Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་གསལ་བྱེད་ཀྱི་ཊཱི་ཀ་བི་ཛཱ་ཧ་རི་པཱ་རུ།


 
previousརྣལ་འབྱོར་པ་རྣམ་པ་གཉིས་ཀྱི་གསལ་བྱེད་ཀྱི་ཊཱི་ཀ་བི་ཛཱ་ཧ་རི་པཱ་རུ།no next

རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་གསལ་བྱེད་ཀྱི་ཊཱི་ཀ་བི་ཛཱ་ཧ་རི་པཱ་རུ།


TNT20_Page_0779
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་པ་རྣམ་པ་གཉིས་ཀྱི་གསལ་བྱེད་ཀྱི་ཊཱི་ཀ་བི་ཛཱ་ཧ་རི་པཱ་རུ་བཞུགས། མ།


TNT20_Page_0780
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བུདྡྷ་ཡ། གང་གིས་ཡང་དག་རྫོགས་སངས་མངོན་དུ་བགྱིས་རྣམས་དང༌། །འདི་ན་བདེ་དགེ་ཕྲ་མོ་གང་དེའང་སངས་རྒྱས་དྲིན། །བདག་གིས་ནུས་མིན་ཅུང་ཟད་སྤོབས་པའང་རྒྱལ་ཉིད་ཀྱིའོ། །དེ་ཕྱིར་དེ་ལ་ཕྱག་འཚལ་ནམ་ཡང་གཟིགས་པའི་རིགས། །དེ་ཡང་ཇི་སྐད་དུ། ཤཱན་ཏ་དེ་བའི་ཞལ་སྔ་ནས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་པ་ལྟར། སངས་རྒྱས་ཀྱི་མཐུས་ལུས་ཅན་རྣམས་ལ་ཕན་པའི་བློ་གྲོས་སམ་དགེ་བའི་སེམས་འགའ་འབྱུང་སྟེ། དེའི་ཕྱིར་འདི་ཡང་སངས་རྒྱས་ཀྱི་མཐུར་བལྟའོ། །དེ་ལ་འདིའི་དགོངས་པ་དང༌། བརྗོད་བྱ་དང༌། དགོས་པའི་དགོས་པ་རྣམས་ཅི་ཞེ་ན། སྙིང་


TNT20_Page_0781
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེ་དང་སྟོང་པ་ཉིད་[བདེ་བླག་ཏུ་རྟོགས་པས་] བསྒོམ་པ། དེ་འདིར་དགོས་པ་ཉིད་ཡིན་[བརྗོད་བྱ་སྟོང་ཉིད་སྙིང་རྗེ་]སྟོན་པར་བྱེད། གཞན་[སྙིང་རྗེ་དགོས་]དག་སྒྲོལ་བའི་[ཕྱིར་ཐོས་པའི་]བྱང་ཆུབ་ཆེད་དུའོ། །[སྟོང་པ་ཉིད་དང་སྙིང་རྗེའི་རྣམ་གཞག་བསྟན་པའི་དེ་གོ་བར་འགྱུར་ལ་གོ་བ་དེ་རྣམས་དགོས་ཤིང༌། སྒོམ་པས་བླ་མེད་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སྒོམ་པ་ཉིད་འབྲེལ་བར་བྱའོ། །]སྒོམ་པ་ལྷུར་བྱེད་ཐོས་ཙམ་འདི་ལ་མིན། །ཞེས་བྱའོ། །དེ་ཡང་ཇི་སྐད་དུ། ཚེ་ནི་ཡུན་ཐུང་ཤེས་བྱའི་གནས་ཀྱང་མང༌། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་རྟོགས་པས། །ངང་བས་ཆུ་ལ་འོ་མ་ལེན་པར་ལྟར། །རང་གི་འདོད་[འདིའི་མཚམས་ནས་མ་ཡིག་གི་ལྡེབ་གཉིས་པ་མ་རྙེད་པའི་སྐབས་འདིར་སྐོ་རྒྱུ་ལྷག་ཡོད་པའི་རྗེས་སོར་མ་ཡིག་རྙེད་སྐབས་སྐོ་དགོས་ལགས།] ཁྱིམ་ན་སོགས་ཀྱིས་གང་དུ་བསྒོམ་པའི་གནས་དང༌། བསྒོམ་པ་པོའི་གང་ཟག་དང༌། རེ་ཞིག་སེམས་ཅན་ཐམས་ཅད་


TNT20_Page_0782
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས། ཇི་ལྟར་བསྒོམ་པ་ལ་འཇུག་པ་སྟེ། སྙིང་རྗེ་རྐྱེན་གཞན་གྱིས་མི་འཕྲོག་པར་བྱ་བའི་ཐབས་དང༌། མ་སྐྱེས་པ་བསྐྱེད་པའི་ཐབས་དང༌། བྱང་ཆུབ་ཀྱི་སེམས་ཀྱི་མཐུན་ཕྱོགས་རྣམས་ལ་ནན་ཏན་ཏུ་བསླབ་དགོས་པར་བསྟན་པ་དང༌། སྤྱོད་པ་ཕ་རོལ་ཕྱིན་པ་དྲུག་ལ་སྦྱོར་བ་དང༌། ཇི་ལྟར་གསང་སྔགས་ལས་འབྱུང་བ་ལྟར། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་ཐབས་གཞན་བསྟན་པ་རྣམས་ཏེ། བསྒོམ་པར་བྱ་ཞེས་པའི་བར་དུ་སྦྱར་རོ། །མཇུག་གི་དོན་ནི་ལམ་མདོར་བསྡུས་རྫོགས་སོ་ཞེས་བྱའོ། །བདག་གི་འདི་བྲིས་སོགས་ནི་དགེ་བ་བསྔོ་བའོ། །ད་ནི་ཚིག་གི་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ལ་ལམ་རྣམས་ཀྱི་རིམ་པ་མང་དུ་ཡོད་པ། རྣལ་འབྱོར་རྣམ་པ་གཉིས་མདོར་བསྡུ་བའི་དབང་དུ་བྱས་ཏེ། ནན་ཏན་དུ་བྱེད་པར་འདོད་པས་རེ་ཞིག །སེམས་ཀྱི་དྲི་མ་འགོ་གནོན་ཞིང༌། ཏིང་ངེ་འཛིན་སྐྱེ་སླ་བའི་ཕྱིར། བློ་ཆོས་ལ་འཇུག་པའི་སྒོ། ཡན་ལག་བདུན་པའི་རྣལ་འབྱོར་འདི་ལམ་གྱི་རིམ་པ་རྣམས་ཀྱི་དང་པོའོ། །ཞེས་གླེང་བའི་རྩ་བ་དང་འབྲེལ་བར་ཡན་ལག་བདུན་པ་མདོར་སྨོས་སོ། །དེ་ནས་ཡན་ལག་བདུན་པ་དངོས་ནི། ཕྱོགས་བཅུར་བཞུགས་པའི་ལ་སོགས་པ་སྨྲོས་ཏེ། ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ། ༡ མཆོད་པ། ༢ སྡིག་པ་བཤགས་པ། ༣ བསོད་ནམས་ལ་ཡི་རང་བ། ༤ མྱ་ངན་ལས་མི་འདའ་བར་ཆོས་འཁོར་བསྐོར་བར་བསྐུལ་


TNT20_Page_0783
[མ་དཔེ་གཟིགས་ན་འདིར་གནོན།]

པ། ༥ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ༦ རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་༧སྟེ་བདུན་གྱི། དང་པོ་ལ་ཕྱག་འཚལ་བ་ནི། ཕྱོགས་བཅུར་བཞུགས་པ་སྟེ། རབ་འབྱམས་མཐའ་ཡས་པའི་རྫོགས་པའི་སངས་རྒྱས་སྲས་དང་བཅས་པ་འགྲོ་བ་མ་ལུས་པ་ལ་ཕན་པར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་དངོས་པོ་བཞིས་འགྲོ་བའི་དོན་མཛད་པ་ལ་ཡང༌། བྱང་སེམས་སོ་སོའི་སྐྱེ་བོ་དང༌། མ་དག་ས་བདུན་དང༌། དག་པ་ས་གསུམ་ལ་གནས་པ་རྣམས་རིམ་པ་བཞིན། རྗེ་བཙུན་གྱིས། ཕལ་ཆེར་དོན་མེད་དོན་ཡོད་དང༌། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་གསུངས་ཏེ་འགྲོ་བའི་དོན་དེ་དག་ཀྱང་ཕ་རོལ་དུ་ཕྱིན་པ་དྲུག་གི་སྒོ་ནས་གཅིག་ཏུ་ཕན་པར་མཛད་ཀྱང༌། ནམ་མཁའ་ལྟ་བུ་སྟེ་དོན་དམ་བདེན་པ་ཆོས་ཉིད་སྟོང་པ་རྟོགས་པའི་མཁྱེན་ཅན་རྣམས་དང༌། རྫོགས་སངས་རྒྱས་རྣམས་གཟུགས་ཀྱི་སྐུས་སེམས་ཅན་རྣམས་གྲོལ་བར་མཛད་པས་འགྲོ་ལ་ཕན་པར་མཛད་པ་དང༌། དེ་ལྟར་གཞན་དོན་མཛད་པ་ཡང༌། ནམ་མཁའ་ལྟ་བུའི་ཐུགས་མངའ་བ་


TNT20_Page_0784
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཆོས་སྐུ་ཁོ་ནའི་རྣམ་རོལ་ཉིད་ལས་ནམ་དུ་ཡང་མ་འདས་མོད། འོན་ཀྱང༌། སྔོན་གྱི་སྨོན་ལམ་གྱིས་དབང་ལས་དང༌། བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་སོ། །ཞེས་པ་དང༌། རྒྱལ་སྲས་རྣམས་ཀྱང་གནས་འདི་ལ་མངོན་དུ་ཕྱོགས་པའི་ཕྱིར་ཕན་པ་དང༌། དོན་དམ་པའི་ཐུགས་མངའ་བ་བསྡུས་པར་རིག་སྟེ། མདོར་ན་ཕན་པར་མཛད་པ་དང༌། དོན་དམ་པའི་ཐུགས་ནི་རང་གཞན་དོན་གྱི་སྐུ་གཉིས་དང༌། བྱང་ཆུབ་ཀྱི་སེམས་གཉིས་སོ། །དེ་ཡང་ཇི་སྐད་དུ། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་པ་ལྟར། སངས་རྒྱས། རྒྱལ་སྲས། བྱང་ཆུབ་ཀྱི་སེམས་རྣམས་ལས། སངས་རྒྱས་ནི་བྱང་སེམས་ཀྱི་རྒྱུ་ཅན་དང༌། དེ་ནི་བྱང་ཆུབ་ཀྱི་སེམས་རྣམ་གཉིས་ཀྱི་རྒྱུ་ཅན་གྱི་ཕྱིར་རིམ་པ་འདི་ལྟར་སྨོས་པ་ཡིན་ནོ། །ཕྱག་འཚལ་ནས་སྐྱབས་སུ་འགྲོ་བ་ནི། དུས་ཀྱི་ཁྱད་པར་དེང་ནས་བརྩམས་ཏེ་དུས་རྟག་ཏུ་སྟེ། ཇི་སྲིད་མངོན་པར་བྱང་ཆུབ་པའི་བར་དུའོ། །ཞེས། དམིགས་པའི་ཁྱད་པར་དམིགས་པ་ནི། །བདག་དང་མ་ལུས་སེམས་ཅན་རྣམས། ཞེས་པ་སྟེ། སེམས་ཅན་ཐམས་ཅད་དོ། །


TNT20_Page_0785
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཇི་སྐད་དུ། གང་ཞིག་སེམས་ཅན་ཐམས་ཅད་སྒྲལ་བར་ཞུགས་པ་དང༌། །ཞེས་རྗེ་བཙུན་གྱིས་གསུངས་སོ། །དམིགས་པའི་ཡུལ་གང་ལ་སྐྱབས་སུ་འགྲོ་བ་ནི། འདྲེན་པ་མཆོག་དང་མྱ་ངན་འདས། །འཕགས་པའི་ཚོགས་ལ་ཞེས་སོ། །ངོ་བོ་ནི་སྐྱབས་སུ་མཆིའོ་ཞེས་པ་ཁས་ལེན་པ་སྟེ། རྗེ་བཙུན་གྱིས། འདི་ནི་དེ་དངོས་འདོད་པའི་ཁས་ལེན་དེ་ཡང་སྙིང་བརྩེ་ལས་རིག་བྱ། །ཞེས་གསུངས་པ་ཡིན་ཏེ། དེ་བས་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་ཡུལ་ཐོག་མར་འདོད་པས་ཁས་ལེན་པ་ཉིད་ཡིན་ནོ། །གནས་འདི་རྒྱས་པར་རྗེ་བཙུན་གྱིས་རྒྱན་དང༌། རྒྱུད་བླ་མར་གསུངས་པ། དེ་ངེས་པར་བལྟ་བར་བྱ་ལ། དེ་ལྟར་སྐྱབས་སུ་སོང་ནས་ལས་ཅི་ཞིག་བགྱི་ཞེ་ན། བསོད་ནམས་ཀྱི་ཚོགས་བསགས་པའི་སྒོ་བྱིན་པ་ལས་གྱུར་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའི་སྒོར་གྱུར་པ། ཚུལ་ཁྲིམས་ལས་གྱུར་པ་དང༌། ཚོགས་གཉིས་རྫོགས་པའི་སྒོར་ཞུགས་པའི་དགེ་བ་སངས་རྒྱས་སུ་བྱེད་པའི་ཡན་ལག་དང༌། དེ་ལས་གཞན་དོན་བསྒྲུབ་པའི་ཡན་ལག་དང༌། ཕྱི་མ་གཉིས་ནི། དགེ་བ་ཐམས་ཅད་འབྲས་བུ་བྱང་ཆུབ་སྙིང་པོ་ཅན་དུ་བྱེད་པའི་ཡན་ལག་སྟེ་འདི་དག་བྱེད་དོ། །དེ་རྣམས་ལས། དང་པོ་གསུམ་ནི་རང་དོན་གཙོ་བོ་དང༌། བཞི་པ་གཞན་དོན་གཙོ་བོ་དང༌། ལྔ་པ་དང་དྲུག་པ་ནི་ཐུན་མོང་ཡིན་ཏེ། དེ་ཡང་གཉིས་པ་ཡེ་ཤེས་ཚོགས་ལས་ཏིང་ངེ་འཛིན་གྱི་སྒོ་དང༌། གསུམ་པ་ཕྱི་མ་གཉིས་ནི་ཤེས་རབ་གཙོ་བོར་གྱུར་པ་དང༌། ལྷག་མ་


TNT20_Page_0786
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་སྒོ་སྟེ། ཀུན་ཀྱང་བསོད་ནམས་ཀྱི་ཚོགས་ཡིན་པར་རིག་གོ །དེ་ཡང་སྐྱབས་སུ་སོང་ནས། ལོངས་སྤྱོད་ལ་ལྟོས་པ་མེད་པར་སྦྱིན་པ་བྱས་ནས། མི་མཐུན་ཕྱོགས་སྡིག་པ་བཤགས་ཤིང་བསལ་ཏེ། མཐུན་ཕྱོགས་དགེ་བ་རྒྱས་པས། གཞན་ལ་ཕན་པ་བླ་མེད་བསྒྲུབ་ནས། ཐམས་ཅད་ཀྱང་བླ་མེད་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་བགྱིས་ཏེ། ཕྱིས་དགེ་བ་ཆུད་མི་ཟ་ཞིང་སངས་རྒྱས་སུ་བྱེད་པ་ནི། མི་གནས་པའི་མྱང་འདས་ལ་འཇུག་པའི་སྒོ་ཡིན་ནོ། །ཞེས་ཤེས་པར་བྱ་སྟེ། འདི་ནི་ཡན་ལག་བདུན་པའི་གོ་རིམ་ཡིན་ནོ། །དེ་ལྟར་ཡན་ལག་ཕྱི་མ་དྲུག་ལས། དང་པོ་མཆོད་པ་ནི། མེ་ཏོག་རྣམས་དང་བདུག་པ་མར་མེ་དྲི། རྣམ་མང་ཞལ་ཟས་རོལ་མོ་གོས་རྣམས་དང་སྟེ། ཟང་ཟིང་དང༌། བྱས་དང་བྱེད་འགྱུར་དགེ་བ་དཔག་མེད་ཀྱི་མཐུ་ལས་བྱུང་བ། རྣམ་བྱང་གི་ཞིང་དང༌། ཡོ་བྱད་དབུལ་བ་མཆོག་གི་སྦྱིན་པ་ལས་གྱུར་པ་འདིས་རྣམ་འདྲེན་སྲས་དང་བཅས་ལ་མཆོད་པར་བགྱི། ཞེས་སོ། །གཉིས་པ་ནི། རབ་མེད་དེ་བརྒལ་དཀའ་བའི་འཁོར་བའི་རྒྱ་མཚོར་ལྷུང་བའི་བདག་དང་མཐའ་ཡས་པའི་བདག་གི་མ་སེམས་ཅན་རྣམས། ཆོས་ཀྱི་དེ་ཁོ་ན་ཉིད་དང༌། ལས་དང་འབྲས་བུའི་གནས་ལ་ཤིན་ཏུ་རྨོངས་པ་ཡིན་ཏེ། དེའི་ཕྱིར། མི་ཤེས་པའི་དབང་གིས། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པའི་ཉེས་པ་སྤྱད་པ་ཐམས་ཅད་སོ་སོར་བཤགས་ཤིང༌། སླན་ཆད་སྲོག་ལ་


