Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
རྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ཀླག་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ཀླག་ཆོགnext

རྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ཀླག་ཆོག


TNT21_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ཀླག་ཆོག་བཞུགས།


TNT21_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། དཔལ་ཧེ་རུ་ཀས་བྱིན་གྱིས་རློབས་ཤིག །དཔལ་ལྡན་ནག་མོ་རེ་མ་ཏི། ཉམས་པའི་སྲོག་རྩ་དམར་པོ་གཟིར་བ། ཞེས་བྱ་བའི་སྒྲུབ་ཐབས་ལས་བྱུང་བའི་མན་ངག་ལ། གཞུང་ནས་མི་གསལ་བའི་མན་ངག་ལག་ལེན་ཁ་འགེངས་དགོས་རྣམས། མཁའ་འགྲོ་ཆེན་མོའི་ལུགས་ལྟར་བྱེད་པ་དང༌། ཉི་མ་སྨོད་རྒྱུད་ཀྱི་ལུགས་བཞིན་བྱེད་པའི་སྲོལ་གཉིས་ཀ་ཡོད། དང་པོ་ནི། མཁའ་འགྲོ་ཆེན་མོའི་སྒྲུབ་ཐབས་སུ་བཤད་ཟིན་པ་ལྟར་ལ་འདོད་པ་སྤོས་པས་ཁྱབ། གཉིས་པའི་དབང་དུ་བྱས་ནས། རང་ཉིད་བཅོམ་ལྡན་འདས་ཁྲོ་བོ་གཤིན་རྗེ་གཤེད་པོའི་བདག་བསྐྱེད་སྔོན་དུ་བཏང༌། མཆོད་གཏོར་བཤམས། བགེགས་བསྐྲད། མཆོད་པ་བྱིན་རླབས་བྱ། མདུན་བསྐྱེད་བསངས་སྦྱངས་མི་དམིགས་ཏེ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་


TNT21_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡཾ་ལས་རླུང༌། རཾ་ལས་མེ། བཾ་ལས་རཀྟའི་རྒྱ་མཚོའི་མཐའ་བྲག་རིས་བསྐོར་བ། དབུས་སུ་རྡོ་རྗེའི་ས་གཞི་ལ་བྷྲུཾ་ལས་ཐོད་པ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །བྷྲུཾ་བི་ཤྭ་བི་ཤུདྡྷཻ་ཀ་པ་ལ་བྷྲུཾ། དེའི་དབུས་སུ་ཨེ་ལས་སྨུག་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་རོ། །གཉིས་པ་ཧཱུཾ་དེའི་དབུས་སུ་སྲིན་པོའི་བོང་བུ་ཀ་དམར་རླུང་གི་གཤོག་པ་ཅན། མཇུག་མའི་ཕྱོགས་སུ་མིག་ཡོད་པ། ཞིང་ཆེན་གྱི་ལིང་ག་དང་བཅས་པའོ། །དེའི་སྟེང་དུ་བྷྱོཿཡིག་ནག་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་ནུས་མཐུ་ཐམས་ཅད་ཚུར་བསྡུས་ཏེ་བྷྱོཿཡིག་ལ་ཐིམ། ཨོཾ་དེ་བཱི་མཧཱ་ཀཱ་ལི་ཧཱུཾ། དེ་ལས་དཔལ་ལྡན་གཉན་གྱི་རེ་མ་ཏཱི་སྐུ་མདོག་མཐིང་ནག །ཞལ་གཅིག་ཕྱག་


TNT21_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྤྱན་གསུམ་པ་གཡས་རལ་གྲི་མེ་འབར་བ་འཕྱར་ཞིང༌། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ་མཆེ་བ་གཙིགས་ཤིང་འཇིགས་སུ་རུང་བའི་སྒྲ་སྒྲོག་པ། རལ་པ་མུན་པ་ལྟར་གཏིབས་པ། སྟག་ལྤགས་ཀྱི་སྨད་དཀྲིས་ཅན་རེ་ལྡཻའི་ཤམ་བུ་དང༌། ཞིང་ལྤགས་དང་གླང་ལྤགས་སྦྱར་བའི་སྟོད་གཡོགས་གསོལ་བ། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་གྱི་རྒྱན་ཅན། དུར་ཁྲོད་ཀྱི་ཆས་རྫོགས་པ། ལྟེ་བ་ནས་ཉི་མ་དང༌། སྤྱི་གཙུག་ནས་ཟླ་བ་འཆར་བ། སྲིན་པོའི་བོང་བུ་གྭ་དམར་ལ་ཆིབས་ཤིང༌། མེ་རླུང་འཚུབ་མའི་དབུས་ན་གནས་པའོ། །འཁོར་བདུད་མོ་ནག་མོ་འབུམ་སྡེ་ཐམས་ཅད་ཀྱང་གྲི་གུག་དང་ཐོད་ཁྲག་འཛིན་པའོ། །དེའི་ཐུགས་ཀར་ཡང་ཡི་གེ་བྷྱོ་ཡིག་གོ །ཐུགས་ཁའི་བྷྱོཿལས་བྷྱོཿཡིག་མང་པོ་སྤྲོས་ཏེ་བདུད་མོ་འབུམ་སྡེར་གྱུར། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས། སྲོག་བདག་ཆེན་མོ་བཛྲ་ས་མཱ་ཛཿ ནག་མོ་ཏིང་ལཾ་མ་མ་དུན་བྷྱོཿ ཛཿཧཱུཾ་བཾ་ཧོཿ ནག་མོ་དུན་བྷྱོཿདུན་བྷྱོཿ ཞེས་སྤྱན་དྲངས་ཤིང༌། གཉིས་སུ་མེད་པར་ཐིམ། ནག་མོ་རག་མོ་དུན་ཏིང་མ་མ་ན་མཿཨ་ཨ་ཧི། ཞེས་པས་ཕྱག་འཚལ། ཏྲག་རག་ཤ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྟ་ལྷན། བཞུགས་སུ་གསོལ། བྷྱོ། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི། ལྷ་མོ་ཆེན་པོ་ནམ་གྲུ་མ། །རྫོང་མོ་ཆེན་མོ་དཀའ་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིས་པ་ཀུན་གྱི་དུང་བྱེད་མ། །དུར་ཁྲཽད་འབར་བའི་ལོ་མ་ཅན། །རཀྵ་ཆེན་མོ་ཙ་མུནྚ། །ནམ་མཁའི་ཁམས་ཀྱི་མཐུ་མོ་ཆེ། །བར་སྣང་


