ཆེན་ལྡན། ཁྱོད་བདག་ཕན་ཚུན་བསྒྲོས་པ་ཡི། །དོན་ཆེན་འདི་ནི་སྨྲ་བར་གྱིས། །སྟོབས་བཅུ་ལྡན་པའི་བསྟན་པ་ལ། །ཕྱི་མའི་དུས་ན་དོན་ཆེར་འགྱུར། །འཇམ་དཔལ་རྗེས་སུ་འཇུག་པས་ནི། ཁྱོད་ཀྱང་སྨྲ་བའི་མཐུ་དག་ལྡན། །དེ་སྐད་གསུངས་ནས་འཇིག་རྟེན་མགོན། །སྟོང་པ་ཉིད་ཀྱི་གནས་ལ་བཞུགས། །དེ་ནས་ཡང་དེའི་ཚེ་འཕགས་པའི་གཙོ་བོ་དོན་ཡོད་ལྕགས་ཀྱུས་གསུངས་པ། ཕྱི་མའི་དུས་ན་སྣ་ཚོགས་པའི། །བློ་གྲོས་ངན་པ་བསྐྱེད་པས་ན། །ལྷ་མོ་སྒྱུ་འཕྲུལ་སྲས་ཀྱིས་བསྟན། །ཤིན་ཏུ་ནག་པོའི་དྲི་མར་བྱས། །བརྗོད་པ་སྣ་ཚོགས་ཐ་དད་དེ། །སྐྱེ་བོ་ཐ་དད་སྤྱོད་ལ་བསྔགས། །དེ་ཕྱིར་དེ་ལྟར་སྤྱོད་རྣམས་ལ། །དབང་པོ་མེད་པར་རྣམ་པར་འཁྲུགས། །འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །ནམ་ཡང་ཐོས་པ་མེད་དེ་ནི། །གཞན་ཡང་དཀའ་བས་འགྲུབ་པ་དང༌། །ངལ་བ་འབའ་ཞིག་བསྐྱེད་པར་བྱེད། །ཤིན་དུ་སྒྲིབ་བྱེད་ཀྱིས་བསྒྲིབས་པས། །ཡི་དྭགས་སོགས་ཀྱང་ལྐོག་གྱུར་ན། །ལྷ་རྣམས་སྨོས་ཀྱང་ཅི་དགོས་ཏེ། །རྟོག་གེ་ཕྲན་ཚིག་འཇུག་ཤེས་ཉིད། །དེ་ཙམ་གྱིས་ཀྱང་གྲུབ་པར་བལྟ། །འཕགས་པའི་སྐྱེ་བོ་ཡིད་ཀྱི་ལུས། །མཐོང་བའི་སྤྱོད་ཡུལ་ནམ་ཡང་ཅི། །དོན་མཆོག་འདོད་པའང་རྙེད་མི་འགྱུར། །འདི་ནི་བྱང་གི་ཕྱོགས་ཆ་ན། །ཀེ་ལ་ཤ་ཡི་རི་བོའི་ངོགས། །གྲོང་ཁྱེར་ཀ་ལ་པ་ཞེས་ཡོད། །རྟག་ཏུ་བདེ་ཞིང་འབྱོར་བ་ཡིན། །


TNT20_Page_0744
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་རྒྱལ་བའི་སྲས་པོ་མང༌། །མི་བདག་གཙོ་བོ་མཆོག་འཕགས་ཏེ། །དེ་ན་རྟག་ཏུ་ཆོས་དང་ལྡན། །གཡོ་སྒྱུ་མེད་ཅིང་ཕྲ་མ་མེད། རིགས་དང་རིགས་མིན་དབྱེན་མེད་དེ། །གཟུགས་ལྡན་སྟོབས་དང་ལྡན་པ་ཡིན། སྐྱེ་བུའི་བགྲོད་པ་དཔག་ཚད་བཅུ། །རྟ་ཡི་ཉི་ཤུ་པོ་ལྡན་གྱི། །ལྔ་བཅུའི་ལམ་དེ་ཉིན་གཅིག་ལའོ། །ཡམས་དང་ཉེར་འཚེ་ཡོངས་མེད་དེ། །འཕྲོག་བྱེད་ལག་ན་རྡོ་རྗེ་སོགས། །ཉིན་རེ་རྟག་ཏུ་བསྲུང་བར་བྱེད། །རྣམ་པར་འདྲེན་པའི་བསྟན་བཅོས་ནི། །ཕྱོགས་དེ་དག་ཏུ་རྣམ་པར་རྒྱལ། །ཤེས་རབ་ཕ་རོལ་ཕྱིན་མདོ་དང༌། །མདོ་སྡེའི་ལང་ཀའི་གྲོང་དུ་འཇུག །དགོངས་ངེས་ངེས་པར་སྟོན་པ་དང༌། །འདུས་པ་ཆེན་པོའི་ཚོགས་ཀྱི་སྡེ། །སྒྲིབ་པ་རྣམ་པར་སེལ་བ་ཡིས། །མངོན་དུ་བྱེད་པའི་དཀོན་མཆོག་སྤྲིན། །བདེན་པའི་ལེའུ་མཆོག་གི་རྒྱུད། །དྲག་ཤུལ་སྟོབས་དང་ལྡན་པ་ནི། །སོར་མོའི་འཕྲེང་བའི་ཆེད་གསུངས་དང༌། །སྡོང་པོ་བརྒྱན་པ་ལ་སོགས པ། །ཐམས་ཅད་ཡུལ་དེ་ལས་རབ་འབྱུང༌། །འོད་དཔག་མེད་པའི་འཇིག་རྟེན་དང༌། །མངོན་དགའི་བཀོད་པ་གསལ་བ་དང༌། །རྣམ་སྣང་མཛད་པའི་ཞིང་ཁམས་ནི། །རྒྱན་གྱི་བཀོད་པར་བཅས་པ་དང༌། །སྟུག་པོ་བཀོད་པའི་མདོ་སྡེ་དང༌། དབང་ཕྱུག་ཆེན་པོའི་བཤད་པ་ནི། །གནས་གཙང་ཆེན་པོ་ལ་སོགས་པར། །རྡོ་རྗེ་སྙིང་པོའི་བཤད་དེ་ནི། །ཕལ་པོ་ཆེ་ཡི་མདོ་སྡེ་རྣམས། །ཐམས་ཅད་དེ་ན་རྣམ་པར་དཔྱོད། །གང་ལ་དཔེ་ནི་འབུམ་དྲུག་གིས། །གསལ་བར་བྱས་པ་ཕྱི་མའི་


TNT20_Page_0745
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། །དེ་བཞིན་གཤེགས་རྣམས་སྙིང་པོའི་དོན། །ཕྱིར་མི་ལྡོག་པའི་གཏམ་ཡང་ཡིན། །ཕ་རོལ་ཕྱིན་པ་དྲུག་གི་མདོ། །སྟོང་ཕྲག་ལྔ་བཅུར་ལྡན་པ་ཡོད། །རིག་པ་འཛིན་པའི་སྡེ་སྣོད་ནི། །འབུམ་ཕྲག་ཉི་ཤུ་དེར་སྤྱོད་དེ། །དེ་དག་རྗེས་སུ་འཇུག་པ་ཡིན། ངེས་པར་བསྟན་པ་འབུམ་ཕྲག་བརྒྱ། །མཁའ་དང་མཉམ་པ་རྒྱུད་ཀྱི་རྒྱལ། དངོས་གྲུབ་ངེས་པར་བསྟན་པ་ཡི། །དགེ་བས་རྡོ་རྗེ་ཆེན་པོ་དང༌། །རྗེས་སུ་རིགས་པ་རྣལ་འབྱོར་རྒྱུད། །བདེ་གཤེགས་ཀུན་གྱི་འདུས་པ་ནི། །སྟོང་ཁྲག་ཉི་ཤུ་རྩ་ལྔ་པ། །དམ་པ་དང་པོ་སངས་རྒྱས་རྒྱུད། །སྒྱུ་འཕྲུལ་དྲྭ་བ་ཉེར་གཉིས་པ། རྒྱལ་བ་རྒྱ་མཚོ་རྣམ་དབྱེ་བ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཀྱི། །རྣམ་པར་ཕྱེ་བ་བརྒྱད་པོ་རྣམས། ཁྲི་ཕྲག་གཉིས་དང་སྟོང་ཕྲག་ནི། །གཅིག་སྟེང་དྲུག་བརྒྱའི་ལྷག་པའི་ལམ། །ལྷག་པའི་བརྒྱ་ཕྲག་མང་པོར་ནི། །ཕྱོགས་དེར་མངོན་གསུམ་སྤྱོད་པའོ། །ཕྱག་ན་རིན་ཆེན་བློ་ཡི་བདག །སྤོས་ཀྱི་གླང་པོ་མ་ཕམ་པ། །བདེ་ལྡན་དབང་ཕྱུག་ནམ་མཁའ་མཛོད། །རྡོ་རྗེ་གཟི་བརྗིད་རྡོ་རྗེ་སྙིང༌། །གནོད་སྦྱིན་གཙོ་བོ་ལ་སོགས་པས། །དེ་རྣམས་རྗེས་སུ་འཇུག་པ་ཡིས། །ཚིག་རྣམས་དུ་མ་རྣམ་པར་ཕྱེ། །ནན་ཏན་ཆེན་པོས་གཏད་པས་ན། །མ་ལོག་དོན་ཆེན་འཚོལ་བ རྣམས། གངས་རིའི་དབང་པོ་དེར་སོང་ནས། །མི་བདག་གྲུབ་པ་རྣམས་ལ་དྲིས། །གདོན་མི་ཟ་བར་དོན་འགྲུབ་ཉིད། །དེ་ནས་འཕགས་མ་རྡོ་རྗེ་སྲིན་མོ་རལ་གཅིག་མས་ཞུས་པ། ཀྱཻ་རྒྱལ་བའི་སྲས་པོ་མ་འོངས་


TNT20_Page_0746
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ལྔ་བརྒྱ་ཐ་མ་ལ། དེ་བཞིན་གཤེས་པའི་རྗེས་སུ་འཇུག་པ་རྣམས་ཀྱང༌། མུ་སྟེགས་ཅན་གྱི་གསང་ཚིག་འཚོལ་བ་ལ་མངོན་པར་མོས་པས་མཆོག་ཏུ་གསང་བའི་དོན་ལས་ཕྱིར་ཕྱོགས་པ་དེ་དག་ཡང་དག་པའི་ལམ་ལ་གཟུང་བ་དང༌། མཆོག་གི་སྐལ་བ་གང་དག་རང་དང་གཞན་ལ་ཕན་པའི་དངོས་གྲུབ་ཀྱི་རྒྱུར་གྲོང་ཁྱེར་ཀ་ལཱ་པར་འགྲོ་བའི་ཐབས་དེ་ཡང་དག་པར་བསྟན་ཏུ་གསོལ། དགེ་བསྙེན་རྣམ་པར་མི་རྟོག་པ་ཞེས་བྱ་བ་དང༌། བཟང་པོ་སྦས་པ་ཞེས་བྱ་བ་ལ་སོགས་པ་ལྔ་བརྒྱ་པོ་འདི་རྣམས་ཀྱི་དངོས་གྲུབ་མཆོག་གི་དོན་དང༌། ཕྱི་མའི་དུས་ཀྱི་རིག་པ་འཛིན་པའི་སྡེ་སྣོད་ལ་ཞུགས་པ་མང་པོ་དག་གི་བདེ་བར་འགྱུར་བ་དང༌། ཕན་པར་འགྱུར་བ་དང༌། གྲུབ་པ་མཆོག་ཏུ་གྲུབ་པ་བླ་ན་མ་མཆིས་པའི་སླད་དུ་བཤད་པར་གསོལ། རབ་ཏུ་བཤད་པར་གསོལ། ལེགས་པར་བཤད་དུ་གསོལ། དོན་ཡོད་ལྕགས་ཀྱུས་གསུངས་པ། སྔགས་རིག་རྣམས་ལ་ཕན་པའི་ཕྱིར། ཁྱེད་རྣམས་ལེགས་པར་མཉན་པ་དང༌། །ལྔ་བརྒྱའི་ཚོགས་རྣམས་ང་ལ་ཉོན། །ཕྱི་དུས་དོན་ཆེན་འདིར་འབྱུང་ངོ༌། །འདིར་སྒྲུབ་པ་པོ་གང་ཟག་གི་ལེགས་པའི་ལམ་ལ་གནས་པ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང༌། དཀྱིལ་འཁོར་དུ་དབང་བསྐུར་བ། རིག་པའི་ཆོ་ག་ཤེས་ཤིང༌། དམ་ཚིག་ལ་ཡང་དག་པར་གནས་པ། དེ་བཞིན་གཤེགས་པས་བསྟན་པའི་རྒྱུད་ལ་མངོན་དུ་ཕྱོགས་པ་གསལ་བ། ཡིད་གཞུངས་པ། ཤེས་པ་དང་ལྡན་པ་དེས། དང་པོར་འདོད་པའི་ལྷ་མཉེས་པར་བྱའོ། །དེའི་