TNT20_Page_0787
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཀྱང་མི་བགྱིའོ། །ཞེས་བྱ་སྟེ། ཅི་ནི་ཚུལ་ཁྲིམས་ལས་གྱུར་པ་ཡིན་ཙ་ན། འདི་ནི་ཉེས་པ་དང་མི་འགྲོགས་ཤིང༌། ཕྱིན་ཆད་སྡོམ་པ་ཡིན་ལ་ཚུལ་ཁྲིམས་ཀྱང་དེའི་ལས་ཅན་ཏེ། དེའི་ཕྱིར་དེ་ལྟར་སྨྲས་སོ། །གསུམ་པ་ནི། སོ་སོའི་སྐྱེ་བོ་ལམ་ལ་ཞུགས་པ་དང༌། །རྒྱུན་ཞུགས་ཕྱིར་འོང་ཕྱི་མི་འོང་དགྲ་བཅོམ། རང་རྒྱལ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི། བྱས་དང་བྱེད་འགྱུར་དགེ་ལ་རྗེས་ཡི་རང༌། ཞེས་པའོ། །སངས་རྒྱས་རྣམས་ཀྱི་དམ་པའི་ཆོས་ཀྱིས་གཞན་གྲོལ་བར་མཛད་པ་ནི། གཞན་དོན་གྱི་གཙོ་བོ་ཡིན་ལ་དེ་ལྟ་བུའོ། །བཞི་པ་གཞན་དོན་གྱི་ཡན་ལག་ནི། ཞི་བར་བཞེད་པའི་འབུམ་ཕྲག་རྒྱལ་བ་རྣམས། །སྲིད་པ་ཇི་སྲིད་གནས་པ་དེ་སྲིད་བཞུགས། །ཞེས་པས་མྱ་ངན་ལས་མི་འདའ་བར་གསོལ་ནས་ཉོན་མོངས་ཏེ་མ་རིག་པ་ལ་སོགས་པ་རྩ་བ་དང་ཉེ་བའི་ཉོན་མོངས་པའི་དུག་གིས་རྣམ་པར་ཉམས་ཤིང་ཉེས་པའི་མ་རིག་པ་དང་འདོད་ཆགས་ལ་སོགས་པའི་དབང་གིས་སྡུག་བསྔལ་ཏེ་འཁོར་བའི་ཕུང་པོ་དང་ཉེར་སྤྱོད་ངན་སྐྱུགས་ཀྱི་ཁུང་བུ་ལྟ་བུ་དག་ལ་རབ་ཏུ་ཚང་བའི་སེམས་ཅན་འདི་དག་རྣམས་ཞི་བ་ནི་སྡུག་བསྔལ་ཀུན་གྱིས་མྱ་ངན་མེད་པ་དང༌། དེ་སྐད་དུ་ཡང༌། རྫོགས་སངས་རྒྱས་དང་ཉན་ཐོས་རྣམས། །སྲིད་པ་ཟད་པས་དགྱེས་པར་འགྱུར། ཞེས་གསུངས་པའི་ཚུལ་གྱིས་སོ། །ཟག་མེད་ཀྱི་དགའ་བའི་གཞིར་གྱུར་པས་དགའ་


TNT20_Page_0788
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་དང་ཆོས་མཚུངས་ལ། དེ་མཐོང་བ་སྟེ་མངོན་དུ་བགྱི་བའི་སླད་དུ། བདུད་རྩི་ལྟ་བུའི་དམ་ཆོས་སྩོལ་ཞིག་སྟེ། ཆོས་འཁོར་བསྐོར་དུ་གསོལ། ཀྱཻ་ཕྱོགས་བཅུ་མ་ལུས་པའི་བཅོམ་ལྡན་འདས་རྣམས་ཞཻས་ཆོས་གསུང་བར་བསྐུལ་པའོ། །ལྔ་པ་ནི། མ་ལུས་ཕྱོགས་བཅུ་ན་བཞུགས་པའི་འདྲེན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་གིས་དུས་དེང་ནས་བརྩམ་སྟེ་བདག་གི་མ་སྟེ། སེམས་ཅན་འཁོར་བར་རྟག་ཏུ་འཁོར་བས་དང༌། ཞི་བ་རྟག་ཅིང་བརྟན་པ་མ་ཐོབ་པས་མི་བརྟན་པ་མཐའ་ཡས་ཤིང་བགྲང་བ་ལས་འདས་པ་མ་ལུས་པ་འདི་རྣམས་བུ་གཅིག་པ་ལྟར། བརྩེ་བས་ཡོངས་སུ་བཟུངས་ཤིང༌། བསླབ་བྱ་དེ་ལས་གནོན་པ་ཅི་ཡང་མི་བགྱིའོ། །ཞེས་པས། སེམས་བསྐྱེད་ཀྱི་བསླབ་བྱ་ལ་སློབ་པར་ཁས་བླངས་ནས། སེམས་བསྐྱེད་པ་དངོས་ནི། བདག་ནི་འཁོར་བའི་རྒྱ་མཚོར་འདིར་མི་གནས་ཏེ་ལས་ཉོན་གྱི་སྐྱེ་བ་མི་ལེན་པ་དང༌། ཞི་བ་ཆད་པའི་མྱང་འདས་ཀྱི་འབྲོག་དགོན་དེར་ཡང་བདག་མི་འགྲོ་སྟེ། ལྷག་མེད་དུ་ཞི་བར་མི་བྱེད་པར། སྨོན་ལམ་དང༌། སྤྲུལ་པ་དང༌། བསམ་གྱིས་མི་ཁྱབ་པའི་ལུས་ཀྱིས་འགྲོ་བའི་དོན་བྱེད་དོ། །ཞེས་སོ། །ཚུལ་དེ་དང་ལྡན་པས་བདག་གིས་བླ་ན་མེད་པའི་བྱང་ཆུབ་མི་གནས་པའི་མྱ་ངན་ལས་འདས་པ་ངེས་པར་འཐོབ་པར་བྱ་སྟེ། ལུས་པ་མེད་པའི་འགྲོ་བ་རྣམས་བྱང་ཆུབ་ལ་འགོད་པའི་ཕྱིར་ཁོ་ནར་ཡིན་གྱི་བདག་ཉིད་སྲིད་པའི་འཇིག་པ་ཙམ་གྱིས་ནི་མ་ཡིན་


TNT20_Page_0789
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཞེས་སོ། །དྲུག་པ་ནི། ཡན་ལག་དྲུག་པོ་འདི་ལྟར་བགྱིས་པ་དང༌། སྲིད་ཞི་མ་ལུས་པའི་དགེ་བའི་མཐུ་ཡིས་བླ་མེད་བྱང་ཆུབ་གསལ་བར་མཐོང་པར་ཤོག་ཅེས་པ་སྟེ། མྱུར་དུ་ཐོབ་པར་གྱུར་ཅིག་ཅེས་ཡི་རང་དང༌། སེམས་བསྐྱེད་དང༌། བསྔོ་བ་རྣམས་ཤེས་རབ་ཀྱི་སྒོ་ཅི་ཞེ་ན། ལྷག་མཐོང་ལམ་ནི་དེ་དོན་དང༌། །རྣམ་པར་སྤྱོད་པར་ཤེས་པར་བྱ། །ཞེས་གསུངས་པ་དང་ཚུལ་མཚུངས་པ་ཉིད་དུ་ཡི་རང་ནི། དགེ་བའི་བསམ་པ་དང༌། བྱེད་པ་དང༌། འབྲས་བུ་ལ་སོགས་པ་ཇི་སྙེད་པའི་གནས་ལ་དམིགས་ནས་ཡི་རང་བའི་ཕྱིར་དང༌། ཐ་མ་གཉིས་ནི། བྱང་ཆུབ་ཕྲ་ཞིང་ཟབ་པ་ཇི་ལྟ་བའི་གནས་ལ་དམིགས་པའི་ཕྱིར། དེ་སྐད་ཅེས་སྨྲས་སོ། །དེ་ལྟར་ཡན་ལག་བདུན་པ་བཤད་ནས། གང་ལ་འཇུག་པའི་རྣལ་འབྱོར་ཉིད་བརྗོད་ན། དེ་ལ་ཐོག་མར་མདོར་བསྟན་པ་ལ། དོན་དམ་སེམས་བསྐྱེད་ནི། དངོས་པོ་ཀུན་གྱི་སྟེ་ཆོས་ཐམས་ཅད་ཀྱི་རང་བཞིན་ནམ། གཤིས་ནི་ཐོག་མ་ཉིད་ནས་ཐམས་ཅད་སྟེ་གཟུང་བ་དང༌། འཛིན་པའམ་ཡུལ་དང་ཡུལ་ཅན་རྣམ་ཤེས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་ཀྱིས་ཐམས་ཅད་དུ་སྒྱུ་མ་ལྟ་བུར་སྟོང་བཞིན་དུ་སྣང་བ་སྟེ། རྣལ་འབྱོར་པ་གང་སྟེ། འདིས་ནི། རྣལ་འབྱོར་ཏིང་ངེ་འཛིན་ལ་མངོན་དུ་ཕྱོགས་པ་རྣམས་ཀྱང་བསྡུས་པར་བསྒོམ་པར་བྱ། ཞེས་པ་དང་འབྲེལ་ཏེ། དེ་ལ་རྣལ་འབྱོར་པ་དེས་ནི་འདི་ལྟར་ཏེ། འོག་ནས་


TNT20_Page_0790
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་འབྱུང་བ་བཞིན་དུ་བསྒོམ་པར་བྱ་སྟེ། དངོས་པོ་ཀུན་གྱི་རང་བཞིན་དེ་ནི་རིག་ཅིང་མངོན་པར་བགྱི་བར་འདོད་པ་ཁོ་ནས་སོ། །དེ་ནས་ཀུན་རྫོབ་བྱང་སེམས་སྤྱོད་པ་དང་བཅས་པ་མདོར་བསྟན་པ་ནི། གྲོང་ལ་སོགས་པ་འདུ་འཛི་དང་བཅས་པའི་ཡུལ་ལམ། འབྲོག་དགོན་པར་འདུག་ནའང༌། གནས་འདི་མ་རུང་སྟེ། རྒྱལ་པོ་བྱམས་པའི་སྟོབས་དང༌། ཤཱི་སི་ར་ཛ་དང༌། ཚོང་དཔོན་སྦྱིན་པ་ལ་དཔའ་བ་དང༌། ཟིལ་གྱིས་མི་གནོན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་དག་བསྐང་བར་འོས་ལ། གང་ཡང༌། དོན་དམ་བྱང་ཆུབ་ཀྱི་སེམས་ལ་ནི། རྒྱལ་སྲས་ཤིན་ཏུ་ལས་དང་པོ་པས་དེ་ལྟར་མ་ཡིན་ཏེ། འདོད་ཡོན་རྣམ་པར་མ་སྤངས་པས་ནི། སེམས་རྩེ་གཅིག་ཙམ་ཡང་སྒྲུབ་མི་ནུས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའི་གྲོགས་སྙིང་རྗེ་དང་སྟོབས་མ་ཉམས་པས། བྱང་ཆུབ་སྤྱོད་པ་སྟེ། བྱང་ཆུབ་ཀྱི་ཕྱིར་སྤྱད་པར་འོས་པ་གང་ཡིན་པ་དེའོ། །དེ་ལ་བྱང་ཆུབ་ནི་བླ་ན་མེད་པ་ཉིད་ཡིན་ལ། དེ་བས་ན་སྤྱད་པ་ཡང་བླ་ན་མེད་པ་སྟེ། སྦྱིན་པ་ལ་སོགས་པ་རྒྱ་ཆེན་པོ་དངོས་སུ་སྤྱད་པར་བྱ་ཞིང་ཅི་སྟེ་མི་ནུས་ན། ཡིད་ཀྱིས་ཀྱང་ནི་རྟག་ཏུ་སྟེ་ནམ་ཡང་ཉོན་མོངས་པས་ལྷག་པར་ཟིལ་གྱིས་མ་མནན་པར་སྤྱད་པར་བྱ་ཞིང༌། དེའི་ཚུལ་ཡང༌། ཟླ་བའི་ཞལ་སྔ་ནས། སྦྱྀན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །ཞེས་གསུངས་པ་ལྟར།


TNT20_Page_0791
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་པའི་སྔ་མ་གསུམ་དང༌། རབ་ཏུ་བྱུང་པའི་ཕྱི་མ་གསུམ་ལ་གཙོ་ཆེར་བསླབ་པར་གསུང་སྟེ། དེ་ཡང་ཁྱིམ་པས་སྦྱྀན་པ་ཕལ་ཆེ་བ་ལ་སློབ་ཅིང༌། ཚུལ་ཁྲིམས་དང༌། བཟོད་པ་ཕལ་ཆེར་ལ་ཕྱིས་སློབ་ཅིང་འཇུག་པར་བྱ་བ་ཡིན་ལ། རབ་ཏུ་བྱུང་ནས་ནི། རབ་ཏུ་བྱུང་ཕྱིན་འཚོ་བ་རྣམ་པར་དག་པ་ལ་བརྟེན་དགོས་པའི་ཕྱིར། ལོངས་སྤྱོད་སྤང་དགོས་པས་སྦྱིན་པ་དང༌། བསྲུང་བྱ་ཚུལ་ཁྲིམས་ཀྱི་གཙོ་བོ་སོ་སོར་ཐར་པའི་སྡོམ་པ་ལ་གནས་དགོས་པས་ཚུལ་ཁྲིམས་དང༌། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ལ་གནས་པས་གནོད་པ་ལ་བཟོད་པ་ཡང་འགྲུབ་པས་ན། དང་པོ་གསུམ་ལ་གནས་ནས། བསྒྲུབ་པར་བྱ་བ་ཐོས་བསམ་སྒོམ་གསུམ་ལ་རྩོལ་བ་ཆེས་ཆེན་པོས་འབད་དགོས་པའི་ཕྱིར། ཕྱི་མ་གསུམ་ལ་སླེབ་པར་འགྲུབ་སྟེ། རྒྱལ་སྲས་རྣམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ད་ནི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་ཅུང་ཟད་རྒྱས་པར་བཤད་ན། ཞི་གནས་དང་ལྷག་མཐོང་གི་ལམ་གྱི་རིམ་པས་འགྲུབ་སྟེ། དེ་སྐད་དུ་ཡང༌། རྒྱལ་སྲས་ཤནྟ་དེ་བའི་ཞབས་ཀྱིས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པ་ཤེས་བྱས་ནས། །ཞེས་ཀྱང་གསུངས་ཤིང༌། དགོང་པ་ངེས་པར་འགྲེལ་པ་ལས་ཀྱང་བཀའ་སྩལ་ཏེ། རྣལ་འབྱོར་པ་ཡི་ཞི་གནས་དང༌། །ལྷག་མཐོང་བསྒོམ་པར་བྱས་པས་ནི། །མཚན་མའི་མཆིང་དང་དེ་བཞིན་དུ། །


TNT20_Page_0792
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ངན་ལེན་གྱི་འཆི་བས་གྲོལ། །ཞེས་པའོ། །དེ་ལྟར་ཞི་གནས་ཀྱིས་ཉོན་མོངས་པ་དང༌། ལྷག་མཐོང་གིས་ཤེས་བྱའི་སྒྲིབ་པ་སྦྱངས་པས་ནི། མང་དུ་སྨྲ་བ་ངལ་ཏེ། མདོར་བསྡུ་ན། ཞི་གནས་བསྒོམ་པའི་ཚུལ་ཡང༌། ཞི་བའི་ལྷ་ཆེན་པོས། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པ་ལྟར། འདོད་ཡོན་ལ་མ་ཆགས་པ་སྔོན་དུ་འགྲོ་བ་ཡིན་ལ། དེའི་ཕྱིར་དུ། ཇི་སྐད་དུ། འདོད་ལྡན་ལ་ལ་ལུས་ཀྱང་བཅད། ཁ་ཅིག་གསལ་ཤིང་རྩེ་ལ་བཙུག །ཞེས་པ་དང༌། བྱིས་དང་སྐལ་པ་མཉམ་སྤྱོད་ན། །ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ། །སྐལ་མི་མཉམ་པར་འཁྲིད་བྱེད་ན། །བྱིས་པ་བརྟེན་པས་ཅི་ཞིག་བྱ། །སྐད་ཅིག་གཅིག་གི་མཛའ་འགྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པ། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཕན་པར་སྨྲས་ན་ཁྲོ་བར་བྱེད། །བདག་ཀྱང་ཕན་ལས་བཟློག་པར་བྱེད། །དེ་དག་ངག་ནི་མ་ཉན་ན། ཁྲོ་བས་ངན་འགྲོར་འགྲོ་བར་འགྱུར། །ཞེས་དང༌། བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང༌། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཞེས་ཀྱང་ངེས་པར་འབྱུང༌། །དེ་ལྟར་བདག་དང་གཞན་བརྟེན་པ། །དེས་ནི་ཕུང་བར་འགྱུར་བར་ཟད། །ཅེས་གསུངས་ཏེ། །དེའི་ཕྱིར་འདི་ལྟར་ཁྱིམ་ནི་ཉེས་མང་ཅན། །ནམ་ཡང་སྡིག་པའི་ལས་ཀྱི་གནས། །འཇོ་སྒེག་འཐབ་དང་ཀླག་


TNT20_Page_0793
[མ་དཔེ་གཟིགས་ན་འདིར་གནོན།]

