cover

རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ།

གླེགས་བམ། ཀ༽

རྩེ་ལེ་སྣ་ཚོགས་རང་གྲོལ།

Nitartha international
Images scanned by TBRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཀར་ཆག


TR001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྗེ་སྣ་ཚོགས་རང་གྲོལ་གྱི་བཀའ་འབུམ་ཆོས་ཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་རིམ་པ་བཀོད་པར་གླེགས་བམ། ཀ༽པ་ལ། །རྣམ་ཐར་དྲང་པོའི་ས་བོན་ལྡེབ། ༡༠༠ རྨི་ལམ་ཉིང་འཁྲུལ་ལྡེབ་ ༡༧ ཆེད་དུ་བརྗོད་པ་གླུའི་ཕྲེང་བ་ཁོག་དབུབ་དང་བཅས་པ་ཨུཏྤ་ལ་ཡི་དོ་ཤལ་ལྡེབ་ ༣༩ རྩེ་ལེ་གོང་འོག་གྲྭ་ཚང་དགོན་གསུམ་པོ་རྣམས་ཀྱི་བསྟན་པ་ཇི་ལྟར་བཙུགས་པའི་ལོ་རྒྱུས་ལྡེབ། ༣༦ རྗེ་བཙུན་དམ་པ་རྫོགས་ཆེན་པ་བསོད་ནམས་དབང་པོའི་རྣམ་ཐར་མདོར་བསྡུས་ལྡེབ། ༡༡ རིག་འཛིན་འཇའ་ཚོན་སྙིང་པོའི་སྐུ་ཚེ་མཇུག་གི་རྣམ་ཐར་


TR001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུས་ངོ་མཚར་སྣང་བྱེད་ལྡེབ་ ༡༥ སྲོག་ཆགས་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད་ཡིད་འོང་པདྨ་དཀར་པོ་ལྡེབ་ ༢༠ རྟའི་རྒྱལ་པོ་བཱ་ལ་ཧའི་རྟོགས་བརྗོད་ལེགས་བཤད་ཆོས་ཀྱི་རྔ་སྒྲ་ལྡེབ། མཆོག་དམན་གྱི་སྐྱེས་བུ་རྣམས་ལ་ཞུ་ཡིག་ཕུལ་བའི་ཚོགས་ལྷག་བསམ་ངོ་མཚར་སྤྲིན་གྱི་སྐྱེད་ཚལ་ལྡེབ། ༥༨ བཅས་བཞུགས། །

སྙིགས་དུས་ཀྱི་བླ་མའི་གཟུགས་བརྙན་འཛིན་འས་རང་གི་མཚན་ཉིད་ཇི་ལྟ་བར་བརྗོད་པ་དྲང་པོའི་ས་བོན།


TR001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྙིགས་དུས་ཀྱི་བླ་མའི་གཟུགས་བརྙན་འཛིན་འས་རང་གི་མཚན་ཉིད་ཇི་ལྟ་བར་བརྗོད་པ་དྲང་པོའི་ས་བོན་ཅེས་བྱས་བ་བཞུགས་སོ།


TR001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭ་བྷྱ། །ཆོས་དབྱིངས་མཁའ་ལ་ཐུགས་རྗེའི་འོད་སྟོང་ཕྱོགས་མེད་འཕྲོ། །མཐའ་ཡས་འགྲོ་བ་ངན་གྲོའི་གཡང་སར་འཁྱམས་པ་རྣམས། །ཐུགས་རྗེའི་རོལ་གར་མཛད་ཕྲིན་དཔག་ཡས་འོད་ཟེར་གྱིས། །སྣང་བས་ཁྱབ་མཛད་ཀུན་བཟང་རྡོར་འཆང་སྤྱི་བོས་མཆོད། །བསྐལ་མང་གྲངས་མེད་སྔོན་ནས་སེམས་བསྐྱེད་ཅིང༌། །ཁམས་གསུམ་འཁོར་བའི་འགྲོ་བ་བསྒྲལ་སླད་དུ། །དཀའ་བའི་སྤྱོད་པ་དཔག་མེད་ལྷུར་བླངས་ནས། །འགྲོ་ལ་ཕན་བདེ་སྩོལ་མཛད་ཐུགས་རྗེ་ཅན། །རྒྱལ་དང་རྒྱལ་སྲས་


