Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མགོན་ཏྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་ཟིན་བྲིས་སུ་བཀོད་པ།
   
   
   
   
   
   


 
previousདཔལ་མགོན་ཏྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་ཟིན་བྲིས་སུ་བཀོད་པ།next

དཔལ་མགོན་ཏྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་ཟིན་བྲིས་སུ་བཀོད་པ།


TNT21_Page_0929
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཏྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་ཟིན་བྲིས་སུ་བཀོད་པ་བཞུགས།


TNT21_Page_0930
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། སྤྱིར་སངས་རྒྱས་བྱང་སེམས་ཀྱི་བཀའ་ཉན་བསྟན་པ་དམ་པའི་ཆོས་ཀྱི་སྲུང་མ་དཔག་ཏུ་མེད་པ་ཞིག་བཞུགས་པ། བསྟན་སྲུང་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོ་ཕྱོགས་བཅུ་དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་བཀའི་སྲུང་མ་ནི། དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་ལྕམ་དྲལ་འདི་དག་ཡིན་ལ། དེ་ལ་ཡེ་ཤེས་ཀྱི་མགོན་པོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་སྤྲུལ་རྣམ་པ་ཡང་འཕགས་པའི་ས་ལ་གནས་པ་ཡིན། ལས་ཀྱི་མགོན་པོ་དངོས་ནི་ཡེ་ཤེས་ཀྱི་མགོན་པོ་དེའི་འཕྲིན་ལས་རྣམ་བཞི་འགྲུབ་སླ་བའི་དོན་དུ་ཐུགས་ལས་སྤྲུལ་པའི་མགོན་པོ་ཆུང་བ་རྣམས་ཡིན། འཇིག་རྟེན་གྱི་མགོན་པོ་ནི་དཔལ་མགོན་པོ་བདུན་ཅུ་རྩ་ལྔ་ལྟ་བུའང་ཡིན། ཡང་སྒྲུབ་ཐབས་འགའ་ཞིག་ཏུ་ལས་མཁན་འཇིག་རྟེན་


TNT21_Page_0931
[མ་དཔེ་གཟིགས་ན་འདིར་གནོན།]

པ་འགའ་ཞིག་ལས་མགོན་དུ་མི་བཏགས་པ་ནི་ཆེ་བརྗོད་ཙམ་དུ་ཟད། དེ་དག་ལས་འདིར་དཔལ་ཡེ་ཤེས་ཀྱི་མགོན་པོ་ཏྲཀྴད་ཞེས་བྱ་བ་འདི་གསང་སྔགས་རྙིང་མ་རྣམས་ལྟར་ན་འཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་ཅེས་འབྱུང་བ་ནི་ལས་ཀྱི་མགོན་པོ་ཡིན་ཟེར་བའི་དོན་མ་ཡིན། མགོན་པོ་འདི་ཉིད་མགོན་ཆེན་ཡེ་ཤེས་ཀྱི་མགོན་པོ་ཡིན་ཞིང༌། གཞན་ལ་མ་ལྟོས་པའི་རྐང་ཚུགས་ཡིན་ཀྱང་མངོན་སྦྱོད་གཙོ་བོར་གྱུར་པའི་ཕྲིན་ལས་ཡེ་ཤེས་མགོན་པོ་གཞན་རྣམས་ལས་ཀྱང་མྱུར་ཞིང་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་འཕྲིན་ལས་མགོན་པོ་ཞེས་བྱ། ཡང་གཅིག་ཏུ་ན་ཡེ་ཤེས་ཀྱི་མགོན་པོ་གཞན་རྣམས་ཀྱི་སྒྲུབ་པ་ལས་སྦྱོར་གྱིས་མ་འགྲུབ་ཅིང་ལུས་ན། ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་བསྟེན་པའམ་འདིའི་རྣམ་སྤྲུལ་མགོན་པོ་ཆུང་བ་མགོན་པོ་མོན་པར་གྲགས་པ།


TNT21_Page_0932
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ར་མདའ་སྦྲོན་པའི་ཚུལ་གྱིས་ལས་བཅོལ་བྱེད་དགོས་པ་ཡང་ཤིན་ཏུ་མང་སྟེ། གུར་གྱི་མགོན་པོ་ལ་ལས་མགོན་ཟངས་གྲི་ཅན་དང༌། ཕྱག་བཞི་པ་ལ་ལས་མགོན་བྱ་རོག་གདོང་ཅན་ཡོད་པ་ཡང་འདིའི་མགོན་པོ་མོན་པ་དང་གཅིག་ལ། ཕྱག་དྲུག་པ་ལ་ཏྲཀྴད་ཀྱི་མཚན་ཅན་རང་ཡང་དངོས་སུ་ཡོད། དཔལ་ཆེན་རྒ་ལོའི་གསུང་གི་མགོན་པོ་བྱ་རོག་མས་ལས་གྲུབ་པའི་འབྱམས་སྡུག་བྱུང་ན་ལེགས་ལྡན་བདུད་ཀྱི་རྒྱལ་པོ་ར་མདར་སྦྲོན་དགོས་གསུངས་པའི་བདུད་ཀྱི་རྒྱལ་པོ་ཡང་མགོན་པོ་ཏྲཀྴད་དོ། །དེས་མཚོན་དེ་ཆོས་སྐྱོང་གཞན་ཐམས་ཅད་ལ་ཡང་འཕྲིན་ལས་རང་སྟོབས་ཀྱིས་མ་འགྲུབ་ན་མགོན་པོ་འདིའི་དམག་དཔུང་ཕྱུར་བའི་ཚུལ་གྱིས་འཕྲིན་ལས་སྒྲུབ་དགོས་པས་འཕྲིན་ལས་མགོན་པོ་ཞེས་བྱའོ། །ཆོས་སྐྱོང་འདི་དང་པོར་བྱུང་ཚུལ་ནི། བསྐལ་བ་ཆགས་ནས་མི་རིང་བ་ནའང་ལྷ་དང་ལྷ་མིན་གཡུལ་འགྱེད་པའི་དུས་ཀྱི་བསྐལ་བ་ལ། ལྷ་མིན་རྣམས་ཀྱི་ཁྲག་ས་ལ་འཐོར་བ་ལྷ་མིན་བརྒྱ་སྟོང་དུ་མར་སོང་སྟེ། ལྷ་མིན་གྱི་དམག་ལ་ཟད་པ་མེད་ནས་ལྷ་རྣམས་ཕམ་པ་ལས། ཡེ་ཤེས་ཀྱི་མགོན་པོ་འདི་མཧཱ་དེ་བའི་སྲས་སུ་སྐུ་སྤྲུལ་ཏེ། ལྷ་མིན་ཐམས་ཅད་མདུང་རྩེ་གསུམ་པས་བསྣུན་ཏེ་ཚར་བཅད། ཁྲག་རྣམས་ས་ལ་མ་འབབ་པར་བར་སྣང་ཉིད་ལ་གསོལ་བས་ལྷ་མིན་འགྲིབས་ཏེ་ལྷ་རྒྱལ་པར་གྱུར་ཏོ། །གཞན་ཡང་ལྷ་མིན་དང་སྲིན་པོའི་གྲོང་ཁྱེར་སུམ་བརྩེགས་ལན་གསུམ་དུ་བཅོམ་པ་སོགས་ལྷ་རྣམས་རྒྱལ་བས་འཇིག་རྟེན་བདེ་བར་མཛད་དོ། །ཡང་ཕྱིའི་དུས་


