Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
འཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་འགྲེལ་པ་རྣམས་ཀྱི་ལུགས་སུ་སྦྱར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་འགྲེལ་པ་རྣམས་ཀྱི་ལུགས་སུ་སྦྱར་བ།next

འཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་འགྲེལ་པ་རྣམས་ཀྱི་ལུགས་སུ་སྦྱར་བ།


TNT21_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་འགྲེལ་པ་རྣམས་ཀྱི་ལུགས་སུ་སྦྱར་བ་བཞུགས།


TNT21_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཏཱ་ར་ཡེ། རྡོ་རྗེ་སློབ་དཔོན་མགོན་བྱས་ལྷ་མོའི་ཚོགས། །ནམ་ཡང་གཙུག་གི་རྒྱན་དུ་བཞུགས་གྱུར་ཅིག །ལེགས་བཤད་མཆོག་ཏུ་སྤེལ་བར་སྤྲོ་བ་ལ། །ཕྱི་ནང་གེགས་དང་བར་ཆད་ཞི་བར་མཛོད། །འདིར་སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་སྙིང་པོར་གྲགས་པ་མཚན་ངེས་པ་འདི་ལ། སློབ་དཔོན་ཆེན་པོ་མར་མེ་མཛད་དཔལ་ཡེ་ཤེས་ཀྱི་བཞེད་པའི་ཕྱག་འཚལ་ཉེར་གཅིག་དང་སྦྱོར་བར་མཛད་པ་ཡིན་པ་ལས། ཨ་ཏཱི་ཤ་ཉིད་ཀྱིས་རྒྱུད་འགྲེལ་རྒྱས་པར་མདོར་བསྡུས་སུ་སྦྱར་བར་མཛད་པ། འགྲེལ་པ་གཞན་དང་བླ་མའི་གསུང་འགྲོས་ཀྱིས་རྒྱས་པར་ཕྱེ་བ་ནི་འདི་ཡིན་ཏེ། དེ་ལ་ཕྱག་འཚལ་ཉེར་གཅིག་གི་དོན་བཤད་པ། མཚན་ངེས་པ་དང་སྦྱར་བ། མཚན་གྱི་གྲངས་བསྟན་པ་སྟེ་གསུམ་ལས། དང་པོ་ནི། འདིར་འབྲུ་འགྲེལ་དུ་བརྗོད་ན་ཡང་མང་བར་འགྱུར་བས་སྙིང་པོར་གྲིལ་ཏེ་བརྗོད་པར་བྱའོ། །དེ་ཡང་ཤློ་ཀ་དང་པོ་ལ། སྒྲོལ་མ་ཞེས་པ་ནི། སེམས་ཅན་འཁོར་བ་ལས་སྒྲོལ་བར་ནུས་པའི་ཡོན་ཏན་ནོ། །མྱུར་མ་ནི་སྙིང་


TNT21_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའོ། །དཔའ་བོ་ནི་ཡེ་ཤེས་ཀྱིས་སྒྲིབ་གཉིས་བཅོམ་པའི་ཕྱིར་དཔའ་བ་སྟེ་མཁྱེན་པའོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་བ་ཞེས་པ་ནི་ཇི་སྙེད་པ་གཟིགས་པ་ཡིན་ལ། འཇིག་རྟེན་གསུམ་མགོན་ཆོས་ཀྱི་སྐུ། དེ་ལས་བྱུང་བ་ནི་གཟུགས་ཀྱི་སྐུའོ། །དེ་ལྟར་སྒྲ་ཇི་བཞིན་པ་མ་ཡིན་པས་འབྲས་བུ་བསྟན་ལ། སྒྲ་ཇི་བཞིན་པ་ནི། འཁོར་བ་ལས་སྒྲོལ་བ་དང༌། འཕྲིན་ལས་མྱུར་བ་དང༌། འཇིགས་པ་ལས་སྐྱོབ་པ་དང༌། སྤྱན་གཡོ་བ་དང༌། སྤྱན་རས་གཟིགས་ཀྱི་ཞལ་རས་ལས་འཁྲུངས་པ་རྣམས་བསྟན་ཏེ། གཉིས་པའི་དོན་ནི། སྟོན་ཀའི་ཟླ་བའི་བརྡས་བྱང་ཆུབ་ཀྱི་སེམས་ཡིན་པས། ནོར་བུ་ནས་སྤྱི་བོའི་བར་གང་བ་བརྩེགས་པ་དང༌། རྩ་ཕྲན་ཐམས་ཅད་ཐིག་ལེ་སྐར་མའི་ཚུལ་གྱིས་ཡོངས་སུ་གང་བ་སྟེ། སྒྲ་ཇི་བཞིན་པ་ནི། སྐུ་མདོག་དཀར་པོ་འོད་ཟེར་དཀར་པོ་འཕྲོ་བའོ། །གསུམ་པའི་དོན་ནི། ཆུ་སྐྱེས་ནི་གསང་བའི་པདྨ་དང༌། ཕྱག་གི་སྒྲས་ཐབས་ཀྱི་རྡོ་རྗེའོ། །ཐབས་ཤེས་མཉམ་པར་སྦྱོར་བ་ལས། བྱང་ཆུབ་ཀྱི་སེམས་འཕོ་བ་མེད་པ་ཚུལ་


TNT21_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་དང༌། བདེ་བ་ལ་རྩེ་གཅིག་ཏུ་གནས་པས་བསམ་གཏན། དེ་གཉིས་ཀྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཤེས་རབ་དང༌། དེ་ལས་ནམ་ཡང་མི་འདའ་བ་བརྩོན་འགྲུས་དང༌། ཡེ་ཤེས་དེའི་ངོ་བོར་བདེ་སྡུག་མཉམ་པ་ཉིད་དུ་བཟོད་པ་དང༌། བདག་ཏུ་ལྟ་བ་བཟློག་པའི་ཕྱིར་བདག་གིར་འཛིན་པ་ཡོངས་སུ་བཏང་བའི་སྦྱིན་པའོ། །དེ་ལ་དཀའ་ཐུབ་ནི་ཚུལ་ཁྲིམས་དང༌། ཞི་བ་ནི་ཤེས་རབ་བོ། སྒྲ་ཇི་བཞིན་པ་ནི། གསེར་གྱི་ཡུ་བ་ཅན་གྱི་པདྨ་སྔོན་པོ་ཕྱག་ན་བསྣམས་པ་དང༌། ཕར་ཕྱིན་དྲུག་རྫོགས་པའོ། །བཞི་པའི་དོན་ནི། དེ་བཞིན་གཤེགས་པ་སྟེ། ཕུང་པོ་ལྔ་ཡི་དྭངས་མ་གཙུག་ཏོར་དུ་ཡོངས་སུ་ཐིམ་པས་ཁུ་རྡུལ་རླུང་གི་ཚོགས་པ་ཞིག་པའི་ཕྱིར། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལས་རྣམ་པར་རྒྱལ་བས། དེས་ནི་སངས་རྒྱས་ཀྱི་སྐུ་བརྙེས་པའི་ཕྱིར་རྒྱལ་སྲས་ཆེན་པོས་ཀྱང་མཆོད་པའོ། །རྒྱལ་སྲས་ཀྱི་སྒྲས་སྐྱེ་མཆེད་ཀྱི་རླུང་དང་ཁམས་རྣམས་འོད་གསལ་དུ་འཇུག་པའོ། །སྒྲ་ཇི་བཞིན་པ་ནི། སངས་རྒྱས་ཀྱི་གཙུག་ཏོར་ལས་འཁྲུངས་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པས་བྱང་སེམས་འཕགས་པ་རྣམས་ཀྱིས་མཆོད་པའོ། །ལྔ་པའི་དོན་ནི། ཏུཏྟ་ར་ནི་གདུང་བ་མ་སྟེ། སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ལ་གདུང་བའོ། །ཧཱུྃ་གི་ཡི་གེ་ནི། མི་ཤིགས་པའི་སྒྲ་དང༌། འདོད་པ་ནི་གསང་བའི་འཁོར་ལོ་དང༌། ཕྱོགས་ཏེ་དབུ་མའི་ནང་ཁྱབ་པ་དང༌། ནམ་མཁའ་གང་


