Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ།next

དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ།


TNT21_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།


TNT21_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་བཛྲ་བྷཻ་ར་བ་ཏན་ཏྲ་ཀྲོ་དྷ་རཱ་ཛ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ་ཞེ་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི། །སྒྲུབ་པ་ཡང་དག་རབ་བཤད་དེ། །དེས་ནི་ལྷ་རྣམས་ཐམས་ཅད་ལ། །དྲག་ཤུལ་ཆེ་ཤིང་འཇིགས་པར་བྱེད། །དེ་ལ་ཐོག་མར་སྔགས་པས་ཡིད་དུ་འོང་བའི་གནས་གང་ཡང་རུང་བར་གནས་ལ། དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་ལ་གནས་བསྲུང་བ་ནི། དུར་ཁྲོད་དམ། ཆུ་ཀླུང་གི་འགྲམ་མམ། ཤིང་གཅིག་གམ། མཚན་མ་གཅིག་པའམ། གཞི་མདོའམ། རིའི་རྩེ་མོའམ། ཁང་སྟོང་ངམ༌། མ་མོའི་ཁྱིམ་མམ། ལྷའི་ཁང་པའམ། འཐབ་མོའི་གནས་སམ། གྲོང་ཁྱེར་རམ། ནགས་ཁྲོད་དམ། གྲོང་བར་ལ་སོགས་པའི་གནས་སྔགས་པ་གནས་ཏེ། འཇིགས་བྱེད་ཆེན་པོའི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་བས། དབང་


TNT21_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དགུག་པ་དང༌། བསད་པ་དང༌། བསྐྲད་པ་དང༌། དབྱེ་བ་དང༌། རེངས་པ་དང༌། རལ་གྲི་དང༌། མིག་སྨན་དང༌། ས་འོག་དང༌། རི་ལུ་དང༌། རོ་དང༌། བཅུད་ཀྱིས་ལེན་པ་དང༌། ནོར་དང༌། འབྱུང་པོ་དང༌། རོ་ལངས་དང༌། ཤ་ཟ་དང༌། གནོད་སྦྱིན་དང༌། གནོད་སྦྱིན་མོ་དང༌། ཀླུ་ལ་སོགས་པ་ཆོ་ག་འདིས་བསྒྲུབ་པར་བྱའོ། །དེ་ལ་ཆོ་ག་ནི། དང་པོར་རེ་ཞིག་སྔགས་པའི་མི་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ། མཚན་ཕྱེད་ན་གཅེར་བུ་སྐྲ་གྲོལ་བར་བྱས་ལ། མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱི་ཀུན་ཏུ་སྤྱོད་པས་དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲི་སྟེ། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །དྲིལ་བུ་དར་གྱི་འཕན་ལ་སོགས། །མེ་ཏོག་འཕྲེང་བས་རྣམ་པར་བརྒྱན། །གྲྭ་རྣམས་དག་ནི་ཐམས་ཅད་དང༌། །སྒོ་ཁྱུད་ཀྱི་ནི་ཐིགས་རྣམས་སུ། །རྡོ་རྗེ་རིན་ཆེན་གྱིས་སྤྲས་པའི། །ཟླ་བ་ཕྱེད་པའང་དེ་བཞིན་ནོ། །དེ་དབུས་འཁོར་ལོ་བྲི་བ་ནི། །རེ་མིག་དགུ་པ་


TNT21_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་བུའོ། །སྒོ་གཅིག་པ་ནི་དབྱེ་བར་བྱ། །ལྷག་མ་ཡོངས་སུ་བཅད་པར་བྱ། །དེ་དབུས་མི་རོ་བྲི་བར་བྱ། །ཤར་དུ་མགོ་བོ། ལྷོར་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ། ཤར་གྱི་གྲྭར་ཐོད་པ། ལྷོར་ཐོད་ཚལ། ནུབ་ཏུ་དུར་ཁྲོད་ཀྱི་རས། བྱང་དུ་སྐྱེས་བུ་གསལ་ཤིང་ལ་བཙུགས་པའོ། །འདི་དག་ནི་འཁོར་ལོའི་དབུས་སུ་མཚན་མའི་ཕྱག་རྒྱའོ། །དེ་ནས་འཁོར་ལོའི་ཕྱི་རོལ་གྱི་ཕྱག་རྒྱ་རྣམས་ནི། ཤར་ཕྱོགས་ཀྱི་སྣམ་བུ་དག་ལ། གྲི་གུག་དང༌། མཚོན་རྩེ་གཅིག་པ་དང༌། གཏུན་ཤིང་དང། ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། ལྕགས་ཀྱུ་ལ་སོགས་པ་བྲིའོ། ལྷོ་ཕྱོགས་ཀྱི་སྣམ་བུ་ལ། སྟ་རེ་དང༌། མདའ་དང༌། ཁ་ཊྭཾ་ག་དང༌། དབྱུག་ཏོ་དང༌། འཁོར་ལོ་དང༌། རྡོ་རྗེ་ཞགས་པ་ལ་སོགས་པ་བྲིའོ། །ནུབ་ཀྱི་སྣམ་བུ་ལ། རྡོ་རྗེ་དང༌། རྔེའུ་ཆུང་དང༌། ཕུབ་དང༌། གཞུ་དང༌། དྲིལ་བུ་དང༌། རླུང་གི་རས་ལ་སོགས་པ་བྲིའོ། །བྱང་གི་སྣམ་བུ་ལ། སྡིགས་འཛུབ་དང༌། འཕན་རྩེ་གསུམ་པ་དང༌། གླང་པོ་ཆེའི་ལྤགས་པ་དང༌། རྡོ་རྗེ་ཐོ་བ་དང༌། མདུང་དང༌། མེ་ཐབ་ལ་སོགས་པ་བྲིའོ། །སྒོ་བཞི་དང་གྲྭ་བཞིར་རོ་ལངས་ཆེན་པོ་བྲིའོ། །གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན། མར་ཁུ་ཆེན་པོའི་མར་མེ་འབུལ། མི་དང༌། བོང་བུ་དང༌། རྔ་མོང་དང༌། ཁྱི་དང༌།


TNT21_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཝ་དང༌། མ་ཧེ་དང༌། གླང་པོ་དང༌། བ་གླང་དང་ལུག་དང༌། རི་དྭགས་དང༌། ཕག་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ། །གཞན་ཡང་བྱ་རྒོད་དང༌། འུག་པ་དང༌། བྱ་རོག་དང༌། ཁྲ་དང༌། ཆུ་སྐྱར་དང༌། ཐིང་རིལ་དང༌། བཞད་དང༌། རྨ་བྱ་དང༌། རི་སྐེག་དང༌། བྱ་ཆེན་པོ་ལ་སོགས་པའི་ཤ་རྣམས་དབུལ་བར་བྱའོ། །ཤིན་ཏུ་མཉམ་པར་བཞག་པས། བཟའ་བ་དང༌། སྟོན་མོ་དང༌། སྦྱིན་སྲེག་དང༌། གཏོར་མའི་ལས་བྱའོ། །དཀྱིལ་འཁོར་གྱི་གྲྭ་ཐམས་ཅད་དུ་ཁྲག་གི་ཆག་ཆག་བྱའོ། །དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་གི་སྦྱོར་བ་ལ་གནས་པས་ལྷ་བཤོས་ཐམས་ཅད་དབུལ་བར་བྱའོ། །ཕྱི་ནས་སྔགས་པ་སྔོན་དུ་བསྙེན་པ་བྱས་པས་བདག་དང་ཤིན་ཏུ་མཐུན་པ་བཞིའམ། བདག་གཅིག་པུ་རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་གཅེར་བུར་ཕུད་སྐྲ་སིལ་ལ། མཚན་ཕྱེད་ན་ཅང་ཏེའུ་དཀྲོལ་པས། ཧ་ཧ་ཞེས་བྱ་ཞིང་ཤིན་ཏུ་མཉམ་པར་བཞག་སྟེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད་པས་འཇུག་པར་བྱའོ། །རབ་ཏུ་ཞུམ་པའི་ཆང་ལ་སོགས་པ་བཏུང་བ་དང༌། བཟའ་བའི་རོ་རྣམས་དབུལ་བར་བྱའོ། །ཕྱི་ནས་དེའི་དབུས་སུ་འདོད་པའི་དངོས་གྲུབ་དམིགས་ཏེ། དེའི་སྟེང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་བསམ་པར་བྱའོ། །དེའི་མདུན་དུ་གཡས་བསྐུམ་


TNT21_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་ལ་ང་རྒྱལ་དང་བཅས་པས། སེམས་རྩེ་གཅིག་ཏུ་ཤིན་ཏུ་མཉམ་པར་བཞག་པས་ཡི་གེ་བཅུ་པའི་སྔགས་བཟླ་བར་བྱའོ། །དེ་ནས་འཇིགས་པ་ཆེན་པོ་བྱུང་ན། དེ་ལ་སྔགས་པས་འཇིགས་པར་མི་བྱ་སྟེ། གལ་ཏེ་འཇིགས་པར་གྱུར་ན་དེ་ལ་བགེགས་ཆེན་པོའི་བར་ཆད་འབྱུང་ངོ༌། །བར་ཆད་བྱུང་ན་དངོས་གྲུབ་མི་འགྲུབ་པའོ། །དེའི་ཕྱིར་སྔགས་པས་འཇིགས་པར་མི་བྱ་སྟེ། དེ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགྱེས་སོ། །དགྱེས་ནས་ཁྱོད་ལ་མཆོག་ཅི་ཞིག་སྦྱིན་ཞེས་གསུངས་པ་དང༌། དེ་ལ་རིག་འཛིན་གྱིས་སྨྲས་པ། རལ་གྲི་དང༌། ས་འོག་དང༌། མིག་སྨན་དང༌། རོ་དང༌། བཅུད་ཀྱིས་ལེན་པའམ། གཞན་ཡང་ཡིད་ལ་འདོད་པའི་དངོས་གྲུབ་བདག་ལ་ངེས་པར་སྩོལ་ཅིག་ཅེས་བརྗོད་ན། དེ་ལ་ཐེ་ཚོམ་མེད་པར་སྩོལ་ལོ། །གལ་ཏེ་སྔགས་པས་མཆོག་མ་གྲུབ་ཀྱང༌། དེ་ཡིས་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲུབ་བོ། །འདི་ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་སྦྱོར་བའི་རྒྱུད་ལས་དཀྱིལ་འཁོར་བསྟན་པ་སྟེ། རྟོག་པ་དང་པོའོ། །དེ་ནས་ལས་ཀུན་གྱི་རྗེས་སུ་འབྲང་བའི་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན་པའི་ཆོ་ག་བཤད་དེ། དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ། བསད་པ་དང༌། བསྐྲད་པ་ལ་སོགས་པ་སྔགས་པ་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པས་བྱ་སྟེ། དང་པོར་རེ་ཞིག་སྔགས་པས་བསད་


TNT21_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལ་ནི་སྔགས་དང་ལྷའི་སྦྱོར་པ་དང་ལྡན་པས། ཐོག་མར་ནི་དེ་བྱ་སྟེ། དེའི་སྦྱཽར་བ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་ལ་འདི་ཡི་ལས་ནི་ཇི་ལྟར་བསད་པར་འདོད་པས་སྔགས་པས་དུར་ཁྲོད་ཀྱི་རས་ལ། དུག་དང༌། ཁྲག་དང༌། ལན་ཚྭ་དང༌། སྐེ་ཚེ་དང༌། ནིམ་པ་དང༌། དྷ་དྷ་དུ་རའི་དང་ཁུ་བ་ཡིས་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལེ་ཚེ་བཅུ་དྲུག་པ་དང༌། བྱ་རོག་ཆེན་པོའི་སྒྲོ་རྩའི་སྙུ་གུའམ། མིའི་རུས་པའི་སྙུ་གུས། གཅེར་བུ་སྐྲ་བཤིག་པ། ཁ་ལྷོར་བལྟས་ཏེ་མ་ཧེའི་གདོང་ཅན་གྱི་སྦྱོར་བས་བྲི་བར་བྱའོ། །མེ་གཉིས་ཀྱི་དབུས་སུ་སྒྲུབ་བྱའི་མིང་དང་བཅས་པར་བཞག་ལ། དེ་ཡི་གེ་བཅུ་པས་བསྐོར། ཧཱུཾ་བརྒྱད་ཀྱང་བྲི། ཐུར་དུ་ཕཊ་བརྒྱད་བྲི། བདག་ཉིད་ཚ་བའི་མར་གྱིས་ལུས་བྱུག་ལ། ཐོད་པ་གཉིས་ཀྱི་བར་དུ་འཁོར་ལོ་བཅུག་ལ། སྒྱེད་བུ་གསུམ་གྱི་སྟེང་དུ་བཞག་ལ། དུར་ཁྲོད་ཀྱི་མགལ་བས་མེ་རབ་ཏུ་སྦར་ཏེ། རྐང་པ་གཡོན་པས་མནན་ལ། ཡི་གེ་བཅུ་པའི་སྔགས་བཟླས་སོ། །དེ་ཡིས་སྐད་ཅིག་གིས་ཐེ་ཚོམ་མེད་པར་འཆིའོ། །གཞན་ཡང་རིམས་ཀྱིས་ཐེབས་པར་འདོད་ན། འཁོར་ལོ་དེ་ཉིད་མིའི་ཉ་ཕྱིས་གཉིས་ཀྱི་དབུས་སུ་ལེགས་པར་བཞག་ལ། མེ་དུར་གྱི་འོག་ཏུ་བཅུག་ན་རིམས་ནད་ཀྱིས་འཛིན་ཏོ། །དེ་ལེ་ཚེ་བཅུ་དྲུག་པའི་འཁོར་ལོ་རབ་ཏུ་སྦྱོར་བ་


