Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཏྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་གསེར་གྱི་ཐིག་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་ཏྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་གསེར་གྱི་ཐིག་པ།next

མགོན་པོ་ཏྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་གསེར་གྱི་ཐིག་པ།


TNT21_Page_0843
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཏྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་གསེར་གྱི་ཐིག་པ་བཞུགས།


TNT21_Page_0844
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། ལེགས་ལྡན་མགོན་པོའི་མན་ངག་ཞལ་རྒྱུན་གསེར་གྱི་ཐིག་པ་འབྲི། བླ་མ་མཁའ་འགྲོས་བཟོད་པར་གསོལ། རྭ་ལོ་ཙཱ་གསུམ་པ་ཏཱ་ར་ནཱ་ཐའི་ཞལ་རྒྱུན་བདུད་འདུལ་དབང་ཕྱུག་ཞེས་བྱ་བའི་མགོན་པོ་གཞན་ལས་ཀྱང་ནུས་མཐུ་ཆེ་བས་མགོན་པོ་ཏྲཀྵད་ཞལ་གཉིས་ཕྱག་བཞི་པ་ནི། སྔོན་གྱི་ཤཱཀྱ་ཐུབ་པས། རི་རབ་ཆེན་པོའི་རྩེ་རུ་ཏིང་ངེ་འཛིན་ལ་ཞུགས་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་བཅོམ་ལྡན་འདས་ལགས། ནག་པོ་ཆེན་པོ་གདུག་པ་ཅན་ནི། རྒྱུད་གང་ལས་སྒྲུབ། བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་ལྟར་གཏད། མ་འོངས་པས་རྣལ་འབྱོར་པས་ཇི་ལྟར་སྒྲུབ། སྒྲུབ་པའི་ཡོན་ཏན་ཇི་ལྟར་ཡོད་ལགས། བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། བསྟན་པ་སྙིགས་དུས་གཏད་པའི་རབ་ལོ་རྒྱུས་རྩ་བ་བཤད། འདིར་འདུས་ཀྱི་འཁོར་ཚོགས་རྣམས་ཉོན་ཅིག །ནག་པོ་ཆེན་པོ་གཅིག་ལ་སྒྲུབ་ཐབས་རྣམ་པ་གསུམ་དུ་བཤད། དེ་ལ་ལྷ་ཏྲཀྴད་དང༌། གནོད་བྱིན་ཏྲཀྵད་འདི་རྒྱལ་པོ་མྱ་ངན་མེད་ཀྱིས་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་སྒྲུབ་པའི་འཕྲིན་


TNT21_Page_0845
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྒྲུབ་མཁན་ཏེ་མགོན་པོ་འདི་ཡིན། གསང་བ་བདུད་དུ་སྒྲུབ་པ་འདི་ལ་ཡང་ནང་གསེས་སུ་དབྱེ་ན། ཕྱིའི་སྲོལ་བདག་དཀར་པོའི་ཚུལ་དུ་སྒྲུབ་པ་ཞལ་ལྔ་ཕྱག་བཞི་པ་མགོན་དཀར་ཚུལ་དུ་ཡོད། ནང་གི་མགོན་པོ་སྒྲུབ་པ་ཞལ་གཅིག་ཕྱག་གཉིས་པ། གསང་བ་བདུད་དུ་སྒྲུབ་པ་ཞལ་གཉིས་ཕྱག་བཞི་པ་འདི་ལ། བཅོམ་ལྡན་འདས་ཀྱི་དྲེགས་པ་འདུར་བྱེད་ཀྱི་རྒྱུད་ལེའུ་སུམ་ཅུ་པ་གསུངས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ནག་པོ་གཅེར་བུའི་རྒྱུད་ལེའུ་སུམ་ཅུ་པ་གསུངས་པ། འདི་ཁའི་ནང་ནས་རྩ་བའི་མགོན་པོ་གྲི་ཐོད་ཅན་དང་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་འབྱུང༌། རྒྱུད་སྤྱན་འདྲེན་མཁན་རྒྱ་ལྕགས་དམ་ཁང་པ་ཡིན། རྒྱ་ལུགས་སུ་གྲགས། ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནག་པོ་གཅེར་བུའི་རྒྱུད་ལེའུ་བཅུ་གསུམ་མ་གསུངས། མགོན་པོ་སེང་


TNT21_Page_0846
[མ་དཔེ་གཟིགས་ན་འདིར་གནོན།]