TNT21_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་སྒྲ་རྣམས་བརྗོད་བྲལ་དུ་གྱུར་པའོ། །རྩ་འཁོར་ལོ་ལྔ་མེ་རླུང་གི་འཁོར་ལོ་སྟེ་འཇིག་རྟེན་བདུན་ཀུན་དས་གང་ཞིང་གནོན་པ་དང༌། དཀར་ཆ་གསང་བ་ནས་སྤྱི་བོའི་བར་དུ་འགུགས་པའོ། །སྒྲ་ཇི་བཞིན་པ་ནི། སྔགས་ཀྱི་སྒྲས་འདོད་ཁམས་སོགས་ཁམས་གསུམ་གང་བ་དང༌། འཇིག་རྟེན་བདུན་པོ་དབང་དུ་འདུས་པས་ལྷ་ཆེན་པོ་སོགས་འགྲོ་བ་ཐམས་ཅད་འགུགས་ཤིང་དབང་དུ་མཛད་པའོ། །དྲུག་པའི་དོན་ནི། བརྒྱ་བྱིན་ས་ཁམས་དང་ཚངས་པ་དག་བྱེད་ཆུ་ཁམས་དང༌། མེ་ལྷ་མེ་ཁམས་དང༌། རླུང་ལྷ་རླུང་ཁམས་དང༌། སྣ་ཚོགས་དབང་ཕྱུག་སྟེ་ལྷ་ཆེན་པོ་ནི་ནམ་མཁའི་ཁམས་ལྔ་པོ་རྣམས་ཀྱི་དྭངས་མ་འཁོར་ལོ་སོ་སོའི་ལྟེ་བའི་ཐིག་ལེར་ཐིམ་པར་བྱེད་པའི་ཕྱིར་མཆོད་པའོ། །འབྱུང་པོ་རྩ་རོ་ལངས་ནི་ཐིག་ལེ། དྲི་ཟ་ནི་རླུང༌། གནོད་སྦྱིན་ནི་རྣམ་པར་རྟོག་པ་སྟེ། དེ་དག་ཀྱང་ཐིག་ལེར་ཐིམ་ཞིང་འགགས་པའོ། །སྒྲ་ཇི་བཞིན་པ་ནི། ལྷ་ཆེན་པོ་རྣམས་དང་འབྱུང་པོ་ཐམས་ཅད་ཀྱིས་མཆོད་ཅིང་བསྟོད་པའོ། །བདུན་པའི་དོན་ནི། ཏྲཊ་ནི་དྲ་ལའི་དོན་དང༌། ཕཊ་ནི་འགགས་པར་བྱེད་པའི་དོན་ཏེ། རིམ་པ་ཇི་བཞིན་དུ་ཐ་མལ་བའི་ལུས་དང་རྣམ་རྟོག་འཇོམས་པའོ། །དོན་དམ་པའི་དབྱིངས་ལས་ཕ་རོལ་ཏུ་གྱུར་བའི་ལས་ཉོན་གྱི་འཁྲུལ་འཁོར་སྟེ། འཁོར་བའི་ལས་རླུང་སོགས་བསྡུས་ཏེ་དེ་བཅོམ་པ་དང༌། གཡས་བསྐུམ་གཡོན་བརྐྱང་ནི། རོ་མ་དང་རྐྱང་མ་སྟེ། སྟེང་དང་འོག་ཏུ་ཁ་བལྟས་པའི་ཕྱིར་རོ། །དེ་གཉིས་དབུ་མའི་


TNT21_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ཀྱིས་མནན་པ་སྟེ། དེ་གཉིས་ཀྱིས་རྒྱུ་བ་དབུ་མར་འགགས་པའོ། །དེ་ལས་གཏུམ་མོ་འབར་བ་དང༌། དེས་བྱང་ཆུབ་ཀྱི་སེམས་འབབས་ཅིང་འཁྲུགས་པ་དང༌། དེ་ལས་ཀྱང་གཏུམ་མོ་ཆེར་འབར་ཞིང་འཛག་པ་སོགས་ཏེ། ཐིག་ལེ་འབར་འཛག་གིས་བསྒྲོད་པའི་ལུས་དག་པར་བྱེད་པའོ། །སྒྲ་ཇི་བཞིན་པ་ནི། རིགས་སྔགས་ཀྱིས་གཞན་གྱི་བྱད་མ་བཟློག་པ་དང༌། དྲག་མོའི་སྐུ་མ་འབར་ཞིང་གཡོན་བརྐྱང་སོགས་སྟང་སྟབས་སྣ་ཚོགས་པས་དགྲ་བགེགས་འཇོམས་པའོ། །བརྒྱད་པའི་དོན་ནི། ཏུ་རེ་ནི་མྱུར་མ་སྟེ་མྱུར་དུ་དངོས་གྲུབ་ཐོབ་པའོ། །བདུད་འཇོམས་པ་ནི་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པའོ། ཁྲོ་གཉེར་སོགས་ནི་དྲག་པོའི་ཆས་སུ་ཞུགས་པ་ཡིན་ལ། དགྲ་བོ་ནི་ཉོན་མོངས་པ་སྟེ། སྒྲིབ་པ་མ་ལུས་པ་བཅོམ་ཞིང་གསོད་པའོ། །འཇིགས་པ་ཆེན་པོ་ནི་ཟབ་མོའི་གནད་འདི་ལ་མུ་སྟེགས་དང་ཉན་ཐོས་སོགས་སྐྲད་པའོ། །སྒྲ་ཇི་བཞིན་པ་ནི། སྔགས་ཀྱི་སྒྲས་འབྱུང་པོ་འཇིགས་པར་བྱེད་པ་དང༌། ཁྲོ་མོའི་སྐུར་བསྟན་ཏེ་བདུད་ཀྱི་དམག་དཔོན་སྒྲུབ་པ་པོའི་དགྲ་རྣམས་གསོད་པའོ། །དགུ་པའི་དོན་ནི། རཏྣའི་སྒྲ་ནི་དྲི་མ་མེད་པའི་དོན་ཏེ་དེ་གསུམ་ནི་ལུས་ངག་ཡིད་གསུམ་གྱི་རང་བཞིན་རྣམ་པར་དག་པའོ། །དེས་མཚོན་པར་བྱེད་པ་ནི་ཁུ་རྡུལ་རླུང་གསུམ་སྟེ། དེ་རྣམས་སྙིང་ཁའི་ཐིག་ལེར་ཡོངས་སུ་བཅིངས་པ་ནི། ཕྱག་རྒྱའི་སོར་མོ་སྙིང་གར་བཀོད་པའི་དོན་ནོ། །དེ་ལས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་ཚེ་སྐུའི་འོད་ཟེར་