ཅོར་ཅན། །ཞེས་སྨྲས་པ་ཡིན་ནོ། །གཞན་ཡང་མཧཱ་ཙརྱ་ཤནྟ་དེ་བས། མཐོ་ལ་ཕྲག་དོག་མཉམ་ལ་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེ། །ནམ་ཞིག་བྱས་ལ་ཕན་པ་འཐོབ། །ཅེས་དང༌། ནགས་ན་རི་དྭགས་བྱ་རྣམས་དང༌། །ཤིང་རྣམས་མི་སྙན་བརྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང༌། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། གཞན་ཡང་ནམ་ཞིག་རྒྱབ་ཏུ་མི་ལྟ་ཞིང༌། །ཆགས་པ་མེད་པར་འགྱུར་ཞིག་གུ། །ས་ཕྱོགས་བདག་གིར་གཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པར། །ནམ་ཞིག་བདག་ནི་གནས་པར་གྱུར། །ལྷུང་བཟེད་ལ་སོགས་ཉེ་ཚེ་དང༌། །ཀུན་ལ་མི་མཁོའི་གོས་འཆང་ཞིང༌། །ལུས་འདི་སྦ་བ་མ་བྱས་ཀྱང༌། །འཇིགས་མེད་གནས་པར་ནམ་ཞིག་འགྱུར༌། །ཞེས་གསུངས་ཏེ། དེ་ཉིད་མདོར་བསྡུ་ན། རྟག་ཏུ་ཟིལ་གྱིས་གནོད་བྱེད་མང༌། །ཀྱེ་མ་ནམ་ཞིག་འདི་ལས་ཐར་འགྱུར་ཞེས། །བློ་ལྡན་དེ་ནི་དབེན་པ་འཚོལ་བར་བྱེད། །ཉེས་མང་ཁྱིམ་དུ་གདོན་མི་ཟ་བར་སྤངས། །ཞེས་སྨྲས་པའོ། གནོད་པ་མེད་པའི་གནས་སུ་དེ་འགྲོ་སྟེ། །ཞེས་པ་ནི། དེ་ཉིད་ལས། ཇི་སྐད་དུ། ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཏེ། །ཡོངས་འཛིན་བསྲུང་པའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དག་ཡང་ནི་འབྲེལ་མེད་པ། །ཆོག་


TNT20_Page_0794
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་སྙེད་དཀའ། །ཞེས་སོ། །དེ་ལྟར་བསམ་ནས་རྣལ་འབྱོར་དུ་བྱ་བ་ནི་མང་ངམ་ཉུང་ངུ་ཐོས་ཀྱང༌། ཞེས་སོགས་འབྲེལ་ཏེ། དེ་ལ་ནང་རྣལ་འབྱོར་ལ་གཞོལ་པའི་སེམས་དཔའ་དེ་དབེན་པ་འཚོལ་ཞིང༌། མང་ངམ་ཉུང་ངུར་ཐོས་ཀྱང་རྒྱལ་སྲས་རྣམས། རྟག་ཏུ་བསྒོམ་པ་ལྷུར་ལེན། ཞེས་པ་ནི་རྒྱལ་བའི་གསུང་རབ་ནི་སྒོམ་པ་ལྷུར་ལེན་གྱིས། ཐོས་པ་དང་རྩོད་པ་ལྷུར་ལེན་པའི་རྒྱུད་ནི། རྒྱལ་སྲས་ཆེན་པོ་ཨ་ཏི་ཤས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྩོད་པ་བཟློག་ཕྱིར་ཡིན། །ཞེས་ཀྱང་གསུང་སྟེ། རྟོག་གེ་དང་རིག་བྱེད་དང༌། བྷ་ར་ཏ་དང༌། ཀླུའི་འབུམ་པ་དང༌། ལྷའི་ཨིནྡྲ་བྱ་ཀ་ར་ཎ་ལ་སོགས་པའི་འདའ་བར་བྱེད་པ་ལ། མང་ངམ་ཉུང་ངུར་ཐོས་ཀྱང་བྱིས་པ་རྣམས། །ཐོས་པ་ཙམ་གྱིས་འདི་ན་ཁེངས་པར་བྱེད། །ཞེས་སོ། །མདོར་ན། རྒྱལ་སྲས་ཁྱིམ་སྤངས་པ་སྟེ་ཇི་ལྟར་ཐོས་པ་དེ་ལྟར་བསྒོམ་པའི་སྙིང་པོ་ཅན་དུ་བྱེད་དོ། །ཅི་རྒྱལ་སྲས་རྣམས་བསྒོམ་པ་ལྷུར་ལེན་ན། ཉུང་ངུར་ཐོས་པས། ཆོག་གམ་ཞེ་ན། ཐམས་ཅད་མཁྱེན་པ་བསྒྲུབ་པར་འདོད་པས་ཤིན་ཏུ་མང་དུ་ཐོས་དགོས་པ་ཡང༌། ཐོས་པས་མི་ངོམ་ཉིད་དང་ནི། །ཞེས་གསུངས་པ་བཞིན་ས་ཐོབ་ནས་ཀྱང་ཐོས་པ་ཚོལ་བའི་ཕྱིར། འདི་ན། ཕྱུག་བདག་གི་བརྟུལ་བཞུགས་ཅན་ཐོས་པ་དྲི་མེད་ལ་ལྷག་པར་བརྙས་པ་དག་ནི་


TNT20_Page_0795
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་འཇུག་པ་ལས་གཞན་དུ་ཅི། དེ་བས་འདིར་བྱང་སེམས་དང་བྱིས་པ་ཐོས་པའི་དགོས་པ་མིན་མཚུངས་ཏེ། དང་པོ་ནི། ཚིགས་བཅད་གཅིག་ཁོ་ན་ཐོས་པ་ཡང་སྒོམ་པའི་སྙིང་པོ་ཅན་དུ་བྱེད་པ་དང༌། བྱིས་པ་ཞེས་པ་སྤྱིར་སོ་སོ་སྐྱེ་བོ་ཐམས་ཅད་ལ་འཇུག་ཀྱང༌། འདིར་ནི་ཡང་དག་པའི་ལམ་ལ་ཞུགས་པ་རྣམས་འཕགས་པ་ལ་མངོན་དུ་ཕྱོགས་པས་འཕགས་པའི་རིགས་ཡིན་པས། བྱིས་པ་ནི་ཡང་དག་པའི་ཁམས་ལ་མི་དགའ་བ་རྣམས་ཏེ། དེ་རྣམས་ཐོས་པ་ཙམ་གྱིས་ཆོག་ཤེས་ནས། མི་བསྒྲུབ་པོ་ཞེས་བསྟན་པ་ཡིན་ནོ། །ཐོས་པ་ཙམ་གྱིས་ཁེངས་པ་དེ་ནི་འཚོ་བ་པ་བཞིན་རྣམ་པར་ཉམས་ཞེས་པ་ལ། འཚོ་བ་པ་ནི་མི་དབུལ་པོའི་ཁྱད་པར་ཞིག་སྟེ། འཚོ་བ་པ་རིགས་ཀྱི་གཙོ་བོ་ལ་མི་སྨོན་པ་ཉིད་ཀྱིས་བྱ་བ་བཟང་པོ་ལ་མི་འཇུག་པས་རྟག་ཏུ་སྡུག་བསྔལ་བ་བཞིན་ནོ། །ཞེས་པའོ། །དེ་ནས་བློ་དང་ལྡན་པ་དེ། དགེ་བའི་བཤེས་གཉེན་བསྟེན་པ་ཡིན། དམ་པའི་ཆོས་ནི་འཚོལ་བར་བྱེད། །མན་ངག་གི་སྙིང་པོ་ཅན་གྱིས་ཐོས་པ་དེ་དག་གང་ལས་ཐོས་པར་འགྱུར་བ། དམ་པའི་ཆོས་ལ་སྤྱོད་པའི་རྐྱེན་གྱི་གཙོ་བོ་དགེ་བའི་བཤེས་གཉེན་ལས་ཏེ། བསྟེན་ཚུལ་རྗེ་བཙུན་གྱི། སྐྱོ་བ་སྤང་ལ་བརྟེན། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པ་ལྟར་རོ། །བསྟེན་ནས་ཀྱང་དམ་པའི་ཆོས་འཚོལ་བར་བྱེད་དོ། །དེའི་ཕྱིར་བསྟེན་


TNT20_Page_0796
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །དཔེར་ན་དཔལ་འབྱུང་པའི་རྣམ་ཐར་ལས། བླ་མ་བསྟེན་པའི་ཚུལ་ལྟར་བསླབ། །ཞེས་གསུངས་པ་དང༌། ནོར་བཟང་གི་བླ་མ་བརྒྱ་རྩ་བསྟེན་པ་བཞིན། བདག་ཅག་རྣམས་ཀྱིས་ཀྱང་བསླབ་པར་བྱའོ། །མན་ངག་མཆོག་གིས་ནོར་བླང་ནས་ཞེས་པ་ནི། དེ་ལྟར་དམ་ཆོས་འཚོལ་ཞིང་མང་དུ་ཐོས་ནས་ཀྱང༌། ཐོས་པ་ཐམས་ཅད་ཀྱང་མན་ངག་དང་ལྡན་པར་བྱས་ནས་སྒོམ་པ་ལ་ཕྱོགས་པའོ། །ཞེས་པའོ། །དེ་ནས། གང་དུ་བསྒོམ་པའི་གནས་བརྟན་དེ། ནགས་འདབ་བབ་འཆོལ་སྐྱེ་བོ་ཡིས། །ནམ་ཡང་བསྐྱོད་པ་མེད་པའི་གནས། །དེ་སྐད་དུ། རྒྱལ་སྲས་ཙནྡྲ་གོ་མིས། ནགས་ཀླུང་ཆུ་གཙང་ངོས་བདེ་དབེན་པ་སྐྱིད་པ་གང༌། །ཅི་སྟེ་ལྷ་ཡི་བུ་མོ་དྲི་ཞིམ་བྱུག་པ་ཡི། །ལན་བུའི་རྒྱན་དུ་ཐོགས་པའི་རྒྱུན་ལྡན་མེ་ཏོག་བཅས། །མཛེས་པ་ཟིལ་གནོན་ལྷ་ཡི་ཚུལའང་ཡོད་འགྱུར་རམ། །ཞེས་དང༌། རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། །ནགས་ཚལ་ལྟོས་མེད་རི་བོའི་ཆུ་རྒྱུན་གསལ་བབས་ཆགས་པ་མེད་པའི་གནས། ཆུ་ཀླུང་ཡངས་པའི་མཐའ་རུ་འབྲས་བུ་རྒྱ་ཆེན་ལྷུང་བས་བརྒྱན་པ་ཡི། །ཉམས་དགའ་བས་མཐའ་ཅི་ཞིག་མེད་དེ་དམྱལ་དོང་ཁྱིམ་དུ་བསླུས་ཏེ་སྡོད། །རི་སུལ་ཡངས་པ་སྐྱེ་བོ་ལྷུག་པ་མེད་པས་རབ་བདེ་བ། །ཉེར་སྤྱོད་རྒྱ་ཆེན་ཁོར་ཡུག་ནགས་ཚལ་སྔོ་འཁྲུངས་འཕྲེང་བ་སྒྲེངས། །ཆུ་ངོགས་སྙན་པ་ཕུ་ཆུའི་རྒྱུན་སྒྲ་རྔ་ལྟར་སྙན་པ་ཡི། །བདག་ཅག་ཉོན་མོངས་ཡུལ་མ་ཡིན་


TNT20_Page_0797
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མགྲོན་ལ་སྒྲོགས་པ་བཞིན། །ཞེས་གསུངས་ཏེ། ཚིགས་བཅད་དང་པོས། ལྷ་ཡི་ཆུ་བོ་ནགས་ཀླུང་མཆོག་སྟེ། དང་པོས་ཉོན་མོངས་འཕེལ་ཞིང༌། ཕྱི་མ་ཆགས་བྲལ་ཡིད་འབྱུང་བའི་གནས་ཡིན་པའི་ཕྱིར། ཞེས་བསྟན་ལ། ལྗོན་ཤིང་ལྡན་ཡན་ཆད་རི་དང་རི་བོའི་ཆུ་རྒྱུན་ནས་དགའ་ཞེས་པའི་བར་དང༌། ཉེར་སྤྱོད་རྒྱ་ཆེན་མན་ཆད་ཀྱིས་དེར་བཟའ་བཏུང་སོགས་ཀྱིས་ངལ་ཏེ། ལས་ཀྱི་མཐའ་ལ་མ་ཞུགས་ཀྱང༌། བདག་པོས་མ་བཟུང་བ་དག་བདེ་བླག་ཏུ་རྙེད་པས་སོ། །གཞན་ཡང༌། འབྲོག་དགོན་པར་བསམ་གཏན་བསྒོམ་པ་ལ་མི་སྐྱོ་བའི་ཉེར་སྤྱོད་དང་ལྡན་ལ། ཁྱིམ་གྱི་ཉེར་སྤྱོད་ནི། རྣམ་པར་གཡེང་བར་བྱེད་པ་ཡིན་པས་ན། བས་མཐའ་ཅི་ཞིག་མེད་དེ་སོགས་གསུངས་སོ། །ནགས་ཚལ་ལྟོས་མེད་ནི་དགྲ་དང་གཉེན་གྱི་བྱ་བ་ལ་མི་ལྟོས་པས། གཡེང་བའི་རྒྱུ་མེད་པས་དང༌། རི་སུལ་ཡངས་པ་ནི་བདག་ལ་གནོད་པ་དང་ཆགས་པའི་སྐྱེ་བོ་མེད་ཅིང༌། གཞན་གྱིས་མ་བཟུང་པས་སྤྱོད་པ་སྤང་པའོ། །དེའི་ཕྱིར་ནགས་འདབ་ཞེས་སྨྲོས་ལ། སྐྱེ་བོ་ལྷུག་པ་ནི། ཉོན་མོངས་པའི་སྤྱོད་པ་མ་བསྡམས་པར་ལྷུག་པར་སྤྱོད་པ་སྟེ། དེ་བས་ནི་བབ་ཅོལ་སྐྱེ་བོ་ཡིས། །ནམ་ཡང་བགྲོད་པ་མེད་པའི་གནས། །ཞེས་སྨྲས་པའོ། །དེ་ལྟར་མ་བསྡོམ་པ་ཁྱིམ་པ་ལ་སོགས་པ་དང་ལྷན་ཅིག་ཏུ་འདུག་ན། རང་ཉིད་ཀྱང་ཉོན་མོངས་པ་མ་བསྡམས་པར་སྤྱོད་ལ། ཤིན་ཏུ་ཉོན་མོངས་པར་སྤྱོད་པ་དག་སྣང་བ་ནི།


TNT20_Page_0798
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཡང་ཉོན་མོངས་སྟོབས་སུ་འགྱུར་པ་ལས། དེ་དག་མེད་པའི་ཕྱིར། ཏིང་ངེ་འཛིན་ཆེར་སྐྱེས་སླ་བས་རབ་བདེ་བའོ། །དེའི་ཕྱིར་རྔ་ལྟར་སྙན་པ་ཡིན་སོགས་ཀྱི་དོན། ནགས་ཚལ་སོགས་དབེན་པ་ནི། བདག་ཅག་ཉོན་མོངས་ཞེས་སོགས་བརྗོད་པར་བྱའོ། །མི་མཆོད་དེ་ནི་དེར་སོང་ནས། །དྲང་པོའི་ལུས་ཀྱི་གནས་པར་བྱ། །ཞེས་པ་ནི། དབེན་པ་དེར་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་གྱི་ལུས་གནད་དང་ལྡན་པར་བྱའོ། །ཞེས་པ་སྟེ། འདི་ཡན་ཆད་རྣལ་འབྱོར་ལ་འཇུག་པའི་རིམ་པ་སྔོན་དུ་འགྲོ་བ་ཡིན་ནོ། །དེའི་ཚུལ་ཡང་མཧཱ་ཨ་ཙརྱ་པདྨའི་ངང་ཚུལ་གྱིས། དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་ཀྱི་ཚོགས་རྣམས་ལ་གནས་ཏེ། ཡིད་དུ་འོང་བའི་ཕྱོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལ་སོགས་པ་བྱས་ཤིང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ལ། སྙིང་རྗེ་ཆེན་པོ་ཁོ་ན་སྔོན་དུ་བྱས་པས། འགྲོ་བ་མཐའ་དག་འདོན་པའི་བསམ་པ་ནན་དུ་གྱུར་ནས། ལུས་དྲངས་པོར་བསྲང་ལ་སྟན་བདེ་བའི་སྟེང་དུ་འདུག་སྟེ་སྐྱིལ་མོ་ཀྲུང་བཅས་ལ་ཏིང་ངེ་འཛིན་མངོན་པར་བསྒྲུབ་པོ། །ཞེས་གསུངས་པ་ལྟར་བྱ་བ་སྟེ། དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ཞི་གནས་ཀྱི་ཚོགས་རྣམས་ལ་གནས་ཏེ། ཞེས་པ་ཞི་གནས་ཀྱི་རྒྱུ་ཚུལ་ཁྲིམས་སྔོན་དུ་འགྲོ་བ་སྟེ། འདི་ལྟར་ཁྱིམ་ནི་ཞེས་སོགས་བཤད་པ་ཡིན་ནོ། །ཡིད་འོང་པའི་ཕྱོགས་ནི། ནགས་འདབ་ཞེས་