བཞོན་མ་བྱུང༌། ཇོ་བོ་ལུགས་སུ་གྲགས། རྒྱུད་འཕྲིན་ལས་མན་ངག་གི་སྙིང་པོ་གསལ་བ་ཞེས་པ་ཡོད། དེའི་ནང་དུ་མགོན་པོ་གྲི་ཐོད་ཅན་དང༌། མགོན་པོའི་མི་ནག་རྟ་ནག་ལ་བཞོན་པ། བཟློག་པའི་མགོན་པོ་ཡིན་པར་བཞེད། ནག་པོ་བདུན་པའི་རྒྱུད་དང༌། དུར་ཁྲོད་ནག་པོའི་རྒྱུད་དུ་ཞལ་གཅིག་ཕྱག་གཉིས་པ་ལ། འཁོར་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱི་བསྐོར་བར་གསུངས། འདི་ལ་བརྟེན་ནས་མགོན་པོ་དྲུག་ཅུ་པ་ཡོངས། སྒྲུབ་པ་ལ་ལག་ལེན་སྐབས་ཡིན་ན། འདི་ལ་ཕྱིའི་དཀྱིལ་འཁོར། ནང་གི་དཀྱིལ་འཁོར། །གསང་བའི་དཀྱིལ་འཁོར་དང་གསུམ། ཕྱིར་གཞིའི་དམ་རྫས་ཀྱི་གནད། འགྱུར་བ་ཏིང་ངེ་འཛིན་གྱི་གནད། ཀྱེར་སྒོམ་འཕྲིན་ལས་ཀྱི་གནད། མྱུར་བ་གསང་སྔགས་ཀྱི་གནད། ས་བཅད་འདི་རྣམས་ལས་བཞི་ཆར་ལ་འཇུག །དང་པོ། ས་གཞི་ལ་དུག་དང་ཁྲག་གིས་ཆག་ཆག་བཏབ། ས་ཡི་ལས་བདུན་ཚང་བར་བྱ། གཞན་ལག་ལེན་རྣམས་ཟུར་ན་ཡོད། ཟོར་སྣ་འདྲེན་ན་འདི་རུ་ཆང་དང༌། ཁྲག་སྣ་ཚོགས་ཚད་དང༌། ཕུར་བུ་ཡུངས་དཀར་ཡུངས་ནག་དང༌། ཏིལ་དང་སྐེ་ཚེ་དང༌། ཤིང་དང་ཟི་ར་དཀར་ནག །རྡོ་ནག་ཐུན་དང་ལྕགས་ཕྱེ་ཟངས་ཕྱེ་དང༌། ཀོང་ཟོར་རྭ་ཟོར་མདའ་ཟོར་དང༌། དམ་ཉམས་དགྲ་བོའི་མཁར་ལ་རྡོབས། ཉིན་གསུམ་ཐུན་རྣམས་ནི། དགྲ་བོ་གནོད་བྱེད་ལུས་ལ་རྡོབས། དམ་རྫས་ལེགས་པའི་ལེའུ་སྟེ་གསུངས། དེ་རྣམས་བསྒྲུབ་དུས་སུ། སྐམ་ཐུན་ཐམས་ཅད་ཡཾ་དང་ཧཱུཾ་ལས་


