Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ།next

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ།


TNT21_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ་ཞེས་བྱ་བ་བཞུགས།


TNT21_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་པ་ལ། རྭ་སྐྱོ་སོགས་ཀྱི་ཡིག་ཆ་དངོས་བསྟན་ཕལ་ཆེར་ལ། ལས་ཚོགས་ཁོ་ན་དོན་དུ་གཉེར་བའི་བསྙེན་པའི་དབང་དུ་མཛད་གདའ་ནའང༌། ལས་ཚོགས་དོན་གཉེར་གྱི་གང་ཟག་ཉེ་ཚེ་བ་ལ་དགོངས་པ་ཡིན། སྤྱིར་བསྙེན་པའི་སྐབས་འདིར་མཆོག་སྒྲུབ་པ་ཁོ་ན་གཙོ་ཆེ་ལ། སྒྲུབ་པའམ་བསྙེན་སྒྲུབ་སྦྲགས་མ་ཡིན་ན། ལས་ཚོགས་གཙོ་མི་ཆེ། དབང་པོ་རབ་ཀྱི་མཆོག་གི་དངོས་གྲུབ་ཀྱི་བརྒྱུད་པའི་རྒྱུའམ། ཕལ་ཆེ་བ་ལ་དགོངས་ནས་ཐུན་མོང་གི་དངོས་གྲུབ་ཀྱི་རྒྱུ་ཡིན་པ་དང༌། དབང་པོ་ཤིན་ཏུ་ཐ་མས་ཀྱང་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་ཅེས། སྤྱིར་གྱི་ལས་ཚོགས་འགྲུབ་པ་ཞར་བྱུང་དང༌། ལས་ཚོགས་ཀྱང་དྲག་ལས་ཁོ་ན་མ་ཡིན་གྱི། ལས་བཞི་ཆ་མཉམ་ཡིན་ནོ། །དེ་ལྟར་ཡིན་པ་རྟོག་པ་དང་པོ་ཁོ་ན་ལ་བརྟགས་པས་ཤེས། འདིར་རྒྱུད་ལས་དངོས་གྲུབ་མཆོག་ཅེས་གསུངས་པ་ནི། ཐུན་མོང་གི་དངོས་གྲུབ་ཆེན་པོའི་མིང་ཡིན་པས། དངོས་གྲུབ་དང་ལས་སྦྱོར་ཙམ་གྱི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མི་


TNT21_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཀྱི། དེ་འགྲུབ་པ་ལ་རྫོགས་རིམ་དགོས་པར་དགོངས་སོ། །ལས་སྦྱོར་ཞེས་པ་ནི། དངོས་གྲུབ་ལ་དངོས་སུ་མཚམས་སྦྱོར་བ་ལ་ཡང་ལས་སྦྱོར་ཟེར་ལ། འོན་ཀྱང་དེ་ལས་བཞི་སོགས་ཕྲ་མོའི་སྒྲུབ་ཐབས་ནི་མ་ཡིན་ནོ། །དེས་ན་རྒྱུད་འདིར་ལས་དང་པོ་པའི་ས་ལ་གནས་པ་རྣམས་ཀྱི། ལས་བཞི་སྒྲུབ་ཚུལ་རྣམ་པ་བསྙེན་སྒྲུབ་ལས་གསུམ་གྱི་ལས་སྦྱོར་དུ་ཤེས་པར་བྱའོ། །དེ་ལྟར་སྤྱིར་ངེས་པར་བྱས་ནས། ལས་དང་པོ་པའི་བསྙེན་