Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་པ།
   
   
   
   
   
   
   
   
   
   
   
   


 
previousདཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་པ།next

དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་པ།


TNT21_Page_0865
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་པ་ནི། ཐབ་བློ་བསླངས་སུ་བྱེད་ན་སྟེགས་བུ་མདའ་གང་གྲུ་བཞི་ལ་དཔངས་མཐོ་གང་ཙམ་བྱ། དེའི་དབུས་སུ་ཐབ་རྩིག་པའམ། བྲུས་པའི་སོར་བཞི་ཙམ་བྲུས། སོར་བརྒྱད་ཙམ་བརྩིགས་ནས་རྩིག་པའི་སྲབ་མཐུག་སོར་བཞི་ཡོད་པར་བྱ། དེའི་ཕྱི་ཁ་ཁྱེར་སོ་སོར་དབྱིབས་གྲུ་གསུམ་ཉིད་ཀྱི་ཆོག །ངོས་རེ་གྲུ་གང་བ་ཡོང་བར་བྱ། དྲག་པོ་ཁོ་ན་ལ་སོར་ཉི་ཤུ་བ་ཡིན་ཏེ། མཐའ་གཅིག་ཏུ་མ་ངེས། ཕྱི་ནང་ཐམས་ཅད་ཚོན་ནག་པོའམ། རོ་སོལ་གྱིས་བྱུགས། དེའི་སྟེང་དུ་ལས་དང་མཐུན་པའི་ཁ་དོག་གཞན་གྱིས་བསྒྱུར་ཏེ། ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་ནག་པོ། བྲིས་ཐབས་སུ་བྱེད་ན་ཐིག་ཆེན་བརྒྱད་གཏབ་པ་སོགས་སྤྱི་དང་འདྲ། ཁ་ཁྱེར་ལ་ཁྲོ་བའི་རྡོ་རྗེ་བྲི། ཐབ་ཀྱིས་ནང་དུ་པདྨ་འདབ་བརྒྱད་དམ། འཁོར་ལོ་སྔོན་པོ་རྩིབས་བརྒྱད། ལྟེ་བ་ལ་གྲི་གུག་ཅིག་འབྲིའོ། །ཟུར་གསུམ་རྩེ་མོ་ཕར་བསྟན་པར་བྱ། ཐབ་ཀྱི་གཡོན་དུ་མཆོད་རྫས་དང༌། རང་གི་གཡོན་དུ་བསྲེག་རྫས་བཤམས། གཏོར་མ་ཇི་ལྟར་བདེ་བ་ལ་བསྒྲིག་ཞི་བ་རྐྱང་པ་ལ་མཆོད་རྫས་བསྲེག་རྫས་བཤམ་ཚུལ་ཏེ་གོ་ལྡོག་ཡིན། ཐབ་ཞལ་བྱང་དུ་ཕྱོགས། རང་ཉིད་ཁ་ལྷོར་ལྟ། ཤིང་ཚེར་མ་ཅན་གཙོར་བྱེད་གཞན་ཡང་སྐམ་ཡང་དང་མདོག་མི་སྡུག་པ་སྣ་ཚོགས་པའི་བུད་ཤིང་དང༌།འབུལ་རྒྱུའི་ཡམ་ཤིང་ཤ་ཁྲག་རུས་གསུམ་སྐྲ་ཤད་སྣུམ་ནག །སྲན་མ། བྲ་བོ། ཡུངས་དཀར། ཡུངས་ནག །སྐེ་ཚེ་སོགས་འབྲུ་སྣ་ཚོགས་བསྲེས་པ་དང༌། དུག་ཁྲག་དང༌། བུང་བུའི་སྦངས་དང༌།


TNT21_Page_0866
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཚ་སོགས་བཤམ། བཟློག་པ་གལ་ཆེ་བ་དང༌། དྲག་ལས་དམིགས་བསལ་ཅན་ཡིན་ན། ལིང་ག་ཆེ་བར་གྲགས་པ་བྲུབ་ཁུང་གཅིག་གི་ནང་དུ་རྫས་དང་བཅས་པའི་ལིང་ག་དང་ལིང་ཆུང་གཉིས་ཀ་བཤམ། བཟློག་པ་ཙམ་དང༌། བསྙེན་པའི་ཁ་སྐོང་སོགས་དངོས་གྲུབ་ཀྱི་དོན་ཡིན་ན། སྣོད་གཅིག་ཏུ་ཕྱེ་མར་ལིངྒ་བྱས་པ་དང༌། ཁྲག་བྱུགས་པའི་ལིང་ཆུང་འགའ་ཤས་བཤམས་པས་ཆོག །ཕུད་དང་རཀྟ་ཡང་བཤམས་དགོས།ཆོ་ག་དངོས་ནི་སྔོན་འགྲོའི་གཏོར་མ་དང༌། གནས་ཡོ་བྱད་བྱིན་རླབས། ཡི་དམ་གང་བྱེད་ཀྱི་བདག་བསྐྱེད་བཟླས་པ་གཏོར་འབུལ་དང་བཅས་པའི་བར་བྱ། ཐབ་ཁུང་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་ཐབ་ཁུང་གྲུ་གསུམ་པ་ལས་ཐམས་ཅད་སྒྲུབ་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད། བསྲེག་རྫས་རྣམས་ལ་རཀྟ་དང་ནང་མཆོད་གཏོར། ཨོཾ་ཨོཾ་སྭཱཧཱ། ཨོཾ་ཨཱཿསྭཱཧཱ། ཨོཾ་ཤྲིཾ་སྭཱཧཱ། ཨོཾ་ཛྲིཾ་སྭཱཧཱ། ཨོཾ་ཀུ་རུ་ཀུ་རུ་སྭཱཧཱ། ཞེས་པས་བྱིན་གྱིས་བརླབས་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ། ཞེས་ཐབ་ཁུང་དུ་མེ་སྦར། བསངས་སྦྱངས། སྟོང་པའི་ངང་ལས་ཐབ་ཁུང་གི་མེ་ལྟར་གྱུར་པ་ནི་སྐུ་མདོག་ནག་པོ་བགྲང་ཕྲེང་དང་སྤྱི་བླུགས་འཛིན་པ་སྲིན་པོའི་ལུས་ཅན་དུ་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུག་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །


