Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ནོར་རྫས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousརྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ནོར་རྫས།next

རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ནོར་རྫས།


TNT21_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ནོར་རྫས་ཞེས་བྱ་བ་བཞུགས།


TNT21_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་གུ་རུ་བུདྡྷཱ་བོ་དྷི་སཏྭ་བྷྱོ་ན་མོ་ན་མཿ གངས་རིའི་ཁྲོད་འདིར་ངེས་དོན་བསྟན་པའི་བདག །འགྲན་མེད་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར། །འཇིག་རྟེན་མགོན་པོའི་རྣམ་འཕྲུལ་ཇོ་ནང་པ། །ཀུན་མཁྱེན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །རིགས་ཀུན་བདག་པོ་མ་ལུས་འཁོར་ལོའི་མགོན། །གསང་གསུམ་ཟུང་འཇུག་བདེ་ཆེན་རྡོ་རྗེའི་དངོས། །སྐྱབས་གནས་ཐམས་ཅད་གཅིག་ཏུ་འདུས་པའི་རྗེ། །ཀུན་དགའ་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་ནས། འདིར་བཤད་པར་བྱ་བ་ལ་བཞི་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་མཐའ་དག་སངས་རྒྱས་ཀྱི་འཕྲིན་ལས་སུ་སྒྲུབ་པ་དང༌། རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་རྣམས་ཀྱི་འཇུག་ངོགས་སུ་བསྟན་པ་དང༌། དེ་གདུལ་བྱ་མཆོག་དམན་གྱི་དབང་གིས་ཐེག་པ་ཐ་དད་དུ་འགྱུར་ཚུལ་དང༌། དེ་ལས་སྐབས་སུ་བབས་པའི་དོན་བཤད་པའོ། །དང་པོ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །


TNT21_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང༌། །ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར། གྲུབ་མཐས་བློ་ཁ་མ་བསྒྱུར་བའི་སེམས་ཅན་རྣམས་ཆོས་དགེ་བ་ལ་འཇུག་པ་ཐམས་ཅད་དང༌། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱིས་དཀའ་ཐུབ་དང་གཙང་སྦྲ་ལ་སོགས་པ་དགེ་བའི་ཆོས་ལ་འཇུག་པ་གང་ཡོད་པ་དེ་དག་ཐམས་ཅད་ཀྱང༌། སངས་རྒྱས་རྣམས་ཀྱིས་གང་ལ་གང་འདུལ་གྱི་ཐུགས་རྗེའི་འཇུག་པ་ཡིན་པར་ཤེས་པར་བྱའོ། །༈ གཉིས་པ་ནི། རྒྱལ་བའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ལ། ཐར་པ་བསྒྲུབ་པའི་ལམ་ཚང་ལ་མ་ནོར་བ་མེད་པས། སངས་རྒྱས་ཀྱི་དམ་པའི་ཆོས་ཁོ་ན་བླང་བར་བྱ་བ་ཡིན་ལ། དེ་ཡང་ཕྱོགས་ཞེན་ཙམ་ནི་མ་ཡིན་ཏེ། ཕྱི་ནང་གི་གཞུང་ལུགས་མཐའ་དག་ལ་བརྟག་པས། རྒྱལ་བའི་བསྟན་པ་ཁོ་ན་སྡིག་པ་མཐའ་དག་སྤངས་པ་དང༌། དགེ་བ་མཐའ་དག་གིས་ལེགས་པར་བརྒྱན་པས། ངན་སོང་གི་སྒོ་ཁེགས་ཤིང༌། མཐོ་རིས་ཀྱི་གོ་འཕང་


TNT21_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བླག་ཏུ་སྒྲུབ་པ་དང༌། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ལ་སོགས་པའི་སྒོས་ཐར་པ་བསྒྲུབ་པ་དང༌། བསམ་པ་བྱང་ཆུབ་ཀྱི་སེམས་དང༌། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་སྒོ་ནས་ཐམས་ཅད་མཁྱེན་པ་སྒྲུབ་པའི་ལམ་སྟོན་པ་དང༌། གཞུང་ལུགས་གཞན་དེ་དག་ལས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་ལྟ་ཅི་ཞིག་སྨོས། དཀར་ནག་རྒྱུ་འབྲས་ཀྱི་བླང་དོར་ལ་བརྟེན་ནས། མཐོ་རིས་སྒྲུབ་པའི་ལམ་སྟོན་པ་ཙམ་ཡང་ཤིན་ཏུ་དཀོན་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང༌། །གང་ཞིག་རིག་པར་ལྡན་པའི་ཚིག །དེ་ཉིད་འབའ་ཞིག་ཁོ་བོས་ལེན། །ཞེས་སློབ་དཔོན་བདེ་བྱེད་བདག་པོས་ལྷ་ལས་ཕུལ་བྱུང་གི་བསྟོད་པར་བཤད་པ་བཞིན་ནོ། །གསུམ་པ་ནི། དེ་སྐད་དུ་ཡང༌། གཏམ་བྱ་རིན་ཆེན་ཕྲེང་བ་ལས། བརྡའ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མ་གློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་བསྟན་ཏོ། ཁ་ཅིག་བསོད་ནམས་བསྒྲུབ་བྱའི་ཕྱིར། ཁ་ཅིག་ལ་ནི་གཉིས་བརྟེན་པ། ཁ་ཅིག་ལ་ནི་གཉིས་མི་བརྟེན།། ཟབ་མོ་འཁུ་འཁྲིག་ཅན་འཇིག་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་ལྟར། རེ་ཞིག་བྱང་ཆུབ་སྒྲུབ་པའི་སྐལ་བ་མེད་པ་རྣམས་ལ། ལས་འབྲས་


TNT21_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བླང་དོར་ཙམ་བསྟན་ནས་མཐོ་རིས་ལ་འཇོག་པ་དང༌། ཐར་པ་ཙམ་སྒྲུབ་པའི་སྐལ་བ་ཡོད་ཀྱང་བློ་ཆུང་རྣམས་ལ་ཐེག་དམན་གྱི་སྡེ་སྣོད་བསྟན་ནས། ཉན་རང་གི་ས་ལ་འགོད་པ་དང༌། བློ་གྲོས་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོ་བསྟན་ཅིང༌། དེ་ལ་ཡང་གདུལ་བྱ་གཙོ་བོ་དང་ཕལ་པའི་དབྱེ་བས། གནས་སྐབས་དང་མཐར་ཐུག་གི་ངེས་དོན་སྟོན་པའི་མདོ་སོ་སོར་གསུངས་པ་དང༌། བློ་གྲོས་ཆེས་ཆེ་བ་དབང་པོ་རྣོན་པོ་རབ་ཀྱི་ཕུལ་དུ་གྱུར་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་ཏེ། དེ་ལ་རྒྱུད་སྡེ་བཞིར་ཡོད་པ། དེ་དག་ཀྱང་སོ་སོའི་མོས་པའི་དབང་གིས་ཡིན་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག། རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་གསུངས་པ་ལྟར་རོ། །བཞི་པ་ལ། ཐེག་པ་མཆོག་དམན་གྱི་ལམ་གྱི་ཁྱད་པར་དང༌། ཐེག་མཆོག་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱི་རྣམ་བཞག་དང༌། དེ་ལས་མཐར་ཐུག་གི་འབྲས་བུ་ཇི་ལྟར་འགྲུབ་ཚུལ་ཏེ་གསུམ་ལས། དང་པོ་ལ་ཐེག་དམན་གྱི་ལམ་དང་འབྲས་བུའི་རྣམ་བཞག་དང༌། ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུའི་རྣམ་བཞག་དང༌། དེ་དག་ལས་གསང་སྔགས་ཁྱད་པར་འཕགས་པའི་ཚུལ་དང་གསུམ་ལས། །དང་པོ་ནི། བསམ་པ་ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ལས་དང་ཉོན་མོངས་པ་ལས་བྱུང་བར་ཤེས་


TNT21_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེ་ལས་ཐར་འདོད་ཀྱི་སེམས་བདེན་ཞེན་དང་བཅས་པས། ལམ་གྱི་འཇུག་སྒོ་ཐུན་མོང་གི་སྐྱབས་འགྲོ་དང༌། ཉེས་སྤྱོད་སྡོམ་པ་ལ་བརྟེན་ནས་ལྟ་བ་གང་ཟག་གི་བདག་མེད་དང༌། སྤྱོད་པ་གཞན་གནོད་གཞི་བཅས་ལས་བཟློག་པ་དང༌། སྒོམ་པ་ཞི་གནས་དང༌། ལྷག་མཐོང་ཉམས་སུ་བླངས་པས། འབྲས་བུ་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བའི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སྒྲུབ་པར་བྱེད་དོ། །དེ་ཡང་ཉན་ཐོས་རྣམས་ལ་ནི་ཡོན་ཏན་གྱི་ཁྱད་པར་མང་པོ་ཐོབ་པ་དང༌། སེམས་ཅན་གྱི་དོན་ཅི་རིགས་པར་སྤྱོད་པ་ཡོད་མོད་ཀྱི། །འོན་ཀྱང་ཉན་ཐོས་དགྲ་བཅོམ་པ་ལ་ཡོན་ཏན་གྱི་ཁྱད་པར་དེ་དག་ངེས་པ་དགོས་པ་ནི་མ་ཡིན་ཏེ། ཤེས་རབ་རྐྱང་གྲོལ་གྱི་དགྲ་བཅོམ་པ་ལ། མངོན་ཤེས་ལྔ་ལ་སོགས་པ་མེད་པ་དང༌། དགྲ་བཅོམ་པ་འགའ་ཞིག་ལུང་གི་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ལས་མི་མཁྱེན་པ་ཡང་ཡོད་པར་བཤད་པའི་ཕྱིར་རོ། །ཉན་རང་དགྲ་བཅོམ་པ་གཉིས་ཅར་ཡང༌། ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པ་ནི་ཡིན་མོད་ཀྱང༌། དེ་དག་གི་བག་ལ་ཉལ་དང་གནས་ངན་ལེན་སྤངས་པ་མ་ཡིན་ཞིང༌། ཤེས་བྱའི་སྒྲིབ་པ་ཡང་མ་སྤངས་པས་ན། སྤངས་པ་མཐའ་དག་མ་རྫོགས་པ་དང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་གནས་ཚུལ་མ་ལུས་པ་མངོན་སུམ་དུ་མ་རྟོགས་པས། རྟོགས་པའི་ཡོན་ཏན་མཐའ་དག་མ་རྫོགས་པ་དང༌། སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་ཙམ་


TNT21_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཡོད་ཀྱང༌། དེ་དག་བདག་ཉིད་ཀྱིས་འཁོར་བ་ལས་སྒྲོལ་བར་བརྩོན་པའི་ལྷག་པའི་བསམ་པ་མེད་པ་དང༌། སེམས་ཅན་ཉེ་ཚེ་བ་ཙམ་མ་གཏོགས། ཕྱོགས་དུས་ཚད་མེད་པའི་སེམས་ཅན་འཁོར་བ་ལས་སྒྲོལ་བར་ནུས་པ་མ་ཡིན་ནོ། །གཞན་ཡང་ཉན་ཐོས་ཀྱི་ཐེག་པའི་སྡེ་སྣོད་གསུམ་གྱིས་ཀྱང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་མ་བསྟན་ཏེ། དེ་ལྟར་ཡང༌། རིན་ཆེན་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཞེས་དང༌། མདོ་སྡེ་རྒྱན་ལས་ཀྱང༌། བསམ་པ་དང་ནི་བསྟན་པ་དང༌། །སྦྱོར་བ་དང་ནི་སྟོན་པ་དང༌། །དུས་འགལ་ཕྱིར་ན་དམན་པ་གང༌། །དེ་ནི་དམན་པ་ཁོ་ན་ཡིན། །ཞེས་གསུངས་སོ། །རང་རྒྱལ་རྣམས་ལ་ཡང༌། གཟུང་བ་ཆོས་ཀྱི་བདག་མེད་ལ་གསལ་སྣང་སྐྱེས་པ་ལ་སོགས་པའི་ལམ་གྱི་མངོན་རྟོགས་ཀྱི་ཁྱད་པར་ཅུང་ཟད་ཙམ་མ་གཏོགས། ལྷག་མ་གཞན་རྣམས་ཉན་ཐོས་དང་འདྲ་ལ། རང་རྒྱལ་གྱི་ལམ་སྟོན་པའི་སྡེ་སྣོད་ལ་སོགས་པ་ཞིག་ཡོད་པ་དང༌། མེད་པ་སྣ་ཚོགས་སུ་གསུངས་པ་ལ། མེད་པ་ནི་རང་རེའི་སྟོན་པ་འདི་ཉིད་ཀྱི་བསྟན་པའི་དབང་དུ་བྱས་ལ། ཡོད་པ་ནི་བསྟན་པ་སྤྱིའི་དབང་དུ་བྱས་སོ། །གཉིས་པ། ཕ་རོལ་དུ་ཕྱིན་པའི་ལམ་དང་འབྲས་བུ་བཤད་པ་ལ། དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དངོས་ནི་ཐེག་པ་ཆེན་པོ་འདི་ཉིད་


TNT21_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ། སློབ་དཔོན་དཔའ་བོས་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་པའི་མིང་ཡང་མེད། །བཅོམ་ལྡན་ཉག་གཅིག་ཕ་རོལ་ཕྱིན། །དྲུག་གི་སྤྱི་ལ་བཞུགས་པ་ལ། །ཞེས་གསུངས་པས་སོ། །འོན་ཀྱང་ཐེག་པ་དམན་པ་རྣམས་ཀྱང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཕྱོགས་མཐུན་ནམ། ཡན་ལག་ཉེ་ཚེ་བ་ཙམ་ཡིན་པར་ནི་ཤེས་སོ། །འདི་ལ་གསུམ་སྟེ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྡཻ་སྣོད་བཤད་པ་དང༌། དེ་ཐེག་དམན་ལས་ཁྱད་པར་དུ་འཕགས་པའི་ཚུལ་དང༌། ཕ་རོལ་ཏུ་ཕྱིན་པའི་ལམ་དང་འབྲས་བུ་དངོས་བཤད་པའོ། །དང་པོ་ནི། སྤྱིར་རྒྱལ་བའི་བཀའ་ལ་གསུང་རབ་ཡན་ལག་བཅུ་གཉིས་སུ་ཡོད་དེ་དེ་ལ་ཡན་ལག་བཅུ་གཉིས་ནི། བརྒྱད་སྟོང་པའི་འགྲེལ་པ་སྙིང་པོའི་མཆོག་ལས། མདོ་སྡེ་དབྱངས་བསྙན་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླིང་གཞི་དང༌། །རྟོག་བརྗོད་དེ་ལྟ་བུ་བྱུང་དང༌། སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །ཞེས་གསུངས་པ་ལས། ཤིན་ཏུ་རྒྱས་པའི་སྡེ་ནི་ཐེག་ཆེན་ཐུན་མོང་མ་ཡིན་པའི་མདོ་སྡེ་ཡིན་ལ། ལྷག་མ་རྣམས་ལའང་ཐེག་པ་ཆེན་པོ་ཅི་རིགས་པ་ནི་ཡིན་མོད་ཀྱི། །ཕལ་ཆེར་ཐུན་མོང་ཡིན་ལ། མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ནི། ཉུང་ཞིངཉེ་ཚེ་བ་ཙམ་ཡིན་ལ་ཤིན་ཏུ་རྒྱས་པའི་སྡེ་ལ་ནི། མཐའ་མེད་པར་བཤད་དོ། །གཉིས་པ་ཐེག་དམན་ལས་ཁྱད་པར་འཕགས་པའི་ཚུལ་ནི། མདོ་སྡེ་རྒྱན་ལས་ཇི་སྐད་དུ། དམིགས་པ་ཆེ་བ་


TNT21_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དང་ནི། །དེ་བཞིན་སྒྲིབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་འགྲུབ་པ་ཆེན་པོ་དང༌། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་བདུན་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་ཐེག་པ་ཆེན་པོ་བདུན་དང་ལྡན་པའི། །ལམ་དང་འབྲས་བུའི་སྒོ་ནས་ཁྱད་པར་དུ་འཕགས་པ་དང༌། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཀྱང་ཐེག་དམན་གྱི་སྡེ་སྣོད་ལས་ཁྱད་པར་འཕགས་པའི་ཚུལ་ནི། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང༌། །དེ་ཡི་རྒྱུ་དང་དེ་རབ་དབྱེ་བ་དང༌། །བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང༌། །ཡེ་ཤེས་ཐེག་པ་མཆོག་གྱུར་ཁྱད་པར་འཕགས། །བསྟན་འདི་འདི་ལྟར་གཞན་ལ་མ་མཐོང་ལ། །འདི་དག་བྱང་ཆུབ་མཆོག་གི་རྒྱུའི་མཐོང་བས། །གནས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་དེས། ཐེག་པ་ཆེན་པོ་སངས་རྒྱས་བཀའ་འདོད་དོ། །ཞེས་གསུངས་ཤིང༌། གཞན་ཡང་ཐེག་པ་ཆེན་པོ་མདོ་སྡེ་རྒྱན་དང༌། དབུ་མ་རིན་ཆེན་ཕྲེང་བ་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སའི་དངོས་གཞི་ལ་སོགས་པ་ནས་ཀྱང༌། ཐེག་པ་མཆོག་དམན་གྱི་ཁྱད་པར་དང༌། ཐེག་པ་ཆེན་པོ་བཀའ་སྒྲུབ་པའི་ཚུལ་མང་དུ་གསུངས་སོ། །གསུམ་པ་ཕ་རོལ་དུ་ཕྱིན་པའི་ལམ་དང་འབྲས་བུ་དངོས་བཤད་པ་ནི། དེ་ཡང་མདོ་སྡེ་རྒྱན་ལས། རིགས་དང་ཆོས་ལ་མོས་པ་དང༌། །དེ་བཞིན་སེམས་ནི་


TNT21_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དང༌། །སྦྱིན་ལ་སོགས་པ་བསྒྲུབ་པ་དང༌། །སྐྱོན་མེད་པ་ལ་འཇུག་ཉིད་དང༌། །སེམས་ཅན་རྣམས་ཡོངས་སྨྀན་བྱེད་དང༌། །ཞིང་ནི་རྣམ་པར་སྦྱོང་བ་དང༌། །མི་གནས་མྱ་ངན་འདས་པ་དང༌། །བྱང་ཆུབ་མཆོག་དང་སྟོན་པའོ། །ཞེས་གསུངས་ཏེ། དེ་ལ་དང་པོ་རིགས་ནི། སེམས་རང་བཞིན་གྱི་འོད་གསལ་བ་ནི་རང་བཞིན་དུ་གནས་པའི་རིགས་དང༌། བརྒྱད་སྟོང་དོན་བསྡུས་ལས། འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བདེ་དང་ཤེས་རབ་བདག་ཉིད་ཡིན། །ཅེས་གསུངས་སོ། །སེམས་དེ་ཉིད་དགེ་བའི་ཆོས་ལ་གོམས་པ་ལས། བྱང་ཆུབ་ལ་ཉེ་བར་གྱུར་པའི་ཡོན་ཏན་རྒྱས་པར་འགྱུར་བ་ནི་རྒྱས་འགྱུར་གྱི་རིགས་སོགས་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང༌། དཀའ་སྤྱོད་སྣ་ཚོགས་སྦྱིན་པ་དང་སོགས། རྒྱུད་བླ་མར་ཇི་ལྟར་མྱུག་སོགས་རིམ་སྐྱེ་བས་སོགས། མདོ་ལུགས་ལྔ་བཅུ་པ་སོགས། དེ་ཕྱིར་རང་བཞིན་གནས་རིགས་དེ་གདོད་མ་ནས་སངས་རྒྱས་ཡིན་ཀྱང༌། དེ་སད་བྱེད་ཀྱི་རྐྱེན་གྱིས་མ་སད་ན་ལམ་དུ་མི་འཇུག་པ་ལས། དེ་ལ་སྐབས་འདིར་རིགས་སད་པ་ནི་ལམ་གྱི་འཇུག་སྒོ་ཐོག་མ་ཡིན་ནོ། །རིགས་ཀྱི་རྣམ་བཞག་ནི། མདོ་སྡེ་རྒྱན་ལས། ཡོད་དང་མཆོག་དང་མཚན་ཉིད་དང༌། །རྟགས་དང་རིགས་རབ་དབྱེ་བ་དང༌། །ཉེས་དམིགས་དང་ནི་ཕན་ཡོན་དང༌། །དཔེ་རྣམས་གཉིས་དེར་རྣམ་པ་བཞི། །ཞེས་གསུངས་ཏེ། དེ་ཡང་རིགས་ཐ་དད་པ་དུ་མ་ཡོད་པ་དང༌། རིགས་མཆོག་དམན་གྱི་དབྱེ་བ་དང༌། སོ་སོའི་མཚན་ཉིད་དང་


TNT21_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སད་པའི་རྟགས་དང༌། རིགས་ཀྱི་རབ་ཏུ་དབྱེ་བ་དང༌། རིགས་སད་པ་ལ་བར་དུ་གཅོད་པའི་ཉེས་དམིགས་དང༌། རིགས་སད་པའི་ཕན་ཡོན་དང༌། ཐེག་པ་ཆེན་པོའི་རིགས་ཀྱི་དཔེ་རྣམ་པ་གཉིས་དང༌། རིག་བཞིའི་དབྱེ་བ་ལ་སོགས་པ་རྒྱས་པར་བཤད་དོ། །རིགས་སད་ན་མོས་པའི་བློ་སྐྱེ་བས། དེའི་འོག་ཏུ་མོས་པ་བསྟན་ཏེ། དེ་ལ་མོས་པ་ནི། དཀར་པོའི་ཆོས་ཐམས་ཅད་ཀྱི་རྩ་བར་གསུངས་ཏེ།སྤྱོད་འཇུག་ལས། དགེ་བའི་ཆོས་རྣམས་ཐམས་ཅད་ཀྱི་རྩ་བའང་མོས་པར་ཐུབ་པས་གསུངས། །ཞེས་གསུངས་པ་འདི་ལ། མོས་པའི་དབྱེ་བ། བར་ཆད་ཕན་ཡོན། མོས་པའི་འབྲས་བུའོ། །དང་པོ་ལ། ངོ་བོའི་སྒོ་ནས། སའི་སྒོ་ནས། བདག་པོའི་སྒོ་ནས། ཆུང་འབྲིང་གི་སྒོ་ནས། ཡུལ་གྱི། ལམ་གྱི་དབྱེ་བ་སྟེ་དྲུག་ལས། དང་པོ་ནི། སྐྱེ་དང་མ་སྐྱེས་ཞེས་སོ། །གཉིས་པ་ནི། འཛིན་དང་བཟུང་དང་ཞེས་སོ། །གསུམ་པ་ནི། གྲོགས་བླང་བདག་ཉིད་དང་ནི་ནོར་པ་དང༌། །མ་ནོར་གཞན་དང་མངོན་སུམ་མ་ཡིན་གཞན། །སྒྲ་བྱུང་འཚོལ་བ་དང་ནི་ལྟ་བའོ། །བཞི་པ་ནི། འཕྲོག་དང་འདྲེས་དང་མི་མཐུན་ཕྱོགས་མ་འདྲེས། །ཞེས་སོ། །ལྔ་པ་ནི། དམན་དང་རྒྱ་ཆེ་ཞེས་སོ། །དྲུག་པ་ནི། བསྒྲིབས་དང་མ་བསྒྲིབས་དང༌། བརྩོན་དང་མི་བརྩོན་བསགས་དང་མ་བསགས་དང༌། །བརྟན་བཞུགས་རིང་དུ་སོང་བའི་མོས་པའོ། །ཞེས་སོ། །གཉིས་པ་མོས་པའི་བར་ཆད་ནི། ཡིད་ལ་མི་


TNT21_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མང་བ་དང༌། །ཞེས་སོ། །གསུམ་པ་ཕན་ཡོན་ནི། བསོད་ནམས་ཆེ་དང་འགྱོད་པ་མེད། །ཅེས་སོགས་སོ། །བཞི་པ་འབྲས་བུ་ནི། དེ་ལྟར་འཕགས་པ་ཆེན་པོའི་ཆོས་ནི་ཡངས་གྱུར་ལ། །བློ་དང་ལྡན་པས་རྟག་ཏུ་མོས་པ་ཆེ་བསྐྱེད་ན། །བསོད་ནམས་རྒྱ་ཆེན་རྒྱུན་མི་འཆད་དང་དེ་འཕེལ་དང༌། །ཡོན་ཏན་དཔག་ཏུ་མེད་པའི་བདག་ཉིད་ཆེན་པོར་འགྱུར། །ཞེས་མོས་པའི་ལེའུར་རྒྱས་པར་བཤད་པ་ལས་ཤེས་པར་བྱའོ། །མོས་པ་ལ་གནས་པས་སེམས་བསྐྱེད་པར་བྱེད་པས། དེའི་འོག་ཏུ་སེམས་བསྐྱེད་བསྟན་ཏེ། དེའི་རྣམ་བཞག་ནི། བྱང་ས་དང༌། མདོ་སྡེ་རྒྱན་དང༌། བསླབ་བཏུས་སོགས་ལས་རྒྱས་པར་བཤད་པས། མདོ་སྡེ་རྒྱན་ལས་འབྱུང་བ་ལྟར་མདོ་ཙམ་བརྗོད་ན། མཚན་ཉིད། དབྱེ་བ། བསྡུས་ཏེ་སེམས་བསྐྱེད་པར་གདམས་པ་སྟེ་གསུམ་ལས། དང་པོ་ནི། སྤྲོ་བ་ཆེ་དང་རྩོམ་པ་ཆེ། །དོན་ཆེ་བ་དང་འབྱུང་བ་ཆེ། །བྱང་ཆུབ་སེམས་དཔའི་སེམས་དཔའ་སྟེ། །དོན་གཉིས་ལྡན་པའི་སེམས་འབྱུང་བ། །ཞེས་སོ། །གཉིས་པ་ལ་ས་མཚམས་ཀྱི་དབྱེ་བ། རང་བཞིན་གྱི་དབྱེ་བ། ཆེ་བའི་དཔེས་དབྱེ་བའོ། །དང་པོ་ནི། སེམས་བསྐྱེད་དེ་ནི་ས་རྣམས་ལ། །མོས་དང་ལྷག་བསམ་དག་པ་དང༌། །རྣམ་པར་སྨིན་པ་གཞན་དུ་འདོད། །དེ་བཞིན་སྒྲིབ་པ་སྤངས་པའོ། །ཞེས་སོ། །གཉིས་པ་ལ་ཀུན་རྫོབ་སེམས་བསྐྱེད་དང༌། དོན་དམ་སེམས་བསྐྱེད་གཉིས་སོ། །དང་པོ་ནི། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་


TNT21_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱི་བརྟན་པའི་སེམས་བསྐྱེད་བཤད། །ཅེས་སོ། །གཉིས་པ་ནི། རྫོགས་པའི་སངས་རྒྱས་རབ་བརྙེས་བྱ། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་བཞིན་དམ་པར་འདོད། །ཅེས་སོ། །གསུམ་པ་ཆེ་བའི་དཔེས་དབྱེ་བ་ནི། །བསྐྱེད་པ་ས་མཚུངས་པ་སྟེ། །གཞན་ནི་བཟང་པོའི་གསེར་དང་འདྲ། །ཟླ་བ་ཡར་གྱི་ཚེས་པ་བཞིན། །གཞན་ནི་མེ་དང་འདྲ་ཤེས་བྱ། །གཞན་ནི་གཏེར་ཆེན་བཞིན་ཤེས་བྱ། །གཞན་ནི་རིན་ཆེན་འབྱུང་གནས་བཞིན། །རྒྱ་མཚོ་འདྲ་བར་ཤེས་བྱ་གཞན། །རྡོ་རྗེ་དང་འདྲ་རི་རབ་འདྲ། །སྨན་གྱི་རྒྱལ་པོ་འདྲ་བ་སྟེ། །གཞན་ནི་འཛའ་ཆེན་འདྲར་ཤེས་བྱ། །ཡིད་བཞིན་ནོར་བུ་འདྲ་བ་དང༌། །གཞན་ནི་ཉི་མ་འདྲར་ཤེས་བྱ། །གཞན་ནི་དྲི་ཟའི་དབྱངས་སྙན་བཞིན། །གཞན་ནི་རྒྱལ་པོ་ལྟར་ཤེས་བྱ། །དེ་བཞིན་གཞན་ནི་མཛོད་ལྟ་བུ། །ལམ་པོ་ཆེ་དང་འདྲར་ཤེས་བྱ། །ཐེག་པ་འདྲ་བར་ཤེས་བྱ་སྟེ། །སེམས་བསྐྱེད་བཀོད་མ་འདྲ་བ་ཡིན། །ཀུན་གཞིའི་སྒྲ་དང་འདྲ་བ་སྟེ། །ཀླུང་ཆེན་རྒྱུན་དང་འདྲ་བའོ། །རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་སྟེ། །ཞེས་སོ། །གསུམ་པ་བསྡུས་ཏེ་སེམས་བསྐྱེད་པར་གདམས་པ་ནི། དེ་ཕྱིར་དེར་ཡོན་ཏན་དབང་ཕྱུག །སེམས་ནི་དགའ་བས་ཡང་དག་བསྐྱེད། །ཅེས་འབྱུང་བ་ལྟར་རོ། །བསམ་པ་བྱང་ཆུབ་ཀྱི་སེམས་བརྟན་པས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཕྱིར། དེའི་


TNT21_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཕ་རོལ་ཏུ་ཕྱྀན་པ་དྲུག་བསྟན་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་བཞག་ནི། ཐེག་པ་ཆེན་པོ་མདོ་སྡེ་ཐམས་ཅད་ནས། ཟད་པ་མེད་པར་གསུངས་ལ། མདོ་དོན་སྙིང་པོར་དྲིལ་བ་ནི། མདོ་སྡེ་རྒྱན་ལས། གྲངས་དང་དེ་ཡི་མཚན་ཉིད་གོ་རིམ་དང༌། །ངེས་པའི་ཚིག་དང་གོམས་པའི་ཡོན་ཏན་དང༌། །དེ་དག་རབ་དབྱེ་བསྡུ་དང་མི་མཐུན་ཕྱོགས། །ཡོན་ཏན་ཕན་ཚུན་རྣམ་ངེས་ཡིན་ཤེས་བྱ། །ཞེས་རྣམ་བཞག་རྣམ་པ་བཞིར་གསུངས་ལ། དེའི་དོན་མདོ་ཙམ་ཞིག་བརྗོད་ན། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲ་དོན་དང༌། གོ་རིམ་དང༌། ཡན་ལག་དང༌། དབྱེ་བ་དང༌། དངོས་བཏགས་ཀྱི་ཁྱད་པར་སྟེ་རྣམ་པ་ལྔ་ལས། དང་པོ་མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་དང༌། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་གསུངས། གཉིས་པ་ནི། ཡང་དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང༌། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན་ཞེས་གསུངས། །གསུམ་པ་ནི་དེ་ཉིད་ལས། །སྦྱིན་པ་མི་མཐུན་ཕྱོགས་ཉམས་དང༌། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་རྣམ་སྨིན་བྱེད་རྣམ་གསུམ། །ནས་ཤེས་རབ་མི་མཐུན་ཕྱོགས་ཉམས་དང༌། ནས་བྱེད་རྣམ་གསུམ་ཞེས་གསུངས་ཏེ། དེ་ཡང་སྦྱིན་པ་ལ་མཚོན་ན། སྦྱིན་པའི་མི་མཐུན་ཕྱོགས་སེར་སྣ་ཉམས་པ་དང༌། སྦྱིན་པ་


TNT21_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བྱ། ལེན་པ་པོ་གསུམ་མི་དམིགས་པའི་ཤེས་རབ་ཀྱི་ཟིན་པ་དང༌། སྦྱིན་པ་དེ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་འདོད་པ་ཡོངས་སུ་རྫོགས་པར་བྱེད་པ་དང༌། དེ་ལ་བརྟེན་ནས་སེམས་ཅན་རྣམས་བྱང་ཆུབ་ཏུ་སྨིན་པར་བྱེད་པ་སྟེ། ཁྱད་ཆོས་བཞི་དང་ལྡན་པའོ། །ལྷག་མ་རྣམས་ལའང་དེ་བཞིན་དུ་སྦྱར་བས་ཤེས་སོ། །བཞི་པ་ནི་སྦྱིན་པ་ལ། ཟང་ཟིང་གི་ཆོས་ཀྱི་མི་འཇིགས་པ་སྟེ་གསུམ། ཚུལ་ཁྲིམས་ལ་ཉེས་སྤྱོད་སྡོམ་པའི་དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ། བཟོད་པ་ལ་སྡུག་བསྔལ་དང་ལེན་གྱི། གནོད་པ་ལ་ཇི་མི་སྙམ་པ། ཆོས་ལ་ངེས་པར་སེམས་པའི་གསུམ། བརྩོན་འགྲུས་ལ། གོ་ཆའི། སྦྱོར་བའི། སེམས་ཅན་དོན་བྱེད་པའི་གསུམ། བསམ་གཏན་ལ། མཐོང་ཆོས་ལ་བདེ་བར་གནས་པའི། ཡོན་ཏན་མངོན་པར་སྒྲུབ་པའི། སེམས་ཅན་དོན་བྱེད་ཀྱི་གསུམ། ཤེས་རབ་ལ། ཀུན་རྫོབ་ཤེས་པའི། དོན་དམ་ཤེས་པའི། སེམས་ཅན་གྱི་དོན་ཤེས་པའི་ཤེས་རབ་སྟེ་གསུམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལས། དང་པོ་གསུམ་བསོད་ནམས་གྱི་ཚོགས་དང༌། ཕྱི་མ་གསུམ་ཡེ་ཤེས་ཀྱི་ཚོགས་སུ་ཟླ་བ་གྲགས་པས་བཤད་དེ། ཇི་སྐད་དུ། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་སྟེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུད། །ཅེས་གསུངས་


TNT21_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། རྒྱལ་ཚབ་བྱམས་པས་ནི། དང་པོ་གཉིས་བསོད་ནམས་ཀྱི་ཚོགས་དང༌། ཕྱི་མ་ཡེ་ཤེས་ཀྱི་ཚོགས་དང༌། བར་པ་གསུམ་ཚོགས་གཉིས་ཀས་བསྡུས་པར་གསུངས་ཏེ། །དེ་སྐད་དུ་ཡང་མདོ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཏེ། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་དང༌། །གཞན་ཡང་རིན་ཆེན་ཕྲེང་བ་ལས། ཚུལ་ཁྲིམས་སྦྱིན་པ་གཞན་གྱི་དོན། །བརྩོན་འགྲུས་བཟོད་པ་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་པའི་རྒྱུ། །སྙིང་བརྩེ་བས་ནི་དོན་ཀུན་འགྲུབ། །ཅེས་ཀྱང་གསུངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔས་གཞན་གྱི་དོན་སྤྱོད་པ་ལ་བསྡུ་བའི་དངོས་པོ་བཞི་དགོས་ཏེ། འདིའི་རྒྱས་བཤད་ཕར་ཕྱིན་ལེའུ་ན་ཡོད། དེ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ལས་རྫས་ཐ་དད་དུ་མེད་དེ། དེ་ཡང་ཟང་ཟིང་སྦྱིན་པ་དང༌། ཆོས་ཀྱི་སྦྱིན་པ་དང༌། ཕྱིན་དྲུག་གི་དོན་ལ་གཞན་གཞུག་པ་དང༌། རང་ཉིད་ཀྱང་འཇུག་པ་སྟེ། རིམ་པ་བཞིན་དུ་བྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་སྤྱོད་པ་དང༌། དོན་མཐུན་པ་རྣམས་ཡིན་ཏེ། བྱིན་མཚུངས་དེ་སྟོན་ལེན་འཇུག་དང༌། །བདག་ཉིད་རྗེས་སུ་འཇུག་བྱེད་པ། །སྙན་པར་སྨྲ་དང་དོན་སྤྱོད་དང༌། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་སོགས། ལྔ་པ་དངོས་བཏགས་ཀྱི་ཁྱད་པར་ལ། འགའ་ཞིག་ནི་


TNT21_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པ་དངོས་ནི་སངས་རྒྱས་ཁོ་ན་ལ་ཡོད་པ་དང༌། ལམ་ཞུགས་ཀྱི་སྦྱིན་སོགས་ནི། དེའི་སྒྲུབ་པ་ཡིན་པས་བཏགས་པ་བ་དང༌། དབུ་མ་ལ་འཇུག་པར་ནི། རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་དངོས་ཀྱང༌། །གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའི། །དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བསྟན། །ཅེས་སོ་སོའི་སྐྱེ་བོའི་ལམ་ནའང་ཕར་ཕྱྀན་དྲུག་དངོས་ཡོད་པར་བཤད་ཡོད་ཀྱི། འདིར་རེ་ཞིག །མདོ་དང་བསྟན་བཅོས་ཤས་ཆེ་བའི་དབང་དུ་བྱས་ན། འཕགས་རྒྱུད་ཀྱི་དེ་རྣམས་དངོས་དང༌། ཚོགས་སྦྱོར་གྱི་དེ་རྣམས་བཏགས་པ་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟ་མོད་ཀྱི། ཡན་ལག་བཞི་པོ་དང་མི་ལྡན་པའི་སྦྱིན་སོགས་ནི་ཕ་རོལ་ཏུ་ཕྱིན་པ་དངོས་དང་བཏགས་པ་གང་དུ་ཡང་མི་རུང་ངོ༌། །དེ་ལྟར་ན། སྦྱོར་བའི་ལམ་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲུབ་པ་ལ་གནས་པས། མཐོང་བའི་ལམ་སྐྱེ་བར་འགྱུར་བས། དེ་འོག་ཏུ་སྐྱོན་མེད་པ་ལ་འཇུག་པ་སྟེ། མཐོང་ལམ་གྱི་རྣམ་བཞག་འབྱུང་ངོ༌། །དེ་ནས་ས་བདུན་པའི་བར་ནི། སེམས་ཅན་རྣམས་ཡོངས་སུ་སྨིན་པའི་ས་དང༌། ས་བརྒྱད་པ་དང༌། དགུ་པ་གཉིས་ནི་ཞིང་རྣམ་པར་སྦྱོང་བའི་ས་དང༌། ས་བཅུ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ས་དང༌། བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་སའམ། སངས་རྒྱས་ཀྱི་ས་ནི་བྱང་ཆུབ་མཆོག་སྟེ་བདག་ཉིད་ཀྱིས་རང་དོན་ཆོས་


TNT21_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐུ་མངོན་དུ་བྱེད་པ་དང༌། མི་གནས་པའི་མྱ་ངན་ལས་འདས་པ་སྟོན་ཏེ། གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས། གཞན་གྱི་དོན་རྒྱུན་ཆད་མེད་པར་སྤྱོད་པའོ། །གསུམ་པ་དེ་དག་ལས་གསང་སྔགས་ཁྱད་པར་དུ་འཕགས་པའི་ཚུལ་ལ། སྤྱིར་མདོ་སྔགས་ཀྱི་ཁྱད་པར་དང༌། བྱེ་བྲག་ཏུ་མདོ་ལས་སྔགས་ལྷག་པའི་ཚུལ་གཉིས་ལས། དང་པོ་ལ། སྤྱིར་མདོ་སྡེ་དང༌། རྒྱུད་སྡེ་ཞེས་པ་དང༌། མདོ་རྒྱུད་ཅེས་པ་འགལ་བ་ནི་མ་ཡིན་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱང་མདོ་སྡེ་ཡིན་པ་དང༌། ཆ་ཤས་ཙམ་སྟོན་པའི་དབང་དུ་བྱས་ནས། སྡེ་སྣོད་གསུམ་ཆར་དུ་གཏོགས་པ་དང༌། རིག་པ་འཛིན་པའི་སྡེ་སྣོད་ཅེས་ཀྱང་བྱ་བ་ཡིན་ཏེ། དེ་ཡང་སློབ་དཔོན་ཤནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའོ། །ཞེས་པ་དང༌། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང༌། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་དང༌། གསེར་འོད་དམ་པ་མདོ་སྡེའི་དབངཔོའི་རྒྱལ་པོ་ཞེས་སོགས་རྒྱུད་མང་པོ་ལ་མདོ་སྡེའི་མཚན་ཡོད་པའང་མང་དུ་འབྱུང་ངོ༌། །སློབ་དཔོན་ཨ་བྷ་ཡཱ་ཀ་ར་ནི་གསང་སྔགས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ། །ཞེས་པ་དང༌། སློབ་དཔོན་ཨརྻ་དེ་བ་ནི་རྒྱུད་སྡེ་རྣམས་རིག་པ་འཛིན་པའི་སྡེ་སྣོད་ཅེས་པ་སྡེ་སྣོད་བཞི་པ་ཡིན་ནོ་ཞེས་དང༌། དཔུང་བཟང་ལས། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་


