Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ།next

དཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ།


TNT21_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ་དབུ་ལེགས་པར་བཞུགས་སོ།


TNT21_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ་ནི། སྤྱིར་མགོན་པོ་བྱ་བ་ལ་གསུམ་དུ་ཡོད་པ་ཡིན། ཡེ་ཤེས་ཀྱི་མགོན་པོ་དང་ཆོས་སྐྱོང་གི་མགོན་པོ་དང༌། འཇིག་རྟེན་གྱི་མགོན་པའོ། །དང་པོ་ནི། ཆོས་སྐུ་སྐྱེ་བ་མེད་པ་ལ་སྐྱེ་བའི་ཆོ་འཕྲུལ་དུ་སྣང་བ་སྟེ། སངས་རྒྱས་རིགས་གསུམ་མམ་རིགས་ལྔར་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་ཡིན། ཆོས་སྐྱོང་གི་མགོན་པོ་ནི་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་རྣམས་དང༌། བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ། ཆོས་ཚུལ་བཞིན་དུ་བྱེད་པ་རྣམས་ཀྱི་མགོན་དང་གྲོགས་བྱེད་པ། དཔལ་མགོན་པོ་ནག་པོ་དང་དཔལ་ལྷ་མོ་ལ་སོགས་པ་རྣམས་དང༌། དཔལ་མགོན་བདུན་ཅུ་རྩ་གཉིས་སམ་རྩ་བརྒྱད་ལྟ་བུའོ། །འཇིག་རྟེན་གྱི་མགོན་པོ་ནི། དེ་དག་གི་འཁོར་དུ་གཏོགས་པ་དཀར་པོའི་ཆོས་ལ་དགའ་བ་ལྷ་ཀླུ་གནོད་སྦྱིན་ལ་སོགས་པ། ཐ་ན་ཡི་དྭགས་མཁའ་ལ་རྒྱུ་བའི་མཐུ་བོ་ཆེ་ཆོས་ལ་དགའ་བ་ཐམས་ཅད་ཀྱང་ཆོས་བྱེད་པའི་མགོན་དང་གྲོགས་བྱེད་པས་ན། འཇིག་རྟེན་གྱི་མགོན་པོ་བྱ་བར་འོང་བ་ཡིན། དེ་ལ་འདི་ནི་སངས་རྒྱས་སྟོང་རྩ་གཉིས་ཀྱི་བསྟན་པ་བསྲུང་བར་


TNT21_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིན་པས་ཆོས་སྐྱོང་མགོན་པོ་ཡིན་ནོ། །དེ་ཇི་ལྟར་བྱུང་ཞེ་ན། སྔོན་སངས་རྒྱས་གཙུག་ཏོར་ཅན་གྱི་བསྟན་པ་ལ་དགེ་སློང་ལེགས་ལྡན་ནག་པོ་ཞེས་བྱ་བ། ཁ་དོག་ནག་ཅིང་ཡིད་གཏུམ་པ་བདེན་པ་བཞིའི་བསླབ་པ་ལ་གནས་ཤིང༌། ལྷག་པར་རྟག་པར་ཞེན་པ་གཅིག་གི་སངས་རྒྱས་ཀྱི་ཉེ་འཁོར་དུ་བྱུང་སྟེ། ཟག་བཅས་ཀྱི་མངོན་པར་ཤེས་པ་ཅུང་ཟད་དང་ལྡན་པས་དེ་བཞིན་གཤེགས་པའི་ཉེ་འཁོར་ན་ང་ནི་མངོན་པར་ཤེས་པ་དང་ལྡན་ནོ་སྙམ་དུ་ང་རྒྱལ་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཁྱོད་ལོག་པའི་ང་རྒྱལ་དང་ལྡན་ཏེ། དཔེར་ན། འདོད་པའི་ཁམས་ན་ལྷ་དབང་ཕྱུག་ཆེན་པོ་བས་སྟོབས་ཆེ་བ་མེད་མོད་ཀྱང༌། དེ་བཞིན་གཤེགས་པའི་བ་སྤུའི་བུ་གའམ་ཡོན་ཏན་གྱི་ཆ་ཙམ་ཡང་མི་ཆོག་པ་ཡིན་གྱི་དགེ་སློང་ཁྱོད་དེ་ལྟར་ང་རྒྱལ་མ་བྱེད་ཅིག །ཅེས་གསུངས་པས་དེའི་སེམས་དམན་པར་གྱུར་ཏེ། བདག་སངས་རྒྱས་ཀྱི་འཁོར་དུ་གྱུར་པ་ལ་དགོས་པ་ཅི་ཡོད་སྙམ་ནས། ལྷོ་ཕྱོགས་ཀྱི་ནགས་ཚལ་གཅིག་ཏུ་སོང་ནས་གནས་པའི་ཚེ། དེ་ན་དབང་ཕྱུག་ཆེན་པོའི་རྟེན་གཅིག་གནས་པ་ལ། ཞག་ཉི་ཤུ་རྩ་གཅིག་ཏུ་དགེ་སློང་དེས་གསོལ་


TNT21_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པ་ལས། རྨི་ལམ་དུ་དབང་ཕྱུག་ཆེན་པོས་དགེ་སློང་ཁྱེད་བདག་གི་སྲས་སུ་གྱུར་ཏེ་འཇིག་རྟེན་འདི་ན་སྟོབས་ཆེ་བའི་དངོས་གྲུབ་སྦྱིན་ནོ་ཞེས་ལུང་བསྟན་ཏོ། །དེ་ནས་དེ་བཞིན་གཤེགས་པས་དགེ་སློང་དེ་ལོག་པར་སྐྱབས་སུ་སོང་བར་དགོངས་ནས། དེ་བཞིན་གཤེགས་པས་དགེ་སློང་གཅིག་ཏུ་སྤྲུལ་པ་མཛད་ནས། དེའི་དྲུང་དུ་ཕྱིན་ནས་འདིར་ཅི་བྱེད་བྱས་པས། དེས་སྨྲས་པས་བདག་བཅོམ་ལྡན་འདས་ཀྱི་འཁོར་དུ་མ་ཚུད་ནས། དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་བ་ཡིན་ཞེས་སྨྲས་སོ། །སྤྲུལ་པས་སྨྲས་པ། ཡང་དག་ལམ་ནི་རྙེད་གྱུར་ནས། །འཁྲུལ་བའི་ལམ་ལ་འཇུག་བྱེད་པ། །དཔེར་ན་གསལ་བའི་མིག་བཏོན་ནས། །རབ་རིབ་སྐྱོན་གྱིས་གོས་པ་བཞིན། །དགེ་སློང་ཁྱེད་ནི་དེ་ལྟ་བུའོ། །ཞེས་སྨྲས་པས། དགེ་སློང་དེས་སྨྲས་པ། ད་འོ་ན་བདག་གིས་ཇི་ལྟར་བགྱི། སྤྲུལ་པས་གསུངས་པ། དགེ་སློང་ཁྱེད་དེ་བཞིན་གཤེགས་པའི་སྤྱན་སྔར་བཤགས་པ་དང༌། གསོ་སྦྱོང་བྱ་བར་གནང་ངོ༌། །ཞེས་གསུངས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་དགེ་སློང་དེས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་བཤགས་པ་དང་གསོ་སྦྱོང་བྱས་སོ། །དེ་ནས་དེས་སངས་རྒྱས་ལ་གསོལ་བ་བཏབ་ནས་བདག་ཚེ་འདི་ཉིད་དུ་འབྲས་བུ་མཐར་ཕྱིན་པར་ཐོབ་པའི་ལུང་བསྟན་དུ་གསོལ། ཞེས་ཞུས་པ་དང༌། དེ་བཞིན་གཤེགས་པས་གསུངས་པ། ཁྱེད་རྟེན་ལོག་པ་ལ་སྐྱབས་སུ་སོང་བའི་མཐུས་