TNT21_Page_0847
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། རློན་ཐུན་ཐམས་ཅད་མ་དང་བྷྱོ་ལས་བསྐྱེད། སྒྲུབ་དུས་བསད་སྔགས་ལ་ཐུན་སྔགས་བཏགས་ལ་བཟླས། ཉིན་མོ་ཕོ་ཐུན་བརྡེབས། མཚན་མོ་མོ་ཐུན་བརྡེབས། དེ་རྣམས་བཀའ་བཞིའི་ལག་ལེན་གྱི་རིམ་པའོ། །སྒྲུབ་པ་ལག་ལེན་ལ་འཇུག་སྟེ། མགོན་པོ་ཞལ་གཉིས་ཕྱག་གཉིས་ཕྱག་བཞི་སྒྲུབ་པ་ལ། ཡི་དམ་སྟོབས་ཆེ་ལ་འཆུན་ཆེ་བ་གཅིག་དགོས། དེའི་ལོ་རྒྱུས་ནི་གཉོས་ལོ་ཙཱ་བའི་བྷ་ལིང་ཨ་ཙརྱའི་སྐུ་མདུན་དུ་གསེར་སྲང་སྟོང་ཕྲག་གཅིག་དུས་གཅིག་ཏུ་ཕུལ་ནས་ཆོས་ཞུ་བ་གསུམ་བྱས། ཁྱད་པར་ང་ཡི་ཁང་པ་ལ་ཚུག་ཅིག་ཙམ་ན་ཡོད་པའི། དེ་ལ་ཆགས་པ་བཞིན་དུ་སྡང་བ་ཡོད་པས། ཆོས་སྐྱོང་མཐུ་རྩལ་ཅན་གཅིག་དགོས་ཞུས་པས། མགོན་པོ་འདི་ཁོ་ན་གནང་བ་ཡིན། དེའི་རྒྱབ་རྟེན་དུ་ཡི་དམ་གཤིན་རྗེ་གཤེད་ཀྱི་དབང་བསྐུར་རྒྱས་པ་གནང༌། ད་ལྟའི་བར་དུ་ཡང་རྡོ་རྗེ་འཇིགས་བྱེད་དག་ཏུ་མཛད་པ་འདི་ཡིན་འཇིགས་བྱེད་གཉོས་ལུགས་སུ་གྲགས་པ་ཡིན། ཁྱད་པར་མཁས་བཙུན་ཐམས་ཅད་ཀྱི་འཇིགས་བྱེད་རྭ་ལ་ཐུག་ཟེར་བར་གསུངས་པ་དང༌། ཁྱད་པར་རྭ་ལོ་གསུམ་པའི་ཞལ་རྒྱུན་ལ། བྱིན་རླབས་ཀྱི་བརྒྱུད་པ་བུམ་པ་གཅིག་ནས་གཅིག་ཏུ་བླུགས་པ་ལྟ་བུ་ཡོད། ཉི་མ་དེ་རིང་ཡན་ཆད་ལ་སྒྲུབ་ཐབས་ཀྱིས་བརྒྱུད་པའི་བར་མ་ཆད་པ་ཡིན་གསུངས། མཁའ་འགྲོའི་ཞལ་རླངས་མ་ཡལ་བ་ཡོད་གསུངས། སྒྲུབ་ཐབས་ཉམས་ལེན་ཉམས་སུ་ལོངས། འདིར་བསད་བཟློག་གཉིས་དང༌།


TNT21_Page_0848
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་བའི་སྔགས་འདི་ལྟར་བཟླ། རལ་གྲི་འབར་བའི་འཁྲུལ་འཁོར་བསྐོར། ཡ་མ་རཱ་ཛ་ས་དོ་མེ་ཡ་ཧཱུཾ་རཾ་ཆེ། ཡ་མེ་དུ་རུ་ཎ་ཡོ་ད་ཡ་ཕཊ་ཀེ །ཡ་ད་ཡོ་ནི་ར་ཡཀྵེ་ཡ་རྦད་མོ། ཡཀྵེ་ཡཙྪ་ནི་ར་མ་ཡ་དགྲ་བོ་མར་ཡ་ཕཊ། བསད་པ་དབྱེ་བསྐྲད་རྨོངས་རེངས་ལ། མིང་གི་ཡི་གེའི་འབར་བར་དུ། སྔགས་ཀྱི་ཡི་གེ་སྤེལ་བ་སྟེ། སྙིང་པོ་ཉེ་སྙིང་སྟེང་དུ་སྔགས་དེ་ལྟར་བཟླ། ཚོགས་པ་ཡོངས་རྫོགས་རྣམས་གཙོ་བོའི་ཞལ་ཕྱག་ཡོངས་རྫོགས་བསྐྱེད་ནས་རྒྱུན་དུ་བཟླ། ལས་བྱེད་སློབ་དཔོན་གྱི་དྲག་ཅིང་ཟེར་ནས་ངེས་པར་བཟླ། དེ་ནས་མདུན་བསྐྱེད་བཟླས་པ་མན་ཆད་བཏང་བས། ལྷའི་གཙོ་མཛད་ལྷ་ཏྲཀྴད། གནོད་སྦྱིན་གཙོ་མཛད་གནོད་སྦྱིན་ཏྲཀྴད། བདུད་ཀྱི་གཙོ་མཛད་བདུད་ཏྲཀྴད་རྣམས་སྒྲུབ་ཐབས་ཐ་དད་ཡོད་པ་འདྲ་ཡང་སྒྲུབ་ཐབས་ཐ་དད་དུ་མི་བྱེད། ཞལ་གཅིག་ཕྱག་བཞི་པའི་སྒྲུབ་ཐབས་འདི་ཁ་ལ་རང་རང་ས་བོན་བྱས་པའི་མཐུས། ཏྲཀྴད་ལ་འབོད་སྔགས་ཡིག་འབྲུ་བཅུ་བདུན་པ་ཡིན། རྭ་ལུགས་ནི་དམ་ཅན་ཆོས་རྒྱལ་ལ་ལས་ཀྱི་གཤིན་རྗེ་མགོན་པོ་ནག་པོའི་སྒྲུབ་པ་དང༌། ལྷ་མགོན་དུ་སྒྲུབ་པ་དང༌། སྒྲུབ་པའི་སྔགས་དེ་ལྟར་བྱས་པས་ལྷ་གཉིས་གསུམ་གྱི་ནུས་པ་ཡོད་བླ་མའི་ཞལ་རྒྱུན་ཡིན། ཏྲཀྴད་ལ་ཡང་དེའི་རིགས་འགྲེ་བ་གོ་བར་བྱའོ། །དེ་ནས་སྨད་ལས་བསད་པ་ནི། ཨོཾ་སླ་ན་ནི་བྱིན་ནོ། །སྙིང་ལ་ཡ་ཡ། སུཏྲཱི་ཙི་ཏ་རྦད། མཧཱ་ཀ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་མ་ཧཱ་ཀ་ལ་ཏྲི་ཡཾ་བྷྱོ། ཎི་ཚལ་བ་དྲི་ཛ་ཡཾ་བྷྱོ་ཎི་ཚལ་པ། ཆེ་གེ་མོ་