TNT21_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་སོ། །དེས་ན་མདོ་དང་བསྟན་བཅོས་ཙམ་གྱི་དབང་དུ་བྱས་ན་མུ་བཞི་བརྩིར་ཡོད་པ་ཡིན་ཏེ། མདོ་ཡིན་ལ་རྒྱུད་མ་ཡིན་པ་ནི། གཅིག་ལ་འཕྲོས་པ་ལ་སོགས་པ་ཕལ་ཆེ་བ་དེ་དག་དང༌། རྒྱུད་ཡིན་ལ་མདོ་མ་ཡིན་པ་ནི། མཁའ་ལྡིང་གི་སྦྱོར་བ་ལ་སོགས་པ་དང༌། མདོ་ཡང་མ་ཡིན་ལ་རྒྱུད་ཀྱང་མ་ཡིན་པ་ནི་རྟོག་གེ་ལ་སོགས་པའོ། །འོན་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ནི། ཚོགས་ལམ་གྱི་གཙོ་བོར་བྱེད་པ་དང་མི་བྱེད་པའི་ཁྱད་པར་རོ། །སྡོམ་གསུམ་རབ་དབྱེར་ཡང་མདོ་དང་རྒྱུད་ཀྱི་ཁྱད་པར་ནི། ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའི་དགོངས་པའང་དོན་དེ་བཞིན་བཤད་ན་སྐྱོན་མེད་པར་འགྱུར་རོ། །གཞན་ཡང་འབྲས་བུའི་རྣམ་པ་ལམ་དུ་བྱེད་པ་ཡོད་མེད་ཀྱི་ཁྱད་པར་གྱིས། རྒྱུ་དང་འབྲས་བུའི་ཐེག་པར་བཞག་པ་དང༌། སྔགས་དང་སྦྱོར་བ་གཙོ་བོར་སྟོན་མི་སྟོན་གྱི་སྒོ་ནས། མདོ་དང་སྔགས་ཀྱི་ཁྱད་པར་འཇོག་པའམ་རུང་སྟེ། དེ་དག་ནི་སྒྲ་དོན་གཙོ་བོར་གྱུར་པས་སོ། །གཉིས་པ་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་ལ། སྤྱིར་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་དང༌། བྱེ་བྲག་ཏུ་རྒྱུད་སྡེ་རྣམས་ཀྱང་གོང་མ་གོང་མ་ཁྱད་པར་དུ་འཕགས་ཚུལ་ལོ། །དང་པོ་ནི། སློབ་དཔོན་ཏྲི་པི་ཏ་ཀ་མ་ལའི་ཚུལ་གསུམ་སྒྲོན་


TNT21_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབངཔོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། །རྒྱ་བོད་ཀྱི་སློབ་དཔོན་ཐ་དད་པའི་འདོད་པ་སྣ་ཚོགས་པ་ཞིག་ཡིན་མོད་ཀྱི། །དེ་དག་ཀྱང་ཕལ་ཆེ་བ་གཙོ་བོའི་དོན་ལ་རུང་བ་ཁོ་ན་ཡིན་ཀྱང༌། རང་ལུགས་ནི། རྣམ་པ་གསུམ་གྱི་ཁྱད་པར་དུ་འཕགས་པ་ཡིན་ཏེ་ལམ་མྱུར་བ་དང༌། ལམ་བདེ་བ་དང༌། ཐབས་ལ་མཁས་པའི་ཁྱད་པར་དང་གསུམ་མོ། །དང་པོ་ལམ་མྱུར་བས་ཁྱད་པར་དུ་འཕགས་ཚུལ་ལ། ལམ་མྱུར་བའི་ངོ་བོ་ངོས་གཟུང་བ་དང༌། ལམ་མྱུར་བའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་བ་གསུམ་མམ། བསྐལ་བ་བརྒྱད་ཀྱིས་བྱང་ཆུབ་ཐོབ་པའོ། །གཉིས་པ་ནི་ཆོ་གའི་ཁྱད་པར་གྱི་ལྷ་རྣམས་དངོས་སུ་མཆོད་པ་ལེན་པར་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང༌། སྔགས་ཀྱི་མཐུས་ཆུ་ཐིག་པ་གཅིག་ལ་ཡང་གངྒཱའི་བྱེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང༌། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང༌། སྔགས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག །ཐེག་པ་ལ་ཞུགས་པ་ཙམ་ལ་ཡང་ཡོད་པ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་


TNT21_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དམིགས་པའི་ཤེས་རབ་རྣམས། དང་པོ་དང་ཐ་མའི་བར་དུ་ཡོད་པས་ན་ཁྱད་པར་དུ་འཕགས་པའོ། །གཉིས་པ་ལམ་བདེ་བས་ཁྱད་པར་དུ་འཕགས་ཚུལ་ལ། ལམ་བདེ་བའི་ངོ་བོ་དང༌། བདེ་བས་ལམ་བགྲོད་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། ལུས་དང་སེམས་ལ་ཚོར་བ་རྩུབ་པཽ་མེད་པས་ན་བདེ་བ་ཉིད་དོ། །གཉིས་པ་ནི། འདི་ལ་སྐལ་བ་དྲུག་དང་ལྡན་པའི་ལུས་ཀྱང་གྲུབ་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང༌། སྔགས་ཀྱི་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་འགྲོ་བའི་བསམ་པ་ཐམས་ཅད་བསྒྲུབས་པས་ནའོ། །གསུམ་པ། ཐབས་ལ་མཁས་པས་ཁྱད་པར་དུ་འཕགས་པ་ལ། བསླབ་པ་གསུམ་གྱི་སྒོ་ནས་དང༌། སྤྱོད་ཡུལ་དུ་འཇུག་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་སྟེ་གཉིས་ལས། དང་པོ་ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས། ལྷ་དགྱེས་པ་དང༌། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང༌། ཤེས་རབ་དང་གསུམ་མོ། །གཉིས་པ་ནི། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ཁྱད་པར་ཅན་ཡོད་པས་ན། ཐབས་ལ་མཁས་པས་ཁྱད་པར་དུ་འཕགས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་བཤད་པའི་བསླབ་པ་གསུམ་དང༌། སྤྱོད་ཡུལ་ལ་འཇུག་པའི་ཐབས་མཁས་


TNT21_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཁྱད་པར་དེ་དག་ནི་འདིར་ཡོད་མོད་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཁྱད་པར་དེ་དག་དང་ལྡན་པས་ན། ཐབས་ལ་མཁས་པའི་ཁྱད་པར་དུ་གྱུར་པ་སྟེ། གོ་རིམ་བཞིན་དུ། སྒྲོལ་མ་འབྱུང་བའི་རྒྱུད་ལས། བསྐལ་བ་གྲངས་མེད་སུམ་ཅུ་གཉིས། །འབད་ཀྱང་ད་དུང་བྱང་ཆུབ་མེད། །བདེ་བས་ཚེ་འདིར་འགྲུབ་འགྱུར་བ། །དེ་ཕྱིར་འདོད་ཆགས་ཆེན་པོ་བསྟན། །ཞེས་དང༌། བདེ་བས་བདེ་བ་ཐོབ་གྱུར་ཏེ། །སངས་རྒྱས་བདེ་བ་བདེ་ཆེན་ནོ། །འབྲས་བུ་དང་མཚུངས་རྒྱུ་སྒྲུབ་པ། །མ་ཚང་སྟོང་པས་མྱ་ངན་འདས། །ཞེས་དང༌། ཇི་སྐད་དུ། །སེམས་ཅན་དོན་ཀུན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱིས་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་སོ། །གཉིས་པ་རྒྱུད་སྡེ་རྣམས་ཀྱང་གོང་མ་གོང་མ་ཁྱད་པར་དུ་འཕགས་པའི་ཚུལ་ནི། དེ་ཡང་བྱ་བའི་རྒྱུད་ལ་གོང་དུ་བཤད་པའི་ཁྱད་པར་འཕགས་ཆོས་དེ་དག་ནི་ཚང་བ་ཡིན་ཀྱང་བདག་བསྐྱེད་ཀྱི་ལྷའི་བསྙེམས་པ་མེད་པ་དང༌། བྲིས་སྐུ་ལ་སོགས་པའི་རྟེན་འགའ་ཞིག་ལྷར་སྒོམ་པ་དང༌། དཀྱིལ་འཁོར་དུ་ལྷ་སྤྱན་འདྲེན་པ་སོགས་ལྷའི་སྙེམས་པ་ཉེ་ཚེ་བ་ཙམ་ཞིག་ཡོད་པ་དང༌། བྱ་བའི་རྒྱུད་ཆེན་པོའམ་གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་དུ་བདག་ཉིད་ལྷར་བསྐྱེད་པ་ཡོད་པ་དང༌། དཀྱིལ་འཁོར་


TNT21_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་བསྐྱེད་ཆོག་གི་བསྐྱེད་པ་ཡོད་པས། ལྷའི་སྙེམས་པ་ཅུང་ཟད་རྒྱས་པའི་ཚུལ་གྱིས་འཇུག་པ་ཡིན་ལ། རྒྱུད་སྡེ་དེ་གཉིས་ཆར་དུ། ལྷ་དང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་ཙམ་ཡོད་ཀྱང༌། རིགས་ལྔའི་དམ་ཚིག་དང༌། ཁྱད་པར་ཅན་གྱི་ལྷའི་སྡོམ་པ་སོགས་མེད་ལ། རྣལ་འབྱོར་གྱི་རྒྱུད་ཡན་ཆད་དུ་ནི་དེ་དག་ཀྱང་ཡོད་པ་དང༌། ཁྱད་པར་རྣལ་འབྱོར་རྒྱུད་དུ་ཐུན་མཚམས་སུ་སྣང་བ་ཐམས་ཅད་ལྷར་སྒོམ་པ་སོགས་མེད་ཀྱང༌། དང་པོར་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས། དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་བསྒོམས་པ་སྟེ། ལྷའི་སྙེམས་པ་ཁྱབ་པའི་ཚུལ་གྱིས་འཇུག་པའོ། །གཞན་ཡང་འདི་ལ་མངོན་བྱང་ལྔས་ལྷར་བསྐྱེད་པ་ཡོད་པས། འབྲས་བུ་ལམ་བྱེད་མཆོག་ཀྱང་ཚང་བ་ཡིན་ནོ། །རྣལ་འབྱོར་བླ་ན་མེད་པའི་ཐེག་པ་འདི་ལ་ནང་ཚན་དུ་ལམ་གྱི་འགྲོས་མི་འདྲ་བ་ཅུང་ཟད་ཡོད་ཀྱང༌། གཙོ་བོའི་དོན་ལ་མཚུངས་པ་ཁོ་ན་ཡིན་པས། འདི་ལ་རྒྱུད་སྡེ་འོག་མ་རྣམས་ལ་ཡང་མེད་པའི་བསྐུར་བྱ་དབང་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་དང༌། རིགས་ལྔའི་དམ་ཚིག་ཀྱང་རྣལ་འབྱོར་རྒྱུད་ལས་ཆེས་ལྷག་པ་དང༌། བསྲུང་བྱའི་དམ་ཚིག་ཀྱང་ཤིན་ཏུ་རྒྱས་པར་ཡོད་པ་དང༌། བདེ་བའི་སྡོམ་པ་ཡོངས་སུ་རྫོགས་པར་ཐོབ་པ་དང༌། འབྲས་བུ་ལམ་བྱེད་ཀྱང་འོག་མ་ལས་ལྷག་པ་དང༌། བསྐྱེད་རིམ་གྱི་སྐབས་


TNT21_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཁོར་བའི་རྣམ་པ་དང་མཐུན་པའི་ལམ་བསྒོམས་པས། དེ་སྦྱོང་བའི་གནད་ཟབ་མོ་ཡོད་པ་དང༌། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་ཐབས་མཁས་ཁྱད་པར་ཅན་དང༌། ཡན་ལག་དྲུག་དང༌། རིམ་པ་ལྔ་དང༌། ཕྱག་རྒྱ་བཞི་ལ་སོགས་པ། རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་དམིགས་བཅས་ཀྱི་རྫོགས་རིམ་དང༌། ཞུ་བདེ་ལྷན་སྐྱེས་དང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་སྒོམ་པ་དམིགས་མེད་རྫོགས་རིམ་དང༌། བདེ་བ་ཆེན་པོས་བརྒྱན་པའི་ལྟ་བ་རྣམ་པར་དག་པ་དང༌། ལམ་གྱི་གྲོགས་སྤྱོད་པ་དང་ཉེ་རྒྱུ་སོགས་མདོར་ན་ཐུན་མོང་མ་ཡིན་པའི་ཁྱད་པར་དཔག་ཏུ་མེད་པ་ལྷག་པ་ཡིན་ལ། དེ་དག་ཀྱང་མདོར་བསྡུ་ན། བདེ་བའི་སྡོམ་པ་ཚུལ་ཁྲིམས་དང༌། བག་ཆགས་སྦྱོང་བ་དང༌། གོང་མའི་རྣམ་པའི་ཏིང་ངེ་འཛིན་དང༌། བདེ་བ་ཁྱབ་པ་དང༌། སྤྱོད་ཡུལ་དེ་ཉིད་ལ་དམིགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་དང༌། མཉམ་པ་ཉིད་དང་རང་བཞིན་མེད་པ་དང༌། བདེ་བ་དང༌། ལྷའི་རྣམ་པས་ཁྱབ་པ་དང༌། དེས་དེ་དག་ཉིད་མཆོག་ལ་སྦྱོར་བས་སྤྱོད་ཡུལ་ལ་འཇུག་པ་དང༌། ཚུལ་ཁྲིམས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་དང༌། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཐུན་མོང་དང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་དུ་འཕགས་པ་དང༌། གཞན་ཡང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་


TNT21_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་ལ་བདེ་བ་ནི་སྙིང་རྗེའི་རང་བཞིན། དེ་ཉིད་རང་བཞིན་མེད་ཅིང༌། དམིགས་པ་མེད་པར་མངོན་སུམ་མམ། མངོན་སུམ་གྱི་ཚུལ་གྱིས་ལས་དང་པོ་པས་བསྐྱེད་པས། བདེ་བས་སྟོང་པ་ཕུལ་དུ་འགྱུར་བ་མངོན་སུམ་གྱིས་རྣམ་པ་དང༌། དེས་ཀྱང་བསོད་ནམས་ཕུལ་དུ་ཕྱིན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ཐེག་མཆོག་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལམ་གྱི་རྣམ་པར་གཞག་པ་ལ་གཉིས། སྔགས་རྒྱུད་ཀྱི་རབ་དབྱེ་བཤད་པ་དང༌། ལམ་གྱི་རིམ་པ་དངོས་བཤད་པའོ། །དངཔོ་ལ་སྔགས་རྒྱུད་ཀྱི་ངོ་བོ་བཤད་པ་དང༌། དེའི་རྣམ་གྲངས་དང༌། འཇིག་རྟེན་པའི་རྒྱུད་བཤད་པ་དང༌། སྔགས་ཀྱི་ཐེག་པའི་རང་བཞིན་བཤད་པ་དང༌། དེའི་དབྱེ་བ་བཤད་པ་དང༌། འཇིག་རྟེན་པའི་ཐེག་པ་ལ་དངོས་བཏགས་ཀྱི་དབྱེ་བ་བཤད་པའོ། །དང་པོ་ལ་སྔགས་ནི་གསང་སྔགས་རྣམས་དང་བདེ་བ་ཆེན་པོའི་ཡེ་ཤེས་སོ། །རྒྱུད་ནི་དེའི་སྦྱོར་བ་སྟེ་ལས་དང༌། དངོས་གྲུབ་ཀྱི་ཚོགས་རྣམས་ཏེ། ཇི་སྐད་དུ། ཡིད་ནི་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་སྔགས་ཀྱི་དོན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་མཚན་རྟོག་ལས་སྐྱོབ་པའོ། །ཡང་ན་གསང་སྔགས་ཞེས་བྱ་བ་ནི་མནྟྲ་སྟེ། དེ་ལས་མ་ནུ་ན་ཡིད་ཡིན་ལ། སྒོ་ལྔའི་རྣམ་ཤེས་རྗེས་སུ་འབྲང་བའི་ཡིད་དང་བཅས་པའོ། །ཏྲ་]ཡ་ནི་སྐྱོབ་པ་སྟེ། བསྐྱེད་རྫོགས་


TNT21_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཐབས་མཁས་ཀྱིས། སྒོ་ལྔའི་རྣམ་ཤེས་རྗེས་འབྲང་དང་བཅས་པའི་རྣམ་རྟོག་གི་ཡིད་ལ་སྐྱོབ་པས་ན་གསང་སྔགས་སོ། །བསྐྱེད་རྫོགས་གཉིས་པོ་དེ་བཞོན་པར་བྱེད་པས་ན་གསང་སྔགས་ཀྱི་ཐེག་པའོ། །དེ་སྐད་དུ་ཡང༌། མ་ནི་དེ་བཞིན་ཡིད་ཡིན་ཏེ། །གང་གང་རྒྱུ་དང་རྐྱེན་ལས་བྱུང༌། །ཡུལ་དང་དབང་པོ་ཡིན་ནོ་གསུངས། །ཏྲ་ནི་དེ་བཞིན་སྐྱོབ་པར་མཛོད། །ཅེས་དང༌། མ་ནི་སྟོན་པ་མཚན་མ་བྲལ། །རྡོ་རྗེ་འཛིན་པའི་དབུགས་དབྱུང་བ། །ཤེས་རབ་ཆེན་པོ་བདག་གིས་བཤད། །ཏྲ་ནི་དེ་བཞིན་སྐྱོབ་པར་བརྗོད། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ། །སྙིང་རྗེ་ཆེན་པོ་བདག་གིས་བཤད། །སྟོང་པ་དང་ནི་སྙིང་རྗེ་གཉིས། །གཉིས་སུ་མེད་པ་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བརྗོད། །ཞེས་སོ། །ཡང་ན་སྔགས་རྣམས་རྒྱུད་ཀྱི་ནང་དུ་འདུ་བ་ཡིན་ཏེ། དེ་ལ་རྒྱུད་ཅེས་བྱ་བ་ནི་སྔགས་རྣམས་དང་དེའི་ཆོ་གའོ། །དེ་སྟོན་པར་བྱེད་པའི་བཀའི་ཚོགས་ལ་རྡོ་རྗེ་ཐེག་པའི་སྡེ་སྣོད་དང༌། རྒྱུད་ཅེས་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རིག་པ་འཛིན་པའི་སྡེ་སྣོད་དང༌། སྔགས་ཀྱི་སྡེ་སྣོད་དང༌། ཆོས་འདི་པ་རྣམས་ཀྱི་རྒྱུད་དང༌། རྡོ་རྗེ་ཐེག་པའི་སྡེ་སྣོད་ཞེས་པ་རྣམས་རྣམ་གྲངས་དང༌། གཞན་ཡང་རྡོ་རྗེ་ཐེག་པ་དང༌། སྔགས་ཀྱི་ཐེག་པ་དང༌། རིག་པ་འཛིན་པའི་ཐེག་པ་དང༌། འབྲས་བུའི་ཐེག་པ་ཞེས་པ་རྣམས་རྣམ་གྲངས་ཡིན་ནོ། །གསུམ་པ་ནི། དབང་ཕྱུག་གིས་བྱས་


TNT21_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། དྲང་སྲོང་གིས་བྱས་པ་དང༌། ལྷ་དང་འབྱུང་པོ་དང༌། གསང་བ་པ་དག་དང༌། སྔགས་མཁན་དག་གིས་བྱས་པ་དག་ཡིན་ཏེ། དེ་དག་ནི་རྡོ་རྗེའི་ཐེག་པ་དང༌། སྔགས་ཀྱི་སྡེ་སྣོད་ནི་མ་ཡིན་ཏེ། གཞན་དུ་སྔགས་དང༌། རྒྱུད་ཅེས་བྱ་བ་ཡིན་ནོ། །བཞི་པ་ནི། རིག་སྔགས་ཀྱི་སྦྱོར་བ་གཙོ་བོར་སྟོན་པའི་ལམ་དང༌། དེའི་འབྲས་བུ་ནི་སྔགས་ཀྱི་ཐེག་པ་ཡིན་ནོ། །ལྔ་པ་ལ་གཉིས། འཇིག་རྟེན་པའི་ཐེག་པ་དང༌། འཇིག་རྟེན་ལས་འདས་པའི་ཐེག་པའོ། །དང་པོ་ནི། འཇིག་རྟེན་པའི་ཐེག་པ་གང་ཞེ་ན། འདོད་པའི་རིག་པ་འཛིན་པ་དང༌། གཟུགས་ཀྱི་རིག་པ་འཛིན་པ་དང༌། དེ་དག་གི་ལམ་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་གཞན་ལ་སྔགས་ཀྱི་སྦྱོར་བས་བགྲོད་པར་བྱེད་པའི་ལམ་རྣམས་སོ། །གཉིས་པ་ནི། ཐེག་པ་གསུམ་པོ་དག་གོ །འཇིག་རྟེན་པའི་ཐེག་པ་ནི་མིང་ཙམ་སྟེ། གོ་འཕང་མི་གཡོ་བ་མ་ཡིན་པའི་ཕྱིར་དང༌། དེ་ལ་ངེས་པར་འཇུག་པ་མ་ཡིན་པའི་ཕྱིར་དང༌། ཡུལ་དུས་ཉི་ཚེ་བའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ཐེག་པ་ནི་དངོས་ཏེ། རྡོ་རྗེའི་ཐེག་པའོ། །དེའི་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་གཙོ་བོ་མ་ཡིན་ནོ། །དྲུག་པ་འཇིག་རྟེན་པའི་ཐེག་པ་ལ་དངོས་བཏགས་ཀྱི་དབྱེ་བ་བཤད་པ་ལ། འཇིག་རྟེན་པའི་ཐེག་པ་ཡང་རྣམ་པ་གསུམ་སྟེ། འཇིག་རྟེན་པ་ཉིད་ཀྱི་ཐེག་པ་དང༌། ངེས་པ་ལ་འཇུག་པའི་འཇིག་རྟེན་པ་དང༌། སེམས་


TNT21_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟེན་འཇིག་རྟེན་པའོ། །དང་པོ་ནི། སོ་སོ་སྐྱེ་བོས་བྱས་པའོ། །གཉིས་པ་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བ་འཇིག་རྟེན་པའི་ཐེག་པའོ། །གསུམ་པ་ནི། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ་མོ། །དེ་ལ་ཕྱི་མ་གཉིས་ནི་འཇིག་རྟེན་ལས་འདས་པའི་སྡེར་གཏོགས་ཏེ། དེ་སྟོན་པར་བྱེད་པ་རྣམས་ཀྱང་དེའི་སྡེ་སྣོད་དུ་གཏོགས་སོ། །འཕགས་པའི་སེམས་ཀྱི་རང་དགར་བྱས་པ་ཡང༌། དེའི་སྡེར་གཏོགས་མོད་ཀྱི། འོན་ཀྱང་སྡེ་སྣོད་ནི་མ་ཡིན་ནོ། །གཞན་ཡང་སྔགས་ཀྱི་ཚུལ་གསུམ་སྟེ། མཆོག་དང་དམན་པ་ཡན་ལག་གོ །དེ་གསུམ་གྱི་ངོ་བོ་ནི་བདེ་བ་ཆེན་པོ་དང༌། ལྷའི་བསྙེན་པ་དང༌། སྔགས་དང་སྦྱོར་བ་ཙམ་དང་བཅས་པའོ། །དང་པོ་གཉིས་ནི་དངོས་དང༌། སྔགས་པའི་ཐེག་པ་དང༌། རིག་པ་འཛིན་པའི་ཚུལ་དང༌། སྡོམ་པ་དང་འབྲེལ་བ་ཡིན་ནོ། །ཕྱི་མ་ནི་དེ་རྣམས་མ་ཡིན་ཏེ། གཞན་དུ་སྔགས་ཞེས་པ་ཙམ་མོ། །ཡང་སྔགས་ཀྱི་ཚུལ་བདུན་ཏེ། གཏན་དུ་སའི་ལམ་དང༌། ཆ་ཤས་ཅན་དང༌། ཁྱད་པར་དུ་གྱུར་པ་དང༌། དང་པོར་བདེན་པ་དང༌། ཕལ་ཆེར་བདེ་ཆེན་གྱི་ཚུལ་དང༌། འགའ་ཞིག་བདེ་ཆེན་དང༌། ཅུང་ཟད་བདེ་ཆེན་གྱི་ཚུལ་ལ་སོགས་པ་མང་དུ་ཡོད་ཀྱང་རེ་ཞིག་འདིར་མི་བརྗོད་དོ། །གཉིས་པ་ལམ་གྱི་རིམ་པ་དངོས་བཤད་པ་ལ། ལམ་སྟོན་བྱེད་ཀྱི་གཞུང་གི་ཚོགས་ངེས་པར་བྱ་བའི་ཕྱིར་དུ་རྗོད་བྱེད་ཚིག་གི་རྒྱུད་མདོར་བསྟན་པ་དང༌། ཉམས་སུ་བླངས་པའི།


TNT21_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བརྗོད་བྱ་དོན་གྱིས་རྒྱུད་རྒྱས་པར་བཤད་པ་གཉིས་ལས། དང་པོ་ལ་རྗོད་བྱེད་ཚིག་གི་རྒྱུད་ངོས་བཟུང་བ་དང༌། དེའི་དབྱེ་བ་ཅུང་ཟད་བཤད་པ་དང༌། གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་ལྟར་རིག་པ་འཛིན་པའི་སྡེ་སྣོད་རྣམས་སོ། །གཉིས་པ་ནི། འོག་ཏུ་འཆད་པ་ལྟར་གཙོ་བོ་རྒྱུད་སྡེ་བཞི་པོ་རྣམས་ཡིན་མོད་ཀྱི། རྒྱུད་སྡེ་ཐམས་ཅད་བསྡུ་ན། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཉིས་སུ་འདུ་བ་ཡིན་ལ། ཡང་ན་རྩ་བའི་རྒྱུད་དང༌། ཕྱི་མའི་དང༌། བཤད་པའི་དང༌། ཆ་མཐུན་གྱི་དང༌། འཕྲོས་པའི་རྒྱུད་དེ་ལྔའོ། །ཡང་མདོ་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་བཞི་དང༌། དེ་དག་གི་ཟླས་ཕྱེ་བའི་རྩ་བའི་རྒྱུད་དེ་ལྔར་དབྱེ་བ་ལ་སོགས་པ་ཡོད་དོ། །གསུམ་པ། སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་ནི། འདི་ལ་ཆེས་སྔ་རབས་པ་རྣམས། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས།། ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ནས། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེ་སྣང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་


TNT21_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་འགྲུབ་འགྱུར་བས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་སྟོན་པ་མྱ་ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བདུན་ན། རྒྱལ་པོ་ཛ་ཧིའི་ཁང་སྟེང་དུ་སྔགས་ཀྱི་མདོ་སྡེ་རྣམས་བབ་པར་འདོད་པ་དང༌། ཡང་སྟོན་པ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་ཉི་ཤུ་ན། རྒྱལ་པོ་ས་ཧིའི་ཁང་སྟེང་དུ། སྔགས་ཀྱི་སྡེ་སྣོད་བབ་པར་འདོད་པ་དང༌། ཡང་ཁ་ཅིག་རྒྱལ་པོ་རབ་གསལ་ཟླ་བའི་ཁྱིམ་དུ་བྱུང་བར་འདོད་པ་དང༌། དུས་ཀྱི་འཁོར་ལོ་ནི། སྟོན་པས་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་དུ་སྔགས་ཀྱི་ཐེག་པ་གསུངས་ཤིང༌། དེ་ཡང་ལྷ་ལ་སོགས་པའི་འགྲོ་བ་གཞན་རྣམས་ཀྱི་སྤྱད་བྱར་གྱུར་ཅིང༌། རེ་ཞིག་འཛམ་བུ་གླིང་པའི་མི་རྣམས་ལ་མི་སྣང་བ་དང༌། འོན་ཀྱང་ཤམྦྷ་ལ་ལ་སོགས་པའི་ཡུལ་ཁྱད་པར་ཅན་འགའ་ཞིག་ཏུ་དར་བ་ཡིན་ནོ། །གཞན་ཡང་རྒྱུད་སྡེ་སོ་སོ་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པའི་ལོ་རྒྱུས་ཀྱང་ཡོད་པ་ཐམས་ཅད་ཀྱང་མི་འཐད་པ་མེད་དོ། །འོན་ཀྱང་རང་ལུགས་ཀྱི་རྣམ་པར་བཞག་པ་ལ་གཉིས་ཏེ། སྤྱིར་གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་ཚུལ་དང༌། བྱེ་བྲག་ཏུ་འོ་སྐོལ་གྱི་སྟོན་པས་གསུངས་ཚུལ་ལོ། །དང་པོ་ནི། རྡོ་རྗེ་འཆང་གིས་དབུགས་དབྱུང་བ་དང༌། རིགས་ལྔའི་དབུགས་དབྱུང་བའི་དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་རྣམས་ཏེ། སྒྲོལ་མ་འབྱུང་བའི་རྒྱུད་ལས། དབུགས་དབྱུང་རྣམ་པ་གཉིས་བསྟན་ཏོ། །འདི་ལ་དང་པོར་རྡོ་རྗེ་


TNT21_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །ཕྱི་ནས་དེ་བཞིན་གཤེགས་པའོ། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །སངས་རྒྱས་བདག་ཉིད་རྣམ་བསྡུས་ནས། །རིག་མ་བཙུན་མོ་རྣམ་པར་རོལ། །ཆོས་འབྱུང་ནམ་མཁའི་ཁམས་གནས་པ། །ཡེ་ཤེས་རྒྱ་མཚོའི་རྣམ་རོལ་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །མ་ལུས་ལུས་པ་མེད་པར་བསྐྱེད། །བདག་ཉིད་བདེ་བ་ཆེ་རང་བཞིན།། སེམས་ཅན་ཁམས་ལ་རྗེས་ཞུགས་པས། །ཐམས་ཅད་བདེ་ཆེན་བྱང་ཆུབ་ཐོབ། །བདེ་བས་མངོན་པར་ཞེན་རྣམས་ལ། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་བསྟན། །དེ་དེས་གྲངས་མེད་མངོན་བྱང་ཆུབ། །ཕྱིས་ནས་སྟོང་པར་མངོན་ཞེན་རྣམས། །ཐམས་ཅད་དམྱལ་བར་ལྷུང་གྱུར་པས། །རྒྱལ་བ་རྟག་པ་རྣམ་སྤྲུལ་ཏེ། །དབུ་མ་ལ་ནི་རྣམ་པར་གཞག །རང་དང་གཞན་དོན་ཆེར་བསྒྲུབས་པས། །དཔག་ཡས་མཆོག་ཏུ་དགྲོལ་བར་བྱས། །ཀུན་རྫོབ་རྗེས་ཞུགས་ངར་འཛིན་ཅན། །རྣམ་རྟོག་དུ་མས་རྣམ་དཀྲུགས་ནས། །དེ་དག་གཞན་གྱི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ལ་བསྐུལ། །རིན་ཆེན་ཉི་མ་རྣམ་སྤྲུལ་པས། །དེ་དག་བླ་མེད་བྱང་ཆུབ་ལ། མཆོག་ཏུ་དགའ་བས་གཞོལ་བར་འགྱུར། །གཞན་ལས་རྗེས་སུ་ཆགས་ལྡན་པ། །དེའི་ཚེ་འདོད་ཆགས་ཀྱིས་བཅིངས་པ། །པདྨ་གར་དབང་རྣམ་སྤྲུལ་ཏེ། །འདོད་ཆགས་བདེ་བའི་ལམ་


TNT21_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ནི། །བརྗོད་མེད་འགྲོ་བ་མངོན་བྱང་ཆུབ། །ཕྱི་ནས་བདེ་བ་ཆགས་ལྡན་རྣམས། །ལེ་ལོས་མང་པོར་ཉམས་གྱུར་ནས། །བློ་ངན་འཇིག་རྟེན་རྣམ་པར་འཁྲུགས། །རྟ་མཆོག་རྒྱལ་པོར་རང་སྤྲུལ་ཏེ། །སེམས་ཅན་བརྩོན་འགྲུས་གནས་ལ་བཞག །བྱི་བོ་རྐུན་པོ་དགྲ་ལ་སོགས། །རང་རང་ཚུལ་གྱིས་མངོན་སྤྲུལ་པས། །ཐམས་ཅད་རྡོ་རྗེའི་གནས་ལ་བཞག །བརྩོན་ལྡན་སྤྱོད་པ་སྣ་ཚོགས་པས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཅན། །རབ་འཕྲོས་ཧེ་རུ་ཀར་སྤྲུལ་པ། །དྲག་ཤུལ་གསོད་ལ་དགྱེས་པར་གྱུར། །སྲིན་པོ་གནོད་སྦྱིན་འབྱུང་པོ་གདོན། །མ་མོ་བཅོམ་བྱས་རིག་སྔགས་དང༌། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང༌། །སྨན་གྱིས་ཀྱང་ནི་ཐམས་ཅད་བཅོམ། །ཞེ་སྡང་གདུག་རྣོན་ཞི་བའི་ཕྱིར། །སླར་ཡང་བདེ་ཆེན་མགོན་པོ་ལ། །མ་འོངས་དུས་ནས་རབ་འཇུག་སྟེ། །དབུགས་དབྱུང་དཀྱིལ་འཁོར་དམ་པའོ། །འདིར་ནི་དོན་དམ་ཀུན་རྫོབ་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཞེས། །གཞན་ནི་རྒྱུ་དང་འབྲས་བུ་སྟེ། །དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྣམ་པ་གཉིས། །བདེ་བ་ཆེ་དང་དེ་ཉིད་དོ། །ཀུན་རྫོབ་གཉིས་ཀྱང་འཇིག་རྟེན་དང༌། །དཀྱིལ་འཁོར་ཞེས་ནི་རེ་ཞིག་བཞག །ཞེས་གསུངས་ཞིང༌། གཞན་ཡང༌། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་དང༌། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ནས་གསུངས་པ་བཞིན་ཤེས་པར་བྱའོ། །


TNT21_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་དཔྱད་པར་བྱ་བ་ལ། །མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོགས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་གསང་སྔགས་གསུངས་པར་བཤད་པ་དང༌། གསང་བ་འདུས་པ་སོགས་ལས། གསང་སྔགས་འོ་སྐོལ་གྱི་སྟོན་པས་ཁྱད་ཆོས་སུ་བཤད་པ་མི་འདྲ་བ་མང་པོ་ཡོད་པ། དེ་རྣམས་ཇི་ལྟར་དྲང་ཞེ་ན། རྒྱལ་སྲས་འཕགས་པ་རྣམས་དང༌། ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ནི། དུས་གསུམ་གྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱིས་གསང་སྔགས་གསུངས་པ་ཡིན་ལ། མིའི་འཇིག་རྟེན་དུ་ནི། སྨོན་ལམ་གྱི་ཁྱད་པར་མཆོག་དང་ལྡན་པའི་འོ་སྐོལ་གྱི་སྟོན་པ་སོགས་འགའ་ཞིག་ཙམ་མ་གཏོགས། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་གསང་སྔགས་འབྱུང་བ་མ་ཡིན་ནོ། །དེ་ལ་ཁ་ཅིག་སྤྲུལ་པའི་སྐུས་གསང་སྔགས་གསུངས་པ་དང༌། ཤཱཀྱ་སེངྒེས་གསང་སྔགས་གསུངས་ཞེས་པའི་ཚིག་ལ་འཁྲུལ་ཏེ། དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་ཞེས་པའི་རྣམ་དབྱེ་མ་ཆགས་པར། སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་གྱིས་གསང་སྔགས་གསུངས་པར་འདོད་པ་སོགས་ནི། མུན་སྤྲུལ་དུ་ཤེས་པར་བྱའོ། །གཉིས་པ་ལ། མིའི་འཇིག་རྟེན་དུ་ནི། སྡེ་སྣོད་ཀྱི་སྔ་རོལ་ཏུ་ཡང་གསང་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། བདུད་བཏུལ་བའི་ཚེ། གཤིན་རྗེ་གཤེད་ཀྱི་རྒྱུད་འབུམ་པ་གསུངས་པར་བཤད་པ་


TNT21_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དེ་ཡང་འོ་སྐོལ་གྱི་སྟོན་པའི་སྐུ་ཚེའི་ཐོག་མཐའ་བར་མའི་གནས་སྐབས་སྣ་ཚོགས་སུ་གསང་སྔགས་གསུངས་པ་ཡིན་པ་ལས། བྱ་བའི་རྒྱུད་རྣམས་ནི། གླེང་གཞི་ནས་འབྱུང་བ་ལྟར། ལྷ་དང་མིའི་གནས་སོ་སོར་གསུངས་པ་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་རྒྱུད་ཀྱང༌། འོག་མིན་དང༌། གཞན་འཕྲུལ་དབང་བྱེད་དང༌། རི་རབ་ཀྱི་རྩེ་མོ་ལ་སོགས་པར་གསུངས་པ་གླེང་གཞི་ལས་ཤེས་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ལྷ་དང་མིའི་འཇིག་རྟེན་དུ་གསུངས་པ་ཉུང་སྟེ། སངས་རྒྱས་ཉིད་ཀྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་བཙུན་མོའི་བྷ་ག་ཆོས་ཀྱི་འབྱུང་གནས་སམ། ཆོས་ཀྱི་དབྱིངས་སུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་འབྱུང་གནས་དེ་ཡང༌། སངས་རྒྱས་རང་སྣང་གིས་བསྡུས་པའི་ཞིང་འོག་མིན་སྟུག་པོ་བཀོད་པ་ལས་གཞན་དུ་བསམ་པར་མི་བྱའོ། །བླ་མེད་ཀྱི་རྒྱུད་འགའ་ཞིག་ནི། ཨུ་རྒྱན་རྡོ་རྗེའི་གནས་དང༌། སུམ་ཅུ་རྩ་གསུམ་གྱི་གནས་དང༌། དཔལ་ལྡན་འབྲས་སྤུངས་སུ་གསུངས་པའང་ཡོད་དོ། །དེ་ལྟར་སྟོན་པས་གསང་སྔགས་ཀྱིས་ཐེག་པ་མཐའ་དག་གསུངས་ནས། མཐར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའམ། རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེན་པོ་ལ་གཏད་པར་གྲགས་སོ། །དེས་ན་སྔགས་ཀྱི་ཐེག་པའི་རྒྱུད་བསྡུ་བ་པོ་ནི། གསངབའི་བདག་པོ་ཉིད་ཡིན་ཞིང། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་གནས་ན་རྒྱུད་རྒྱས་པ་རྣམས་ཀྱང་


TNT21_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ལ། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་མང་པོ་ཞིག་ནི་ལྷའི་གནས་ནས་མིའི་ཡུལ་དུ་བྱོན་པར་གྲགས་ཤིང༌། བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ཨོ་རྒྱན་རྡོ་རྗེའི་གནས་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ནི་ཤམྦྷ་ལ་ནས་སྤྱན་དྲངས་པ་ཡང་ཡོད་དོ། །འོ་ན་གསང་སྔགས་ཀྱི་ཐེག་པ་འདི་དུས་ནམ་གྱི་ཚེ་ན་དར་བར་གྱུར་སྙམ་ན། འདི་ལ་བཀའ་བསྡུ་བ་གསུམ་པ་མཛད་པ་ཡན་ཆོད་དུ་ནི། ཐེག་པ་ཆེན་པོའི་མདོ་རྒྱུད་ཉི་ཚེ་བ་ཙམ་ལས་གསལ་བར་དར་བ་མེད་ལ། དེའི་འོག་ཏུ་རིང་པོར་མ་ལོན་པར། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། སྲིན་པོ་རྣམས་ཀྱིས་གནས་ན། ཐེག་པ་ཆེན་པོའི་མདོ་རྒྱུད་དཔག་ཏུ་མེད་པ་བཞུགས་པ་རྣམས་ཡི་གེར་འདྲི་བ་སོགས་རྩོལ་བ་ལ་མ་ལྟོས་པར། སྤྲུལ་པའི་ཚུལ་གྱིས་འཇིག་རྟེན་དུ་ཅིག་ཅར་དུ་བྱུང་བ་ཡིན་ནོ། །བྱ་སྤྱོད་ཀྱི་རྒྱུད་རྣམས་ནི་ཐེག་པ་ཆེན་པོ་དར་བ་དང་དུས་མཚུངས་ཤིང༌། གོང་དུ་བཤད་པའི་ལྷ་ཡུལ་ནས་འབྱུང་བའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་རྣམས་ཀྱང་དུས་དེ་ཉིད་ཀྱི་དར་བ་ཡིན་ནོ། །ཤེར་ཕྱིན་འབུམ་པ་ལ་སོགས་པའི་མདོ་སྡེ་འགའ་ཞིག་དང༌། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནི་ཕྱི་ནས་རིམ་གྱིས་དར་བ་དང༌། ཐམས་ཅད་ཀྱི་ཐ་མར་འབྱུང་བ་ནི། དུས་ཀྱི་འཁོར་ལོ་ཡིན་པར་གྲགས་སོ། །