TNT21_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གསུངས་དེ། འོན་ཀྱང་འདི་ཡི་ཁྱད་པར་ནི། ཡི་གེ་སུམ་ཅུ་རྩ་གཉིས་པའི་སྔགས་དང་ལྡན་པ། ཡི་གེ་བཅུ་པའི་སྔགས་བསྒྲུབ་བྱའི་མིང་དང་བཅས་པ་ལྷན་ཅིག་ཏུ་ཡི་གེ་དང་སྔགས་སྤཻལ་བ་དགོད་དོ། །སྔོན་དུ་གསུངས་པའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་ཟས་བཏོགས་པའི་ལྷག་མ་མི་གཙང་བ་དང༌། རྣམ་པར་སྣང་མཛད་དང་ལྷན་ཅིག་དུར་ཁྲཽད་ཀྱི་རས་ལ་བྱུགས་ཏེ། དེ་ལ་སྔོན་དུ་གསུངས་པའི་ཚོགས་འཁོར་ལོ་བྲིས་ཏེ། དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར་རོ། །ཤིང་གཅིག་གི་དྲུང་སྦས་ན་སྐྲོད་པར་འགྱུར་རོ། །མཚན་མ་གཅིག་པར་སྦས་ན་དབྱེ་བར་འགྱུར་རོ། །ཆུའི་ནང་དུ་སྦས་ན་རེངས་པར་འགྱུར་རོ། ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ། །ཕྱུང་ནས་ལེགས་པར་བཀྲུས་ནས་གྲོལ་བར་འགྱུར་རོ། །གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་འཁོར་ལོ་སྔོན་གྱི་ཆོ་གས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། དུར་ཁྲོད་དམ། ལམ་བཞི་མདོ་དང༌། ཤིང་གཅིག་དང༌། གྲོག་མཁར་དང༌། ཆུ་འགྲམ་དང༌། མཚན་མ་གཅིག་པ་དང། རྒྱལ་པོའི་སྒོ་ཁང་དང༌། རྣམ་པར་སྣང་མཛད་དང༌། རྡོ་རྗེའི་ཆུ་དང༌། དུར་ཁྲོད་ཀྱི་སོལ་བར་བསྒྲུབ་བྱའི་གཟུགས་བརྙན་སོར་བརྒྱད་པ་བྱས་ལ། དེའི་སྙིང་གར་སྔགས་བཅུག་སྟེ། མའི་རུས་པའི་ཕུར་བུ་གནས་ལྔ་རུ་གདབ་པར་བྱའོ། །ཚིགས་ཐམས་ཅད་ལ་ཚེར་མ་རྣོན་པོས་དགང་བར་བྱའོ། །དེ་ཐོད་པ་གཉིས་ཀྱི་དབུས་སུ་བཅུག་སྟེ། དེར་གྲོག་མཁར་དང་གནས་བདུན་གྱི་ཡིས་གཤིན་རྗེའི་གཟུགས་གྲུ་


TNT21_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཙམ་ཞལ་གཙིགས་པ། གསུས་པ་ཆེ་བ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་ན་རལ་གྲི་དང་ཞགས་པ་འཛིན་པ། གཅེར་བུ་སྐྲ་སིལ་བུར་བྱས་པ། དེའི་སྙིང་གར་ཐོད་པ་གཉིས་བཅུག་སྟེ། ཉི་མ་ཕྱེད་དམ་ནམ་ཕྱེད་ནམ་དུར་ཁྲོད་དམ། རོ་བསྲེགས་པའི་སར་སྦ་སྟེ། ཤིན་ཏུ་རིང་བར་བརྐོས་ཏེ་མགོ་ལྷོར་བསྟན་ལ། ཁ་ཐུར་དུ་སྦུབ་ལ་སྦའོ། །ཁྱིམ་དུ་འོངས་པ་དང༌། ཤིན་ཏུ་ང་རྒྱལ་དང་ལྡན་པས་མ་ཧེ་གདོང་གི་སྦྱོར་བས་བསྒྲུབ་བྱའི་མིང་དང་བཅས་པའི་ཡི་གེ་བཅུ་པའི་སྔགས་བཟླས་པར་བྱས་ན་ཉི་མ་གསུམ་གྱིས་འཆིའོ། །བྱུང་ནས་དཀྲུས་ན་ཐར་པར་འགྱུར་རོ། །དེ་ནས་རེངས་པའི་རབ་ཏུ་སྦྱོར་བར་གསུངས་ཏེ། ཏེའུ་ལོ་བི་ལྤགས་པ་དུག་ལ་སོགས་པའི་རྫས་ཀྱིས་ཡི་གེ་བཅུ་པའི་སྔགས་བྲིས་ལ། ལྤགས་པ་དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང༌། གཅིན་བཏང་བའི་ཤུལ་གྱི་སས་བཀང་ལ། བསྒྲུབ་བྱ་དེའི་སྐྲས་བཅིང་བར་བྱའོ། །ཕྱི་ནས་བོང་བུའི་གཅིན་དང༌། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ། བླུག་མ་ཡང་དག་པར་དགང་བར་བྱ་སྟེ། དེ་རུ་འཁོར་ལོ་བཅུག་ལ་རོ་བསྲེགས་པའི་མེ་ལ་བཞག་སྟེ། རྐང་པ་གཡོན་པས་མནན་ལ། གཤིན་རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ཞག་གཅིག་གིས་རེངས་པར་བྱེད་དོ། །འདི་ནི་ཕྱིས་མི་གྲུབ་པའི་རབ་ཏུ་སྦྱོར་བའོ། །སྔགས་པ་ཤིན་ཏུ་ཁྲོས་པས་རབ་ཏུ་སྦྱོར་བ་བྱའོ། །


TNT21_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི། གཤིན་རྗེ་འཁོར་ལོ་སྔོན་གྱི་ཆོ་གས་བྲིས་ལ། གནས་བདུན་གྱི་སས་མ་ཧེ་དང་རྟ་བྱས་ལ། དེ་གཉིས་གཅིག་གི་སྟེང་དུ་གཅིག་བཞག་ལ། དེ་གཉིས་ཀྱི་སྙིང་གར་འཁོར་ལོ་བཅུག་སྟེ། ནིམ་པའི་ཤིང་དྲུང་དུ་སྦའོ། །འཁོར་ལོ་ཡང་མ་ཧེ་དང་རྟའི་ཁྲག་གིས་བྲིས་ཏེ། ཤིན་ཏུ་མཉམ་པར་བཞག་པས་ཞག་གསུམ་གྱིས་འབྱེད་པར་བྱེད་དོ། །དེ་ནས་སྔགས་པས་བསྐྲད་པར་འདོད་ན། གནས་བདུན་གྱིས་ས་རྔ་མོའི་གཟུགས་བྱས་ལ། དེ་ཡི་རྒྱབ་ཏུ་ཡི་གེ་ཡཾ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་དམིགས་ཏེ། དེའི་སྟེང་དུ་བསྒྲུབ་བྱ་དམིགས་ལ། དེ་ཡི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པས་དབྱུག་པ་འཛིན་པ་དམིགས་ལ། དེའི་དབྱུག་པས་བརྡེག་ཅིང་ཁ་ལྷོར་བལྟས་ནས་འཁྲིད་པར་རྣམ་པར་བསམ་པར་བྱའོ། །འཁོར་ལོ་དེ་དེའི་སྙིང་ཁར་གོང་དུ་གསུངས་པའི་ཆོ་གས། བསྒྲུབ་བྱའི་མིང་དང་སྤཻལ་བ་ཡང་དག་པར་བྲིས་ལ་བཅུག་ན་ཞག་བདུན་གྱིས་ཐེ་ཚོམ་མེད་པར་སྐྲོད་པར་འགྱུར་རོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། ཉི་མའི་ཚེས་ལ། གཏུམ་པོའི་ལུས་ཚ་བའི་མར་ཁུས་བྱུགས་ལ། ནིམ་པའི་ཤིང་ལ་འཛེགས་ནས་དེར་བཞག་ལ། དེའི་ལུས་ཀྱི་མར་ཁུ་ཉ་ཕྱིས་ཀྱི་བཞུར་ལ་དེར་གནས་པ་བཟུང་ངོ༌། །མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མཚན་སྔོན་པོའི་རས་སམ། དེ་མ་རྙེད་ན་


TNT21_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་བླངས་ལ། བསྲེག་པའི་བར་གྱི་དུ་བའི་དྲེག་པ་དེ་དང་མར་ཁུ་དེ་གཅིག་ཏུ་བྱས་ལ། བསྐྲད་པར་འདོད་པ་དེའི་ལྷམ་ལ་དེ་བསྐུ། དེའི་ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན། སྐད་ཅིག་གིས་སྐྲོད་དོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ནི། དུར་ཁྲོད་ཀྱི་རས་སམ། གྲོ་གའི་ལོ་མ་ལ་རླུང་གི་དཀྱིལ་འཁོར་དུར་ཁྲོད་ཀྱི་གསོལ་བ་དང་བྱ་རོག་གི་ཁྲག་དང་བྱ་རོག་གི་རྐང་གི་སྙུ་གུས་བྲི་བར་བྱ་སྟེ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་ལ། གཏོར་མ་ཟ་བའི་མགྲིན་པར་བཅིངས་ལ། བྱ་རོག་བཟུང་ནས་མ་ཧེའི་གདོང་གི་སྦྱོར་བས་གནས་པས་ཁ་ལྷོར་བལྟས་ལ་བཏང་སྟེ། དེ་སྐད་ཅིག་གིས་བྱ་རོག་བཞིན་ས་ཀུན་ཏུ་སྐོར་རོ། །གཞན་ཡང་བསྐྲད་པ་ནི། ཚ་བའི་མར་ཁུས་བསྐུས་ལ། ནིམ་པའི་ཤིང་ལས་གཏོར་མ་ཟ་བའི་ཚད་རྐྱང་ལ། ཚད་དེ་བའི་ནགས་ཀྱི་ཤིང་གི་མེས་བསྲེགས་པའི་ཐལ་བ་དེ་བླངས་ལ། གང་གི་མགོར་བླུགས་པ་དེ་བསྐྲོད་པར་འགྱུར་རོ། །གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི། བྱ་རོག་དང༌། འུག་པའི་གཤོག་པ་དང། བྲམ་ཟེ་དང༌། གཏུམ་པོའི་སྐྲ་གཅིག་ཏུ་བྱས་ལ། ད་རུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། དུ་བ་མེད་པའི་མེས་བསྲེགས་ཏེ། དེའི་ཐལ་བ་བླངས་ལ་ཡི་གེ་བཅུ་པའི་སྔགས་བཟླས་ནས། བུད་མེད་དང་སྐྱེས་པ་གཉིས་ཀྱི་