TNT21_Page_0867
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨགྣེ་ཡེ་ཧཱུཾ། ཞེས་ལན་བདུན་གྱིས་དགང་བླུགས་ཕུལ། ཨོཾ་ཨགྣེ་ཡེ་གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཧཱུཾ་ཕཊ། ཞེས་བརྗོད། ཨརྒྷ྄ཾ་སོགས། ཤཔྟའི་བར་གྱིས་མཆོད། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐི་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེག །འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། ཡང་བླུགས་གཟར་གཅིག་ཕུལ། མེ་ལྷ་འབར་བའི་རྣམ་པ་ཅན་དུ་གྱུར།ཨ་མྲྀ་ཏས་བསངས་དང༌། སྟོང་པར་སྦྱངས་པ་ནས་བཟུང་དམ་ལ་བཞག་པའི་བར་མགོན་པོ་འཁོར་བཅས་བསྐྱེད་ཅིང་སྤྱན་དྲངས་པའི་བར་གཏོར་ཆོག་བཞིན་དུ་བྱ། ཡང་མཆོད་བསྟོད་བསྐུལ་བར་བྱ་སྟེ། བྲུབ་ཁུང་དུ་ལིངྒ་ཆེ་བ་བཅས་ཡོད་པའི་རིགས་ཡིན་ནམ། བདེན་བདར་དགུག་གཞུགས་སོགས་སྤྱི་དང་འདྲ་བའི་མཐར་ཤཱ་ས་ན་བཟླས་བཞིན་དུ་ཐུན་གྱིས་བྲབ། ཨོཾ་མཧཱ་ཀཱ་ལ་གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཧཱུཾ་ཕཊ། ཅེས་རལ་གྲིའམ་གྲི་གུག་གིས་དུམ་བུ་མང་པོར་བཏུབས། ལིང་ཆུང་རྣམས་ཀྱང་ཡིད་ཀྱིས་དགྲ་བགེགས་དངོས་སུ་བསྐྱེད་ཅིང༌། དགུག་གཞུགས་ཡང་ཡང་བྱ། ཨོཾ་མཧཱ་ཀ་ལ་སོགས་གོང་བཞིན་དང༌། ཤཱ་ས་ནའི་སྔགས་བཟླས་པས་བླུགས་གཟར་གྱིས་བླངས་ནས། ཁྲག་གི་ཨརྒྷཾ་ལན་གསུམ་ཕུལ། དེ་ནས་མར་ནག་གི་དགང་བླུགས་ལན་བདུན་ཙམ་ཕུལ་ནས། སྔགས་དེ་དག་ཉིད་ཚེར་མ་ཅན་གྱྀ་ཡམ་ཤིང་ཉི་ཤུ་རྩ་གཅིག་སོགས་འབུལ། ལིངྒ་བསྒྲལ་བ་ཡིན་ན། དེ་ནས་ལིང་རོ་རྣམས་སྔགས་དེ་ཉིད་ཀྱིས་ཉི་ཤུ་རྩ་གཅིག་ཕུལ། ལིང་ཆུང་