TNT20_Page_0799
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྨྲས་པ་སྟེ། སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པ་ནི། དབེན་པ་དེར་སྔར་བཤད་པ་ལྟར་ཡན་ལག་བདུན་པ་བྱ་བ་ཡིན་ལ། སྙིང་རྗེ་ཆེན་པོ་ཁོ་ན་སྔོན་དུ་བྱེད་པ་ནི་བསྒོམ་པ་དང༌། འགྲོ་བ་མཐའ་དག་འདོན་པའི་བསམ་པ་ནི། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟེ། དེ་ནས་ལུས་དྲང་པོར་བསྲང་བ་ལ་སོགས་པས། ལུས་གནད་བསྟན་ཏེ། དེའི་ཕྱིར་དྲང་པོའི་ལུས་ཀྱི་སོགས་སྨྲས་པ་ཡིན་ནོ། །ད་ནི་ཏིང་ངེ་འཛིན་མངོན་པར་སྒྲུབ་བོ་ཞེས་པ་འདིར་བཤད་པར་བྱ་བ་སྟེ། སེམས་ཀྱི་སེམས་ནི་བཟུང་བྱ་སྟེ། །ཞེས་པ། རྣལ་འབྱོར་པ་གང་ནང་སེམས་ཉིད་ཀྱི་གནས་ལ། སེམས་ཁོ་ནར་དམིགས་ཏེ། རྟོག་མེད་དུ་འཇོག་པ་དང༌། དེ་ཉིད་ཡུན་བསྲང་བ་སྟེ། འཇོག་པ་དང༌། རྒྱུན་དུ་འཇོག་པའོ། །འདིར་ནི་དབང་པོ་རྣམ་པར་བསྡུ་བ་ནི། སྔ་མ་ནས་བྱིང་རྒོད་སྤངས་ཏེ། རྣམ་རྟོག་གི་རྒྱུ་སྤངས་ནས་དབང་པོ་ནང་དུ་བསྡུས་ཏེ་མཉམ་པར་འཇོག་པ་ཉེར་འཇོག་གོ །རྣམ་རྟོག་མང་པོས་རྣམས་ཉམས་ཚེ། རྒྱ་མཚོའི་རླབས་བཞིན་ཞི་བར་བྱ་བ་ནི་བླན་ཏེ་འཇོག་པ་སྟེ། རྣམ་རྟོག་མང་དུ་སྐྱེས་པ་ན་དེ་ཤེས་པར་བྱས་ནས་སླར་ཡང་མཉམ་པར་འཇོག་པའོ། །ཡིད་ནི་རྣམ་པར་གཡེང་གྱུར་ན། དེ་ཚེ་དྲན་པས་གདུལ་བར་བྱ་ཞེས་པ་ནི། ཞི་བར་བྱེད་པ་དང་རབ་ཏུ་ཞི་བར་བྱེད་པ་སྟེ། རྣམ་རྟོག་འཕྲོས་ཀྱང་དང་དུ་མི་ལེན་པ་དང༌། བརྗེད་ནས་རྣམ་པར་གཡེངས་ན་དྲན་པས་ཟིན་པར་བྱས་ནས་དེ་ལ་ཉེས་


TNT20_Page_0800
[མ་དཔེ་གཟིགས་ན་འདིར་གནོན།]

པར་ལྟ་ཞིང་མཉམ་པར་འཇོག་པ་ལ་མི་དགའ་བ་སྤངས་ཏེ་འཇོག་པ་ཡིན་ཏེ། ཇི་སྐད་དུ། ཀ་མ་ལ་ཤཱི་ལ་མཧཱ་པུ་རུ་ཥས་སྒོམ་རིམ་ལས། གང་གི་ཚེ་དེ་ལ་མི་དགའ་བར་མཐོང་བ་དེའི་ཚེ། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བལྟས་ནས་དེ་ལ་དགའ་བར་བསྒོམ་ཞིང༌། རྣམ་པར་གཡེང་བ་ལ་ཉེས་པར་ལྟ་བས་མི་དགའ་བ་རབ་ཏུ་ཞི་བར་བྱའོ། །ཞེས་གསུངས་ཤིང༌། འདོད་ཡོན་སྤྱད་པ་དྲན་པ་སོགས། །དེ་ཚེ་དཔལ་དང་ལུས་འདོད་པ། །འདུས་བྱས་ཡུད་ཙམ་གར་མཁན་དང༌། །དུས་ཀྱི་སྤྲིན་དང་གློག་འགྱུ་མཚུངས། །འཁོར་བ་སྦྲུལ་གྱི་རོ་འཛིན་ན། །ཀྱེ་མ་བདག་ནི་གཡེང་བའི་གནས། །ཞེས་པས་འདོད་པའི་ཉེས་པ་དང༌། དེ་སྤང་ནས་དབེན་པ་དང་བསམ་གཏན་གྱི་ཕན་ཡོན་ཡིད་ལ་བྱེད་པ་ནི། འདུལ་བར་བྱེད་པ་སྟེ། དེ་ཉིད་ལས། ཅི་སྟེ་གང་གི་ཚེ་སྔོན་རྒོད་པ་དང་རྩེས་པ་ལ་སོགས་པ་དྲན་ཞིང་བར་བར་དུ་སེམས་རྒོད་པར་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱེད་པས་རྒོད་པ་ཞི་བར་བྱའོ། །ཞེས་གསུངས་སོ། །གཞན་ཡང་འདོད་ཆགས་ཞེ་སྡང་རྨོངས། །ཆོམ་རྐུན་དགྲ་ཆེན་འདི་དག་རྣམས། །བྱམས་དང་རྟེན་ཅིང་འབྲེལ་འབྱུང་དང༌། །མི་སྡུག་ཏིང་འཛིན་དཔུང་གིས་བཅོམ། །ཞེས་པ་ལ་གཏི་མུག་ཤས་ཆེ་བར་བྱིང་བ་དང༌། འདོད་ཆགས་ཤས་ཆེ་བར་རྒོད་པ་དང༌། ཞེ་སྡང་ཡང་དེ་དང་ཕྱོགས་མཐུན་པར་རིག་སྟེ། དེ་རྣམས་ལ་རིམ་པ་


TNT20_Page_0801
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྟེན་འབྲེལ་དང༌། བྱམས་པ་དང༌། མི་སྡུག་པ་བསྒོམ་པས་བསལ་ཞིང༌། དེར་མདོར་བསྡུ་ན། བྱིང་རྒོད་སྤང་སྟེ་སེམས་ཀྱི་རྒྱུན་རྩེ་གཅིག་ཏུ་བྱེད་པ་བསྒྲུབ་པ་ལ། བྱིང་བ་ལ་སྤྲོ་བ་བསྐྱེད་པ་དང༌། རྒོད་པ་ལ་སེམས་མི་སྡུག་པ་ལ་སོགས་པས་བསལ་བར་བྱ་སྟེ། ཇི་སྐད་དུ། གང་གི་ཚེ་བར་སྐབས་འདོད་ཆགས་ལ་སོགས་པ་སེམས་ཕྱིར་རོལ་དུ་རྣམ་པར་གཡེང་བ་དེའི་ཚེ། སེམས་རྣམ་པར་གཡེང་བ་ཤེས་པར་བྱས་ལ། མི་སྡུག་པ་ལ་སོགས་པ་བསྒོམ་པས་རྣམ་པར་གཡེང་བ་ཞི་བར་བྱས་ཤིང༌། མྱུར་དུ་དེ་ཉིད་ལ་བྱང་སེམས་ཕྱི་ཕྱིར་རོལ་གཞུགས་པར་བྱའོ། །ཞེས་དང༌། ཅི་སྟེ་གང་གི་ཚེ་གཉིད་དང་རྨུགས་པས་ནོན་ཏེ་དམིགས་པ་འཛིན་པ་ལ་མི་གསལ་ཞིང་སེམས་བྱིང་བར་གྱུར་པ་དེའི་ཚེ། སྣང་བའི་འདུ་ཤེས་བསྒོམ་པའི་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ལ་སོགས་པའི་ཡོན་ཏན་ཡིད་ལ་བྱེད་པས་བྱིང་བ་བསལ་ལ། དམིགས་པ་དེ་ཉིད་ལ་དམ་དུ་བཟུང་ངོ༌། །ཞེས་གསུངས་སོ། །སེམས་ནི་སྒོ་གཏན་བཅུག་པ་ལྟར། རྣམ་རྟོག་རླུང་གིས་གཡོ་བ་མེད། །ཅེས་པ་ནི་དེ་ཉིད་ལས། གང་གི་ཚེ་བྱིང་བ་དང་རྒོད་པ་གཉིས་ཀ་དང་བྲལ་བའི་ཚེ། མཉམ་པར་འཇུག་ཅིང་སེམས་རང་གི་ངང་གིས་འབྱུང་བར་མཐོང་བ་དེའི་ཚེ་རྩོལ་བ་ཀློད་དེ་བཏང་སྙོམས་སུ་བྱའོ། །ཞེས་གསུངས་ཏེ། བྱིང་རྒོད་དང་བྲལ་ནས། སྒོ་གཏན་བཅུག་པ་ལྟར་སེམས་མི་གཡོ་བར་གནས་པ་ལ་རིང་དུ་འཇོག་པ་ནི།


TNT20_Page_0802
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་འཇོག་པ་ཞེས་བྱ་སྟེ། ཞི་གནས་གྲུབ་བོ། །ཕན་ཡོན་ནི། འདོད་པ་རྣམས་ལ་དགར་མི་འགྱུར། ཤིན་ཏུ་སྦྱངས་པས་བདེ་བ་ཐོབ། ཅེས་ཏེ་དང་པོ་ཞི་གནས་གྲུབ་པའི་སེམས་ཀྱིས་དང༌། ཕྱི་མ་ལུས་ཀྱི་གཙོ་ཆེ་སྟེ། དེ་ལྟར་ན་ཚིག་གི་དོན་ཏོ། དེ་ལ་སེམས་གནས་པའི་ཐབས་དགུ་པོ་ཉིད་དང༌། སྤོང་པའི་འདུ་བྱེད་བརྒྱད་པོ་ཅི་ཞེ་ན། དང་པོ་རྗེ་བཙུན་གྱིས་རྒྱན་ལས། དམིགས་པ་ལ་ནི་སེམས་གཏན་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོག་བྱས་ནས། །དེ་ལ་སླར་ཡང་སླན་པར་བྱ། །བློ་ལྡན་གང་ནས་གོང་དུ་ཡང༌། །སེམས་ནི་གང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །རློམ་སེམས་ཡིད་མི་བདེ་ལ་སོགས། །ལགས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱི་ནི། །སེམས་ནི་མངོན་པར་འདུ་བྱེད་བྱས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམ་པ་ལས་འདུ་མི་བྱ། །ཞེས་པ་རྣམས་ཏེ་དམ་པའི་ཆོས་མངོན་པ་ཀུན་བཏུས་ལས་ཀྱང༌། ཞི་གནས་གང་ཞེ་ན་འདི་ལྟ་སྟེ། ནང་ཉིད་ལ་སེམས་འཇོག་པ་དང༌། རྒྱུན་དུ་འཇོག་པ་དང༌། བླན་ཏེ་འཇོག་པ་དང༌། ཉེ་བར་འཇོག་པ་དང༌། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པ་དང༌། རྣམ་པར་ཞི་བར་བྱེད་པ་དང༌། རྩེ་གཅིག་ཏུ་བྱེད་པ་དང༌། མཉམ་པར་འཇོག་པའོ། །ཞེས་སོ། །འདིའི་དོན་ནི།


TNT20_Page_0803
[མ་དཔེ་གཟིགས་ན་འདིར་གནོན།]

མཧཱ་བྷོ་དྷི་ས་ཏྭ་པདྨའི་ངང་ཚུལ་གྱི་སྒོམ་རིམ་ལས། དེ་ལ་འཇོག་ཅེས་བྱ་བ་ནི། དམིགས་པ་ལ་སེམས་འདོགས་པའོ། །རྒྱུན་དུ་འཇོག་ཅེས་བྱ་བ་ནི། དམིགས་པ་དེ་ཉིད་ལ་རྒྱུན་དུ་འཇོག་པའོ། །བསླན་ཏེ་འཇོག་ཅེས་བྱ་བ་ནི། རྣམ་པར་གཡེང་བ་ཤེས་ནས་དེ་སྤང་པའོ། །ཉེ་བར་འཇོག་ཅེས་བྱ་བ་ནི། རྣམ་པར་གཡེང་བ་སྤང་ནས་ཕྱི་ཕྱིར་བསྟུན་ཏེ་དམིགས་པ་དེ་ཉིད་ལ་འཇོག་པའོ། །འདུལ་ལོ་ཞེས་བྱ་བ་ནི་དགའ་བ་བསྐྱེད་པའོ། །ཞི་བར་བྱེད་དོ་ཞེས་བྱ་བ་ནི། རྣམ་པར་གཡེང་པའི་ཉེས་པ་མཐོང་ནས་མི་དགའ་བར་རབ་ཏུ་ཞི་བར་བྱེད་པའོ། །རྣམ་པར་ཞི་བར་བྱེད་པ་ནི། རྨུགས་པ་དང་གཉིད་ལ་སོགས་པ་ལང་བ་རྣམ་པར་སེལ་པའོ། །རྩེ་གཅིག་ཏུ་བྱེད་པ་ནི་མངོན་པར་འདུ་བྱེད་པ་མེད་པས་འཇུག་པར་འབད་བྱེད་པའོ། །མཉམ་པར་འཇོག་ཅེས་བྱ་བ་ནི། སེམས་པར་གྱུར་པ་ན་བཏང་སྙོམས་སུ་བྱེད་པ་སྟེ། མཉམ་པར་འཛིན་ཞེས་བྱ་བའི་ཐ་ཚིག་གོ །ཚིག་འདི་རྣམས་ཀྱི་དོན་འདི་རྣམས་ནི་འཕགས་པ་བྱམས་པ་དང༌། སྔོན་གྱི་མཁན་པོ་རྣམས་བཤད་དོ། །ཞེས་གསུངས་ཏེ། ཐོག་མར་དམིགས་པ་ལ་སེམས་རྩེ་གཅིག་ཏུ་གཏོད་དེ་འཇོག་པ། རེ་ཞིག་དང་པོར་སེམས་བཞག་པ་དེ་ཉིད་ལ། རང་དུ་མཉམ་པར་འཇོག་ཅིང༌། དམིགས་པ་ཁོ་ན་ལ་ཡེངས་སུ་འཇུག་པ་རྒྱུན་དུ་འཇོག་ལ། སེམས་རྣམ་པར་གཡེང་ན། དེ་ངོ་ཤེས་པར་བྱས་ནས་སླར་


TNT20_Page_0804
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་འཇོག་པ་བསླན་ཏེ་འཇོག་པ། སེམས་ཕྱི་རོལ་དུ་མི་འཕྲོ་བའི་ཆེད་དུ། དང་པོ་ཉིད་དུ་དྲན་པ་དང་ལྡན་པས་རྣམ་གཡེངས་སྤངས་ཤིང་འཇོག་པ་ཉེ་བར་འཇོག་པ། ཏིང་ངེ་འཛིན་ལ་སོགས་པའི་ཕན་ཡོན་དང༌། གཡེངས་པའི་རྒྱུ་འདོད་ཡོན་ལ་ཉེས་དམིགས་སུ་བལྟས་ནས་སེམས་འཕྲོར་མི་འཇུག་པ་འདུལ་བར་བྱེད་པ་དང༌། སེམས་འཁྲུགས་པས་མི་གནས་པའི་རྒྱུ་རྣམ་གཡེང་ལ་ཉེས་པར་ལྟ་བས། སེམས་མཉམ་པར་འཇོག་པ་ལ་མི་དགའ་བ་སྤངས་ནས་མཉམ་པར་འཇོག་པ་ཞི་བར་བྱེད་པ་དང༌། དམིགས་པ་བརྗེད་ནས་དེ་ལས་གཞན་དུ་ཡེངས་ནས་བྱིང་རྒོད་རྣམ་རྟོག་སོགས་མངོན་དུ་གྱུར་ཀྱང༌། སྐབས་མི་འབྱེད་པར་རབ་ཏུ་ཞི་བར་བྱེད་པ་དང༌། དེ་ནས་སེམས་བརྩོན་པས་རྩེ་གཅིག་ཏུ་མངོན་པར་འདུ་བྱེད་པ་དང་བཅས་པས་བྱིང་རྒོད་ཅི་ཙམ་སྤངས་པ་དེ་ཙམ་དུ་མཉམ་པར་འཇོག་པ་སེམས་ཀྱི་རྒྱུན་གཅིག་ཏུ་བྱེད་པ་དང༌། དེ་ལས་ཤིན་ཏུ་གོམས་པས་འབད་རྩོལ་མངོན་པར་འདུ་བྱེད་མེད་པར་རང་གིས་གནས་པ་ནི་མཉམ་པར་འཇོག་པའོ། །སྔར་བཤད་པའི་ལུང་གི་ཚིག་དོན་ནི་དཔེ་བཤད་པའི་ཕྱྀར་རེ་ཞིག་བཞག་གོ །གཉིས་པ་ལ། ཏིང་ངེ་འཛིན་གྱི་ཉེས་པ་ལྔ་ནི། ལེ་ལོ་དང་ནི་གདམ་ངག་དང༌། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་དང༌། དེ་སྤངས་པའི་འདུ་བྱེད་བརྒྱད་ནི། གནས་དང་དེ་ལ་གནས་པ་དང༌། རྒྱུ་དང་འབྲས་


TNT20_Page_0805
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཉིད་དུའོ། །ཞེས་དང་པོ་བཞི་དང༌། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོག་པ་དང༌། །དེ་སྤངས་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་ཕྱི་མ་བཞི་པོ་རྣམས་ཏེ། །འདིའི་དོན་ནི། མཧཱ་ར་བ་ཀ་མ་ལ་ཤི་ལས། མདོར་ན་ཏིང་ངེ་འཛིན་གྱི་ཉེས་པ་དྲུག་ཡོད་དེ། ལེ་ལོ་དང༌། དམིགས་པ་བརྗེད་པ་དང༌། བྱིང་བ་དང༌། རྒོད་པ་དང༌། མི་རྩོལ་བ་དང༌། རྩོལ་བའོ། །འདི་རྣམས་ཀྱི་གཉེན་པོ་ཡང༌། སྤོང་བའི་འདུ་བྱེད་བརྒྱད་ཀྱིས་སྤོང་ངོ༌། །འདི་ལྟ་སྟེ། དད་པ་དང༌། འདུན་པ་དང༌། རྩོལ་བ་དང༌། ཤིན་ཏུ་སྦྱང་པ་དང༌། དྲན་པ་དང༌། ཤེས་བཞིན་དང༌། སེམས་པ་དང༌། བཏང་སྙོམས་སོ། །དེ་ལ་གོང་མ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་དག་ལ་མངོན་པར་ཡིད་ཆེས་པ། མཚན་ཉིད་དང་ལྡན་པའི་དད་པའི་རྣལ་འབྱོར་པ་རྣམས་ལ་འདོད་པ་སྐྱེའོ། །དེ་ནས་འདོད་པའི་བརྩོན་འགྲུས་རྩོམ་མོ། །དེ་བརྩོན་འགྲུས་ཀྱི་སྟོབས་ཀྱི་ལུས་དང་སེམས་ལས་སུ་རུང་བ་ཉིད་བྱེད་དོ། །དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པར་གྱུར་པས་ལེ་ལོ་ལྡོག་སྟེ། དེ་བས་ན་དད་པ་ལ་སོགས་པ་ནི་ལེ་ལོ་སྤང་པའི་ཕྱིར་སྒོམ་མོ། །དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ། །ཤེས་བཞིན་ནི་བྱིང་བ་དང་རྒོད་པའི་གཉེན་པོ་སྟེ། དེས་བྱིང་བ་དང་རྒོད་པ་ཡང་དག་པར་རྟོགས་པའི་ཕྱིར་རོ། །བྱིང་བ་དང་རྒོད་པ་རབ་ཏུ་མ་ཞི་བའི་དུས་ན་མི་རྩོལ་བ་ཉེས་པ་