TNT21_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཐལ་བ་བཞག་ན། དེ་སྐད་ཅིག་གིས་དབྱེ་བར་འགྱུར་རོ། །དེ་ནས་དུར་ཁྲོད་ཀྱི་རས་བླངས་དེ་དུག་ལ་སོགས་པའི་རྫས་ཀྱི་སྦགས་པའི་བར་དུ་བཅུག་ལ། བསྒྲུབ་བྱའི་མིང་བྲིས་ལ་སྲེ་མོའི་སྤུ་དང་སྦྲུལ་གྱི་ལྤགས་པ་བླངས་ཏེ་བསྲེས་ནས་སྡོང་བུ་བྱས་ཏེ། གང་དང་གང་གི་ཁྱིམ་དུ་སྦར་བ་དེ་ཕན་ཚུན་འཐབ་པར་འགྱུར་རོ། །དེ་ནས་གསང་བར་འདོད་པས་ནི། བཤང་གཅི་ལས་གཟུགས་བརྙན་བྱས་ལ། དེ་ཡི་སྟེང་དུ་དུག་གི་ཕྱེ་མས་རབ་ཏུ་བྱུགས་ལ། དུར་ཁྲོད་ཀྱི་མེ་ལ་གཅེར་བུ་སྐྲ་བཤིག་པ་བྱས་ལ་ཁ་ལྷོར་བལྟས་ཏེ། མ་ཧེའི་གདོང་གི་སྦྱོར་བས་ནམ་ཕྱེད་ན་དེ་བཏུབས་ལ་དུར་ཁྲོད་ཀྱི་མེ་ལ་བསྲེག་གོ །གང་གི་མིང་དང་བཅས་པར་བྱས་ན་དེ་སྐད་ཅིག་གི་མཆིའོ། །རྡོ་རྗེ་འཇིགས་བྱེད་ཆེན་པོ་ཉིད་ཀྱིས་རབ་ཏུ་སྦྱོར་བ་འདི་གསུངས་སོ། །དེ་ནས་བསྐྲད་པར་འདོད་པས་རྒྱལ་མཚན་གྱི་རས་ལ་ལེ་ཚེ་བཅུ་དྲུག་པའི་འཁོར་ལོ། སྔོན་དུ་གསུངས་པའི་རྫས་དང་དུར་ཁྲོད་ཀྱི་སོལ་བས་གང་གིས་མིང་དང་བཅས་པ་བྲིས་ཏེ། ནིམ་པའི་ཤིང་ལ་རྒྱལ་མཚན་བཞག་ན་དེ་སྐྲོད་པར་འགྱུར་རོ། །དེ་ནས་རེངས་པར་འདོད་པའི་གཤིན་རྗེའི་འཁོར་ལོ་གཡམ་པའམ་རས་ལ། བ་བླ་དང་ཡུང་བས་གོང་གི་མིང་དང་བཅས་པ་ལེགས་པར་བྲིས་ནས་བཞག་ན་དེ་རེངས་པར་འགྱུར་རོ། །གལ་ཏེ་སྔགས་པས་དབང་དུ་བྱ་བར་འདོད་ན། གྲོག་མཁར་གྱིས་དང༌། གུར་གུམ་དང༌། གྷི་ཧཾ་དང་ལྷན་ཅིག་


TNT21_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱས་ཏེ། བསྒྲུབ་བྱ་ཕོའམ། གལ་ཏེ་མོའི་གཟུགས་བརྙན་ཚད་གསོར་བཅུ་དྲུག་པ་བྱས་ལ། འགི་ཧཾ་དང་སྲིན་ལག་གིས། ཁྲག་གིས་གྲོ་ག་ལ་གཤིན་རྗེའི་འཁོར་ལོ་བྲིས་ཏེ། དེའི་སྙིང་གར་བཅུག་ནས་རང་གི་ཁྱིམ་དུ་བཞག་ལ། མེ་ཏོག་དམར་པོ་དུས་གསུམ་དུ་དབུལ་བ་དང༌། ཁ་ནུབ་ཏུ་བལྟས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན། ཞག་བདུན་གྱི་བརྒྱ་བྱིན་ཡང་དབང་དུ་འགྱུར་བ་ཕྲ་མོའི་མི་ལྟ་ཅི་སྨོས། དེ་ནས་ཡང་དགུག་པར་འདོད་ན། དེ་ལ་ཐོད་པ་ལ་འཁོར་ལོ་འགི་ཧཾ་དང་སྲིན་ལག་གི་ཁྲག་གིས་བྲིས་ཏེ། སེང་ལྡེང་གི་མེ་ལ་བསྲེ་ཞིང་གང་ལ་བྱ་བའི་མིང་དང་བཅས་པར་བཟླས་ན། དེ་སྐད་ཅིག་གིས་རླུང་གི་ཤུགས་བཞིན་འགུག་པར་འགྱུར་རོ། །དེ་ནས་སྔགས་པས། སྨྱོ་བར་འདོད་ན། ད་རུ་རའི་འབྲས་བུ་བླངས་ལ་ཤ་ཆེན་དང་ལྷན་ཅིག་ཏུ། ཤིང་སྲིན་གྱི་ཟོས་པའི་ཕྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་སྦྱིན་ནོ། །སྔགས་ཀྱང་བཟླས་པར་བྱ་སྟེ། དེ་སྐད་ཅིག་གིས་སྨྱོ་བར་འགྱུར་ཞིང་ཞག་བདུན་གྱིས་འཆིའོ། །དེ་ནས་གཞན་ཡང་རབ་སྦྱོར་བ་གསུངས་པ་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དུལ་ལ་སོགས་པའི་རྫས་ཀྱིས་བྲིས་ཏེ་མར་མེ་ཆེན་པོ་དང༌། རྣམ་པར་སྣང་མཛད་ཀྱིས་གཟུགས་བརྙན་བྱས་ལ། དེའི་སྙིང་གར་འཁོར་ལོ་བཅུག་ནས་ཕའི་ནགས་སུ་སོང་ལ། རོ་བསྲེགས་པའི་མེ་ལ་མཚོན་རྣོན་པོས་


TNT21_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཏུབས་ནས། རྣམ་པར་གཙིགས་པའི་སྦྱོར་བས་རྣལ་འབྱོར་པས་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས་ཏེ། ཁ་ལྷོར་བལྟས་ནས་བསྲེགས་ན་དེའི་མོད་ལ་འཆིའོ། །དེ་ནས་བྲལ་བའི་ཆོ་ག་འབྱུང་བ་ནི། བྱ་རོག་དང་འུག་པའི་རུས་པ་བླངས་ལ། དེ་གཉིས་ལ་ལྕགས་ཀྱུའི་ཚེར་མས་བསྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ། ཡི་གེ་བཅུ་པའི་སྔགས་བྲིས་ལ་གཅིག་པུ་གནས་སུ་གནས་ཏེ། གང་གི་མིང་དང་བཅས་པར་བཟླས་ཤིང༌། དེ་གཅིག་ལ་གཅིག་བླུད་ན་འབྲལ་བར་འགྱུར་རོ། །གཤིན་རྗེའི་འཁོར་ལོ་གྲོ་གའི་འདབ་མ་ལ། བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྦལ་པའི་གསུས་པར་བཅུག་ལ། གང་གིས་མིང་དང་བཅས་པ་ཐེམ་པའི་འོག་ཏུ་སྦས་ན། དེའི་ཡན་ལག་མཚོན་གྱིས། གཏུབ་པར་འགྱུར་རོ། །དེ་ནས་བུ་མོ་རེངས་པའི་རབ་ཏུ་སྦྱོར་བ་ནི་གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དུག་ལ་སོགས་པས་བྲིས་ཏེ། རོ་བསྲེགས་པའི་སོལ་བས་གཟུགས་བརྙན་མཐོ་གང་ཙམ་གྱི་ཚད་ཁ་གཙིགས་པར་བྱས་ཏེ། དེའི་སྙིང་གར་འཁོར་ལོ་བཅུག་ནས་རྐང་པ་གཡོན་པས་མནན་ལ། མ་ཧེའི་གདོང་གི་སྦྱོར་བས་ཆེ་གེ་མོ་བུ་མོ་རེངས་པར་གྱུར་ཅིག །ཅེས་ཡི་གེ་བཅུ་པའི་སྔགས་བཟླས་ན་རེངས་པར་འགྱུར་རོ། །འདིའི་ལས་རྣམས་ནི་གཞན་སུ་ལ་ཡང་སྨྲ་བར་མི་བྱའོ། །གལ་ཏེ་སྔགས་པ་རྨོངས་པའི་བདག་ཉིད་ཀྱིས་ཕྱེད་ན་དམྱལ་བར་ངེས་པར་ལྟུང་ངོ༌། །


TNT21_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང༌། བླ་མ་ལ་བརྙས་པ་དང༌། དམ་ཚིག་དང་བྲལ་བ་དང༌། སྔགས་དང་རྒྱུད་ལ་འཕྱ་བར་བྱེད་པ་དང༌། སེམས་ཅན་ལ་འཚེ་བ་འདི་རྣམས་ལ་ཕན་པའི་ཕྱིར། སྔགས་པས་སྙིང་རྗེས་གདུང་བའི་སེམས་ཀྱིས་གནོད་པས་སྦྱོར་བ་རབ་ཏུ་བྱའོ། །གལ་ཏེ་གཞན་ལ་བྱས་ན་དམ་ཚིག་ཉམས་ནས་ཚབ་ཆེན་པོར་འགྲོ་བའོ། །རྒྱུད་གཞན་ལས་ཀྱང་གསུངས་པ། སློབ་དཔོན་ལ་ནི་སྣོམ་བྱེད་དང༌། །ཐེག་པ་ཆེན་པོ་སྐུར་བ་དང༌། །སྔགས་རྒྱུད་རབ་སྦྱོར་ཡེ་ཤེས་ལ། །འཕྱ་བར་བྱེད་པའི་མི་གང་ནི། །དེ་ནི་འབད་པས་གསད་པར་བྱ། །ཡང་ན་གནས་ནས་གཡོ་བར་བྱ། །རྣལ་འབྱོར་སྙིང་རྗེ་མེད་པ་ཡིས། །གཞན་ལ་རུང་རུང་བྱས་ན་ནི། དེ་ལ་དེ་བཞིན་ལས་དེ་ནི། །ཕྱིར་སྒྲོག་པར་ནི་འབྱུང་བར་འགྱུར། །ཅིའི་ཕྱིར་སེམས་ཅན་མཐོ་བ་བརྩམ་ཕྱིར། །རྣལ་འབྱོར་པ་ནི་འདི་ལའོ། །འདི་ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་ལས་ཐམས་ཅད་གྲུབ་པའི་རྟོག་པ་སྟེ་གཉིས་པའོ། །དེ་ནས་ཇི་ལྟ་བའི་ཆོ་གས་སྔགས་བཏུ་བ་རབ་ཏུ་གསུངས་ཏེ། རབ་ཏུ་གཙང་བའི་གནས་སུ། །སྔགས་པའི་གནས་ལ་སྔགས་བཏུ་བར་བྱའོ། །ཇི་ལྟར་དྲུག་པའི་དང་པོ་དང༌། །ལྔ་པ་ལ་ཡང་ལྔ་པ་དང༌། །དྲུག་པ་ཡི་ནི་གཉིས་པ་ལ། །དབྱངས་ཡིག་


TNT21_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དང་ལྡན་པ། །གཉིས་པ་ཡི་ནི་གསུམ་པ་ལ། །ཡང་ནི་དབྱངས་ཡིག་གཉིས་པ་ལྡན། །དྲུག་པ་ཡི་ཡང་དང་པོ་དང༌། །ཡང་ནི་དྲུག་པའི་དང་པོ་སྦྱིན། །དབྱངས་ཡིག་བཅུ་གསུམ་དང་ལྡན་པ། །ལྔ་པ་ཡི་ཡང་ལྔ་པ་ལ། །དབྱངས་ཡིག་བཅུ་གཅིག་དང་ལྡན་པ། །དྲུག་པ་ཡི་ཡང་དང་པོ་དང༌། །ཡང་ནི་དྲུག་པའི་དང་པོ་སྦྱིན། །ལྔ་པ་ཡི་ཡང་ལྔ་པ་ལ། །བཅུ་དང་གཅིག་གིས་མནན་ལྡན་པ། །བཞི་པ་ཡི་ནི་གསུམ་པ་ལ། །བཅུ་གསུམ་པ་ཡི་མཉམ་མནན་པ། །དྲུག་པ་ཡི་ཡང་གཉིས་པ་ལ། །དབྱངས་ཡིག་ལྔ་པ་དང་ལྡན་པ། །གསུམ་པ་ཡི་ནི་ལྔ་པ་དང༌། །རླུང་གི་ས་བོན་དེ་ནས་སྦྱིན། །དབྱངས་ཡིག་བཅུ་གསུམ་ཡང་དག་ལྡན། །བཞི་པ་ཡི་ནི་གསུམ་པ་དང༌། །དེ་ནི་རླུང་གིས་ས་བོན་སྦྱིན། །དྲུག་པ་ཡི་ནི་དང་པོ་དང༌། །བཞི་པ་ཡི་ནི་གསུམ་པ་དང༌། །དེ་ནས་རླུང་གི་ས་བོན་ནོ། །དབྱངས་ཡིག་བཅུ་གསུམ་པ་དང་ལྡན། །བཞི་པ་ཡི་ནི་ལྔ་པ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་པ། །དེ་ནས་མེ་ཡིས་ས་བོན་བྱིན། །རླུང་གི་ས་བོན་དེ་བཞིན་ནོ། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །རླུང་གི་ས་བོན་དེ་བཞིན་མཆོག །དྲུག་པ་ཡི་ནི་དང་པོ་དང༌། །དེ་ནས་ཡི་གེ་ཐ་མ་སྦྱིན། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །ཡང་ནི་རླུང་གི་ས་བོན་དང། །གཉིས་པ་ཡི་ནི་དང་པོ་དང༌། །གཉིས་