TNT21_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཉམས་སུ་བླངས་པའི་སྒྲུབ་པའི་བརྗོད་བྱ་དོན་གྱི་རྒྱུད་རྒྱས་པར་བཤད་པ་ལ། རྒྱུད་སྡེ་བཞིར་འཇོག་པའི་རྒྱུ་མཚན་བཤད་པ་དང༌། དེ་དག་གི་ལམ་རིམ་བཤད་པ་གཉིས་ལས། དང་པོ་ལ། །འདི་ལ་སྔ་རབས་པའི་བླ་མ་དགགྲུབ་མཐའ་བཞི་དང༌། ཕྱི་རོལ་པའི་རྒྱུད་བཞི་དང༌། རྫོགས་ལྡན་ལ་སོགས་པའི་དུས་བཞི་དང༌། མི་རིགས་བཞི་ལ་སོགས་པ་དེ་རྣམས་འདུལ་བའི་དོན་དུ་དེ་དག་དང་མཐུན་པར་རྒྱུད་སྡེ་བཞིར་གསུངས་པ། ཕལ་ཆེར་མི་འཐད་པ་མེད་མོད་ཀྱང༌། དེ་དང་དེ་ཁོ་ནས་དབྱེ་བར་ནུས་པ་ཡང་མ་ཡིན་ལ། དེ་དག་གདུལ་བྱའི་གཙོ་བོར་བྱེད་ན་ནི་མི་རུང་ཞིང། ཁྱད་པར་སྤྱོད་པའི་རྒྱུད་རྣམས་ཞེ་སྡང་གི་རྒྱུད་སྟོན་པ་འདུལ་བར་སྦྱོར་བ་ནི་མི་འགྲིག་གོ །དེས་ན་རང་ལུགས་རྣམ་པར་གཞག་པ་ནི། མི་རིགས་བཞི་དང༌། གྲུབ་མཐའ་བཞི་ལ་སོགས་པ་དེ་དག་མོས་པའི་དགོས་པ་ནི་ཡོད་མོད་ཀྱིས། རྒྱུད་སྡེ་བཞི་ཁའི་གདུལ་བྱའི་གཙོ་བོ་ནི། ཐེག་ཆེན་གྱི་ལམ་དུ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ལ་འདོད་ཁམས་ན་འདོད་ཆགས་མི་འདྲ་བ་རིགས་བཞི་ཡོད་དེ། མཛོད་ལས་གཉིས་གཉིས་འཁྱུད་དང་ལག་བཅང་དང༌། །རྒོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་སོ། །དེ་དག་དང་མཚུངས་པར་ལམ་བྱེད་བཞིའི་སྒོ་ནས་དབྱེ་བ་དང༌། ལྷའི་རྣལ་འབྱོར་བཞིའི་ཁྱད་པར་གྱི་དབྱེ་བའོ། །དང་པོ་ལ། བྱ་བའི་རྒྱུད་ནི་ལྟ་བའི་བདེ་བ་ལམ་དུ་བྱེད་པ་ཡིན་ཏེ། དེ་ཡང་དོན་ཡོད་ཞགས་པའི་ཆོ་ག་


TNT21_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང༌། ཞེས་དང༌། གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་འཛེམ་བག་དང་བཅས་ཤིང་ལུས་བཏུད་པས་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏོད་པར་བྱའོ། །གཡོན་དུ་པདྨ་རིགས་མཛེས་མ་འཛེམ་བག་དང་བཅས་པ་གསང་སྔགས་ཀྱི་ཚུལ་དང་རྗེས་སུ་མཐུན་ཞིང༌། དོན་ཡོད་ཞགས་པ་ལ་མིག་གཏོད་པར་བྱའོ། །ཞེས་དང༌། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །དཀར་པོའི་རས་ལ་རྟག་གནས་ཤིང༌། །ཕོའང་མོ་ལ་ལྟ་བ་དང༌། །མོའང་ཕོ་ལ་ལྟ་བ་བྲི། །ཞེས་སོགས་བྱ་རྒྱུད་ཀྱི་ཆོ་ག་ཞིབ་མོ་ཐམས་ཅད་ནས་གསུངས་པ་ཡིན་ནོ། །སྤྱོད་པའི་རྒྱུད་ནི་རྒོད་པའི་བདེ་བ་ལམ་དུ་བྱེད་པར་རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པ་བཞིན་དུ་བྲི། །ཞེས་དང༌། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དྭངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་དང༌། སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་གདན་ལ་འདུག །དུང་དང་ཀུནྡ་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །དེ་ནི་བག་ཙམ་འཛུམ་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །


TNT21_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ཞིང་འཇིགས་པ་སེལ་བ་སྟེ། །ཞེས་སོགས་གསལ་བར་གསུངས་ལ། རྣལ་འབྱོར་རྒྱུད་ལག་བཅང་གི་བདེ་བ་ལམ་དུ་བྱེད་པར་གཞན་རྣམས་ན་རྒྱས་པར་མ་གསུངས་ཀྱང༌། རྡོ་རྗེ་རྩེ་མོར་གསལ་བར་གསུངས་ཏེ། དེ་ཉིད་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོག །པུས་ཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་བསྒྱུར་ཞིང༌། །འཛུམ་བཅས་ཀུན་ཏུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཞེས་པ་དང༌། དཔལ་མཆོག་དང་པོ་ལས། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །མཉེན་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཚུལ་ཁྲིམས་རྒྱལ་མཚན་བསྒྲེང་དང་བཅས། །ཞེས་གསུངས་ཤིང༌། རྣལ་འབྱོར་བླ་མེད་ནི། གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་པར་རང་གི་རྒྱུད་སྡེ་རྣམས་ནས་ཡང་ཡང་གསུངས་ཏེ། དེ་ཡང༌། དཔལ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབངཔོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། སམ་བུ་ཊ་ལས། བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང༌། །དགའ་བའི་གཉིས་གཉིས་སྙོམས་འཇུག་པས། །རྦ་རླབས་མེད་པའི་རང་བཞིན་ཅན། །ཞེས་སོ། །གཉིས་པ་ལ། བྱ་བའི་རྒྱུད། མདུན་དུ་ལྷ་སྤྱན་དྲངས་ནས་བཟླས་བརྗོད་བྱེད་པ་ཙམ་ལས། བདག་ཉིད་ལྷར་བསྐྱེད་པ་མེད་པ་རྗེས་དཔོན་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། སྤྱོད་རྒྱུད་དུ་བདག་


TNT21_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། རྣལ་འབྱོར་རྒྱུད་དུ། ཕྱི་རོལ་གྱི་ལྷ་དམིགས་པའི་རྟེན་ཙམ་དུ་བཞག་ལ། གཙོ་བོར་ནང་གི་ལྷའི་རྣལ་འབྱོར་ལ་སྤྱོད་པ་དང༌། དེ་གསུམ་ཆར་གྱི་ལྷའི་རྣལ་འབྱོར་ལ་བསྐྱེད་རིམ་གྱི་ཐ་སྙད་དོན་མཐུན་དུ་མི་འཇུག་པ་དང༌། སྦྱང་གཞིའི་རྣམ་པ་ལམ་དུ་བྱེད་པའི་ཚུལ་གྱིས་སྒོམ་པ་ཡང་མེད་དོ། །རྣལ་འབྱོར་བླ་ན་མེད་པར་ན་དེ་དག་ཀྱང་ཡོད་པ་དང༌། སྣང་བ་ཐམས་ཅད་ལྷར་སྒོམ་པ་དང༌། བདག་བསྐྱེད་ཀྱི་ལྷ་གནས་གཞན་དུ་གཤེགས་གསོལ་མི་མངའ་བ་སོགས་ཁྱད་པར་དུ་མས་འཕགས་པ་ཡིན་ནོ། །དེས་ན་ཕྱིའི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དང༌། ཕྱི་ནང་གི་བྱ་བ་གཉིས་ཆ་མཉམ་དུ་སྤྱོད་པས་ན། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་དང༌། ཕྱིའི་བྱ་བ་སྙིང་པོ་མེད་པར་ཤེས་པས། ནང་གི་རྣལ་འབྱོར་ལ་གཙོ་བོར་སྤྱོད་པས། རྣལ་འབྱོར་གྱི་རྒྱུད་དང༌། ཕྱི་ནང་མཉམ་པ་ཉིད་དུ་ཤེས་ཏེ། ནང་གི་རྣལ་འབྱོར་ཁོ་ན་ལ་སྤྱོད་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ཉིད་སྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་ཞེས་པ་དང༌། ཡང་དེ་ཉིད་ལས། གང་ཞིག་བྱ་བའི་ཁྱད་པར་ལ་ཡང་མོས་ཤིང༌། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་ཡང་སྦྱོར་བའི་ནང་གི་བདག་ཉིད་


TNT21_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ནི་བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ལ་མཐུན་པ་གཉིས་ཀའི་རྒྱུད། ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བ་ཞེས་བྱ་བ་དང༌། ཞེས་དང༌། དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་པ་དང༌། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་བསྒྲུབ་པའི་ཕྱིར། སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་སྦྲེལ་ཞིང༌། བརྒྱུད་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་དང༌། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ནང་གི་སྦྱོར་བ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་མ་ཡིན་ནོ། །ཞེས་དང༌། གསང་འདུས་རྒྱུད་ཕྱི་མ་ལས། ཨེ་མ་ཧོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ། །གསང་བ་འདུས་པ་ཞེས་པའི་རྒྱུད། །ཅེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །ཡེ་ཤེས་ཞེས་པ་དྲི་མེད་པ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། བླ་ན་མེད་པ་བཤད་དུ་གསོལ། ཞེས་དང༌། གུར་ལས་ཀྱང༌། ཨེ་མ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །


TNT21_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་སླའང་རྟོགས་པར་དཀའ་བ་དང༌། །རིག་ན་མི་རིག་པ་ཉིད་དོ། །ཞེས་པའི་འགྲེལ་པར། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པ་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཞེས་སོ། །གཉིས་པ། དེ་དག་གི་ལམ་རིམ་བཤད་པ་ལ། བྱ་རྒྱུད་ཀྱི་ལམ་རིམ་དང༌། སྤྱོད་རྒྱུད་ཀྱི་དང༌། རྣལ་འབྱོར་གྱི་དང༌། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལམ་རིམ་བཤད་པའོ། །དང་པོ་ལ། འཇུག་པའི་སྤྱོད་པ། སྦྱོར་བའི་སྤྱོད་པ། གྲུབ་པའི་སྤྱོད་པ། གྲུབ་པ་ཆེན་པོའི་སྤྱོད་པ་སྟེ་བཞི་ལས། དང་པོ་ལ། དབང་དང་དམ་ཚིག་གཉིས་ལས། དེ་ལ་དབང་ནི་ཆུའི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ལྟར། དམ་ཚིག་སྦྱིན་པའི་དབང༌། ཆུ་དང༌། ཅོད་པན་དང༌། བགེགས་ཞི་བའི་དབང་བཀྲུ་བ་བྱབ་སྲུང་གསུམ་དང༌། ནུས་པ་བསྐྱེད་པའི་དབང་སྔགས་ཀྱི་བཟླས་ལུང་སྦྱིན་པ་དང༌། ལོངས་སྤྱོད་ལ་སོགས་ཕུན་ཚོགས་འཕེལ་བའི་དབང་ཤིས་པ་བརྗོད་པ་སྟེ། དབང་གི་ཆོ་ག་རྣམ་པ་བཞི་སྟེ། དེ་ལྟར་ཡང༌། གསང་བ་སྤྱི་རྒྱུད་ལས། ལྷ་ཡི་རིགས་རྣམས་མཐོང་བ་ལ། །དབང་བསྐུར་བ་ནི་རྣམ་པ་བཞི། །བླ་མ་མཉམ་པར་བཞག་པ་ཡིས། །དེ་དག་ཤེས་ནས་ཅི་རིགས་བྱ། །སློབ་དཔོན་གོ་འཕང་ཐོབ་པའི་ཕྱིར། །དང་པོ་ཡོངས་སུ་བསྒྲགས་པ་ཡིན། །རིག་སྔགས་རྣམས་ནི་བསྒྲུབ་


TNT21_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། གཉིས་པ་ལེགས་པར་བཤད་པ་ཡིན། །རིག་གསུམ་དབང་བསྐུར་ཆོ་ག་ཡང༌། །མདོར་བསྡུས་ནས་ནི་བསྒྲགས་པ་ཡིན། །བཞི་པ་འབྱོར་པ་ཐོབ་པའི་ཕྱིར། །ཆོ་ག་རྒྱས་པར་བཤད་དོ། །ཞེས་གསུངས་སོ། །གཉིས་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ། དེའི་བསླབ་བྱ་ནི། དཀོན་མཆོག་ལ་དད་པ་དང༌། གསང་སྔགས་ལ་དད་པ་དང༌། ཐེག་པ་ཆེན་པོ་ལ་དགའ་བ་དང༌། དམ་ཚིག་དང་ལྡན་པ་ལ་གུས་པས་བསྐུར་བ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་མི་སྡང་བ་དང༌། རང་གི་ལྷ་ལ་དུས་ཚིགས་སུ་མཆོད་པ་དང༌། སྟོན་པ་གཞན་གྱི་གཞུང་མི་མཆོད་པ་དང༌། གློ་བུར་དུ་འོངས་པ་ལ་མགྲོན་མཆོད་བྱེད་པ་དང༌། བྱམས་པ་མི་བཏང་བ་དང༌། སེམས་ཅན་གྱི་དོན་བྱེད་པ་ལ་བརྩོན་པ་དང༌། བཟླས་བརྗོད་ལ་བརྩོན་པ་དང༌། དམ་ཚིག་གཞན་ཡང་ཅི་ནུས་སུ་བསྲུང་བ་དང༌། སྔགས་དང་ཕྱག་རྒྱ་སྣོད་མིན་ལ་མི་སྟོན་པ་དང༌། རང་གི་སྔགས་རྒྱུད་བསྲུང་བའོ། །འདི་དག་རྒྱས་པ་ནི་གསང་བ་སྤྱི་རྒྱུད་ཉིད་ལས་ཤེས་པར་བྱའོ། །གཉིས་པ་ནི། དཔུང་བཟང་ལ་གསུངས་པའི་བསླབ་བྱ་རྣམས་དང༌། ལེགས་གྲུབ་ཀྱི་འདུལ་པའི་ལེའུར་གསུངས་པའི་བསླབ་བྱ་རྣམས་ཡིན་ལ། དེ་དག་ནི་བྱ་རྒྱུད་སྤྱི་ལ་འགྲོ་བ་ཡིན་ལ་སོ་སོའི་རྒྱུད་སྡེ་ནས་གསུངས་པའི་བསླབ་བྱ་རྣམས་ལ། བྱ་རྒྱུད་སྤྱི་ལ་འགྲོ་བ་དང༌། དགོས་ཀྱི་བསླབ་བྱ་སྣ་ཚོགས་པ་ཡོད་པས། བྱེ་བྲག་ཕྱེད་པར་བྱའོ། །གཉིས་པ་སྦྱོར་བའི་སྤྱོད་པ་ནི། རིགས་དྲུག་སོ་སོའི་


TNT21_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པའི་ཆོ་ག་ཡན་ལག་དང་བཅས་པ་རྣམས་ཡིན་ཏེ། དེ་ཡང་ཁྱད་ཆོས་བཅུ་དང་ལྡན་པའི་བསྙེན་པ་དེ་ཁོ་ན་ཉིད་བཞི་དང་ལྡན་པར་བསྒོམ་པའོ། ཁྱད་ཆོས་བཅུ་ནི། དཔུང་བཟང་ལས། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་བཞིན་དུས་དག་དང༌། །ཡན་ལག་རྫོགས་པའི་ལྷ་དང་སེམས་སྟོབས་སོ། །གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར། །གཞན་དག་ཕྱོགས་དང་བརྩོན་འགྲུས་དུས་རྣམས་ཉིད། །གཞན་ནི་རྫས་དང་ས་བཞིན་ལྷ་དང་སྔགས། ཁ་ཅིག་སེམས་སྟོབས་ཡིན་ཞེས་རྣམ་པར་སྨྲ། །བ སྒྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དག་ལྔ། །དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས། །སྔགས་རིགས་རང་རང་བློ་ཡི་རྣམ་པར་འཆད། །སངས་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ། །སྒྲུབ་པོ་གང་ཞིག་རང་གི་ཡོན་ཏན་རྫོགས། །བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང༌། །གཞན་གྱིས་རྙེད་པ་དག་ལ་ཕྲག་དོག་མེད། །འདོད་ལ་མ་ཆགས་ལུས་ཀྱིས་ཉོན་མོངས་བཟོད། །གུག་བསྐྱེད་ཀླད་ཀོར་ཚང་བ་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡི། །གནས་སུ་བཟླས་ནས་ཡིད་འོང་དངོས་གྲུབ་ཐོབ། །ཅེས་གསུངས་ཏེ། སྒྲུབ་པ་པོ་མཚན་ཉིད་དང་ལྡན་པ་དང༌། སྔགས་དག་ཅིང་ཆོ་ག་མ་ཉམས་


TNT21_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་གཙོ་བོར་བཟུང་ལ། གཞན་རྣམས་ཕལ་པའི་ཚུལ་དུ་བསྟན་ནོ། །དེ་ཁོ་ན་ཉིད་བཞི་ནི། བདག་ཉིད་དང༌། ལྷའི་དང༌། བཟླས་བརྗོད་ཀྱི་དང༌། བསམ་གཏན་གྱི་དེ་ཁོ་ན་ཉིད་བཞིའོ། །དང་པོ་བདག་གི་དེ་ཁོ་ན་ཉིད་ནི། ཇི་སྐད་དུ། དང་པོ་ཁྲུས་བྱས་རྣལ་འབྱོར་པས། །རྡོ་རྗེ་གདན་ལ་གནས་ནས་ནི། །མཆོད་དང་གསོལ་བ་ལྷ་དྲུག་སྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། །ཕྱག་རྒྱ་མཚན་མ་དྲུག་ཡིན་ཏེ། །ཞེས་གསུངས་པ་ལྟར་ཏེ། སྔོན་འགྲོ་ཕྱི་ནང་གི་ཁྲུས་གཉིས་དང༌། བདག་དང༌། གནས་དང་རྣལ་འབྱོར་བསྲུང་བ་དང༌། དངོས་གཞི་ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་དང༌། མཆོད་ཅིང་གསོལ་བ་གདབ་པ་དང༌། ལྷ་དྲུག་གི་རྣལ་འབྱོར་ལ་སེམས་འཛིན་པ་རྣམས་སོ། །གཉིས་པ་ལྷའི་དེ་ཁོ་ན་ཉིད་ནི། དེའང་ལྷ་དྲུག་སྟེ། ཡེ་ཤེས་ཀྱི་ལྷ་དམིགས་པའི་རྟེན་དུ་བྱས་ཏེ། དེ་ལ་སྟོང་པ་ཉིད་ཀྱི་རྒྱས་འདེབས་པ་ནི་སྟོང་པའི་ལྷ་དང༌། ལྷའི་ཐུགས་ཀར་སྔགས་ཀྱི་ཡིག་འབྲུ་ལ་སོགས་པ་བཀོད་པ་ཡི་གེའི་ལྷ་དང༌། བཟླས་བརྗོད་ཀྱི་སྒྲ་གྲག་སྟོང་དུ་ཤེས་པ་ནི། སྒྲའི་ལྷ་དང༌། ཞལ་ཕྱག་གི་རྣམ་པ་ཅན་གྱི་སྐུ་ནི་གཟུགས་ཀྱི་ལྷ་དང༌། རྡོ་རྗེ་གཙུག་ཏོར་ལ་སོགས་པའི་ཕྱག་རྒྱ་བྱིན་གྱིས་བརླབས་པ་ནི། ཕྱག་རྒྱའི་ལྷ་དང༌། རྡུལ་ཚོན་ལ་སོགས་པ་ལྷ་མཚོན་བྱེད་དུ་བཞག་པའི་རྟེན་ནི། མཚན་མའི་ལྷ་སྟེ། དེ་ལྟར་ན་དྲུག་གོ །གསུམ་པ་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་ནི། སོ་སོའི་རྒྱུད་སྡེ་ནས་གསུངས་པ་བཞིན་


TNT21_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བགྲང་ཕྲེང་གི་ཁྱད་པར་ནི། ལེགས་གྲུབ་ལས། རྒྱལ་བའི་རིགས་ལ་བོ་ཏེ་ཙེ། །སྔགས་ཀྱི་ནོར་བུ་རབ་ཏུ་བསྒྲགས། །པདྨའི་རིགས་ལ་པདྨའི་སྙིང༌། །རྡོ་རྗེའི་རིགས་ལ་རུ་རག་ཤ །ཞེས་དང༌། གཞན་ཡང་དམིགས་པའི་ཁྱད་པར་དང༌། བཟླས་པའི་མན་ངག་དང་ལྡན་པས་སྔགས་ཀྱི་བཟླས་བརྗོད་བྱེད་པའོ། །བཞི་པ་བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། ཇི་སྐད་དུ། སྔགས་ཀྱི་རྣམ་པར་ཤེས་པ་སྒོམ། །བསྡམས་ན་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡམ། །ཞེས་པ་ལྟར། སྲོག་རྩོལ་བསྡམ་པའི་སྦྱོར་བས་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་བསྒྲ྄ུབས་པ་སྟེ། མཚན་མ་མེད་པའི་རྣལ་འབྱོར། དེ་ཁོ་ན་ཉིད་བཞིའི་ནང་ནས་ཀྱང་འདི་ཁོ་ན་གཙོ་བོ་ཡིན་ཏེ། ཇི་སྐད་དུ། ཡེ་ཤེས་གྲགས་པས། མཚན་མར་བཅས་པ་མཚན་བཅས་ཀྱི། །དངོས་གྲུབ་དམ་པ་རྒྱལ་བ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མར་བཅས་པ་འགྲུབ་ཏུ་རུང༌། །ཞེས་སོ། །དེ་ལྟར་སྔགས་དང༌། བདག་དང་བཟླས་བརྗོད་ཀྱི་དེ་ཉིད་གསུམ་ཤེས་ནས་བསྒྲུབས་ན་སངས་རྒྱས་ཐོབ་སྟེ། དེ་ཉིད་ལས། སྒྲ་དང་སེམས་དང་དེ་ཉིད་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོ་ཞིག །མི་འགྱུར་བ་ནི་ཡི་གེར་ལྡན། །གཞི་ལས་གཞི་འགྱུར་དེ་བཞིན་ཏེ། །


TNT21_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཕྱིར་ནི་གང་བརྟག་པ། །ཡིད་ཀྱིས་དག་པ་བསམ་པར་བྱ། །སླར་བསྡུས་པ་ཡིས་བཀུག་ནས་ནི། །སྲོག་དང་རྩོལ་བ་བསྡམས་པའི་ཡིད། །གསང་སྔགས་རིག་པ་སྔགས་ལ་སྦྱར། ཡིད་ཀྱིས་བཟླས་བརྗོད་བརྩམ་པར་བྱ། འདི་ཉིད་ཀྱིས་ནི་ཆོ་ག་ཡི། །ཡང་ན་ཤུབ་བུར་བྱ་ཡང་རུང༌། །སྔགས་རིག་དངོས་གྲུབ་འདོད་པ་ཡིས། །བཟླས་བརྗོད་གཞན་དུ་མི་བྱའོ། །རིག་སྔགས་དེ་ཉིད་མ་ལུས་དང༌། །བདག་གི་དེ་ཉིད་ཆོ་ག་དང༌། །བཟླས་བརྗོད་དེ་ཉིད་མཆོག་ཤེས་དང༌། །མིས་ནི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། དེ་གསུམ་འབྲས་བུ་དང་བཅས་པ་ཡང༌། དེ་ཉིད་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲ་གནས་རྣལ་འབྱོར་སྟེར་བར་ལྡན། །སྒྲ་མཐར་ཐར་པ་སྟེར་པ་ཉིད། །དེ་དག་དེ་ཉིད་གསུམ་པོ་ཡིན། །ཞེས་སོ། །བསམ་གཏན་ཕྱི་མ་ལ་གསང་བའི་བཟླས་བརྗོད་དང༌། བསམ་གཏན་ནི་འགའ་ཞིག་གི་སྦྱོང་རྒྱུད་ཀྱི་ཉམས་ལེན་དུའང་ཡོད། གསུམ་པ་གྲུབ་པའི་སྤྱོད་པ་ནི། ཞི་བ་ལ་སོགས་པའི་ལས་རྣམས་དང༌། ལུས་དང༌། ལོངས་སྤྱོད་དང༌། རྫས་ཀྱི་རིག་པ་འཛིན་པ་ཏེ། ཐུན་མོང་སྒྲུབ་པའི་ཐབས་རྣམས་སོ། །བཞི་པ་གྲུབ་པ་ཆེན་པོའི་སྤྱོད་པ་ནི། ཐུན་མོང་གི་གྲུབ་པ་ལ་གནས་ནས་བྱང་ཆུབ་ལ་སྦྱོར་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་སྒྲུབ་པ་ལ་རྩོལ་བའོ། །རྒྱུད་འདིར་ནི་ཐུན་མོང་གི་དངོས་གྲུབ་གྲུབ་ནས། མཆོག་གི་དངོས་གྲུབ་རབ་འབྲིང་ཐ་མ་གསུམ་


TNT21_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབྱེ་བས་བྱང་ཆུབ་རྣམ་པ་གསུམ་ཡིན་ལ། འདིའི་ལམ་ལ་བརྟེན་ནས། འཕགས་པའི་གནས་ཐོབ་པའི་ཉན་རང་དེ་དག་ནི། ལྟ་བ་དང་གྲུབ་མཐའ་ནི་ཐེག་ཆེན་ཡིན་ལ། རང་རྒྱུད་ལ་སྐྱེས་པའི་ལམ་ནི་ཐེག་དམན་ཡིན་པར་ཤེས་སོ། །རྒྱུད་འདིར་ནི་སྐུ་གསུམ་གྱི་རྣམ་བཞག་ཀྱང་རྒྱས་པར་གསུངས་ཏེ། ཐེག་ཆེན་སྤྱི་དང་མི་འདྲ་བའི་ཁྱད་པར་ཡང་གསུངས། བྱ་བའི་རྒྱུད་ཁ་ཅིག་ལས་ནི། ལམ་ལྔ་ས་བཅུའི་རྣམ་བཞག་ཐེག་ཆེན་སྤྱི་དང་འདྲ་བར་བཤད་པ་ཡོད་ལ། འཇམ་དཔལ་རྩ་རྒྱུད་ཀྱི་དངོས་བསྟན་ལས་ནི། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ཏེ། དགའ་ལྡན་དུ་དམ་པ་ཏོག་དཀར་པོ་གྱུར་པ་དང༌། དེ་ནས་ཤཱཀྱའི་རིགས་སུ་སྐྱེ་བ་ཞེས་པ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང༌། ལོ་དྲུག་དཀའ་བ་སྤྱད་པ་དང༌། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་སྟེ། དེ་ཡན་ཆད་ནི་སོ་སོ་སྐྱེ་བོ་དང༌། དེ་ནས་བདུད་བཅོམ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སྤང་བྱ་ཐམས་ཅད་ཅིག་ཅར་སྤངས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ཞེས་ཐེག་དམན་གྱི་སྡེ་སྣོད་དང་མཐུན་པར་གསུངས། དེ་ནས་ཞི་བའི་ལམ་ལ་འགོད་པའི་འཁོར་ལོ་དང་པོ་དང༌། སངས་རྒྱས་ཐམས་ཅད་ཀྱི་གསུང་འཁོར་ལོ་བར་པ་དང༌། སྟོན་པ་ཉིད་ཀྱི་ཉམས་མྱོང་མངོན་དུ་མཛད་པ་འཁོར་ལོ་ཐ་མ་རྣམས་རིམ་ཅན་དུ་གསུངས་ཤིང༌། དེ་ནས་མཉན་ཡོད་དུ་མུ་སྟེགས་བརྟུལ་བ་དང༌། གྲོང་ཁྱེར་མེ་ཐབ་ཏུ་ལྷ་ལས་བབ་པ་


TNT21_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སུམ་སུ་རྩ་གསུམ་དུ་གཤེགས་ནས་ལྷ་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པ་བདེན་པ་ལ་བཀོད་པ་དང༌། དེ་ནས་གནས་གཙང་མའི་སྟེང་གི་ནམ་མཁར་བཞུགས་ཏེ། སྔགས་ཀྱི་ཐེག་པ་གསུངས་པར་བཤད་དོ། །ལམ་དང་འབྲས་བུ་དེ་ལྟ་བུ་སྟོན་པའི་རྒྱུད་ལ་རིགས་དྲུག་ཏུ་ཡོད་དེ། དེ་བཞིན་གཤེགས་པའི་རིགས། རྡོ་རྗེའི་རིགས། པདྨའི་རིགས་ཏེ་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང༌། ནོར་བུའི་རིགས། ལྔ་རྩེན་གྱི་རིགས། འཇིག་རྟེན་ཕལ་པའི་རིགས་ཏེ་འཇིག་རྟེན་པའི་རིགས་གསུམ། དེ་ལྟར་ན་དྲུག་གོ །དེ་དག་ལ་རྒྱས་པར་ཕྱེ་ན་འཇིག་རྟེན་ལས་འདས་པ་གསུམ་པོ་དེ་དག་རེ་རེ་ལ་ཡང་རིགས་ཀྱི་གཙོ་བོ་དང༌། རིགས་ཀྱི་བདག་པོ་དང༌། རིགས་ཀྱི་ཡུམ་དང༌། གཙུག་ཏོར་བ་དང༌། རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང༌། རིགས་ཀྱི་ཕོ་ཉ་ཕོ་མོ་དང༌། དེ་བཞིན་གཤེགས་པའི་རིགས་སུ་བསྡུས་པའི་བྱང་སེམས་དང༌། གནས་གཙང་གི་ལྷ་ལ་སོགས་པའི་རྒྱུད་སྡེ་བརྒྱད་དམ་བདུན་དུ་ཕྱེ་བ་དང༌། ལྷག་མ་རྣམས་ལ་འདི་ཅི་རིགས་པར་ཕྱེ་བ་ཡོད་དོ། །དེ་ཐམས་ཅད་བསྡུ་ན། རིགས་བཞིར་འདུ་བ་ཡིན་ཏེ། འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་འཇིག་རྟེན་འཁྱམ་པའོ། །དེ་ལྟར་རིགས་དྲུག་ཀྱང་གསུམ་དུ་འདུས་ཏེ། དཔུང་བཟང་གི་བསྡུས་དོན་འགྲེལ་པའི་བརྗེད་བྱང་ལས། ནོར་ཅན་ནི་པདྨའི་རིགས་ཀྱིས་བསྡུས་སོ། །རྒྱས་པ་ནི་རྡོ་རྗེའི་རིགས་ཀྱིས་བསྡུས་སོ། །འཇིག་རྟེན་པའི་རིགས་ཀྱང་དེ་དག་གི་འགབ་ཏུ་འདུས་


TNT21_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱའོ། །དེ་དག་གིས་མ་བསྡུས་པ་རྣམས་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ལས་བྱུང་བ་མ་ཡིན་ཡང་བྱང་ཆུབ་སེམས་དཔའ་ས་གནས་པ་ལྟར་བདེ་བར་གཤེགས་པ་ཉིད་ཀྱི་རིགས་སུ་སྐྱེས་པ་ཡང་མ་ཡིན་པས། དེ་བཞིན་གཤེགས་པའི་རིགས་ལ་བརྟེན་པ་ཞེས་གདགས་ཏེ། ཞེས་བཤད་ལ། མཚན་ཉིད་དང་སྔགས་ལ་བལྟས་ན་ནོར་བུའི་རིགས་དང༌། རྒྱས་པའི་རིགས་གཉིས་ཀ་རྡོ་རྗེའི་རིགས་སུ་འདུ་བ་འདྲའོ། །དཔུང་བཟང་ལས། ཁ་ཅིག་ངའི་རིགས་སུ་གཏོགས་པ་སྟེ། ཁ་ཅིག་ཀྱང་ནི་པདྨའི་རིགས་སུ་གཏོགས། ཁ་ཅིག་ནོར་གྱིས་རིགས་སུ་གཏོགས་པ་ཡིན། །གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམས། །ནོར་སྤྱོད་ཅེས་པ་ནོར་གྱི་རིགས་སུ་གསུངས། །ང་ཡིས་རྡོ་རྗེའི་རིགས་ལ་རབ་ཏུ་བསྟེན། །སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། །རིགས་བཞི་པ་ནི་འདིར་ནི་ལྔ་རྩེན་ཡིན། །ཅེས་གསུངས་ལ། འཇིག་རྟེན་པས་ཕུལ་བའི་གསང་སྔགས་ཁ་ཅིག་རིགས་བཞི་ལ་བརྟེན་པའི་གནས་མེད་པས་རྣམ་པར་འཁྱམས་པ་སྟེ། རིགས་ལ་སོགས་པ་ཡིན་པར་བསྟན་ནོ། །འོ་ན་དེ་བཞིན་གཤེགས་པའི་རིགས་ཀྱིས་མ་བསྡུས་སམ་ཞེ་ན། དེའི་རིགས་སུ་གཏོགས་པ་ནི་གཙུག་ཏོར་ལ་སོགས་པའི་ཡེ་ཤེས་ལས་བྱུང་བ་ཡིན་ལ། འདི་དག་རྣམ་སྨིན་གྱིས་བསྐྱེད་པ་ཡིན་པའི་ཕྱིར་རིགས་དངོས་ཀྱི་མ་བསྡུས་ཀྱང༌། དད་པས་སངས་རྒྱས་ལ་རིག་སྔགས་ཀྱི་ཆོ་ག་ཕུལ་བ་ཡིན་པས།


TNT21_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་ལ་བརྟེན་པ་ཞེས་བྱ་བ་དངོས་སུ་རིགས་ལྔ་ཆར་གྱིས་མ་བསྡུས་པས་ཡོངས་སུ་འཁྱམས་པ་ཡིན་ཏེ། ཡོངས་སུ་འཁྱམས་པའི་རིགས་ཞེས་ཚིག་དོན་འགྲེལ་པའི་བརྗེད་བྱང་ལས་བཤད་དོ། །དཔུང་བཟང་ལས་ཀྱང༌། གཞན་ཡང་འདི་ན་ཁ་ཅིག་གནས་མེད་ཅིང༌། །བདེ་བར་གཤེགས་ལ་བརྟེན་ཅིང་ཡོངས་འཁྱམས་པ། །མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང༌། །འབྱོར་བ་འདོད་པའི་མིས་ནི་རྣམ་པར་སྦྱར། །ཞེས་འཕགས་པའི་རིགས་ལྔ་འཇིག་རྟེན་པའི་རིགས་དང་དྲུག་ཀ་ལ་དཔུང་བཟང་ནས་འབྱུང་བའི་ཆོ་ག་བཞིན་སྦྱར་བར་བཤད་དོ། །རྒྱུད་སྡེ་སྒོ་དྲུག་གམ། གསུམ་པོ་ཡང༌། བསྡུ་ན་གསང་སྔགས་དང༌། རིག་སྔགས་གཉིས་སུ་འདུ་ལ། གསང་སྔགས་ནི་ཐབས་ལྷ་ཕོ་གཙོ་ཆེ་བའི་རྒྱུད། རིག་སྔགས་ནི་ཤེས་རབ་ལྷ་མོ་གཙོ་ཆེ་བའི་རྒྱུད་ཡིན་ལ། གཟུངས་ནི་དེ་གཉིས་ཀའི་དོན་སྟོན་པ་དང༌། ཤེས་རབ་ཀྱིས་རྟོགས་ནས་མི་བརྗེད་པར་འཛིན་པ་ཡིན་པས་གཉིས་ཀར་དུ་འདུས་པའམ། ཡང་ན་སྔགས་གཅིག་ལྷ་ཕོ་མོ་གཉིས་ཀའི་སྔགས་སུ་འགྱུར་བ་ནི་གཟུངས་སྔགས་ཡིན་ནོ། །གཉིས་པ། སྤྱོད་རྒྱུད་ཀྱི་ལམ་རིམ་ལ། བསྐུར་བྱ་དབང་དང༌། བསྲུང་བྱ་དམ་ཚིག་དང༌། བསྒོམ་བྱ་མངོན་རྟོགས་དང༌། བགྲོད་བྱ་ས་ལམ་གྱི་རྣམ་བཞག་དང་བཞི་ལས། དང་པོ་ནི། ཇི་སྐད་དུ། རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ལྟར། ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། བདག་པོ་དང༌། མིང་སྟེ་


TNT21_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་དངོས་གཞི་རྣམ་པ་ལྔ་དང༌། མིག་ཐུར་མེ་ལོང་ཆོས་བཤད་སོགས་དབང་གི་ཆོ་ག་ཡན་ལག་དང་བཅས་པ་རྣམས་སོ། །གཉིས་པ་དམ་ཚིག་ལ། བཟུང་བའི་ཚུལ། ཐོབ་པའི་དུས་མཚམས། བསྲུང་བྱ་དམ་ཚིག་རང་གི་ངོ་བོ་བཤད་པའོ། །དང་པོ་ནི། སྟ་གོན་གྱི་ཚེ་དུས་གསུམ་སྒྲིབ་པ་མེད་པའི་དམ་ཚིག་གི་ལུས་དབུལ་བ་སྟེ། ཀུན་རྫོབ་ཏུ་སེམས་བསྐྱེད་པ་དང༌། འཇུག་པའི་ཚེ། ཟླ་བ་རྡོ་རྗེའི་ཆོ་གས་དོན་དམ་དུ་སེམས་བསྐྱེད་པ་དང༌། མཇུག་གི་ཚེ། ཁས་བླངས་པའི་ཚུལ་གྱིས་བཟུང་བའོ། །གཉིས་པ་ནི། སེམས་བསྐྱེད་གཉིས་དང་དབང་གི་དངོས་གཞིའི་ཚེའོ། །གསུམ་པ་ནི། ཉེས་སྤྱོད་སྡོམ་པའི་ཕྱོགས་སུ་གཏོགས་པ་མི་དགེ་བ་བཅུ་སྤོང་བ་དང༌། སེམས་ཅན་དོན་བྱེད་ཀྱི་ཕྱོགས་སུ་གཏོགས་པ་དམ་པའི་ཆོས་སྤོང་བ། བྱང་ཆུབ་ཀྱི་སེམས་སྤོང་བ་སེར་སྣ་བྱེད་པ། སེམས་ཅན་བློས་སྤོང་བ་དང་བཞི་སྟེ། གཞན་ཡང་སྤྱོད་རྒྱུད་རིགས་གསུམ་སོ་སོ་ནས་གསུངས་པ་སྣ་ཚོགས་པ་དག་ཡོད་དོ། །གསུམ་པ་བསྒོམ་བྱ་མངོན་རྟོགས་ཀྱི་རིམ་པ་ལ། ཆ་སྤྱིར་སྤྱོད་རྒྱུད་ཀྱི་ལམ་ཐམས་ཅད་འཇུག་པ། སྦྱོར་བ་གྲུབ་པའི་སྤྱོད་པ་གསུམ་དུ་འདུ་ཚུལ་བཤད་པའི་དང་པོ་དང་གཉིས་པ་གང་རུང་ལ་ཆད་ལྷག་ཅུང་ཟད་ཡོད་དམ་དཔྱོད། ཆ་སྤྱིར་སྤྱོད་རྒྱུད་ཀྱི་ལམ་ཐམས་ཅད་འཇུག་པ། སྦྱོར་བ་གྲུབ་པའི་སྤྱོད་པ་གསུམ་དུ་འདུ་བ་ལས། འཇུག་པ་ལ་ཕྱི་


TNT21_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་དང༌། ནང་འཇུག་གཉིས་ལས། དངཔོ་ནི། གོང་དུ་བཤད་པའི་དབང་ཐོབ་ནས་དམ་ཚིག་ལ་གནས་པར་བྱེད་པའོ། །གཉིས་པ་ནི། མཚན་བཅས་དང༌། མཚན་མེད་ཀྱི་རྣལ་འབྱོར་གྱི་རྣམ་བཞག་ལེགས་པར་ཐོབ་ནས་མཁས་པར་བྱེད་པ་སྟེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་དེ་ལ་ལྷའི་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཡི་གེ་དང༌། ཕྱག་རྒྱ་དང༌། གཟུགས་སོ། །དེ་ལ་ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ། །ཕྱག་རྒྱའི་གཟུགས་ལའང་རྣམ་པ་གཉིས་ཏེ། གཟུགས་དང་བཅས་པ་དང༌། གཟུགས་དང་བཅས་པ་མ་ཡིན་པའོ། །གསང་བའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཡོངས་སུ་དག་པ་དང༌། ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི། རྟོག་པའི་ངོ་བོ་སྟེ། མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ་ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱི་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པ་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་མེད་པ་དང་བཅས་པའི་དངོས་གྲུབ་ཀྱང་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་སྦྱོར་བའི་དཔྱོད་པ་ལ། མཚན་བཅས་དང་མཚན་མེད་གཉིས་ལས། དང་པོ་ནི་ལྷ་ཡི་གེའི་གཟུགས་མཚན་མ་གསུམ་གྱི་རྣལ་འབྱོར་ལ་གནས་ནས་བཟླས་