TR001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སམས་འཕགས་ཚོགས་ལ། །མི་ཕྱེད་དད་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །བསོད་ནམས་ཆུ་གཏེར་དབུས་ནས་ལེགས་འོངས་ཤིང༌། །ཟབ་རྒྱས་བདུད་རྩིའི་འཕྲེང་བས་རབ་མཛེས་ཀླུབས། །སྨིན་གྲོལ་ལེགས་བཤད་གདེངས་ཀ་མངོན་མཐོ་བའི། །རྩ་རྒྱུད་བླ་མའི་ཚོགས་ལ་སྙིང་ནས་འདུད། །འགྲོ་བའི་ཁམས་ཀུན་བདེ་གཤེགས་སྙིང་པོས་ཁྱབ། །རབ་འབྱམས་ཞིང་ཀུན་རྒྱལ་བའི་ཕྲིན་ལས་ཉིད། །སྣང་གྲགས་ཡེ་ནས་ཆོས་ཉིད་རྣམ་རོལ་འཕྲུལ། །ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ལ་ཕྱག་འཚལ། །སྙིགས་དུས་སྐྱེ་བོ་རྨོངས་པ་བདག་ལྟ་བུ། །ཐོས་བསམ་སྒོམ་པའི་


TR001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་གྱི་རབ་དབེན་ཞིང༌། །འཆད་རྩོད་རྩོམ་པའི་ནུས་པ་ལྟ་ཞོག་གི །སྐྱེ་བོ་ཕལ་པའི་རྣར་སྙན་ཚིག་ཙམ་ཡང༌། །བརྗོད་པར་ནུས་པའི་རྣམ་དཔྱོད་མེད་མོད་ཅིང༌། །ཐོག་མེད་དུས་ནས་བག་ཆགས་ངན་གོམས་ཤུགས། །འཁྲུལ་པའི་རྒྱ་མཚོ་རྣམ་རྟོག་རྦ་རླབས་དང༌། །ཉོན་མོངས་དབུ་བའི་ཕུང་པོ་འཁྲིགས་པ་ལས། །བྱུང་བའི་ཅལ་ཅོལ་གཏམ་རྣམས་ཡི་གེ་རུ། །བྲིས་ཀྱང་དོན་གྱི་སྙིང་པོ་ཅང་མཆིས་སམ། །ད་དུས་འགྲོ་བ་ཕལ་ཆེར་ཉོན་མོངས་རག །སངས་རྒྱས་བྱང་སེམས་གྲུབ་མཆོག་སྐྱེས་བུ་དང༌། །ཆོས་རྒྱལ་བྱང་སེམས་མཛད་སྤྱོད་རྣམ་ཐར་ལའང༌། །གུས་པས་འཆད་ཉན་བལྟ་རྟོག་མི་བྱེད་པར། །ཆོས་དང་གང་ཟག་ཡ་བྲལ་དུས་འདི་འདྲར། །བདག་འདྲས་སྨྲས་ཀྱང་ངལ་བ་དོན་མེད་ལས། །ཕན་པའི་དོན་དུ་ཇི་ལྟར་འགྱུར་ཞིག་གུ། །འོན་ཀྱང་བསྐུལ་བ་པོ་ཡི་བཞེད་སྐོང་ཕྱིར། །རང་གི་ཚུལ་རྣམས་དྲང་པོར་བརྗོད་པ་འདི། །མཁས་པའི་སྤྱན་སྔར་