TNT21_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་ཀྱི་གློག་མ་སྤྲིན། ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །ལག་ན་རྡོ་རྗེ་རི་རབ་བསྙིལ། །རལ་པ་ནག་པོ་སྟོང་ཁམས་ཁྱབ། །ཞལ་ནས་ཁྲག་གི་རྒྱ་མཚོ་འཁྱིལ། །ཉིན་གྱི་དུས་སུ་གྲོགས་བྱེད་མ། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །ནག་མོ་འཁོར་བཅས་ཐུགས་དམ་བསྐང༌། །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །ཙིཏྟ་ཚོགས་ནི་རྫ་ལྟར་ལྷག །རཀྟ་རྒྱ་མཚོ་རྦ་ཀློང་འཁྱིལ། །འཁོར་བཅས་ཐུགས་དམ་བསྐོང་གྱུར་ཅིང༌། །ནག་མོ་ཁ་ལ་ཛ་ཡ་དུ་ས་མ་ཡ་ཧོ། རུ་ལུ་རུ་ལུ་དུན་བྷྱོཿ སྙིང་ཁ་ལ་མ་ཧི་དུན་བྷྱོཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། མ་མོ་ནག་མོ་སནྟི་སནྟ་ཀུ་ལུ་ཀུ་ལུ་ཧ་ཧ་ཧ། མཧཱ་མཾ་ས་ཁ་ཧི། མཧཱ་རཀྟ་ཁ་ཧཱི། མཧཱ་པཉྩ་ཨམྲྀ་ཏ་ཁ་ཧཱི། དེ་ནས་བཟླས་པ་ནི། རང་གི་མདུན་དུ་མ་མོ་ཉེ་བར་སྤྱན་དྲངས། ཐུགས་ཀར་བྷྱོཿཡིག་སྔགས་འཕྲེང་དང་བཅས་པ་གསལ་བཏབ། མཆོད་ཅིང་ཐུགས་རྒྱུད་བསྐུལ་བར་བསམ་ལ། ཨོཾ་མཧཱ་ཀཱ་ལ་རེ་མ་ཏི་མ་མ་རུ་ལུ་རཀྵ་རེ་མ་ཏི། རུ་ལུ་རུ་ལུ་བྷྱོཿཛཿཛཿ ཞེས་པ་ནི་རྩ་བའི་བསྙེན་པའི་སྔགས་སོ། །ཨོཾ་རུ་རུ་ཙ་ཏུར་ཨ་ཤུག་མེ་པྲ་ཏི་རུ་དྲ་ཁ་ཤག་རག་མོ་ཧཱུཾ། རཀྵ་ཙིཏྟ་ས་མ་ཡ། ཀུ་རུ་ཁ་ཙིཏྟ་ནན། ཞེས་པ་འདི་བསྒྲུབ་པའི་སྐབས་ཀྱི་བོད་པའོ། །ཨོཾ་རུ་རུ་བོ་ཏི་ཧཱུཾ། ཏིཥྛ་བ་ཏོ་སི་རཀྨོ་སྙིང་ཁ་ལ་རཀ་མོ་ཐུན་མོ་ཐུན་བྷྱོཿཛ་ཛཿ རྦད་པའོ། །ཨོཾ་ཥུ་ལུ་རེ་མ་ཏི་ས་མ་ཡ་པྲ་མ་ཧ་སྟི་པྲ་མ་མ་རག་མོ་རུ་ལུ་རུ་ལུ་བྷྱོཿཛ་ཛ། ཁ་རཀ་དྲི་ཁིམ་ཛ་ཛ། ཁ་ལེ་ཐུན་བྷྱོཿཐུན་མ་མ་བྷྱོཿ ཐུན་བརྡེག་པའི་སྔགས་སོ། །ཧཱུཾ་ཀ་མོ་རྣི་ཤ་ཀུ་རུ་ཐུན་རྦད།