TNT21_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱེད་པ་སྟེ། ཇི་སྐད་བཤད་པའི་བསྙེན་པ་ཡན་ལག་དང་བཅས་པ་རྣམས་སོ། །གཉིས་པ་མཚན་མེད་ཀྱི་རྣལ་འབྱོར་ནི། སྟོང་པ་ཉིད་ཀྱྀ་དོན་ངེས་པར་བྱས་ནས། རིགས་པས་དཔྱད་པའི་དོན་བསྒོམ་པ་ནི། འཇུག་པའི་སེམས་དང༌། རྣམ་པར་མི་རྟོག་པའི་དབྱིངས་བསྒོམ་པ་ནི་གནས་པའི་སེམས་དང༌། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྒོམ་པ་ནི་ལྡང་བའི་སེམས་ཏེ། ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ནོ། །གསུམ་པ་གྲུབ་པའི་སྤྱོད་པ་ལ། ཐུན་མོང་དང༌། མཆོག་གཉིས་ལས། དང་པོ་ནི། རྫས་ལ་སོགས་པའི་རིག་པ་འཛིན་པ་དང༌། འདོད་གཟུགས་ཀྱི་རིག་པ་འཛིན་པ་དང༌། ཏིང་ངེ་འཛིན་གྱི་ཁྱད་པར་གྱིས་རྫུ་འཕྲུལ་དང་མངོན་ཤེས་སྒྲུབ་པ་ལ་སོགས་པའོ། །དེ་དག་ཀྱང་སྐྱེ་བ་འདི་ཉིད་ལ་འགྲུབ་པ་དང༌། བར་མ་དོར་འགྲུབ་པ་དང༌། སྐྱེ་བ་བརྒྱུད་ནས་འགྲུབ་པ་དང་གསུམ་དུ་ཡོད་དོ། །གཉིས་པ་མཆོག་ནི་སྐུ་བཞི་དང་ཡེ་ཤེས་ལྔ་སྒྲུབ་པར་བྱེད་པའི་ཐབས་ཕ་རོལ་ཏུ་ཕྱིན་པ་བཅུ་དང༌། བསྡུ་བའི་དངོས་པོ་བཞི་ལ་ནན་ཏན་དུ་བྱེད་པའོ། །བཞི་པ་བགྲོད་བྱ་ལམ་གྱི་རྣམ་པར་གཞག་པ་ལ་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་གཉིས་ལས། དང་པོ་ནི། ས་བོན་ལྟ་བུའི་སེམས་དང༌། མྱུ་གུ་ལྟ་བུའི་སེམས་ལ་སོགས་པ་རྩ་བའི་སེམས་བརྒྱད་དང༌། འདོད་ཆགས་དང་བཅས་པའི་སེམས་དང༌།


TNT21_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དང་བྲལ་བའི་སེམས་ལ་སོགས་པ་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་ཏེ། མངོན་མཐོའི་ལམ་དང༌། གཉིས་པ་འཇིག་རྟེན་ལས་འདས་པའི་ལམ་ནི། གང་ཟག་གི་བདག་མེད་པའི་དོན་སྒོམ་པ་ངེས་ལེགས་ལ་འཇུག་པའི་ལམ་སྟེ། ལམ་དེ་དག་གིས་ཉན་ཐོས་དང་ཐུན་མོང་གི་མཐོང་ལམ་མངོན་དུ་བྱེད་ཅིང༌། འདི་ཚུན་ཆད་དུ་བསྐལ་བ་ཆེན་པོ་གཅིག་ཐོགས་པར་བཤད་དོ། །དེ་ནས་ཉན་ཐོས་ཀྱི་ཞུགས་འབྲས་བརྒྱད་དང༌། ཐུན་མོང་གི་རྟོགས་པ་རྒྱུད་ལ་རིམ་གྱིས་བསྐྱེད་ཅིང༌། འདི་ལ་ཡང་བསྐལ་བ་ཆེན་པོ་ཕྱེད་ཐོགས་ཤིང༌། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་མོས་པས་སྤྱོད་པ་ལ་འཇུག་ཅིང༌། འདིའི་མོས་སྤྱོད་ནི་ཚོགས་ལམ་ལ་བྱེད་ཅིང༌། འདི་ལ་ཡང་བསྐལ་བ་ཆེན་པོ་ཕྱེད་ཐོགས་སོ། །དེ་ནས་མོས་སྤྱོད་ས་བཅུ་སྦྱོར་བའི་ལམ་ལ་འཇུག་སྟེ། ཇི་སྐད་དུ། མོས་པའི་སྤྱོད་པ་ཡིས་ནི་ས། །སེམས་གསུམ་རྣམ་པར་བསྒོམས་བྱས་ནས། །ཕ་རོལ་ཕྱིན་པ་དྲུག་རྣམས་དང༌། །བསྡུ་བའི་དངོས་པོ་བཞི་རྣམས་ཀྱི། །མོས་པའི་ས་ནི་མཚུངས་པ་མེད། །ཞེས་པ་ལྟར་སྦྱཽར་ལམ་ས་བཅུ་སྟེ། རིམ་པ་བཞིན་དུ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒྲུབ་པ་དང༌། བསྡུ་བའི་དངོས་པོ་བཞི་ལ་རིམ་གྱིས་སློབ་པའི་སའོ། །དེ་ལྟར་མོས་སྤྱོད་ཀྱི་ས་བཅུ་ལ་བསྐལ་ཆེན་ཕྱེད་དང༌། དེ་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་མཐོང་མ་མངོན་དུ་བྱས་ནས། འཕགས་


TNT21_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་བཅུ་བསྐལ་ཆེན་ཕྱེད་ཀྱིས་བགྲོད་དེ། མཐར་ཨ་ཁཾ་ཝི་ར་ཧཱུཾ་ཞེས་པ་ཡི་གེ་ལྔའི་གཟུངས་ཀྱི་སྒོ་ལ་བརྟེན་ཏེ། རྫོགས་པའི་བྱང་ཆུབ་མངོན་དུ་བྱེད་དོ། །འབྲས་བུའི་རྣམ་བཞག་ནི་ཐེག་ཆེན་སྤྱི་དང་འདྲ་བར་ཤེས་པར་བྱའོ། །དེ་ལྟར་སྟོན་པའི་རྒྱུད་ལ་རིགས་གསུམ་དུ་གནས་ཏེ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་མི་ཟད་པ་རྒྱན་གྱིས་འཁོར་ལོ། ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོའི་རིགས་རྣམས་སྟོན་པའི་རྒྱུད་གསུམ་མོ། །དང་པོ་ནི། རྩ་བའི་རྒྱུད་རྣམ་སྣང་མངོན་བྱང་དང༌། མི་གཡོ་བ་བརྟུལ་ཕོད་ལ་སོགས་དང༌། གཉིས་པ། གསུང་གི་རྒྱུད་ནི་བོད་དུ་མ་གྱུར་བར་གྲགས་ལ། གསུམ་པ་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལ་སོགས་པ་རྣམས་སོ། །གསུམ་པ་རྣལ་འབྱོར་གྱི་རྒྱུད་ཀྱི་ལམ་རིམ་ལ། འཇུག་སྒོ་དབང་གི་དང༌། བསྲུང་བྱ་དམ་ཚིག་དང༌། བསྒོམ་བྱ་མངོན་རྟོགས་ཀྱི་དང༌། བགྲོད་བྱ་ལམ་གྱིས་རྣམ་བཞག་དང་བཞི་ལས། དང་པོ་ནི། ཇི་སྐད་དུ་ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང༌། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་གསུངས་པ་ལྟར་ཡིན་ཏེ། དེ་ལ་གང་དུ་དབང་བསྐུར་བྱའི་དཀྱིལ་འཁོར་ནི། དུག་ལྔ་ཆ་མཉམ་དུ་སྤྱོད་པ་རྣམས་འདུལ་བའི་དོན་དུ། དེ་བཞིན་གཤེགས་རིགས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང༌། ཞེ་སྡང་ཅན་འདུལ་བའི་དོན་དུ། ཁྲོ་བོའི་དཀྱིལ་འཁོར་དང༌། གཏི་མུག་ཅན་འདུལ་བའི་དོན་དུ།


TNT21_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་འདུལ་བའི་དཀྱིལ་འཁོར་དང༌། སེར་སྣ་དང་ཕྲག་དོག་ཅན་འདུལ་བའི་དོན་དུ། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་རྣམས་ཏེ། ཇི་སྐད་དུ། སྒེག་པའི་རྡོ་རྗེ་སེམས་དཔའ་ཉིད། །ཅེས་པ་དང༌། རྩེ་མོར་རྡོ་རྗེ་ཅན་ཀུན་ཁྲོ་གཉེར་ཅན། །རིན་ཆེན་ཚོགས་ནི་རབ་བཞེད་ལ། །པདྨ་ཆེན་པོ་དུལ་ཞི་ཞིང༌། །དྲག་པོ་ཞི་བ་ལས་འཛིན་པ། །ཞེས་དང༌། ཁ་དོག་ལྗང་གུ་ལས་འཛིན་པ། །ཞེས་སོ། །འདིའི་དོན་ཡོད་གྲུབ་པ་ནི་རིན་ཆེན་འབྱུང་ལྡན་གྱི་ནང་དུ་འདུ་བའོ། །དེ་དག་རེ་རེ་ལ་ཡང་སྐུ་ཕྱག་རྒྱ་ཆེན་པོའི་རྩ་བའི་དཀྱིལ་འཁོར་དང༌། གསུང་ཆོས་ཀྱི་ཕྱག་རྒྱ་ཆོས་ཀྱི་དཀྱིལ་འཁོར་དང༌། ཐུགས་དམ་ཚིག་གི་ཕྱག་རྒྱ་གཟུངས་ཀྱི་དཀྱིལ་འཁོར་དང༌། འཕྲིན་ལས་ལས་ཀྱི་ཕྱག་རྒྱ་ལས་ཀྱི་དཀྱིལ་འཁོར་རྣམས་དང༌། དེ་རེ་རེ་ལ་ཡང༌། རྒྱས་པ་ལ་དགའ་བ་རྣམས་ཀྱི་དོན་དུ། དཀྱིལ་འཁོར་རྒྱས་པ་དང༌། འབྲིང་པོ་ལ་དགའ་བ་རྣམས་ཀྱི་དོན་དུ། ཕྱག་རྒྱ་བཞི་པོའི་དཀྱིལ་འཁོར་དང༌། བསྡུས་པ་ལ་དགའ་བ་རྣམས་ཀྱི་དོན་དུ། ཕྱག་རྒྱ་གཉིས་པའི་དཀྱིལ་འཁོར་རྣམས་གསུངས་སོ། །དཀྱིལ་འཁོར་དེ་དག་ཏུ་དབང་བསྐུར་བའི་ཆོ་ག་ནི། ཡེ་ཤེས་ཐིག་ལེའི་འགྲེལ་པར། དེ་ནི་དྲུག་གི་བྱེ་བྲག་དབང༌། །ཞེས་པ་ཆུ་ལ་སོགས་པ་ལྔའི་སྟེང་དུ་སློབ་དཔོན་གྱི་དབང་དང་དྲུག་ལ་འདོད་པ་ནི་མི་འཐད་དེ། སློབ་དཔོན་གྱི་དབང་རང་ལ་དྲུག་ཚང་དགོས་ཏེ། ཡེ་ཤེས་ཐིག་ལེ་ཉིད་ལས། བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། །ཅེས་ཆུ་ནས་དབང་བཞིའི་བར་ལ་དབང་བཅུ་བཞིར་བཤད་ཅིང༌། ཕྱག་ཆེན་ཐིག་ལེ་ལས་ཀྱང༌། སློབ་དཔོན་


TNT21_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་བཅུ་གཅིག་དབྱེ། །ཞེས་དང༌། རྡོ་རྗེ་ཕྲེང་བ་ལས་ཀྱང༌། དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞིའི་བདག་ཉིད་དོན་དམ་པའོ། །གཙོ་བོའི་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་བཤད་པས་ཆུ་དང༌། ཅོད་པན་དང༌། རྡོ་རྗེ་དང༌། དྲིལ་བུ་དང༌། མིང་སྟེ་ཐུན་མོང་གི་དབང་ལྔ་དང༌། དམ་ཚིག་གསུམ་སྦྱིན་པ་ཕྱིར་མི་ལྡོག་པའི་དབང་དང༌། དེ་ཁོ་ན་ཉིད་གསུམ་བརྗོད་པ་གསང་བའི་དབང༌། རྗེས་གནང་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་བཞི་སྟེ། ཐུན་མོང་མ་ཡིན་པའི་དབང་དྲུག་གོ །ཡང་ན་ཡེ་ཤེས་ཐིག་ལེ་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང༌། །དྲིལ་བུ་མིང་དང་བརྟུལ་ཞུགས་དང༌། །ལུང་བསྟན་པ་དང་སྐྱབས་སྦྱིན་དང༌། །སྔགས་དང་ཕྱག་རྒྱ་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་ལ། །དབང་བརྒྱད་ཕྱེ་ལ་སྦྱིན་པར་བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །ཞེས་པའི་དོན་འགྲེལ་པར། སྔགས་ཕྱག་རྒྱ་ཡེ་ཤེས་རྣམས་ཞར་བྱུང་དུ་བྱས་ནས་བརྒྱད་དུ་བྱས་ནས། དེའི་སྟེང་དུ་དམ་ཚིག་གསུམ་བསྣན་ནས་བཅུ་གཅིག་ཏུ་བྱེད་དོ། །སངས་རྒྱས་ཐོད་པར། གསང་བ་ཕྱི་ཡི་ལྔ་དང་ནི། །བདུན་པ་བཅུ་བཞིར་བཤད་པ་དང༌། །གཉིས་ཀ་གཅིག་ཏུ་འདུས་པ་ཡི། །ཞེས་པའི་འགྲེལ་པར། ཕྱིའི་ལྔ་ནི་


TNT21_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པའི་དབང་ལྔ་དང༌། བདུན་ནི་སྔགས། རྡོ་རྗེའི་བརྟུལ་ཞུགས་དང༌། སྤྱོད་པའི་བརྟུལ་ཞུགས་དང་ལུང་བསྟན་པ། ཕྱིར་མི་ལྡོག་པའི་དབང་དང༌། རིག་མའི་བརྟུལ་ཞུགས་དང་བདུན་ནོ། །གཉིས་ཀ་དང་ནི་གསུམ་དང་བཞི་པ་སྟེ། ཐམས་ཅད་གཅིག་ཏུ་བསྡུས་ནས་བཅུ་བཞིར་བཤད་དོ། །གཉིས་པ་བསྲུང་བྱ་དམ་ཚིག་གི་རྣམ་བཞག་ལ། སྤྱིར་བཏང་གི་དམ་ཚིག་རིགས་ལྔའི་དམ་ཚིག་བཅུ་བཞི་དང་བྱང་ཆུབ་སེམས་དཔའི་ཕས་ཕམ་པ་བཅུ་བཞི་དེ། རིགས་ལྔ་སོ་སོའི་དབང་དུ་བྱས་ཏེ། དེ་བཞིན་གཤེགས་རིགས་ཀྱི་དམ་ཚིགསེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་རྗེས་སུ་ཆགས་པར་བྱ་བ་དང༌། ཁྲོ་བོའི་རིགས་ལ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་མངོན་སྤྱོད་ཀྱི་ལས་སྒྲུབ་པ་དང༌། པདྨའི་རིགས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ལས་མ་གཡོས་བཞིན་དུ། སེམས་ཅན་རྣམས་ལ་གང་ལ་གང་འདུལ་གྱི་ཆོས་སྟོན་པ་དང༌། རིན་པོ་ཆེ་དང་ལས་ཀྱི་རིགས་ལ། སྦྱིན་པ་རྣམ་བཞིས་སེམས་ཅན་རྣམས་ཚིམ་པར་བྱེད་པ་སོགས། རྒྱས་པར་རྡོ་རྗེ་རྩེ་མོ་ལས་གསུངས་པ་ཡིན་ནོ། །གསུམ་པ། བསྒོམ་བྱ་མངོན་རྟོགས་ལ། བསྙེན་པ་དང༌། སྒྲུབ་པ་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་གསུམ་མམ་རྣལ་འབྱོར་བཞི་སྟེ། དེ་ཡང་སྔོན་བྱུང་དང་མཐུན་པར་དང་པོར་འོག་མིན་དུ་འཚང་རྒྱ་ཚུལ་དང་མཐུན་པར་དང་པོར་སྦྱོར་བ། བར་དུ་རི་རབ་ཀྱི་རྩེར་དཀྱིལ་འཁོར་སྤྲུལ་བཤད་མཛད་པ་དང་མཐུན་པར་དཀྱིལ་འཁོར་རྒྱལ་མཆོག །མཐར་རིགས་སོ་སོའི་འཁོར་ལོ་


TNT21_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་བར་བྱས་སྟེ་འཕྲིན་ལས་མངོན་པར་འདུ་མཛད་པ་དང་མཐུན་པར་ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་དང༌། རང་ཉིད་རིགས་ཀྱི་ལྷ་དམ་ཚིག་པར་བསྐྱེད་པར་རྣལ་འབྱོར། དེ་ལ་ཡེ་ཤེས་པ་གཞུག་པ་རྗེས་སུ་རྣལ་འབྱོར། བརྟན་གཡོ་ཐམས་ཅད་རང་རིགས་ཀྱི་ལྷའི་རྣལ་འབྱོར་དུ་བྱེད་པ་ཤིན་ཏུ་རྣལ་འབྱོར། དེ་གསུམ་སྔོན་དུ་འགྲོ་བའི་སྣང་སྟོང་ལ་རྩེ་གཅིག་པ་རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞིར་གསུངས་ཏེ། དཔལ་མཆོག་འགྲེལ་པར། དེ་ལ་དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས་བདག་ཉིད་རང་གི་ལྷའི་ངོ་བོ་ཉིད་དུ་བསྐྱེད་པ་བསྒོམ་པ་ནི་རྣལ་འབྱོར་ཞེས་བྱའོ། །ཡེ་ཤེས་སེམས་དཔའ་བཅུག་ནས་དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་པ་ནི་རྗེས་སུ་རྣལ་འབྱོར་ཞེས་བྱའོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་སྒོམ་པ་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ། །རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཐམས་ཅད་ཀྱི་རྣལ་འབྱོར་རྣམ་པར་བསྒོམས་པས་སེམས་རྩེ་གཅིག་ཏུ་གྱུར་པ་གང་ཡིན་པ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ། །ཞེས་སོ། །དེ་དག་ལ་མཚན་མ་རྙེད་རྙེད་སྒོམ་པ་བསྙེན་པའོ། །གཉིས་པ་བསྒྲུབ་པ་ནི། འཇིག་རྟེན་འདས་པའི་དངོས་གྲུབ་ཏིང་ངེ་འཛིན་ལ་བརྟེན་ནས་གཙོ་བོར་སྒྲུབ་པ་དང༌། བཟླས་པ་ལ་བརྟེན་ནས་འཇིག་རྟེན་འདས་མ་འདས་ཀྱི་དངོས་གྲུབ་གཉིས་ཀའི་ཐུན་མོང་བའི་སྒྲུབ་པའོ། །དེའི་དང་པོ་ནི། ལྷའི་སྣང་བ་དང༌། དེ་ཉིད་སྒྱུ་མ་ལྟ་བུ་ལ་གསལ་སྣང་དང་ངེས་ཤེས་བརྟན་པོ་རྙེད་ནས། འཁོར་གསུམ་


TNT21_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་དག་གི་མཆོད་པས་ལྷ་རྣམས་མཉེས། དེ་ནས་ཕྱག་རྒྱ་སྒྲུབ། གྲུབ་ནས་ཕྱག་རྒྱའི་ལས་རབ་འབྱམས་ལ་སྦྱར། དེ་ནས་མཚན་མ་ཁྱད་པར་ཅན་ཐོབ་ནས་མངོན་ཤེས་ལྔ་སྒྲུབ། དེ་གྲུབ་ནས་དཔལ་མཆོག་ནས་བཤད་པའི་རིག་པའི་སྤྱོད་པའི་བླ་ན་མེད་པའི་སྤྲོས་བཅས་ཀྱི་སྤྱོད་པ་དང་ཕྱོགས་འདྲ་ཞིག་སྤྱད་པས། མཆོག་གྲུབ་ལ། ལན་གཅིག་གིས་མ་གྲུབ་ན་ལན་བདུན་བསྐྱར། དེས་ཀྱང་མ་གྲུབ་ན་དྲག་ཤུལ་སྦྱོར་བས་འགྲུབ་པ་ཡིན་ནོ། །གཉིས་པ་བཟླས་པ་ལ་བརྟེན་པ་ལ། དབུགས་འགྲོ་འོང་ལ་བརྟེན་པ་ཀུན་རྫོབ་དམིགས་བཅས་ཀྱི་རྡོར་བཟླས་དང་སྲོག་རྩོལ་བཀག་སྟེ་བདག་དང་ལྷ་སྔགས་སྐྱེ་མེད་ལ་སྒོམ་པ་དོན་དམ་དམིགས་མེད་ཀྱི་རྡོར་བཟླས་ཏེ། དབང་རྣོན་ལ་རྡོར་བཟླས་གཉིས་དང༌། དེ་བཞིན་གཤེགས་རིགས་ལ་སྒྲ་མེད། རྡོ་རྗེའི་རིགས་ལ་འབྲུག་གི་སྒྲ་ལྟ་བུ། པདྨའི་རིགས་ལ་ཕྲ་ཞིང་གསལ་བ། རིན་པོ་ཆེའི་རིགས་ལ་ཤིན་ཏུ་གསལ་བར་བཟླ་བ་དབང་བརྟུལ་ལ་ཚིག་གི་བཟླས་པ་སྟེ། རྡོར་བཟླས་འཇིག་རྟེན་འདས་པའི་དངོས་གྲུབ་དང༌། ཚིག་བཟླས་འཇིག་རྟེན་པའི་དངོས་གྲུབ་ཀྱི་རྒྱུའོ། །བཞི་པ་ནི། བགྲོད་བྱ་ས་ལམ་གྱི་རྣམ་བཞག་ལ། ཐོབ་བྱེད་ཉེར་ལེན་གྱི་རྒྱུ། ཐོག་མཐའ་མེད་པའི་སེམས་པ། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ། ལྷ་དང་སྔགས་དང་དཀྱིལ་འཁོར་དང་ཕྱག་རྒྱ་ཐམས་ཅད་ཀྱི་འཆར་བའི་གཞི་སེམས་ཀྱི་དེ་ཁོ་ན་ཉིད་དེ། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་


TNT21_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་སྟེ། །འཁོར་བ་བརྒྱུད་དུ་འདོད་པ་ཡིན། །ཅེས་རྒྱུ་རྒྱུད་དོ། །ཐོབ་བྱ་འབྲས་བུ་ནི། སྒྲིབ་པ་ཀུན་བྲལ་གྱི་རྣམ་སྣང་སྐུ་བཞིའི་བདག་ཉིད་ཅན་ནོ། །རྒྱུ་དཻས་འབྲས་བུ་མངོན་དུ་བྱེད་པའི་ཐབས་རྒྱུད་ནི། ཐབས་ཕྱག་རྒྱ་བཞི་དང་འབྲེལ་བའི་ལྷའི་རྣལ་འབྱོར་དང༌། ཤེས་རབ་སེམས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ། སོ་སོར་རང་གི་རིག་པའི་ཡེ་ཤེས་སོ། །དེ་ལ་ལྷའི་རྣལ་འབྱོར་ནི། ཀུན་གཞི་རྣམ་ཤེས་ཀྱི་གཉེན་པོར་སྐུ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་བསྒོམས་པས། མེ་ལོང་ཡེ་ཤེས་མངོན་དུ་བྱེད། ཉོན་ཡིད་ཀྱི་གཉེན་པོར་ཐུགས་དམ་རྒྱ་བསྒོམས་པས་མཉམ་ཉིད་ཡེ་ཤེས་མངོན་དུ་བྱེད། ཡེ་ཤེས་ཀྱི་གཉེན་པོར་གསུངས་ཆོས་རྒྱ་བསྒོམས་པས་སོར་རྟོག་ཡེ་ཤེས་མངོན་དུ་བྱེད། དབང་ཤེས་ཀྱི་གཉེན་པོར་འཕྲིན་ལས་རྒྱ་བསྒོམས་པས། བྱ་གྲུབ་ཡེ་ཤེས་མངོན་དུ་བྱེད། ཆོས་དབྱིངས་ཡེ་ཤེས་དེ་ཐམས་ཅད་ཀྱི་རང་བཞིན་དུ་གནས་སོ། །གཞི་ལམ་འབྲས་བུའི་ཆིངས་དེ་ལྟར་ངེས་ནས། ལམ་སྐྱེ་ཚུལ་བཤད་ན་རྩེ་མོར། བསྐལ་བ་བརྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང༌། །གང་ཟག་བཞིས་ནི་འཇིག་རྟེན་དུ། །བསྒྲུབས་ཀྱང་འགྲུབ་པར་ཉིད་མི་འགྱུར། །བྱང་ཆུབ་སེམས་ནི་མ་སྐྱེས་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་པ། །དད་པ་མེད་ཉིད་གྲུབ་མི་འགྱུར། །ཞེས་གསུངས་པས། སེམས་བསྐྱེད་ལྡན་པ། རྒྱུད་ལ་


TNT21_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་པ། དམ་ཚིག་བཀའ་བཞིན་སྒྲུབ་པ། ལམ་དང་ལམ་སྟོན་ལ་དད་པ་ཕུན་སུམ་ཚོགས་པ་སྟེ། ཆོས་བཞི་ལྡན་གྱི་སྒྲུབ་པ་པོ། བསྙེན་པ་ལ་བརྟེན་ནས། ལྷའི་གསལ་སྣང་རབ་ཏུ་ཕྱིན་པ་ན་བཟླས་པ་རྩལ་ཐོན་པར་གྱུར་པའི་ཚེ་ཚོགས་ལམ་ཆེན་པོའོ། །དེ་ལ་སྟོང་པའི་གསལ་སྣང་ཐོབ་པའི་ཚེ་སྦྱོར་ལམ་དྲོད་ཀྱི་རྟོགས་པ་སྐྱེས། དེ་ལས་མངོན་ཤེས་ལྔ་ཐོབ་པ་རྩེ་མོའོ། །དེ་ཕན་ཆད་ས་བཅུ་པ་ཐོབ་ཀྱི་བར། ལམ་གྱི་ངོ་བོའི་ཁྱད་པར་མ་གཏོགས་བགྲོད་ལུགས་མདོ་དང་མཐུན། འོན་ཀྱང་མྱུར་དུ་ཐོབ་པར་འདོད་པས་བརྩོན་འགྲུས་རྩོམ་ཤིང་བར་ཆད་མེད་ན། དབང་རྣོན་དང༌། དབང་བརྟུལ་གྱི་བྱེ་བྲག་གིས། ཚེ་ལོ་བརྒྱ་པའི་མི་ནས་མིར་སྐྱེ་བ་བདུན་ནམ་བཅུ་དྲུག་གི་ཡུན་ཚད་ལ་སངས་རྒྱས་ཐོབ་ཅིང༌། དེ་ཡང་ས་བཅུ་པ་ཐོབ་ནས་བསམ་གཏན་བཞིའི་རབ་མཐའ་སྒྲུབ་པར་བཤད་ལ། རབ་མཐའི་སྙོམས་འཇུག་འཇིག་རྟེན་པ་མངོན་པ་ནས་བཤད་པ་དང་ནི་མི་གཅིག་སྟེ། འདི་ནི་སྒྱུ་མ་ལྟ་བུ་དང༌། རྡོ་རྗེ་ལྟ་བུ་དང༌། དཔའ་བར་འགྲོ་བ་གསུམ་ཚོགས་པའི་ཏིང་ངེ་འཛིན་ལ་རྣམ་པའི་ཁྱད་པར་འགའ་ཞིག་ཕྱོགས་མཚུངས་པ་ལ་བསམ་གཏན་དང་པོ་ནས་སྲིད་རྩེའི་བར་དུ་མིང་བཏགས་ཏེ། དེ་ལ་ལྟོས་པའི་བར་མཐའ་ཡིན་ལ། དེ་ཡང་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོག་མེད་པ་དང༌། དང་པོ་ཙམ་ཁྱད་གཉིས་གཉིས་པ་སོགས་གསུམ། གཟུགས་མེད་བཞི་རྣམས་ལ་མཐར་


TNT21_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་སུ་ལུགས་འབྱུང་ལུགས་ལྡོག །རེ་རེ་བོར་བའི་ཐོད་རྒལ་དུ་ལུགས་འབྱུང་ལུགས་ལྡོག་ཏུ་བྱས་ནས། ཡང་མི་ལྕོགས་མེད་པ་ནས་གསུམ་པའི་བར་དུ་སོང་བཞི་པ་ལ་ཆེ་འབྲིང་ཆུང་གསུམ་སོགས་དགུར་ཕྱེ་བའི་ཆེན་པོའི་ཆེན་པོའི་རབ་མཐའ་ཏེ། དེ་གྲུབ་པ་ན། བྱང་ཆུབ་སེམས་དཔའ་དེ་ལ་ནི་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་སྟེ། དེའི་འོག་མིན་དུ་བཞུགས། མི་གཡོ་བའི་ཏིང་ངེ་འཛིན་ལས་སངས་རྒྱས་རྣམས་ཀྱིས་བསླངས། མངོན་བྱང་ལྔའི་གདམས་ངག་ཕོག་པས། ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་ཏེ། འཇིག་རྟེན་ཐམས་ཅད་དུ་འཁོར་བ་ཇི་སྲིད་པར་སྤྲུལ་པའི་སྐུའི་འཕྲིན་ལས་འཇུག་པ་ཡིན་ལ། མདོ་ལམ་ནས་སྔགས་ལ་འཇུག་ཚུལ་སོགས་ཀྱང་སྤྱི་དང་འདྲ་བའི་རྣམ་བཞག་ཡོད་དོ། །ལམ་རིམ་དེ་ལྟ་བུ་སྟོན་པའི་རྒྱུད་ལྔ་ནི་རྣལ་འབྱོར་རྒྱུད་དེ། དེ་ལ་ཕ་རྒྱུད་དང་མ་རྒྱུད་གཉིས་ཏེ། དང་པོ་ལ་རྩ་བའི་རྒྱུད་དེ་ཉིད་བསྡུས་པ། བཤད་རྒྱུད་རྡོ་རྗེ་རྩེ་མོ་ཐམས་ཅད་གསང་བ། ཁམས་གསུམ་རྣམ་རྒྱལ་ཏེ་གསུམ། གྲགས་ཚོད་ལྟར་ན་ཆ་མཐུན་གྱི་རྒྱུད་ངན་སོང་སྦྱོང་རྒྱུད་དོ། །གཉིས་པ་ལ་རྩ་བའི་རྒྱུད། ཤེར་ཕྱིན་ཚུལ་ལ་བརྒྱ་ལྔ་བཅུ་པའམ། དཔལ་མཆོག་དང་པོ་ཡིན་ལ། གྲགས་པ་དང་བསྟུན་ན་ཆ་མཐུན་རྡོ་རྗེ་སྙིང་རྗེ་རྒྱན། གསང་བ་རྒྱན་བཀོད། གསང་བ་ནོར་ཐིག་ལ་སོགས་པ་ཡིན་ལ། དཔལ་མཆོག་ལ་བཤད་རྒྱུད་ཡོད་དུ་རུང་མོད་ཀྱང་བོད་དུ་མ་འགྱུར་ཞིང༌། འཕགས་ཡུལ་ན་ཡང་མ་གྲགས་སོ། །


TNT21_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དཔལ་མཆོག་དང་པོ། དེ་ཉིད་བསྡུས་པའི་ཆ་མཐུན་གྱི་རྒྱུད་ཡིན་གསུང་བ་ཡོད་ནའང༌། ཕན་འདོགས་ཤིང་ཕྱོགས་མཐུན་ལ་དགོངས་ན་རུང་ལ། དེའི་ཚེ། དེ་ཉིད་བསྡུས་པ་ཡང་དཔལ་མཆོག་གི་ཆ་མཐུན་དུ་འགྱུར་ལ། གཞན་དུ་ན། རང་གིས་ཀྱང་ཕ་རྒྱུད་མ་རྒྱུད་གྱི་དབྱེ་བ་མཛད་པ་དང་འགལ་ལོ། ཁ་ཅིག་འདིར་བཤད་ཕ་རྒྱུད་རྣམས་དང༌། དཔལ་མཆོག་རྣལ་འབྱོར་ཙམ་གྱི་རྒྱུད། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ་རྗེས་སུ་རྣལ་འབྱོར། སྙིང་རྒྱན་གསང་རྒྱན་གཉིས་ཤིན་ཏུ་རྣལ་འབྱོར། ནོར་ཐིག་རྣལ་འབྱོར་ཆེན་པོ་ཞེས་བྱ་བ་ཡིན་གསུང་ནའང༌། སྒྱུ་དྲྭ་ཚིགས་རིགས་ཐམས་ཅད་ཀྱང་གསང་འདུས་དང་མཐུན་པ་སོགས་རྣལ་འབྱོར་རྒྱུད་མ་ཡིན་པའི་རྒྱུ་མཚན་མང་པོ་ཡོད་ལ། ཡོ་གར་འགྲེལ་མཁན་མང་དུ་བྱུང་ཀྱང་རྒྱུ་མཚན་དུ་མི་རུང་ཞིང༌། ལྷག་མ་རྒྱུད་དེ་དག་ལ་ཚིག་ཟིན་ལ་ཟབ་ཁྱད་རེ་སྣང་ལ། རྣལ་འབྱོར་བཞིར་འབྱེད་པ་ཡིད་ཆེས་བྱུང་ན་ལེགས་པོར་ཡང་འགྱུར་མོད། འོན་ཀྱང་ཕྱི་མ་གསུམ་པོ་འདི་བཤད་རྒྱུད་རྡོ་རྗེ་སྙིང་རྒྱན་ནས། བླ་མེད་རྣམས་དང་ལྷན་ཅིག་བགྲངས་པ་དང་རྒྱུད་ཀྱི་རང་བཞིན་ལ་དཔག་ན་བླ་མེད་ཡིན་ལ། བརྡ་ཆད་མང་པོ་རྣལ་འབྱོར་རྒྱུད་ལྟར་བཤད་ནའང་ཡོ་ག་ནས་བླ་མེད་ལ་འཇུག་པའི་ལམ་གྱི་མཚམས་སྦྱཽར་དུ་བཤད་པ་ཡིན་པར་སེམས་སོ། །ཆ་འདིར་བཤད་མ་ཐག་པའི་དཔལ་མཆོག་དང་པོ་སོགས་བཞི་ག་རྣལ་འབྱོར་ཆེན་པོའི་རྒྱུད་དུ་རང་ལུགས་ལ་བཞེད་དམ་དཔྱོད། བཞེད་ན་དེ་དག་གཙོ་བོར་རྣལ་འབྱོར་བླ་མེད་དོ། །


TNT21_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་བཞི་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་ལམ་རིམ་ལ། ལམ་རིམ་དངོས་བཤད་པ། དེ་སྟོན་བྱེད་རྒྱུད་སྡེ་བཤད་པ། རྒྱུད་སྡེ་འཆད་ཚུལ་གྱི་མན་ངག་བསྟན་པའོ། །དང་པོ་ནི། རྒྱུད་གསུམ་གྱིས་གཏན་ལ་དབབ་དགོས་ཏེ། སྤྱོད་པ་བསྡུས་པའི་འགྲེལ་པ། སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་མཛད་པར། རྒྱལ་བ་སྟོབས་ཅན་སྙིང་པོ་ཡིས། །སྔོན་འགྲོ་འགྲེལ་པ་ཀུན་བརྗོད་དེ། །དོན་ནི་རྣམ་པ་གསུམ་དུ་འདུས། །རྒྱུད་དང་ཐབས་དང་འབྲས་བུའོ། །རྒྱུ་ནི་ཐེག་ཆེན་རིགས་ཅན་ཏེ། །དགེ་བའི་ཆོས་ཀྱིས་རྣམ་པར་བརྒྱན། །ཐབས་ནི་རྣམ་པ་གཉིས་ཡིན་ཏེ། །དབང་བཀུར་དེ་ཉིད་སྤྱོད་དང་བཅས། །འབྲས་བུ་སྐུ་གསུང་ཐུན་མོང་གྲུབ། །ཅེས་རྒྱུད་ཀྱི་དོན་ཐམས་ཅད་རྒྱུ་ཐབས་འབྲས་བུ་གསུམ་དུ་འདུས་པ་དེ་ཉིད་རྣམ་པར་བཤད་པར་བྱ་སྟེ། རྒྱུའི་རྒྱུད་དང༌། ཐབས་ཀྱི་རྒྱུད་དང༌། འབྲས་བུ་རྒྱུད་དོ། །དེ་སྐད་དུ་ཡང༌། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །གཞི་དང་དེ་ཡི་རང་བཞིན་དང༌། །མི་འཕྲོག་པ་ཡི་རབ་ཕྱེ་བ། །ཞེས་པ་འདི་ནི་རེ་ཞིག་ལུང་ངོ༌། །དང་པོ་ལ་སྡོམ་ནི། ངོ་བོ་གཙོ་བོ་མཚན་ཉིད་དང༌། །རྣམ་གྲངས་ལྡན་པ་གནས་སྐབས་དང༌། །མི་འགྱུར་བས་ཀྱང་རྒྱུ་རྒྱུད་བསྡུས། །རྒྱུའི་རྒྱུད་གང་ཞེ་ན། ཐོག་མ་མེད་པའི་དུས་ནས་བརྒྱུད་དེ་འོང་བ། སེམས་རང་བཞིན་གྱི་འོད་གསལ་བ་གང་ཡིན་པ་དང༌། སེམས་དང་སེམས་ལས་བྱུང་བ་རྣམས་དང༌། སྣོད་དང་བཅུད་ཀྱི་རང་བཞིན་དང༌། རྩ་དང༌།


TNT21_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་དང༌། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི། སེམས་ཀྱི་རང་བཞིན་འོད་གསལ་བའོ། །དེ་ཉིད་གང་ཞེ་ན། ཞིང་དང༌། སྐུ་དང༌། ཡེ་ཤེས་ལ་སོགས་པ་འབྲས་བུའི་ཆོས་དང་མཐུན་པའི་ཁྱད་པར་ཅན། རང་བཞིན་བདེ་བ་ཆེན་པོ་རྒྱུན་ཆད་པ་མེད་པ། ཆོས་ཉིད་ཀྱིས་ཐོབ་པ་སྟེ། ཁྱད་པར་བཞི་དང་ལྡན་པའོ། །རྒྱུའི་རྒྱུད་དང༌། སྦྱང་གཞི་དང༌། ཀུན་གཞི་དང༌། དང་པོའི་སངས་རྒྱས་ནི་རྣམ་གྲངས་སོ། །རྒྱུ་ནི་དུ། གཞི་ནི་དུ། ཀུན་གཞི་ནི་དུ། དང་པོའི་སངས་རྒྱས་ནི་དུ་ཞེ་ན། རྒྱུ་ནི་བཅུ་བཞི་སྟེ། ཉོན་མོངས་པའི་རྒྱུ་དང༌། ལས་ཀྱི་རྒྱུ་དང༌། སྡུག་བསྔལ་གྱི་སྟེ། ཀུན་ནས་ཉོན་མོངས་པ་དང༌། སྣོད་དང༌། བཅུད་དང༌། ལམ་གྱི་རྒྱུ་དང༌། སྟོང་པ་དང༌། བདེ་བ་དང་ཟུང་དུ་འཇུག་པའི་རྒྱུ་དང༌། རགས་པ་དང༌། ཕྲ་བ་དང༌། ཤིན་ཏུ་ཕྲ་བའི་རྒྱུ་དང༌། གཟུགས་ཀྱི་སྐུ་གཉིས་དང༌། ཆོས་ཀྱི་སྐུའི་རྒྱུ་རྣམས་སོ། །གཞི་ནི་བཅོ་ལྔ་སྟེ། སྣོད་དག་པའི་གཞི་དང༌། བཅུད་དག་པའི་གཞི་དང༌། ཉེར་སྤྱོད་དག་པའི་གཞི་དང༌། རྣམ་པར་འགྱུར་བ་དག་པའི་གཞི་དང༌། རང་བཞིན་དག་པའི་གཞི་དང༌། འཁོར་བའི་གཞི་དང༌། མྱ་ངན་ལས་འདས་པའི་གཞི་དང༌། རང་བཞིན་གྱི་གཞི་དང༌། རྣམ་གྲངས་ཀྱི་གཞི་དང༌། མཐར་གཏུགས་པའི་གཞི་དང༌། ཀུན་རྫོབ་ཀྱི་གཞི་དང༌། དོན་དམ་པའི་གཞི་དང༌། རགས་པའི་གཞི་དང༌། ཕྲ་བའི་གཞི་དང༌། ཤིན་ཏུ་ཕྲ་བའི་གཞི་


