Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
ཀྱཻ་རྡོ་རྗེའི་བསྐྱེད་རིམ་ཀྱི་བཤད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀྱཻ་རྡོ་རྗེའི་བསྐྱེད་རིམ་ཀྱི་བཤད་པ།next

ཀྱཻ་རྡོ་རྗེའི་བསྐྱེད་རིམ་ཀྱི་བཤད་པ།


TNT21_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ་རྡོ་རྗེའི་བསྐྱེད་རིམ་ཀྱི་བཤད་པ་བཞུགས།


TNT21_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། རྣམ་ཀུན་མཆོག་དང་ལྡན་པའི་ཡེ་ཤེས་དང༌། །དཔལ་ལྡན་འགྱུར་བ་མེད་པའི་བདེ་བ་ཆེ། །ཟུང་འཇུག་འཁོར་ལོའི་མགོན་པོ་བླ་མ་ལ། །མཆོག་ཏུ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དེ་ཡི་གོ་འཕང་སྒྲུབ་བྱེད་བདུད་རྩིའི་བཅུད། །གྲུབ་བརྙེས་བརྒྱུད་པའི་ལམ་ལས་འོངས་པ་འདི། །བརྗེད་ངེས་རྟོག་པ་སྤང་ཕྱིར་ལེགས་བཤད་ཀྱི། །ཆུ་དྭངས་ནོར་བུའི་འཕྲེང་བ་སྤེལ་བར་བྱ། །འདིར་བརྒྱུད་ཀྱི་རྒྱལ་པོ་དཔལ་ཀྱཻ་རྡོ་རྗེ་ལས་བརྩམས་ཏེ་རིམ་གཉིས་ཀྱི་རྣམ་པར་གཞག་པ་འཆད་པ་ལ་གཉིས་ཏེ། རྒྱུད་ཀྱི་མངོན་པར་རྟོགས་པ་མདོ་ཙམ་བསྟན་པ་དང༌། རིམ་པ་གཉིས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྗོད་བྱེད་ཚིག་གི་རྒྱུད་རྣམ་པར་གཞག་པ་དང༌། བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བའོ། །དང་པོ་ལ།


TNT21_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འདི་ཉིད་རྒྱུད་སྡེ་གང་དུ་གཏོགས་པ་དང༌། གསུངས་པ་པོའི་སྟོན་པ་གང་ཡིན་པ་དང༌། རྒྱུད་ཉིད་དུ་ངོས་བཟུང་བའོ། །དང་པོ་ནི་བདག་ཅག་གི་སྟོན་པས་དམ་པའི་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་བསྐོར་བ་ཐམས་ཅད་ཐེག་པ་དམན་པའི་སྡེ་སྣོད་དང༌། ཐེག་ཆེན་གྱི་སྡེ་སྣོད་གཉིས་སུ་འདུས་ལ། ཐེག་ཆེན་གྱི་སྡེ་སྣོད་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང༌། འབྲས་བུ་རྡོ་རྗེ་ཐེག་པའི་སྡེ་སྣོད་གཉིས་སུ་འདུས། གཉིས་པ་རྡོ་རྗེ་ཐེག་པའི་སྡེ་སྣོད་ཐམས་ཅད་ཀྱང་རྒྱུད་སྡེ་བཞིར་འདུས་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་པའོ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་བཞི་ལས་འདི་


TNT21_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །དེ་ལ་ཡང་ཐབས་ཀྱི་རྒྱུད་དང༌། ཤེས་རབ་ཀྱི་རྒྱུད་དང༌། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་གསུམ་ལས། འདི་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། འདི་ཉིད་ལས། ཧེ་ནི་སྙིང་རྗེ་ཆེན་པོ་ཉིད། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཤེས་རབ་ཐབས་ཀྱི་བདག་ཉིད་རྒྱུད། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་སོ། །གཉིས་མེད་རྒྱུད་དེའི་ཡང་སྙིང་པོར་གྱུར་པ་ཀྱཻ་རྡོ་རྗེའི་རྒྱུད་དོ། །གཉིས་པ་ནི། སྤྱིར་རྒྱུད་སྡེ་ཐམས་ཅད་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིང༌། ཁྱད་པར་དུ་རྒྱུད་འདི་ཉིད་ཐོག་མ་མེད་པའི་དུས་ནས་སྟོན་པ་ཧེ་རུ་ཀའི་རྣམ་པས་དག་པའི་འཁོར་ཚོགས་རྒྱ་མཚོ་ལས་གསུངས་པ། བར་སྐབས་བར་སྐབས་སུ་ནུབ་པར་གྱུར་པ་ལས། བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་པའི་ཚེ་འོག་མིན་དུ་ལོངས་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་དང༌། འཛམ་བུའི་གླིང་དུ་སྤྲུལ་སྐུ་ཞལ་བརྒྱད་ཕྱག་བཅུ་དྲུག་པའི་རྣམ་པས་གསུངས་སོ། །གསུམ་པ་ནི། ཀྱཻ་རྡོ་རྗེའི་རྒྱུད་རྒྱས་པ་འབུམ་ཕྲག་ལྔ་པ་ཞིག་ཡོད་དོ། །རྡོ་རྗེ་གུར་ལས། འབུམ་ཕྲག་ལྔ་བདག་ཀྱཻ་རྡོ་རྗེ། །ལུས་ནི་དཀྱིལ་འཁོར་ལྔ་གསུངས་པ། །ཞེས་གསུངས་པ་ལྟར། རྡོ་རྗེ་རིགས་ཀྱི་དུམ་བུ། སྔགས་ཀྱི་དུམ་བུ། དབང་བསྐུར་བའི་དུམ་བུ། ལྷའི་དུམ་བུ། དེ་ཁོ་ན་ཉིད་ཀྱི་དུམ་བུ་སྟེ་དེ་རེ་རེ་ལ། ཤློ་ཀ་འབུམ་ཕྲག་རེ་རེ་སྟེ་འབུམ་


TNT21_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་ལྔའོ། །དེ་ལས་བསྡུས་པའི་རྒྱུད་ལ། རྩ་བའི་རྒྱུད། བཤད་པའི་རྒྱུད། ཆ་མཐུན་གྱི་རྒྱུད་གསུམ་ལས། དང་པོ་ནི་རྩ་བའི་རྒྱུད་བརྟག་པ་གཉིས་པ་ཡིན་ལ། །གཉིས་པ་ཐུན་མོང་མ་ཡིན་པའི་བཤད་རྒྱུད་རྡོ་རྗེ་གུར། ཐུན་མོང་བའི་བཤད་རྒྱུད་སམྦྷུ་ཊིའོ། །གསུམ་པ་ནི། ཕྱག་ཆེན་ཐིག་ལེ། ཡེ་ཤེས་ཐིག་ལེ། ཡེ་ཤེས་སྙིང་པོ། རྣལ་འབྱོར་མ་ཐམས་ཅད་གསང་བ་སྒྲོན་མེའི་རྒྱུད་དེ་ཐིག་ལེ་སྐོར་བཞི། རྡོ་རྗེ་ཨ་ར་ལི་དང༌། རི་ཥི་ཨ་ར་ལི་དང༌། རྙོག་པ་མེད་པའི་རྒྱུད་རྣམས་སོ། །དེ་ཡང་རྩ་བའི་རྒྱུད་བརྟག་པ་གཉིས་པ་འདི་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་པ་ལས་བྱུང་བ་ཡིན་ཅིང༌། དེ་ལ་འདོད་ཚུལ་མི་འདྲ་བ་དུ་མ་བྱུང་ནའང་བརྟག་པ་ཕྱི་མ་གཉིས་ཕྱུང་བར་བླ་མ་གོང་མ་རྣམས་ཀྱིས་བཞེད་དོ། །འདི་ལ་འགྲེལ་བཤད་ཚད་ལྡན་མང་དུ་བྱུང་མོད། འཕགས་ཡུལ་དུ་ཤིང་རྟའི་སྲོལ་འབྱེད་ཐ་དད་དུ་གྲགས་པ་ནི་མེད་ལ། བོད་ཡུལ་འདིར་ལུགས་སྲོལ་མང་དུ་བྱུང་བ་ལས། དཔལ་ལྡན་ས་སྐྱ་བ་ཡབ་སྲས་ལ་བཀའ་བབས་པ་ནི། སློབ་དཔོན་མཐུ་སྟོབས་ཀྱི་དབང་ཕྱུག་བིརྺ་པའི་མན་ངག་གི་ལུགས་དང༌། གྲུབ་ཆེན་ཌོམ་བྷི་ཧེ་རུ་ཀ་རྗེས་འབྲང་དང་བཅས་པའི་ལུགས་དང༌། སློབ་དཔོན་མཚོ་སྐྱེས་ཀྱི་ལུགས་དང༌། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་དེ་བཀའ་བབ་བཞིར་གྲགས་པ་དང༌། གཞན་ཡང་ནཱ་རོ་པ་དང༌།


TNT21_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མཻེ་ཏྲི་པའི་ལུགས་ཏེ་དྲུག་གོ །དེ་ལ་དང་པོ་ནི་སྙན་རྒྱུད་གཙོ་ཞིང༌། སྐབས་འདིར་གཏན་ལ་དབབ་བྱའི་གཙོ་བོ་ཡིན་ལ། ཌོམྦྷི་ལུགས་སོགས་ཕྱི་མ་གསུམ་ལ་ནི། ཇི་སྐད་དུ། སྙིང་པོའི་དོན་གྱི་ཀྱཻ་རྡོར་ནི། །བིརྺའི་རྗེས་འབྲང་ཌོམྦྷིའི་སྐོར། །ཡན་ལག་མེད་རྗེས་པདྨའི་སྐོར། །དམ་ཚིག་རྡོ་རྗེ་ནག་པོའི་སྐོར། །གཙོ་ཆེའི་ཆོས་སྣ་སུམ་ཅུ་དགུ །ཞེས་པ་ལྟར་གཙོ་ཆེ་བའི་ཆོས་སྣ་སུམ་ཅུ་རྩ་དགུ་ཡོད་ཅིང༌། ནཱ་རོ་པ་ཡི་ལུགས་ཕམ་ཐིང་ནས་བརྒྱུད། མལ་ལོ་ཙཱ་བ་ལ་སྐྱ་པ་ཆེན་པོའི་གསན་ཅིང༌། མཻ་ཏྲི་པའི་ལུགས་ལ་བསྒྲུབ་ཐབས་དང་ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་དྲུག་བཞུགས་སོ། །ཤནྟི་མེ་ཏྲི་སྙན་གྲགས་བཟང༌། །ཞེས་གསུངས་པའི་ཤན་ཏི་པའི་ལུགས་ནི་ནག་པོ་ལུགས་སུ་འདུས་སོ། །དེ་རྣམས་ལས་སློབ་དཔོན་བིརྺ་པའི་ལུགས་འདི་རྗེ་བཙུན་གོང་མས་མཛད་པ་རགས་རིམ་སྨོས་ན། བཤད་པ་ལ་ཉེ་བར་མཁོ་བའི་གཞུང་བདུན་ཏེ། རྒྱུད་སྡེའི་དུམ་བུ། རྒྱུད་དེའི་སྤྱི་རྣམ། རྒྱུད་ཀྱི་མངོན་རྟོགས། དེ་གཉིས་ཀྱི་བསྡུས་དོན་སྟོང་ཐུན། ཡབ་ཀྱི་བསྟོད་པ། ཡུམ་གྱི་བསྟོད་པ། བདག་མེད་བསྟོད་འགྲེལ་ལོ། །ཇི་སྐད་དུ། རྒྱུད་སྡེའི་དུམ་བུ་རྣམ་བཞག་མངོན་རྟོགས་དང༌། །སྟོང་ཐུན་གཉིས་ཀྱི་བསྡུས་དོན་བསྟོད་པ་གཉིས། །བདག་མེད་བསྟོད་པའི་རྣམ་འགྲེལ་དང་བཅས་པ། །ཀུན་ཏུ་དགོས་པའི་གཞུང་བདུན་འཐོར་མི་བྱ། །ཞེས་གསུངས་སོ། །གཞུང་བདུན་པོའི་


TNT21_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ། རྒྱུད་གསུམ་ལ་འགྲེལ་པ་གསུམ། བསྡུས་དོན་གསུམ་ཏེ་དྲུག་བསྣན་པས་བཤད་པ་སྤྱི་འགྲོས་ཆོས་བཅུ་གསུམ་སྟེ། ཇི་སྐད་དུ། རྒྱུད་དོན་སོ་སོའི་རྣམ་འགྲེལ་དང་བཅས་པ། །གང་ལ་གང་དགོས་དེ་དེ་བླང་བྱ་སྟེ། །དེ་ལྟར་བཅུ་གསུམ་ལེགས་པར་རབ་བལྟས་ན། །རྣམ་པར་ཕྱེ་བའི་རྒྱུད་གསུམ་ཤེས་པར་འགྱུར། །ཞེས་གསུངས་སོ། །སྤྱིར་ལག་ཏུ་བླང་བའི་ཆོས་བཅུ་བཞི་ནི། ཇི་སྐད་དུ། སྨིན་བྱེད་ལྟུང་བའི་རྣམ་བཤད་སྒྲུབ་ཐབས་བཞི། །རབ་གནས་སྦྱིན་སྲེག་ཚོགས་ཀྱི་ཆོ་གར་བཅས། །རྡོ་རྗེ་དྲིལ་བུ་བགྲང་ཕྲེང་དགང་བླུགས་དང༌། །ཐ་མའི་ཆོ་ག་མཆོད་རྟེན་སྒྲུབ་པ་སྟེ། །དེ་ལྟར་བཅུ་བཞི་དང་པོའི་ལུས་ཅན་ནས། །བརྩམས་ཏེ་གང་ཟག་ཀུན་གྱིས་གཟུང་བར་བྱ། །ཞེས་སོ། །དེ་ཡང་དབང་བཅུ། རྩ་ལྟུང་འཁྲུལ་སྤོང༌། མངོན་རྟོག་རྒྱས་པ་ཡན་ལག་བཞི་པ། འབྲིང་པོ་ཡན་ལག་དྲུག་པ། བསྡུས་པ་ལྷན་སྐྱེས། ཡུམ་གྱི་སྒྲུབ་ཐབས་དང་བཞི། འགའ་ཞིག་མངོན་རྟོགས་བསྡུས་པ་མེད། མཚོ་སྐྱེས་ལུགས་ཀྱི་མངོན་རྟོགས་ཚིགས་བཅད་མ་འདྲེན་ཟེར་ཏེ་ཧ་ཅང་ཐལ་བར་འདྲའོ། །བསྡུས་པའང་ད་ལྟ་བཀའ་འབུམ་ན་བཞུགས་པ་འདི་ཡིན་པའི་ངེས་པ་མེད། ཡིན་ན་ཡིག་སྣ་དྲུག་ཅིའི་ལས་དང་པོའི་ཆོས་ཀྱི་ནང་དུ་འདྲེན་རིག་པ་ལས་མ་བགྲངས། དེས་ན་ཀྱཻ་རྡོར་གྱི་སྒྲུབ་ཐབས་ཡིན་པའི་ངེས་པ་མེད་པས་མན་ངག་ལུགས་ཀྱི་རྒྱུད་འཆད་པ་ལ་མཁོ་བའི་སྒྲུབ་ཐབས་གཞན་ཡོད་པ་དེང་སང་དཔེ་མ་རྙེད་


TNT21_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

པའང་ཡིན་སྲིད་གསུངས་སོ། །རབ་གནས་བཟང་པོ་དང་དྲུག་སྦྱིན་བསྲེག་ཞི་བ་དང་ལས་བཞི། རྡོ་རྗེ་དང་དྲིལ་བུའི་དེ་ཉིད་དུས་ཐ་མའི་ཆོ་ག་རྣམས་ལ་ཡིག་ཆ་རེ་རེ་ཡོད་ཅིང༌། བགྲང་ཕྲེང་དགང་བླུགས་མཆོད་རྟེན་སྒྲུབ་པ་རྣམས་ལ་ཡིག་ཆ་ཟུར་དང་ལྔ་པར་ཡོད་པ་དང་དེང་སང་ནུབ་པའི། ཡང་ན་ཡིག་ཆ་ཆེ་བ་རྣམས་ཀྱི་ནང་ན་ཆ་ཤས་ཀྱི་གསུངས་པ་རྣམས་ལ་དགོངས་ཟེར་རོ། །ཞར་ལ་འོངས་པ་སྦས་པའི་བརྟུལ་ཞུགས་ལ་ཉེ་བར་མཁོ་བའི་ཆོས་དྲུག་ནི། ཇི་སྐད་དུ། རུས་རྒྱན་བཏགས་པའི་སྣོད་དང་གཟུང་བྱའི་ཟས། །རོལ་མོའི་ཆོ་ག་སྟན་དང་བགོ་བའི་གོས། །འདི་དག་ཧེ་རུ་ཀ་དཔལ་ཆས་དྲུག་སྟེ། །རྣམ་པར་ཕྱེ་ན་བཅུ་བཞིར་འགྲོ་བ་ཡིན། །ཞེས་སོ། །བཅུ་བཞི་པོ་གང་ཞེ་ན། རྒྱན་ལ་བཞི་དང༌། བཏུང་བའི་སྣོད་དང་ལྔ། ལག་ཆ་གཉིས་དང་རོལ་མོའི་ཆ་བྱད་གསུམ། སྟན་དང་གོས་ལ་གཉིས་གཉིས་ཏེ། དེ་ལྟར་བདུན་དུ་དབྱེ་བའི་རྣམ་གྲངས་བཅུ་བཞིའོ། །ཞེས་གསུངས་པའི་རྒྱན་བཞི་ནི། རུས་རྒྱན། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་རྣམས་སོ། །བཏུང་བའི་སྣོད་ཐོད་པ། ལག་ཆ་གཉིས་ནི་གྲི་གུག་དང་ཁ་ཊྭཾ་གའོ། །རོལ་མོའི་ཆ་བྱད་གསུམ་ནི། ཅང་ཏེའུ། གསང་བའི་རྔེའུ་ཆུང༌། མི་རྐང་གི་གླིང་བུ་རྣམས་སོ། །སྟན་གཉིས་ནི། སྟག་ལྤགས་དང་རོ་གདན་ནོ། །གོས་གཉིས་ནི་སྟག་ལྤགས་དང༌། རོའི་ཆས་གོས་སོ། །གཞན་


TNT21_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གདན་གྱི་རྣམ་གྲངས་སོགས་མང་དུ་ཡོད་ཅིང༌། སྦས་པའི་དོན་རྣམས་གསུང་རབ་རིན་པོ་ཆེ་ལས་འཕྲོས་ནས་དཀར་ཆག་སོགས་སུ་མཛད་དོ། །གཉིས་པ་བརྗོད་བྱ་དོན་གྱི་རྒྱུད་ངེས་པར་བྱ་བ་ནི། །ཇི་སྐད་དུ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་ཕྲོགས་པ་ཡི་རབ་དབྱེ་བ། །རང་བཞིན་རྣམ་པ་རྒྱུ་ཡིན་ཏེ། །གཞི་ནི་ཐབས་ཤེས་བྱ་བ་ཡིན། །དེ་བཞིན་མི་ཕྲོགས་འབྲས་བུའོ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར། བརྗོད་བྱ་དོན་གྱི་རྒྱུད་ལ་དབྱེ་ན། རྒྱུ་རྒྱུད་སྔོན་དུ་འགྲོ་བ་རྟེན་གྱི་གང་ཟགཉམས་སུ་བླང་བྱ་ཐབས་ཀྱི་རྒྱུད། ཉམས་སུ་བླངས་པས་ཐོབ་པ་འབྲས་བུའི་རྒྱུད་དང་གསུམ་མོ། །དང་པོ་ལ། རྒྱུ་རྒྱུད་ཀྱི་ངོ་བོ། གང་ཟག་གི་རང་བཞིན། དེའི་རྒྱུད་ཇི་ལྟར་སྦྱངས་པའི་ཚུལ་དང་གསུམ། དང་པོ་ནི། སེམས་རང་བཞིན་གྱིས་འོད་གསལ་བ་ཀུན་ཏུ་འགྲོ་བ་དེ་ཡིན་ལ། དེའི་སྣང་ཆ་འཁོར་བའི་ཆོས་ཐམས་ཅད་ཀྱང་རྒྱུ་རྒྱུད་དུ་བསྡུས་པ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་སོ། །གཉིས་པ་གང་ཟག་གི་རང་བཞིན་ནི། སློབ་དཔོན་གརྦྷ་རི་པས། རྒྱུ་རིགས་སྤང་བྱ་རྐྱེན་ལ་ལྟོས། །གང་ཟག་རྣམ་པ་བཞི་ཡིན་ནོ། །ཞེས་གསུངས་པ་ལྟར། གང་ཟག་ལ་དབྱེ་ན།


TNT21_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་ལ་ལྟོས་པ། རིགས་ལ་ལྟོས་པ། སྤང་བྱ་ལ་ལྟོས་པ། རྐྱེན་ལ་ལྟོས་པ་དང་བཞིའོ། །གསུམ་པ་ནི། སྤྱོད་པའི་ཚུལ་ཁྲིམས་ཀྱི་རིམ་པས་སྦྱང་བ། ལྟ་བའི་རིམ་པས་སྦྱང་བ་དབང་གིས་སྨིན་པར་བྱེད་པ་སྟེ། ཇི་སྐད་དུ། སྐལ་དམན་སེམས་ཅན་འདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ལ་ཕྱེས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཐེག་པའི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཅེས་གསུངས་སོ། །དེ་ཡང་སྐལ་དམན་རིམ་འཇུག་པའི་དབང་དུ་བྱས་པ་ཡིན་ལ། སྐལ་ལྡན་ཅིག་ཅར་བ་ལ་ནི་དབང་བསྐུར་བ་ཁོ་ནས་རྒྱུད་སྦྱང་བ་འགྲུབ་པ་ཡིན་ནོ། །སྤྱིར་དབང་ལ། རྒྱུ་དུས་ཀྱི་དབང༌། ལམ་དུས་ཀྱི་དབང། འབྲས་དུས་ཀྱི་དབང་གསུམ་ཡོད། །དེ་གསུམ་ངོ་བོའི་སྒོ་ནས་ཐབས་རྒྱུད་ཡིན་ཀྱང༌། མ་སྨིན་པ་སྨིན་པར་བྱེད་པའི་དབང་ངམ། རྒྱུ་དུས་ཀྱི་དབང་ནི། རང་གང་ལ་བསྐུར་བའི་སེམས་རྒྱུད་དེ་རྒྱུ་རྒྱུད་ཁྱད་པར་ཅན་དུ་བྱེད་པའི་ཕྱིར་རྒྱུ་རྒྱུད་ཀྱི་མངོན་རྟོགས་ཡིན་ནོ། །ཇི་སྐད་དུ། ཐབས་ལ་སྨིན་བྱེད་དབང་དང་ཉམས་མྱོང་དང༌། །ཞེས་ཐབས་རྒྱུད་དུ་གསུངས་པའང་ཡོད། དེ་ལ་གང་དུ་དབང་བསྐུར་བའི་དཀྱིལ་འཁོར། གང་ལ་དབང་བསྐུར་བ། ཇི་ལྟར་བསྐུར་བའི་


TNT21_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་དང་གསུམ། དང་པོ་ནི། སམྦྷུ་ཊི་ལས། དཀྱིལ་འཁོར་ལུས་སུ་གསུངས་པ་སྟེ། །དཀྱིལ་འཁོར་བྷ་ག་ཞེས་སུ་བརྗོད། །དཀྱིལ་འཁོར་བྱང་ཆུབ་སེམས་ཡིན་ཏེ། །དཀྱིལ་འཁོར་གསུམ་དུ་གསུངས་པའོ། །ཞེས་གསུངས་པ་ལྟར། བུམ་དབང་གི་དཀྱིལ་འཁོར་ལུས་ཀྱི་དཀྱིལ་འཁོར་དང༌། རྡུལ་ཚོན་གྱི་དཀྱིལ་འཁོར་དང། དབྱིབས་སུ་བཀོད་པའི་དཀྱིལ་འཁོར་གཞན་དང༌། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཏེ་བཞི་ཡོད་པ་ལས། འདིར་གཙོ་བོར་གྱུར་པ་ལུས་ཀྱི་དཀྱིལ་འཁོར་སྨོས་ཤིང༌། བྷ་གའི་དཀྱིལ་འཁོར་དུ་གསང་དབང༌། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལ་གཉིས་ལས། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། དོན་དམ་བྱང་ཆུབ་སེམས་ཀྱིས་དཀྱིལ་འཁོར་དུ་དབང་བཞི་པ་བསྐུར་བ་ཡིན་ནོ། །གང་ཟག་རབ་འབྲིང་ཐ་མ་གསུམ་ཁ་ལ་སྤྱིར་བཏང་ལ་སྨིན་བྱེད་ཀྱི་བུམ་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་དགོས་ཤིང༌། རས་བྲིས་དང༌། རྡོ་རྗེ་དྲིལ་བུ་པས་སྨིན་བྱེད་ལུས་དཀྱིལ་དུ་བསྐུར་བར་གསུངས་པ་སོགས་དམིགས་བསལ་ཡིན་ནོ། །གཉིས་པ་ནི། སློབ་མའི་ལུས་རྩའི་དཀྱིལ་འཁོར་ལ་བུམ་དབང༌། རྩ་བའི་ཡི་གེ་དཀྱིལ་འཁོར་ལ་གསང་དབང༌། ཁམས་བདུད་རྩིའི་དཀྱིལ་འཁོར་ལ་ཤེས་རབ་ཡེ་ཤེས་ཀྱི་དབང༌། སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ལ་དབང་བཞི་པ་བསྐུར་བ་ཡིན། གསུམ་པ་ནི། མངོན་པར་རྟོགས་པ་བདུན་


TNT21_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་སྟེ། དེ་ཡང་སྔོན་དུ་འགྲོ་བ་བསྙེན་པ་ནི་སློབ་དཔོན་གྱིས་བསྒྲུབ་པར་བྱ་བ་ཡིན་ཞིང་དཀྱིལ་འཁོར་གྱི་ཆོ་ག་ལ་དངོས་ལ་སློབ་མ་རྗེས་བཟུང༌། ས་ཆོག་བརྟག་བསླང་སྦྱང་བཟུང་སྲུང་བ་སྟ་གོན་རྣམ་པ་བཞིའི་རིམ་པ། དྲིས་ཤིང་རྒྱན་བཀྲམ་པ། སྒྲུབ་ཅིང་མཆོད། བདག་ཉིད་འཇུག་ཅིང་དབང་བླང་བ། སློབ་མ་གཞུག་ཅིང་དབང་བསྐུར་བའོ། །རྗེས་ཆོག་ནི་སླར་བསྡུ་བའི་ཆོ་གའོ། །གཉིས་པ་ཐབས་རྒྱུད་ཀྱི་མངོན་པར་རྟོག་པ་བཅུ་གཅིག་སྟེ། མཆོག་སྒྲུབ་པའི་མངོན་རྟོགས་ལྔ། ཐུན་མོང་སྒྲུབ་པའི་མངོན་རྟོགས་ལྔ། གཉིས་ཀ་ལ་དགོས་པའི་གྲོགས་དམ་ཚིག་དང་སྡོམ་པའོ། །དང་པོ་ལྔ་ནི་ལས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་པར་བྱ་བའི་ཕྱིར་རྟོགས་པའི་ལྟ་བ་དང༌། རྫོགས་རིམ་གྱི་བརྟེན་བསྐྱེད་པའི་རིམ་པ། ལྷར་སྣང་ཡེ་ཤེས་སུ་རྟོགས་པར་བྱ་བའི་རྫོགས་པའི་རིམ་པ། རིམ་གཉིས་བརྟེན་ནས་བོགས་འབྱིན་པ་སྤྱོད་པ། འབྲས་བུ་ལ་མཚམས་སྦྱོར་བ་ཉེ་རྒྱུ་ཨཱ་ལི་ཀཱ་ལི་བྱང་ཆུབ་ཀྱི་སེམས་རྣམས་སོ། །གཉིས་པ་ལྔ་ནི། ཡི་དམ་ལྷའི་ཐུགས་བརྒྱུད་བསྐུལ་བའི་ཕྱིར་བཟླས་པ། བར་ཆད་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་གཏོར་མ། སྐུ་གཟུགས་བྱིན་གྱིས་བརླབས་པའི་ཕྱིར་རབ་གནས། ལས་ཐམས་ཅད་འགྲུབ་པར་བྱ་བའི་ཕྱིར་སྦྱིན་སྲེག །དམན་པ་ལ་མོས་པའི་གང་ཟག་རྗེས་སུ་བཟུང་བའི་ཕྱིར་ལས་རབ་འབྱམས་རྣམས་སོ། །དེ་གཉིས་ཀྱི་དང་པོ། ལྟ་


TNT21_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལྟ་བ་གཉིས་ལས། དང་པོ་ནི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཡིན་ལ། དེའི་ཐོས་བསམ་གྱི་ལྟ་བ་ནི་ལྟ་བ་དུག་ཅན་དུ་བཞེད་དོ། །གཉིས་པ་ཐུན་མོང་མ་ཡིན་པ་སྔགས་ཀྱི་ལྟ་བ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དེ་ཡུལ་ཅན་དབང་གི་ཡེ་ཤེས་ཀྱིས་མྱོང་བར་བྱས་པ་ལ་ངོས་འཛིན་པ་ཡིན་ནོ། །རིམ་པ་གཉིས་ཀྱི་རྣམ་བཞག་འོག་ཏུ་འཆད་ལ། སྤྱོད་པ་དེ་ལ་ཨ་ཝ་དྷུ་ཏི་ཀུན་འདར་གྱི་སྤྱོད་པ། ཀུན་ཏུ་བཟང་པོའི་སྤྱོད་པ། ཕྱོགས་ལས་རྣམས་རྒྱལ་གྱི་སྤྱོད་པ་སྟེ་གསུམ་མོ། །ཉེ་རྒྱུ་ནི་སྤྱོད་པ་དང་འབྲེལ་བ་ཡིན་མོད། ཐུན་མོང་མིན་པའི་ཁྱད་པར་ནི། རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུས་དབང་བསྐུར་བ་འབྲས་དུས་ཀྱི་དབང་གི་ཡེ་ཤེས་དང་འབྲེལ་བ་ཡིན་ནོ། །བཟླས་པ་ལ་སོགས་པ་ཐུན་མོང་གི་མངོན་པར་རྟོགས་པ་ལྔ་ནི་གཞན་དུ་འཆད་དོ། །གསུམ་པ་དམ་ཚིག་དང་སྡོམ་པ་ལ་དབྱེ་ན་ལས་དང་པོའི་དམ་ཚིག །བརྟན་པ་ཅུང་ཟད་ཐོབ་པའི་དམ་ཚིག་བརྟན་པ་ཆེར་ཐོབ་པའི་དམ་ཚིག་སྟེ་གསུམ་མོ། །མན་ངག་ལས་ནི་དབང་བཞི་པོ་རེ་རེ་ལ་མཉམ་བཞག་གི་དམ་ཚིག །རྗེས་སྤྱོད་ཀྱི་དམ་ཚིག །བསྲུངས་པའི་དམ་ཚིག །བཟའ་བའི་དམ་ཚིག །མི་བྲལ་བའི་དམ་ཚིག་སྟེ་ལྔ་ལྔར་ཕྱེ་ནས་དམ་ཚིག་ཉི་ཤུ་རྩ་ལྔར་བཤད། དེ་ལས་སྤྱོད་པ་དང་ཉེ་རྒྱུ་ནི་རྫོགས་རིམ་གྱི་ཡན་ལག་ཡིན་ལ། མངོན་


TNT21_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོགས་པ་ཐུན་མོང་བ་ལྔ་ནི་བསྐྱེད་རིམ་གྱི་ཡན་ལག་རྟོགས་པའི་ལྟ་བ་དང་དམ་ཚིག་ནི་གཉིས་ཀ་ལ་དགོས་པ་ཡིན་ནོ། །དེས་ན་ཐབས་རྒྱུད་ཀྱི་མངོན་པར་རྟོགས་པ་བཅུ་གཅིག་ལ་རྩ་བ་གཉིས་དང་ཡན་ལག་དགུའོ། །གསུམ་པ་ཉམས་སུ་བླངས་བས་ཐོབ་པ་འབྲས་བུས་རྒྱུད་ལ། གནས་སྐབས་ཀྱི་འབྲས་བུ་ས་བཅུ་གཉིས་དང༌། མཐར་ཐུག་གྀ་འབྲས་བུ་སངས་རྒྱས་ཀྱི་སའོ། །དང་པོ་ལ། ངོ་བོ་ནི་བདེ་སྟོང་གི་ཡེ་ཤེས་ཡིན་ལ། དེའི་རྒྱུ་ནི། ཕྱི་རོལ་དུ་ཡུལ་ཆེན་པོ་རྣམས་བསྒྲོད་པ་དང༌། ནང་དུ་རྩ་རླུང་ཐིག་ལེའི་བགྲོད་དབུ་མར་ཐིམ་པ་ཡིན་ནོ། །འདིའི་ཉམས་སུ་བླང་བྱ་མཉམ་བཞག་ཏུ་བདེ་བ་ཆེན་པོའི་ཡེ་ཤེས་སྒོམ་པ་དང༌། རྗེས་ཐོབ་ཏུ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའོ། །ས་རྣམས་ཀྱི་ཡོན་ཏན་ལ། ཐུན་མོང་བ་དང་མདོ་དང་མཚུངས་ཤིང༌། ཐུན་མོང་མ་ཡིན་པའི་ཡོན་ཏན་ནི་རྒྱས་པར་རྒྱུད་དུ་ཤེས་པར་བྱའོ། །གཉིས་པ་ནི། སྐུ་བཞི་དང་ཡེ་ཤེས་ལྔས་བསྡུས་པ་ཡིན་ཞིང༌། གཞན་ཡང་སངས་རྒྱས་ཀྱི་སྐུ་དང་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་དང༌། ཡོན་ཏན་དང་འཕྲིན་ལས་ཀྱི་འཇུག་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྒྱུད་དུ་ཤེས་པར་བྱའོ། །གཉིས་པ་རིམ་པ་གཉིས་བྱེ་བྲག་ཏུ་བཤད་པ་ལ། རིམ་གཉིས་སྤྱིའི་རྣམ་བཞག་བསྟན་པ་དང༌། བསྐྱེད་རིམ་རྒྱས་པར་བཤད་པའོ། །དང་པོ་ལ། ངོ་བོ། དབྱེ་བ། སྒྲ་དོན། གྲངས་ངེས། གོ་རིམ། གྲོལ་བའི་འཐད་པ་ཏེ་རིམ་


TNT21_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤྱིའི་མངོན་རྟོགས་དྲུག་གོ །དང་པོ་ངོ་བོ་ནི། ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་ཏེ། བདེ་སྟོང་གི་ཡེ་ཤེས་ལྷ་སྐུའི་རྣམ་པ་དང་འབྲེལ་བའོ། །གཉིས་པར་དབྱེ་བ་ལ། བསྐྱེད་རིམ་དང༌། རྫོགས་རིམ་གཉིས། དང་པོ་ལ་དབྱེ་ན། ཏིང་ངེ་འཛིན་གསུམ། ཡན་ལག་བཞི། ཡན་ལག་དྲུག་པ་རྣམས་སུ་ཡོད། གཉིས་པ་རྫོགས་རིམ་ལ། རང་བྱིན་རླབས་དང༌། དཀྱིལ་འཁོར་འཁོར་ལོ་གཉིས་སུ་ཡོད། གསུམ་པ་སྒྲ་དོན་ནི། འཕགས་སྐོར་བའི་ལུགས་ལ་སྦྱང་གཞི་ལས་མིང་དུ་བཏགས་པར་བཞེད་དོ། །ཐ་མལ་གྱི་ལུས་གྲུབ་པ་ནི་བསྐྱེད་པ། སྐྱེ་གནས་བཞི་དང༌། བྱེ་བྲག་མངལ་སྐྱེས་ཀྱི་སྒོ་ནས་སྐྱེ་བའི་རིམ་པ། ཐ་མལ་གྱི་སེམས་ཅན་འཆི་བ་རྫོགས་པ། ས་ཆུ་ལ་ཐིམ་པ་སོགས་རིམ་པ་སྦྱོང་བྱེད་ལྷའི་རྣལ་འབྱོར་དང་རྡོར་བཟླས་འོད་གསལ་ལ་སོགས་པ་ལ་དེ་སྐད་བརྟགས་པར་བཞེད་དོ། །སྤྱོད་བསྡུས་ལས། གང་ཞིག་སྐྱེ་བ་ཀུན་རྫོབ་བདེན་པ་སྟེ། །འཆི་བའི་མིང་ཡང་དོན་དམ་བདེན་པའོ། །རིམ་གཉིས་འདི་དག་བླ་མའི་དྲིན་གྱིས་ནི། །རྙེད་པ་འདི་དག་མ་འོངས་སངས་རྒྱས་ཡིན། །ཞེས་གསུངས། དུས་འཁོར་བ་རྣམས་འབྲས་བུའི་སྒོ་ནས་མིང་དུ་བཏགས་པར་བཞེད་དེ། བསྐྱེད་པའི་དོན་ཐུན་མོང་གི་དངོས་གྲུབ། རྫོགས་པའི་དོན་མཆོག་གི་དངོས་གྲུབ། རིམ་པ་ནི་དེ་གཉིས་མངོན་དུ་བྱེད་པའི་ལམ་སྟེ། ལྷ་སྐུ་སྒོམ་པ་དང་རྣལ་འབྱོར་


TNT21_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་སྒོམ་པའོ། །སློབ་དཔོན་རྣལ་འབྱོར་དབང་ཕྱུག་བིརྺ་པ་རྗེས་འབྲང་དང་བཅས་པའི་དགོངས་དོན་རང་ལུགས་ནི། བསྐྱེད་པའི་དོན་ཡིད་རྣམ་རྟོག་གི་རྩོལ་བས་བསྐྱེད་པའི་ལྷ་སྐུ་དང༌། རྫོགས་པ་ནི་ལུས་ངག་ཡིད་གསུམ་རྫོགས་པ་སྟེ། དེའི་དོན་ཡང་ལུས་རྩ། ངག་རླུང་དང་ཡི་གེ །སེམས་ཐིག་ལེ་རྣམས་ལུས་ལ་ཇི་ལྟར་གནས་པ་བཞིན་དུ་རྫོགས་པར་སྒོམ་པ་ཡིན་པས། གཞན་དུ་ཡོངས་སུ་གྲུབ་པའི་རིམ་པ་ཞེས་བྱ་བ་དང་མཐུན་པ་ཡིན་ནོ། །བཞི་པ་གྲངས་ངེས་ནི། སྤང་བྱ་གཉིས་སུ་ངེས་པའི་ཕྱིར་དང༌། ཐོབ་བྱ་གཉིས་སུ་ངེས་པའི་ཕྱིར་དང༌། ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར། བསྐྱེད་རྫོགས་གཉིས་སུ་གྲངས་ངེས་སོ། །དང་པོ་ནི། ཐ་མལ་གྱི་རྣམ་རྟོག་གཞོམ་པའི་ཕྱིར་བསྐྱེད་པའི་རིམ་པ་དང༌། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་གཞོམ་པའི་ཕྱིར་རྫོགས་པའི་རིམ་པ་སྒོམ་དགོས་པ་ཡིན་ཏེ། རྡོ་རྗེ་གུར་ལས། ཐ་མལ་རྣམ་རྟོག་གཞོམ་པའི་ཕྱིར། །སྒོམ་པ་ཡང་དག་རབ་ཏུ་བསྒྲགས། །རང་བཞིན་གནས་སྐབས་བསྒོམ་པ་ནི། །སྒོམ་པ་མ་ཡིན་མི་བསྒོམས་མིན། །ཞེས་གསུངས། ཐ་མལ་གྱི་རྣམ་རྟོག་དེ་ལ་དབྱེ་ན། རྒྱུ་ལས་དང་ཉོན་མོངས་པ་དང༌། འབྲས་བུ་བདག་དང་བདག་གིར་འཛིན་པ་གཉིས་ལས། དང་པོ་ནི་ཚོགས་བསགས་པ་རྣམ་པ་གཉིས་ཀྱིས་སྦྱོར་བར་བྱེད་ཅིང༌། གཉིས་པ་ལ། སྣོད་དང་བཅུད་སྦྱོར་ཚུལ་གཉིས་ལས། དང་པོ་ནི། སྣོད་ཀྱི་འཇིག་རྟེན་ནི། ལྷའི་གཞལ་ཡས་ཁང་དང༌། ལྷ་དཔའ་བོ་


TNT21_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་མངོན་རྟོགས་ལ་ནི། ལྷའི་གདན་གྱིས་ཀྱང་སྦྱོང་བར་བྱེད་ཅིང༌། བཅུད་སྦྱོར་ཚུལ་ལ། བསྐྱེད་ཆོག་གིས་སྐྱེ་གནས་བཞི་སྦྱོར་ཚུལ་དང༌། ལྷའི་རྣམ་པས་དུག་གསུམ་སྦྱོང་བའོ། །དང་པོ་ནི། མངོན་བྱང་ལྔ་བསྐྱེད་ཀྱིས་དྲོད་གཤེར་སྐྱེས་སྦྱོང་བ་དང༌། མཁའ་ནང་ནས་ལྷ་ཚོགས་སྤྲོ་བས་མངལ་སྐྱེས་སྦྱོང་བ་དང༌། འོད་ཀྱི་གོང་བུ་ལས་བཞེངས་པ་དང༌། རྡོ་རྗེ་ཆོ་ག་གསུམ་བསྐྱེད་ཀྱིས་སྒོང་སྐྱེས་སྦྱོང༌། སྐད་ཅིག་གིས་བསྐྱེད་པའི་རྣལ་འབྱོར་གྱིས་རྫུས་སྐྱེས་སྦྱོང་བའོ། །གཉིས་པ་ནི། ལྷ་རྣམས་ཞི་བ་དང་ཁྲོ་བོ་དང་ཁྲོ་ཆགས་འདྲེས་པ་གསུམ་དུ་འདུས་ཤིང༌། ཆགས་པའི་རྣམ་པས་འདོད་ཆགས་སྦྱོང་བ་དང༌། ཤིན་ཏུ་ཞི་བའི་རྣམ་པས་གཏི་མུག་སྦྱོང༌། ཁ་ཤིན་ཏུ་ཁྲོ་བོའི་རྣམ་པས་ཞེ་སྡང་སྦྱོང༌། ཁྲོ་ཆགས་འདྲེས་པའི་རྣམ་པས་དུག་གསུམ་ཀ་སྦྱོང་བ་ཡིན་ཏེ། དེ་ཡང་བཙུན་མོའི་འཁོར་གྱི་ནང་དུ་འདུག་པས་འདོད་ཆགས་སྦྱོང༌། ཁྲོ་བོ་ཆེན་པོར་བསྟན་པས་ཞེ་སྡང་སྦྱོང༌། མཚན་དཔེ་དང་ལྡན་པས་གཏི་མུག་སྦྱོངས་བ་ཡིན་ནོ། །དེས་ན་ཞི་ཁྲོ་ཕྱོགས་རེ་བ་ནི་མི་ཟབ་པ་ཡིན་ལ། ཁྲཽ་ཆགས་འདྲེས་པ་ནི་ཤིན་ཏུ་ཟབ་པ་ཡིན་ནོ། །རྡོ་རྗེ་གུར་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །ང་རྒྱལ་སེར་སྣའི་སྐྱེ་བོ་རྣམས། །བསྡུ་ཕྱིར་རང་གི་འཁོར་ལོ་ལ། །རྡོ་རྗེའི་གཟུགས་ནི་དུ་མ་འཛིན། །ཞེས་སོ། །གཉིས་པ་ནི། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ནི་རྫོགས་རིམ་གྱིས་སྦྱོང་སྟེ། ཇི་སྐད་དུ།


TNT21_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་རྒྱུད་ལས། བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི། །བརྟུལ་ཞུགས་ཅན་གྱིས་སྤྲོས་པ་སྒོམ། །སྤྲོས་པ་རྨི་ལམ་ལྟར་བྱས་ནས། །སྤྲོས་པ་ཉིད་ནི་སྤྲོས་མེད་བྱེད། །ཅེས་གསུངས། དེ་ཡང་བསྐྱེད་རིམ་གྱི་གནས་སྐབས་སུ། སྟོང་པ་ཉིད་ཀྱི་ལྟ་བ་དང་འདྲེས་པས་གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ཅུང་ཟད་མགོ་མནོན་པར་བྱེད་མོད་ཀྱི། གྱ་ནོམ་ལྷར་ཞེན་གྱི་རྣམ་རྟོག་ཕྲ་མོ་རྣམས་དཔྱིས་འབྱིན་པ་ལ་རྫོགས་རིམ་སྒོམ་དགོས་པ་ཡིན་ནོ། །གཉིས་པ་ཐོབ་བྱ་གཉིས་སུ་ངེས་པའི་ཕྱིར་བསྐྱེད་རྫོགས་གཉིས་སུ་ངེས་པ་ནི། སྤྱིར་བསྐྱེད་རྫོགས་གཉིས་ཆར་གྱིས་སྐུ་བཞི་ཡེ་ཤེས་ལྔ་འགྲུབ་པར་བྱེད་མོད་ཀྱི། གཙོ་བོ་གཟུགས་ཀྱི་སྐུ་འགྲུབ་པའི་དོན་དུ་བསྐྱེད་པའི་རིམ་པ་སྒོམ་དགོས་པ་ཡིན་ཏེ། རྡོ་རྗེ་གུར་ལས། སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་དུ་ངེས་པར་འགྲུབ། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ནི་ཐབས་ཀྱི་གཟུགས་ཅན་ནོ། །ཞེས་སོ། །ཆོས་ཀྱི་སྐུ་འགྲུབ་པའི་དོན་དུ་རྫོགས་པའི་རིམ་པ་སྒོམ་དགོས་པ་ཡིན་ཏེ། སུམྦུ་ཊི་ལས། རང་བྱུང་ངོ་བོ་འདི་ཉིད་ནི། །ཆོས་ཀྱི་སྐུ་ནི་རབ་ཏུ་གྲགས། །ཞེས་སོ། །གསུམ་པ་ངོ་བོ་རྟེན་དང་བརྟེན་པ་ཡིན་པའི་ཕྱིར་བསྐྱེད་རྫོགས་གཉིས་སུ་གྲངས་ངེས་པ་ནི། རྩ་རྒྱུད་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་འདི། །དེ་ཡི་བདེ་བ་བདེ་ཆེན་བརྗོད། །རྫོགས་པ་སྒོམ་པ་མེད་པ་སྟེ། །


TNT21_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་ཡིས་ནི་ཅི་ཞིག་འཚལ། །ཞེས་རྫོགས་རིམ་སྒོམ་པས་ཆོག་གི །བསྐྱེད་རིམ་གྱི་ཅི་ཞིག་འཚལ་ཞེས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཨེ་མ་བྱང་ཆུབ་སེམས་དཔའ་ཆེ། །དད་པའི་ཤུགས་ཀྱིས་རབ་ཏུ་ཉམས། །ལུས་ཀྱི་དངོས་མེད་གང་ལས་བདེ། །བདེ་བ་སྨྲ་བར་མི་ནུས་སོ། ཁྱབ་དང་ཁྱབ་བྱེད་ཚུལ་གྱིས་ནི། །བདེ་བས་འགྲོ་བ་ཁྱབ་པ་ཉིད། །ཇི་ལྟར་མེ་ཏོག་ལ་གནས་དྲི། །མེ་ཏོག་དངོས་མེད་ཤེས་མི་འགྱུར། །དེ་བཞིན་གཟུགས་སོགས་དངོས་མེད་པས། །བདེ་བ་ཉིད་ཀྱང་དམིགས་མི་འགྱུར། །ཞེས་གསུངས་པས་མེ་ཏོག་དང་མེ་ཏོག་གི་དྲི་ལྟར་བསྐྱེད་རིམ་གྱིས་སྒྲུབ་པའི་ལྷ་སྐུ་ལུས་ཀྱི་ཆོས་དང༌། རྫོགས་རིམ་པའི་ཡེ་ཤེས་བདེ་བ་ཆེན་པོ་སེམས་ཀྱི་ཆོས་གཉིས་རྟེན་དང་བརྟེན་པར་གནས་པ་ཡིན་ནོ། །ལྔ་པ་གོ་རིམ་ལ། འཕགས་སྐོར་བ་རྣམས་བསྐྱེད་རིམ་བསྟན་ནས་རྫོགས་རིམ་སྒོམ་པར་བཞེད་དོ། །རིམ་ལྔ་ལས། བསྐྱེད་པའི་རིམ་པ་ལ་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་ནི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་སོ། །སེམས་འགྲེལ་པ་ཁ་ཅིག །བསྐྱེད་རིམ་བརྟན་རུང་མ་བརྟན་རུང་ལོ་བཅུ་གཉིས་བསྒོམས་ནས་གཟོད་རྫོགས་རིམ་བསྒོམ་པར་འདོད་པ་དང༌། སློབ་དཔོན་ཁ་ཅིག །བསྐྱེད་རིམ་ལ་རྫོགས་རིམ་གྱིས་རྒྱས་བཏབ་ནས་སྒོམ་པར་འདོད་པ་སོགས་མང་དུ་ཡོང་ཀྱང་རྗེ་ག་ཡ་དྷ་