TR001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྲིམ་པ་མེད་ནའང༌། །ཅུང་ཟད་སྨྲས་ལ་བཟོད་པར་མཛད་དུ་གསོལ། དེ་ཡང་ལོངས་སྤྱོད་རྫོགས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་ལྷུང་བཟེད་ཀྱི་ནང༌། སྤོས་ཆུའི་རྒྱ་མཚོ་ལས་མངོན་པར་བྱུང་བའི་པདྨ་ཉི་ཤུ་རྩ་ལྔ་བརྩེགས་པའི་ཁྱོན་ཀུན་ཞིང་ཁམས་ཀྱིས་བརྒྱན་པ་ལས། མཆོག་ཏུ་གྱུར་པ་གསང་ཆེན་རྡོ་རྗེ་ཐེག་པའི་གནས། བཅུ་གསུམ་པ་མི་མཇེད་ཀྱི་ཞིང་འདི་ཉིད་ལས། དབུས་ཀྱི་རི་བོ་མཆོག་རབ་ཀྱི་ལྷོ། འཛམ་གླིང་སོག་ཁ་ཤིང་རྟའི་དབྱིབས་ཅན་གྱི་དབུས་མ་གྷ་དྷ་རྡོ་རྗེ་གདན་ཞེས་བྱ་བ་ཤཱཀྱའི་དབང་པོ་མངོན་པར་བྱང་ཆུབ་པའི་བསྟི་གནས་དམ་པ་དེ་ཉིད་ལས། དཔག་ཚད་བརྒྱ་ལྷག་བྱང་ཕྱོགས་སུ་བགྲོད་པའི་ཡུལ། གངས་རིའི་ཕྲེང་བས་མངོན་པར་དཀྲིགས་པའི་ཡུལ་ལྗོངས་བོད་ཅེས་བྱ་བ་འདི་ཉིད་དུ་འོད་གསལ་གྱི་ལྷ་ལས་བབས་པའི་རྒྱལ་རྒྱུད་རིམ་བཞིན་བྱོན་པའི་ནང་ནས། ཐུགས་རྗེའི་


TR001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བཞེངས་ནས་འགྲོ་བའི་དོན་མཛད་པའི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཕྲིན་ལས་ཀྱི་རོལ་པ་མངོན་པར་བསྟན་པའི་དུས་ན། ཆོས་བློན་ཆེན་པོ་ཐོན་མི་སམ་བྷོ་ཊ་ཞེས་བྱ་བ། ལུགས་གཉིས་ཀྱི་མཁྱེན་རབ་ཟླ་མེད་དུ་མཆིས་པས། རྒྱལ་པོས་རྒྱ་གར་དུ་བརྫངས་ཤིང་མཁས་པ་ལི་བྱིན་ལ་སོགས་པ་དགེ་བའི་བཤེས་གཉེན་མང་ཞིག་གིས་རྗེས་སུ་བཟུང་ནས། སྒྲ་དང་ཡི་གེའི་རིག་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ། སླར་ལོག་ནས་བོད་དུ་ཡི་གེའི་བསྟན་པ་དར་བར་བྱས་ཞིང༌། དཀོན་མཆོག་སྤྲིན་དང་པདྨ་དཀར་པོ་ལ་སོགས་པའི་དམ་ཆོས་མང་དུ་བསྒྱུར། ཤེས་རབ་ཀྱི་སྟོབས་རྩལ་མཐའ་ཡས་པའི་སྒོ་ནས་འགྲོ་བ་རྣམས་ལ་ཕན་པ་རྒྱ་ཆེར་མཛད་ཅིང༌། རྒྱལ་པོ་ཉིད་ཀྱི་ཕྲིན་ལས་པར་གྱུར་པ་སྟེ། བདག་དེའི་ཚེ་དེའི་དུས་ན། ཆོས་བློན་དེ་ཉིད་དུ་གྱུར་ཏོ་ཞེས། རིག་འཛིན་གྱི་གཏེར་སྟོན་ཆེན་པོ་འཇའ་


TR001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྙིང་པོས་བཀའ་བསྩལ་ཞིང༌། གཞན་ཡང༌། བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོར་གྱུར་ནས་བཀའི་སྡུ་བ་པོ་བྱས་ཤིང་བསྟན་པའི་སྲོག་ཤིང་དམ་པར་གྱུར་པ་དང༌། བོད་ཀྱི་བསྟན་པ་སྔ་དར་གྱི་ཚེ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནར་གྱུར་ནས་སྤྱིར་སྡེ་སྣོད་རྒྱུད་སྡེ་མང་པོ་དང་ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་བའི་ཚུལ་དང༌། གཞན་ཡང་༧རྗེ་བཙུན་ས་སྐྱ་པཎ་ཆེན་གྲུབ་ཆེན་ཁྱུང་པོ་རྣལ་འབྱོར། གཏེར་སྟོན་རྡོ་རྗེ་གླིང་པ། སྤྲུལ་སྐུ་མཆོག་ལྡན་མགོན་པོ། གཏེར་སྟོན་ཀུན་སྐྱོང་གླིང་པ་ལ་སོགས་པ་མཁས་གྲུབ་སྐྱེས་ཆེན་དམ་པ་མང་པོ་ཞིག་གི་སྐྱེ་བ་དང་སྤྲུལ་པ་ཁྱོད་ཡིན་པས། སེམས་ཅན་གྱི་དོན་ལ་བློ་རྒྱ་བསྐྱེད་པར་གྱིས་ཤིག་ཅེས། བདག་ལ་བཀའ་ཡི་ནན་ཐུག་ཡང་ཡང་མཛད་ཅིང་མཆིས་ནའང༌། བདག་ལྟ་བུ་ནི་ཐོག་མ་མེད་པ་ནས་བསགས་སྦྱང་གི་ནུས་པ་དམན་པའི་དབང་གིས། ད་