TNT21_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉིས་པ་དང་ལྡན་པ། །བཞི་པ་ཡི་ནི་ལྔ་པ་ལས། །དབྱངས་ཡིག་གསུམ་པ་དང་ལྡན་པ། །དེ་ནས་མེ་ཡི་ས་བོན་དང༌། །དབྱངས་ཡིག་གཉིས་པར་ལྡན་པ་དང༌། །ལྔ་པ་ཡི་ནི་ལྔ་པ་དང༌། །དེ་ནས་རླུང་གིས་ས་བོན་སྦྱིན། །ཐོག་མར་རྣམ་པར་སྣང་མཛད་བྱིན། །མཆོག་གི་དབང་ཕྱུག་དང་སྦྱར་བ། །སྟེང་དུ་ས་བོན་སྟོང་པས་བརྒྱན། །ལྔ་པ་ཡི་ནི་གཉིས་པ་དང༌། །གསུམ་པ་ཡི་ནི་དང་པོ་ནི། །མཁས་པས་གཉིས་སུ་བརྗོད་པར་བྱ། །འདི་ནི་དཔལ་ལྡན་འཇམ་པའི་མཆོག། འཇིགས་བྱེད་ཆེན་པོའི་རྒྱུད་འཁོར་ལོ། །མ་ཧེའི་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པས་ནི་ལས་ཀུན་བྱེད། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། །བདུན་པ་ཡི་ནི་བཞི་པ་ལ། དབྱངས་ཡིག་བཞི་པ་དང་ལྡན་པ། འོག་ཏུ་མེ་ཡིས་ས་བོན་སྦྱིན། །དེ་ནས་མངའ་བདག་བཅུ་དྲུག་མཐའ། །བདུན་པ་ཡི་ནི་གཉིས་པ་ལ། །དབྱངས་ཡིག་བཞི་པ་དང་ལྡན་པ། །གསུམ་པ་ཡི་ནི་དང་པོ་ལ། །མེ་ཡི་ས་བོན་འོག་ཏུ་གདགས། །མངའ་བདག་བཅུ་དྲུག་མཐའ་མ་སྟེ། །དྲུག་པ་ཡི་ནི་བཞི་པ་ལ། །དབྱངས་ཡིག་གསུམ་པ་དང་ལྡན་པའོ། །དང་པོ་ཡི་ནི་དང་པོ་ལ། །དབྱངས་ཡིག་


TNT21_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་དང་ལྡན་ཏེ། །འོག་ཏུ་མེ་ཡིས་ས་བོན་སྦྱིན། །བཞི་པ་ཡི་ནི་དང་པོ་ལ། །དབྱངས་ཡིག་གཉིས་པ་དང་ལྡན་པའོ། །བཞི་པ་ཡི་ནི་ལྔ་པ་ནི། །མཁས་པ་ཡིས་ནི་ལན་གཉིས་བརྗོད། །ཐོག་མར་རྣམ་པར་སྣང་མཛད་སྦྱིན། །སྡེ་ཚན་བདུན་གྱི་ས་བོན་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པ། །སྤྱི་བོ་རུ་ནི་ཐིག་ལེས་བརྒྱན། །ལྔ་པ་ཡི་ནི་གཉིས་པ་དང༌། །གསུམ་པ་ཡི་ནི་དང་པོའོ། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་ཧེའི་གདོང་ཅན་སྦྱོར་བ་ཡིས། །ཐམས་ཅད་ལས་ནི་བྱེད་པའོ། །ལས་ཀྱི་སྔགས་སུ་གྲགས་པ་སྟེ། །གསུམ་འབུམ་བཟླས་ནས་ལས་ཀུན་བྱེད། །དྲུག་པ་ཡི་ནི་དང་པོ་དང༌། །ལྔ་པ་ཡི་ཡང་ལྔ་པ་ལ། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །བཞི་པའི་ལྔ་པས་བརྟེན་པར་བྱ། །བཞི་པའི་དང་པོ་འོག་ཏུ་བཞིག །དང་པོ་ཡི་ནི་དང་པོ་དང༌། །ཐོག་མར་རྣམ་པར་སྣང་མཛད་སྦྱིན། །སྡེ་ཚན་བདུན་གྱི་ཐ་མ་ལ། །དབྱངས་ཡིག་དྲུག་པ་དང་ལྡན་པར། །དྲན་པ་དེ་བཞིན་མཐར་སྦྱིན་ནོ། །སྟོང་པའི་ལྷ་ཡི་མཉམ་མནན་པ། །ལྔ་པ་ཡི་ནི་གཉིས་པ་དང༌། །གསུམ་པ་ཡི་ནི་དང་པོའོ། །འདི་ནི་མ་ཧེའི་གདོང་པ་ཡི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་པས། །འཇིག་རྟེན་གསུམ་གྱི་ལས་ནི་གང༌། །ཅི་ཡང་རུང་བ་ཐམས་ཅད་བྱེད། །སྔགས་བཏུ་བའི་ཆོ་གའི་སྐབས་འདིར་མཆོད་པར་བྱའོ། །འདི་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་


TNT21_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱུད་ལས་སྔགས་བཏུ་བའི་རྟོག་པ་སྟེ་གསུམ་པའོ། །དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་པ་ཆོས་ཐམས་ཅད་བདག་མེད་པ་སྔོན་དུ་སོང་བས་ལྷའི་དམིགས་པ་ཡང་དག་པར་བཤད་པར་བྱ་སྟེ། དང་པོ་རང་བཞིན་གྱིས་དག་པའི་སྔགས་བརྗོད་པར་བྱའོ། །ཆོས་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས་ནམ་མཁའི་དཀྱིལ་དུ་ཡཾ་གྱི་རྣམ་པ་ལས་གྲུབ་པའི་རླུང་གི་དཀྱིལ་འཁོར་མདོག་དུ་བའི་རྣམ་པར་བསམ་མོ། །དེའི་སྟེང་དུ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷིཿའི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བྱའོ། །དེའི་སྙིང་གར་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསྒོམས་ཏེ། ཉི་མའི་དཀྱིལ་འཁོར་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང༌། བྱང་ཆུབ་སེམས་དཔའ་དང༌། རིག་པའི་ལྷ་མོ་དང༌། ཁྲོ་བོ་ལ་སོགས་པ་ཤིན་ཏུ་བསྐུལ་དེ། ཡང་འོངས་ནས་ཉི་མའི་དཀྱིལ་འཁོར་ལ་ཞུགས་པར་བསམ་མོ། །དེ་ཡིས་འཇམ་དཔལ་དང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས་ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ། །འོད་ཟེར་འབར་བའི་རྣམ་པས་དཔག་ཚད་སྟོང་ཕྲག་བརྒྱར་ཁྱབ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་མདོག་ནག་པོའི་འོད་ཟེར་ལྔ་དང་ཡང་དག་པར་ལྡན་པར་


TNT21_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བསམ། ཧཱུཾ་དེ་ལས་འོད་ཟེར་གྱི་རྣམ་པ་འཕྲོས་པས་སྔོན་དུ་གསུངས་པ་བཞིན་དུ་ཡང་ཞུགས་ཏེ། ཡི་གེ་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོ་འོད་ཟེར་ལྔ་དང་ལྡན་པ། རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས་ཕྲ་མོའི་རྣམ་པའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། ཁྲོ་བོ་དང༌། རིག་པའི་ལྷ་མོས་ནམ་མཁའི་དབུས་ཏིལ་གྱི་གོང་བུ་ལྟར་གང་ཉི་མ་ལ་གནས་པ་རྣམ་པར་བསམ་པར་བྱའོ། །དེ་ནས་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བཏུལ་ནས་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དེ་ཡང་དེ་དང་ལྷན་ཅིག་ཏུ་བསྡུས་ནས་རྡོ་རྗེའི་གཟུགས་བརྙན་ལ་རབ་ཏུ་ཞུགས་པར་བསམ་མོ། །རྡོ་རྗེའི་གཟུགས་བརྙན་དེ་ཉིད་ཞལ་དགུ་པ་མ་ཧེའི་གཟུགས་ཅན། འཇིགས་པའི་དུས་ཀྱི་མེ་ལྟར་འབར་བ། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁམས་གསུམ་ཟ་བར་ནུས་པ། ཞལ་གཙིགས་པ་ཧ་ཧ་ཞེས་ལྗགས་འགྲིལ་བ། རྣམ་པར་གཙིགས་པའི་ཁྲོ་གཉེར་འཇིགས་པ། ཁྲོ་གཉེར་གྱི་འགྲམ་ན་སྨིན་མ་དང་སྤྱན་འཇིགས་པ་ཆེན་པོའི་དུས་ལྟར་འཕྲོ་བ། སྒྲ་སྒྲོག་པ། མིའི་ཁྲག་དང༌། ཚིལ་དང༌། ཞག་དང༌། རྐང་ཟ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་སོགས་པ་ལ་སྡིགས་མཛུབ་བྱེད་པ། བརྒྱ་བྱིན་དང༌། ཚངས་པ་དང༌། དབང་ཕྱུག་ཆེན་པོ་དང༌། ཁྱབ་འཇུག་དང༌། གཞོན་ནུ་རྣམས་ཁ་སྦུབ་ཏུ་བྱས་ནས་ཞབས་ཀྱི་འོག་ཏུ་མནན་པ། འཇིགས་


TNT21_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རུང་བའི་ཐོད་པའི་ཐོད་བྱས་པ། ཐོད་པ་བརྩིགས་པའི་རྩེ་མོ་འཇིགས་པ་ཆེན་པོ་ཅན། ཕེཾ་ཞེས་ཐོད་པའི་འཕྱང་འཕྲུལ་གྱིས་བརྒྱན་པ། ཞབས་བཅུ་དྲུག་པ། གཅེར་བུའི་གཟུགས་མཚན་མ་གྱེན་དུ་འགྲེང་བ། གཡོན་བརྐྱང་བ། གསུས་པ་ཆེ་བ། སྐྲ་གྱེན་དུ་བརྫེས་པ། འཇིགས་པ་ཆེན་པོར་བྱེད་པ། ཕཊ་ཅེས་སྒྲ་སྒྲོག་པ། ཕྱག་སུམ་ཅུ་རྩ་བཞི་དང་ལྡན་པ། གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་རྣམ་པར་བསམ་པར་བྱ་སྟེ། དེ་ལྟར་ཤིན་ཏུ་བསམ་པ་བརྟན་པས་བྱས་ཏེ། དེ་ཁོ་ན་ཉིད་ཀྱི་སྦྱོར་བ་ལ་ཤིན་ཏུ་མཉམ་པར་བཞག་པས་སྔགས་པས་རྟག་ཏུ་བསྒོམ་པར་བྱ་སྟེ། གཡས་དང་པོ་ན་རྡོ་རྗེ་གྲི་གུག་གཉིས་པ་ན། མདུང་རྩེ་གཅིག་པ། གསུམ་པ་ན་གཏུན་ཤིང༌། བཞི་པ་ན་ཆུ་གྲི་དང༌། ལྔ་པ་ན་རྡོ་རྗེ་རྩེ་གཅིག་པ། དྲུག་པ་ན་སྟ་རེ། བདུན་པ་ན་མདུང༌། བརྒྱད་པ་ན་མདའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་དབྱུག་ཐོ། བཅུ་གཅིག་པ་ན་ཁ་ཊཾ་ག །བཅུ་གཉིས་པ་ན་འཁོར་ལོ། །བཅུ་གསུམ་པ་ན་རྡོ་རྗེ། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང་ཏེའུའོ། །གཡོན་པའི་ཕྱག་དང་པོ་ན་ཐོད་པ། གཉིས་པ་ན་མགོ་བོ། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་