TNT20_Page_0806
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དེའི་གཉེན་པོར་སེམས་པ་བསྒོམ་མོ། །བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ། གང་གི་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་ཡིན་ཏེ། དེའི་གཉེན་པོར་བཏང་སྙོམས་སོ། །སྤང་བའི་འདུ་བྱེད་བརྒྱད་པོ་དེ་དག་དང་ལྡན་པ་ཏིང་ངེ་འཛིན་ཤིན་ཏུ་ཞུགས་པ་ཡིན་ཏེ། ཞེས་སྒོམ་རིམ་ལས་གསུངས་ཏེ། དེ་ལ་རྩོལ་བའི་རྒྱུ་དད་པ། གཞིའམ་གནས་འདུན་པ། དེ་ལ་གནས་པ་རྩོལ་པ། རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པ་སྟེ། སེམས་གནས་པའི་ཐབས་དང་པོ་བཞི་ཡི་གནས་སྐབས་དང་རིམ་པར་སྦྱར་བར་བྱའོ། །དམིགས་པ་བརྗོད་པ་སྟེ། རྣམ་རྟོག་ལས་འབྱམས་པའི་གཉེན་པོར་དྲན་པ་སྟེ། འདུལ་བར་བྱེད་པ་དང༌། ཞི་བར་བྱེད་པའི་སྐབས་སུ་རིག་ལ། ཤེས་བཞིན་གྱིས་ནི་གང་གི་ཚེ་ཇི་ལྟར་བྱིང་བ་དང་རྒོད་པ་ཤེས་ཏེ། དེའི་ཕྱིར་བྱིང་རྒོད་ཀྱིས་སེམས་ལས་སུ་མི་རུང་བའི་གཉེན་པོར་ཤེས་བཞིན་ཏེ། རབ་ཏུ་ཞི་བར་བྱེད་པ་དང༌། སེམས་པ་ནི་སེམས་རྩེ་གཅིག་ཏུ་བྱེད་པའི་སྐབས་སུ་རིག་ལ། མི་རྩོལ་པའི་གཉེན་པོའི་ཅིའི་ཕྱིར་སེམས་པ་མི་རྩོལ་བའི་གཉེན་པོ་ཞེ་ན། དེ་ཡང་མི་རྩོལ་བ་ནི། རྩེ་གཅིག་པ་ལ་མི་རྩོལ་བ་སྟེ། བྱིང་རྒོད་གྱི་སྐབས་རྙེད་དུ་རུང་བ་ཡིན་ལ། སེམས་པ་ནི། དེ་སྐད་དུ་ཡང༌། སེམས་པ་གང་ཞེ་ན། མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་དེ་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་རྣམས་ལ་སེམས་འཇུག་པའི་ལས་ཅན་ནོ། །ཞེས་གསུངས་ཏེ། སྐབས་འདིར་ཡང་ཁབ་ལེན་གྱི་རྗེས་སུ་ལྕགས་འགྲོ་བ་ལྟར། ཏིང་ངེ་འཛིན་ལ་སེམས་རྩེ་


TNT20_Page_0807
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འགྲོ་བའོ། །བཏང་སྙོམས་ནི་མཉམ་པར་འཇོག་པའི་ཚེ་རང་བཞིན་གྱི་སེམས་གནས་པ། རྩོལ་བ་ཉེས་པ་ཡིན་ཏེ། དེའི་ཕྱིར་ཞིང་རྣམ་རྟོག་གིས་འཁྲུགས་ཏེ་དེའི་གཉེན་པོར་བསྒོམ་པར་བྱ་སྟེ། འདི་དག་བསྒོམ་པའི་རིམ་པ་མདོར་བསྡུས་སུ་བཤད་ཟིན་ཏོ། །ད་ནི་ལྷག་མཐོང་བསྒོམ་ཚུལ་ཤིན་ཏུ་ཅུང་ཟད་ཅིག་བརྗོད་ན། དེ་ལྟར་ཞི་གནས་གྲུབ་པ་དེ་ནས་ཞེས་པ། ཆོས་མངོན་པ་ལས། ཡང་ཞི་གནས་དང་ལྷག་མཐོང་དེ་དག་ལ་བརྟེན་ནས་ལམ་བཞིར་གྱུར་ཏེ། ལ་ལ་ནི་ཞི་གནས་ཐོབ་པ་ཡིན་གྱི། ལྷག་མཐོང་ནི་མ་ཐོབ་སྟེ། དེ་ཞི་གནས་ལ་བརྟེན་ནས་ལྷག་མཐོང་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི། ཞི་གནས་ནི་མ་ཐོབ་སྟེ། དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ། །ལ་ལ་ནི། ཞི་གནས་ཡང་ཐོབ་པ་མ་ཡིན་ལ། ལྷག་མཐོང་ཡང་ཐོབ་པ་མ་ཡིན་ཏེ། དེ་ལ་ཆོས་ལ་རྒོལ་བ་མངོན་པར་ཚར་བཅད་པའི་སེམས་ཀྱིས་གཉིས་ཀ་ལ་བརྩོན་པར་བྱེད་དོ། །ལ་ལ་ནི་ཞི་གནས་དང་ལྷག་མཐོང་ཡང་ཐོབ་པ་ཡིན་ཏེ། དེའི་གནས་དང་ལྷག་མཐོང་ཡང་འདྲེས་པར་གྱུར་ནས་མཉམ་པར་ཟུང་དུ་འཇུག་གོ །ཞེས་གསུངས་པས་དང་པོའི་དབང་དུ་བྱས་པའོ། །དེ་ལྟར་དེ་ནས་ཐེག་པ་ཆེན་པོའི་མདོ་རྣམས་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རིམ་པ་གང་གསུང་པ་དེ་ལས་བྱུང་བ་བཞིན་མན་ངག་དང་ལྡན་པས་བློ་ལྡན་ཏེ། བྱང་ཆུབ་སེམས་དཔས་


TNT20_Page_0808
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་པར་བྱེད་དོ་ཞེས་པ་མཚམས་སྦྱར་བའོ། །དེ་ནས་བསྒོམ་པ་དངོས་ནི། དེ་སྐད་དུ་ལྷག་མཐོང་གང་ཞེ་ན། འདི་ལྟ་སྟེ། ཆོས་རྣམས་ལ་རྣམ་པར་འབྱེད་པ་དང༌། རབ་ཏུ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྣམ་པར་རྟོག་པར་བྱེད་པ་དང༌། ཡོངས་སུ་རྣམ་པར་དཔྱོད་པར་བྱེད་པའོ། །ཞེས་གསུངས་ཏེ། རྣམ་པར་འབྱེད་པ་ནི་ཇི་སྙེད་པའི་ཆོས་ལ་འདི་དག་གོ །ཞེས་ལྟ་བ་དང༌། རབ་ཏུ་རྣམ་འབྱེད་ནི་ཆོས་ཉིད་ཇི་ལྟ་བའི་དོན་ལ་རྣམ་པར་འབྱེད་པ་དང༌། ཡོངས་སུ་རྟོག་པ་ནི། རྟོག་པ་དང་བཅས་པའི་ཤེས་རབ་ཀྱིས་མཚན་མར་བྱེད་ཅིང་ངོ་བོ་ལ་རང་སར་འཚོལ་བ་དང༌། ཡོངས་སུ་དཔྱོད་པ་ནི་ཁྱད་པར་ལ་ཞིབ་ཏུ་འཚོལ་བ་ཡིན་ནོ། ཁྱད་པར་དེ་དག་དང་ལྡན་པའི་ཟབ་མོ་སྟོང་པ་ཉིད་སྒོམ་ཚུལ་ཡང༌། མཧཱ་ས་ཏྭ་ཀ་མ་ཤི་ལའི་སྒོམ་རིམ་དུ། གང་གི་ཚེ་ཡིད་ལ་བྱེད་པ་དེ་དག་ཞུགས་པར་གྱུར་པ་དེའི་ཚེ། ཕུང་པོ་དང་ཁམས་ལ་སོགས་པའི་བྱེ་བྲག་གིས་རྒྱས་པར་དམིགས་པ་བྱེད་པ་ཁོ་ན་སྟེ། འདི་སྐད་དུ། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པ་ལས་ཀྱང༌། རྣལ་འབྱོར་པ་རྣམས་ཀྱིས་སྟོང་པ་ཉིད་རྣམ་པ་བཅོ་བརྒྱད་དམིགས་པ་ལ་སོགས་པའི་བྱེ་བྲག་གིས་དམིགས་པའི་རྣམ་པ་མང་དུ་བཀའ་སྩལ་ཏོ། །ཞེས་གསུངས་ཏེ། བྱེ་བྲག་གིས་རྒྱས་པར་དམིགས་པ་ཞེས་པ། ཇི་སྙེད་པ་རྣམ་འབྱེད་དང༌། དམིགས་པ་ལ་སོགས་པའི་བྱེ་བྲག་གིས་ཞེས་པ། ཇི་ལྟ་བ་རབ་ཏུ་


TNT20_Page_0809
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འབྱེད་དང་ཕྱི་མ་གཉིས་ཡིན་ལ། ད་ནི་འདིའི་རྗེས་སུ་འབྲང་བར་བྱ་སྟེ། ས་ལས་མྱུ་གུ་དང་འཇའ་ཚོན་ལྟར་ཆོས་འདི་དག་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་སྟེ། སེམས་ཀྱི་སྣང་བ་ཙམ་ལས་ལེགས་པར་དཔྱད་ན་ངོས་བཟུང་དང་བྲལ་བའི་ཕྱིར་ངོ་མཚར་རྨད་དུ་འབྱུང་བའོ། །དེའི་ཕྱིར་སྣང་བའི་ཆོས་འདི་ཀུན་སྒྱུ་མ་ལྟ་བུར་བདེན་པའི་སྟོང་པའོ་ཞེས་སྔར་བཤད་པའི་ཞི་གནས་ཀྱི་ངང་ནས་ཡང་ནས་ཡང་དུ་ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་དེ་བསྒོམ་པར་བྱའོ། །དེ་ལ་འདིར་ནི་ལང་ཀར་གཤེགས་པ་ལས་བཀའ་སྩལ་ཏེ། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་རྟོག་གོ །དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་འདའ་བར་བྱེད། །སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་ལས་ནི་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །ཡེ་ཤེས་ཐེག་པ་ཆེན་པོ་མཐོང༌། །ཞེས་སོ། །དེ་ཡང་སེམས་ཙམ་ལ་ནི་རབ་བརྟེན་ནས་ཞེས་པ་ནས་བརྩམ་སྟེ། སེམས་ཙམ་ལས་ཀྱང་འདའ་བར་བྱ། །ཞེས་པའི་བར་ནི། སཱ་ལུའི་མྱུ་གུ་ཞེས་པ་ནས། དེ་བསྒོམ་བྱ། ཞེས་པས་བཤད་དེ། སྣང་མེད་ལ་གནས་པ་དང༌། ཡེ་ཤེས་ཐེག་པ་ཆེན་པོ་མཐོང་བ་ནི་སྔ་མ་གོམས་པ་ལས་འབྱུང་ཞིང༌། སེམས་མི་གཡོ་ཞིང་ཆོས་རྣམ་འབྱེད་ཅེས་པས་བཤད་དོ། །དེ་ལ་སཱ་ལུའི་མྱུ་གུ་རྟེན་འབྱུང་ཙམ་གྱི་དཔེ་དང་འཇའ་ཚོན་ནི་བར་སྣང་ལས་ལོགས་


TNT20_Page_0810
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པ་ལྟར། ཆོས་ཀུན་སེམས་ལས་གཞན་དུ་མེད་པའི་དཔེའོ། །སྐབས་འདིར་ངེས་ཤེས་སྐྱེས་དཀའ་ན། རྒྱལ་བའི་སྲས་ཀྱི་དབང་ཕྱུག་ཀླུ་སྒྲུབ་དང༌། གནས་བརྟེན་ཆེན་པོ་རྒྱལ་སྲས་དབྱིག་གཉེན་སོགས་ཀྱིས་ཇི་སྐད་བཤད་པའི་རིམ་པ་དང་ལུང་གིས་ཀྱང་ཅི་རིགས་སུ་གཏན་ལ་དབབ་བོ། །བསྡུས་པ་ནི་འདི་ཡིན་ཏེ། ཆོས་ཀུན་གྱི་རང་བཞིན་གཅིག་པ་ནི། མཐའ་ཀུན་བྲལ་བའི་སྟོང་ཉིད་རྟོགས་པ་དེ་བསྒོམ་པའི་ཕྱིར། ཡང་ཡང་སྟོང་པའོ་ཞེས་ཀྱང་བསྒོམ་པར་བྱའོ། །ཞེས་པའོ། །འདི་ཚིག་དོན་ལྟག་འོག་མི་མཐུན་པའོ་སྙམ་ན་མ་ཡིན་ཏེ། དེ་ཡང་ཇི་ལྟར་བྷ་ར་ཏ་ལས། མེས་སྨིན་པའི་འཁུར་བ་གསོད་པ་འོན་ཅིག་ཅེས་པའི་དོན་ལ། གྲུབ་པ་མེ་ཡིས་བསྲེག་པ་ཡི། །འཁུར་བ་གསོད་པ་འོན་ཅིག་བུ། །ཞེས་པ་ལྟ་བུ་སྟེ། དེའི་ཕྱིར་ཚིག་ལ་སྐྱོན་མེད་དོ། །དེ་ལྟར་མཉམ་བཞག་ཏུ་བསམ་གཏན་གྱི་སྐྱོན་དང༌། ཡིད་ལ་བྱེད་པ་དང་བསམ་གཏན་ཉིད་དྲན་པ་དང༌། སྐྱོན་དང་ཡོན་ཏན་དང༌། ཡང་དག་པའི་གནས་ལ་སེམས་སོན་མ་སོན་སོགས་ཤེས་བཞིན་དང༌། སྤྱོད་ཡུལ་འཇུག་པ་ནས་ཀྱང་སྨྲས་པ། བདག་གི་ལས་དང༌། དཀོན་མཆོག་གི་ཡོན་ཏན་འཁོར་བའི་ཉེས་པ་དང༌། རང་གི་སེམས་ལ་དྲན་པ་དང༌། ཤེས་བཞིན་དུ་ཡང་བརྟག་པར་བྱ། སྤྱོད་ལམ་ཀུན་ཏུ་སྲོག་ལ་བབས་ཀྱང་ཉོན་མོངས་པ་དང་ལས་ངན་པ་བསྡོམ་པའི་བག་ཡོད་བརྟེན་པར་བྱའོ། །ཞི་གནས་དང་ལྷག་མཐོང་ཆ་མཉམ་པ་དེ་ཅི་ཙམ་ན་རབ་ཏུ་ཞུགས་ཞེ་ན། བྱ་བ་ཀུན་


TNT20_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅི་ཞིག་ལྟར། །སེམས་མི་གཡོ་ཞིང་ཆོས་རྣམས་འབྱེད། །ཞེས་པའོ། །དེ་ལྟར་རབ་ཏུ་སྨྲས་པ་གང༌། །འདི་ལ་ལེགས་རྣམས་རྒྱལ་བ་དང༌། །མཁན་པོ་སློབ་དཔོན་རྣམས་ཀྱིའོ། །ཉེས་པ་གང་ཡིན་བདག་གི་བཟུང༌། །ཉེས་སྨྲས་ལྷག་པར་སྡིག་ཆེ་བས། །ནོངས་པ་གང་ཡིན་མཆོག་ལ་བཤགས། །མགོན་པོ་ཀླུ་དབང་འཕགས་པ་ལྷ། །ཟླ་གྲགས་འཕགས་པ་ཐོགས་མེད་དང༌། །སློབ་དཔོན་དབྱིག་གཉེན་བློ་བརྟན་དང༌། །ཙནྡྲ་གོ་མི་བདག་ཉིད་ཆེ། །ཞི་བ་ལྷ་ལ་སོགས་པ་ཡི། །དངོས་པོ་རྣམས་ལ་སྐྱབས་སུ་མཆི། །དེང་འདིར་གཅིག་ཏུ་ཕན་པའི་བློས། །བཤད་མོད་ཉེས་པ་གང་མཆིས་ཏེ། །བདག་ནི་ཤེས་བྱ་ཀུན་ལ་རྨོངས། །དེ་ལྟ་ན་ཡང་བསྒོམ་པའི་ཚུལ༌། །འདི་ལ་འཁྲུལ་པ་ཡོད་མ་ཡིན། །ཏིང་འཛིན་འདི་ལ་གང་གནས་པ། །དེས་ནི་རིན་ཆེན་བཟང་པོ་ལྟའི། །ཏིང་ངེ་འཛིན་སོགས་ཀུན་འཇུག་ནུས། ༈ །ད་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ཅུང་ཟད་གཅིག་ཏུ་བརྗོད་པར་བྱ་སྟེ། དེ་ནས་ཞེས་པ་སྔར་དེ་བཤད་པའི་རྗེས་ཐོག་དེ་ནས་བཤད་པར་བྱའོ་ཞེས་པ་ཡིན་གྱི། བསྒོམ་པའི་རིམ་པ་བཞིན་དུ་བསྟན་པ་ནི་མ་ཡིན་ནོ། །དེ་ལ་དེ་ནས་གཞན་ཡང་བློ་ལྡན་བྱང་ཆུབ་གཉེར་བ་དག་གིས་གཅིག་ཏུ་འབད་པར་བྱ་བ་འདི་ལ་ནི། དང་པོར་གང་དུ་བསྒོམ་པའི་གནས་སྔར་བཤད་པ་ཉིད་ཆེས་མཆོག་ཡིན་མོད། གཅིག་ཏུ་དེ་ལྟར་དགོས་པ་ཡང་མ་ཡིན་ཏེ། ཁྱིམ་ན་འདུག་གམ་ཡང་ན་བས་མཐར་འདུག་ཀྱང་རུང་སྟེ། དཔེར་ན་ཐམས་ཅད་སྒྲོལ་དང༌། བྲམ་ཟེ་