TNT21_Page_0933
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ན་སངས་རྒྱས་འོད་སྲུང་ལ་སོགས་པ་སྔ་མའི་བསྟན་པ་ལ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་འཕགས་པ་སྦྱན་རས་གཟིགས་བཀའ་བགྲོས་ཏེ་སྦྱན་རས་གཟིགས་དབང་གི་རྩ་བའི་མགོན་པོ་ཕྱག་གཉིས་པ་ལ་བཀའ་བསྒོས། སྡེ་བརྒྱད་དྲེགས་པ་གཞན་ཐམས་ཅད་བཀའི་འབངས་སུ་ཕབ། བྲན་དུ་དབང་བསྐུར་བ་ལས་བྱང་ཕྱོགས་ཀྱི་གནོད་སྦྱིན་ཆེན་པོ་བརྒྱད་དང༌། ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད། དུར་ཁྲོད་ཀྱི་མ་མོ་མཁའ་འགྲོ་བརྒྱད་རྣམས་གཟུགས་དང་ཆོ་འཕྲུལ་སྣ་ཚོགས་བསྟན་ནས་བྲོས་ཤིང་མ་ཐུལ་བ་ལས། འཕགས་པ་སྦྱན་རས་གཟིགས་ཀྱི་ཐུགས་ཀ་ནས་རཾ་ཡིག་སྦྲོས་ནས། བྱང་ཤར་ཨུ་ཙ་ལའི་དུར་ཁྲོད་ཀྱི་བྱང་ཕྱོགས་དུག་གི་ནགས་ཚལ་ཆེན་པོ། ནག་པོ་བརྩེགས་པ་དང༌། ཧ་ལ་ཧ་ལ་ལ་སོགས་པ་དུག་གི་རྒྱལ་པོ་བཞིའི་མེ་ཏོག་ཁ་སྦྱོར་དུ་འདས་པའི་དབུས་སུ་ཐིམ་པ་ལས། ཞག་བདུན་ནས་མོན་པ་དུག་གི་སྐྱེས་བུ་ཞེས་བྱ་བ་དཔལ་ཡེ་ཤེས་ཀྱི་མགོན་པོ་གཞན་དང་ཐུན་མོང་མ་ཡིན་པའི་མཚན་ཏྲཀྴད་བདུད་ཀྱི་རྒྱལ་པོ་ཞེས་བྱ་བ་གྱུར་ཏེ། རྫུ་འཕྲུལ་གྱི་ཤུགས་ཀྱིས་དྲེགས་པ་ཉི་ཤུ་རྩ་བརྒྱད་པོ་དེ་དག་སྐད་ཅིག་ཉིད་ལ་ཞགས་པས་དྲངས་ཏེ་བཀུགས། བསྡིགས་པའི་ཐབས་སྣ་ཚོགས་ཀྱིས་བསྡིགས་ནས་ཕྱག་ན་རྡོ་རྗེའི་བཀའ་ལུང་བསྒྲགས། གནོད་སྦྱིན་རྣམས་མདུན་འགྲོས་དང༌། གཤིན་རྗེ་རྣམས་ཕྱིར་འབྲང་དང༌། དུར་ཁྲོད་མ་མོ་རྣམས་ནུས་མ་གསང་བའི་ཡུམ་དུ་མཛད་དེ་བྲན་དུ་བཀོལ་བས།


TNT21_Page_0934
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་འདིས་མ་ཐུལ་བ་སུ་ཡང་མེད་པའོ། །ཞེས་ནག་པོ་གཅེར་བུའི་རྒྱུད་ཀྱི་གླེང་གཞི་ལས་འབྱུང་ངོ༌། །སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེངྒེའི་བསྟན་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གྲོང་ཁྱེར་སེར་སྐྱར་འདུས་པ་ཆེན་པོ་ཞེས་བྱ་བར་ལྷ་ཀླུ་གནོད་སྦྱིན་ལྷ་མ་ཡིན་སོགས་སྡེ་བརྒྱད་ཁོ་ན་ལ་ཞག་བདུན་དུ་ཆོས་བསྟན་ནས། འབྱུང་པོ་ཐམས་ཅད་འདུས་པའི་སྐབས་དེར་འཁོར་ཚོགས་གཞན་ཐམས་ཅད་འདུས་ཟིན་པའི་རྗེས་སུ་ནག་པོ་སྡེ་པོ་ཆེ་ཞེས་མཚན་གསོལ་བ་དཔལ་ཡེ་ཤེས་ཀྱི་མགོན་པོ་འདིས་འཇིགས་པའི་གད་རྒྱངས་ཆེན་པོ་དང་ཕྱག་བསྡེབས་པ་སོགས་ཀྱིས་རྣམ་འགྱུར་བསྟན་པས་འཁོར་ཚོགས་རྣམས་སྐྲག་ཏེ། འདི་ཉིད་ཅི་ཡིན་ཞེས་ཞུས་པ་ལ། དེ་བཞིན་གཤེགས་པས་འདི་ནི་མཐུ་བོ་ཆེ་ཐམས་ཅད་ཀྱི་གཙོ་བོ་ཡིན། ཞེས་ལུང་བསྟན་ཞིང་ཆོས་གསུངས་པས། བདེན་པར་གཟིགས་པ་འདུས་པ་ཆེན་པོ་མདོ་ཉིད་ནས་བཤད། ཕྱིས་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་གསང་སྔགས་ཀྱི་དཀྱིལ་འཁོར་ཆེན་པོ་མཐའ་དག་སྤྲུལ་ནས་ལྷ་ཆེན་པོ་ཐམས་ཅད་ལ་དབང་བསྐུར་བའི་ཚེ་དཔལ་མགོན་པོ་འདི་ཉིད་ལ་གསང་མཚན་རྡོ་རྗེ་འཇིགས་བྱེད་ཞེས་བྱ་བར་བཏགས་ཤིང༌། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་བསྲུང་བར་བཀའ་བསྒོས་སོ། །དེ་ནས་ཕྱིས་རྒྱ་གར་རྡོ་རྗེ་གདན་དུ་འཁྱམས་ཕྱི་མ་ཀླུ་སྒྲུབས་ཀྱིས་བཞེངས་པའི་སྐབས་སུ། ནག་པོ་ཆེན་པོ་འདིའི་ལྷ་ཁང་ཆུང་ངུ་ཞིག་མཛད། རབ་གནས་མཛད་པ་པོ་ཡང་བྲམ་ཟེ་མཆོག་སྲིད་ཡིན་པར་གྲགས། མགོན་ཁང་དེ་སེང་ག་གླིང་པའི་དགེ་སློང་རྣམས་ཀྱིས་