TNT21_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རའི་བཞེད་པ། རྩ་རྒྱུད་ལས། རིམ་གཉིས་མཉམ་པར་གནས་ནས་ནི། །ཞེས་གསུངས་པའི་དོན་གྱིས། སྟན་ཐོག་གཅིག་ཏུ་ཐུན་སྟོད་ལ་བསྐྱེད་རིམ་དང༌། ཐུན་སྨད་ལ་རྫོགས་རིམ་སྒོམ་པར་བརྗོད་དོ། །དྲུག་པ་གྲོལ་བའི་འཐད་པ་ནི། རིགས་སམ་རྒྱུ་ཡིན་པའི་ཕྱིར་དང༌། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་དང༌། དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བར་འཐད་དོ། །དང་པོ་ནི་རྩ་རྒྱུད་ལས། རིགས་དང་འབྱུང་བ་ལྔ་རྣམས་དང༌། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །རིགས་དང་བགྲང་བྱ་འདི་ཡིས་ནི། །རིགས་ཞེས་མངོན་པར་བརྗོད་པར་བྱ། །ཞེས་ཕུང་པོ་ལྔ་སངས་རྒྱས་ལྔའི་རིགས་དང༌། ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་རིགས་སུ་གསུངས་པ་དང༌། ཐམས་ཅད་གསང་བའི་རྒྱུད་ལས། རྒྱུ་ལ་འབྲས་བུའི་རྒྱས་བཏབ་ཅིང༌། །འབྲས་བུ་ལ་ཡང་རྒྱུ་རྒྱས་གདབ། །ཞེས་དང༌། རྩ་རྒྱུད་ལས། ཞལ་ཕྱག་རྣམ་པའི་གཟུགས་ཅན་ཉིད། །མཆོག་ཏུ་བདེ་བ་གཟུགས་མེད་པ། །དེ་བཞིན་འགྲོ་ཀུན་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ལྟར། སེམས་ཀྱི་སྣང་ཆ་བཞིན་ལག་ལ་སོགས་པར་སྣང་བ་ནི་རྒྱུ་ཡིན་ལ། བསྐྱེད་རིམ་ལྷ་སྐུ་སྒོམ་པའི་རྐྱེན་གྱིས་དེའི་རྒྱས་འགྱུར་གྱི་རིགས་ཐོབ་པར་འགྱུར་བའི་ཕྱིར་གཟུགས་ཀྱི་སྐུར་འགྲུབ་པའི་དོན་དུ་སྒོམ་པ་འཐད་ལ། སེམས་ཀྱྀ་ཆོས་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་གནས་པ་ནི་རྒྱུ་ཡིན་ཞིང༌། རྫོགས་པའི་རིམ་པ་


TNT21_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་སྒོམ་པའི་རྐྱེན་གྱིས་རྒྱས་འགྱུར་གྱི་རིགས་འཐོབ་པར་འགྱུར་བའི་ཕྱིར་ཆོས་ཀྱི་སྐུ་འགྲུབ་པར་འཐད་པ་ཡིན་ནོ། །གཉིས་པ་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་ཕྱིར་གྲོལ་བར་འཐད་པ་ནི། རིམ་པ་གཉིས་པོ་ཐམས་ཅད་གཉེན་པོར་ཆེ་བ་བཞིའི་བདག་ཉིད་ཅན་ཡིན་ཞིང༌། དེ་ཡང་རིགས་འདྲ་གཉེན་པོར་ཆེ་བ་དང༌། བཟློག་པ་གཉེན་པོར་ཆེ་བ་དང༌། སྒོམ་པ་གཉེན་པོར་ཆེ་བ་དང༌། བསྣན་པ་གཉེན་པོར་ཆེ་བ་དང་བཞིའོ། །དང་པོ་ནི། དཔེར་ན་ཁྱི་སྨྱོན་གྱི་མཆེ་བ་ལ་སོགས་པ་གཡོ་བའི་དུག་གིས་ཟིན་པའི་གཉེན་པོར་བཙན་དུག་ལ་སོགས་པ་བརྟན་པའི་དུག་འགྲོ་བ་ལྟར། ཐ་མལ་གྱི་རྣམ་པར་རྟོག་པའི་གཉེན་པོར་ལམ་གྱི་རྣམ་རྟོག་དང༌། ཉོན་མོངས་པའི་གཉེན་པོར་ཉོན་མོངས་པ་ཉིད་ལམ་དུ་བྱེད་པ་སྟེ། ཇི་སྐད་དུ། དུག་གི་དུམ་བུ་གང་ཉིད་ཀྱིས། །སྐྱེ་བོ་ཐམས་ཅད་འཆི་བར་བྱེད། །དུག་གི་དེ་ཉིད་ཤེས་པ་དེས། །དུག་གིས་དུག་ནི་འབིགས་པར་བྱེད། །ཅེས་སོ། །གཉིས་པ་ནི། སྣོད་བཅུད་ཐ་མལ་པ་ལ་ཞེན་པའི་གཉེན་པོར་གཞལ་ཡས་ཁང་དང་ལྷའི་རྣམ་པ་བསྒོམས་པ་སྟེ། ཇི་ལྟར་རླུང་གིས་ཟིན་པ་དེས། །མོན་སྲན་དྲེའུ་བཟའ་བ་སྦྱིན། །བཟློག་པའི་སྨན་ནི་བརྟགས་པ་ལས། རླུང་གིས་རླུང་ལ་བསྣུན་པར་བྱེད། །གསུམ་པ་ནི། མགོ་བོ་གཅིག་དང་ལག་གཉིས་སུ་ཞེན་པ་སོགས་ཀྱིས་གཉེན་པོར་དབུ་མང་ཕྱག་མང་དུ་སྒོམ་ཚུལ་བསྟན་ཏེ༌། ཇི་ལྟར་རྣ་བར་ཆུ་བླུགས་པ། །


TNT21_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གཞན་གྱིས་ནི་དགུག་པར་བྱ། །དེ་བཞིན་དངོས་པོའི་རྣམ་རྟོག་ཀྱང༌། །རྣམ་པ་ངེས་པར་སྦྱང་བར་བྱ། །ཞེས་སོ། །བཞི་པ་ནི། ཐ་མལ་གྱི་འདོད་ཆགས་ཀྱི་གཉེན་པོར་དཀྱིལ་འཁོར་འཁོར་ལོ་བསྒོམས་པ་ཡིན་ཏེ། ཇི་ལྟར་ཚད་པས་ཚིག་པ་ཡང༌། །མེ་ཡིས་ཡང་ནི་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་འཚིག་པ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །ཞེས་སོ། །ཐབས་ཁྱད་པར་ཅན་དེ་རྣམས་བསྟན་པས། སྐྱེ་བོ་མི་ཟད་པ་ཡི་ལས། གང་དང་གང་གིས་འཆིང་གྱུར་བ། ཐབས་དང་བཅས་ནས་དེ་ཉིད་ཀྱིས། །སྲིད་པའི་འཆིང་བ་ལས་གྲོལ་གྱུར། ཞེས་སོ། །གསུམ་པ་དག་པ་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གྲོལ་བའི་འཐད་པ་ནི། ཇི་སྐད་དུ། ངེས་པར་དངོས་པོ་ཐམས་ཅད་ཀྱི། དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་དང༌། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱིས་རྣམ་གྲོལ་མིན། །ཞེས་དེ་བཞིན་ཉིད་ཀྱི་དག་པ། ལྷ་སོ་སོའི་དག་པ། རང་རིག་པའི་དག་པ་སྟེ་གསུམ་ལས། སྤྱིར་རིམ་པ་གཉིས་ཅར་ལ་དག་པ་གསུམ་ཀ་ཚང་མོད། གཙོ་བོར་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནི་དེ་བཞིན་ཉིད་ཀྱི་དག་པར་གནས་ལ་རྒྱུ་མཚན་དེའི་ཕྱིར་རྟོགས་པའི་ལྟ་བས་དེ་རྣམས་སྟོང་ཉིད་དུ་བསྒོམས་པས་གྲོལ་བར་འཐད། ཕུང་ཁམས་སྐྱེ་མཆེད་ཀྱི་རང་བཞིན་གདོད་མ་ནས་ལྷ་སོ་སོའི་


TNT21_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་གནས་ལ། དེའི་ཕྱིར་བསྐྱེད་རིམ་གྱིས་དེ་རྣམས་ལ་ལྷ་སྐུར་བསྒོམས་པས་གྲོལ་བར་འཐད། སེམས་ཉིད་རང་རིག་པའི་བདེ་བ་ཆེན་པོ་རང་རིག་པའི་དག་པར་གནས་ལ། དེའི་ཕྱིར་རྫོགས་པའི་རིམ་པ་བདེ་སྟོང་གི་ཡེ་ཤེས་བསྒོམས་པས་གྲོལ་བར་འཐད་པ་ཡིན་ནོ། །གཉིས་པ་བསྐྱེད་རིམ་རྒྱས་པར་བཤད་པ་ལ། བསྒོམ་པ་པོའི་གང་ཟགགང་དུ་སྒོམ་པའི་གནས། གང་གི་ཚེ་བསྒོམ་པའི་དུས། ཇི་ལྟར་སྒོམ་པའི་བསམ་པ། བསྒོམ་བྱ་དངོས་ཞིབ་མོར་བཤད་པ་དང་ལྔའོ། །དང་པོ་ནི་རྒྱུད་རིམ་གྱིས་སྦྱང་བའམ་ཅིག་ཅར་བའི་གང་ཟག་གང་ཡིན་ཡང༌། དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པ་མ་ཉམས་པ་ལས་དང་པོའི་གང་ཟག་གོ །གཉིས་པ་ནི། ཇི་སྐད་དུ། གནས་ནི་བཟང་པོ་ངེས་པར་བརྟགས། །རང་གི་ཁྱིམ་དུ་ཞེས་གསུངས་པ་ལྟར་ལས་དང་པོ་པས་དང་པོར་རང་གི་ཁྱིམ་དུ་སྒོམ་པ་དང༌། བརྟན་པ་ཅུང་ཟད་ཐོབ་པས་ཤིང་དང་དུར་ཁྲོད་ལ་སོགས་པར་བསྒོམས་སྟེ། ཤིང་གཅིག་དང་ནི་དུར་ཁྲོད་དང༌། །མ་མོའི་ཁྱིམ་དང་མཚན་མོ་དང༌། །ཡང་ན་དབེན་པའི་བས་མཐའ་རུ། །སྒོམ་པ་བཟང་པོར་ངེས་པར་བརྟགས། །ཞེས་གསུངས་པ་ལྟར་རོ། །བརྟན་པ་ཆེན་པོ་ཐོབ་པས་ནི་ཡུལ་སུམ་ཅུ་རྩ་བདུན་རྣམས་སུ་སྒོམ་མོ། །གསུམ་པ་ནི། རྩ་རྒྱུད་ལས། མཚན་དུས་སུ། ཞེས་གསུངས་པ་ལྟར། ལས་དང་པོ་པས་བསྐྱེད་རིམ་གྱི་ལྷ་སྐུ་ལ་སེམས་འཛིན་པའི་དུས་གཙོ་བོར་མཚན་མོ་ཡིན་ལ། ལྷག་མ་བཟླས་སྒོམ་ལ།


TNT21_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་བྱ་བའི་དུས་ལ་ངེས་པ་མེད་དོ། །བརྟན་པ་ཅུང་ཟད་ཐོབ་ནས་ཐུན་བཞི་དང༌། བརྟན་པ་ཆེན་པོ་ཐོབ་ནས་གནས་སྐབས་ཐམས་ཅད་དུ་བསྒོམས་པ་ཡིན་ཏེ། རྡོ་རྗེ་གུར་ལས། ཐུན་ཚོད་བཞིར་ནི་བྱིན་རླབས་པས། །བསྒོམས་ན་མྱུར་དུ་འགྲུབ་པར་གྱུར། །ཞེས་དང༌། རྩ་རྒྱུད་ལས། བདག་མེད་རྣལ་འབྱོར་ལྡན་པའམ། །ཡང་ན་ཧེ་རུ་ཀ་དཔལ་བརྩོན། །ཞེས་དང༌། གཞན་པའི་སེམས་ཀྱིས་སྐད་ཅིག་ཀྱང༌། །གདུག་པའི་སེམས་ནི་མ་རིག་པས། །དངོས་གྲུབ་འདོད་པའི་དངོས་གྲུབ་ཕྱིར། །མཁས་པས་འབད་པས་མི་གནས་སོ། །ཞེས་གསུངས་སོ། །བཞི་པ་ནི། རྩ་རྒྱུད་ལས། བདག་ཉིད་གྲུབ་པའི་སེམས་ཀྱིས་ནི། །རྣལ་འབྱོར་མ་སྒོམ་ཤེས་རབ་ཅན། །ཡང་ན་ཧེ་རུ་ཀ་དཔལ་གཟུགས། །ཞེས་གསུངས་པ་ལྟར། ལམ་དང་ལམ་སྟོན་པ་པོའི་སློབ་དཔོན་ལ་ཐེ་ཚོམ་སྤངས་ནས། ངེས་པར་འགྲུབ་པའི་ཡིད་ཆེས་དང་བཅས་ནས་སྒོམ་པ་ཡིན་ནོ། །ལྔ་པ་ལ། བསྒོམ་བྱ་དཀྱིལ་འཁོར་གྱི་རྣམ་བཞག །སྒོམ་ཚུལ་མངོན་རྟོགས་དངོས་ཀྱི་བཤད་པ། བསྒོམ་འབྲས་ས་ལམ་གྱི་རྣམ་བཞག་དང་གསུམ་ལས། དང་པོ་ནི། གོང་དུ་བཤད་པའི་རྩ་བཤད་ཆ་མཐུན་གྱི་རྒྱུད་རྣམས་ལས་དཀྱིལ་འཁོར་གྱི་རྣམ་བཞག་མང་དུ་གསུངས་མོད། འདིར་གུར་བརྟག་སམ་གསུམ་ལས་བཤད་པའི་དཀྱིལ་འཁོར་གྱི་རྣམ་བཞག་ནི། དངོས་བསྟན་ཚིག་གིས་ཟིན་པ་དང༌། བླ་མའི་མན་ངག་གིས་བཀྲལ་བ་གཉིས། དང་པོ་དངོས་ནི། བརྟག་གཉིས་ལས།


TNT21_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར། གསུང་ཀྱཻ་རྡོ་རྗེ། ཐུགས་ཀྱཻ་རྡོ་རྗེའི་སྟེ་ཐུན་མོང་གི་ཧེ་རུ་ཀའི་དཀྱིལ་འཁོར་གསུམ། སྙིང་པོ་ཀྱཻ་རྡོ་རྗེ། བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ཏེ་མཆོག་གི་དཀྱིལ་འཁོར་གཉིས་ཏེ་ལྔའོ། །བཤད་པའི་རྒྱུད་རྡོ་རྗེ་གུར་ལས་ནི། མི་བསྐྱོད་པ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རྣམ་པར་སྣང་མཛད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། རིན་ཆེན་འབྱུང་ལྡན་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། འོད་དཔག་མེད་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར། དོན་ཡོད་གྲུབ་པ་ཀྱཻ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ཏེ་རིགས་རྐྱང་གི་དཀྱིལ་འཁོར་ལྔ། རིགས་བསྡུས་ལ་ནི། བརྒྱད་བརྒྱད་དབུས་སུ་གནས་པའམ། །ཡང་ན་ཉི་ཤུ་རྩ་ལྔའི་བར། །ཞེས་གསུངས་པ་ལྟར་ལྷ་དགུ་མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་དང༌། ལྷ་སྔ་མ་ལྔ་གཅིག་ཏུ་བསྡུས་པའི་དཀྱིལ་འཁོར་ཏེ། རིགས་བསྡུས་པའི་དཀྱིལ་འཁོར་གཉིས། དེ་དག་ལ། ཇི་སྐད་དུ། སངས་རྒྱས་གཙོ་བོ་གང་ཉིད་ཀྱི། །དཀྱིལ་འཁོར་གཙོ་བོ་གང་འགྱུར་པ། །དེ་ཉིད་ཀྱིས་ནི་དཀྱིལ་འཁོར་རོ། །ཞེས་གསུངས་པ་ལྟར། ལྷ་གཙོ་བོ་ལྔ་གོ་འཕོ་བའྀི་དབྱེ་བས་རིགས་བསྡུས་རྒྱས་པ་ལྔ་བསྡུས་པ་ལྔ་སྟེ་སྙིང་པོ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བཅོ་ལྔ། བདག་མེད་ལྷ་མོ་བཅུ་གསུམ་མ་དང་བཅོ་ལྔ་མ་སྟེ་དངོས་བསྟན་ཚིག་གིས་ཟིན་པའི་དཀྱིལ་འཁོར་བཅུ་བདུན་དང། ཧེ་རུ་ཀ་གཞན་གསུམ་གྱི་སྒྲུབ་ཐབས་དངོས་སུ་བཤད་པ་ལ། རྒྱ་བོད་ཀྱི་བླ་མ་རྣམས་ཀྱི་བཞེད་


TNT21_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པས་འཁོར་གྱི་ལྷ་ཚོགས་སྦྱར་བས་དངོས་ཀྱི་དཀྱིལ་འཁོར་ཉི་ཤུར་གསུངས་སོ། །སམྦུ་ཊི་ལས། སྐུ་གསུང་ཐུགས་སྙིང་པོའི་ཧེ་རུ་ཀ་རྣམས་ལ་ལྷ་བཅུ་བདུན་པའི་དཀྱིལ་འཁོར་རེ་རེ་གསུངས་ཤིང༌། རྡོ་རྗེ་བདག་མེད་མ་དང་ཡེ་ཤེས་དབང་ཕྱུག་མ་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། དྲག་པོ་གདན་ཅན་ལྷ་བཅུ་གསུམ་མའི་དཀྱིལ་འཁོར། རྒྱུད་འདིའི་དཀྱིལ་འཁོར་གྱི་གཙོ་བོར་རྡོ་རྗེ་དབྱིངས་ཏེ། རྡོ་རྗེ་སེམས་དཔའ་ལྷ་སོ་བདུན་གྱི་དཀྱིལ་འཁོར་ཏེ། དངོས་བསྟན་གྱི་ཚིག་གིས་ཟིན་པའི་དཀྱིལ་འཁོར་བརྒྱད་དོ། །འདིའི་བདག་མེད་མ་ནི། སློབ་དཔོན་ཨ་བྷ་ཡས་ལྷ་ཉི་ཤུ་རྩ་གསུམ་དུ་གསུངས་ཀྱང༌། རང་ལུགས་ཀྱི་བླ་མ་གོང་མས་ནི་ལྷ་མོ་བཅོ་ལྔར་བཞེད་དོ། །གཉིས་པ་ལ། རྒྱ་བོད་ཀྱི་མཁས་པ་སོ་སོའི་བཞེད་ཚུལ་མང་དུ་ཡོད་ཀྱང་འདིར་མ་སྨོས་ལ། སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་མན་ངག་གི་ལུགས་ལ། རྩ་རྒྱུད་ཀྱི་དངོས་བསྟན་ཀྱི་དཀྱིལ་འཁོར་ལྔའི་སྟེང་དུ། རྒྱུ་རྡོ་རྗེ་འཛིན་པ་གཙོ་བོར་བྱས་པའི་དཀྱིལ་འཁོར་བསྣན་པས་དྲུག་གོ །རྡོ་རྗེ་གུར་ལས་འབྱུང་བ་ལ། སྙིང་པོ་ཀྱཻ་རྡོ་རྗེ་རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་རིགས་ལྔའི་དབྱེ་བས་རིགས་བསྡུས་རྒྱས་པ་ལྔ་དང་བསྡུས་པ་ལྔ་འབྱུང་བ་བཞིན་དུ། ཧེ་རུ་ཀ་གཞན་གསུམ་ལ་རིགས་ལྔའི་དབྱེ་བས་རིགས་བསྡུས་རྒྱས་པ་ལྔ་དང་བསྡུས་པ་ལྔ་སྟེ་བཅུ་བཅུ་འབྱུང་བས། རིགས་བསྡུས་ཀྱི་དཀྱིལ་འཁོར་བཞི་བཅུ་དང༌། དངོས་བསྟན་སྙིང་པོ་ཀྱཻ་རྡོ་རྗེ་རིགས་རྐྱང༌།


TNT21_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དགུའི་དཀྱིལ་འཁོར་ལ་རིགས་ལྔའི་དབྱེ་བས་རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ཡོད་པ་བཞིན་དུ། ཧེ་རུ་ཀ་གཞན་གསུམ་ལ་ཡང་རིགས་ལྔའི་དབྱེ་བས་རིགས་རྐྱང་ལྷ་དགུའི་དཀྱིལ་འཁོར་ལྔ་ལྔ་འབྱུང་བས་ཉི་ཤུའོ། །དེ་ལྟར་ཡབ་ཧེ་རུ་ཀའི་དཀྱིལ་འཁོར་དྲུག་ཅུའི་སྟེང་དུ་བདག་མེད་མའི་དཀྱིལ་འཁོར་གཉིས་ཏེ་དྲུག་ཅུ་རྩ་གཉིས་ལྗོན་ཤིང་ལས་བཤད་པ་ལྟར་རམ༌། ཡང་གུར་རྒྱན་ལྟར་ན། སྔར་གྱི་དཀྱིལ་འཁོར་དེ་རྣམས་ཀྱི་སྟེང་དུ་རིགས་རྐྱང་ལྷ་ལྔའི། དཀྱིལ་འཁོར་ཉི་ཤུ་བསྣན་པས་བརྒྱད་ཅུ་རྩ་གཉིས་དང༌། དེ་ཡང་བརྒྱད་བརྒྱད་དབུས་སུ་གནས་པའམ། །ཞེས་པའི་སྐབས་ཀྱི་དཀྱིལ་འཁོར་ལ་རིགས་རྐྱང་དང་རིགས་བསྡུས་གཉིས་འབྱུང་བ་བཞིན་དུ། ཡང་ན་ཉི་ཤུ་རྩ་ལྔའི་བར། །ཞེས་པའི་སྐབས་ཀྱི་དཀྱིལ་འཁོར་ལ་ཡང་རིགས་རྐྱང་དང་རིགས་བསྡུས་ཀྱི་དབྱེ་བ་དོན་གྱིས་ཐོབ་པས། ཡབ་ཧེ་རུ་ཀ་བཞི་ལ་རིགས་ལྔའི་དབྱེ་བས་ཉི་ཤུ་ལ་ལྷ་ལྔའི་དཀྱིལ་འཁོར་རེ་རེ་སྟེ་ཉི་ཤུའོ། །རིགས་རྐྱང་གི་དཀྱིལ་འཁོར་ལ། རྒྱས་པ་ཉི་ཤུ་བསྡུས་པ་ཉི་ཤུ། རིགས་བསྡུས་ཀྱི་དཀྱིལ་འཁོར་ལ་རྒྱས་པ་ཉི་ཤུ་བསྡུས་པ་ཉི་ཤུ་སྟེ་ཡབ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་བརྒྱད་ཅུ་ལ། སྐུ་གསུང་ཐུགས་སྙིང་པོའི་ཧེ་རུ་ཀ་བཞི་ལ་དཀྱིལ་འཁོར་ཉི་ཤུ་ཉི་ཤུ་འབྱུང་ཞིང༌། རིགས་ལྔ་ལ་དཀྱིལ་འཁོར་བཅུ་དྲུག་བཅུ་དྲུག་ཡོད། འདིར་ཉེ་བར་མཁོ་བ། མི་བསྐྱོད་པ། རྡོ་རྗེ་ཅན། ཀྱཻ་རྡོ་རྗེ་རྣམས་མིང་གི་རྣམ་གྲངས་དང༌། དེ་བཞིན་གཤེགས་པ།


TNT21_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྟག་པ་ཕན་པ་རྣམས་མིང་གི་རྣམ་གྲངས། རིན་ཆེན་འབྱུང་ལྡན། རྡོ་རྗེ་ཉི་མ། གསེར་གྱི་རི། ཧེ་རིའི་རིགས། ནམ་མཁའ་མཛོད་ཅེས་པ་རྣམ་གྲངས། འོད་དཔག་མེད། པདྨ་གར་དབང༌། འཇིག་རྟེན་དབང་ཕྱུག །རྡོ་རྗེ་ཆོས་རྣམས་རྣམ་གྲངས་དང༌། དོན་ཡོད་གྲུབ་པ། རྟ་ཡི་རྒྱལ་པོ། རྡོ་རྗེ་རྟ་མཆོག །བདུན་པའི་རྒྱལ་པོ། ལྕགས་ཀྱི་རྒྱལ་པོ་རྣམས་རྣམ་གྲངས་སོ། །སམྦུ་ཊི་ལས། དཀྱིལ་འཁོར་དང་པོ་བདུན་གྱི་སྟེང་དུ་རྡོ་རྗེ་དབྱིངས་ལ་རིགས་ལྔའི་ལྷ་གཙོ་བོ་གོ་འཕོས་པའི་དབྱེ་བས་མཆོག་སྒྲུབ་པའི་དཀྱིལ་འཁོར་ལྔ་སྟེ་བཅུ་གཉིས་སོ། །དེ་དག་ལ་ཧེ་རུ་ཀ་བཞི་དང༌། བདག་མེད་མ་ནི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དང། ཡེ་ཤེས་དབང་ཕྱུག་མ་ནི་རྡོ་རྗེ་གདན་བཞིའི་དཀྱིལ་འཁོར་དང་དྲག་པོ་གདན་ཅན་དང༌། རྡོ་རྗེ་དབྱིངས་ནི་སངས་རྒྱས་མཉམ་སྦྱོར་དང་མཐུན་པར་བླ་མ་གོང་མ་རྣམས་བཞེད་དོ། །སློབ་དཔོན་ཨ་བྷ་ཡཱ་ཀཱ་ར་ནི། དྲག་པོ་གདན་ཅན་སྟོན་པའི་ཚིག་གིས་དུར་ཁྲོད་ལ་དགྱེས་པའི་ཧེ་རུ་ཀ་དང༌། དྲག་པོ་གདན་ཅན་གཉིས་སྟོན་པར་བཞེད་ཅིང༌། དེ་གཉིས་དང་རྡོ་རྗེ་དབྱིངས་ནི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཞེད་དོ། །དེ་ལྟར་ཡོངས་སུ་དྲིལ་བས་ཀྱཻ་རྡོ་རྗེ་རྒྱུད་གསུམ་ལས་དངོས་བསྟན་མཆོག་སྒྲུབ་པའི་དཀྱིལ་འཁོར་སུམ་ཅུ་རྩ་གསུམ་དང༌། བླ་མའི་མན་ངག་གིས་བཀྲལ་བས་བརྒྱ་ཐམ་པར་འགྱུར་རོ། །ལས་རྒྱས་པ་ནི། བརྟག་


TNT21_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས། ཀུ་རུ་ཀུལླེ་དང༌། ལྷ་མོ་བདུན་གྱི་ལྷ་སྔགས་ཙམ་གསུངས་ཤིང༌། རྡོ་རྗེ་གུར་ལས། རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་གྱི་སྒྲུབ་ཐབས་དང༌། ལས་ཚོགས་རྒྱས་པར་གསུངས། ལྷག་མ་ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བདུན་དང༌། ལས་ཚོགས་ཅི་རིགས་པ་དང་བཅས་པ་གསུངས་སོ། །སམྦུ་ཊི་ལས། ལས་རྒྱས་པའི་ལྷ་ཉི་ཤུ་རྩ་བརྒྱད་དང། ལས་ཚོགས་ཤིན་ཏུ་རྒྱས་པར་གསུངས་སོ། །གཉིས་པ་སྒོམ་ཚུལ་མངོན་རྟོགས་ཀྱི་རྣམ་བཞག་ལ་རྗེ་ས་སྐྱ་བ་ཆེན་པོས། དེ་ལ་མངོན་རྟོགས་རྣམ་གཉིས་སྟེ། །མཉམ་པར་བཞག་པའི་རྣལ་འབྱོར་དང༌། །མཉམ་པར་མ་བཞག་རྣལ་འབྱོར་རོ། །མཉམ་བཞག་བསྐྱེད་རྫོགས་རྣམ་གཉིས་དང༌། །མ་བཞག་མཉམ་པ་བརྒྱད་ཡིན་ཏེ། །ཉལ་དང་ལྡང་དང་བཟླས་པ་དང། ཁྲུས་དང་ཁ་ཟས་གཏོར་མ་དང༌། །སྤྱོད་ལམ་རྗེས་ཆགས་རྣལ་འབྱོར་བརྒྱད། །ཅེས་གསུངས་པ་ལྟར་བཤད་པར་བྱ་བ་ལ་གཉིས་ཏེ། མཉམ་པར་བཞག་པའི་རྣལ་འབྱོར་དང༌། རྗེས་སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ལ་འདིར་བསྟན་གཙོ་བོ་བསྐྱེད་རིམ་རྒྱས་པར་བཤད་པ་དང། ཞར་ལས་བྱུང་བ་རྫོགས་པའི་རིམ་པ་གཉིས་སོ། །དང་པོ་ལ། སྔོན་འགྲོའི་ཆོ་ག་དང༌། དངོས་གཞིའི་བྱ་བ་གཉིས་སོ། །དང་པོ་ལ། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་གཉིས་སོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་རྡོ་རྗེ་སེམས་དཔའི་


TNT21_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་བཟླས་རྣམས་ཏེ། འདི་རྣམས་མངོན་རྟོགས་སྒོམ་པ་རེ་རེ་སྔོན་དུ་བྱེད་དགོས་པས་རྒྱུད་དུ་རྒྱ་གཞུང་གིས་བཤད་པ་མེད་ཀྱང༌། བླ་མའི་མན་ངག་གོ །དེ་ལ་སྐྱབས་འགྲོའི་ཡུལ་དུ་གཙོ་བོ་བླ་མ་དང་ཀྱཻ་རྡོ་རྗེ་ཐ་མི་དད་དུ་བྱས་པའམ། ཡི་དམ་ཀྱི་རིགས་བདག་ཏུ་བླ་མ་སྒོམ་པ་གང་བདེ་བྱས་ལ་གཞན་དཀྱུས་བཞིན། སེམས་བསྐྱེད་པའི་ཚིག་ནི་རྗེ་བཙུན་ས་པཎ་མན་གྱིས་ཕྱག་ལེན་འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །ཞེས་སོགས་མཛད་དོ། །རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་ནི། རྒྱས་པ་རྡོ་རྗེ་ཆོ་ག་གསུམ་ལས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་བསྐྱེད་པ་བསྙེན་པ། དེ་ཡི་གནས་གསུམ་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་རློབས་པ་ཉེར་སྒྲུབ། ཡེ་ཤེས་སེམས་དཔའ་དགུག་གཞུག་སྒྲུབ་པ། དབང་བསྐུར་ནས་རྡོ་རྗེ་སེམས་དཔའ་མི་བསྐྱོད་པས་རྒྱས་གདབ་པ་སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས་བསྐྱེད་པ་དང། འབྲིང་པོ་གཞན་འདྲ་བ་ལས་རིགས་བདག་རང་ཆས་སུ་ཡོད་པ་དང༌། བསྡུས་པ་སྐད་ཅིག་གིས་བསྐྱེད་པ་གསུམ་པོ་ལ་སོགས་སྐབས་དང་སྦྱར་ནས་གང་བདེ་བ་ཞིག་བྱ་ཡི། དེ་གསུམ་ལས་གང་རུང་གཅིག་བཟུང་ནས་འདི་ཁོ་ན་བྱ་དགོས་ཀྱི་གཞན་གྱིས་མ་ཡིན་ནོ་ཞེས་བརྗོད་པར་མི་བྱའོ། ཁྱད་པར་ལྗོན་ཤིང་ལས། སླཽབ་དཔོན་བི་རུ་པ་ཡི་བཞེད་པ། བསྙེན་སྒྲུབ་ཡན་ལག་བཞི་མ་ཚང་བའི་མངོན་པར་རྟོགས་པ་མཆོག་ཐུན་མོང་གང་ལའང་མི་བཞེད་དོ། །ཞེས་གསུངས་པ་


TNT21_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་སྐད་ཅིག་གིས་བསྐྱེད་པའི་རྡོ་རྗེ་སེམས་དཔའི་བསྐྱེད་ཆོག་མི་འཐད་དོ་ཞེས་ཟེར་བ་མི་འཐད་དེ། དེ་ལྟར་གསུངས་པ་དེ་ནི་མངོན་རྟོགས་རང་དབང་ཅན་གྱི་དབང་དུ་བྱས་པ་ཡིན་གྱི། ཡན་ལག་གི་ལྷ་བསྐྱེད་པ་ཙམ་ལ་མ་ཡིན་པའི་ཕྱིར། གཞན་དུ་ན་རྡོ་རྗེ་སེམས་དཔའ་ཡན་ལག་བཞི་རྫོགས་སུ་བསྐྱེད་པའི་དེའི་ཡང་རིགས་བདག་ཡན་ལག་བཞི་རྫོགས་སུ་བསྐྱེད་དགོས་པ་སོགས་ཐུག་མེད་དུ་འགྱུར་བ་དང༌། མིག་ཏུ་གཏི་མུག་རྡོ་རྗེ་མ་ཞེས་སོགས་ཀྱང་ཡན་ལག་བཞི་རྫོགས་སུ་བསྐྱེད་དགོས་པ་སོགས་ཧ་ཅང་ཐལ་བར་འགྱུར་རོ། །རྡོ་རྗེ་སེམས་དཔའ་དེ་ཉིད་བླ་མ་དང་དབྱེར་མེད་དུ་བསྒོམས་ནས་སྔགས་དོན་རྣམས་གསོལ་བ་འདེབས་པའི་ཚིག་ཡིན་པ་ལྟར་ཡིད་ལ་བསམ་ཞིང་སྔགས་འདྲེན་ནོ། །དེ་ཡང༌། ཨོཾ་ནི་བཀྲ་ཤིས་པ། ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། །ཞེས་པ། དཔལ་རྡོ་རྗེ་ཁྲག་འཐུང་དམ་ཚིག་གིས་རྗཻས་སུ་སྐྱོང༌། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། ཞེས་པ་རྡོ་རྗེ་ཁྲག་འཐུང་དེ་ཉིད་ཀྱི་ཉེ་བར་གནས་པར་མཛོད། ཌིདྷོ་མེ་བྷ་ཝ། ཞེས་པ་བདག་ལ་བརྟན་པར་མཛད་དུ་གསོལ། སུ་ཏོ་ཥྱོ་མེ་བྷ་བ། ཞེས་པ། བདག་ལ་ཤིན་ཏུ་དགྱེས་པར་མཛོད། ཨ་ནུར་རཀྟོ་མེ་བྷ་ཝ་ཞེས་པ། བདག་ལ་རྗེས་སུ་ཆགས་པར་མཛོད། སུ་པོཥྱོ་མེ་བྷ་ཝ། ཞེས་བདག་ལ་ཤིན་ཏུ་དགྱེས་པར་མཛོད། སརྦ་སིདྡྷི་མྨེ་པྲ་ཡཙྪ། ཞེས་པ་བདག་ལ་དངོས་གྲུབ་ཐམས་ཅད་


TNT21_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྩོལ། སརྦ་ཀརྨ་སུ་ཙ་མེ། ཞེས་པ་ལས་ཀུན་ལ་ཡང་བདག་ནི། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཞེས་པ་སེམས་ལ་དགེ་ལེགས་སུ་མཛོད། ཧ་ཧ་ཧ་ཧ་ཧོ། རྣམས་ནི་སྤྲོས་པའི་ཚིག །བྷ་ག་ཝཱན་བཛྲ་ཧེ་རུ། ཞེས་པ་བཅོམ་ལྡན་འདས་རྡོ་རྗེ་ཁྲག་འཐུང༌། མཱ་མེ་མུཉྩ། བདག་ལ་མི་འབྲལ་བར་མཛད་དུ་གསོལ། ཧེ་རུ་ཀོ་བྷ་ཝ། ཞེས་པ་དཔལ་ཧེ་རུ་ཀའི་དངོས་པོ་མཧཱ་ས་མ་ཡ་ས་ཏྭ་ཨཱཿ ཞེས་པས། དམ་ཚིག་སེམས་དཔའ་ཆེན་པོ་ཨཱཿ ཧཱུྃ་ཕཊ་ནི་བདུད་དང་རྣམ་རྟོག་འཇོམས་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། མཐུན་རྐྱེན་ཚོགས་བསགས་པ། འགལ་རྐྱེན་བགེགས་འཇོམས་པའོ། །དང་པོ་ལ། བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དང་པོ་ལ། ཡུལ་མཆོག་ལ་བསོད་ནམས་ཀྱི་ཚོགས་བསགས་པ་དང༌། ཡུལ་དམན་པ་ལ་ཚོགས་བསགས་པའོ། །དང་པོ་ལ། རྟེན་བྱིན་གྱིས་བརླབས་པ་དང། ཚོགས་ཞིང་སྤྱན་དྲངས་པ། ཚོགས་བསགས་དངོས་དང༌། གསུམ། དང་པོ་ནི། ཐ་མལ་གྱི་ང་རྒྱལ་གྱིས་མཆོད་པ་བྱས་པ་ལ་ཡང་བསོད་ནམས་ཀྱི་ཚོགས་ཆེ་བར་འབྱུང་མོད། དེ་ལྟ་བུའི་བསྐལ་པར་མཆོད་པ་ལས་ཀྱང༌། དག་པའི་སྣང་བར་བསྒྱུར་ནས་ཉིན་ཞག་གཅིག་གི་བར་དུ་མཆོད་པ་བསོད་ནམས་ཆེ་བས། ལུས་ཐ་མལ་དུ་འཛིན་པའི་རྣམ་རྟོག་འཇོམས་པས་བྱ་བའི་ཕྱིར་སྐད་ཅིག་གིས་ཀྱཻ་རྡོ་རྗེར་སྒོམ་ལ། སེམས་ཐ་མལ་


TNT21_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཛིན་པ་དགག་པའི་ཕྱིར་སྙིང་ཁར་པད་ཉི་ལ་ཧཱུཾ་སྔོན་པོ། དེའི་ཞབས་ཀྱུ། ཁོག་པ། མགོ་བོ། ཟླ་ཚེས། ཐིག་ལེ་དང་ལྔའོ། །ཡེ་ཤེས་ལྔར་མོས་པར་བྱའོ། །གཉིས་པ་ལ། གང་ནས་སྤྱན་འདྲེན་པའི་རང་བཞིན་གྱི་གནས་ནི་འགའ་ཞིག་ལྟར། འོག་མིན་སྟུག་པོ་བཀོད་པ་ལ་འཆད་པ་ལ་ཡང་མི་འགལ་མོད། འདིར་ཆོས་ཀྱི་དབྱིངས་ཉིད་ཡིན་པས་འགྲོ་འོང་གི་རྣམ་པ་མི་དགོས་ཤིང༌། མདུན་གྱི་ནམ་མཁར་གསལ་བཏབ་པ་ཁོ་ནས་ཆོག་ལ་ཚིག་ནི། དེ་ལས་འོད་ཟེར་ཞེས་སོགས་དཀྱུས་ལྟར་རོ། །དེ་ཡང་བླ་མ་དང་ཡི་དམ་ངོ་བོ་དབྱེར་མེད་ཡིན་པར་ཐམས་ཅད་ཐུན་མོད། འདིར་རྣམ་པ་ཐ་དད་པ་ནི་བླ་མ་རིགས་བདག་གི་ཚུལ་དུ་སྒོམ་དགོས་པ་ཡིན་ནོ། །གསུམ་པ་ལ་ཕྱག་འཚལ་བ། མཆོད་པ་འབུལ་བ། རྒྱུན་བཤགས། སྡོམ་པ་བཟུང་བ་དང་བཞི། དང་པོ་ནི། ན་མོ་གུ་རུ་བྷྱ། སོགས་སོ། །གཉིས་པ་ནི། ནམ་མཁར་སོགས་ཏེ། མདུན་གྱི་ནམ་མཁར་རྗེ་བཙུན་ལྷ་དགུའི་དཀྱིལ་འཁོར་བལྟས་ནས་ནི། རྡོ་རྗེ་སྐྱེ་བ་སྟེ་རྡོ་རྗེའི་ས་བོན་ཧཱུཾ་ལས་རྒྱན་གྱིས་བརྒྱན་པའི་ལྷ་མོ་སྤྲོས་ཏེ། མཆོད་ཚུལ་ནི། ལྷ་མོ་དཀར་མོ་སྟེ་གོ་རཱིའི་ཕྱག་ཏུ་རི་དྭགས་ཀྱིས་མཚན་མ་ཟླ་བའི་བརྡས་བསྟན་པས་བྱང་ཆུབ་ཀྱི་སེམས་ཀྱི་གང་བའི་དེའི་ཐོད་པ། [བར་འདིར་ལྷ་མོ་ཆོམ་རྐུན་མ་སོགས་བཞིའི་བཤད་པ་མི་བཞུགས། ༼ཆ༽] རི་ཁྲོད་མའི་རོ་སྟེ་བཅུད་ལེན་གྱི་གང་བའི་ཐོད་པ། བཅུད་ལེན་གྱི་རྫས་ཏེ་མི་སོགས་ཀྱི་འགྲོ་བ་གང་ལ་རེག་


TNT21_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཚེ་ཉི་མ་དང་མཉམ་པ་སོགས་སུ་འགྱུར་ཞིང་རྡོ་ཤིང་སོགས་ལ་རེག་ན་གསེར་ལ་སོགས་པའི་རིན་པོ་ཆེར་འགྱུར་བའོ། །གདོལ་པ་མོས་ཅང་ཏེའུ་བརྡུང་བ་དང༌། གཡུངམོ་སྐུ་ལ་འཁྱུད་པའི་སྟངས་ཀས་མཆོད་པའོ། །དེ་ཡང་ལྷ་མོ་དང་པོ་ལྔས་ནང་མཆོད། དེ་ནས་གཉིས་ཀྱིས་ཕྱི་མཆོད། བརྒྱད་པས་གསང་བའི་མཆོད་པ་འབུལ་ལོ། །གསུམ་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པས་སྐྱབས་འགྲོ་མདོར་བསྟན། རྐང་པ་གཉིས་པས་བཤགས་པ། གསུམ་པས་རྗེས་སུ་ཡི་རང་བ། བཞི་པས་དོན་དམ་བྱང་སེམས་འཛིན་པར་དམ་བཅའ་བ། ལྔ་པ་དང་དྲུག་པས་སྐྱབས་འགྲོ་དངོས། བདུན་པ་དང་བརྒྱད་པས་སྨོན་སེམས། དེ་ནས་རྐང་པ་གསུམ་གྱིས་འཇུག་སེམས། རྐང་པ་ཐ་མས་བསྔོ་བ་སྟེ་ཕྱག་འཚལ། མན་ཆད་བགྲངས་པས་བདུན་པའོ། །བཞི་པ་རིགས་ལྔའི་སྡོམ་བཟུང་ནི། རྒྱ་གཞུང་རྣམས་ལས་གསལ་ཆ་མི་འབྱུང་ཡང་འདིར་སྦྱར་བ་ཤིན་ཏུ་ལེགས་ཤིང་སྦྱོར་བར་མཛད་པ་ཡིན་ནོ། །དོན་ནི། སངས་རྒྱས་སྲས་བཅས་དཔའ་བོ་རྣལ་འབྱོར་མ་རྣམས་དགོངས་སུ་གསོལ་ནས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཇི་ལྟར་དུས་གསུམ་མགོན་པོས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་བདག་གིས་བསྐྱེད་ནས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས།


TNT21_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་བཟུང་བ་དང། རྣམ་སྣང་རིགས་ཀྱི་དམ་ཚིག་ལ། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བ་དང། རྡོ་རྗེའི་རིགས་ལ་དྲིལ་བུ་ཕྱག་རྒྱ་སློབ་དཔོན་བཞི། དེ་ཡང་ཀུན་རྫོབ་བརྡའི་རྡོ་རྗེའི་དྲིལ་བུ་བྲིས་སྐུ་རྣམས་དང༌། དོན་དམ་པ་བདེ་བ་ཆེན་པོ་རྡོ་རྗེ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དྲིལ་བུ། ལུས་ལྷ་སྐུར་སྒོམ་པ་ཕྱག་རྒྱའོ། །རིན་པོ་ཆེའི་རིགས་ལ་ཉིན་མཚན་དུས་དྲུག་ཏུ་ཟང་ཟིང་མི་འཇིགས་ཆོས་དང་བྱམས་པའི་སྦྱིན་པ་སྟེ་བཞི། པདྨའི་རིགས་ལ་ཕྱི་ནང་གསང་བའི་ཆོས་འཛིན་པ་དང། ཐེག་པ་གསུམ་གྱི་ཆོས་འཛིན་པ་གཉིས། དོན་གྲུབ་ཀྱི་དམ་ཚིག་སྡོམ་པ་ཐམས་ཅད་དང་ལྡན་པར་འཛིན་པ་དང། མཆོད་པའི་ལས་བྱས་པ་གཉིས་སོ། །རིགས་ལྔ་སྤྱིའི་སྡོམ་པ་ལ། བྱང་ཆུབ་སེམས་ནི་བླ་མེད་མཆོག་ཅེས་སོགས་ཏེ་སྡོམ་པ་དེ་རྣམས་སེམས་ཅན་གྱི་དོན་དུ་བཟུང་བར་ཁས་བླངས་པ་དང༌། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ་སོགས་སོ། །གཉིས་པ་ཡུལ་དམན་པ་ལ་བསོད་ནམས་ཀྱིས་ཚོགས་བསགས་པ་ནི། ཚད་མེད་པ་བཞི་སྒོམ་པ་ཡིན་ཞིང༌། དེ་ལ་དང་པོ་གསུམ་ཐེག་ཆེན་པ་སྤྱི་དང་མཐུན། བཞི་པ་ནི་བཏང་སྙོམས་ཚད་མེད་ལ་སེམས་ཅན་རྣམས་ལ་འཁོད་པར་གྱུར་ཅིག་སྙམ་དུ་བསམ་མོ། །རྩ་རྒྱུད་ལས། དང་པོ་བྱམས་པ་བསྒོམས་པ་སྟེ། །གཉིས་པ་སྙིང་རྗེ་རྣམ་བསྒོམ་ཞིང༌། །


TNT21_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དགའ་བ་བསྒོམ་པ་དང༌། །ཀུན་གྱི་མཐའ་ལ་བཏང་སྙོམ་མོ། །ཞེས་བྱ། དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་པས་གཞི་འཁོར་བའི་གནས་སྐབས་སུ་སྐྱེ་བ་ཕྱི་མ་སྐྱེ་འགྱུར་གྱི་འཕེན་བྱེད་ཀྱི་ལས་གསོག་པ་དང་མཚུངས་པ་ཡིན་ལ། སྦྱངས་འབྲས་དང་སྦྱར་ན་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གསོག་པ་དང་མཚུངས་པ་ཡིན། དེ་གཉིས་དང་མཚུངས་པར་སྦྱར་བའི་དགོས་པ་ནི། ལམ་དེ་ལྟར་བསྒོམས་པས་འཁོར་བའི་ཆོས་རྣམས་སྦྱང་བ་དང། འབྲས་བུ་མངོན་དུ་འགྱུར་བའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པ་ཡིན་ནོ། །དེ་ལྟར་སྒོམ་པའི་གནས་སྐབས་ཀྱི་དགོས་པ་ནི། ལྷ་རྣམས་མཆོད་པས་མཉེས་ཤིང་རྒྱུད་བྱིན་གྱིས་བརླབས་པ་དང༌། དེས་བར་དུ་གཅོད་པ་མི་འབྱུང་བ་དང༌། ཚེགས་ཆུང་ངུའི་ཚོགས་རྒྱ་ཆེན་པོ་གསོག་པ་དང༌། དངོས་གཞིའི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བའི་རྒྱུར་འགྱུར་པའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། རྒྱུད་དང་སྒྲུབ་ཐབས་སོ་སོ་ནས་བཤད་པ་ལྟར་རྣམ་ཐར་བཞི་དང༌། གསུམ་དང༌། དག་པ་གསུམ་དང༌། སྣང་བ་སེམས་དང༌། སེམས་སྟོང་པར་གཏན་ལ་འབེབས་པ་སྟཻ། དེ་ལ་ཚུལ་མང་དུ་གསུངས་ཀྱང་འདིར་ཤུནྱཱ་ཏའི་སྔགས་དོན་བསམ་པར་གཅིག་པུས་ཆོག་ལ། སློབ་དཔོན་འགའ་ཞིག་ལྟར་རིགས་པས་དཔྱད་པ་སྔོན་དུ་གཏོང་བའང་མི་འགལ་མོད། མཐའ་གཅིག་ཏུ་མི་དགོས་པ་སྟེ། རིགས་པའི་དཔྱད་པ་མི་ཤེས་པའི་གང་ཟག་གིས་ཀྱང་བླ་