TNT21_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རཀ་མོ་ཨརྱ་ཛ་ཛ་དྲི་ཁེབས་ཁ་ལེ་བྷྱོཿབྷྱོཿཛ་ཛ། ས་མཱ་ཡ་དགྲ་བོའི་མཱ་ར་ཡ་ཧཱུཾ་ཕཊ། བསད་པའི་སྔགས་སོ། །མཐར་འབྲུ་གསུམ་གྱི་གཏོར་མ་བྱིན་རླབས་ཁ་གསོས་ལ། དགྲ་བགེགས་ཐམས་ཅད་བཀུགས་ཅིང་བསྟིམ་པར་མོས་ཏེ། བསྙེན་སྔགས་ཀྱི་མཐར། ཨེ་དམ་བ་ལིང་ཏ་ཁ་ཁ་ཁ་ཧཱི་ཁ་ཧཱི། བྷུཉྫ་ཧོ་རཀྟ་སི་བ་ས་མ་ཡ་སྭཱཧཱ། ལན་བདུན་གྱིས་གཏོར་མ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། བྷྱོཿ རྒྱ་མཚོའི་ཀློང་ན་མེ་འབར་ཁྱོད། །མཚོ་རྣམས་སྐེམས་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུའི་ཕྱེད་དུ་བཞུགས། །རྫོང་དང་དཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་ཀྱི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེ་ལྕམ་མོ་བདུད་ཀྱི་ཡུམ། །ནད་དོ་ཅོག་གི་བདག་མོ་སྟེ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། ཁྱོད་ལ་བསྟོད་དེ་ཕྱག་ཀྱང་འཚལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། འདོད་པ་ཀུན་འགྲུབ་ཤོག །གི་བར་གྱིས་འཕྲིན་ལས་བཅོལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་སྐོང་ཞིང་བཟོད་པར་གསོལ་ལོ། །རྟེན་ཡོད་ན་བརྟན་ཞུགས་དང༌། མེད་ན་གཤེགས་གསོལ་བྱ། འདི་ནི་གཏོར་ཆོག་ཙམ་ཡིན་ལ། ལྷ་མོའི་བསྐང་བ་ནི། རེ་མ་ཏཱི་སྤྱི་དང་མཐུན་པས་ཆོག་གི །འདི་ལ་ཡིག་རྙིང་རྒྱས་པ་ལོགས་སུ་མེད། འདིའི་རྩ་བའི་བརྙེན་པ་བྱེད་ན། གནས་དབེན་པར་བྲིས་སྐུའི་མདུན་དུ་གཏོར་མ་དང༌། མཆོད་པ་དང༌། སྨན་དང༌། རཀྟ་རྣམས་བཤམས། ཡང་ན་རྡོ་ལེབ་ལྟ་བུའི་སྟེང་དུ་གྲི་ཁྲག་དང་མཚལ་ཐིག་བསྲེས་པའི་གྲུ་གསུམ་ཆོམ་བུ་དང་བཅས་པ་བྲིས། སྐུའི་ཚབ་ཏུ་བྱས་ནའང་ལེགས། དེ་ནས་སྔོན་འགྲོ་གཏོར་མ་དང༌། བགེགས་


TNT21_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རྒྱ་ཆེན་བཏང༌། མཚམས་བཅད་བསྲུང་འཁོར་བསྒོམ། གནས་དང་ཡོ་བྱད་བྱིན་གྱིས་བརླབས། བདག་བསྐྱེད་སྔོན་དུ་འགྲོ་བས། སྨན་རཀ་གཏོར་མ་རྣམས་ཡི་དམ་གྱི་ལུགས་སུ་བྱིན་གྱིས་བརླབས། ཡི་དམ་གྱི་མདུན་བསྐྱེད་ཡོད་ན་མཆོད་གཏོར་འབུལ་བ་ཡན་ཆད་བྱ། ཡི་དམ་གྱི་མདུན་བསྐྱེད་མེད་ཀྱང་ཆོག །དེ་ནས་ལྷ་མོ་ཉིད་ཀྱི་རིམ་པ་ནི་གོང་དུ་བཤད་པ་བཞིན་ཡིན་པ་ལ། བཟླས་པའི་སྐབས་སུ་སླེབས་པ་ན་དང་པོར་བསྙེན་སྔགས་དེ་ཉིད་འབུམ་ཕྲག་ཉི་ཤུ་རྩ་བཞི་བཟླ། དེ་བར་དུ་གཞན་རྣམས་ཚར་གསུམ་ཙམ་རེ་སྦྱོར་བ་མ་གཏོགས་བཟླས་པ་བྱེད་མི་དགོས། དེ་སོང་ནས་བསྙེན་སྔགས་ཅུང་ཟད་རེ་སྔོན་དུ་བཏང༌། བོད་པ་ཁྲི་ཕྲག་བཞི་བཟླས་ཏེ། དེ་སོང་ནས་གཉིས་པོ་དེ་ཅུང་ཟད་རེ་བཟླས་པའི་རྗེས་སུ་རྦད་པ་བཞི་ཁྲིའོ། །དེ་རྗེས་གསུམ་པོ་དེ་ཅུང་ཟད་བཟླས་ནས་ཐུན་སྔགས་བཞི་ཁྲིའོ། དེ་ནས་སྔགས་ལྔ་ཚར་གཅིག་ཏུ་དྲིལ་ནས་ཁྲི་ཕྲག་གཅིག་བཟླས་པར་བྱེད་དེ། འོན་ཀྱང་བཞི་ཁྲི་བཟླས་ནས་བཟང་ངོ༌། །བསྙེན་པའི་སྐབས་འདིར་བསྐང་བ་དང་བཤགས་པ་ཡང་ཡང་བྱ། དེ་ཙམ་གྱི་རྩ་བའི་བསྙེན་པ་གྲུབ་པ་ཡིན་ནོ། །འདི་ནི་མདོར་བསྡུས་པའི་ལུགས་ཡིན་པས། སྒྲུབ་པ་དང་ལས་སྦྱཽར་གཅིག་ཏུ་དྲིལ། རྦད་པ་དང་བསད་པ་ཡང་གཅིག་ཏུ་དྲིལ་བ་ཡིན་པས་སོ་སོར་མི་དགོས་སོ། །འདི་ལ་དང་པོར་དཀོན་མཆོག་མཆོད་པ་དང༌། གསུང་རབ་སྒྲོག་པ་དང༌། ཚ་ཚ་གདབ་པ་དང༌། སྨོན་ལམ་ཁྱད་པར་ཅན་འདེབས་པ་དང༌། བགེགས་གཏོར་གཏོང་བ་དང༌། གཞི་བདག་ལ་གཏོར་མ་གཏོང༌། སྡེ་བརྒྱད་སྤྱི་ལའང་མཆོད་གཏོར་བདེན་བདར་དང་བཅས་པ་འབྲུབ་ཁུང་བསྐྱེད་དེ་བྱ། །མཚམས་བཅད། བསྲུང་འཁོར་