TNT21_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །དང་པོ་ལྔ་ནི་ལས་དང་བྱ་བའི་སྒོ་ནས་སྟེ། སྦྱང་བྱའི་རབ་ཏུ་དབྱེ་བའོ། །དེ་ནས་གསུམ་ནི་བཅིངས་གྲོལ་གྱིས་རབ་ཏུ་དབྱེ་བའོ། །དེ་ནས་གཉིས་གཉིས་ནི་དངོས་དང་བཏགས་པ་དང༌། རྫས་དང་བཏགས་པས་རབ་ཏུ་ཕྱེ་བའོ། །ཐ་མར་གསུམ་ནི་རྟོགས་ཚུལ་གྱིས་རབ་ཏུ་ཕྱེ་བའོ། །དེ་ལ་རགས་པའི་གཞི་གང་ཞེ་ན། དགུ་པོ་འདི་དག་སྟེ། གང་ཟག་ཏུ་བཏགས་པས་ཡོད་པ་དག་ལ་བརྗོད་དེ། ཙན་དན་དང༌། ཨུཏྤལ་དང༌། པདྨ་དང༌། པདྨ་དམར་པོ་དང༌། རིན་པོ་ཆེ་ལྟ་བུ་དང༌། ཉོན་མོངས་པས་རྣམ་པར་ཕྱེ་བ་དང༌། ལས་ཀྱིས་རྣམ་པར་ཕྱེ་བ་དང༌། ལུས་ཀྱིས་རྣམ་པར་ཕྱེ་བ་དང༌། རིགས་ཀྱིས་རྣམ་པར་ཕྱེ་བའོ། །དང་པོ་ལྔ་ནི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བའོ། །ཕྱི་མ་བཞི་ནི་རྣམ་གྲངས་ཀྱིས་རབ་ཏུ་ཕྱེ་བའོ། །འདིར་ཀུན་གཞི་ཞེས་བྱ་བ་ནི། སྡེ་སྣོད་ཀྱི་ཚུལ་ལས་འབྱུང་བ་ཁོ་ན་བཞིན་ནོ། །དང་པོའི་སངས་རྒྱས་ནི་གཉིས་ཏེ། རང་བཞིན་གྱི་དང་པོ་དང༌། གློ་བུར་གྱི་དང་པོ་སངས་རྒྱས་སོ། །འདི་ལ་ཇི་ལྟར་ན་སྐྱོན་དང༌། ཡོན་ཏན་དང༌། རྒྱུ་དང་འབྲས་བུ་དག་དང་འབྲེལ་བར་ལྡན་ཞེ་ན། སད་པའི་གནས་སྐབས་དང༌། རྨི་ལམ་གྱི་གནས་སྐབས་དང༌། གཉིད་འཐུག་གི་གནས་སྐབས་དང༌། བཞི་པའི་གནས་སྐབས་ཀྱི་སྒྲིབ་པ་ཞེས་བྱ་བ་གནས་ཏེ། དགའ་བ་བཞིའམ་སྣང་བ་བཞི་དང་ལྷན་ཅིག་གནས་པ་


TNT21_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །རླུང་བཞི་དང༌། ཐིག་ལེ་བཞི་དང༌། འཁོར་ལོ་བཞི་ལས་དྲི་བཅས་དང༌། ཅུང་ཟད་དྲི་བྲལ་དང༌། ཆེས་དྲི་བྲལ་ལམ། འཛག་བཅས་ཀྱི་དབང་དང༌། འཛག་མེད་ཀྱི་དབང་དང༌། ཤིན་ཏུ་འཛག་པ་དང་བྲལ་བའི་དབང་ལས། རིགས་བཞི་དང༌། རྒྱུད་བཞི་དང༌། འགྲོ་བ་བཞི་དང༌། ཡོན་ཏན་བཞི་དང༌། ཐུན་ཚོད་བཞི་དང༌། བག་ཆགས་བཞིས་རྣམ་པར་རྟོག་པ་བཞི་འབྱུང་སྟེ། ཐམས་ཅད་ཡོད་པར་རྟོགས་པ་དང༌། རྡུལ་ཕྲན་ཏུ་རྟོགས་པ་དང༌། སེམས་ཙམ་དུ་རྟོག་པ་དང༌། དེ་ཡང་མི་དམིགས་པ་སྟེ། གྲུབ་མཐའ་བཞི་དང༌། སྡེ་པ་བཞི་དང༌། སྐད་ཅིག་མ་བཞི་དང༌། དགའ་བ་བཞི་དང༌། བདེན་པ་བཞི་ལ་སྒྲོ་འདོགས་པའམ་དེ་དག་ལ་ཇི་བཞིན་དུ་རྟོགས་པ་སྟེ། དེ་བཞིན་དུ་ཨེ་ཝཾ་མ་ཡ་དང༌། གནས་བཞི་དང༌། རིགས་བཞིའི་ཕྱག་རྒྱས་དྲི་མ་སྦྱོང་བའི་ཁྱད་པར་དང༌། སྐུ་བཞི་དང༌། རྡོ་རྗེ་བཞི་ལ་སོགས་པ་ཇི་ལྟར་རྒྱུད་ལས་རྒྱས་པར་འབྱུང་བ་དེ་ལྟར་ཤེས་པར་བྱའོ། །འདིར་གནས་སྐབས་གང་ཞེ་ན། ཐར་པའི་ཆ་མཐུན་མ་བསྐྱེད་པ་དང༌། སྐྱེད་པ་དང༌། སོ་སོ་སྐྱེ་བོའི་ལམ་དང༌། སློབ་པའི་ལམ་དང༌། མི་སློབ་པའི་ལམ་རྣམས་སུ། དང་པོའི་སངས་རྒྱས་དང༌། རྒྱུའི་རྒྱུད་དང༌། ལམ་དུ་ཞུགས་པ་དང༌། འཕགས་པ་དང༌། འབྲས་བུའི་རྡོ་རྗེ་འཛིན་པ་ཞེས་མིང་གིས་བཏགས་སོ། །དེ་རྣམས་སུ་འགྱུར་བ་མེད་པ་ཇི་ལྟ་བུ་ཞེ་ན། སྔ་མ་ལས་ཕྱི་མའི་ཚེ་ངོ་བོར་མི་འགྱུར་བ་སྟེ།


TNT21_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དང༌། རྒ་བ་དང་ན་བ་དང་འཆི་བ་དང༌། འགྲོ་བ་རྣམས་དང༌། རྟེན་འབྲེལ་རྣམས་དང༌། རིག་པ་དང། བདེན་པ་མཐོང་བ་དང༌། རྣམ་པར་མི་རྟོག་པ་ལ་ཞུགས་པ་དང༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཀྱང་མི་འཇིག་ཅིང་མི་འགྱུར་བའོ། །གཉིས་པ་ཐབས་ཀྱི་རྒྱུ་གང་ཞེ་ན། སྡོམ་ནི། དབང་བསྐུར་དམ་ཚིག་སྡོམ་པ་དང༌། །ཏིང་འཛིན་རྒྱུད་ཀྱིས་སྦྱོར་བའོ། །ལྔ་པོ་འདི་དག་ནི་ཐབས་ཀྱི་རྒྱུད་དེ། དབང་བསྐུར་བ་དང༌། དམ་ཚིག་རྣམས་དང༌། སྡོམ་པ་དང༌། ཏིང་ངེ་འཛིན་དང༌། ལས་དང༌། དངོས་གྲུབ་ཀྱི་སྦྱོར་བའོ། །དབང་བསྐུར་བ་གང་ཞེ་ན། བུམ་པ་དང་གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། སློབ་མའི་དབང་དང་ཕྱིར་མི་ལྡོག་པའི་དབང་དང༌། ཐ་མལ་གྱི་དབང་དང༌། མཆོག་གི་དབང་དང༌། འཇུག་པའི་ཆོ་ག་དང༌། དངོས་གཞི་དང༌། རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང། གཟེངས་བསྟོད་དང༌། ཡོན་འབུལ་བ་དང་བཅས་པ་རྣམས་སོ། །དམ་ཚིག་གང་ཞེ་ན། ངོ་བོའི་སྒོ་ནས། བསྲུང་བའི་དམ་ཚིག་དང༌། སྒྲུབ་པའི་དམ་ཚིག་གོ །བསྲུང་བའི་དམ་ཚིག་གང་ཞེ་ན། རྩ་བའི་ལྟུང་བ་དང། ཡན་ལག་གི་ལྟུང་བ་ལ་སོགས་པ་བསྲུང་བ་ཉིད་དོ། །རྩ་བའི་ལྟུང་བ་གང་ཞེ་ན། བཅུ་བཞི་པོ་རྣམས་ཏེ། སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་


TNT21_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པར་མི་བྱ་ཞིང༌། །སེམས་ཅན་རྣམས་ལ་བྱམས་མི་སྤངས། །བྱང་ཆུབ་སེམས་ནི་དོར་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །མ་སྨིན་པ་ལ་གསང་མི་བསྒྲགས། །ཕུང་པོ་རྣམས་ལ་སྨད་མི་བྱ། །དག་པའི་ཆོས་ལ་སོམ་ཉི་སྤོང༌། །གདུག་པ་ཅན་ལ་བྱམས་པ་སྤངས། །མིང་སོགས་བྲལ་བ་དེར་མི་རྟོག །དད་ལྡན་སེམས་ནི་སུན་མི་དབྱུང༌། །དམ་ཚིག་སྤོང་དང་བུད་མེད་སྨོད། །རྩ་བའི་ལྟུང་བ་ཞེས་བརྗོད་དོ། །འདི་དག་མི་ཤེས་མི་རུང་བས། །སྔོན་གྱི་མཁན་པོའི་ལུང་ལས་ཤེས། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ཡན་ལག་གི་ལྟུང་བ་གང་ཞེ་ན། བསྐྱར་དམ། དགུ་པོ་རྣམས་སོ། །སྒྲུབ་པའི་དམ་ཚིག་གང་ཞེ་ན། ཏིང་ངེ་འཛིན་དང༌། སྤྱོད་ལམ་དང༌། བཟའ་བའི་དམ་ཚིག་དང༌། མི་འབྲལ་བའི་ཡོ་བྱད་ཀྱི་དམ་ཚིག་གོ །རིགས་ལྔ་པོ་རྣམས་ཀྱི་དམ་ཚིག་གང་ཡིན་པ་དེ་རྣམས་ནི་ཏིང་ངེ་འཛིན་གྱི་དམ་ཚིག་གོ །གཞན་ཡང་དམ་ཚིག་ནི་གསུམ་སྟེ། ལས་དང་པོ་པ་དང༌། བརྟན་པ་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་རྣམས་སོ། །ཡང་དམ་ཚིག་ནི་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ །ཡང་གསུམ་སྟེ། བུམ་དབང་གི་དམ་ཚིག་དང༌། གསང་དབང་གི་དམ་ཚིག་དང༌། ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་གོ །གཞན་ཡང་བསྙེན་པའི་དམ་ཚིག་དང༌། འཇིག་རྟེན་པ་སོ་སོའི་སྒྲུབ་


TNT21_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་དང༌། ལས་སོ་སོའི་དང༌། འཇིག་རྟེན་ལས་འདས་པའི་སྒྲུབ་པའི་དང༌། སྒྲུབ་པ་ཆེན་པོའི་དམ་ཚིག་གོ །དེ་ལ་དམ་ཚིག་དམ་ཚིག་ཅེས་བྱ་བ་ནི་བརྟུལ་ཞུགས་སོ། །སྡོམ་པ་ནི་ཐོབ་པར་བྱེད་པའི་ཆོ་ག་དང༌། ཐོབ་པའི་དུས་དང༌། ངོ་བོ་དང༌། དབྱེ་བ་དང༌། གཏོང་བའི་དུས་དང༌། གསོ་བའི་ཆོ་ག་སྟེ། དྲུག་པོ་དེ་དག་གོ །སྡོམ་ནི། ཆོ་ག་དུས་དང་ངོ་བོ་དབྱེ། །གཏོང་དུས་གསོ་བའི་ཐབས་རྣམས་སོ། །དེ་ལ་སངས་རྒྱས་ཀྱིས་མ་བཤད་པའི་ཆོ་ག་ལས་ནི་སྡོམ་པ་མེད་དེ་བརྟུལ་ཞུགས་ཙམ་མོ། །དེའི་ཕྱིར་ཆོ་ག་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་བཤད་པའི་དབང་བསྐུར་བའོ། །དུས་ནི་དབང་སོ་སོའི་དངོས་གཞི་རྫོགས་པ་ནའོ། །ངོ་བོ་ནི་བྱིན་གྱིས་བརླབས་པའི་སེམས་ཀྱི་རྒྱུན་གྱི་ཁྱད་པར་ཉེས་པ་རྣམས་བཟློག་པར་བྱེད་པ་ཡོན་ཏན་གྱི་རྟེན་ཐུན་བརྟས་པའོ། །དབྱེ་བ་ནི། ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྡོམ་པའོ། །ཐུན་མོང་གི་སྡོམ་པ་གང་ཞེ་ན་བྱ་བ་དང་རྣལ་འབྱོར་ཕྱིའི་སྡོམ་པའོ། །ཐུན་མོང་མ་ཡིན་པ་གང་ཞེ་ན། བདེ་བས་བྱིན་གྱིས་བརླབས་པ་སྟེ། སློབ་མ་དང༌། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་རྣམས་སོ། །དེ་དག་ཐམས་ཅད་ཀྱང་འཇིག་རྟེན་པ་དང༌། འཇིག་རྟེན་འདས་པ་གཉིས་གཉིས་སུ་རྟོགས་པར་བྱའོ། །འཇིག་རྟེན་པ་རྣམས་ཀྱང་ཕལ་ཆེར་འདོད་པས་


TNT21_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་སོ། །གཟུགས་དང་གཟུགས་མེད་པས་བསྡུས་པ་དག་ཀྱང་ཡོད་དོ། །གཏོང་བའི་དུས་ནི་རྩ་བའི་ལྟུང་བ་དག་བྱུང་བ་དང༌། སྔགས་ཀྱི་ཐེག་པ་སྤོང་བ་དེའི་ཚེའོ། །ཆ་ཤས་ཆ་ཤས་ནི་རང་རང་གི་རྩ་བའི་དམ་ཚིག་ལས་འདས་པ་ནའོ། །གསོ་བའི་ཆོ་ག་ནི། སྡིག་པ་ཡོངས་སུ་སྦྱངས་ནས་སླར་ཡང་བླང་བ་ཡིན་ནོ། །ཏིང་ངེ་འཛིན་གང་ཞེ་ན། འདིར་ནི་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པའོ། །དེ་གཉིས་སྒོམ་དགོས་པའི་རྒྱུ་མཚན་དང༌། སྒྲ་དོན་དང༌། གྲངས་དང༌། གོ་རིམ་ངེས་པ་ནི་སྔོན་གྱི་མཁན་པོ་དག་གིས་བཤད་པ་དང་གཞན་དུ་སྨྲ་བར་འདོད་དོ། །འདིར་རེ་རེ་ཡང༌། ངོ་བོ་དང་ཡན་ལག་དང༌། དབྱེ་བ་དང༌། གནས་སྐབས་དང༌། དངོས་དང་བཏགས་པའི་ཁྱད་པར་རོ། །བསྐྱེད་པའི་ངོ་བོ་གང་ཞེ་ན། རྣམ་པར་རྟོག་པས་གསར་དུ་སྒོམ་པ་ལས་བྱུང་བའི་ལྷ་སྐུའི་རྣམ་པ་ཅན་སྲིད་པ་གསུམ་དང་ཆོས་མཐུན་དུ་སྒོམ་པའི་ཞུ་བདེ་ཏིང་ངེ་འཛིན་ནོ། །ཡན་ལག་གང་ཞེ་ན། །ཐུན་མཚམས་སམ་མཆོད་པའི་བསྟོད་པ་ལ་སོགས་པ་དང༌། རྣལ་འབྱོར་བརྒྱད་ལ་སོགས་པའོ། །ཅིའི་ཕྱིར་ཡན་ལག་ཅེས་བྱ་ཞེ་ན། རང་གི་རང་གི་ངོ་བོའི་སྲིད་པ་དང་འབྲས་བུའི་རྣམ་པ་ལམ་དུ་མི་བྱེད་པའི་ཕྱིར་རོ། །དབྱེ་བ་གང་ཞེ་ན། དང་པོ་སྦྱོར་བ་དང༌། དཀྱིལ་འཁོར་རྒྱལ་མཆོག་དང༌། ལས་རྒྱལ་མཆོག་དང༌། བསྙེན་པ་དང༌། ཉེར་སྒྲུབ་དང༌། སྒྲུབ་པ་དང༌། སྒྲུབ་ཆེན་དང༌། རྣལ་འབྱོར་དང༌།


TNT21_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་རྣལ་འབྱོར་དང༌། ཤིན་ཏུ་རྣལ་འབྱོར་དང༌། རྣལ་འབྱོར་ཆེན་པོ་རྣམས་སོ། །གནས་སྐབས་གང་ཞེ་ན། ལས་དང་པོ་པ་དང༌། ཡེ་ཤེས་ཕེབས་པ་དང༌། ཡེ་ཤེས་ལ་དབང་བ་དང་ཡེ་ཤེས་ལ་ཆེས་དབང་བ་རྣམས་སོ། །དང་པོ་ནི་ཡན་ལག་བདུན་དང་ལྡན་པ་ཡིན་ལ། གཞན་རྣམས་ནི་བཏགས་པ་བའོ། །བསྐྱེད་རིམ་གྱི་དཔྱད་པའི་གནས་དྲུག་གང་ཞེ་ན། སྨྲས་པ། སྦྱང་གཞི་གང་ཡིན་མཐར་ཐུག་འབྲས་བུ་གང༌། །རྫོགས་རིམ་གང་གི་སྨིན་བྱེད་དགོས་པ་གང༌། །ངོ་བོ་གང་ཡིན་མཐར་ཕྱིན་ཚད་གང་ཡིན། །དཔྱད་པའི་གནས་དྲུག་ཡན་ལག་ཀུན་ལ་སྦྱར། །རྫོགས་པའི་རིམ་པ་གང་ཞེ་ན། སྡོམ་ནི་ངོ་བོ་དབྱེ་བ་སོ་སོ་ཡི། །རང་བཞིན་དང་ནི་དཔྱད་པའི་གནད། །ངོ་བོ་གང་ཞེ་ན། སེམས་དང་ཡིད་དང་རླུང་དབུ་མར་ཐིམ་པས། མངོན་དུ་གྱུར་པའི་བདེ་སྟོང་ངོ༌། །དབྱེ་བ་གང་ཞེ་ན། དངོས་དང་བཏགས་པ་དང༌། མཚན་མ་ཅན་དང༌། མཚན་མ་མེད་པ་དང༌། ཁྱབ་བྱེད་དང༌། ཁྱབ་བྱ་རྫོགས་པའི་རིམ་པའོ། །དེ་ལ་ཐོག་མ་གཉིས་ནི་རང་བཞིན་གྱིས་དབྱེ་བའོ། །ཐ་མ་གཉིས་ནི་ཐ་སྙད་ཀྱིས་ཕྱེ་བའོ། །བར་བ་གཉིས་ནི་རྣམ་པས་རབ་ཏུ་ཕྱེ་བའོ། །དེ་རྣམས་ཉིད་ཀྱི་རང་བཞིན་གང་ཞེ་ན། དེ་ཡང་ཞུ་བའི་བདེ་བ་ལྷན་སྐྱེས་ཆེན་པོ་དང༌། སྒྱུ་མའི་སྐུ་དང༌། རང་བཞིན་ལྷན་སྐྱེས་དང༌། ཟུང་འཇུག་གི་སྐུ་དང༌། རླུང་དབུ་མར་ཐིམ་པའི་མཐར་ཐོབ་པ་ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་སྣང་བ་གསུམ་


TNT21_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དགའ་བ་གསུམ་དང༌། དེ་རྣམས་དངོས་སུ་འཐོབ་པའི་ལམ་གང་ཡིན་པ་དེ་རྣམས་རྫོགས་པའི་རིམ་པ་དངོས་ཞེས་བྱའོ། །བཏགས་པ་གང་ཞེ་ན། རྩའི་རྣལ་འབྱོར་དང༌། རླུང་དང་ཕྲ་མོ་དང༌། ཐིག་ལེ་དང༌། ཕྱག་རྒྱའི་རིམ་པ་རླུང་དབུ་མར་འཇུག་པ་དང༌། གནས་པ་དང༌། ཐིམ་པར་བྱེད་པའི་ལས་ཅན་རྣམས་སོ། །མཚན་མའི་རྫོགས་པའི་རིམ་པ་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་མ་དང༌། བཏགས་པའི་མཚན་མ་ཅན་ནོ། །ངོ་བོ་ཉིད་ཀྱི་མཚན་མ་གང་ཞེ་ན། སྣང་བ་གསུམ་སེམས་དང༌། སེམས་ལས་བྱུང་བའི་མཚན་ཉིད་ཅན་འོད་གསལ་བར་གནས་ཡོངས་སུ་མ་གྱུར་པ་སྟེ་སོ་སོའི་སྐྱེ་བོ་ཐམས་ཅད་དང་གཞན་ལ་ཡང་ཡོད་དོ། །བཏགས་པའི་མཚན་མ་གང་ཞེ་ན། སྒྲ་དོན་ཅན་གྱི་རྟོག་པ་དང་མཚུངས་པར་ལྡན་པ་གང་ཡིན་པ་སྟེ། དོན་གྱི་འོད་གསལ་མ་ཐོབ་པའི་བར་དག་ཏུ་ཅི་རིགས་པར་ཡོད་དོ། །མཚན་མ་མེད་པ་གང་ཞེ་ན། ངོ་བོ་ཉིད་ཀྱི་མཚན་མ་མེད་པ་དང༌། བཏགས་པའི་མཚན་མ་མེད་པའོ། །དང་པོ་ནི། འཕགས་པ་ཁོ་ན་ལ་ཡོད་དོ། །ཕྱི་མ་ནི་སོ་སོའི་སྐྱེ་བོ་ལ་ཡང་ཡོད་དོ། ཁྱབ་བྱེད་རྫོགས་པའི་རིམ་པ་གང་ཞེ་ན། སོ་སོར་སྡུད་པ་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་སུ་དྲན་པ་དང༌། ཏིང་ངེ་འཛིན་དང༌། དགའ་བ་བཞི་དང༌། སྣང་བ་དང༌། སྣང་བ་མཆེད་པ་དང༌། སྣང་བ་ཉེ་བར་ཐོབ་པ་དང༌། འོད་གསལ་བ་དང༌། སྣང་ཕྱོགས་དང༌།


TNT21_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྱོགས་དང༌། བདེ་བའི་ཕྱོགས་དང༌། ཕྱོགས་དང་བྲལ་བ་རྣམས་སོ། །དེ་ལ་དང་པོ་དྲུག་ནི་ཡན་ལག་གིས་རབ་ཏུ་ཕྱེ་བ་དང༌། དེ་ནས་བརྒྱད་ནི་ངོ་བོ་ཉིད་དང༌། དེ་ནས་གསུམ་ནི་རྣམ་པ་དང༌། ཐ་མ་ནི་རང་བཞིན་གྱིས་རབ་ཏུ་ཕྱེ་བའམ། ཡང་ན་བཞི་ཀའང་རྣམ་པས་རབ་ཏུ་ཕྱེ་བའོ། །ཅིའི་ཕྱིར་ཁྱབ་བྱེད་ཅེས་བྱ་ཞེ་ན། གང་རྫོགས་པའི་རིམ་པ་དེ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། ཁྱབ་བྱ་གང་ཞེ་ན། ལུས་རྣམ་པར་དབེན་པ་དང༌། ངག་དབེན་པ་དང༌། སེམས་དབེན་པ་དང༌། བདག་བྱིན་རླབས་པ་དང༌། འོད་གསལ་བ་དང༌། ཟུང་འཇུག་དང༌། རྫོགས་པའི་རིམ་པའི་སྤྱོད་པའི་ཏིང་ངེ་འཛིན་དང༌། བདག་བྱིན་རླབས་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛྭ་ལནྡྷ་ར་དང༌། བསམ་མི་ཁྱབ་དང༌། རང་བྱིན་རླབས་པ་དང༌། དཀྱིལ་འཁོར་འཁོར་ལོ་དང༌། རྒྱུད་ཀྱི་རིམ་པ་དང༌། སྔགས་དང༌། ཡེ་ཤེས་དང༌། གསང་བའི་རིམ་པ་དང༌། སོ་སོར་སྡུད་པ་ལ་སོགས་ཡང་འགའ་ཞིག་ཏུ་ཡོད་དོ། །གཞན་ཡང་སྔགས་དང༌། དབྱིབས་དང༌། ཆོས་དང༌། རྩ་དང༌། རླུང་དང༌། ཐིག་ལེ་དང༌། མེ་དང༌། ལས་ཀྱི་ཕྱག་རྒྱ་དང༌། ཡེ་ཤེས་དང༌། དམ་ཚིག་དང༌། ཕྱག་རྒྱ་ཆེན་པོ་དང༌། སྙིང་གའི་ཐིག་ལེ་དང༌། ནོར་བུ་དང༌། སྤྲུལ་པ་དང༌། མི་ཤིགས་པའི་རྣལ་འབྱོར་དང༌། དེ་དག་ལ་སོགས་པ་དཔག་ཏུ་མེད་པ་དག་གོ །དཔྱད་པའི་གནད་རྣམས་གང་ཞེ་ན། སྨྲས་པ། ངོ་བོ་གང་ཡིན་གང་ལ་གནད་དུ་བསྣུན། །ཇི་ལྟར་


TNT21_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གནས་བསྣུན་དེ་ཡི་ཉམས་རྟགས་གང༌། །ཡོན་ཏན་གང་བསྐྱེད་དེ་ཡི་རྒྱུ་མཚན་གང༌། །དངོས་བརྒྱུད་སྤངས་བྱ་གང་སྤོང་མཐར་ཕྱིན་ཚད། །ས་དང་ལམ་གྱི་མཚམས་གང་བགེགས་སེལ་དང༌། །བོགས་འདོན་ཅི་ཞིག་གཙོ་འཁོར་ཁྱད་གང་ཡིན། །དཔྱད་པའི་གནས་བཅུ་གཅིག་གི་སྒོ་ནས་དཔྱད། །རྫོགས་པའི་རིམ་པ་ཀུན་གྱི་གནད་ཤེས་འགྱུར། །གང་ལ་གནད་དུ་བསྣུན་པ་ལུས་ཀྱི་རྣམ་པར་བཞག་པ་གང་ཞེ་ན། ལུས་ཆགས་པ་དང༌། གནས་པ་དང༌། འཇིག་པའི་ཚུལ་ལོ། །བརྗོད་པ། བ་སྤུའི་བུ་གའི་གྲངས་ཉིད་ཀྱི། །རྩ་ནི་བྱེ་བ་ཕྱེད་དང་བཞི། །དེ་ལས་སྟོང་ཕྲག་བདུན་བཅུ་གཉིས། །དེ་ལས་བརྒྱ་བཅུ་གཉིས་ལྷག་བརྒྱ། །དེ་བཞིན་བརྒྱ་དང་ཉི་ཤུ་དང༌། །སུམ་ཅུ་གཉིས་དང་རྩ་གསུམ་མོ། །བསྐྱེད་དང་སྡུད་པ་ཐམས་ཅད་ཀྱི། །གནས་ནི་སྙིང་ག་ཡིན་པའི་ཕྱིར། །གྲུབ་པ་རྣམས་དང་མཁས་རྣམས་ཀྱིས། །སྙིང་ག་ཁོ་ན་བསྔགས་པ་ཡིན། ཁམས་ཀྱང་སོ་གཉིས་བཅུ་དྲུག་དང༌། ཁུ་ཁྲག་འཁོར་ལོ་གནས་ཚུལ་དང༌། །དཀར་དམར་འཕེལ་གྲིབ་འཕོ་བའི་འགྲོས། །རླུང་ཡང་ཉི་ཁྲི་ཆིག་སྟོང་དང༌། །དྲུག་བརྒྱ་བརྒྱད་ལྷག་བརྒྱ྄་དག་ལ། །བཅུ་ནི་རྣམ་པར་ཤེས་པར་བྱ། །རེ་རེ་ཡང་ནི་གནས་དང་གྲངས། །རྒྱུ་ཚུལ་ཁ་དོག་མགོན་པོ་དང༌། །ལྷ་མོ་རྣམས་ཀྱི་དབྱེ་བ་དང༌། །འཇུག་གནས་འབྱུང་དང་འཕོ་ཚུལ་ལོ། །ཕུང་ཁམས་དབང་ཡུལ་ཡེ་ཤེས་ལྔ། །ཉེར་ལྔ་ཕྲ་དང་རགས་པའི་ཚུལ། སེམས་དེའི་


TNT21_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

བཞོན་པར་གྱུར་པ་ནི། །རླུང་ཡང་ཕྲ་རགས་རྣམ་གསུམ་མོ། །ཇི་ལྟར་གནད་དུ་བསྣུན་ཞེ་ན། །ཡུལ་གྱི་གནད་དང༌། དུས་དང༌། ལུས་དང༌། རླུང་དང༌། དམིགས་པའི་གནད་དོ། །དམིགས་པའི་གནད་ཀྱང༌། གང་ལ་སེམས་འཇོག་པ་དང༌། རླུང་སྡུད་ཚུལ་དང༌། དམིགས་པ་དང་རྣམ་པའི་ཁྱད་པར་ཏེ། བཞི་པོ་དེ་དག་གིས་ཡོན་ཏན་མངོན་དུ་བྱེད་ཅིང༌། དྲི་མ་རྣམས་སྦྱོང་བར་བྱེད་དེ། ས་དང་ལམ་གྱི་མཚམས་གང་ཞེ་ན། ལམ་ནི་ལྔ་སྟེ། ཚོགས་དང༌། སྦྱོར་བ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་པའི་ལམ་མོ། །ཡེ་ཤེས་ཕེབས་པ་ནི་ཚོགས་ཀྱིས་ལམ་ཆུང་ངུ་སྟེ་དྲན་པ་ཉེ་བར་བཞག་པའོ། །ཡེ་ཤེས་ལ་ཆེས་དབང་བ་ནི་ཡང་དག་སྤོང་བ་སྟེ་ཚོགས་ཀྱི་ལམ་འབྲིང་པོའོ། །དེ་ཉིད་སྤྱོད་པས་མཐར་ཕྱིན་ཅིང་ལྟ་སྟངས་རྣམས་ཐོགས་པ་མེད་པ་དང༌། སངས་རྒྱས་རྣམས་མངོན་དུ་གྱུར་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་འདི་ནི་རྫུ་འཕྲུལ་གྱི་རྐང་པ་ཅན་ཚོགས་ལམ་ཆེན་པའོ། །རྫོགས་རིམ་དངོས་ཀྱི་སེམས་དབེན་པ་ཐོབ་པ་ཞུ་བའི་བདེ་བ་མཐར་ཐུག་པ་དབང་པོ་ལྔའི་རང་བཞིན་དྲོད་དང་རྩེ་མོ་ཞེས་བྱ་ལ། ཡེ་ཤེས་ཀྱི་སྐུ་ནམ་མཁའ་མཛོད་ཐོབ་པ་སྟོབས་ལྔ་དང་ལྡན་པ་བཟོད་པ་དང་ཆོས་མཆོག་གོ །འདིར་རྩ་དང་རླུང་དང༌། ཐིག་ལེ་ཐིམ་པའི་ཡེ་ཤེས་ཡོན་ཏན་གྱི་གཞིར་གྱུར་པ་གོང་མའི་ལམ་དང་མཐུན་པ་བཅུ་གཉིས་སོ། །དེའི་ཚེ་


TNT21_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་སྐུ་ལ་སངས་རྒྱས་ཞེས་བཏགས་སོ། །དེ་ལས་གཞན་པའི་མོས་སྤྱོད་ཀྱི་ས་བཅུ་ཡང་ཡོད་དོ། །འཕགས་པའི་ས་བཅུ་དང༌། མོས་སྤྱོད་ཀྱི་ས་དང༌། སངས་རྒྱས་ཀྱི་ས་སྟེ་བཅུ་གཉིས་ནི། ལམ་འདིའི་སའོ་ཅོག་པ་བཅུ་གཉིས་སུ་སྡུད་པ་རྒྱུད་ལས་འབྱུང་ཞིང་མཁན་པོ་རྣམས་ཀྱིས་ཀྱང་བཤད་དོ། །དོན་དམ་པའི་སོ་སོར་རང་གི་རིག་པ་ཐམས་ཅད་སྟོང་པ་འོད་གསལ་བ་ནི་དང་པོར་བྱང་ཆུབ་ཡན་ལག་མཐོང་བའི་ལམ་མོ། །འདི་ལ་དགའ་བའི་རང་བཞིན་བདེན་པ་བཅུ་དྲུག་དག་གོ །སློབ་པའི་ཟུང་འཇུག་རྣམ་པ་དགུ་ནི་ས་ལྷག་མ་དགུའོ། །ས་བཅུ་ཙམ་དང༌། རྒྱུན་མཐའི་ཡེ་ཤེས་དག་ལས། རྣམ་གྲོལ་ལམ་དང༌། ཁྱད་པར་ལམ་ནི་ས་བཅུ་གཉིས་སམ་བཅུ་གསུམ་སྟེ། ཡན་ལག་བདུན་དང་ལྡན་པའི་ཡེ་ཤེས་གོང་མའི་གཞིར་གྱུར་པའོ། །འདི་དག་ནི་སྒོམ་པའི་ལམ་འཕགས་ལམ་ཡན་ལག་བརྒྱད་དོ། །མི་སློབ་པའི་ཟུང་འཇུག་ནི་མཐར་ཕྱིན་པའོ། །མན་ངག་ལས་ནི་ཐོག་མར་རྫོགས་པའི་རིམ་པ་དང༌། གཞན་ཡང་སྣ་ཚོགས་པར་འཆད་དོ། །དེ་དག་ལ་ནི་རིམ་པ་མི་འདྲ་བ་དག་འབྱུང་སྟེ། གལ་ཏེ་སྦྱོར་བའི་ལམ་དུ་ཞུགས་ན་བྱེ་བྲག་མེད་པ་ཁོ་ནའོ། །མོས་པས་སྤྱོད་པ་དང༌། ལྷག་པའི་བསམ་པ་དག་པ་ལ་སྤྱོད་པ། མཚན་མ་ལ་སྤྱོད་པ་དྲུག་དང༌། མཚན་མ་མེད་པ་ལ་སྤྱོད་པ་བདུན་དང༌། མངོན་པར་འདུ་བྱེད་པ་མེད་པར་སྤྱོད་པ་གསུམ་ལ་སོགས་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད་པ་དང༌། ཡོན་ཏན་བརྒྱ་ཕྲག་བཅུ་


TNT21_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི་ཐམས་ཅད་དུ་མདོ་སྡེ་བཞིན་ཏེ། འོན་ཀྱང་འདིར་ནི་ཚེ་གཞན་དུ་མ་གྱུར་པ་ཁོ་ན་ཡིན་གྱི་སྐྱེ་བ་གཅིག་གིས་ཐོགས་པའང་མ་ཡིན་ན། བསྐལ་བ་མང་པོ་ནི་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་དུས་མྱུར་བ་ཁོ་ནས་རྡོ་རྗེ་སེམས་དཔས་ཡང་དང་ཡང་དུ་མ་བསྟན་ནོ། །གཞན་དག་ནི་རང་རང་གི་མན་ངག་ཉིད་དུ་རྣམ་པར་བཞག་གི་འདིར་མི་བརྗོད་དོ། །འདིར་སྨྲས་པ། གྲངས་ངེས་མཚན་ཉིད་གོ་རིམ་ངེས་པ་དང༌། །ངེས་ཚིག་ཡོན་ཏན་སྦྱང་བྱ་འབྲས་བུ་དང༌། །རྟེན་དང་ཤེས་བྱ་སྤང་བྱ་ཉམས་ལེན་ཚད། །དབྱེ་བསྡུ་འདི་རྣམས་རིམ་པ་ཀུན་ལ་སྦྱར། །ཕུང་ཁམས་ཁམས་གསུམ་འདུས་བྱས་རྫས་ཡོད་དང༌། །ཀུན་རྫོབ་ཡོད་དང་ལུས་སེམས་རྟེན་གྱི་ཁྱད། །བློ་རིག་རྟེན་འབྲེལ་ཟག་མེད་རབ་དབྱེ་བཅུ། །རིམ་པ་གཉིས་ཀྱི་ཁྱད་པར་གཞན་ཡང་ནི། །བཏགས་པ་དང་ནི་མངོན་སུམ་འགྱུར་པའི་ལྷ། །རགས་དང་ཕྲ་བའི་སྔགས་དང་རིག་འཛིན་གཉིས། །ལས་དང་དངོས་གྲུབ་སྒྲུབ་པའི་ཁྱད་པར་དང༌། །སྔགས་དང་ཡེ་ཤེས་སྐུ་ཞེས་རྣམ་པར་ཕྱེ། །ཐ་མལ་བག་ཆགས་དངོས་སུ་གནོན་དང་འཇོམས། །རྟོག་པའི་སྲིད་དང་སྣང་བའི་སྲིད་འཇོམས་དང༌། །ལས་དང་ཡེ་ཤེས་སྒྲིབ་སེལ་རྣམ་ཤེས་དང༌། །ཡེ་ཤེས་ཀྱིས་རབ་ཕྱེད་དང་དངོས་གྲུབ་གཉིས། །ཞེས་པ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རྒྱུད་ཀྱི་སྦྱོར་བ་གང་ཞེ་ན། ལས་ཀྱི་རྒྱུད་དང༌།


TNT21_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་རྒྱུད་དོ། །དེ་ལ་ལས་ཀྱི་རྒྱུད་གང་ཞེ་ན། ཁྱད་པར་བཅུའམ་བརྒྱད་དེ། ཕྱོགས་དུས་ལྷ་དང་ཆ་བྱད་བསམ་པ་དང༌། །གནས་དང་ཡུལ་དང་ཟས་དང་ཆོ་ག་སྔགས། །དེ་ཡང་བཞི་སྟེ། བསམ་གཏན་གྱི་ལས་དང༌། སྦྱིན་སྲེག་གི་ལས་དང༌། འཁྲུལ་འཁོར་གྱི་ལས་དང༌། སྦྱོར་བའི་ལས་ཕལ་པའོ། །དེ་ཁོ་ན་ལྟར་དངོས་གྲུབ་ཀྱི་རྒྱུད་དེ། འོན་ཀྱང་དམ་ཚིག་གི་ཁྱད་པར་དང༌། ཐུན་མོང་མ་ཡིན་པའི་རྫས་ནི་ལྷག་པའོ། །ལས་ནི་ལས་ཆེན་བཅུ་གཉིས་ལ་སོགས་པའོ། །དངོས་གྲུབ་ཀྱི་རྒྱུད་ནི་གཉིས་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་སོ། །ཐུན་མོང་གི་དངོས་གྲུབ་གང་ཞེ་ན། རྫས་ཀྱིས་རིག་པ་འཛིན་པ་དང༌། ལུས་དང༌། ལོངས་སྤྱོད་དང༌། འདོད་པ་དང༌། གཟུགས་ཀྱི་རིག་པ་འཛིན་པ་དང༌། གཟུགས་མེད་པར་འགྲོ་བའོ། །ངང་པ་དང༌། མཁའ་ལྡིང་དང༌། ཁྱུ་མཆོག་སོགས་བཞོན་པ་དང༌། རིན་པོ་ཆེ་སྣ་བདུན་དང༌། རྡོ་རྗེ་དང༌། འཁོར་ལོ་པདྨ་ལ་སོགས་པ་དང༌། འཇིག་རྟེན་པ་རྣམས་ཀྱི་མཚོན་ཆ་དང༌། ཡི་གེ་དང༌། མིང་གི་སྔགས་ཀྱི་རིག་པ་འཛིན་པ་ལ་སོགས་པ་དང། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། སྲིན་པོ་ལ་སོགས་པ་བསྒྲུབས་པས་གཞན་ལ་བརྟེན་པའི་དངོས་གྲུབ་མཐའ་ཡས་པ་ཡོད་དོ། །འདི་ལས། ཆེ་ལོང་ཙམ་བསྡུས་པ་ནི། ཆུང་ངུ་ནི་བརྒྱད་དེ། རིལ་བུ་མིག་སྨན་དངོས་གྲུབ་དང༌། །ས་འོག་རལ་གྲིའི་དངོས་གྲུབ་དང༌། །