TNT21_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མང་པོ་བརྒྱུད་པའི་མཐར་དབང་ཕྱུག་ཆེན་པོའི་བུ་ནག་པོ་དྲག་པོ་ཞེས་བྱ་བ་སྐྱེ་བ་ལེན་ནས། དེའི་མཐར་ལས་ཀྱི་སྲིན་པོ་ནག་པོར་སྐྱེ་བ་ལེན་ནས་བསྐལ་པ་བཟང་པོ་འདི་ལ་རྡོ་རྗེ་འཛིན་པ་ཉིད་ཀྱིས་བཏུལ་སྟེ་མཐར་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་ནག་པོ་ཆེན་པོ་ཞེས་བྱ་བར་འགྱུར་རོ། །དེའི་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་བྱ་བ་རྫོགས་པའི་འོག་ཏུ་རྡོ་རྗེས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་སུ་སངས་རྒྱས་ཐལ་བའི་དབང་པོ་ཞེས་བྱ་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་དགེ་སློང་སྐྱེ་བ་མང་པོ་བརྒྱུད་ནས་འཛམ་བུའི་གླིང་རྒྱ་གར་གྱི་ཡུལ་ཕྱོགས་གཅིག་ན་གྲོང་ཁྱེར་གསུམ་བརྩེགས་ཞེས་བྱ་བའི་རྒྱལ་པོའི་ཕོ་བྲང་གཅིག་ཡོད་པས་དེ་དང་ཉེ་བའི་བྱང་ཕྱོགས་ཉི་མ་ཕྱེད་ཀྱིས་ན། དུར་ཁྲོད་ཆེན་པོ་སོ་སོའི་གླིང་ཞེས་བྱ་བ་ཡོད་པ་དེ་ན་རོ་ཟས་དང་རོ་གོས་ཐམས་ཅད་ལྕེ་སྤྱང་གི་ཟ་བ་ཡོད་པ་ལ། དུར་ཁྲོད་དེར་རེ་ཞིག་གི་ཚེ་དགེ་སློང་དེ་ཕ་མ་མེད་པའི་ཁྱེའུ་མདོག་ནག་པོ་གཅིག་ཏུ་འགྱུར་ཏོ། །དེས་དགེ་སློང་དཀའ་ཐུབ་ཀྱི་བྱ་བ་བྱས་ནས་དུར་ཁྲོད་དེར་བསྒོམས་པས། དུར་ཁྲོད་ཀྱི་མ་མོ་མཁའ་འགྲོ་ཐམས་ཅད་མོས་ནས་རོ་ཤ་བསྟབ་པ་གསོལ། དེར་རོ་ཤ་རོ་གོས་རོ་ཟས་ཐམས་ཅད་ལ་ལོངས་སྤྱོད་ཅིང་བསྒོམས་པས། གྲོང་ཁྱེར་གསུམ་བརྩེགས་པའི་མི་ཐམས་ཅད་ན་རེ། དུར་ཁྲོད་ན་སྲིན་ཕྲུག་རོ་ཟན་གཅིག་


TNT21_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པས་དེས་མི་ཐམས་ཅད་ཟ་བས་དེ་བསད་དགོས་ཟེར་ནས་ཐམས་ཅད་ལ་བསྒྲགས་སོ། །དེར་དཔུང་གི་ཚོགས་དང་བཅས་ཏེ་དུར་ཁྲོད་དེར་ཕྱིན་པ་དང༌། དགེ་སློང་གིས་གསོད་པར་ཤེས་ནས་ང་སྲིན་པོ་མིན་ཆོས་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་དུར་ཁྲོད་དུ་སྒོམ་པ་ཡིན་བྱས་ཀྱང་མ་ཕན་པར་མཚོན་བསྣུན་ནོ། །དེ་ནས་དགེ་སློང་དེ་ཞེ་སྡང་གིས་མཚམས་སྦྱར་ནས་འཆི་བའི་ཚེ་དམོད་པར་བོར་ཏེ། ངས་ཚུལ་ཁྲིམས་དང་དཀའ་ཐུབ་ལོ་དགུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པར་སེམས་བསྐྱེད་པ་ལ། ཁྱེད་རྣམས་ཀྱི་སྒོམ་དུ་མ་སྟེར་བར་བསད་པས། ང་ཤི་མ་ཐག་ཏུ་གནོད་སྦྱིན་མ་རུང་པ་གཅིག་ཏུ་གྱུར་ནས། སྤྱིར་སེམས་ཅན་ཐམས་ཅད་ཀྱི་སྲོག་དབུགས་སྡུད་ཅིང་ཁྱད་པར་དུ་གྲོང་ཁྱེར་གསུམ་བརྩེགས་ཀྱི་རྒྱལ་པོ་རྒྱལ་སྲིད་འཁོར་དང་བཅས་པ་ཐམས་ཅད་ཀྱི་གཤེད་མར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་དགེ་སློང་ནག་པོ་དེ་སྔོན་དབང་ཕྱུག་ཆེན་པོ་ལ་སྐྱབས་སུ་སོང་ཞིང་དེས་དངོས་གྲུབ་བྱིན་པའི་སྟོབས་ཀྱིས་དང་སྔར་སངས་རྒྱས་ཀྱི་ལུང་བསྟན་པ་བཞིན་དུ། ཁོང་ཤི་མ་ཐག་ཏུ་རི་རབ་ཀྱི་ཟོམ་ལ་ལྷ་དབང་ཕྱུག་ཆེན་པོ་དང་ལྷ་མོ་ཨུ་མ་གཉིས་ཀྱི་བུར་སྐྱེས་ཏེ། དེའང་ཇི་ལྟར་བྱུང་ཞེ་ན། རི་རབ་ཀྱི་བྱང་ཤར་མཚམས་ན་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་རྩ་བ་ལྷ་མ་ཡིན་གྱི་ཡུལ་དུ་སྐྱེས་ཤིང༌། རྩེ་མོ་ལ་བྱ་ཁྱུང་གནས་པས་ལོ་མ་ལ་འདོད་ཡོན་ལྔ་རང་བྱུང་དུ་འབྱུང་བ་འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟ་བུར་སྨིན་པ་དགོས་འདོད་ཐམས་ཅད་འབྱུང་བ་ཞིག་ལྷ་