TNT21_Page_0849
[མ་དཔེ་གཟིགས་ན་འདིར་གནོན།]

མ་ར་ཡ་ཛཿ སྲོག་ཐིག་དབབ་པའི་དྲག་སྔགས་ཡིན། །སྲིད་གསུམ་སྒྲོལ་ཞིང་ཕུང་བར་བྱེད། །གཞུ་དང་མདའ་དང་མདེའུ་ཚུལ་གསུང༌། །ཉིན་མོ་ཡབ་ཀྱིས་འདོད་པ་ལ། །རྦད་བསད་གཉིས་པོ་བཏགས་ནས་བཟླས། །ཡུམ་ལ་མཚན་མོ་དེ་བཞིན་ནོ། །རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་མགོན་པོ་ལྕམ་དྲལ་གྱི་ཐུགས་རྒྱུད་བསྐུལ་ཞིང༌། བྲན་མོ་བྲན་ཕོ་ཐམས་ཅད་ཡང་མིག་རྩ་རིག་ཅིང་བཀའ་ལ་ཉན་ནས་ལས་བྱེད་པར་བསྒོམ། བསྙེན་པའི་སྔགས་རྣམས་བཟླས་པའི་ཚེ། མུ་ཏིག་བསྟར་ལ་བརྒྱུས་བཞིན་བཟླ། །སྒྲུབ་པའི་སྔགས་རྣམས་བཟླ་བའི་ཚེ། །བར་སྣང་དགོང་གི་ཐོག་བཞིན་བཟླ། །ལས་སྦྱོར་སྔགས་རྣམས་བཟླ་བའི་ཚེ། །ཧོར་བ་གཟན་ལ་འཛུམ་བཞིན་བཟླ། །དེ་རྣམས་ལག་ལེན་སོང་ནས་བསྐང་བ་འཕྲིན་ལས་ཀྱི་གཞུང་བསྲིངས། བཏབ་གཏོར་གྱི་བྱ་བ་ལ་འཇུག་སྟེ། བཏབ་གཏོར་བཅའ་ལུགས་ཀྱི་ཁྱད་པར་ནི། གཏོར་མ་གྲུ་གསུམ་དུ་བྱེད་པ་དང༌། གྲུ་གསུམ་ཆོས་འབྱུང་བཟོ་རྒྱུ་བྱེད་པ་དང༌། མི་གཟུགས་བརྒྱ་རྩ་རུ་བྱེད་པ་དང༌། མཐེབ་སྐྱུ་རུ་བྱེད་པ་ནི་མགྱོགས་ཆོས་ཡིན། འདི་སྐབས་སུ་འཐོར་བ་བསྡུ་བའི་དམིགས་པ་ཡང་དགོས། དེ་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱིས་འགུགས་པར་བྱ། གཏོར་ཆུང་འབུལ་བའི་སྔགས་གཏོར་སྒྲུབ་ནང་ན་ཡོད་དོ། །བླ་མའི་ཞལ་ནས་ཤེས་པར་བྱ། གཏོར་ཆུང་དེ་དགྲ་བགེགས་དངོས་སུ་བསམ་ནས་མགོན་པོ་ལྕམ་དྲལ་འཁོར་དང་བཅས་པའི་ཞལ་དུ་ཤ་ཆོམ་