TNT21_Page_0935
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་བྱེད་པས་ཆོས་སྐྱོང་འདི་ལ་ཡང་སེངྒའི་གླིང་པའི་མགོན་པོ་རྟ་བཞོན་མར་གྲགས། ༈ བོད་ཡུལ་འདིར་བསྟན་པའི་སྲོལ་ཁ་བཏོད་པའི་ཐོག་མ་སྤྲུལ་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་ཉིད་ཀྱིས་ཡང་སྲུང་མར་བསྐོས་པ་ཡིན། སྐུ་འདྲ་ཕྱིས་བཞེངས་པ་ཡིན་ཀྱང་འཕྲུལ་སྣང་གི་སྒོ་ཁང་ན་མགོན་པོ་ཏྲཀྴད་ཀྱིས་མགོན་ཁང་ཆེན་པོ་ཡོད་པ་ཡང་སྔོན་སྲུང་མར་བསྐོས་པའི་འབྲེལ་ཆགས་ལ་བརྟེན་ནས་བཞེངས་པར་འདུག །ཁྱད་པར་དུ་ཡང་བསྒོམ་གནས་ཡེར་བའི་བྲག་ལ་མགོན་པོ་འདི་བཞུགས་པ་ཆོས་རྒྱལ་ཉིད་ཀྱིས་གཟིགས་པས་དེ་དང་མཐུན་པར་རྒྱ་ནག་གི་ཧ་ཤང་མཧཱ་དེ་བས་ཡེར་བར་མགོན་པོའི་མཆོད་པ་རྟག་ཏུ་མཛད་ཅིང་ཡེར་བའི་བྲག་ལྷ་མགོན་པོར་མཚན་གསོལ། རྒྱ་ནག་གི་ཡུལ་དུ་འོག་ཏུ་ཤན་ཟེར་བའི་གཙུག་ལག་ཁང་མི་མ་ཡིན་དང་མི་རྫུ་འཕྲུལ་ཅན་གྱིས་བཞེངས་པར་གྲགས་པ་དེའི་གནས་བདག་ཀྱང་ཆོས་སྐྱོང་འདི་ཡིན་པས་དཔེ་རྙིང་པ་རྣམས་ན། རྒྱ་ནག་འགོ་ཧུ་དེ་ཤན་ཡུལ་ནས་སྤྱན་འདྲེན་ནོ། །ཞེས་འབྱུང་དུས་དེར་ལི་ཡུལ་ནས་ཀྱང་མགོན་པོ་འདིའི་ཆོས་སྐོར་བོད་དུ་བྱུང་བར་གྲགས། དེ་སྐབས་སྐྱིད་སྨད་ཀྱི་བྲག་ངོ་ཞིག་ལ། དཔལ་མགོན་པོ་ཏྲཀྴད་རྐང་ཐང་མའི་སྐུ་བརྙན་གསལ་བར་བྱོན་དེའི་ཐད་ཀྱི་ཆུ་དང་བྱང་ངོས་ཀྱི་རི་ལ་མེ་འབར་བ་སོགས་ཆོ་འཕྲུལ་ཆེན་པོ་བྱུང་བས་དེ་ལ་ཆོས་རྒྱལ་ཉིད་ཀྱིས་ཞལ་ཁེབས་ཀྱི་ཚུལ་དུ་བྲག་གཅིག་འགེབས་པར་མཛད་སྐད། དེ་རྗེས་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་དུས་