TNT21_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། རྫས་རྣམས་ཚོགས་པར་བྱ། ཡི་དམ་དང་ཆོས་སྐྱོང་གི་བསྙེན་པ་ཁ་གསོ། དེ་ནས་གྲོག་མཁར་བདུན་གྱིས་ས་ལ་སྟེགས་བུ་གྲུ་བཞི་པའི་དབུས་སུ། འབྲུབ་ཁུང་གྲུ་གསུམ་ཁ་ཁྱེར་ཅན་ཅིག་བྱ། ཁ་ལ་དུག་ཁྲག་གི་བྱུགས་པའི་རྩར་ཉི་ཤུ་རྩ་གཅིག་དང༌། ཕུར་བུ་ཉི་ཤུ་རྩ་གཅིག་སྲིན་མོ་འགྲོས་སུ་བཙུགས། གྲུ་གསུམ་གྱི་འདེབས་རང་ལ་བསྟན། རྩེ་མོའི་ཕྱོགས་སུ་ཐང་ཀའམ། ཙ་ཀ་ལི་མདའ་དར་ལ་བཏགས་པ་བཞུགས། སྟེགས་བུའི་ལྷོ་ནུབ་ཀྱི་ཟུར་ལ་བརྟེན་གཏོར། དབུས་སུ་སྔགས་ཀྱི་ཤོག་དྲིལ་བཙུགས་པ་གྲི་རྒོད་ཀྱི་ཤས་བརྒྱན་པ། ནལ་བུའི་སྙིང་མ་ཉམས་པ་མདའ་ཐུང་ལ་བརྟག་པ་གཅིག་ཀྱང་བཙུག །བྱང་ཤར་གྱི་ཟུར་ལ་ཐུན་ཁང་བྱ་སྟེ། དེར་འུག་པའི་སྒྲོ་ངར་མི་རིམས་ཁྲག་དང༌། དུག་ཁྲག་བླུག །ཤར་ལྷོར་གྲི་ཐོད་དུ་གྲི་ཁྲག་དང༌། ཁྲག་སྣ་ཚོགས་བླུག །ནུབ་བྱང་དུ་མཛེ་ཁྲག་དང༌། རམ་བུ་དང༌། དུག་གིས་བཀང་བའི་ཕག་ཐོད་བཞག །ཡུངས་ཀར་ཡུངས་ནག་སོགས་སྐམ་ཐུན་རྣམས་ཐོད་ངན་དུ་བླུགས་ཏེ་ཕྱོགས་ཇི་ལྟར་འོས་པར་བཞག །ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་ལྟེ་བར་བསད་སྔགས་མིང་དང་བཅས་པ་འབྲི། ཟུར་དྲུག་ལ་ཡན་ལག་དྲུག་འོག་ཏུ་མནན་པའི་ཚུལ་དུ་བྲི། ཕྱིའི་མུ་ཁྱུད་ལ་རྦད་སྔགས་དང་ཐུན་སྔགས་ཀྱིས་བསྐོར་བ་འབྲི། རྟེན་གཏོར་གྱི་འོག་ཏུ་མནན། ཚིལ་ཆེན་བྱུག་པའི་ཤོག་བུ་ལ་ལིང་ག་འབྲི་ཚུལ་སྤྱི་དང་འདྲ་བ་ལས། སྙིང་ཁར་ཆེ་གེ་མོ་ཨ་ཀརྵ་ཡ་ཛ། བྷནྡྷ་བྷནྡྷ་མ་ར་ཡ་ཧཱུཾ་ཕཊ། ཅེས་པ་འབྲི། དེའི་མཐའ་བསད་སྔགས་མགོ་བོ་ཕྱིར་བསྟན་གྱིས་བསྐོར། དེའི་ཕྱི་ནས་ཐུན་སྔགས་ཀྱིས་བསྐོར། དེའི་ཕྱི་ནས་བསྙེན་སྔགས་དང་འབོད་རྦད་ཀྱིས་བསྐོར། ཐམས་ཅད་ལ་འདི་ཞེས་བྱ་བ་མཱ་ར་ཡ་སོད་བྷྱོཿབྷྱོཿཡ་ཡ་ཆུམ་ཆུམ། ཞེས་པས་མཐའ་བརྟེན་


TNT21_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྫས་བཅུག །དགུག་གཞུག་མང་དུ་བྱས་ཏེ་མགོ་ནས་མར་བསྒྲིལ་ནས། ཤི་སྐྲས་བཅིངས་ཏེ་བག་ཟན་བཙོས་པ་ལ་རྫས་བསྲེས་པའི་ཉ་བོའི་ལྟེ་བར་བཅུག །དེ་འབྲུབ་ཁུང་གི་དབུས་སུ་བཞག་སྟེ། མི་ཤི་བའི་སྐྲའི་སྲད་བུ་ཡན་ལག་ལྔ་ནས་བཅིངས། དེའི་སྣོད་དེ་སྐྱེར་ཕུར་ལ་བཅིངས་ནས། རྟེན་གཏོར་གྱི་མདུན་དུ་ཕུར་བུ་ལ་བཏོད། ཐུན་མོང་མ་ཡིན་པའི་དམ་རྫས་ནལ་བུའི་ཤ་ཁྲག་བསྲེས་པའི་རྒྱུ་བཟང་པོའི་གཏོར་མ་བརྗིད་ལྡན་གཅིག་གཡས་ཕྱོགས་སུ་བཤམས། དེ་ཀ་འདྲ་བ་ཞིག་གཡོན་ཕྱོགས་སུ་ཐག་ཅུང་ཟད་རིང་བར་གཏའ་གཏོར་གྱི་ཚུལ་དུ་བྱེད། དེ་དར་ནག་གིས་གཡོག་པའི་སྒྲོམ་དུ་བཅུག་ཀྱང་རུང༌། གཞན་ཡང་ཤ་ཁྲག་དམར་གྱི་བརྒྱན་པའི་གཏོར་མ་སྤྱི་གཏོར་གྱི་ཚུལ་དུ་གང་བདེར་བསྒྲིག །གོང་དུ་བཤད་པའི་བྲིས་ལིང་དེ་ཁ་འདྲ་བ་གཅིག་བྱས་ལ། ལིང་ག་ཆེན་པོའི་འོག་ཏུ་འདིང་བའམ། འབྲུབ་ཁུང་གི་ནང་ལོག་ལ་མགོ་གཞུག་ལྡོག་སྟེ་བཀྲམ་ཡང་རུང༌། གཞོན་ནུ་མ་གཙང་མའི་ལག་པའི་སྲིན་ལག་ལ་གཡབ་དར་ནག་པོ་བཏབ་པ་དང༌། མནན་པ་དང་སྦྱིན་སྲེག་གི་ཡོ་བྱད་རྣམས་ཀྱང་ཚང་བར་བྱ། ལས་ལ་འཇུག་པའི་སྔོན་དུ། སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་བྱ། བགེགས་བསྐྲད། མཚམས་བཅད། མཐོ་གཟུག །བསྲུང་འཁོར་སྒོམ་པ་རྣམས་ཉི་མ་དང་པོ་ལ་བྱ། ཞག་ཕྱི་མ་རྣམས་ལ་གནས་ཡོ་བྱིན་རླབས་ངེས་པར་བྱ། སྔོན་འགྲོ་གཏོར་མ་འགྲུབ་ན་ལེགས། དེ་ནས་ཐུན་དང་པོ་ལ་ཡི་དམ་གྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔོན་དུ་བཏང༌། ལས་སྦྱོར་གྱི་སྐབས་འདིར་ཡི་དམ་གྱི་མདུན་བསྐྱེད་མཆོད་གཏོར་ཡང་གལ་ཆེ་བས་དུས་སྐབས་འདིར་བྱེད། སླར་ཡང་མཆོད་པ་རྣམས་རྒྱས་པར་བྱིན་