TNT21_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཕྱོགས་ཐམས་ཅད་ཁྱབ་པའོ། །སྒྲ་ཇི་བཞིན་པ་ནི། དཀོན་མཆོག་གསུམ་མཚོན་པ་སོར་མོ་གསུམ་བསྒྲད་བའི་ཕྱག་རྒྱ་ཐུགས་ཀར་བཀོད་ཅིང་འོད་ཟེར་ཕྱོགས་བཅུར་འཕྲོ་བའོ། །བཅུ་པའི་དོན་ནི། རབ་ཏུ་དགའ་བ་ནི་ལྷན་ཅིག་སྐྱེས་དགའ་ཡིན་ལ། ནོར་བུར་བྱང་ཆུབ་ཀྱི་སེམས་བསྟན་པས་རྒྱས་པ་ནི་སྤྱི་བོར་མས་བརྟན་པའི་ལྷན་སྐྱེས་དབུ་རྒྱན་གྱི་འོད་འཕྲེང་སྤེལ་བའི་དོན་ནོ། །བཞད་པ་རབ་བཞད་ནི་དགའ་བའི་སྒྲ། གདུང་བ་མ་ནི། དེ་ལས་ཡེ་ཤེས་ལྔ་ཐོབ་པར་འགྱུར་ཞེས་པ་ལྟར་ཡེ་ཤེས་ལྔའོ། །བདུད་ནི་ཆགས་རྟོགས་ཡིན་ལ་འཇིག་རྟེན་ནི་ལུས་ངག་ཡིད་གསུམ་སྟེ། དེ་རྣམས་བདེ་ཆེན་དབང་དུ་བྱས་པའོ། །སྒྲ་ཇི་བཞིན་པ་ནི། དབུ་རྒྱན་གྱི་འོད་ཀྱིས་དགའ་བ་བསྐྱེད་པ་དང༌། བཞད་ཅིང་སྔགས་ཀྱི་སྒྲས། འགྲོ་བ་གཞན་རྣམས་དབང་དུ་བྱེད་པའི་བདུད་ཀྱང་དབང་དུ་བྱེད་པ་སྟེ་བྲན་དུ་བྱེད་པའོ། །བཅུ་གཅིག་པའི་དོན་ནི། ས་གཞི་སྐྱོང་བ་ནི་གསང་བའི་པདྨོར་གནས་པའི་བྱང་ཆུབ་ཀྱི་སེམས་མས་བརྟན་གྱི་རིམ་པས་སྤྱི་བོར་འགུག་པར་བྱེད་པ་སྟེ། ཁྲོ་གཉེར་གཡོ་བ་དང་ཧཱུྃ་གིས་སྒྲས་ནི་ལུས་ངག་གི་འདྲེན་ནོ། །འཕོངས་པ་ནི་ཐ་མལ་པའི་འདོད་ཆགས་ཀྱི་སྲེད་པའོ། །སྒྲ་ཇི་བཞིན་པ་ནི། རྒྱལ་པོ་རྣམས་དབང་དུ་བྱེད་ཅིང་འགུགས་ལ། ཁྲོ་མོའི་རིགས་སྔགས་ཀྱིས་དབུལ་བ་སེལ་བའོ། །བཅུ་གཉིས་པའི་དོན་ནི། ཟླ་བའི་དུམ་བུ་ནི་བྱང་ཆུབ་ཀྱི་སེམས་སྤྱི་བོར་བརྟན་པའོ། །འོད་དཔག་


TNT21_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནི་དམར་ཆའི་དྭངས་མ་སྟེ་རལ་བའི་ཁྲོད་གནས་ན་སྤྱི་བོ་ནས་ནོར་བུའི་བར་དུ་མར་བརྟན་པའོ། །དེ་ལྟར་དཀར་དམར་གྱི་འགྲོས་ཐིམ་པའི་མ་དག་པའི་ལུས་འོད་ལུས་སུ་བྱེད་པ་ནི། འོད་རབ་མཛེས་པའི་དོན་ནོ། །སྒྲ་ཇི་བཞིན་པ་ནི། ཟླ་བ་ཕྱེད་པ་འོད་འཕྲོ་བ་དང་འོད་དཔག་མེད་ཀྱི་དབུ་བརྒྱན་ཅན་ནོ། །བཅུ་གསུམ་པའི་དོན་ནི། གཡས་བརྐྱང་གཡོན་བསྐུམ་པ་སྟེ། རོ་རྐྱང་ཉི་ཟླའི་རླུང་ངམ་སྲོག་དང་ཐུར་སེལ་དབུ་མའི་ཐིག་ལེར་བཅིངས་པ། དེ་ལས་གཏུམ་མོའི་སྣང་བ་ཕྱོགས་མེད་དུ་འབར་བ་དང༌། དེའི་དབུས་སུ་དཀྱིལ་འཁོར་གྱི་འཁོར་ལོ་སྣང་བ་དང༌། དགྲ་བོ་སྟེ་རླུང་འཕོ་བ་བཅུ་གཉིས་འཛེམ་པའོ། །སྒྲ་ཇི་བཞིན་པ་ནི། མེ་དཔུང་འབར་བའི་དབུས་ན་བཞུགས་པ་དང༌། དྲག་པོའི་སྟང་སྟབས་ཀྱིས་དགྲ་བོ་གནོན་པའོ། །བཅུ་བཞི་པའི་དོན་ནི། ས་གཞིའི་ངོས་ནི་ལྟེ་བ་སྟེ། དེར་མུན་པའི་རླུང་གཏུམ་མོའི་སྣང་བའི་འོད་ཀྱིས་ཕུག་ཅིང་གཞོམ་མེད་ཀྱི་སྒྲ་དང༌། རྣམ་རྟོག་ལ་ཁྲོས་པའི་ཡེ་ཤེས་ཀྱིས་རྣམ་ཤེས་རིམ་པ་བདུན་འཇོམས་པའོ། །སྒྲ་ཇི་བཞིན་པ་ནི། ས་གཞི་ལ་ཞབས་བརྡབས་པས། ས་འོག་བདུན་གྱི་ལྷ་དང་ཀླུ་དང་ལྷ་མ་ཡིན་རྣམས་སྐྲག་པར་བྱེད་པའོ། །བཅོ་ལྔ་པའི་དོན་ནི། མྱ་ངན་འདས་ཞི་ནི། ཆོས་དབྱིངས་ཡེ་ཤེས་བདེ་བ་མ་ནི་སོར་རྟོག་ཡེ་ཤེས། དགེ་བ་མ་ནི་མེ་ལོང་ཡེ་ཤེས། ཞི་བ་ནི་མཉམ་ཉིད་ཡེ་ཤེས། སྡིག་པ་ཆེན་པོ་འཇོམས་པ་ནི་བྱ་གྲུབ་ཡེ་ཤེས་དེའི་ཁྱད་པར་སྭཱཧཱ་དང༌། ཨོཾ་