TNT21_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

མས་བསྟན་པའི་མན་ངག་ཉམས་སུ་བླངས་པས་དོན་རྟོགས་པའི་ཕྱིར། དཔེར་ན་བུ་རམ་གྱི་འབྱུང་ཁུངས་དང་ཁ་དོག་ལ་སོགས་པ་མི་ཤེས་ཀྱང་རོ་མྱོང་བ་བཞིན་ནོ། །རིགས་དཔྱད་མ་བྱས་ན་མཚན་ཉིད་འགོག་མི་ནུས་སྙམ་ན། འོ་ན་བསྐྱེད་རིམ་གྱི་ལྷ་སྐུ་སྒོམ་པ་དང༌། རྫོགས་རིམ་གྱི་རྩ་རླུང་ཐིག་ལེ་ཡིག་འབྲུ་སོགས་བསྒཽམས་ནས་ཀྱང་དེ་ལ་གཅིག་ཏུ་བྲལ་སོགས་ཀྱི་དཔྱད་པ་དགོས་པར་འགྱུར་ལ། དེ་འདྲ་ནི་ཚད་ལྡན་སུས་ཀྱང་མ་བཤད་དོ། །སྤྱིར་དཔྱད་པ་སྔོན་དུ་གཏོང་བའི་ལུགས་ལ་ཡང༌། དཔྱད་པ་བཏང་ཟིན་པའི་དོན་དེ་ལ་ཅིར་ཡང་མི་འཛིན་པར་མཉམ་པར་འཇོག་པ་ཡིན་གྱི། གང་དག་མཉམ་བཞག་དངོས་གཞིའི་སྐབས་སུ་ཡང༌། བདག་མེད་བདེན་པར་མེད་སྙམ་པའི་འཛིན་སྟངས་ཀྱི་ཤུགས་དྲག་པོ་དགོས་ཟེར་བ་དག་ནི། ཆོས་འདིའི་ངེས་དོན་ཟབ་མོ་ལ་རྒྱབ་ཀྱིས་ཕྱོགས་པའི་གཏམ་ཡིན་ཡང༌། དེ་དག་ལ་ནི་མཁས་པ་སྔ་མ་རྣམས་ཀྱིས་དགག་པ་རྒྱ་ཆེར་བརྗོད་ཟིན་པ་ལྟར་ཤེས་པར་བྱའོ། །སྟོངཉིད་ལ་ཡང༌། སྣང་བ་བཀག་པ་དང་མ་བཀག་པ་གཉིས་ལས། འདིར་ནི་སྣང་བ་བཀག་པའི་ཅི་ཡང་མི་བསམ་པ་ཉིད་དུ་མཉམ་པར་འཇོག་པ། སྣང་བ་བཀག་ན་ཡེ་ཤེས་ཚོགས་བསགས་འདི་འཆི་བ་སྦྱོང་བྱེད་དམ་ལམ་བྱེད་ཡིན་ལ། འཆི་བའི་དུས་སུ་སྣང་བ་ཐམས་ཅད་ཐིམ་འགྲོ་བའི་ཕྱིར། རིགས་པས་དཔྱད་པ་དགོས་པ་རྣམས་ཀྱང༌། སྦྱང་བྱ་དང་མི་མཐུན་ནོ། །དེ་ལྟར་ན་སྟོང་ཉིད་ལ་ཅིར་ཡང་མི་རྟོག་པར་


TNT21_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་པ་སྟེ་སྟོང་ཉིད་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ། །ཞེས་པ་ལྟར་སྟོང་ཉིད་རིགས་པས་མྱོང་བྱར་བྱས་པ་སྟེ། དེའི་རྗེས་ཐོབ་ཏུ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་རྡོ་རྗེའི་བདག་ཉིད་ངའོ་ཞེས་ང་རྒྱལ་ཡང་བྱའོ། །དེ་ལྟར་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། གཞི་འཁོར་བའི་ཆོས་ལ་འཆི་བའི་རྣམ་པ་དང་མཐུན་པས་སྦྱོར་ཞིང། འབྲས་བུའི་ཆོས་ལ་ཡང་དག་པའི་མཐའ་ཆོས་ཀྱི་སྐུ་མངོན་དུ་བྱེད་པའི་རྣམ་པ་དང་མཐུན་པས་ལམ་དུ་བྱེད་པ་ཡིན་ནོ། །འདིར་ཡེ་ཤེས་ཚོགས་བསགས་འཆི་བ་སྦྱོང་བྱེད་དུ་བཤད་པ་མི་འཐད་པར་འདོད་པ་ནི། མི་གཡོ་བླ་མེད་ཀྱི་རྒྱུད་ལས་བསྒོམས་པས་རྣམ་པར་དག་པ་བརྗོད་པར་བྱ་སྟེ་དང་པོར་མཆོད་པ་ནི་བསོད་ནམས་ཀྱི་ཚོགས་དེ་ཁྱད་པར་དུ་འཕགས་པའི་ལས་སོ། །སྟོང་པ་ཉིད་ནི་ཡེ་ཤེས་ཀྱི་ཚོགས་ཏེ་ཁྱད་པར་དུ་འཕགས་པའི་འཆི་བའོ། །དྭངས་བའི་ལུས་ནི་བར་སྲིད་ཀྱི་ལུས་སོ། །ཞེས་གསུངས་པ་དང་དངོས་སུ་འགལ། ཁ་ཅིག་གསུང་འཁོར་ཡན་ཆད་སྔོན་འགྲོའི་ཆོས་ལ་སྦྱང་གཞི་སྦྱོང་བྱེད་སྦྱོར་བ་འགོགས་པ་ནི། རང་ཉིད་ཀྱིས་ཀྱང་གསང་འདུས་ཡེ་ཤེས་ཞབས་ལུགས་ལ་ཡེ་ཤེས་ཚོགས་བསགས་འཆི་བ་སྦྱོང་བྱེད་དུ་བཤད་པ་དང་ནང་འགལ་ལོ། །གཉིས་པ་བསྲུང་བའི་འཁོར་ལོ་བསྒོམ་པ་ལ། ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་གཉིས། འདི་གཉིས་ཀྱི་ཁྱད་པར་དང་པོ་ནི་འདིའི་རིགས་འདྲ་བླ་མེད་ཀྱི་དཀྱིལ་འཁོར་ཕལ་


TNT21_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་ཞིག་ལ་ཐུན་མོང་དུ་འཇུག་ལ། གཉིས་པ་འདིའི་རིགས་འདྲ་ནི་འདི་སོགས་དཀྱིལ་འཁོར་ཁྱད་པར་ཅན་འགའ་ཞིག་ལ་ཡོད་ཀྱི། དཀྱིལ་འཁོར་མཐའ་དག་ལ་འཇུག་པ་མ་ཡིན་པའི་དོན་ནོ། །འདིར་ཀྱཻ་རྡོ་རྗེའི་ཐུན་མོང་མ་ཡིན་པ་ལ་འཆད་པ་མི་འཐད་དེ། ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཡིན་ཡང་ཁྲོ་བཅུའི་བསྲུང་འཁོར་མེད་པ་མང་ཞིང༌། གསང་བ་འདུས་པ་དང༌། བདག་མེད་མ་སོགས་ལ་ཁྲོ་བཅུ་དེ་ཡོད་པའི་ཕྱིར། ཐུན་མོང་གི་བསྲུང་འཁོར་བསྒོམ་ཚུལ་ནི། རྩ་རྒྱུད་ལས། རྭ་བས་ཉི་མ་སྔོན་དུ་རྣམ་བསམ་ཏེ། །ཉིན་རེར་ཧཱུཾ་བྱུང་སྣ་ཚོགས་རྡོ་རྗེ་སྟེ། །རྡོ་རྗེ་དེ་ཉིད་ཀྱིས་ནི་རྭ་བ་དང༌། །གུར་བཅིང་བ་ཡང་རྣམ་པར་སྒོམ་པ་ཉིད། །ཅེས་གསུངས་ལ། དེའི་དངོས་བསྟན་ལ་ཉི་མ་སྣ་ཚོགས་རྡོ་རྗེ་རྡོ་རྗེ་རྭ་བ་གུར་དེ་བཞི་ལས་མ་བཤད་ཀྱང༌། བླ་མའི་མན་ངག་གིས་པདྨ་རྡོ་རྗེའི་ས་གཞི། རྭ་བ་བླ་བྲེ་མེ་རི་དང་བཅས་པ་སྤྱི་མཐུན་དུ་སྦྱར་བ་ཡིན་པས། སྟོང་པའི་ངང་ལས་པཾ་ལྗང་གུ་ལས་སྣ་ཚོགས་པདྨ། རཾ་ལས་ཉི་མ་བསྒོམ་སྟེ། རབ་ཅེས་པར་ཡིན་པས་མར་རྔཽག་རྣམ་རྭ་ལས་བསྐྱེད་པར་བཞེད། རང་ལུགས་ནི། རྒྱུད་ནས་འབྱུང་བ་ས་བོན་གྱི་ཡི་གེ་འདི་རྣམས་ལ་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པ་རེ་བསྣོན་པ་མན་ངག་ཡིན་པས་རཾ་ལས་བསྐྱེད། དེའི་དབུས་སུ་ཧཱུཾ་སྔོན་པོ་ལས་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ་པ་ཕྱོགས་མདོག་ལ། ཤར་གྱི་དབུས་རྭ་དཀར་


TNT21_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བ། གཡས་ཀྱི་རྭ་གཉིས་དཀར་བ་དང་སྔོ་བ། གཡོན་གྱི་རྭ་གཉིས་དམར་བ་དང་ལྗང་བ་སྟེ་ལྔ། ལྷོའི་དབུས་རྭ་སེར། གཡས་ཀྱི་དཀར་བ་དང་སྔོ་བ་སོགས་རིགས་འགྲེ་ཤིང༌། དབྱིབས་དབུས་རྭ་ཐད་སོར་བྱས་པའི་གཡས་སུ་རྭ་གཉིས། གཡོན་དུ་རྭ་གཉིས། དབུས་ཀྱང་ལེབ་ཆགས་སུ་ཡོད་པར་བསྒོམ། རྭ་བཅུ་གཉིས་པར་བྱེད་ན་ཕྱོགས་རེ་ལ་རྭ་གསུམ་གསུམ་སྟེ་བཅུ་གཉིས། དེ་ལ་ཤར་གྱི་རྭ་གསུམ་དཀར། ལྷོའི་རྭ་གསུམ་སེར། ནུབ་ཀྱི་རྭ་གསུམ་དམར། བྱང་གི་རྭ་གསུམ་ལྗང་བའི་མདོག་གི །རྭ་སོ་སོར་ཁ་དོག་མི་གཅིག་པ་དགོས་ཤིང་འདི་སྒོམ་བདེའོ། །དེ་ལ་རྭ་ཉི་ཤུ་ནི་འཇིག་ལྟ་ཉི་ཤུ་འཇོམས་པ་དང༌། བཅུ་གཉིས་ནི་མ་དག་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འཇོམས་པ་མཚོན། །ཧཱུཾ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྩེ་ལས་སྣ་ཚོགས་རྡོ་རྗེ་ཆེ་ཆུང་དཔག་ཏུ་མེད་པ་འཕྲོས་པས་འོག་ཐམས་ཅད་གང་ཞིང༌། དེ་རྣམས་འབྲེལ་ཏེ་ཤིན་ཏུ་བརྟན་ཅིང་འཕང་ཐུབ་པར་བསམ། ཁོར་ཡུག་ཏུ་འཕྲོས་པས་རྡོ་རྗེ་འགྲེང་བུར་གྱུར་པ་ཤིན་ཏུ་ཆེ་བ། དེའི་མཚམས་རྣམས་དེ་ལས་ཆུང་བ། དེའི་མཚམས་རྡོ་རྗེ་ཕྲ་མོ་ནས་དང་རྡུལ་ཕྲན་ཙམ་གྱིས་གང་ཞིང་འབྲེལ་ཏེ་བརྟན་པ་སྟེང་དུ་ཡང་དེ་ལྟ་བུའི་གུར་བསམ་ནས་བརྟན་བྱེད་དུ་བཛྲ་རཀྵའི་སྔགས་ལན་གསུམ་བརྗོད་དོ། །ཐུན་མོང་མ་ཡིན་པའི་བསྲུང་འཁོར་ནི། རྡོ་རྗེ་གུར་ལེའུ་བཞི་པ་ནས་ཁྲོ་བཅུའི་


TNT21_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་ཐབས་དང་སྔགས་རྣམས་གསུངས། ལེའུ་བཅུ་གཉིས་པ་ནས་བདག་མེད་མ་ཡི་མངོན་རྟོགས་ཀྱི་སྔོན་དུ་ཁྲོ་བཅུ་དང་འཁོར་ལོ་བསྒོམ་པར་གསུངས་ཤིང༌། ལེའུ་བཅུ་གཉིས་པར་རྒྱས་པར་གསུངས་པ་བཞིན་བསྒོམས་ཏེ། དེ་ཡང་ཇི་སྐད་དུ། རྡོ་རྗེ་གུར་གྱི་ལེའུ་བཅུ་གཉིས་པ་ལས། ནམ་མཁའི་ཁམས་ཀྱི་དབུས་ན་གནས་པར། །སྣ་ཚོགས་རྡོ་རྗེ་བསྒོམ་པར་བྱ། །ཧཱུཾ་ནི་བཅུ་གཉིས་སྦྱོར་བ་ཡིས། ཁྲོ་བོ་བཅུ་ནི་རིམ་པས་དགོད། །གཤིན་རྗེ་མཐར་བྱེད་ཤེས་རབ་མཐར། །པདྨ་མཐར་བྱེད་བགེགས་མཐར་བྱེད། །ཌཱ་ཀི་ཁྲོ་བོ་དབྱུག་པ་སྔོན། །མི་གཡོ་བ་དང་སྟོབས་ཆེན་དང༌། །གཙུག་གཏོར་གདུགས་ནི་དཀར་པོ་དང༌། །རྡོ་རྗེ་ཞབས་འོག་གནས་པ་ནི། །བདུད་རྩི་སྦྱོར་བས་ཐམས་ཅད་དུ། ཁྲོ་བོའི་རྣམ་པར་བསྒོམ་པར་བྱ། །དཔག་ཚད་བརྒྱ་ནི་ཁྱབ་པ་རུ། །བསམ་ནས་བགེགས་ནི་བསྐྲད་པར་བྱ། །ཞེས་གསུངས། བསྒོམ་ཚུལ་ནི་མངོན་རྟོགས་བཞིན་ལ། འཁོར་ལོ་ནི་གའུ་ལྟ་བུ་རྩིབས་བརྒྱད་པ་རལ་གྲི་སོ་ལྟར་རྣོ་བ་ཕྱིར་བསྟན་པ། སྟེང་འོག་གི་རྩིབས་གཉིས་མདུང་སོ་སྦུགས་སྟོང་ལྟ་བུ། བསྲུང་བ་བསྐྱང་བར་མཛད་ན་ཧཱུཾ་མཛད་དབུས་དང༌། གཙུག་གཏོར་འཁོར་ལོས་བསྒྱུར་བ་སྟེང་དུ་བྱེད། དེ་ལྟར་བྱེད་ན་བཟླས་པ་མི་བྱེད་པར་མངོན་རྟོགས་དངོས་གཞིར་འཇུག་པའམ། བཟླས་པ་བྱེད་པར་སྤྲོ་ན་ཡང་ཁྲོ་བཅུའི་སྔགས་སོ་སོར་བཟླ་ཡི་


TNT21_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཥྞི་ཥ་བཟླ་བར་མི་མཛད། བཟློག་པ་གཙོ་བོར་བྱེད་ན། གཙོ་བོ་གོ་འཕོ་བའི་གནད་ཀྱི་གཙུག་གཏོར་འཁོར་ལོས་བསྒྱུར་བ་དབུས་དང༌། ཧཱུཾ་མཛད་སྟེང་དུ་བསྒོམ། འདི་ལྟར་བྱེད་ཚེ། གཙོ་བོའི་ཕྱག་མཚན་གཡས་ཀྱི་འཁོར་ལོ་ནི་མཚོན་ཆའི་འཁོར་ལོ་རྩིབས་རྣོ་བ། ཕྱི་ཆ་མུ་ཁྱུད་མེད་པ་མཛུམ་མོའི་རྩེ་ལ་བརྒྱུས་པའོ། །གཤིན་རྗེ་གཤེད་ཀྱི་གཡས་ཀྱི་ཐོ་བ་ནི་རྡོ་རྗེའི་ཐོ་བ་སྟེ་ཐོ་བའི་ལོག་དང་ཕྱོགས་སོ་སོར་རྡོ་རྗེ་རྩེ་ལྔ་པ་རེ་རེ་མཚན་པ། ཤེས་རབ་མཐར་བྱེད་ནི་གཞན་གྱིས་མི་ཐུབ་པ་ཡིན་ལ། ཕྱག་མཚན་བེ་ཅོན་ནི་རྡོ་རྗེ་བེ་ཅོན་ཏེ་འཆང་ཟུང་ཕྲ་ཞིང་རྩེ་སྦོམ་པ་ཡས་མར་རྡོ་རྗེས་མཚན་པ། པདྨ་མཐར་བྱེད་ནི་རྟ་མགྲིན་ཏེ་པདྨ་དམར་མོ་འདབ་བརྒྱད་ཡུ་བ་དང་བཅས་པ་འཛིན་པ། བགེགས་མཐར་བྱེད་ཀྱི་རྡོ་རྗེ་ནི་རྡོ་རྗེ་སྔོན་པོ་རྭ་གདེངས་པ། མི་གཡོ་བ་རྡོ་རྗེའི་ཡུ་བ་བྱས་པའི་རལ་གྲི། འདོད་རྒྱལ་ལྕགས་ཀྱུ། དབྱུག་སྔོན་ཅན་གྱི་ཕྱག་མཚན་ནི། གཤིན་རྗེའི་དབྱུག་པ་སྟེ་རྩ་བ་ཕྲ་ཞིང་རྩེ་ཅུང་ཟད་བཀུག་པ་སྟོབས་པོ་ཆེས་རྩེ་གསུམ། ཧཱུཾ་མཛད་རྡོ་རྗེ་དང་དྲིལ་བུ་རང་གི་ཕྱག་རྒྱས་ཐུགས་ཀར་འཛིན་པ། གནོད་མཛེས་ཀྱི་ཕྱག་མཚན་གཏུན་ཤིང་ནི་འཆང་ཟུང་ཕྲ་ཞིང་རྩེ་གཉིས་སྦོམ་པའོ། །འཁོར་ལོའི་སྟེང་ཕྱོགས་ཀྱི་ལྷ་གཙོ་བོའི་དབུ་ཐད་དམ་མདུན་ངོས་སུ་ཉེ་བ་ཙམ་དང༌། འོག་གི་ལྷ་གཙོ་བོའི་རྒྱབ་ལ་ཉེ་ཙམ་དུ་བསྒོམ། རྒྱུ་མཚན་དེའི་ཕྱིར་དཀྱིལ་འཁོར་ལ་འབྲི་དུས་སྟེང་གི་


TNT21_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཤར་སྒོའི་ཁྲོ་བོའི་ཡང་ཕྱི་རོལ་དང༌། འོག་གི་ཁྲོ་བོ་ནུབ་སྒོའི་ཁྲོ་བོའི་ཡང་ཕྱི་རོལ་ཏུ་འབྲི་བ་ཡིན། དེ་རྣམས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་སྤྱན་དྲངས། ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱིས་མཆོད། གཽ་རི་མ་ལ་སོགས་པའི་སྔགས་རྒྱས་བསྟིམ། དབང་ལྷ་སྤྱན་དྲངས། སྔར་ལྟར་མཆོད་ནས་དབང་བསྐུར་རྒྱས་གདབ་བཟླས་པ་བྱེད་པ་འབྲིང་པོ་དང༌། དེའི་སྐྱེ་མཆེད་ཀྱང་བྱིན་གྱིས་བརླབས། མཆོད་པ་ལ་ཡང་དཀར་མོ་རི་དྭགས་སོགས་བཅུག །རྒྱས་གདབ་གྲུབ་ནས་མཆོད་བསྟོད་བྱས་ཏེ་བཟླས་པ་རྒྱས་པ་དང༌། འབྲིང་པོ་ལྟར་ལས་མཆོད་པ་ལ་ཉེར་སྤྱོད་ལྔ་ཙམ་བྱས། དབང་ལྷའི་མཆོད་པ་བཞག་པ་བསྡུས་པའོ། །བསྲུང་འཁོར་གྱི་ལྷ་འདི་རྣམས་མངོན་རྟོགས་ཀྱི་ཡན་ལག་ཡིན་པས་ཆོ་ག་རྒྱས་པ་ལ་གལ་ཆུང་འབྲིང་བསྡུས་གང་རིགས་ཀྱི་ཆོག །བསྲུང་བཟློག་གི་དམིགས་པ་དཀྱུས་བཞིན་དང༌། བཟློག་པ་ལ་གནད་ལྔ་སྟེ། བསྲུང་བའི་སྐབས་སུ་ཧཱུཾ་མཛད་དབུས་སུ་ཡོད་པ་དེ་བཟློག་པའི་སྐབས་སྟེང་དུ་སྤོས། དབུས་སུ་གཙུག་ཏོར་འཁོར་ལོ་བསྒྱུར་བ་བཀོད་པ་སྟེ་གཙོ་བོར་གོ་འཕོ་བའི་གནད་དང་མིང་སྦ་བའི་སྐབས་མིང་ཡིག་ལ་བོད་སྐད་ལ་གང་ཡིན་དེའི་མིང་ཐོག་མ་བསམ། བསྲུང་བྱ་རྣམས་ཀྱི་ལུས་སྙིང་ཁའི་རྡོ་རྗེའི་ནང་དུ་བསྒོམས་མི་བདེ་ན་འཁོར་ལོའི་ནང་ངམ་རྡོ་རྗེའི་རྭ་བའི་ནང་དུ་བསྒོམས་པས་རུང༌། སྙིང་གའི་ཧཱུཾ་ལས་འོད་ཕྲོས་ལུས་རྡོ་རྗེའི་གོ་བགོས་པར་བསམ་


TNT21_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལུས་བསྲུང་ཞིང་མིང་སྦ་བའི་གནད། ཁྲོ་བོ་ཐམས་ཅད་ཁྲོས་ཤིང་ཞབས་གཡས་བརྐྱང་དང༌། ཕྱོགས་མཚམས་རྣམས་ཀྱི་ཁྲོ་བོ་རྣམས་ཞལ་ཕྱིར་བསྒྱུར། སྟེང་འོག་གཉིས་ཀྱི་ཁྲོ་བོ་ཡང་དབུས་རང་ཐད་ན་མེད་པས་ཞལ་ཕྱིར་བསྒྱུར་པ་དོན་གྱིས་ཐོབ་སྟེ་ལྷའི་རྣམ་པའི་གནད། བསྲུང་བའི་འཁོར་ལོ་གཡས་སུ་འཁོར། ཕྱིར་བཟློག་སྐབས་འཁོར་ལོ་སྔར་གཡས་སུ་འཁོར་བ་ཧཱུཾ་ཞེས་བརྗོད་པ་དང་མཉམ་དུ་གཡོན་དུ་འཁོར། འཁོར་ལོའི་རྩིབས་བར་དུ་སྒྲུབ་བྱའི་ལས་ལ་གྲུབ་པའི་རླུང་འཚུབ་མ་དབྱེ་བ་ཟླ་གམ། དེའི་སྟེང་དུ་མེ་འབར་བཞིན་པའི་གྲུ་གསུམ་རང་གི་ཐུགས་ཀ་ནས་འཕྲོས་པའི་ཕོ་ཉས་སྒྲུབ་བྱའི་སྐེ་དང༌། རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་དྲངས་ལ། མེ་རླུང་གི་སྟེང་དུ་སྤྱིའུ་ཚུགས་སུ་འདུག་པར་བསམ་ལ། འཁོར་ལོ་འཁོར་བའི་རྩིབས་རྣམས་ཀྱིས་བསྒྲུབ་བྱའི་ལུས་དུམ་བུར་བཅད། མེས་བསྲེགས། རོ་མ་རྣམས་རླུང་གིས་ཁྱེར། རྣམ་པར་ཤེས་པ་ཞེ་སྡང་རྣམ་པར་དག་པ་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ་ལ་འཁོར་ལོ་བསྐོར་བའི་གནད། སྔགས་བཟླ་བའི་ཚེ་ཨུཥྞི་ཥ་བཟླ་བ་སྔགས་ཀྱི་གནད་དེ་ལྔའོ། །སྔགས་དོན་ནི། ན་མཿས་མནྟ་བུདྡྷ་ནཱཾ། ཀུན་ནས་སངས་རྒྱས་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་དྷརྨཱ་ནཾ། ཀུན་ནས་ཆོས་ལ་ཕྱག་འཚལ་ལོ། །ན་མཿསམནྟ་སཾ་གྷཱ་ནཱཾ། ཀུན་ནས་དགེ་འདུན་ལ་ཕྱག་འཚལ་ལོ། །འདི་མན་ཆད་ཀྱིས་ཨོཾ་རྣམས་ནི་ཕྱག་འཚལ་ལོ།


TNT21_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

སི་ཏཱ་དཀར་པོ། ཏྲ་ས་ཏྲེ་ཚད་སྐྱོབས་ཨོཾ་བི་མ་ལ། དྲི་མ་མེད་པ་ཨོཾ་ཤཾ་ཀ་ར། ཤཾ་ཞི་བ། ཀ་ར་བྱེད་པ། ཡང་ན་བདེ་བར་བྱེད་པ། པྲ་ཏྱཾ་གི་ར། ཕྱིར་བཟློག་པ་སྟེ། པྲ་ཏྱ་ཕྱིར། ཨཾ་གི་ར་བཟློག་པའོ། །བཛྲ་ཨུཥྞི་ཥ་ཙཀྲ་ཝརྟི། རྡོ་རྗེ་གཙུག་གཏོར་འཁོར་ལོ་བསྒྱུར་བ་སྟེ། བཛྲ་རྡོ་རྗེ། ཨུཥྞི་ཥ་གཙུག་གཏོར། ཙཀྲ་འཁོར་ལོ། ཝརྟི་བསྒྱུར་བའོ། །སརྦ་ཡནྡྲ་འཁྲུལ་འཁོར་ཐམས་ཅད། མཎྜ་སྔགས། མཱུ་ལ་ཀརྨ་རྩ་བའི་ལས། བནྡྷ་ནི་བཅིངས་པ། ཏཱ་ཌ་ནཾ། བརྡེགས་པ། ཀཱི་ལ་ནཱཾ་དཱ། ཕུར་བུས་བཏབ་ཀྱང་རུང༌། མ་མ་གྲྀ་ཏེ། བདག་ལ་བྱེད་པ། ཡེ་ན་ཀེ་ན་ཙི་ཏཾ། གང་ཅི་ཡང་རུང་བ། ཀྲི་ཏཾ་བྱས་པ་དེ། ཏཏ་སརྺན་ཏུ། བྱེད་པར་གྱུར་པ་ཐམས་ཅད། ཚིནྡྷ་ཚིནྡྷ་ཆོད་གཉིས། བིནྡྷ་བིནྡྷ་ཕུག་གཉིས། ཙི་རི་ཙི་རི་ཕྱེ་མར་གྱིས་གཉིས། གི་རི་གི་རི་གནོན་གཉིས། མ་ར་མ་ར་སོད་གཉིས། ཧཱུཾ་བཅུ་དང་ཕཊ་གསུམ། དེ་ཡང་ཐོག་མར་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། བཛྲ་ཨུཥྞི་ཥ་ཙཀྲ་ཝརྟི་ཞེས་ཁྲོ་བོ་ལ་བོས་པ། སརྦ་ཡནྡྲ་ཞེས་པ་མན་ཆད་བྱ་བའི་ཡུལ་ངེས་བཟུང་བ། ཚིནྡྷ་ཚིནྡྷ་མན་ཆད་ཇི་ལྟར་བྱ་བ། ཧཱུཾ་ཕཊ་རྣམས་ནི་ཁྲོ་བོ་རྣམས་གསལ་འདེབས་སོ། །ཐལ་མོ་གདབ་པ་ནི། རྡོ་


TNT21_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་གུར་ལས། རྡོ་རྗེ་ཚིར་བས་གདབ་པར་བྱ། །ཞེས་གསུངས་ཤིང༌། དམིགས་པ། རང་ཉིད་སྐུ་ཤིན་ཏུ་ཆེ་བའི་ཕྱག་མཐིལ་གཉིས་ནམ་མཁའ་དང་ས་གཞི་ལྟར་རྒྱ་རབ་ཏུ་ཆེར་བའི་མཐིལ་ཕན་ཚུན་དུ་རྡོ་རྗེ་ལེབ་མོ་ཆེ་བ་རེ། དེའི་ལྟེ་བར་གཡས་སུ་ཉི་མ། གཡོན་དུ་ཟླ་བ། དེ་གཉིས་ཀྱི་བར་དུ་བསྒྲུབ་བྱ་བསམ་ཏེ་ཐལ་མོ་གདབ་པས་རྡུལ་ཕྲན་ཙམ་དུ་བརླག་པར་བསམ་ཤིང་ཐལ་མོ་བརྡབས། དམོད་མོའི་སྐབས་ཀྱི་རྫུ་འཕྲུལ་ཞེས་པ་ནི་དེའི་སྒྲུབ་པའི་ལྷ་འདྲེའི་རྫུ་འཕྲུལ་ཡིན་ལ། གཞན་རྣམས་རྟོགས་སླའོ། །སྤྱིར་ཁྲོ་བཅུ་འདི་ལ་བསྲུང་བ་ཙམ་དང༌། ཕྱིར་བཟློག་གཉིས་ལས། བསྲུང་བ་ཙམ་གྱིས་ཕྱིར་བཟློག་མི་འགྲུབ་ཅིང༌། ཕྱིར་བཟློག་གིས་གཉིས་ཀ་འགྲུབ་པ་ཡིན་ནོ། དེ་ལྟར་བསྲུངས་བའི་འཁོར་ལོ་བསྒོམས་པས་གཞི་འཁོར་བའི་ཆོས་ལ་གང་དུ་སྐྱེ་བ་ལེན་པར་འགྱུར་བའི་བར་དུ་གཅོད་པ་སེལ་བར་མཚོན་ཅིང༌། འབྲས་བུའི་ཆོས་ལ་མངོན་པར་རྫོགས་པར་འཚང་རྒྱ་བའི་མཛད་པ་སྟོན་པའི་སྔོན་རོལ་དུ་བདུད་ཀྱི་སྡེ་བཅོམ་པ་མཚོན་པ་ཡིན་ནོ། །གཉིས་པ་དངོས་གཞིའི་བྱ་བ་ལ། མངོན་པར་རྟོགས་པའི་ཆིངས་བཤད་པ་དང༌། ཡན་ལག་དྲུག་པ་ཉིད་རྒྱས་པར་བཤད་པའོ། །དང་པོ་ལ་ཏིང་ངེ་འཛིན་གསུམ་གྱི། གནས་བཞིའི་བྱང་ཆུབ་བཞིའི་ཡན་ལག་བཞི། ཡན་ལག་དྲུག་གིས་བཅིངས་པའི་ཏིང་ངེ་འཛིན་རྣམ་གསུམ་ཡོད། ཏིང་ངེ་འཛིན་གསུམ་དང་ཡན་ལག་དྲུག་


TNT21_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། ཆིངས་འཆིང་བ་ནི་ལོགས་སུ་བགྲང་མི་དགོས་ཏེ། གཞན་དུུ་ན་ཡན་ལག་བཞི་དག་གནས་པ་བཞི་གཉིས་ཀས་འཆིང་བ་ཡང་འདྲེན་རིག་པར་འགྱུར་རོ། །རྫོགས་པའི་རྣལ་འབྱོར་གྱི་སྒྲུབ་ཐབས་ཞེས་པའང་རྣལ་འབྱོར་རྫོགས་འཕྲེང་ཁོ་ནའི་ལུགས་ཡིན་གྱི། སྤྱི་ཁྱབ་ཏུ་འཇུག་པའི་བསྐྱེད་རིམ་གྱི་ཆིངས་མ་ཡིན་པས་འདིར་འདྲེན་མི་རིགས་སོ། །དང་པོ་ཏིང་ངེ་འཛིན་གསུམ་གྱི་ཆིངས་ནི། དང་པོ་སྦྱོར་བ། གཉིས་པ་དཀྱིལ་འཁོར་རྒྱལ་མཆོག །གསུམ་པ་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གྱི་བཅིངས་པ་སྟེ། རྡོ་རྗེ་རྩེ་མོ་ལས། དང་པོ་སྦྱོར་བའི་ཏིང་ངེ་འཛིན་མཆོག །རྣལ་འབྱོར་པས་ནི་སྙོམས་འཇུག་བྱ། །དེ་ནས་དཀྱིལ་འཁོར་རྒྱལ་པོ་མཆོག །དེ་ནས་ཡང་ནི་ལས་རྒྱལ་ལོ། །ཞེས་གསུངས། དེ་ཡང་སློབ་དཔོན་ནག་པོ་ལུགས་ཀྱི་ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ལྟ་བུ་ཡིན་ཏེ། དེར་རྒྱུ་འབྲས་ཀྱི་ཧེ་རུ་ཀའི་བར་དུ་འཁོར་མི་བསྐྱོད་པར་རྒྱུ་རྡོ་རྗེ་འཛིན་པ་ཞུ། དེ་གླུས་བསྐུལ་ནས་འབྲས་བུ་རྡོ་རྗེ་འཛིན་དུ་བཞེངས། དེའི་སྐུ་གསུང་ཐུགས་སྐྱེ་མཆེད་བྱིན་གྱིས་བརླབས་པ་དང་པོ་སྦྱོར་བ། མཁའ་གསང་བྱིན་གྱིས་བརླབས་ནས་འཁོར་གྱི་ལྷ་མོ་སྤྲོ་བ་དཀྱིལ་འཁོར་རྒྱལ་མཆོག་དབང་བསྐུར་མཆོད་བསྟོད་སོགས་ལས་རྒྱལ་མཆོག་གོ །གཉིས་པ་གནས་པ་བཞིའི་ཆིངས་ནི། གོང་བུའི་གནས་པ། ཆུའི་གནས་པ། གཟུགས་ཀྱི་གནས་པ། གཟུགས་མེད་ཀྱི་


TNT21_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་སྟེ་བཞི་ཡིན་ཏེ། གོང་བུ་ཆུ་དང་གཟུགས་གནས་དང༌། །དེ་བཞིན་གཟུགས་ལས་འདས་པའོ། །ཞེས་གསུངས། དཔེར་ན་སློབ་དཔོན་མཚོ་སྐྱེས་ཀྱི་ལུགས་ཀྱི་སྒྲུབ་ཐབས་ལྟ་བུ་ཡིན་ཏེ། རྒྱུ་རྡོ་རྗེ་འཛིན་པ་དང་འཁོར་བསྐྱེད་པ་ཡན་ཆད་གོང་བུ། རྒྱ྄ུ་རྡོ་རྗེ་འཛིན་འོད་དུ་ཞུ་བ་སོགས་ཆུའི་གནས་པ། འབྲས་བུའི་རྡོར་འཛིན་དུ་བཞེངས་པ་མན་གྱི་བསྐྱེད་རིམ་གཟུགས། རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུས་བསྡུས་ཏེ་འོད་གསལ་དུ་བཅུག་པ་ནི་གཟུགས་ལས་འདས་པའོ། །གསུམ་པ། བྱང་ཆུབ་བཞིའི་ཆིངས་ནི། དང་པོ་སྟོངཔ་ལས་བྱང་ཆུབ་པ། གཉིས་པ་ས་བོན་ལས། གསུམ་པ་གཟུགས་བརྙན་རྫོགས་པ་ལས། བཞི་པ་ཡིག་འབྲུ་དགོད་པ་ལས་བྱང་ཆུབ་པའོ། །དེ་ཡང་རྒྱུད་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་སོ། །སྒྲུབ་ཐབས་འདིས་བཅིངས་པའི་མངོན་རྟོགས་བཀའ་བབས་བཞིའི་ནང་ན་མེད་ཀྱང་སྤྱིར་ནི་མང་དུ་འབྱུང་ངོ༌། །དེ་ཡང་རྒྱུ་རྡོ་རྗེ་འཛིན་པ་སྟོང་པ་ལས་བྱང་ཆུབ་པ། འཁོར་གྱི་ལྷ་མོ་བསྐྱེད་པ་ས་བོན་ལས་བྱང་ཆུབ་པ། འབྲས་བུ་རྡོར་འཛིན་དམ་ཡེ་བསྲེ་བ་གཟུགས་བརྙན་རྫོགས་པ། ཡིག་འབྲུ་དགོད་པ་ཞེས་པ་ཡི་གེའི་སྐད་དོད་ཨཀྵ་ར་འགྱུར་བ་མེད་པ་སྟེ་རིགས་བདག་གིས་རྒྱས་བཏབ་པས་རིགས་འགྱུར་བ་མེད་པའོ། །


TNT21_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཡན་ལག་བཞིའི་ཆིངས་ནི། བསྙེན་པ། ཉེར་བསྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་བཞིའོ། །དེ་ནི་རྩ་རྒྱུད་ཀྱི་ལུང་དྲང་མ་ཐག་པ་དེ་དང༌། གསང་བ་འདུས་པ་ལས། བསྙེན་པའི་དམ་ཚིག་སྦྱོར་བ་དང༌། །ཉེ་བར་སྒྲུབ་པ་འབྱུང་བ་དང༌། །སྒྲུབ་པའི་དོན་ནི་དམ་ཚིག་དང༌། །གྲུབ་པ་ཆེན་པོ་དག་དང་བཞི། །ཞེས་སོ། །དེ་ནི་ཀྱཻ་རྡོར་མན་ངག་ལུགས་ལ་སློབ་དཔོན་རིན་པོ་ཆེས་སྦྱོར་བར་མཛད་པ་ལྟ་བུ་ཡིན་ཏེ། འབྲས་བུ་རྡོར་འཛིན་བསྐྱེད་པ་ཡན་ཆད་བསྙེན་པ། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་ཉེར་སྒྲུབ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྲེ་བ་སྒྲུབ་པ། རྒྱས་གདབ་སྒྲུབ་ཆེན་ནོ། །ལྔ་པ་ཡན་ལག་དྲུག་གི་ཆིངས་ནི། གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་སོགས་ཏེ་འོག་ཏུ་ཞིབ་པར་འཆད། དེ་ནི་ཀྱེ་རྡོ་རྗེ་མན་ངག་ལུགས་དང༌། ཌོམྦྷི་ལུགས་ལྟ་བུའོ། །གཉིས་པ་ལ་ལྷའི་རྣལ་འབྱོར་གྱི་རིམ་པ་དང༌། ལྷའི་རྣམ་པ་ལ་དམིགས་པའོ། །དང་པོ་ནི། རྡོ་རྗེ་གུར་ལས། སངས་རྒྱས་གནས་པའི་རྫོགས་པ་དང༌། །རྣམ་པ་ལྔ་པོ་སྒོམ་པ་དང༌། །ཀུན་ཏུ་བཟང་པོའི་རང་བཞིན་ཅན། །རང་གི་ལྷག་པའི་ལྷར་སྒྲུབ་དང༌། །དཀྱིལ་འཁོར་རྣམས་ནི་དགོད་པ་དང༌། །མཆོད་བསྟོད་བདུད་རྩི་མྱང་བ་སོགས། །རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད། །ཅེས་དང༌། སློབ་དཔོན་མི་ཐུབ་ཟླ་བས༌།


TNT21_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་བྲང་སངས་རྒྱས་རྣམ་སྣང་མཛད། །དབང་ནི་མི་བསྐྱོད་དེ་བཞིན་གཤེགས། །བདུད་རྩི་མྱང་བ་འོད་དཔག་མེད། །བསྟོད་པ་རིན་ཆེན་འབྱུང་ལྡན་དཔལ། །མཆོད་པ་དོན་ཡོད་རང་བཞིན་མཆོད། །རྗེས་ཆགས་རྡོ་རྗེ་སེམས་དཔའ་དངོས། །ཞེས་པ་ལྟར་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག །རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག །བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལགམཆོད་པ་དོན་ཡོད་གྲུབ་པའི་ཡན་ལག །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་སྟེ་དྲུག་ལས། དང་པོ་གཞལ་ཡས་ཁང་བསྐྱེད་པ་རྣམ་པར་སྣང་མཛད་ཀྱི་ཡན་ལག་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། སངས་རྒྱས་གནས་བཞི་བསྒྲུབས་ནས་ནི། །ཞེས་པ་ལྟར། གཞལ་ཡས་ཁང་བསྐྱེད་པ་ཡིན་ཏེ། གཙུག་ཏོར་འཁོར་ལོས་བསྒྱུར་བའི་ནང་དུ་བསྒོམས་ཀྱང་རུང་མོད། དེ་ཞུ་བ་ལས་བསྐྱེད་ཀྱང་རུང་བས། རང་ཉིད་གཙུག་ཏོར་འཁོར་ལོས་བསྒྱུར་བ་འོད་དུ་ཞུ་བ་ལས། གཞིའི་ཡན་ལག་ཨེ་ལས་ཆོས་ཀྱི་འབྱུང་གནས་སྒོམ། དེའི་ནང་དུ་རྒྱུའི་ཡན་ལག་སོ་སོའི་ས་བོན་ལས་འབྱུང་བཞི་རིམ་བརྩེགས། གཞལ་ཡས་ཁང་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཡིན་པས། རྣམ་སྣང་གི་ས་བོན་བྷྲུཾ་དང་ཕྱག་མཚན་འཁོར་ལོ་ཡིན་པས་དེ་བཞིན་སྒོམ། འདི་ཁ་དོག་དཀར་པོ་བྱེད་པའང་ཡོད་མོད་མི་འགལ་བ། བླ་མའི་མན་ངག་གིས་སེར་


TNT21_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

པོའོ། །རྐྱེན་གྱིས་ཡན་ལག་ནི། བར་སྲིད་ཀྱི་ངོ་བོ་ཨོཾ་དཀར་པོ། ཨཱཿ དམར་པོ། ཧཱུཾ་སྔོན་པོ་སྟེ་བར་དོའི་ལུས་ངག་ཡིད་གསུམ། སྐྱེ་བ་ལེན་པའི་སྲེད་ལེན་གཉིས་མཚོན་པའི་ཧོཿ དམར་པོ་མགོ་སྤྲད་པ་གཉིས་ཀྱིས་བར་དུ་ཆུད་པ་སྟེ་ཡི་གེ་སྟེང་ནས་སྟེང་དུ་བརྩེགས་པ། དེ་རྣམས་ལས་དེ་འདྲ་བའི་སེམས་ཀྱི་སྣང་བ་ཆ་གཅིག་ཆད་པ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་ཐིམ། འབྱུང་བཞི་འཁོར་ལོ་དང་བཅས་པ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་དོ། །དེ་ཡང་རྩ་རྒྱུད་ལས། ནམ་མཁའི་དབུས་སུ་བྷ་ག་བསམ། །ཞེས་པས་ནི་ཆོས་བྱུང༌། འཁོར་ལོ་ས་དང་ཆུ་ནི་སྔོན། །ཇི་ལྟར་རིགས་པར་བྱིན་ཟ་དང༌། །ལྷ་རྣམས་ཀྱིས་རླུང་ཚད་ཆེན་དང༌། །ཇི་ལྟར་སྒོམ་པ་འབྱུང་བ་ཡང༌། །ཆོས་འབྱུང་འདུས་བསྐྱེད་འཁོར་ལོ་ཉིད། །ཅེས་འབྱུང་བཞི་ལུགས་ལྡོག་ཏུ་གསུངས་པ་དེ་བཞིན་ས་ནི་མཚོ་སྐྱེས་ལུགས་སོགས་ཡིན་ལ། རྡོ་རྗེ་གུར་ལས། ལུགས་འབྱུང་དུ་གསུངས་པས། འདི་རྩ་བཤད་སྦྲེལ་དེ་མན་ངག་གིས་འབྱུང་བཞི་རིམ་པ་ཅན་དུ་འགོད་པ་ཡིན། ཀྱཻ་རྡོ་རྗེའི་སྒྲུབ་ཐབས་ཚད་ལྡན་འགའ་ཞིག་ལས་བར་དོ་མཚོན་བྱེད་འཇོག་པ་མེད་ཅིང༌། འགའ་ཞིག་ལས་ཡོད་ཀྱང་ནཱ་དཱ་ལ་སོགས་པ་སྒོམ་པ་ཡོད་ལ། འདིར་གྲུབ་ཆེན་ཌོམྦྷི་ཧེ་རུ་ཀའི་དགོངས་དོན། སློབ་དཔོན་མི་ཐུབ་པ་ཟླ་བས་སྒྲུབ་ཐབས་ཡན་ལག་


TNT21_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་ལས། ཧོཿ གཉིས་བར་དུ་གནས་པ་ཡི། །སྐུ་གསུང་ཐུགས་ཀྱི་ཡི་གེ་སྟེ། །འདི་ནི་བར་མའི་སེམས་ཅན་མིང༌། །ཞེས་ཡི་གེ་ལྔ་དགོད་པ་གསང་འདུས་ཡེ་ཤེས་ཞབས་ལུགས་དང་མཐུན་པར་མཛད་པ་ཡིན་ནོ། །ཡི་གེ་ལྔ་པོ་དེ་སྦྱང་འབྲས་ལ་སྦྱར་ན། ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས་དང་དབྱིངས་དང་ཡེ་ཤེས་མཚོན། སེམས་ཀྱི་སྣང་ཆ་འབྱུང་བཞི་འཁོར་ལོ་དང་བཅས་པ་ལ་བསྲེས་པས་གཞལ་ཡས་ཁང་ལྷ་སྐུའི་ངོ་བོར་འགྱུར་ཞིང༌། དེ་ཉིད་རང་གི་སེམས་སྣང་དུ་ཤེས་པའི་དགོས་པ་ཡོད་དོ། །སེམས་ཅན་གྱྀ་ལས་ཀྱི་མཐུ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པ་དང༌། ཞིང་སྦྱངས་པས་དག་པའི་ཞིང་ཁམས་འགྲུབ་པ་བཞིན་དུ། ཡི་གེ་འབྲུ་ལྔའི་རྣམ་པ་ཅན་གྱི་ལོངས་སྤྱོད་རྫོགས་སྐུའི་མཐུ་ལས་གཞལ་ཡས་ཁང་འགྲུབ་པ་ཡིན་ཏེ། སེམས་ཀྱི་སྣང་ཆ་གཅིག་བསྲེས་པའི་དག་སྦྱོར་གྱི་ཕྱོགས་གཅིག་ནི་འདི་ཡང་ཡིན་ནོ། །ཆོས་འབྱུང་གི་སྦྱང་བྱ་སྐྱེས་གནས་ཀྱི་དབང་དུ་བྱས་ན་མའི་མངལ་དང་སྒོང་སྐོགས་སོགས་མཚོན། འབྱུང་བཞི་ནི་མ་དག་པའི་འབྱུང་བཞིའོ། །རྣམ་བྱང་ལ་ཆོས་འབྱུང་ཟུར་གསུམ་སྨད་ཀྱི་ཟུར་དང་བཞིས་རྣམ་པར་ཐར་པའི་སྒོ་བཞི་སྟེ་ཆོས་ཀྱི་དབྱིངས་ཆོས་སྐུ། འབྱུང་བཞི་ནི་ཡུམ་བཞིའོ། །དེ་ལྟར་ན་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་དཀྱུས་ལྟར་ན་ཕྲུགས་གཅིག་ནི་དེ་ཙམ་ཡིན་ལ། གཞན་ཡང་གཞལ་ཡས་ཁང་གིས་ལུས་སྦྱོང་བ་དང༌། ལྷ་


TNT21_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྐུས་སེམས་སྦྱོང་བ་ལྟར་ན། མངལ་དུ་འཇུག་པའི་སྔོན་འགྲོའི་རིམ་པ་དང་བསྡུས་ནས་འབྱུང་བཞི་ལུགས་འབྱུང་དང༌། མངལ་དུ་གནས་པའི་ཚེ་འབྱུང་བ་བཞིས་ཕན་བཏགས་པ་ལྟར་ལུགས་ལྡོག་ཏུ་སྒོམ་པར་བྱ་བ་ཡིན། དེ་ལྟར་འབྱུང་བཞི་ལས་ལུས་འགྲུབ་པ་དང་མཚུངས་པར་དེ་ལས་གཞལ་ཡས་ཁང་འགྲུབ་པའོ། །སེམས་སྣང་ཆ་གཅིག་བསྲེ་བ་ཡང་བར་དོའི་རྣམ་ཤེས་འཇུག་པ་ཉིད་ཡིན་པས་སྦྱང་གཞི་སྦྱོང་བྱེད་མི་འདྲ་བ་གཉིས་འབྱུང་བ་ཡིན་ནོ། །དེ་ལྟར་སྦྱོང་ཚུལ་ཕྱི་མ་འདི་གཉིས་ནི་སློབ་དཔོན་བིརྺ་པ་དང་ཌོམྦྷི་པའི་མན་ངག་ལས་མི་འབྱུང་ཡང༌། ཕམ་ཐིང་པ་ཡབ་སྲས་ཀྱི་མན་ངག་ལས་འབྱུང་བ་ལྟར་བླ་མ་རྣམས་སྐབས་འདིར་ཡང་འཆད་ཀྱིན་འདུག་པ་ལྟར་བཤད་པ་ཡིན་གསུངས། ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་བསྐྱེད་པ་ཡིན་ཡང་ཆོས་འབྱུང་དེའི་གཞལ་ཡས་ཁང་མི་སྒྲིབ་པར་བསྒོམ་དགོས་ཤིང༌། གཞལ་ཡས་ཁང་ནི་གྲུ་བཞི་པ་རིན་པོ་ཆེའི་རྩིག་པ་ལྔ་སྦྲགས་བརྩིགས་པའི་དཔངས་ཆ་ཕྲན་ལྔ། དེའི་སྟེང་ནས་ཕྱིར་ཅུང་ཟད་འབུར་བའི་ཕ་གུ་སེར་པོ་དཔངས་ཆ་ཕྲན་གཅིག་ལས་བསྐོར་བ། ཕ་གུ་ནི་ད་ལྟ་སྤའུ་ཞེས་གྲགས་པ་འདི་ཀ་ཡིན་པས་མཐུན་མཚམས་རྣམས་རིན་པོ་ཆེའི་སྤྲས་པ། དེའི་སྟེང་ནས་བྲེ་སྤུངས་ཀྱིས་བཏེགས་པ། དེའི་སྟེང་དུ་གསེར་གྱི་གདུང་ལེབ་ཕྱི་མ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་འབྱུང་བའི་དྲྭ་ཕྱེད་འཕྱང་བ། འདི་དང་བྲེ་སྤུངས་བསྡོམས་