TNT21_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རླབས། སྨན་ཕུད་རཀྟ་བྱིན་གྱིས་རླབས་པ་ནན་ཏན་གྱི་བསྐྱེད། དེ་རྗེས་མདུན་བསྐྱེད་བསངས་སྦྱངས་སོགས་གོང་བཞིན་བྱས་ནས་བསྐང་བ་ལ་ཐུག་གི་བར་དུའོ། །དེ་ནས་རང་ཉིད་ཡི་དམ་གནས་གྱུར་པའི་དཔལ་ལྷ་མོ་ནག་མོར་བསྒོམ། སྙིང་པོ་ལན་འགའ་ཟུར་ཟུང་བརྗོད། བར་དེར་ལིང་ག་བསྐྱེད་ཅིང༌། དགུག་གཞུག་ལན་མང་དུ་བྱ། སྙིང་པོ་དང་འབོད་རྦད་བསད་གསུམ་སྦྲེལ་བའི་མཐར། ཆྒཻ་མོའི་བླ་སྲོག་ཐམས་ཅད་ཨ་ཀརྵ་ཡ་ཛཿཛཿཞེས་བཏགས་པ་བརྒྱ་ཙམ་རེ་བཟླས་ནས། དེ་ནས་སྔགས་ལྔ་ཆར་སྦྲེལ་བ་ཁོ་ན་བཟླ། བཟླས་པ་པོ་ལྷ་དང་ཕྲལ་བ་དང༌། དགུག་གཞུག་བཅིང་བ་དང༌། ལྡག་ཚད་བཅག་པའི་དམིགས་པ་དྲག་ཏུ་བྱ། ཐུན་རྣམས་ལ་ཡང་གཟུང་ཐག་བཏགས་ཏེ་སྔགས་ལྔ་ཆར་གཅིག་ཏུ་དྲིལ་བ་དེ་ཀ་ཐུན་རེ་བཞིན་བརྒྱ་ཕྲག་སོགས་བཟླས་པ་དེས་ཆོག །ཐུན་སྔགས་ལོགས་པ་མི་དགོས། ཐུན་རེ་རེ་བཞིན་གཏོར་མ་ཁ་གསོས་ཏེ་འབུལ། གཏའ་གཏོར་དེ་འགྲུབ་ན་ཐུན་དེ་བཞིན་དང༌། དེ་ཙམ་མ་གྲུབ་ན་ཐུན་ཐ་མ་ལ་ཁ་གསོས་ཤིང་བྱིན་རླབས་བྱེད་ཚུལ་སྤྱི་དང་འདྲ། ཐུན་མཚམས་སུ་འབྲུབ་ཁུང་རོ་རས་སམ་གཡམ་པས་ཁ་བཅད། དེ་ལྟར་ཞག་བདུན་ཚུན་ཆད་ལ་ཁུགས་པའི་རྟགས་འབྱུང༌། ལིང་ག་ལ་སྒྲ་ཚག་ཚག་ཐག་ཐོག་བྱུང་ན་རྟགས་ཡིན། ལར་འདི་རྦད་བསད་གཅིག་ཏུ་དྲིལ་བ་ཡིན་པས། ཁུག་པའི་རྟགས་ལ་དགུག་སྡོད་རང་ཡང་མི་དགོས། ཞག་བདུན་སོང་ནས་རྟགས་མ་བྱུང་རུང༌། བསད་ལས་ལ་ཞུགས་པས་མཆོག །དེ་ཡང་བྱ་བའི་རིམ་པ་རྣམས་སྔ་མ་དང་འདྲ་བ་ལས། བཟླས་པའི་སྔོན་གྱི་དགུག་གཞུག་ཚར་གསུམ་བྱས་ནས། དགུག་པའི་སྔགས་