པ་བྱེད་ཚུལ་ནི། དང་པོར་སྒྲིབ་སྦྱོང་དང་ཚོགས་བསགས་ཅི་རིགས་པར་བྱས་ལ། ལེགས་པར་ཚགས་སུ་ཚུད་པའི་གནས་ཁང་དང༌། ཕྱིར་ཡོ་བྱད་གསར་དུ་བླང་དུ་མི་བཏུབ་པས། ཡོ་བྱད་ཀྱང་ཚགས་སུ་ཚུད་པར་བྱས། ཕྱོགས་སྐྱོང་གི་གཏོར་མ་རྒྱ་ཆེར་བཏང༌། བར་ཆད་མི་འཇུག་པར་གསོལ་བ་བཏབ་པ་ལན་མང་དུ་བྱ། དེ་རྗེས་བགེགས་སྦྱང་བ་དང༌། སྡིག་པ་སྦྱང་བ་དང༌། ཁྲུས་གསོལ་དྲི་མ་སྦྱང་བ་རྣམས་གལ་ཆེ། ཐོ་བརྩེགས་ཏེ་ཁྲོ་བོ་བདུད་རྩི་འཁྱིལ་བའི་སྔགས་དྲག་ཏུ་བཟླས། གུ་གུལ་གྱིས་བདུག །དེ་


TNT21_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་བར་བར་དུ་འབྱུང་པོ་སྤྱི་དང༌། གཞི་བདག་གཏོར་མ་ཡང་མང་དུ་བཏང༌། བར་ཆད་བསྲུང་བ་དང་མཐུན་རྐྱེན་སྒྲུབ་པར་གསོལ་བ་བཏབ། དེ་དག་ནི་དཀྱིལ་འཁོར་གཞན་གང་ཡང་རུང་བ་ལ་བསྙེན་པ་གྲངས་བསྙེན་ཙམ་སོང་ན། བདག་ཉིད་ཁོ་ནས་བྱས་ཀྱང་རུང་ལ། མ་སོང་ན་སྦྱང་བ་གསུམ་པོ་དེ་བསྙེན་སོང་དམ་ཚིག་དང་ལྡན་པ་གཞན་གྱིས་བྱེད་དགོས་སོ། །ཞག་ཤས་སྐྱབས་འགྲོ་སེམས་བསྐྱེད་དང་ཡིག་བརྒྱ་མང་དུ་བཟླ། ཨ་མོ་གྷ་བཛྲ་ཀྱིས་མཛད་པའི་ལྷ་བཅུ་བདུན་མས་སྒྲུབ་ཐབས་དང༌། ལ་ལི་ཏིའི་གཞུང་ཆུང་དུ་གྲགས་པའི་རོ་ལངས་བརྒྱད་བསྐོར་གྱི་རྒྱ་གཞུང་དེའི་ལུགས་ལྟར་ན། ཁྲོ་བོ་བཅུའི་བསྲུང་འཁོར་ཡང་ཞག་ཤས་སྒོམ་པ་ཡང་དགོས་པས་བསྙེན་པ་གཞན་རྣམས་དང་མཐུན་པས་ལེགས་ཀྱང༌། དེང་སང་ལགས་ལེན་ལ་མི་མཛད་ཅིང་མི་དགོས་སོ། །བསྙེན་པའི་སྔོན་འགྲོའི་ཆོས་དེ་རྣམས་དཀྱིལ་འཁོར་འདིའི་བསྙེན་པ་ཐོག་མའང་ངེས་པར་གལ་ཆེ། བསྙེན་པ་སྐྱར་མ་ལ་མཐའ་དག་ལ་དགོས་པའི་ངེས་པ་མེད་པས། རིག་པས་ཇི་ལྟར་འོས་པ་དག་བྱའོ། །འདི་མཆོག་སྒྲུབ་ཡིན་པས་ཁ་བལྟ་ཕྱོགས་གཙོ་མི་ཆེ་ཡང༌། བླ་མ་གོང་མ་རྣམས་ཀྱི་ཕྱག་ལེན་གྱི་རྒྱུན་ལ། རང་གི་གདོང་ལྷོ་ཕྱོགས་སུ་ལྟ་བ་ཁོ་ན་མཛད་ཅིང༌། བྲིས་སྐུ་དང་མཆོད་བཤམས་ཕྱོགས་སུ་གང་བདེ་བ་ལ་བལྟས་པས་ཆོག་ཀྱང༌། སྒྲུབ་པ་པོ་རང་ཉིད་ལ་ཕྱོགས་པ་གཙོ་ཆེ། བསྙེན་པའི་གཏོར་མ་ནི་གསུམ་སྟེ། ཡི་དམ་གྱི་གཏོར་མ་དང༌། ཕྱོགས་སྐྱོང་བཅུ་དང༌། གཤིན་རྗེ་


