Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ཐབས།
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ཐབས།next

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ཐབས།


TNT21_Page_0855
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ཐབས་བཞུགས།


TNT21_Page_0856
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་དང་ནི་ཧེ་རུ་ཀ །མཆོག་ཏུ་གུས་པར་རབ་བཏུད་དེ། །ནག་པོ་ཆེན་པོ་ལྕམ་དྲལ་གྱི། །བསྙེན་པའི་མན་ངག་མདོ་ཙམ་བཤད། །དེ་ལ་སྤྱིར་རྐྱང་སྒྲུབ་དང༌། སྦྲགས་སྒྲུབ་གཉིས། དང་པོ་ལ། ཕོ་རྐྱང་དུ་སྒྲུབ་པ་དང༌། མོ་རྐྱང་དུ་སྒྲུབ་པ་དང༌། འཁོར་རྐྱང་དུ་སྒྲུབ་པ་དང་གསུམ་མོ། དང་པོ་ནི། གུར་མགོན་ཡབ་རྐྱང་དུ་སྒྲུབ་པ་སྟེ། འདི་ལ་བཀའ་སྡོད་ལྟར་སྒྲུབ་པ་དང༌། ཚོགས་བདག་ལྟར་སྒྲུབ་པ་དང༌། གནོད་སྦྱིན་ལྟར་སྒྲུབ་པ་དང༌། གཤིན་རྗེ་ལྟར་སྒྲུབ་པ་དང་བཞི་ལས། དང་པོ་ནི། རང་ཡི་དམ་དུ་གསལ་བའི་མདུན་དུ༴ མགོན་པོ་བཀའ་གཉན་གྱི་ཚུལ་དུ་བྱས་ནས་སྒྲུབ་པའོ། །གཉིས་པ་ནི་རང་ཉིད་མགོན་པོར་བྱས་ཏེ་སྒྲུབ་བོ། །གསུམ་པ་ནི། སྒྲུབ་ལུགས་གཉིས་པོ་གང་རུང་སྟེ་


TNT21_Page_0857
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་ལས་སྒྲུབ་པ་ལ་ཤིན་ཏུ་བསྔགས་སོ། །བཞི་པ་ནི། ལུགས་གཉིས་པོ་གང་རུང་སྟེ་དྲག་པོའི་ལས་སྒྲུབ་པ་ལ་ཤིན་ཏུ་བསྔགས་པའི་དེ་ལྟར་དུ་སྒྲུབ་པའོ། །གཉིས་པ་ནི། གུར་མགོན་བཀའ་གནོན་དུ་ཡོད་པ་ལ་ཡང་མ་ལྟོས། བཀའ་ཉན་གྱི་འཁོར་ཡོད་པ་ལ་ཡང་མ་ལྟོས་པར་ལྷ་མོ་རྐྱང་པར་སྒྲུབ་པའོ། །འདི་ལ་ཡང་འཇམ་ལུགས་སུ་སྒྲུབ་པ་དང༌། རྩུབ་ལུགས་སྒྲུབ་པའོ། །དང་པོ་ནི་ཨེ་ཀ་ཛ་ཊི་བཀའ་གནོན་བྱས་ཏེ་སྒྲུབ་པའོ། །འདི་ལ་ཡང་ཡུམ་ཆེན་ཨེ་ཀ་ཙ་ཏིའི་ལྟོ་བར་བསྐྱེད་པ་ཤིན་ཏུ་འཇམ་ལུགས་དང༌། སྙིང་ཁར་བསྐྱེད་པ་ཅུང་ཟད་རྩུབ་ལུགས་སུ་སྒྲུབ་པའོ། །གཉིས་པ་ནི་ཡུམ་ཆེན་ཨེ་ཀ་ཛ་ཊི་བཀའ་གནོན་ཡོད་པ་ལ་མ་ལྟོས་པར་དཔལ་ལྡན་ལྷ་མོ་སྒྲུབ་པའོ། །གསུམ་པ་