TNT21_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷ་མ་ཡིན་གྱི་ཐུན་མོང་གི་བསོད་ནམས་ལས་སྐྱེས་སོ། །ཤིང་དེའི་རྩེ་མོ་ལྷ་རྣམས་ཀྱི་གནས་ན་ཡོད་པས་ལོ་མ་དང་འབྲས་བུ་ལྷ་རྣམས་ཀྱི་དབང་བྱས་པའི་ཚེ་རི་རབ་ཀྱི་རྐེད་པར་ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་ཞེས་བྱ་བ་ནས། ལྷ་མ་ཡིན་གྱི་རྒྱལ་པོ་ཧེ་རང་ན་པག་ཤུ་ཞེས་བྱ་བ་དང༌། རི་རབ་ཀྱི་རྩ་བ་ནས་འོད་མི་སྣང་བ་ཞེས་བྱ་བའི་གནས་ན་ལྷ་མ་ཡིན་གྱི་རྒྱལ་པོ་སུམ་བརྩེགས་དང༌། ཐགས་བཟང་རིས་དང༌། རྣམ་པར་སྣང་བྱེད་དང༌། རབ་བསིལ་དང་སྒྲ་གཅན་འཛིན་ལ་སོགས་པ་དམག་བྱེ་བ་དུང་ཕྱུར་ཙམ་མཚོན་ཆ་སྣ་ཚོགས་འཛིན་ནས། རི་རབ་ཀྱི་སྟེང་ཆོས་བཟང་ཞེས་བྱ་བར་ལྷག་ནས་རི་རབ་ཀྱི་སྟེང་ན། ལྷའི་དབང་པོ་བརྒྱ་བྱིན་དང༌། བྷ་སུ་དྷེ་བ་དང༌། མ་ཧ་དེ་བ་སོགས་པའི་ལྷ་ཚོགས་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་ཤིང་འདི་རྩ་བ་ངེད་ཀྱི་ཡུལ་ནས་སྐྱེས་ཀྱང་ལྷ་རྣམས་ཀྱི་དབང་དུ་བྱས་པས། དེ་ནི་ལྷ་དང་ལྷ་མ་ཡིན་ཐུན་མོང་བྱ་བར་རིགས་སོ། །ཞེས་སྨྲས་པས། ལྷ་རྣམས་ན་རེ། ཤིང་ལ་དགོས་འདོད་ཐམས་ཅད་འབྱུང་བ་ལྷ་རྣམས་ཀྱི་བསོད་ནམས་ལས་གྲུབ་པ་ཡིན། ལྷའི་ཡུལ་དུ་འབྲས་བུའི་སྨིན་པ་ཡིན་པས་ཁྱེད་ལ་མི་སྟེར་ཞེས་སྨྲས་པས། ལྷ་མ་ཡིན་རྣས་ཁྲོས་ཏེ་དེ་ལྟ་ན་གཡུལ་འགྱེད་པར་བྱའོ། །ཞེས་སྨྲས་ནས་སོང་སྟེ། ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་གནོད་སྦྱིན་སུམ་ཅུ་རྩ་གཉིས་དང་ལྷ་མ་ཡིན་གྱི་དམག་བྱེ་བ་དུང་ཕྱུར་དང་བཅས་པ་མཚོན་ཆ་སྣ་ཚོགས་ཐོགས་ཏེ་


TNT21_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རི་རབ་ཀྱི་སྟེང་དུ་ལྷགས་པ་ན། ཆོས་བཟང་ཞེས་བྱ་བའི་མདུན་སར་ལྷ་རྣམས་ཚོགས་ཏེ་འཐབ་པར་བརྩམས་ནས་ལྷ་རྣམས་ཁྲོ་མ་ཤེས་ནས། རྩུབ་འགྱུར་གྱི་ཁང་པ་ན་ཁྲོ་བོ་ཀ་ཏ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྫིང་བུ་བདུན་འཁྱིལ་བ་ལ་བཏུངས་པས་ལྷ་རྣམས་ཞེ་སྡང་སྐྱེས་ཏེ། ལྷའི་དབང་པོ་བརྒྱ་བྱིན་ཉེ་དབང་སུམ་ཅུ་རྩ་གཉིས་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་ཏེ་གོ་མཚོན་སྣ་ཚོགས་ཐོགས་ནས། ལྷ་དང་ལྷ་མ་ཡིན་གཡུལ་འགྱེད་ཅིང་ཕན་ཚུན་མཚོན་བརྒྱབ་པས། ལྷ་མ་ཡིན་གྱི་ཁྲག་འོང་བ་རྣམས་ལ་དམག་མང་དུ་འཕེལ། ལྷ་རྣམས་ཀྱི་ཁྲག་ལ་དམག་མ་འཕེལ་བར་ཤི་སྟེ་ལྷ་རྣམས་ནི་ཕམ། ལྷ་མ་ཡིན་རྣམས་ནི་རྒྱལ་བས། ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར་ཕྱག་ན་རྡོ་རྗེའི་ཐུགས་ཀ་ན་ཧཱུཾ་གཅིག་སྤྲོས་པས་ལྷ་བྱི་སྣུ་ར་ཙའི་དཔྲལ་བར་ཐིམ་པ་ལ་ལྕགས་ཀྱི་མཛེར་བ་གཅིག་ཏུ་གྱུར་ནས། དེ་རྟོལ་བའི་ནང་ནས་བུད་མེད་སྔོ་བསངས་མ་མཚན་དང་དཔེ་བྱད་ལྡན་པ་གཅིག་བྱུང༌། དེ་ལ་ལྷ་རྣམས་ཀྱིས་ཨུ་མ་དེ་བ་བྱ་བར་མིང་བཏགས། ལྷ་རྣམས་ཀྱི་ཆུང་མར་བྱ་བ་འདོད་པས་ན་ནམ་མཁའ་ནས་ཕྱག་ན་རྡོ་རྗེའི་སྤྲུལ་པས་སྨྲས་པ། ལྷ་རྣམས་རྒྱལ་སྲིད་འཐོར་ཞིང་བརྟན་པ་དང༌། །རིགས་དྲུག་སེམས་ཅན་བདེ་ལ་བཀོད་པ་དང༌། །ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། །དབང་ཕྱུག་ལྷ་ལ་ཨུ་མ་ཆུང་མར་བྱིན། །ཞེས་གསུངས་པས། མཧཱ་དེ་