TR001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ལྟའི་བར་དུ་འཁོར་བའི་འཁྲུལ་འཁོར་ཟོ་ཆུའི་འཁྱུད་མོ་ལྟ་བུའི་ཀློང་ན་རྒྱུན་དུ་འཁྱམ་ཞིང༌། ཐོས་བསམ་སྒོམ་སོགས་ཀྱི་སྦྱངས་ཡོན་དང་སྤངས་རྟོགས་ཀྱི་འབྲས་བུ་ནི་སྒོ་དུ་མ་ནས་རབ་ཏུ་དམན་པ་ལས་ཀྱང༌། ཉོན་མོངས་ཀྱི་འཆིང་བ་དམ་པོས་རྟག་ཏུ་བཅིངས་ཏེ་འཁྲུལ་པ་ལུ་གུ་རྒྱུད་ཀྱི་རྗེས་སུ་འབྲངས་ཤིང་ཉིན་མཚན་ཀུན་ཏུ་ལེ་ལོ་རྣམ་གཡེང་གིས་དུས་འདའ་བ་འདི་ལྟ་བུ་ནི་སྐྱེས་ཆེན་དམ་པ་དེ་དག་གི་སྐྱེ་བར་ཅི་ཞིག་རུང་མོད་ཀྱི། འདི་ནི་ངེས་པར་བདག་ལ་དགེ་སྦྱོར་ལ་བསྐུལ་ཞིང་སྤྲོ་བ་བསྐྱེད་པའི་ཕྱིར་གསུངས་པར་གོར་མ་ཆགས་སྙམ་མོ། རིང་ནས་གོམས་ཤིང་སྦྱངས་པས་ལེགས་བཤད་ཀྱིས། །སྐལ་ལྡན་ཐར་གླིང་འཁྲིད་མཁས་དེད་དཔོན་མཆོག སྐྱེས་མཆོག་མི་ཡི་སེངྒེ་དེ་རྣམས་ནི། །གངས་ཅན་མུན་སེལ་སྒྲོན་མེར་ལེགས་གྱུར་མོད། །རྒྱལ་སྲས་དམ་པའི་རྨད་བྱུང་མཛད་ཕྲིན་ནི། །སེ་གོལ་ཡུན་ལའང་སྟོང་གསུམ་བྱེ་ཕྲག་བརྒྱར། །


TR001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲོལ་དུ་མས་འགྲོ་བ་སྒྲོལ་ནུས་པའི། །མཁྱེན་བརྩེའི་གཏིང་མཐའ་དཔོག་པར་སུ་ཡིས་ནུས། །མ་རིག་མུན་པར་འཁྱམས་པ་བདག་འདྲའི་རིགས། །གཞན་དོན་ལྟ་ཞོག་རང་གི་མདུན་མ་ཡང༌། །ལས་རླུང་ཤུགས་ཀྱིས་གར་བསྐྱོད་མ་གཏོགས་པ། །འདི་ལྟར་བྱ་ཞེས་རང་དབང་མ་ཐོབ་པའི། །ཉམས་ཆུང་འདི་འདྲའི་ཚེ་རབས་གོང་མ་ནི། །བླུན་རྨོངས་བྱོལ་སོང་ལས་གཞན་འོས་ཅི་ཞིག །འོན་ཀྱང་རྒྱལ་བ་རྣམས་ཀྱི་མཛད་པ་ལ། །མི་སྲིད་པ་ནི་གང་ཡང་མེད་པ་སྟེ། །ཤཱཀྱའི་དབང་པོ་བྱང་ཆུབ་སྤྱོད་པའི་ཚེ། །ཉ་སོགས་དུད་འགྲོའི་ཚུལ་དུའང་སྣང་བར་འགྱུར། །ཇི་ལྟར་ནགས་ན་གནས་པའི་བྱ་ཚོགས་དག རང་འདྲའི་རིགས་མཐུན་རྣམས་ལ་དགའ་བྱེད་ཅིང༌། །ཤེས་ལྡན་མི་ལ་ལོག་ལྟས་འབྲོས་བྱེད་བཞིན། །མ་རིག་མུན་པས་ལྡོངས་པའི་སྐྱེ་བོ་རྣམས། །སྐུ་དངོས་ཀྱིས་ནི་འདུལ་བའི་སྐལ་མེད་ཚེ། །རིགས་མཐུན་


TR001_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་སྤྲུལ་ཡིན་པར་རློམ་ན་རུང༌། །གདོད་མའི་མགོན་པོ་ཆོས་སྐུ་མན་ཆད་ནས། །འཇག་མིག་གནས་པའི་སྲིན་འབུ་ཡོན་ཆད་ཀུན། །བདེ་གཤེགས་སྙིང་པོར་ཡེ་ནས་གཅིག་པ་ཡིན། །མདོ་རྒྱུད་ལུང་ལ་རྟེན་པར་རུང་ངམ་ཅི། ཡང༌། བདག་གི་སྐྱེ་བ་འདི་ཡི་གོང་མ་ནི་མཚུངས་མེད་བསྟན་འཛིན་རྡོ་རྗེ་དེ་ཉིད་ཡིན་པར་གྲགས་པ་སྟེ། དེ་ཡང་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་སྤྲུལ་པ། ཕ་སྒོམ་པ་སངས་རྒྱས་ཞེས་བྱ་བ་དེ་ཉིད་ཤམ་པོའི་གངས་ལ་སྒྲུབ་པ་མཛད་ཅིང་བཞུགས་པའི་ཚེ། གུ་རུ་པདྨ་ཉིད་ཁྱེའུ་ལོ་བརྒྱད་པའི་གཟུགས་སུ་སྤྲུལ་བས་ལུང་བསྟན་པ་ལ་བརྟེན་ནས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་བྱོན་སྟེ། མཆིམས་ཡུལ་ང་ལ་ཞེས་བྱ་བའི་རི་རྩེར་བབས་ནས་བཞུགས་ཤིང༌། ང་ལ་བྲག་བཙན་དམ་ལ་བཏགས་ཏེ་རི་སྟེང་གི་དགོན་པ་འདེབས་པར་མཛད། དེ་ཉིད་ཀྱི་མཐུན་རྐྱེན་ལ་དགོངས་པའི་ཞིང་མོ་ཆེ་ཞེས་བྱ་བ་ཞིག་ཡོད་པས་


TR001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ང་ལ་བྲག་བཙན་ལ། ཞིང་འདི་ནི་ནམ་འདེབས་པའི་ཆར་པ་རེ་ཡོང་བ་གྱིས་གསུངས་པ་ལ་བརྟེན། ད་ལྟ་ཡང་ཞིང་དེ་ནི་ནམ་འདེབས་ཀྱང་ཁ་ཆར་ངེས་པར་འབབ་པའི་ཡ་མཚན་ཀྱང་ཡོད་ཅིང༌། སྒོམ་པ་སངས་རྒྱས་དེ་གཉིས་ཀྱི་གདུང་རབས་ཡན་ཆད་ཀྱི་རིམ་པར་བྱོན་པ་ཐམས་ཅད་ཀྱང་འགྲོ་དོན་རླབས་ཆེན་ནུས་པ་ཤ་སྟག་བྱོན་ཞིང༌། སྒོམ་པ་སངས་རྒྱས་ཀྱི་སྲས་ནི་པདྨ་ལས་འབྲེལ་རྩལ་གྱི་སློབ་མ་བློ་གྲོས་རྒྱལ་མཚན། དེའི་སྲས་ཆོས་རྗེ་བྱང་ཆུབ་རིན་ཆེན། དེ་སྲས་མཚུངས་མེད་རིན་ཆེན་རྒྱ་མཚོ། དེའི་སྲས་གསུམ་ཡོད་པ་ལས་བླ་མ་དབང་ཕྱུག་རྒྱ་མཚོའི་སྲས་སུ་མཚུངས་མེད་བསྟན་འཛིན་རྡོ་རྗེ་འདི་ཉིད་འཁྲུངས། དབང་ཕྱུག་རྒྱ་མཚོའི་སྲས་ཆེ་བ་ངག་དབང་ཆོས་ཀྱི་རྒྱལ་པོ། དེའི་སྲས་བླ་མ་ངག་དབང་གྲགས་པ། དེའི་སྲས་བླ་མ་ཚེ་བརྟན་སོགས་འདི་དག་ཡིན་ནོ། མཆན། གདུང་རབས་དྲུག་པའི་ཐོག་ཏུ་བྱོན་པའི་དམ་པ་འདི་ཉིད། སྐུ་གཞོན་ནུའི་ཚེ་ཆུ་སྤྲུལ་དུ་འཁྲུངས་ནས་དགུང་ལོ་བཅུ་གཉིས་ལ། ས་ལུགས་ཀྱི་གྲྭ་ས་གཅིག་ཏུ་བྱོན་ནས། དབུ་མཛད་