TNT21_Page_0858
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྐྱང་དུ་བསྒྲུབ་པ་ནི། ལྕམ་དྲལ་བཀའ་གནོན་དུ་ཡོད་པ་ལ་མ་ལྟོས་པར་འཁོར་རྐྱང་དུ་སྒྲུབ་པའོ། །དེ་ཡང་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད། ཞིང་སྐྱོང་བརྒྱད། གཤན་རྗེ་བརྒྱད། འཇིག་བྱེད་བརྒྱད། མ་མོ་བརྒྱད་པོ། མདོར་ན་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་མཐའ་དག་རྐྱང་པ་སྒྲུབ་པ་སྟེ། དེ་ནི་ཐུན་མོང་བའི་འཁོར་རྐྱང་སྒྲུབ་པའོ། །ཐུན་མོང་མ་ཡིན་པའི་འཁོར་རྐྱང་བསྒྲུབ་པ་ནི། ལྕམ་དྲལ་བཀའ་གནོན་དུ་ཡོད་པ་ལ་མ་ལྟོས་པ། ཕྱིའི་ལས་མགོན་གཅེར་བུ་ཟངས་གྲི་ཅན། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན། གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་རྣམས་རྐྱང་པར་སྒྲུབ་པའོ། །གཉིས་པ་སྦྲགས་སྒྲུབ་ལ་ཡབ་ཡུམ་སྦྲགས་སྒྲུབ་མིང་སྲིང་སྦྲགས་སྒྲུབ་ལྕམ་དྲལ་སྦྲགས་སྒྲུབ་གཙོ་འཁོར་སྦྲགས་སྒྲུབ་དང་བཞིའོ། །དང་པོ་ནི་མགོན་པོ་ལྷ་མོ་གཉིས་འཇིག་རྟེན་གྱི་གཟའ་མི་ལྟ་བུའི་ཚུལ་གྱི་སྒྲུབ་པའོ། །གཉིས་པ་ནི་མགོན་པོ་དང་ལྷ་མོ་གཉིས་འཇིག་རྟེན་གྱི་མིང་སྲིང་ལྟར་སྒྲུབ་པའོ། །གསུམ་པ་ནི་ལྷ་མོ་ཤིན་ཏུ་རྩུབ་པའི་མགོན་པོ་བཀའ་གནོན་དུ་བྱས་ཏེ་སྒྲུབ་པའོ། །བཞི་པ་ནི་ལྕམ་དྲལ་ལྷ་གསུམ་ལ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་འཁོར་རྣམས་ཀྱི་བསྐོར་ཏེ་སྒྲུབ་པ་སྟེ། འདི་ལ་ཐུན་མོང་གི་གཙོ་འཁོར་སྦྲགས་སྒྲུབ་དང་ཐུན་མོང་མ་ཡིན་པའི་གཙོ་བོར་སྦྲགས་སྒྲུབ་བོ། །དེ་ཡང་རྐྱང་སྒྲུབ་ལས་སྦྲགས་སྒྲུབ་ཟབ་སྦྲགས་སྒྲུབ་ལ་ཡང་ཕྱི་མ་ཕྱི་མ་རིམ་པས་ཟབ་པས་ལྕམ་དྲལ་ལྷ་གསུམ་ལས་གནོད་སྦྱིན་ཡབ་ཡུམ་དང་པུ་ཏྲ་མིང་སྲིང་


TNT21_Page_0859
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བསྐོར་བ་ནི་ཆེས་ཤིན་ཏུ་ཟབ་པར་གྲགས་སོ། །དེ་ལྟར་ན་ལྷ་བརྒྱད་སྦྲགས་སྒྲུབ་ཀྱི་སྒོ་ནས། བསྙེན་པ་ལས་འཇུག་པར་བྱ་སྟེ། འཚམས་ལ་འཇུག་པའི་སྔ་རོལ་ཏུ་ནག་པོ་ཆེན་པོ་ལ་བསྐངས་བཤགས་རྒྱས་པར་ཕུལ་ལ། གཟའ་སྐར། དགའ་བའི་དགོང་མོའི་ཆ་བགེགས་གཏོར་བཏང་ལ་བགེགས་བསྐྲད་ཅིང༌། མཚམས་ཐོ་རྣམས་བཙུགས་ཤིང༌། ཤེས་ཤིང་ནུས་ན་ཐོ་བཞི་རྒྱལ་ཆེན་བཞིར་བསྐྱེད་པ་དང༌། གཏོར་མ་ཕུལ་ཏེ་བར་ཆད་བསྲུང་བའི་འཕྲིན་ལས་བཅོལ། སྒྲུབ་ཁང་གི་ནང་གི་རང་གི་མདུན་ཕྱོགས་སུ་ཡི་དམ་ཆོས་སྐྱོང་གི་བྲིས་སྐུ་བཀྲམ་ཞིང་ལག་ལེན་བཞིན་མཆོད་གཏོར་བཤམས་ལ། བདུན་ཕྲག་གཅིག་གམ་གཉིས་སམ་ཇི་ལྟར་རིག་པར་ཡི་དམ་གྱི་བསྙེན་པ་ཁ་གསོས། དེ་མཚམས་ནི་མགོན་པོའི་བསྙེན་པ་དངོས་གཞི་ལ་འཇུག་ཏེ། རེ་རེའི་མགོར་ཡི་དམ་གྱི་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིག་པ་བཟླས་པ་ཅུང་ཟད་རེ་དང་བཅས་པ་སྔོན་དུ་བཏང་ལ། མགོན་པོ་ལྕམ་དྲལ་ལྷ་བརྒྱད་ཡོངས་རྫོགས་གཏོར་ཆོག་བཞིན་བསྐྱེད་ལ་དམ་བཞག་གྱི་བར་བྱ། དེ་ནས་མཆོད་བསྟོད་བསྡུས་པ་ཞིག་བྱས་ལ། མགོན་པོའི་བཟླས་པ་ལ་འཇུག །ཐུན་འཇོག་ཁར་གཏོར་མ་ཁ་གསོས་ལ་གཏོར་མ་ཕུལ། མཆོད་བསྟོད་འཕྲིན་ལས་བཅོལ་བ་དཀྱུས་བཞིན་བྱས་ལ་ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐངས། མ་འབྱོར་བའི་བཟོད་པར་གསོལ། གཤེགས་སུ་མི་གསོལ་བར་སུ་པྲ་ཏིཥྛའི་བརྟན་ཞུགས་ཕུལ་ལ། དགེ་བ་བྱང་ཆུབ་ཏུ་བསྔོ་