TNT21_Page_0936
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མགོན་པོ་འདིའི་སྒྲུབ་ཐབས་མང་པོ་གཏེར་དུ་སྦས་ཤིང་དངོས་སུ་ཡང་གསུངས། སྔགས་འཆང་ངྷརྨ་གིར་ཏིས་ཀྱང་མང་དུ་བཤད་པའི་རྒྱུན་ད་ལྟ་ལྗང་ནག་ཁྲོས་པའི་རྒྱུད་དུ་གྲགས་པ་ཚོགས་བདག་མགོན་པོའི་སྐོར་འདི་རྣམས་ཡིན་པར་སྣང༌། ཆོས་འཁོར་བསམ་ཡས་ཀྱི་སྤྱིའི་བཀའ་སྲུང་ཀྱང་དཔལ་མགོན་བིང་མ་ལ་གཏད་ཅེས་གྲགས་པའི་བིང་མ་ནི་གཟུངས་ཀྱི་མགོན་པོར་གྲགས་པ་འདི་ཡིན་ཞིང༌། ཕྱག་ན་མདུང་དང་བིང་བསྣམས་པ་རྟ་ནག་ལ་ཆིབས་པ་ཞིག་ཡོད། བིང་མ་གསུང་གི་སྒྲུབ་པ་རུ་གྲགས་པ་དེ་མ་ཡིན། མགོན་པོ་འདི་ཉིད་ཀྱི་རྩ་བའི་སྒྲུབ་ཐབས་དེ་ལགས། གསང་སྔགས་རྙིང་མ་ལ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་མགོན་པོ་འདིའི་རྒྱུད་མདའ་ནག་རལ་པ་ཅན་གྱིས་རྒྱུད་སོགས་གཏེར་ནས་སྤྱན་དྲངས་བ་རྒྱུད་ཆུང་བདུན་ཡོད་པ་གནུབས་ལུགས་ཡིན། སློབ་དཔོན་ཤིནྟཾ་གརྦྷས་གསུངས་པ་རྣམས་ད་ལྟ་དྭགས་པོ་ལུགས་ཀྱི་ཆོས་སྐོར་ཀྱི་ནང་ན་ཡོད་པ་མགོན་པོ་ཞལ་དམར་དུ་གྲགས་པའང་འདི་ཉིད་ཡིན་ནོ། །བསྟན་པ་ཕྱིར་དར་ལ་དང་པོ་ཉིད་དུ་ལོ་ཙཱ་བ་རིན་ཆེན་བཟང་པོས་མགོན་པོ་ཏྲཀྴད་སྤྲུ་གྲི་མེ་དཔལ་གྱི་རྒྱུད་དུ་གྲགས་པ་རྣམས་ཁ་ཆེའི་ངྷརྨ་ཤྲཱི་ལ་གསན་ཞིང་བསྒྱུར། དེ་རྗེས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་སྤྱིར་མགོན་པོའི་ཆོས་སྐོར་རིགས་མི་གཅིག་པ་མང་དུ་གསུངས། ཁྱད་པར་མགོན་པོ་སེང་བཞོན་གྱི་སྐོར་ཡང་མང་དུ་གསུངས་ཤིང༌། ཕྱག་དར་བ་བསྟན་པ་རིན་ཆེན་ལ་གནང་བས་འགྲུབ་པར་ཡང་གྲགས། དེ་ལ་གྲ་གླུ་ཁུ་ཁ་ཆེས་ཞུས།


TNT21_Page_0937
[མ་དཔེ་གཟིགས་ན་འདིར་གནོན།]

བུ་དོ་པའི་བསྟན་སྲུང་མཛད། དེ་ལ་བཤེས་གཉེན་ཤར་བ་ར་པས་ཞུས། བཤེས་གཉེན་འཆད་ཁ་བས་འདི་ཞུས་ཏེ་ཤར་བ་ར་བའི་ཆོས་གྲྭའི་སྲུང་མ་མཛད་ཅིང༌། ཕྱིས་འཆད་ཁ་རྙིང་བ་བཏགས། དབུ་རུ་སྟོད་ཕྱོགས་ཀྱི་བཀའ་གདམས་པའི་གནས་གཞི་ཐམས་ཅད་མགོན་པོ་འདིས་སྐྱོང་བ་ཤིན་ཏུ་མང་ངོ༌། ༈ ཡང་མགོན་པོ་ཏྲཀྴད་དྭགས་པོ་ལུགས་སུ་གྲགས་པ་ནི། སློབ་དཔོན་ཤནྟི་གརྦྷ་ནས་བརྒྱུད་པའི་རྙིང་མ་ཡང་རྒྱ་ལྕགས་ཞིང་བ་ལ་བཞུགས། གསར་མ་ཇོ་བོ་རྗེས་རོང་པ་འགར་དགེ་ཝལ་བ་ལྕགས་རི་བ་དེ་ལ་རྒྱ་ལྕགས་ཞིང་བས་གསན་ནོ། །དེའི་དྲུང་དུ་རྗེ་དྭགས་པོའི་མཚན་ཉིད་སྒམ་པོ་ཆེན་པོས་གསན། དང་པོ་མགོན་པོའི་གདམས་ངག་རྣམས་མ་ཞུས། ཕྱི་སྒོམ་པར་བཞུགས། འཕྲིན་ལས་དར་བའི་དུས་སུ་དཀྱེར་སྟོད་སྨད་ཀྱི་མི་རྩུབ་པོ་མང་པོས་སྡིག་པ་བསགས་པའི་ཚེ། བླ་མ་ལྕག་ཞིང་བ་ལ་ཐོག་མར་ཞུ་རུ་བཏང་བའི་སྐོར་ལས་དམར་ཆུང་མར་གྲགས་པ་དང༌། ཕྱིས་མགོན་པོ་ཉིད་ཀྱིས་ལུང་བསྟན་ཏེ་སླར་ཡང་ཞུར་བཏང་བ་ལ་ཐང་ཤམ་མར་གྲགས་པའི་གདམས་པའི་སྐོར་རྣམས་བྱུང༌། ཕྱིས་གདམས་ངག་ལ་འདྲ་མིན་མང་པོ་བྱུང་ནས་སུན་ཕྱུང་བའི་བར་དུ་དཔེ་འཐེབས་གཅིག་མཛད་ནས་ཀ་ལ་དུང་མཚོར་གཏེར་དུ་སྦས། དེ་ཕྱིས་སྐྱེས་བུ་ཡེ་ཤེས་རྡོ་རྗེའི་སྐྱེ་བ་དུང་མཚོར་རས་པས་གཏེར་ནས་བྱུང་བའི་དྭགས་པོའི་ལུགས་ལ་ཡང་བཀའ་གཏེར་གཉིས་སུ་གྲགས།