TNT21_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

པ། དྲུག་པ་ན་གཞུ། བདུན་པ་ན་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མེ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་སྡིགས་མཛུབ། བཅོ་ལྔ་པ་ན་འཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་གིས་འཕྱར་བའི་རས། ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པའོ། །ཞབས་གཡས་ཀྱི་དང་པོས་མི། གཉིས་པས་མ་ཧེ། །གསུམ་པས་གླང༌། བཞི་པས་བོང་བུ། ལྔ་པས་རྔ་མོང༌། དྲུག་པས་ཁྱི། བདུན་པས་ལུག །བརྒྱད་པས་ལྕེ་སྤྱང༌། ཞབས་གཡས་པས་འདི་དག་མནན་པའོ། །ཞབས་གཡོན་པས་དང་པོ་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག །བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པར་ཁྱུང་ཆེན། བདུན་པས་རེ་སྐེག །བརྒྱད་པས་བཞད། གཡོན་པས་འདི་དག་མནན་པའོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་ནི་རབ་ཏུ་གནག་པ། མ་ཧེའི་རྣམ་པར་ཤིན་ཏུ་ཁྲོས་པ་ཅན། རྭའི་གཡས་སུ་ཞལ་གསུམ་པ། དང་པོ་སྔོན་པོ། གཉིས་པ་དམར་པོ། གསུམ་པ་སེར་པོ་སྟེ། མངའ་བདག་གི་ཞལ་གསུམ་ཤིན་ཏུ་ཁྲོས་པའོ། །རྭའི་གཡོན་པར་ཞལ་གསུམ་དཀར་པོ་དང། དུད་ཁ་དང༌། ནག་པོ། རབ་ཏུ་ཁྲོས་པ་གཙིགས་པའི་ཞལ་


TNT21_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པར་བྱའོ། །རྭ་གཉིས་ཀྱི་བར་དུ་དབུས་ཀྱི་ཞལ་དམར་པོ་རབ་ཏུ་འཇིགས་པ། ཞལ་ནས་ཁྲག་འཛག་པར་བསམ་པར་བྱའོ། །སྟེང་དུ་འཇམ་དཔལ་གྱི་ཞལ་ཅུང་ཟད་སེར་བ་ཡིད་ཙམ་ཁྲོ་བ་གཞོན་ནུའི་བརྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ་རྣམ་པར་བསམས་ཏེ། ཞལ་ཐམས་ཅད་སྤྱན་གསུམ་པར་བསྒོམས་ཏེ། འདི་ལྟར་བདག་ཉིད་རྩེ་གཅིག་ཏུ་དམིགས་སོ། །དེ་ལྟར་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དེ་བདག་ཉིད་ཡིན་པར་བསྒོམས་ནས། ཤིན་ཏུ་མཉམ་པར་བཞག་པས་དཔའ་བོའི་གནས་ལ་གནས་པའི་རྣལ་འབྱོར་པས། ཕྱི་ནས་སྔགས་བཟླས་པར་བྱ་སྟེ། བཟླས་པའི་དུས་སུ་རང་གིས་སྙིང་གར་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་རང་གིས་སྔགས་ཀྱིས་རྣམ་པ་བསམ་ཏེ་འབར་བ་དང༌། ཕྱི་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པ་བྱའོ། །འདི་སྦྱོར་ལ་གནས་སྔགས་པ་ཡིས། །རྟག་ཏུ་འཇིགས་མེད་ལས་ཀུན་བྱ། །དུར་ཁྲོད་གནས་ལ་བསྒོམ་བྱ་ཞིང༌། །རྟག་ཏུ་བདུད་རྩི་ལྔ་རྣམས་བཟའ། །འདི་ཡི་སྒྲུབ་ལས་གྲུབ་གཞན་མིན། །གཞན་ཡང་མར་མེ་ཆེ་བཟའ་ཞིང༌། །མཚན་མོ་རྒྱུ་བའི་རྣལ་འབྱོར་པས། །གསུམ་འབུམ་རྩ་བའི་སྔགས་བཟླས་བྱ། །འདི་ཟློས་པ་ཡི་སྔགས་པ་ཡིས། །ཐམས་ཅད་ལས་ནི་བྱེད་པར་གྱུར། །འདི་འཇམ་དཔལ་མཆོག་རྡོ་རྗེ་


TNT21_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་སྒོམ་པའི་རྟོག་པ་སྟེ་བཞི་པའོ། །དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གསང་བའི་བྲིས་སྐུའི་མཆོག་རབ་ཏུ་བཤད་པ། དཔའ་བོའི་རས་སམ། ཞིང་ལ་བཀལ་བའི་རས་སམ། མེ་ཏོག་ཅན་གྱི་རས་སམ། རབ་ཏུ་འཛག་པའི་རས་སམ། བུ་བཙས་པའི་རས་སམ། དེ་མ་རྙེད་ན་རས་གཞན་གང་ཡང་རུང་བ་བླངས་ལ། འདིར་དངོས་པོ་ཀུན་ཀྱིས་མོས་པ་རྣམ་པར་རྟོག་པ་མེད་པ་མི་ཁྲོག །གཙང་བ། མཁས་པ། གཞུངས་པ། རང་བ་དང་ལྡན་པ། བརྩེ་བ་ཅན། སྲིད་པ་དང་བྲལ་བ། འདི་ལྟར་ཡོན་ཏན་དང་ལྡན་པ། ཤིན་ཏུ་རི་མོ་མཁས་པའི་ལག་པར་བྲི་བར་བྱའོ། །གལ་ཏེ་དངོས་གྲུབ་འདོད་པས་དཔའ་བོའི་ཡོན་སྦྱིན་ནོ། །དེ་ལ་ཆོ་ག་ནི། གསང་བའི་གནས་སུ་གནས་ལ་ཤིན་ཏུ་མཉམ་པར་བཞག་པས་བྲི་བར་བྱ་སྟེ། རི་མོ་མཁན་དང༌། སྒྲུབ་པ་པོས་མཐོང་བ་ལས་འཇིག་རྟེན་པ་གཞན་གྱིས་མི་མཐོང་བར་བྲི་བར་བྱ་སྟེ། ཞབས་བཅུ་དྲུག་པ། ཕྱག་སུམ་ཅུ་རྩ་བཞི་པ། ཞལ་དགུ་པ། གཅེར་བུ་ཁ་དོག་ནག་པོ། གཡོན་བརྐྱང་བ། འཇིགས་པ་ཆེན་པོ་ཡང་འཇིགས་པར་བྱེད་པའི་རྣམ་པ་ཅན། མཚན་མ་གྱེན་དུ་འགྲེང་བའི་རྣམ་པ་ཅན་གྱི་ཐད་ཀ་བྲི་བར་བྱའོ། །ཞལ་དང་པོ་མ་ཧེའོ། །རྭའི་གཡས་སུ་


TNT21_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གསུམ་སྟེ། སྔོན་པོ་དང༌། དམར་པོ་དང༌། སེར་པོ་ཤིན་ཏུ་ཁྲོས་པ་བྲི་བར་བྱའོ། །གཡོན་དུ་དཀར་པོ་དང༌། དུད་ཁ་དང༌། ནག་པོའོ། །དེ་གཉིས་ཀྱི་དབུས་སུ་རབ་ཏུ་དམར་བ་བྲི་བར་བྱ། དེའི་སྟེང་དུ་འཇམ་དཔལ་གྱི་ཞལ་སེར་པོ་ཅུང་ཟད་ཁྲོ་བ་བྲི་བར་བྱའོ། །ཕྱག་གཡས་པ་ན་རྡོ་རྗེ་གྲི་གུག་དང༌། མཚོན་རྩེ་གཅིག་པ་དང༌། གཏུན་ཤིང་དང༌། ཆུ་གྲི་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། སྟ་རེ་དང། མདུང་དང༌། མདའ་དང༌། ལྕགས་ཀྱུ་དང། དབྱུག་ཏོ་དང༌། ཁ་ཊྭཱཾ་ག་དང། འཁོར་ལོ་དང༌། རྡོ་རྗེ་དང༌། རྡོ་རྗེ་ཐོ་བ་དང༌། རལ་གྲི་དང༌། ཅང་ཏེའུའོ། །ཕྱག་གཡོན་པ་ཐོད་པ་དང། མགོ་བོ་དང༌། ཕུབ་དང་རྐང་པ་དང༌། ཞགས་པ་དང༌། གཞུ་དང༌། རྒྱུ་མ་དང༌། དྲིལ་བུ་དང༌། ལག་པ་དང༌། དུར་ཁྲོད་ཀྱི་རས་དང༌། སྐྱེས་བུ་གསལ་ཤིང་ལ་བཙུགས་པ་དང༌། མེ་ཐབ་དང༌། ཐོད་ཚལ་དང༌། སྡིགས་མཛུབ་དང༌། འཕན་རྩེ་གསུམ་པ་དང༌། རླུང་གིས་བསྐྱོད་པའི་རས་སོ། །ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ་བྲིའོ། །ཞབས་གཡས་པས་མི་དང༌། མ་ཧེ་དང༌། གླང་དང༌། བོང་བུ་དང༌། རྔ་མོང་དང༌། ཁྱི་དང། ལུག་དང༌། ཅེ་སྤྱང་རྣམས་སོ། །ཞབས་གཡོན་པས་བྱ་རྒོད་དང༌། འུག་པ་དང༌། བྱ་རོག་དང༌།


TNT21_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཙོ་དང༌། ཁྲ་དང༌། ཁྱུང་ཆེན་དང༌། རི་སྐེག་དང༌། བཞད་རྣམས་སོ། །འདི་ལྟ་བུར་འདུག་པའི་རྡོ་རྗེ་འཇིགས་བྱེད་ཆེན་པོ་བྲི་བར་བྱའོ། །དེའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་ཡང་བྲི་སྟེ། འཇིགས་པ་ཆེན་པོར་བྱེད་པའི་གནོད་སྦྱིན་དང༌། སྲིན་པོ་དང༌། ཞིང་སྐྱོང་དང༌། རོ་ལངས་དང་ལྡན་པ། སྐྱེས་བུ་མདུང་རྩེ་བཙུགས་པའི་གཟུགས་དེར་བསྟན་པར་བྱ། ནྱ་གྲོ་ཏའི་ཤིང་གི་སྟེང་ནས་སྐྱེས་བུ་འཕྱང་བ་བསྟན་པར་བྱ། སྐྱེས་བུ་བསྲེགས་པ་ཡང་བྲི། མདུང་གིས་ཕུག་པ་ཡང་བྲི། སྣ་ཚོགས་པའི་བྱ་རྒོད་དང༌། བྱ་རོག་དང༌། ཁྱི་དང༌། ཅེ་སྤྱང་ཧ་ཧ་འབྱིན་པ་བྲི། སྒྲུབ་པ་པོ་རྣམས་ཀྱང་བྲི་སྟེ། བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བ་གཅེར་བུ་སྐྲ་བཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང༌། ཐོད་པ་དང༌། ཁ་ཊྭཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དེར་འཇུག་པ་བྲིའོ། །འདི་ནི་གསངབའི་བྲིས་སྐུ་སྟེ། གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱིས་སྤཽས་དབུལ། དེའི་མདུན་དུ་རུས་ཆེན་གྱི་འཕྲེང་བས་བཟླས་པ་བྱ། སྔགས་པས་མཉམ་པར་བཞག་པས་དུས་གསུམ་དུ་འབད་པས་བྲིས་སྐུ་བསྲུང་ངོ༌། །གཞན་ཡང་གང་དུ་ཡང་མི་བཞག་གོ །གཞན་གང་གི་མདུན་དུ་ཡང་མི་དགྲམ་མོ། །ལྡག་པ་དང༌། བཏུང་བ་དང། བཟའ་བ་དང༌། སྟོན་མོ་ནི་ཤ་ཆེན་རྟག་ཏུ་