TNT21_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་ཙམ་བཟླ། མང་དུ་བཟླས་མི་དགོས། དེ་རྗེས་བཟླས་པ་དངོས་སྔགས་བརྒྱ་བརྒྱ་ཙམ་སོང་མཚམས་སུ་ཐུན་བརྡེག་པའི་སྲོལ་ཡོད། འོན་ཀྱང་འདི་ལྟར་ལེགས་པ་འཕྲེང་རྡོག་དྲུག་ཅུ་པ་གཅིག་ལ་སྔགས་ལྔ་པོ་སྦྲེལ་ནས་བགྲངས་ཏེ་འཕྲེང་སྐོར་རེ་རེའི་མཐའ་མ། གཉིས་གཉིས་ཀྱི་མཐའ་མ། གསུམ་གསུམ་གྱི་མཐར་ཐུག་སྔགས་བསད་སྔགས་སྦྲེལ་བ་ཁོ་ན་ཚར་དགུ་དགུ་ལིང་ག་ལ་ཐུན་རྡེག་གོ །ལིང་གའི་སྙིང་གར་རོ་སྐྲས་གཟུངས་ཐག་བཏགས། བཟླས་པ་བྱེད་པའི་ཚེ་དེའི་སྣེ་ནས་བཟུང༌། བཟླས་པ་འཇོག་ཙ་ན་རྡོ་རྗེ་ལ་བཏག་སྟེ། དེའི་སྙིང་གར་མནན་ནོ། །བཟླས་པ་དཀྱུས་ཀྱི་དམིགས་པའི་སྐབས། རང་དང་མདུན་གྱི་ལྷ་མོ་གཉིས་ཀར་གྱི་ཕྱག་གཡོན་པར་ལྕགས་ཀྱུ་དང་ཞགས་པ་འཛིན་པས་བཅིངས་ཤིང་འཐེན་འཐེན་འདྲེན་པར་བསམས། རླུང་ཕྱིར་འཕྲོས་པའི་བདག་མདུན་གཉིས་ཀའི་ས་བོན་སྔགས་ཕྲེང་ལ་མཁའ་འགྲོ་མ་ཤིན་ཏུ་ཁྲོས་པ། གྲི་ཐོད་འཛིན་པ་མང་པོ་སྤྲོས་ནས། མདུན་གྱི་བསྒྲུབ་བྱའི་སྙིང་ག་ནས་ཞུགས། ལུས་ཀྱི་ཁོག་ནང་དུ་སོང་ནས་གནད་ཐམས་ཅད་གྲི་གུག་གིས་བཅད། ཁྱད་པར་སྲོག་རྩ་བཅད་ཅིང་རྩ་བ་ནས་བཏོན། སྙིང་ག་ནས་རྣམ་ཤེས་མར་མེ་ལྟར་འབར་བ་དེ། ཕྱག་གཡོན་པའི་ཐོད་པས་དུག་ཁྲག་བླུག་ཏེ། ཐུམ་ཐུམ་བསད་པར་བསམ། བསྒྲུབ་བྱའི་ཚེ་སྲོག་ལུས་ཀྱི་དྭངས་བཅུད་རྣམས་བདུད་རྩིའི་རང་བཞིན་ཧཱུཾ་དུ་གྱུར་པ་སྟེ། མཁའ་འགྲོ་མ་དེ་རྣམས་ཀྱིས་ཚུར་བླངས་ནས། རླུང་ནང་དུ་ཡོང་བ་དང་བསྟུན་བདག་དང་མདུན་བསྐྱེད་ཀྱི་སྣ་སྒོ་ནས་ཞུགས་ཏེ། སྙིང་གའི་ས་བོན་སྔགས་ཕྲེང་ལ་ཐིམ་པས་བཀྲག་མདངས་བཅུད་དུ་གྱུར་ནས། བསྒྲུབ་བྱའི་ཚེ་དང་དབང་ཐང་


TNT21_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རང་ཉིད་ལ་བྱུང་ཞིང་རྒྱ་ཆེར་འཕེལ་བར་བསམ། དམིགས་པའི་གྲངས་ལ་སྤྱིར་ངོས་བཟུང་དང་མི་དགོས་ཀྱང༌། སྔགས་སྦྲགས་མ་ལན་དྲུག་དྲུག་ལ་དེ་དམིགས་པ་དེ་ཚར་རེ་བསྒོམས་ནས་མཚམས་པར་འོང་བས་ལག་ལེན་ལ་དེ་ལྟར་བྱ་ཞེས་བླ་མས་གསུང༌། དེ་འདྲ་ལན་དགུ་སོང་ནས་ཐ་མའི་སྔགས་ལན་དྲུག་ལ་འགོག་བཟླས་བྱ་སྟེ། རླུང་འབུད་པའི་ཚེ་བདག་དང་མདུན་བསྐྱེད་ཀྱི་ཤངས་ཀྱི་སྒོ་ནས་འཐོར་རླུང་དྲག་པོ་མི་བཟད་པ་སྤྲོས་ཏེ། བསྒྲུབ་བྱའི་རྣམ་ཤེས་མར་མེ་ལྟ་བུ་ནི་བསད། ལུས་ཐམས་ཅད་ཤག་ཤིག་ཏུ་བཏང་བར་བསམ། རླུང་ནང་དུ་ཡོང་ཙ་ན་ཁོའི་རྩ་རླུང་ཐིག་ལེའི་དྭངས་མ་དང༌། བསྲུང་བ། ནུས་པ། དགེ་ལེགས། ཚེ་སྲོག་བསོད་ནམས་དབང་ཐང་ཐམས་ཅད་ཐིག་ལེ་དཀར་པོའི་རྣམ་པར་དྲངས་ཏེ། རང་དང་མདུན་བསྐྱེད་ཀྱི་ཤངས་ཀྱི་སྒོ་ནས་ཞུགས་ཏེ། ཐུགས་ཀའམ་ལྟེ་བར་ཐིམ་པས་མདངས་དང་བདེ་བ་རྒྱས་པར་བསམ། དེ་ནས་ཐུན་གྱི་སྐབས་ཐོག་མར་སྐམ་ཐུན་མཚོན་ཆའི་ཆར་དུ་འབེབས། སྲིན་མོ་མི་བཟད་པ་མང་པོས་བཅོམ་པར་ཡང་བསམ། དེ་ནས་རློན་ཐུན་དང་པོ་དུག་གི་ཆར་པ་དང༌། གཉིས་པའི་ནད་ཀྱི་ཆར་ཕབས་པས་མཚོ་འཁྱིལ་ཏེ་གཞི་གཅིག་ཏུ་དུམ་བུར་བསམ། གསུམ་པ་མཁའ་འགྲོ་མ་མང་པོ་སྤྲུལ་ནས་བཅོམ་པར་བསམ། ཚུལ་དེ་ལྷ་བུའི་བསད་ལས་བརྩམས། མཐུན་ཕྱི་མ་རྣམས་ལ་རང་ཉིད་ཡི་དམ་གྱི་ངོ་བོ་མ་མོར་སྒོམ་པ་དེ་ཀས་ཆོག །ཡང་ཕར་ཕྱག་འཚལ་བའི་རྨི་ལམ་བྱུང་ན་ཡི་དམ་གྱི་བདག་བསྐྱེད་དང་བཟླས་པ་མང་ཙམ་བྱ། སྔགས་དག་པོར་བཟླ་བ་དང༌། བར་བར་དུ་བསྐང་བཤགས་གལ་ཆེ། གཟས་པ་པོ་བསད་པ་དང༌། བཤས་བྱེད་པ་དང༌། ནང་ཁྲོལ་སོགས་ཤ་ཟོས་པ་དང༌། དངོས་