TNT21_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལ་འཕུར་དང་མི་སྣང་དང༌། །ཤི་བ་མེད་དང་ནད་འཇོམས་སོ། །འབྲིང་ནི་འདོད་པའི་རིག་པ་འཛིན་པ་ཕལ་པའོ། །ཆེན་པོ་ནི། ཚེ་དང་ལོངས་སྤྱོད་ལ་སོགས་པ་བསྐལ་བ་དྲུག་པ་དཔག་ཏུ་མེད་པ་འདོད་པ་དང༌། གཟུགས་ཀྱི་རིག་པ་འཛིན་པའོ། །དངོས་གྲུབ་གཉིས་ཀར་ཡང་སྤྱོད་པས་སྒྲུབ་པ་ཡིན་ཏེ། ཐུན་མོང་དང་མཆོག་གི་བསྙེན་པ་ལ་ཞི་གནས་དག་ལྷག་མཐོང་གྲུབ་པ་ནའོ། །དེ་ལ་སྤྱོད་པ་གང་ཞེ་ན། གང་ཟག་དང༌། འབྲས་བུ་དང༌། དུས་དང༌། ངོ་བོ་དང༌། ངེས་ཚིག་དང༌། དབྱེ་བ་དང༌། ཆོ་གའོ། །དེ་ལ་དབྱེ་བ་གང་ཞེ་ན། སྤྲོས་བཅས་དང༌། སྤྲོས་མེད་དང༌། ཤིན་ཏུ་སྤྲོས་མེད་དང༌། ཡང་ན་གཉིས་སྤངས་དང༌། ཀུན་བཟང་དང༌། ཕྱོགས་ལས་རྣམ་རྒྱལ་དང༌། ཡང་ན་འདོད་འཇུག་དང༌། རྟེན་སློབ་དང༌། རིག་པ་བརྟུལ་ཞུགས་དང་ཡང་ན་རེ་འཇོག་དང༌། མཉམ་པར་སྤྱོད་པ་དང༌། མཉམ་བཞག་དང༌། རྗེས་ཐོབ་དང༌། ཆགས་བྲལ་དང༌། ཆགས་ཅན་དང༌། འདོད་ཆགས་ཆེན་པོའོ། །དེ་ཡང་སྒོམ་བསམ་དང༌། དུས་དང༌། བྱ་བ་དང༌། ངོ་བོའི་སྒོ་ནས་སྤྱོད་པ་གསུམ་དུ་བཞག་གོ །སྨྲས་པ། གནས་དང་ཕྱག་རྒྱའི་གྲངས་དབྱེ་བ། །མཚན་ཉིད་ཆ་ལུགས་ཁྱད་པར་རོ། །ཆོ་ག་དང༌། ངོ་བོ་དང༌། སྤྱོད་ཚུལ་དང༌། དབང་པོ་སྦྱངས་མ་སྦྱངས་དང༌། གནས་སྐབས་དང༌། རང་བཞིན་གྱི་སྒོ་ནས་དེ་རྣམས་སུ་དབྱེ་བའོ། །འདི་དག་ནི་བརྗོད་པར་


TNT21_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མང་ངོ༌། །མཆོག་གི་དངོས་གྲུབ་གང་ཞེ་ན། འབྲས་བུའི་རྒྱུད་དོ། །སྡོམ་ནི། ཁྱད་པར་ངོ་བོ་དཔེ་རྣམས་དང༌། །དེ་ཡི་རིག་འཛིན་གྱི་ཁྱད་དང༌། །རིག་འཛིན་ཟུང་འཇུག་ཡོན་ཏན་དང༌། །སྐུ་དང་ཡེ་ཤེས་ཉེ་རྒྱུའི་ཚུལ། །གསུམ་པ་ནི། འབྲས་བུའི་རྒྱུད་གང་ཞེ་ན། དངོས་དང་བཏགས་པའོ། །དངོས་ནི་རྡོ་རྗེའི་འཆང་ཆེན་པོའོ། །བཏགས་པ་ནི་སྒྱུ་མའི་སྐུ་དང༌། ཟུང་འཇུག་གི་སེམས་ཅན་ནོ། །འདི་གཉིས་དྲི་མ་ཅན་དང༌། དྲི་མ་མེད་པའི་ཡེ་ཤེས་ཀྱི་སྐུ་སྟེ། རིག་པ་འཛིན་པ་དང༌། འཇའ་ལུས་ཞེས་བརྗོད་ཀྱི་ཁམས་གསུམ་པ་མ་ཡིན་ནོ། །རྡོ་རྗེ་སྐུའི་དཔེ་བཅུ་གཉིས་གང་ཞེ་ན། སྒྱུ་མ་ཆུ་ཟླ་མིག་ཡོར་སྨིག་རྒྱུ་དང༌། །རྨི་ལམ་བྲག་ཆ་མིག་འཕྲུལ་དྲི་ཟའི་གྲོང༌། །འཇའ་ཚོན་གློག་དང་ཆུ་བུར་མེ་ལོང་གཟུགས། །རིག་པ་འཛིན་པ་གང་ཞེ་ན། འདི་ནི་ཁྱད་པར་དུ་བདུན་དང་ལྡན་པ་སྟེ། ཏིང་ངེ་འཛིན་ལ་གནས་པ་དང༌། མངོན་ཤེས་ལྔ་དང་ལྡན་པ་དང༌། ཞིང་སྣ་ཚོགས་སུ་འགྲོ་བའི་དོན་སྤྱོད་པ་དང༌། འདོད་ཅིང་འཆུམས་པ་མེད་པ་དང༌། འདོད་པ་མཐའ་ཡས་པ་ལ་བདེ་བ་ཆེན་པོར་སྤྱོད་པ་དང༌། ཚེ་ཚད་ལས་བརྒལ་བ་དང༌། ཡིད་ཀྱི་ལུས་སོ། །འདིར་རིག་པ་འཛིན་པ་དང༌། ཡེ་ཤེས་ཀྱི་སྐུ་ལ་ཁྱད་པར་ཅི། ཕུང་པོ་ཟ་མ་ཏོག་མ་ཉམས་པ་ནི་ཡེ་ཤེས་ཀྱི་སྐུ་ཙམ་མོ། །ལས་སམ་ཏིང་ངེ་འཛིན་གྱིས་ཉམས་པ་དེའི་ཚེ་རིག་པ་འཛིན་པའི་ཡེ་ཤེས་ཀྱི་སྐུ་ཞེས་བྱའོ། །རིག་པ་འཛིན་པ་ཐམས་ཅད་ཀྱང༌།


TNT21_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་བརྒྱད་ཚན་གཉིས་ཏེ། བཅུ་དྲུག་དང་ལྡན་པའོ། །ཟུང་འཇུག་གི་ཡོན་ཏན་གང་ཞེ་ན། རོ་མྱང་བརྒྱད་དང༌། དབང་ཕྱུག་བརྒྱད་དང༌། ཁ་སྦྱོར་བདུན་དང༌། ཡོན་ཏན་བརྒྱད་ཅེས་བྱ་བ་སྟེ། རྟག་པ་དང་མི་གདུང་དང༌། །བསིལ་བ་དང་ནི་གཅིག་པ་དང༌། །བདེ་བ་དང་ནི་དྲི་མེད་དང༌། །དགའ་བ་དང་ནི་ཡིད་དང་བ། སྐུ་ཡི་དབང་ཕྱུག་དང་ནི་གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང༌། །རྫུ་འཕྲུལ་ཀུན་འགྲོ་གནས་ཀྱི་དབང་ཕྱུག་དང༌། །ཅི་འདོད་བྱེད་དང་ཡོན་ཏན་བརྒྱད་པའོ། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །གཟུགས་ཕྲ་རེག་པ་ཡང་བ་དང༌། ཁྱབ་དང་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །གཞན་ཡང་བྱང་ཆུབ་ཀྱི་ཕྱོགས་དང༌། ཚད་མེད་དང༌། དབང་བཅུ་དང༌། སྟོབས་བཅུ་དང༌། ཤེས་པ་བཅུ་དང༌། མ་འདྲེས་པ་བཅོ་བརྒྱད་དང༌། མི་འཇིགས་པ་དང༌། ཉོན་མོངས་མེད་པ་དང༌། སྔོན་གནས་མཁྱེན་པ་དང༌། ཐུགས་རྗེ་ཆེན་པོ་དང༌། ཟད་པར་དང༌། ཟིལ་གནོན་དང༌། རྣམ་ཐར་ལ་སོགས་པའང་བཤད་པར་བྱ་མོད་ཀྱི། དེ་དག་ནི་སྡེ་སྣོད་གསུམ་གྱི་ཚུལ་ལས་འབྱུང་བ་ལྟར་རོ། །སྡེ་སྣོད་འདིར་ཡང་མཚན་ཡང་དག་པར་བརྗོད་པ་ལ་སོགས་པར་ཡང་བཤད་དོ། །སྐུ་གང་ཞེ་ན།


TNT21_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང༌། ལོངས་སྤྱོད་དང༌། སྤྲུལ་པ་དང༌། བདེ་བ་ཆེན་པོ་དང༌། སྐུ་བཅུ་དྲུག་ལ་སོགས་པ་དང༌། རྡོ་རྗེ་རྣམ་པ་བཞི་ཡོངས་སུ་མངོན་དུ་གྱུར་པ་ཡིན་ནོ། །ཆོས་ཀྱི་སྐུ་གང་ཞེ་ན། དེ་བཞིན་ཉིད་ཀྱི་རང་བཞིན་ནོ། །ལོངས་སྤྱོད་རྫོགས་པའི་སྐུ་གང་ཞེ་ན། ཁ་སྦྱོར་ཡན་ལག་བདུན་མཐར་ཐུག་པ་གཅིག་གྱུར་པ། ཆོས་ཐམས་ཅད་ལ་རྫོགས་པར་སྤྱོད་པའོ། །དེ་ཡང་བརྡ་དང་དོན་ནོ། །བརྡ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་མངོན་སུམ་དུ་གྱུར་པའོ། །དོན་ནི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཁོ་ན་སྟེ། སེམས་ཅན་ལ་སྣང་བ་མེད་དོ། །སྤྲུལ་པའི་སྐུ་གང་ཞེ་ན། བརྡ་དང་དོན་ནོ། །བརྡ་ནི་སོ་སོ་སྐྱེ་བོ་འགའ་ཞིག་ལ་སྣང་བའོ། །དོན་ནི་བཅོམ་ལྡན་འདས་ཀྱི་བྱ་བ་སྒྲུབ་པའི་ཡེ་ཤེས་ཐུགས་རྗེ་ཆེན་པོའོ། །ལྷན་ཅིག་སྐྱེས་པའི་སྐུ་གང་ཞེ་ན། སེམས་ཀྱི་རང་བཞིན་བདེ་བ་ཆེན་པོ་དང༌། རོ་མྱང་བརྒྱད་དང་ལྡན་པ། དོན་དམ་པར་སྤྲོས་པ་དང་བྲལ་བ་གང་ཡིན་པ་སྟེ། འདི་ཡང་ཆོས་ཀྱི་སྐུ་ཞེས་བྱ་བའོ། །དབང་ཕྱུག་བརྒྱད་ནི་སྐུ་བཞི་གས་བསྡུས་པར་རིག་པར་བྱའོ། །སྐུ་བཅུ་དྲུག་གང་ཞེ་ན། བཞི་པོ་དེ་དག །ཐུགས་དང༌། གསུང་དང༌། སྐུ་དང༌། ཡེ་ཤེས་ཀྱིས་དབྱེ་བས་བཅུ་དྲུག་སྟེ། རླུང་དང༌། རྡུལ་དང༌། ཁུ་བ་དང༌། རྣམ་པར་ཤེས་པ་དག་པས་འདུས་མ་བྱས་ཀྱི་རང་བཞིན་དང༌། སྡུག་བསྔལ་དང་ཀུན་འབྱུང་གི་གདུང་བ་མེད་པ་དང༌། རྡོ་རྗེ་སྙིང་རྗེས་སེམས་ཅན་སྒྲོལ་བ་དང༌། བདེ་བ་ཆེན་པོ་


TNT21_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་གི་རང་བཞིན་ནོ། །དེ་ཡང༌། ཡང་ན་གཉིས་སུ་མེད་པ་དང༌། གཡོ་བ་མེད་པ་དང༌། རིས་མེད་པ་དང༌། འདོད་པ་དང༌། མཆོག་ཏུ་མི་འགྱུར་བ་དང༌། འདོད་ཆགས་ཆེན་པོ་དང༌། དངོས་པོ་དང་དངོས་མེད་ཟད་པ་དང༌། ཡེ་ཤེས་དང༌། སེམས་པ་དང༌། ཀུན་ཏུ་བཟང་པོ་དང༌། ཉོན་མོངས་པ་མེད་པ་དང༌། ཉོན་མོངས་ཆེན་པོ་དང༌། ལྷན་ཅིག་སྐྱེས་པ་དང༌། བྱང་ཆུབ་ཀྱི་སེམས་འཛིན་པ་དང༌། དུས་ཀྱི་འཁོར་ལོ་རྡོ་རྗེ་དང༌། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་རོ། །ཡང་ན་མཉམ་པ་ཉིད་དང༌། ཡིད་ཀྱི་གཟུགས་གཉིས་སྣང་སྤངས་པ་དང༌། ལྷུན་གྱིས་གྲུབ་པའི་འཕྲིན་ལས་དང༌། བག་ཆགས་སྤངས་པ་ཞེས་པ་ནི་སྐུ་བཞིའི་དོན་ནོ། །འདིར་ཚིགས་སུ་བཅད་པ་ཡང་བཤད་པ། སྤྲུལ་པ་ཡིས་ནི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལོངས་སྤྱོད་རྫོགས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །དཔལ་ལྡན་ཆོས་ཀྱི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང༌། །ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས། །ཡེ་ཤེས་གཅིག་སྦྱོར་སྡོམ་པ་ནི། །སད་རྨི་གཉིད་སྟུག་བཞི་པ་ཡི། །དབང་པོ་གཉིས་སྐྱེས་བདེ་མིན་ཞིང༌། །ཞེས་འབྱུང་བའོ། །ཡེ་ཤེས་གང་ཞེ་ན། ལྔའམ་བདུན་ནོ། །ལྔ་ནི་མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་སྒྲུབ་པ་དང༌། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །


TNT21_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་གང་ཞེ་ན། ཟབ་པའི་ཡེ་ཤེས་དང༌། རྒྱ་ཆེ་བ་དང༌། ཁྱབ་པ་དང༌། རྟག་པ་དང༌། བདེ་བ་དང༌། སྐུ་དང༌། ཟུང་འཇུག་རྣམས་སོ། །དེ་དག་སོ་སོའི་མཚན་ཉིད་ཀྱང༌། ཇི་སྐད་དུ། དེ་ཉིད་བདུན་འགྲེལ་ལས། རང་བཞིན་མེད་དང་རང་རིག་པ། །འཕེལ་བ་བྲི་བ་མེད་པ་དང༌། །རྣམ་པར་མི་རྟོག་སྣང་བ་པོ། །བསོད་ནམས་ཡེ་ཤེས་ཡུལ་དང་ནི། །དམིགས་པ་འཇུག་པ་ལས་རྣམས་ནི། །རྒྱ་ཆེ་རབ་ཏུ་བཤད་པ་ཡིན། །ཡུལ་དང་དུས་དང་རྒྱུད་གསུམ་དང༌། །སྟོང་དང་མཉམ་པ་ཉིད་ཀྱིས་ཁྱབ། །རྒྱུན་མི་འཆད་ཅིང་འགོག་པ་མེད། །ཕྲ་རབ་མེད་ཅིང་འགྱུར་བ་མེད། །བསམ་ཡས་ཡེ་ཤེས་རྟག་པ་ཉིད། ཁ་སྦྱོར་རང་བཞིན་བདེ་བ་དང༌། །སྙིང་རྗེ་ཆེན་པོ་གསུམ་རང་བཞིན། །ཡིད་ནི་རླུང་བཅས་ཐིམ་པ་དང༌། །ཞུ་བ་དང་ནི་མི་འཛག་བདེ། །སྟོང་པ་ལས་སྐྱེས་སྡུག་བསྔལ་འགོག །གར་ཡང་ཕྱིན་དང་མི་གཡོ་བ། །ཡིད་དང་རླུང་གི་ལུས་ཅན་དང༌། །སྐད་ཅིག་གཅིག་གིས་ཀུན་སྟོན་དང༌། །མཚན་དང་དཔེ་བྱད་སྤྲིན་སྤྲོ་བ། །དེ་ནི་རྡོ་རྗེའི་སྐུ་རུ་གསུངས། །གཉིས་མིན་མི་རྟོག་རང་བཞིན་ཞུགས། །སྣང་མེད་ཀུན་ནས་ཀུན་ཏུ་སྣང༌། །ནམ་ཡང་གཡོ་བ་མེད་པའི་ཕྱིར། །རྡོ་རྗེ་སེམས་དཔའི་ཟུང་འཇུག་གོ །ཞེས་གསུངས་པ་ལྟར་རོ། །ཉེ་རྒྱུ་གང་ཞེ་ན། མཆོག་གི་དངོས་གྲུབ་ལ་དང་པོར་དངོས་སུ་རེག་པ་དང༌། མཐར་ཐུག་པར་


TNT21_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་སུ་རེག་པ་དང༌། གཉིས་ཀར་བརྒྱུད་མར་རེག་པའོ། །དང་པོ་ནི་སངས་རྒྱས་རྣམས་ཀྱི་ཡང་དག་པར་དབང་བསྐུར་བ་ལས་འབྱུང་བའི་སྤྱོད་པའི་ཡེ་ཤེས་སོ། །གཉིས་པ་ནི་ལོངས་སྤྱོད་རྫོགས་པས་དབང་བསྐུར་བའོ། །གསུམ་པ་རིག་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་ཐམས་ཅད་དེ། དེ་ཡང་ཚོགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་བྱས་ཏེ། ཆུ་དང་ཅོད་པན་ལ་སོགས་པ་གསང་བའི་དབང་གི་བར་དུ་སྦྱིན་ནས། ཉི་མ་དམར་ཐག་ཆོད་པ་ནི། ཤེས་རབ་ཡེ་ཤེས་སྦྱིན་ཏེ་རིག་མ་དང་ལྷན་ཅིག་ཐོ་རངས་མངོན་པར་བྱང་ཆུབ་པ་ཐོབ་པར་འགྱུར་རོ། །དེ་ལྟར་ཡང༌། རྡོ་རྗེ་ཉི་མ་ནུབ་ནས་ནི། །སྒྲུབ་པ་ཀུན་ཏུ་བརྩམ་པར་བྱ། །སྐྱ་རེངས་འཆར་བའི་དུས་སུ་ནི། །སྒོམ་པ་མཆོག་ནི་འགྲུབ་པར་འགྱུར། །ཞེས་པ་འདི་ནི་རེ་ཞིག་ལུང་ངོ༌། །འདི་ལ་དང་པོ་དང་ཐ་མ་ལ་ནི། ཕྱག་རྒྱ་གསུམ་ག་ཡང་ཡོད་དོ། །བར་པ་ལ་ནི་ལས་ཀྱི་ཕྱག་རྒྱ་དང༌། ཕྱག་རྒྱ་ཆེན་པོ་ཁོ་ན་ཡོད་དོ། །ཐ་མ་ཁོ་ན་བདེ་ཆེན་གྱི་ལམ་ལ་ནི། དེ་དག་ཕྱག་རྒྱ་ཆེན་པོ་ཁོ་ནའོ། །གཉིས་པ་དེ་སྟོན་བྱེད་ཀྱི་རྒྱུད་བཤད་པ་ལ། ཕ་རྒྱུད་མ་རྒྱུད་འདོད་ཚུལ་ལ་དཔྱད་པ། རྒྱུད་སྡེ་རིགས་གང་དུ་གཏོགས་ངོས་བཟུང་བ་འཕྲོས་དང་བཅས་པ། བཞི་པའི་ཡེ་ཤེས་ལ་དཔྱད་པ་སྟེ་གསུམ་མོ། །དང་པོ་ནི། བླ་ན་མེད་པའི་རྒྱུད་གང་ཞེ་ན། ཞུ་བ་དང༌། རང་བཞིན་གྱི་བདེ་སྟོང་གཉིས་སུ་མེད་པ་སྟོན་པ་གང་ཡིན་པ་སྟེ། དེའི་ཕྱིར་འདི་ཁོ་ནས་


TNT21_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་འདི་ལ་སངས་རྒྱས་སྦྱིན་པར་བྱའོ། །དབྱེ་བ་གང་ཞེ་ན། རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དོ། །བུ་ནི་བུ་མོ་དང༌། བུ་ཕོའི་དབྱེ་གཞི་སྟེ། འོན་ཀྱང་བུ་ནི་ཕོ་ཁོ་ན་ལ་བརྗོད་པ་ལྟར་རྣལ་འབྱོར་གྱི་རྒྱུད་དོ། །གང་དུ་རྣལ་འབྱོར་མ་རྣམས་ཀྱི་དཀྱིལ་འཁོར་དང༌། སྔགས་དང་སྦྱོར་བ་རྒྱས་པ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །སངས་རྒྱས་རྣམས་ཀྱི་དཀྱིལ་འཁོར་དང༌། སྔགས་དང༌། སྦྱོར་བ་ཁོ་ན་རྒྱས་པ་དེ་ནི་རྣལ་འབྱོར་གྱི་རྒྱུད་དོ། །རྫོགས་པའི་རིམ་པ་དངོས་ནི་ཐམས་ཅད་ཀྱང་དབྱེ་བ་མེད་དོ། །དོན་འདི་མ་རྟོགས་པར། ཕྱོགས་འདིར་མཁས་པ་དང་མི་མཁས་པ་དག་ཁ་ཅིག་ནི་ཆ་ཆུང་ངུས་དབྱེ་བར་འདོད། ཁ་ཅིག་ནི་རྣམ་གྲངས་དུ་མར་བྱེད། གཞན་དག་དོན་བཟང་པོར་རློམ་པ་དག་གི་དབྱེ་བར་འདོད་དེ། དེ་ཡང་འདི་ལྟར་དགུག་གཞུག་ལ་སོགས་པ་ཕོ་མོས་བྱེད་པའི་དོན་ཟེར་བ། དེ་མཚོན་བྱེད་དུ་བྱས་པ་ཡིན་གྱི་དེ་ཁོ་ན་མ་ངེས་ཏེ། དཀྱིལ་འཁོར་དགུག་གཞུག་མོས་བྱེད་ཀྱང༌། འཕྲིན་ལས་ཕལ་ཆེར་ཕོས་བྱེད་ན་ཕ་རྒྱུད་དུ་འཇོག་དགོས་པ་ལྟ་བུའོ། །དེས་ན་དགུག་གཞུག་བཅིངས་མཉེས་འཕྲིན་ལས་བྱེད་པའི་དཔེ་ཙམ་མོ། །གཞན་ཡང་ཐབས་མི་གཡོ་ཤེས་རབ་རྒྱུ་བ་དེ་ཡིན་ན་རྣལ་འབྱོར་མའི་རྒྱུད་ཀྱིས་ཁྱབ་པར་གསུངས་ཀྱང༌། རྣལ་འབྱོར་མའི་རྒྱུད་ལས་དེས་ཁྱབ་པར་ཡང་མ་གསུངས། རྒྱུ་བའི་དོན། ཡེ་ཤེས་པ་དགུག་གཞུག་ཁོ་ན་ལ་འཆད་ན། ད་ལྟའི་གདན་བཞིའི་རྩ་བའི་དཀྱིལ་འཁོར་ཡེ་ཤེས་དབང་ཕྱུག་མ་ཡིན་པས། གདན་བཞི་ཕ་རྒྱུད་མ་རྒྱུད་གཉིས་


TNT21_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་མ་ཡིན་པར་ཐལ་བར་འགྱུར་ཏེ། ཤེས་རབ་རྒྱུ་བས་ཕ་རྒྱུད་མ་ཡིན་པ་དང༌། ཐབས་མི་གཡོ་བ་མ་ཚང་བས་མ་རྒྱུད་ཀྱང་མ་ཡིན་པར་འགྱུར་བས་སོ། །དགུག་གཞུག་ལ་འདོད་པ་འདི་དུས་འཁོར་བ་སྔ་རབས་པ་འགའ་རེ་དང༌། ཕྱོགས་མཆན་དང༌། བུ་མཆན་གཉིས་ཀ་ན་ཡོད། འཁྲུལ་གཞི་སེམས་འགྲེལ་གཞན་གྱིའང་བྱས་སོ། །གཞན་ཡང་མར་དོའི་རྗེས་འབྲང་སོགས་དཀྱིལ་འཁོར་གྱི་དབུས་གཙོ་བོའི་གནས་ན་ཕོ་མོ་མང་ཉུང་ལ་འཆད་པ་དང༌། གཞན་དག་ཕོ་མོ་གཙོ་ཆེ་ཆུང་ལ་འཆད་པ་དང༌། ལྷ་གྲངས་ཕོ་མོའི་མང་ཉུང་དང༌། གཞན་དངོས་གསུང་བ་པོ་ཡབ་ཡུམ་གྱི་ཁྱད་དང༌། ཁ་ཅིག་ཞུ་བ་པོ་ཕོ་མོའི་ཁྱད་དང༌། འགའ་ཞིག་གླེང་གཞི་འདི་སྐད་སོགས་དང་གསང་བ་སོགས་ཀྱི་ཁྱད་དུ་འདོད་པ་དང༌། གཞན་ཡང་ཆ་ཕྲ་བ་གཡས་བརྐྱང་གཡོན་བརྐྱང་དང༌། ཞི་ཁྲོའི་ཉམས་སོ་སོ་བ་དང༌། འདྲེས་པ་དང༌། རྒྱན་དང༌། ཕྱག་མཚན་ན་བཟའ་ལ་སོགས་པ་དང༌། དུར་ཁྲོད་ཡོད་མེད་སོགས་འདོད་པ་དང༌། དུས་འཁོར་ལས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་གྱི་དག་པའི་འགྲེལ་ཚིག་འགའ་ལས་འཁྲུལ་གཞི་བྱུང་ནས། ལྷ་བཞུགས་བཞེངས་ཤས་ཆེ་ཆུང་དང༌། ཡབ་ཡུམ་ཞལ་ཕྱག་གྲངས་མཉམ་མི་མཉམ་དང༌། གཞལ་ཡས་ཁང་འབྱུང་བཞི་ལས་བསྐྱེད་པ་དང༌། འབྱུང་བཞིའི་སྟེང་དུ་བསྐྱེད་པའི་ཁྱད་པར་དུ་འདོད་པ་སོགས་བྱུང་སྟེ་ཐམས་


TNT21_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་མ་ངེས་པ་ཤ་སྟག་ཡིན་ནོ། ཁ་ཅིག་རྫོགས་རིམ་ཕྱག་རྒྱའི་ལམ་གཙོ་བོར་འདོན་པ་མ་རྒྱུད། རང་ལུས་ཀྱི་གཙོ་བོར་འདོན་པ་ཕ་རྒྱུད་ཡིན་ཟེར་ཏེ། གསང་འདུས་ནས་ཆགས་ལམ་ཞལ་གསལ་ལ་གྲོལ་ལམ་པའི་རྫོགས་རིམ་བསྡུས་ཤིང་གབ་པར་ཡོད་པ་དང༌། མ་རྒྱུད་ཕལ་ཆེར་གཉིས་ཀ་གསལ་བར་ཆེར་མ་ངེས། གཞན་རླུང་གཙོ་བོར་སྟོན་པ་ཕ་རྒྱུད་རྩའམ་ཐིག་ལེ་གཙོ་བོར་སྟོན་པ་མ་རྒྱུད་ཟེར་ཡང༌། རྡོ་རྗེ་འཇིགས་བྱེད་གཉིས་ཀ་མ་ཡིན་པར་ཐལ་བ་དང༌། གསུང་འདུས་རྡོར་ཕྲེང་གཉིས་ཀར་ཐལ་བ་སོགས་འབྱུང་ཞིང༌། སྡོམ་བྱུང་སམ་བུ་ཊི་སོགས་ཀྱང་གཉིས་ཡིན་དུ་འགྱུར་རོ། །ས་སྐྱ་པ་རྣམས་བསྐྱེད་རིམ་གཙོ་བོར་འདོན་པ་ཕ། མི་ཟབ་པའི་རྫོགས་རིམ་གཙོ་བོར་འདོན་པ་མ་རྒྱུད་ཕལ་པ། ཟབ་མོའི་རྫོགས་རིམ་གཙོ་བོར་འདོན་པ་གཉིས་མེད་ཅེས་གསུངས། གཞན་འགའ་ཡང་དེ་མཚུངས་ལ་གཉིས་མེད་མི་འདོད་པར་རིམ་གཉིས་ཕ་མ་སོ་སོ་སྦྱར་རོ། །འདི་ནི་ལེགས་པར་བརྟགས་ན། གང་ན་བསྐྱེད་རིམ་གྱི་རྣམ་བཞག་རྒྱས་པར་སྟོན་པ་ཕལ་ཆེར་ན་རྫོགས་རིམ་རྒྱས་པར་སྟོན་པ་རང་མང་ལ། རྫོགས་རིམ་བསྡུས་ཙམ་ལས་མི་སྟོན་པ་རྣམས་ན་བསྐྱེད་རིམ་ཡང་མི་རྒྱས་པ་ཁོ་ན་མཐོང་བས་སྤྱིར་ཡང་མི་འཐད། ཕ་མ་གཉིས་ཀྱི་ཁྱད་དུ་འདོད་པ་ལ། བརྟག་གཉིས་སམ་བུ་ཊ་སྡོམ་བྱུང་གདན་བཞི་གསང་འདུས་རྡོར་ཕྲེང་སོགས་གཉིས་ཀར་ཐལ་བ་དང༌། གསང་འདུས་དགོངས་པ་


TNT21_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་སྟོན་དང༌། ལྷ་མོ་བཞི་ཞུས་ཀྱི་རྒྱུད་མ་རྒྱུད་དུ་ཐལ་བ་དང༌། རྡོ་རྗེ་གུར་དང་སངས་རྒྱས་ཐོད་པ་སོགས་ཕ་རྒྱུད་དུ་ཐལ་བར་འགྱུར་བ་དང༌། ཀུ་རུ་ཀུལླེའི་རྟོག་པ་དང༌། རྡོ་རྗེ་འཇིགས་བྱེད་ལ་སོགས་འགའ་ཞིག་གཉིས་ཀ་མ་ཡིན་པར་ཐལ་བར་འགྱུར་རོ། །ས་ལུགས་དེ་ལྟར་ན་ཡང༌། ཐལ་བ་དེ་དག་ཕལ་ཆེར་འཇུག་ཅིང༌། འདིའི་ལུགས་ལ་མཉམ་སྦྱོར་སོགས་མ་རྒྱུད་ཕལ་པ་དང༌། ཕྲ་ཐིག་གི་རྣལ་འབྱོར་རྫོགས་རིམ་མི་ཟབ་པ་དང༌། ཙཱཎྜ་ལི་དང་ཕོ་ཉ་ལ་རྫོགས་རིམ་ཟབ་མོ་དང༌། གཉིས་མེད་ཀྱི་ངོས་འཛིན་ཀྱཻ་རྡོར་ལ་མཛད། བདེ་མཆོག་གི་རྒྱུད་དེ་དག་གང་ཡིན་དེ་སྐབས་མི་སྨྲ་ལ། འདི་སྐབས་མ་རྒྱུད་ཁྱད་པར་ཅན་ལ་གཉིས་མེད་དུ་བཏགས་པར་དོན་གྱི་ཁས་ལེན་ཅིང༌། བདེ་མཆོག་གི་ཆོས་སྐོར་དུ་མ་རྒྱུད་སྤྱི་དང་གསང་མཐའ་ཟེར་ནས། མ་རྒྱུད་ཁྱད་པར་ཅན་མ་རྒྱུད་དངོས་སུ་ཡང་འཆད་དོ། །ཕྲ་ཐིག་གསང་འདུས་དགྲ་ནག་རྡོ་རྗེ་གུར་རྣམས་ལས་རྒྱས་པར་འཆད་པས། མ་རྒྱུད་ཕལ་པར་ཐལ་བ་དང༌། ཟབ་མོའི་རྫོགས་རིམ་གཙོ་བོར་སྟོན་པས་བདེ་མཆོག་ཀྱང་གཉིས་མེད་དུ་ཐལ་བ་དང༌། ཁྱེད་ཀྱི་བཞེད་པའི་ཟབ་མོའི་རྫོགས་རིམ་གྱི་ཕོ་ཉའི་ལམ་ནི་ཕལ་བར་གསལ་ཞིང་གསང་འདུས་ཀྱང་གཉིས་མེད་དུ་ཐལ་ལོ། །མ་རྒྱུད་ཁྱད་པར་ཅན་ལ་གཉིས་མེད་ཟེར་བ་དང༌། མ་རྒྱུད་ཁོ་ནར་འཆད་པའང་འགལ་ལོ། །ཡང་འདི་སྐད་ཅེས། ཀྱཻ་རྡོར་གཉིས་མེད་ཡིན་པས་


TNT21_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ལ་ཤེས་རབ་ཀྱི་ཆ་དགོས་པས། མཁའ་འགྲོ་མ་དྲྭ་བ་སྡོམ་པ་སོགས་དང༌། མཁའ་འགྲོ་མ་ཡི་རྡོ་རྗེ་གུར། །ཞེས་སོགས་གསུངས་པ་ཡིན་སྐད། དེ་ལྟར་ན་གཉིས་མེད་ཡིན་པས་ཕ་རྒྱུད་དུ་ཡང་ཅིའི་ཕྱིར་མི་འཆད། ཡང་མ་རྒྱུད་ཁྱད་པར་ཅན་ཕུང་གསུམ་པ་གཉིས་མེད་ཡིན་ན། ཕ་རྒྱུད་ཁྱད་པར་ཅན་ཡང་དེར་ཐལ་བར་འགྱུར། ཡང་མ་རྒྱུད་ཁྱད་པར་ཅན་བདེ་མཆོག་ཡིན། ཀྱཻ་རྡོར་གཉིས་མེད་ཡིན། གཉིས་ཀས་ཀྱང་ཟབ་མོའི་རྫོགས་རིམ་སྟོན་ན། མ་རྒྱུད་ཁྱད་པར་ཅན་དང༌། གཉིས་མེད་ཀྱི་ཁྱད་པར་ད་གདོད་སྟོན་དགོས་སོ། ཁ་ཅིག་ཐབས་རྒྱ་ཆེ་བ་ཕ་རྒྱུད། ཤེས་རབ་ཟབ་པ་མ་རྒྱུད་ཟེར་བ་ཡང༌། བདེ་དགྱེས་ལས་སྟོང་ཉིད་གསང་འདུས་ཞལ་གསལ་ཞིང༌། དཀྱིལ་འཁོར་ཆོ་གའི་ལས་རིམ་སོགས། གསང་འདུས་ལས། དགྱེས་རྡོར་ཞལ་གསལ་བ་སོགས་འགལ་བ་མང་ངོ༌། །གསལ་སྟོང་སྟོན་པ་དང༌། བདེ་སྟོང་སྟོན་པ་ཁྱད་པར་དུ་འདོད་པའང་ཡོད་དེ། འདི་གཉིས་བླ་མེད་ཐམས་ཅད་ནས་རྩལ་དུ་སྟོན་པ་མཉམ་མོ། །གདུལ་བྱ་སྐྱེས་པ་འདུལ་བ་ལ་ཕ་རྒྱུད། བུད་མེད་འདུལ་བ་མ་རྒྱུད་ཟེར་རྡོ་རྗེ་གུར་གྱི་ལུང་འདྲེན་ནོ། །ལུང་དོན་ནི་སྐྱེས་པ་འདུལ་བ་གཙོ་བོའི་དོན་ལ་ལྷ་ཡབ་གཙོ་བོར་གྱུར་པའི་ཆོ་ག་དང༌། བུད་མེད་གཙོ་བོར་འདུལ་བ་ལ་ཡུམ་གཙོ་ཆེ་བའི་དཀྱིལ་འཁོར་དང་ཆོ་ག་གསུངས་ཞེས་པའི་དོན་ཡིན་གྱི་གསང་འདུས་ལས་ཀྱང་བུད་མེད་འཚང་


TNT21_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཚུལ་གསལ་བར་གསུངས་ལ། བདེ་མཆོག་གདན་བཞི་སོགས་ལས་ཀྱང་སྐྱེད་པ་སྒོམ་པའི་དབང་དུ་བྱས་པ་གཙོ་ཆེ་བས་དེ་མི་འཐད་དོ། །ཡང་ཁ་ཅིག་གུར་གྱི་ཚིག་ལས་འཁྲུལ་ནས་དང་པོ་ནང་པ་ཁོ་ན་ལ་ཞུགས་པ་དང༌། ཐོག་མ་མུ་སྟེགས་ལ་ཞུགས་པ་རྗེས་སུ་འཛིན་པའི་དོན་དུ་རིམ་པས་ཕ་མ་གསུང་ཟེར་བ་རྒྱུ་མཚན་ཡེ་མེད་ཅིང༌། ནང་པ་ཐབས་དང༌། ཕྱི་པ་ཤེས་རབ་དང་རིགས་མཐུན་ཡེ་མེད་པས་འབྲེལ་མེད་ཁོ་ནའོ། །སྦྱོར་སྒྲོལ་སོགས་མུ་སྟེགས་དང་ཕྱོགས་མཚུངས་སོ་སྙམ་པ་འདུག་ནའང་སྦྱོར་བའི་ཕྱོགས་ནས་ཕ་རྒྱུད་ཁ་ཟིན་ཆེའོ། །དེས་ན་ཆེས་མ་ངེས། རྔོག་པ་རྣམས། བརྗོད་བྱ་ཐབས་དང་ཤེས་རབ། གདུལ་བྱ་སྐྱེས་པ་བུད་མེད་ཀྱི་ཁྱད་པར་དུ་འདོད་པའང་དེ་རྣམས་ཀྱིས་བགག་ཟིན་པ་དེའོ། །དེ་དག་ནི་བོད་སྔ་རབས་པའི་འདོད་པ་ལ་རྣམ་པར་བརྟགས་པའོ། །ཕྱིས་བྱུང་ལ་བུ་སྟོན་རིན་པོ་ཆེས་དེ་དག་ཕལ་ཆེར་དྲངས། ཕ་མ་གཉིས་ལ་གཞན་ཟེར་ཐམས་ཅད་འཐད་ལྡན་དུ་མཛད། གཉིས་མེད་ཕུང་གསུམ་པའི་འཇོག་ལུགས་རེ་རེ་ཐུགས་བཟོ་མཛད་ནས་མཐར་དེ་དག་རེ་རེས་འཇོག་མི་ཐུབ། ཐམས་ཅད་ཚང་བའང་དཀོན་པས། ཤས་ཆེར་ཚང་བ་ལ་བྱའོ་གསུངས་ནས། ཐེ་ཚོམ་མེད་གཡོལ་ལེ་བཞུགས་སོ། །བོ་དོང་པས་ཀྱང་དེ་དག་ཐམས་ཅད་བསྐྱེད་ནས་རེ་རེ་ཞིང་སྔ་རབས་པའི་ལུགས་ལ་