TNT21_Page_0850
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཆོམ་ལ་རྐན་སྒྲ་དང་བཅས་པས་དགྲ་བགེགས་གསོལ་བར་མཛད་པར་བསམ། མདུན་བསྐྱེད་ཀྱི་ལྷ་དེ་ཡང༌། རྙིང་མ་བ་ལ་ལས་ལུགས་ལ་གཏོར་མ་ཐོག་མར་ལྷར་གསལ་བ་དང༌། བར་དུ་གཏོར་མ་གསལ་བ་དང༌། མཐར་ཟོལ་དུ་གསལ་བར་བྱེད་དེ། གཞན་དག་དེ་ལྟ་བུ་མི་བྱེད་པར་མདུན་བསྐྱེད་ཀྱི་གཏོར་མ་དེ་ཉིད་དགྲ་བགེགས་ཀྱི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་དམིགས་ནས་མཆོད་པའི་ཚུལ་དུ་འབུལ། རང་ཉིད་དཔེར་ན་ཡི་དམ་རི་རབ་ཙམ་དུ་བསྒོམ། དེའི་བཀའ་ཉན་ཆོས་སྐྱོང་མདུན་བསྐྱེད་ཀྱི་སྐེད་པ་ཙམ་དུ་སླེབ་པར་བསྒོམས་ནས། ལས་བཅོལ་བའི་དམིགས་པ་བྱེད་པ་ཡིན། བསྟོད་བསྐུལ་རྣམས་ཀྱི་གཞུང་བསྲངས། བསྐུལ་བའི་དམིགས་པ་ནི། མགོན་པོ་དུག་ཀུག་ཀུག་ཞིང་དགྲ་ལ་ཕྱོགས། ལྷ་མོ་ཡང་དགྲ་བོ་ཁྲམ་ལ་འདེབས་པར་བསམ་ཞིང་ནད་སྣ་དྲོངས། མཚོན་གྱི་གྲུ་གུའི་འགྱེད་ཅིང་ཤྭ་དྷེའུ་དཀར་ནག་འདྲིལ། མོན་མོ་རྣམས་ནི། ལ་ལ་ངུ་ཞིང་ལ་ལ་ཁྲོ། དགྲ་ལ་གཡབ་མོ་འདེབས་ཤིང་ངུ༌། ལ་ལ་ལག་པ་འབྲེལ་ཞིང་ངུུ༌། ལ་ལ་གྲི་ཐོད་ལ་ལ་ངུ༌། དགྲ་ལ་ངུ་ཟུག་རྟག་ཏུ་བྱེད། ཁྱི་མོ་རལ་པའི་སྤུ་གསེབ་ནས། དུག་དང་མཚོན་ཆ་ལྟ་བུར་འཕྲོ། དགྲ་ཡི་ཡུལ་དུ་ཡང་ཡང་སོང་བར་བསམ། དྲག་ཏུ་རྒྱུག་ཅིང་དྲག་ཏུ་མཆོད། དེ་ལྟར་བསྒོམ་པར་བྱ། མཚམས་འདི་རུ་སྟོད་ལས་བྱང་ཆུབ་སྒྲུབ་པ་དང༌། སྨད་ལས་དྲག་ལས་སྒྲུབ་པའི་ཐབས་ཀྱི་ལས་ལ་འཇུག་པར་བྱ་སྟེ། མདུན་དུ་འབྲུབ་ཁུང་དངོས་སམ་བྲིས་པའི་ནང་དུ་ལིང་ག་སྐྱེ་མཆེད་དོད་པར་བྱ།