TNT21_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རང་ཉིད་སྐྱུག་མེར་བ་སོང༌། འཇོམ་པར་བྱུང་ན་བསད་པའི་རྟགས་ཡིན་ཏེ། དེ་ཡང་གཞུང་ལས། ཐུན་ལས་མེ་སྟག་འཕྲོ་ན་ཟོར་འཕེན་པར་བཤད། དེ་ལར་མ་བྱུང་ན་སྦྱིན་སྲེག་དང་མནན་ཙམ་ཞིག་བྱེད་པ་འདྲ་བ་ཞིག་བྱུང་ནའང༌། ད་ལྟ་ལག་ལེན་དུ་འདེབས་རྒྱུ་ལ་འཕང་བསྲེགས་མནན་གསུམ་གར་བྱ་སྟེ། བསད་རྟགས་ལན་གཅིག་ཙམ་ལ་མ་བཞག་པར། ད་དུང་ཡུན་བསྲིངས་ཏེ་བསྒྲུབས་པས་རང་བསད་རྟགས་ལན་གཉིས་གསུམ་དུ་བྱུང་ན་ངེས་ཅན་ཡིན་པས། ཐུན་རྟགས་བྱུང་རུང་མ་བྱུང་རུང་མྱུར་བུལ་དང་སྟོབས་ཆེ་ཆུང་གིས་ཁྱད་ཙམ་ལས་འགྲུབ་པར་ནི་ངེས། འབྲུ་ནག་གི་ཕྱེ་ལ་དུག་ཁྲག་བསྲེས་པ་ལ་ཟོར་གཏོར་གཅིག་བཅོས་དུག་ཁྲག་གིས་བྱུག །བྲ་བོ་སྲན་ནག་སྐེ་ཚེ་སོགས་བླུག །ཞག་གཅིག་གཉིས་གསུམ་ཚུན་ཆོད་དུ་ཐུན་གཞན་རྣམས་དང་ལྷན་ཅིག་དམིགས་པ་གཏད་དེ་བསྒྲུབས། རློན་ཐུན་གསུམ་དང༌། སྐམ་ཐུན་གྱི་སྣོད་དུ་ལྷག་མ་ཅུང་ཟད་རེ་བཞག །གཞན་རྣམས་ཐོད་ངན་ནམ་ལྕགས་སྣོད་དུ་བླུག །ལིང་ག་ལ་སྔར་བཏབ་ཟིན་པ་འབྲུབ་ཁུང་ན་ཡོད་པའི་དེ་ནས་ཀྱང་ཅུང་ཟད་བླུག །དྲག་སྔགས་བཟླ་ཞིང་ཐུན་རྣམས་གཅིག་ཏུ་བསྲེས། རང་ཉིད་དྲག་པོའི་ཆས་སུ་ཞུགས། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་དུ་བསྐྱེད་ནས་སྔགས་དྲག་ཏུ་བཟླ། མ་མོ་དྲག་ཏུ་བསྐུལ། དེ་ནས་རང་ཉིད་ལྷ་མོའི་སྐུར་བསྒྱུར་བའི་ང་རྒྱལ་གྱིས་དགྲ་ཡུལ་མཐོང་བའམ། དེ་མིན་ནའང་རི་རྩེ་སོགས་དམིགས་པ་གསལ་ས་གཅིག་ཏུ་སོང་ནས། བདེན་བདར་དང་དམོད་བཅོལ་དྲག་ཏུ་བྱས་པའི་མཐར། སྔགས་ལྔ་སྦྲེལ་ལན་བདུན་བཟླས་པའི་མཇུག་ལ་གཏོར་མ་འཕངས། ཐུན་སྔགས་