TNT21_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པ་ཅུང་ཟད་རེ་མཛད་ནས། རང་ལུགས་དེ་དག་དང་འདྲ་མིན་རེ་མཛད། གཉིས་མེད་ཕུང་གསུམ་པའི་འཇོག་བྱེད་རེ་རེ་ཐུགས་བཟོ་མ་རེ་མཛད་ནས། རེ་རེས་ཀྱང་འཇོག་ཐུབ་ཐམས་ཅད་ཚང་ཞིང་གསུངས་ཏེ་ཞིབ་ཏུ་ཡི་གེས་འཇིགས་སོ། །ཀྱཻ་རྡོར་གཉིས་མེད་ཡིན་ཏེ། རྒྱུད་གཞན་ལས་རྐྱང་མ་ཐབས་རོ་མ་ཤེས་རབ་དུ་གསུངས། འདིར་དེ་གོ་ཟློག་ནས་ཐབས་ཤེས་ཕན་ཚུན་རྒྱས་བཏབ་བྱས་པ་དང་ཤེས་རབ་ཟླ་བ་འབབ་བཤད་པ་སོགས་ཕྲན་ཚེགས་མང་རབ་གསུངས་གུར་ལས། ཀྱཻ་རྡོ་རྗེ་རྣལ་འབྱོར་རྒྱུད། །དང་པོ་རྒྱལ་བ་རྣམས་ཀྱི་བཤད། །ཕྱི་མ་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་བུད་མེད་བཟུང་ཕྱིར་རོ། །ཞེས་བརྟག་པ་དང་པོ་ཐབས་རྒྱུད། གཉིས་པ་ཤེས་རབ་རྒྱུད་དུ་བཤད་པས་གཉིས་མེད་ཡིན་གསུངས་ཡང་བཤད་རྒྱུད་སམ་བུ་ཊ་ཀྱཻ་རྡོར་རང་གཙོ་ཆེ་གཉིས་མེད་ཡིན། ལམ་འབྲས་ཀྱང་སམ་བུའི་ཊིའི་མན་ངག་རང་གཙོ་ཆེ། གུར་དང་ཐིག་ལེ་སྐོར་བཞི་བརྟག་གཉིས་ཀྱི་བཤད་རྒྱུད་ཡིན་ཡང་མ་རྒྱུད་ཡིན་གསུང༌། ཕ་རྒྱུད་མ་རྒྱུད་གཉིས་མེད་གསུམ་ཕྱི་མ་ཕྱི་མ་མཆོག་ཏུ་བཞེད་དོ། །དེ་ཡང་ཡེ་མི་འཐད་དེ། རྒྱུད་གཞན་ལས་རྐྱང་མ་ཐབས་ཁོ་ནར་དང་རོ་མ་ཤེས་རབ་ཁོ་ནར་བཤད་པའི་ངེས་པ་མི་སྣང་བ་དང༌། གསང་འདུས་རིམ་ལྔ་དང༌། སྤྱོད་བསྡུས་སུ་འབྱུང་བ་ལྟར་འདུས་པའི་རྒྱུད་མང་པོ་ལས་གསལ་བ། སྣང་བ་ཟླ་བའི་ཆོས་ཤེས་རབ་དང༌། མཆོད་པ་ཉི་མའི་ཆོས་ཐབས་སུ་བསྟན་


TNT21_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་དག་ཀྱང་གཉིས་མེད་ཕུང་གསུམ་དུ་ཐལ་བ་དང༌། བརྟག་པ་དང་པོ་ཆོས་ཅན། གཉིས་མེད་ཕུང་གསུམ་པ་མ་ཡིན་པ་ཐལ། ཕ་རྒྱུད་ཡིན་པའི་ཕྱིར། ཕྱི་མ་ཆོས་ཅན། དེར་མ་ཡིན་པར་ཐལ། མ་རྒྱུད་ཡིན་པའི་ཕྱིར། བརྟག་གཉིས་གཉིས་མེད་ཕུང་གསུམ་མ་ཡིན་པར་ཐལ། བརྟག་པ་གཉིས་པ་དེ་ནི་ཕ་མ་ཕྱོགས་རེ་ཡིན་པའི་ཕྱིར། བརྟག་གཉིས་ལ་བརྟག་པ་གཉིས་པོ་མ་ཡིན་པའི་ཚིགས་བཅད་ཀྱང་མེད་པའི་ཕྱིར། སྡོམ་པས་ཐབས་ཤེས་གཉིས་ཀ་ཡོད་པའི་ཕྱིར་དེའོ་སྙམ་ན། གསང་འདུས་ཀྱི་རྒྱུད་དང་བདེ་མཆོག་གི་རྒྱུད་ཆོས་ཅན། གཉིས་མེད་ཀྱི་རྒྱུད་ཕུང་གསུམ་པ་ཡིན་པར་ཐལ། སྡོམ་པས་ཕ་རྒྱུད་མ་རྒྱུད་གཉིས་ཀ་ཡོད་པའི་ཕྱིར། རེ་རེ་བ་ཕ་མ་ཕྱོགས་རཻ་མ་ཡིན་ན་ནི། ལུང་དེའི་དང་པོ་ཕ་རྒྱུད་གཉིས་པ་མ་རྒྱུད་དུ་བཤད་པས་ཞེས་པ་ལས་འབྲེལ་མ་བྱུང་སྟེ། དེ་དག་གཉིས་མེད་ཀྱི་ཕ་རྒྱུད་མ་རྒྱུད་སོགས་སུ་འཆད་དགོས་པས། ཡང་ན་གཉིས་མེད་ཡིན་སྟེ་གཉིས་མེད་ཀྱི་ཕ་མ་ཡིན་པའི་ཕྱིར་ཞེས་གྲུབ་ཟིན་སྒྲུབ་པའམ། སྒྲུབ་བྱེད་བསྒྲུབ་པ་དང་མཚུངས་སོ། །ཡང་ན་ཕ་མ་ཐམས་ཅད་གཉིས་མེད་དུ་འདོད་དགོས་པ་ལས་འོས་མི་འབྱུང་ངོ༌། །ལུང་དེ་འབྲོག་འགྱུར་དུ་སྣང་ལ། དེ་ལ་འབྲུ་དེ་ལྟར་བོད་སྔ་མ་འགས་བྱས་པ་ཚད་ལྡན་བྱས་ན་དེ་ལྟར་ཁས་ལེན་དགོས་སྲིད་ནའང༌།


TNT21_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དོན་རྡོ་རྗེ་གུར་གསུང་བ་པོ་ཀྱཻ་རྡོར་གྱིས་དང་པོ་རྣལ་འབྱོར་རྒྱུད་མང་དུ་གསུངས། ཕྱིའི་བུ་མེད་དེ་མཁའ་འགྲོ་མ་རྣམས་འཁོར་དུ་བསྡུ་བའི་ཕྱིར་རྣལ་འབྱོར་མའི་རྒྱུད་གསུངས་ཞེས་པའི་དོན་ཡིན་པས། སྤྱིར་སངས་རྒྱས་ཀྱིས་བླ་མེད་གསུང་ཚུལ་ལ་ཕ་རྒྱུད་ལས་མ་རྒྱུད་ཕྱི་མར་སྟོན་པ་ཡིན་གྱི། བརྟག་པ་སུམ་ཅུ་རྩ་གཉིས་པའི་ཕྱི་མ་གཉིས་ཀྱི་སྐབས་ཀྱང་མ་ཡིན། ད་ལྟའི་བརྟག་གཉིས་ལ་ཟེར་བའང་མ་ཡིན་ཏེ། དེ་གཉིས་ལ་བརྟག་པའི་འགྲོས་ཀྱང་མེད་ལ། འབྲོག་འགྱུར་ཡི་གེ་ཉམས་པའི་འགྱུར་ནོར་པས་རྡོ་རྗེས་ཞེས་པ་སྒྲ་ཆད་དང་པོར་ཞེས་པའི་དོན་ར་སྒྲ་ཆད། རྣམས་ལ་ཞེས་པ་རྣམས་ཀྱིས་ཞེས་འབྱུང་ཀྱང༌། འགོས་འགྱུར་དང་དེ་ལས་མར་པས་བཅོས་པ་གཉིས་ཀ་ལ་དགྱེས་པའི་རྡོ་རྗེས་རྣལ་འབྱོར་རྒྱུད། །དང་པོར་རྒྱལ་བ་རྣམས་ལ་བཤད། །ཕྱིས་ནས་རྣལ་འབྱོར་མ་རྒྱུད་ནི། །དེ་ཉིད་མོ་གཟུགས་བསྡུ་ཕྱིར་རོ། །འགྱུར་འདི་ལེགས་ཏེ། འབྲོག་འགྱུར་ལྟར་ན། དང་པོ་ཉན་པ་པོ་མ་གསུངས་པས། རྗེས་མ་ལ་དེ་ཉིད་ཟེར་བ་གང་ལ་སྙེག་མ་བྱུང༌། ཀྱཻ་རྡོར་ཟེར་བ་རྒྱུད་བརྟག་གཉིས་ལ་ཟེར་ན་བརྟག་གཉིས་ཕ་རྒྱུད་དུ་ཐལ་བར་འགྱུར་ཞིང༌། དང་པོ་ཀྱཻ་རྡོར་ཟེར་བའི་ཕ་རྒྱུད་གཅིག་རྒྱལ་བ་མང་པོས་གསུང༌། རྣལ་འབྱོར་མའི་རྒྱུད་ཕྱི་མ་དེ་ནི་བུད་མེད་བཟུང་ཕྱིར་ཡིན་ཟེར་བ་ལས་མ་བྱུང་ངོ༌། །དེས་ན་གུར་ལས་མི་བསྐྱོད་པ་དང༌།


TNT21_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་བསྲེས་པ་ལ་དགྱེས་རྡོར་ཅེས་མཚན་བརྟགས་པ་ཡང་ཡང་བྱུང་བ་ཡིན་མོད། དགྱེས་རྡོར་ཟེར་ཚད་བརྟག་གཉིས་ཡིན་ན། ཨ་ཀ་རུ་ནག་དགྱེས་རྡོར་ལ་ཟེར་བ་ཡང་བརྟག་གཉིས་ལ་ཨ་ཀ་རུ་འབུལ་བ་ལགས་སམ། དེས་ན་དགྱེས་རྡོར་གྱིས་ཞེས་པ་རྡོ་རྗེ་འཆང་གི་ཞེས་པ་ཡིན། དང་པོར་རྒྱལ་བ་རིགས་ལྔ་ཕོ་གཟུགས་འཛིན་པ་ལ་གསུངས། ཕྱི་མ་ཟེར་བ་མ་འབྲེལ་ལ། ཕྱིས་ནས་མ་རྒྱུད་ནི། རྒྱལ་བ་དེ་རྣམས་ཉིད་མོ་གཟུགས་འཛིན་པའི་འཁོར་བསྡུ་ཕྱིར་ཡིན། །ཅེས་པ་ཡིན་ནོ། །ཡང་མར་དོའི་འགྱུར་ལས་དགེས་རྡོར་ལ་སོགས་རྒྱལ་རྣམས་ཀྱིས། །སྦྱོར་བའི་རྒྱུད་ནི་བཞད་པ་ལས། །དེ་རྣམས་བུད་མེད་གཟུགས་འཛིན་པ། །རྣལ་འབྱོར་མ་རྒྱུད་མཆོག་ལའོ། །ཞེས་བསྒྱུར་བ་ལྟར་བཤད་ཀྱང་ལེགས་པར་འོང་ངོ༌། །ཡང་བརྟག་གཉིས་ཆོས་ཅན་ཁྱོད་མ་རྒྱུད་ཡིན་པར་ཐལ། ཁྱོད་རྡོ་རྗེ་གུར་སོགས་ཀྱིས་མ་རྒྱུད་དུ་བཀྲལ་བའི་ཕྱིར། མ་ཁྱབ་ན། བཤད་རྒྱུད་ཀྱིས་རྩ་རྒྱུད་ཀྱི་དོན་ལོག་པར་བཀྲལ་བར་ཐལ། རྩ་རྒྱུད་ཀྱི་དོན་ཆོག་གཉིས་མེད་དུ་གནས་པ་དེ་བཤད་རྒྱུད་ཀྱིས། དམན་པ་ལ་མ་རྒྱུད་ཏུ་བཀྲལ་པའི་ཕྱིར་རོ། །དགེ་ལུགས་ལ་ནི། བླ་མེད་ངེས་པས་མ་ཁྱབ་ཀྱང༌། དེའི་འཇོག་བྱེད་གཞན་ཚོ་ནོར། སྣང་གསུང་འོད་གསལ། སྒྱུ་ལུས་ཀྱི་སྐུ་དང་བཅས་རྩལ་དུ་འདོན་པ་ཕ་རྒྱུད་


TNT21_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་དབབ་ཟློག་གི་དགའ་བཞི་རྩལ་དུ་འདོན་པ་མ་རྒྱུད་ཟེར། མཁའ་འགྲོ་རྒྱ་མཚོ་ལས། རྣལ་འབྱོར་རྣམས་ལ་རྒྱུད་དུ་ནི། །འོད་གསལ་སྒྱུ་མ་ཞེས་བྱ་བ། །སྒྱུ་མའི་འཇིག་རྟེན་ལ་བཤད་དོ། །ཞེས་པས་ཕ་རྒྱུད་ཀྱི་ཁྱད་པར་བསྟན། མ་རྒྱུད་ཀྱི་ཁྱད་པར་མངོན་སུམ་གྱིས་གྲུབ་གསུང་བར་གདའ། ལུང་དེའི་དོན་འོད་གསལ་དང་སྒྱུ་མ་སྒོམ་པ་ལས་ཤེས་པ་རྣམས་ཏེ། དེ་དེའི་ཆོ་ག་སྟེ་ཐབས་ཤེས་པའི་རྣལ་འབྱོར་པས་རྒྱུད་ལ་འཇུག་ཅེས་པའི་དོན་ཙམ་ཞིག་ཡིན་པས་དེའི་ཁུངས་སུ་མི་རུང་ལ། གསང་འདུས་རྩ་རྒྱུད་ཆོས་ཅན་ཕ་མ་གཉིས་ཀ་མ་ཡིན་པར་ཐལ། ཚིག་ཟིན་ལ་དེ་གཉིས་ཀ་ལ་གསལ་བ་དང་རྒྱས་པར་མ་བསྟན་པའི་ཕྱིར་བཤད་རྒྱུད་རྡོར་ཕྲེང་ཆོས་ཅན་ཕ་མ་གཉིས་ཀ་ཡིན་པར་ཐལ། དེ་གཉིས་ཀ་རྩལ་དུ་བཏོན་ནས་འཆད་པའི་ཕྱིར། དེས་ན་དགོངས་པ་ལུང་སྟོན་སོགས་དང་སྦྱར་ནས་སྒྲོན་གསལ་གྱིས་འཆད་ལུགས་ལ་སྒྱུ་ལུས་འོད་གསལ་སྣང་གསུམ་སྟོན་པའི་ཚིག་རྣམས་དེ་དང་དེར་འཆད་པའི་ཚེ་ཤིན་ཏུ་གབ་ཚུལ་དུ་སྣང་ལ། འགྲེལ་པ་གཞན་གྱིས་འཆད་ཚུལ་གཞན་དུ་བཤད་པ་ན། དེ་དག་གི་ཚིག་དོན་ལ་གསལ་བར་ཞུགས་པ་ཤ་སྟག་སྣང་བ་དང༌། ཞབས་ལུགས་ལྟ་བུ་ལ་རྗེས་མཐུན་ཡོད་དུ་ཆུག་ཀྱང་གསང་འདུས་ཀྱི་ལུགས་གཞན་རྩ་རྒྱུད་ཀྱི་དགོངས་པ་རྫོགས་པར་འགྲེལ་པའང་སྣང་བཞི་དང་སྒྱུ་ལུས་ཀྱི་ཐ་སྙད་ཡེ་མེད་


TNT21_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡང་འཕགས་སྐོར་ལུགས་བཞིན་མེད་པ་ཤིན་ཏུ་མང་བ་དང༌། ཕུག་རང་ཞིག་གི་དོན་གཅིག་པ་ཙམ་ལ་བསམ་ན་ཕ་རྒྱུད་མ་རྒྱུད་ཐམས་ཅད་གཅིག་ཅིང༌། ཁྱེད་རང་ཡང་སྒྱུ་ལུས་དང་སྣང་བཞི་ཀྱཻ་རྡོར་བདེ་མཆོག་ལུགས་ལ་ཡང་འདོད་པས་དབྱེ་བ་མི་འབྱུང་ཞིང་འཇིགས་བྱེད་སོགས་མང་པོ་ཞིག་ལ་གཉིས་ཀ་མི་གསལ་བས། གཉིས་མིན་དུ་འགྱུར་བ་དང༌། ཁྱད་ཆོས་དེ་གཉིས་ཕ་རྒྱུད་ལ་འཕགས་སྐོར་གྱི་གཞུང་ཁོ་ན་དང༌། མ་རྒྱུད་བརྟག་གཉིས་ལྟ་བུ་གཅིག་གི་ཚིག་ཟིན་ལ་འགྲིག་རུང་ཙམ་ལས་གཞན་ལ་མ་ཁྱབ་ཁྱབ་ཆེས་མི་སྲིད་གསུམ་ཚང་བ་ལ་ལགས་སོ། །ཤེས་རབ་རིན་ཆེན་པ་ནི་ལས་དབང་དང་སྒྱུ་ལུས་གཙོ་བོར་སྟོན་པ་ཕ་རྒྱུད། ཤེར་དབང་དང་འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད་བཞི་པ་དང་ཟུང་འཇུག་གཙོར་སྟོན་གཉིས་མེད། གཉིས་མེད་དངོས་དུས་འཁོར་རོ། །ཀྱཻ་རྡོར་ཡང་མི་འགལ་ཏེ། བཞི་པ་ཤིན་ཏུ་གསལ་བས་སོ་ཟེར། ཡིད་བཟང་རྩེ་བ་ཡང༌། བཞི་པ་རྒྱུད་གཞན་ལས་སྦས་པར་རྒྱུད་འགྲེལ། བི་མ་ལ་པྲ་བྷ་ར་གསུངས་པ་ལ་བདེ་གསང་ཐེ། ཀྱཻ་རྡོར་མི་ཐེ་ཡེ་ཤེས་འདི་ནི་སོགས་བཞི་པ་གསལ་བས་སོ། །གསང་འདུས་རྒྱུད་ཕྱི་མ་ཤེར་དབང་གསལ་བ་དང༌། རྩ་རྒྱུད་ལས་ཀྱང་གསལ་བ་དང༌། རྡོ་རྗེ་ཕྲེང་བར་དབང་མཐའ་དག་གསལ་བ་དང༌། སམ་བུ་ཊི་སོགས་ལས་གསང་དབང་ཤིན་ཏུ་གསལ་བ་དང༌།


TNT21_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དུས་འཁོར་ལུགས་ཀྱི་བཞི་པ་དེ་ཀྱཻ་རྡོར་ལས་ཀྱང་བདེ་གསང་ན་མེད་པའི་གསལ་པོ་རང་མི་སྣང་བ་དང༌། ཡེ་ཤེས་འདི་ནི་སོགས་དགོངས་པ་གཞན་དུ་འདྲེན་སླ་ཞིང་འདྲེན་པ་མང་བ་དང༌། དབང་བཞིའི་ཡེ་ཤེས་སྟོན་བྱེད་སྡོམ་འབྱུང་དང་མངོན་བརྗོད་བླ་མ་སོགས་དང་སངས་རྒྱས་ཐོད་པ་སོགས་མང་པོར་གསལ་པོ་གསུངས་པས་དབང་ལ་སྦྱོར་བ་མི་འཐད་ལ། སྒྱུ་ལུས་ཕ་རྒྱུད་ཀྱི་འཇོག་བྱེད་གོང་དུ་བཀག་ཟིན། འོད་གསལ་གཙོ་བོར་སྟོན་པ་མ་རྒྱུད་དུ་འཇོག་པའང་མི་འཐད་དེ་རང་བཞིན་འོད་གསལ་ཙམ་ལ་བསམ་ན་མདོ་སྡེ་ཀུན་ཡང་དེར་ཐལ། ཕ་རྒྱུད་ཀྱང་ཐལ་རླུང་སེམས་སྙིང་གར་ཐིམ་པའི་དེ་ནི་མ་རྒྱུད་མང་པོ་ལས་ཀྱང་གསལ་པོ་མ་བཤད། ཕ་རྒྱུད་རྡོར་ཕྲེང་ལ་སོགས་པས་གསལ་པོར་བསྟན་པས་སོ། །འོ་ན་ཞུ་བདེ་རྩལ་དུ་སྟོན་པས་དེ་འོད་གསལ་ཡིན་ནོ་སྙམ་ན། དེ་ལ་ཡང་འོད་གསལ་དུ་འཇོག་དགོས་པའི་སྐབས་ཡོད་ནའང༌། འོད་གསལ་ཆོས་སྐུ་ལམ་དང༌། དེ་བདེ་ཆེན་སྤྱི་བོ་སྐུའི་ལམ་དང༌། གནད་དུ་བསྣུན་པ་སོགས་མི་འདྲའོ། །ཞུ་བདེ་ཕ་རྒྱུད་ཀྱི་ལམ་གྱི་སྐབས་སུ་རྒྱས་པས་དེ་ཡང་མི་རུང་ངོ༌། །དེས་ན་རང་ལུགས་ནི་རྣལ་འབྱོར་བླ་མེད་ཐམས་ཅད་གཉིས་སུ་མེད་པའི་རྒྱུད་ཡིན་ཅིང༌། དེ་ལ་ཕ་མ་གཉིས་སུ་ཕྱེ་བ་ནི་དུས་འཁོར་འགྲེལ་ཆེན་ན་ཆེས་གསལ་བ་ཡིན། རྒྱ་གར་ན་ནའང་དེ་ཁོ་ན་ལྟར་གྲགས། བོད་རྣམས་གསུམ་དུ་འབྱེད་པ་ནི། རང་གང་ལ་གཙོ་བོར་བྱེད་པ་དེ་གཉིས་མེད་དུ་འབད་དེ་སྒྲུབ་པའི་


TNT21_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་ལས། རྒྱུད་མཆོག་གཞན་རྣམས་ཐབས་ཤེས་ཡ་བྲལ་དུ་ཕབ་པའི་སྡིག་པ་ཆེ་བ་གཅིག་ལགས། དེས་ན་ཕ་རྒྱུད་ལ་རིགས་ལྔ་ཡོད་ཅིང་ཡོད་པར་སྔ་རབས་པ་མང་པོའང་བཞེད། བུ་སྟོན་གྱི་བཞེད་པ་ལ་ངོར་ཕྱོགས་པས་ཁྲེལ་རྒོད་བྱས་ཏེ། རིན་པོ་ཆེ་དང་ལས་རིག་བོད་དུ་མ་འགྱུར་བས་མ་མཐོང་གསུངས་པ་དེ་བདེན་ཏེ་མེད་པས་སོ་ཟེར་ཏེ། བཤད་རྒྱུད་རྡོ་རྗེ་སྙིང་རྒྱན་ལས། དམ་ཚིག་མངོན་བརྒྱད་སྟོང་ཕྲག་གསུམ། །ཞེས་དང༌། རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་བཅུ། །ཞེས་འབྱུང་བ་ལ་ལྟ་ལུང་ཉན་ལུང་མ་བྱུང་བའི་འཆལ་གཏམ་ཡིན་ལ། དུག་གསུམ་ཅན་འདུལ་བའི་དབྱེ་བ་གསུམ་དུ་ཕ་རྒྱུད་པ་རྣམས་བྱེད་པ་ནི་ཆོས་ལེགས་ཀྱང་མཚན་གཞིར་གསང་འདུས་རྣམ་སྣང་སྒྱུ་དྲྭ་གཤིན་རྗེ་གཤེད་གསུམ་ལ་བྱེད་པ་མི་འཐད་དེ། སྒྱུ་དྲྭ་ཆགས་ཅན་གྱི་རྒྱུད་དུ་བཤད་ནས་ཞེ་སྡང་གཏི་མུག་ལོགས་སུ་རྒྱུད་སྡེར་བཤད་པའི་ཕྱིར་ཏེ། སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །ཞེས་གསུངས། དེ་རྣམས་བཤད་ཟིན་པ་ན། འདི་རྣམས་དགོས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་མེད་འཁྱུད་པ་ཡིས། །རྒྱུད་ཀྱི་དབྱེ་བ་བསྟན་པ་ཡིན། །དེ་བཞིན་དུ་ནི་ལག་བཅངས་དང༌། །དགོད་དང་བལྟས་པའང་ཤེས་པར་བྱ། །དེ་བཞིན་ཞེ་སྡང་གཏི་མུག་གི །རྒྱུད་རྣམས་ཀུན་ཀྱང་ཤེས་པར་བྱ། །མཁའ་འགྲོ་མ་ཡི་རྒྱུད་ཀུན་ཡང༌། །འདི་ཡི་རིམ་པས་ཤེས་


TNT21_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཕྱི་ནང་དབྱེ་བ་ཤེས་པར་བྱ། །ཞེས་གསུངས། འདིས་ནི་རི་དྭགས་རྒྱལ་པོ་སེང་གེ །ཁ་ཅིག་གསང་སྔགས་ཕྱི་ནང་བྱ་བ་རྙིང་མ་པ་ལ་གྲགས་ཁུངས་མེད་གསུང་བ་ཡང༌། ལན་རེ་ཟུང་རེ་ཙམ་གྱིས་གཞུང་ལུགས་ཀུན་ཤེས་སོ། །ཞེས་ཐུགས་ཁེངས་པས་རྒྱལ་ནས་རྒྱུད་གྲགས་ཆེན་པོ་ཚོ་ལ་ཡང་གཟིགས་ལོང་མ་བྱུང་སྣང་བས། རྗེས་འབྲངས་ཕྱིས་འབྱུང་ཝ་སྐྱེས་ལོང་བ་ཚོ་ལ་ནི་རེ་མེད།གཉིས་པ། རྒྱུད་སྡེ་རིགས་གང་དུ་གཏོགས་ངོས་བཟུང་བ་འཕྲོས་དང་བཅས་པ་ནི། རྒྱུད་སྡེའི་དོན་སྤྱིར་དུག་གསུམ་འདུལ་བའི་རྒྱུད་ཡོད། འདོད་ཆགས་རྗེས་སུ་འཛིན་པ་ཁོ་ན་ལ་ཡང་འདོད་ཆགས་བཞིའི་དབྱེ་བས་རྒྱུད་སྡེ་བཞི་ཡོད། བླ་མེད་གསང་འདུས་དང་འབྲེལ་བ་ཆགས་ཅན་འདུལ་བ་ཕ་རྒྱུད་ཤེས་ཆེ་བ་ཙམ་དངོས་སུ་བགྲངས། རྒྱུད་སྡེ་འོག་མའི་ཆགས་ཅན་འདུལ་བའི་རྒྱུད་ཀྱང་འདིས་མཚོན། དེ་བཞིན་དུ་ཞེ་སྡང་གཏི་མུག་གི་རིགས་ལའང་རྒྱུད་སྡེ་བཞི་ཆར་ཡོད། ཡབ་གཙོ་བོར་སྟོན་པ་ཚོ་ལ་དེ་ལྟར་ཡིན་པར་མ་ཟད། མ་རྒྱུད་ལ་ཡང་དུག་གསུམ་འདུལ་བའི་དབྱེ་བ་ཡོད། དེས་ན་དུག་གསུམ་འདུལ་བ་དང༌། ཕ་མའི་དབྱེ་བ་འདི་གསང་སྔགས་ཕྱི་ནང་གཉིས་ཀ་ལ་ཡོད་གསུངས་པར་སྣང་བ་ལ། ངོར་ཕྱོགས་པ་རྣམས་ལ་རྒྱུད་ལ་དུག་གསུམ་གྱི་རིགས་གསུམ་དང་མ་རྒྱུད་ལ་ལྔའམ། དྲུག་ཁོ་ན་འཐད་ཀྱི་གཞན་མིན་ཟེར་བ་དང༌། དྲུག་ཀྱང་མི་འཐད་ལྔ་འཐད་ཟེར་བ་སོགས་ནི་རྒྱུད་གཞུང་གི་དགོངས་དོན་ཤོད་མཁན་ནི་


TNT21_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མ་བྱུང༌། རང་གིས་ནི་ཕལ་ཆེར་མ་མཐོང༌། ཅུང་ཟད་མཐོང་ཀྱང་མ་གོ །བློ་གྲོས་ཀྱི་མཐུ་ནི་མེད། བླ་མའི་གསུང་རྒྱུན་རྣམ་དག་གི་ལྡེ་མིག་མེད་ཀྱང་གསུང་རབ་ཀྱི་བལྟས་པས་ཀ་ཆོག་པ་ཞིག་ཡོད་པར་འདུག་བསམ་ནས་འགའ་ཞིག་བལྟས་པས། དེ་རྣམས་རང་གི་མགོ་མ་གོ་བ་དེ་རང་གིས་མ་ཤེས་ནས་དཔེ་སྒྲོག་འདྲ་བྱས་པས་ཐུགས་ཡུས། མཁས་པ་ཚོ་དང་ང་འདྲ་སྙམ་ནས་བློ་ཆུང་ཚོ་མགོ་བསྡུམས་ནས་བསམ་མོད་རིགས་དྲས་བྱས་པའི་ཆོས་སྐད་དུ་གདའོ། །དེས་ན་ཕ་བརྒྱུད་ལ་རིགས་ཀྱི་དབྱེ་ན་རིགས་ལྔ་དང༌། གདུལ་བྱ་འདུལ་ཚུལ་གྱིས་ཕྱེ་ན་རིགས་གསུམ་སྟེ། ལྔ་ཆར་ལ་ཕྱི་མ་གསུམ་ཆར་ཡོད་ཅིང༌། དོན་ལ་ནི་རྒྱུད་སྡེ་གོ་འཕང་མཉམ་པོ་ལ་ལམ་རིམ་མི་འདྲ་བ་མེད་དོ། །རྒྱུད་ནང་ཕན་ཚུན་ཁ་སྐོང་དགོས་པས་སོ། །འོན་ཀྱང་དངོས་བསྟན་ལ་དཀྱིལ་འཁོར་ལྷ་ལ་ཁ་སྦྱོར་ཡོད་མེད་སོགས་ལྷའི་རྣམ་པ་དང༌། དྲག་པོའི་ལས་གཙོ་བོར་སྟོན་མི་སྟོན་དང༌། སྟོང་ཉིད་དང་རྟེན་འབྲེལ་ཞིབ་མོར་སྟོན་མི་སྟོན། ཕྱག་རྒྱའི་ལམ་དངོས་སུ་གསལ་མི་གསལ་སོགས་ཀྱིས་འབྱེད་དེ། དེ་ཡང་རིགས་ལྔའི་དབང་དུ་བྱས་ན། གསང་འདུས་དང་གཤེད་སྐོར་རྡོ་རྗེའི་རིགས་དང༌། སྒྱུ་དྲྭ་རྣམ་སྣང་གི་རིགས་ཡིན་ལ། རིགས་གསུམ་ལྟར་ན་གསང་འདུས་བཤད་རྒྱུད་དང་བཅས་པ་དང༌། རྣམ་སྣང་སྒྱུ་དྲྭ་དང༌། འཇམ་དཔལ་དཔའ་བོ་འབུམ་ཕྲག་གཅིག །ཅེས་


TNT21_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལྟར། དགྲ་ནག་གཤེད་དམར་ལེའུ་བཅུ་དྲུག་པ་གདོང་དྲུག་པ་རྣམས་ཆགས་ཅན་དང༌། འཇིགས་བྱེད་ཞེ་སྡང་ཅན་འདུལ་བ་ཡིན་ཏེ། ལྷ་ཁ་སྦྱོར་དང་ཡབ་རྐྱང་ཕྱག་རྒྱའི་ལམ་བཤད་མ་བཤད། དྲག་ལས་གཙོ་བོར་མི་སྟོན་དང་སྟོན་པས་སོ། །གཤེད་དམར་ཉེར་གཉིས་པ་དང༌། མི་གཡོ་བ་བླ་མེད་ནི་མ་རྒྱུད་ཡིན་པར་མངོན་ལ། བདེ་ཆེན་རལ་གཅིག་དང་ཕྱག་རྡོར་གྱི་རྒྱུད་དུ་གྲགས་པ་འགའ་རེའང་འདུག་སྟེ་རེ་ཞིག་བཏང་སྙོམས་སུ་བཞག་གོ །མ་རྒྱུད་ལ་རིགས་དྲུག་གི་རྡོར་སེམས་ཀྱི་རིགས་ནི་མཉམ་སྦྱོར་དང༌། ཟླ་གསང་ཐིག་ལེ། རྟག་པའི་རིགས་ནི་གདན་བཞི། རྡོ་རྗེ་ཉི་མའི་རིགས་རྡོ་རྗེ་བདུད་རྩི། ལས་ཀྱི་རིགས་འཇིག་རྟེན་གསུམ་རྒྱལ་རྟ་མཆོག་དང༌། པདྨའི་རིགས་པདྨ་དྲྭ་བའམ་འབར་བ། སོགས་ཏེ་འདི་གཉིས་བོད་ན་མེད། སྒྲོལ་མ་འབྱུང་བ་དང༌། ཕྱག་འཚལ་ཉེར་གཅིག་སོགས་རྟ་མཆོག་གི་རིགས་ཡིན་ལ། རིགས་འཇིགས་ལྔ་བཅུ་པ་པདྨ་གར་དབང་གི་རིགས་སུ་གྲགས། བརྟག་གཉིས་ཨ་རྀ་ལྀ་རིགས་གཉིས། ཐིག་ལེ་སྐོར་བཞི་སངས་རྒྱས་ཐོད་པ་མ་ཧཱ་མ་ཡ་རྣམས་ཧེ་རུ་ཀ་ཁོ་ནའི་རྒྱུད་ཡིན། གཤེད་དམར་ལེའུ་ཉེར་གཉིས་པ་དང༌། མི་གཡོ་བླ་མེད་ཀྱང་ཧེ་རུ་ཀར་གཏོགས། བདེ་མཆོག་གཙོ་བོར་ཧེ་རུ་ཀ་ཡིན་ལ། རྡོ་རྗེ་སེམས་དཔའི་རིགས་དང་ལྷག་པར་འབྲེལ། སམ་བྷུ་ཊི་ཡང་དེ་དང་འདྲ། དུས་འཁོར་རྡོར་སེམས་དང་ཧེ་རུ་ཀའི་


TNT21_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཅི་རིགས་སུ་འདོད་པ་ཡོད་པ། མི་འགལ་བ་ལྟ་བུ་སྣང་ནའང་རེ་ཞིག་འབྲས་བུ་རྡོ་རྗེ་འཛིན་པ་མི་བསྐྱོད་པ་ཡིན་པར་ཐམས་ཅད་ཞལ་འཆམས་པ་དང༌། རེས་འགའ་ཧེ་རུ་ཀར་རྒྱུད་ལས་གསུངས་པ་ལྟར་ན་ཧེ་རུ་ཀ་གཙོ་ཆེ་བར་བསྡུ་རྡོ་རྗེ་གུར་དང་མངོན་བརྗོད་ལ་སོགས་རིགས་ལྔའམ་དྲུག་གི་དཀྱིལ་འཁོར་ཆ་མཉམ་པ་འདྲ་ཡོད་ཀྱང༌། གང་གི་དབང་དུ་བྱས་ཏེ་ཧེ་རུ་ཀ་ཡིན་པས་དེ་ཁོ་ནར་བསྡུ། མཉམ་སྦྱོར་དང་ཟླ་གསང་ཡང་དེ་འདྲ་བས་རིགས་དྲུག་ཆ་མཉམ་དུ་མི་བྱ་རྡོ་རྗེ་སེམས་དཔའོ། །ཡང་ཟླ་གསང་མ་རྒྱུད་འདྲ་བ་ཙམ་སྣང་ནའང་ཕ་རྒྱུད་དུ་གྲགས་པ་ལྟར་ན་བརྟག་དགོས་ལ། གལ་ཏེ་ཕ་རྒྱུད་ཡིན་ན། ཕ་རྒྱུད་ལ་ཡང་རྡོ་རྗེ་སེམས་དཔའི་རིགས་ལོགས་སུ་བྱས་ཏེ། རིགས་དྲུག་ཏུ་བྱེད་དགོས་སོ། །དེ་ལྟར་ཕ་རྒྱུད་ལ། རིན་ཆེན་སྡོང་པོ་རིན་ཆེན་རིགས། དམ་ཚིག་མངོན་རྒྱན་དང༌། རྡོ་རྗེ་ལྔ་འདུས་ལས་ཀྱི་རིགས། དུས་ཀྱི་ཐིག་ལེའི་པདྨའི་རིགས་ཡིན་པར་མཚན་ཙམ་ལས་ཀྱང་ཤེས་སོ། །རྒྱུད་སྡེ་དེ་དག་བོད་དུ་མ་འགྱུར་ཡང༌། རྡོ་རྗེ་སྙིང་རྒྱན་དུ་མིང་སྨོས་པ་དེ་དག་སྔོན་འཕགས་ཡུལ་དུ་དར་ངེས་པ་དང༌། ཕྱིས་ཀྱང་ཅི་རིགས་པ་ཡོད་དོ། །གཏི་མུག་ཅན་འདུལ་བའི་རྒྱུད་ནི་འཇམ་དཔལ་སྒྱུ་དྲྭ་མཚན་བརྗོད་ཡིན་ནམ་སྙམ་པ་བདག་ནི་རྣམ་པར་རྟོག་པའོ། །ཞེས་གསུངས། ཕ་རྒྱུད་མ་རྒྱུད་ཅེས་བྱ་བ་བྱ་རྒྱུད་དང་སྤྱོད་རྒྱུད་ལ་དོན་ཙམ་


TNT21_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་སྲིད་ན་ཡང་གསལ་ཁ་མ་བཤད། རྣལ་འབྱོར་ཕྱི་ནང་གཉིས་ལ་ཡོད། རྣལ་འབྱོར་རྒྱུདལ། ཤེར་ཕྱིན་བརྒྱ་ལྔ་བཅུ་པའི་འགྲེལ་པ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་དམ་པ་ཕྲེང་བ་ཞེས་བྱ་བ་འདི་ཡིན་ནོ། །ཡུམ་སྨོས་པ་ལས་ནི་དེ་བཞིན་གཤེགས་པའི་ཡབ་ཀྱང་སྨོས་དགོས་ཏེ། གང་ཞེ་ན་ཡབ་ནི་ཏྲནྟྲ་ཏ་ཏཱ་སཾ་གྲ་ཧ་ཞེས་བྱ་བ་སྔགས་ཀྱི་མདོ་སྡེ་ཟབ་མོ་ཡིན་པར་བཤད་དེ་ཞེས་གསུང༌། གསང་བ་རྒྱན་བཀོད་ཡོ་ག་ཡིན་པ་ལྟར་ན། དེ་ལས་རྒྱུད་ཀྱི་མཚན་ཉིད་འཆད་དུས། ཤེས་རབ་ཡུམ་དུ་ལེགས་བཤད་དེ། །ཐབས་ནི་ཡབ་ཏུ་ལེགས་བཤད་པའོ། །ཞེས་གསུངས། ཐབས་ཤེས་སུ་འཇོག་ཚུལ་མཚན་ཉིད་མཚུངས་པས། བླ་མེད་ཀྱི་ཡང་འདི་གོ་དགོས་སོ། །བླ་མེད་ཀྱི་དབྱེ་བའི་སྐབས་འདིར། ངེས་པའི་ལམ་ལ་ལྟོས་ན་ཐམས་ཅད་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པས་ཁྱབ། གནས་སྐབས་ཀྱི་ཁྱད་ཆོས་ཀྱིས་ཕྱེ་བའི་དབང་དུ་བྱས་ན། ཐབས་ཤེས་གང་རུང་གི་རྒྱུད་ཡིན་པས་ཁྱབ། དེ་ལ་རང་ལུགས་དཀྱུས་ན་གསལ་བ་ལྟར་མཚན་ཉིད་གསང་བ་རྒྱན་བཀོད་ཀྱི་ལུང་གིས་གྲུབ། ཕ་རྒྱུད་མ་རྒྱུད་སོ་སོར་ངེས་པའི་མཚན་གཞིའི་སྟེང་དུ་ཁྱད་ཆོས་དེ་དག་ཚང་བ་མངོན་སུམ་གྱིས་གྲུབ་བོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལམ་གྱི་ཆ་རྐྱེན་མ་ཚང་བ་མེད་པར་སྟོན་པ་ཡིན་པ་གང་ཞིག་


TNT21_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་རྒྱུད་ཀྱི་སྦྱོར་བ་སོགས། ཡབ་ཁོ་ནའི་དབང་དུ་བྱས་པ་གཙོ་བོར་སྟོན་པ་ཕ་རྒྱུད་ཀྱི་མཚན་ཉིད། ཡུམ་གཙོ་ཆེ་བའམ་ཡབ་ཡུམ་ཆ་མཉམ་དུ་སྟོན་པ་གང་རུང་ཡིན་པ་མ་རྒྱུད་ཀྱི་མཚན་ཉིད། ཡང་ན་ཡུམ་གྱི་དབང་དུ་བྱས་པ་རྩལ་དུ་འདོན་པ་ཞེས་བྱས་ཀྱང་ཆོག་གོ །དེ་ལ་ཀྱཻ་རྡོར་བདེ་མཆོག་མི་གཡོ་བ་བླ་མེད་སོགས་ཐམས་ཅད་ཡབ་ཡུམ་ཆ་མཉམ། མཉམ་སྦྱོར། མ་ཡ། བདུད་རྩི། ཨར་རལླྀ། སངས་རྒྱས་ཐོད་པ་རྣམས་ནས། ཡུམ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ད་ལྟའི་རྒྱུད་ཆུང་འདི་དག་ཏུ་མི་གསལ་ཡང༌། སྔགས་དང་ལས་ཚོགས་མཁའ་འགྲོ་མའི་གཙོ་ཆེ་བར་རྒྱུད་ལས་གསལ། གདན་བཞི་དང་སྒྲོལ་མ་འབྱུང་བ་སོགས། ཡུམ་ཁོ་ན་རྩལ་དུ་འདོན། མཚན་ཉིད་ཀྱི་ཟུར་དང་པོས་བྱ་རྒྱུད་སོགས་དང༌། རྒྱུད་ཀྱི་ཆ་ཤས་དམ་དུམ་བསྒྱུར་བ་རྣམས་དཔྱོད་དོ། །དུས་འཁོར་ཡང་སྡོམ་ཆེན་གྱི་ཡུམ་གྱི་སྐབས་དང༌། རིགས་བརྒྱ་སོགས་རྣལ་འབྱོར་མའི་དཀྱིལ་འཁོར་ཅི་རིགས་པ་སྟོན་ཅིང༌། སྔགས་དང་ལས་ཚོགས་རྣལ་འབྱོར་མའི་དབང་དུ་བྱས་པ་རྩལ་དུ་འདོན་ཏེ། ཡང་ན། མཐའ་དག་ཡོན་ཏན་གཏེར་བ་ནི་བསྟན་པའི་སླད་དུ་རྣལ་འབྱོར་མ་རྣམས་དག་ལ་མཆོད་པར་བྱ། །མཆོད་པ་མེད་ན་ལོ་གཅིག་ཏུ་ནི་རྒྱུད་ཀྱི་རྒྱལ་པོ་དག་ནི་བླ་མས་བསྟན་པར་མི་བྱའོ། །ཞེས་གསུངས་ལ་