TNT21_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔངས་ཆ་བྲན་གཉིས་སོ། །སྒོ་ནང་གཡས་གཡོན་གྱི་ཟུར་དང་སྒོའི་བར་ཐད་དུ་ཀ་བ་རེ་རེ་སྟེ་བརྒྱད་ཀྱིས་བཏེགས་པའི་སྟེང་དུ་རྡོ་རྗེའི་གདུང་ཟླུམ་པོ། དེ་ལ་ཕན་ཚུན་ནས་ཕྱམ་བཏང་སྟེ་ཐོག་ཕུབ་པ། གདུང་ཟླུམ་གྱི་སྟེང་དུ་རྩིག་པ་ཟླུམ་པོ། ཕ་གུ་བྲེ་སྤུང་རྣམས་ཆ་ཕྲ་བའི་སྟེང་དུ་གསེར་གདུང་ཟླུམ་པོ་དེའི་ཕྱི་རོལ་དུ་སྐ་རགས་ལས་དྲྭ་ཕྱེད་འཕྱང་བ་གསེར་གདུང་བཞི་མིག་མང་རིས་སུ་བྲིས་པ་ལ་ཕྱམ་བཏང་སྟེ་ཐོག་ཕུག་པ་དེའི་སྟེང་དུ་རྩིག་པ། ཕ་གུ་བྲེ་ཕུལ་དྲྭ་ཕྱེད་སོགས་གྲུ་བཞིར་ཡོད་པ་ལ་དབུས་ཕྱུར་བུར་གྱུར་པའི་ཐོག་ཕུབ་པའི་རྩེར་རྡོ་རྗེ་རིན་པོ་ཆེའི་མཚན་པ་རྩིག་པའི་ཕྱི་རོལ་དུ་འདོད་སྣམ་དམར་པོ་ཆ་ཆེན་གཅིག་གི་རྒྱ་དང་ཕྱེད་ཀྱི་དཔངས་ཚད་ཅན། འདི་ལ་ཁ་ཁྱེར་ཞེས་ཀྱང་བྱ། ཁ་ཁྱེར་བཞི་ཞེས་འབྱུང་བ་འདོད་སྣམ་སྒོ་མདུན་ལ་མེད་པས་ན་དུམ་བུ་བཞིའོ། །ཕྱོགས་བཞིར་སྒོ་ཆ་ཕྲན་ཕྱེད་དང་ལྔ་པའི་དཔངས་ཚད་ཅན། གློ་བུར་དུ་ཆ་ཆེན་གཅིག་ཕྱིར་བཏོན་པ་སྒོ་ཁྱུད། དེ་ལས་འཕྲེད་དུ་ཆ་ཕྲན་གཅིག་སྒོ་འགྲམ། དེ་ལས་སླར་མདུན་དུ་ཆ་ཕྲན་གཅིག་སྒོ་ལོག །རྟ་བབས་སྒོ་མདུན་དུ་བྱེད་པ་ལྟར་ན། རྩིག་པའི་དཔངས་ལ་ཆ་ཕྲན་བཞི། དེའི་སྟེང་དུ་མུན་པ་དཔངས་ཆ་ཕྲན་གཅིག་གི་བར་བྲེ་སྤུངས། དེའི་སྟེང་ཐོག་ཕུབ་པའི་སྟེང་དུ་རྟ་བབས་རིམ་པ་བཞི་ལ་ཆ་ཕྲན་རེ་རེ། དེའི་དབུས་སུ་མཐོང་ཁར་གླང་རྒྱབ་མིག་གསུམ་གྱི་གཟུགས་བཏོད་པའོ། །དེའི་སྟེང་དུ་


TNT21_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གསེར་ལས་གྲུབ་པ་རྩིབས་བརྒྱད་ནས་བཅུ་གཉིས་སྟོང་སོགས་ཅི་རིག་པ། དེའི་གཡས་གཡོན་དུ་རི་དྭགས་དང་ཀྲྀཥྞ་ས་ར་རེ་རེ། དེའི་སྟེང་དུ་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། སྣམ་བུ་སོ་སོ་ལ་རྒྱལ་མཚན་འཕན། གཞན་ཡང་གོས་དང་འཕན་སོགས་དང༌། དུར་ཁྲོད་བརྒྱད་ཀྱང་དཀྱུས་བཞིན་ནོ། །གཞལ་ཡས་ཁང་གི་ནང་ལྷ་སྣམ་ཤར་དཀར་སོགས་ཕྱོགས་མདོག་ཅན་འཕར་མ་གཅིག་པ་བྱ། རྒྱུད་ལས། འཕར་མ་གཉིས་དག་སྐྱོན་མེད་པ། །ཞེས་པ། བདག་མེད་མའི་སྐབས་ཡིན་ཡང་འདིར་ཡང་སྦྱར་དུ་རུང་ངོ༌། །དེའི་དབུས་སུ་སྣ་ཚོགས་པདྨ་ཡུ་བ་ཁྲུ་གང་ཙམ་དང་བཅས་པ་ལ། འདབ་མ་རྣམས་དེང་སང་ཕྱོགས་བཞི་དམར་བ། མེ་རླུང་གཉིས་སེར་བ། དབང་ལྡན་སྔོ་བ། བདེན་བྲལ་ལྗང་བ་བྱེད་ཀྱིན་འདུག་པ་ལྟར་བྱས་ཀྱང་རུང་མོད། རྗེ་བཙུན་གོང་མ་རྣམས་ཀྱིས་ཕྱོགས་རྣམས་ཕྱོགས་མདོག །མཚམས་རྣམས་མཛེས་ཚོན་དུ་གསུངས་པས་དེ་བཞིན་དུ་བྱ། དེའི་ཟེའུ་འབྲུ་གེ་སར་དང་བཅས་པའི་དབུས་སུ་ཉི་མའི་དཀྱིལ་འཁོར། འདབ་མ་རྣམས་ལ་ཟླ་བའོ། །དེ་གཉིས་གང་བྱས་ཀྱང་རུང༌། དབུས་ཀྱི་ཉི་མའི་སྟེང་དུ་ཕུང་པོའི་བདུད་ཀྱི་ངོ་བོ་ཚངས་པ་སེར་པོ། ཉོན་མོངས་པ་དབང་པོ་དཀར་པོ། འཆི་བདག་ཉེ་དབང་སྔོན་པོ། ལྷའི་བུའི་བདུད་ཀྱི་ངོ་བོ་དྲག་པོ་ནག་པོ་རྣམས་བརྩིགས་ཤིང༌། ལག་


TNT21_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་མེད་པར་ཐལ་མོ་སྦྱར་ཞིང་གདོང་གྱེན་དུ་ཕྱོགས་པའམ་བཀྲམ། གདན་ཞབས་ཇི་ལྟར་བྱེད་ཀྱིས་སྟབས་དང་བསྟུན། དབུས་གདན་གྱི་ཚངས་པ་གཟུགས་ཁམས་ཀྱི་ཚངས་པ། དབང་པོ་ནི་བརྒྱ་བྱིན། ཉེ་དབང་ནི་ཁྱབ་འཇུག་ཡིན་ལ་དྲག་པོ་བདུད་སྡིག་ཅན། ཤར་གྱི་གདན་གྱི་སྟེང་དུ་འདོད་ཁམས་ཀྱི་ཚངས་པ་སེར་པའོ། །ལྷོར་ཕྱོགས་སྐྱོང་བཅུའི་དབང་པོ་དཀར་པོ། ནུབ་ཏུ་ཉེ་དབང་སྔོན་པོ། བྱང་དུ་དྲག་པོ་ནག་པོ་བྱང་ཤར་དུ་གཤིན་རྗེ་སྔོན་པོ་ནི་གཤིན་རྗེ་ཆོས་རྒྱལ། ཤར་ལྷོར་ནོར་བདག་ནི་རྣམ་སྲས་སེར་པོ། ལྷོ་ནུབ་ཏུ་སྲིན་པོ་ནག་པོ་ནི་ཕྱོགས་སྐྱོང་བཅུའི་ནང་ཚན་ནུབ་བྱང་དུ་ཐགས་བཟང་རིས་དུད་ཁ་ནི་ལྷ་མ་ཡིན་ནོ། །དེ་རྣམས་གདོང་གྱེན་དུ་ཕྱོགས་པའི་གདན། ལྷའི་གདན་བསྐྱེད་པ་ཡང་གཞལ་ཡས་ཁང་སྒོམ་པའི་ཡན་ལག་ཡིན་ཞིང༌། གཞལ་ཡས་ཁང་གདན་བཅས་ཏེ་རྣམས་རང་གི་སེམས་སྣང་ཡིན་པས་ང་རྒྱལ་བཟུང་བ་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ། དེ་བཞིན་གཤེགས་པ་ཐམས་ཅད། ཨ་ནཱི་ལ་ཡ། ཕོ་བྲང༌། བཛྲ་སྭ་བྷཱ་ཝ་རང་བཞིན་གྱི་རྡོ་རྗེ། ཨཱཏྨ་ཀོ། བདག་ཉིད་ཨ་ཧཾ་ངའོ་ཞེས་པའོ། །སྔགས་ཀྱི་ང་རྒྱལ་ནི་རྟེན་གྱི་དཀྱིལ་འཁོར་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོར་ཤེས་པའི་ཆེད་དང༌། ཡན་ལག་དྲུག་གིས་མཚམས་ཤེས་པའི་ཆེད་ཀྱང་ཡིན་ནོ། །གཉིས་པ་རྗེས་སུ་ཆགས་པ་རྡོ་རྗེ་སེམས་དཔའི་ཡན་ལག་ནི། རྡོ་རྗེ་གུར་ལས། ཀུན་ཏུ་བཟང་པོ་བདེན་པའི་དངོས། །རྣམ་པ་ལྔ་པོ་


TNT21_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ་བྱ་སྟེ། །རང་རང་ལྷག་ལྷའི་སྒྲུབ་ཐབས་བྱ། །ཞེས་པ་ལྟར། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་གཞུག་པ་གཉིས་ལས། དང་པོ་ལ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་པ། རྒྱུ་རྡོ་རྗེ་འཛིན་པའི་མཛད་པ། ཞུ་བ་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ། འོད་ཟེར་སྤྲོ་བསྡུས་ཤིང་སྦྱོང་བ། ཡི་གེ་དགོད་ཅིང་བྱིན་གྱིས་བརླབས་པ་སྟེ་དྲུག་ལས། དང་པོ་ནི། མངོན་བྱང་ལྔ་འབྲས་བུ་དང་བཅས་པ་ཡིན་ཞིང༌། དེ་ཡང་མངོན་བྱང་དང་པོ་བཞི་དང་རྒྱུ་རྡོ་རྗེ་འཛིན་པ་བཞེངས་བཞིན་ནི་མངོན་བྱང་ལྔ་པ་ཡིན་ལ། རྒྱུ་རྡོ་རྗེ་འཛིན་པ་བཞེངས་ཟིན་པ་ནི་འབྲས་བུའོ། །དེ་ལ་མངོན་བྱང་ལྔའི་མངོན་པར་རྟོགས་པ་ཅུང་ཟད་བཤད་པ་ལ། རྒྱུད་གཞུང་ལས་ཇི་ལྟར་བཤད་ཚུལ། མངོན་བྱང་གི་དག་བྱེད་བཤད་པ་དེའི་འཕྲོས་དོན་ཅུང་ཟད་བཤད་པའོ། །དང་པོ་ནི། རྣལ་འབྱོར་རྒྱུད་དང་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་ཐུན་མོང་དུ་སྦྱར་བར་བྱ་བ་ནི་དེ་ཉིད་བསྡུས་པ་ལས་གསུངས་ཤིང༌། དེ་ཡང་སེམས་སོ་སོར་རྟོགས་པ་ལས་མངོན་པར་བྱང་ཆུབ་པ། བྱང་ཆུབ་ཀྱི་སེམས་ལས་མངོན་པར་བྱང་ཆུབ་པ། བརྟན་པའི་རྡོ་རྗེ་ལས་མངོན་པར་བྱང་ཆུབ་པ། རྡོ་རྗེའི་བདག་ཉིད་ལས་མངོན་པར་བྱང་ཆུབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཇི་ལྟ་བ་དེ་ལྟ་བུ་ལས་མངོན་པར་བྱང་ཆུབ་པ་སྟེ་ལྔའོ། །གསང་འདུས་འཕགས་སྐོར་


TNT21_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལུགས་ལ་ནི། དེ་བཞིན་ཉིད་ལ་མངོན་པར་བྱང་ཆུབ་པ། ཟླ་བ་ལས་མངོན་པར་བྱང་ཆུབ་པ། ཡི་གེ་ལས་མངོན་པར་བྱང་ཆུབ་པ། མཚན་མ་ལས་མངོན་པར་བྱང་ཆུབ་པ། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་དང་ལྔར་གསུངས་པ་ལ། ལྷག་མ་བླ་མེད་ཀྱི་རྒྱུད་སྡེ་ཕལ་ཆེར་ལས་ཉི་ཟླ་ཁ་སྦྱོར་དང༌། ཟླ་བ་ཁ་སྦྱོར་སོགས་ཁྱད་པར་ཕྲན་ཚེགས་མ་གཏོགས་དོན་གྱི་སྤྱི་མཐུན་པ་ཡིན། འདིར་རྩ་རྒྱུད་བརྟག་པ་གཉིས་པའི་དགོངས་པ་སློབ་དཔོན་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་བཞེད་པས་བཀྲལ་བ་མངོན་པར་རྟོགས་པའི་ཚུལ་བཅུ་བཞི་སྟེ། དེ་རྣམས་བསྡུ་ན། སྐད་ཅིག་གིས་བསྐྱེད་པ་ས་བོན་རྣམས་ལས་བསྐྱེད་པ། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་དང༌། དེ་ལ་མ་ལྟོས་པའི་མངོན་བྱང་བཞིར་འདུ། དང་པོ་ནི་ཆོ་ག་ཤིན་ཏུ་བསྡུས་པ་སྟེ་གོ་སླ། གཉིས་པ་ཅུང་ཟད་བསྡུས་པ་ནི། རྒྱུད་ལས། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཟླ་བའི་སྟེང་དུ་ས་བོན་ཉིད། །ཕྱི་ནས་བདུད་ལས་རྒྱལ་བས་མནན། །གཉིས་འདུས་པ་ལས་བདེ་ཆེན་པོ། །ཞེས་པས་བསྟན། དེ་ལ་དབྱེ་ན། ཡན་ལག་བཞི་དྲུག་གི་དབྱེ་བས་གཉིས། དེ་རེ་རེ་ལ་མཁའ་ནང་དུ་ཐིག་ལེ་བརྒྱད་པས་ས་བོན་བརྒྱད། ས་བོན་བརྒྱད་པོ་ཕྱིར་འཕྲོས་ཡོངས་སུ་གྱུར་པ་ལས་ལྷ་མོ་བརྒྱད་དུ་གྱུར་པ་དང༌། གཉིས་པ་ནི་ས་བོན་བརྒྱད་པོ་ལས་ཡི་གེ་བརྒྱད་དུ་གྱུར་པ་ལས་མཁའ་


TNT21_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཉིད་དུ་ལྷ་མོར་གྱུར་ནས་ཕྱིར་སྤྲོ་བ་ལྷ་མོའི་འགྲོས་གཉིས་སུ་ཕྱེ་བས་བཞི། ས་བོན་འགྲོས་ནི། རྩ་རྒྱུད་ལས། གཾ་ཙཾ་བཾ་གྷཾ་པཾ་ཤཾ་ལཾ་ཊཾ། འདི་ཡིས་ས་བོན་ཕྱུང་བ་དང༌། །ཞེས་པས་བསྟན། ལྷ་མོའི་འགྲོས་ནི་རྒྱུད་ལས། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་པ་ནས། རླུང་གི་མཚམས་སུ་གཡུང་མོ་ཉིད། །ཅེས་པའི་བར་གྱིས་བསྟན། གསུམ་པ་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་ནི། རྒྱུད་ལས། ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། །ཀཱ་ལི་གཟུགས་ཀྱི་སྣང་བྱེད་དོ། །ཟླ་བ་ཉི་མ་འདུས་པ་ལས། །དཀར་པོ་ལ་སོགས་རབ་ཏུ་གྲགས་ཞེས་པས་བསྟན། དེ་ལ་དབྱེ་ན་ཤིན་ཏུ་རྒྱས་པ་ཡན་ལག་བཞི་པ་ལ་སྦྱར་བ་དང༌། རྒྱས་པ་ཡན་ལག་དྲུག་པ་ལ་སྦྱར་བ་གཉིས། དེ་རེ་རེ་ལ་མཉམ་སྦྱོར་དང་མི་མཉམ་གཉིས་གཉིས་ཏེ། ཡན་ལག་བཞི་པའི་གཉིས་པོ་ལ། མཁའ་ནང་ནས་ལྷ་མོ་བརྒྱད་ཀྱི་རྒྱུའི་ཐིག་ལེ་བརྒྱད་པོ་ཕྱོགས་མཚམས་གྱི་ཉི་ཟླའམ་ཟླ་བ་ཁ་སྦྱོར་བརྒྱད་པོའི་བར་དུ་སྤྲོས་པ་ཐིག་ལེ་བསྐྱོང་བ་ཐིག་ལེའི་འགྲོས་དང༌། མཁའ་ནང་ནས་ཡི་གེ་བརྒྱད་ཉི་ཟླའམ་ཟླ་བ་ཁ་སྦྱོར་བརྒྱད་པོའི་བར་དུ་སྤྲོ་བ་ས་བོན་གྱི་འགྲོས་ཏེ་བཞིའོ། །ཡན་ལག་དྲུག་པའི་གཉིས་ལ། ས་བོན་འགྲོས་དང་ལྷ་མོའི་འགྲོས་གཉིས་གཉིས་ཏེ་བཞི། དེ་ལྟ་ན་ཨཱ་ལི་ཀཱ་ལི་ལ་ལྟོས་པའི་ཚུལ་ལ་ཡན་ལག་བཞི་དྲུག་གི་དབྱེ་བས་བརྒྱད་དོ། །


TNT21_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི་ཆོ་ག་འབྲིང་པོ་སྟེ། ཨཱ་ལི་ཀཱ་ལི་ལ་མ་ལྟོས་པ་དང༌། མི་མཉམ་སྦྱོར་ཁོ་ནར་ངེས་ཤིང་དབྱེ་ན་ཡན་ལག་བཞི་པ་དང༌། དྲུག་པ་གཉིས། ཡན་ལག་བཞི་པ་ལ་ལྷ་མོ་སྤྲོ་ཚུལ་ཐིག་ལེའི་འགྲོས་དང་ས་བོན་འགྲོས་གཉིས་དང༌། དྲུག་པ་ལ། ཐིག་ལེ་འགྲོས་དང་ས་བོན་འགྲོས་ཏེ་བཞིའོ། །སྐད་ཅིག་ལས་བསྐྱེད་པ་དང༌། ས་བོན་ལས་བསྐྱེད་པ་དེ་བཅུ་བཞི། དག་ལྡན་དུ་བཅོ་ལྔ་ཞེས་གསུངས་པ་ལྟར་ན། དེའི་སྟེང་དུ་རྡོ་རྗེ་ཆོ་ག་གསུམ་བསྐྱེད་སྣོན་དགོས་ཀྱི། དེ་འདྲེན་པ་མི་འཐད་པར་བྱེད་པ་དག་ཡོད་ཀྱང༌། གཞན་དུ་ན་ཟློས་སྐྱོན་འབའ་ཞིག་ཏུ་འགྱུར་རོ། །མཉམ་སྦྱོར་ནི། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཞེས་སོགས་ཀྱིས་བསྟན། མི་མཉམ་སྦྱོར་ནི། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་སོགས་ཀྱིས་བསྟན་ནོ། །དེ་རྣམས་ལ་སློབ་དཔོན་ཌོམྦྷི་པ་ནི་འཁྲུགས་བསྡེབས་ནས་མངོན་རྟོགས་གཅིག་ལ་སྦྱོར་ཏེ། འདི་ལྟར་མངོན་རྟོགས་འབྲིང་པོ་ཡན་ལག་དྲུག་པ་ལྟར་གཙོ་བོ་ཡབ་ཡུམ་མཉམ་སྦྱོར་གྱི་མངོན་བྱ་ལྔ་ལས་བསྐྱེད། འཁོར་རྣམས་ལྷ་མོའི་འགྲོས་སུ་བསྐྱེད་པ་ཁོ་ན་མཛད། རྒྱུད་ཀྱི་དོན་ཡང༌། དེ་ཡི་སྟེང་དུ་ཟླ་བ་ཡིན། །ཞེས་སོགས་ཀྱིས་ནི་ཟླ་ཉི་སོགས་བསྟན། ཨཱ་ལི་ཟླ་བའི་གཟུགས་ཀྱི་གནས། །ཞེས་སོགས་ཀྱིས་ཟླ་ཉི་རྒྱུད་དུ་བསྟན། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །ཞེས་སོགས་ཀྱིས་དེ་རྣམས་ཀྱི་དག་པ་བསྟན། གཾ་ཙཾ་སོགས་དང༌། དཀར་མོ་


TNT21_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་ཕྱོགས་ཕྱུང་ནས། །ཞེས་སོགས་གཉིས་ཀས་ཀྱང་མངལ་དུ་ལྷར་བསྐྱེད་ནས་སྤྲོ་བ་བསྟན་ཞེས་གསུངས་སོ། །དེ་དག་ལས་སྐད་ཅིག་གིས་བསྐྱེད་པ་དང་ས་བོན་ལས་བསྐྱེད་པ་ལ་ནི། རྒྱུ་རྡོ་རྗེ་འཛིན་པ་དང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་སྟེ་གནས་སྐབས་གསུམ་ཆར་སྐད་ཅིག་ལས་བསྐྱེད་པ་དང༌། དེ་རྣམས་ས་བོན་ལས་བསྐྱེད་པའོ། །ཡན་ལག་བཞི་པའི་ཕྱོགས་ལ། རྒྱུ་རྡོ་རྗེ་འཛིན་པ་དང་འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་གསུམ་ཁ་མངོན་བྱང་ལྔ་ལས་བསྐྱེད་པ་དང༌། ཡན་ལག་དྲུག་པའི་ཕྱོགས་ལ། རྒྱུ་རྡོ་རྗེ་འཛིན་པ་མངོན་བྱང་ལྔ་ལས་བསྐྱེད་ཅིང༌། འཁོར་གྱི་ལྷ་མོ་དང༌། འབྲས་བུ་རྡོ་རྗེ་འཛིན་པ་ས་བོན་ལས་བསྐྱེད་པ་ཡིན་ནོ། །དེ་ལྟར་མངོན་པར་རྟོགས་པའི་ཚུལ་བཅུ་བཞི་ནི། རྗེས་ཆགས་རྡོ་རྗེ་སེམས་དཔའི་ཡན་ལག་གི་གནས་སྐབས་ལས་ཕྱེ་བ་ཡིན་ཞིང༌། ལྷག་མ་གོང་འོག་རྣམས་ལ་ཡན་ལག་བཞི་དྲུག་གིས་ཁྱད་པར་ཕྲན་བུ་མ་གཏོགས་དོན་ལ་ཁྱད་པར་ཆེར་མེད་དོ། །དེ་ལྟར་ཞིབ་མོར་འབྱེད་དགོས་པའི་རྒྱུ་མཚན་དེ་རྣམས་སྒོམ་པ་པོ་ཡི་གང་ཟག་སྐྱེས་སྟོབས་ཀྱི་དབང་པོའི་སྒོ་ནས་རབ་ཀྱི་རབ། རབ། འབྲིང༌། ཐ་མ། མཐའ་མའི་མཐའ་མ་སྟེ་ལྔའོ། །དེ་ལ་མངོན་རྟོགས་བསྡུས་པ་གཉིས་ནི་རབ་ཀྱི་རབ་དང༌། མཐའ་མའི་མཐའ་མས་བསྒོམ་པར་བྱ་བ་ཡིན་ཏེ། རིམ་པ་བཞིན་དུ་


TNT21_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་བསྒོམས་པས་ཆོག་པ་དང༌། དེ་བས་ལྷག་པ་བསྒོམས་མི་ནུས་པའི་ཕྱིར། མངོན་པར་རྟོགས་པ་འབྲིང་པོའི་ཚུལ་བཞི་ནི་རབ་དང་མཐའ་མས་བསྒོམ་པར་བྱ་བ་ཡིན་ཏེ། རྒྱུ་མཚན་སྔ་མ་དེ་ཉིད་དང༌། དེ་ཙམ་ངེས་པར་བསྒོམ་དགོས་པའི་ཕྱིར། མངོན་པར་རྟོགས་པ་རྒྱས་པ་བརྒྱད་ནི་གང་ཟག་འབྲིང་པོས་བསྒོམ་པར་བྱ་བ་ཡིན་ཏེ། དེ་ཉིད་སྒོམ་ནུས་པ་དང༌། དེ་ངེས་པར་བསྒོམ་ཡང་དགོས་པའི་ཕྱིར། དེ་ལྟ་བས་ན་གང་ཟག་གཅིག་གིས་དབང་པོ་སྦྱང་ཚུལ་གྱི་རིམ་པས་གང་ཟག་བཞིར་འགྱུར་པ་དང༌། ཨཱ་ལི་ཀཱ་ལི་ལ་ལྟོས་པའི་མངོན་བྱང་དང༌། དེ་ལ་མ་ལྟོས་པའི་མངོན་བྱང་དང༌། ས་བོན་ལས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་སྟེ་མངོན་པར་རྟོགས་པ་བཞི་སྦྱོར་ལ་མཚོ་སྐྱེས་ཀྱི་ལུགས་ཡིན་པས་འདི་རྣམས་དང་རྣམ་བཞག་ཐ་དད་པའི་ཕྱིར་གཅིག་ཏུ་བསྲེ་བར་མི་བྱའོ། །གཉིས་པ་མངོན་བྱང་གི་དག་བྱེད་བཤད་པ་ལ། སྦྱོང་བྱེད་བསྐྱེད་རིམ་གྱི་མངོན་བྱང་ལྔར་བཤད་པ། སྦྱང་བྱ་འཁོར་བའི་སྐྱེ་བ་བཤད་པ། སྦྱང་འབྲས་འབྲས་བུའི་མངོན་བྱང་བཤད་པའོ། །དང་པོ་ནི། བཤད་མ་ཐག་པའི་བསྐྱེད་ཆོག་གི་རྣམ་པར་གཞག་པ་དེ་རྣམས་ལ། བསྐྱེད་བྱ་ལྷའི་སྒོ་ནས་གཙོ་བོ་ཁོ་ན་མངོན་བྱང་ལྔ་ལས་བསྐྱེད་པ་དང༌། གཙོ་འཁོར་ཐམས་ཅད་མངོན་བྱང་ལྔ་ལས་བསྐྱེད་པ་གཉིས་སོ། །གཉིས་པ་ནི་


TNT21_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་འདིའི་སྔ་རབས་པ་རྣམས་ཀྱིས་གསུང་ཁོ་ནར་ལྟར་ན། མངོན་བྱང་གི་ཟླ་བས་རྫུས་སྐྱེས་ཀྱི་སེམས་ཀྱི་གསལ་ཆ་དང༌། དྲོད་གཤེར་སྐྱེས་ཀྱི་གཤེར་བ་དང། མངལ་སྐྱེས་ཀྱི་ཕའི་ཁམས་རྣམས་སྦྱོང་བར་བྱེད་དོ། །ཉི་མས་ནི་རྫུས་སྐྱེས་ཀྱི་གནས་ལ་སྲེད་པ་དང༌། དྲོད་གཤེར་སྐྱེས་ཀྱི་དྲོད་དང༌། མངལ་སྐྱེས་ཀྱི་མའི་ཁམས་རྣམས་སྦྱོང་བར་བྱེད། ཉི་ཟླ་གཉིས་ཅར་གྱིས་ཀྱང་སྒོང་སྐྱེས་ཀྱི་སྒོ་ངའི་ཁྱིམ་དང་བཅུད་སྦྱོར་བར་བྱེད་དོ། །ཞེས་པ་དེ་ཙམ་ཞིག་གསུངས་ལ། མངོན་བྱང་ཕྱི་མ་གསུམ་འོག་ཏུ་འཆད་པ་དང་འདྲའོ། །རང་ལུགས་ཀྱི་བླ་མ་ཕྱི་མ་རྣམས་ཀྱིས་བཞེད་པ་ལྟར་ན། དེ་ཉིད་སྐྱེ་གནས་གཞན་གསུམ་ལ་གཙོ་བོར་མི་སྦྱོར་ཞིང༌། མངལ་སྐྱེས་ཁོ་ན་ལ་གཙོ་བོར་སྦྱོར་བར་མཛད་དེ། དེ་ཡང་སློབ་དཔོན་གཞན་གྱི་མན་ངག་གིས་ཁ་བསྐངས་ནས་ཞིབ་མོར་འཆད་པ་ཡིན་ནོ། །དེ་ལ་ཡང་དབུས་ཀྱི་གདན་གྱི་སྟེང་དུ་སངས་རྒྱས་ཀྱི་མཚན་བཟང་སོ་གཉིས་ཀྱི་ངོ་བོ་ཨཱ་ལི་ཕྲག་གཉིས་རེ་རེ་ནས་སྐར་མ་ལྟར་དཀར་བ། དེ་ཡོངས་སུ་གྱུར་པ་ལས་ཟླ་བ། དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད། ཀཱ་ལི་ཡ་ར་ལ་ཝ་ཌ་དྷ་ཞེས་པ་དང་བཅས་པ་ཕྲག་གཉིས་མར་མེའི་ཕྲེང་བ་ལྟར་རེ་རེ་ནས་དམར་བ་ལས་ཉི་མ། དེ་གཉིས་ཀྱི་བར་དུ་ཧཱུཾ་ལས་ཐོད་པ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་པ་དང། ཨཾ་ལས་


TNT21_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་སྔོ་ནག་ཡུ་བ་ལ་ཨཾ་གིས་མཚན་པ་ཡུ་བ་གྱེན་བསྟན། དེ་རྣམས་གཅིག་ཏུ་འདྲེས། དེ་ལས་སྐད་ཅིག་ཏུ་རྒྱུ་རྡོ་རྗེ་འཛིན་པ་བསྐྱེད་དེ། དེ་ལ་ཨཱ་ལི་སོ་གཉིས་ནི་སྦྱང་བྱ་ལུས་ལ་ཁུ་བ་མཚོན་ཞིང༌། ཡར་ངོའི་ཚེས་གཅིག་ནས་བཅོ་དང་དེའི་མཚན་མོ་བཅུ་དྲུག་སྟེ། དེ་རྣམས་ལ་སྐྱེས་པའི་དབང་དུ་བྱས་ནས་བྱང་སེམས་རྐང་པ་གཡས་ཀྱི་མཐེ་བོང་ནས་སྤྱི་བོའི་བར་དུ་འཕོ་སྟེ་བཅུ་དྲུག །མར་ངོས་ཚེས་གཅིག་ནས་གནམ་སྟོང་གི་བར་རྐང་པ་གཡོན་པའི་མཐེ་བོང་ནས་སྤྱི་བོའི་བར་དུ་འཕོ་སྟེ་བཅུ་དྲུག །བསྡོམས་པས་སོ་གཉིས། སྦྱང་འབྲས་ལ་མཚན་སོ་གཉིས་དང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཏེ་ཟླ་བ་བསྒོམས་ནས་སྦྱང་འབྲས་དེར་མོས་པ་བྱ། ཀཱ་ལིའི་ནི་རྡུལ་མཚོན་ཅིང་བརྒྱད་ཅུར་འབྱེད་པ་ནི། རྡུལ་དེ་ལ་ས་ཆུ་མེ་རླུང་ནམ་མཁའི་ཁམས་དང་ལྔ་ཡོད་ཅིང༌། གང་ན་གཅིག་ཡོད་པ་དེར་ཐམས་ཅད་ཀྱང་ངོ༌། །ཞེས་གསུངས་པས། དེ་རེ་རེ་འབྱུང་བ་བཞི་བཞིར་ཕྱེ་བས་ཉི་ཤུ། དེ་རེ་རེ་ལ་རྟེན་ཐིག་ལེ་ལུས་ཀྱི་ཆོས་རེ་རེ་དང༌། བརྟེན་པ་བདེ་བ་སེམས་ཀྱི་ཆོས་རེ་རེ་ཕྱེ་བས་བཞི་བཅུ། དེ་རྣམས་ཀྱང་ཀུན་རྫོབ་སྣང་བ་ཐབས་ཀྱི་ཆ་རེ་རེ་དང༌། རང་བཞིན་སྟོང་པ་དོན་དམ་གྱི་ཆ་རེ་རེ་ཕྱེ་བས་བརྒྱད་ཅུའོ། །སྦྱང་འབྲས་དཔེ་བྱད་བརྒྱད་ཅུ་དང་མཉམ་ཉིད་ཡེ་ཤེས་ཏེ། དེ་རྣམས་ཉི་མར་བསྒོམས་ནས་སྦྱང་འབྲས་དེ་ཡིན་སྙམ་དུ་མོས་པ་བྱའོ། །ས་བོན་


TNT21_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ཟ་ཞུགས་པ་མཚོན་ཞིང༌། གནས་སྐབས་དེ་ནི་དཀར་དམར་སེམས་གསུམ་འདྲེས་པའི་སྐབས་མཚོན། དེ་ཉིད་ལས་ཕྱག་མཚན་དུ་གྱུར་པ་ནི། མངལ་དུ་ཡན་ལག་དང་ཉིང་ལག་རྣམས་དོད་པ་མཚོན་ཞིང༌། སྦྱང་འབྲས་སོ་སོར་རྟོག་པའི་ཡེ་ཤེས་སོ། །འདྲེས་པ་ནི་མངལ་དུ་གྲུབ་པའི་ཕུང་ཁམས་སྐྱེ་མཆེད་རྣམས་ཡོངས་སུ་རྫོགས་ཏེ་བཙའ་བ་ལ་ཉེ་བར་མཚོན་ཞིང། སྦྱང་འབྲས་བྱ་གྲུབ་ཡེ་ཤེས། དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི་མངལ་སྐྱེས་ཀྱི་ཕྱི་རོལ་དུ་སྐྱེས་པ་དང། འབྲས་བུ་ཆོས་དབྱིངས་ཡེ་ཤེས་མཚོན་ཏེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོགས་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡི། །རྣམ་པ་ལྔ་པོ་སྒོམ་པ་ཉིད། །ཅེས་དང༌། མཉམ་སྦྱོར་གྱི་དབང་དུ་བྱས་པ་ནི་ཨཱ་ལི་ལས་ཟླ་བ་དཀར་པོ་གྲུ་གསུམ་ཨཱ་ལིས་མཚན་པ་དང༌། ཀཱ་ལི་ལས་ཟླ་བ་དམར་པོ་ཀཱ་ལིས་མཚན་པ་བརྩེགས་པ། དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་དེ་ལ་ས་བོན་གྱི་ཡི་གེ་མི་བསྒོམས་སྟེ། ཧཱུཾ་ཕཊ་རྣམ་པ་འདོད་མི་བྱ། །ཞེས་པའི་དོན་ཡིན་གསུངས། དེ་ལས་འོད་ཟེར་འཕྲོ་འདུས་འདྲེས་པ་ལས་ལྷ་སྐུར་བཞེངས་


TNT21_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་གདན། །ཡི་གེ་ལས་བྱུང་གོང་བུ་ལ། །ཧཱུཾ་ཕཊ་རྣམ་པའང་འདོད་མི་བྱ། །ཞེས་གསུངས། མཚོན་དོན་ནི་ཟླ་བ་དམར་པོས་རཀྟ་མཚོན་ཅིང༌། གཞན་རྣམས་མི་མཉམ་སྦྱོར་དང་འདྲའོ། །དེ་ཐམས་ཅད་ཀྱང་ལམ་བྱེད་བཞིའི་སྒོ་ནས་ཉམས་སུ་བླངས་དགོས་ཤིང༌། ཚུར་དེ་ལ་དཔེར་མཚོན་ན་མེ་ལོང་ལྟ་བུའི་ཡེ་ཤེས་དེ་རྣམས་ཟླ་བར་བསྒོམས་པས་རྣམ་པ་ལམ་དུ་བྱེད་པ། དེ་ཉིད་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པར་མོས་པ་བྱས་པས་ལན་གཅིག་དེ་ཐོབ་པར་འགྱུར་བས་མོས་པ་ལམ་དུ་བྱེད་པ། སངས་རྒྱས་ལ་མངའ་བའི་མེ་ལོང་ལྟ་བུའི་ཡེ་ཤེས་དེ་ཉིད་འདི་ཡིན་ནོ་སྙམ་དུ་བསྒོམས་པས་འབྲས་བུ་ལམ་དུ་བྱེད་པ། དེས་བདག་གི་རྒྱུ་ལ་ཚོགས་གསོག་ཅིང་སྒྲིབ་པ་འདག་པས་བྱིན་རླབས་ལམ་དུ་བྱེད་པའོ། །དེ་དག་ཀྱང་ཞེན་པས་ཞུགས་ན་འབྲེལ་བས་མི་བསླུ་བའི་ལམ་མོ། །གསུམ་པ་འབྲས་བུའི་མངོན་བྱང་བཤད་པ་ལ། དངོས་དང༌། དེ་ཉིད་བསྐྱེད་རིམ་ལ་སྦྱར་བའི་ཚུལ་ལོ། །དང་པོ་ལ་མངོན་པར་བྱང་ཆུབ་པར་འཆད་ཚུལ་དང། དེ་ཉིད་ཀྱི་ངོ་བོ་བཤད་པའོ། །དང་པོ་ནི། ཇི་སྐད་དུ། རྡོ་རྗེ་གུར་ལས། རྡོ་རྗེ་ཉི་མ་ནུབ་པ་ན། །སྦྱོར་བ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་ཏེ།


TNT21_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་མཚན་མོ་ཟླ་བའི་འོད་དང་འགྲོགས་པ་དགའ་བ་སྐད་ཅིག་མ་དང་པོ་དང༌། ཉིན་མོ་ཉི་མའི་འོད་དང་འགྲོགས་པ་མཆོག་དགའ་སྐད་ཅིག་མ་གཉིས་པ་དང༌། ཉི་མ་ནུབ་པ་ན་མཚམས་ཀྱི་མུན་པས་ཁྱབ་པ་ཁྱད་དགའ་སྐད་ཅིག་མ་གསུམ་པ་དང༌། ཐོ་རངས་སྐྱ་རེངས་འཆར་བའི་དུས་སུ་ལྷན་ཅིག་སྐྱེ་དགའ་སྐད་ཅིག་མ་བཞི་པ་རྣམས་མངོན་དུ་བྱས་ནས། སྐད་ཅིག་མ་ལྔ་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ནོ། །དེ་ལྟར་ཕྱི་དབྱིབས་ཀྱི་མངོན་བྱང་ནི་ཕ་རྒྱུད་ནས་གསུངས་པ་དང་ཐུན་མོང་བ་ཡིན་ལ། ནང་བྱང་ཆུབ་སེམས་ཀྱི་བསྒྲོད་པ་ལ་ལྟོས་པའི་མངོན་བྱང་ནི། འཚང་རྒྱ་ཁ་མའི་བྱང་ཆུབ་སེམས་དཔའ་རྣམས་ལ། ལོངས་སྤྱོད་རྫོགས་པའི་སྐུ་དཀྱིལ་འཁོར་དང་བཅས་པ་རྣམས་ཀྱིས་དབང་བསྐུར་བ་དེའི་ཚེ། རྒྱུན་མཐའི་སྔ་ལོགས་སུ་བུམ་དབང་དང༌། གསང་དབང་སྔོན་དུ་འགྲོ་བས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ནི། རང་སྣང་གི་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་ཐབས་ཀྱི་དཀར་ཆ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་བའི་དབང་དུ་འོང་ཤིང་བརྟན་པར་བྱས་པས། ཡས་བརྟན་གྱི་དགའ་བ་བཞིའི་མཚན་ཉིད་ཅན་གྱི་ཡེ་ཤེས་བསྐྱེད་པ་དེ་མངོན་བྱང་དང་པོ་ཡིན་ལ། དེ་ལྟ་བུའི་དཀར་ཆ་དང་ལྷན་ཅིག་རང་སྣང་གི་རིག་མའི་དམར་ཆ་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གསང་བ་ནས་སྤྱི་བོའི་གཙུག་ཏུ་བརྟན་པར་བྱས་པས་མས་བརྟན་གྱི་དགའ་བ་བཞིའི་མཚན་ཉིད་ཅན་གྱི་ཡེ་ཤེས་སྐྱེ་བ་སྟེ་མངོན་བྱང་གཉིས་


TNT21_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །དེ་ནས་སློབ་པའི་ཡེ་ཤེས་ཀྱི་སྣང་བར་འགྱུར་བ་རླུང་དང་བཅས་པའི་ཚོགས་པ་ཕྲ་མོ་རྣམས་ཀྱི་སྙིང་ཁར་ཐིམ་ཞིང༌། དེའི་རྐྱེན་གྱིས་ཐིག་ལེ་དཀར་དམར་གྱི་ཚོགས་པ་འགག་པ་ནི་མངོན་བྱང་གསུམ་པའོ། །རྐྱེན་དེས་སྐད་ཅིག་མ་གཉིས་པ་ལ་དགའ་བ་བཞི་པར་གྱུར་པའི་རྒྱུན་མཐའི་ཡེ་ཤེས་དངོས་སྐྱེ་སྟེ། དེ་བདེ་ཆེན་གྱི་སྒྲིབ་པའམ་ཤེས་བྱའི་སྒྲིབ་པ་ཕྲ་མོ་དང༌། ཀུན་གཞི་སྤོང་བར་བྱ་བའི་དངོས་གཉེན་ཏེ་མངོན་བྱང་བཞི་པ་ཡིན་ནོ། །གཉིས་པ་ནི། དེ་ལྟར་མངོན་བྱང་དང་པོ་གཉིས་ནི་ཡས་བརྟན་དང་མས་བརྟན་གྱིས་བསྡུས་པ་དགའ་བ་བཞི་བཞིའི་བདག་ཉིད་ཅན་ཡིན་ཞིང༌། མངོན་བྱངགསུམ་པ་ནི་ཞུ་བདེ་ལྷན་སྐྱེས་བླ་ན་མེད་པ་ཡིན་ནོ། །མངོན་བྱང་བཞི་པ་ནི་རང་བཞིན་ལྷན་སྐྱེས་དུ་གྱུར་པའི་ལམ་གྱི་ཡེ་ཤེས་མཐར་ཐུག་པ་ཡིན་པས་དེ་ཉིད་ལྷན་ཅིག་སྐྱེས་དགའ་འབའ་ཞིག་གིས་བསྡུས་པ་ཡིན་ལ། མངོན་བྱང་དང་པོ་བཞི་གོ་རིམ་བཞིན་དུ་དགའ་བ་བཞི་དང་སྦྱར་བའང་ཡོད་པ་ནི། དེ་རྣམས་ལུས་དང༌། ངག་དང༌། ཡིད་དང༌། ཡེ་ཤེས་ཀྱི་བདེ་བ་ཡིན་པས་རྣམ་པ་མཚུངས་པའི་དབང་དུ་བྱས་པ་ཡིན་ནོ། །མངོན་བྱང་བཞི་པ་དེའི་སྐད་ཅིག་གཉིས་པར་སངས་རྒྱས་ཀྱི་ཡེ་ཤེས་སྐྱེ་བ་ཡིན་ལ། དེ་ཡང་མི་སློབ་རྣམ་གྲོལ་ལམ་ནི་མངོན་བྱང་ལྔ་པའི་བདག་ཉིད་ཡིན་ཅིང། སྐད་ཅིག་གཉིས་པ་ཕན་ཆད་མངོན་བྱང་ལྔ་ཆར་གྱི་བདག་ཉིད་དུ་གནས་སོ་ཞེས་བླ་མ་རྣམས་ཀྱིས་


TNT21_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དེས་ན་མངོན་བྱང་དང་པོ་བཞི་ནི་ཡེ་ཤེས་ལྔའི་རྗེས་མཐུན་གྱི་ངོ་བོར་གནས་ལ། མངོན་བྱང་ལྔ་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དུ་དངོས་སུ་གནས་པ་ཡིན་ནོ། །དེ་ཡང་ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དང། ཇི་སྙེད་པའི་གནས་ལུགས་མཁྱེན་པ་དང༌། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོག་ཤིང་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོར་འཇུག་པ་དང༌། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་མ་འདྲེས་པར་མཁྱེན་པ་དང༌། སེམས་ཅན་གྱི་ཁམས་ཐ་དད་པ་སྨིན་ཅིང་གྲོལ་བར་མཛད་པའི་རྒྱུ་ནུས་མཐུའི་ངོ་བོར་གནས་པ་ཐུགས་རྗེའི་ཆེན་པོའི་ཡེ་ཤེས་དང༌། ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པར་གནས་པ་ལ། གློ་བུར་གྱི་དྲི་མ་བྱང་བའི་ཡེ་ཤེས་ཏེ་གོ་རིམ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་དང༌། མཉམ་པ་ཉིད་ཀྱི་ཡེ་ཤེས། སོ་སོར་རྟོག་པའི་ཡེ་ཤེས། བྱ་བ་ནན་ཏན་གྱི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཡིན་ནོ། །སྦྱོར་ཚུལ་གཞན་ནི་མངོན་བྱང་དང་པོའི་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་ནས། མངོན་བྱང་ལྔ་པའི་ཚེ་ཆོས་དབྱིངས་ཡེ་ཤེས་ཐོབ་པའི་བར་དུ་གསུངས་པ་ནི། དང་པོ་བཞི་རྗེས་མཐུན་པ་དང། ལྔ་པ་དངོས་ཡིན་པའི་དོན་ཏེ། དེ་ལྟར་ན་མངོན་བྱང་དང་པོ་བཞི་ནི་སྔ་མ་སྔ་མའི་ཡེ་ཤེས་ལྷག་པར་རྒྱས་པ་ཕྱི་མ་ཕྱི་མ་ལ་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་ཡོད་ཅིང༌། ཡེ་ཤེས་རྗེས་མཐུན་པའི་དབང་དུ་


TNT21_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་མངོན་བྱང་དང་པོའི་སྐབས་སུ་མེ་ལོང་ལྟ་བུའི་ཡེ་ཤེས་གཙོ་བོར་གྱུར་པ་དང། གཉིས་པའི་སྐབས་སུ་མཉམ་ཉིད་ཡེ་ཤེས། གསུམ་པར་སོར་རྟོག་ཡེ་ཤེས། བཞི་པར་བྱ་གྲུབ་ཡེ་ཤེས་གཙོ་བོར་གྱུར་པ་ཡིན་ནོ། །དེ་དག་ཏུ་ཆོས་དབྱིངས་དག་པ་གཉིས་ལྡན་མཐར་ཐུག་པ་མ་ཐོབ་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་གཙོ་བོར་མི་འཇོག་ལ། མངོན་བྱང་ལྔ་པའི་སྐབས་སུ་ནི་དེ་གསར་དུ་ཐོབ་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་གཙོ་བོར་འཇོག་པ་ཡིན་ནོ། །གཉིས་དེ་དག་བསྐྱེད་རིམ་ལ་སྦྱར་བའི་ཚུལ་ནི། བསྐྱེད་རིམ་གྱི་མངོན་བྱང་དང་པོ་ཟླ་བ་བསྒོམ་པ་ནི། འབྲས་དུས་ཀྱི་མངོན་བྱང་དང་པོ་དང་མཚུངས་པ་ཡིན་ཏེ། ཟླ་བས་ནི་བྱང་ཆུབ་ཀྱི་སེམས་དཀར་པོ་མཚོན་པ་ལ་མངོན་བྱང་དང་པོ་བྱང་ཆུབ་ཀྱི་སེམས་དཀར་ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་གཉིས་པ་ཉི་མ་སྒོམ་པ་འབྲས་དུས་ཀྱི་གཉིས་པ་དང་མཚུངས་པ་ཡིན་ཏེ། ཉི་མས་ནི་དམར་ཆ་མཚོན་ལ། མངོན་བྱང་གཉིས་པ་བརྟེན་བྱང་ཆུབ་སེམས་དམར་ཆ་དང་འགྲོགས་པའི་ཡེ་ཤེས་ཡིན་པས་སོ། །གསུམ་པ་ས་བོན་དང་ཕྱག་མཚན་བསྒོམ་པ་ནི་འབྲས་དུས་ཀྱི་གསུམ་པ་དང་མཚུངས་པ་ཡིན་ཏེ། ས་བོན་དང་ཕྱག་མཚན་ནི་ཡིད་རླུང་གི་ཚོགས་དང་བཅས་པ་མཚོན་ཅིང༌། འབྲས་དུས་ཀྱི་མངོན་བྱང་གསུམ་པ་ནི་ཡིད་དང་རླུང་ཐིམ་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་བཞི་པ་ཡང་


TNT21_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་ཐམས་ཅད་གཅིག་ཏུ་འདྲེས་པ་དང་འབྲས་དུས་ཀྱི་མངོན་བྱང་བཞི་པ་ཡང་མངོན་བྱང་དང་པོ་གསུམ་ཆར་གྱི་ནུས་པ་གཅིག་ཏུ་བསྡོམས་པའི་ཡེ་ཤེས་ཡིན་པས་སོ། །མངོན་བྱང་ལྔ་པ་ཡང་རྣམ་པ་མཚུངས་པ་ཡིན་ཏེ། སྐབས་འདིར་བསྐྱེད་ཆོག་འདི་ལ་བརྟེན་ནས་ལྷ་སྐུ་ཡོངས་སུ་རྫོགས་པ་ཡིན་ཅིང༌། འབྲས་དུས་ཀྱི་མངོན་བྱང་ལྔ་པ་དང༌། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཐམས་ཅད་རྫོགས་པ་ཡིན་པས་སོ། །མངོན་བྱང་དང་པོའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་རྣམ་པ་མཐུན་པ་ཡིན་ཏེ། ཟླ་བའི་འོད་ཟེར་གྱིས་གཟུགས་བརྙན་རགས་པ་ཙམ་སྣང་བར་བྱེད་པ་ལྟར། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་གཟིགས་པ་ཙམ་ཡིན་ལ། སོ་སོར་རྟོག་པར་མི་མཛད་པས་སོ། །མངོན་བྱང་གཉིས་པ་མཉམ་ཉིད་ཡེ་ཤེས་དང་མཚུངས་པ་ཡིན་ཏེ། ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ལྷག་པར་རྒྱས་པ་བཞིན་དུ། དེ་ཡང་ཆོས་རྣམས་ཀྱི་ཇི་ལྟ་བའི་གནས་ལུགས་ལ་མཁྱེན་པ་ལྷག་པར་རྒྱས་པས་སོ། །མངོན་བྱང་གསུམ་པ་སོར་རྟོག་ཡེ་ཤེས་དང་མཚུངས་པ་ཡིན་ཏེ། སྐབས་འདིར་ལྷ་སོ་སོའི་ས་བོན་དང་ཕྱག་མཚན་སོ་སོར་ངེས་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མ་འདྲེས་པར་བྱེད་པས་སོ། །མངོན་བྱང་བཞི་པ་བྱ་གྲུབ་ཡེ་ཤེས་དང་ཆོས་མཚུངས་པ་ཡིན་ཏེ། སྐབས་