TNT20_Page_0747
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་གྱུར་བའམ། རྨི་ལམ་དུ་མཐོང་བ་ཡིན་ཀྱང་རུང་སྟེ། འདོད་པའི་ལྷ་ལས་ནན་དུ་གནང་བ་ཐོབ་པར་གྱུར་ན། ཀེ་ལ་ཤར་འཇུག་པའི་ཐབས་ལ་བརྩོན་པར་བྱ་བའི་གཞན་དུ་ན་ཀུན་ནས་ཉོན་མོངས་པར་འགྱུར་རོ། །རབ་ཏུ་མི་གསལ་བསམ་གཏན་དང༌། །བཟླས་བརྗོད་སྟོབས་ཀྱིས་དམན་པ་དང༌། །མཚན་མའི་དགེ་བས་བོར་བ་གང༌། །འདོད་པའི་གོ་འཕང་གྲུབ་པ་མེད། །ངན་པའི་ལམ་གྱི་ཁེངས་པ་དག །ཆོ་ག་ཙམ་གྱི་འགྲུབ་པར་ལྟ། །བྱིས་རྨོངས་འཇིམ་པའི་གོང་བུ ལ། །འཛེགས་ནས་ཟླ་བ་འཛིན་པར་འདོད། །ཅི་སྟེ་གནང་བར་གྱུར་ན་འཕགས་པ་འཇམ་དཔལ་གྱི་སྙིང་པོ་འབུམ་ཕྲག་བརྒྱད་བཟླས་ཤིང༌། ཨུ་དུམ་ཝ་རའི་སྦྱིན་བསྲེག་ཀྱང་ཁྲི་ཕྲག་བརྒྱད་བྱའོ། །བགེགས་རྣམས་འཇོམས་པའི་དོན་དུ་བདུད་རྩི་འཁྱིལ་བའི་རིག་པ་འབུམ་ཕྲག་བཟླ་ཞིང༌། སྦྱིན་བསྲེག་ཀྱང་ཁྲི་ཕྲག་གཅིག གོ །སྡང་བ་ཐམས་ཅད་རབ་ཏུ་འཇིགས་པའི་དོན་དུ་ཁྲོ་བོ་ཆེན་པོ་རབ་ཏུ་མི་བཟད་པ་གཤིན་རྗེ་མཐར་བྱེད་ཀྱི་རིག་པ་འབུམ་དུ་བཟླ་ཞིང༌། དེ་ནས་ཐོག་མ་ཉིད་དུ་ཀེང་ཤུ་ཀའི་སྦྱིན་སྲེག་སྟོང་ཕྲག་གཅིག་འབུལ་ལོ། །དེའི་འོག་ཏུ་བཱ་ཊའི་ཤིང་གི་སྟོང་ཕྲག་བཅུའོ། །དེའི་འོག་ཏུ་ནི་ཙནྡན་དམར་པོ་དང༌། ཨ་བྷ་རའི་ཁུ་བ་ལ་སོགས་པ་རྨད་དུ་བྱུང་བའི་གཏོར་མ་དང་སྦྱིན་སྲེག་སྟོང་ཕྲག་བཅུས་མཉེས་པར་བྱ། དེ་ཐམས་ཅད་དུ་འདོད་པའི་དོན་ལ་གསོལ་བ་གདབས་པར་བྱའོ། །སྒྲུབ་པོ་གང་ཟག་གི་ཆོ་ག་རྣམས་


TNT20_Page_0748
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཤིང༌། རང་ཉིད་དངོས་གྲུབ་མཆོག་གི་དོན་དང༌། ལྷོ་ཕྱོགས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར། གྲོང་ཁྱེར་ཀ་ལཱ་པར་འཇུག་པར་འདོད་པས། སྡིག་མེད་ཅིང་གཡོ་སྒྱུ་མེད་པ་དེ་དག་ནི་འཆད་པར་འགྱུར་བའི་རིམ་པ་འདིས། ངེས་པར་དེར་ཕྱིན་པར་འགྱུར་གྱི། བར་མ་དོར་ཉེས་པར་མི་འགྱུར་རོ། །གལ་ཏེ་བདག་གི་ཚིག་འདི་བརྫུན་པར་གྱུར་ན་བདག་གི་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །ཅི་སྟེ་མཆོག་འཁྲུལ་བའམ། སྡིག་པའི་སེམས་དང་ལྡན་པ་གཅིག་ཡིན་ན་ནི། ཀླུ་ཕྲན་ནམ། ལྟོ་ཕྱེའམ། གནོད་སྤྱིན་ནམ། འབྱུང་པོའམ། ལྷ་གང་དག་གཏུམ་པོ་རྣམས་ཀྱི་ཆད་པ་ཐོབ་པ་འགྱུར་གྱི་སྒྲུབ་པ་ནི་ནམ་ཡང་མ་ཡིན་ནོ། །འདི་གྲུབ་པ་ནི་དཀའ་བ་མིན། །འབྱོར་བའི་ཁྱད་པར་གཞན་དང གཞན། །སྔགས་དང་རླུང་གི་ལས་རྣམས་ཏེ། །རྒྱུད་ཀྱི་བགྲོད་པ་གཞན་ཡིན ནོ། །ཤིན་དུ་ཉམས་ཆུང་འདི་མི་འགྲུབ། །སྒྲུབ་པོ་ནུས་ལྡན་འགྲུབ་འདོད པས། །མ་གྲུབ་དེ་ལྟར་ལེགས་ཐོབ་འགྱུར། །རིག་པའི་ཆོ་ག་འདི་ཡིས་སོ། །དེ་ནས་སྒྲུབ་པ་པོ་དེས། གང་དུ་དེ་བཞྀན་གཤེགས་པ་རྣམས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཤིང་ཨ་ཤད་ཐ་ལ་མཆོད་པ་སྟོང་གིས་ཡང་དག་པར་མཆོད་ནས། ལམ་དུ་འཇུག་པར་བྱ་སྟེ། གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱ་མཚོར་རཏྣ་སཱ་ག་ར་ཞེས་བྱ་ལ། དེད་དཔོན་མཆོག་དང་ལྷན་ཅིག་གྲུ་ལ་ཞོན་པས་བྱང་ཕྱོགས་སུ་བགྲོད་དེ། གླིང་སི་ཀོ་དྷ་ར་ཞེས་བྱ་བ་དང༌།


TNT20_Page_0749
[མ་དཔེ་གཟིགས་ན་འདིར་གནོན།]

དྷ་ན་ཀོ་ཥ་ཞེས་བྱ་བའི་གླིང་དུ་བགྲོད་པར བྱའོ། །གླིང་དེའི་ནུབ་ཕྱོགས་ན་ཀླ་ཀློའི་གྲོང་ཡོད་དེ། སྒྲུབས་པ་པོ་དེར་འགྲོ་བར་མི་བྱ་ཞིང༌། ཤར་གྱི་ཕྱོགས་ལ་ཉེ་བར་བརྟེན་པའི་གྲོང་ཁྱེར་དུ་ཟླ་བ་དྲུག་སྡོད་པར་བྱའོ། །དེ་ན་བདེ་བར་གཤེགས་པ་གསེར་ཐུབ་ཀྱི་མཆོད་རྟེན་ཡོད་དེ། དེ་ལ་བསྐོར་བ་སྟོང་ཕྲག་ལྔ་བྱས་ཏེ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་འདོན་པར་བྱའོ། །དེ་ནི་འདི་ཡིན་ཏེ། ན་མ་སྟྲཻ་ཡཱ་དྷཱི་ཀ་ནཱཾ། ཏ་ཐཱ་ག་ཏཱ་ནཾ། སརྦ་དྲ་ཨ་པྲ་ཏི་ཧི་ཏ། བིསྟ་དྷརྨ་ཏཱ་བ་ལི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོ྅། ཨ་ནནྟ་བཱསྟི་ཤཱ་ས་ན། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། མི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། དྲ་ཡ་དྲ་ཡ་ག་ག་ན། མཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་སཱ་ག་རེ་སྭཱ་ཧཱ། དད་པ་སྟོབས་ཞན་དེ་དང་དེས། །ནམ་ཡང་འགྲུབ་པ་ཡོད་མ་ཡིན། །ཆོ་ག་མི་སྨོད་གཞན་ལ་མིན། །ལྷ་དང་ཆོས་ལ་འཕྱས་མི་གདགས། །ངེས་པར་འགྲུབ་སྙམ་ཡིད་བརྟན་དང༌། །ཤིན་ཏུ་དད་པའི་ཤུགས་སྟོབས་ཀྱིས། །འབྱོར་བ་དང་ནི་གྲོལ་བ་སྟེ། དགེ་ཆོས་འཇོམས་ལ་ནམ་ཡང་མིན། །དེ་ནས་སྒྲུབ་པ་པོ་དེ་གྲུའི་བགྲོད་པས། བྷ་ར་ཏིའི་དུམ་བུ་འདི་ཉིད་དུ་འོང་བར་བྱ་སྟེ། གཞན་དུ་ན་ནོར་གྱི་མཛོད་ཅེས་བྱ་བའི་གླིང་དེ་ཉིད་ལས་བྱང་གི་ཕྱོགས་ལ་ཉེ་བར་བརྟེན་པའི། གླིང་གཞན་དང་ཡུལ་མཐའ་གཞན་མང་པོ་དག་ནི་ལེགས་པར་སྤྱོད་པ་མ་ཡིན་པའི་ཕྱིར་རོ། །


TNT20_Page_0750
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་པོ་ཀུན་དུ་འཁྱམས་པར་འགྱུར་རོ། །དེ་ལ་གླིང་འདི་ནི་ཆུ་ཀློང་སྔོན་པོ་ཞེས་བྱ་བའི་མཚོ་དང་འབབ་ཆུ་དག་དང་ཤར་ནུབ་ཏུ་ཐད་མཉམ་པ་ཡིན་ཏེ། དེའི་ཕྱིར་དབང་པོའི་ཕྱོགས་བོར་ནས་སྒྲུབ་པ་པོ་དབང་ལྡན་གྱི་ཕྱོགས་སུ་འགྲོའོ། །གྲོང་ཁྱེར་རུག་མ་དང༌། རཱ་པ་རི་དང༌། ཀ་ཊི་ཀཱི་ལ། མ་དྷུ་ཝཱན་དྷ་ལ་སོགས་པ། བྱང་ཕྱོགས་ནས་བྱང་ཕྱོགས་སུ་ཟླ་བ་དྲུག་ཏུ་བགྲོད་པར་བྱ་སྟེ། དེ་དག་གི་ཕ་རོལ་ན་ཆུ་བོ་ཆེན་པོ་ས་ཏྲུ་ཞེས་བྱ་བ་དང༌། ཀ་རི། ཀ་ཀཱ་རི་ཞེས་བྱ་བ་གངས་ཀྱི་རི་ཡོད་དེ་དེ་དག་ལས་ཀྱང་བརྒལ་བར་བྱའོ། །ཡུལ་འཁོར་དེ་རྣམས་ན་གནས་པའི་མི་རྣམས་ནི། དྲང་པོའི་རང་བཞིན་ཅན་གྱི་ཕྱིར། བགྲོད་པར་དཀའ་བ་མ་ཡིན་ཞིང་འཇིགས་པ་ཡང་མེད་དོ། །རི་དེ་ལ་རུ་ཛ་ན་ཡ་ཞེས་བྱ་བའི་སྨན་རོ་མཆོག་ཏུ་མངར་བ་དང༌། ཏཱི་ལ་ཀ་ཞེས་བྱ་བ་ཤིན་དུ་ཁ་བ་སྟེ། དེ་དག་ཀྱང་འོ་མ་ལྟར་འཛག་པ་དག་ཡོད་དོ། གང་གི་མེ་ཏོག་ཉི་མ་འཆར་ཀའི་མདངས་ལྟར་རབ་ཏུ་དམར་བ། དེའི་འདབ་མ་ཡང་དགྲ་སྟྭའི་སོ་ལྟ་བུ། ཚེར་མ་རྣོན་པོ་ཅན། ལྷོ་ངོས་སུ་མངོན་དུ་ཕྱོགས་པའི་བྲག་ལས་འབྱུང་བ་དེ་ནི་རུ་ཛ་ན་མ་ཡིན་ནོ། །ངམ་གྲོག་དག་གི་ངོས་ལ། འཕྱངས་ཞིང་འཕྱང་ན་མ་ཧེ་མོའི་ནུ་མ་ལྟ་བུའི་མེ་ཏོག་དཀར་པོ་དང་ལྡན་པ་ནི། ཏཱི་ལ་ཀའོ། དེ་དག་གི་ཕྱོགས་བཞིར། རྡོ་རྗེ་སྲིན་པོ་སྟོབས་པོ་ཆེའི་རིག་སྔགས་ལན་བདུན་བཟླ་བཞིན་དུ། ཤིང་བ་ཏ་ལའི་ཕུར་བུས་བཏབ་ནས། དེ་དག་གི་བ་ཐག་དབྱུང་