TNT21_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་རྣམས་སོ། །གསུམ་གར་ཡང་ཟླུམ་པོ་དམར་གཏོར་དུ་བྱ་སྟེ། མཆོད་པ་བཤམས་ཚུལ་སོགས་སྤྱི་དང་མཐུན། དེ་རྗེས་བསྙེན་མཚམས་དམ་པོར་སྡོམས། ཐུན་དུ་བཅད་ནས་བསྒོམ་དགོས་པ་ལ། ཐུན་དང་པོ་ལ་སྔོན་འགྲོ་གཏོར་མ་དང༌། གནས་ཡོ་བྱིན་རླབས་རེ་བྱ་སྟེ། ཐུན་ཕྱི་མ་རྣམས་ལ་སྔར་ཡོད་གསལ་འདེབས་པའི་ཚུལ་མ་གཏོགས། གསར་དུ་བསྐྱེད་ཆོག་མི་དགོས་པའི་ལུགས་ཀྱང་ཡོད་མོད། གསལ་སྣང་ལ་བརྟན་པ་མ་ཐོབ་པ་དང༌། ཐུན་མཚམས་སུ་ངག་སྨྲ་བ་སོགས་ལ་དེ་མི་ལེགས་པས། མངོན་རྟོགས་ཐུན་རེ་བཞིན་བསྐྱེད། ཐུན་རེ་བཞིན་བསྡུ་བ་ཡིན་པ་ལས། སྐྱབས་སེམས་དང་ཡིག་བརྒྱ་དང་རིགས་ལྔའི་སྡོམ་བཟུང་རྣམས་བཞག་ཀྱང་ཆོག་སྟེ། དེ་དག་གཅིག་ཏུ་གསལ་བར་མ་གསུངས་པ་དང༌། དེ་རྣམས་བདུན་རྣམ་དག་དང་ཚད་མེད་བཞིར་འདུས་པའི་ཕྱིར་ཞེས་བླ་མས་གསུངས། སོ་སོའི་ངག་འདོན་དང་དམིགས་པ་རྣམས་མ་ཆད་པར་ཤར་གྱིས་བཏང་ལ། བཟླས་པའི་སྔོན་དུ་ལྷའི་རྣམ་པ་གསལ་བ་དང༌། དཀྱིལ་འཁོར་བརྟན་པ་གཅིག་བསྐྱེད། དམིགས་པ་རྒྱས་པ་ནི་རྒྱ་སྟོན་གྱི་ཡི་གེ་དང༌། ཤོག་ཁྲ་དཔེའུ་རིས་བྱས་པ་དེ་ཀ་རྭ་བའི་མན་ངག་ཐུན་མོང་མ་ཡིན་པར་སྣང་སྟེ། རྭ་ལོས་མཛད་པར་གྲགས་པའི་འགྲེལ་པ་གསུམ་གྱི་དགོངས་པ་ཡང་དེ་ཀར་གདའ། ཁོ་བོའི་བླ་མ་བླ་ཆེན་རྣམས་ཀྱང་དེ་ལྟར་བཞེད། ཕ་མེས་བླ་མ་རྣམས་ནི་རྭ་ནུབ་


TNT21_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྗེས་སུ་འབྲང་སྟེ། སྔགས་འཁོར་བསྡུས་པ་འདི་ག་ཁོ་ན་མཛད། རྭ་ཤེས་རྒྱལ་གྱིས་བསྒྲིགས་པའི་རྭ་པོད་དུ་གྲགས་པ་ཡང་གསེར་པོད་ཀྱི་དཔེ་རྣམས་ཉམས་པས་གསེར་འདྲའི་པོ་ཏི་བརྩམས་སོ་ཞེས་ལོ་རྒྱུས་ཅུང་ཟད་དང་བཅས་པ་གསུང་གིན་གདའ། འདི་པའི་ལུགས་ལ་མངོན་རྟོགས་རིམ་པ་ལྔ་དང༌། དཀྱིལ་