TNT21_Page_0860
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཚམས་ལ་འཇུག་གོ །བཟླས་པའི་དམིགས་པ་ནི། རང་ཡི་དམ་དུ་གསལ་བ་དང༌། མདུན་དུ་མདུན་བསྐྱེད་མགོན་པོ་གཙོ་འཁོར་བརྒྱད་བཀའ་སྡོད་ཀྱི་ཚུལ་དུ་བཞུགས་པར་བསམ། རང་གི་ཐུགས་ཀའི་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ། དབུས་རྭ་སྦུབས་ཅན་དུ་ཡོད་པའི་ལྟེ་བར་ཉི་མ་ལ་ཧཱུཾ་སྔོན་པོ། དེའི་མཐའ་སྐོར་དུ་མགོན་པོའི་སྙིང་པོ་དང་རྩ་སྔགས་གཉིས་ཀྱིས་བསྐོར། དེའི་ཕྱི་རོལ་ཏུ་ལས་མགོན་གྱི་སྔགས་ཀྱི་བསྐོར་བ་སྟེ། དེ་རྣམས་ཐམས་ཅད་གཡས་བསྐོར། དེའི་ཕྱི་རོལ་ཏུ་ཡི་དམ་གྱི་སྔགས་ཀྱིས་ཀྱང་བསྐོར་བར་བསམ་མོ། །མདུན་གྱི་མགོན་པོའི་ཐུགས་ཀར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་སྟེང་དུ་གྲི་གུག་སྔོ་ནག་ཡུ་བའི་རྭ་སྦུབས་སྟོང་དུ་ཡོད་པའི་ལྟེ་བར་ཉི་མ་ལ་ཧཱུཾ་ནག་པོ། ལྷ་མོ་ཐུགས་ཀར་རལ་གྲི་ཡུ་བ་སྦུབས་སྟོང་དུ་ཡོད་པའི་ལྟེ་བར་ཉི་མ་ལ་བྷྱོཿ ལས་མགོན་རྣམས་ལ་ཡང་རང་རང་གི་ཐུགས་ཀར་ཕྱག་མཚན་སོ་སོའི་ལྟེ་བར་ཧཱུཾ་རེ་རེ་བསྒོམ། དེ་ནི་རང་གི་ཐུགས་ཀའི་ཧཱུཾ་ལས་སྙིང་པོ་ཡི་གེ་བཅུ་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྩེ་མོ་ལ་དམ་རྫས་མཆོད་པའི་སྤྲིན་དཔུང་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྤྲོས། རང་གི་ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས་གྲི་གུག་གི་དབུས་སུ་རྭའི་སྦུབས་ནས་མར་སོང་ནས། ལྟེ་བར་ཧཱུཾ་ཡིག་ལ་གཡས་སྐོར་བྱས་སིབ་སིབ་ཐིམ་པས། སྐུ་ལུས་ཀྱི་ནང་ཐམས་ཅད་འོད་ཟེར་གྱི་གང་བས། ནང་སྤང་རྟོགས་དང་ནུས་མཐུ་རྒྱས། ཕྱི་དམ་རྫས་ཀྱི་སྐུ་ལུས་རྒྱས་ཏེ། གཟི་བརྗིད་བཀྲག་མདངས་ཕུན་སུམ་ཚོགས་


TNT21_Page_0861
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམ། མགོན་པོའི་ཐུགས་ཀའི་ཧཱུཾ་ལས་སྙིང་པོའི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། མགོན་པོའི་ལྟེ་བ་ནས་ཐོན་བདག་གི་ལྟེ་བ་ཞུགས་ཏེ། སྙིང་ཁའི་ཧཱུཾ་གི་ཞབས་ཀྱུ་ལ་ཐིམ་པས། བདག་ལ་སྲོག་སྙིང་ཕུལ་བར་བསམ་ཞིང༌། ཇི་ལྟར་འདོད་པའི་དོན་ཐམས་ཅད་མྱུར་བ་ཉིད་དུ་སྒྲུབ་པར་བསམ་ལ། མགོན་པོའི་སྙིང་པོ་སྟོང་ཕྲག་གཉིས་ཙམ་བཟླས། དེ་ནི་ལྷ་མོའི་བསྙེན་པ་ནི། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། འཇིག་རྟེན་གྱི་ཁམས་ཀྱི་དགྲ་བགེགས་གདུགས་པ་ཅན་ཐམས་ཅད་ཚར་བཅད། དེ་དག་གི་ནུས་མཐུ་ཐམས་ཅད་འོད་ཟེར་ནག་པོ་རྣམ་པར་སྤྱན་དྲངས། བདག་གི་ཐུགས་ཀའི་ཧཱུཾ་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་རྒྱལ་བ་སྲས་དང་བཅས་པའི་མཐུ་སྟོབས་ཐམས་ཅད་སྤྱན་དྲངས། ཧཱུཾ་ལ་ཐིམ། ཡང་འོད་ཟེར་འཕྲོས་རང་ལུས་འོད་ཀྱི་ཕུངཔོ་ཆེན་པོ་གྱུར་པར་བསམ་ཏེ་ཧཱུཾ་ལ་ཐིམ། ཧཱུཾ་ཡོངས་སུ་གྱུར་པ་ལས། པདྨ་ཉི་མ་མི་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ནག་པོ་ཆེན་པོ་ཡན་ལག་བཞི་རྫོགས་སུ་བསྐྱེད་ལ། བདག་ཉིད་ནག་པོ་ཆེན་པོར་ཐུགས་ཀར་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་སྟེང་དུ་གྲི་གུག་གི་ལྟེ་བར་ཧཱུཾ་ཡིག་ནག་པོ་དེའི་མཐར་ལྷ་མོའི་སྙིང་པོ། དེའི་མཐའ་སྐོར་དུ་ལས་མཁན་ཕོ་མོའི་སྔགས་དེའི་ཕྱི་རོལ་ཏུ་མགོན་པོ་སྙིང་པོ་དང་རྩ་སྔགས། དེའི་ཕྱི་རོལ་ཏུ་ཡི་དམ་སྔགས་ཀྱི་བསྐོར་བར་བསམ་ལ། བདག་ཉིད་ནག་པོ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུཾ་ལས་སྔགས་


TNT21_Page_0862
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྤྲོས་བསྡུས་བྱ་ཚུལ་ཡང་དེའི་རིགས་འགྲེའོ། །ལྷ་མོ་ལ་མགོན་པོའི་ཕྱེད་དེ་སྟོང་ཕྲག་གཅིག །ལས་མགོན་ལ་ཡང་ཕྱེད་དེ་ལྔ་སོགས་གྲངས་དེའི་རིགས་འགྲེ་དགོས་ལ། མདོར་ན་མགོན་པོའི་སྙིང་པོ་འབུམ་ཕྲག་བཅུ་དྲུག །ལྷ་མོའི་བསྙེན་སྔགས་སུ་འབུམ་ཕྲག་བརྒྱད། ལས་མགོན་ལ་ཡང་འབུམ་ཕྲག་བཞི་སྟེ། དེའི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བདག་དང་ལྷ་ཉེ་བའི་བསྙེན་པ་ཡོངས་སུ་རྫོགས་པའོ། །ཤ་ས་ནས་བསྙེན་པ་འབུམ་ཕྲག་བཞི། རྡོ་རྗེ་བྲག་རྫོང་མ་ལ་བརྟེན་པར་བླ་མ་གོང་མ་རྣམས་ཀྱི་ལེགས་པར་བཤད་པའི་དགོངས་དོན་ཇི་ལྟ་བ་བཞིན། དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་སྒྲོལ་བའི་མགོན་པོ་ཀུན་དགའ་སྙིང་པོའི་གསུངས་ལས་བྱུང་བ་རྣམས་ལས་མདོར་བསྡུས་ཏེ་ཤཱཀྱའི་དགེ་སློང་ཀུན་དགའ་ཡེ་ཤེས་རྒྱ་མཚོས་དོན་གཉེར་འགའ་རེས་བསྐུལ་བའི་ངོར་སྦྱར་བའོ།། །།སརྦ་མངྒ་ལཾ།།


previousདཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་བསྙེན་ཐབས།next