TNT20_Page_0751
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །ཞག་བདུན་དུ་དེ་དག་ཡོངས་སུ་སྐམ་པར་བྱས་ནས། བྲག་གི་ཕུག་པར་བདུད་རྩི་ཐལ་སྦྱོར་བཟླས་པས་བསྲུང་ཞིང་སྦ་བར་བྱའོ། །ཕྱོགས་དེ་ན་བཙག་ཁ་དོག་ལྔ་པོ་ཡོད་དེ། དཀར་པོ་དང་སེར་པོ་དང་དམར་པོ་དང་ནག་པོ་དང་ལྗང་ཁུ་དག་སྟེ། དེ་དག་བླངས་ནས་གངས་ཀྱི་ཆུ་བོས་ཁྲུས་བྱས་ནས་རྡོ་ལེབ་དཀར་པོ་ཞིག་ལ་ལྷ་མོ་འོད་ཟེར་ཅན་མའི་སྐུ་གཟུགས་བྲི་བར་བྱ་སྟེ། མདོག་གསེར་བཙོ་མ་ལྟ་བུ་ཀ་ར་བཱི་རའི་མེ་ཏོག་ལྟར་དམར་པའི་སྤྱན་གསུམ་པ། གཡས་ཀྱི་ཞལ་དམར་པོ། གཡོན་གྱི་ཞལ་ནི་ཕག་གི་གདོང་ནག་པོ་རབ་ཏུ་འཁྲོས་པ། དར་སྔོན་པོའི་ག་ཤ་འཕྱང་བ། ནམ་མཁའི་ཕྱག་རྒྱ་ཅུང་ཟད་གསལ་བར་བྱེད་པའི་ལྷ་དང་ལྷ་མ་ཡིན་དང་དབང་ཕྱུག་རྣམས་དབང་དུ་བྱེད་པ། ཕྱག་དང་པོ་གཉིས་ཀྱིས་མེ་ཏོག་གི་མདའ་དང་གཞུ་འགེངས་པ། བར་མ་གཉིས་ཀྱི་ཁབ་དང་སྐུད་པ་དང་མྱ་ངན་མེད་པ་བསྣམས་པ། ཐ་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊཱཾ་ག་ལྟེ་བའི་གཡས་གཡོན་དུ་འཛིན་པ། ཕག་གི་སྟེང་ན་སྡང་བ་དང་གདུག་པ་ཅན་ཐམས་ཅད་ཡོངས་སུ་གནོན་པ། འདི་ལྟ་བུ་བྲིས་ནས་ཆོ་ག་ཇི་ལྟ་བུས་མཆོད་པ་དང་བཟླས་པ་བྱའོ། །དེ་ལ་སྔགས་འདི་ཡིན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏ་དྱ་ཐཱ། ཨོཾ་བ་ཏཱ་ལི་བ་དཱ་ལྀ། བ་ར་ལི་བ་ར་ཧ་མུ་ཁི་སརྦ་དུཥྟན་པྲ་དུཥྟན་བནྡྷ་བནྡྷ་མུ་ཁཾ་སྭཱཧཱ། ཞེས་པ་འདི་ཨ་ཤོ་ཀའི་ཤིང་དང་མེ་ཏོག་དམར་པོ་བརྒྱ་ཕྲག་ལྔས་སྦྱིན་སྲེག་བྱའོ། །སྙིང་


TNT20_Page_0752
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྔགས་འདི་ཡང་ཁྲི་ཕྲག་བཟླས་པ་བྱ་སྟེ། ཨོཾ་བཛྲ་བྷཻ་ཏཱ་ལི་ཧཱུཾ་ཕཊ། ཚངས་པར་སྤྱོད་ལ་ལེགས་གནས་ནས། །སྙིང་རྗེས་སྒྲུབ་པ་ལེགས་པ་སྟེ། །གདུག་ལ་གདུག་པ་ངེས་སྦྱོར་ལ། །རྟག་ཏུ་བྱམས་པའི་ཡིད་ཀྱིས་སོ། །གང་གང་འདུལ་བ་དེ་དང་དེ། །སྔགས་པའི་རབ་སྦྱོར་དེ་དེའོ། །ཉོན་མོངས་སྤྱོད་ལས་ནམ་ཡང་མིན། །ནང་གི་བདག་ཉིད་དུལ་བས་སོ། །དེའི་འོག་ཏུ་བདུད་རྩི་འཛག་པའི་སྨན་དེ་དག་བཏགས་ཏེ། གངས་ཀྱི་བ་མེན་དག་གི་འོ་མ་ལྟུང་བ་ཡོངས་སུ་བསྐོལ་ནས་བཅོམ་ལྡན་འདས་མའི་སྤྱན་སྔར་བཞག་པར་བྱའོ། །སྙིང་པོའི་མཐར་བདུད་རྩི་ཐིགས་པ་སྒྲུབས་ཤིག་ཅེས་སྤེལ་བས། ལན་སྟོང་དུ་བཟླས་པར་བྱས་ན། ལྷ་མོ་ཡང་དག་པར་མཆོད་དེ་དངོས་གྲུབ་བླངས་ནས་སྨན་བཏུང་བར་བྱའོ། །ཕྱིས་ནས་སྐུ་གཟུགས་དེ་ཡང་བྱང་ཕྱོགས་ལ་བལྟས་ཏེ་བཞགས་ལ། མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་སྦ་བར་བྱའོ། །དེས་ནི་བཀྲེས་པ་དང༌། སྐོམ་པ་དང༌། ངལ་བ་དང༌། དུབ་པ་མེད་དེ། ལྷ་མོའི་མཐུ་ལས་བར་དུ་གཅོད་པ་ཐམས་ཅད་ཀྱང་བདག་གི་དབང་དུ་བྱེད་པར་འགྱུར་རོ། །དེ་ནས་བྱང་ཕྱོགས་སུ་བལྟས་ནས་ཉིན་ལམ་ཉི་ཤུ་རྩ་གཅིག་ཏུ་འགྲོ་བར་བྱ་སྟེ། ལམ་དེ་ལ་ནི་རྩྭ་ཡང་མེད། ཤིང་འགེལ་བ་ཡང་མེད། ཆུ་ཡང་མེད་དོ། །དེའི་ཕ་རོལ་ན་ནགས་འཐུག་པོ་དག་ཡོད་དེ། སྦྲུལ་དང་སྟག་ལ་སོགས་པ་གནས་པའི་འབྲོག་དགོན་པའི་ལམ་ལ་ཉི་མ་བཅུ་གཉིས་འགྲོ་བར་བྱའོ། །དེའི་ཕ་རོལ་ན་རིའི་


TNT20_Page_0753
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་གནྡྷ་ར་ཞེས་བྱ་བ་ཡོད་དེ། དཔངས་སུ་དཔག་ཚད་ཉི་ཤུའོ། །རི་དེ་ནི་སྨན་སྣ་ཚོགས་ཀྱི་གང་བ་ཡིན་ནོ། །དེ་ན་ནི་སེང་གེ་གཤོག་པ་ཅན་དག་གནས་ཏེ། ཉི་མ་རེ་རེར་ཡང་སྲོག་ཆགས་མང་པོ་དག་གསོད་པར་བྱེད་དེ། དེར་རི་དྭགས་ཀྱི་ཁྱད་པར་ཞིག་ལུས་བསྒྱུར་བ་ཞེས་བྱ་བ་ཡོད་དོ། །དེ་ལུས་ཀྱི་ཁྱད་པར་རྣམ་པ་སྣ་ཚོགས་པར་བསྒྱུར་པ་ཡིན་ཏེ། དེ་སེང་གེ་དེས་བསད་པའི་ཁྲག་ལས། རྡོ་ལེབ་ནག་པོ་ལ་སྲིན་མོ་མན་དེ་ཧ་ཞེས་བྱ་བ། རྣམ་པར་གཙིགས་ཤིང་འཇིགས་སུ་རུང་བའི་ལུས་ཅན། ཁ་དོག་འབར་བ་མི་ཡིས་པགས་པས་སྨད་དཀྲིས་ཤིང༌། ལག་པ་གཡོན་པ་ན་རལ་གྲི་འཛིན་པ། གཡས་པ་ན་བ་ལང་གི་པགས་པ་གསར་པའི་ནང་དུ་ཤ་ཁྲག་དང་སྙིང་གི་གང་བ་འཛིན་ཞིང་ཟ་བར་བྲིས་ཏེ། སྣོད་དག་ཏུ་ཤ་ཁྲག་གི་གཏོར་མ་བཤམས་པར་བྱའོ། །བདག་ཉིད་གཤིན་རྗེ་མཐར་བྱེད་མི་བཟད་པ་དབྱུག་པ་དང་ཞགས་པ་ཐོགས་པ་མ་ཧེ་ལ་གནས་པར་བྱས་ནས། ཨོཾ་ཧྲཱིཿཀཱ་ལ་རུ་པ་ཧཱུཾ་ཁཾ་སྭཱཧཱ། ཀྲིཾ་ཀ་རེ་ཀྲིཾ་ཀ་རེ། མནྡྷེཧ་རཀྵ་སཱི། ཨཱ་གཙྪ་ཨཱ་གཙྪ་ཧྲཱིཿཛ་ཞེས་སྟོང་ཕྲག་བཅུར་བཟླས་ནས། དེ་མངོན་དུ་འོང་བར་འགྱུར་ལ། ཁྲག་གི་མཆོད་ཡོན་དང་ཤའི་གཏོར་མ་དག་སྦྱིན་ལ། ཐོད་པའི་ཕྱག་རྒྱ་བསྟན་ཏེ། ཁྲོ་བོ་ཆེན་པོའི་སྟོབས་ཀྱིས་གཟིར་བར་བྱའོ། །དེས་ཀྱང་སྒྲུབ་པ་པོ་ཅི་འདོད་ཅེས་སྨྲ་བར་འགྱུར་རོ། །ཀྱཻ་སྲིན་མོ་བདག་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པས་བདེ་བར་འདོད་


TNT20_Page_0754
[མ་དཔེ་གཟིགས་ན་འདིར་གནོན།]

པས། གྲོང་ཁྱེར་ཀ་ལཱ་པར་འགྲོ་ཡི། ཡུལ་སྟོང་པ་འདི་རྣམས་སུ་ཁ་ཟས་འབྱོར་བར་གྱིས་ཤིག །དེས་ཀྱང་དེ་བཞིན་དུ་བྱའོ། །དེ་ནས་དེ་མི་སྣང་བར་གྱུར་ཏེ། ཤིང་ཨར་འཇུ་ནིའི་རྩ་བ་ལ། རབ་ཏུ་ཆགས་པ་མེ་ཏོག་ཀུནྡ་ལྟར་ཁ་དོག་དཀར་བའི་བཅུད་རོ་སྦྲང་རྩི་འདྲ་བ་དག ཉིན་མོ་དང་ནུབ་མོ་གནས་པའི་ས་དག་ལ་གནས་པར་འགྱུར་རོ། །དེ་ནས་བྱང་ཕྱོགས་སུ་གངས་ཅན་ཆེན་པོ་ཞེས་བྱ་བའི་རི་ཡོད་དེ། དཔག་ཚད་བརྒྱ་ཕྲག་གསུམ་གྱི་ཁོར་ཡུག་ཅན་དེ་ན་གནོད་སྦྱིན་རྣམས་དང༌། དཀའ་ཐུབ་ཅན་རྣམས་དང༌། གྲུབ་པ་རྣམས་དང༌། མིའམ་ཅི་དག་གིས་ཡོངས་སུ་གང་བ་ཡིན་ནོ། །ཅི་སྟེ་སྒྲུབ་པ་པོ་ཕ་རོལ་གནོན་པའི་རྫུ་འཕྲུལ་དང་ལྡན་པ་ཡིན་ན་ནི། དེར་སོང་ནས་དགའ་བར་བྱ། རྩེ་བར་བྱ། ལོངས་སྤྱོད་དག་ཀྱང་བྱ་སྟེ། དེ་ནས་མཐར་གྱི་དེ་དག་གི་ཕྲག་པ་ལ་ཐོག་ནས་གྲོང་ཁྱེར་ཀ་ལཱ་པར་ཡུད་ཀྱི་ཕྱིན་པར་འགྱུར་རོ། །ཅི་སྟེ་ཕ་རོལ་གནོན་པའི་སྟོབས་རེ་མེད་ན་ནི་དེར་འགྲོ་བར་མི་བྱ་སྟེ། རླུང་གི་ཕྱོགས་ཀྱི་ལམ་ཆེན་པོ་རབ་ཏུ་གསལ་བ་ལ་ཉེ་བར་བརྟེན་ཏེ་མྱུར་བར་འགྲོ་བར་བྱའོ། །སྲིད་གསུམ་གནས་ཀྱི་རྒྱུད་རྣམས་ནི། །བསོད་ནམས་ཆུང་ཡང་འགྲུབ་པར་སླ། །ཚངས་འཇོམས་དེ་ཡིས་གྲོགས་ཀྱང་བྱེད། །ཆེ་བའི་ཆེ་བའང་རྙེད་མ་ཡིན། །རྟག་ཏུ་དགེ་བའི་སྟོབས་དང་ལྡན། །བདག་མེད་དོན་གྱི་དེ་ཉིད་རིག །བྱང་ཆུབ་སེམས་ནི་ཡང་དག་བསྐྱེད། །མཆོག་གི་རིག་སྔགས་དེ་ཡིས་འགྲུབ། །