TNT21_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བསད་སྔགས་སྦྲེལ་བ་འབའ་ཞིག་བཟླ་བཞིན་དུ་ཐུན་རྣམས་ཆ་ཤས་ཆ་ཤས་ནས་ཟད་ཟད་དུ་འཕང༌། མི་ལྤགས་སམ། རོ་ཤུན་གྱི་དོལ་མོ་ཀ་གདབ་བོ། །དེ་ནས་ནང་དུ་འོང་ནས་འབྲུབ་ཁུང་གི་ལིང་ག་བསྒྲལ་ཏེ་གཏོར་མ་ལ་ཅུང་ཟད་བཏབ། ལིང་རོ་གཞན་ནལ་བུའི་ཤ་ཁྲག་དང༌། གཞན་ཡང་དྲག་རྫས་སྤྱི་དང་མཐུན་པས་བསྲེག་རྫས་རྣམས་དང༌། སྔར་གྱི་ཐུན་མོང་མ་ཡིན་པའི་གཏོར་མ་དང་བཅས་པ། ལིང་གའི་མཐུའི་ཐུན་རོ་ཐམས་ཅད་ཀྱང་བླངས་སྦྱིན་སྲེག་བྱ། དཔལ་ལྷ་མོ་ཉིད་མེ་ལྷ་ཡིན་པས་མེ་ལྷ་འཇིག་རྟེན་པའི་ཆོ་ག་དགོས། སྔགས་ལྔ་སྦྲེལ་གྱི་མཐར་ཨགྣེ་ཡེ་ཀྲོ་དྷ་ཛྭ་ལ་རཾ་རཾ། ཆེ་གེ་མོ། མ་ར་ཡ་ཕཊ། ཅེས་པ་ནི་བསྲེགས་རྫས་འབུལ་བའི་སྔགས་སོ། །འདིར་ལིང་ག་གསེར་བ་གཅིག་ཀྱང་བསྒྲལ་ནས་འབུལ། སྔགས་ནི་དྲུག་ཅུ་ལ་སོགས་པའི་ཇི་ལྟར་འོས་པའོ། །དེ་ནས་འབྲུབ་ཁུང་ནང་གི་བྲིས་ལིང་དེ་དང༌། གཏོར་གདན་གྱི་བྲིས་ལིང་དེ་གཉིས་ཁ་སྦྱར། མགོ་ནས་དྲིལ་ཏེ་གཡག་རྒོད་ཀྱི་རྭ་ནང་དུ་བཅུག །དུག་རིགས་བརྡུངས་པའི་ཕྱེ་མ་དང༌། སྦྱིན་སྲེག་གི་ཐལ་བ་ཚོམ་བུ་ཙམ་ཞིག་རྣམས་བཅུགས་ཏེ། ལམ་རྒྱ་འགྲམ་མམ། ཀླུ་གཉན་གནས་སའམ། དུར་ཁྲོད་དམ། མཆོད་རྟེན་གྱི་འོག་ཏུ་མནན་པར་བྱའོ། །སྔར་གྱི་བཏབ་གཏོར་དེ་ཐོབ་ཐང་ལ་ཕྱི་རྟགས་བྱུང་ན་འབུལ་བ་ཡིན་ཀྱང༌། དེ་ཙམ་འཇོག་མི་ཐུབ་ན། སྐབས་འདིར་འབུལ་ལོ། །ཡང་བསད་རྟགས་ནང་རྟགས་བྱུང་ན་འབུལ་བ་གཅིག་ཀྱང་ཡོད་དེ། དེ་ལ་ནི་རྟགས་གཏོར་ཞེས་བྱའོ། །དེ་ནས་ཚོགས་ཀྱི་འཁོར་ལོ་དང་དགའ་སྟོན་བྱ་ཞིང༌། ནམ་སྨད་བསྐང་བཤགས་དང་དངོས་གྲུབ་བླང་བ་ནན་ཏན་ཏུ་བསྐྱེད། གཏོར་མ་གསར་


TNT21_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང༌། ཐུན་གཏོར་ཡང་བཤམས་ཤིང་བསྔོས་ནས། སྐྱ་རེངས་དང་པོ་ཤར་བ་ན་ཁང་སྟེང་དར་འཕྱར། རོལ་མོ་བརྡུངས། གཏོར་མ་གསར་བ་དེ་དག་དང༌། སྔར་གྱི་ཐུན་མོང་གི་གཏོར་མ་དེ་སྤྱི་བཏབ་ཀྱི་ཚུལ་གྱིས་བཏང༌། འཕྲིན་ལས་བཅོལ། སྨོན་ལམ་བཏབ། བཀྲ་ཤིས་བརྗོད་དོ། །དེ་ནས་སྒྲུབ་ཁང་དུ་རྗེས་ཆོག་དང་ཉེར་བསྡུ་བྱས་ཏེ་སྤྱིར་དང་མཐུན་ནོ། །སྒྲུབ་ཐབས་འདི་ནི་མཐུ་སྟོབས་ཀྱི་དབང་ཕྱུག་ཏུ་ལོ་ཙཱ་བ་རྡོ་གྲགས་པ་ཉིད་ཀྱིས་ཞལ་གཟིགས་པའི་དཔལ་ལྷ་མོའི་སྒྲུབ་ཐབས་གསར་མ་དེ་ཡིན། འདི་ལ་ཐུན་དྲུག་ལ་སོགས་པའི་རྣམ་གྲངས་མང་པོ་དེ་མི་དགོས་པར་གཅིག་ལ་འདུས་པས་ལག་ལེན་ཤིན་ཏུ་འཁྱེར་བདེ་བ་ཡིན་ནོ། །སྤྱིར་ལྷ་མོ་ཉིད་ཆོས་སྐྱོང་གི་མཐིལ་དུ་བྱེད་ན་མདོས་ཆོག་གལ་ཆེ་བ་ཡིན་པར་འདུག །མ་མོ་སྤྱིའི་མདོས་ཆོག་དང༌། ལྷ་མོའི་སྤྱི་བསྐང་གི་ཆོ་ག་རྒྱས་པ་ནི་ཡི་གེ་རྙིང་པ་གཞན་དུ་བལྟ་བར་བྱ་ཡི། འདིར་བྲིས་པས་མང་བ་ཡིན་ནོ། །ཞེས་པ་འདི་ཡང་རྭའི་རིགས་སུ་སྐྱེས་ཤིང༌། འཇམ་དཔལ་རྡོ་རྗེ་གྲགས་པའི་བཀའ་བརྒྱུད་ཅུང་ཟད་འཛིན་པ། རྒྱལ་ཁམས་ཏཱ་ར་ནཱ་ཐ་ཞེས་བྱ་བས་གཞུང་གི་གསལ་བྱེད་དུ་མན་ངག་ལག་ལེན་ཀླག་ཆོག་གི་ཚུལ་དུ་བྲིས་པའོ།། །།མངྒ་མཾ། དགེའོ།།


previousརྗེ་བཙུན་རྡོ་རྗེ་གྲགས་པའི་ཞལ་གཟིགས་པའི་ལུགས་སུ་གྲགས་པ་མ་མོ་སྲོག་གཟེར་གྱི་སྒྲུབ་ཐབས་ཀླག་ཆོགnext