TR001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྒྱུ་མཚན་ཉིད་ཀྱི་ཐོག་པའི་གནས་མཐའ་དག་ལ་མཁས་པར་མཛད། སླར་སྔོན་གྱི་སྨོན་ལམ་གྱིས་རྒྱུད་བསྐུལ་བས། དྭགས་པོ་རྩེ་ལེ་གསང་སྔགས་ཀྱི་ཕོ་བྲང་དུ་རིག་འཛིན་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བ་དང༌། དེ་སྲས་དཔལ་ཨོ་རྒྱན་བསྟན་འཛིན་ཞེས་བྱ་བ། གཡུ་སྒྲ་སྙིང་པོའི་སྐྱེ་བ་འགྲན་ཟླ་མེད་པའི་མཁས་གྲུབ་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་དགུང་ལོ་བཅུ་བདུན་ལ། མཆན། བྱོན་ནས། ནོར་བཟང་དང་རྟག་ཏུ་ངུ་ལྟ་བུའི་དགེ་བའི་བཤེས་གཉེན་ལ་བསྐུར་བསྟིའི་བྱ་བ་ལ་ཉིན་མཚན་དུས་རྣམས་ཀུན་ཏུ་ངལ་བ་མེད་པར་མཛད་ཅིང་བླ་མ་མཉེས་པར་བྱས་ཏེ། བཀའ་མདོ་རྒྱུད་ལུང་མན་ངག་དཔག་ཏུ་མེད་པ་དང༌། ཁྱད་པར་གསང་སྔགས་སྔ་འགྱུར་གྱི་གདམས་པ་བཀའ་གཏེར་མཐའ་དག་ལ་སྒྲོ་འདོགས་ཆོད་པར་འགྱུར། དཔལ་ཨོ་རྒྱན་བསྟན་འཛིན་དེ་ཉིད་ལ་བུ་སློབ་དགེ་བའི་བཤེས་གཉེན་ཆེན་པོ་གྲངས་ལས་འདས་པ་ཡོད་ནའང༌། དམ་པ་འདི་ཉིད་ཁོ་ན་ལ་དགོངས་རྩི་གཏོད་པར་མཛད་ཅིང༌། ཁྱད་