TNT21_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཐམས་ཅད་གཅིག་ཏུ་གྱུར་པ་དང༌། བྱ་གྲུབ་ཡེ་ཤེས་དེ་ཡེ་ཤེས་གཞན་གསུམ་གྱི་ནུས་མཐུ་གཅིག་ཏུ་སྡོམ་པའི་ངོ་བོར་གནས་པ་ཡིན་པས་སོ། །མངོན་བྱང་ལྔ་པ་ཆོས་དབྱིངས་ཡེ་ཤེས་དང་ཆོས་མཚུངས་པ་ཡིན་ཏེ། སྐབས་འདིར་ཉི་ཟླ་ས་བོན་ཕྱག་མཚན་བཞིའི་ངོ་བོ་ལྷའི་སྐུ་ཡོངས་སུ་རྫོགས་པ་ཡིན་ཅིང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱང་ཡེ་ཤེས་བཞི་ཆར་གྱི་རྟེན་བྱེད་པའོ། །མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ། ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་འབྲས་བུའི་ཆོས་དང་སྦྱར་བ་ནི། ཨཱ་ལི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱི་རྒྱུ་བསོད་ནམས་ཀྱི་ཚོགས་དང༌། ཀཱ་ལི་དཔེ་བྱད་བརྒྱད་ཅུའི་བསོད་ནམས་ཀྱི་ཚོགས་ཡིན་ཅིང༌། དེའི་འབྲས་བུའི་སྐུ་ཡོངས་སུ་རྫོགས་པ་མཚན་དཔེའི་སྤྲས་པའོ། །མངོན་བྱང་དང་པོ་གཉིས་ཀྱི་སྐབས་སུ་ཨཱ་ལི་ཀཱ་ལི་འབྱུང་བའི་རྒྱུ་མཚན་ཡོད་དེ། ཨཱ་ལི་ཟླ་བའི་ས་བོན་དང། ཀཱ་ལི་ཉི་མའི་ས་བོན་ཡིན་པའི་ཕྱིར་རོ། །གསུམ་པ་དེའི་འཕྲོས་དོན་ཅུང་ཟད་བཤད་པ་ནི། །རྗེ་བཙུན་གོང་མ་རྣམས་ཀྱིས་མཉམ་སྦྱོར་གསང་བ་དང༌། མི་མཉམ་སྦྱོར་ཤེས་རབ་ཡེ་ཤེས་ཀྱི་དབང་དང་མཚུངས་ཚུལ་གསལ་བར་བསྟན་ནས། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །དབང་ཕྱིར་དགོས་པ་བསམ་ཡས་ཕྱིར། །ཅེས་མཉམ་སྦྱོར་དང་མི་མཉམ་སྦྱོར་གྱི་མཚོན་དོན་སྡོམ་གྱིས་ཚུལ་གྱིས་གསུངས་པ་ཡིན་ནོ། །དེའི་དོན་བར་


TNT21_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཀྱི་བླ་མ་རྣམས་འདི་ལྟར་འཆད་དེ། དབྱིངས་དག་པ་གཉིས་ལྡན་ཟླ་བ་ཁ་སྦྱོར་གྱིས་མཚོན་ཞིང་ཡེ་ཤེས་རྣམ་པ་སྣ་ཚོགས་འཆར་བ་ཟླ་བ་དཀར་པོ་ཉི་མ་དམར་པོ་སྟེ་ཉི་ཟླ་ཁ་སྦྱོར་གྱིས་མཚོན་ཞིང། རང་བཞིན་དག་པའི་རྒྱུ་རྫོགས་རིམ་དུ་རང་བྱིན་རླབས་པ། ཤེས་པ་གསལ་སྟོང་ཟླ་བ་ལྟ་བུ་དང༌། སྤྱི་བོའི་ཧཾ་ཡིག་ཞུ་བ་བྱང་ཆུབ་ཀྱི་སེམས་ཟླ་བ་ལྟ་བུ་སྟེ་ཟླ་བ་ཁ་སྦྱོར་དང༌། རང་བཞིན་དག་པ་འབྲས་བུའི་རྫོགས་རིམ་དང༌། དཀྱིལ་འཁོར་གྱི་འཁོར་ལོ་ལ་རང་གི་བྱང་ཆུབ་ཀྱི་སེམས་དཀར་ཆ་དང་ཤེས་རབ་མའི་དམར་ཆ་མཚོན་པའི་ཕྱིར་ཉི་ཟླ་ཁ་སྦྱོར་གྱིས་མཚོན་ནོ། །ཕའི་ས་བོན་འབའ་ཞིག་ལས་ལུས་འགྲུབ་པ་དང་མཚུངས་པར་ཟླ་བ་ཁ་སྦྱོར་དང། ཐིག་ལེ་དཀར་དམར་གཉིས་ལས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ཁ་སྦྱོར་སྒོམ་པ་དང༌། སེམས་རང་བཞིན་རྣམ་པར་དག་པ་དང་རྣམ་པར་དག་པའི་ལམ་གྱིས་དག་པར་བྱེད་པ་ཟླ་བ་ཁ་སྦྱོར་དང༌། མངལ་སྐྱེས་ཀྱི་ལུས་འགྲུབ་པ་དང་མཚུངས་པར་ཉི་ཟླ་ཁ་སྦྱོར་སྒོམ་པ་ཡིན་ནོ། །དབང་ཕྱིར་ཞེས་པ་གསང་དབང་གི་སྐབས་སུ་གང་ལ་བསྐུར་བའི་ཡུལ། སློབ་མའི་རྟེན་བྱང་ཆུབ་ཀྱི་སེམས་དཀར་པོ་དང༌། བསྐུར་བྱེད་ཀྱི་རྫས་སློབ་དཔོན་གྱི་བྱང་ཆུབ་གྱི་སེམས་དཀར་པོ་ཡིན་པས་ཟླ་བ་ཁ་སྦྱོར་དང༌། དེའི་ཚེ་རྣམ་རྟོག་གི་གྲྭ་ཟུར་དང་བཅས་པའི་ཕྱིར་ཟླ་བ་གྲུ་གསུམ་དང། བྱང་ཆུབ་ཀྱི་སེམས་མི་འགག་པར་


TNT21_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་འདོར་བས་མཚོན་དོན་དུ། གསུམ་པའི་ཚེ་ཕྱག་མཚན་ས་བོན་གྱིས་མཚན་མ་མེད་པ་དང༌། བྱང་ཆུབ་ཀྱི་སེམས་འཕྲོ་བའི་མཚོན་དོན་དུ་འོད་ཟེར་སྤྲོ་བསྡུ་བྱེད་པ་ཡིན་ནོ། །ཤེས་རབ་དབང་གི་སྐབས་སུ་སློབ་མའི་བྱང་ཆུབ་ཀྱི་སེམས་དཀར་པོ་དང། རིག་མའི་བྱང་ཆུབ་ཀྱི་སེམས་དམར་པོ་གཉིས་ཀྱི་མཚོན་དོན་དུ་ཉི་ཟླ་ཁ་སྦྱོར་དང། དེའི་ཚེ་རྣམ་རྟོག་གི་གྲྭ་ཟུར་ཉམས་པས་གཉིས་ཀའང་ཟླུམ་པོར་སྒོམ་པ་དང་བྱང་ཆུབ་ཀྱི་སེམས་དགག་པའི་མཚོན་དོན་དུ་ཕྱག་མཚན་གྱི་ལྟེ་བ་ལ་ཧཱུཾ་གིས་མཚན་པ་དང༌། མས་བརྟན་གྱི་རིམ་པས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པས་འོད་ཟེར་གྱི་སྤྲོ་བསྡུ་མི་བྱེད་པ་ཡིན་ནོ། །དགོས་པ་བསམ་ཡས་ཕྱིར། །ཞེས་པ་ནི། དེ་དག་ལ་ནི་སྦྱང་བྱ་སྦྱོང་བྱེད་སྦྱང་འབྲས་སོགས་གཞན་ཡང་ཡོད་ཅེས་པའི་དོན་དུ་གོང་དུ་བཤད་པ་ལྟར་ཡིན་ནོ། །ཡང་ཐིག་ལེའི་རིམ་ཕྱིར་ལུས་སེམས་ཕྱིར། །ཞེས་པ་རྒྱུ་རྒྱུད་ལ་སྦྱར་བ་དང༌། དབང་ཕྱིར་ཞེས་པ་སྨིན་བྱེད་ཀྱི་དབང་དང༌། རང་བཞིན་གྱིས་དག་རྒྱུ་འབྲས་ཕྱིར། །ཞེས་པ་གྲོལ་བྱེད་རྫོགས་པའི་རིམ་པ་དང༌། དབྱིངས་དང་ཡེ་ཤེས་རྒྱས་གདབ་ཕྱིར། །ཞེས་པ་འབྲས་རྒྱུད་ལ་སྦྱར་བ་ཡིན་ནོ། །བསྐྱེད་རིམ་གཞན་ལ་མི་སྦྱོར་ཏེ། དམིགས་པ་ལྔ་པོ་འདི་བསྐྱེད་རིམ་དངོས་ཡིན་པའི་ཕྱིར། ཡན་ལག་བཞི་པ་ལྟར་ན་རྒྱུ་རྡོ་རྗེ་འཛིན་པ་སྐུ་མདོག་ནག་པོ་བྱེད་པ་རང་བཞིན་གནས་རིགས་འགྱུར་མེད་མཚོན།


TNT21_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་དྲུག་པ་ལྟར་ན་སྐུ་མདོག་དཀར་པོ་བྱེད་པ་རང་བཞིན་གནས་རིགས་དེ་རང་བཞིན་གྱིས་མཚོན་པ་དང༌། རྣམ་པ་གཅིག་ཏུ་ན་དཀར་པོ་དེ་ཁ་དོག་གང་དུ་ཡང་བསྒྱུར་དུ་རུང་བས་དེ་མཚོན། ཞལ་ཕྱག་རྣམས་དཀྱུས་བཞིན་ནོ། །གཉིས་པ་རྒྱུ་རྡོ་རྗེ་འཛིན་པའི་མཛད་པ་ལ། རྟེན་མཁའ་གསང་བྱིན་གྱིས་བརླབས་པ་དང༌། རྒྱུ་སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་དང༌། ངོ་བོ་འཁོར་གྱི་ལྷ་མོ་སྤྲོ་བ་སྟེ་གསུམ་ལས། དང་པོ་མཁའ་གསང་བྱིན་གྱིས་བརླབས་པ་དཀྱུས་ལྟར་ལ་སྔགས་དོན་ནི། ཨོཾ་པདྨ་རྒྱ་སྐད་སོར་བཞག །སུ་ཁ་བདེ་བ། དྷ་ར་འཛིན་པ། མཧཱ་ཆེན་པོ། རཱ་ག་སུ་ཁཾ་དང་ཆགས་པའི་བདེ་བ་སྟེར། ཙ་ཏུར་བཞི། ཨཱ་ནནྡ་དགའ་བ། བྷ་ག་བི་ཤྭ། སྐལ་པ་སྣ་ཚོགས་པ། ཧཱུཾ་ཧཱུཾ་ཧཱུཾ། བསྒྱུར་དུ་མེད། ཀརྻཾ་ཀུ་རུ་ཥ་མེ། བྱ་བ་མཛོད་ཅིག །བདག་ལའོ། །ཨོཾ་བཛྲ་རྡོ་རྗེ། མཧཱ་ཆེན་པོ། དེ་ཥ་ཞེ་སྡང༌། ཙ་ཏུར་ཨཱ་ནན་ད་དཱ་ཡ་ཀ །དགའ་བ་བཞི་སྟེར་བར་བྱེད། ཁ་གེ་མུ་ཁ། མཁའ་འགྲོ་གདོང༌། ཨེ་ཀ གཅིག །རཱ་སོ་ན་ཐ། རོ་གཅིག་མགོན། ཧཱུཾ་ཧཱུཾ་ཧཱུཾ། བསྒྱུར་དུ་མེད། ཀརྻཾ་ཀུ་རུ་ཥ་མེ། བྱ་བ་མཛོད་ཅིག་བདག་ལའོ། །ཞེས་པའོ། །གཉིས་པ་གོ་སླ་ཞིང༌། སྒྲུབ་ཐབས་དཀྱུས་བཞིན་ནོ། །གསུམ་པ་ལ། སྤྱིར་འཁོར་གྱི་ལྷ་མོ་སྤྲོ་ཚུལ། ཡན་ལག་བཞི་པའི་ཕྱོགས་ལ་འཁོར་གྱི་ལྷ་མོ་ཐམས་ཅད་ཀྱང་མངོན་བྱང་ལྔ་བསྐྱེད་ཡིན་ཞིང༌།


TNT21_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ནང་ནས་ཐིག་ལེ་སྤྲོ་བའི་ཚུལ་དང༌། ས་བོན་སྤྲོ་ཚུལ་གཉིས་ཡོད་པས་དེ་གཉིས་ཀྱིས་ཕྱི་རོལ་ཏུ་ལྷ་མོ་རྣམས་བསྐྱེད་ཆོག་གི་ཚིག་ལ་བརྟེན་ནས་བསྐྱེད་པ་ཡིན་ནོ། །ཡན་ལག་དྲུག་པའི་ཕྱོགས་ལ་མཁའ་ནང་ནས་ཡི་གེ་སྤྲོ་བའི་ཚུལ་དང༌། ཡི་གེ་རྣམས་ལྷ་མོར་གྱུར་ནས་ཕྱི་རོལ་ཏུ་སྤྲོ་བའི་ཚུལ་གཉིས་ལས། དཀྱུས་ཀྱི་འདི་ནི་ཕྱི་མ་ལྟར་ཡིན་ལ། གང་ལྟར་ཡང་དེ་རྣམས་ཅིག་ཅར་དུ་སྤྲོ་ཞིང་རིམ་གྱིས་གསལ་འདེབས་པ་ཡིན་ནོ། །མཁའ་ནང་ནས་ཕྱུང་བའི་ལྷ་མོ་རྣམས་འགོད་ཚུལ། དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །ཞེས་སོགས་གསུངས་ཤིང། སྐུ་མདོག་ཀྱང་གཽ་རཱི་ཁ་དོག་དཀར་པོར་གྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བཙོས་བཞིན། །གྷསྨ་རཱི་ནི་མརྒད་མཚུངས། །པུཀྐ་སཱི་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་མདོག་སངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །ཅེས་གསུངས་ཞིང༌། ཕྱག་མཚན་ཡང༌། དཀར་མོ་ཕྱག་གཡས་གྲི་གུག་སྟེ། །དེ་བཞིན་གཡོན་ཉ་རོ་ཧི་ཏ། །ཆོམ་མ་གཡས་ཅང་ཏེའུ་ཉིད། །གཡོན་པའི་ཕྱག་ན་ཕག་པ་ཉིད། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པ་ཡིས་ནི་པདྨའི་སྣོད། །གྷསྨ་རི་ཡིས་གཡས་ན་སྦྲུལ། །གཡོན་པས་རྣལ་འབྱོར་ལྷུང་བཟེད་ཉིད། །པུཀྐ་སི་གཡས་སེང་གེ་སྟེ། །གཡོན་པས་དགྲ་སྟ་དེ་བཞིན་ནོ། །རི་ཁྲོད་


TNT21_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཡས་དགེ་སློང་སྟེ། །གཡོན་ན་བསིལ་བྱེད་དེ་བཞིན་ནོ། །གདོལ་བ་མོ་གཡས་འཁོར་ལོ་སྟེ། གཡོན་པས་ཐོད་པ་དེ་བཞིན་ནོ། །གཡུང་མོའི་གཡས་ན་རྡོ་རྗེ་ཉིད། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །དེ་རྣམས་ཀྱི་གདན་ནི། ཚངས་པ་དབང་པོ་ཉེ་དབང་དང༌། །གཤིན་རྗེ་དང་ནི་ནོར་བདག་དང༌། །བདེན་བྲལ་དང་ནི་ཐག་བཟང་རིས། །གཽ་རཱི་མ་ལ་སོགས་པའི་གདན། །ཞེས་གསུངས་ཤིང། སྤྱིའི་མངོན་རྟོགས། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གཉིས་སྐྲ་ནི་གྱེན་དུ་བརྫེས། །ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན། །ཞེས་གསུངས། དེ་རྣམས་ཀྱི་དོན་མངོན་རྟོགས་རྣམས་གོ་སླ་ཞིང༌། གཽ་རཱི་གཡོན་གྱི་ཉ་རོ་ཧི་ཏ་ནི། རོ་ཧི་ཏ་ཞེས་དམར་པོ་ལ་འཇུག་པས་ཉ་དམར་པོ་གཞུར་ཡོད་པ། ཙོ་རིའི་གཡས་ཅང་ཏེའུ་ཏེ་ཌཱ་མ་རུ། བཻ་ཏ་ལི་གཡས་རུས་སྦལ། གཡོན་བདུད་རྩིས་བཀང་བའི་ཐོད་པ། གྷསྨཱ་རིའི་གཡས་སྦྲུལ་ལྗང་གུ། གཡོན་ན་བདུད་རྩིའི་བཀང་བའི་ཐོད་པ། གཞན་རྣམས་གོ་བདེ་ལ། གདོལ་བ་མོའི་ཕྱག་མཚན་འཁོར་ལོ་རྩིབས་བརྒྱད་པའི་རྩེ་ལ་མུ་ཁྱུད་ཡོད་པ། གཡོན་ཐོང་གཤོལ་གཡུང་མོའི་སྡིགས་མཛུབ་ནི་སྡིགས་མཛུབ་ལས་མཐེ་བོང་ལ་གུང་སྲིན་གྱི་ཕྱི་ནས་མནན་པ་ཁྲོ་བོའི་སྡིགས་མཛུབ་དང༌། ནང་ནས་མནན་པ་རྡོ་རྗེའི་སྡིགས་མཛུབ་གཉིས་ལས་འདིར་རྡོ་རྗེའི་སྡིགས་མཛུབ་


TNT21_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བོ། །དེ་དག་ལས་མཁའ་གསང་བྱིན་གྱིས་བརླབས་པ་ནི། ཕ་མ་འདོད་པའི་ཀུན་སྦྱོར་ལ་ཞུགས་པ་དང༌། དེ་བཞིན་གཤེགས་པ་རྣམས་འདོད་ཆགས་ཆེན་པོའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་མཚོན་པ་ཡིན་ནོ། །སངས་རྒྱས་བྱང་སེམས་ཀྱི་ཚོགས་དགུག་པ་ནི། སྐྱེ་བ་པོ་ཉིང་མཚམས་སྦྱོར་བ་དང༌། དེ་བཞིན་གཤེགས་པ་ཀུན་གྱི་སྤྲུལ་པའི་སྐུ་སྤྲུལ་པའི་རྒྱུ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་མཚོན། འཁོར་གྱི་ལྷ་མོ་སྤྲོ་བ་ནི་ལུས་ཅན་རྣམས་ཀྱི་སྐྱེ་བ་བླང་ནས་རང་གི་བྱ་བ་ལ་གནས་པ་དང༌། དེ་བཞིན་གཤེགས་པའི་སྤྲུལ་པ་སྣ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པ་མཚོན་ནོ། །གསུམ་པ་ཞུ་བ་གླུས་བསྐུས་པ་ལ། བར་དོའི་རྣམ་པར་ཤེས་པ་གཞུག་པ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ། ལྷ་མོ་བཞིའི་གླུས་བསྐུལ་བ་དང་གསུམ་ལས། དང་པོ་ནི། རྡོ་རྗེ་གུར་ལས། དྲི་ཟ་རྣམ་པར་ཞུགས་ནས་ནི། །ཞུ་བ་རྗེས་སུ་དྲན་པར་བྱ། །ཞེས་གསུངས་པའི་དོན་དེ། སླར་ཡབ་ཡུམ་སྙོམས་པར་ཞུགས་པས། བར་སྲིད་མཚོན་བྱེད་ཀྱི་ཡི་གེ་རྣམས་ཞལ་དུ་བཞུགས་པའོ། །གཉིས་པ་ནི། ཡབ་ཡུམ་གཉིས་རྗེས་ཆགས་ཀྱི་སེམས་ཀྱིས་ཞུ་བ་སྟེ་དཀྱུས་བཞིན་ནོ། །དེ་ཡང་མངོན་བྱང་ལྔ་བསྐྱེད་ནས་ཡེ་ཤེས་པ་བསྟིམ་པའི་བར་རྗེས་ཆགས་ཀྱི་ཡན་ལག་ཡིན་ཀྱང༌། རྗེས་ཆགས་ཀྱི་གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་ཞུ་བ་ཉིད་ཡིན་པས། ང་རྒྱལ་བཟུང་བའི་སྔགས་སྐབས་


TNT21_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་བརྗོད་དགོས་པ་ཡིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ། རྗེས་སུ་ཆགས་པ། བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའོ། །གསུམ་པ་ནི། མཚམས་ཀྱི་ལྷ་མོ་པུཀྐ་སི་སོགས་བཞི་ནི་སྤྱན་མ་སོགས་བཞི་དང༌། ཚད་མེད་བཞིའི་ངོ་བོ་ཡིན་པས་དེ་རྣམས་ཀྱིས་སེམས་ཅན་གྱི་དོན་ལ་བཞེངས་པར་གླུས་བསྐུལ་བ་ལ། པུཀྐ་སིས་ཐུགས་རྗེ་ཆེན་པོའི་སྒོ་ནས་བསྐུལ་བ་ནི། རྗེ་བཙུན་ཞེས་བོས་ནས། ཁྱེད་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་གྱི་ཡིད་ཡིན་པས། ཐིག་ལེ་ལས་ལྷ་སྐུ་ཞལ་ཕྱག་གི་རྣམ་པར་བཞེངས་ཤིག་བཞེངས་ནས་པུཀྐ་སཱི་བདག་ལ་སྐྱོབས་ཤིག །སྟོང་པ་ཉིད་ལ་བཞུགས་པའི་ཏིང་ངེ་འཛིན་རང་བཞིན་འདི་ཉིད་སྤོངས་ལ། བདག་ལ་བདེ་བ་ཆེན་པོའི་སྦྱོར་བའི་ས་ལ་ལོངས་སྤྱོད་བཞེད་པར་མཛོད་ཅིག །ཤ་བ་རིས་གནད་ལ་བོར་བའི་ཚུལ་གྱིས་བསྐུལ་བ་ནི། ཀྱཻ་རྡོ་རྗེ་ཁྱོད་མེད་པ་སྟེ་ཞལ་ཕྱག་གི་རྣམ་པར་མི་གསལ་ན། ཤ་བ་རི་བདག་འགུམ་པར་འགྱུར་བས། སྟོང་པའི་རང་བཞིན་ཉིད་སྤོངས་ལ་རི་ཁྲོད་མ་བདག་གི་འདོད་པའི་འབྲས་བུ་གྲུབ་པར་མཛོད་ཅིག །ཙནྡྲ་ལིས་སྔོན་གྱི་ཐུགས་དམ་རྗེས་སུ་རབ་ཏུ་དྲན་པའི་སྒོ་ནས་བསྐུལ་བ་ནི། དགའ་གཙོ་ཞེས་བོས་ནས་ཁྱོད་ཀྱིས་སྔོན་ཐུགས་བསྐྱེད་པའི་སྐབས་སུ་འཇིག་རྟེན་ཐམས་ཅད་མགྲོན་དུ་གཉེར་བ་སྟེ་གཞན་དོན་བྱེད་པར་དམ་བཅས་ཏེ། ད་སྟོང་པ་ཉིད་ཀྱི་དོན་ལ་བཞུགས་སམ་ཅི། ཁྱོད་


TNT21_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་བདག་གིས་ཕྱོགས་ནི་མི་འཚལ་བས་ཏེ་བླང་དོར་གྱི་གནས་མི་ཤེས་ན་ཀྱཻ་རྡོ་རྗེ་ཁྱོད་ལ་ཞལ་ཕྱག་གི་རྣམ་པར་བཞེངས་ཞེས་གདོལ་པ་མོ་བདག་ཞུ་བ་བགྱིད་དོ། །གཡུང་མོས་ཐུགས་ཡོངས་སུ་མཁྱེན་པའི་ཚུལ་གྱིས་བསྐུལ་བ་ནི། གཡུང་མོ་བདག་ནི་སེམས་སྒྲིམ་པས་བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། མིག་འཕྲུལ་མངའ་བ་ལྟར་སྤྲུལ་པ་སྣ་ཚོགས་སུ་འགྱེད་ནུས་ཤིང༌། སྣ་ཚོགས་སུ་སྣང་བའི་གཡོ་སྒྱུ་ཅན་འཚལ་གྱི། དེ་བས་ན་ཁྱོད་བཞེངས་ཤིག །སྙིང་རྗེས་རྒྱུན་ཆད་མ་མཛད་ཅིག་ཅེས་པའོ། །དེ་དག་ལས་བར་དོའི་རྣམ་ཤེས་གཞུག་པ་ནི། བར་སྲིད་ཀྱི་སེམས་ཅན་སྐྱེ་གནས་ལ་དམིགས་ནས་འཇུག་པ་དང། དེ་བཞིན་གཤེགས་པའི་འགྲོ་དོན་གྱི་དུས་མཁྱེན་པ་མཚོན་པ་དང༌། ཡབ་ཡུམ་ཞུ་བ་ནི་མངལ་དུ་སྲོག་ཆགས་པ་དང༌། འགྲོ་དོན་གྱི་རྒྱུ་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་བདེ་བ་ཆེན་པོའི་ཡེ་ཤེས་སུ་གནས་པ་དང་མཚུངས་པ་ཡིན་ཅིང། གླུས་བསྐུལ་བ་ནི། མངལ་དུ་ཆགས་པ་ནས་རྒྱུ་ཁུ་ཁྲག་འདྲེས་པ་ལ་ཡོད་པས་འབྱུང་བ་བཞི་དང༌། གྲོགས་མའི་མངལ་གྱི་འབྱུང་བ་བཞིའི། སས་སྲ་བར་བྱེད། ཆུས་སྡུད་པར་བྱེད། མེས་སྨིན་པར་བྱེད། རླུང་གིས་རྒྱས་པར་བྱེད་པ་དང༌། ཚད་མེད་བཞིས་ཐུགས་རྗེ་ཆེན་པོའི་ཏིང་ངེ་འཛིན་བསྐུལ་བ་མཚོན་ནོ། །བཞི་པ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ནི། ཡན་ལག་


TNT21_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་སོགས་མངོན་རྟོགས་རྒྱས་པའི་ཕྱོགས་ལ་མངོན་བྱང་ལྔ་བསྐྱེད་ཡོད་པ་ལྟར་ན། སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་སྔ་མའི་རིམ་པས་འགྲེའོ། །སྐབས་འདིའི་མངོན་རྟོགས་ཕལ་ཆེ་བ་ལ། འོད་ཀྱི་གོང་བུ་ལས་ས་བོན་དང། དེ་ལས་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པར་བཤད་པ་ཡིན་ཏེ། རྒྱུད་ལས། ཧཱུཾ་དང་ཨཾ་གི་རྡོ་རྗེ་ཆེ། ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞེས་དང༌། བདག་པོའི་ས་བོན་བདག་ཉིད་ནི། །ཨཾ་ཧཱུཾ་སྔོན་པོ་འབར་འཇིག་པས། །ཞེས་གསུངས་པས་གླུས་བསྐུལ་བའི་རྐྱེན་གྱིས་འོད་ཀྱིས་གོང་བུ་ལས་ས་བོན་ཧཱུཾ་དང་ཨཾ་སྔོན་པོ་འབར་ཞིང་འཇིག་པར་བསྒོམ། དེ་ཉིད་འོད་ཟེར་དང་བཅས་པས་མངལ་གྱི་གནས་སྐབས་བཅུ་ཆར་མཚོན་པ་ཡིན་ནོ། །དེ་ཡང་འབྲས་བུ་རྡོ་རྗེ་འཛིན་པའི་སྐུ་མདོག་ཕྱག་མཚན་སོགས་ནི། རྒྱུད་ལས། ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་རྣམ་པར་མནན་པ་ཉིད། །འཇིགས་པའང་འཇིགས་པར་མཛད་པ་པོ། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་པར་བཅས། ཁ་དོག་སྔོན་པོ་འཇིགས་ཆེན་པོ། །སྣ་ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་ཞལ་ནས་ཧཱུཾ་སྤྲོ་ཞིང༌། །ཐལ་བའི་ལུས་ལ་བྱུགས་པ་ཉིད། །ཅེས་དང༌། རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པའི་ཞལ་ནི་ཀུནྡ་མཚུངས། །


TNT21_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་དམར་པོ་ཆེར་འཇིགས་པ། །སྤྱི་བོའི་ཞལ་ནི་གཙིགས་པ་ཅན། །སྤྱན་ནི་ཉི་ཤུ་རྩ་བཞི་ཆེ། །ལྷག་མའི་ཞལ་ནི་བུང་བ་བཞིན། །ཞེས་དང༌། གླང་པོ་རྟ་བོང་གླང་རྔ་མོང༌། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་མེ་དང་ནི། །རླུང་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་གནོད་སྦྱིན་ཉིད། གཡོན་པའི་ཐོད་པ་བརྒྱད་ནའོ། །ཞེས་གསུངས་སོ། །མངོན་རྟོགས་དཀྱུས་གོ་སླ་ཞིང༌། སྟེང་ཞལ་དུད་ཁ་ནི་སྤོས་དུད་ཀྱི་ཁ་དོག་ལྟ་བུ་སྔོ་བསངས་ཡིན་ལ། སྟེང་ཞལ་གཙིགས་པ་སྟེ་མཆེ་བ་ཆེར་མདོན་པ་ཨམ་གཙིགས་ལྟ་བུའོ། །རྗེ་བཙུན་གོང་མ་རྣམས་ཀྱི་ཡིག་ཆ་ལས་རྒྱབ་ཞལ་བཞི་ནག་པོ་ཞེས་པ་ཁོ་ནར་གསུངས། བར་གྱི་བླ་མ་རྣམས་གཡས་གཡོན་གྱི་ཞལ་མ་ཡིན་གྱི། རྒྱབ་ཞལ་མི་བྱེད་པར་ལྷག་པ་ཅུང་ཟད་ཡོད་པར་བྱས་པར་བཞེད། ཤ་ར་བྷ་ནི་སེངྒེ་རྐང་པ་བརྒྱད་པ་ཞེས་པ་སོགས་དང་དཔྱི་གཉིས་སུ་ཡང་གཤོག་པ་རེ་རེ་ཡོད་པས་རྐང་པ་བརྒྱད་པར་བཏགས་ལ། དབྱིབས་སེངྒེ་ལྟ་བུ་ལ་ལུག་གི་རྭ་ལྟ་བུའི་རྭ་དང་ལྡན་པ་ཁ་དོག་སྔོན་པོ་ཡོད་པའོ། །སའི་ལྷ་ནི་སའི་ལྷ་མོ་ཡིན་ལ། གཞན་རྣམས་ནི་ལྷ་ཕོའོ། །ཞབས་གཡས་གཉིས་བརྐྱང་བའི་བརླ་ལ་གཡོན་གཉིས་བསྐུམ་པའི་སོར་མོ་རྣམས་བསྟད་པའི་སྐྱིལ་ཀྲུང་ཕྱེད་པ་དང༌། མདུན་མ་གཉིས་བརྐྱང་བསྐུམ། རྒྱབ་མ་གཉིས་སྐྱིལ་ཀྲུང་


TNT21_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་པའི་གར་སྟབས་མཛད་པ་གཉིས་ཀ་ལ་ལུང་རྣམ་པར་དག་པ་ཡོད་པས་གཉིས་ཀ་འཐད་པས། ཕྱོགས་གཅིག་ལ་ཨ་ལ་འཐད་པར་གང་བདེ་བྱ་ཞིང༌། ས་ལུགས་པ་མ་གཏོགས་པའི་གཞན་བོད་ཀྱི་ཀྱཻ་རྡོར་བ་ཐམས་ཅད་ནི་ཞབས་ཀྱི་བཞུགས་སྟབས་ཕྱི་མ་འདི་ཁོ་ན་བཞེད་ཅིང༌། ས་ལུགས་ལ་ཡང་རྗེ་བཙུན་གོང་མ་རྣམས་ཀྱི་ཐུགས་དམ་བྲིས་སྐུ་ཡིད་ཆེས་པ་ཅན་སོགས་ལས་ནི་ཕྱི་མ་འདི་ཁོ་ན་འབྱུང༌། རྒྱུད་འདིར་རུས་པའི་རྒྱན་ལྔ་གསལ་ཏེ། ཕྱག་རྒྱ་ལྔས་ནི་རྣམ་པར་བརྒྱན། །ཞེས་ཆོས་སྐུ་རྡོ་རྗེ་འཆང་ལ་ཡང་ཕྱག་རྒྱ་ལྔར་བཤད། སྤྱོད་པའི་སྐབས་སུ་ཐལ་བ་ཡང་བཤད་པས། སེར་རལ་ཁ་ཡང་མན་ངག་གིས་སྦྱར་ནས་རྒྱན་དྲུགས་སྐྱ་བ་ཕྱི་མ་རྣམས་དབུ་གཅིག་ལ་ཞལ་བརྒྱད་དུ་བཞེད་ཀྱི། དབུ་བརྒྱད་གཏན་ནས་མི་འཐད་པར་འདོད་ཀྱང༌། དེ་མ་ཐག་ཏུ་དབུ་རེ་རེ་ལ་མི་མགོ་སྐམ་པོ་ལྔ་ལྔས་དབུ་བརྒྱན་པ་ཞེས་འདོན་པ་དང་འགལ། དེས་ན་དབུ་བརྒྱད་འདོད་པ་དང་ཞལ་བརྒྱད་དུ་འདོད་པའང་གཉིས་ཀ་ཕྱོགས་རེར་མ་ལྷུང་བ་བྱ་ཞིང༌། རྗེ་བཙུན་གོང་མ་རྣམས་དབུ་བརྒྱད་དུ་འདོད་པ་ཤས་ཆེའོ། །ཕྱག་བཅུ་དྲུག་རེ་རེ་ལའང་དཔུང་པ་རེ། དེ་རེ་རེ་ལ་སོག་པ་རེ་རེའོ། །བདག་མེད་མའང་དཀྱུས་བཞིན་ནོ། །དེ་ལྟར་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྐྱེད་པ་ནི། མའི་མངལ་ནས་བཙས་པ་མཚོན་པ་དང། སྤྲུལ་པའི་སྐུ་ཡུམ་གྱི་ལྷུམས་སུ་


TNT21_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པ་དང་སྐུ་བལྟམས་པ་མཚོན་ནོ། །ལྔ་པ་འོད་ཟེར་སྤྲོ་བསྡུའི་ཞིང་སྦྱོང་བ་ནི། ཡབ་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ། ཞེས་སོགས་ལྷ་རྣམས་ཀྱི་ཐུགས་ཀར་ས་བོན་གདན་དང་བཅས་པ་ཙམ་བསྒོམས་པས་ཀྱང་སེམས་དཔའ་སུམ་བརྩེགས་དོན་གྱིས་སྒོམ་པ་ཡིན་ཏེ། དེ་ཡང་ས་བོན་གྱི་ཡི་གེ་གདན་དང་བཅས་པ་ནི་ཡེ་ཤེས་སེམས་དཔའ་དང༌། ཟླ་ཕྱེད་ཐིག་ལེ་ནཱ་དཱ་རྣམས་ནི་ཏིང་ངེ་འཛིན་སེམས་དཔའོ། །འདི་ལ་སློབ་དཔོན་མི་ཐུབ་ཟླ་བའི་སྒྲུབ་ཐབས་ཡན་ལག་དྲུག་པར་སེམས་དཔའ་སུམ་བརྩེགས་དངོས་སུ་བསྐྱེད་པར་བཤད་དེ། འདིས་ནི་མངལ་ནས་བཙས་པའི་སེམས་ཅན་གྱི་སེམས་ཀྱི་ནུས་པ་གོང་ནས་གོང་དུ་འཕེལ་བ་དང། སྤྲུལ་པའི་སྐུ་བསྟིམ་ནས་ཡེ་ཤེས་ལྷག་པར་སྤྲོ་བ་མཚོན་པ་ཡིན་ནོ། །དེ་རྣམས་ལས་འོད་ཟེར་འཕྲོས། སྣོད་ཐམས་ཅད་གཞལ་ཡས་ཁང༌། བཅུད་ཀྱི་སེམས་ཅན་རེ་རེ་བཞིན་ཡང་ལྷ་དགུ་དགུར་མོས་པ་བྱ། དེ་ལྟར་འོད་ཟེར་སྤྲོ་བསྡུའི་ཞིང་སྦྱངས་པ་ནི། སྣོད་བཅུད་དུ་འཛིན་པའི་འདུ་ཤེས་རགས་པ་ལྷག་པར་རྒྱས་པ་དང༌། རྫོགས་སྨིན་སྦྱང་གསུམ་གྱི་ལྷག་མའང་ཅི་རིགས་པར་སྤྱོད་པ་མཚོན་པ་ཡིན་ནོ། །དྲུག་པ་སྐྱེ་མཆེད་བྱིན་གྱིས་བརླབས་པ་ནི། དེ་ཐམས་ཅད་ཀྱི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་ཀྱི་དབང་རྟེན་སོ་སོ་དང༌། དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ལྷ་རྣམས་ཀྱི་མིང་ཡིག་དང་པོ་ལ་སོགས་པ་


TNT21_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐིག་ལེས་བརྒྱན་པ་ལས་གཏི་མུག་རྡོ་རྗེ་མ་སོགས་སྐྱེ་མཆེད་སོ་སོའི་ལྷར་བསྒོམས་ཤིང༌། དེ་ཡང་མིག་སོགས་སུ་ལྷ་མོ་དེ་དག་གིས་སྤྲོས་པར་སྒོམ་པ་ཡིན་གྱི། མིག་སོགས་ཉིད་དེ་དང་དེར་བསྒོམ་པ་ནི་མ་ཡིན་ལ། སྐུ་མདོག་ཕྱག་མཚན་དཀྱུས་བཞིན་ནོ། །དེ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ནུས་པ་འཕེལ་བ་དང༌། སྐུ་གསུང་ཐུགས་ཀྱི་མཛད་པས་གདུལ་བྱ་ཡོངས་སུ་སྨིན་པར་མཛད་པ་མཚོན་ནོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ནི་རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་མཆོད་དེ་དགུག་གཞུག་བྱ་བ་སོགས་དཀྱུས་བཞིན་ནོ། །དེ་རྣམས་ཀྱིས་ལོ་བཅུ་དྲུག་གམ་བཅུ་གཉིས་ལོན་པ་ན། འདོད་པའི་ཡུལ་རྣམས་ལ་བྱེ་བྲག་ཕྱེད་པས་ལུས་སེམས་ཀྱི་མཐུ་ཡོངས་སུ་རྫོགས་པ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཆགས་བྲལ་བརྙེས་པའི་ཚུལ་སྟོན་པ་མཚོན་པ་ཡིན་ནོ། །དེ་དག་ནི་རྗེས་ཆགས་ཀྱི་ཡན་ལག་ཡིན་ཏེ། མངོན་བྱང་གི་ཚེ་ཉི་ཟླ་ཁ་སྦྱོར་གྱི་རྗེས་ཆགས་དང༌། རྒྱུ་རྡོ་རྗེ་འཛིན་པ་དང་འབྲས་བུ་རྡོ་རྗེ་འཛིན་པ་ཞལ་སྦྱོར་གྱི་རྣམ་པ་ཅན་གྱི་རྗེས་ཆགས་དང༌། དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་བསྟིམས་ནས་བདེ་བ་ཆེན་པོ་སྐྱེ་བ་དང༌། འཁོར་གྱི་ལྷ་མོ་སྤྲོ་བ་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བ་གཉིས་ནི་རྗེས་ཆགས་དངོས་ཡིན་པས་སོ། །དེ་ལྟར་རྗེས་ཆགས་དེ་རྣམས་རྡོ་རྗེ་སེམས་


TNT21_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་ཡན་ལག་ཡིན་ཏེ། རྡོ་རྗེ་སེམས་དཔའ་ནི་བདེ་བ་ཆེན་པོའི་ངོ་བོ་དང་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན་ལ། ཡན་ལག་འདི་ཡང་བདེ་བ་ཆེན་པོའི་ལམ་དངོས་དང་ཡན་ལག་དྲུག་གི་གཙོ་བོ་ཡིན་པ་དང༌། ཡང་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱི་རྩ་བ་ཡིན་པ་དང༌། ཡན་ལག་འདི་ཡང་སྒྲུབ་ཐབས་ཀྱི་རྩ་བ་ཡིན་པས་དེ་དང་ཆ་མཐུན་པའོ། །གསུམ་པ་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ལ། དབང་བསྐུར་བ་དང༌། རྒྱས་གདབ་པ་གཉིས། དང་པོ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་ནག་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། དབང་གི་ལྷ་རིགས་ལྔ་སོགས་གདན་གསུམ་ཚང་བའི་ལྷ་ཚོགས་སྤྱན་དྲངས་ལ་མཆོད་དེ་གསོལ་བ་བཏབ་དབང་བསྐུར་ཏེ། དེ་ཡང་རྒྱུད་གཞན་ལས་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་བཞིའི་དབང་བསྐུར་བ་སོགས་བཤད་མོད། འདིར་རིགས་ལྔ་ཉིད་ཀྱིས་དབངབསྐུར། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་བྱས་པར་བཤད་དོ། །རྒྱུད་ལས། སངས་རྒྱས་དེ་རྣམས་ཧེ་རུ་ཀའི་རྣམ་པས་གཟུགས་ཀྱི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱིས། བདུད་རྩི་ལྔས་གང་བའི་བུམ་པ་ལྔས་དབང་བསྐུར་བྱའོ། །དབང་བསྐུར་བ་ན་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔའི་སྒྲ་འབྱུང་བར་འགྱུར་རོ། །


TNT21_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གུར་གུམ་གྱི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །རྡོ་རྗེའི་གླུ་སྤྱན་མ་ལ་སོགས་པ་རྣམས་ཀྱིས་བླང་ངོ༌། །ཞེས་གསུངས་སོ། །དེ་ཡང་སྨིན་མཚམས་ཀྱི་འཁོར་ལོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་རིམ་པ་བཞིན་དུ་ལུས་ངག་ཡིད་གསུམ་གྱི་སྣང་བ་འབྱུང་བའི་རྩ་ཡིག་གི་གནས་ཡིན་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་གནས་སུ་འཇོག་པ་དང༌། ལུས་ཀྱི་དྲི་མ་དག་བྱེད་བུམ་དབང༌། ངག་གི་དྲི་མ་དག་བྱེད་གསང་དབང༌། ཡིད་ཀྱི་དྲི་མ་དག་བྱེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཡིན་པས་དབང་གི་ཆུ་རྒྱུན་གྱིས་སྨིན་མཚམས་ཡན་ཆད་གང༌། བུམ་པའི་དབང་ཐོབ། བུམ་དབང་གི་ལམ་གྱི་མཐར་ཐུག་པ་བསྐྱེད་རིམ་གྱི་རྒྱན་ཕྲ་མོ་ཚུན་ཆད་གསལ་འདེབས་པ་ཡིན་ལ། དེ་མཚོན་དོན་དུ། སྤྱི་བོའི་འཁོར་ལོ་མི་བསྐྱོད་པ་སོགས་བརྗོད་དོ། །མགྲིན་པ་ཡན་ཆད་གང༌། གསང་དབང་ཐོབ་པའི་དེའི་ལམ་རང་བྱིན་རླབས་ཀྱི་མཐར་ཐུག་པ་འཁོར་ལོ་བཞི་ཕྱག་རྒྱ་བཞིར་མོས་པ་སྟེ། ལྟེ་བ་སྤྲུལ་པའི་འཁོར་ལོ་ཞེས་སོགས་ཀྱི་བརྗོད། སྙིང་ག་ཡན་ཆད་གང་བས་ཤེར་དབང་ཐོབ་སྟེ། སྐྱེ་མཆེད་སྐུ་གསུང་ཐུགས་བྱིན་རླབས་དྲན་པར་བྱ་སྟེ་དེའི་དོན་དཀྱིལ་འཁོར་འཁོར་ལོའི་ལམ་བསྒོམས་པས་མཐར་ཐུག་ཏུ་རྩ་རྣམས་བྱང་ཆུབ་ཀྱི་སེམས་ཀྱི་སྐྱེ་མཆེད་དབང་པོའི་སྒོ་ཐམས་ཅད་ཀྱང་གང་བས་འཇུག་ཤེས་དྲུག་བདེ་སྟོང་གི་ཡེ་ཤེས་


TNT21_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འཆར་ཚུལ་ཡིན་ནོ། །མིག་ཏུ་གཏི་མུག་རྡོ་རྗེ་མ་སོགས་བརྗོད། དབང་བཞི་པ་དྲི་མ་མཐའ་དག་སྦྱོང་བྱེད་ཡིན་པའི་ཕྱིར་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་བ་ལ་སྦྱོར་ཞིང༌། དེའི་མཐར་རྒྱས་གདབ་བྱེད་པ་ཡིན་པས་ཆུ་དེའི་ནང་ནས་དྭངས་མའམ་གཙོ་བོ་ཞིག་ཡར་བྱུང་སྤྱི་བོར་འཁྱིལ་བ་ལས་རིགས་བདག་འབྱུང་བ་ནི། དབང་བཞི་པའི་ལམ་རྡོ་རྗེའི་རྦ་རླབས་ཀྱི་སྐབས་སུ་བྱང་ཆུབ་སེམས་ཀྱི་བསྒྲོད་པ་དང༌། རྩ་རྣམས་གཙུག་གཏོར་ཏུ་ཐིམས་པ་མཚོན། དེ་ལྟར་སྔར་བཤད་པ་རྣམས་ཀྱི་སྟེང་དུ་དབང་བསྐུར་བས། ལྷའི་རྣལ་འབྱོར་མ་ཚང་བ་མེད་པ་ཡིན་ཞིང༌། དེ་ཉིད་རང་རང་གི་རིགས་དང་རྗེས་སུ་འབྲེལ་ནས་ལས་ཀྱི་མཐའ་ལ་གནས་པ་དང༌། བྱང་ཆུབ་ཆེན་པོར་སངས་རྒྱས་རྣམས་ཀྱི་དབང་བསྐུར་བའི་རྐྱེན་གྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟོན་པ་མཚོན་ནོ། །གཉིས་པ་ནི། སྤྱིར་རྒྱས་གདབ་ལ། ངོ་བོ་ཉིད་ཀྱི་རྒྱ། ལུས་ལ་སེམས་ཀྱི། སེམས་ལ་ལུས་ཀྱི། རྒྱུ་ལ་འབྲས་བུའི། འབྲས་བུ་ལ་རྒྱུའི་རྒྱས་གདབ་སྟེ་ལྔ་པོ་འདིས་ཆོས་ཐམས་ཅད་ལ་རྒྱས་གདབ་པར་བྱ་བ་ཡིན། །དེ་ཡང་ཆོས་ཐམས་ཅད་རང་བཞིན་གྱི་རྣམ་པར་དག་པ་ནི་ངོ་བོ་ཉིད་ཀྱི་རྒྱས་གདབ་པའོ། །གཟུགས་ཅན་དུ་སྣང་བ་ཐམས་ཅད་རྣམ་པར་རིག་པ་ཙམ་ཡིན་པས་ལུས་ལ་སེམས་ཀྱིས་རྒྱ། སེམས་ཉིད་ཁམས་གསུམ་གྱི་དངོས་པོར་སྣང་བ་ནི་སེམས་ལ་


TNT21_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རྒྱ། དངོས་པོ་ཐམས་ཅད་རྒྱུ་འབྲས་ཕན་ཚུན་འབྲེལ་བ་ཅན་ཡིན་པ་ནི་རྒྱུ་ལ་འབྲས་བུ་དང༌། འབྲས་བུ་ལ་རྒྱུའི་རྒྱའོ། །འདིར་གཙོ་བོ་ཡབ་ཡུམ་ལ་མི་བསྐྱོད་པས་རྒྱས་གདབ་པ་ནི་ངོ་བོ་ཉིད་ཀྱི་རྒྱ་སྟེ། གཙོ་བོ་ཡབ་ཡུམ་ཞེ་སྡང་རྣམ་པར་དག་པ་དང་རྡོ་རྗེའི་རིགས་ཡིན་ལ། མི་བསྐྱོད་བའང་དེ་ཡིན་པས་སོ། །གཽ་རཱི་དང་པུཀྐ་སཱི་ལ་མི་བསྐྱོད་པས་རྒྱས་གདབ་པ་ནི་ལུས་ལ་སེམས་ཀྱི་རྒྱ་སྟེ་གཽ་རཱི་ནི་རྣམ་པར་སྣང་མཛད་ལྷ་མོར་བསྟན་པ་ཡིན་ལ། རྣམ་སྣང་ནི་གཟུགས་ཕུང་དག་པ་ཡིན། པུཀྐ་སཱི་ནི་ས་ཁམས་རྣམ་དག་ཡིན། དེ་ཡང་གཟུགས་སུ་འདུས་པའི་ལུས་ཡིན་ལ། མི་བསྐྱོད་པ་ནི་རྣམ་ཤེས་རྣམ་པར་དག་པ་སེམས་ཡིན་པས་སོ། །རྒྱུད་ལས་རྡོ་རྗེ་སྙིང་པོས་གསོལ་བ། ས་ནི་པུཀྐ་སཱིར་བཤད་པ། །གང་ཕྱིར་གཏི་མུག་སྲ་བ་ཉིད། །སྐུ་ནི་རྣམ་སྣང་ཉིད་གསུང་ན། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་སྤངས་ནས་ནི་ལུས་ཀྱི་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །དེ་ཕྱིར་རྣམ་པར་སྣང་མཛད་སེམས། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདབ། །ཅེས་སོ། །ཙཽ་རཱི་དང་ཤ་བ་རི་ལ་རྣམ་སྣང་གི་རྒྱས་གདབ་པ་ནི། སེམས་ལ་ལུས་ཀྱི་རྒྱ་སྟེ། ཙཽ་རཱི་ནི་སྒྲ་རྣམ་དག་ཡིན། སྒྲ་རྡོ་རྗེ་མ་མི་བསྐྱོད་པའི་རིགས་ཡིན་པས་དེ་དགོངས་ཤིང༌། ཤཱ་བཱ་རི་ཆུ་རྣམ་དག །དོན་དུ་དེ་གཉིས་རྣམ་ཤེས་རྣམ་དག་གི་ངོ་བོ་སེམས་ཡིན་ལ་