TNT20_Page_0755
[མ་དཔེ་གཟིགས་ན་འདིར་གནོན།]

གངས་རི་དེ་ལ་ཤར་དང་ནུབ་ཏུ་ཆུ་བོ་རབ་ཏུ་འབབ་པའི་གཞི་ལ་ལུ་མ་ཆེན་པོ་སྟོང་ཕྲག་བརྒྱད་ཅུ་དང་ཡོངས་སུ་འདྲེས་ཏེ། མཚོ་ལྟར་སྣང་ཞིང་རྒྱུ་བ་ཡང་མི་མངོན་པ་ཁ་དོག་དཀར་པོ་སྣང་བ་ཡོད་དོ། །དེ་ལ་ཆུ་བོ་སི་ཏ་ཞེས་བྱའོ། །ཆུ་ཀླུང་འདི་ནི་དཀྱུས་སུ་དཔག་ཚད་སྟོང་ཕྲག་ཕྱེད་དང་གསུམ་པ། ཤར་དང་ནུབ་ཏུ་རྒྱ་མཚོ་དུག་ཅན་པ་ལ་སོགས་ཡོངས་སུ་འཇུག་པ། ཞིང་དུ་དཔག་ཚད་ཙམ་མོ། །ཆུ་འདི་ནི་ཤིན་ཏུ་གྲང་བ་ཡིན་ཏེ། དམྱལ་བའི་འགྲོ་བ་མ་གཏོགས་པ། བྱ་དང་ཉ་ཆུ་སྲིན་ལ་སོགས་པ་སྲོག་ཆགས་འགའ་ཡང་མེད་དོ། །ཆུ་བོ་དེའི་ཚུར་འགྲམ་ན་ཟངས་ཀྱི་མདོག་ཅེས་བྱ་བའི་རི། ཕུག་པ་སྟོང་དང་ལྡན་པ་དག་ཡོད་དེ། ཤིང་རི་ཥ་ཀ་དང༌། ཀུ་ལུ་མ་ཀ་དང༌། ཏ་མ་རུ་དང༌། དེ་བ་ད་རུ་དང༌། ཤུག་པས་ཡོངས་སུ་གང་བ་ཡིན་ནོ། །རི་དེ་ལ་ནི་སྲིན་མོ་གློག་འགྱུ་མ་ཞེས་བྱ་བ་གནས་ཏེ། དེའི་ཆོ་ག་ལ་ཡང་སྔ་མ་དང་མཚུངས་པ་ལས། ལག་ན་ནི་གཏུན་ཤིང་འཛིན་པ། གླང་པོ་ཆེན་པོའི་ལུས་ལ་ཟ་བ། ཆར་སྤྲིན་གྱི་མདོག་ཅན་ཏེ། གཉྫ་དང༌། ཧ་རི་ན། ནགས་ཀྱི་བ་ལངས་དང༌། གླང་པོ་ཆེའི་ཁྲག་རྣམས་ཀྱི་བྲི་བར་བྱ་ཞིང༌། གཏོར་མ་ཡང་དེ་དག་རྣམས་ཉིད དོ། །བདག་ཉིད་རྣལ་འབྱོར་ནི་ཁྲོ་བོ་གཤིན་རྗེ་གཤེད་པོ། ཞལ་དྲུག་པ་དུས་མཐའི་སྤྲིན་དང་མཚུངས་པ། ཞབས་དྲུག་པ། ཕྱག་བཅུ་གཉིས་པ་རལ་གྲི་དང༌། དགྲ་སྟ་དང༌། གྲི་གུག་དང༌། ག་དཱ་དང༌། འཁོར་ལོ་དང༌། ཏྲི་ཤུལ་ལ་


TNT20_Page_0756
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྣམས་གཡས་ན་འཛིན་པའོ། །གཤིན་རྗེའི་དབྱུག་པ་དང༌། དུས་ཀྱི་ཞགས་པ་དང༌། ཁ་ཊྭཱཾ་ག་དང༌། ལྕགས་ཀྱུ་དང༌། ཐོད་པ་ཁྲག་གིས་གང་བ་དང༌། སྡིགས་མཛུབ་རྣམས་ནི་གཡོན་པ་ནའོ། །རྣམ་པ་འདི་ལྟ་བུ་ལས་སྔགས་འདི་ཡིན་ཏེ། ཨོཾ་སརྦ་དུཥྟ་སྟམྦྷ་ཡ་ཧཱུཾ། ན་དཱི་ཝཱ་ར་ཎི་ཀུ་མཱ་ར་ཀྲཱིཊ་རུ་པི་ཎི་བནྡྷ་བནྡྷ་ས་མ་ཡ་མ་ནུ་ས་མ་ཕཊ་ཕཊ་སྭཱཧཱ། ཞེས་པའོ། །བི་ཡུ་ཙ་ལ་ཙ་ལ། པྲ་ཙ་ལ་པྲ་ཙ་ལ། བིངྻུ་ཛི་སྭཱཧཱ། ས་ཧ་པྲ་མུ་ཁ། ས་ཧ་པྲ་བ་ཧ་བེ། ར་ར་ར་ར་རཀྵ་སི་བྷྱོཿབྷྱོཿ ཨ་ཀརྵ་ཡ་ཛཿ ཞེས་པ་ནི་སྲིན་མོའི་སྔགས་སོ། །དེ་ནས་སྒྲུབ་པ་པོ་ལམ་སྟོན་ཅིག་ཅེས་བརྗོད་པར་བྱ་སྟེ། དེས་ཀྱང་ཆུ་བོ་སི་ཏ་ལ་ལམ་སྟོན་པར་འགྱུར་ཏེ། ཆུ་ཀླུང་དེའི་རབ་ཏུ་གྲང་བས་ནི། སའི་སྟེང་གི་གངས་དང་རླུང་རེག་པ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པའི་ཕྱིར། དགུན་ཟླ་འབྲིང་པོ་ལ་ཡང་ཆབ་བྲོ་བ་ཆགས་པ་མེད་ན། སྲིན་མོའི་རྫུ་འཕྲུལ་གྱིས། དབྱར་ཟླ་དང་པོའི་ཡང་ཆབ་བྲོམ་ཤིན་དུ་བརྟན་པར་ཆགས་ནས་སྒྲུབ་པ་པོ་འཇིགས་པ་མེད་པ་ཉིད་ཀྱིས་ཆུ་བོའི་ཕ་རོལ་དུ་འགྲོ་བར་འགྱུར་རོ། །ཆུ་བོ་འདི་ནི་བྷ་ར་ཏའི་དུམ་བུ་ཞེས་བྱ་བ། གླིང་འདིའི་ཕྱེད་ཀྱི་དབུས་ལ་རྒྱུ་བ་ཡིན་ཏེ། ལྷོ་དང་བྱང་དུ་ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་དང༌། དགུ་བཅུ་རྩ་དྲུག་དག་གནས་པ་ཡིན་མོད་ཀྱི། འོན་ཀྱང་ཤར་ནུབ་ཏུ་ནི་བྱང་ཕྱོགས་ལྷག་པར་ཡངས་པ་ཡིན ནོ། །ཆུ་བོ་དེའི་ཕ་རོལ་ན་ཤིང་ཀེ་ཏ་དང༌། བཻ་ལ་དང༌། ཀ་བྷྀ་ཏ་དང༌། པ་རུ་ཥ་དང༌། བ་ད་


TNT20_Page_0757
[མ་དཔེ་གཟིགས་ན་འདིར་གནོན།]

ར་དང༌། ཀ་སི་ཏ་དང༌། ཨར་ཛུ་ན་དང༌། ཏ་ལའི་ནགས་ཚལ་དག་ཡོད་དེ། དེར་ཟླ་བ་གཅིག་ཏུ་ངལ་གསོ་བར་བྱ། རྩ་བ་དང་འབྲས་བུ་དང་ལོ་མ་དང་མེ་ཏོག་དག་ནི་བཅུད་དང་ལྡན་པ་དང་མཐུ་དང་ལྡན་པ་དག་ཡིན་ནོ། །དེར་ལྷ་མོ་སྐུལ་བྱེད་མའི་རིག་པ་སངས་རྒྱས་བྱེ་བ་ཕྲག་བདུན་གྱིས་བྱིན་གྱིས་རླབས་པ། ཡི་གེ་དགུ་པའི་གཟུངས་སྔགས་སྟོང་ཕྲག་ལྔ་བཟླས་པས། སྒྲུབ་པ་པོ་རང་གི་ཡན་ལག་ལས་ཁྲག་ནག་པོ་ནག་པོར་སྣང་བ་དག་ཟག་པར་འགྱུར་རོ། །ཅི་སྟེ་རྨི་ལམ་དུ་དེ་ལྟར་གྱུར་ན་ཡང་རུང་སྟེ། ལུས་ནད་མེད་ཅིང་སྟོབས་དང་ལྡན་པ་དང༌། ཤིན་དུ་ཡང་བར་འགྱུར་རོ། །དམ་ཚིག་རྣམ་པར་སྤོང་དང་བླ་མ་སྨོད། །དུས་མིན་འཆི་དང་དམྱལ་བ་བརྒྱད་པར་འགྲོ། །དཀྱིལ་འཁོར་མ་མཐོང་དབང་བསྐུར་དམན་པ་ཡང༌། །རིག་སྔགས་སྦྱོར་བ་ནམ་ཡང་གྲུབ་པ་མེད། ཁེངས་ཤིང་ང་རྒྱལ་ཁྲོ་ལ་མི་བདེན་པ། །དངོས་གྲུབ་ཐོབ་ཅེས་རྒྱལ་བས་མི་གསུངས་ཏེ། །མི་རྟག་སྡུག་བསྔལ་སྟོང་པའི་དོན་སེམས་པ། །མི་དེ་དག་ནི་མྱུར་འགྲུབ་འཕགས་རྣམས་གསུངས། །རིགས་དང་གཟུངས་དང་ནོར་བུ་དབང་ཕྱུག་དང༌། །ཆོས་དང་རིག་པ་སྔགས་ཀྱི་མྱོས་པ་སྤངས། །རྨི་ལམ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་བཞིན། བྱེད་པོ་བྱ་བ་དང་ནི་ལས་རྣམས་མཐོང༌། །མ་ཆགས་དུལ་དང་ཡང་དག་མཉམ་པའི་སེམས། །མཆོད་དང་སྦྱིན་པ་བཟོད་དང་བརྩོན་འགྲུས་བསྐྱེད། །བདག་དང་བདག་གིས་


TNT20_Page_0758
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་ལ་མངོན་དགའ་བ། །དེ་དག་དངོས་གྲུབ་མཆོག་ལ་རེག་པར་འགྱུར། །ཡང་དེ་ནས་ནགས་ཚལ་དེ་ལས་ཁདྦུ་ཛའི་འབྲས་བུ་གསེར་གྱི་མདོག་དང་མཉམ་པར་དག་བླངས་ཏེ། ལམ་རྒྱགས་སུ་འཁུར་བར་བྱའོ། །འདིར་ནི་སྒྲུབ་པ་པོ་རང་ཉིད་ཀྱིས་ཅི་ཙམ་ལེན་ནུས་པ་དེ་འཁུར་བར་བྱ་བའི་ནམ་ཡང་ལྕིད་ཀྱིས་ནོན་པར་མི་འགྱུར་བས། མི་ཐེག་པར་དོགས་པ་མི་བྱའོ། །ནགས་དེ་ཉིད་བར་མཚམས་མེད་པར་གངས་ཀྱི་རི་ཆུང་ངུ་དག་གྲལ་དུ་བསྒྲིགས་པས་ཤར་ནུབ་ཀྱི་རྒྱ་མཚོའི་བར་ཁྱབ་པ་ཡིན་ནོ། །དེ་དག་ལས་ཆུ་འབབ་པ་ཐམས་ཅད་ཀྱང་ལྷོ་ཕྱོགས་ཀྱི་ངོས་སུ་འབབས་པ་ཡིན་པས། དེ་དག་ཏུ་ཆུ་མང་པོ་ཅན་ནོ། །རི་དེ་དག་ལས་བརྒལ་ནས་བྱང་ཕྱོགས་སུ་དཔག་ཚད་ལྔ་བཅུ་ཚུན་ཆད་ན་ནི་འཐུང་དུ་རུང་བའི་ཆུ་མེད་པ་ཡིན་ནོ། །འོན་ཀྱང་སྒྲུབ་པ་པོ་དེ་ལུས་སྟོབས་དང་ལྡན་པ་དང་ཡང་པའི་ཕྱིར། ཞག་བདུན་དུ་ཐང་ཆེན་པོའི་ཕ་རོལ་དུ་ཕྱིན་པར་འགྱུར་ལ། ཁདྦུ་ཛའི་འབྲས་བུ་དེ་ཟོས་པའི་བཀྲེས་པ་ཡང་མེད། སྐོམ་པ་ཡང་མེད་དོ། །ཐང་དེ་འདས་པ་ན། སྔོན་མང་དུ་ཁྱེར་དུ་ཟིན་ཡང་རུང་སྟེ། འབྲས་བུ་དེ་ཡང་ཟད་པར་འགྱུར རོ། །དེའི་ནུབ་ཀྱི་མཚམས་ན་རི་བོ་ཤིན་དུ་དཀར་བ་ནགས་ཚལ་ཡིད་དུ་འོང་བ་དུ་མས་མཛེས་པ་ཞིག རྒྱང་རིང་མོ་ནས་མཐོང་བར་འགྱུར་མོད་ཀྱི། སྒྲུབ་པ་པོ་དེར་འགྲོ་བར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། སྲིན་མོ་ཟངས་ཀྱི་མཆུ་ཅན་ལྔ་བརྒྱ་དག་གནས་ཏེ། ལྷ་མ་ཡིན་གྱི་ཕོ་ཉ་མོ་དེ་དག་གི་སྒྲུབ་པ་པོ་ལ་