TNT21_Page_0938
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཤོད་བུ་ལོ་ཙཱ་བའི་ལུགས་ལ་ཡེ་ཤེས་ཀྱི་མགོན་པོ་ཏྲཀྴད་ཉིད་ཕྱག་ན་གྲི་ཁུག་ཐོད་པ་འཛིན་པ་ཆིབས་མེད་པ་གཙོ་བོ་ཡེ་ཤེས་མགོན་པོའི་ཚུལ་དུ་མཛད། རྟ་ནག་ལ་ཆིབས་པ་ལས་མཁན་དུ་སྦྱར་བའི་ལྕམ་དྲལ་གཉིས་འཕྲིན་ལས་ཀྱི་མགོན་པོ་དང་གསུམ་འཁོར་དུར་ཁྲོད་མ་མོ་བདུན་དང་བཅས་པ་གཅིག་འབྱུང༌། དེ་ལ་ཤོག་བུའི་མགོན་པོ་གྲགས་ཡང་སློབ་དཔོན་ངྷ་ན་སཾསྐྲི་ཏས་མཛད་པའི་སྒྲུབ་ཐབས་ཀྱི་ལུགས་ལ་གཙོ་བོ་ཞལ་གཅིག་ཤཱ་ནའི་ཞལ། འཁོར་ཡང་ཤཱ་ན་མོ་བདུན་ཁོ་ནས་བསྐོར་བ་གཅིག་ཡོད། འདི་ནི་བླ་མ་སྐྱེ་ལོ་ཙཱ་བ་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ཆོས་སྐྱོང་དུ་མཛད་པའི་སྐྱོ་མགོན་དུ་གྲགས། ལོ་ཙཱ་བ་ཆེན་པོ་འགོས་ལྷས་བཙས་ཀྱིས་ཀྱང༌། དང་པོ་རྒྱ་གར་ལ་མ་བྱོན་གོང་ཉིད་ནས་མགོན་པོ་འདི་འགྲུབ་པས་ནུས་མཐུ་ཆེ་བར་ཡོད། རྒྱ་གར་ལ་བྱོན་དུས་ལམ་དུ་གཙང་པོའི་ཡུལ་དུ་ཇག་པ་ཚན་ཆེ་བ་གཅིག་གིས་ཆོམ་པོར་ཡོང་བ་ལ་ཞི་བའི་སེར་སྦྱངས་མང་པོ་མཛད་ཅིང༌། ཁྱད་པར་དུ་ང་རྒྱ་གར་དུ་ཆོས་སློབ་ཏུ་འགྲོ་ཞིང་སངས་རྒྱས་བསྟན་པའི་ཕྱིར་ཡིན་བྱས་ཀྱང་མ་ཉན་པ་ལ། ཆོས་སྐྱོང་དཔང་པོར་བཞག །སྡེ་བརྒྱད་ཐམས་ཅད་ལ་དམོད་བཅོལ་དྲག་པོ་མཛད་ཅིང་ན་བཟའ་བརྡབས་པས་དེ་མ་ཐག་ངག་དཔོན་རྟ་ཁར་ལས་ལྷུང་ཞིང་ཁྲག་སྐྱུགས་ཏེ་ཤི། གཞན་ཐམས་ཅད་བྲོས་སོ། །ཕྱིས་ནག་པོ་གཅེར་བུའི་རྒྱུད་ཆུང་བ་ལེའུ་བཅུ་གསུམ་མ་ཡང་འགོས་ཀྱིས་བསྒྱུར་བར་བཤད། དེ་རྗེས་ཆོས་སྐཽར་འདི་ལ་ལྷོ་རྒྱུད་བྱང་རྒྱུད་གཉིས་སོགས་སྣ་ཚོགས་སུ་བྱུང་ཀྱང་འཕན་ཡུལ་ཉན་པོར་བྱུང་བའི་


TNT21_Page_0939
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཐོབ་འཚོད་ཆེན་པོ་ནས་ཆོས་སྐྱོང་དུ་མཛད་པས་འཚོད་མགོན་དུ་གྲགས། དེ་ལ་དྲི་བོ་རྒྱལ་ཡོན་གྱིས་ཞུས། དེ་ལ་མཁས་པ་དྲི་མགོན་གྱིས་ཞུས། དེ་ལ་གོང་པོ་པ་དར་ཤེས་ཀྱིས་ཞུས་ནས་ད་ལྟའི་བར་དུ་མ་ཆད་ཙམ་ཡོད། འདི་མགོན་པོ་གཙོ་བོ་ཞབས་ཐང་ལྕམ་དྲལ་ལས་མཁན་རྟ་བཞོན་འཁོར་མ་མོ་བདུན་ཤྭ་ན་བདུན་ཁྱི་ཞལ་དུ་མེད་པར་ཤྭ་ན་རང་གཟུགས་སུ་ཡང༌། ཡང་མགོན་པོ་ཏྲཀྴད་མ་ནིང་མར་གྲགས་པ་ནི་གསང་སྔགས་རྙིང་མའི་དཔལ་མགོན་མ་ནིང་དང་ཕལ་ཆེར་མཐུན་ལ་འདི་ལ་བརྒྱུད་པའི་རིམ་པ་གསུམ་སྟེ། དང་པོ་སློབ་དཔོན་པདྨས་གསུངས་སོ། །གཉིས་པ་ནི་ནག་པོ་ཤན་ཏི་བྷ་དྲ་ཡང་ཟེར། དམ་ཚིག་རྡོ་རྗེ་ཆུང་བ་ཡང་ཟེར་བ་དོན་ལ་རྗེ་མར་པའི་བླ་མ་ཐར་པའི་ལམ་སྟོན་ཡང་འདི་ཀ་ཡིན། འགོས་ལོ་དང་ནག་ཚོ་བའི་ཡང་བླ་མར་གྱུར་པ་མཚན་བོད་སྐད་ཞི་བ་བཟང་པོ་བླ་དྭགས་ལ་རྒྱ་གར་ནག་པོ་ཆེན་པོ་ཟེར་བ་འདིས་བོད་དུ་གནང་བ་ཡིན་ཞིང་མགུལ་ལུགས་ལྕགས་ཅན་དུ་གྲགས།གསུམ་པ་ནི། བླ་མ་རྒྱ་གར་ནག་ཆུང་དུ་གྲགས་པ་དམ་པ་སངས་རྒྱས་ཀྱིས་འདིའི་སྒྲུབ་ཐབས་གསུངས་ནས་ཞུ་ལོ་ཙཱ་བ་ལ་བཤད་པས་ཞུའི་མགོན་པོར་ཡང་གྲགས་ཟེར་དམ་པ་སངས་རྒྱས་ཀྱི་གསུངས་ནས་ཀྱང་མགོན་པོའི་འདིའི་ཚོད་བྱས་ན་སྒྲུབ་ཐབས་གཞན་འདི་རྣམས་མགོན་འདྲ་ཙམ་ཡིན་གསུངས་སྐད། དེ་དག་མཚོན་པ་སྟེ་ལུགས་མི་གཅིག་པ་མང་དུ་བྱུང༌། དེ་ཐམས་ཅད་ཀྱི་ནང་ནས་ཆོས་སྐོར་རྒྱས་ཤིང་བཀའ་


TNT21_Page_0940
[མ་དཔེ་གཟིགས་ན་འདིར་གནོན།]