TNT21_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་ལ་སོགས་སྔགས་ཀྱི་སྒྲ་དུ་མས་ཀྱང་སེམས་ཅན་གྱི་དོན་བྱེད་པའོ། །སྒྲ་ཇི་བཞིན་པ་ནི། འགྲོ་བ་རྣམས་ལ་ཚེ་འདིའི་བདེ་བ་དང་ཕ་རོལ་གྱི་དགེ་བ་སྩོལ་བར་མཛད་ཅིང༌། སྡུག་བསྔལ་ཐམས་ཅད་ཞི་བར་མཛད་པ་དང༌། མྱ་ངན་ལས་འདས་པའི་ས་རང་ཉིད་ཀྱིས་ཀྱང་བརྙེས་ནས་གཞན་ཡང་དེ་ལ་འགོད་པར་མཛད་པ་དང༌། སྔགས་ཀྱི་མཐུས་སྡིག་པ་འབྲས་བུ་དང་བཅས་པ་འཇོམས་པའོ། །བཅུ་དྲུག་པའི་དོན་ནི། ཡི་གེ་བཅུ་ནི་རླུང་བཅུ་ཡིན་ལ། དེ་རྣམས་མི་ཤིགས་པར་ཐིམ་པ་ནི་ཧཱུྃ་ངོ༌། །རབ་ཏུ་དགའ་བའི་བསྐོར་བ་ནི་ལུས་ཐམས་ཅད་བདེ་བ་ཆེན་པོའི་འོད་ཟེར་གྱིས་ཁྱབ་པའོ། །སྒྲ་ཇི་བཞིན་པ་ནི། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བས་དགྲ་རྣམས་འཇོམས་པ་དང༌། ཧཱུྃ་ལས་འཁྲུངས་པའི་སྐུ་ཡི་གེ་བཅུ་པའི་སྒྲ་སྒྲོག་པའོ། །བཅུ་བདུན་པའི་དོན་ནི། རི་རབ་ཀྱི་སྒྲས་ཚངས་པའི་རུས་པའི་དབྱུག་གུ། མན་ད་ར་དང་འབིགས་བྱེད་ཀྱི་སྒྲས་ཀུན་འདར་མ་དང་ཡིད་བཟང་མའོ། །དེ་རྣམས་གཡོ་བ་ནི་ཐིག་ལེ་དང༌། རླུང་གིས་གང་བའི་འདར་བ་དང༌། ཞབས་བརྡབས་པའི་སྒྲས། རྩ་ཁ་ག་གཱ་ན་དང་རྩ་ན་ར་ན་སི་མཉམ་པར་སྦྱོར་བར་བསྟན་ནོ། །ཧཱུྃ་གི་རྣམ་པའི་ས་བོན་ནི་ཡི་གེའི་ས་བོན་ཅེས་བསྒྱུར་ཏེ། ཧཱུྃ་གི་སྒྲ་དང་བཅས་ཏེ་བྱང་ཆུབ་སེམས་གྱེན་དུ་གཤེགས་པའི་དོན་ནི། སྒྲ་ཇི་བཞིན་པ་ནི། ལྷ་མོ་མྱུར་མས། ཧཱུྃ་ཞེས་ཞབས་བརྡབས་པས་ས་གཡོ་ཞིང་འཇིག་རྟེན་གསུམ་བསྐྱོད་པའོ། །བཅོ་བརྒྱད་


TNT21_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནི། ལྷ་ནི་ལུས་ལས་བྱུང་བ་སྟེ། ལྷན་ཅིག་སྐྱེས་པའི་དགའ་མའོ། །དེའི་ཆུ་མཚོ་ལས་བྱུང་བའི་རི་དྭགས་རྟགས་ཅན་ཏེ་ཟླ་བ་ནི་གསལ་ཞིང་དྲི་མ་མེད་པའི་ཕྱིར་སྟོང་ཉིད་རྟོགས་པའི་ཡེ་ཤེས་སོ། །ཧ་ར་ནི་འཕྲོག་པ་སྟེ། གཞན་གྱི་ལས་ཀྱི་སྒྲིབ་པ་འཕྲོག་པར་སྟོན་པ་དང༌། ཕཊ་ནི་དག་པ་སྟེ། རང་ཉིད་ཀྱི་ཉོན་མོངས་པ་འཇོམས་པའོ། །དུག་ནི་ཉོན་མོངས་པ་སྟེ་དེ་སེལ་བའོ། །སྒྲ་ཇི་བཞིན་པ་ནི། ལྷའི་མཚོ་ལས་བྱུང་བའི་མེ་ཏོག་ཀུན་ད་དང་ཟླ་བ་བཅས་པ་ཕྱག་ན་བསྣམས་ཤིང་སྔགས་ཀྱིས་དུག་སེལ་བའོ། །བཅུ་དགུ་པའི་དོན་ནི། ལྷའི་ཚོགས་ནི། ལུས་ལ་གནད་དུ་བསྣུན་པ་ལས་འབྱུང་བའི་ཕྱིར་ཡེ་ཤེས་ཀྱི་སྐུའོ། །དེ་ནི་སྲིད་པ་གསུམ་གྱིས་མཆོད་པ་བྱ་བའི་ཕྱིར་ལྷ་དང་མིའམ་ཅིའི་བསྟེན་མའོ། །དེའི་རྒྱུ་ཡང་བྱང་ཆུབ་ཀྱི་སེམས་འཆིང་བའི་གོ་ཆའི་བཟི་བརྗིད་ཀྱིས། རྩོད་པ་སྟེ་ཉམས་པའི་ཆགས་བྲལ་དང༌། རྨི་ལམ་ངན་པ་སྟེ་འཁྲུལ་བའི་བདེ་བ་རྣམས་ལྷ་སྐུས་འཇོམས་པའོ། །སྒྲ་ཇི་བཞིན་པ་ནི། ལྷའི་རྒྱལ་པོ་སོགས་ཀྱིས་བཏུད་པ་དང༌། གོ་ཆའི་ཕྱག་རྒྱའི་གཟི་བརྗིད་ཀྱི་རྩོད་པ་དང་རྨི་ལམ་ངན་པ་སོགས་སེལ་བའོ། །ཉི་ཤུ་པའི་དོན་ནི། ཉི་ཟླ་སྟེ། དཀར་དམར་གྱི་དྭངས་མས་ཡོངས་སུ་གང་བའི་སྤྱན་ཏེ་དབུ་མའི་སྟེང་འོག་གི་སྣེ་གཉིས་སོ། །དེ་ལས་ཡེ་ཤེས་གསལ་བའི་ཕྱིར་འོད་རབ་གསལ་བའོ། །ཏཱ་ར་གཉིས་ནི་སྒྲོལ་བའི་དོན་ཏེ། བདེ་