TNT21_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་ལྷ་དཔལ་ཆང་གིར་ཏི་ཀའི་བུ་མོ་ཨུ་མ་ཆུང་མར་བྱིན་ཏེ་འཁྲིག་པ་སྤྱད་པས་ཨུ་མ་ལ་སྲས་མིང་སྲིང་གཉིས་སྐྱེས་ཏེ། མིང་པོ་ལ་གཤིན་རྗེ་མཧཱ་ཀཱ་ལ་ཞེས་བཏགས། མདོག་ནག་ཅིང་ཐུང་ལ་གཏུམ་པས། མཧཱ་དེ་ཝའི་སྲས་པོ་དྲག་ཤུལ་ཆེ། མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། ནག་པོ་ཆེ་ཞེས་གྲགས་སོ། །སྲིང་མོ་ལ་མཧཱ་ཀཱ་ལི་ཞེས་པ་དང་དཔལ་ལྷ་མོ་དང་ལྷ་མོ་ཙ་མུན་དྲི་ཞེས་བྱ་བར་ཡང་གྲགས། ནག་པོ་ཆེན་པོ་ལ་ཕས་ལག་ཆར་གྲི་གུག་བྱིན། མས་འཐུང་སྣོད་དུ་ཐོད་པ་བྱིན། ལྷ་རྣམས་ཀྱིས་མདངས་ལས་གྲུབ་པའི་ལྷ་མོ་མདངས་ལྡན་ཆུང་མར་བྱིན་ཏེ། མིང་སྲིང་གཉིས་ཆོས་བཟང་ལྷའི་མདུན་སར་སྤྱན་དྲངས་ནས་ལྷ་མང་པོས་ཕྱག་བྱས། ལྷའི་དབང་པོས་རྣམ་པར་རྒྱལ་བའི་ཁང་བཟང་དུ་མཆོད་པར་བྱས། ལྷའི་དམག་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་ཚལ་ཆེན་པོ་བཞིར་མཆོད་པ་བྱས། ཡོངས་འདུ་ས་བརྟོལ་དུ་ལྷའི་བུ་བྱེ་བ་ཁྲག་ཁྲིགས་གིས་མཆོད་པ་བྱས། རྡོ་ཨར་མོ་ལི་ཀའི་ཁར་ཡང་ལྷ་ཡི་བུ་བྱེ་བ་ཁྲག་ཁྲིག་གིས་མཆོད་པ་བྱས། ཆོས་བཟང་ལྷའི་འདུན་སར་ལྷ་རྣམས་ཀྱི་དམག་དཔོན་དུ་མངའ་གསོལ། དཔལ་ཕྱག་ན་རྡོ་རྗེས་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བཀའ་བསྒོ་ཞིང་དམ་ལ་


TNT21_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་སོ། །དེ་ནས་སྐར་མ་རྒྱལ་གྱི་ཉིན་པར་ཉི་མ་བྱང་ཤར་གྱི་གནོད་སྦྱིན་བརྒྱད་ནི་ཁྱོང་ཁྱུང་ཆེན་དང་ལྕགས་ཀྱི་བྱ་ཁྲར་སྤྲུལ། ལྷོའི་གཤིན་རྗེ་བརྒྱད་ནི་ཁྱི་ནག་དང་ལྕགས་སྤྱང་དང་སྟག་གཟིགས་དང་དོམ་དྲེད་དུ་སྤྲུལ། སྲིད་པའི་མ་མོ་བཅུ་དྲུག་ནི་བུད་མེད་ནག་མོར་སྤྲུལ། བཙན་དང་དྲི་ཟའི་ཚོགས་ནི་སྐྱེས་པ་སྟག་ཆས་ཅན་དུ་སྤྲུལ། སྲོག་བདག་དང་རྒྱལ་པོའི་དམག་ཚོགས་ནི་སྔགས་ཆེན་དང་དགྲ་བཅོམ་དུ་སྤྲུལ། ཕོ་བདུད་དང་མོ་བདུད་ཀྱི་སྤྲུལ་པ་བདུད་དམག་ཉི་ཁྲི་ཆིག་སྟོང་དང༌། ལྷ་མ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་བྱེ་བ་དུང་ཕྱུར་དང་བཅས་པར་སྤྲུལ་ནས་མིང་སྲིང་གཉིས་ཀྱི་ལྷ་རྣམས་ཀྱི་མགོན་བྱས་ཏེ། ལྷ་མ་ཡིན་དང་གཡུལ་འགྱེད་ནས་འཐབ་པས། མཧཱ་ཀཱ་ལའི་ལག་ན་གསལ་ཤིང་བིང་དང་གྷན་དྷེ་རི་རབ་ཙམ་གཅིག་གིས་ལྷ་མིན་གཡུལ་ངོར་དྲིལ་ནས་བཅོམ། གྲོང་ཁྱེར་གསུམ་བརྩེགས་བཤིག །ལྷ་མ་ཡིན་གྱི་སྐེ་གྲི་གུག་གིས་བཅད་དེ་ཐོད་པའི་ནང་དུ་ཁྲག་ཟེད་ཅིང་བཏུངས་པས་ལྷའི་རྣམ་པ་ལས་འགྱུར་ཏེ། གནོད་བྱིན་གྱི་གཟུགས་ནག་ཅིང་ཤིན་ཏུ་འཇིགས་པར་གྱུར་ཏོ། །ཙ་མུན་དྲིས་རལ་གྲི་མེ་ལྕེའི་ཕྲེང་བ་ཞེས་བྱ་བས་ལྷ་མ་ཡིན་ཧེ་ར་ན། པག་ཤུའི་མགོ་བཅད། ལྷ་དམག་མང་པོ་རྣམས་ཀྱིས་ལྷ་མ་ཡིན་ལ་མཚོན་གྱི་ཆར་ཕབ་ནས་དམག་རྣམས་བསད། ཙ་མུ་དྲིས་ཧེ་ར་ན་པག་ཤུ་ཐོད་པས་ཁྲག་བཅུས་ཤིང་རོལ་པས། ལྷ་མིན་གྱི་ཁྲག་དམག་མིར་སྤྲུལ་པ་