TNT20_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

སྤུན་དུ་གྱུར་པ་ལྟ་བུའོ། །བསྒོམ་པའི་གང་ཟག་ནི་གཙོ་བོར་ནང་གི་ནང་ལ་རབ་ཏུ་འཇོག་ཉིད་ཡིན་མོད། གཞན་ཡང་མཉམ་པར་འཇོག་ཀྱང་རུང༌། འདོད་པ་ལ་སྤྱོད་ཀྱང་རུང༌། ཞེས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་ཐོག་མར་འཇུག་པ་ནི། དཀའ་ཐུབ་པ་དང་འདོད་ལྡན་ཀུན་རུང་བར་མཚུངས་ཏེ། མདོར་ན་སེམས་ཅན་དམྱལ་བ་པ་ལ་ཡང་སྐྱེ་བར་རུང་ངོ༌། །དེའི་ཕྱིར་བདག་སྔོན་དགེ་བ་མ་བསགས་ཞེས། །ཞུམ་པ་ཉིད་དུ་མི་བྱ་སྟེ། །མི་གང་ལམ་འདི་ཐོས་གྱུར་པ། །དེ་དག་ཀུན་ཡང་མཐུ་དང་ལྡན། །འདི་ནི་ལམ་གྱི་གནས་སྐབས་ཕྱོགས་གཅིག་པ་ཡང་མ་ཡིན་ཏེ་ཡུན་རིང་མོར་བསླབ་པ་མདོར་ན་དག་པའི་ས་ལ་གནས་པ་དང༌། ལས་དང་པོ་པ་སེམས་བསྐྱེད་མ་ཐག་ཡན་ཆོད་ཀྱང་འདི་ཉིད་བསྒོམ་པར་བྱ་སྟེ། འོན་ཀྱང་དབང་པོ་དང་ལམ་གྱི་བྱེ་བྲག་གིས་དམིགས་པ་དང་རྣམ་པ་ཐ་དད་པའོ། །ད་ནི་དེ་ཉིད་སྒོམ་ཚུལ་ཡང་བསྡུས་ཏེ་བརྗོད་ན། རེ་ཞིག་དང་པོར་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྒོམ་པར་བྱ་སྟེ། དེ་ཡང་ཐོག་མར་སེམས་ཅན་རྣམས་ཀྱི་ནང་ནས་དགྲ་ལ་སོགས་པ་རྣམས་ལ་བཟོད་པ་བསྒོམ་པ་དང༌། དེ་ལྟ་བུའི་སྙིང་རྗེ་དེ་ཡང་རྐྱེན་གྱིས་མི་འཕྲོག་པའི་ཕྱིར་སེམས་ཅན་གང་ཅི་ཡང་རུང་བ་བདག་རང་ལ་གནོད་པའི་སེམས་ཀྱིས་བསད་པར་བྱའོ་སྙམ་དུ་སེམས་པའི་དགྲ་ལ་སོགས་པའི་དྲིན་དྲན་པ་དང་བྱམས་པའི་སེམས་སྐྱེ། དེ་ལ་སྙིང་རྗེ་


TNT20_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་སྟེ། གལ་ཏེ་དེ་ཡང་རྒྱུད་ལ་མི་སྐྱེ་བར་ཁོང་དུ་ཆུད་པར་མ་གྱུར་ན། ཕ་མ་དང་དགྲ་སོགས་གཟུགས་བརྗེ་ཞིང་བསྒོམ་པར་བྱ་ལ་ཡང་ན་རེ་ཞིག་སྡུག་བསྔལ་གཙོ་བོར་མི་བསམ་པར་འགྲོ་རྣམས་བདེ་བར་གྱུར་ན་ཅི་མ་རུང་ཞེས་བྱམས་པ་བསྒོམ་པར་བྱ་ཞིང༌། ཕྱིས་ནས་ངེས་པར་སྙིང་རྗེ་ལ་ནན་ཏན་དུ་བྱ་སྟེ། གཞན་དུ་ནི་བྱང་ཆུབ་ཀྱི་སེམས་རྒྱས་པར་མི་འགྱུར་རོ། །དེ་ལྟར་འགྲོ་བ་ཀུན་བྱང་ཆུབ་ལ་འགོད་པར་འདོད་པས་སྙིང་རྗེ་ལ་བསྒོམ་པར་བྱ་དགོས་ཏེ། དེ་མེད་ན་རང་གི་དོན་ཉིད་སེམས་པས་ན་གཞན་དོན་ལ་བཏང་སྙོམས་པར་འགྱུར་བས་གནོན་པ་དང༌། སྡུག་བསྔལ་ལ་བཟོད་པ་ཡང་ནན་ཏན་དུ་བྱ་དགོས་ཏེ། གཞན་ཡང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་ཏེ། གཞན་གྱིས་གནོད་པ་བྱས་པས་ཁྲོ་བའམ་སྐྱོ་བར་འགྱུར་བ་དང༌། བྱང་ཆུབ་ཀྱི་ཕྱིར་བསྐལ་བ་གྲངས་མེད་པར་དཀའ་བ་མེད་པར་དུ་མ་འབད་དགོས་པའི་ཕྱིར། དེ་ལ་ཡིད་སྐྱོ་བས་བྱང་ཆུབ་ཆེན་པོ་བསྒྲུབ་པར་མི་བྱེད་ལ། སྙིང་རྗེ་མཚུངས་པ་མེད་པ་དང་ལྡན་པའི་གང་ཟག་རྣམས་དེ་དག་བཟོད་པར་འགྱུར་བའི་ཕྱིར་རོ། །འདི་རྣམས་ནི་བྱང་ཆུབ་ཀྱི་སེམས་མི་ཉམས་ཤིང་འཕེལ་རྒྱས་སུ་བྱེད་པའི་ཐབས་ཡིན་ནོ། །དེ་ལྟར་ན་ཐབས་དེ་རྣམས་ལ་ནན་ཏན་དུ་འབད་ན་རིམ་གྱིས་ཏེ། གང་ཟག་དབང་པོ་དམན་པས་དང་པོར་སོ་སོའི་སྐྱེ་བོས་བྱ་སླ་བའི་སྦྱིན་པ་སོགས་ལ་འབད་ན། ཕྱི་ནས་ཕ་རོལ་དུ་ཕྱིན་པ་ཐམས་ཅད་ལ་ཡང་དག་


TNT20_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསླབ་པར་བྱའོ། །དེ་ཡང་ཇི་སྐད་དུ། ཚོད་མ་ལ་སོགས་སྦྱིན་པ་ལ། །འདྲེན་པའི་ཐོག་མར་སྦྱོར་བ་མཛད། །དེ་ལ་གོམ་ནས་ཕྱི་ནས་ནི། །རིམ་གྱིས་རང་གི་ཤ་ཡང་གཏོང༌། །དེའི་རྒྱུ་མཚན་ཡང༌། གང་ཚེ་རང་གི་ལུས་ལ་ནི། །ཚོད་སོགས་ལྟ་བུའི་བློ་སྐྱེས་ནས། །དེ་ཚེ་ཤ་ལ་སོགས་གཏོང་བ། །དེ་ལ་དཀའ་བ་ཅི་ཞིག་ཡོད། །ཅེས་སོ། །དེ་ལ་ཕ་རོལ་དུ་ཕྱིན་པའི་རྣམ་པར་བཞག་པའི་རྒྱན་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་པའི་ཡོན་ཏན་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཞེས་བྱ། །ཞེས་སོགས་རྒྱས་པར་གསུངས་པ་ལས། །འདིར་མདོར་བསྡུས་ཏེ་བཤད་ན། མཚན་ཉིད་དང༌། དབྱེ་བ་དང༌། ངོ་བོ་དང༌། གྲངས་ངེས་དང༌། གོ་རིམ་དང༌། ངེས་ཚིག་དང༌། འབྲས་བུའོ། །སྡོམ་ནི། མཚན་ཉིད་དབྱེ་བ་ངོ་བོ་དང༌། །གྲངས་དང་གོ་རིམ་ངེས་ཚིག་འབྲས། །དེ་ལ་དང་པོ་ནི། རྗེ་བཙུན་གྱིས། སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་དེ་རྣམ་གསུམ། །དེ་བཞིན་དུ་ཤེས་རབ་ཀྱི་བར་དུ་གསུངས་ཏེ། སྦྱྀན་པ་ནས་ཤེས་རབ་ཀྱི་བར་དུ་ཕར་ཕྱིན་དུ་འགྱུར་བ་ལ་ཁྱད་པར་བཞི་དང་ལྡན་པ་དགོས་ལ། དེ་དག་ནི་སྦྱྀན་པའི་མི་མཐུན་ཕྱོགས་སེར་སྣ་ཉམས་པ། སྦྱིན་པ་སྦྱིན་བྱ་


TNT20_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པོ་གཏོང་པོས་སྟོང༌། །ཞེས་པ་ལྟར། སྦྱྀན་པའི་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པས། ཟང་ཟིང་དང་ཆོས་ལ་སོགས་པའི་སྦྱིན་པས་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད། ཟང་ཟིང་སོགས་ཀྱིས་འགྲོ་བ་བསྡུས་ནས་རྒྱུད་སྨིན་པར་བྱེད་པས་མཚམས་སྦྱར་བའོ། །དེ་ལྟར་ཆོས་བཞི་དང་ལྡན་པའི་གཏོང་པའི་སེམས་པ་ནི་སྦྱྀན་པའི་ཕ་རོལ་དུ་ཕྱིན་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཚུལ་འཆལ་ལ་སོགས་པ་དང༌། བཟོད་པའི་མི་མཐུན་ཕྱོགས་ཁོང་ཁྲོ་ལ་སོགས་པ་དང༌། ལེ་ལོ་སོགས་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་དང༌། རྣམ་གཡེངས་སོགས་བསམ་གཏན་གྱི་མི་མཐུན་ཕྱོགས་དང༌། ཤེས་འཆལ་སོགས་ཤེས་རབ་ཀྱི་མི་མཐུན་ཕྱོགས་རྣམས་ཉམས་པ་དང༌། རང་རང་གི་འཁོར་གསུམ་རྣམ་པར་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་དང༌། ཚུལ་ཁྲིམས་ཕུན་སུམ་ཚོགས་པས་ཡིད་དང་བ་སོགས་དཔག་ཏུ་མེད་པས་དང༌། བཟོད་པས་གཞན་གྱིས་གནོན་པ་བྱས་པས་བཟོད་པ་ལ་སོགས་པས་དང༌། བརྩོན་པས་གཞན་གྱི་གྲོགས་བྱེད་པ་དང༌། བསམ་གཏན་གྱིས་མངོན་ཤེས་ལྔ་སོགས་ཀྱིས་དང༌། ཤེས་རབ་ཀྱིས་བླང་དོར་གྱི་གནས་དང་གནས་མ་ཡིན་པ་རྣམ་པར་འབྱེད་པ་ལ་སོགས་པས་གཞན་གྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང༌། དེ་ཀུན་གྱིས་ཀྱང་འདོད་པ་རྫོགས་པར་བྱས་ནས་ཆོས་བསྟན་པས་སྔ་མ་ལྔས་རྒྱུད་


TNT20_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པར་བྱེད་པ་ལ་མཚམས་སྦྱོར་ལ་དྲུག་པས་སྨིན་པར་བྱེད་པ་སྟེ། དེ་ལྟར་ཆོས་བཞི་བཞི་དང་ལྡན་པས་སྤོང་བའི་སེམས་པ་ཚུལ་ཁྲིམས་དང༌། མི་འཁྲུགས་པ་ནི་བཟོད་པ་དང༌། སྤྲོ་བའི་ནི་བརྩོན་འགྲུས་དང༌། རྩེ་གཅིག་པའི་བསམ་གཏན་དང༌། རབ་ཏུ་རྣམ་པར་འབྱེད་པའི་སེམས་པ་ནི་ཤེས་རབ་བོ། །གཉིས་པ་དབྱེ་བ་ནི། སྦྱྀན་པ་ལ། ཟང་ཟིང་མི་འཇིགས། ཆོས་ཀྱི་སྦྱིན་པའོ། །ཟང་ཟིང་ལ་གཏོང་བ་དང༌། ཤིན་ཏུ་གཏོང་བ། གཏོང་བ་ཆེན་པོའོ། །ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་གྱི་དང་པོ་ལ། སོ་སོར་ཐར་པ་རིགས་བདུན་ནོ། །བཟོད་པ་ལ་སྡུག་བསྔལ་དང་ལེན་གྱི་དང༌། གནོད་པ་ལ་ཇི་མི་སྙམ་པ་དང༌། ཆོས་ལ་ངེས་པའི་བཟོད་པ་དང་གསུམ་མོ། །བརྩོན་འགྲུས་ལ་གོ་ཆའི་བརྩོན་འགྲུས། སྦྱོར་པའི་བརྩོན་འགྲུས། མི་ལྡོག་པའི་བརྩོན་འགྲུས་སོ། །བསམ་གཏན་ལ་མཐོང་ཆོས་ལ་བདེ་བར་གནས་པའི་བསམ་གཏན། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན། སེམས་ཅན་གྱི་དོན་བགྱིད་པའི་བསམ་གཏན་ནོ། །ཤེས་རབ་ལ། ཀུན་རྫོབ་ལ་དམིགས་པ་དོན་དམ་ལ་དམིགས་པ། སེམས་ཅན་ལ་དམིགས་པའི་ཤེས་རབ་བོ། །གསུམ་པ་ངོ་བོ་ནི། ལན་དང་རྣམ་པར་སྨིན་པ་ལ་མི་རེ་བའི་སྦྱིན་པ་ཡང་སྲིད་ལ་འདུན་པ་དང་བྲལ་བའི་ཚུལ་ཁྲིམས། སེམས་ཅན་ལ་ཁོང་ནས་ཞེས་འགྲས་པ་མེད་པའི་བཟོད་པ།


TNT20_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་གྱི་དགེ་བའི་ཆོས་མཐའ་དག་ལ་ངང་གིས་སྤྲོ་བའི་བརྩོན་འགྲུས། བསམ་གཏན་གཟུགས་མེད་ཀྱི་སྙོམས་འཇུག་བསལ་བའི་ཏིང་ངེ་འཛིན། ཐབས་སྙིང་རྗེ་ཆེན་པོ་དང་ཡ་མ་བྲལ་བའི་ཤེས་རབ་རྣམས་སོ། །དེ་ཀུན་ཡང་རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྦྱྀན་སོགས་ཀྱི་དངོས་པོ་རྣམས་ཕྱོགས་རེ་བ་མིན་པས་རིས་མེད། ཆེད་དུ་བྱ་བ་དམ་པ་གཞན་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བྱང་ཆུབ་ཆེན་པོར་བསྔོ་བ་དུག་མེད། དག་པ་དམ་པ་སྒྲིབ་གཉིས་དངོས་ཀྱི་གཉེན་པོར་སྤྱོད་པ་སྟེ་དམ་པ་དྲུག་དང་ལྡན་པས་ཉམས་སུ་བླང་ངོ༌། །བཞི་པ་ནི་ཅིའི་ཕྱིར་ཕྱིན་དྲུག་ཏུ་གྲངས་ངེས་ཞེ་ན། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ནི་མདོར་ན་བསླབ་པ་གསུམ་མོ། །དེའང་སྦྱིན་པས་ལོངས་སྦྱོད་ཐམས་ཅད་ལ་ཆགས་པ་དང་བྲལ་བར་བྱས་པ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ལ། ཚུལ་ཁྲིམས་ལ་ཁྲོས་ཀྱང་སླར་མི་ཁྲོ་བ་སོགས་ཀྱིས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་ལྟར་གསུམ་ནི་ལྷག་པ་ཚུལ་ཁྲིམས་བསླབ་པའི་ངོ་བོ་ཡིན་ལ། བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་དང༌། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང༌། བརྩོན་འགྲུས་ནི་ཐམས་ཅད་ཀྱི་གྲོགས་སུ་འགྱུར་བས་ན། དེའི་ཕྱིར་གྲངས་ངེས་པའོ། །ལྔ་པ་གོ་རིམ་