TNT21_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གིས་སྲིད་འདས་གཉིས་ཀྱི་མཐའ་ལས་སྒྲོལ་བའོ། །གདུང་བས་རིམས་ནད་སེལ་བ་ནི། ཀ་རི་ནཱ་སྣ་ཚོགས་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་འཇོག་པའོ། །སྒྲ་ཇི་བཞིན་པ་ནི། ཉི་ཟླའི་འོད་ལྟར་གསལ་བའི་སྤྱན་དང༌། སྔགས་ཀྱིས་རིམས་ནད་སེལ་བའོ། །ཉེར་གཅིག་པའི་དོན་ནི། དེ་ཉིད་གསུམ་ནི་རྣམ་ཐར་སྒོ་གསུམ། ཞུ་བའི་མཐུ་ནི། ཆོས་ཀྱི་སྐུའི་ནུས་མཐུ་འཕྲིན་ལས་ལྷུན་འགྲུབ་རྒྱུན་མི་འཆད་པའོ། །གདོན་ནི་རྩའི་ཚོགས། རོ་ལངས་དང་གནོད་སྦྱིན་གོང་བཞིན་ཏེ། ཐ་མལ་གྱི་ལུས་ཀྱི་ཚོགས་པ་དག་པ་དང༌། དེ་ཉིད་གསུམ་མངོན་དུ་བྱས་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་པ་དུས་མཉམ་པར་སྟོན་ནོ། །སྒྲ་ཇི་བཞིན་པ་ནི། ཡི་གེ་འབྲུ་གསུམ་གྱི་སྔགས་བཀོད་པས། གདོན་ལ་སོགས་པ་འཇོམས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་པའོ། །གཉིས་པ་ནི་དེ་ནས་བཅོམ་ལྡན་འདས་མ་ཞེས་པ་ནས། བདེ་བ་ཆེན་མོའོ། །ཞེས་པའི་བར་ལ། བཅོམ་ལྡན་འདས་མ་ཞེས་པས་འབྲས་བུའི་རྒྱུད་དང༌། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་མ་ཞེས་པས་དབང་གི་སྨིན་པ་སྟེ་རང་བཞིན་གྱི་རྒྱུད་དང༌། ལས་ཐམས་ཅད་


TNT21_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་བྱེད་པ་ཞེས་པས། སྔགས་ཀྱི་འཕྲིན་ལས་སམ། ཆོ་གའམ་བྱ་བ་སྟེ་ཐབས་སམ་གཞིའི་རྒྱུད་དང༌། རྒྱུད་ཀུན་གྱི་དབང་ཕྱུག་མ་ཞེས་པས། སེམས་ཉིད་རང་བཞིན་འབྲས་བུའི་རྒྱུད་གསུམ་གར་ངོ་བོ་དབྱེ་བ་མེད་པར་བསྟན་པ་སྟེ། དེ་རྣམས་ནི་མདོར་བསྟན་པ་ཡིན་ལ། ཅུང་ཟད་རྒྱས་པར་བཤད་པ་ལ། མཚན་ལྷག་མ་རྣམས་ཕྱག་འཚལ་ཉེར་གཅིག་དང་སྦྱོར་ཏེ། སྒྲོལ་མ་ཞེས་པ་ནི། སེམས་ཅན་འཁོར་བ་ལས་སྒྲོལ་བ་སྟེ། ཚིགས་སུ་བཅད་པ་དང་པོས་རྒྱས་པར་བཤད་དོ། །ཟླ་བའི་བདེ་མ་ཞེས་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་བདེ་མ་སྟེ། གཉིས་པས་བཤད་དོ། །ངོ་མཚར་བདེ་མ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བདེ་བའི་རྫོགས་པ་སྟེ། གསུམ་པས་བཤད་དོ། །ཕུང་པོའི་བདག་མོ་སྐྱེ་མཆེད་ཀྱི་བདག་མོར་གྱུར་བ་ཞེས་པ་ནི། ཕུང་ཁམས་སྐྱེ་མཆེད་འོད་གསལ་དུ་ཞུགས་པའི་དོན་ཏེ། བཞི་བས་བཤད་དོ། །གདུང་མ་ཞེས་པ་ནི། ཏུཏྟཱ་རེའི་སྒྲ་ཐོག་མར་སྨོས་པ་སྟེ། ལྔ་པས་བཤད་དོ། །རྡོ་རྗེ་ཅོད་པན་ལྔ་དང་ལྡན་པ་ནི་ཁམས་ལྔའི་དྭངས་མ་འཁོར་ལོ་ལྔའི་ཅོད་པན་དུ་བཅིངས་པ་དང༌། འབྱུང་བ་རྣམས་རབ་ཏུ་ཐོབ་པ་ཞེས་པ་ནི། ཁམས་ཕྲ་བའི་འབྱུང་བ་རྣམས་འོད་གསལ་དུ་བསྡུ་བ་སྟེ་དྲུག་པས་བཤད་དོ། །དག་བྱེད་ཅེས་པ་ཐ་མལ་གྱི་ལུས་དག་པ་དང༌། དག་བྱེད་ཆེན་མོ་ནི། དག་པར་བྱེད་པ་འབར་འཛག་གི་ཡེ་ཤེས་ཏེ། དེ་ནི་བདུན་པས་བཤད་དོ། །མྱུར་བ་མ་ཞེས་པ་ནི། ཏུ་རེའི་སྒྲ་ཐོག་མར་སྨོས་པ་སྟེ།