TNT21_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཕེན་མི་ནུས་པར་བྱས་ཤིང༌། ཙ་མུན་ཏྲིའི་ལྟོ་བ་ལ་ལྷ་དམག་བྱེ་བའི་རྫོང་བྱས་ནས་འཐབ་པས་ལྷ་དམག་དཀར་པོ་རྒྱལ་དེ་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་ཏེ་ལྷ་མ་ཡིན་ཕམ་པར་བྱས་སོ། །དེ་ནས་ཡུལ་ལང་ཀ་པུ་རི་ན་སྲིན་པོའི་གྲོང་ཁྱེར་བདུན་འབུམ་ཡོད་པ་ལ་ལྷ་རྣམས་ཀྱིས་སྒྱོག་གིས་ཕབ་ནས་བརླག་པར་བྱས་པས། སྲིན་པོ་དྷ་ཤ་གྷྲི་བས་ལྷ་དང་མི་རྣམས་སྡོམ་པའི་དོན་དུ་དེའི་སྲིང་པོ་རྣ་ལ་ཙིདྷ་མ་ཧ་དྷེ་བ་ལ་བཙུན་མོར་ཕུལ། དེ་གཉིས་ཚོགས་པ་ལས་བུ་མོ་ཡ་མཚན་ཆེ་བ་གཅིག་སྐྱེས་ཏེ། དེ་ཆེར་སྐྱེས་པ་དང་རྣ་ལ་ཙིས་བུ་མོ་ཁྲིད་ནས་ཙ་མུན་ཏྲི་ལ་གཡོག་ཏུ་ཕུལ། དེས་ལྷ་མོའི་གཡོག་བྱས་ཤིང་གློ་བར་ཉེ་བར་བྱས་ནས་ལྷ་མོ་ཤིན་ཏུ་མཉེས་ཤིང་རབ་ཏུ་དགའ་ནས། ལྷ་མོ་ན་རེ་ཁྱེད་ཀྱིས་ང་ལ་མགུ་བར་བྱས་པས་ངས་ཀྱང་ཁྱོད་ཀྱིས་ཅི་འདོད་པར་བྱའོ་ཞེས་ཚིག་ཤོར་བས། ཁོལ་མོས་གླགས་རྙེད་དེ་ཞང་པོ་དྷ་ཤ་གྷྲི་བ་ལ་སྦྲན་ནས་འོངས་པ་ལ། འདི་དང་གཏན་གྱི་གྲོགས་ཟླ་མཛད་པར་ཞུ་ཞཻས་བྲིད་ཅིང་བསླུས་ནས་ཞུས་པས། སྔར་གྱི་ཁས་བླང་ཤོར་བ་དང༌། ལྷ་ལ་དག་མི་འགྱུར་བའི་སྡོམ་པ་ཡོད་པས་མི་བྱ་བའི་དབང་མེད་པར་ལྷ་མོ་དེ་སྲིན་པོའི་ཆུང་མར་སོང་དེར་ལྷ་མོ་ཨུ་མ་ཁྲོས་ཏེ་དམོད་པ་ཕྱིན་ཅི་ལོག་པར། མིང་པོ་མ་ཧཱ་ཀཱ་ལས་སྲིང་མོ་སྟེར་བས་འཚོལ་དུ་སོང་བ་དང༌། སྲིང་མོའི་རྐང་པ་ལ་ལྕགས་སྒྲོག་བཅུག་པ་མཐོང༌། དེར་མ་ཧཱ་ཀཱ་ལ་


TNT21_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཁྲོས་ནས་སྲིན་པོ་འཁོར་དང་བཅས་པ་བསད་ནས་ཤ་ཟོས་ཁྲག་འཐུང་ཡུལ་ལང་ཀ་པུ་རི་གཏན་ནས་བརླགས་པར་བྱས་སོ། །དེའི་རྒྱུ་བརྟགས་པས་ལྷ་རྣམས་ལན་པར་ཤེས་ནས། མཧཱ་ཀཱ་ལ་ལྷ་རྣམས་ལ་ཡང་ཁྲོས་པས། སྔར་ལྷ་དང་ལྷ་མི་འཐབ་པ་ན་ལྷའི་མཚོན་ཆའི་འཁོར་ལོ་འཕངས་པས་ལྷ་མ་ཡིན་རྣམས་བཅོམ་ནས་ཕམ་པར་བྱེད་པ་ལ། དུས་དེར་མཧཱ་ཀ་ལས་འཁོར་ལོའི་ནང་དུ་འཁོར་ལོ་ཕྱིར་བཟློག་པའི་སྦྱོར་བ་བྱས་ནས་བཅུག་པས་ལྷ་དང་ལྷ་མིན་འཐབ་པའི་ཚེ་ལྷས་འཁོར་ལོ་འཕངས་པས་ཕྱིར་ལོག་ནས་སླར་ལྷ་རྣམས་ཕམ་པར་བྱས་སོ། །དེར་ཕ་དབང་ཕྱུག་ཆེན་པོ་ཁྲོས་ནས་དུས་དེར་བུ་ནག་པོ་རི་རབ་ཀྱི་སྟེང་ནས་བསྐྲད་པས་ནག་པོ་ཆེར་ཁྲོས་ཏེ། ཚམས་རྔམ་གྱི་གད་མོ་བསྒྲགས། ཁྲོས་པའི་ཞབས་བརྡབས་ས་གཞི་ཐམས་ཅད་གཡོས་ཤིང་རི་རབ་ཀྱང་འགུལ་ལྡེག་འགྱེལ་ལ་ཁད་པ་ཙམ་དུ་བྱུང་ནས་མར་འབབ་ཏེ་རི་རབ་བང་རིམ་གསུམ་གྱི་ཁ་ཁྱེར་ལ་གནོད་བྱིན་འོད་ཟེར་ཅན་ཞེས་བྱ་བ་དབང་ཕྱུག་ཆེན་པོས་འཇིག་རྟེན་ན་དབང་ཆེ་བའི་ཐུན་མོང་གི་དངོས་གྲུབ་བྱིན་པ་ཞིག་ཡོད་པ་དེའི་རྩར་བབ་སྟེ། ནག་པོས་འོད་ཟེར་ཅན་བསད་ཤ་ཟོས་ཁྲག་བཏུངས་ནས་ཕས་བྱིན་པའི་དངོས་གྲུབ་ཉམས་པར་བྱས། ནག་པོ་ཡང་གནོད་བྱིན་གྱི་གཟུགས་འཇིགས་སུ་རུང་བ་མཆེ་བ་བཞི་དང་ལྡན་པ་ཞིག་ཏུ་གྱུར་ཏོ། །དེ་ནས་འོད་ཟེར་ཅན་འཛམ་


