Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད།
   
   
   
   
   
   
   
   
   
   


 
previousཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད།next

ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད།


TNT21_Page_0871
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད་ཞེས་བྱ་བ་བཞུགས། ཨོཾ་སྭཱ་སྟི། བླ་མ་དང་མགོན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་མགོན་པོ་འཁོར་བཅས་ཀྱི་བསང་རྫས་རྣམས་ཚོགས་པར་བྱས་ལ། མགོན་པོ་སྤྱན་འདྲེན་པ་ནི། ཧཱུཾ། ཤར་ལྷོར་དུར་ཁྲོད་ཆེན་པོ་ནས། །ཚང་ཚིང་འཁྲིགས་པའི་ཞིང་ཁམས་སུ། །ཙནྡན་ཤིང་གི་རྩེ་མོ་ན། །བྱིན་རླབས་མགོན་པོ་འཁོར་དང་བཅས། །བརྒྱུད་པའི་བླ་མ་ཐམས་ཅད་དང༌། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དང༌། །དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །མཆོད་པའི་གནས་འདིར་སྤྱན་འདྲེན་ན། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །ཨེ་ཧྱ་ཧི་ཨརྒྷཾ་སྭཱ་ཧཱ། ཀ་མ་ལ་ཡ་སྟྭམ། ཧཱུཾ། མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །ཕྱི་ཡི་མཆོད་པ་སྣ་ཚོགས་དང༌། །ཤ་ལྔ་བདུད་རྩི་རྣམ་ལྔ་དང༌། །ནང་གི་མཆོད་པ་སྣ་ཚོགས་དང༌། །གསང་བའི་མཆོད་པ་མ་ལུས་སོགས། །བསང་དང་ཕུད་ཀྱི་མཆོད་པ་དང༌། །སྣ་ཚོགས་མཆོད་པ་ཐམས་ཅད་ཀྱིས། །རྡོ་རྗེ་འཆང་ནས་རྒྱུད་པར་བཅས། །བཀའ་བརྒྱུད་བླ་མ་དམ་པ་ལ། །མཆོད་པའི་བྱེ་བྲག་སྣ་ཚོགས་དང༌། །བསང་དང་ཕུད་ཀྱི་མཆོད་པ་འབུལ། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །འདི་དང་བར་དུ་སྐྱབས་མཛོད་ཅིག །བདེ་ཆེན་མཐར་ལམ་སྟོན་མཛོད་ཅིག །ཧཱུཾ། ཕྱག་དྲུག་ཡེ་ཤེས་


TNT21_Page_0872
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ལ། །མཆོད་པའི་བྱེ་བྲག་སྣ་ཚོགས་དང༌། །བསང་དང་ཕུད་ཀྱི་མཆོད་པ་འབུལ། །དབང་དང་དངོས་གྲུབ་སྩལ་དུ་གསོལ། །ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །གནོད་སྦྱིན་ཀྵེ་ཏྲ་པཱ་ལ་དང༌། གནོད་སྦྱིན་དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ །བསང་དང་༴ །དབང་དང་༴ །ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །དབང་ཕྱུག་ཛི་ན་མི་ཏྲ་དང༌། །དབང་ཕྱུག་དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ །བསང་དང་༴ །དབང་༴ །ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །གཤིན་རྗེ་ཏྲཀྐི་ར་ཛ་དང༌། །གཤིན་རྗེའི་དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ །བསང་༴ །དབང་༴ །ཡེ་ཤེས་མགོན་པོའི་བཀའ་ཉན་པའི། །བདུད་མགོན་ཏྲཀྴད་ནག་པོ་དང༌། །བདུད་ཀྱི་དམག་ཚོགས་འཁོར་བཅས་ལ། །མཆོད་པའི༴ །བསང་༴ །དབང་༴ །ཡེ་ཤེས་མགོན་པོ་བཀའ་ཉན་པའི། །འཇིག་རྟེན་དྲེག་པ་ལ་སོགས་པ། །མཆོད་པའི་བྱེ་བྲག་སྣ་ཚོགས་དང༌། །བསང་དང་ཕུད་ཀྱི་མཆོད་པ་འབུལ། །བསྟན་པ་སྲུང་བའི་ལས་མཛོད་ཅིག །དཔལ་ལྡན་ལྷ་མོ་ལ་སོགས་པའི། །མ་མོ་བྱེ་བ་དུང་ཕྱུར་ལ། །མཆོད་པའི༴ །བསང་༴ །བསྟན་པ༴ །ཚངས་པ་བརྒྱ་བྱིན་ལ་སོགས་པའི། །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས་ལ། །མཆོད་པའི༴ །བསང་༴ །བསྟན༴ །དབང་ཕྱུག་ཁྱབ་འཇུག་ལ་སོགས་པའི། །ལྷ་ཆེན་


TNT21_Page_0873
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པོ་འཁོར་བཅས་ལ། །མཆོད་པའི༴ །བསང་༴ །བསྟན༴ །པ་སངས་ཕུར་བུ་ལ་སོགས་པའི། །གཟའ་ཆེན་བརྒྱད་པོ་འཁོར་བཅས་ལ། །མཆོད་པའི༴ །བསང་༴ །བསྟན༴ །སྨིན་དྲུག་སྣར་མ་ལ་སོགས་པའི། །རྒྱུ་སྐར་ལྷ་མོ་ཉེར་བརྒྱད་ལ། །མཆོད་པའི༴ །བསང་༴ །བསྟན༴ །གང་བ་བཟང་པོ་ནོར་བཟང་སོགས། །དེད་དཔོན་ཆེན་པོ་དགུ་པོ་ལ། །མཆོད་པའི༴ །བསང་༴ །བསྟན༴ ཡུལ་འཁོར་སྲུང་བ་ལ་སོགས་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི་ལ། །མཆོད་པའི༴ །བསང་༴ །བསྟན༴ །མདོག་ནག་འཇིགས་ཤིང་རྔམ་པའི་ཚོགས། །དམ་ཅན་རྒྱ་མཚོའི་འཁོར་བཅས་ལ། །མཆོད་པའི༴ །བསང་༴ །བསྟན༴ །ཡུལ་དང་གནས་དང་དུར་ཁྲོད་དང༌། །གནས་པའི་དཔའ་བོའི་དཔའ་མོ་དང༌། །མཁའ་འགྲོ་ཆོས་སྐྱོང་འཁོར་བཅས་ལ། །མཆོད་པའི༴ །བསང་༴ །བསྟན༴ །བསང་དང་ཕུད་ཀྱི་མཆོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །གར་འགྲོ་གར་འདུག་གར་གནས་ཀྱང༌། །ཆོས་དང་མཐུན་པའི་སྟོང་གྲོགས་མཛོད། །གཞི་བདག་གནས་བདག་དཀོར་བདག་དང༌། །དཀར་ཕྱོགས་ཆོས་སྐྱོང་ཐམས་ཅད་ལ། །བསང་དང་ཞི་བ་དམ་པ་འབུལ། །བསམ་པའི་དོན་ཀུན་འགྲུབ་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །


TNT21_Page_0874
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བཟློག་ཅིང་བསྒྱུར་བ་དང༌། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པ་དགེ། །།སརྦ་མངྒ་ལཾ།།


previousཕྱག་དྲུག་པའི་བསང་མཆོད་བསྟན་པ་འཕེལ་བྱེད།next