TNT21_Page_0851
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལག་པའི་ཕུར་བ་བསྒྲིལ་ཤིང༌། ཧཱུཾ་ལས་བྱུང་བའི་ནག་པོ་ཆེ། །ཕྱག་གཡས་གྲི་གུག་ནམ་མཁར་འཕྱར། །གཡོན་པའི་ཐོད་ཁྲག་ཞལ་དུ་གསོལ། །སྐུ་སྨད་དཔལ་གྱི་དབྱིས་ཆེན་སྟེ། །འོད་ཟེར་འབར་བའི་ཀཱི་ལ་ཡ། །དམ་ཉམས་སྙིང་ལ་ཀཱི་ལ་ཡ། །ལག་པ་ཐབས་ཤེས་སྦྱར་བ་ལས། །སྲས་མཆོག་དེ་ལྟར་འབྱུང་བར་མོས། བདེན་བདར་ལྷའི་གདངས་དང་ལྡན་པ་མང་དུ་བྱ། འདི་རུ་བསྒྲལ་བའི་ཕན་ཡོན་དང༌། མ་བསྒྲལ་བའི་ཉེས་དམིགས་དང༌། ཚངས་པ་རྣམ་གསུམ་དང༌། ཁ་སྦྱོར་དབྱེ་བ་དང༌། ཚེ་ལུང་དང༌། ཁྲུས་ལུང་དང༌། དགྲ་བགེགས་ཀྱི་ཚེ་ལུང་དང༌། རྣལ་འབྱོར་བའི་ཚེ་ལུང་དང༌། དགྲ་བགེགས་ཀྱི་ཁྲུས་ལུང༌། ཁམས་གསུམ་སེམས་ཅན་ཁྲུས་ལུང་དང༌། རྡོ་རྗེ་ཕུར་བའི་ཁྲུས་ལུང་ངོ༌། །ཁ་སྦྱོར་དབྱེ་བའི་ལྷ་ལ་མཆོད་པ་འདི་སྔ་བ་ཡིན། དྲུག་ཅུ་པའི་ནང་གི་ཁ་སྦྱོར་བཞིའི་དབང་དུ་བཏང་ན། གནས་ཀྱི་ཁ་སྦྱོར་དང༌། ཡེ་ཤེས་ཀྱི་ཁ་སྦྱོར་དང༌། འཇིག་རྟེན་པའི་ཁ་སྦྱོར་དང༌། གོ་ཆའི་ཁ་སྦྱོར་རོ། །གསང་སྡེ་བརྒྱད་པོ་ཡང་ཁ་སྦྱོར་ཡིན་ཏེ། མིའི་ཁ་སྦྱོར་བཞི་དང༌། ལྷའི་ཁ་སྦྱོར་བཞི་སྟེ། ལྷའི་ཁ་སྦྱོར་བཞི་ནི། ལྷན་ཅིག་སྐྱེས་པའི་གསང་སྡེ། ཚེ་ལྷའི་གསང་སྡེ། ཡུལ་ལྷའི་གསང་སྡེ། ཞིང་ལྷའི་གསང་སྡེ་དེ་བཞིའོ། །མིའི་གསང་སྡེ་བཞི་ནི། རྡོ་རྗེ་སློབ་དཔོན་གསང་སྡེ། རྗེ་དཔོན་གྱི་གསང་སྡེ། གྲོགས་ཀྱི་གསང་སྡེ། འཁོར་གཡོག་གི་གསང་སྡེ།