TNT21_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་གླིང་དུ་ཉ་བའི་རིགས་སུ་སྐྱེས་སོ། །དེས་ཀྱང་སྔར་གྱི་སྨོན་ལམ་དང་ལས་ཀྱི་དབང་གིས་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་གསུམ་བརྩེགས་དང་ཉེ་བར། རི་རབ་བང་རིམ་གསུམ་བརྩེགས་ལ་ལྷ་མ་ཡིན་གྱི་རྒྱལ་པོའི་གྲོང་ཁྱེར་གསུམ་བརྩེགས་དང་འདྲ་བའི་ཁང་པ་གསུམ་བརྩེགས་བྱས་ནས་དེར་གནས་ཏེ། དབང་ཕྱུག་ཆེན་པོའི་དངོས་གྲུབ་ཐུན་མོང་བ་ཞིག་ཐོབ་ནས་བྱས་སོ། །དེར་ནག་པོ་དྲག་པོ་ཡང་ལས་ཀྱི་སྟོབས་ཀྱི་འཛམ་བུའི་གླིང་གི་གྲོང་ཁྱེར་སུམ་བརྩེགས་སུ་བབ་ནས། སྤྱིར་སེམས་ཅན་མང་པོའི་གཤེད་མར་གྱུར། ཁྱད་པར་དུ་གྲོང་ཁྱེར་སུམ་བརྩེགས་ཀྱི་རྒྱལ་བློན་དང་བཅས་པ་ཐམས་ཅད་བསད། ཤ་ཟོས་ཁྲག་འཐུང་གྲོང་ཁྱེར་གསུམ་བརྩེགས་ཀྱི་གྲོང་ཁྱེར་ཐམས་ཅད་བཤིག་བཅོམ་བརླག་པར་བྱས། སྔར་གྱི་བྱེད་པ་རྒྱུ་མཐུན་པའི་ལས་ཀྱི་དབང་གིས། འོད་ཟེར་ཅན་ཉ་བར་སྐྱེས་པ་དེ་ཡང་བསད། ཤ་ཟོས་ཁྲག་འཐུང་མགོ་བཅད་ནས། མས་བྱིན་པའི་གཡོན་གྱི་ཐོད་པར་ཁྲག་བླུགས་ཏེ་འཐུང་ཕས་བྱིན་པའི་གྲི་གུག་གཡས་སུ་ཕྱར། གསལ་ཤིང་གྲུབ་མོར་བཅུག་སྟེ་དུར་ཁྲོད་སོ་གླིང་དུ་སོང་ནས་དུར་ཁྲོད་ཀྱི་འཇིགས་བྱེད་ཕོ་མོ་ཐམས་ཅད་དང༌། ཤ་ཟ་དང་སྲིན་པོ་དང་གནོད་སྦྱིན་དང་མ་མོའི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ། དེ་རྣམས་ཀྱི་ཕྱག་བྱས་འཁོར་དུ་འདུས་ཏེ་གྲོང་ཁྱེར་སུམ་བརྩེགས་པ་ཐམས་ཅད་བསད་ཅིང་ཟ་བར་བྱེད་དེ། དེར་སུམ་བརྩེགས་པ་རྣམས་སྐྲག་


TNT21_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཁོ་དུག་གི་བསད་པར་འདོད་ནས་ཁོ་འོང་བའི་ལམ་སྲང་ཐམས་ཅད་དུག་སྦྱར་ནས་བཞག་པས་ཁོས་ཟོས་པས་ཁོ་ལ་མ་གནོད་པར། སླར་མཐུན་རྫས་སུ་གྱུར་ནས་ནུས་པ་དང་ལྡན་པར་གྱུར་ཏོ། ཁོ་བསྐྲད་པར་འདོད་པས་གྲོང་ཁྱེར་གྱི་ཤར་སྒོར་ཡུངས་ཀར། ལྷོ་སྒོར་སྒོག་པ། ནུབ་ཏུ་རང་བྱུང་མེ་ཏོག །བྱང་དུ་བཙན་དུག །བྱང་ཤར་ཤ་ཆེན། ཤར་ལྷོ་དྲི་ཆེན། ལྷོ་ནུབ་ཏུ་ཚ་བ་གསུམ། ནུབ་བྱང་དུ་ཀླད་པ་འདྲེས་པའི་བདུད་པོ་བཏང་བས་ཁོའི་མཐུན་པའི་དམ་རྫས་སུ་གྱུར་ནས་སླར་མཐུ་སྟོབས་དང་ལྡན་པར་གྱུར་ཏོ། །དེ་ནས་སྲིད་པ་གསུམ་ལ་དབང་ཆེ་བའི་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་ཀྱང་མ་ཐུལ་བས། ནང་སེམས་ཅན་བརྒྱ་ཟོས། ནུབ་སེམས་ཅན་བརྒྱ་ཟོས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་བརླག་ལ་ཁད་པར་གྱུར་པ་དང། འཕགས་པ་སྤྱན་རས་གཟིགས་ཀྱིས་སེམས་ཅན་རྣམས་ལ་ཐུགས་རྗེས་དགོངས་ནས་ནག་པོ་དྲག་པོ་དེ་འདུལ་བའི་དོན་དུ་ཁྲོ་བོ་ཆེན་པོ་དཔལ་རྟ་མགྲིན་སྤྲུལ་ནས་དབུའི་གཙུག་ནས་རྟ་མགོ་ལྗང་ཞུར་བྱུང་སྟེ་རྟ་སྐད་ལན་གསུམ་བསྒྲགས་པས་ནག་པོ་ན་རེ་ང་འདུལ་བའི་གཉེན་པོ་མེད་ཀྱི་ཁྱེད་རང་ནགས་སུ་སོང་ལ་རྩ་ཟོ་ཟེར་ནས་མ་ཐུལ་ལོ། །དེ་ལྟ་བུར་མཐུ་སྟོབས་དང་ལྡན་པའི་གདུག་པ་ཅན་དེས་སེམས་ཅན་མང་པོ་ལ་གནོད་པར་གཟིགས་ནས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་མཛད་ནས། ནག་པོ་དྲག་པོ་དེ་གཞན་གྱི་མི་འདུལ་ཞིང་ཕྱག་ན་རྡོ་རྗེས་འདུལ་བའི་དུས་ལ་