TNT20_Page_0759
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་བར་བྱེད་པའི་ཕྱིར་རོ། །དེ་ལྟ་བས་ན་བྱང་ཕྱོགས་དྲང་པོའི་ལམ་པོ་ཆེ་བཟུང་ནས་འགྲོ་བར་བྱའོ། །ཉི་མ་གཅིག་གིས་རི་བོ་ཀི་ཏེ་ར་ཕྱིན་པར་འགྱུར་རོ། །དེ་ཡང་ཁ་དོག་ནག་ཅིང་དམ་པ་འཇིགས་པ་བསྐྱེད་པར་བྱེད་པ། ཀ་བ་བཙུགས་པ་ལྟ་བུ་དཔག་ཚད་བཅུའི་དཔངས་དང་ལྡན་པ་ཡོད་དོ། །རི་དེའི་ནང་ནི་གསེར་དངུལ་འབའ་ཞིག་གིས་གང་བ་ཡིན་ཏེ། དེའི་ཕྱོགས་བཞི་ན་ནི་པདྨ་དང་ཨུཏྤ་ལའི་མཚོ། ངང་པ་དང་ཙ་ཀྲ་བཱ་ག་དང༌། ཀ་རཱནྚ་ལ་སོགས་པ། ཆུ་ལ་རྒྱུ་བའི་འདབ་ཆགས་གཟུགས་དང་ཁ་དོག་མཛེས་པ་སྐད་སྙན་པས་གང་བ་དག་ཡོད་དོ། །རི་དེ་ལ་འཇིག་རྟེན་སྐྱོངས་བ་འཕགས་སྐྱེས་པོ་དུས་དུས་སུ་དགའ་ཞིང་བརྩེ་བར་བྱེད་པ་ཡིན་ཏེ། ལྷ་མིན་གྱི་ལང་ཚོ་མ་དག་དང༌། གདུག་ཅིང་གཏུམ་པའི་ཀླུ་རྣམས་ཀྱི་བུ་མོ་སྡུག་གུ་སྟོང་སྙེད་ཀྱིས་མཆོད་པར་བྱེད་དོ། །དེའི་འཁོར་དུ་གཏོགས་པའི་ཡི་དྭགས་མཐུ་ཆེ་ཞིང༌། སྡུག་བསྔལ་ཆེ་བ་མང་པོ་དག་ཀྱང་ཡོད་དེ། དེར་སྒྲུབ་པ་པོ་ཅི་སྟེ་འབྱོར་བར་གྱུར་ན་ནི། རྩ་མདང་འབྲས་བུ་རྣམས་དང་ན་རི་ཀོ་ལོའི་འབྲས་བུ་རྣམས་དང༌། ཤ་དང་ཉ་ཤ་དག་གི་གཏོར་མ་རྣམ་པ་སྣ་ཚོགས་པ་དག་བྱའོ། །ཅི་སྟེ་འབྱོར་བ་མ་གྱུར་ན་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བི་བི་བི་བི་བི་རུ་དྷ་ཀ ས་པཱ་རི་ཝ་རེ་བྷྱཿ ཁུ་ནི་ཁུ་ནི་པྲ་ཏོཏ་ཀྵི་པ་ཏ་ཨི་མམ་པ་ལིཾ་གྲྀཧྞ་གྲྀཧྞ་ས་མ་ཡ་མུ་སྨ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེ་བཞིན་དུ་སྤོས་དཀར་དང་ཐང་ཆུ་


TNT20_Page_0760
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤའི་བདུག་པ་དག་ཀྱང་སྦྱིན་པར་བྱའོ། །དེ་ནས་ནི་དེས་སྲུང་བ་བྱེད་དེ་མིའམ་ཅི་དང༌། ལྷ་མིན་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། མཁའ་འགྲོ་མ་རྣམས་ཀྱིས་གནོད་པས་མི་ཚུགས་པར་འགྱུར་རོ། །འགའ་ཞིག་རྣམ་ཐར་གསུམ་གནས་གཞན་ནི་བརྩེ་བའི་བདག་ཉིད་དཔའ་བོ་དང༌། །བྱིན་རློབ་རིམ་པ་ཕན་ཚུན་རྒྱུ་དང་འབྲས་བུས་མཁས་པས་རིག་པ་བྱ། །འདོད་པས་དཔུང་འཇོམས་དེ་ལས་དག་པའི་ལམ་སྟེ་གྲུབ་པ་རྗེས་སུ་འཇུག །མུན་པ་ཉམས་དང་དགའ་བའི་རྒྱུ་ལས་རབ་བདེ་ཅི་ཕྱིར་ཐོབ་མ་ཡིན། །དེ་ནས་སྒྲུབ་པ་པོ་བྱང་ཕྱོགས་སུ་སོང་ན། མི་རིང་བ་ན་མེ་ན་ཀོ་ཞེས་པའི་རི་བོ་ཆེན་པོ་ཡོད་དེ། དེ་ནི་ཙམ་པ་ཀ་དང་ཀརྐོ་ལ་དང༌། མ་ར་ཀ་དང༌། ཀེ་རུ་ཀ་དང༌། ཀིམྦ་ཀ་དང༌། ནཱ་ག་སུཥྤ་དང༌། ཙནྡན་ས་མཆོག་རྣམས་ཀྱི་ནགས་ཀྱིས་བསྐོར་བ། རིའི་དེ་ཁྲོད་ན་སྲིན་མོའི་བུ་མོ་རྟའི་གདོང་པ་ཅན། ལྷ་མིན་མོ་དག་དང༌། ཀླུ་ཕྲན་གྱི་དག་གར་དང་དབྱངས་དང་རོལ་མོ་སྣ་ཚོགས་བས་རྟག་ཏུ་རྩེ་བར་བྱེད་པ་དག་ཡིན། དེར་སྒྲུབ་པ་པོ་བུད་མེད་དེ་དག་ལ་ཆགས་པར་ཡང་མི་བྱ་གླུ་དང་རོལ་མོ་དག་ལ་ཡང་དགའ་བར་མི་བྱའོ། །གཞན་དུ་ན་བསོད་སྙོམས་དག་བླངས་ཏེ་འགྲོ་བར་བྱའོ། །དེའི་ཕ་རོལ་ན་ཆུ་བོ་ཆེན་པོ་ཤར་ནས་ནུབ་ཏུ་འབབ་ཅིང༌། རྦ་ཀློང་འཁྲུགས་པ་ཤིན་ཏུ་བགྲོད་དཀའ་བ་ཡིན་ཏེ། ཆུ་ཀླུང་དེའི་མིང་ནི་ས་ཏྭ་ལོ་ཏ་ན་ཞེས་བྱའོ། །དེ་ལ་ནི་ཉ་རྣམས་ཁ་དོག་སྣ་ཚོགས་པ་དང༌།


TNT20_Page_0761
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་རྣམ་པ་སྣ་ཚོགས་པ་དག་ཡོད་དེ། སྟག་དང༌། སེང་གེ་དང༌། གུང་དང༌། བ་ལང་དང༌། སྤྲེའུ་དང༌། ནེ་ཙོ་དང༌། ཁ་དང༌། མིའི་གདོང་པ་ལ་སོགས་པའོ། །ཆུ་ཀླུང་དེའི་སྐབས་འགའ་ན་ནི། རྡོ་ལས་སྐྱེས་པའི་ནྱ་གྲོ་དྷའི་སྡོང་པོ་ཡལ་གས་ཕན་ཚུན་གྱི་འགྲམ་དུ་ཁྱབ་པ་དག་ཡོད་དེ། ཤིང་དེ་ལ་བརྟེན་ནས་བསྒྲུབ་པ་པོ་འགྲོ་བར་བྱའོ། །ཡང་ན་ནི་ཉའི་སྟོབས་ཀྱིས་འགྲོ་བར་བྱ་སྟེ། ཕྱོགས་དེ་དང་ཉེ་བ་ན། ལོ་ཧི་ཏ་ཞེས་བྱ་བའི་རི་དམར་པོ་ཆུང་ངུ་མང་པོ་དག་ཡོད་དེ། དེ་དག་ལ་ནི་སཱ་ལི་དམར་པོ་དང༌། མུད་ག་དང༌། མན་རུ་བ་དག་མ་རྨོས་པར་སྐྱེ་བ་ཡིན་ཏེ། དེ་ལ་བླངས་ནས་ཟན་དུ་བཙོས་ཏེ་ཕྱོགས་སུ་ཤིང་ལས་སྦྲང་རྩི་མང་པོ་ལྟུང་ཀྱང་བླངས་ཤིང༌། དེ་དག་བསྲེས་ཏེ་ནམ་མཁའི་མཛོད་ཅེས་བྱ་བ་འཕགས་པའི་སྔགས་ཀྱིས་ཡང་དག་པར་སྤེལ་ཞིང་སྦྱངས་ལ་སྔགས་འདིའི་ཉའི་ཚོགས་རྣམས་ལ་གཏོར་མར་སྦྱིན་ནོ། །ཨོཾ་མཾ་མཾ་མཾ་མཾ་མཾ་མ་ཏ་སྱ་རཱ་ཛ། མ་ཏ་སྱ་ག་ཎ་ས་ཧི་ཧ་བྷུཉྫ་ཧོ་བྷཀྵ་ཧོ། སརྦ་མཧཱ་སྱ་དེ་ཝ་ཏ་ཨི་མམ་བ་ལིཾ་གྲྀཧྞ་གྲྀཧྞ་ཀ་ར་ཀ་ར། ཀི་རི་ཀི་རི་ཀུ་རུ་ཀུ་རུ་མ་ར་མ་ར་མི་རི་མི་རི་མུ་རུ་མུ་རུ། མ་མ་ཀཱ་ཏྱཾ་སཱ་དྷ་ཡ། སརྦ་བུདྡྷྱ་ཨཱ་ཛྙཱ་པ་ཡ་ཏི་སྭཱཧཱ། དེ་ལྟར་ལན་ལྔ་བརྒྱས་གཏོར་མ་སྦྱིན་ཞིང༌། འདོད་པའི་ལྷ་ལ་གསོལ་བ་གདབ་པར་བྱའོ། །དེར་ཉ་རྣམས་ཀྱི་རྒྱལ་པོ་སྒྲུབ་པ་པོའི་མདུན་དུ་འོང་བ་ལ། སྒྲུབ་པ་པོའི་སྨྲས་པ། ཀྱཻ་ཉའི་རྒྱལ་པོ། སེམས་ཅན་ཐམས་