TNT21_Page_0852
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྡེའི་འདིའི་རྣམས་ལ་མཆོད་པ་འབུལ་མི་དགོས་པའང་ཡོད། གསང་སྡེ་བརྒྱད་པོ་འདི་རྣམས་རྒྱུད་རྟོག་པ་གསུམ་པ་ནས་གསུངས། གཤིན་རྗེ་གཤེད་སྐོར་རྣམས་འདི་ཁ་ཕྱག་ལེན་དུ་མཛད། ལ་ལར་ཞིག་གི་ཆོས་སྐད་ལ། ཁ་སྦྱོར་བཞི་ཤེས་ན་ཤེས་དང་མ་ཤེས་ན་སྨྲ་ཤེས་སམ་ཨུ་ཚུགས་བྱས་ཡང་ཀུན་འདུག །ཀྱཻ་རྡོ་རྗེའི་རྒྱུད་དུ་ཁ་སྦྱོར་གསུམ་ལས་མ་གསུངས། ངེས་མེད་དུ་གསུངས། དཔེར་ན་དམིགས་གསལ་ཅན་གྱི་དགྲ་གཅིག་ལ་བླ་མེད་ཀྱི་དབང་བཞི་ཐོབ་པ་ཡོད་ན་བུམ་དབང་གི་ཁ་སྦྱོར་དབྱེ་བ་དང༌། གསང་གི་ཁ་སྦྱོར་དབྱེ་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་ཁ་སྦྱོར་དབྱེ་བ་དང༌། དབང་བཞི་པའི་ཁ་སྦྱོར་དབྱེ་བ་དང༌། དཔེར་ན་རྟོགས་ལྡན་དབང་བཞི་མ་ཐོབ་པ་ལ་སེམས་ངོ་འཕྲོད་པ་ཡོད་ན་དེའི་ཁ་སྦྱོར་དབྱེ་བ་དང༌། འཁོར་ལོ་དང་རྫས་དང་ཡིག་འབྲུའི་ཁ་སྦྱོར་དབྱེ་བ་བྱས་ནས། ཁྲུས་ལུང་གི་དམིགས་པ་གཏད། གཟས་པ་པོའི་ལིངྒའི་ཚེ་ལུང་དམིགས་པ་རྣམས་གཏད། རྡོ་རྗེ་ཕུར་བ་ལིངྒའི་དཀྱིལ་དུ་བསྣུན་པས། རྩ་ཐམས་ཅད་གུར་གྱི་ཚོན་ཐག་བཅད་པ་བཞིན་དུ་སོང་བར་བསམ། ཁྲག་ཐག་ཐམས་ཅད་བྱེ་མ་སྐམ་པོ་ལ་ཆུ་ཐིག་བརྒྱབ་པ་བཞིན་སོང་བར་བསམ། ཁྲག་གི་དྭངས་མ་ལྕོག་མོའི་སྒོང་ང་དང་འདྲ་བ་ཡོད། དེའི་དབུས་ན་ཚེ་རྟེན་ཨ་དཀར་པོ་ཡོད། དེ་ཕུར་པའི་རྩེ་མོས་བླངས་ཏེ་བླ་མ་ཡི་དམ་གང་རུང་ཞིག་གི་ཐུགས་ཀར་འཕང་ངོ༌། །ལུས་ཁང་སྟོང་འདྲ་བ་དེ་ལ་ཐུན་དང་ཕྱག་མཚན་རྣམས་རིམ་བཞིན་བཏབ། གཟས་པ་པོའི་སྡིག་སྒྲིབ་


TNT21_Page_0853
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་བའི་གནད་ཁྱད་པར་ཅན་ཡོད། ལུས་དུམ་བུར་བཏང༌། དེ་ནས་བྱིན་རླབས། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ཞལ་བསྟབས་ཀྱི་མཆོད་པ་གྱེར། ཚིམ་ཞིང་མཉེས་པར་བསམ། བླ་མ་ཡི་དམ་ལ་ཕུལ་བས་ཡེ་ཤེས་ཀྱི་ཚོགས་རྫོགས། དམ་ཅན་ཆོས་སྐྱོང་ལ་ཕུལ་བས་བསོད་ནམས་ཀྱི་ཚོགས་རྫོགས། ཚངས་པ་རྣམ་གསུམ་དེ་ལ་ཚངས། བསྒྲལ་བའི་ཕན་ཡོན་དེ་ལ་ཚངས། སྒོ་དབྱེ་འཕྲེང་སེལ་གསེར་སྐྱེམས་བདེན་པར་བདར་ཞལ་བསྒྱུར་དང༌། ཟོར་བསྐུལ་བར་བྱས། གཞན་མ་རྣམས་ཀྱི་དབྱངས་རོལ་གྱེར། རྡོ་རྗེ་སློབ་དཔོན་གྱི་རྦོད་གཏོང་དང་དགྲ་བོ་གསོད་པ་བྱ། ས་ནས་བླང་ནས་འཕང་ཙ་ན། སྲིད་པ་གསུམ་གྱི་ནད་དང་དུག་དང་འཁྲུལ་འཁོར་དང་ལྷ་འདྲེ་མི་གསུམ་གྱི་སྡིག་པ་དང༌། ནུས་མཐུ་ཐམས་ཅད་ཚང་བའི་གཏོར་མ་རི་རབ་ཙམ་དུ་བསྟིམ་ནས། གཟུགས་ཅན་གཟུགས་མེད་གང་ན་གནས་པའི་ཡུལ་ཁམས་སུ་འཕངས། དེ་དང་མཉམ་དུ་ལས་བྱེད་ཕོ་ཉ་ལས་མཁན་སྡེ་བརྒྱད་དང་བཅས་པ་དམག་དཔུང་གི་ཚུལ་དུ་སོང་བར་བསམ། ཆོ་འཕྲུལ་སྣ་ཚོགས་བྱུང་ནས་བརླག་པར་བསམ། གཏོར་ཁ་སྦུབ། དེ་ལྟར་བྱས་པའི་རྦོད་གཏོང་དང་དམག་དང་གཏད་མནན་ཐམས་ཅད་ཚང་བར་བཤད། རྡོ་རྗེ་སློབ་དཔོན་གྱིས་རྟེན་མནན། ཕྱི་མིག་མི་བལྟ་བར་རྐང་པ་གཡས་པའི་ཡི་གེའམ་རི་མོ་ལྔ་འབྲི། དེ་མཚམས་གཅོད་ཀྱི་དམིགས་པ་ཡིན་གྱིས། དེ་ལྟར་མཁས་རྨོངས་ཐམས་ཅད་ལ། བརྒྱག་གཏོར་མཚོན་ཆར་