TNT21_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་བཟའོ། །གལ་ཏེ་མཆོག་གི་དངོས་གྲུབ་འདོད་ན། དུས་གསུམ་དུ་རྣམ་པར་སྣང་མཛད་དང༌། ཁྲག་གིས་སྤོས་བྲིས་སྐུའི་མདུན་དུ་དབུལ་ལོ། །འདི་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་བྲིས་སྐུའི་ཆོ་གའི་རྟོག་པ་སྟེ་ལྔ་པའོ། །དེ་ནས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་གསུངས་པ། ཇི་ལྟར་སྔོན་གྱི་རིམ་པ་སྟེ། དང་པོ་རེ་ཞིག་སྔགས་པས་ཕའི་ནགས་སུ་ཕྱིན་ལ། མཚན་ཕྱེད་ན་སྦྱིན་སྲེག་གི་ལས་ཀུན་བྱ་སྟེ། གོང་དུ་གསུངས་པའི་ལྷའི་སྦྱོར་བ་ལ་གནས་པས་ལས་ཐམས་ཅད་བྱའོ། །དེ་ལ་ལས་ནི་འདི་རྣམས་ཡིན་ཏེ། གལ་ཏེ་གསད་པར་འདོད་ན། དེར་མིའི་རུས་པ་དང༌། རྣམ་པར་སྣང་མཛད་དང༌། བོང་བུའི་སྦངས་དང༌། ཚེར་མ་དང༌། སྐྲ་དང༌། སེན་མོ་དང༌། དེ་དག་ཐམས་ཅད་མར་ཁུས་སྤུས་ལ། མ་ཧེའི་ཞལ་གྱི་སྦྱོར་བས་ཤིན་ཏུ་མཉམ་པར་བཞག་ལ་ཁ་ལྷོར་བལྟས་ཏེ། རོ་བསྲེགས་པའི་མེ་ལ་གང་གི་མིང་དང་བཅས་པ་བརྒྱ་རྩ་བརྒྱད་བསྲེག་ན་དེ་ཞག་བདུན་གྱིས་འཆིའོ། །ཡང་ན་ཕྱོགས་གཅིག་ཏུ་གནས་ལ། མེ་ཐབ་གྲུབ་གསུམ་བྱས་ལ། དེ་རུ་སྔོན་ཏུ་གསུངས་པའི་རྫས་ཀྱི་གཏུམ་པོའི་མེ་ལ་སྦྱིན་བསྲེག་བྱའོ། །སྦྱོར་བ་དེས་ནི་ལས་དེ་ཉིད་འགྲུབ་བོ། །དེ་ནས་འབྲལ་བར་འདོད་ན། བྱ་རོག་དང༌། འུག་པ་དང༌། རྨ་བྱའི་སྒྲོ་དང༌། སྦྲུལ་གྱི་ཤུན་པ་དང༌། སྐྲ་དང༌། འབྲས་ཕུབ་དང༌།


TNT21_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧེ་དང༌། རྟའི་ཤ་ལྷན་ཅིག་ཏུ་གང་གི་མིང་དང་བཅས་པ་དུར་ཁྲོད་ཀྱི་མེ་ལ་བསྲེགས་ན་དེ་དང་འབྲལ་བར་འགྱུར་རོ། །ཡང་ན་དུར་ཁྲོད་ཀྱི་ཤིང་ལ་གཏུམ་པོའི་མེ་རབ་ཏུ་སྦར་ལ་ཁྱྀམ་དུ་གནས་ཏེ། གོང་གི་རྫས་དེ་བསྲེགས་ན་རྡོ་རྗེ་འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འབྲལ་ལོ། །དེ་ནས་བསྐྲད་པར་འདོད་ན། བྱ་རོག་གི་ཤ་དང༌། རྔ་མོའི་སྦངས་དང༌། ལྷན་ཅིག་ཏུ་ཆང་དང་ཡང་དག་པར་ལྡན་པ། རླུང་གིས་དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་མེ་རབ་ཏུ་སྦར་ལ། གཅེར་བུ་སྐྲ་བཤིག་པར་བསྒྱུར་ནས། ཁ་ལྷོར་ཕྱོགས་སུ་བལྟས་ཏེ་ཆེ་གེ་མོའི་མིང་དང་བཅས་པ་ལག་པ་གཡོན་པའི་སྦྱིན་བསྲེག་སྟོང་བྱས་ན་སྐྲོད་པ་ལས་གཞན་མིན་ནོ། །དེ་ནས་རེངས་པར་འདོད་ན། པ་བླ་དང༌། ཡུང་བ་དང༌། ལྡིང་རིས་དང༌། འགི་ཧཾ་དང་བཅས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། ཁ་བྱང་དུ་བལྟས་ཏེ། ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་དམིགས་ནས། གང་གི་མིང་དང་བཅས་པས་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱིས་རེངས་པར་འགྱུར་རོ། །དེ་ནས་གྲོང་བསྐྲད་པར་འདོད་ན། ནིམ་པའི་ཤིང་ལ་མེ་རབ་ཏུ་སྦར་ལ། ཁྱིའི་ཤ་དང༌། སྦལ་པའི་ཤ་དང༌། རྔ་མོང་གི་སྦངས་དང༌། བྱི་ལིའི་ཁྲག་དང༌། གཅིག་ཏུ་སྤྲུལ་ཏེ། གཤིན་རྗེའི་སྦྱོར་བ་ལ་གནས་པས་གྲོང་གི་མིང་དང་བཅས་པར་ཡི་གེའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་སྦྱིན་སྲེག་སྟོང་ཕྲག་བཅུ་བྱས་ན་གྲོང་སྐྲོད་


TNT21_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ལས་དེ་རྣམས་ནི་ཤིན་ཏུ་མཉམ་པར་བཞག་པས་བྱ་བའམ། ཡང་ན་སྔགས་པ་ཉིད་ཀྱིས་ཀྱང་ལས་དེ་དག་མི་བྱ། གཞན་སུ་ལ་ཡང་མི་བསྟན་ཏོ། །དེ་ནས་བུ་མོ་རེངས་པར་འདོད་ན། ཚེར་མ་དང༌། དུག་དང༌། སྐེ་ཚེ་དང་བཅས་པར་རང་གི་ཁྲག་གིས་སྤྲུས་ནས་ཡི་གེ་བཅུ་པའི་སྔགས་དང་བཅས་པས་བུ་མོ་ཆེ་གེ་མོ་རེངས་པར་གྱུར་ཅིག །ཅེས་དུར་ཁྲོད་ཀྱི་མེ་ལ་སྦྱིན་སྲེག་སྟོང་བྱས་ན་རེངས་པ་ལས་གཞན་མིན་ནོ། །དེ་ནས་ཞི་བར་བྱ་བར་འདོད་ན། མར་དང༌། སྦྲང་རྩི་དང༌། འོ་མ་དང༌། དུར་བ་དང་བཅས་པར་བ་ལ་ཤའི་ཤིང་ལ་མེ་རབ་ཏུ་སྦར་ནས་ཞི་བར་འདོད་པའི་དམིགས་པས། ཡུལ་གྱི་ཤར་ཕྱོགས་སུ་ཁ་བལྟས་ཏེ་གནས་པས། དུས་གསུམ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ནས་དེས་ཡུལ་ཞི་བར་འགྱུར་རོ། །དེ་ནས་རྒྱས་པར་འདོད་ན། ཏིལ་དང༌། འབྲས་དང༌། ནས་དང༌། །མར་དང་བཅས་པས་ཨུ་དུམ་ཝ་རའི་ཤིང་ལ་མེ་རབ་ཏུ་སྦར་ནས་ལས་ཀྱི་རྗེས་སུ་འབྲང་བའི་ལྷའི་སྦྱོར་བ་དམིགས་ཏེ། ཁ་བྱང་དུ་བལྟས་ནས་མཉམ་པར་བཞག་པས་དུས་གསུམ་དུ་སྦྱིན་སྲེག་སྟོང་བྱས་ན་རྒྱས་པར་འགྱུར་རོ། །དེ་ནས་དགུག་པ་འདོད་ན། ཀེ་ཚེས་གཟུགས་བརྙན་བྱས་ལ་སེང་ལྡེང་གི་མེ་ཡིས་དབུས་སུ་བརྒྱ་རྩ་བརྒྱད་དུ་བསྲེགས་ཏེ་དེས་འགུགས་སོ། །ཉི་མ་བདུན་གྱིས་གང་འདོད་པ་ཐེ་ཚོམ་མེད་པར་འགྱུར་རོ། །དེ་ནས་སྨྱོ་བར་བྱེད་


TNT21_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་ན། བྱ་རྒོད་ཆེན་པོའི་ཚང་དང་ཤ་ཆེན་བསྲེགས་ན་སྨྱོ་བར་འགྱུར་རོ། །དེ་ཕུབ་མའི་མེ་ལ་བསྲེགས་ན་བདེ་ལེགས་སུ་འགྱུར་རོ། །དེ་ནས་ནོར་ནོར་མ་ཡིན་པར་འདོད་ན། ཤིང་བལ་གྱི་མེ་ལ་ད་རུ་རའི་འབྲས་བུ་དང་བཅས་པར་མཚན་མོ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་ཤིན་ཏུ་ཆུད་ཟོས་པར་འགྱུར་རོ། །ཨ་རུ་ར་བསྲེགས་ན་སླར་རྫས་དེ་ཉིད་དུ་འགྱུར་རོ། །རྗེ་བཙུན་གྱི་མདུན་དུ་ཤ་ཆེན་ཆང་དང་བཅས་པ། ཟླ་བ་དྲུག་ཏུ་མཚན་མོ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཡུལ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །བ་གླང་གི་ཤ་ཁྲག་དང་བཅས་པ་གང་གིས་མིང་དང་བཅས་པར་སྦྱིན་སྲེག་སྟོང་བྱས་ན་ཇི་སྲིད་འཚོའི་བར་དུ་བྲན་དུ་གནས་པར་ཐེ་ཚོམ་མེད་དོ། ཁྱི་ཤ་རྡོ་རྗེའི་ཆུ་དང་བཅས་པར་མཚན་མོ་གང་གི་མིང་དང་བཅས་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། བདག་ཉིད་ནོར་དང་བཅས་པར་དབང་དུ་འགྱུར་རོ། །རྟའི་ཤ་རྣམ་པར་སྣང་མཛད་དང་བཅས་པ་སྦྱིན་སྲེག་བརྒྱ་རྩ་བརྒྱད་གནས་གཅིག་ཏུ་གནས་པས། མཚན་མོ་རྒྱལ་པོ་ལ་དམིགས་ནས་བྱས་ན་ཞག་བདུན་གྱིས་འཁོར་དང་བཅས་པར་དབང་དུ་འགྱུར་རོ། །གླང་པོའི་ཤ་ཁུ་བ་དང་བཅས་པས་འཇིག་རྟེན་ཀུན་ལ་དམིགས་ཏེ་མཚན་མོ་སྦྱིན་སྲེག་སྟོང་བྱས་ན་ཞག་བདུན་གྱིས་དབང་དུ་འགྱུར་རོ། །ཉ་དང་ཤ་དང་ཆང་དང་བཅས་པས་འཇིགས་པ་མེད་པར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ། །དེ་ནས་བསྐྲད་པར་འདོད་ན། བྱ་རོག་གི་ཤ་གཞན་དང་མ་འདྲེས་


TNT21_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

པར་གང་གི་མིང་དང་བཅས་པར་སྦྱིན་སྲེག་སྟོང་བྱས་ན་ཉི་མ་བདུན་གྱིས་རྡོ་རྗེ་འཛིན་པ་ལྟ་བུ་ཡང་རབ་ཏུ་འབྲོས་པར་འགྱུར་ན་ཕྲ་མོ་གཞན་ལྟ་ཅི་སྨོས། དེ་ནས་བྱ་རོག་གི་ཚང་དང༌། འབྲས་ཀྱི་ཕུབ་མ་དང༌། ལྷན་ཅིག་ཏུ་དྷ་རུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། ཡི་གེ་བཅུ་པའི་སྔགས་གང་གི་མིང་དང་བཅས་པར་ནམ་ཕྱེད་ན་སྦྱིན་སྲེག་བྱས་ན་ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །དེ་ནས་དབང་དུ་བྱ་བར་འདོད་ན། སེང་ལྡེང་གི་མེ་ལ་ཏིལ་དང་འབྲས་དང་བུད་མེད་ཀྱི་མེ་ཏོག་དང་ལྷན་གཅིག་ཏུ་རྡོ་རྗེ་ཆུ་དང་བསྲེས་ཏེ། རྣལ་འབྱོར་གྱི་གཟུགས་དམར་པོར་དམིགས་ནས་ཁ་ནུབ་ཏུ་བལྟས་ཏེ། ཡི་གེ་བཅུ་པའི་སྔགས་གང་གིས་མིང་དང་བཅས་པ་སྔགས་པས་བསྲེགས་ན་ཉི་མ་བདུན་གྱིས་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་མི་འབྲལ་ལོ། །དེ་ནས་དགུག་པར་འདོད་ན། བདུད་རྩི་ལྔ་དང་བཅས་པར་སེང་ལྡིང་གི་མེ་ལ་གང་གི་མིང་དང་བཅས་པ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་དེ་སྐད་ཅིག་གཅིག་གིས་འོང་བར་འགྱུར་རོ། །ལས་འདི་རྣམས་ནི་སྔོན་དུ་བསྙེན་པ་བྱས་པའི་སྔགས་པས་བྱའོ། །གཞན་པས་བྱས་ན་སྔགས་པ་ལ་འཇིག་རྟེན་པས་འཕྱ་བར་འགྱུར་རོ། །ཇི་ལྟར་བྱེ་བྲག་མི་བྱ་སྟེ། །གང་ལའང་བྱེ་བྲག་སྦྱིན་མི་བྱ། །བྱེ་བྲག་ཕྱེ་ན་སྔགས་པ་ཡིས། །དངོས་གྲུབ་འགྲུབ་པ་མ་ཡིན་ནོ། །རྒྱུད་གཞན་དག་ལས་ཀྱང་གསུངས་ཏེ། །ཇི་ལྟར་བྱེ་བྲག་མ་སྐྱེས་ན། །དེ་