TNT20_Page_0762
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཕན་པའི་དོན་དུ་ཁོ་བོ་ནི་གྲོང་ཁྱེར་ཀ་ལཱ་པར་འགྲོ་ཡི། ཆུ་བོའི་ཕ་རོལ་ཏུ་བསྒྲལ་བར་མཛོད་ཅིག །གནས་འདི་ལ་ནི་དེ་བཞིན་གཤེགས་པ་རྣམས་དབང་བའོ་ཞེས་བརྗོད་པར་བྱའོ། །དེ་ནས་ཉའི་རྒྱལ་པོ་དེས་སྒྲུབ་པ་པོ་རྒྱབ་ཏུ་ཁུར་ནས་ཆུ་བོའི་ཕ་རོལ་དུ་འགྲོ་བར་འགྱུར་རོ། །ཀ་ཀ་རིའི་གངས་ཀྱི་བྱང་ཕྱོགས་ནས་ཆུ་བོ་འདིའི་བར་གྱི་ལམ་གང་ཡིན་པ་དེ་དག་ནི། མིའི་འགྲོ་བ་གནས་པ་མེད་དོ། །གང་མི་མ་ཡིན་པའི་འགྲོ་བ་དང༌། གནོད་སྦྱིན་གཏུམ་པོ་མི་བཟད་པ་དག་གནས་པ་ཡིན ནོ། །འོན་ཀྱང་ལམ་འདི་དག་གི་ཤར་དང་ནུབ་ཏུ་དཔག་ཚད་ལྔ་བརྒྱས་བཅད་པའི་ཕ་རོལ་ན་ནི། གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དག་ཀྱང་ཡོད་མོད་ཀྱི་ལམ་དེ་དག་ནས་སོང་ན་ནི་ལོ་བརྒྱ་ཕྲག་གིས་ཀྱང་གྲོང་ཁྱེར་ཀ་ལཱ་པར་ཕྱིན་པར་མི་འགྱུར་ཏེ་ཀུན་ཏུ་འཁོད་པར་འགྱུར་རོ། །ཆུ་ཀླུང་སཱི་ཏའི་བྱང་ཕྱོགས་དེའི་བར་མཚམས་ཐམས་ཅད་ནི་རི་ཁ་བ་ཅན་མང་པོས་ཀུན་དུ་གང་བ་ཡིན་ནོ། །འོན་ཀྱང་གངས་ཀྱི་རི་བར་བཅད་པ་ནི་མེད་དོ། །དེ་ནས་ཆུ་ཀླུང་དེ་ཡོངས་སུ་བརྒལ་བའི་བྱང་ཕྱོགས་ན་ནི། འཛམ་བུའི་གླིང་གི་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྣམས་ཡོད་དེ། ཡུལ་དང་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དག་གིས་གང་བ། རབ་ཏུ་འབྱོར་བ་དང་བདེ་བ་དང་ལོ་ལེགས་པ་ཡིན་ནོ། །གང་ལ་སྙིང་རྗེའི་བདག་པོ་ནི། །མིག་གསུམ་གཟུགས་ཀྱིས་གནས་པ་སྟེ། །དེ་ཡིས་གནས་ཀྱིས་མཚན་པས་ན། །ཤམྦྷ་ལ་ཞེས་རབ་ཏུ་གྲགས། །སེང་


TNT20_Page_0763
[མ་དཔེ་གཟིགས་ན་འདིར་གནོན།]

གེས་མཚན་པའི་རྒྱལ་མཚན་ནི། །སེང་གེའི་རྒྱལ་མཚན་རབ་གྲགས་ལྟར། །གང་ལ་ཤམ་བྷ་ལས་མཚན་པ། །ཤམྦྷའི་ཡུལ་ཞེས་དེ་ལ་བརྗོད། །གང་ལ་ཀླ་ཀློ་མེད་པ་དང༌། །བདེན་སྨྲ་བརྫུན་པ་མ་ཡིན་དང༌། །མུན་པའི་སྟོབས་ནི་ཉམས་གྱུར ལ། །སྙིང་སྟོབས་ཡོན་ཏན་རྒྱས་པ་ཡིན། །ཆུ་བོ་དེ་དང་ཀེ་ལ་ཤའི། །བར་གྱི་ཡུལ་ནི་རྣམ་པ་མང་པོ་སྟེ། ཉ་ཞེས་བྱ་བའི་ཡུལ་དཔག་ཚད་ཉི་ཤུའོ། །སུ་མིན་ཏོ་ཞེས་བྱ་བ་དཔག་ཚད་ཉི་ཤུའོ། །བྷ་ཊ་སྱེ་ན་ཞེས་བྱ་བ་དཔག་ཚད་བརྒྱའོ། །ཙཱི་ན་ཞེས་བྱ་བ་དཔག་ཚད་སྟོང་སྟེ་དབུས་ཀྱི་ཆ་ལའོ། །བར་དོ་ཞེས་བྱ་བ་དཔག་ཚད བརྒྱའོ། །ཀུ་རུ་ཞེས་བྱ་བ་དཔག་ཚད་བརྒྱའོ། །བྷ་དྲ་ཀ་ཞེས་བྱ་བ་དཔག་ཚད་ལྔ་བཅུའོ། །དེ་དག་གི་ཕ་རོལ་ན། གནྡྷ་ར་ཞེས་བྱ་བ་དཔག་ཚད་ཉི་ཤུའོ། །ཀ་ཤ་ཞེས་བྱ་བ་དཔག་ཚད་ཉི་ཤུའོ། །བྷ་དྲ་ཞེས་བྱ་བ་དཔག་ཚད་ཉིས་བརྒྱའོ། །མ་ཧཱ་ཙི་ན་ཞེས་བྱ་བ་དཔག་ཚད་སྟོང་སྟེ་དབུས་ཀྱི་ཆ་ལའོ། །རྡ་ར་རྡོ་རྗེ་ཞེས་བྱ་དཔག་ཚད་བརྒྱ་སྟེ་རིའི་ངོས་ལ་གནས་པའོ། །བྲྀ་ཀི་ཀ་ཞེས་བྱ་བ་དཔག་ཚད་ཉིས་བརྒྱའོ། །དེ་དག་གི་ཡང་ཕ་རོལ་ན། མ་ཧི་ཥ་ཀ་ཞེས་བྱ་བ་དཔག་ཚད་ཉིས བརྒྱའོ། །མ་ཧི་ལ་ཀོ་ཞེས་བྱ་བ་དཔག་ཚད་སྟོང་སྟེ་དབུས་ཀྱི་ཆ་ལའོ། །བརྣ་ར་ཞེས་བྱ་བ་དཔག་ཚད་ཉིས་བརྒྱའོ། །སུ་ཏཱ་ཕ་ལ་ཞེས་བྱ་བ་དཔག་ཚད་ལྔ་བརྒྱའོ། །དེ་དག་གི་ཕ་རོལ་ན། ཀ་


TNT20_Page_0764
[མ་དཔེ་གཟིགས་ན་འདིར་གནོན།]

ཊུ་ཀ་ཞེས་བྱ་བ་དཔག་ཚད་ལྔ་བཅུའོ། ཁཱ་ར་ཞེས་བྱ་བ་དཔག་ཚད་ལྔ་སྟེ་དབུས་ཀྱི་ཆ་ལའོ། །ཀོམྤ་ཛི་ཞེས་བྱ་བ་དཔག་ཚད་བརྒྱའོ། །དེ་དག་གི་ཤར་དང་ནུབ་ཀྱི་ཆར་དག་ལ་ཡང༌། ཡུལ་འཁོར་དང་གྲོང་ཁྱེར་གཞན་དག་ཀྱང་ཡོད་དོ། །དེ་དག་ཆུ་ནི་མང་པོ་དང༌། །མཚོ་དང་མཚོ་བྲན་དུ་མས་བརྒྱན། །གངས་ཀྱི་རི་དང་རི་བོ་བཟང༌། །སྨན་ལྗོངས་ཉམས་དགའ་དུ་མ་དང༌། །ནགས་དང་ཀུན་དགའ་ཡིད་འོང་དང༌། །སྨན་རྣམས་དག་གི་གང་བ ཡིན། །རྒྱལ་པོའི་ཕོ་བྲང་སྣ་ཚོགས་དང༌། །ཚོང་འདུས་དང་ནི་ཚོང་ཁང་དང༌། ཟོང་རྣམས་རྣམ་པ་སྣ་ཚོགས་དང༌། །ཡོ་བྱད་རབ་ཏུ་རྒྱས་པ་ཡོད། །དེ་ན་འཇིགས་པ་འགའ་ཡང་མེད། །ཉམ་ངར་གྱུར་པ་ཡོད་མ་ཡིན། །འོན་ཀྱང་དེ་ལ་མི་བལྟ སྟེ། །སྲིད་པས་སྒྲུབ་པོའི་གེགས་བྱེད་དོ། །གྲོང་ཁྱེར་མཆོག་ནི་ཀ་ལྔ་པ། །འབའ་ཞིག་བསམས་ཏེ་འགྲོ་བར་བྱ། །རྒྱ་ཡུལ་རྒྱ་ཡུལ་ཆེན་པོ་དང༌། །བ་ཡི་ལ་ཀོ་ཁ་ར་རྣམས། །བྱང་ནས་བྱང་དུ་བགྲོད་བྱ་སྟེ། །ལམ་སྟེར་ཤིན་ཏུ་རིང་པ་ཡིན། །སྟོང་ཕྲག་མང་པོ་དེ་དག་ཀྱང༌། །སྔགས་ཀྱི་ཤུགས་འཆད་དེ་ཡིས་ནི། །ཞག་བདུན་ཟླ་བ་ཕྱེད་ལ་སོགས། །ཟླ་དྲུག་ལས་གཞན་ལྷག་པས་མིན། །དེ་རྣམས་ལས་ཀྱང་རབ་བརྒལ་ན། །འབྱུང་ཁུངས་རྣམ་པ་སྣ་ཚོགས་ཡོད། ཁ་གཅིག་ལ་ནི་དུག་གི་རྒྱུན། ཁྱད་པར་ཁྱད་པར་ལྡན་པ་འབབ། །གསེར་གྱི་རྡུལ་བརྩེགས་རི་བོ་དང༌། །


TNT20_Page_0765
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དངུལ་དང་ཟངས་ཀྱི་སྟེ། ཁ་ཅིག་ལྕགས་དང་ཨ་བྷ་དང༌། །རང་ག་བྷང་ག་དེ་བཞིན་ནོ། །དེ་དག་ས་འདི་འཐུག་པོ་དང༌། ཁ་ཅིག་ལ་ནི་དུག་གི་རྒྱུན། །བྱེ་མ་རྡོ་བས་གཡོགས་པ་ཡིན། །གསེག་མ་རྣམ་པ་སྣ་ཚོགས་དག ཁ་ཅིག་རིན་ཆེན་དུ་མས་ཁྱབ། །ཡུལ་དེ་དག་གི་ས་ཕྱོགས་ན། །རྩ་དང་ལྗོན་ཤིང་རྣམ་པར་སྤངས། །ནོར་བུ་ཛི་བནྟི་དང་ནི། །བྱུ་རུ་རྣམ་པ་དུ་མ་སྐྱེས། །གསེར་ལས་འཆི་བར་བྱེད་པའི་ཆུ། །སྨྱོ་བར་བྱེད་པ་དངུལ་ལས་ཏེ། །གཞན་ནི་སྤུ་དང་པགས་པ་ལྟུང༌། ཁ་ཅིག་དུ་མའི་ནད་རྣམས་སོ། །འབྱུང་ཁུངས་དག་ནས་དཔག་ཚད གསུམ། །འདས་ནི་དྲི་བྲལ་ཆུ་ཉིད་དེ། །སྒྲུབ་པོ་སྔགས་ཀྱིས་མཐུ་ཡིས་ནི། །དེ་ཀུན་ཡོན་ཏན་བྱེད་པ་ཡིན། །གསེར་གྱི་ཚེ་ནི་རིང་པོ་སྟེ། །དངུལ་གྱི་དེ་བཞིན་མདངས་བཟང་བ། །ལྷག་མ་གང་རྣམས་དེ་རྣམས་ཀྱི། །ནད་ཀུན་འཇིགས་པར་བྱེད་པ་ཡིན། །ཡང་དག་བརྒལ་པའི་ཕ་རོལ་ན། །རིགས་ལྔ་པ་ཞེས་བྱ་བ་རིན་པོ་ཆེ་དུ་མས་བརྒྱན་པ། ཤིང་ཨརྡ་དང༌། སལླ་ལ། ཤལྨ་ལི་དང༌། སཱ་ལ་དང༌། ཏ་མ་ལ་དང༌། ད་ཤཱ་མ་དང༌། ནིཥྐ་ར་དང༌། ཨ་མྲ་དང༌། ཀ་ར་བཱི་ར་དང༌། ཤིང་ལིན་དང༌། བ་ཀུ་ལི་དང༌། གནྡྷ་མོ་ད་ཧ་དང༌། མོ་ད་དྷ་མ་ལ་སོགས་པ་ལྗོན་ཤིང་རིགས་བརྒྱ་ཕྲག་དུ་མས་གང་བ་ཡིན་ནོ། །རི་དེ་ལ་ནི་མིའམ་ཅི་དང༌། མིའམ་མོ་དག་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱི་བརྩེ་བར་བྱེད་ཅིང༌། རྟག་