TNT21_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྣང་མཛད་ལུས་རྣམ་པར་དག་པ་ཡིན་པས་སོ། །རྒྱུད་ལས། ལུས་སྤངས་ནས་ནི་སེམས་ཀྱི་ནི། །གནས་པ་གཞན་དུ་མཐོང་མི་འགྱུར། །གང་ཕྱིར་སེམས་ནི་གཏི་མུག་འགྱུར། །ཐུགས་ལ་གཏི་མུག་ཕྱག་རྒྱས་བཏབ། །ཅེས་སོ། །བཻ་ཏ་ལཱི་དང་ཙནྡྲ་ལཱི་ལ་རིན་ཆེན་འབྱུང་ལྡན་གྱིས་རྒྱས་གདབ་པ་ནི་རྒྱུ་ལ་འབྲས་བུའི་རྒྱ་སྟེ། བཻ་ཏཱ་ལི་འདོད་ཆགས་རྣམ་དག་འོད་དཔག་མེད་ལྷ་མོར་བསྟན་པ་དང༌། ཙནྡྲ་ལཱི་མེ་རྣམ་དག་ཡིན་པས་དེ་གཉིས་ཀ་འདོད་ཆགས་རྣམ་དག་ཡིན་ལ། རྒྱུ་འདོད་ཆགས་ལས་འབྲས་བུ་ལོངས་སྤྱོད་ལ་བརྐམ་པའི་སེར་སྣ་དང༌། འདོད་པའི་དངོས་པོ་དེ་སྙམ་དུ་ང་རྒྱལ་སྐྱེ། རིན་འབྱུང་ནི་ང་རྒྱལ་དང་སེར་སྣ་རྣམ་དག་ཡིན་པས་སོ། །རྒྱུད་ལས། གང་ཕྱིར་འདོད་ཆགས་ཁྲག་བཤད་པ། ཁྲག་ནི་རིན་ཆེན་འབྱུང་ལྡན་ཉིད། །དྲོད་ནི་ཁྲག་གི་རང་བཞིན་ཕྱིར། །འདོད་ཆགས་སེར་སྣས་ཕྱག་རྒྱས་གདབ། །ཅེས་སོ། །གྷསྨ་རཱི་དང་ཌོམྦྷི་ནཱི་ལ་འོད་དཔག་མེད་ཀྱི་རྒྱས་གདབ་པ་ནི་འབྲས་བུ་ལ་རྒྱུའི་རྒྱ་སྟེ། གྷསྨཱ་རཱི་ཕྲག་དོག་རྣམ་དག་དང༌། ཌོམྦྷི་ནཱི་རླུང་རྣམ་དག་སྟེ་གཉིས་ཀ་ཕྲག་དོག་རྣམ་དག་ཡིན་ལ། རྒྱུ་བདག་ཉིད་ལ་ཆགས་པའི་རྐྱེན་གྱིས། འབྲས་བུ་གཞན་གྱི་ཕུན་སུམ་ཚོགས་ལ་སྡང་བའི་ཕྲག་དོག་འབྱུང༌། འོད་དཔག་མེད་འདོད་ཆགས་རྣམ་དག་ཡིན་པས་སོ། །རྒྱུད་ལས། འདོད་ཆགས་མ་གཏོགས་ཕྲག་དོག་ནི། །


TNT21_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་འབྱུང་བ་མ་ཡིན་ཏེ། །དེའི་ཕྱིར་འདོད་ཆགས་ཕྱག་རྒྱ་ཡིས། །མཁས་པས་གཡུང་མོ་ཕྱག་རྒྱ་གདབ། །ཅེས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ། མངོན་པར་དབང་བསྐུར་བ། བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཞེས་ང་རྒྱལ་བཟུང་ངོ༌། །དེ་ལྟར་དབང་བསྐུར་བ་མི་བསྐྱོད་པའི་ཡན་ལག་ཡིན་ཏེ། དབང་བསྐུར་བ་ནི་བུམ་པའི་ཆུའི་བྱ་བ་དང་འབྲེལ་བ་ཡིན་ལ། ཆུ་ཁམས་རྣམ་པར་དག་པ་མ་མཱ་ཀི་དང༌། མ་མཱ་ཀི་མི་བསྐྱོད་པའི་ཡུམ་ཡིན་པས་སོ། །ལྷ་ལ་དབང་བསྐུར་བའི་བྱ་བ་ཡོངས་སུ་རྫོགས་པ་ན། དེ་ཉིད་ཀྱི་ང་རྒྱལ་བཟུང་བར་བྱ་བ་ཡིན་ཏེ། དབང་བསྐུར་བའི་ཡན་ལག་གིས་མཚམས་ཤེས་པའི་ཆེད་ཡིན་པའི་ཕྱིར་རོ། །འདི་ནི་འོག་ནས་འབྱུངབའི་ཡན་ལག་ཕྱི་མ་གསུམ་ལའང་རིགས་འགྲེའོ། །བཞི་པ་བདུད་རྩི་མྱངས་པ་འོད་དཔག་མེད་ཀྱི་ཡན་ལག་ནི་ནང་མཆོད་དངོས་སུ་ཡོད་ན་དེའམ་བསམ་པས་ཀྱང་རུང་སྟེ། གསང་བ་འདུས་པ་ལས། ཤ་རྣམས་ཐམས་ཅད་མེད་ན་ཡང༌། །ཐམས་ཅད་བསམ་པའི་རྣམ་པར་གཞག །རྡོ་རྗེའི་སྦྱོར་བ་འདི་ཡིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་བརླབས། །ཞེས་བྱའོ། །གང་ལྟར་དེ་ལ་དམིགས་ཏེ། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བརྡུང་བ་ལྟ་བུ་སྟེ་ཟླ་གམ་འཆང་ཟུང་དང་མཆོག་མ་ལ་ཡཾ་དང་བ་དན་གྱིས་མཚན་པ།


TNT21_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་འབར་བས་མཚན་པ། ཨོཾ་ཨཱཿཧཱུཾ་ལས་མི་མགོའི་སྒྱེད་བུ་ལ་གནས་པའི་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བར་རང་ལ་བསྟན་པ་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ་ཨ་ལས་ཟླ་བའི་སྟེང་དུ་ས་བོན་ལས་ཤ་ལྔ་དང་བདུད་རྩི་ལྔ་བསྐྱེད། དེ་རྣམས་ཀྱི་མཐོ་གང་ཙམ་གྱི་ནམ་མཁའ་ལ་དེ་རྣམས་བྱིན་རླབས་བྱེད། ཡེ་ཤེས་ལྔའི་ས་བོན་རྣམས་བསྐྱེད། ཟླ་བའི་མཐར་ཨཱ་ལི་ཀཱ་ལི་བསྒོམ། འདི་ལ་གཞུང་གི་ཟིན་པོ་མེད་ཀྱང་མན་ངག་ཡིན། དེ་རྣམས་ཀྱི་སྟེང་གི་ནམ་མཁར་ཨོཾ་དཀར་པོ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། འདི་ལ་ཨཱ་དམར་པོ་དོན་གྱིས་དགོས། དེའི་སྟེང་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་སྟེ་ཡིག་འབྲུ་གསུམ་གའང་བདུད་རྩིའི་འཛག་པའི་ཕྱིར་མགོ་བོ་ཐུར་བསྟན་ཡིན། རྡོ་རྗེའི་ལྟེ་བའི་ཧཱུཾ་ལས་འོད་ཟེར་འོག་ཏུ་འཕྲོས། རླུང་གཡོས་མེ་སྦར། ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་རྣམས་འོད་དུ་ཞུ་ཞིང་བསྐོལ་བས་ཁ་དོག་དམར་སེར་དུ་འགྱུར། དེའི་རླངས་པ་གྱེན་དུ་ལ་སོང་བ་སོགས་དཀྱུས་བཞིན་ཡིན་ཅིང༌། དེ་རྣམས་དམ་ཚིག་པའི་བདུད་རྩིའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་སྟེ་ཀྱཻ་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཐོད་པ། གྲུ་མོར་ཁ་ཊྭཱཾ་ག་འཛིན་པ་ནི་ཡེ་ཤེས་ཀྱི་བདུད་རྩི་སྟེ། དེ་སྤྱན་


TNT21_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་བསྟིམས་ནས་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར་གྱི་བར་དུ་དཀྱུས་བཞིན། ཤ་ལྔ་བདུད་རྩི་ལྔའི་མ་དག་པའི་ཆ་རྣམས་དག་སྟེ་མི་སྣང་བར་བྱས་པ་ནི་སྦྱངས་པ། དེ་ཉིད་ཡེ་ཤེས་སུ་རྟོགས་པ་ནི་རྟོགས་པ། རྒྱ་ཆེ་ཤིང་ཟད་མི་ཤེས་པར་སྤེལ་བ་ནི་སྦར་བ། དེ་ཡང་ཁོལ་ཞིང་ལུད་པའི་སྐབས་མ་དག་པའི་ཆ་ཤས་དང་རགས་པ་རྣམས་ཕྱིར་བོ་བའམ་མེད་པར་བསམ་པ་གང་རུང་བྱ། ཨོཾ་ཨཱཿཧཱུཾ་གསུམ་ནི་སྦྱངས་རྟོགས་སྤར་གསུམ་གྱི་སྔགས་ཡིན་ལ། ཧ་ཞེས་བརྗོད་པའི་སྐབས་བདུད་རྩིའི་སྟེང་དུ་ཧ་སེར་པོ་བསམ་སྟེ་བདུད་རྩི་ལ་ཐིམ་པས་ཁ་དོག་ཕུན་སུམ་ཚོགས་པར་བསམ། ཧོ་དཀར་པོ་བསམ་ནས་ཧོཿཞེས་བརྗོད་ཅིང་ཐིམ་པས་དྲི་ཕུན་སུམ་ཚོགས་པ། ཧྲཱི་སྔོན་པོ་བསམ་བརྗོད་བྱས་ཤིང་ཐིམ་པས་རོ་ཕུན་སུམ་ཚོགས་པར་བསམ་ལ་ཕྱག་རྒྱ་རྣམས་དཀྱུས་བཞིན་ནོ། །འབུལ་བ་ནི། རྒྱས་པར་ན་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་མཚན་ནས་སྨཽས་ཏེ་འབྲུ་གསུམ་སྦྱར་བ་དང༌། ལྷ་སོ་སོའི་སྔགས་ཀྱིས་ཕུལ། བསྡུ་ན་ལྷ་རྣམས་ཀྱི་ལྗགས་ཀྱི་རྩེ་རྡོ་རྗེ་ནས་འབྲས་བུ་ཙམ་ལས་བྱུང་བའི་འོད་ཀྱི་སྦུ་གུས་དྲངས་ནས་གསོལ་བར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་ཞེས་བརྗོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨམྲྀ་ཏེ། བདུད་རྩི། སྭ་ད་ན། མྱང་བ། བཛྲ་སྭ་བྷ་ཝ་ཨཱརྨ་ཀོ྅ཧཾ་གི་ང་རྒྱལ་བཟུང་ངོ༌། །བདུད་རྩི་མྱང་བ་ནང་གི་མཆོད་པ་ཡིན་ན་ཡང་


TNT21_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཡན་ལག་ལས་འདིར་བཟུང་དུ་ཕྱུང་བ་ཡིན། རྒྱལ་བ་རིགས་དྲུག་གི་དག་པའི་མངོན་རྟོགས་ཡན་ལག་དྲུག་འཇོག་དགོས་པའི་རྒྱུ་མཚན་གྱིས་སོ། །དེ་ལྟར་ན་བདུད་རྩི་མྱང་བ་འོད་དཔག་མེད་ཀྱི་ཡན་ལག་ཡིན་ཏེ། བདུད་རྩི་ནི་མགྲིན་པར་མྱང་བ་ཡིན་ལ། མགྲིན་པ་ནི་ངག་གི་གནས་ཡིན་པའི་ཕྱིར་དང༌། ངག་རྣམ་པར་དག་པ་འོད་དཔག་མེད་ཡིན་པས་སོ། །ལྔ་པ་མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ནི། རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་མཆོད་པར་བསམ་ཞིང༌། དཀར་མོ་རི་དྭགས་སོགས་བརྗོད། དོན་ནི་བརྗོད་ཟིན་ཏོ། །ཨོཾ་སརྦ་ཏ་ཐཱ་གཱ་ཏ་པཱུ་ཛ། མཆོད་པ། བཛྲ་སོགས་ཀྱིས་ང་རྒྱལ་བཟུང་ངོ༌། །མཆོད་པ་དོན་ཡོད་གྲུབ་པའི་ཡན་ལག་ཡིན་ཏེ། ལྷ་རྣམས་འཕྲིན་ལས་ལ་བསྐུལ་པ་ནི་མཆོད་པ་ལ་རག་ལས་ཤིང༌། དོན་ཡོད་གྲུབ་པའང་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ངོ་བོ་ཡིན་པས་སོ། །དྲུག་པ་བསྟོད་པར་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ནི། ཁྱོད་ནི་སོགས་བརྗོད་ཅིང་བསྟོད་པར་བསམ་ལ། དོན་ནི། དཀྱིལ་འཁོར་གྱི་གཙོ་བོ་ཁྱོད་ཀྱི་རྡོ་རྗེ་བདག་མེད་རྣལ་འབྱོར་མ་ཚོགས་ལྷ་མོ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ཟག་མེད་ཀྱི་བདེ་བ་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པ་དང་ཁ་སྦྱོར་དང་བདེ་བ་ཆེན་པོ་ལོངས་སྐུའི་ཡན་ལག་གསུམ་དང༌། ཁྱོད་ནི། ཉིད་ཀྱི་ཐུགས་ཀྱི་མཆོག་ཏེ་དེ་ཁོ་ན་ཉིད་བརྙེས་པས་རང་


TNT21_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མེད་པ་ཆོས་སྐུའི་ཡན་ལག་དང༌། ཁྱེད་ཀྱིས་རྒྱུ་བ་སེམས་ཅན་དང་མི་རྒྱུ་བའི་སྣོད་ཀྱིས་འཇིག་རྟེན་སོགས་སྣ་ཚོགས་པས་སྤྲུལ་པ་སྣ་ཚོགས་པ་སྤྲུལ་ནས་འགྲོ་བ་ཀུན་བརྒྱན་དེ་དོན་མཛད་ཅིང༌། སྙིང་རྗེའི་ཐུགས་ཀྱི་སེམས་ཅན་རྣམས་སྡུག་བསྔལ་ལས་སད་པར་མཛད་ཅིང༌། སྒྱུ་མའི་སྤྲོས་པ་རྡོ་རྗེ་སྟེ་ཆོས་ཀྱི་སྐུར་སྒྲུབ་པ་མཛད་པའི་ཡིད་ཧེ་རུ་ཀ་དཔལ་ཞེས་པ་དེ་རྣམས་ཀྱི་སྙིང་རྗེ་ཆེན་པོ་དངོས་སུ་བསྟན་ཅིང༌། རྒྱུན་མི་འཆད་པ་དང་འགག་པ་མེད་པའང་དོན་གྱིས་བསྟན་པས་སྤྲུལ་པའི་སྐུའི་ཡན་ལག་བདུན་དང་ལྡན་པ། བདེ་སྟོང་ཟུང་དུ་འཇུག་པའི་རྡོ་རྗེ་ལུས་ངག་ཡིད་ཀྱིས་བསྟོད་པས་དགྱེས་པར་མཛོད། དེ་ལྟར་མཆོད་བསྟོད་བྱས་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་སླར་ཐུགས་ཀར་བསྡུ་བའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་ར། བསྟོད་པ་བཛྲ་སོགས་ཀྱི་ང་རྒྱལ་བཟུང་ངོ༌། །བསྟོད་པ་རིན་ཆེན་འབྱུང་ལྡན་གྱི་ཡན་ལག་ཡིན་ཏེ། རིན་ཆེན་འབྱུང་ལྡན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་ངོ་བོ་ཡིན་ཅིང༌། བསྟོད་པ་ཡང་ཡོན་ཏན་བརྗོད་པའི་ཚིག་ཡིན་པས་སོ། །དེ་ལྟར་བདུད་རྩི་མྱང་བ་དང་མཆོད་པ་དང༌། བསྟོད་པ་སྟེ་ཡན་ལག་གསུམ་བསྒོམས་པས་གཞི་འཁོར་བའི་ཆོས་ལ་སེམས་ཅན་རྣམས་གནས་དང་ལོངས་སྤྱོད་དང་ཉེ་བར་ལོངས་སྤྱོད་པ་རྣམས་ལ་རང་དབང་དུ་གྱུར་པའི་ལོངས་སྤྱོད་པ་མཚོན་པས་སྦྱོངས་ལ། འབྲས་བུའི་ཆོས་ལ་མངོན་པར་


TNT21_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་ནས་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པ་དང༌། བསྟོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་འབྱུང་བ་ལམ་དུ་བྱེད་པ་ཡིན་ནོ། །དེ་ལྟར་ན་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་སྦྱང་བྱ་འཁོར་བའི་རྣམ་པ་དང་མཐུན་པས་དེ་སྦྱོང་བ་དང༌། སྦྱང་འབྲས་མྱ་ངན་ལས་འདས་པའི་རྣམ་པ་དང་མཐུན་པས་འབྲས་བུ་ལམ་དུ་བྱེད་པ་གཉིས་ཚང་དགོས་ཤིང༌། དེ་དག་བླ་མ་གོང་མ་རྣམས་ཀྱིས་མར་བལྟས་འཁོར་བའི་འདྲ་འབག་དང་མཐུན་པ་དང༌། ཡར་བལྟས་རྣམ་བྱང་གི་འདྲ་འབག་མཐུན་པ་ཞེས་གསུངས་སོ། །དེ་དག་ཀྱང་འཕགས་པ་རིན་པོ་ཆེས། ཁམས་དྲུག་ཡུལ་དྲུག་དབང་པོ་དྲུག །རྣམ་ཤེས་དྲུག་དང་ཉོན་མོངས་དྲུག །ཁ་དོག་དྲུག་དང་རིགས་དྲུག་དང༌། །ཕུང་པོ་དབྱིབས་དང་བཅས་པ་དྲུག །སྦྱངས་ནས་རྒྱལ་བ་རིགས་དྲུག་གོ །ཐོབ་བྱེད་ཡན་ལག་དྲུག་པ་འདི། །རྒྱལ་བས་རྡོ་རྗེ་གུར་ལས་གསུངས། །ཞེས་གསུངས་སོ། །གཉིས་པ་ལྷའི་རྣམ་པ་ལ་དམིགས་པ་ནི། ལྷ་ཡི་རྣམ་པ་ལ་བསླབ་པ་དང༌། ང་རྒྱལ་ལ་བསླབ་པ་དང་གཉིས་སུ་འདུས་ཤིང༌། ལྷའི་རྣམ་པ་ལ་བསླབ་པ་ལ། གཙོ་བོ་དཀྱིལ་འཁོར་ཐམས་ཅད་ཅིག་ཅར་དུ་གསལ་འདེབས་པ་དང༌། རིམ་གྱི་གསལ་འདེབས་པ་གཉིས་ལས། གཉིས་ཀ་ལ་གསལ་འདེབས་ལུགས་མི་འདྲ་བ་མང་ན་ཡང༌། བརྒྱུད་པ་འདི་དང་རྗེས་སུ་འབྲེལ་བ་ནི་མཚོ་སྐྱེས་ལུགས་ཀྱི་བསྐོར་ནས་འབྱུང་བ་ལྟར་དམིགས་ཐུན་སུམ་ཅུ་སོ་གཉིས་དང༌།


TNT21_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་གསུམ་གྱི་ཁྲིད་ནས་འབྱུང་བ་ལྟར་དམིགས་ཐུན་བདུན་དང༌། བིརྺ་པའི་ཐུན་མོང་མ་ཡིན་པའི་ལུགས་ལ་དམིགས་ཐུན་བཅུ་བདུན་འབྱུང་བ་སྟེ་ལུགས་གསུམ་དུ་ཡོད། གཉིས་པ་ང་རྒྱལ་ལ་བསླབ་པ་ནི། བདག་ཉིད་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དངོས་ཡིན་སྙམ་པ་སྤྱིར་བསླབ་པ་དང༌། བྱེ་བྲག་ཏུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་ཆ་ཤས་རེ་རེ་ལ་བསླབ་པར་བྱ་བ་ཡིན་ཞིང༌། དེ་ཡང་བདག་ཉིད་ཀྱིས་སྒོམ་པའི་ཞལ་བརྒྱད་ནི། ཀྱཻ་རྡོ་རྗེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣམ་ཐར་བརྒྱད་ཀྱི་ཡེ་ཤེས་ཡིན་པ་སོགས་ཐམས་ཅད་ལ་སོ་སོ་ནས་བསླབ་པར་བྱ་བ་ཡིན་ནོ། །དེ་ལ་ཐ་མལ་གྱི་སྣང་བའི་གཉེན་པོ་ལྷའི་རྣམ་པ་ལ་བསླབ་པ་དང༌། ཐ་མལ་དུ་འཛིན་པའི་གཉེན་པོར་ལྷའི་ང་རྒྱལ་ལ་བསླབ་པ་ཡིན་ནོ། །ལམ་འདི་གཉིས་བསྒོམས་པས་གསལ་སྣང་ཐོབ་པའི་ཚེ། སྡུག་བསྔལ་བདེན་པའི་སྣང་བ་མངོན་གྱུར་པ་འགག་ཅིང་འཁོར་བ་སྤོང་བ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས། ཐ་མལ་རྣམ་རྟོག་རྒྱུན་འདི་མ་གཏོགས་པ། །སྲིད་པར་སྡུག་བསྔལ་གཞན་ནི་ཡོད་མ་ཡིན། །དེ་དང་རྣམ་པ་འགལ་བར་གྱུར་པའི་ཡིད། །དེས་ནི་མངོན་སུམ་དུ་ནི་རྟོགས་པར་འགྱུར། །ཟབ་ཅིང་རྒྱ་ཆེ་བ་ཡི་རང་བཞིན་ཅན། །གང་ཡིན་དེས་ནི་ཀུན་རྟོག་འཆར་མི་བྱེད། །ཅེས་གསུངས་སོ། །གཞན་ཡང་ལྷའི་རྣམ་པ་དང༌།


TNT21_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་བསྒོམས་པས་གྲོལ་བར་འགྱུར་བ་ནི་ལམ་བྱེད་བཞི་ཚང་བའི་རྒྱུ་མཚན་གྱིས་ཡིན་ནོ། །ལམ་བྱེད་བཞི་མངོན་བྱང་གི་སྐབས་སུའང་བཤད་ཟིན་མོད། འདིར་བསྐྱེད་རིམ་སྤྱི་ལ་སྦྱོར་ཚུལ་ལ་སྤྱིར་བཤད་ན། འབྲས་བུ་ལམ་དུ་བྱེད་པ། རྣམ་པ་ལམ་དུ་བྱེད་པ། མོས་པ་ལམ་དུ་བྱེད་པ། བྱིན་རླབས་ལམ་དུ་བྱེད་པ་སྟེ་བཞི། དང་པོ་ནི། བསྐྱེད་རིམ་གྱི་དམིགས་པ་ལ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་འཕྲིན་ལས་དང་བཅས་པར་མོས་ཤིང་ཞེན་པས་དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུ་ཞེན་པས་ནོར་བུ་ཐོབ་པ་བཞིན་ནོ། །གཉིས་པ་ནི། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱས་པས་དེ་རྣམས་ཐོབ་པར་འགྱུར་བ་ཡིན་ཏེ། དཔེར་ན་བསམ་གཏན་པ་འགའ་ཞིག་གིས་མེའི་རྣམ་པ་ཡིད་ལ་བྱས་པས་ཟད་པར་མེའི་ཏིང་ངེ་འཛིན་ཐོབ་ནས་བདུད་ཀྱི་གནས་སུ་མེ་སྤྲུལ་ནུས་པ་བཞིན་ནོ། །གསུམ་པ་ནི། དེ་ལྟར་སྒོམ་པའི་དཀྱིལ་འཁོར་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་དཀྱིལ་འཁོར་དངོས་སུ་མོས་པ་མཐར་ཕྱིན་པ་ན་དེ་ཉིད་ཐོབ་པར་འགྱུར་བ་ཡིན་ཏེ། ཤཱ་རིའི་བུས་དམྱལ་བའི་གནས་པདྨོའི་ཚལ་དུ་མོས་པས་དངོས་སུ་པདྨོའི་ཚལ་དུ་འགྱུར་བ་བཞིན་ནོ། །བཞི་པ་ནི། དེ་ལྟར་བསྒོམས་པས་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་དེའི་སྟོབས་ཀྱིས་གྲོལ་བར་འགྱུར་ཏེ། བྱིན་གྱིས་བརླབས་པའི་ཐབས་སུ་སངས་རྒྱས་ཀྱིས་གསུངས་ཤིང༌། ཡི་དམ་ལྷའི་


TNT21_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབས་པ་ཙམ་གྱིས་ཏིང་ངེ་འཛིན་བཟང་པོ་སྐྱེ་ཤིང༌། ས་དང་ལམ་གྱི་མངོན་པར་རྟོགས་པ་རྒྱུད་ལ་སྐྱེ་བས་མཐར་སངས་རྒྱས་ཉིད་དུ་འགྱུར་ཏེ། གང་གིས་ལྕི་བའི་ཕུང་པོ་གསེར་དུ་བྱིན་གྱིས་བརླབས་པས་གསེར་དུ་འགྱུར་བ་བཞིན་ནོ། །དེ་ལྟར་ལམ་བྱེད་བཞི་པོ་འདི་དག་བསྐྱེད་རིམ་ཐམས་ཅད་ཀྱི་དམིགས་པའི་གཙོ་བོ་ཀུན་ལ་ཚང་བ་དང༌། བསྐྱེད་རིམ་ཐམས་ཅད་ཀྱི་རྣལ་འབྱོར་པ་ལ་འཇུག་པ་ནས་བརྩམས་ཏེ་ལྷ་སྐུ་ལ་སེམས་འཛིན་པའི་བར་ཐམས་ཅད་དུ་ལྷའི་རྣམ་པ་ལ་བསླབ་པ་དང༌། ང་རྒྱལ་ལ་བསླབ་པ་གཉིས་ཚང་དགོས་ཤིང༌། གཉིས་ཀའང་རྒྱ་ཆེ་བ་དང་གསལ་བའི་ངོ་བོ་ཡིན་ལ། དེ་དག་སྟོང་ཉིད་རྟོགས་པའི་ལྟ་བས་ཟིན་པའི་ཚེ། ཟབ་པའི་རྣམ་འབྱོར་ཡང་ཡིན་པས་ཟབ་པ་དང་རྒྱ་ཆེ་བའམ། ཟབ་གསལ་གཉིས་སུ་མེད་པ་ལ་བསླབ་པ་ཡིན་ནོ། །གཉིས་པ་རྫོགས་རིམ་ནི། གང་ལ་གནད་དུ་བསྣུན་པའི་གཞི་རྟེན་དཀྱིལ་འཁོར་བཞིའམ། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་བྱང་ཆུབ་སེམས་ཏེ་གསུམ་དུ་གྲགས་པའོ། །དབང་གོང་མ་གསུམ་དང་འབྲེལ་བའི་རྫོགས་རིམ་གྱི་རྣམ་བཞག་ཞིབ་མོར་གཏན་ལ་དབབ་དགོས་མོད། རྒྱས་པར་གཞན་དུ་ཤེས་པར་བྱའོ། །སྐབས་འདིར་དཀྱིལ་འཁོར་བསྡུ་བའམ་བཟླས་པའི་མཐར་བསྡུ་བས་ཀྱང་རུང་སྟེ་དག་པ་དྲན་པ་དང༌། བཟླས་པ་ནི་རྗེས་སྤྱོད་ཡིན་པའི་ཕྱིར་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་


TNT21_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་དགོས་པའི་ངེས་པ་མེད་ལ་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པ་གསལ་བཞིན་པའི་ངང་ནས་དེ་ཉིད་བསྒོམས་ཤིང་བཟླས་ན་ཤིན་ཏུ་ལེགས་པའང་ཡིན་པས་སོ། །གཉིས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་ལ། དག་པ་དྲན་པ། བཟླས་པའི་རྣལ་འབྱོར། གཏོར་མའི་རྣལ་འབྱོར། ཟས་ཀྱི་རྣལ་འབྱོར། སྤྱོད་ལམ་གྱི་རྣལ་འབྱོར། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཁྲུས་ཀྱི་རྣལ་འབྱོར་དང་བརྒྱད་དོ། །དང་པོ་ནི། སྙིང་རྗེས་སྤྱན་ནི་དམར་པོ་ལ། །ཞེས་པ་ལ་སོགས་པ་ངག་ཏུ་བརྗོད་ཅིང་དོན་ཞིབ་མོར་བསམ་པ་ཡིན་ལ། ཡན་ལག་ཀུན་ལ་རྡོར་འཛིན་མགོན། །ཞེས་པ་མཚོ་སྐྱེས་ཀྱི་སྒྲུབ་ཐབས་ནས་འབྱུང་བ་ཡིན་ཅིང༌། གཞན་རྣམས་ནི་རྩ་རྒྱུད་ནས་འབྱུང་བ་ལྟར་ཉེ་བར་བསྡུས་པའོ། །དེ་ཡང་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་རོ་གཅིག་པའི་བདག་ཉིད་ཀྱི་སྐུ་ལ་སྤྱན་གསུམ་དམར་བ་ནི་སྙིང་རྗེ་ཆེན་པོས་འགྲོ་བ་ལ་རྗེས་སུ་ཆགས་པ། འབྲོག་མིའི་འགྱུར་དུ། བྱམས་པའི་ཐུགས་ལ་ཡན་ལག་གནག །ཅེས་འབྱུང་བ། ལུས་ཀྱི་སྐད་དོད་ཡན་ལག་ལ་བསྒྱུར་བ་ཡིན་ལ། སྐུ་མདོག་གནག་པ་ནི་ཐུགས་བྱམས་པ་ཆེན་པོ་ལ་འགྱུར་བ་མེད་པ། ཞབས་བཞི་ནི་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་སྟེ་བསྡུ་དངོས་བཞིའོ། །དེ་དག་གིས་ཕུང་པོའི་བདུད་དང༌། ལྷའི་བུའི་བདུད་དང༌། འཆི་བདག་གི་


TNT21_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང༌། ཉོན་མོངས་པའི་བདུད་སྟེ། གདུལ་བྱ་གཞན་རྒྱུད་ལ་གནས་པ་དེ་དག་མཐའ་དག་འཇོམས་པ་ནི་རིམ་པ་བཞིན་དུ་ཚངས་པ། དབང་པོ། ཉེ་དབང་དྲག་པོ་རྣམས་སོ། །མདུན་གྱི་ཞབས་གཡོན་བསྐུམས་པ་ནི། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་པ་དང༌། གཡས་བརྐྱང་པ་ནི་ཐུགས་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པ་དང༌། རྒྱབ་མ་གཉིས་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་གནས་པ་ནི། ཐབས་ཤེས་ཟུང་དུ་འཇུག་པས། རྟག་ཆད་ཀྱི་མཐའ་དང་བྲལ་བ་དབུ་མ་ལ་གནས་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ནོ། །ཞབས་བཞི་ཆར་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་སུ་མཛད་པ་ལྟར་ན། གཡོན་གཉིས་བསྐུམ་པས་འཁོར་བ་ལ་མི་གནས་པ་དང༌། གཡས་གཉིས་བརྐྱངས་པས། མྱང་འདས་ཀྱི་མཐའ་གཉིས་ལ་མི་གནས་པ་དང༌། དེ་གཉིས་བསྡོམས་པས་ཐབས་ཤེས་ཟུང་འཇུག་ཏུ་མཚོན་པ་ཡིན་ནོ། །ཞལ་བརྒྱད་ནི་རྣམ་ཐར་བརྒྱད། དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པ་གཉིས་མིང་མཐུན་ཤིང་དོན་ཁྱབ་པར་ཆེར་མེད་མོད། འདིར་ཐེག་པ་ཐུན་མོང་གི་དབང་དུ་བྱས་ནས་སངས་རྒྱས་ཀྱི་སའི་གཟུགས་ཅན་གཟུགས་ལ་བལྟ་བ་སོགས་བརྒྱད་ལས། རྩ་ཞལ་ནི་གཟུགས་ཅན་གཟུགས་ལ་བལྟ་བའི་རྣམ་ཐར། གཡས་ཞལ་གཟུགས་མེད་གཟུགས་ལ་


TNT21_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བའི་རྣམ་ཐར། གཡོན་ཞལ་ཁྱད་པར་སྡུག་པའི་རྣམ་ཐར། སྟེང་ཞལ་འགོག་པའི་རྣམ་ཐར། ཞལ་ལྷག་མ་ནི་བཞི་ནི་གཟུགས་མེད་གྱི་རྣམ་ཐར་བཞིའོ། །ཕྱག་བཅུ་དྲུག་ནི་སྟོང་ཉིད་བཅུ་དྲུགབཅུ་དྲུག་པོ་ཤེར་ཕྱིན་གྱི་མདོ་དང་འགྲེལ་པ་ཆེ་ཆུང་ནས་འབྱུང་བ་ལྟ་བུར་རུང་མོད། སཾ་བྷུ་ཊ་ནས་འབྱུང་བ་དང༌། དབུས་མཐའ་རྩ་འགྲེལ་ནས་འབྱུང་བ་དགོངས་པ་གཅིག་ཏུ་ཡོད་པས་དེ་བཟུང་ངོ༌། །བཅུ་དྲུག་ནི་ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང༌། ཆེན་པོ། སྟོང་ཉིད་དང༌། དོན་དམ་པ་འདུས་བྱས། འདུས་མ་བྱས། མཐའ་ལས་འདས་པ། ཐོག་མ་དང་ཐ་མ་མེད་པ། དོར་བ་མེད་པ། རང་བཞིན༌། རང་གི་མི་སྟོང་གི་མཚན་མ་ཉིད། ཆོས་ཐམས་ཅད། དངོས་པོ་མེད་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ། །དེ་ལ་དང་པོ་དྲུག་ནི་མཐོང་བྱ་དང་མཐོང་ཚུལ་གྱི་སྒོ་ནས་བཞག་པ་ཡིན་ལ། སྟོང་ཉིད་ཕྱི་མ་གཉིས་ནི་རང་གི་ངོ་བོ་སྟོང་མི་སྟོང་གི་ཚུལ་གྱིས་སྒོ་ནས་བཞག་པ་ཡིན་ཅིང༌། དེ་བརྒྱད་ནི། གཡས་ཀྱི་ཕྱག་བརྒྱད་དོ། །སྟོང་ཉིད་བར་བ་བརྒྱད་ནི་གཡོན་གྱི་ཕྱག་བརྒྱད་དོ། །ཐོད་པ་བཅུ་དྲུག་ནི་ཕྱག་བཅུ་དྲུག་དང་སྦྱོར་རྒྱུའི་བདེ་བ་ཆེན་པོ་བཅུ་དྲུག་སྟེ་དགའ་བ་བཅུ་དྲུག་གི་རྣམ་པ་ཅན་ནོ། །གཡས་པའི་ཕྱག་ན་གནས་པའི་སྲོག་ཆགས་བརྒྱད་ནི། རྡོ་རྗེ་གུར་ལས། གློ་དང་འབུར་དང་དེ་བཞིན་སྨྱོ།


TNT21_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་སྐམ་མཛེ་དང་ཤྲི་ཛི་ཀ །མཆིན་པ་མཚེར་པའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །ཞེས་གསུངས་པ་ལྟར་སེམས་ཅན་གྱི་ནད་བརྒྱད་མཚོན་པ་ཡིན་ལ། དེ་རྣམས་ཁ་ནང་དུ་བལྟ་བ་ནི། སྐུ་ལ་བསྡུ་བའི་ཚུལ་གྱིས་ནད་དེ་རྣམས་སེལ་བར་མཚོན། གཡོན་གྱི་ཐོད་པའི་ནང་གི་ལྷ་བརྒྱད་ནི་དབང་ཕྱུག་བརྒྱད་མཚོན་པ་དང༌། དེ་རྣམས་སེམས་ཅན་ལ་སྩོལ་བ་ནི་གདོང་ཕྱིར་བསྟན་པས་མཚོན་པ་ཡིན། འདི་ལ་བླ་མ་གོང་མའི་ཡིག་ཆ་འགའ་རེར་ཡང༌། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང༌། །ཅི་འདོད་འཕྲིན་ལས་ཡོན་ཏན་བརྒྱད་པའོ། །ཞེས་པ་འདི་བྲིས་པ་ཙམ་མཛད། ཕྱིས་ཀྱི་ས་ལུགས་པའི་རྣམ་བཤད་ཐམས་ཅད་ལ་ཕྱག་མཚན་གྱི་དག་སྦྱོར་ཡོན་ཏན་བརྒྱད་དེ་ལ་ངོས་འཛིན་མཛད། གཡས་གཡོན་གྱི་དག་པ་ཆེ་ཆུང་ངོ་སྙོམས་པ་འདྲ་ཞིང༌། ཡང་ཁ་ཅིག །ཕྲ་ཞིང་ཡང་ལས་ཕྲ་བར་ནུས་པ་དང༌། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང༌། །དགའ་བར་མགུ་བྱེད་ཐམས་ཅད་དབང་དུ་བྱེད། །ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ་ལྟར་གྱི་ཕྲ་ཡང་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་བརྒྱད་ལ་སྦྱོར་བ་ནི་སྦྱོར་ཚུལ་མི་བདེའོ། །དེས་ན་བླ་མ་གོང་མ་ཕལ་ཆེར་གྱིས་བཞེད་པ་ལྟར། ཁམས་བརྒྱད་རྣམ་པར་དག་པས་དབང་ཕྱུག་


TNT21_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་ཡོན་ཏན་མཚོན་པ་ཡིན་ནོ། །དེ་ལྟར་ན་ཁམས་བརྒྱད་པོ་དེ་རྣམས་ཀྱི་སྙིགས་མའི་ཆ་རྣམས་ཟད་ཅིང་དྭངས་མ་རྣམས་སྟོབས་སུ་གྱུར་ཏེ། དེ་ལས་ས་སྟོབས་སུ་གྱུར་པས་ནི་ལུས་སྲེད་མེད་ཀྱི་བུའི་སྟོབས་དང་མཚུངས་པར་འགྱུར་བ་དང༌། ཆུ་སྟོབས་སུ་གྱུར་པས་ནི་ལུས་ཀྱི་ནད་ཀུན་བྱང་ཞིང་ཉམས་དང་ལྡན་པར་འགྱུར་པ་དང༌། མེ་སྟོབས་སུ་གྱུར་པས་གཅིག་དང་དུ་མར་སྣང་བ་སོགས་ཆོ་འཕྲུལ་སྟོན་ཅིང་ལུས་བཀྲག་མདངས་དང་ལྡན་པ། རླུང་སྟོབས་སུ་གྱུར་པས་ལུས་ཡང་ཞིང་རླུང་ལྟར་མགྱོགས་པ་དང༌། ནམ་མཁའ་སྟོབས་སུ་གྱུར་པས་སྣོད་བཅུད་ཀྱི་ཁྱབ་པར་མང་པོ་སྐྱེ་འཇིག་བྱེད་ནུས་པ་དང༌། ཟླ་བ་སྟེ་བྱང་སེམས་སྟོབས་སུ་གྱུར་པས་ལུས་ཀྱི་དཀར་ཆ་འཕེལ་ཞིང་སྙིགས་མ་དག་ལུས་ཀྱི་གྲིབ་མ་སོགས་མེད་པར་འགྱུར་བ་དང༌། ཉི་མ་སྟེ་རྡུལ་སྟོབས་སུ་གྱུར་པས་གཟི་བརྗིད་ཆེ་ཞིང་འོད་འབར་རྫུ་འཕྲུལ་སྣ་ཚོགས་སྟོན་ནུས་པ་དང༌། རྣམ་ཤེས་ཀྱི་ཁམས་སྟོབས་སུ་གྱུར་པས་གསལ་སྟོང་གི་ཏིང་ངེ་འཛིན་གྱི་ནུས་པས་མངོན་པར་ཤེས་པ་འཐོབ་བོ། །གུག་སྐྱེད་ནི་ཕྱག་རྒྱའི་དོན་ཡིན་པས་ཕྱག་རྒྱ་ལྔ་ནི་སངས་རྒྱས་ལྔའོ། །དེ་ཡང་ཡེ་ཤེས་ལྔའི་དག་པར་གནས་པས་ཡེ་ཤེས་ལྔ་ཡོངས་སུ་རྫོགས་པ་མཚོན་ནོ། །ཐལ་ཆེན་གྱི་སྐུ་ལུས་ཐམས་ཅད་བརྒྱན་པ་ནི་རྡོ་རྗེ་འཆང་དང༌། བདེ་བ་ཆེན་པོའི་ཡེ་ཤེས་ལ་གནས་པ་མཚོན། དེ་ཡང་སྤྱི་བོའི་འཁོར་ལོ་མི་བསྐྱོད་པ། །


TNT21_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སོགས་ཀྱིས་རྒྱས་པར་བཤད་དོ། །ཕྱི་རོལ་དུ་ལྷ་དང་ལྷ་མོ་ལ་སོགས་པའི་གདུག་པ་ཅན་རྣམས་འདུལ་བ་དང༌། ནང་དུ་རྣམ་པར་རྟོག་པ་འདུལ་བའི་ཕྱིར་དུ་ཁྲོ་བོའི་སྐུར་སྟོན་པ་དང༌། སྤྱན་གསུམ་ནི་རྡོ་རྗེ་གསུམ་རྣམ་པར་དག་པ། ཤ་པུཀྐ་སཱྀ། ཁྲག་རི་ཁྲོད་མ། གདོལ་བ་མོ་ཁུ་བ། གཡུང་མོ་རྐང་དང་ཚུལ་རྣམ་པར་དག་པ། ལྤགས་པ་རིམ་པ་བདུན་ནི། དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང༌། །དགའ་དང་ཤིན་ཏུ་སྦྱང་དང་བཏང་སྙོམས་དང༌། །ཏིང་ངེ་འཛིན་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །རྐང་ལག་གི་རུས་པ་བཞི་ནི། སྡུག་བསྔལ། ཀུན་འབྱུང༌། འགོག་པ། ལམ་གྱི་བདེན་པ་སྟེ་བཞིའོ། །འཁོར་རྣམས་ཀྱི་དག་པ་ནི། རྩ་རྒྱུད་དངོས་བསྟན་ལས་བདག་མེད་ལྷ་མོ་བཅོ་ལྔའི་དག་པར་གསུངས་པ་རྣམས། སྐབས་འདིར་རྣལ་འབྱོར་མ་ལྷ་དགུར་བསྡུས་པའི་དག་པ་ལ་སྦྱོར། དེ་ཡང་ས་སྤྱོད་མ་དང་མཁའ་སྤྱོད་མ་ནི་རྡོ་རྗེ་བདག་མེད་མ་དང༌། རྡོ་རྗེ་མ་དང༌། དཀར་མོ་དང༌། ཆུ་མ་དང༌། རྡོ་རྗེ་མཁའ་འགྲོ་མ་ནི་རིམ་པ་བཞིན་དུ་གཽ་རི་ལ་སོགས་པ་ཕྱོགས་ཀྱི་ལྷ་མོ་བཞི་དང་སྦྱོར་བ་ཡིན་ནོ། །དེས་ན་རྣམ་པར་ཤེས་པའི་ཕུང་པོ་དང༌། རེག་བྱ་དང༌། ཆོས་ཁམས་དང༌། ནམ་མཁའི་ཁམས་རྣམ་པར་དག་པ་ནི་བདག་མེད་མ་དང༌། གཟུགས་ཀྱི་སྐྱེ་མཆེད་དང་གཟུགས་ཕུང་རྣམ་པར་དག་པ་གཽ་རཱི་དང༌། སྒྲ་དང་ཚོར་བ་རྣམ་པར་དག་པ་ཙཽ་


TNT21_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་དང༌། དྲི་དང་འདུ་ཤེས་རྣམ་པར་དག་པ་བཻ་ཏཱ་ལི་དང༌། རོ་དང་འདུ་བྱེད་རྣམ་པར་དག་པ་གྷསྨ་རཱི་དང༌། ས་ཁམས་རྣམ་པར་དག་པ་པུཀྐ་སཱི་དང༌། ཆུ་ཁམས་རྣམ་པར་དག་པ་ཤ་ཝ་རཱི་དང༌། མེ་ཁམས་རྣམ་པར་དག་པ་ཙནྡྲ་ལཱི་དང༌། རླུང་ཁམས་རྣམ་པར་དག་པ་ཌོམྦྷི་ནི་རྣམས་སོ། །ཇི་སྐད་དུ། རྒྱུད་ལས། གཟུགས་ཕུང་རྡོ་རྗེ་མ་ཡིན་ཏེ། །ཚོར་བ་ལ་ནི་དཀར་མོ་བཤད། །འདུ་ཤེས་ཆུའི་རྣལ་འབྱོར་མ། །འདུ་བྱེད་རྡོ་རྗེ་མཁའ་འགྲོ་མ། །རྣམ་ཤེས་ཕུང་པོའི་ཚུལ་གྱིས་ནི། །བདག་མེད་རྣལ་འབྱོར་མ་གནས་སོ། །ཞེས་དང༌། གཟུགས་ལ་དཀར་མོར་རྟག་ཏུ་བཤད། །སྒྲ་ནི་ཆོམ་རྐུན་མར་རབ་གྲགས། །དྲི་ཡི་ཆ་ལ་རོ་ལངས་མ། །རོ་ལ་གྷསྨ་རཱི་རབ་གྲགས། །རེག་ལ་ས་སྤྱོད་མ་ཞེས་བརྗོད། །ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ། །ཞེས་དང༌། ས་ནི་པུཀྐ་སཱི་ཞེས་བཤད། །ཆུ་ནི་རྔོན་པ་མ་ཞེས་བརྗོད། །མེ་ནི་གཏུམ་མོར་ཤེས་པར་བྱ། །རླུང་ནི་གཡུང་མོར་རབ་ཏུ་གྲགས། །ཞེས་གསུངས་སོ། །དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔ་ཡི་བདག་ཉིད་ནི། ཕྱོགས་ཀྱི་ལྷ་མོ་རྣམས་དང་བདག་མེད་མ་ལ་སྦྱར་བའང་རུང་མོད། ཡབ་ཧེ་རུ་ཀའི་དཀྱིལ་འཁོར་འདིར་གཙོ་བོ་ཉིད་ལ་སྦྱོར་བ་ཡིན་ཅིང༌། ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་ཚེ་འཕར་མ་ནང་མའི་ལྷ་རྣམས་ལ་སྦྱོར་བ་ཡིན་ནོ། །དེ་ལྟར་བདག་མེད་མ་སྐུ་མདོག་ནག་མོ་ནི་ཆོས་ཉིད་འགྱུར་བ་


TNT21_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་མཚོན། གཡས་ཀྱི་གྲི་གུག་གིས་ནི་རྩ་ཉོན་དྲུག་གཅོད། གཡོན་གྱི་ཐོད་པ་ནི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མཐའ་དག་འཇོམས་པ་དང༌། ནང་གི་ཁྲག་ནི་བདུད་བཞིའི་ཁྲག་སྟེ་དེ་བཏུལ་བ་དང༌། དེ་བཞིན་ཉིད་ཀྱི་བདག་ཉིད་ཞལ་གཅིག །ཐབས་ཤེས་ཀྱི་བདག་ཉིད་ཀྱི་ཕྱག་གཉིས་མའོ། །གཽ་རཱི་སྐུ་མདོག་ནག་མོ་ནི་ཆོས་ཉིད་མི་འགྱུར་པས་ནག་མོ། གཡོན་གྱི་ཉ་འདོད་ཆགས། གཡས་ཀྱི་གྲི་གུག་གིས་དེ་གཅོད་པ་མཚོན་ནོ། །ཙཽ་རཱི་ནི་སེམས་ཅན་ལ་རྗེས་སུ་ཆགས་པའི་ཁ་དོག་དམར་མོ། གཡོན་དུ་གཏི་མུག་གི་རང་བཞིན་ཕག་པ། གཡས་ཀྱི་ཌ་མ་རུས་གཏི་མུག་གི་གཉིད་ནས་སློང་བ། རོ་ལངས་མ་སྐུ་མདོག་སེར་མོ་ནི་ཡོན་ཏན་རྒྱས་པ། གཡས་ཀྱི་རུས་སྦལ་ནི་ཕྲག་དོགགཡོན་གྱི་བདུད་རྩིས་དེ་སེལ་བ་མཚོན། གྷསྨ་རཱི་སྐུ་མདོག་ལྗང་གུ་ནི་འཕྲིན་ལས་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པ། གཡས་པའི་སྤྲུལ་གྱིས་ཞེ་སྡང་དང༌། གཡོན་གྱི་ཐོད་པའི་བདུད་རྩིས་དེ་སེལ་བ་མཚོན། པུཀྐ་སཱི་སྐུ་མདོག་སྔོན་མོ་ནི་ཆོས་ཉིད་མི་འགྱུར་བ། གཡས་ཀྱི་སེངྒེ་ནི་ང་རྒྱལ། གཡོན་གྱི་དགྲ་སྟས་དེ་གཅོད་པ་མཚོན། རི་ཁྲོད་མ་སྐུ་མདོག་དཀར་མོ་ནི་རང་བཞིན་གྱི་རྟོག་པ་དང་བྲལ་བ། གཡས་ཀྱི་དགེ་སློང་ནི་བདག་ལྟ་འཇོམས་པ། གཡོན་གྱི་གསིལ་བྱེད་ནི་སེར་སྣའི་མདུད་པ། གདོལ་བ་མོ་སྔོ་བསངས་ནི་