བབས་ཀྱི་བྱིན་རླབས་དང་འཕྲིན་ལས་དཔག་ཏུ་མེད་པ་ནི་དཔལ་ཡེ་ཤེས་ཀྱི་མགོན་པོ་གཉོས་ལུགས་འདི་ཡིན། དེ་ལ་གཉོས་པ་རྣམས་དང་པོ་གསང་སྔགས་རྙིང་མ་སྒྱུ་འཕྲུལ་གཙོ་བོར་མཛད་ཅིང༌། ཆོས་སྐྱོང་ལྷ་མོ་སྲོག་སྒྲུབ་ལྕགས་ཕུར་ཅན་ལ་བྱེད་པ་ཡིན། གཉོས་ལོ་ཙཱ་བའི་ཡབ་དང་ཁུ་བོ་གཉོས་མཐུ་རྒྱལ་དང་གཉོས་སྤང་ལ་མེ་ཤོར་གྱི་དུས་ལ་སྔར་གྱི་རྙིང་མའི་སྟེང་དུ་གསར་མའི་ཡོ་ག་ལ་མཁས་པར་བྱུང༌། མཐུ་རྒྱལ་གྱི་སྲས་གཉོན་ལོ་ཙཱ་བ་ཡོན་ཏན་གྲགས་ཡིན། འཁྲུངས་ས་དང་འཕྲིན་ལས་མཛད་ས་ནི་གཙོ་བོར་ཁ་རག་རྩ་རུ་བྱུང༌། ཆུང་ངུའི་དུས་ནས་ཡབ་ཆོས་རྣམས་མཁས་པར་མཁྱེན། མངའ་བདག་ཡེ་ཤེས་རྒྱལ་མཚན་དང་རྐྱང་པོ་ཆོས་བློ་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་སྨན་པའི་ཞབས་ཀྱི་འགྲེལ་པ་སོགས་གསན་ནས་རགས་རིམས་ཙམ་མཁྱེན་པའི་སྐབས་ལོ་ཙཱ་སློབ་པར་ཐེགས་ཏེ། བལ་པོ་སྤྱི་ཐེར་པ་རྣམ་རྒྱལ་དབང་པོ་དེ་ཉིད་ལོ་གཉིས་བསྟེན། དེ་ནས་རྒྱ་གར་བི་ཀྲ་མ་ལ་ཤི་ལར་བྱོན། བོད་ནས་དེར་བྱོན་པའི་བར་ལ་ལྷོ་བྲག་མར་པས་ཕྱག་གཡོག་མཛད། དེ་ནས་བླ་མས་སོ་སོར་ཆོས་ཞུ་གསུངས་ནས་མར་པ་ལ་ཆོས་རྒྱག་གནང་སྦྱིན་བཟང་བར་མཛད་ནས་སོ་སོར་གྱེས། སློབ་དཔོན་པ་ལིང་ཨརྱ་ཙརྱ་མཚན་དངོས་དེ་བ་ཤྲ་ངྷ་སྟེ་ལྷ་ལ་དད་པ་ཟེར། བླ་མ་དེ་ལ་ཐོག་མ་ཉིད་ནས་གསེར་སྲང་བརྒྱད་ཅུ་གྱ་བཞི་དུས་གཅིག་ཏུ་ཕུལ། གསང་འདུས་དང་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་ཞབས་


TNT21_Page_0941
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་སུ་གྲགས་པ་ལྟ་བུ་རྒྱུད་ཟབ་ལ་བྱིན་རླབས་དང་གཟི་བྱིན་ཆེ་བ་ཞིག་ཡོངས་སུ་རྫོགས་པར་ཞུས། ལས་ཚོགས་ཆ་ཚང་བ་སྟོན་པའི་ཆོས་སྐོར་ཞིག་ཀྱང་ཞུས། བདག་གི་བསྟོད་པ་ལ་འགོ་གཅིག་ན་ཡོད། བོད་ཀྱི་མི་རྣམས་ཕྲག་དོག་དང་གདུག་རྩུབ་ཆེ་བས་ཆོས་སྐྱོང་མཐུ་ཆེ་ལ་མྱུར་བ་ཞུ་ཞེས་ཞུ་བ་གསུམ་མཛད། དང་པོ་གཉིས་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་དང་གཤིན་རྗེ་གཤེད་དགྲ་གདོང་འཇིགས་གསུམ་གནང༌། ཕྱི་མ་ལ་ངས་བི་ཀྲ་མ་ལ་ཤི་ལའི་བསྟན་པ་བསྲུང་དགོས་པས་མགོན་པོའི་རིགས་བརྒྱ་དང་དྲུག་ཅུའི་སྒྲུབ་ཐབས་འཕྲིན་ལས་གཏོར་ཆོག་ལས་ཚོགས་ཀུན་ཤེས་ཀྱང་ཐམས་ཅད་ཀྱི་ནང་ནས་ཟབ་ཅིང་བྱིན་རླབས་ཆེ་བ་མྱུར་ལ་ཚན་ཆེ་བ་གཅིག་ཡོད་པ་འདི་སྟེར་ཞེས་གསུངས་པས། མགོན་པོའི་དབང་ནངས་པར་གནང་རྒྱུའི་དོ་ནུབ་ལོ་ཙཱ་བ་རང་གི་མནལ་ལམ་དུ་མི་ནག་པོ་གསེར་གྱི་སྐེ་རགས་བཅིངས་པ་ཞིག་བྱུང་ནས་བླ་མ་ཁྱོད་དང་སྦྲགས་ཏེ་བོད་དུ་གཏོང་བར་འདུག་གསུང༌། དེ་ནི་མགོན་པོ་ཏྲཀྴད་ཤིན་ཏུ་འགོ་བའི་ལྟས་ཡིན་པར་འདུག །དེ་ལྟར་བི་ཀྲ་མ་ལ་ཤི་ལར་གཞི་མཛད་དེ་རྒྱ་གར་མ་ག་ངྷ་དང་བྷ་ག་ལ་ཀུན་ཏུ་ལོ་སྐོར་ཙམ་བཞུགས། བླ་མས་ལུང་བསྟན་པ་ལ་ཁྱོད་རང་གི་ཡུལ་མངའ་སྐམ་པ་འདྲ་བ། བར་ཡོགས་འདྲ་བ། ཕུག་སླང་འདྲ་བ་ཞིག་ན་བྲག་དམར་ནག་ལ་ཕུག་པ་བྱང་ཤར་དུ་ལྟ་བ་ཞིག་འདུག །དེར་སྒྲུབ་པ་བྱས་ན་མྱུར་དུ་ཞལ་སྟོན་པ་འདུག་གསུང༌། ལོ་ཙཱ་བས་ཀྱང་རང་ཡུལ་དུ་