TR001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསང་སྔགས་རྙིང་མ་ལ་དགེ་འདུན་གྱི་སྡེ་ཚོགས་དཀོན་པར་འདུག་པས། ཁྱེད་རྣམས་ཀྱི་མདོ་སྔགས་ཟུང་འབྲེལ་གྱི་སྒོ་ནས་སྔ་འགྱུར་གྱི་བསྟན་པ་ལ་ཕན་པ་ཞིག་གྱིས་ཅེས་བཀའ་སྩལ་ཞིང༌། སྨིན་གྲོལ་སྐྱེད་རྫོགས་གླིང་གི་ཆོས་སྡེ་གཙུགས་ནས་དེའི་དབུ་མཛད་དུ་བཀོས། སླར་ཡོངས་འཛིན་དམ་པ་ཨོ་རྒྱན་བསྟན་འཛིན་དེ་ཉིད་ཞིང་གཞན་དུ་གཤེགས་པའི་རྗེས་སུ་གྲྭ་ཚང་ཉིད་དུ་གང་ཡོད་རྣམས་ཀྱིས་༼དགུང་ལོ་ཉེར་བརྒྱད། མཆན།༽ཀོང་ཕྱོགས་སུ་ཕྱིན་ཏེ་དཔལ་རྣམ་ཐོས་ཀྱི་རི་བོར་རྗེ་ཐམས་ཅད་མཁྱེན་པ་གཙུག་ལག་འཕྲེང་བའི་སྒར་འདབས་སུ་ཡོད་སྐབས། གྲྭ་ཚང་གི་བླ་མ་མཁྱེན་རབ་རྣམ་རྒྱལ་ཞེས་པའི་བྱང་ཆུབ་སེམས་དཔའ་ཞིག་ཡོད་པ་སྐུ་མ་འཚོ་བའི་ཚེ། རྗེ་གཙུག་ལག་ཕྲེང་བས། དམ་པ་འདི་ཉིད་གྲྭ་ཚང་གི་བླ་མར་བཀོད་བར་མཛད་ཅིང༌། ལྟ་བ་ཡུལ་གྱི་རྒྱ་བདག་སོགས་ཡོན་བདག་ཏུ་སྦྱོར་བ་གནང་ནས། །ལུགས་གཉིས་ཀ་ནས་བཀའ་དྲིན་ཟླ་མེད་དུ་བསྐྱངས་བར་འགྱུར་


TR001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སླར་རིམ་གྱིས་དཔོན་བསམ་འཕེལ་དོན་འགྲུབ་སོགས་ཀྱིས་ཐང་འབྲོག་གི་དགོན་གཞིས་ཕུལ་བ་ལ་བརྟེན་ནས། སོ་གཅིག་པ་ལ། མཆན། བླ་བྲང་དང་ཤག་སྒོར་སོགས་བཟོས་ཤིང་གྲྭ་ཚང་གི་རྟེན་གཞི་ལེགས་པར་གྲུབ། དཔལ་ཨོ་རྒྱན་བསྟན་འཛིན་གྱི་སྐུ་སྐྱེ་བ་ཕྱི་མ་གདན་དྲངས་ནས་གྲྭ་ཚང་གཙུག་རྒྱན་དུ་མངའ་གསོལ་བས་ཕྲིན་ལས་ཀྱི་སྒོ་ཉི་མ་ཤར་བ་ལྟ་བུས་སྔ་འགྱུར་གྱི་བསྟན་པའི་སྒྲོན་མེ་གཅིག་པུ་པར་གྱུར། དེ་དག་གི་སྐབས་སུ་ཀོང་བཙུན་དེ་མོ་མནལ་ལམ་དུ་ཡང་ཡང་བྱུང་ནས་ཕྲིན་ལས་བསྒྲུབ་པར་ཁས་བླངས་བ་མང་དུ་བྱུང་རུང༌། རྨི་ལམ་འཁྲུལ་པའི་འཆར་སྒོ་ལ་སྙིང་པོ་མེད་པར་དགོངས་པས་ཇི་མི་སྙམ་པའི་ངང་དུ་བཞུགས་ཀྱང་གདོང་གྲོགས་བྱེད་པའི་རྟགས་མཚན་ནི་རྒྱུན་དུ་བྱུང༌། ལོང་ཞེ་བདུན་ལ། མཆན། པོ་བདེ་ཆེན་དགོན་དུའང་དགེ་འདུན་གྱི་སྡེ་དང༌། གནས་ལྔ་ལ། མཆན། ཆེན་ཆུ་བོ་གཡས་འཁྱིལ་དུ་སྙིང་པོའི་དོན་ལ་སྤྱོད་པའི་སྒྲུབ་གྲྭ་ཡང་རྒྱ་ཆེར་འཇུག་པར་མཛད། དེ་དག་གི་སྐབས་འགའ་ཞིག་ཏུ་