ཆོག་ཡིད་བཞིན་གཏེར་མཛོད་དང་རྟོག་བདུན་གྱི་རྐང་འགྲེལ་དུག་བཅོས་སྐོར་དང་བཅས་པ་རྣམས་ཡི་གེ་སྔ་མ་སྟོར་བའི་ཡིག་ཚབ་ཙམ་ཡིན་པར་བཞེད། འོན་ཀྱང་མན་ངག་དང་གསུང་སྒྲོས་སྐྱོན་མེད་ཡིན་དུ་རུང་གསུངས། བདག་དེ་གཉིས་ལས་གཅིག་ཁོ་ནའི་ཕྱོགས་མི་འཛིན་ཡང༌། འདི་ལྟར་ཉམས་ལེན་ཁྱེར་བདེ་བ་བསྡུས་པའི་ལུགས་ལྟར་ན། རང་གི་སྙིང་གར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་བ། དེའི་ཐུགས་ཀར་རྡོ་རྗེ་ནག་པོ་རྩེ་ལྔ་པའང་རྩེ་དགུ་པ་རྭ་གདེངས་པ། དེའི་ལྟེ་བ་ཁོང་སྟོང་དུ་གནས་པ་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ནག་པོ་མེ་འབར་བ་གཅིག་བསྒོམ། མཐའ་སྐོར་དུ་སྔགས་ཕྲེང་རྣམས་ཁ་དོག་ནག་པོ་མེ་ལྕེ་དམར་པོ་འབར་བ། དེའི་ཕྱི་རོལ་ལ་འོད་ཟེར་སྣ་ལྔ་འཕྲོ་བ། སོ་སོའི་བཟླས་པ་ནི་ཅི་ནུས་བཟླས་པའི་སྐབས། ས་བོན་ནི་སྔགས་འཕྲེང་དང་བཅས་པ་ལས་མེ་ལྕེ་འུར་གྱི་འབར། རྡོ་རྗེའི་རྭ་གསེབ་ནས་ཐོན། འཇམ་དཔལ་གྱི་སྐུའི་ཆ་ཐམས་ཅད་ནས་འཕྲོས། རྩ་ཞལ་ནས་མེ་ལྕེ་མྱུག་མྱུག་བྱུང༌། མེ་གསེབ་ནས་


TNT21_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཡི་གེ་མེ་འབར་བ་དཔག་ཏུ་མེད་པ་བྱུང༌། རྩ་ཞལ་གྱི་མེ་ལྕེའི་རྩེ་ནས་སྔགས་ཀྱི་ཡི་གེ་དུ་མ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་རྣམས་སྔགས་འཕྲེང་གི་རྣམ་པར་བསྡུས། རྩ་ཞལ་སོགས་སྔར་གྱི་ལམ་ནས་ཞུགས་ཏེ་སྔར་གྱི་ལམ་ནས་ཐིམ་པས། མེ་ལྕེ་འབར་བ་དང༌། འོད་ཟེར་གྱི་རྐང་མཐིལ་ཡན་ཆད་གང༌། ལུས་སེམས་ཐམས་ཅད་བདེ་བས་ཁྱབ་པར་བསམ། དེ་ཉིད་ཡང་ཡང་བསྒོམ། འདི་ནི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་བདུན་པ་ལས། དེ་ལྟར་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དེ་བདག་ཉིད་ཡིན་པར་བསྒོམས་ནས། ཤིན་ཏུ་མཉམ་པར་བཞག་པས་དཔའ་བོ་གནས་ལ་གནས་པའི་རྣལ་འབྱོར་པས། ཕྱྀ་ནས་སྔགས་བཟླས་པར་བྱ་སྟེ། བཟླས་པའི་དུས་སུ་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རང་གི་སྔགས་ཀྱི་རྣམ་པ་བསམ་ཏེ་འབར་བ་དང་ཕྱི་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པ་བྱའོ། །ཞེས་གསུངས་པ་དང་ཡང་མཐུན། རྩ་བརྒྱུད་ཀྱི་བླ་མ་དང་མཁའ་དབྱིངས་གང་བའི་སངས་རྒྱས་ཐམས་ཅད་ཀྱིས་བཟླ་གྲོགས་མཛད་པ་ནི་སྤྱི་དང་འདྲ། སྔགས་ཀྱི་བཟླས་ཚུལ་ནི། ཐུན་རེ་རེ་ལ་རིམ་ཅན་དུ། བཟླས་པའི་གོ་རིམ་དང༌། བསྙེན་པ་ལ་འཇུག་པའི་གོ་རིམ་མོ། །དང་པོ་ནི། དང་པོར་རྩ་སྔགས། བར་དུ་སྙིང་པོ། མཐར་ཉེ་


TNT21_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ངོ༌། །གང་གཙོ་བོར་བཟླ་བའི་མང་ཉུང་གི་ཁྱད་པར་མ་གཏོགས། ཐུན་གཅིག་ལ་གོ་རིམ་འདི་ཁོ་ནར་ངེས་སོ། །མན་ངག་བསྡུས་པ་འདིའི་ལུགས་ལ། །རྩ་སྔགས་བཟླ་བའི་སྐབས་ཧཱུཾ་ལ་རྩ་སྔགས་ཁོ་ནས་བསྐོར། སྙིང་པོ་བཟླ་བའི་སྐབས་དེ་ཞུ་ནས་སྙིང་པོར་གྱུར་པ་སོགས། ཉེ་སྙིང་ལ་ཡང་རིགས་འགྲེས། གཉིས་པ་བསྙེན་པ་ནི་དང་པོར། ཉེ་སྙིང་ལ་བར་དུ་སྙིང་པོ་ལ་མཐར་རྩ་སྔགས་ལ་བྱེད། གྲངས་ཚད་ནི། སྔགས་བཏུས་པའི་རྟོག་པའི་སྐབས་སུ་གསུངས་པ་རྣམས་སྔོན་གྱི་གང་ཟག་ལ་དགོངས་པ་ཡིན་ལ། ད་ལྟར་ནི་སྤྱི་དང་མཐུན་པར་སྙིང་པོ། ཉེ་སྙིང་གཉིས་ལ་འབྲུ་འབུམ་དང༌། རྩ་སྔགས་ལབཞི་འབུམ་བཟླས་པའི་བསྙེན་པ་ཆུང་ངུ་སོང་སྟེ། དཀྱིལ་འཁོར་བྲི་བ་དང། དབང་བསྐུར་བ་དང༌། སྦྱིན་སྲེག་དང༌། རབ་ཏུ་གནས་པ་དང༌། གཏོར་མ་ལ་སོགས་པའི་ལས་ཚོགས་ཅི་རིགས་པ་སྒྲུབ་པ་ལ་དབང་ངོ༌། །གསུམ་པོ་གང་རུང་རེ་ལ་བྱེ་བསྙེན་སོང་ན། སོ་སོའི་བསྙེན་པ་ཆེན་པོ་ཞེས་བྱ་སྟེ། བསྙེན་པ་ཆུང་ངུས་གསུམ་ག་དང༌། གང་རུང་གཅིག་གིས་བསྙེན་པ་ཆེན་པོ་སོང་བས། ལས་མཐའ་དག་སྒྲུབ་པ་ལ་དབང་ཞིང༌། གསུམ་ག་ལ་བསྙེན་པ་ཆེན་པོ་སོང་ན་ནི། ལས་ཐོགས་པ་མེད་པ་འགྲུབ་པ་ཞེས་བྱའོ། །དངོས་གྲུབ་ཀྱི་དོན་དུ་ནི་ཚད་མེད་དོ། །ཞེས་གསུངས་ཡང༌། ལྷའི་གསལ་སྣང་ལ་བརྟན་པ་ཐོབ་ན་ནི་བཟླས་པ་ཉུང་ཡང་དངོས་