TNT21_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པས་བཤད་དོ། །སྐུ་དང་གསུང་དང་ཐུགས་ཀྱི་གདོད་མ་ཞེས་པ་ནི། ཁུ་རྡུལ་རླུང་གསུམ་གྱི་ཚོགས་རགས་པ་འགགས་པ་ལས་ཡེ་ཤེས་ཀྱིས་སྐུ་འགྲུབ་པ་སྟེ། དགུས་པས་བསྟན་ཏོ། །ཡེ་ཤེས་ལྔས་བརྒྱན་པ་མ་ཞེས་པ་ནི། ཤེས་རབ་ལ་རྗེས་ཆགས་ཀྱི་ཡེ་ཤེས་ལྔ་སྐྱེས་པ་སྟེ། བཅུ་པས་བསྟན་ཏོ། །འདོད་པ་ཐམས་ཅད་རབ་ཏུ་སྦྱིན་མ་ཞེས་པ་ནི་མས་བརྟན་ལྷན་སྐྱེས་ཀྱིས་འདོད་པའི་དངོས་གྲུབ་སྦྱིན་པ་སྟེ། བཅུ་གཅིག་པས་བཤད་དོ། །རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་ཞེས་པ་ལ། རྡོ་རྗེ་ནི་དབྱེར་མེད་པ་མི་ཕྱེད་ཅིང་བརྟན་པ་རྣལ་འབྱོར་ནི་སྦྱོར་བ་སྟེ་དཀར་དམར་གྱི་འགྲོས་ཁ་སྦྱོར་དེས་མ་དག་པའི་ལུས་བསྒྱུར་བར་བྱེད་བའི་ཕྱིར་ཆེན་མོའོ། །དེ་ནི་བཅུ་གཉིས་པས་བཤད་དོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་གཏུམ་མོའི་སྣང་བ་ལས་བྱུང་བའི་དཀྱིལ་འཁོར་ཏེ་བཅུ་གསུམ་པས་བཤད་དོ། །རྣམ་པར་ཤེས་པ་ཡོངས་སུ་དག་མ་ཞེས་པ་ནི། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་འགྱུར་པ་སྟེ། བཅུ་བཞི་པས་བཤད་དོ། །ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ་ཞེས་པ་ནི། འབྲས་དུས་ཀྱི་ཡེ་ཤེས་ལྔ་སྟེ། བཅོ་ལྔ་པས་བཤད་དོ། །ཡི་གེ་བཅུའི་སྒྲ་སྒྲོག་པ་ནི་རླུང་བཅུ་དག་པ་དང༌། སྒྲ་སྒྲོག་དགྱེས་མ་ནི། མི་ཤིགས་པའི་སྒྲས་བདེ་བ་བསྐྱེད་མ་སྟེ། བཅུ་དྲུག་པས་བཤད་དོ། །དྲི་མ་མེད་པ་ཞེས་པ་ནི་རྩ་དང་རླུང་དང་ཐིག་ལེ་ཡེ་ཤེས་རྒྱས་པས་གསལ་ཞིང་དྭངས་པ། ཤིན་ཏུ་ཕྲ་བ་ནི་རྩ་གཉིས་མཉམ་པར་སྦྱོར་བ། གསང་


TNT21_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆེན་མོ་ནི་ཧཱུྃ། དེ་ནི་བཅུ་བདུན་པས་བཤད་དོ། །ཡུལ་དང་བྲལ་བའི་རང་བཞིན་ཞེས་པ་ནི། ཡུལ་ཡུལ་ཅན་དབྱེར་མེད་པའི་རང་བཞིན་སྟོང་ཉིད་དེ། བཅོ་བརྒྱད་པས་བཤད་དོ། །རྡུལ་དང་བྲལ་བ་ནི། རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་དང༌། མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས་པ་ཞེས་པ་ནི། ཡེ་ཤེས་ཀྱི་སྐུའི་ཁྱད་པར་ཏེ། བཅུ་དགུ་པས་བཤད་དོ། །ཕྲ་ཞིང་བདེ་བ་ནི། དཀར་དམར་གྱི་བྱང་ཆུབ་ཀྱི་སེམས་དབུ་མར་གང་ཞིང་བརྟན་པས་བདེ་བ། ཡེ་ཤེས་སྙིང་པོ་ནི་འོད་གསལ་བདེ་སྟོང་གི་སྲིད་འདས་ལས་སྒྲོལ་བའི་ཕྱི་ནག་བདེ་བ་ཆེན་མོའོ། །དེ་ནི་ཉི་ཤུ་པས་སྟོན་ཏེ། རྡོ་རྗེ་མ་ཞེས་པ་ལ། རྡོ་རྗེ་ནི་སྟོང་པ་ཉིད་དེ་རྣམ་ཐར་སྒོ་གསུམ་མོ། །དམ་ཚིག་སྒྲོལ་མ་ནི། སེམས་ཅན་རྣམས་ཀྱི་དམ་ཚིག་གིས་སེམས་ཅན་འཁོར་བ་ལས་སྒྲོལ་བ་སྟེ། ཆོས་སྐུའི་འཕྲིན་ལས་སོ། །དེ་ནི་ཉེར་གཅིག་པས་བསྟན་ཏོ། །གསུམ་པ་ནི། མཚན་ངེས་པ་འདི་ཉིད་ཀྱི་གླེགས་བམ་ལོགས་སུ་བཞུགས་པ་རྣམས་ལ་མཚན་ཉེར་བརྒྱད་པ་ཞེས་ཡོངས་སུ་གྲགས་སོ། །གྲུབ་ཆེན་ཞི་བའི་ཞབས་ཀྱི་མན་ངག་ལ་མཚན་ཉིད་ཤུ་རྩ་བརྒྱད་ཀྱི་གྲངས་ངེས་པ་མེད་པར་བཞེད་པ་ཉིད་བདེ་བར་མངོན་ལ། སློབ་དཔོན་མིའི་ཉི་མའི་ཞལ་སྔ་ནས་ནི། མཚན་སུམ་ཅུ་རྩ་ལྔར་བཞེད་དོ། །མཚན་ངེས་པའི་གཞུང་དགོས་ཀྱི་འབྲེལ་བ་ལ། སློབ་དཔོན་དམ་པ་གང་བའི་རྡོ་རྗེ་དང༌། ཕ་རོ་པཉྩས་མཛད་པ་དང༌།