TNT21_Page_0942
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་པས་གནས་དེ་ཀ་བཙལ་བའི་བྱ་དཀར་ཞེས་བྱ་བའི་ལུང་པའི་ཕུག་ན་འདུག་པས་དེར་སྒྲུབ་པ་མཛད། ཟླ་བ་དྲུག་ནས་གསང་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་མགོན་པོ་བཀའ་ཉན་དུ་སྒྲུབ་པའི་སྒྲུབ་ཆེན་ཞག་བདུན་མཛད་པས་མགོན་པོའི་ཞལ་གཟིགས་ཤིང་བྲན་དུ་འཁོར་བའི་རྟགས་རྣམས་བྱུང༌། རྗེ་མར་པས་ཀྱང་དང་པོ་ཆོས་རྒྱག་གནང་བའི་སྐུ་དྲིན་བསབས་ཐབས་སུ་རྗེ་ནཱ་རོ་པའི་ཐུགས་དམ་བདེ་མཆོག་གི་རྡོ་སྐུ་སོགས་ངོ་མཚར་བའི་བྱིན་རླབས་རྟེན་འགའ་ཤས་ཕྱག་ཏུ་ཕུལ་འདུག །གཞན་བོད་ཉིད་དུ་པནྜི་ཏ་ཟླ་བ་མགོན་པོ་དང་གྷ་ཡ་ངྷ་ར་སོགས་བསྟེན་ནས་གསང་སྔགས་ཀྱི་སྔགས་རྒྱུད་མང་པོ་མཁྱེན་པར་མཛད། གསང་འདུས་དང་གཤིན་རྗེ་གཤེད་སྐོར་གསུམ་སྟེ། ཕ་རྒྱུད་སྡེ་བཞི་ལ་བཤད་སྒྲུབ་ཀྱི་གྲྭ་ཆེན་པོའི་རྐང་བཙུགས། བདེ་དགྱེས་མ་ཡ་སོགས་མ་རྒྱུད་ཀྱང་མང་དུ་གསུངས། མཐུ་སྟོབས་ཐོགས་པ་མེད་པ་མངའ། སྐུ་ཚེ་སྨད་ཀྱི་དུས་ཤིག་ན་ཁ་རག་ཐོད་བུར་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་ཞིག་མཛད་དུས་མནལ་ལམ་དུ། ལ་ཆེན་པོ་གཅིག་ལ་ཚོང་པ་ཤིན་ཏུ་ཚན་ཆེ་བ་གསུམ་སྔ་ཕྱིར་རིམ་ཅན་དུ་སྒྲོལ་འདོན་ལན་གསུམ་དུ་མཛད་ཅིང་དེ་རྗེས་ཚད་བཞི་པ་དེ་ལ་ཀླུང་ཐམས་ཅད་གང་པ་ཙམ་གྱི་འགྲུལ་བའི་སྒྲོལ་འདོན་མཛད་ཅིང་དེ་ནས་ཀྱང་བར་མ་ཆད་པར་མི་མང་པོ་ལ་དེ་ལ་སྒྲོལ་བར་རྨིས། ང་ཡི་ཕྱིས་སུ་རྒྱུད་པ་གསུམ་དུ་འགྲོ་དོན་ཆེན་པོ་ཆ་མཉམ་པ་ཡོང་བ་འདུག །བཞི་པ་དེ་ཐམས་ཅད་ལས་ཕུལ་དུ་བྱུང་བའི་འགྲོ་དོན་མཐའ་ཡས་པ་ཞིག་ཡོང་བར་འདུག །དེ་དག་གི་རྗེས་སུ་ཡང་རང་གཞན་ལ་ཕན་


TNT21_Page_0943
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་པའི་འཕྲིན་ལས་ཅན་མང་དུ་བྱུང་བར་འདུག་ཅེས་ལུང་བསྟན་ཏོ། །གཏེར་མའི་ལོ་རྒྱུས་ནི། གཉོས་ལོ་ཆེན་པོ་དང་སྤྱིལ་རབ་དགའ་གཉིས་ཀྱིས་དོན་སྦྱོད་གཅིག་ལ་དབང་བསྐུར་སྟོང་ཞ་ལྷ་ཁང་དུ་བཞུགས་པའི་ཚེ་ཞཱའི་མགོན་པོ་གྲི་ཐོད་ཅན་ཞེས་པའི་མགོན་ཁང་ཡོད། དེར་ཞག་བདུན་བཞུགས་པས་ནུབ་རེ་བཞིན་ཆོ་འཕྲུལ་ཤིན་ཏུ་ཆེ་བ་བྱུང༌། བདུན་པའི་ནུབ་མགོན་པོ་སྐུ་བརྙན་གྱིས་གསུང་འབྱོན་ཏེ། ངའི་པུས་མོའི་ཐད་ཀའི་བར་ཕྱོགས་ཀྱི་གྱང་ལ་སྒྲུབ་ཐབས་ཀྱི་དཔེ་ཡོད་པས་ལོངས་ཤིག་གསུང༌། ནངས་པར་གྱང་རྐོས་པས་སློབ་དཔོན་པདྨས་མཛད་པའི་སྒྲུབ་ཐབས་ཆ་ལག་དང་བཅས་པ་བྱུང༌། སྔར་གྱི་གཏེར་མ་དང་གནད་གཅིག་པར་དགོངས། བཀའ་གཏེར་གཅིག་ཏུ་དྲིལ་ནས་ཉམས་ལེན་མཛད། སྔར་གྱི་ལུང་བསྟན་དང་མཐུན་པར་སྲས་རྡོ་རྗེ་བླ་མ་དང་དཔལ་སེང་དང་གྲགས་པ་དཔལ་ཏེ་བླ་རབས་གསུམ་པོ་དེ་ལའང་དབུས་གཙང་ཁམས་གསུམ་གྱི་གྲྭ་བ་མང་པོ་འདུས་འཕྲིན་ལས་ཆེར་བྱུང༌། བཞི་པ་རྒྱལ་བ་ལྷ་ནང་པ་སངས་རྒྱས་རས་ཆེན་མཚན་དངོས་ཆོས་ཀྱི་གཟི་བརྗིད་དེ་འདི་ཡི་རྗེ་འབྲི་གུང་བའི་སློབ་མའི་གཙོ་བོ་མཐར་ཐུག་མཛད། གནས་གསུམ་དུ་གྲགས་པའི་གནས་སྒོ་ཕྱེས་འཕྲིན་ལས་ནམ་མཁའ་དང་མཉམ། དགོན་གནས་ལྷ་རིན་ཆེན་མཐིལ་རང་དུ་ཡང་འདག་སྦྱར་བ་སྟོང་བརྒྱད་བརྒྱ་ཙམ་རྒྱུན་ཏུ་བྱུང༌། དེའི་དབོན་པོ་ལྷ་རིན་ཆེན་དབང་གི་རྒྱལ་པོས་གཏེར་སྟོན་ཆོས་རྒྱལ་རིན་ཆེན་གླིང་པས་


