Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ།
   
   
   
   


 
previousམྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ།next

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ།


TNT21_Page_0957
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ་བཞུགས།


TNT21_Page_0958
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། བླ་མ་མགོན་པོ་དབྱེར་མེད་ལ་ཕྱག་འཚལ་ལོ། །གཏོར་མ་བྱིན་རླབས་ཡི་དམ་ལྟར་བྱས་ལ། རང་གི་མདུན་དུ་པད་ཉི་ལ་ཧཱུཾ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་སྐུ་མདོག་མཐིང་ནག་དང་པོ་གཉིས་གྲི་ཐོད། བར་བ་གཉིས་མི་མགོའི་འཕྲེང་བ་དང་རྩེ་གསུམ། ཐ་མ་གཉིས་ཌ་མ་རུ་ཞགས་པ་བསྣམས་པ། སྟག་ལྦགས་དང་མགོ་འཕྲེང་རུས་པ་དང་སྦྲུལ་དང་ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་འཕྲེང་བའི་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པས་ཚོགས་ཀྱི་བདག་པོ་མནན་པ། སྤྱན་གསུམ་མཆེ་བ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་གྱེན་དུ་བརྫེས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། སིན་ངྷུ་རའི་ཐིག་ལེ་དཔྲལ་བར་བྱུག་པ། ཙནྡན་གྱི་སྡོང་པོ་ལ་རྒྱབ་བརྟེན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །དེའི་གཡོན་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་ལ་བཞོན་པ་ཁྲམ་ཤིང་དང་ནད་རྐྱལ་ཐོགས་པ། མདུན་དུ་གནོད་སྦྱིན་ཀྵེ་ཊ་པ་ལ་སྨུག་ནག་གྲི་ཐོད་འཛིན་པ།


TNT21_Page_0959
[མ་དཔེ་གཟིགས་ན་འདིར་གནོན།]

དོམ་ནག་སྙོན་པ་ལ་བཞོན་པ། གཡས་སུ་ཛི་ན་མི་ཏྲ་དམར་ནག་ཅང་ཏེའུ་དང་འཁོར་ལོ་འཛིན་པ། རྒྱབ་ཏུ་ཊཀྐི་ར་ཛ་ནག་པོ་སྤུ་གྲི་དང་ཐོད་ཁྲག་འཛིན་པ། གཡོན་དུ་བདུད་མགོན་ཏྲཀྴད་རུས་མཚོན་དང་ཐོད་སྙིང་འཛིན་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། དར་ནག་གི་འཇོལ་བེར་དང་སག་ལྷམ་གསོལ་བ། དེའི་ཕྱི་རོལ་དུ་དཔལ་མགོན་བདུད་ཅུ་རྩ་ལྔ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཤར་ལྷོ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཙནྡན་གྱི་ཤིང་རྐང་གཅིག་པའི་དྲུང་ན་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྟེང་ན་རྩ་བརྒྱུད་ཀྱི་བླ་མ། གཡས་ན་དཔའ་བོ་ངར་དང་བཅས་ཤིང༌། གཡོན་ན་དཔའ་མོ་འཛུམ་དང་བཅས་པ་བཀའ་སྡོད་ཞིང་སྐྱོང་ཕོ་ཉ་དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། ཨོ་བཛྲ་མཧཱ་ཀཱ་ལ་ས་པཱ་རི་ཝ་ར་ཀྵེཾ་ཉེར་གཅིག །བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ནང་མཆོད་བྱིན་རླབས་བྱ། ཨོཾ་བཛྲ་མ་ཧཱ་ཀ་ལ་༵ཀྵེཾ་ཀྵེ་ཊ་པ་ལ་བིགྷྣན་བི་