TNT21_Page_0854
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ནས་རྒྱག་པ་འདུག་སྟེ། རྒྱག་ལུགས་ཀྱི་དམིགས་པ་ནི། རྣལ་འབྱོར་པ་ལ་དགྲ་གློ་བུར་ཉིད་དུ་བྱུང་ནས་རྒྱག་པའི་དམིགས་པ་ཡིན་གྱིས། མཚོན་ཆར་རྒྱག་པ་ལྟར་ནུས་པ་ཐོན་པས་བྱེ་བྲག་གི་དམིགས་པ་ཡིན་ནོ། །རྭ་ལོ་གསུམ་པ་ཏཱ་ར་ནཱ་ཐས་ཞལ་རྒྱུན་འཁྲུལ་མེད་ཡིན། གོང་གི་རྒྱག་ལུགས་དེ་ལ་ཡང༌། རང་རང་ལ་སྒོམ་ལུགས་མི་གཅིག་པ་མཐའ་ཡས་པ་ལ་སོགས་ཡོད་དོ། །ངེད་ཀྱི་འདི་རྣམས་སྦྱོར་དངོས་རྗེས་གསུམ་ཚང་ཡོད། ནང་དུ་འོང་ནས་ཚོགས་དང་བཀྲ་ཤིས་མཐའ་རྒྱས་བྱེད། དཀྱིལ་འཁོར་ཤུལ་དུ་མེ་ཏོག་ངེས་པར་འཐོར། །མཁས་རྣམས་ལོ་རྒྱུས་ཕྱག་ལེན་བཏབ། །གསལ་བར་བལྟ་བས་མེ་ལོང་ཡིན། །རབ་རིབ་འབྱེད་པས་མིག་ཐུར་ཡིན། །རང་བཟོ་མེད་པའི་ཞལ་རྒྱུན་ལགས། །ཞེས་ས་མོ་བྱི་ལོ་ཟླ་བ་དྲུག་པའི་ཚེས་ཉི་ཤུ་ལ་དགེ་སློང་སྙིང་པོ་མཐའ་ཡས་ཀྱིས་བྲིས་པ་སྟེ་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་དགེའོ།། །།གཅིག་ཞུས།། གྲུབ་མཐའི་མཐར་ཐུག་ཁྱད་པར་ངེས་དོན་སྙིང་པོ་ཀུན་མཁྱེན་གྱི་ལྟ་བ་འདི་མ་གཏོགས་པའི་གྲུབ་མཐའ་ཁག་ཁར་གསང་བར་གྱིས་ཤིག་སརྦ་མངྒ་ལཾ།།[རིགས་འཛིན་རྣམ་སྣང་རྡོ་རྗེས་ཞུས་དག་གནང་བའི་དཔེ་ལས་བཤུས། ཞེས་ཟེར་བ་འདུག་ཀྱང་མི་དགོང་ལགས།]


previousམགོན་པོ་ཏྲཀྴད་ཀྱི་ཆོས་འབྱུང་དང་གཏོར་རྒྱག་ཐམས་ཅད་ཀྱི་མན་ངག་གཞན་ལ་མེད་པའི་ཁྱད་ཆོས་ཞལ་རྒྱུན་གསེར་གྱི་ཐིག་པ།next