TNT21_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་འགྲུབ་ལ། དེ་མ་ཐོབ་ན་བཟླས་པ་བྱེ་བ་ཕྲག་བརྒྱའི་ཀྱང་དངོས་གྲུབ་མངོན་དུ་འགྱུར་པ་མ་ཡིན་ནོ། །དེ་བས་ན་དངོས་གྲུབ་ཀྱི་དོན་དུ་བསམ་གཏན་བྱ། ལས་ཚོགས་ཀྱི་དོན་དུ་སྔགས་བཟླས་བྱ་བ་ཡང་ཕྱོགས་གཅིག་ནས་དོན་ལ་གནས་སོ། །གྲངས་ཀྱི་བསྙེན་པ་གང་ཡང་རུང་བ་སྔོན་དུ་སོང་ནས། ཁ་བསྐོང་གི་སྐབས་སུ། མཁའ་དབྱིངས་ཐམས་ཅད་ཡོངས་སུ་གང་བའི་དམིགས་པ་གསལ་བཏབ་ལ། ཁམས་གསུམ་སྔགས་ཀྱི་སྒྲར་ཤེས་པའི་བཟླས་པ་བྱའོ། །གཏོར་མ་འབུལ་བ་ནི། ཐུན་ཐམས་ཅད་ཀྱི་ཐ་མར་གཅིག་ཁོ་ན་འབུལ་ན། ནམ་ཕྱེད་ཀྱི་དུས་སམ། སྲོད་ཀྱི་མཐར་འབུལ། ལན་གཉིས་འབུལ་ན། ཐུན་ཐོག་མཐའ་གཉིས་ལ་བྱ། ཐུན་ཐམས་ཅད་ལ་འགྲུབ་ན་ཤིན་ཏུ་ལེགས། ཐུན་གྲངས་ནི་ཇི་ལྟར་འདོད་པ་བྱས་ཀྱང་ཆོག་པའི་སྐབས་ཡོད་དེ་ལག་ལེན་གསུམ་དང་བཞི་གཙོ་ཆེའོ། ཁ་ཟས་བྱིན་རླབས་སོགས་མ་ཆད་པ་དང། ཐུན་མཚམས་ཐམས་ཅད་དུ་ཐ་མལ་དུ་མ་སོང་བར་སོ་སོའི་རྣལ་འབྱོར་ལ་གནས་པ་གལ་ཆེའོ། །འཕྲེང་བ་བྱིན་གྱིས་བརླབས་པ་ནི། མངོན་རྟོགས་དཀྱུས་མ་རྣམས་ནའང་གསལ་མོད་ཀྱི། ཉིན་རེ་བཞིན་དང་ཐུན་རེ་བཞིན་དུ་བྱིན་རླབས་བསྡུས་པ་ནི། འོད་དཔག་མེད་ཀྱི་ངོ་བོ་ཧྲཱིཿ ཡིག་དམར་པོ་འཕྲེད་དུ་བསྒྲགས་པ་ལས་བྱུང་བའི་མི་མགོ་ཁྲག་འཛག་པའི་དོ་ཤལ་དུ་མོས། ཧྲཱྀཿཥྟི་སོགས་ལན་བདུན་ཙམ་


TNT21_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ཏེ། དེ་ཙམ་གྱི་ཆོག །རྒྱས་པ་ནི་ཧྲཱིཿལས་བྱུང་བའི་འོད་དཔག་མེད་དམ། འདོད་ཆགས་གཤིན་རྗེ་གཤེད་ཞལ་གསུམ་ཕྱག་དྲུག་པ་གང་རུང་དུ་བསྐྱེད། སྐྱེ་མཆེད་དང་གནས་གསུམ་བྱིན་གྱིས་བརླབས། དབང་བཀུར་མཆོད་བསྟོད། ཞུ་བ་ལས་མགོ་འཕྲེང་དུ་གྱུར་པར་མོས་ལ། གང་གཙོ་བོར་བཟླས་པའི་སྔགས་དེ་བརྒྱ་རྩ་བཟླ། སེན་མོ་ལྕགས་ཀྱུ་ལྟ་བུའི་ལྷའི་ཐུགས་ཀ་ནས་འདྲེན་པར་བསམ། འདི་ནི་སྔགས་སོ་སོའི་བསྙེན་པ་འཕྲོ་མཚམས་སོགས་ལ་ལན་རེ་རེ་བྱའོ། །འདི་རྣམས་ཀྱི་གནད་ཕྲན་བུ་ཐན་ཐུན་ད་དུང་ཞལ་ལས་ཤེས་པར་བྱའོ། །ཞེས་པའང་མ་ཎི་པ་སོགས་དོན་དུ་གཉེར་བ་མང་པོས་སྔ་མོ་ནས་བསྐུལ་བ་དང༌། ཁྱད་པར་ས་སྐྱོང་ཆོས་བཞིན་པ་ནམ་མཁའི་ཚེ་དབང་ཕུན་ཚོགས་ཀྱིས་བཀས་བསྐུལ་ནས་ཏཱ་ར་ནཱ་ཐས་འཕྲལ་དུ་སྨྲས་པའོ།། །།མངྒ་ལཾ། །ན་མོ་གུ་རུ། ལར་བྱིན་རླབས་ཀྱི་རྩ་བ་ཡིན་པས། བླ་མ་ལ་གསོལ་བ་ཐོབ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཡིན་པའི་ལྷ་སྒོམས་སྔགས་བཟླས་ལ་འབུངས། གནས་ལུགས་སྤྲོས་བྲལ་ཡིན་པས། འཛིན་མེད་ལྷུག་པར་ཞོག །འཁོར་བ་སྡུག་བསྔལ་ཡིན་པས། གང་ལའང་སྲེད་པ་སྤོང༌། འགྲོ་དྲུག་ཕ་མ་ཡིན་པས། བྱམས་དང་སྙིང་རྗེ་སྒོམས། བསྙེན་པའི་སྐབས་འདིར་སྙིང་གར་སྔགས་འཁོར་ཆེན་མོ་ཞིག་བསྒོམ་པར་བཤད་ཅིང༌།


TNT21_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་རྙིང་ལོགས་པ་ཞིག་ཀྱང་ཡོད་མོད་ཀྱི། དམིགས་པ་གསལ་ཐེབས་པ་དཀའ་བས་ད་ལྟ་ལག་ལེན་དུ་མི་མཛད། གཞན་ཡང་དམིགས་པ་འདྲ་མིན་དུ་མ་འདུག་སྟེ། དཀྱུས་ཀྱི་ལག་ལེན་ལ་འདེབས་རྒྱུ། སྙིང་གར་འཇམ་དཔལ། དེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་གསལ་ཐེབས་ན་འདི་རང་སྒོམ། མི་གསལ་ན་སྙིང་ཁའི་འཇམ་དཔལ་ཞི་བ་རྡོ་རྗེར་བསྒོམ། གང་ལྟར་ཡང་རྡོ་རྗེའི་ལྟེ་བར་ཉི་གདན་ལ་ཧཱུཾ། དེའི་མཐའ་སྐོར་དུ་བཟླས་པ་གང་བྱེད་ཀྱི་སྔགས་འཕྲེང་གི་བསྐོར་བ་སྟེ། དེའི་ཡིག་འབྲུ་རྣམས་མགོ་གྱེན་བལྟས་ཁ་ནང་བསྟན་མདུན་ནས་གཡས་སྐོར་དུ་འགོད་པས་མདོག་སྔོན་པོ་ཡིན། དེ་ལས་འོད་ཟེར་འཕྲོས་ལུས་གང༌། བ་སྤུའི་ཁུང་བུ་ནས་སོང༌། སྣང་བ་ཐམས་ཅད་ཁྱབ། འཕགས་པ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ནས་སྙིང་ཁའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། ཞལ་དགུ་ཁར་ནས་སྔགས་བཟླས་ཤིང༌། ཁམས་གསུམ་སྣོད་བཅུད་ཐམས་ཅད་ལས