TNT21_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་མཛད་དཔལ་གྱིས་མཛད་པའི་རྒྱུད་འགྲེལ་ཆེན་མོ་རྣམས་མཐུན་པར་ཉི་ཤུ་རྩ་བརྒྱད་དུ་བཤད་དོ། །དེ་ཡང་མཚན་ཉི་ཤུ་རྩ་གཅིག་ནི། ཕྱག་འཚལ་ཉེར་གཅིག་དང་སྦྱར་བའི་དབྱེ་བསྡུ་གོང་ལྟར་སྟེ། ཉེར་གཅིག་གི་སྟེང་དུ། བཅོམ་ལྡན་འདས་མ་ཆེན་མོ་ཞེས་པ་དང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་མཆོག་ཅེས་པ་དང༌། དེ་བཞིན་གཤེགས་པ་དང༌། རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་རིགས་ཐམས་ཅད་ཀྱི་བདག་པོ་ཞེས་པ་དང༌། རྒྱུ་བ་དང་མི་རྒྱུ་བའི་བྱེད་པོ་ཞེས་པ་དང༌། བསྟན་པ་དང་གཡོ་བའི་རང་བཞིན་ཞེས་པ་དང༌། གསང་བ་ལས་ཀྱང་ཆེས་ཤིན་ཏུ་གསང་བ་ཞེས་པ་དང༌། གསང་བ་ཆེན་མོའི་དབང་ཕྱུག་མ་ཞེས་པ་སྟེ་བདུན་བསྣན་པའི་ཉེར་བརྒྱད་དུ་མཛད་དོ། །གྲུབ་ཆེན་ཞི་བའི་ཞབས་ཀྱིས་བཞེད་པ་ནི། འོག་གི་སུམ་ཅུ་རྩ་ལྔ་དང་བདུན་པོ་དེ་རྣམས་དང་འདིར་ཡང་དམ་ཚིག་སྒྲོལ་མ་ཞེས་འབྱུང་བ་བསྣན་པས་བཞི་བཅུ་ཞེ་གསུམ་དུ་མཛད་པའོ། ཁ་ཅིག་རིགས་ལྔ་པོ་སོ་སོའི་བདག་པོ་ཡང་མཚན་རེ་རེར་བགྲངས་ཏེ། ཞེ་བདུན་དུ་བྱེད་པའི་ལུགས་དང༌། གསང་བ་དང༌། ཆེས་གསང་བ་དང༌། ཤིན་ཏུ་གསང་བ་ཞེས་ཕྱེ་བ་དང༌། གསང་བ་ཆེན་མོ་དང༌། དབང་ཕྱུག་མ་སོ་སོར་ཕྲལ་བས་ལྔ་བཅུར་བཤད་པའི་ལུགས་ཀྱང་ཡོད་གསུངས་སོ། །རྡོ་རྗེ་ཅོད་པན་ལྔ་དང་ལྡན་ཞེས་བྱ་བའི་ཚིག་མེད་པ་ཡི་གེའི་སྐྱོན་ཡིན་གསུངས་སོ། །དེ་དག་ནི་མཚན་ངེས་པའི་འགྲེལ་བ་དང༌། ཨ་ཏི་


TNT21_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭའི་རྒྱུད་ཀྱི་འགྲེལ་པ་ལས་བྱུང་བ་རྣམས་སྦྱོར་ཞིང་གོང་སྤྲོས་ཏེ་བླ་མ་དམ་པའི་གསུང་ངག་གིས་ཉེ་བར་བརྒྱན་པའོ། །ད་ནི་དེའི་འཕྲོས་དོན་ཙམ་དུ། སློབ་དཔོན་མིའི་ཉི་མའི་འགྲེལ་པ་ལྟར་བཤད་ན། ཕྱག་འཚལ་ཉེར་གཅིག་དང་མི་སྦྱོར་བར། སྒྲ་ཇི་བཞིན་པའི་བཤད་པ་མཛད་དེ། བཅོམ་ལྡན་འདས་མ་ཆེན་མོ་ཞེས་པ་ནས་དབང་ཕྱུག་མས་ཞེས་པའི་བར་དུ་ནི། བཅོམ་ལྡན་འདས་མའི་ཆེ་བའམ། དེ་ནས་ཕྱུང་ངོ་ཞེས་པའི་བར་གྱིས་མཚན་འདི་རྣམས་སྔགས་སུ་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་མ་ཞེས་སོགས་ནི་མཚན་དངོས་སོ། །དེ་སྐད་ཅེས་བཀའ་སྩལ་ཏོ། །ཞེས་པ་ནི་མཚན་བཤད་ཟིན་པའི་ཚིག་གོ །དེ་ལ་དེ་ནས་ཞེས་བྱ་བ་ནི་རྩ་རྒྱུད་གསུངས་པའི་རྗེས་ཐོག་དེ་ནས་སོ། །ཆེན་མོ་ཞེས་པ་ནི། སངས་རྒྱས་ཐམས་ཅད་བསྐྱེད་པར་བྱས་པས་སོ། །དེ་བཞིན་གཤེགས་པ་དང༌། ཞེས་པ་ལ་སོགས་པ་ནི་རིགས་ལྔ་ཅན་གྱི་ཡུམ་ཡིན་པས་སོ། །རྒྱུ་དང་མི་རྒྱུ་བའི་དབྱེ་བ་སྟོང་པ་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་རྒྱུའི་དོན་ཡིན་ལ། བརྟན་པ་དང་གཡོ་བའི་རང་བཞིན་ནི་ཤེས་རབ་སྟོང་ཉིད་བརྟན་གཡོ་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་ཉིད་ཀྱི་དོན་ནོ། །གསང་བ་ནི་ཟབ་པའི་དོན་དེ། འཇིག་རྟེན་པ་རྣམས་དང་ཐེག་པ་དམན་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི་ཕྱིར། གསང་བ་སོགས་སོ། །ཕྱུང་ངོ་ཞེས་པའི་དོན་ནི་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་མ་ནི་སྤྱི་དང་མཐུན། སྒྲོལ་མ་


TNT21_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པའང་གོང་དང་འདྲ། རྡོ་རྗེ་མ་ནི་འོད་གསལ་བ། དམ་ཚིག་སྒྲོལ་མ་ནི། རང་གི་དམ་ཚིག་ཁོ་ནས་སེམས་ཅན་འཁོར་བ་ལས་སྒྲོལ་བའོ། །རྡོ་རྗེ་རྣལ་འབྱོར་མ་ཆེན་མོ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཡེ་ཤེས་ལྔས་བརྒྱན་པ་ནི། ཆོས་དབྱིངས་ཡེ་ཤེས་སོགས་དང་ལྡན་པ། རྡོ་རྗེ་ཅོད་པན་ལྔ་དང་ལྡན་ཞེས་པ་ནི་རིགས་ལྔའི་དབུ་རྒྱན་པ། སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་མ་ནི། སྒྲོལ་མ་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་མར་དབང་བསྐུར་བའོ། །ཡེ་ཤེས་དཀྱིལ་འཁོར་ནི་སྟོབས་བཅུ་ལ་སོགས་པའོ། །ཟླ་བའི་བདེ་མ་ནི། སེམས་ཅན་རྣམས་ཀྱི་ལས་ཉོན་གྱི་ཚ་གདུང་ཞི་བར་མཛད་པའོ། །ངོ་མཚར་བདེ་མ་ནི་ཟག་མེད་ཀྱི་བདེ་བའི་ཡེ་ཤེས་སོ། །སྐུ་དང་གསུང་དང་ཐུགས་ཀྱི་འདོད་མ་ནི། སངས་རྒྱས་རྣམས་ཀྱི་རྡོ་རྗེ་གསུམ་བདེ་བའི་ཡེ་ཤེས་སུ་མཛད་པའོ། །ཕུང་པོ་དང་སྐྱེ་མཆེད་ཀྱི་བདག་མོ་ནི། དེ་དག་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སོ། །འབྱུང་བ་རྣམས་རབ་ཏུ་ཐོབ་པ་ནི་ཁམས་བརྒྱད་ཀྱི་དྭངས་མའི་སྐུ་སྐྱེ་ན་གར་ཡང་ཕྱིན་པའོ། །ཡུལ་དང་བྲལ་བ་ནི་གོང་དང་འདྲ། རྒྱུད་ཀུན་གྱི་དབང་ཕྱུག་མ་ནི། སྔགས་དང་རྒྱུད་ཀྱི་སྦྱོར་བ་མཐའ་དག་གསུང་བ་པོའི་དོན་ནོ། །ཡེ་ཤེས་རྣམ་པ་ལྔས་བྱང་ཆུབ་པ་ནི། མངོན་པར་བྱང་ཆུབ་པ་ལྔས་