TNT21_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་ལ་ཆགས་པ། གཡས་ཀྱི་འཁོར་ལོ་ནི་ཆོས་འཁོར་བསྐོར་བ། གཡོན་གྱི་ཐོད་པ་ནི་ཉོན་མོངས་པའི་ཐལ་བ་རློག་པ་མཚོན་ནོ། །གཡུང་མོ་འཕྲིན་ལས་སྣ་ཚོགས་པས་སེམས་ཅན་གྱི་དོན་མཛད་པས་ཁ་དོག་སྣ་ཚོགས་པ། རྣམ་རྟོག་གི་རི་བོ་བདག་མེད་པའི་རྡོ་རྗེས་བསྙིལ་བས་གཡས་རྡོ་རྗེ། གཡོན་གདུག་པ་ཅན་ལ་བསྡིགས་པའི་སྡིགས་མཛུབ་བོ། །གཙོ་འཁོར་ཐམས་ཅད་སྐྲ་གྱེན་དུ་བརྫེས་པ་ནི། ཡེ་ཤེས་གོང་ནས་གོང་དུ་འཕེལ་བ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ་ནི་རིགས་ལྔའི་རང་བཞིན་གྱིས་རྒྱས་གདབ་པ་དང༌། མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་ནི་སེམས་བྱུང་ལྔ་བཅུ་རྣམ་པར་དག་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བ་ནི་ཇི་ལྟ་བ་དང་ཇི་སྙེད་པ་ལ་ཡེ་ཤེས་ལྷག་པར་རྒྱས་པའོ། །སྐབས་འདིར་གདོལ་བ་མོ་ནི། རྩ་རྒྱུད་ལས། གཏུམ་མོ་ནམ་མཁའི་སྔོ་བསངས་མ། །ཞེས་གསུངས་པ་དཀྱུས་ལྟར་ཡིན་ལ། རྒྱུད་རྒྱས་པའི་རྗེས་སུ་འབྲངས་ནས་སྒྲུབ་ཐབས་མཚོ་སྐྱེས་ལས་སྐུ་མདོག་སྔོ་དམར་དུ་བཤད། དེའི་རྗེས་སུ་འབྲང་བའི་སྒྲུབ་ཐབས་ཀྱང་མང་དུ་ཡོད་པས། དེ་ལྟར་ན་དེས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ཆོས་བསྟན་པ་མཚོན། གདོལ་པ་མོའི་གཡོན་གྱི་ཐོད་པ་ནི་ཐེ་ཚོམ་གྱི་ཐ་བ་རློག་པ་དང༌། གཡུང་མོའི་གཡས་ཀྱི་རྡོ་རྗེ་ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་མཚོན་


TNT21_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པར་བླ་མ་གོང་མའི་གསུང་རྒྱུན་འགའ་ཞིག་ལས་འབྱུང་བ་ཤིན་ཏུ་ལེགས་པར་ཡང་མངོན་ནོ། །གཡུང་མོ་ཁ་དོག་སྣ་ཚོགས་པར་བཤད་པ་ལ། འགའ་ཞིག་གིས་ལྗང་གུར་འདོད་པ་དང༌། འགའ་ཞིག་གིས་ཕུག་རོན་གྱི་མགྲིན་པ་ལྟར་མདངས་སྣ་ཚོགས་པ་འཆར་བར་འདོད་པ་དང༌། འགའ་ཞིག་གིས་ཐིག་ལེ་སྣ་ཚོགས་པས་ལུས་ཐམས་ཅད་ཁྱབ་པར་འདོད་པ་དང༌། འགའ་ཞིག་གིས་ཚོན་སྣ་ལྔ་གཅིག་ཏུ་འདྲེས་པའི་ཁ་དོག་སྣ་ཚོགས་དང་མཚུངས་པར་འདོད་པ་དང༌། འགའ་ཞིག་རྐང་མཐིལ་རླུང་སོགས་ཀྱི་རིམ་པ་དང་བསྟན་པའི་ཁ་དོག་དང་མཚུངས་པར་འདོད་པ་དང༌། འགའ་ཞིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་འབྱུང་བའི་རྡོ་རྗེའི་ལས་ཀྱི་ཁ་དོག་དང་མཐུན་པར་འདོད་པ་དང༌། འགའ་ཞིག་སུམ་མདོ་དང་ཞལ་རས་དཀར་བ། སྐུ་སྟོད་ནག་པ། རྐེད་པ་དམར་བ། བར་ལྷུ་གཉིས་དང་བརླ་གཉིས་སེར་བ། ཕྱག་ངར་གཉིས་དང་ཞབས་ལྗང་གུ་ཡིན་པར་འདོད་པ་སྟེ་ལུགས་བདུན་ག་ཡང་བླ་མའི་མན་ངག་དང་འབྲེལ་ན་འགལ་བ་མེད་དོ། །དེ་ལྟར་ལྷ་མོ་བརྒྱད་ཀྱི་ཞབས་ཀྱི་འོག་གི་ལྷ་རྣམས་ལ་ཚངས་པ་ནི་ཞི་བའི་ལས། དབང་པོ་རྒྱས་པའི་ལས། ཉེ་དབང་དབང་གི་ལས། དྲག་པོ་དྲག་པོའི་ལས་སྟེ། སངས་རྒྱས་ཀྱི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའི་སྔགས་རྒྱུད་ལ། ལས་བཞིས་རང་དོན་ཁོ་ནར་གཉེར་ཞིང༌། སྡིག་


TNT21_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་དང་མ་བྲལ་བ་མཚོན་པ་ཡིན། གཤིན་རྗེས་དུས་མ་ཡིན་པར་འཆི་བ། ནོར་བདག་ནི་ལོངས་སྤྱོད་ལ་རྣམ་པར་གཡེང་བ། སྲིན་པོ་ནི་འཆི་བ་སྣ་ཚོགས་པ། ཐགས་བཟང་རིས་ནི་ཡིད་སྒྱུར་བར་བྱེད་པ་སྟེ་དེ་རྣམས་མནན་པ་ནི་དེ་རྣམས་བཅོམ་པ་མཚོན། དེ་ལྟར་ན་ཡབ་ཀྱི་ཞབས་འོག་གི་བདུད་བཞི་དང༌། ཕྱོགས་ཀྱི་བདུད་བཞི་རྣམས་གནས་དང་བྱེད་ལས་རྣམས་ཐ་དད་པ་སྟེ། གཙོ་བོའི་ཞབས་འོག་གི་བདུད་བཞི་ནི་གཟུགས་ཁམས་ཀྱི་བདག་པོ་ཚངས་པ་དང༌། སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་དང༌། བདུད་ཀྱི་གཙོ་བོ་གཞན་འཕྲུལ་དབང་བྱེད་པ་དང༌། ལྷ་གསུམ་གྱི་ནང་གི་དབང་ཕྱུག་ཆེན་པོའོ། །ཕྱོགས་ཀྱིས་བདུད་བཞི་ནི། སྟེང་གི་ཕྱོགས་སྐྱོང་འདོད་པའི་ཁམས་ཀྱི་ཚངས་པ་དང༌། དྲི་ཟའི་གདོན་གྱི་གཙོ་བོ་ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན་དང༌། ལྷ་ཆེན་པོ་ཁྱབ་འཇུག་དང༌། བྱང་ཤར་གྱི་ཕྱོགས་སྐྱོང་དབང་ལྡན་འབྱུང་པོ་རྣམས་ཡིན་ནོ། །ཞེས་བླ་མ་གོང་མ་རྣམས་གསུངས་སོ། །སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཉི་མའི་གདན། ཉོན་མོངས་པའི་ཚ་གདུང་ཞི་བར་བྱེད་པ་ཟླ་བའི་གདན། ཉེས་པས་མ་གོས་པ་པདྨའི་གདན་གྱིས་མཚོན་ནོ། །དེ་ལྟར་གཙོ་བོའི་གདན་ཉི་མའི་དཀྱིལ་འཁོར་དུ་ངེས་ཤིང༌། ལྷ་མོ་རྣམས་ལ་རྒྱ་གཞུང་རྣམས་ལས་ཉི་ཟླ་སོ་སོར་བཤད་པ་སྣ་ཚོགས་ཡོད་ཀྱང་སྐབས་འདིར་ཉི་ཟླ་འདམ་གར་བཞེད་དོ། ཁ་ཅིག་


TNT21_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མེད་ལྷ་མོ་བཅོ་ལྔའི་ཚེ། ཐམས་ཅད་དྲག་མོ་ཡིན་པའི་ཕྱིར་ཉི་མའི་གདན། ཡབ་ཀྱི་དཀྱིལ་འཁོར་ལ་ལྷ་མོ་རྣམས་ཅུང་ཟད་ཞི་བའི་ཕྱིར་ཟླ་བའི་གདན་དུ་ངེས་སོ་ཞེས་པ་ནི་ཡང་དག་པ་མ་ཡིན་ཏེ། འབྱུང་པོ་འདུལ་བྱེད་དང༌། ནག་པོ་ཆེན་པོ་དང་ལྷ་མོ་ཙནྡྲ་ཀ་ལ་སོགས་པ་ཤིན་ཏུ་ཁྲོས་པའི་ལྷ་རྣམས་ལའང་ཟླ་བའི་གདན་ཡོད་པ་མང་དུ་ཡོད་པའི་ཕྱིར་དང༌། ཡབ་ཀྱི་དཀྱིལ་འཁོར་ལྷ་མོ་བརྒྱད་ལྷ་མོ་བཅོ་ལྔ་ལས་ཞི་བ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་རོ། །གཞལ་ཡས་ཁང་གི་དག་པ་བརྗོད་པ་ནི། མཉམ་པ་ཉིད་ཀྱི་ཕྱིར་གྲུ་བཞི་པ། ཚད་མེད་པ་བཞིའི་རང་བཞིན་གྱི་ཟུར་བཞི་པ། རྣམ་པར་ཐར་པ་བཞིའི་རང་བཞིན་གྱི་སྒོ་བཞི་པ། དྲན་པ་ཉེ་བར་བཞག་པ་བཞི་ནི་འདོད་ཡོན་གྱི་སྣམ་བུ་བཞི། ཡང་དག་པར་སྤོང་བ་བཞི་ནི་ཀ་བ་བཞིས་བཏེགས་པའི་རྟ་བབ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒོ་ཁྱུད་དང་བཅས་པའི་སྒོ་ཁང་བཞི། དབང་པོ་ལྔ་དང་སྟོབས་ལྔ་ནི་རྩིག་པ་རིམ་པ་ལྔ། བྱང་ཆུབ་ཡན་ལག་བདུན་ནི་མེ་ཏོག་ཕྲེང་བ། འཕགས་ལམ་ཡན་ལག་བརྒྱད་ནི་ཀ་བ་བརྒྱད། ཉོན་མོགས་པའི་སྒྲིབ་པ་སྤངས་པ་དྲྭ་བ་དྲྭ་ཕྱེད། ཚུལ་ཁྲིམས་གསུམ་གྱི་རང་བཞིན་གྱི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པའོ། །གཞལ་ཡས་ཁང་གི་གདན་སྣ་ཚོགས་རྡོ་རྗེ་ནི་གང་ཟག་གི་བདག་མེད་པ་མཚོན་ལ། དེ་ཉིད་རྭ་བཅུ་གཉིས་སུ་བྱས་ན་རྟེན་འབྲེལ་བཅུ་གཉིས་


TNT21_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་དག་པ་མཚོན་ཞིང༌། རྭ་ཉི་ཤུར་བྱས་ན་འཇིག་ཚོགས་ལ་ལྟ་བ་ཉི་ཤུ་འཇོམས་པ་མཚོན། གདན་པདྨ་ནི་པདྨ་ཆུའི་ནང་དུ་གནས་ཀྱང་ཆུས་མ་གོས་པ་ལྟར། ཀུན་རྫོབ་སྣ་ཚོགས་པའི་སྣང་བ་འཆར་ཡང་དེས་མ་གོས་པས་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ། ཆོས་ཀྱི་བདག་མེད་ཀྱི་དོན་ཡིན་ལ། བདག་མེད་དེ་གཉིས་ལ་ཡེ་ཤེས་ཀྱི་སྣང་བ་ལྷག་པར་རྒྱས་པ་ནི། དེ་གཉིས་ཀྱི་བར་ན་གནས་པའི་ཉི་མའི་དཀྱིལ་འཁོར་གྱིས་མཚོན། དུར་ཁྲོད་ཀྱིས་ནི་འཁོར་བ་མཚོན་ཞིང༌། དེ་བརྒྱད་ནི་རྣམ་ཤེས་ཚོགས་བརྒྱད་ཀྱིས་བསྡུས་པ་མཚོན་ནོ། །ཕྱི་རོལ་ཏུ་བསྲུང་བའི་འཁོར་ལོ་ནི་སངས་རྒྱས་རྣམས་ཀྱིས་བདུད་བཞི་དང་སྒྲིབ་པ་གཉིས་བཅོམ་ཞིང་གཏན་མི་སྐྱེ་བར་བྱེད་པ་མཚོན་ནོ། །གཉིས་པ་བཟླས་པའི་རྣལ་འབྱོར་ལ། བཟླས་པའི་ཡོ་བྱད། བཟླས་པའི་དམིགས་པ། བཟླ་བྱའི་སྔགས། ཞར་བྱུང་བཟླས་པའི་དབྱེ་བ་བཤད་པ་དང་བཞིའོ། །དང་པོ་ལ་འཕྲེང་བའི་རྒྱུ་གྲངས། འཕྲེང་ཐག །མདོ་འཛིན། རྒྱུ་བརྒྱུ་བའི་ཚུལ། བྱིན་རླབས་བྱ་ཚུལ། བགྲང་ཚུལ་དང༌། །བདུན་ནོ། །དང་པོ་ནི། རྒྱུད་ལས། ཤེལ་གྱིས་རེངས་པའི་བཟླས་པ་ཉིད། །དབང་ལ་ཙནྡན་དམར་པོ་ཉིད། །ལུང་ཐང་གིས་ནི་མངོན་སྤྱོད་ཉིད། །ནི་རིང་ཤུ་ནི་སྡང་པ་ལ། །རྟ་ཡི་རུས་པས་སྐྲོད་པ་ལ། །གླང་པོའི་རུས་པས་ཆགས་པ་ལ། །བྲམ་ཟེའི་རུས་པས་དགུགས་


TNT21_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད། །མ་ནི་ཡིས་ཀྱང་བསད་པ་ལ། །ཞེས་དང༌། སམྦུ་ཊི་ལས། ཤེལ་དང་ཉ་ལྕིབས་མུ་ཏིག་དང༌། ཁམས་ནི་དཀར་པོ་ལ་སོགས་གཞན། །ཞི་བའི་ལས་ལ་ཁྱད་པར་དུ། །འཕྲེང་བ་ཡི་ནི་མཚན་ཉིད་དུ། །གསེར་དང་དངུལ་དང་ཟངས་མ་དང༌། །པདྨའི་ས་བོན་ཁྱད་པར་དུ། །རྒྱས་པ་ལ་ནི་འཕྲེང་བ་ཉིད། །རྣམ་པར་མཁས་པས་བགྲང་བར་བྱ། །གུར་གུམ་ལ་སོགས་དྲི་སོགས་ཀྱིས། །དྲི་ནི་ཐམས་ཅད་ཁྱད་པར་དུ། །སྒྲུབ་ཤིང་རིལ་བུ་བྱས་ནས་ནི། །དབང་ལ་ཡོངས་སུ་རབ་ཏུ་གྲགས། །རུ་རཀྴ་དང་ལུང་ཐང་དང༌། །དེ་བཞིན་སྐྱེས་པའི་རུས་པ་ཉིད། །དྲག་པོའི་ལས་ལ་སྦྱར་བར་བྱ། །མངོན་སྤྱོད་ལ་ནི་རབ་ཏུ་གྲགས། །ཞེས་དང༌། ཞི་རྒྱས་དབང་དང་མངོན་སྤྱོད་ལས། །བོ་དྷི་ཙིས་ནི་ལས་ཀུན་བྱེད། །ཅེས་གསུངས་ཤིང༌། རྒྱུད་མང་པོ་ལས་མཆོག་སྒྲུབ་པ་ལ་མིའི་ཐོད་ཕྲེང་སྔགས་སོ། །གཉིས་པ་ནི། སམྦྷུ་ཊི་ལས། སྔགས་ཀྱི་བཟླས་པ་ལྔ་བཅུ་སྟེ། །དབང་ལ་དེ་ཡི་ཕྱེད་ཉིད་དོ། །བརྒྱ་ཕྲག་གཅིག་ནི་ཞི་བ་ལ། །དེ་བཞིན་རྒྱས་པ་ལྷག་པར་བྱ། །མངོན་སྤྱོད་ལས་ནི་དྲུག་ཉིད་དོ། །ཞེས་སོ། །གསུམ་པ་ནི། རྡོ་རྗེ་མཁའ་འགྲོ་ལས། ཡང་ན་རས་བ་ལ་སྐུད་པ་ནི། ཞེས་གསུངས་ཤིང༌། སེམས་དཔའ་བརྒྱད་དང་རྡོ་རྗེ་སེམས་དཔའ་མཚོན་པས་དགུ་སྒྲིལ་དུ་བྱས་ཏེ། སམྦྷུ་ཊི་ལས། ལྷ་


TNT21_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགུ་སོགས་སྲད་བུ་ལ། །ལྷ་དགུས་བྱིན་གྱིས་བརླབ་པར་བྱ། །ཞེས་གསུངས་ཤིང༌། སྡོམ་འབྱུང་ལས། ལས་སོ་སོ་ལ་སྲད་བུའི་ཁྱད་པར་ཡང་སྣ་ཚོགས་གསུངས་སོ། །བཞི་པ་ནི། མདོ་འཛིན་ཉིས་བརྩེགས་བྱ་ཞིང༌། གོང་མས་ཆོས་དབྱིངས་ཡེ་ཤེས། འོག་མས་སྟོབས་སོགས་མཚོན་པ་དང༌། སྐུ་གཉིས་ཀྱང་མཚོན་ནོ། །སམྦྷུ་ཊི་ལས། མཆོད་རྟེན་ཆོས་དབྱིངས་ཕུང་པོའི་རི། །སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་སོ། །ལྔ་པ་ནི། འཕྲེང་ཐག་སངས་རྒྱས་བྱང་སེམས་འཕྲེང་རྡོག་རྣམས་དགྲ་བཅོམ་པར་མོས་པ་ལས། ངག་ཏུ་ཧཱུཾ་གླུ་ལེན་ཅིང་རྒྱུ་བ་བརྒྱུས་པར་བྱ་སྟེ། སམྦྷུ་ཊིར། ཧཱུཾ་གིས་སྲད་བུར་བརྒྱུས་པ་ཉིད། །ཅེས་སོ། །དྲུག་པ་ནི་རང་ལྷའི་རྣལ་འབྱོར་དང་ལྡན་པའི་ལག་པ་གཡོན་པའི་སོར་མོ་རྣམས་པདྨ་འདབ་མ་ལྔ་པ། ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་དབྱངས་ཡིག་བཅུ་དྲུག་གཡོན་བསྐོར་དེའི་ལྟེ་བ་ལ་ཨཱཿ ལག་པ་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པ། ལག་མཐིལ་དུ་ཉི་མའི་དཀྱིལ་འཁོར་ལ་གསལ་བྱེད་སོ་བཞི་གཡས་སྐོར་དུ་གནས་པའི་ལྟེ་བ་ལ་ཧཱུཾ་བསམ་ལ། པད་སྐོར་སྔོན་དུ་འགྲོ་བའི་འཕྲེང་བ་བླང་བ་ལག་གཉིས་དབུས་སུ་བཞགའཕྲེང་བ་ལ་བདུད་རྩི་ཡི་གེ་སུཾ། དཀར་པོ་འོད་ཟེར་འཕྲོ་བར་བསམ། རྡོ་རྗེ་པདྨ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་ཀྱིས་སུམ་ལ་ཁྱབ་དེ་འཕྲེང་བ་དང་གཉིས་སུ་མེད་པར་བསམ་ལ། ཨོཾ་


TNT21_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་པ་དེ་མཧཱ་ཛྙཱ་ནཱཾ་སརྦ་མཱ་ལ་དྷརྨ་སཾ་བྷོ་ཏ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཨ་ཁཾ་སྭཧཱ། ཞེས་སྔགས་འདི་འཕྲེང་སྐོར་གཅིག་བཟླས་ལ་བྱིན་གྱིས་བརླབས། ཕྱིས་བཟླས་ན་ནམ་ཕྱེད་ཀྱི་དུས་སུ་ལན་གསུམ་མམ་བདུན་ལ་སོགས་པར་བཟླས་ན་སྔགས་ཀྱི་ནུས་པ་བརྟན་པར་འགྱུར་རོ། །སམྦུ་ཊི་ལས། སོར་མོ་རྡོ་རྗེ་རྩེ་མོ་སྟེ། །གཡོན་པ་པདྨའི་རྣམ་པར་བསྒོམ། །པདྨ་རྡོ་རྗེ་སྙོམས་འཇུག་བྱས།། ཁ་སྦྱར་དབུས་སུ་འཕྲེང་གཞག་ལ། །ཀུན་གྱི་དེ་ཉིད་བསྒོམ་བྱ་ཞིང༌། །འཕྲེང་བ་བྱིན་གྱིས་བརླབ་པར་བྱ། །ཞེས་སོ། །བསྡུས་པར་ན་དཀྱིལ་ཆོག་རྡོ་རྗེ་འཕྲེང་བ་ནས་འབྱུང་བ་ལྟར་ཡང་མཛད་དོ། །བདུན་པ་ནི། སཾ་བྷུ་ཊི་ལས། སོར་མོ་ལ་སོགས་བྱེ་བྲག་ལ། ཕྱི་ནས་སྔགས་པས་བཟླས་པར་བྱ། །ཞེས་གསུངས་པ་ལྟར། ཞི་བ་ལ་མཛུམ་མོ། རྒྱས་པ་ལ་གུང་མོ། དབང་ལ་སྲིན་ལག །མངོན་སྤྱོད་ལ་མཐེའུ་ཆུང་གི་སྟེང་དུ་བཞག་གོ །མཐེ་བོང་རྡོ་རྗེ་ལྕགས་ཀྱུས་ལྷ་དགུག་པའི་བསམ་པས་བགྲང་སྟེ་དེ་ཉིད་ལས། མཐེ་བོང་རྡོ་རྗེ་ལྕགས་ཀྱུ་ཡིས། །སྒོམ་པའི་ལྷ་རྣམས་དགུག་པར་བྱ། །ཞེས་སོ། །དེ་ལྟར་འཕྲེང་བའི་དེ་ཉིད་ཤེས་པའི་སྒོ་ནས་སྔགས་བཟླས་ན་དངོས་གྲུབ་ཐོབ་ལ། གཞན་དུ་ན་མི་ཐོབ་སྟེ། དེ་ཉིད་ལས། མཉམ་བཞག་བཟླས་དང་བསྒོམས་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། དེ་ཉིད་མི་ཤེས་འཕྲེང་


TNT21_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །བུད་མེད་རྣམས་ཀྱི་དོ་ཤལ་འདྲ། །ཞེས་སོ། །གཉིས་པ་བཟླས་པའི་དམིགས་པ་ནི། འཁོར་ལོའི་བཟླས་པ། སྤྲོ་བསྡུའི་བཟླས་པ། བཀོད་པའི་བཟླས་པ་དང་གསུམ་ལས། འདིར་འཁོར་ལོའི་བཟླས་པ་ཉིད་གཙོ་བོར་བཤད་པས། ཞལ་ནས་ཞལ་དང༌། གསང་བ་ནས་གསང་བར་འཁོར་བ་ཡིན་ལ། ཕར་འགོད་དང་ཚུར་འགོད་གཉིས་ཀ་བླ་མ་གོང་མས་བཤད་པའི་གང་བདེ་བྱ་ལ། ཡི་དམ་ལྷའི་ཐུགས་བརྒྱུད་བསྐུལ་བ་མཆོག་བསྒྲུབ་པ་གཙོ་བོར་གྱུར་པ་དང༌། ཞི་རྒྱས་དབང་དྲག་སོ་སོ་ལ་ཁ་དོག་དཀར་སེར་དམར་ནག་དང༌། དམིགས་པའི་ཁྱད་པར་སོ་སོ་ལ་བྱས་ལ། རྗེ་ཐམས་ཅད་མཁྱེན་པས་སྔགས་འཕྲེང་ངོ་བོ་ཁ་དོག་སྔོན་པོ་ལ་འོད་ཟེར་དཀར་སེར་དམར་སྔོ་སོ་སོར་བྱེད་པ་ཡིན་གསུང་ངོ༌། །རྒྱུན་བཟླས་ལ་སྡིག་པ་ཞི་བའི་ཕྱིར་འོད་ཟེར་དཀར་པོ་བྱའོ། །འཁོར་གྱི་སྔགས་བཟླ་བའི་ཚེ། གཙོ་བ་ཡབ་ཡུམ་གྱི་ཞལ་དུ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་འཕྲེང་ཞུགས། ཡབ་ཡུམ་ཀྱི་སྐུ་ལ་འཁོར་བའི་དམིགས་པ་སྔར་བཞིན་ལ། སྔགས་ཀྱི་འོད་ཟེར་དེས་ལྷ་མོ་གང་གིས་བཟླས་པ་བྱེད་པའི་ལྷ་མོ་དེ་ལ་ཕོག་པས། དེ་དབང་དུ་འདུ་ཞིང་འཕྲིན་ལས་བསྐུལ་བར་བསམ་ལ་བཟླ། ཡང་ན་རང་རང་གི་ཐུགས་ཀའི་ས་བོན་ལས་འཁོར་བར་བསམ་ཞིང་བཟླའོ། །གསུམ་པ་ལ། བཟླ་བྱའི་སྔགས་དངོས། བཟླས་པའི་གོ་རིམ།


TNT21_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ཙམ་བཟླས་པའི་གྲངས། དེ་ལྟར་བཟླས་པའི་དགོས་པའོ། །དང་པོ་ནི། རྩ་སྔགས། སྙིང་པོ། ཉེ་སྙིང༌། རྣལ་འབྱོར་མ་རྣམས་ཀྱི་འཕྲེང་སྔགས་སུ་གྲགས་པ་དབྱངས་ཡིག་གི་སྔགས་རྣམས་རྩ་རྒྱུད་དངོས་བསྟན་ལས་གསལ་བར་གསུངས་ཤིང༌། རྒྱུད་སྡེ་སྤྱིའི་འགྲོས་ཀྱིས་ཡུམ་དང་འཁོར་གྱི་ལྷ་མོ་རྣམས་ལ་ས་བོན་ནམ་མཚན་སྔགས་ལ་དེ་ཉིད་གསུམ་སྤེལ་ལམ་བཞི་སྤེལ་ལམ་ལྔ་སྤེལ་ལ་སོགས་པ་མཛད་པ་ཡིན་ནོ། ཁ་ཅིག་སྐབས་འདིའི་ཉེ་སྙིང་དུ་གྲགས་པ་རྡོ་རྗེའི་གྲི་གུག་གི་ལས་ཚོགས་སུ་བཤད་པའི་ཕྱིར་ཉེ་སྙིང་དུ་མི་འཐད་ཅིང༌། རྒྱུད་གཞུང་ཁུངས་མ་ལས་ཀྱང་ཉེ་སྙིང་དུ་བཤད་པ་མེད་དོ། །ཞེས་ཟེར་བ་མི་འཐད་དེ། མར་མེ་མཛད་ཀྱི་སྒྲུབ་ཐབས་ལ་སོགས་གཞུང་ཁུངས་མ་རྣམས་ལས་ཉེ་སྙིང་དུ་བཤད་ཅིང༌། སྒྲུབ་ཐབས་མཚོ་སྐྱེས་ལས་ཀྱང་སྔགས་འདི་ཉིད་ཉེ་སྙིང་དུ་མཛད་པར་གསལ་ཏེ། ལས་ཚོགས་ཀྱི་སྔགས་མཐའ་དག་སྒྲུབ་ཐབས་སུ་བྲི་བར་མི་ལང་བའི་ཕྱིར་རོ། །ལས་ཚོགས་ཀྱི་སྔགས་ཡིན་པའི་རྒྱུ་མཚན་གྱིས་ཉེ་སྙིང་དུ་མི་འཐད་པའི་སྐྱོན་མེད་དེ། གཞན་དུ་ན། རྩ་རྒྱུད་ལས། བུད་མེད་རྣམས་ཀྱི་དབང་བྱེད་སྔགས། །དེ་བཞིན་གདུག་པ་བསྡིགས་པ་དང༌། །ཞེས་གསུངས་པ་ལྟར་ཨཥྟ་ཡང་དབང་དང་དྲག་པོའི་ལས་སྒྲུབ་པའི་སྔགས་སུ་བཤད་པའི་ཕྱིར། རྩ་སྔགས་མ་ཡིན་པའི་སྐྱོན་དུ་འགྱུར་རོ། །རྩ་སྔགས་


TNT21_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ནི། །ཨོཾ་ནི་བཀྲ་ཤིས་པའི་དོན། ཨཥྟཱ་བརྒྱད། ཨ་ན་ནཱ་ཞལ། ཡ་དགོས་ཆེད་ཀྱི་དོན་ནོ། །སིཾ་དམར་སེར། གཽརྡྷ་གྱེན་དུ། ཀེ་ཤ །སྐྲ། ཝརྟ་མ་ནེ་བརྫེས་པ། ནའི་འབྲིང་བུ་ནི་དགོས་ཆེད་ཀྱི་དོན་ནོ། །དེས་ན་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ། །ཞེས་པའོ། །ཙ་ཏུར། བཞི། བིཾ་ཤ་ཏི་ཉི་ཤུ། ནེ་དྲཱ་སྤྱན། ཡ་དགོས་ཆེད། ཉི་ཤུ་རྩ་བཞིའི་སྤྱན་ནི། ཞེས་པའོ། ཥོ་ཊ་ཤ །བཅུ་དྲུགབྷུ་ཛ་ལག་པ། ཡ་ལ་བའི་དོན། ཕྱག་བཅུ་དྲུག་པ་ལ། ཞེས་པའོ། །ཀྲིཥྞ་ནག་པོ། ཛི་མཱུ་ཏ་ཆར་སྤྲིན། ཝ་པཱུ་ཥ། སྐུ་ལུས། འགྲེང་བུ་པ་ལ་ཞེས་པའི་དོན། སྐུ་མདོག་ཆར་སྤྲིན་ལྟར་གནག་པ་ལ་ཞེས་པའོ། །ཀ་པཱ་ལ་ཐོད་པ། མཱ་ལ་འཕྲེང་བ། ཨ་ནེ་ཀཾ་དུ་མ། དྷཱ་རི་ཎ། འཛིན་པ། འགྲེང་བུ་དགོས་ཆེད། ཐོད་པའི་འཕྲེང་བ་དུ་མ་འཛིན་པ་ལ། ཞེས་པའོ། །ཨཱཏྨ་ཏ། ཁུང༌། ཀྲུ་ར། འཁྲུགས་པ། ཙིཏྟ་ཡ་ཐུགས་ལ། ཁུང་ནས་འཁྲུགས་པའི་ཐུགས་ལ། ཞེས་པའོ། །ཨརྡྡེ། ཕྱེད། ན་དུ། ཟླ་བ། དཾཥྟི་ཎེ། མཆེ་བ་ཅན་ལ། འགྲེང་བུ་བཞི་པའི་དགོས་ཆེད་དེ། ཟླ་བ་ཕྱེད་པ་ལྟ་བུའི་མཆེ་བ་ཅན། །ཞེས་པའོ། །ཨོཾ་ནི་དམ་བཅའ་བའི་དོན། མཱ་ར་ཡ་གཉིས་ནི་སོད་ཅིག་གཉིས། ཀཱ་ར་ཡ། གཉིས་བྱ་བའི་ལས་གྱིས་གྱིས། གརྫ་ཡ། ཁུག་ཅིག་གཉིས། ཏརྫ་ཡ། གཉིས་སྡིགས་མཛུབ་བསྡིགས། ཤོ་ཥ་ཡ་གཉིས་སྐེམས་ཤིག་གཉིས། སཔྟ་


TNT21_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བདུན། ས་གཱ་ར་ན་རྒྱ་མཚོ། ཨ་ན་གཉིས་ཤའི་ཟས་བྱིན་པ། བྷནྡྷ་བྷནྡྷ་ཆིངས་ཤིག་གཉིས། ནཱ་ག་ཀླུ། ཨཥྟ་ཀཱ་ན། བརྒྱད། ཨནྣ། ཟས་སུ་ཟ་བ། གྲྀཧྣ་གྲྀཧྣ་ཟུང་གཉིས་ཤིགཤ་ཏྲུན། དགྲ་བོ་རྣམས་སོ། །ཧ་ཧཱ་ཧི་ཧཱི་ཧུ་ཧུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿ ཞེས་པ་རྣམས་ནི་བཞད་པའི་ཉམས་བཅུ་གཉིས་སོགས་དང༌། ཕཊ་དག་པ། སཱ་ཧཱ་གཞི་ཚུག་ཅེས་པ་སྟེ། དེ་ཡང་ཨོཾ་ཞེས་དམ་བཅའ་དྲན་པར་མཛོད་ལ། ཞི་རྒྱས་དབང་དགུག་བསད་བསྐྲད་སོགས་བྱ་བའི་ལས་གྱིས་ཤིག་གྱིས་ཤིག་ཅེས་བསྐུལ་ནས། ཁམས་གསུམ་འཁོར་བའི་ལས་ཉོན་བག་ཆགས་དང་བཅས་པ་རྣམས་དང༌། རྒྱ་མཚོ་བདུན་ལ་གནས་པའི་ཀླུ་གདོན་བརྒྱད་ལ་སོགས་པའི་གནོད་བྱེད་རྣམས། ཟུངས་ཤིགཟུངས་ཤིག །ཁུག་ཅིག །ཁུག་ཅིག །ཆིངས་ཤིག །ཆིངས་ཤིག །སྤྱན་འཕྲུལ་སྡང་མིག་གིས་གཟིར་ལ་སྡིགས་མཛུབ་བསྡིགས་པའི་མཚོན་ཆས། སོད་ཅིག།སོད་ཅིག །ཤ་ཁྲག་བདུད་རྩིའི་གཏོར་མའི་ཟས་བྱིན་པ་ཁྱེད་ཀྱིས་ཟས་སུ་ཟ་བས་དགྱེས་བདེར་བཞད་པའི་ཉམས་དང་ལྡན་པར་མཛོད་ཅིག །འཁོར་བ་རྣམ་ཤེས་དག་པ་བདེ་སྟོང་གི་དབྱིངས་སུ་ཐིམ་པའི་གཞི་ཚུགས་ཤིག་ཅེས་སོ། །དེ་རྣམས་ཀྱི་བཤད་པ་གཞི་བཤད་དུ་བལྟ་བར་བྱའོ། །ཨོཾ་སྔགས་ཀྱི་མགོ་འདྲེན། དེ་ཝ་ལྷ། བི་ཙུ་འཇོམས་པ། བཛྲ་རྡོ་རྗེ་དང༌། བཛྲ་ཀརྟ་རི་རྡོ་རྗེ་གྲི་གུག །ཅེས་པའོ། །གཉིས་པ་ནི། རྩ་སྔགས་


TNT21_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། ཉེ་སྙིང་རྣམས་རིམ་པ་ལྟར་སྐུ་གསུང་ཐུགས་བསྐུལ་བྱེད་ཡིན་ཅིང༌། དེ་གསུམ་ཡང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཕྲ་ཞིང་བསྐུལ་དཀའ་བས། བསྐུལ་སླ་བའི་རིམ་པ་ལས་བཟླ་སྟེ། རྩ་སྔགས་ཐོག་མར་བཟླ་བ་སོགས་ཡིན་ལ། ཡབ་ཀྱི་རྗེས་ལ་ཡུམ་གྱི་དང༌། དེ་ནས་འཁོར་གྱི་སྔགས་བཟླའོ། །གསུམ་པ་ནི། དཀྱིལ་འཁོར་བདག་པོ་བཟླས་པ་འབུམ། །དཀྱིལ་འཁོར་ཅན་གྱིས་དེ་བཞིན་ཁྲི། །ཞེས་དང༌། སྡོམ་འབྱུང་ལས། རྫོགས་ལྡན་ལ་ནི་བཟླ་བྱ་གཅིག །གཉིས་འགྱུར་གསུམ་ལྡན་ལ་བཟླས་བྱ། །གསུམ་འགྱུར་གཉིས་ལྡན་ལ་རབ་བརྗོད། རྩོད་ལྡན་བཟླས་པ་བཞི་འགྱུར་རོ། །ཞེས་གསུངས་པས། བསྙེན་པ་རབ་ལ་གཙོ་བོ་ལ་བཞི་འབུམ༌། ཡུམ་ལ་ཡབ་དང་འདྲ་ལ། མ་གྲུབ་ན་འཁོར་དང་མཉམ་པ་བཟླས་ཀྱང་རུང༌། འཁོར་རྣམས་ལ་བཞི་ཁྲི་རེ། བསྙེན་པ་འབྲིང་ལ་གཙོ་བོ་ལ་བཞི་ཁྲི། འཁོར་རྣམས་ལ་བཞི་སྟོང་རེ། ཐ་མ་གཙོ་བོ་ལ་བཞི་སྟོང༌། འཁོར་ལ་བཞི་བརྒྱ་རེའོ། །འབྲིང་ཐ་མ་གཉིས་ནི་བསྙེན་པ་གསོ་བ་ཡིན་གྱི་གཞིའི་བསྙེན་པ་ལ་དང་པོ་ཁོ་ན་བཟུང་ལ། དེ་འགྲུབ་ན་རྡོ་རྗེ་སློབ་དཔོན་གྱི་ལས་མཐའ་དག་ལ་འཇུག་པར་དབང་ཞིང༌། མཆོག་གྲུབ་པ་ལ་ནི་གྲངས་ཀྱི་ཚད་མེད་དོ། །བཞི་པ་ནི། བཟླས་པས་སངས་རྒྱས་ཀྱི་ཐུགས་རྒྱུད་བསྐུལ་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པ་ཡིན་ཏེ། རྡོ་རྗེ་


TNT21_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གུར་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབ་པར་བརྗོད། །དཔེར་ན་སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་སོ། །རྩ་རྒྱུད་ལས། བཟླས་པ་ཁྲི་ཡིས་གསལ་བ་དང༌། །སྒྲ་རིང་བ་དང་བཟང་བ་ཡི། །ཞེས་གསུངས་པ་ལྟར། ཧ་ཅང་མྱུར་བུལ་གཉིས་དང༌། ཧ་ཅང་སྒྲ་ཆེ་ཅུང་གཉིས་ཏེ་སྐྱོན་བཞི་སྤངས་ནས། གསལ་ལ་དལ་བ་དང་ཤིན་ཏུ་དག་པར་བཟླ་དགོས་པ་ཡིན་ནོ། །བཞི་པ་ཞར་བྱུང་བཟླས་པའི་དབྱེ་བ་བཤད་པ་ནི། བཟླས་པ་ལ་དབྱེ་ན། རྒྱ་བོད་ཀྱི་སློབ་དཔོན་གཞན་རྣས་ཀྱི་མན་ངག་ལས་འདི་ལྟར་འབྱུང་སྟེ། ཁྱོགས་ཀྱི་བཟླས་པ། འཁོར་ལོའི་བཟླས་པ། བཀོད་པའི་བཟླས་པ། སྤྲོ་བསྡུས་བཟླས་པ་སྟེ་དམིགས་པའི་དབྱེ་བས་བཞི་དང༌། ཁྲོ་བའི་བཟླས་པ། ཤུབ་བུའི་བཟླས་པ། འགོག་པའི་བཟླས་པ། ཡིད་བཟླས་ཏེ་ངག་གི་བྱས་པའི་ཁྱད་པར་གྱིས་བཞི་དང༌། བསྐུལ་བའི་བཟླས་པ། གོང་བུའི་བཟླས་པ། རྡོ་རྗེའི་བཟླས་པ་སྟེ་སྔགས་ཀྱི་ཁྱད་པར་གྱི་དབྱེ་བས་གསུམ་སྟེ་བཅུ་གཅིག་ཏུ་ཡོད་ཅིང༌། རྒྱ་གར་གྱི་སློབ་དཔོན་ཕྱི་མ་རྣམས་ཀྱིས་བཞེད་པ་ཁྱོགས་ཀྱི་བཟླས་པ་དང་འཁོར་ལོའི་བཟླས་པ་གཅིག་ཏུ་བཞེད་


TNT21_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལྟར་ན་བཅུའོ། །དེ་ལྟར་ན། དག་པ་དྲན་པ་དང༌། བཟླས་པ་ནི་རྗེས་སྦྱོར་ཀྱི་ཡན་ལག་ཏུ་བསྡུ་བའི་ཕྱིར་སྦྱང་གཞི་སྦྱོང་བྱེད་མ་སྦྱར་ཀྱང་རུང་མོད། རྒྱུད་སྡེ་གཞན་གྱི་རིགས་འགྲེས་སྦྱར་ཀྱང་མི་འགལ་ཏེ། དེ་ཡང་འཁོར་བའི་ཆོས་ལ་སྦྱར་ན་དག་པ་དྲན་པ་ནི་ཡིད་ཀྱྀ་རྣམ་པར་རྟོག་པ་མཐའ་ཡས་པ་དང༌། བཟླས་པ་ནི་ངག་གི་བརྗོད་པ་སྣ་ཚོགས་པ་དང་དཀྱིལ་འཁོར་ཉེར་བསྡུ་ནི། ཚེ་དེ་ཉིད་ཀྱི་ལས་ཟད་པ་ན་སླར་འཆི་བ་མཚོན་ཞིང༌། ཐུན་མཚམས་ལྷ་སྐུར་སྡང་བ་ནི་སླར་བར་དོ་དང་སྐྱེ་བ་བརྒྱུད་མར་འབྱུང་བ་མཚོན། འབྲས་བུའི་ཆོས་ལ་སྦྱར་ན་དག་པ་དྲན་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པ་མཚོན་པ་དང༌། བཟླས་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། དཀྱིལ་འཁོར་ཉེར་བསྡུ་ནི། དངོས་ཀྱི་གདུལ་བྱ་མེད་པའི་ཞིང་འགའ་ཞིག་ཏུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པ་མཚོན་པ་དང༌། ཐུན་མཚམས་ལྷ་སྐུར་ལྡང་བ་ནི་གཞན་དུ་སྤྲུལ་པའི་སྐུ་འབྱུང་བ་མཚོན་པ་ཡིན་ནོ། །གསུམ་པ་གཏོར་མའི་རྣལ་འབྱོར་ནི། རྩ་བཤད་ཀྱི་རྒྱུད་རྣམས་ལས་འཇིག་རྟེན་པའི་གཏོར་མ་འབའ་ཞིག་གསལ་ན་ཡང༌། གཏོར་ཆོག་རྒྱ་གཞུང་ཚད་མ་རྣམས་དང་བླ་མ་གོང་མའི་མན་ངག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ཐམས་ཅད་ལ་ཐུན་མོང་དུ་འབུལ་བ་ཡིན་ལ། འདི་ལ་ཆོས་འབྱུང་སུམ་བརྩེགས་བྱེད་པ་དང༌། ཆོས་འབྱུང་


TNT21_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་པདྨ་འདབ་བརྒྱད་སུམ་བརྩེགས་བྱེད་པ་ལྟར་ཡང་རུང་ངོ༌། །གཏོར་མའི་སྔགས་དོན་ནི། ཨོཾ་བྷ་ག་ཝཱན་མཧཱ་ཀ་རུ་ཎི་ཀ་ཧེ་བཛྲས་པ་རི་ཝ་ར་ཀཱ་ཡ་ཝཱཀ་ཙིཏྟ། ཞེས་པ་ནི། བཅོམ་ལྡན་སྙིང་རྗེ་ཆེན་པོ་ཀྱཻ་རྡོ་རྗེའི་སྐུ་གསུང་ཐུགས་འཁོར་དང་བཅས་པ་ཞེས་པའོ། །ཨོཾ་ཨིནྡ། དབང་པོ་ཛ་མ་གཤིན་རྗེ། ཛ་ལ་ཆུ་ལྷ། ཛཀྑ། གནོད་སྦྱིན། བྷུ་ཏ། འབྱུང་པོ། བཧྣི། མེ་ལྷ། བཱ་ཡུ་རླུང་ལྷ། རཀྵ། སྲིན་པོ། ཙནྡ་ཟླ་བ། པུཛྫ་ཉི་མ། མཱ་ཏ་སའི་ལྷ་མོ། །བཱ་སྤ་ཚངས་པ། ཏཱ་ལ་པཱ་ཏ་ལཾ་ཨཊྚ་སཔྤ་ཀླུ། སྭཱ་ཧཱ། ས་འོག་ནས་གནས་པའི་ཀླུ་ཆེན་བརྒྱད། ཨི་དམ་འདི། བ་ལིཾ་གཏོར་མ། བྷུཉྫ། ཟོ་ཞིག །ཛིགྷ་སྣོམས་ཤིགཕུལླ། མེ་ཏོག །དྷུ་པ། བདུག་སྤོས། མཾ་ས་ཤ་ཆེ་ན། བཱིགྷ། ཆང་གིས་རྒྱས་པར་གྱིས། ཨམྥ། བདག་གི སབྦྷ་ཐམས་ཅད། ཀཛྫ་བྱེ་བ། སཱདྷཱ། བསྒྲུབས་ཤིགཁནྟི་ཁ་ཎི་བཟོད་པར་གསོལ། ཕེ་ཊ་ག་ད་གནོད་པ་སོལ། ཨོཾ་ཨཱ་ཀཱ་རོ་སོགས་ཨ་ཡིག་ནི་དང་པོའི་སྒོའི་ཆོས་ཐམས་ཅད་ཀྱི་མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་སོ། །གཏོར་མའི་ཕན་ཡོན་ནི། ཨེ་ཝཾ་རྣམ་པར་ཞུགས་ནས་ནི། །བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔའི་གཏོར་མ་བསྟན། །ཞེས་སོ། །བཞི་པ་ཁ་ཟས་ཀྱི་རྣལ་འབྱོར་ནི། བཟའ་བཏུང་ཇི་སྙེད་པ་རྣམས་


TNT21_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ནང་མཆོད་ལྟར་བྱིན་གྱིས་བརླབས་ནས་འབུལ་བ་ཡིན་ཞིང༌། དེ་ཡང་ཕུད་དཀོན་མཆོག་དང་འདོད་པའི་ལྷ་རྣམས་ལ་གཏོར་མའི་སྔགས་ཀྱི་འབུལ་བ་དང༌། ནང་གི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད་པ་ཡིན་ནོ། །མཇུག་གི་ཆོ་ག་ལ། གཏོར་མ་དང་མ་འབྲེལ་ན། རྡོ་རྗེའི་གླུ། ཤིས་བརྗོད། སྨོན་ལམ་བྱ་ཞིང༌། གཏོར་མ་དང་འབྲེལ་ན་དེའི་སྟེང་དུ་གཏོར་མགྲོན་གཤེགས་གསོལ་བྱའོ། །ལྔ་པ་སྤྱོད་ལམ་གྱི་རྣལ་འབྱོར་ནི། གཟུགས་སྣང་ཐམས་ཅད་ཀྱཻ་རྡོ་རྗེ། སྒྲ་ཐམས་ཅད་སྔགས་ཀྱི་སྒྲ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱཻ་རྡོ་རྗེའི་ཐུགས་སུ་མོས་པ་བྱ་ཞིང༌། གཞན་ཡང་གཟུགས་སོགས་ཡུལ་དྲུག་གཟུགས་རྡོ་རྗེ་མ་ལ་སོགས་པ་དང༌། མིག་སོགས་སྐྱེ་མཆེད་དྲུག་གཏི་མུག་རྡོ་རྗེ་མ་ལ་སོགས་པར་མོས་པ་བྱས་ནས་ཐུན་མཚམས་སུ་འཇུག་པ་སྟེ། འདིས་ནི་སྤྱོད་ལམ་གྱི་ཁྱད་པར་སྣ་ཚོགས་པ་ཡང༌། ཚོགས་རྫོགས་པའི་ཐབས་སུ་འགྱུར་བ་ཡིན་ནོ། །དྲུག་པ་ཉལ་བའི་རྣལ་འབྱོར་ལ། རང་བཞིན་ལྷན་སྐྱེས་སུ་ཉལ་བའི་དམིགས་པ་ནི་དཀྱིལ་འཁོར་ཉེར་བསྡུ་དང་མཐུན་ཞིང༌། དེ་ལ་ཐུན་མཚམས་ཀྱི་ལྷ་ཞལ་གཅིག་ཕྱག་གཉིས་པ་དེ་ཡང་འོད་དུ་ཞུ། ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ཡང་ནཱ་དཱའི་བར་དུ་ཐིམ། དེ་ཡང་ནམ་མཁའ་ལ་འཇའ་ལྟར་ཡལ་བའི་འོད་གསལ་གྱི་ངང་ལ་ཉལ་བ་ཡིན་ལ། ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ཉལ་བའི་དམིགས་པ། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་


TNT21_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལྟར་ཡིན་པས། གཉིས་ཀ་གང་ལྟར་ཡང་མི་རྟོག་པའི་ངང་དུ་ཉལ་བ་ཡིན་ནོ། །བདུན་པ་ལྡང་བའི་རྣལ་འབྱོར་ནི། ཉལ་བའི་ཚེ་རང་བཞིན་ལྷན་སྐྱེས་ཀྱི་ངང་དུ་ཉལ་བ་ཡིན་ན། ཐུན་མཚམས་ཀྱི་ལྷ་སྐུར་སྐད་ཅིག་གིས་ལྡང་བ་ཡིན་ཅིང༌། ཞུ་བདེ་ལྷན་སྐྱེས་ཀྱི་ངང་དུ་ཉལ་ན། ཞུ་བ་གླུས་བསྐུལ་བར་བྱེད་པར་བསམ་ཞིང་ཚིག་ངག་ཏུ་བརྗོད་ནས་འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ་ལྟར་ལྡང་བ་ཡིན་ནོ། །བརྒྱད་པ་ཁྲུས་ཀྱི་རྣལ་འབྱོར་ནི། རྣལ་འབྱོར་ལ་འཇུག་པའི་སྔོན་དུ་བསམ་གཏན་གྱི་གྲོགས་སུ་འགྲོ་བ་ཁྲུས་བྱ་ཞིང༌། དམིགས་པ་དབང་ལེན་པ་ལྟར་བྱས་ལ། འོན་ཀྱང་རྒྱས་གདབ་སོགས་བྱེད་མི་དགོས། དེ་ལྟར་རྗེས་སྤྱོད་བརྒྱད་ཀྱི་སྟེང་དུ་རྗེས་ཆགས་ཀྱི་རྣལ་འབྱོར་བསྣན་པས་དགུར་འགྱུར་བས། སྤྱིར་རྣལ་འབྱོར་བཅུ་པའམ་བཅུ་གཅིག་གོ །ཡང་ན་དག་པ་དྲན་པ་རྗེས་སྤྱོད་དུ་མ་བགྲངས་ན་རྗེས་སྤྱོད་བརྒྱད་དོ། །རྗེས་ཆགས་ཀྱི་རྣལ་འབྱོར་ནི་ལོངས་སུ་ངེས་པར་བསྒོམ་དགོས་པ་མ་ཡིན་ལ། གལ་ཏེ་བསྒོམ་ན་དཀྱིལ་འཁོར་འཁོར་ལོའི་ནང་དུ་འདུས་པའམ། གསང་བའི་མཆོད་པར་འདུས་པའི་ཕྱིར་ལོགས་སུ་མ་བགྲངས་ཀྱང་རུང་ངོ༌། །དེ་རྣམས་གཞི་བཤད་ནས་གསུངས་པ་དང་སྦྱར་ན། བསྐྱེད་པའི་རྣལ་འབྱོར་ལ་ཆོ་གའི་སྒོ་བརྒྱད། ཆོ་གའི་གཙོ་བོ་ཉི་ཤུ་རྩ་བཞི། ཆོ་གའི་ཡན་ལག་བཅུ་དྲུག ཆོ་གའི་ཆིངས་བཞི། ཞེས་གསུངས་པའི་


TNT21_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བརྒྱད་ནི། སྔོན་འགྲོ་བསྲུང་འཁོར། དངོས་གཞི་ཡན་ལག་དྲུག །རྗེས་བསྡུ་བ་སྟེ་བརྒྱད་དམ། ཡང་ན་སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞི་ཡན་ལག་དྲུག་གོ །ཆོ་གའི་གཙོ་བོ་ཉི་ཤུ་རྩ་བཞི་ནི། ཡན་ལག་དྲུག་ལ་ཕྱེ་བ་སྟེ། གཞལ་ཡས་ཁང་བསྐྱེད་པ་རྣམ་སྣང་གི་ཡན་ལག་ལ། གཞིའི་ཡན་ལག །རྒྱུའི་རྐྱེན་གྱི། གནས་པའི། གདན་གྱི་ཡན་ལག་སྒོམ་པ་དང་ལྔ། རྗེས་ཆགས་ཀྱི་ཡན་ལག་ལ་མངོན་བྱང་ལྔ། མཁའ་གསང་བྱིན་རླབས། སྙོམས་པར་ཞུགས་པ། འཁོར་དབྱུང་བ། རྒྱུ་རྡོ་རྗེ་ཞུ་བ། གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཆང་བཞེངས་པ། སྣོད་བཅུད་སྦྱངས་པ། སྐྱེ་མཆེད་བྱིན་རླབས། ཡེ་ཤེས་གཞུག་པ་སྟེ་བཅུ་བཞི། དབང་ལ། དབང་བསྐུར་དང༌། རྒྱས་གདབ་གཉིས། བདུད་རྩི་མྱང་བ། མཆོད་པ། བསྟོད་པའི་ཡན་ལག་རྣམས་རེ་རེ་སྟེ་བསྡོམས་པས་ཉི་ཤུ་རྩ་བཞིའོ། །ཆོ་གའི་ཡན་ལག་བཅུ་དྲུག་ནི། སྙིང་ག་ནས་འོད་ཟེར་སྤྲོ་བ། ཚོགས་ཞིང་སྤྱན་དྲངས་པ། དེ་ལ་ཕྱག་འཚལ་བ། མཆོད་པ། ཡན་ལག་ལྔ་པ། སྡོམ་པ་བཟུང་བ། ཚད་མེད་བཞི། བསྲུང་འཁོར། ཡང་ན་སྤྱན་དྲངས་ཤིང་མཆོད་པ། བསོད་ནམས་ཚོགས་ལ་ཡན་ལག་ལྔ། ཚད་མེད། ཡེ་ཤེས་ཚོགས་ཏེ་སྔོན་འགྲོ་ལ་བརྒྱད། མཉམ་པར་བཞག་པའི་རྣལ་འབྱོར་བརྒྱད་དེ་བཅུ་དྲུག་གོ །ཆོ་གའི་ཆིངས་བཞི་ནི།


TNT21_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སྒྲུབ་ཡན་ལག་བཞིའོ། །གསུམ་པ་བསྒོམས་འབྲས་ས་ལམ་གྱི་རྣམ་བཞག་བཤད་པ་ལ། བསྐྱེད་རིམ་ལ་གཙོ་བོར་བཞག་པའི་ས་ལམ་དང༌། རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་མོ། །དང་པོ་ནི། ཌོམྦྷི་པ་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ། བདེ་བ་ཅུང་ཟད་ཐོབ་པ། བདེ་སྟོང་གི་ཉམས་སྐྱེས་པ༌། དེ་ཆེར་སྐྱེས་པ་སྟེ་བཞིར་བཞག་པ་དང༌། མཚོ་སྐྱེས་ལུགས་ལས་འབྱུང་བ་ནི། འཆིང་བ་མཐའ་དག་དང་ལྡན་པའི་གང་ཟག་ཐ་མའི་ཐ་མ་དང༌། ཐ་མ་དང༌། འབྲིང་དང༌། རབ་སྟེ་བཞིར་གྲགས་པ་དང༌། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པའི་ལུགས་ལ། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་བ་དང༌། ཡེ་ཤེས་ལ་ཆེས་དབང་བ་སྟེ། གང་ཟག་བཞིར་གྲགས་པ་རྣམས་མིང་ཐ་དད་པ་མ་གཏོགས་དོན་ལ་ཁྱད་པར་མེད་དོ། །ངོ་བོ་ལམ་བསྒོམས་པའི་གང་ཟག་རྣམ་པ་བཞིར་རིམ་གྱིས་འཕོ་བ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་རགས་པ་ལ་གསལ་སྣང་མ་ཐོབ་པ་དེ་སྲིད་དུ་གང་ཟག་དང་པོ་ཡིན་ལ། གསལ་སྣང་ཐོབ་པའི་ཚེ་གཉིས་པ་དང༌། གོ་ཆའི་ལྷ་ལ་སོགས་པ་ཕྲ་མོ་རྣམས་ལ་གསལ་སྣང་ཐོབ་པའི་ཚེ་གསུམ་པའོ། །ཡུངས་དཀར་གྱི་གོང་བུ་ཙམ་གྱི་ནང་དུ་ཡང་དཀྱིལ་འཁོར་ཡོངས་རྫོགས་སྐད་ཅིག་ལ་གསལ་ཐེབས་པ་ནུས་པ་དེའི་


TNT21_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཟག་བཞི་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ཕེབས་པ་སོགས་གསུམ་དང༌། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་སྦྱོར་ཞིང༌། དེ་རྣམས་ནི་བསྐྱེད་རིམ་ཁོ་ནས་ཐོབ་པ་ཡང་ཡོད་ལ། བསྐྱེད་རྫོགས་གཉིས་ཀར་གྱིས་ཐོབ་པ་ཡང་ཡོད་དོ། །དེ་ལྟར་གང་ཟག་དང་པོ་གསུམ་ནི་ཚོགས་ལམ་པར་ངེས་ཤིང༌། སྦྱོར་ལམ་དྲོད་ཀྱིས་ཡེ་ཤེས་སྐྱེས་པ་ཕན་ཆད་སྦྱོར་མཐོང་སྒོམ་པའི་ལམ་གསུམ་ལ་གནས་པ་ནི་གང་ཟག་བཞི་པ་ཡིན་ནོ། །གཉིས་པ་རྫོགས་རིམ་ལ་གཙོ་བོར་བཞག་པའི་ས་ལམ་གྱི་རྣམ་བཞག་བཤད་པ་ལ། སྒྲུབ་བྱེད་ལམ་གྱི་རང་བཞིན་དང༌། སྒྲུབ་བྱ་འབྲས་བུའི་ངོ་བོའོ། །དང་པོ་ལ་ལམ་གྱི་ངོ་བོ་ངོས་བཟུང་བ་དང༌། ལམ་དག་ལས་འབྱུང་བའི་རྣམ་བཞག་གི་ཁ་བསྐོང་བའོ། །དང་པོ་ལ། སྒོམ་བྱ་བྱང་ཕྱོགས་དང༌། བགྲོད་བྱ་ལམ་གྱི་རྣམ་བཞག་གོ །དང་པོ་ལ་ཐུན་མོང་དང༌། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། བྱང་ཕྱོགས་སོ་བདུན་ཐེག་པ་ཆེན་པོ་སྤྱི་དང་མཚུངས་པ་ཡིན་ཏེ། ཚོགས་ལམ་ཆུང་བ་ནས་དྲན་པ་ཉེ་བཞག་བཞི། འབྲིང་པོ་ནས་ཡང་དག་པར་སྤོང་བ་བཞི། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞི། སྦྱོར་ལམ་དྲོད་དང་རྩེ་མོར་དབང་པོ་ལྔ། བཟོད་པ་དང་ཆོས་མཆོག་ལ་སྟོབས་ལྔ། མཐོང་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་རྣམས་སྦྱོར་བ་ཡིན་ནོ། །གཉིས་པ། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་


TNT21_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སོ་བདུན་ལ། ས་དང་པོར་དྲན་པ་ཉེར་བཞག་བཞི། གཉིས་པ་རྫུ་འཕྲུལ་གྱི་རྐང་པ་བཞི། བཅུ་པའི་བར་ལྷག་མ་བརྒྱད་ལ་བྱང་ཕྱོགས་ཀྱི་ཆོས་གཉིས་གཉིས། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་བཞི་བཞི། ཡང་དག་པའི་ལས་ཀྱི་མཐའ་ལ་སོགས་པ་ཕྱི་མ་ལྔ་ནི་བཅུ་གསུམ་པའི་ཕྱེད་འོག་མ་དང་སྦྱོར་བ་ཡིན་ཅིང༌། དེ་དག་ནི་བྱང་ཕྱོགས་དངོས་དང་རྗེས་སུ་མཐུན་པ་ནི་སྦྱོར་ལམ་ས་བཅུ་གཉིས་ཀྱིས་གནས་སྐབས་སུ་འབྱུང་བ་ཡིན་ནོ། །གཞན་ཡང་ཐུན་མོང་གི་བྱང་ཕྱོགས་ཀྱི་ཆོས་སོ་བདུན་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་མཐུན་པ་ཡིན་ལ། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན་ནི་རྩ་སུམ་ཅུ་སོ་བདུན་དང༌། ཡི་གེ་སུམ་ཅུ་སོ་བདུན་དང༌། ཁམས་སོ་བདུན་དང༌། རླུང་སོ་བདུན་དབུ་མར་ཐིམ་པ་ལས་བྱུང་བའི་ཡེ་ཤེས་ཡིན་ནོ། །གཉིས་པ་བགྲོད་བྱེད་ལམ་གྱི་རང་བཞིན་ལ། སོ་སོའི་སྐྱེ་བོའི་ལམ་དང༌། འཕགས་པའི་ལམ་གཉིས། དང་པོ་ལ། དཀྱིལ་འཁོར་རགས་པ་ལ་གསལ་སྣང་ཅུང་ཟད་ཐོབ་ཅིང༌། ཐེག་པ་གཞན་གྱིས་དཀྲི་བར་མི་ནུས་པ་དེའི་ཚེ་ཚོགས་ལམ་ཆུང་ངུ་དང༌། གསལ་སྣང་ཅུང་ཟད་མཆེད་པ་ན་ཚོགས་ལམ་འབྲིང་པོ་དང༌། གསལ་སྣང་རྒྱ་ཆེར་མཆེད་ཅིང་ཡི་དམ་གྱི་ཞལ་ལྟ་བར་ནུས་པ་དང༌། ལས་ཚོགས་ཐོགས་མེད་དུ་གྲུབ་པ་དང༌། ཐུན་མོང་གི་དངོས་གྲུབ་ཆེན་པོ་འགྲུབ་ཏུ་རུང་བ་དེའི་ཚེ་ཚོགས་ལམ་ཆེན་པོ་ཡིན་ནོ། །དེ་ལྟར་བསྐྱེད་རིམ་སྒོམ་


TNT21_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཐར་ཕྱིན་པའི་ཡོན་ཏན་ལ་གནས་པའི་སྟེང་དུ། རྩ་ཨ་ཝ་དྷུ་ཏིར་རླུང་སེམས་ཐིམ་པའི་རྐྱེན་གྱིས་ཞུ་བདེའི་རང་བཞིན་ཅན་གྱི་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེན་པོ་གསུམ་ཐོབ་པ་དེའི་ཚེ། སྦྱོར་ལམ་དྲོད་ཆུང་འབྲིང་ཆེན་པོ་གསུམ་དུ་འཇོག་པ་ཡིན། དེ་ནས་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་རྣམ་རྟོག་དང་བྲལ་བའི་སྐུ། དཀྱིལ་འཁོར་གྱི་འཁོར་ལོ་རྒྱུན་མི་ཆད་པར་སྣང་བ་དེའི་ཚེ་སྦྱོར་ལམ་རྩེ་མོ་དང༌། རང་བཞིན་བརྒྱད་ཅུའི་རྣམ་རྟོག་མངོན་འགྱུར་བ་གཏན་ནས་འགག་པ་དེའི་ཚེ་སྦྱོར་ལམ་བཟོད་པ་དང༌། རྟེན་དེ་ལ་མཐོང་ལམ་གྱི་ཡེ་ཤེས་སྐྱེ་བའི་སྦྱོར་བ་བདེ་སྟོང་གི་ཡེ་ཤེས་བསྒོམ་པར་རྩོལ་བ་དེའི་ཚེ་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཡིན་ནོ། །དེ་ཡང་སྔོན་དུ་བསྐྱེད་རིམ་མ་བསྒོམས་པར་རྫོགས་རིམ་བསྒོམས་པས་རླུང་སེམས་དབུ་མར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་ཐོབ་པ་དེས་ཚོགས་ལམ་ལས་མ་འདས་ལ། དེར་བསྐྱེད་རིམ་གྱིས་བོགས་དབྱུང་བའི་རྐྱེན་གྱིས་སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་སྐྱེ་བར་བཤད་པ་ནི་དམིགས་གསལ་ཡིན་ནོ། །གཉིས་པ་འཕགས་ལམ་ནི་ས་བཅུ་གཉིས་སམ་ཕྱེད་དང་བཅུ་གསུམ་གྱིས་བསྡུས་པ་ཡིན་ཅིང༌། དེ་ཡང་ཐེག་པ་སྤྱི་དང་ཐུན་མོང་གི་བརྡ་ཆད་རབ་ཏུ་དགའ་བ་ལ་སོགས་པའི་མིང་དང༌། རྣལ་འབྱོར་མའི་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་བརྡ་ཆད་གནས་ལ་སོགས་པའི་མིང་གིས་གསུངས་པ་ཡིན་ཏེ། ཇི་སྐད་དུ། རྒྱུད་ལས་


TNT21_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ཤེས་པར་བྱ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །ཙྪནྡོ་མངོན་དུ་གྱུར་པ་སྟེ། །ཉེ་བའི་ཙྪནྡོ་སྦྱངས་དཀའ་བ། །འདུ་བ་རིང་དུ་སོང་བ་སྟེ། །ཉེ་བའི་འདུ་བ་མི་གཡོ་བ། །དུར་ཁྲོད་ལེགས་པའི་བློ་གྲོས་དེ། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། ཞེས་དང༌། མངོན་བརྗོད་བླ་མ་ལས། དཔེ་མེད་པ་དང་ཡེ་ཤེས་ལྡན། །རྡོ་རྗེ་ས་ནི་བཅུ་གསུམ་པ། ཞེས་པ་ལྷག་མ་གསུམ་གྱི་མིང་ཡང་གསུངས་ཤིང༌། དེ་ཡང་གོང་གི་འཕྲོས་དང་སྦྱར་ན། འཐུང་སྤྱོད་དཔེ་མེད་ཡེ་ཤེས་ཆེ། །ཉེ་བའི་འཐུང་སྤྱོད་ཡེ་ཤེས་ལྡན། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས། །ཞེས་བླ་མ་གོང་མ་རྣམས་ཀྱི་གསུང་འཕྲོས་ལས་འབྱུང་ངོ༌། །དེ་ལྟར་ན་ས་རབ་ཏུ་དགའ་བའི་ཐོག་མ་དང་གནས་ཀྱི་དང་པོ་ནི་མཐོང་ལམ་ཡིན་ལ། ལྷག་མ་བཅུ་གཅིག་དང་བཅུ་གསུམ་པའི་ཕྱེད་འོག་མ་ནི་སྒོམ་ལམ་ཡིན་ནོ། །དེ་ལྟར་ས་དེ་རྣམས་ཐོབ་པའི་རྒྱུ་ནི། རྩ་དང་ཁམས་དང་རླུང་རྣམས་དབུ་མར་ཐིམ་པ་ལས་འབྱུང་ཞིང༌། དེ་ཡང་སྤྱོད་པ་དང་ཉེ་རྒྱུ་ལ་རག་ལས་པ་ཡིན་ཏེ། མ་དག་ས་བདུན་དུ་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་ཁོ་ན་དང༌། དེ་ནས་བཅུ་གཉིས་པའི་བར་ཕྱོགས་ལས་རྣམ་རྒྱལ་ཁོ་ནའམ་ཉེ་རྒྱུའི་བགྲོད་པའང་ཡོད་ལ། བཅུ་གསུམ་པའི་ཕྱེད་འོག་མ་ནི་ཉེ་རྒྱུ་ཁོ་ན་ལ་ངེས་པར་ལྟོས་པ་ཡིན་ནོ། །དེ་ཡང་ཕྱི་རོལ་དུ་ཛ་ལན་དྷ་ར་ལ་སོགས་པའི་ཡུལ་ཆེན་བཞི་


TNT21_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པ་དང༌། དེ་དག་ན་གནས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་ཁྱད་པར་ཅན་གྱི་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པས་ནང་དུ་མི་ཕྱེད་མ་ལ་སོགས་པ་བཞི་དང༌། ཁམས་དང་རླུང་རྣམས་དབུ་མར་ཐིམ་པས་ས་དང་པོའི་རྟོགས་པ་སྐྱེ་བ་ཡིན་ཅིང༌། གཞན་ལའང་རིགས་འགྲེའོ། །དེ་ལྟར་ས་དང་པོ་དང་གཉིས་པ་གཉིས་སུ་ཡུལ་ཆེན་དང༌། རྩ་དང་ཁམས་དང་རླུང་གི་འཕོ་བ་བཞི་བཞི་དང༌། དེ་ནས་བཅུའི་བར་ལྷག་མ་བརྒྱད་ལ་གཉིས་གཉིས་དང༌། བཅུ་གཅིག་པ་དང་བཅུ་གཉིས་པ་ལ་བཞི་བཞི་དང༌། བཅུ་གསུམ་པའི་ཕྱེད་འོག་མ་ལ་སྦས་པའི་རྩ་ལྔ་དང༌། བདུད་བྲལ་བའི་ཁམས་དང་རླུང་རྣམས་དབུ་མར་ཐིམ་དགོས་པ་ཡིན་ནོ། །དེ་ལྟར་ས་རྣམས་ཀྱི་ཡོན་ཏན་ཕལ་ཆེ་བ་ནི་ཐེག་པ་སྤྱི་དང་མཚུངས་ཤིང༌། བཅུ་གཅིག་པ་དང་བཅུ་གཉིས་པ་ནི་ས་བཅུའི་ཡོན་ཏན་ཡར་འཕེལ་གྱི་སྟེང་དུ། ཆོས་སྐུའི་ཞིང་ཁམས་ལ་དབང་འབྱོར་པ་ཞེས་བྱ་བ་ཇི་ལྟ་བའི་ཆོས་རྣམས་རྟོགས་པའི་ཡེ་ཤེས་ལྷག་པར་རྟོགས་པ་ཡིན་ནོ། །བཅུ་གསུམ་པ་ཕྱེད་འོག་མ་ནི་ངོ་བོ་ཉིད་སྐུའི་ཞིང་ཁམས་ལ་དབང་ཐོབ་པ་ཞེས་བྱ་ཞིང་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་ཀྱི་གནས་ལུགས་མ་ལུས་པ་རྟོགས་པའི་ཡེ་ཤེས་དཔག་ཏུ་མེད་པ་ལྡན་པ་ཡིན་ནོ། །ས་བཅུ་གཅིག་པ་དང་བཅུ་གཉིས་པའི་ངོ་སྐལ་གྱི་ཕྱིའི་ཡུལ་ཆེན་པོ་བརྒྱད་ནི། དུར་ཁྲོད་བརྒྱད་ལ་ངོས་འཛིན་པ་དང༌། བཅུ་གསུམ་པའི་


TNT21_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་འོག་མའི་ངོ་སྐལ་གྱི་ཕྱིའི་ཡུལ་ཆེན་ལྔ་ནི། རྡོ་རྗེ་གདན་དང་དེ་དང་ཉེ་བའི་ཕྱོགས་བཞིའི་ཡུལ་རྣམས་སོ། །དེ་ལྟར་རྩ་རྒྱུད་དངོས་བསྟན་ལ་ཡུམ་ཆེན་སུམ་ཅུ་རྩ་གཉིས་དང༌། ནང་གི་ལུས་ལ་སྦྱར་བ་ཡོད་ཀྱང༌། བདེ་མཆོག་ལ་ཉེར་བཞིར་གསུངས་པ་རྩ་མི་ཕྱེད་མ་ལ་སོགས་པ་དང་རིམ་པ་བཞིན་དུ་སྦྱར་བ་ནི། སམ་བྷུ་ཊི་ནས་གསུངས་པ་དང་གུང་བསྒྲིགས་པ་ལས་ཤེས་པར་བྱའོ། །གཉིས་པ་མན་ངག་གི་ཁ་བསྐང་བ་ལ། ལྟ་གྲུབ་བརྒྱད་ངོས་བཟུང་བ་དང༌། དེ་ལ་ཇི་ལྟར་ཁྲིད་པའི་ཚུལ་ལོ། །དང་པོ་ལ་སོ་སྐྱེས་ལམ་དུ་ལྟ་བ་བཞི་དང༌། འཕགས་ལམ་དུ་འགྲུབ་མཐའ་བཞིའོ། །དང་པོ་བུམ་དབང་གི་ལྟ་བ་མི་རྟོག་པ་གཙོ་ཆེ་བ་ངོ་བོ་ཉིད་དང༌། གསང་དབང་གི་ལྟ་བ་གསལ་བ་གཙོ་ཆེ་བ་རང་བྱུང་གི་ཡེ་ཤེས་དང༌། ཤེས་རབ་ཡེ་ཤེ་དབང་གི་ལྟ་བ་བདེ་བ་གཙོ་ཆེ་བ་ཡས་བརྟན་གྱི་དགའ་བ་བཞི་དང༌། དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་མེད་པ་མས་བརྟན་གྱི་དགའ་བ་བཞིའོ། །དང་པོ་ལ་དབྱེ་ན། སྣང་ཕྱོགས་ཀྱི་ངོ་བོ་ཉིད་ཀྱི། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་དང༌། ཟུང་འཇུག་གི་ངོ་བོ་ཉིད་གསུམ་མོ། །དེ་དག་ནི་དཀྱིལ་འཁོར་བསྒོམས་པ་དང་འབྲེལ་བའི་སྣང་ཉམས་དང༌། སྟོང་ཉམས་དང༌། སྣང་སྟོང་ཟུང་འཇུག་གི་ཉམས་རྣམས་སོ། །དེ་གསུམ་ཆར་ཡིད་ཀུན་བཏགས་དང་བྲལ་བའི་ཆོས་ཉིད། མི་རིགས་པ་ལས་ལོག་


TNT21_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་ཅན། ངོ་བོ་གཅིག་ཚུལ་གྱི་ལྡོག་པ་ཐ་དད་པ་སྟེ་མཚན་ཉིད་གསུམ་དུ་གསུངས་སོ། །གཉིས་པ་ལ་རང་བྱུང་ཞེས་པའི་དོན་ཕྱི་རོལ་གྱི་རྐྱེན་གཞན་ལ་མ་ལྟོས་པ་ཡིན་ལ། དེ་ལ་ཉོན་མོངས་རང་བྱུང༌། རྣམ་རྟོག་རང་བྱུང་དང༌། སྦྲེལ་གཞི་རང་བྱུང༌། གསལ་ཞིང་ཡངས་ལ་རང་བྱུང་ཆེན་པོའི་ཡེ་ཤེས་སོ། །དང་པོ་ནི། རྩ་རླུང་ཐིག་ལེའི་ཁྱད་པར་འགའ་ཞིག་དབང་བསྐུར་ཐོབ་པས་རྟེན་འབྲེལ་གྱིས་ཉོན་མོངས་དུག་ལྔ་ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱི་ཡེ་ཤེས་དང་གཉིས་པ་རྣམ་རྟོག་ཤུགས་དྲག་པོ་ལྟར་སྣང་བའི་ལམ་གྱི་ཡེ་ཤེས་དང༌། གསུམ་པ་ཉམས་མཐོ་དམན་གསལ་མི་གསལ། བདེ་སྡུག་འདྲེས་མར་སྣང་བ་དང༌། བཞི་པ་གསལ་སྟོང་གི་ཡེ་ཤེས་མཐའ་དབུས་མེད་པར་འཆར་བ་རྣམས་སོ། །གསུམ་པ་ནི་ཡས་བརྟན་གྱི་དགའ་བ་བཞི་སྟེ། དེ་དག་ལ་ཡང༌། གནས་ལ་ལྟོས་པ་བཞི་དང༌། ལུས་ལ་ལྟོས་པ། སྤང་བྱ་ལ་ལྟོས་པ། ངོ་བོ་ཉིད་ལ་ལྟོས་པར་དབྱེ་བས་བཅུ་དྲུག་གོ །དང་པོ་ནི། སྤྱི་བོའི་ཧཾ་ཡིག་ཞུ་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་བརྟན་པར་བྱ་བའི་དུས་སུ་བདེ་བ་འཆར་བ་ཡིན་ནོ། །གཉིས་པ་ལུས་ལ་ལྟོས་པ་ནི། ཕྱི་རོལ་གྱི་བྱ་བ་ལ་ལྟོས་པའི་བདེ་བ་དང༌། གཉིས་སྦྱོར་གྱི་བྱ་བ་ལས་ཐོབ་པའི་བདེ་བ་དང༌། བསྲུབས་པ་ལས་བྱུང་བའི་བདེ་བ་དང༌། བྱང་ཆུབ་ཀྱི་སེམས་བརྟན་


TNT21_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པའི་བདེ་བ་སྟེ་སྐད་ཅིག་མ་རིམ་པ་བཞི་ལ་ལྟོས་པ་ཡིན་ནོ། །གསུམ་པ་སྤང་བྱ་ལ་ལྟོས་པ་ནི་ཕྱི་རོལ་གཟུང་བའི་རྣམ་རྟོག་རགས་པ་འགགས་པ་དང༌། རིག་མར་འཛིན་པའི་རྣམ་རྟོག་འགགས་པ་དང༌། བདག་ཏུ་འཛིན་པའི་རྣམ་རྟོག་མངོན་གྱུར་པ་འགགས་པ་དང༌། གཟུང་འཛིན་གྱི་རྣམ་རྟོག་ཕྲ་རགས་མངོན་གྱུར་པ་འགགས་པ་སྟེ་བཞིའོ། །བཞི་པ་ངོ་བོ་ཉིད་ལ་ལྟོས་པ་ནི། བདེ་སྟོང་གི་ཡེ་ཤེས་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་དང། ཆེན་པོའི་ཆེན་པོ་རྣམས་ཡིན་ནོ། །བཞི་པ་དབང་བཞི་པའི་ལྟ་བ་བདེ་སྟོང་གཉིས་སུ་མེད་པའི་མས་བརྟན་གྱི་དགའ་བ་བཞི་ནི། ཇི་སྐད་དུ། རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །རྣམ་པར་སྨིན་པའི་སྟོབས་སྟེར་བྱེད། །སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །དྲི་མ་མེད་པས་འཆི་མེད་འགྱུར། །ཞེས་གསུངས་པ་ལྟར་འབྲས་བུ་བཞི་སྟེ། དེ་ཡང་ནོར་བུ་ནས་ལྟེ་བའི་བར་བྱང་སེམས་ཀྱིས་གང་ཞིང་བརྟན་པར་བྱས་པ་ནི་རྒྱུ་མཐུན་པའི་འབྲས་བུ་སྟེ། སྐྲ་དཀར་ལ་སོགས་པ་རྒས་པ་མི་འབྱུང་བ་དང༌། དེ་ཉིད་སྙིང་གར་བརྟན་པར་བྱས་པ་ནི་རྣམ་སྨིན་གྱི་འབྲས་བུ་སྟེ། སེམས་ཡེ་ཤེས་ཀྱི་སྟོབས་སུ་གྱུར་པས་ལུས་སྲེད་མེད་ཀྱིས་བུའི་སྟོབས་དང་ལྡན་པ་ཡིན་ནོ། །དེ་ཉིད་མགྲིན་པའི་བར་དུ་བརྟན་པར་བྱས་པ་ནི། སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། ཆོས་ཐམས་ཅད་ལ་བློ་གྲོས་འཕེལ་ཤིང་ཐོགས་མེད་དུ་


TNT21_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྟོན་ནུས་པ་དང༌། དེ་ཉིད་སྤྱི་བོའི་བར་དུ་བརྟན་པར་བྱས་པ་ནི་བྲལ་བའི་འབྲས་བུ་སྟེ། ཐ་མལ་པའི་ལུས་གནས་གྱུར་ནས་འཇའ་ལུས་རྡོ་རྗེའི་སྐུ་འགྱུར་པ་ཡིན་ནོ། །གཉིས་པ་འཕགས་ལམ་དུ་གྲུབ་མཐའ་བཞི་ཞེས་བྱ་བ་ནི་གྲུབ་འབྲས་ཏེ། སོ་སོའི་སྐྱེ་བོའི་གནས་སྐབས་སུ་དབང་བཞིའི་ལམ་བསྒོམས་པའི་འབྲས་བུ་ཡིན་པས་སོ། །རྣམ་པ་གཅིག་ཏུ་ན། གྲུབ་པ་ནི་མཆོག་གི་དངོས་གྲུབ་ཡིན་ལ། མཐར་ཐུག་གི་འབྲས་བུ་དེ་དང་ཉེ་བས་གྲུབ་པའི་མཐའ་ཞེས་བྱའོ། །དེ་ལ་དབྱེ་ན། བུམ་དབང་གི་གྲུབ་མཐའ་འཁོར་འདས་དབྱེར་མེད། གསང་དབང་གི་གྲུབ་མཐའ་མ་འདྲེས་ཡོངས་རྫོགས། ཤེར་དབང་གི་གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ། དབང་བཞི་པའི་གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་དང་བཞིའོ། །དང་པོ་ནི། ས་དང་པོ་ནས་དྲུག་པའི་བར་ཡིན་ཏེ། འཁོར་འདས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ལ་གཙོ་བོར་བྱེད་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །གཉིས་པ་ནི། ས་བདུན་པ་ནས་བཅུའི་བར་རྣམས་ཡིན་ཏེ། སོ་སོར་ཡང་དག་པར་རིག་པ་བཞི་ལ་དབང་འབྱོར་བས་སེམས་ཅན་སོ་སོའི་བསམ་པ་དང་མཐུན་པ་དང། འགྲོ་བ་སོ་སོའི་སྐད་དང་མཐུན་པའི་ཆོས་སོ་སོར་མ་འདྲེས་པ་སྟོན་པར་ནུས་པས་ན་མ་འདྲེས་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །གསུམ་པ་ནི། ས་བཅུ་གཅིག་པ་དང་བཅུ་གཉིས་པ་ཡིན་ཏེ། འདི་དག་ནི་བདེ་སྟོང་གི་ཡེ་ཤེས་ཀྱི་ཡུལ་


TNT21_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་དང་བཅས་པའི་ཕྱིར་བདེ་སྟོང་རྒྱ་ཆུང་བ་ཞེས་བྱའོ། །བཞི་པ་ནི། བཅུ་གསུམ་པའི་ཕྱེད་འོག་མ་ནི་སྐད་ཅིག་མ་གཅིག་གིས་བརྟན་གཡོ་ཐམས་ཅད་ལ་ཁྱབ་པར་ནུས་པའི་ཕྱིར་བདེ་སྟོང་རྒྱ་ཆེ་བ་ཞེས་བྱའོ། །ས་འདི་དག་ཏུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་གྲུབ་མཐའ་ལ་རྟགས་སུ་ཤར་བ་ཞེས་བྱའོ། །གཉིས་པ་དེ་ལ་ཇི་ལྟར་འཁྲིད་ཚུལ་ནི། ཚོགས་སྦྱོར་གྱི་ལམ་མཐའ་དག་ཁམས་འདུས་པ་གསུམ་དང༌། འཇིག་རྟེན་ལས་འདས་པའི་ལམ་གྲུབ་མཐའ་བཞིའི་བསྡུས་པ་ལྟར་ཏེ། དེ་ལ་ཁྲིད་ལུགས་གསུམ་དང༌། བསྒྲོད་ལུགས་གཉིས་ཀྱིས་དང་པོ་རླུང་གི་ལམ་ཁྲིད་པའི་ཚུལ་ནི། ཁམས་འདུས་པ་དང་པོར་གནོད་པ་དང་བཅས་པའི་ལམ་ཁྲིད་པ་དང༌། འདུས་པ་གཉིས་པ་ཕན་གནོད་མེད་པར་ལམ་ཁྲིད་པ་དང༌། འདུས་པ་གསུམ་པར་ཕན་པ་དང་བཅས་པའི་ལམ་ཁྲིད་པ་སྟེ་དེ་དག་ནི་འཇིག་རྟེན་ཆོས་མཆོག་མན་ཆད་ཀྱི་ལམ་ཆོད་པའོ། །འཇིག་རྟེན་ལས་འདས་པའི་གནས་སྐབས་སུ་ཡང་གྲུབ་མཐའ་དང་པོར་ཟག་པ་མེད་པའི་རླུང་གི་ལམ་ཁྲིད་པ་དང༌། གཉིས་པར་དབང་པོ་ལྔའི་རླུང་གི་ལམ་ཁྲིད་པ་དང༌། གསུམ་པར་སྟོབས་ལྔའི་རླུང་གི་ལམ་ཁྲིད་པ་དང༌། བཞི་པར་སྲོག་རྩོལ་རབ་ཏུ་ཐིམ་པའི་རླུང་གི་ལམ་ཁྲིད་པ་སྟེ། དེ་ལྟར་རླུང་གི་བགྲོད་པ་མ་ལུས་པ་ཐིམ་པས་སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་ཐིག་ལེའི་ལམ་ཁྲིད་ཚུལ་ལ། འདུས་པ་དང་པོར་ཁམས་དྭངས་


TNT21_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་མ་ཕྱེད་པར་ལམ་ཁྲིད་པ་དང༌། གཉིས་པར་ཅུང་ཟད་ཕྱེད་པས་ཁྲིད་པ་དང༌། གསུམ་པ་དྭངས་སྙིགས་ཕྱེད་པར་ཁྲིད་པ་སྟེ་གསུམ་དུ་ཡོད་ཅིང༌། འཇིག་རྟེན་ལས་འདས་པའི་སྐབས་སུའང་གྲུབ་མཐའ་དང་པོར་ཁམས་དྭངས་མའི་ལམ་ཁྲིད་པ་དང༌། གཉིས་པ་ཐིག་ལེའི་བདུད་རྩི་ལམ་ཁྲིད་པ་དང༌། གསུམ་པར་དྭངས་མ་ཆེན་པའི་ལམ་ཁྲིད་པ་དང༌། བཞི་པར་དྭངས་མའི་དྭངས་མས་ལམ་ཁྲིད་པ་སྟེ། དེ་ནས་ཐིག་ལེའི་བགྲོད་པ་ཐམས་ཅད་ཐིམ་པས། ཁམས་དྭངས་མ་མཆོག་འབའ་ཞིག་ཏུ་གྱུར་པ་ཡིན་ནོ། །གསུམ་པ་རྩ་ཡི་གེའི་ལམ་ཁྲིད་ཚུལ་ནི། འདུས་པ་གསུམ་ལ་མ་ངེས་པ་འཁྲུལ་སྣང་ལ་བརྟེན་ནས་ལམ་ཁྲིད་ཚུལ་དང༌། ངེས་པ་མཐོང་སྣང་ལ་བརྟེན་ནས་ལམ་ཁྲིད་ཚུལ་དང༌། ཤིན་ཏུ་ངེས་པ་གསལ་སྣང་ལ་བརྟེན་ནས་ལམ་ཁྲིད་པའོ། །འཕགས་ལམ་སྐབས་སུ་གྲུབ་མཐའ་བཞི་ལ། ཡི་གེའི་སྟོབས་ཅུང་ཟད་དག་པའི་ལམ་ཁྲིད་ཚུལ་དང༌། ཡི་གེའི་སྟོབས་ཕལ་ཆེར་དག་པའི་ཁྲིད་ཚུལ་དང༌། ཡི་གེའི་སྟོབས་དག་པའི་ལམ་ཁྲིད་པའི་ཚུལ་དང༌། ཡི་གེའི་སྟོབས་ཆེར་དག་པའི་ཁྲིད་ཚུལ་ཏེ་བཞི་ཡོད་ཅིང༌། དེ་ནས་རྩ་ཡི་གེའི་བགྲོད་པ་ཐིམ་པས་མི་ཤིགས་པ་མཆོག་ཏུ་གྱུར་པ་ཡིན་ནོ། །གཉིས་པ་བགྲོད་ལུགས་གཉིས་ནི། ལམ་ལྟར་ན་ལམ་ལྔ་དང་ས་བཅུ་གསུམ་མོ། །བྱང་ཕྱོགས་ལྟར་བགྲོད་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་ནོ། །གཉིས་པ་བསྒྲུབ་བྱ་འབྲས་བུའི་ངོ་བོ་ནི།


TNT21_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གོང་མའི་མན་ངག་ལས། ཇི་སྐད་དུ། གནས་ཡོངས་གྱུར་དང་ཡེ་ཤེས་སྐུ། །མི་གནས་མྱ་ངན་འདས་ཉིད་དང༌། །གཉིས་སུ་མེད་པ་ཉིད་དང་ནི། །མཛད་པ་རྒྱུན་མི་འཆད་པས་བསྡུས། །ཞེས་གསུངས་པ་ལྟར་དོན་ཚན་དྲུག་དང༌། སྐུ་དང་ཡེ་ཤེས་ཀྱི་ཡན་ལག་བཤད་པ་བརྩི་བ་སྟེ་བདུན་ནོ། །དང་པོ་གནས་ཡོངས་སུ་གྱུར་པ་ནི། ཆོས་ཀྱི་དབྱིངས་རང་བཞིན་གྱི་ཆ་ནས་གནས་གྱུར་པ་མེད་ཀྱང་ཀུན་རྫོབ་ཀྱི་ཆ་ནས་གནས་གྱུར་པ་སྟེ། ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས། ཉོན་ཡིད་གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས། ཡིད་ཀྱི་རྣམ་ཤེས་གནས་གྱུར་པ་སོར་རྟོག་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་གནས་གྱུར་པ་བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཤིན་ཏུ་དྲི་མ་མེད་པར་གྱུར་པ་ཆོས་དབྱིངས་ཡེ་ཤེས་ཏེ་མདོ་དང་ཐུན་མོང་གི་གནས་གྱུར་གྱི་རྣམ་བཞག་དང༌། ཕུང་པོ་ལྔ་རྒྱལ་བ་རིག་ལྔར་གནས་གྱུར་པ་དང༌། ཉོན་མོངས་པ་དུག་ལྔ་ཡེ་ཤེས་ལྔར་གནས་གྱུར་པ་དང༌། སྐྱེ་མཆེད་བཅུ་གཉིས་སེམས་དཔའ་སེམས་མའི་དཀྱིལ་འཁོར་དུ་གནས་གྱུར་པ་དང༌། ལུས་རྩ་གནས་སྤྲུལ་སྐུར་གནས་གྱུར་པ་དང༌། ཡི་གེ་ལོངས་སྐུར་གནས་གྱུར་པ་དང༌། ཁམས་ཆོས་སྐུར་གནས་གྱུར་པ་དང༌། སྙིང་པོ་ཡེ་ཤེས་ངོ་བོ་ཉིད་སྐུར་གནས་གྱུར་པ་སྟེ། ཐུན་མོང་མ་ཡིན་པའི་གནས་གྱུར་གྱི་རྣམ་བཞག་གོ །གཉིས་པ་ཡེ་ཤེས་ནི། གོང་དུ་མངོན་བྱང་གི་སྐབས་སུ་བཤད་ཟིན་པའི་ཡེ་ཤེས་ལྔ་དང༌། སྟོབས་བཅུ་


TNT21_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་དཔག་ཏུ་མེད་པ་ཡིན་ལ། དེ་ཡང་ཡེ་ཤེས་ལྔ་སྐུ་གསུམ་གྱི་བསྡུས་པ་ཡིན་ཏེ། ཆོས་དབྱིངས་ཡེ་ཤེས་ནི་ཆོས་སྐུ་དང༌། བྱ་གྲུབ་ཡེ་ཤེས་ནི་སྤྲུལ་སྐུ། ཡེ་ཤེས་གཞན་རྣམས་ནི་ལོངས་སྐུས་བསྡུས་པ་ཡིན་ནོ། །དེ་ཡང་བདེ་མཆོག་སྟོད་འགྲེལ་ལས། ཡང་སངས་རྒྱས་ཀྱི་ས་དེ་ཉིད་ལ་རྡོ་རྗེ་གུར་དང་སངས་རྒྱས་ཀྱི་སའི་དགོངས་པ་ལྟར་ཡེ་ཤེས་ལྔས་སངས་རྒྱས་ཀྱི་ས་ཐམས་ཅད་བསྡུས་པར་གསུངས། ཞེས་གསུངས་ཤིང༌། ལྗོན་ཤིང་ལས་ཀྱང་དེ་བཞིན་དུ་གསུངས་ལ། འདིའི་སྐབས་ཀྱི་སངས་རྒྱས་ཀྱི་སའི་དགོངས་པ་ཞེས་གསུངས་པ་ནི། མདོ་སྡེ་སངས་རྒྱས་ཀྱི་ས་ཡིན་པའི་ཕྱིར་མདོ་ལུགས་ལ་ཡེ་ཤེས་ལྔ་མེད་པར་འདོད་པ་ནི། རྗེ་བཙུན་གོང་མ་རྣམས་ཀྱིས་དགོངས་པ་བསྐངས་པ་མ་ཡིན་ནོ། །གསུམ་པ་ནི། སྐུ་གསུམ་གྱི་སྟེང་དུ་ངོ་བོ་ཉིད་སྐུའི་བསྣན་པས་བཞིའོ། །དེའི་སྟེང་དུ་བདེ་བ་ཆེན་པོའི་སྐུ་བསྣན་པས་ལྔའོ། །བཞི་པ་ནི་མི་གནས་པའི་མྱང་འདས་ནི་ཆོས་སྐུས་སྲིད་པའི་མཐའ་ལ་མི་གནས་པ་དང༌། ལོངས་སྐུ་སྟོན་པའི་སྒོ་ནས་མྱང་འདས་ཀྱི་མཐའ་ལ་མ་གནས་པ་ཉིད་ཡིན་ནོ། །ལྔ་པ་གཉིས་སུ་མེད་པ་ནི་ཟུང་དུ་འཇུག་པ་སྟེ། སྐུ་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་དང༌། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡོག་ཆ་ཐ་དད་ཀྱང་ཡེ་ཤེས་གཅིག་གི་རྣམ་རོལ་ཡིན་ནོ། །དྲུག་པ་ནི། སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཏེ། གདུལ་བྱ་གང་ལ་གང་འདུལ་དུ་སྟོན་པ་དང༌། བརྟན་གཡོ་ཐམས་ཅད་ཀྱི་རྣམ་པར་སྟོན་པ་དང། དུས་སྲིད་པ་ཇི་སྲིད་ཀྱི་བར་དུ་རྒྱུན་མི་འཆད་པར་འབྱུང་བའོ། །བདུན་པ་ནི། ཡེ་ཤེས་ལྔ་དང་ཡན་ལག་བདུན་ཡང་སྐུ་


TNT21_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་བསྡུས་པ་ཡིན་ཏེ། ཇི་སྐད་དུ། སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཡན་ལག་བདུན་བཤད་དོན་དང་ལྡན་པའི་བསྒྲུབ་བྱ་འདིར། །བདག་འདོད་ཚད་མས་ཡོངས་གོམས་བློ་ཅན་རྣམས་ཀྱིས་བསྔགས། །ཞེས་གསུངས་པ་ལྟར། ཁ་སྦྱོར་ལ་སོགས་པ་ཡན་ལག་དང་པོ་གསུམ་ལོངས་སྐུ་དང། རང་བཞིན་མེད་པའི་ཡན་ལག་ནི་ཆོས་སྐུ་དང༌། ཕྱི་མ་གསུམ་ནི་སྤྲུལ་པའི་སྐུའོ། །དེ་ལྟ་བུའི་ཡན་ལག་བདུན་ལྡན་ཚོགས་གཉིས་རྫོགས་པའི་སངས་རྒྱས་དངོས་དང་རྡོ་རྗེ་འཆང་ཞེས་བྱ་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རང་འབྲས་ཀྱི་སངས་རྒྱས་ནི། སངས་རྒྱས་ཀྱི་མཚན་དང་ལྡན་པ་ཙམ་སྟེ། ས་བཅུ་པ་ལས་མི་འདའ་བའོ། །སཾབྷུ་ཊི་ལས། གང་དག་བསམ་གྱིས་མི་ཁྱབ་པའི་གནས་ཐོབ་པ་དེ་དག་བདེ་བར་གཤེགས་པ་སྟེ། སངས་རྒྱས་ཡིན་ལ་མཚན་གཞི་མཚོན་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུངས་སོ། །འདིའི་སྐབས་ཀྱི་བསམ་གྱིས་མི་ཁྱབ་པའི་གནས་ནི་ཁ་སྦྱོར་དང་བདེ་བ་ཆེན་པོའི་གནས་ཡིན་ཅིང༌། མཚན་གཞི་མཚོན་པར་བྱེད་པ་ནི། ཆོས་ཐམས་ཅད་གཟིགས་ཤིང་མཁྱེན་པའི་དོན་ཏོ། །ཐམས་ཅད་མཁྱེན་པའི་ལམ་བཟང་བདུད་རྩིའི་མཚོ། །ཡི་གེའི་སར་འཁོད་དགེ་བ་གང་བསགས་དེས། །འགྲོ་བའི་ཡིད་མཁར་ཀུན་མཁྱེན་ཟླ་འོད་རྒྱས། །དགྱེས་པའི་རྡོ་རྗེ་རབ་རྒྱས་རྒྱུར་གྱུར་ཅིག །ཅེས་པ་འདི་ནི་རྗེ་བཙུན་ཐམས་ཅད་མཁྱེན་པས་འཇམ་དབྱངས་ཀུན་དགའ་སྙིང་པོའམ་མཚན་གཞན་ཏཱ་ར་ནཱ་ཐའི་ཞལ་སྔ་ནས་གསུངས་པ་ཇི་ལྟར་ཟིན་པ་བཞིན་དམ་པ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་དགེ་སློང་དཔལ་ལྡན་ཤཱཀྱཱ་བསྟན་འཛིན་གྱིས་བྲིས་པའོ།། །།དགེའོ།། བཀྲ་ཤིས།།


previousཀྱཻ་རྡོ་རྗེའི་བསྐྱེད་རིམ་ཀྱི་བཤད་པ།next