TNT21_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པར་བགེགས་ཞི་བའི་དོན་དུ་རྣལ་འབྱོར་མ་ལ་ངེས་པར་མཆོད་པ་བྱ་དགོས་པ་དང༌། བསོད་ནམས་ཀྱི་དོན་དུ་འབྱུང་པོ་ལའང་གཏོར་མ་སྦྱིན་པར་བཤད་དེ། འདིས་རྒྱུད་འདིའི་བདག་མོ་རྣལ་འབྱོར་མ་ཡིན་པར་བསྟན་པས་མ་རྒྱུད་དོ། །དེ་ལྟར་མ་ཡིན་ན་ལྷ་ཡབ་ཁྲོ་བོ་སོགས་ཀྱིས་བགེགས་ཞི་མི་ཐུབ་པ་ལགས་སམ། ཁྲོ་བོ་དང༌། ཀླུ་དང༌། ཕྱོགས་སྐྱོང་སོགས་སྙད་འདོག་ཆུང༌། མཁའ་འགྲོ་མ་ཀོ་ལོང་དམ་པས་ཡིན་ལགས།ད་ནི་དུས་འཁོར་རྣལ་འབྱོར་མའི་རྒྱུད་མ་ཡིན་ཟེར་བ་རྣམས་ལ་ཐོག་མགོ་བོར་བབས་པ་འདྲ་བ་གཅིག་ཡོད་དེ། ནང་ལེའི་ཚིག་ཚིགས་བཅད་ལྔ་བཅུ་ང་གཅིག་པ། དུས་ཀྱི་ལོ་ནི་མི་གྲངས་ལོ། །ཞེས་པ་ནས། ཤློ་ཀ་ང་བདུན་པའི་ཚིག་གཉིས་པ་ཕྱི་རོལ་གྱི་ཕྱག་རྒྱ་དྲུག་ཅེས་པའི་བར་གྱིས་འགྲེལ་པ་མཐོང་བ་ཙམ་གྱིས་སོ། །དེ་ཡང་ནང་ལེའི་མདོར་བསྡུས་གསུམ་པའི་སྟོད་ཀྱི་ཆ་ལ་གཏོགས་ཏེ། ད་ནི་ཉིན་ཞག་གི་ཚོགས་སྟོང་བརྒྱད་ཅུ་པོ་དེ་ལས་ཞེས་པ་ནས། རིགས་གསུམ་ཅུ་རྩ་དྲུག་ནི་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ཞེས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ནང་གི་དུས་འཁོར་སྐུ་གསུང་ཐུགས་ཡོངས་རྫོགས་དང༌། སྡོམ་ཆེན་དང་སྡོམ་ཆུང་གི་དག་པ་བཤད་ནས་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །ད་ནི་སྒྱུ་འཕྲུལ་དྲྭ་བ་ཞེས་པ་ནས་བརྗོད་པར་བྱའོ་ཞེས་པ་རྣལ་འབྱོར་རྒྱུད་ཀྱི་ངེས་པའོ་ཞེས་གསུང༌། འདིའི་འཕྲོ་མཐུད་ནས་སླར་ཡང་མི་


TNT21_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་དང་བཅས་རྒྱས་པར་གསུངས་གདའ། ཕ་མ་གཉིས་སུ་གཏོགས་པ་མ་ཡིན་ན། སྡོམ་ཆུང་ལ་རྣལ་འབྱོར་མའི་རྒྱུད་ཀྱི་ངེས་པའོ། །སྡོམ་ཆེན་ལ་རྣལ་འབྱོར་མ་དང་གཉིས་མེད་བསྲེས་པའི་ངེས་པའོ། །དུས་འཁོར་ཡོངས་རྫོགས་ལ་གཉིས་མེད་ཀྱིས་ངེས་པའོ། །ཞེས་གསུངས་ཙང༌། ཀྱཻ་རྡོར་གཉིས་མེད་ཡིན་ན་མ་རྒྱུད་མ་ཡིན་ཟེར་བ་ལ། བརྟག་གཉིས་དང་གུར་དང་ཕྱོགས་མཐུན་དུ་འདོད་པ་ཐིག་ལེ་སྐོར་བཞི་ཨ་རིལླྀ་གཉིས་རྣམས་ནས་རྣལ་འབྱོར་མའི་རྒྱུད་ཅེས་ཡང་ཡང་གསུངས་པས་རང་གི་ལུང་དང་འགལ་ལོ། །མ་རྒྱུད་ཀྱི་མཚན་གཞི་ཡིན་ཡང་ཡིན་ལ་མཁས་པ་དང་གྲུབ་པ་གྲགས་ཀྱང་གྲགས་པའི་དབང་དུ་མཛད་ནས་འགྲེལ་ཆེན་དྲི་མེད་འོད་ཀྱིས་ལེའུ་ལྔ་པའི་མདོར་བསྡུས་དང་པོར། རང་གི་ངོ་བོས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའི་རྒྱུད་ཉིད་དེ། དེ་སྐད་དུ་ཡང༌། ཀྱཻ་རྡོར་ལས་གསུངས་པ་ཧེ་ཡིག་རྙིང་སྙིང་རྗེ་ནས། བཤད་ཀྱིས་ཉོན་ཞེས་གསུངས་པའི་ཕྱིར། ཀྱཻའི་རྡོ་རྗེ་ནི་ཤེས་རབ་ཀྱི་རྒྱུད་དུ་མི་འགྱུར་ཏེ། ཤེས་རབ་ཀྱི་རྒྱུད་ཉོན་ཅེས་གསུངས་པ་མེད་པའི་ཕྱིར། དེ་བཞིན་དུ་འདུས་པ་ལ་སོགས་པ་ནས། འདི་ནི་ཐབས་ཀྱི་རྒྱུད་དུ་མི་འགྱུར་རོ། །དེ་བཞིན་དུ་དང་པོའི་སངས་རྒྱས་ལ་སོགས་གསུང་ཞིང༌། དེ་ཁའི་གོང་དུ་ཀུན་རྫོབ་ཀྱི་ས་གང་དུ་རྣལ་འབྱོར་མ་རྣམས་ཡང་དག་པར་རྒྱུ་ཞིང༌། གཙོ་བོ་མི་གཡོ་བ་དེ་ནི་རྣལ་འབྱོར་མའི་རྒྱུད་དོ། །གང་དུ་ཐབས་ཡང་དག་


TNT21_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྒྱུ་ཞིང༌། ཤེས་རབ་མི་གཡོ་བ་དེ་ནི་ཐབས་ཀྱི་རྒྱུད་དོ་ཞེས་གསུངས་པ་གཉིས་མ་ཡིན་པའི་གཉིས་མེད་ཡོད་ན་དེ་འདི་ལྟ་བུའོ་གསུངས་ཙང༌། ཀྱཻ་རྡོར་དེ་འདྲའི་མཚན་གཞི་ཡིན་ཅིང་མ་རྒྱུད་མ་ཡིན་ན་རང་གི་ངོ་བོས་ཀྱཻ་རྡོར་མ་རྒྱུད་དུ་མི་འགྱུར་གསུངས་ག་ལ་དགོས་ཏེ། མ་རྒྱུད་མ་ཡིན་པར་གཉིས་མེད་དུ་གྲགས་པ་ལ་གྲུབ་ཟིན་སྒྲུབ་པར་ཐལ་བས་སོ། །དེས་ན་ཚིག་འདིས་བླ་མེད་ལ་ཕ་མ་གཉིས་ཀྱི་ཁྱབ་པ་དང༌། གསང་འདུས་གཉིས་མེད་ཕ་རྒྱུད་ཡིན་པ་བཞིན། ཀྱཻ་རྡོར་གཉིས་མེད་དང་མ་རྒྱུད་ཀྱི་མཚན་གཞི་ཡང་ཡིན་པ་དང༌། གསང་འདུས་ཕ་རྒྱུད་ཁོ་ནར་གྲགས་པ་བཞིན། ཀྱཻ་རྡོར་མ་རྒྱུད་ཁོ་ནར་གྲགས་པ་རྣམས་ཤུགས་བསྟན་ལ་གསལ་པོར་བྱུང༌། ཀྱཻ་རྡོར་མ་རྒྱུད་དང་ཕ་རྒྱུད་གང་རུང་མ་ཡིན་པ་ཕུང་གསུམ་གཉིས་མེད་དུ་འདོད་པ་འདི་ཤམྦྷ་ལ་དང་རྒྱ་གར་ལ་སོགས་སུ་ཡེ་མ་གྲགས་པའི་བོད་པའི་ངན་རྟོག་ཏུ་གསལ་བར་བྱས་སོ། །གཞན་ཡང་བླ་མེད་ལ་གསུམ་དུ་྄འབྱེད་པའི་ཁུངས་རྒྱ་གར་ནས་བསྒྱུར་བ་གང་ན་ཡང་མེད། བོད་ཀྱི་ལོ་ཙྪ་བ། འགོས། གྱི་ཇོ། མར་པ། ནག་ཚོ། དཔྱལ་ཆག །མར་དོ། ལོ་ཆུང༌། རྭ་སྐྱོ་ཞིང་གཉིས་སོགས་ཀྱི་རྗེས་འཇུག་ཚུན་ཆད་ཀྱི་ཡི་གེ་གང་ནའང་མེད་ལ། འབྲོག་མི་འབྲོ་བ། དངོས་སློབ་དང་བཅས་པའང་མི་བཞེད། ས་སྐྱ་རྙིང་པ་དང༌། ངོར་པ་ཕལ་ཆེར་ཀྱཻ་རྡོར་གཉིས་མེད་དུས་འཁོར་མ་རྒྱུད་ཟེར། རྗེ་བཙུན་གོང་མས་ཀྱཻ་རྡོར་གཉིས་མེད་གསུང་བ་


TNT21_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཞན་མི་གསལ། རོང་པ་དང༌། ཤོང་དཔང༌། བུ་སྟོན་རྣམས་ཀྱཻ་རྡོར་མ་རྒྱུད། དུས་འཁོར་གཉིས་མེད་ཅེས་རྒྱུ་མཚན་དུ་མ་གསུང༌། ཇོ་ནང་པ་ཡབ་སྲས་གསུམ་དཔྱད་པ་མ་མཛད་པར་དེའི་རྗེས་སུ་འབྲང༌། ཀུན་མཁྱེན་རིན་པོ་ཆེས་གསལ་ཁ་མ་གསུངས། ཕྱོགས་པས་མ་རྒྱུད་དུ་བཞེད་ཟེར་ནའང་དེ་འདྲའི་ཡི་གེ་མ་མཐོང༌། ཁྲིད་ཡིག་ན་གཞན་གྱི་རྗེས་སུ་འབྲང་གདའ། རྫོང་པ་ཚོ་དང༌། ངོར་པ་ཅི་རིགས་ཀྱང་བོ་དོང་པའི་རྗེས་སུ་འབྲངས་ནས་ཟབ་པ་གཉིས་མེད་ཀྱི་ཀྱཻ་རྡོར། རྒྱ་ཆེ་གཉིས་མེད་དུས་འཁོར་ཟེར། ཆོས་རྗེ་ཤེས་རབ་རིན་ཆེན་དང༌། བླ་མ་དམ་པ་རྗེས་འབྲང་དང་བཅས་པ་དེ་དང་མཐུན་པ་ལས་ཟབ་དང་རྒྱ་ཆེ་བའི་ཐ་སྙད་མི་བྱེད་དོ། །རང་ལུགས་སྟོང་པ་དང་སྙིང་རྗེ། བསྐྱེད་རྫོགས་བདེ་སྟོང༌། སྐུ་དང་ཡེ་ཤེས་སོགས་དང༌། དངོས་པོའི་གནས་ལུགས་ཤེས་རབ་དང༌། རྟོགས་བྱེད་ཀྱི་ཐབས་སོགས་ཀྱི་སྒོ་ནས། བླ་མེད་ཐམས་ཅད་ཐབས་ཤེས་ཆ་མཉམ་པས། རང་གི་ངོ་བོས་ཤེས་སམ། དོན་དམ་པར་ཞེས་པ། ཐབས་དང་ཤེས་རབ་དངོས་སམ། དོན་གྱི་ཐབས་དང་ཤེས་རབ་ཀྱི་ཆ་ནས་གཉིས་མེད་ཅེས་ཀྱང་བྱ། ཐབས་ཤེས་སྦྱོར་བའི་རྒྱུད་ཅེས་ཀྱང་བྱ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་ཀྱང་བྱའོ། །ཐབས་ཀྱི་རྒྱུད་དང་ཤེས་རབ་ཀྱི་རྒྱུད་ཅེས་མི་བྱ། ཐབས་ཤེས་དངོས་མ་ཡིན་ཀྱང་བཏགས་པའི་ཐབས་ཤེས་སོ། །དོན་གྱི་ཐབས་ཤེས་མ་ཡིན་ཀྱང༌།


TNT21_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བརྡའི་སྒོ་ནས་མཚོན་པའི་ཐབས་ཤེས་གཉིས་ཀྱི་དབང་དུ་བྱས་ན་རྒྱུད་གཉིས་སུ་འགྱུར། དེ་ཡང་གདུལ་བྱ་གཞན་སྣང་ལ་སྣང་བ་ཡིད་ཀྱིས་སྒོམ་པའི་ལྷ་ཡབ་དེ་ཐབས་སྙིང་རྗེ་དངོས་མ་ཡིན་ཀྱང༌། དེའི་བརྡ་ཡིན་པས་དེར་བཏགས་པ་ཡིན་ནོ། །དེའདྲའི་ལྷ་ཡུམ་དེ་སྟོང་ཉིད་རྟོགས་པའི་ཤེས་རབ་དངོས་མ་ཡིན་ཀྱང་དེའི་བརྡ་ཡིན་པས་དེར་བཏགས་པ་ཡིན་པས་སོ། །མདོར་ན་ཐབས་མི་གཡོ་བ་ནི་ལྷ་ཡབ་ཀྱི་དཀྱིལ་འཁོར་དང་སྔགས་སོགས་གཙོ་བོའམ་གྲོགས་སུ་དགོས་ཀྱང་དེས་བྱ་བ་གཙོ་བོར་མི་བྱེད། འཕྲིན་ལས་གཙོ་བོར་རྣལ་འབྱོར་མའི་སྔགས་རྒྱུད་ཀྱི་བྱེད་པའི་དོན་ཡིན། དེས་གཅིག་ཤོས་ཀྱང་རིགས་འགྲེའོ། །དེ་ལ་བོད་སྔ་ཕྱི་མང་པོས་རང་གང་ལ་གཙོ་བོར་བྱེད་པ་གཉིས་མེད་དུ་བསྒྲུབས། གཞན་རྣམས་ཕྱོགས་རེ་བར་གནས་ན་རང་གི་དེ་གཞན་ལས་མཆོག་ཏུ་འགྲུབ་བོ་སྙམ་ནས་བླ་མེད་ལ་གསུམ་དུ་འབྱེད་པར་སྣང་བ། སྔོན་སྔགས་རྙིང་མ་པའི་རྫོགས་ཆེན་པ་བསྟན་པ་སྔ་དར་གྱི་དུས་ན་ངེས་ཀྱི་རྫོགས་ཆེན་འདི་མདོ་སྔགས་མ་ཡིན་དེ་བས་ལྷག་བྱས་པ། བན་དེ་ཡེ་ཤེས་སྡེས་ལྷག་མཐོང་བ་བསྐྱེད་ཐབས་ཆེན་མོར་བཀག །དེ་ནས་སྔ་དར་ཕྱི་དར་གྱི་མཚམས་ལས་མདོ་སྔགས་གང་དང་བསྟུན་ཡང་མ་ཤེས། མདོ་སྔགས་གཉིས་ཀ་མ་ཡིན་བྱས་ན་ཆོས་མ་ཡིན་པར་སོང་དགོས་ནས། རྫོགས་ཆེན་ཨ་ཏི་ཡོ་ག་ལ་ལོགས་སུ་རྒྱུད་མང་པོ་བསྒྲིགས་ཏེ། མཧཱ་དང་ཨ་ནུ་ལས་


TNT21_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་དུ་གྱུར་པ། ཨ་ཏིའོ་ཟེར། མཧཱ་ཕ་རྒྱུད། ཨ་ནུ་མ་རྒྱུད། ཨ་ཏི་གཉིས་མེད་ཟེར། གསར་མ་བ་བླ་མེད་པ་རྣམས། བདེ་དགྱེས་གསང་འདུས། དུས་འཁོར་གཤེད་སྐོར་ལ་གཙོ་བོར་བྱེད་པ་ཁོ་ན་དར། གཞན་ཚོ་ལ་ཞར་བྱུང་བྱེད་པས། གཞན་རྣམས་གཉིས་མེད་ཕུང་གསུམ་པ་ཡིན་ཟེར་མཁན་མ་བྱུང༌། བདེ་གསང་མཁན་པོས་བདེ་གསང་གཉིས་མེད་ཕུང་གསུམ་ཡིན་ཟེར་མཁན་མ་བྱུང་བར་མངོན། ཀྱཻ་རྡོར་འབྲོག་མི་ལུགས་པ་དང་དུས་འཁོར་བ་མང་པོ་དང༌། རྒྱ་སྟོན་སོགས་གཤེད་སྐོར་བ་འགའ་རེས་དེ་ལྟར་འཆད་མོད། མདོར་ན་ཕུང་གསུམ་པ་མི་སྲིད་པས་དེ་འདྲ་བསྒྲུབ་པ་ངལ་བ་འབའ་ཞིག་ཏུ་ཟད་དེ། མ་རྒྱུད་ཡིན་པས་མི་ཟབ་པ་དང་ངན་པར་འགྲོ་བ་མ་ཡིན། གཉིས་མེད་ཡིན་བྱས་པས་དེ་ལས་ཟབ་པར་འགྲོ་བའང་མ་ཡིན་ཏེ་ཕ་རྒྱུད་ཀྱང་གཉིས་མེད་ཡིན་པ་དང༌། གཉིས་མེད་ཕུང་གསུམ་པ་རི་བོང་རྭ་དང་མཚུངས་པས་སོ། །དེས་ན་རང་གི་བདག་གིར་བྱས་པའི་རྒྱུད་ལ་བསྟོད་པ་བྱས་པ་ཙམ་ཡིན་ཀྱང༌། དོན་ལ་མ་ཞུགས་པས་ཕན་ཡོན་མེད་ཅིང་རྫུན་གྱིས་གཞན་མགོ་བསྐོར་བའི་ཉེས་པ་དང༌། རྒྱུད་སྡེ་གཞན་སྨོད་པའི་ཉེས་པ་མ་བསོགས་ཅིག །དེས་ན་གཞི་བདེན་གཉིས་སམ། ཤེས་བྱ་གཏན་ལ་འབེབས་ཚུལ་དང་གཅིག །འབྲས་བུ་སངས་རྒྱས་པའི་བཞུགས་ཚུལ་གཏན་ལ་འབེབས་པ་དང་གཉིས། ཐབས་ལ་ལམ། མོས་པ།


TNT21_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་གསུམ། ལས་འབྲས་ཀྱི་བླང་དོར་བཞི། བདག་མེད་རྟོགས་པའི་ཤེས་རབ། སྐྱོན་དང་བྲལ་བའི་ཞི་གནས། བརྩེ་བ་སྙིང་རྗེ་ཆེན་པོ་སྨོན་འཇུག་གི་སེམས་བསྐྱེད། སྤྱོད་པ་ཕར་ཕྱིན་སོགས་དང༌། ལམ་ཐུན་མོང་མ་ཡིན་པ། སྨིན་བྱེད་དབང༌། བསྲུང་བྱ་དམ་ཚིག་དངོས་བསྒོམ་བྱ་རྫོགས་རིམ་ཡོངས་རྫོགས་བསྐྱེད་རིམ་གྱི་ངོ་བོ་དང་རིམ་པ་རྣམས་ཀྱིས་སྒོ་ནས་ཕ་མའི་དབྱེ་བ་མེད། ཐམས་ཅད་གཉིས་མེད་ཡིན་པའི་རྒྱུ་མཚན་དེ་ཡིན། བསྐྱེད་རིམ་གྱི་རྣམ་པའི་ཁྱད་པར་དང༌། བསྐྱེད་རིམ་གྱི་ཡན་ལག་སྔགས་དང་འཕྲིན་ལས་ཀྱི་ཁྱད་པར་ལས་ཕ་མ་གཉིས་སུ་འབྱེད་པས་དེ་ལས་ཕུང་གསུམ་པ་མེད་དོ། །དེའི་རིགས་འགྲོས་ལས་སྤྲོས་བཅས་སྤྲོས་མེད་ཀྱི་སྤྱོད་པའི་སྐབས་དང་ཁྱད་པར་ཅུང་ཟད་འབྱུང་ངོ༌། །དངོས་བསྟན་ཚིག་ཟིན་གྱི་དབང་དུ་བྱས་ན། ཕ་རྒྱུད་ལས་མ་རྒྱུད་ཅུང་ཟད་ཟབ། རྒྱུད་སོ་སོ་ལའང་ཟབ་མི་ཟབ་ཡོད། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པའི་ངེས་པ་དང༌། མཐར་ཐུག་གི་དགོངས་དོན་ལ་མཐོ་དམན་མེད། སློབ་དཔོན་སོ་སོར་བྱས་པའི་དགོངས་འགྲེལ་ལ་ཟབ་མི་ཟབ་དང་བཟང་ངན་ཁྱེད་ཤིན་ཏུ་ཆེ། དེས་ན་དོན་དམ་པར་བླ་མེད་ཐམས་ཅད་གཉིས་མེད་ཀྱི་རྒྱུད་ཡིན། ཀུན་རྫོབ་དབྱེ་གསུངས་པ་ཡང༌། བླུན་ངོར་བཟང་བཟང་འདྲ་ཡང་མ་བརྟགས་ཉམས་དགའ་ཙམ་སྟེ། གསང་འདུས་ཀུན་རྫོབ་ཏུ་ཕ་རྒྱུད་དོན་དམ་པར་གཉིས་མེད། བདེ་


TNT21_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཀུན་རྫོབ་ཏུ་མ་རྒྱུད་དོན་དམ་པར་གཉིས་མེད། དུས་འཁོར་སོགས་ཀུན་རྫོབ་དོན་དམ་གཉིས་ཀར་གཉིས་མེད་ཅེས་གསུང་དགོས་པར་གདའ་བ་ལ། དེ་ལྟར་དུ་འཇོག་པའི་རྒྱུ་མཚན་ཤིན་ཏུ་མ་གྲུབ་པའི་ཕྱིར་རོ། །གསུམ་པ་ནི་བཞི་པའི་ཡེ་ཤེས་ལ་དཔྱད་པར་བྱ་སྟེ། རྒྱུད་གང་ལས་མཐར་ཐུག་གི་ལམ་གྱི་གཙོ་བོ་བརྗོད་བྱའི་སྙིང་པོ་བཞི་པར་བྱེད་པ་ལ་བསམ་ན་བླ་མེད་ཐམས་ཅད་དེ་ཡིན་ལ། དེ་མིན་བཞི་པ་དང་དངོས་ཀྱི་མཚན་ཉིད་སྟོན་བྱེད་གསལ་པོ་ཤོ་ལོ་ཀ་རེ་རེ་གཉིས་གཉིས་ཡོད་པས། རྒྱུད་དེ་བཞི་པ་ཙམ་དུ་འདོན་པས་ཀྱང་མ་ཁྱབ་ཅིང༌། དབང་ཆོག་གི་སྐབས་དང་དབང་བཀུར་བ་བཞི་པ་ཟེར་བའི་མིང་འདོགས་གསལ་པོ་མེད་ན་བཞི་པ་རྒྱས་པར་མི་སྟོན་པས་ཀྱང་མ་ཁྱབ་བོ། །དེས་ན་འདུས་པའི་བྱང་ཆུབ་སེམས་ཀྱི་ལེའུས་ལས་ཀྱང་བཞི་པ་རྒྱས་པར་བསྟན་པ་ཡིན་ལ། བདེ་མཆོག་ཡང་དབང་པོ་གང་དང་སོགས་དང༌། སྔགས་བཟླས་པ་དང་སོགས། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་སོགས་དང༌། འཕེལ་འགྲིབ་སྤངས་པས་གནས་པ་ཡིན། །སོགས་ཀྱིས་ཀྱང་བཞི་པ་གསལ་བར་བསྟན་ཅིང༌། དེ་བཞིན་དུ་གཤིན་རྗེ་གཤེད་དམར་ནག་སོགས་ལས་ཀྱང་སྟེ་བཤད་རྒྱུད་རྣམས་ལས་སྨོས་ཅི་དགོས། འོན་ཀྱང་དུས་ཀྱི་འཁོར་ལོ་ལ་ལྟོས་ན་དེ་དག་ཤིན་ཏུ་མི་འགལ་ཚུལ་བ་ལ་དགོངས་སོ། །དེས་ན་འདིར་དབང་བཞི་པའི་ཡེ་ཤེས་གོ་ཆོད་པ་དེ་དུས་འཁོར་དང་སེམས་འགྲེལ་སྐོར་གསུམ་གྱིས་འཆད་པ་


TNT21_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། རྒྱུད་ཐམས་ཅད་ཀྱི་དགོངས་པའང་དེ་ཡིན། དགོངས་འགྲེལ་མཁན་པོ་གྲུབ་ཆེན་གཞན་རྣམས་ཀྱིས་དགོངས་པའི་གནད་དང་མི་འགལ་ལོ། །བཞི་པ་ཆོ་གས་བསྐུར་བ། བརྡ་ཐབས་ཡིན་པས་གང་ལྟར་བྱས་ཀྱང་འདྲ་བ་ཞིག་ཡོད། དངོས་ལ་འཁྲུལ་བ་འཕགས་ཡུལ་དུ་མང་དུ་བྱུང༌། བོད་དུ་ཡང་མང༌། ལམ་འབྲས་ཀྱི་རྡོ་རྗེའི་རྦ་རླབས་ཀྱང་དབང་པོ་གཉིས་སྐྱེས་བཞི་པར་འདོད་པའི་ལུགས་ཡིན། མངོན་རྟོགས་ལྗོན་ཤིང་ན་དབང་པོ་གཉིས་སྐྱེས་བཞི་བར་འདོད་པ་ལ་དགག་པ་ཡང་མང་པོ་མཛད་ཀྱང༌། རང་ལུགས་སྟོང་ཉིད་དུ་ངོ་འཕྲོད་པའི་དབང་པོ་གཉིས་སྐྱེས་ལ་ཀ་ངོས་འཛིན་ཅིང༌། དེའི་ཡས་བབ་ཀྱང་བཞི་པ་ཡིན་པས་ནི་འདོད་ལ་མས་བརྟན་གཙོ་བོར་མཛད་དོ། །བོ་དོང་པ་ཡང་ལམ་འབྲས་ཀྱི་མཐར་ཐུག་ཏུ་མཛད། བོད་ཕྱི་མ་ནི། དབང་པོ་གཉིས་སྐྱེས་ཀྱི་བདེ་སྟོང་བཞི་པར་བྱེད་པ་རྒྱུད་སྤྱིའི་དགོངས་པ་ཡིན་ལ། སྟོང་གཟུགས་ཕྱག་ཆེན་གྱིས་དྲངས་པའི་ཞུ་བདེ་བཞི་པར་བྱེད་པ་དུས་འཁོར་གྱི་ལུགས་ཡིན། གཉིས་པོ་ལུགས་ཐ་དད་ཡིན་པས་མི་འགལ་ཟེར་ཡང༌། སྔ་མ་མི་འཐད་ལ། ལུགས་ཐ་དད་ཡིན་པ་ཡང་མི་འཐད་ཅིང༌། འཐད་ན་བཞི་སྒོ་གཉིས་སུ་ཐལ་བ་བཟློག་ཏུ་མེད་ལ། ཕྱི་མ་ཡང་སྟོང་གཟུགས་ཡིད་ངོར་ཤར་བའི་འཁྲུལ་སྣང་དུ་འདོད་པ་དང༌། མི་འགྱུར་བདེ་བའི་རྟེན་ཐིག་ལེ་བེམ་ཆོས་སོགས་ཆོས་སྐད་བསིལ་ན་ནོར་པ་ཤིན་ཏུ་


TNT21_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། རྗེས་དཔག་གི་རྩིས་ཟིན་པ་དགོས་ཚུལ་སོགས་གྲུབ་མཐའི་སྐྱོན་དང༌། སྟོང་གཟུགས་དང་བདེ་ཆེན་ངོ་བོ་ངོས་མ་ཟིན་ཅིང་སྦྱོར་ཚུལ་རྣམས་ལ་སྤྱི་མ་ཤར་བ་དུ་མ་ཡོད་དོ། །སྒོམ་ཆེན་པ་གཞན་མང་དག་དང༌། བཀའ་བརྒྱུད་པ་རྣམས་སྟོང་པ་ཕྱལ་ཡུལ་ལ་བཞི་པར་ངོས་འཛིན་པས་ཕལ་ཆེར་གྱིས་བཞི་པའི་དོན་མ་རྟོགས་ལ། བཞི་པའི་དོན་ལ། ཇོ་ནང་པ་དང༌། བུ་སྟོན་སོགས་དང༌། དེ་ཡན་ཆད་ཀྱི་དུས་འཁོར་བ་རྣམས་ལ་གནད་མ་ནོར་བ་དེ་ཡོད་དེ་ཞིབ་ཏུ་ཞལ་ལས་ཤེས་སོ། །གསུམ་པ་རྒྱུད་སྡེ་འཆད་ཚུལ་གྱི་མན་ངག་བསྟན་པ་ལ་ལྔ། བསྡུས་པའི་དོན་འཆད་ཚུལ་དང༌། རྡོ་རྗེའི་ཚིག་བཤད་ཐབས། རྒྱུད་བཤད་པའི་དགོས་པ། འཆད་དུས་ཀྱི་བྱ་བའི་རིམ་པ། ལེགས་པར་བཤད་པའི་ཕན་ཡོན་ནོ། །དང་པོ་ནི། རྒྱུད་ཀྱི་གནས་ལྔ་གང་ཞེ་ན་སྡོམ་ནི། ལས་རིམ་དངོས་གྲུབ་དམ་ཚིག་སྡོམ། །ཏིང་འཛིན་རྒྱུད་ཀྱི་སྦྱོར་བའོ། །ལས་ཀྱི་རིམ་པ་ནི་དཔག་ཏུ་མེད་དེ། ཆེ་ལོང་ཆེ་ལོང་བསྡུས་པ་ནི། དེ་ཉིད་བཅུ་ཕྱི་ཡི་དང༌། གསང་བའི་དེ་ཉིད་བཅུའོ། །ཡང་བཅུ་གཅིག་སྟེ། སྡོམ་ནི། ས་ཆོག་སྒྲུབ་དང་མཆོད་པ་དང༌། །སྦྱིན་སྲེག་དབང་བསྐུར་རབ་གནས་དང༌། །ཡོ་བྱད་དཀྱིལ་འཁོར་མཚན་ཉིད་དང༌། །ཚོགས་འཁོར་བསྙེན་པ་ལས་ཚོགས་སོ། །ཡོ་བྱད་ནི། རྡོ་རྗེ་


TNT21_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དྲིལ་བུ་དང༌། ཕྱག་མཚན་དང༌། རྒྱན་དང་དེ་དག་ལ་སོགས་པའོ། །དཀྱིལ་འཁོར་གྱི་མཚན་ཉིད་བྲི་བ་དང༌། སླད་པ་དང་ལུས་དང༌། བསམ་གཏན་ནོ། །སྔགས་ཀྱི་སྟོབས་ལས་བསོད་ནམས་འཕེལ་ཚུལ་དང༌། བདེ་བས་སྟོང་པ་རྟོགས་པའི་ཚུལ་མཆོག་དང༌། བདེ་དང་མྱུར་དང་ཐབས་མཁས་ཁྱད་པར་དང༌། །བསླབ་གསུམ་ཉོན་མོངས་ལམ་སྤྱོད་འབྲས་བུ་ཚུལ། །དམིགས་པས་དམ་ཚིག་རྒྱུད་གཞན་བསྐུལ་བ་ཡིས། །ལམ་འདི་ཁྱད་པར་འཕགས་པར་ཀུན་གྱིས་བཤད། །བཅུ་གཅིག་པོ་འདི་གཞན་ལ་ཡོད་མ་ཡིན། །འདི་གཉིས་བྱང་ཆུབ་མཆོག་ལ་ཁྱད་པར་མེད། །ཞེས་པ་འདི་བསྡུ་བའི་ཚིགས་སུ་བཅད་པའོ། །གཉིས་པ་ནི། རྣལ་འབྱོར་བླ་ན་མེད་པ་ལ་ནི་རྒྱུད་བདུན་དང༌། དེའི་གཏམ་གྱི་སྦྱོར་བ་ལ་ནི་སྔོན་བྱུང་དང་རྗེས་འཇུག་དང༌། རྒྱུད་འགའ་ཞིག་ལ་ནི། ཕྱི་ནང་གསང་བ་དེ་བཞིན་ནང༌། །དེ་བཞིན་ཉིད་དོན་རྣམ་པ་བཞི། །ཞེས་དང༌། ཕྱི་དང་ནང་དང༌། གཞན་དང༌། རྟོན་པ་བཞིར་བཤད་པ་དག་གོ །ཤིན་ཏུ་སྦས་པའི་རྒྱུད་ལ་ནི་ཚུལ་བཞིའོ། །མཐའ་དྲུག་ནི་ཐམས་ཅད་ལ་སྟེ། ངེས་པ་དང་དྲང་དོན་ལ་ལྷག་མ་བཞི་བཞིས་ཕྱེ་བས་བརྒྱད་དོ། །དེ་བཞིན་དུ་གཞན་ལ་ཡང་སྟེ་ཉི་ཤུ་རྩ་བཞི་ཡོད་དོ། །ཚུལ་བཞིར་འཆད་པ་མེད་པ་ལ་ནི་ཚོགས་དང་སློབ་མའི་དབྱེ་བ་མེད་དོ། །ཡི་གེ་གསང་ཆེན་དུ་བཤད་པ་ནི་ཡི་གེའི་དོན་མ་ཡིན་ཞེས་ཁོ་བོས་


TNT21_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲའོ། །ཚིག་གཅིག་ལ་དོན་གཅིག་གམ་གཉིས་སུ་སྟོན་པ་ནི་མཐའ་དྲུག་དང། དོན་རྣམ་གྲངས་དུ་མ་ནི་ཚུལ་བཞིས་འཆད་དོ། །དེ་ཡང་མཐའ་གཅིག་ཏུ་ནི་མ་ཡིན་ཏེ། སྤྱིའི་དོན་དུ་གསུམ་མམ་བཞི་ལ་སོགས་པར་བཤད་པ་ཡང་ཡོད་དེ། དེ་དག་རྒྱུད་གསུམ་གྱི་སྒོ་ནས་བཤད་པ་ལ་སོགས་པ་མན་ངག་ཡོད་པར་ཡང་འདོད་དོ། །གསུམ་པ་ནི། གལ་ཏེ་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པར་འདོད་པས་རྒྱུད་མཉན་པར་བྱའོ། །བཞི་པ་ནི། དེ་ལ་སློབ་དཔོན་དང་སློབ་མའི་མཚན་ཉིད་ཤེས་པས་བརྟགས་ནས་བླངས་ལ་དབང་བསྐུར་བ་ནོད་པར་བྱའོ། །དམ་ཚིག་དང་སྡོམ་པ་ལ་གནས་པས། རིམ་པ་གཉིས་ལ་ཞིབ་མོར་མཁས་པར་བྱས་ལ་རྒྱུད་ཉན་ནོ། །བསྲུང་བའི་འཁོར་ལོ་ཡང་སྒོམ་པ་དང༌། གཏོར་མ་ཡང་སྦྱིན་པ་དང༌། ཐམས་ཅད་དཀྱིལ་འཁོར་དུ་བལྟས་ལ་སློབ་དཔོན་རྡོ་རྗེ་སེམས་དཔའ་ལ་ཡོན་དང༌། མཎྜལ་བྱས་ལ། སྔོན་བྱུང་ཇི་ལྟ་བར་སྒོམ་པ་ནི། སློབ་དཔོན་དང་སློན་མ་གཉིས་ཀས་སོ། །ལུས་དང༌། ངག་དང༌། སེམས་ཀྱི་སྐྱོན་བཅུ་གཅིག་སྤངས་ཏེ། དེ་དག་གང་ཞེ་ན། ཉལ་བ་ལ་སོགས་པ་ལུས་ཀྱི་གནས་ངན་ལེན་དང༌། རྩེད་མོ་དང༌། ཀྱལ་ཀ་དང༌། ཞེ་སྡང་བའི་བརྒལ་ལན་དང༌། ཅ་ཅོ་དང༌། ཧ་ཅང་རྟོག་གེ་ལ་དགའ་བས་གཏན་ཚིགས་དང༌། ཐལ་འགྱུར་གྱི་རྣམ་བཞག་ཐལ་བ་དང༌། མན་ངག་


TNT21_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང༌། རྫུན་གྱི་མན་ངག་དང༌། མ་སྨིན་པའི་སྐྱེ་བོས་ཐོས་པ་དང༌། འགྲན་པ་དང༌། རྙེད་པའི་སེམས་སོ། །གཞན་ཡང་སྨྲ་བའི་རྒྱན་དང་ལྡན་པས་བརྗོད་པར་བྱའོ། །ལྔ་པ་ནི་རྣལ་འབྱོར་ལ་མི་གཡོ་བས་འཆད་པ་དང༌། མཉན་པ་ལ་ནི་རྡོ་རྗེ་འཛིན་པ་རྣམས་ལྷག་པར་ཡང་གཟིགས་སོ། །འདིའི་དགེ་བ་ཡང༌། སྐྱེ་བ་འདི་ཁོ་ན་ལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་འགྲོ་བ་ལ་ཕན་པའི་རྒྱུར་བསྔོའོ། །རྒྱུད་སྡེ་སྤྱིའི་རྣམ་པར་གཞག་པའི་སྙིང་པོ་ཙམ་འདི་ནི། སྡེ་སྣོད་གསུམ་དང་རྒྱུད་སྡེ་མཐའ་དག་གི་དྲང་ངེས་མ་ནོར་བར་འཆད་པ་དང་རྩོད་པ་དང༌། རྩོམ་པ་དང༌། དེ་དག་གི་དོན་བསམ་པ་དང་སྒོམ་པའི་དོན་ལ་ཚད་མའི་སྐྱེས་བུར་གྱུར་པ་རིགས་བརྒྱའི་བདག་པོ་རྡོ་རྗེ་འཆང་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་ཏཱ་ར་ནཱ་ཐ་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་གསུང་ལས་སློབ་མ་འགའ་ཞིག་གིས་ཟིན་བྲིས་སུ་བྱས་པའོ། །དར་རྒྱས་འཕེལ། གཅིག་ཞུས་དག་གོ །བཀྲ་ཤིས་དགྲ་དང་འཇིགས་པ་ཀུན་ལས་བརྒལ། །རྣམ་པར་གཟིགས་ནི་གཟི་བརྗིད་ཆེ། །རྫུ་འཕྲུལ་ངོ་བོ་གཙུག་ཏོར་རོ། །ཐམས་ཅད་སྐྱོབ་པའི་ཤེས་རབ་དང༌། །ལོག་དང་སེལ་བའི་སྟོབས་ཉིད་དང༌། །གསེར་སྡུག་ལ་ནི་བསླབ་པ་དང༌། །འོད་བསྲུང་གི་ནི་ཡོན་ཏན་དང༌། །ཤཱཀྱ་ཐུབ་པའི་བརྩོན་འགྲུས་ཀྱི། །བདག་ནི་རྟག་ཏུ་བདེ་བར་ཤོག། བཀྲ་ཤིས།།


no previousརྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་བསྟན་པའི་ནོར་རྫས།next