TNT21_Page_0960
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཀ་ཧཱུཾ་ཧཱུཾ་ཕཊ། ཅེས་མང་དུ་བཟླ། སྔགས་དེ་ཀའི་མཐར། ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། བྷྱོཿམ་མོ་ནག་མོ་བེ་ཏ་ལི་སིནྡྷི་ཀུ་ལུ་ཀུ་རུ་ཧཱུཾ་ཕཊ། ཨེ་དམ་སོགས་ལན་གསུམ། ཨོཾ་ཀྵེ་ཊ་པ་ལ་བིགྷྣན་ཧཱུཾ་ཕཊ། ཨི་དམ་སོགས་ལན་གསུམ། ཨོཾ་ཛི་ན་མི་ཏྲ་བ་ཤིང་ཀུ་རུ་ཧཱུཾ་ཕཊ། ཨི་དམ་སོགས་གསུམ། ཨོཾ་ཊཀྐི་ར་ཛ་ས་མཱ་ཡ་བྷྱོཿདུ་ཛ་ཧཱུཾ་ཕཊ། ཨི་དམ་སོགས་གསུམ། ཨོཾ་དུ་ཡག་ཛ་མཧཱ་ཀཱ་ལ་ཏྲཀྴད་ཧཱུཾ་ཕཊ། ཨི་དམ་སོགས་ལན་གསུམ། ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡ་ཤཱ་ས་ན༴ སོགས། དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཕཊ། ཨི་དམ་སོགས་ལན་གསུམ་གྱིས་དམ་ཅན་སྤྱི་ལ་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཨོཾ་ཨཱཿཧཱུཾ། ཞེས་ནང་མཆོད་འབུལ། ཧཱུཾ། མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞབས་གདུབ་དང་བཅས་བི་ན་ཡ་ཀ་མནན། །ནག་པོ་ཆེན་པོ་སྟག་གི་ཤམ་ཐམས་ཅན། །ཕྱག་དྲུག་སྦྲུལ་གྱིས་རྒྱན་གྱི་རྣམ་པར་བརྒྱན། །གཡས་པས་གྲི་གུག་བར་བས་འཕྲེང་བ་འཛིན། །ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལ། །གཡོན་པ་ཐོད་ཁྲག་དང་ནི་མདུང་རྩེ་གསུམ། །དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །དྲག་པོ་ཞལ་གདང་མཆེ་བ་རྣམ་པར་གཙིགས། །སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་བརྫེས། །དཔྲལ་བར་སིནྡྷུ་ར་ཡིས་ཐིག་ལེགས་པར་བྱུགས། །སྤྱི་བོར་མི་བསྐྱོད་རྒྱལ་པོས་རྒྱས་བཏབ་བརྟན། ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཤིང་ལས་བྱོན་ནས་


TNT21_Page_0961
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ལེན་མཛད་པའི། །དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ༴ སོགས་ཀྱིས་འདོད་དོན་གསོལ་བ་བཏབས། བླ་མ་མགོན་པོ་དབྱེར་མེད་པའི་གྲིབ་སེལ་ལ་སོགས་པའི་རྗེས་སུ་འདི་རྣམས་བྱས་ཀྱང་རུང༌། ཡིག་བརྒྱ་བཟོད་གསོལ། སྨོན་ལམ་དང་བཀྲ་ཤིས་བརྗོད་དོ། །ཕྱག་དྲུག་ཡེ་ཤེས་མགོན་པོའི་གཏོར་ཆོག་བསྡུས་པ་ཁྱེར་བདེ་འདི་ནི་གངས་དཀར་རྡོ་རྗེ་གདན་གྱི་གཉེར་ཉི་མ་རྣམ་རྒྱལ་གྱིས་བསྐུར་ངོར། ཏཱ་ར་ནཱ་ཐས་ཕོ་བྲང་གངས་དཀར་དུ་སྦྱར་བའོ། །བྱ་བ་གང་བརྩམ་ཆོས་དང་མཐུན་ནས་ཀྱང༌། །སྡིག་ལས་གང་གིས་ཉམས་པ་མེད་བཞིན་དུ། །རྣམ་དཀར་དྲི་མ་མེད་པའི་ལེགས་ལམ་ལ། །སྐྱེ་འདིར་དགེ་རྩ་འབད་ཚད་དེར་འགྱུར་ཤོག།


previousམྱུར་མཛད་ཡེ་ཤེས་ཀྱི་མགོན་པོའི་གཏོར་ཆོག་བསྡུས་པ།next