་སྔགས་ཀྱི་སྒྲ་འབྱུང་བ་ཙམ་བསྒོམ། དེ་ལྟར་ན་རང་ཉིད་ཡི་དམ་གྱི་སྐུར་གསལ་བ་ཙམ་ལ་སེམས་གཏད་ནས། སྔགས་ཉེར་གཅིག་སོགས་བརྒྱ་ཙམ་རེ་བཟླས། དེ་ནས་སྙིང་ཁའི་སྔགས་འཁོར་ལ་ཀློག་པའི་ཚུལ་གྱི་དེ་ཙམ་རེ་བཟླས། དེ་ལས་འོད་ཟེར་སྤྲོ་བསྡུས་ལ་དེ་ཙམ་རེ་བཟླས། དེ་རྗེས་ཞལ་དགུ་དང་སྣང་སྲིད་ཐམས་ཅད་ལས་རང་སྒྲ་བྱུང་བར་བསམ་ནས་བཟླ། ཧྲཱིཿཥྟི་ལྟ་བུ་


TNT21_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་མཚོན་ན། སྔགས་འཕྲེང་སྐོར་གཅིག་ལ་དམིགས་པ་བཞི་པོ་དེ་ཚར་རེ་ཙམ་འགྲོ་བར་བྱེད། དེས་གཞན་གཉིས་ལའང་མཚོན། བྱེ་བསྙེན་སོང་ནས་ཉེར་སྒྲུབ་བྱེད་ན། སྔར་གྱི་འཕྲོ་ལ་བྱས་ཀྱང་རུང༌། བར་དེ་མཚམས་བཅད་སོང་ནས། སླར་ཡང་ཉེར་སྒྲུབ་ལ་ཞུགས་ཀྱང་ཆོག །དེ་ཁྱད་པར་མེད་པ་ལགས། ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །ཐར་པ་རུ་དབུ་མཛད་བློ་བཟང་པས་ལོ་མཚམས་བྱས་དུས་རྟག་བརྟན་ནས་གནང་བ་ཡིན་ལགས།༈ ཡང་འཇིགས་མཛད་ཀྱི་བསྲེག་བླུགས་བསྡུས་པའི་མཇུག་ཏུ་བྱུང་བ་ནི་འདི་ལྟར། སྔ་དྲོའི་ཐུན་ལ་སྐྱབས་འགྲོ་སེམས་བསྐྱེད། ཡིག་བརྒྱ་ཉི་ཤུ་རྩ་གཅིག་ཙམ་བྱེད། ཐུན་གཞན་འཚོལ། དེ་ཚེ་ཚར་གསུམ་རེས་ཆོག །བཟླས་པའི་སྐབས་རང་གི་བཟླས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ནམ་མཁའ་ཁེངས་པས་བཟླ་རོགས་མཛད་པར་མོས། ཡ་མཱནྟ་ཀ་ལ་འབུམ་ཕྲག་བདུན། ཧྲཱིཿཥྟཱི་འབུམ་ཕྲག་བཅུ་བཟླ་དགོས། ཡ་མ་ར་ཛ་ལ་བཟླ་ན་འབུམ་ཕྲག་གསུམ། ཐུན་མཚམས་སུ་རང་ཕྱག་གཉིས་པ་གཙོ་བོའི་ཐུགས་ཀ་ནས་སྤྲོས་པར་བསམ། གཏོར་ཆོག་སྲོད་ཐུན་ཁོ་ན་ལ་བྱས་པས་ཆོག །རྨི་ལམ་བཟང་བཟང་འདྲ་བ་ལ་དགའ་བ་ཡང་མི་བྱ། འཚུབ་པ་བྱུང་ན་བླ་མའི་གསོལ་འདེབས་དང༌། སྒྱུ་མ་རྨི་ལམ་ལྟ་བུར་ཤེས་པ་ལ་ནན་ཆགས་བྱ། བཀྲ་ཤིས།། །།


previousདཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་པ་བྱེད་ལུགས་ཀྱི་ལག་ལེན་དངོས་གྲུབ་ཀུན་སྩོལ།next