TNT21_Page_0868
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མ་གཏུབ་པར་དགྲ་བགེགས་དངོས་སུ་བསམ་ལ་འབུལ། དེའི་རྗེས་སུ་བསྲེག་རྫས་གཞན་ཐམས་ཅད་བསྲེགས་ནས་གོང་དུ་བསྟན་པའི་སྔགས་དེ་ཉིད་ཀྱི་འབུལ་ཏེ། མཐར་ཆང་བླུགས་གཟར་གསུམ་འབུལ་བར་བྱའོ། །ཡམ་ཤིང་མར་ནག་བར་སྐབས་དེ་དག་ཏུ་གང་བབས་བབས་སུ་འབུལ་དགོས།དམིགས་པ་ནི། དཀྱུས་ཀྱི་ཉམས་ལེན་ལམ་དམ་རྫས་ཤ་ཁྲག་གི་རྒྱ་མཚོ་དང༌། མཆོད་རྫས་བཟང་དགུར་མོས་ནས་འབུལ། དྲག་ལས་ཀྱི་སྐབས་ཡིན་ན་དགྲ་བགེགས་ཀྱི་ཤ་ཁྲག་རུས་པ་ཞག་སོགས་ཀྱི་དབྱིབས་མཐུན་སྦྱར་ནས་འབུལ། གནོད་བྱེད་གདུག་པ་ཅན་ཐམས་ཅད་སྐད་ཅིག་གིས་བཀུག་ནས་དེ་ཉིད་དུ་དུམ་བུ་བརྒྱ་སྟོང་དུ་བརླགས་ནས་ཤ་མཆོད་རུས་མཆོད་དུ་ཆེམ་ཆེམ་གསོལ་བ་དང༌། མེས་བསྲེགས་ནས་ཐལ་བ་ཡང་སྦུར་སྦུར་འགྲོ་བ་དང༌། སྐད་ཅིག་ལ་མྱགས་པ་སོགས་རྣམ་འགྱུར་སྣ་ཚོགས་པར་བསམ་མོ། །མཐར་གཏོར་བསྔོའི་བཞིན་དུ་གཏོར་མ་འབུལ་བ་དང༌། མཆོད་བསྟོད་བསྐུལ་བ་ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ་རྣམས་སྤྱི་དང་འདྲ་བར་བྱ་སྟེ། ཐལ་བ་ནས་ཅུང་ཟད་རང་གི་སྙིང་གར་བྱུགས། དམ་ཚིག་པ་རང་ལ་བསྟིམ་མོ། །ཡང་བླུགས་གཟར་གཅིག་ཕུལ་བས། མེ་དཔུང་མེ་ལྷའི་རྣམ་པར་འགྱུར། བསྲེགས་རྫས་ལྷག་མ་རྣམས་གོང་བཞིན་དུ་བརྟན་པའི་གསང་སྔགས་དང་བཅས་པས་ལན་བདུན་འབུལ། མཐར་གཏོར་མ་བསངས་སྦྱངས། འབྲུ་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨགྣེ་ཡེ་སྭཱཧཱ། ཨ་ཀཱ་རོ་བཏགས་པའི་མཐར། གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཧཱུཾ་ཕཊ། ཅེས་བཏགས་ཏེ་ལན་གསུམ་ཕུལ་ནས། ཡང་གོང་བཞིན་དགང་བླུགས་བདུན་འབུལ། མཆོད་


TNT21_Page_0869
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཡིག་བརྒྱ་བཟོད་གསོལ་གཤེགས་གསོལ། གྱི་མཐར། ཨོཾ་ཨགྣེ་ཡེ་གཙྪ། ཞེས་མེ་ལྷ་གཤེགས། དམ་ཚིག་པ་འབར་བའི་རྣམ་པ་ཅན་དུ་གྱུར། གནས་གསུམ་བྱིན་གྱིས་བརླབས་པ་སོགས་བསྲུང་བ་དང༌། སྨོན་ལམ་དང་བཀྲ་ཤིས་ཅི་རིགས་པར་བྱའོ། །ལས་བཞི་སོ་སོའི་སྦྱིན་སྲེག་རྒྱས་པ་བྱེད་ན། ཡི་དམ་གྱི་སྦྱིན་སྲེག་གི་འདོན་པ་སྤོ་བས་ཆོ་ག་ལ། འདིར་བཟློག་པ་ཅུང་ཟད་དྲག་པོ་དང་འབྲེལ་བའི་སྦྱིན་སྲེག་བསྡུས་པའི་དབང་དུ་བྱས་སོ། །དཔལ་གུར་གྱི་མགོན་པོ་ལ་སོགས་པའི་ཆོས་སྐྱོང་གི་རིགས་ཕལ་ཆེ་བའི་སྦྱིན་སྲེག་མདོ་ཙམ་འདི་ཡང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ།། །།བཀྲ་ཤིས་པར་གྱུར་ཅིག།རབ་དཀར་འདིས་མཚོན་སྐྱེ་འཕགས་དགེ་ཆེན་གྱིས། །དུས་མཐར་རྒྱལ་བསྟན་དབུ་འཕང་མཐོ་བ་དང༌། །ཆབས་ཅིག་འགྲོ་ལ་ཕན་བདེ་ཡོངས་སྤེལ་ཞིང༌། །བསྟན་འགྲོའི་གསུངས་རིམ་རླབས་ཆེན་སྤྱོད་གྱུར་ཅིག །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་པའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམས་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་པར་འཛམ་ཐང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མར་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག །མངྒ་ལཾ། བཀྲ་ཤིས་པར་གྱུར་ཅིག།


previousདཔལ་ནག་པོ་ཆེན་པོའི་སྦྱིན་སྲེག་མདོར་བསྡུས་པ།next