TNT21_Page_0944
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ནས་སྦྱན་དྲངས་པའི་མགོན་པོ་འདིའི་ཆོས་སྐོར་གནམ་ལྕགས་སྤུ་གྲིར་གྲགས་པ་དང༌། གཏེར་སྟོན་རྒྱ་གྲགས་པ་འོད་ཟེར་གྱིས་ཆོས་སྐྱོང་འདིའི་གཡུལ་བཟློག་གི་སྐོར་རྣམས་སྤྱན་དྲངས་པའི་གཏེར་ནས་བཏོན་པ་དེ་གཉིས་རང་ལ་གསན་ཏེ་ཕྱག་ལེན་དུ་འདེབས་པར་མཛད་པ་ཡིན། སངས་རྒྱས་རས་ཆེན་གྱི་རིང་ལ་རོ་འབྲི་མཚམས་ཕྱོགས་སུ་དར་རྒྱས་ཆེ་བར་བྱུང༌། པར་རི་སློ་ཕུག་སྡེང་ཆེན་ལ་སོགས་པའི་ཆོས་གྲྭ་རྣམས་ཀྱི་བསྲུང་མར་མཛད། དེ་རྗེས་ཀུན་མཁྱེན་སངྒ་བྷ་དྲས་གནས་བཞི་དེ་དག་ལས་བརྒྱུད་པ་དང༌། ལྷ་བསོད་རྒྱལ་པོའི་དྲུང་དུ་གཉོས་ལུགས་ཀྱི་ཆོས་སྐོར་མཐའ་དག་གསན། མགོན་པོ་བྲན་བཞིན་དུ་འཁོལ། རིན་ཆེན་སྒང་གི་མགོན་པོ་མགོན་པོའི་བྲིས་སྐུས་སྐུ་གཉེར་ལ་གསུང་བྱོན་ཏེ་རྒྱལ་པ་ལྷ་ནང་པའི་སྐྱེ་བ་ཡིན་པར་ལུང་བསྟན། དབུས་པ་ཆུ་ཤོད་གྱི་དམག་འཁྲུགས་ནས་གྲགས་པ་སངས་རྒྱས་དཔལ་རིན་གྱིས་དགོན་པར་དམག་ཡོང་བས་འབྲི་མཚམས་ཐམས་ཅད་བཅོམ་དུས་ཀྱང་དམག་དཔོན་གཅིག་གིས་དགོན་པ་མཐོང་མ་ཐག་ཁྲག་སྐྱུག་ཅིང་བརྒྱལ་པ་དང༌། དམག་མི་རྣམས་སྨྱོས་པ་འབོག་པ་སོགས་ཆོ་འཕྲུལ་ཆེན་པོ་བྱུང་བས། དབུས་པའི་དམག་དཔོན་ཐམས་ཅད་ཀྱིས་ཞབས་ལ་གཏུགས། ཏིང་ངེ་འཛིན་དང་ནུས་མཐུ་དཔག་ཏུ་མེད་པ་མངའ། འདིའི་ཆོས་སྐོར་གཉོས་ཀྱི་གདུང་བརྒྱུད་བར་མ་ཆད་པའི་རིམ་པ་བྱིན་རླབས་ཀྱི་བཀའ་བབས་དང་ལྡན་པ་ལྷ་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་རྗེ་གྲོལ་མཆོག་


TNT21_Page_0945
[མ་དཔེ་གཟིགས་ན་འདིར་གནོན།]

གི་གསན། སྐུའི་སྐྱེ་བ་རིམ་པ་གསུམ་གྱི་ཆོས་སྐྱོང་དུ་གྱུར་པས་བཞེད་དགོས་ཀྱི་འཕྲིན་ལས་ཐམས་ཅད་མགོན་པོ་འདིས་སྒྲུབ་པ་ཡིན་པ་འདུག །ཡང་ཀུན་མཁྱེན་སངྒ་བྷ་དྲ་ནས་བརྒྱུད་པ་མཁས་གྲུབ་སངས་རྒྱས་བཟང་པོ་དང་ཀུན་སྤང་གུ་རུ་ཆོས་རིན། བྱང་སེམས་བསོད་རིན། སེམས་དཔའ་བསོད་ནམས་རྒྱལ་མཚན་རྣམས་ལ་བརྒྱུད། རྗེ་གྲོལ་མཆོག་དང་སེམས་དཔའ་བསོད་ནམས་རྒྱལ་མཚན་གཉིས་ལ་རྗེ་རྡོ་རིང་པ་ཕྱི་མས་གསན། ཆོས་སྐྱོང་འདིས་འཕྲིན་ལས་སྒྲུབ་པ་ཞིག་ཡིན་པར་འདུག །དེའི་དྲུང་དུ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་སྙིང་པོས་གསན་ནོ། །དེ་ལྟར་ན་དཔལ་མགོན་ཏྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་འདི་ནི་རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་བཞིན་ཀུན་དགའ་འཕྲིན་ལས་དབང་མོས་ཟིན་བྲིས་སུ་བཀོད་པའི་དགེ་བའི་མཐུ་སྟོབས་ཀྱིས། བདུད་དང་མི་མཐུན་པའི་ཕྱོགས་ཀུན་ལས་རྒྱལ་བའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།


previousདཔལ་མགོན་ཏྲཀྴད་ཀྱི་ཆོས་སྐོར་ལོ་རྒྱུས་ཟིན་བྲིས་སུ་བཀོད་པ།next