TNT21_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བྱ་བའི་བྱེ་བྲག་སྨྲས། །རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ། །གང་གི་མདུན་དུའང་སྔགས་པ་ཡིས། །དེ་ཕྱིར་ལས་རྣམས་མཐོང་མི་བྱ། །གཞན་དང་ལྷན་ཅིག་ཏུ་མི་བྱ། །གལ་ཏེ་སྔགས་པས་ལས་བྱ་འདོད། །དེ་དག་གཅིག་པུ་ཉིད་ཀྱིས་བྱ། །སྔགས་པ་དེ་ཡིས་ལས་ཀུན་འགྲུབ། །འདི་ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ། །དེ་ནས་བསམ་གཏན་གྱི་ལས་ཀྱི་ཆོ་ག་ཇི་ལྟ་བ་ཡང་དག་པར་གསུངས་ཏེ། བསམ་གཏན་ཙམ་གྱིས་སྦྱོར་བ་དགོས་པ་ཐམས་ཅད་སྒྲུབ་པར་བྱ་སྟེ། དེའི་ཆོ་ག་ནི། དང་པོར་རེ་ཞིག་རྣལ་འབྱོར་པ་མ་ཧེའི་གདོང་པའི་སྦྱོར་བ་ལ། གནས་པ། སྔོན་དུ་བསྙེན་པ་བྱས་པས་ལས་ཐམས་ཅད་བྱའོ། །རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་ཏུ་གསལ་ཞིང་འབར་བ་རྣམ་པར་བསམ་ལ། དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ་བྱེད་པར་གྱུར་པ་བདག་གིས་མདུན་དུ་རྣམ་པར་བསམ་མོ། །དེ་ནས་རང་གི་ལུས་ལས་ཁྲོ་བོའི་གཟུགས་བརྙན་མང་བ་རྣམ་པར་སྤྲོས་ཏེ། ཁྲོ་བོ་དེ་རྣམས་ཀྱིས་རལ་གྲིས་རྒྱབ་ཅིང་ཁྲག་འཐུང་བར་བསམ་པར་བྱའོ། །བསྒྲུབ་བྱ་དེའི་ཤ་ཟ་བ་དང༌། རྒྱུ་མ་དྲངས་པར་བསམ་པར་བྱའོ། །འདི་སྐད་སྨྲས་ཏེ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང༌། བླ་མ་ལ་སྐུར་བ་འདེབས་པ་ལ་རྒྱོབ་ཅིག །སོད་ཅིག་སོད་ཅིག །


TNT21_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཤིང་བརྗོད་པ་ཙམ་གྱིས། རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འཆི་ན། ཕྲ་མོ་སྲོག་ཆགས་གཞན་ལྟ་ཅི་སྨོས། དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི། མ་ཧེའི་གདོང་ཅན་གྱི་ང་རྒྱལ་གྱིས་གནས་ཏེ། ལས་ཐམས་ཅད་སྒྲུབ་པར་བྱའོ། །མེའི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱ་འདར་བར་རྣམ་པར་བསམ་ལ། དེའི་མདུན་དུ་སྲིན་པོ་མང་པོ་བསམ་པར་བྱ་སྟེ། སྲིན་པོ་དེ་དག་ཐ་དད་པའི་ལུས་ཅན་མ་རུངས་པ། ཤིན་ཏུ་གཏུམ་པས་ཤ་ཟ་བ་དང༌། ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ། །གཞན་ཡང་རྣམ་པ་སྣ་ཚོགས་པའི་བྱ་རྣམས་ཏེ། བྱ་རྒོད་དང༌། བྱ་རོག་དང༌། འུག་པ་དང༌། ལྕེ་སྤྱང་དང༌། ཁྱི་རྣམས་ཀྱིས་ཤ་ཟ་བ་དང༌། ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ། །བསམ་གཏན་འདིའི་སྦྱོར་བས་ཐེ་ཚོམ་མེད་པར་འཆིའོ། །དཔག་ཚད་བརྒྱ་ན་གནས་པས་སྐྱེས་བུ་ཡང་བཟུང་སྟེ་བསམ་གཏན་ཙམ་མོ། །སྔགས་པས་བསམ་པ་བརྟན་པར་བྱའོ། །དེ་ནས་དབྲལ་བར་འདོད་ན། མ་ཧེའི་སྙིང་གར་བསྒྲུབ་བྱ་བསམ་པ་སྟེ། བསྒྲུབ་བྱ་གཞན་རྟའི་སྙིང་གར་བསམ་པར་བྱའོ། །རྟ་དང་མ་ཧེ་གཉིས་ཕན་ཚུན་འཐབ་པར་བྱེད་པར་བསམ་སྟེ། ཇི་སྲིད་རྟ་དང་མ་ཧེ་གཉིས་ཕྱེ་མར་མ་གྱུར་གྱི་བར་དུ་བྱའོ། །ཕྱི་ནས་བསྒྲུབ་བྱ་དེ་གཉིས་རབ་ཏུ་མི་འཛག་པར་བསམ་པར་བྱས་ན། བསམ་པ་ཙམ་གྱིས་ཉི་མ་བདུན་གྱིས་ངེས་པར་འཐབ་པར་འགྱུར་ཏེ་གཞན་དུ་མིན་ནོ། །དེ་ནས་བསྐྲད་པར་འདོད་ན།


TNT21_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རུ་ཡཾ་ཡོངས་སུ་གྱུར་པའི་རྔ་མོ་བསམ་པར་བྱ་སྟེ། ཡང་དེའི་རྒྱབ་ཏུ་ཡཾ་གྱིས་རྣམ་པ་ལས་གྱུར་པའི་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པར་བསམ་མོ། །དེའི་སྟེང་དུ་བསྒྲུབ་བྱ་གཅེར་བུ་སྐྲ་བཤིག་པར་བྲེད་པར་གྱུར་པར་བསམ་པར་བྱ་སྟེ། མ་ཧེའི་གདོང་ཅན་གྱིས་སྦྱོར་བ་ལ་གནས་པས། དེའི་རྒྱབ་ཏུ་གཤིན་རྗེའི་གཟུགས་ལག་པས་དབྱུག་པ་འཛིན་པ། སྐྲ་བསྲལ་པ་རྣམ་པར་བསམ་པར་བྱ་སྟེ། རྔ་མོ་དེ་ཁ་ལྷོར་བསྟན་ལ་བཏང་ངོ༌། །དེའི་མིང་དང་བཅས་པར་གཤིན་རྗེའི་སྔགས་བརྗོད་པར་བྱས་ན། རྣལ་འབྱོར་པས་འདི་བསམ་པ་ཙམ་གྱིས་ཞག་བདུན་ན་འདི་ལྟར་རྡོ་རྗེ་འཛིན་པ་ཡང་སྐྲོད་པར་འགྱུར་རོ། །གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི། བྱ་རོག་གིའམ། བྱ་རྒོད་ཀྱི་རྒྱབ་ཏུ་བསྒྲུབ་བྱ་སྐྲ་བྲོལ་བ་གཅེར་བུ་རྣམ་པར་བསམ་མོ། །དེའི་རྒྱབ་ཏུ་གཤིན་རྗེ་རྣམ་པར་བསམ་པར་བྱ་སྟེ། ལག་ན་ཐོ་བ་ཐོགས་པ། བསྒྲུབ་བྱའི་སྐྲ་བཟུང་སྟེ། དེ་ལ་མ་ཧེའི་གདོང་ཅན་གྱིས་བཀའ་བསྒོ་སྟེ། ཁ་ལྷོ་རུ་བལྟས་ནས་སོང་བར་བསམ་སྟེ། རྩེ་གཅིག་པའི་སྦྱོར་བས་ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །དེ་ནས་དགུག་པར་བྱེད་ན། ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཤིན་རྗེ་གཟུགས་ལྕགས་ཀྱུ་དང་ཞགས་པ་ལག་ན་ཐོགས་པ་རྣམ་པར་བསམ་མོ། །མ་ཧེའི་གདོང་གི་རྣལ་འབྱོར་ལ་གནས་པས་དེ་ལ་བཀའ་བསྒོ་བ། གཤིན་རྗེ་སོང་ལ་ཡུལ་ཆེ་གེ་མོ་ནས་བུ་མོ་


TNT21_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་མོ་མྱུར་དུ་ཁུག་གཅིག །དེ་སྐད་བསྐུལ་བས་ཡཾ་ཡིག་གིས་བསྐྱོད་དེ། སོང་བར་རྣམ་པར་བསམ་པར་བྱའོ། །བསམ་གཏན་འདི་ཡི་རབ་ཏུ་སྦྱོར་བ་ལ་གནས་པས། སྔགས་པས་ཁམས་གསུམ་དུ་གཏོགས་པའི་བུད་མེད་བཀུག་ལ་རོལ་བར་བྱའོ། །ཇི་ལྟར་བསམ་པ་བརྟན་པར་འགྱུར་ནས། འདིའི་རབ་ཏུ་སྦྱོར་བའི་དེ་དག་བྱའོ། །གཞན་གྱིས་མི་བྱའོ། །དེ་ནས་དུག་གིས་ཟིན་པ་བསླང་བའི་སྦྱོར་བ་གསུངས་ཏེ། རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་བརྒྱད་པ་རྣམ་པར་བསམ་ལ། དེའི་སྟེང་དུ་དབྱངས་ཡིག་གསུམ་པ་མདོག་དཀར་པོ་དང༌། འདབ་མར་ཕཊ་བརྒྱད་བསམ་པར་བྱ། དེ་ལས་ལྷག་མ་ཞེས་བྱ་བའི་ཀླུའི་གཟུགས་རྣམ་པར་བསམ་སྟེ། དེའི་སྤྱི་བོར་ཡི་གེ་ཨི་ཁ་དོག་དཀར་པོ་ལས་བདུད་རྩི་འཛག་པར་བསམ་པར་བྱའོ། །ཀླུ་དེའི་མིག་རྣམས་ནས་བདུད་རྩི་འཕྲོས་ནས་བསྒྲུབ་བྱ་དེའི་ལུས་ལ་ཐིམ་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི་སྦྱོར་བས་ཁམས་གསུམ་ཡོངས་སུ་གང་བའི་དུག་ཀྱང་མེད་པར་འགྱུར་རོ། །དུག་ཁུར་སྟོང་ཡང་ཟ་ནུས་སོ། །དེ་ནས་ཞུ་བའི་བསམ་གཏན་གྱི་སྦྱོར་བ་རབ་ཏུ་གསུང་བ་ནི། བསྒྲུབ་བྱ་མདུན་དུ་བསམས་ཏེ། དེའི་རྐང་པ་གཉིས་ལ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་བསམ་པར་བྱ། དེའི་སྟེང་དུ་གསང་བའི་གནས་སུ་མེའི་དཀྱིལ་འཁོར་གྲུ་གསུམ། ཁ་དོག་དམར་པོ་རཾ་གྱིས་བྱིན་གྱིས་རླབས་པ་བསམ། དེའི་སྟེང་དུ་སྙིང་གར་སའི་དཀྱིལ་འཁོར་གྲུ་བཞི་པ། ཁ་དོག་