TNT20_Page_0766
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བའི་གནས་པ་ཡིན་ནོ། །དེ་རྣམས་ཀྱི་སྒྲུབ་པ་པོ་ལ་འདྲིད་པར་བྱེད་པའི་ཕྱིར། རབ་ཏུ་སྙན་པའི་གླུ་དང་རོལ་མོ་བྱེད་པ་དག་ཀྱང་ཡོད་དོ། །སྡིགས་པའི་ཕྱིར་འཇིགས་པའི་སྒྲ་འབྱིན་པའམ་གཟུགས་སྣ་ཚོགས་སུ་བསྒྱུར་བ་དག་ཀྱང་ཡོད། རབ་ཏུ་སྐྱོ་བའི་ཕྱིར། དུད་མོ་ལ་སོགས་པ་སྣ་ཚོགས་པ་སྦྱོར་བར་བྱེད་དོ། །དེ་དག་ལ་སྒྲུབ་པ་པོ་ཆགས་པར་མི་བྱ། འཇིགས་པར་མི་བྱ། སྐྱོ་བར་མི་བྱ་སྟེ། གཞན་དུ་ན་སྟོང་པ་ཉིད་ཀྱི་གནས་པས་ཟིལ་གྱིས་མནན་ཏེ་འགྲོ་བར་བྱའོ། །གལ་ཏེ་རྣམ་པ་དེ་ལྟ་བུ་ལས་གཞན་པས་འགྲོ་བ་ནི། སྒྲུབ་པ་པོ་ལ་སྡུག་བསྔལ་ཆེན་པོ་སྟེར་རོ། །དེ་ནས་རི་བོ་དེ་ཡང་འདས་པ་ན་བྷོ་ཊ་དང༌། སུ་ད་བྷོ་ཊ་དང༌། པྲ་བྷོ་ཊ་ཞེས་བྱ་བའི་ཡུལ་ཆུང་ངུ་དག་ཡོད་དེ། དེ་དག་ན་ནི་རྡོ་རྗེ་མཁའ་འགྲོ་མ་དག་མིའི་བུ་མོ་རྫུ་འཕྲུལ་ཅན་གྱི་རྣམ་པར་གནས་སོ། །དེར་སྒྲུབ་པ་པོས་ཞག་བདུན་དུ་གནས་པར་བྱ་ཞིང༌། གསོལ་བ་གདབ་པར་བྱའོ། །དེ་ནས་དེ་རྣམས་ཀྱི་སྨྲས་པ། ཀྱཻ་སྒྲུབ་པ་པོ་ཁྱོད་ལ་ཅི་ཞིག་དགོས། སྒྲུབ་པ་པོས་སྨྲས་པ། བདག་གྲོང་ཁྱེར་ཀ་ལཱ་པར་མྱུར་དུ་བགྲོད་པར་མཛོད་ཅིག །དེ་ནས་མི་མོ་རྫུ་འཕྲུལ་དང་ལྡན་པ་གཅིག་གིས་སྒྲུབ་པ་པོ་ཕྲག་པ་ལ་ཐོགས་ཏེ་དཔག་ཚད་བཞི་ཡི་མཐོ་བའི་གངས་ཀྱི་རི་བོ་ཆེན་པོ་དང༌། གངས་ཁྲོད་ཀྱི་ལམ་དཔག་ཚད་བརྒྱ་ཕྲག་ལྷག་པ་ཡང༌། ཆུ་ཚོད་གཅིག་གིས་མངོན་པར་མགྲོད་ནས། །རི་བོ་ཙནྡྲ་ཀ་ལ་ཞེས་བྱ་བ་ཤིང་ཧིན་ཏ་ལ་དང༌། མ་ཏ་ལ་དང༌། ཀོ་ལ་ཀ་དང༌། སནྡྷུ་ཝ་ར་


TNT20_Page_0767
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། མ་གུ་མ་ལ་དང༌། དྭནྡྲ་དང༌། སོ་མ་ཝརྔྷ་དང༌། ས་མ་ན་དང༌། ནི་ཙུ་ལད་དང༌། བི་དུ་རྨ་དང༌། ཏིན་ཏུ་ལ་སོགས་པས་ཡོངས་སུ་གང་བ། སྨན་ལྗོན་ཤིན་ཏུ་ཉམས་དགའ་བ་དང་བཅས་པ་དེར་ཕྱིན་པར་འགྱུར་རོ། །སྒེག་པའི་གཟུགས་ལའང་དགའ་མིན་ཏེ། །ཆ་བྱད་འཇིགས་པའང་དེ་བཞིན་ནོ། །རྡོ་རྗེ་མིག་དང་ལྡན་དེ་དག །དགེ་བར་སྤྱོད་ལ་དགེས་པར་གྲགས། །དེ་དང་སྡིག་ལྡན་རྣམས་ལ་ཡང༌། །སྙིང་རྗེ་ལྡན་རྣམས་མཉམ་པར་བྱམས། །སྒྲུབ་པོ་རང་ཉིད་སྡིག་པ་ནི། །ཟད་པའི་བདེ་བ་སྣང་བ་ཡིན། །རི་བོ་དེ་ནི་ཤམྦྷ་ལའི་ཡུལ་མཐའ་ཡིན་ཏེ། ཕྱོགས་ཏེ་འཕགས་པ་བྷྲྀ་ཀུ་ཊི་ཐོར་ཚུགས་གཅིག་མ་བཞུགས་སོ། །དེ་ལ་མེ་ཏོག་ཀུན་རྡ་དང་ཀུ་སུམྦྷའི་མེ་ཏོག་གིས་སྦྱིན་བསྲེག་སྟོང་ཕྲག་བརྒྱད་འབུལ་ནས། དངོས་གྲུབ་ཀྱི་དོན་དུ་གསོལ་བ་བཏབ་སྟེ་འགྲོ་བར་བྱའོ། །དེ་ལས་གངས་ཀྱི་པུཎྜ་རཱི་ཀ་གཅིག་དག་བླངས་ཏེ། ཨོཾ་ཤྭེ་ཏ་ཤྭེ་ཏ་ཛྭ་ཊི་ནི་ཤུ་ཏི་སྨི་ཏི་བི་ཛ་ཡེ་བྷཾ་སྭཱཧཱ། ཞེས་པའི་རིག་པ་ལྔ་སྟོང་དུ་བཟླས་ནས་སྤྱི་བོར་བཅིངས་བ་ཙམ་གྱིས་གནོན་སྦྱིན་གཏུམ་པོ་མཐའ་དག་དབང་དུ་བྱེད་པ་དང༌། ཐམས་ཅད་ལ་འཇུག་པའི་ཤེས་རབ་ཐོགས་པ་མེད་པ་སྐྱེ་བར་འགྱུར་རོ། །དེ་ནས་བྱང་ཕྱོགས་སུ་སོང་སྟེ། མེ་གྷ་ཀེ་ཏུ་ཞེས་བྱ་བའི་ཡུལ་ལོ། །བི་བི་ཛ་ལ་ཞེས་བྱ་བ། ཁ་དི་ར་དང༌། ཙནྡན་གྱི་ནགས་ཆེན་པོ་དག་ཡོད་དེ། དེ་ཡང་བགྲོད་པར་བྱ་བ་དཔག་ཚད་བརྒྱ་པ་ཡིན་ནོ། །


TNT20_Page_0768
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕ་རོལ་དུ་ལྗོངས་ཆེན་པོ་སམ་སུ་ཁ་ཞེས་བྱ་བ་ཡོད་དེ། གང་འཛམ་བུའི་གླིང་ན་ཡོད་པའི་ཤིང་གིས་རིགས་གང་ཡིན་པ་དེ་ཐམས་ཅད་ཡུལ་དེ་ན་ཡོད་དེ། མ་ལུས་ཤིང་ལུས་པ་མེད་པས་བརྒྱན་པའོ། །དེའི་ཕ་རོལ་ན་ཀུན་དུ་དགའ་ཞེས་པའི་ནགས་ཡོད་དེ། དེ་ཡང་འདས་པའི་ཕ་རོལ་ན་གྲོང་ཁྱེར་ཀ་ལཱ་པ་ཡོད་དེ། དེར་སྒྲུབ་པ་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་བདག་གི་རྣམ་པ་འཛིན་པ་དེ་ལས་ཆོས་ཉན་པ་ཐོབ་པར་བྱ་བའི་ཕྱིར། ཕོ་བྲང་ཆེན་པོ་ཀ་ལཱ་པ་དེའི་ཕྱོགས་བཞི་ཀུན་ནས་ཕྱག་འཚལ་བར་བྱ། བདུག་སྤོས་ཀྱང་བཏུལ་བར་བྱ། མེ་ཏོག་དག་ཀྱང་གཏོར་བར་བྱ་སྟེ། བསྐོར་བ་དག་ཀྱང་བྱ་སྟེ། ཡང་ན་ནི་ཞག་གཅིག །ཡང་ན་ནི་ཞག་བདུན། ཡང་ན་ནི་ཟླ་བ་ཕྱེད། ཡང་ན་ནི་ཟླ་བ་གཅིག་གོ །དེ་ལྟར་སྒྲུབ་པ་པོས་ཉིད་ཀྱི་ཇི་ལྟར་སྡིག་པ་ཟད་པར་འགྱུར་བ་དེ་ལྟར་དེ་ལྟར་མི་བདག་བྱང་ཆུབ་སེམས་དཔའི་བཀའ་ཡིས་གནང་བ་སྦྱིན་ཏེ། གང་གི་ཞབས་ཀྱི་པདྨོའི་དྲུང་དུ་འཁྲིད་པར་བྱེད་དོ། །གང་གི་ཚེ་སེམས་དཔའ་ཆེན་པོ་མཐོང་བ་དེའི་ཚེ། སེམས་ཤིན་ཏུ་མཉམ་པར་བཞག་པ་དང༌། གཡོ་བ་མེད་པ་དང༌། དང་བའི་སེམས་ཀྱིས་དབྱུག་པ་འགྱེལ་བ་ལྟ་བུའི་ཡན་ལག་བརྒྱད་དང་ལྡན་པས་རབ་ཏུ་འདུད་པས། ལན་བརྒྱ་སྟོང་དུ་མར་ཕྱག་བྱའོ། །རིན་པོ་ཆེའི་མེ་ཏོག་དག་ཀྱང་གཏོང་བར་བྱའོ། །གལ་ཏེ་སྒྲིབ་པ་ཤས་ཆུང་བ་ཞིག་ཡིན་ན་ནི། དེའི་ཞབས་ལ་མགོ་བོས་གཏུག་པ་ཙམ་གྱིས་འདོད་


TNT20_Page_0769
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །རྣམ་པ་གཞན་ནི་བྱང་ཆུབ་སེམས་དཔའ་དེའི་བཀའ་ལས་འདོད་པས་དངོས་གྲུབ་ཏུ་འགྱུར་ལ། དེ་བཞིན་དུ་གཞན་ཡང་དངོས་གྲུབ་ཕྲ་མོ་དག་དང༌། ཤེས་པ་དག་ཀྱང་ཐོབ་པར་འགྱུར་རོ། །ཅི་སྟེ་འཛམ་བུའི་གླིང་གི་ལྷོ་ཕྱོགས་སུ་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་དོན་དུ་ངེས་པར་བསམ་པ་ཡིན་ན་ནི། དེའི་ཐབས་གང་ཡིན་པ་དེ་ཡང་དྲི་བར་བྱ་ཞིང༌། དེས་ཅི་སྐད་བསྟན་པ་དེ་བཞིན་དུ་སྒྲུབ་ན་དེ་ཁོ་ན་བཞིན་འགྲུབ་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་ཡུལ་གྱི་མཆོག་དང་མཆོག་དེ་དག་བལྟ་བར་བྱ། དེ་བཞིན་གཤེགས་པས་གསུངས་པའི་གླེགས་བམ་དག་ཀྱང་མངོན་དུ་བྱ། གཙུག་ལག་ཁང་རྣམ་པ་སྣ་ཚོགས་པ་དང༌། མཆོད་རྟེན་རྣམ་པ་དུ་མ་དེ་དག་ལ་ཕྱག་འཚལ་བར་བྱ། སྨོན་ལམ་ཀྱང་གདབ་པར་བྱའོ། །ཡུལ་དེ་ཟླུམ་བོར་མཉམ་པ་སྟེ། གངས་དང་ལྡན་པས་བསྐོར་བ ཡིན། །འབྱུང་པོ་ཡི་ནི་ཕྱོགས་ཆ་ན། །དཔག་ཚད་ལྔ་བཅུར་འཕགས་པ་ནི། མཆོག་དང་གྲགས་པ་རབ་ལྡན་པ། །འབྱུང་པོའི་དབང་པོ་མགྲིན་སྔོན་གྱིས། རྟག་ཏུ་བརྟེན་ཞིང་དགེ་བའི་ས། །རི་དབང་ཀེ་ལ་ཤ་ཞེས་བྱའོ། །སྣ་ཚོགས་རིག་པ་སྨན་གྱི་ལས། །སྒྱུ་རྩལ་དབྱེ་བ་གཞན་དང་གཞན། །བཟོ་རྣམས་དུ་མ་མཐའ་ཡས་པ། །ཉིན་དང་ཉིན་ལ་རྟག་ཏུ་སྦྱོང། །ཕོ་བྲང་མཆོག་ནི་ཀ་ལཱ་པ། །རིན་ཆེན་སྣ་ཚོགས་ལས་གྲུབ་ཅིང༌། །གྲུ་བཞི་ལྷམ་པའི་གཞི་ལ་གནས། །