TNT20_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་ན། སྔ་མ་ལས་ཕྱི་མ་མཆོག་ཏུ་གྱུར་པས་སྔ་མ་རྣམས་རགས་པ་ལ་ཕྱི་མ་རྣམས་ཕྲ་བའི་ཕྱིར་བསྟན་སྟེ། ཇི་སྐད་དུ། སྔ་མ་མ་བསྟན་ཕྱི་མི་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན་ཞེས་སོ། །དྲུག་པ་སྒྲ་དོན་ནམ་ངེས་ཚིག་ནི། རྗེ་བཙུན་གྱིས། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱཽར་བ་དང་ཡིད་འཛིན་ལ། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །འདི་ནི། སཾ་ཀྲྀ་ཏའི་སྐད་ལས་ཤེས་དགོས་ཏེ། དེ་ཡང་དཱ་ན་ཞེས་པ། ད་རི་ཏྲ་ངན་པར་འགྲོ་བ་ལའོ། །ཞེས་པའི་དབྱིངས་ལས་དཱ་ནི་དབུལ་བ་ཡིན་ལ། ན་ནི་བཤན་ཏེ་དེ་ཡིས་བཀའ་བས། དེ་ལྟར་དབུལ་བ་འདོར་བས་སྦྱིན་པའོ། །ཤཱི་ལ་ལས་ཤཱི་ཏ་བསིལ་བ་དང་ཊུལ་བྷ་ཥ་ཐོབ་པ་ལའོ། །ཞེས་པའི་བྱིངས་ལས་ལ་ཐོབ་པ་སྟེ། དེ་ལྟར་ན་བསིལ་བ་ཐོབ་པས་ཚུལ་ཁྲིམས་སོ། །དེ་ཡང་ཡུལ་གྱི་ཚ་བའི་གདུང་བས་མི་བརྫི་བར་བསིལ་བ་ཐོབ་པའོ། །ཀྵནྟིཿལས་ཀྵམུ་དཀའ་ཐུབ་དང་བཟོད་པ་ལ་ཡང་ངོ༌། །ཞེས་པའི་དབྱིངས་ལས་སྡུག་བསྔལ་གྱི་ཚོགས་ལ་སྲན་ཚུགས་པར་བཟོད་པས་བཟོད་པའོ། །བིརྱ་ལས་བཱི་ནི་བིར་རྣམ་པར་གནོན་པ་ལའོ། །ཞེས་པའི་བྱིངས་ལས། དཔའ་བ་དང་རྟུལ་ཕོད་པ་ལ་འཇུག་པས་མཆོག་གི་སྙིང་སྟོབས་མ་ཞུམ་པར་སྦྱཽར་བའི་དོན་ཀྱིས་བརྩོན་འགྲུས་སོ། །དྷྱེ་ན་ཞེས་པ་དྷྱེ་སེམས་


TNT20_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལའོ། །ཞེས་པའི་བྱིངས་ལས་སེམས་པའི་རྒྱུན་གཞན་དུ་ཡེང་བ་མེད་པར་སྒོ་གཏན་བཅུག་པ་ལྟར་མི་གཡོ་བའི་དོན་གྱིས་ན་བསམ་གཏན་ནོ། །པྲཛྙཱ་ནི་ཛྙཱ་ཁོང་དུ་ཆུད་པའམ་རྟོགས་པ་ལའོ། །ཞེས་པའི་བྱིངས་ལས་ཉེར་བསྒྱུར་པྲ་སྔོན་དུ་བཞག་པས། རབ་ཏུ་ཁོང་དུ་ཆུད་པའམ་རབ་ཏུ་རྟོགས་པ་ཞེས་པ་ཡིན་ཏེ། དེ་ལྟར་རབ་ཏུ་རྟོགས་བྱའི་ཡུལ་ནི་དོན་དམ་པ་ཡིན་ལ། དོན་དམ་པ་ནི་འཕགས་རྒྱུད་ཀྱི་མཉམ་བཞག་ཡེ་ཤེས་ཡིན་པས། དོན་ནི་དེའི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེའི་ཕྱིར་དམ་པའི་དོན་ཤེས་པས་ཤེས་རབ་བོ། །བདུན་པ་འབྲས་བུ་ནི། གནས་སྐབས་སུ། སྦྱྀན་པས་ལོངས་སྤྱཽད་ཁྲིམས་ཀྱིས་བདེ། །བཟོད་པས་གཟུགས་བཟང་བརྩོན་པས་བརྗིད། །བསམ་གཏན་གྱིས་བདེ་བློ་ཡིས་གྲོལ། །ཞེས་རིན་ཆེན་འཕྲེང་བར་གསུངས་པ་ལྟར་རོ། །མཐར་ཐུག་གི་འབྲས་བུ་སྦྱྀན་སོགས་དང་པོ་གསུམ་བསོད་ནམས་ཀྱི་ཚོགས་ཏེ། གཟུངས་སྐུའི་དངོས་རྒྱུ་དང༌། ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་དང༌། བསམ་གཏན་ཕལ་ཆེར་ཡང་ཡེ་ཤེས་ཀྱི་ཚོགས་ཏེ། དེའི་ཕྱིར་དེ་གཉིས་ཆོས་ཀྱི་སྐུའི་དངོས་རྒྱུ་དང༌། བརྩོན་འགྲུས་ཀྱིས་ཐམས་ཅད་ཀྱི་གྲོགས་བྱེད་དོ། །འདིར་བསམ་གཏན་དང་ཤེས་རབ་ནི་གཙོ་བོར་བཤད་པར་བྱ་བ་ཡིན་མོད། དེ་ལྟ་མོད་ཀྱི་སྐབས་སུ་བབ་པའི་མདོར་བསྡུས་བསྒོམ་ཚུལ་ཅུང་ཟད་བཤད་ཟིན་ལ། འདི་སྐབས་ཀྱི་ཏིང་ངེ་འཛིན་ནི་ཏིང་ངེ་འཛིན་རྣམ་པ་ལྔའི་མདོར། རིན་ཆེན་བཟང་པོ་ལྟ་བུ་དང༌།


TNT20_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

རབ་འབྱམས་རྒྱ་མཚོའི་ཏིང་ངེ་འཛིན་དང༌། ཡང་དག་པའི་མཐའ་དང༌། སྤྱོད་པ་མཆོག་ཏུ་སྤྱོད་པ་དང༌། འདོད་དགུར་བསྒྱུར་བ་རྣམས་ཀྱི་ཕྱི་མ་ཡིན་ལ། ཤེས་རབ་ནི་དེའི་མཐའི་ཏིང་ངེ་འཛིན་ཡིན་ལ། འདི་དག་གི་རྣམ་པར་བཞག་པ་ནི་ཡི་གེ་མང་བའི་འཇིགས་པས་རེ་ཞིག་བཏང་སྙོམས་སུ་བྱའོ། །ཕ་རོལ་ཕྱིན་པ་འདི་དག་ལ། །གང་རྣམས་སློབ་པར་འདོད་དེ་དག །བླ་མེད་བྱང་ཆུབ་འདོད་དགུར་བསྒྱུར། །གཞན་དུ་མཁས་པ་རྣམས་ཀྱང་འཁྱམས། །ཞེས་ཀྱང་སྨྲས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ལ་བསླབ་པར་བྱེད་པ་རྣམས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པར་བྱའོ། །བརྗོད་པར་བྱའོ། །བསྙོན་པར་བྱ་ཞིང་བསྒོམ་པར་བྱའོ། །ཞེས་ཏེ། འདིའི་བསྒོམ་ཚུལ་འོག་ནས་ཅུང་ཟད་བཤད་པར་བྱའོ། །དེ་ལ་འཕགས་པ་སྤྱན་གཟིགས་ནི་སྔོན་གྱི་སྨོན་ལམ་གྱིས་དབང་ལས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་བདག་ཉིད་དུ་བཞུགས་པ་སྟེ། དེ་ཡང་ཇི་སྐད་དུ། ཟག་མེད་དབྱིངས་ནས་སངས་རྒྱས་རྣམས། །སྔོན་གྱི་ལུས་རྗེས་འབྲང་ཕྱིར་དང༌། །མཁའ་ལྟར་ལུས་ནི་མེད་པའི་ཕྱིར། །གཅིག་མིན་དུ་མ་ཉིད་ཀྱང་མིན། །ཞེས་གསུངས་པ་དྲན་པར་བྱའོ། །ད་ནི་དེ་ལྟར་ཅུང་ཟད་བཤད་པས་གྲུབ་པའི་དོན། ཉམས་སུ་བླང་པ་རིམ་པ་མདོར་བསྡུས་ན་འདི་ཡིན་ཏེ། རྣམ་པར་དབེན་པའི་རི་བོ་དང༌། ནགས་འདབ་ཆུ་ངོགས་ལ་སོགས་པ་སྐྱེ་བོའི་རྒྱུ་འགྲུལ་དང༌། བཀླག་ཅོར་དང༌། བྱ་གྷྲ་དང༌། ཆོམ་རྐུན་ལ་སོགས་པས་བགྲོད་


TNT20_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་ཞིང་འཇིགས་པ་མེད་པའི་གནས་སུ། དཀོན་མཆོག་གི་རྟེན་དག་བཞུགས་སུ་གསོལ་བའམ། གཅིག་ཏུ་དགོས་པ་པ་ཡང་མ་ཡིན་པས་མེད་ཡང་རུང་སྟེ། དེ་ལྟ་ན་ཕྱོགས་བཅུའི་རབ་འབྱམས་མ་ལུས་པའི་རྒྱལ་བ་སྲས་དང་བཅས་པ་ཀུན་ལ་དང་པའི་སེམས་དང༌། འགྲོ་བ་ཀུན་ལ་མཐར་ཐུག་ཏུ་ངེས་པར་ཕན་གདགས་པའི་བློས། སངས་རྒྱས་སྲས་བཅས་མ་ལུས་པའི་སྤྱན་སྔར་འདུག་པར་བསམ་ནས་སྔར་བཤད་པ་ལྟར་དོན་དྲན་བཞིན་པས་ཡན་ལག་བདུན་པ་ལན་མང་དུ་བྱའོ། །དེ་ལ་ཕྱག་འཚལ་བའི་སྐབས་སུ་བདག་དང་འགྲོ་བ་ཀུན་གྱི་ལུས་ཀྱང་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བར་སྒོམས་པ་དང༌། མཆོད་པའི་སྐབས། བདག་སོགས་སེམས་ཅན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་དང༌། སེམས་ཅན་རྣམས་ཀྱི་དོན་དུ་བདག་གི་ལུས་ཀྱང་དབུལ་བར་བྱ་སྟེ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱི་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །ཞེས་བཀའ་སྩལ་པ་ཡང་བརྗོད་ལ་དོན་བསམ། །དེ་ལྟར་གནས་སྐབས་འདི་དག་ཏུ་ཡང༌། །སྤྱིར་སེམས་ཅན་ཐམས་ཅད་དང༌། ཁྱད་པར་གནོད་བྱེད་ཐམས་ཅད་ལ་ཆེས་ཆེར་བསྒོམ་པར་བྱའོ། །དེ་ནས་འཁོར་བའི་ཉེས་དམིགས་དང༌།


TNT20_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་རྣམས་ནི་སྣོག་ཆུང་ཞིང་ཉེས་པ་མང་པ་དང༌། དབེན་པའི་ཕན་ཡོན་དང༌། དལ་འབྱོར་རྙེད་དཀའ་དང༌། འདུས་བྱས་མི་རྟག་པ་དང༌། ལས་དང་འབྲས་བུ་མི་བསླུ་བ་རྣམས་ཡིན་ལ་ཡང་ཡང་བསམ་པར་བྱ་ཞིང༌། ཐབས་དུ་མས་ཞིབ་མོ་ནས་སྒོམ་པར་བྱ་སྟེ། ཐུན་གྱི་སྐབས་སུ་རེ་ཞིག་དེ་དག་ལ་ནན་ཏན་དུ་སྒོམ། ཐུན་མཚམས་སུ་མཆོད་པ་དང༌། སྐྱབས་སུ་འགྲོ་བ་བྱང་ཆུབ་ཀྱི་སེམས་བསམ་པ་དང༌། གསུང་རབ་ཀློག་པ་དང༌། ཕྱག་དང་བསྐོར་བ་སོགས་སྤྲོས་བཅས་ཅི་རིགས་པ་ལ་ནན་དུ་བྱའོ། །ཇི་ཞིག་ལྟར་ན། ཡིད་ལ་བྱེད་པ་དེ་དག་ཅུང་ཟད་གོམ་པ་ན། དེ་ནས་དངོས་གཞི་ལ་འཇུག་སྟེ། དེ་ཡང་མདུན་དུ། བཅོམ་ལྡན་འདས་མི་འཁྲུགས་པའམ། འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་ལྟ་བུའི་རྒྱལ་བའི་སྐུ་གཟུགས་རི་མོར་བྲིས་ལ། གསེར་སོགས་ཧ་ཅང་འཆོར་བག་ཆེ་བ་མ་ཡིན་པ་ཞིག་མདུན་དུ་བཞག་ལ། དེ་ལ་མིག་གཏད་དེ། སེམས་མ་ཡེངས་པ་ཙམ་དུ་བཟུང༌། དེ་ལ་གོམས་ནས་མིག་སྣ་རྩེའི་ཐད་ཀར་བལྟས་ནས་མདུན་དུ་རྒྱལ་བའི་སྐུ་བརྙན་བསམ་ལ། དེ་ལ་མ་ཡེངས་བ་ཙམ་དུ་སེམས་བཟུང༌། དེ་ལ་གོམས་ནས་སེམས་ལ་སེམས་བཞག་ནས་རྩེ་གཅིག་ཏུ་བསྒོམ། དེ་སྐབས་སེམས་གཡེངས་བ་མ་ཚོར་བར་ཅུང་ཟད་འགྱུ་ན། ཡང་ནས་ཡང་དུ། བླན་ཏེ་བསྒོམ ནམ་གནས་པ་ན། སྐད་ཅིག་རེ་རེ་ནས་འཕྲོ་མཐུད། དེ་ནས་ཡང་ཅུང་ཟད་གཡེངས་པ་དེའི་


TNT20_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བསྒོམ་པ་ལ་སྤྲོ་བའམ། མ་ཡིན་བརྟག་ལ་སྤྲོ་ན། བྱིང་རྒོད་རྣམ་རྟོག་གང་གིའང་དབང་དུ་མ་སོང་བར་སེམས་འཇོག་གོ་སྙམས་པའི་འདུན་པ་ཆེས་དྲན་པ་བཏང་ལ་ཤུགས་འཕྱུང་ནས་རྩེ་གཅིག་ཏུ་བཞག །གལ་ཏེ་མི་སྤྲོ་བའམ། འཇོག་ཅིང་སྔ་མ་ལས་ཕྱི་མ་ཡུན་ཐུང་ཞིང་མི་གསལ་བ་དང༌། སེམས་དུབ་ཅིང་སྐྱོ་ན། འཁོར་འདས་དང༌། ཁྱིམ་དང༌། དབེན་པ་དང༌། ཉོན་མོངས་དང༌། མཉམ་པར་འཇོག་པ་རྣམས་ཀྱི་ཕན་ཡོན་དང༌། ཉེས་དམིགས་རྣམས་དྲན་བཞིན་པས། ཅུང་ཟད་འདུག་ནས་བསྒོམ་པ་དང་ཐུན་ཆུང་ལ་གྲངས་མང་བར་བྱེད་ཅེས་གྲགས་པ་བཞིན་དུ་བྱའོ། །ཡང་སེམས་ཡན་ཏེ་མི་འགྲོ་ཡང་རྣམ་རྟོག་ཆུ་བུར་ལྟ་བུ་མང་པོས་སེམས་དབྱེན་སྤྱོས་ནས། རྣམ་རྟོག་སྐྱེ་བའི་ཚེ་དེ་ཉིད་ལ་སེམས་གཏན་ནས་ཡང་མི་དམིགས་པར་བཞག །དེ་ལྟ་བུ་བྱུང་ཚད་སྐྱེས་ཚད་ལ་སྦྱོར། དེ་ལྟར་འབད་པས་ཅི་ཙམ་ན། སེམས་དུམ་ཞིག་ནི་གནས་ལ་སྐབས་འགར་ནི་འཁྲུག་གོ །དེ་ནི་སེམས་གནས་པ་ལ་ཕྱོགས་པ་ཞེས་བྱའོ། །དེ་ནས་སྔོན་འདོད་ཡོན་སྤྱོད་པ་དྲན་པ་དང༌། འདོད་ཡོན་སེམས་པ་དང༌། ཚེ་འདིའི་བྱ་བས་སེམས་བྲེལ་ན་འདོད་ཡོན་གྱི་ཉེས་དམིགས། འཁོར་བའི་སྡུག་བསྔལ་ཚེ་མི་རྟག་པས་ནམ་འཆི་ཆ་མེད། ཚེ་འདི་བ་རྣམས་ཀྱི་གདེངས་དེས་ཅི་འདྲ་ཞེས་དྲན་པས་བཟློག །ཡང་རྣམ་རྟོག་སྐྱེས་པ་ན། ཀུན་རྟོག་ལས་ནི་འདོད་སྐྱེ་ཞིང༌། །འདོད་པ་ལས་ནི་སྡིག་པར་འགྱུར། །འགྲོ་རྣམས་