TNT21_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཉེས་པའོ། །རྡུལ་དང་བྲལ་བ་ནི་རྣམ་རྟོག་སྤངས་པ། དྲི་མ་མེད་པ་ནི། སྒྲིབ་པ་སྤངས་པ། གསང་སྔགས་ཆེན་མོ་ནི་རང་གཞན་མཚན་རྟོག་ལས་སྐྱོབ་པ། ཤིན་ཏུ་ཕྲ་བ་ནི་ཆོས་ཀྱི་དབྱིངས་རྟོགས་དཀའ་བ། མཚན་དཔེའི་སྤྲས་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་དག་བྱེད་དང༌། དག་བྱེད་ཆེན་མོ་ནི་སྤྲུལ་པའི་སྐུ་སྟེ་སེམས་ཅན་རྣམས་ཀྱི་འཁོར་བ་དང་ཞི་བའི་མཐའ་དག་པར་བྱེད་པའོ། །ལས་ཐམས་ཅད་འགྲུབ་པར་བྱེད་པ་ནི། སྒྲོལ་མའི་རིགས་སྔགས་ཀྱིས་ཞི་སོགས་ཐམས་ཅད་འགྲུབ་པར་བྱེད་པའོ། །འདོད་པ་ཐམས་ཅད་ནི་དངོས་གྲུབ་ཐམས་ཅད་དོ། །ཡི་གེ་བཅུའི་སྒྲ་སྒྲོག་པ་ནི་སྔགས་སོ། །སྒྲ་སྒྲོག་དགྱེས་མ་ཞེས་པ་ནི། སྒྲ་སྒྲོག་ནི་ཧེ་རུ་ཀའི་མཚན་ནོ། །གདུང་མ་དང༌། མྱུར་མ་དང༌། རྣམ་ཤེས་ཡོངས་སུ་དག་པ་སོགས་གོང་བཞིན་ནོ། །རང་བཞིན་མི་འགྱུར་བའི་ཕྱིར་ཕྲ་བ། དེ་ཉིད་བདེ་བ་དང་ཡེ་ཤེས་ཀྱི་སྙིང་པོའི་ན་དེའི་ཕྱིར་བདེ་བ་ཆེན་མོའོ་ཞེས་སྦྱར་བར་བྱའོ། །མཚན་ངེས་པའི་གླེགས་བམ་ལོགས་སུ་བྱས་པ་ལ། མཚན་ངེས་པ་ཞེས་བྱ་བ་སྟོང་ཕྲག་བཅུ་གཉིས་པ་ལས་ཕྱུང་བ་ཞེས་འབྱུང་བ་ནི། གཉིས་ལྡན་གྱི་རྒྱུད་ལས་ཕྱུང་བའི་དོན་ཏེ། ཁྲི་ཉིས་སྟོང་པ་དང༌། བསྡུས་རྒྱུད་གཉིས་ཀར་དུ་ཡོད་པ་ཡིན་པས་མི་འགལ་


TNT21_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེ་ལ་འདི་ནི་སོགས་བྲིས་པ་ཡི་གེ་པའི་སྐྱོན་ནོ། །ཞེས་གསུངས་པ་ལྟར་རོ། །གྲུབ་ཆེན་ཞི་བའི་ཞབས་ཀྱི་མན་ངག་གི་བཤད་པ་རྣམས་ནི་གཞན་དུ་འབྲི་བར་བྱའོ། །རྒྱུད་ཀྱི་སྙིང་པོར་གྱུར་པ་མཚན་གྱི་གཞུང༌། །རྒྱ་གར་མཁས་པས་ཚིག་དོན་ཞིབ་འཆད་པ། །མིའི་ཉི་མའི་ལུགས་བཞིན་བློ་དམན་ལ། །མདོར་བསྡུས་ཚུལ་གྱིས་ལེགས་པར་བཤད་པ་བྱས། །མཚན་གཞུང་རྩ་བའི་རྒྱུད་དུ་བཞག་ནས་ནི། །ཕྱོགས་བཅུ་རྒྱལ་བའི་བསྟོད་པའི་ཕྱག་འཚལ་རྒྱུད། །བཤད་པའི་རྒྱུད་དུ་སྦྱར་བའི་ལེགས་བཤད་འདི། །བློ་གྲོས་མཆོག་རྣམས་དགའ་བ་བསྐྱེད་པར་མཛོད། །ཤིན་ཏུ་ཟབ་མོའི་དོན་ལ་མོས་པ་ལ། །མཆོག་གྱུར་དམ་པའི་བཤད་པ་གཞན་དུ་སྟེ། །ལེགས་བཤད་སྦྱར་བ་འདིས་ཀྱང་སེམས་ཅན་རྣམས། །བླ་མེད་བྱང་ཆུབ་མཆོག་ལ་འཁོད་པར་ཤོག །ཅེས་པ་མཚན་ངེས་པའི་བཤད་སྦྱར་འདི་ཉིད་ཀྱང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་པ་སྣྲོན་ཟླ་བའི་ཡར་ཚེས་གཉིས་ལ་སྦྱར་བའོ།། །། དགེའོ། །གཡུ་ལོ་བཀོད་པའི་ཞིང༌། །འཕགས་མ་བཞུགས་པའི་གནས། །ང་ཚོ་ཕྱི་མའི་དུས། །དེ་རུ་སྐྱེ་སྨོན་འདེབས། །འདི་ཡང་མ་ཏིས་སོ།། །།


previousའཕགས་མ་སྒྲོལ་མའི་མཚན་ངེས་པའི་ཊཱིཀྐ་འགྲེལ་པ་རྣམས་ཀྱི་ལུགས་སུ་སྦྱར་བ།next