TNT21_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ་ལཾ་གྱིས་བྱིན་གྱིས་བརླབས་པ་བསམ། དེའི་སྟེང་དུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་བསམ། དེའི་དབུས་སུ་ཡི་གེ་བཾ་མགོ་ཐུར་དུ་གནས་པ་ལས་བདུད་རྩི་འཛག་པར་བསམ་ཏེ། དེ་ནི་ལེགས་པར་རྣམ་པར་བསམས་ནས་རླུང་གིས་མེ་རབ་ཏུ་སྦར་ཏེ་མེ་དེས་དབང་ཆེན་གྱི་དཀྱིལ་འཁོར་བསྲེགས་པར་རྣམ་པར་བསམ། དབང་ཆེན་གྱི་དཀྱིལ་འཁོར་གྱི་དྲོད་ཀྱིས་བདུད་རྩིའི་དཀྱིལ་འཁོར་དེ་ཞུ་བའི་རྣམ་པར་བསམ་པར་བྱ་སྟེ། འདིའི་སྦྱོར་བ་ཙམ་གྱིས་བུད་མེད་ཞུ་བར་འགྱུར་ཏེ། འོ་མའི་ཤིང་བཞིན་ཞུ་བར་བྱེད་པར་ཐེ་ཚོམ་མེད་དོ། །དེ་ནས་རྒྱལ་པོའམ། རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན། སྔགས་པའི་མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་ལ་རབ་ཏུ་གནས་ལ། བདག་ཉིད་མདོག་དམར་པོ་བསམས་ཏེ། བསྒྲུབ་བྱ་གང་དུ་གནས་པ་དེའི་སྟེང་དུ་གནས་ལ། ཕྱི་ནས་རང་གི་ལུས་ལས་འཇམ་དཔལ་མདོག་དམར་པོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་ཅན་རབ་ཏུ་བྱུང་སྟེ། འཇམ་དཔལ་དེས་བསྒྲུབ་བྱའི་སྙིང་ཁ་དང་མགྲིན་པར་བཅིངས་ནས་དགུག་པར་བསམ་མོ། །འཇམ་དཔལ་གྱི་སྐུ་ལ་རབ་ཏུ་གཞུག་གོ །བསྒྲུབ་བྱེད་མྱོས་པར་བསམ་པར་བྱ་སྟེ། བསམ་གཏན་འདི་ཡི་སྦྱོར་བས་དེའི་སྙིང་གར་ཡི་གེ་བཅུ་པའི་སྔགས་རྣམ་པར་བསམ་པར་བྱའོ། །ཡང་ཁ་དོག་དམར་པོའི་སྒྲུབ་པ་པོའི་ཡེ་ཤེས་ཀྱི་གཟུགས་ཀྱིས་ཡི་གེ་དེ་ལ་གཞུག་པར་བྱའོ། །དེ་ནས་བསྒྲུབ་བྱ་དང་སྔགས་གཅིག་ཏུ་འགྱུར་བར་བྱའོ། །བསམ་གཏན་


TNT21_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རབ་ཏུ་སྦྱོར་བས་ཉི་མ་བདུན་གྱིས་འཁོར་ལོ་སྒྱུར་བ་ཡང་དབང་དུ་འགྱུར་ཏེ། ཇི་སྲིད་འཚོའི་བར་དུ་ཐེ་ཚོམ་མེད་དོ། །རབ་ཏུ་མཉམ་པར་བཞག་པའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་བྱའོ། །རྒྱུད་གང་ལ་ཡང་མི་སྦྱིན་ནོ། །གལ་ཏེ་སྔགས་ཀྱང་མི་བསྟན། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ལ་ཡང་མི་སྦྱིན་ནོ། །སྨྲ་བར་ཡང་མི་བྱ། སྔགས་ཀྱི་དབྱེ་བ་ཡང་མི་བྱ། བྲི་སྐུ་ཡང་གང་གིས་མདུན་དུ་ཡང་མི་དགྲམ། ཐང་ཀ་ཡང་གསལ་བར་བཞག་གོ །རྒྱུད་པ་འདིའི་རབ་ཏུ་སྦྱོར་བ་དང༌། བཟླས་པ་དང༌། སྨྲ་བ་གཞན་སུ་ལ་ཡང་འགའ་ཙམ་ཡང་མི་བཟླ། གལ་ཏེ་ཡང་བཟླས་ན་དམ་ཚིག་ཉམས་པར་གྱུར་པས། དཔལ་འཇིགས་བྱེད་ཆེན་པོ་དང༌། གཞན་ཡང་རྣལ་འབྱོར་མ་རྣམས་ཀྱིས་དང༌། མཁའ་འགྲོ་མ་རྣམས་ཀྱིས་ཟའོ། །དེའི་ཕྱིར་སྔགས་པས་སུ་ལ་ཡང་མི་སྦྱིན་ནོ། །སྔགས་པས་གཞན་ལ་སྦྱིན་ན། དེ་དང་སློབ་མར་བཅས་པ་དམ་ཚིག་ཉམས་ཏེ། འཇིག་རྟེན་འདི་ནི་འཇིགས་པ་ཆེན་པོར་གྱུར། འཇིག་རྟེན་ཕ་རོལ་ཏུ་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། །དེ་ནས་སྦྱིན་ན། དམ་ཚིག་མ་ཉམས་པ་དང༌། རྣམ་པར་རྟོག་པ་མེད་པ་དང༌། དམ་པའི་བརྟུལ་ཞུགས་ཅན། དཔའ་བོ་བླ་མ་ལ་གུས་པ། དུལ་བ་ཅན། དེ་བཞིན་


TNT21_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་བསྟན་པ་ངེས་པར་འཛིན་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་བསམ་གཏན་ལ་ཕྱོགས་པ་དང༌། རྣམ་པར་སྨིན་པ་ལ་འཛེམ་པ་དང༌། འདི་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་དང་ལྡན་པ་ནི། སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ་འཇིགས་བྱེད་ལ་མཆོག་ཏུ་གུས་པ། སྙིང་རྗེ་ཆེན་པོའི་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། རབ་ཏུ་རྟོག་པ་ལ་ཤིན་ཏུ་རྣམ་པར་བསམས་ཏེ། བླ་མས་དེ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་སྦྱིན་ནོ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་རྒྱུད་འབུམ་པ་ནས་བྱུང་བ། རྟོག་པའི་ཕྱོགས་བཀླགས་པས་འདི་ནི་འཇམ་དཔལ་མཆོག་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་བསམ་གཏན་གྱི་ལས་སྒྲུབ་པའི་རྟོག་པ་སྟེ་བདུན་པའོ། །སྔགས་པས་གཞན་ལ་བྱིན་ན་དེ་དང་སློབ་མར་བཅས་པར་དམྱལ་བར་འགྲོ་བར་ཐེ་ཚོམ་མེད་དོ། །འཇིག་རྟེན་འདིར་ནི་འཇིགས་པ་ཆེན་པོར་འགྱུར་རོ། །འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བར་འགྲོའོ། །དམ་ཚིག་ཀྱང་ཉམས་པར་འགྱུར་རོ། །ཉེར་རྒྱུད་སྦྱིན་ནོ་ཞེས་པའི་རྗེས་ལ་ཡོད། ཁ་ཅིག་ཏུའོ། །གྲུབ་པ། དཔལ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དངོས་གྲུབ་སྒྲུབ་པའི་རྟོག་པ། དཔལ་ཨུ་རྒྱན་གྱི་གནས་ཆེན་པོ་ནས་འཇམ་དཔལ་གྱི་རྒྱུད་ལས་བྱུང་བ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་


TNT21_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་བྱ་བ། བླ་མ་དམ་པ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་དཔལ་ལ་ལི་ཏ་བཛྲས་ཕྱུང་ནས་མཛད་པ་རྫོགས་སོ།། །།ནུས་བཞིན་ཤེས་རབ་བླ་མ་ཡི། །བཀའ་འདི་བསྒྱུར་བའི་དགེ་བ་གང༌། །དེ་ཡིས་བསྟན་ལ་རྙེད་པ་དང༌། །ཞལ་ནི་ཉེ་བར་སྟོན་གྱུར་ཅིག །སླད་ཀྱིས་པཎྜི་ཏ་བྷ་རོ་ཕྱག་རྡུམ་དང། ལོ་ཙྪ་བ་དགེ་སློང་རྡོ་རྗེ་གྲགས་ཀྱིས་ཀྱང་བཅོས་ཤིང་གཏན་ལ་ཕབ་པའོ། །རྒྱུད་རྒྱལ་འདི་ལ། ཞང་ཅོག་གྲུ །རོང་ཟོམ། རྭ་ལོ། བ་རི། ནག་ཚོ། གྱི་ཇོ། མལ་གྱོ། ཁུ་དངོས་གྲུབ། པཎྜི་ཏ་ས་མན་ཏས་བསྒྱུར་པ་སྟེ། འགྱུར་བརྒྱད་ཡོད་ཅེས་སྔོན་དུས་གྲགས། དུས་ཕྱིས་སྐྱིད་རོང་ལོ་ཙཱ་བ་ངག་དབང་གིས་དབུས་གཙང་ཀུན་ཏུ་བཙལ་བས། སྔ་མ་བཞི་པོ་དང༌། བརྒྱད་པོ་དར་མ་འདུས་པ་ལྷ་བཙད་པོ་མུ་ནེ་རཱ་ཛའི་འགྱུར་དང༌། ཚིགས་བཅད་མ་དང་གཞན་གཅིག་སྟེ་འགྱུར་བྱང་མ་ཐེབས་པ་གཉིས་མཐོང་གསུང་ལ། ཁྱུང་བོས་ཀྱང་འགྱུར་དང་པོ་གསུམ་དང༌། མལ་འགྱུར་དང༌། མ་ནིང་ཆོས་ཤེས་དང༌། ཚིགས་བཅད་མ་སྟེ། འགྱུར་དྲུག་མཐོང་ངོ༌། །རྭ་འགྱུར་ལ། འགྱུར་སྔ་མ་ཞང་གི་འགྱུར་བྱང་ཡོད་མེད་གཉིས་སྣང་བ། ཚིག་རིགས་མི་འདྲ་བ་ཅུང་ཟད་གདའ། རཱ་བའི་ཊཱིཀྐ་རྙིང་པ་རྣམས། ང་ཡི་འགྱུར་བྱང་མེད་པ་དེ་ཁོ་ན་ལ་འབྲུ་གནོན་པར་འདུག །མལ་འགྱུར་དེ་ཡང་ལོ་ཙཱ་བ་ཁྱུང་པོ་ཆོས་རྩོན་གྱི་འགྱུར་ལ་འགྱུར་བཅོས་མཛད་པར་འདུག་པས། མ་ནིང་


TNT21_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། ཆོས་བརྩོན་གྱི་འགྱུར་འདི་གཉིས་ཀྱང༌། སྔགས་ཀྱི་བརྒྱད་ལ་མི་ཐེ་བས་སྤྱིར་འགྱུར་མི་འདྲ་བ་བཅུ་གཅིག་ནི་ངེས་པར་བྱུང་སྣང་ངོ༌། །ཞང་འགྱུར་དང། རོང་ཟོམ་འགྱུར་ལ་སྔགས་ཏུ་ཚིག་ལྷུག་པར་ཡོད། གཞན་མཐོང་བ་བཞི་ལ་ཚིགས་བཅད་དུ་སྣང༌། སྤྱིར་དཔེ་རྙིང་ཁོ་རང་ལ་བརྟགས་དུས། འགྱུར་གཞན་ལ་རྭའི་འགྱུར་བྱང་བཏགས་པ་དང༌། འགྱུར་མི་གཅིག་པ་ཕན་ཚུན་ཞུ་དག་བྱས་པ་ཚིག་རིགས་འགྲེས་པ་དང༌། ཚིག་སྣ་རིང་ཐུང་དང༌། མཆན་བུ་དཀྱུས་ལ་ཤོར་བ་སོགས་སྣ་ཚོགས་སྣང་ཡང༌། རྒྱ་བོད་ཀྱི་འབྲེལ་བ་ཇི་སྙེད་པ་ཞིག་ལ་གཏུགས་ཤིང༌། རྭ་འགྱུར་སྔ་མའི་སྟེང་དུ་ཡིག་ནོར་རྒྱུད་པ་འགའ་རེ་འདུག་པ་ཐམས་ཅད་སྤངས་ཏེ། བརྟག་དཔྱད་ཐུབ་ངེས་པར་ཞུས་དག་བྱེད་པ་པོ་ནི་ཏཱ་ར་ནཱ་ཐའོ། །འདིའི་རྒྱ་དཔེ་མ་མཐོང་བས། བོད་སྐད་ཁོ་ནའི་ཞུས་དག་ལས། གཞན་འགྱུར་བཅོས་ཐབས་མ་བྱུང་ཡང༌། འགྱུར་མི་གཅིག་པ་རྣམས་བསྡུར་བ་དང༌། བཤད་པ་རྣམས་ཀྱི་དོན་ལ་དཔྱད་པ་ན། ཚིག་ཟུར་ཚུན་ཆད་དག་མ་དག་ཕྱིན་ཅི་མ་ལོག་པ་གསལ་བར་རྟོགས་པའི་རྒྱུད་ཉིད་ལས་སོ།། །།ཞུས་དག། མངྒ་ལཾ།། ཤུ་བྷཾ་སྟུ་སརྦ་ཛ་ག་ཏཾ།།


previousདཔལ་རྡོ་རྗེ་འཇིགས་བྱེད་ཁྲོས་པའི་རྒྱུད་ཀྱི་རྒྱལ་པོ།next