TNT20_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འཁྱམས་བྱེད་པའི། །འདོད་པའང་ཀུན་ཏུ་རྟོག་ལས་འབྱུང༌། །ཞེས་སེམས་འཁྲུགས་པའི་རྒྱུ་རྣམ་རྟོག་གི་ཉེས་དམིགས་དྲན་པར་བྱའོ། །ཡང་མཉམ་པར་འཇོག་པ་ལ་མི་དགའ་བ་སྐྱེས་ན། འབྲས་བུ་ཞི་བ་དང༌། ལམ་མཉམ་པར་འཇོག་པའི་ཡོན་ཏན་དྲན་པས་འདུལ་ཞིང༌། གོང་དུ་བཤད་པའི་ཐབས་སྣ་ཚོགས་ཀྱིས་ཀྱང་འདུལ་བར་བྱ་སྟེ། བྱིང་ན་སྤྲོ་བ་དང༌། རྒོད་ན་མི་རྟག་པའི་འདུ་ཤེས་སོགས་ཞུམ་པས་འདུལ། གཞན་ཡང་འདོད་ཆགས་ལ་མི་སྡུག་པ། ཞེ་སྡང་ལ་བྱམས་སྙིང་རྗེ། གཏི་མུག་ལ་བདག་མེད་བསྒོམ་པས་བཟློག་ནས་མཉམ་པར་འཇོག་གོ །དེ་ལ་གོམས་པས་ཇི་ཞིག་ནས་སྒྲིམ་སྟེ་བཞག་ན་གནས་པས་བྱིང་རྒོད་ཀྱི་གོ་སྐབས་མི་འབྱུང་ཞིང༌། མ་བསྒྲིམ་ན་འབྱུང་བ་དེ་ལྟ་བུ་ལ་ཏིང་འཛིན་གྱི་སྒོ་ཞེས་བྱའོ་དེ་ལ་གོམས་ནས་སེམས་རྩོལ་མེད་གནས་པ་འབྱུང་བས་དེ་ཚེ་དེ་སེམས་སྒྲིམ་པར་ལྷོད་དེ་ཤིག་གེ་བ་ལ་མཉམ་པར་བཞག་འཇོག་སྟེ་ཞི་གནས་སོ། །དེ་ལ་རིང་དུ་གོམས་ནས་ལྷག་མཐོང་བསྒོམ་སྟེ། དེ་ཡང་ཐོག་མར་རང་ལུས་ལ་དམིགས་རྟེན་བྱས་ནས། ལྷོད་དེ་གློད་ནས་བཞག་པའི་ངང་ནས་ལུས་དང་སེམས་དེ་བདག་གི་ཕུང་པོ་འདི་དག་སེམས་ཙམ་ཉིད་དོ་སྙམས་པ་ཡང་ཡང་སྒོམ། དེ་གོམ་ནས་འདི་དག་ནི་བྲག་ཆ་ལྟར་རྟེན་འབྱུང་ཙམ་མ་གཏོགས་སྟོང་པའོ་སྙམ་དུ་ཡང་ཡང་བསྒོམ། དེ་ཡང་གོམ་ནས་སྣང་བ་ཐམས་ཅད་དང་ཁྱད་པར་བདེན་འཛིན་ཤས་ཆེ་བ་རྣམས་ལ་ཆེད་ཆེར་བསྒོམ། དེ་ཡང་འདི་ཞི་གནས་གྲུབ་རྗེས་ལྷག་མཐོང་བསྒོམ་པ་ཡིན་པས་ཐོག་མར་སྐབས་འགའ་ཞིག་ཙམ་དུ་ལྷག་མཐོང་ཕལ་


TNT20_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ཞི་གནས། དེ་ཡང་ཞི་གནས་ཇེ་ཉུང་དང་ལྷག་མཐོང་ཇེ་མང་ཡང་ལྷག་མཐོང་སྟོབས་ཆེས་རྩུབ་ན། ཞི་གནས་ཇེ་མང་བསྒོམ་པས་ཇི་ཞིག་ལྟར་ལ་ཆ་མཉམ་པར་འགྱུར། དེ་ལྟར་འཇུག་ལྡོག་ཡང་ཡང་བསྒོམ་པས་དབང་པོ་རབ་གྱིས་མཐའ་བྲལ་རྗེས་མཐུན་གྱི་ཤེས་རབ་དང་སེམས་གནས་པ་རོ་མཉམ་དུ་འགྱུར། དབང་པོ་དམན་པས་ནི། དེ་ནས་སྟོང་པའི་གདེང་དེ་ལ། མི་དམིགས་པར་ཞེན་པ་མེད་པས་མཉམ་པར་འཇོག་པ་སོགས་སྔར་བཞིན་བསྒོམ་པས་འགྲུབ་བོ། དེ་ལ་གོམ་ནས་རྗེས་ཐོབ་ཏུ་ཡང་དེ་འདྲའི་ཏིང་ངེ་འཛིན་ཏེ་ཡང་ཡང་དྲན་ཞིང་ལས་ལ་འཇུག་སྟེ། ཚུལ་འདི་དང་ལྡན་བཞིན་པས་སྦྱིན་སོགས་སྤྱད་པས་ནི། རྣམ་པར་མི་རྟོག་ཡེ་ཤེས་ལྡན། ཞེས་པ་ལ་ཕྱོགས་པར་འགྱུར་གྱི། མི་རྟོག་པ་ཙམ་པོས་ནི་མ་ཡིན་ནོ། །དེ་ནས་རིན་ཆེན་བཟང་པོ་ལྟ་བུའི་ཏིང་ངེ་འཛིན་དང༌། རབ་འབྱམས་རྒྱ་མཚོ་དང༌། ཡང་དག་པའི་མཐའི་ཏིང་ངེ་འཛིན་རྣམས་ཀྱི་ནང་གི་དབྱེ་བ་སོ་སོ་ནས་རིམ་བཞིན་བསྒོམ་པའི་ཆོས་མཆོག་གི་བར་དུ་བགྲོད་པར་འགྱུར་ལ། འདི་དག་ཡི་གེ་མང་བས་འཇིགས་ནས་མ་བྲིས་སོ། །སྐྱེས་བུ་ཆེ་ཞེས་རབ་ཏུ་གྲགས་སྨྲ་བས། །ཕྱོགས་འདི་མཁས་མང་གོ་མཚམས་བྲལ་བ་བཞིན། །བརྟགས་ཚེ་ཇི་ལྟར་མཆོད་སྦྱིན་འོས། །དེ་ལྟར་སྙིང་པོ་མེད་པས་ཉོན་མོངས་སོ། །དེའི་ཕྱིར་རེ་ཞིག་ཆོག་གོ །ད་ནི་ཀུན་རྫོབ་བྱང་སེམས་བསྒོམ་ཚུལ་བཤད་དེ། དེ་ལ་འདི་ནི་ཐམས་ཅད་ཀྱིས་བསྒོམ་པར་བྱའོ། །དེ་ཡང་བདག་དང་འགྲོ་བ་ཐམས་ཅད་སངས་


TNT20_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཐོབ་པར་བྱ་སྙམས་པའི་བློའི་ཤུགས་དང་བཅས། ཐོག་མར་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང༌། དེ་ལས་ཐར་བར་མི་ནུས་པའི་འགྲོ་བ་རྨོངས་པ་རྣམས་དྲན་བཞིན་པས་འདི་རྣམས་སྙིང་རེ་རྗེ། སྡུག་བསྔལ་བསྐྱབས། བདེ་བ་ལ་འགོད་པར་བྱ་ཞེས་ཡང་ཡང་བསྒོམ། དེའི་སྙིང་རྗེ་མི་སྐྱེ་ན་སེམས་ཅན་ཐམས་ཅད་ཕ་མར་ཤེས་པར་དྲིན་དྲན་པའི་སྒོ་ནས་དང༌། འདི་རྣམས་ཆོས་ཀུན་བདེན་མེད་ཁོང་དུ་མ་ཆུད་པས། ལས་ངན་བསགས་པའི་དབང་ལས་སྡུག་བསྔལ་ལ་སྤྱོད་པ་འདི་ལྟ་བུ་ཀྱེ་མ་སྙམ་དུ་ཡང་ཡང་བསམ། དེ་ལ་གོམ་ནས་སྐྱེ་དཀའ་བ་གནོད་བྱེད་རྣམས་ལ་སྔར་བཞིན་དུ་སྒོམ་དེའི་ཀྱང་མི་སྐྱེ་ན། ཡང་འདི་དག་བདག་ཆོས་ལ་བསྐུལ་བའོ་སྙམ་དུ་དྲིན་དྲན་བཞིན་པས་བསྒོམ། གཞན་ཡང་འདི་དག་ལ་ཕ་མ་ཁོ་ན་ཡིན་པ་ལ་མ་རིག་པས་འཁྱམས་ནས། བདག་ལ་གནོད་པ་བྱས་པས་ངན་སོང་དུ་ལྷུང་བ་འདུག་པས་སྙིང་རྗེ་སྙམ་པ་ཡང་ཡང་དུ་བསྒོམ་པས་ཞེ་སྡང་གིས་བརྫི་བར་མི་ནུས་སོ། །དེས་ཀྱང་མ་སྐྱེས་ན་གཟུགས་བརྗེ་ཞིང་བསྒོམས་པས་སྐྱེ་བར་འགྱུར་ཏེ། དེ་དག་ལ་གོམས་ནས། ཡང་སྙིང་རྗེས་བསྐུལ་ནས་སངས་རྒྱས་ཀུན་ལ་གསོལ་བ་བཏབ་ནས་དངོས་སུ་བྱོན་ནས་ཆོས་གསུང་བ་དང༌། འོད་ཟེར་སྤྲོ་བ་ལ་སོགས་པས་སྐད་ཅིག་དེ་ལ་སེམས་ཅན་གཅིག་ཀྱང་མ་ལུས་པར་སངས་རྒྱས་ཐོབ་པར་བསྒོམ། ཁྱད་པར་གནོད་བྱེད་གདོན་དང་དགྲ་སོགས་ལ་གཙོ་ཆེར་བསྒོམ་པར་བྱ་སྟེ། དེ་ལྟར་ན་འདི་དག་བདག་གཞན་མཉམ་པ་བསྒོམ་ཚུལ་ལོ། །གལ་ཏེ་ཆེས་མཆོག་ཏུ་གྱུར་པ་བརྗེ་བ་བསྒོམ་


TNT20_Page_0827
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་ན། དབུགས་རྔུབ་པ་དང་ལྷན་ཅིག་སེམས་ཅན་གྱི་སྡིག་སྡུག་ལེན། དབྱུང་བ་དང་ལྷན་ཅིག་རང་གི་བདེ་དགེ་སེམས་ཅན་ལ་སྦྱྀན་པར་བྱ་སྟེ་ཚུལ་འདི་སྔོན་གྱི་དམ་པ་ཆེས་མང་བ་རྣམས་ཀྱིས་རྒྱ་ཆེར་གསུངས་སོ། །དེའི་སྐབས་སུ་མགོན་པོ་སྤྱན་རས་གཟིགས་ཕྱག་བཞི་པ་ལ་མཆོད་པ་ལ་སོགས་པ་བྱ་སྟེ། སློབ་དཔོན་དུ་བུདྡྷ་གུ་ཧྱ་སོགས་ཀྱིས་མཛད་པའི་མཎྜལ་གྱི་ཆོ་གར་བལྟའོ། །བསྒོམ་ཚུལ་སྔགས་ལས་འབྱུང་བ་ལྟར་མདོར་བསྡུས་སུ་བཤད་ན། སྐྱབས་འགྲོ་སེམས་བསྐྱེད། སྟོང་པར་སྦྱངས། པད་ཟླ་ལ། ཧྲཱིཿ ལས་མགོན་པོ་སྤྱན་རས་གཟིགས་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། འོག་མ་གཉིས་ཤེལ་འཕྲེང་དང་པདྨ་དཀར་པོ་འཛིན་པ། རྡོ་རྗེ་སྐྱིལ་ཀྲུང་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡེ་ཤེས་ཀྱི་སྐུ་ཅན་ཞིག་མདུན་དུ་ལམ་གྱིས་གྲུབ་པར་བསྒོམ། གནས་གསུམ་དུ་ཡི་གེ་འབྲུ་གསུམ། ཐུགས་ཀར་ཧྲཱིཿརྣམས་བཀོད། ཡེ་ཤེས་པ་དགུག་གཞུག་བྱ། དབང་བསྐུར་རིགས་བདག་གི་རྒྱས་བཏབ་ནས། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་བཟླས་ཏེ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སངས་རྒྱས་ཐོབ་པར་བསྒོམ། ཡང་ན་ཇོ་བོ་ཁ་སར་པ་ནི་དཀར་པོ་མཆོག་སྦྱིན་དང་པདྨ་ཅན་རོལ་སྟབས་སུ་བཞུགས་པ་བསྒོམ་ནས་བཟླས་པའི་ཚེ། ཨོཾ་ཨཱཿཧྲཱིཿསྭཱཧཱ། ཞེས་བཟླ་བ་ནི། ཁྱད་


TNT20_Page_0828
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཙམ་ཡིན་ལ་གཞན་འདྲའོ། །དེ་ལ་སེམས་ཅུང་ཟད་བརྟན་ནས་རང་ཡང་དེ་ལྟར་སྒོམ། དེ་ཡང་བརྟན་ནས་དངོས་པོ་ཐམས་ཅད་རྗེ་བཙུན་ལོ་ཀི་ཤྭ་རར་བསྒོམ། དེ་དག་གིས་སྐབས་ཐམས་ཅད་སྙིང་རྗེ་ཁོ་ན་བསྒོམ་པར་བྱ་སྟེ། སྙིང་རྗེས་བོགས་དབྱུང་པའོ། །མདོར་ན་དེ་ལྟར་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རེ་ཞིག་རེས་འཇོག་རེས་འཇོག་ཏུ་བསྒོམ། ཕྱི་ནས་གཅིག་གིས་གཅིག་ལ་རྒྱས་བཏབ་ཀྱིན་བསྒོམ་པས་ཇི་ཞིག་ལྟར་ལ་རོ་མཉམ་དུ་འགྱུར་རོ། །དེ་ཀུན་ལ་ཐུན་མགོར་ཡན་ལག་བདུན་པ་ལ་ནན་ཏན་དང༌། མཇུག་ཏུ་རྒྱལ་བ་དང་སར་བཞུགས་ཀྱི་སེམས་དཔའ་རྣམས་ཀྱི་ཞལ་སྔ་ནས་མཛད་པའི་སྨོན་ལམ་ཡང་དག་པ་གདབ་པར་བྱའོ། །འགའ་ཞིག་ལམ་འདི་རྒྱས་འདེབས་ཀྱིས་བཅིངས་པ་ཡིད་ལ་བྱེད་པའི་དུས་འདའ་བ་རྣམ་རྟོག་གི་དྲི་མ་ལ་ཞེན་པའོ་ཞེས་སྨྲ་བ་དག་འབྱུང་སྲིད་ནའང༌། དམ་པའི་ཆོས་ལ་རྒྱལ་བ་ཉིད་ཚད་མ་ཡིན་ལ་ཕན་པའི་བློ་ཁོ་ནས་བྲིས་པའི་ཕྱིར་དང༌། ལོག་པར་གཅེས་པ་མེད་པས་མི་འཇིགས་སོ། །འདི་སྐད་ཀྱང་བསམ་སྐད། བདག་འཛིན་འདུལ་བ་ཉིད་ཀྱི་ཕྱིར། །རྟོག་པས་བཅིང་པ་ཉིད་ནའང་བླ། །གཞན་དུ་རྨོངས་པའི་རང་བཞིན་ལས། །གྲོགས་དག་ཐར་པ་ཡོད་དམ་ཅི། །ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་ཕྱིན་ན། །ཆོས་ཀྱི་དགོས་པ་སྟོང་ཞེས་དམ་པས་གསུངས། །རྫོགས་སངས་རྒྱས་ཀྱི་གསུངས་ལས་ཕྱིར་ཕྱོགས་ན། །ཇི་ལྟར་བསྒོམ་ཆེན་ཡིན་ཞེས་བསམ་པའི་རིགས། །འགྲོ་འདི་འཁོར་བར་སྤྱོད་ལ་རབ་


TNT20_Page_0829
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བས། །ལོག་པར་སྤྱོད་ལ་ཉེ་བར་བརྒྱུག་པ་མཐོང༌། །ལུས་མེད་ཕོ་ཉའི་རྣམ་འཕྲུལ་དཔག་མེད་པས། །དམ་ཆོས་རྗེས་འབྲང་འདི་ན་སྨོན་བྱེད་པ། །ཡིད་འོང་ཚུལ་ཁྲིམས་དྲི་བསྲུང་ཐོས་མང་པོའི། །འདབ་རྒྱས་ལ་འོད་སྒྲུབ་པའི་སྙིང་པོ་ཅན། །ནག་པོའི་རྩ་ལག་མ་ཥི་དིར་མི་མོས། །ངན་སྐྱུག་ཁོང་བུར་བརྒྱུག་པ་དེ་ཡི་ལུགས། །ལེགས་ལྡན་ལེགས་བྱས་ཕྲག་ཅན་གྱིས། །གང་གི་ཞབས་ཟུང་ཉེར་བསྟེན་ནས། །འབུམ་ཕྲག་བསྟོད་དབྱངས་འདབ་བརྒྱའི་འཕྲེང་བཅས་ཕྱོགས་གྲོལ་བཀང་ནས་མཆོད་བྱས་པ། །བཅོམ་ལྡན་དེ་ཡི་བཀའ་དྲིན་དྲན་པས་རྟག་ཏུ་ཕྱག་འཚལ་ནམ་ཡང་སྐྱོངས༌། །སྙིང་ནས་ཁྱོད་ལས་སྐྱབས་གཞན་སྤངས་ནས་ཁྱོད་ཀྱི་གསུང་བཞིན་བསྒྲུབ་པར་ཤོག །ལམ་མདོར་བསྡུས་པ་རྫོགས་སོ།། །།བདག་གི་འདི་དང་མ་ལུས་དགེ་བ་ཡི། །མ་གྱུར་སེམས་ཅན་ཚོགས་རྣམས་མ་ལུས་པ། །མྱུར་དུ་བླ་མེད་བྱང་ཆུབ་སྐུ་གསུམ་དངོས། །རྟག་ཅིང་བདེ་བའི་གོ་འཕང་མྱུར་ཐོབ་ཤོག །ཤཱཀྱའི་དགེ་སློང་ཀུན་དགའ་སྙིང་པོས་རྩ་བ་སྔགས་དང་སྦྱར་བ་ལས། མཁྱེན་ཡང་མའི་དབང་པོའི་བཀས་བསྐུལ་ཏེ་རྒྱས་འགྲེལ་སྦྱར་བའོ། །རང་ལོ་བཅུ་དགུ་པ་ལ་ལི་ཁཾ་ཏི། ཨོཾ་ཨ་ཐམངྒ་ལཾ་ཡ་པོཥྟི་ཀཾ་ཀུ་རུ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། །མངྒ་ལཾ།། །།


previousརྣལ་འབྱོར་པ་རྣམ་པ་གཉིས་ཀྱི་གསལ་བྱེད་ཀྱི་ཊཱི་ཀ་བི་ཛཱ་ཧ་རི་པཱ་རུ།no next