TNT21_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

བབ་པར་མཁྱེན་ཏེ་ཕྱག་ན་རྡོ་རྗེ་ལ་ཞལ་འཛུམ་པ་མཛད་ནས་འོད་ཟེར་གྱིས་བསྐུལ་བས། ཕྱག་ན་རྡོ་རྗེ་ཁྲོ་བོའི་རང་བཞིན་དུ་གྱུར་པ་དང་བཅས་པས་འཇིགས་སུ་རུང་བའི་སྒྲ་སྒྲོག་པ། ཕྱག་གཡས་ན་རྡོ་རྗེ་གཡོན་པས་སྡིགས་མཛུབ་མཛད་ཅིང་གསུང་གི་ང་རོ་དྲག་ཏུ་རྔམ་པའི་ཧཱུཾ་སྒྲ་སྒྲོག་སྟེ། ནག་པོ་འཁོར་བཅས་ཐམས་ཅད་ལ་གཟིར་ཞིང་ཚར་བཅད་ནས་རང་གི་སྐུར་སྣང་བར་བྱས་ཏེ་ས་བརྒྱད་པ་ཟག་མེད་ཀྱི་ལམ་ལ་བཀོད། ནག་པོ་འཁོར་དང་བཅས་པ་རྡོ་རྗེ་འཛིན་པའི་སྤྱན་སྔར་འཁོད་དེ་གསོལ་བ། ཀྱཻ་ཐམས་ཅད་མཁྱེན་པ་སྟོན་པ་ལགས། །བདག་ནི་ཁྱེད་གཟིར་མི་བཟོད་དོ། །དམ་ལ་བཏགས་འཚལ་ཅི་གསུངས་བསྒྲུབ། ཁྱེད་ཀྱི་བསྟན་པ་བསྲུང་བར་བགྱིད། །ཅེས་བརྗོད་ཅིང་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་དམ་བཅས་སོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེར་འདུས་པ་ནས་གདན་ཚོམ་བུ་ལྟར་བྱས་ཏེ། གཙོ་བོ་རྡོ་རྗེ་འཆང་ཆེན་པོ་ནས། ནག་པོའི་ལག་ཏུ་རྡོ་རྗེ་གཏད་ལྕེ་ལ་དམ་མཆུ་བླུད་ཅིང་དམ་ལ་བཞག་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ནུས་མཐུ་དང་ལྡན་པར་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས། རྡོ་རྗེ་འཆང་གི་བཀའ་བསྒོས་པས། ཁྱེད་ནི་གསང་བ་གསུམ་གྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་བསྲུང་བར་བྱིན་གྱིས་བརླབས། ཁྱོད་ནི་དཔལ་ལྡན་ནག་པོ་ཆེ། །བསྟན་


TNT21_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྲུང་བར་ཁས་བླངས་པས། །ཤཱཀྱ་སེངྒེའི་བསྟན་པ་ལ། །དམ་ཚིག་ཆེན་པོར་གནས་པར་གྱིས། །ཞེས་བསྒོ་ཞིང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་གཉེན་དུ་གཏད་པས། བཅོམ་ལྡན་འདས་ལ་དགའ་ཞིང་བཀའ་ཉན་པ་དང༌། ཐམས་ཅད་ཀྱང་རྫུ་འཕྲུལ་གྱི་ནུས་པ་རྫོགས་ཏེ་སངས་རྒྱས་སྟོང་རྩ་གཉིས་གྱིས་བསྟན་པ་བསྲུང་བའི་བྱ་བ་བྱེད་ཅིང༌། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པའི་མགོན་པོ་ལྔ། གཞན་ཡང་ལས་ཀྱི་མགོན་པོ་དུ་མ་བཅས་པའི་ཚོགས་རྣམས་རང་རང་གི་འཁོར་འཇིག་རྟེན་དྲེགས་པ་ཅན་རྣམས་དང་ཐབས་གཅིག་ཏུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས། སངས་རྒྱས་ཀྱི་བསྟན་པ་དང་བསྟན་པ་ལ་ཞུགས་པ་དང་བྱེ་བྲག་ཏུ་གསང་སྔགས་ཀྱི་སྒོར་ཞུགས་པའི། སྒྲུབ་པ་པོ་རྣམས་ཀྱི་བསྲུང་མ་བྱེད་པར་ཁས་བླངས་སོ། །དེ་ལ་སྐུའི་ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་བའི་སྐུའི་མགོན་པོའི་བཀའ་ནོན་དུ་རྣམ་པར་སྣང་མཛད། འཇམ་དཔལ་གསུང་གི་ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་བའི་གསུང་གི་མགོན་པོའི་བཀའ་ནོན་དུ་པདྨ་དབང་ཆེན། ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་བའི་ཐུགས་ཀྱི་མགོན་པོའི་བཀའ་ནོན་དུ་ཕྱག་ན་རྡོ་རྗེ། འཕྲིན་ལས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱིས་བསྟན་པ་བསྲུང་བའི་འཕྲིན་ལས་མགོན་པོའི་བཀའ་ནོན་དུ་ཁྲོ་བོ་ཀུ་རུ་ཀུ་ལེ་འབྱུང་བ་ཡིན། ཡོན་ཏན་གྱི་ལྷ་ཚོགས་ནི་གོང་མ་རྣམས་ཀྱི་ཐུན་མོང་ཡིན་