TNT20_Page_0770
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་བཟོ་བོས་བྱས་པ་སྟེ། །གྲོང་ཁྱེར་དེ་ཡི་གཡས་ངོས་ན། །ཙནྡན་ཨ་དཀར་ནགས་ཀྱི ཁྱབ། །དྭངས་ཤིང་གསལ་ལ་ཡིད་འོང་བའི། །ཡིད་ཀྱི་མཚོ་དག་ཡོད་པ ཡིན། །གང་གི་ཡུལ་དེའི་དབུས་ན་ནི། །དེ་བཤད་དེ་དག་གནས་པའོ། །ནགས་རྣམས་དང་ནི་ལྗོངས་དག་གི །ཕྲེང་བ་རིམ་པ་གསུམ་གྱིས་མཛེས། །གྲོང་བརྡལ་ཉི་ཤུ་རྩ་བརྒྱད་དང༌། །ཡུལ་ཕྲན་དུ་མས་རྣམ་པར་བརྒྱན། །ཕྱོགས་མཚམས་ཀྱི་ནི་ལམ་དག་ན། །རྩེ་མོ་བརྒྱ་དང་བརྩེགས་པ་ཡང༌། །དེ་རྣམས་ལ་ནི་གོ་བགོས པའི། །སྲུང་བ་པོ་ནི་འབུམ་ཕྲག་ཡོད། །གངས་དང་རི་བོ་དེ་དག་ལ། །གླང་ཆེན་སྤོས་ཀྱི་གླང་པོ་དང༌། །མཆེ་བ་དྲུག་པ་མུ་ཏིག་ཅན། །ནགས་ཚལ་རི་དྭགས་དུ་མས་མཛེས། །གདོང་ལྔ་པ་དང་རྐང་བརྒྱ་པ། །གླང་པོའི་གདོང་དང་བྱ་ཚོགས་དང༌། །འདབ་ཆགས་སྐྱེས་བུའི་ལུས་ཅན་ཡོད། །དབུས་ལས་རྒྱབ་ཀྱི་ཕྱོགས་ཆན། །རྒྱང་གྲགས་ཚད་ཀྱི་རི་བོ་བཟང༌། །ཚར་དུ་དངར་བ་བཅུར་ཡིན་ཏེ། །བཟང་སྐྱོང་ལྷུན་པོ་རྩེ་འཛིན་དང༌། །ས་ཡི་སྙིང་བོ་གཙུག་ཕུད་འཛིན། །ཧ་ལ་ཧ་ལ་སྒྲོགས་མཛོད་པ། །ལྕང་ལོའི་བདག་པོ་སྐྲ་ཅན་མ། །དོན་དམ་ཡང་དག་འཕགས་དེ་བཞིན། །བཅུ་པ་མ་རྒྱལ་བ་ལས་རྒྱལ། །དེ་དག་རྣམས་ཀྱི་བརྟེན་པ་སྟེ། །བྱེ་བ་ཕྲག་བརྒྱའི་ཆོས་ཀྱི་གནས། །རྟག་ཏུ་བྱང་ཆུབ་སེམས་དཔའ་ནི། །སྟོང་ཕྲག་བཅུ་བཅུས་བརྟེན་པ་ཡིན། །ཀཻ་ལ་ཤ་ཡི་


TNT20_Page_0771
[མ་དཔེ་གཟིགས་ན་འདིར་གནོན།]

འགྲམ་ངོགས་ན། །མཁའ་ཁམས་རྡོ་རྗེ་ནམ་མཁར་གནས། །སྟོང་ཕྲག་བརྒྱད་ཀྱི་སྨན་རྣམས་དང༌། །མཐུ་ལྡན་སྲོག་ཆགས་དུ་མ་དང༌། །མེ་ཏོག་འབྲས་བུ་ཁྱད་པར་ཀུན། །དེ་ནས་རྟག་ཏུ་སྤྱོད་པ་ཡིན། །མུ་ཏིག་ཟླ་བ་ཆུ་ཤེལ་དང༌། །དམར་པོ་ཨིནྜ་ནཱི་ལ་དང༌། །མར་ཏ་ཀ་དང་གཡས་སུ་འཁྱིལ། །པུཥྤ་རཱ་ག་བྱུ་རུའི་སྡེ། །ཨདྨ་གརྦྷ་གསེར་ལ་སོགས། ཁམས་གསུམ་སྣ་ཚོགས་མཐའ་ཡས་ཡོད། །དངུལ་ཆུས་ཁྱད་པར་མང་པོས་གང༌། །པ་རུ་ཤ་ཀ་བཻ་ཌཱུརྱ། །དེ་ན་རྙེད་པར་དཀའ་མིན་ཏེ། ཁ་ཟས་རོ་བཅུད་སྣ་ཚོགས་པ། །དེ་དག་མི་འབྱུང་གང་ཡང་མེད། །སྣ་ཚོགས་གོས་ཕྱིར་ཁྱད་པར་ནི། །བསམ་པ་ཇི་བཞིན་བགོ་བྱེད་དེ། །དགེ་མིན་ལས་ཀྱི་ལམ་བཅུ་པོ། །རྟག་ཏུ་སྤྱོད་པའི་སྐྱེ་བོ་ཉུང༌། ཕལ་ཆེར་དགེ་ལ་གནས་པ་ཡིན། །ཐེག་པ་གསུམ་གྱི་ལམ་གནས་པའི། །དྲང་སྲོང་དཔག་ཏུ་མེད་པས་བརྟེན། །ཐམས་ཅད་ལྷ་ཡི་སྐད་དུ་སྨྲ། །དེ་ན་གནས་པའི་མི་རྣམས་ནི། །ཚེ་ནི་ལོ་བརྒྱ་ལས་མི་ཐུང༌། །དུས་མིན་འཆི་བ་ཉུང་བ་ཡིན། །རྟག་ཏུ་འདོད་ལ་དགའ་བར་སྤྱོད། །འོན་ཀྱང་དགེ་བ་ལས་མི་ཉམས། །ཆོས་དང་འདོད་པ་དེ་བཞིན་གཞན། །ནོར་དང་ཐར་པའི་དོན་ཞེས་པ། །རྫོགས་ལྡན་བཞིན་དུ་རབ་སྤྱོད་དེ། །འདི་མཚུངས་གཞན་ནི་ཡོད་མ་ཡིན། །རྒྱལ་པོའི་བུ་ནི་གང་བཙས་པར། །ནོར་བུ་རིན་ཆེན་འོང་འགྱུར་ལ། །


TNT20_Page_0772
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་བདུན་འོད་བཟང་འཕྲོ་གྱུར་པ། །དེ་ནི་བྱང་ཆུབ་སེམས་དཔར་ཤེས། །གང་གི་སྔོན་དུ་མ་མཐོང་པའི། །མེ་ཏོག་རབ་ཏུ་རྒྱས་པ་ཆེ། ཁྱིམ་དུ་མངོན་པར་སྐྱེ་འགྱུར་བ། །དེ་ནི་ལྷ་ཡི་ཡན་ལག་མའོ། །མི་བདག་ཡན་ལག་མར་བཅས་པ། །རྒས་པ་མེད་ཅིང་ན་མེད་དེ། །འཇམ་པོའི་ཁྲིམས་ཀྱིས་རྟག་ཏུ་འཚོ། །འཁོར་ལོས་སྒྱུར་དང་མཚུངས་པ་ཡིན། །རྟག་ཏུ་བྱང་ཆུབ་སེམས་དཔའ་དང༌། །དྲང་སྲོང་སྔགས་ཀྱི་སྤྱད་པ་ཅན། །ཡང་དག་རིག་པ་ཉིད་སྟོན་གྱི། །རྟོག་གེའི་བགྲོད་མེད་དེ་མིན་ཙམ། །ལས་རྣམས་རྣམ་པ་སྣ་ཚོགས་དང༌། །གྲུབ་པ་བརྒྱད་ལ་སོགས་རྣམས་དང༌། །གང་གཞན་དངོས་གྲུབ་སྣ་ཚོགས་དག །དེར་ནི་མངོན་སུམ་རྙེད་དཀའ་མིན། །ཟླ་བ་རེ་རེར་སྒྲུབ་པ་པོ། འདི་དེ་འདོད་པའི་དངོས་གྲུབ་ཅེས། །ཆོས་ཀྱི་དགའ་བའི་གཏམ་ཆེན་པོས། །རྟག་ཏུ་ངོ་མཚར་དགའ་བ་ཡིན། །ཆགས་བྲལ་བྱེད་དང་དགའ་བ་དང༌། །སྤྱོད་པ་གཅིག་ཏུ་དགེ་བའི་བློས། །དག་པའི་སེམས་ནི་མཉེས་གཤིན་པ། །སྦྱིན་དང་བཟོད་དང་དུལ་བ་དང༌། །མི་འཚེ་བ་དང་རྩེ་གཅིག་དང༌། །རིག་དང་ཤེས་དང་ལེགས་པར་ཐོས། །བསམ་གཏན་བཟླས་དང་མཆོད་དེ་བཞིན། །ཡང་དག་དེ་ཉིད་བསྒོམ་པའོ། །དེ་སྐད་གསུངས་པའི་འདུས་པ་སྟེ། །ཐམས་ཅད་རྗེས་སུ་ཡི་རང་གྱུར། །སྐལ་བཟང་ལྡན་པ་ལྔ་བརྒྱ་པོ། །ཡང་ཡང་འདུད་ཅིང་བསྐོར་བ་བྱས། །དེ་ནས་བརྩེ་ལྡན་འཇིགས་རྟེན་མགོན། །རབ་ཏུ་


TNT20_Page_0773
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་ཅིང་ལེགས་སོ་ལེགས། །སྐྱེ་བོ་མང་པོ་གྲོལ་དོན་དུ། །དོན་ཡོད་ལྕགས་ཀྱུས་འདི་བཤད་དོ། །འཁོར་རྣམས་ཀྱིས་ནི་འདི་བཟུང་ནས། །རྟག་ཏུ་བྱང་ཞིང་ཆུབ་པར་གྱིས། །བློ་གྲོས་ལྡན་པ་ལྔ་བརྒྱ་པོ། །ཏིང་ངེ་འཛིན་གྱི་ཤུགས་ཐོབ་ནས། །གྲོང་ཁྱེར་དྲུག་ཏུ་ཡུད་ཀྱིས སོང༌། །ཐེག་ཆེན་ཆོས་ནི་རབ་བཤད་ནས། །རིམ་པའི་ཆོ་ག་འདི་ཉིད་ཀྱིས། གྲོང་ཁྱེར་ཀ་ལཱ་པར་སོང་ངོ༌། །དེ་ལས་བརྒྱ་ཕྲག་བཞི་རྣམས་ཀྱིས། །འདོད་པའི་དངོས་གྲུབ་ཆེན་པོ་ཐོབ། །གང་མིང་རྣམ་པར་མི་རྟོག་པ། །དེ་སོགས་ལྷག་མ་གང་ཡིན་ཏེ། །ཟབ་དང་རྒྱ་ཆེའི་ཚུལ་རྟོགས་ནས། །གྲོང་ཁྱེར་དྲུག་ཏུ་སླར་ཡང འོང༌། །དོན་ཡོད་ཞགས་པའི་མདོ་སྡེ་ནི། །སྟོང་ཕྲག་ལྔ་བཅུ་གཅིག་པ་དང༌། རིག་པ་མཆོག་གི་འབུམ་སྡེ་སོགས། །གཞན་ཡང་རིག་སྔགས་སྣ་ཚོགས་དང༌། རལ་བ་གཅིག་མའི་ཆོ་ག་དང༌། །འཇམ་པའི་རྡོ་རྗེས་རྟོགས་པ་ནི། །སྟོང་ཕྲག་ཉི་ཤུ་ལྔ་པ་སྟེ། །ཆོ་ག་དུ་མ་རྒྱས་པར་བྱས། །གང་ཞིག་ཀ་ལཱ་པར་འཇུག་པའི། ཐབས་འདི་བྲིས་པའི་བསོད་ནམས་ཀྱིས། །འགྲོ་བ་དྲུག་ཏུ་འཁོར་བ་རྣམས༌། འཇམ་པའི་དབྱངས་དང་མཚུངས་གྱུར་ཅིག །དཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ། ཐེག་པ་ཆེན་པོའི་ཐབས་ཆོས་ཀྱི་རྣམ་གྲངས་ཇི་སྙེད་པ་རྫོགས སོ།། །།རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་བལ་པོའི་དཔེ་ལས་བསྒྱུར་བ་སྟེ། དོན་དཀའ་བ་དཀའ་བ་རྣམས་བྲམ་ཟེ་པཎྜི་ཏ་ཀྲྀཥྞ་ཞེས་བྱ་བ་ལ་དྲིས་ཤིང་གཏན་ལ་ཕབ་སྟེ་ཞུས་དག་བྱས་པའོ། །ཞུས་སོ། །དགེ་ལེགས་འཕེལ། །སརྦ་མདྒལཾ།།


TNT20_Page_0774
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་ལྡན་ཀ་ལཱ་པར་འཇུག་པ་ཞེས་བྱ་བ་ཡུལ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཤམ་བྷ་ལར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ།next