TNT21_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ལ་འདི་ནི་ཐུགས་ཀྱི་མགོན་པོ་ཡིན་པས་དེའི་བཀའ་ནོན་དུ་ཕྱག་ན་རྡོ་རྗེའམ་ཀྱཻ་རྡོ་རྗེ་ལ་སོགས་པ་ཐུགས་ཀྱི་ཁྲོ་བོ་འབྱུང་བ་ཡིན་ནོ། །ཐུགས་ཀྱི་མགོན་པོ་འདི་ལ་ཡང་བིང་ཅན་དང་གྲི་གུག་ཅན་གཉིས། བིང་ཅན་ལ་བཞི། བིང་སྐོར་སྐུ་ཕྱི་སྒྲུབ་ཀྱི་ལུགས། སྟག་བཞོན་ནང་གསུང་སྒྲུབ། ཏྲག་ཤད་གསང་བ་ཐུགས་ཀྱི་སྒྲུབ་པ། དེ་དག་གི་བཀའ་སྡོད་ལས་ཀྱི་མགོན་པོ་རྣམས་དྲག་པོ་འཕྲིན་ལས་ཀྱི་སྒྲུབ་ལུགས་སོ། །གྲི་གུག་ཅན་ལ་ཡང་གྷན་དྷེ་ཡོད་པ་དང་མེད་པ་གཉིས་ལས་གྷནྡྷེ་མེད་པ་ནི་གྲི་ཐོད་འཛིན་པ་སྟེ། དེ་ལ་སྒྲུབ་ཐབས་བསམ་གྱིས་མི་ཁྱབ་པ་གཅིག་བྱུང་ཡང༌། གཙོ་བོ་ནི་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་སྒྲུབ་ཐབས་ཆེ་འབྲིང་ཆུང་གསུམ་ཡོད་དེ། མགོན་པོ་གྲི་གུག་ཅན་ཞེས་ཡོངས་སུ་གྲགས་སོ། །གྷནྡྷེ་ཅན་གྱི་བསྒྲུབ་ཐབས་ནི་མང་མོད་ཀྱི། བྲམ་ཟེ་མཆོག་སྲེད་ལ། མགོན་པོས་ཞལ་གཟིགས་ནས་དེ་ལ་མགོན་པོ་ཉིད་ཀྱིས་སྒྲུབ་ཐབས་འདི་གནང་བ། རྡོ་རྗེ་གུར་གྱི་རྗེས་སུ་འབྲང་བའི་མན་ངག་གི་སྒྲུབ་ཐབས་ཏེ། བྲམ་ཟེ་མཆོག་སྲེད་ཕེ་དྷན་གྱི་ཡུལ་ནས་བདེ་མཆོག་ལ་སོགས་པའི་སྒྲུབ་པ་མཛད་པའི་དུས་སུ་རེ་མ་ཏིས་ལ་ལག་མཐིལ་དུ་བཞག་ནས་སྒོང་རྩེ་དང༌། དྲེའུ་རྟ་ལ་བསྐྱོན་ནས་གླིང་བཞི་ལན་ཅིག་བསྐོར། རྣ་བ་གཉིས་ནས་བཟུང་ནས་ལན་ཅིག་བསྐོར། དེ་ལྟ་བུའི་ཚུལ་གྱིས་བར་ཆད་ཡང་ཡང་བྱས་ནས་མྱོས་པར་བྱས་པ་


TNT21_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ལ། མགོན་པོ་ཉིད་ཀྱིས་རེ་མ་ཏི་ཐལ་ལྕག་གིས་བསྣུན་ཏེ། འདི་ལྟ་བུའི་བསྟན་པ་ལ་གནོད་པར་བྱེད་པའི་དམ་ཉམས་ཤ་ཟའམ་ཞེས་ཟེར་ནས་རེ་མ་ཏི་མྱོས་སུ་བཅུག །ངའི་སྲིང་མོ་འདིས་ད་རུང་ཁྱོད་ལ་བར་ཆད་བྱེད་དོ། །འདི་སྒྲུབས་ཤིག་གསུངས་ནས་མགོན་པོའི་སྒྲུབ་ཐབས་བྱིན་པ་ཡིན་ནོ། །དེ་ལ་རྐྱང་དུ་སྒྲུབ་པ་དང་སྦྲགས་སུ་སྒྲུབ་པའོ། །རྐྱང་དུ་སྒྲུབ་པའི་ལུགས་ལ་ཡང་ཕོ་རྐྱང་དུ་སྒྲུབ་པ་དང༌། མོ་རྐྱང་དུ་སྒྲུབ་པ་གཉིས། ཕོ་རྐྱང་དུ་སྒྲུབ་པ་ལ་ཚོགས་བདག་གི་ཚུལ་དུ་སྒྲུབ་པ་དང༌། བཀའ་བསྒོའི་ཚུལ་དུ་སྒྲུབ་པ་གཉིས་སོ། །མོ་རྐྱང་དུ་སྒྲུབ་པ་ལ་ཨེ་ཀ་ཙ་ཏིའི་ཚུལ་དུ་སྒྲུབ་པ་དང༌། རེ་མ་ཏིའི་ཚུལ་དུ་སྒྲུབ་པ་དང༌། འབལ་མོའི་ཚུལ་དུ་སྒྲུབ་པ་དང༌། མོན་མོའི་ཚུལ་དུ་སྒྲུབ་པ་དང་ལྷ་མོ་མུ་སྟེགས་ལུགས་ཀྱི་ཚུལ་དུ་སྒྲུབ་པ་དང་ལྔའོ། །སྦྲགས་སྒྲུབ་ལ་ཡང་ཡབ་ཡུམ་གྱི་ཚུལ་དུ་སྒྲུབ་པ་དང༌། ལྕམ་དྲལ་གྱི་ཚུལ་དུ་སྒྲུབ་པ་དང་གཉིས་གསུངས། དེ་གཉིས་གང་རུང་ལ་འཁོར་མོན་པ་དང་དྲིལ་ཏེ་སྒྲུབ་པ་དང༌། སྦྲགས་སུ་སྒྲུབ་པ་དང་བཞིའོ། །འཁོར་ལ་ཡང་ལས་ཀྱི་མགོན་པོ་ཟངས་གྲི་ཅན་དང༌། མོན་པ་མིང་སྲིང་ལྔ་དང༌། དུར་ཁྲོད་བདག་པོ་དང༌། སྡེ་བརྒྱད་དང༌། ཕོ་ཉའི་སྒྲུབ་ཐབས། མོན་པའི་སྒྲུབ་ཐབས། མོན་པའི་བྱུང་ཚུལ་ཅི་རིགས་པ་བསྟན་ཏོ། །ནག་པོ་ཆེན་པོ་ལྕམ་དྲལ་གྱི། །ཇི་ལྟར་བྱུང་བའི་ཚུལ་འདི་ནི། །དད་བརྩོན་སློབ་མ་ལ་བསྐུལ་བའི་ངོར། །


TNT21_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མ་ཏིས་བསྡེབས་པའོ།། །།དཔལ་ལྡན་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ་ཅི་རིགས་པ་འདི་ནི་བུ་སློབ་མ་མང་པོས་ཡང་ཡང་བསྐུལ་ངོར། འཇམ་དབྱངས་མ་ཏི་པཎ་ཆེན་གྱིས་དགེ་ལྡན་ས་བཟང་དུ་སྦྱར་བའོ།། །། མངྒ་ལཾ།།བྷ་ཝནྟུ།། ཤུབྷཾ།། ལེགས་བཞེངས་དགེ་བས་བདག་ཅག་གིས། །འདི་དང་ཚེ་རབས་ཐམས་ཅད་དུ། །རྒྱལ་བསྟན་རིན་ཆེན་གུས་བཀུར་ཏེ། །སྒོ་གང་ཐད་ནས་རྟག་འཛིན་ཤོག། །།


previousདཔལ་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་གྱི་བྱུང་ཚུལ།next