TR001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རིགས་ཀྱི་སྐྱེ་བོ་མ་རུངས་པ་དག་གིས་སྔ་འགྱུར་སྙིང་པོའི་བསྟན་པ་ལ་ཕྲག་དོག་གིས་ཀུན་ནས་བླངས་པས་མི་འཚམས་པའི་སྤྱོད་པ་དུ་མའི་སྒོ་ནས་བར་ཆད་བརྩམས་ཀྱང༌། བྱམས་སྙིང་རྗེས་ཀུན་ནས་བླངས་ཏེ་རང་སར་ཞི་བར་མཛད། འགའ་ཞིག་ལ་ནི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་ཆོས་སྐྱོང་གནད་ནས་བསྐུལ་ཞིང་བྲན་ཏུ་བཀོལ་བས། ལོག་པར་འདྲེན་པ་རྣམས་ཚར་གཅོད་རྗེས་འཛིན་གྱི་བརྟུལ་ཞུགས་ཀྱིས་ཀྱང་འདུལ་བར་མཛད་པ་སྟེ། མདོར་ན་རྗེ་བརྩུན་མི་ཏྲ་ཛོ་གིས་རྡོ་རྗེ་གདན་དུ་གར་ལོག་གི་དམག་དཔུང་བཟློག་པའི་མཛད་པ་དང་རྗེས་སུ་མཐུན་པའི་སྒོ་ནས་འབྲེལ་ཚད་དོན་ལྡན་དུ་མཛད། སྣོད་ལྡན་གྱི་གདུལ་བྱ་རྣམས་ལ། སྨིན་བྱེད་ཀྱི་སྒྲུབ་དབང་དང་གྲོལ་བྱེད་ཀྱི་ཟབ་ཁྲིད་ལ་སོགས་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ནི་རྟག་པ་རྒྱུན་གྱི་འཁོར་ལོར་སྩལ་ཞིང༌། དེ་དག་གི་སྐབས་རྣམས་སུ་གུ་རུ་


TR001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བརྒྱད་ལ་སོགས་པའི་ཡི་དམ་གྱི་ལྷ་ཚོགས་ཞལ་གཟིགས་པ་དང༌། མནལ་ལམ་དག་སྣང་ལ་རྔ་ཡབ་གླིང་དུ་བྱོན་ནས་ཟངས་མདོག་དཔལ་རིའི་པདྨ་འོད་ཀྱི་ཕོ་བྲང་ལ་བསྐོར་བ་མཛད་པ་སོགས་དག་པའི་གཟིགས་པ་ནི་མཐའ་ཡས། དུས་དང་རྣམ་པ་ཀུན་ཏུ་སྐུ་ལ་ཆོས་གོས་རྣམ་གསུམ་འབྲལ་མེད། གསུང་ཡི་དམ་གྱི་བཟླས་བརྗོད། ཐུགས་སྟོང་ཉིད་སྙིང་རྗེ་སོགས་མདོ་སྔགས་ཟུང་འཇུག་གི་ཉམས་བཞེས་དང་མཛད་བཟང་གི་སྤྱན་ལྟོས་ནི་གཞན་ལས་ཁྱད་པར་འཕགས་ཤིང་སྐུ་འཁོར་དུ་འཁོད་པ་ཐམས་ཅད་ཀྱང་སྡོམ་གསུམ་རྣམ་པར་དག་ཅིང་སྦྱངས་ཡོན་ཕུན་སུམ་ཚོགས་པའི་དགེ་སྦྱོང་ཤ་སྟག་ཏུ་འགྱུར་བའི་ཐུགས་རྗེ་དང་ལྡན་པ་སྟེ་སྐྱེས་བུ་དམ་པའི་མཚན་ཉིད་མཐའ་དག་དང་ལྡན། སྐུ་ཚེའི་སྨད་དུ་ཕལ་ཆེར་སྒྲུབ་པ་ལ་བཞུགས་ཤིང༌། ཞལ་ནས་ཀྱང་ཁོ་བོའི་བསམ་པ་ཐམས་ཅད་ཆོས་མཐུན་དུ་འགྲུབ་ཅིང༌། ད་ནི་ཚེ་ཡི་ཚད་ཀྱང་མཐར་ཕྱིན་པས། ལོ་ཆེན་རིན་ཆེན་བཟང་པོའི་སྐུ་ཚེའི་སྨད་ཀྱི་མཛད་པ་ལ་ཡིད་སྨོན་དུ་


TR001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པ་ཡིན་ཞེས་ཀྱང་གསུངས་ཞིང༌། དགོངས་བཞེད་མཐའ་དག་འགྲུབ་ཅིང་དགུང་ལོ་དོན་གསུམ་གྱི་བར་དུ་མཛད་པ་མཐར་ཕྱིན་ཏེ། སྐུ་མྱ་ངན་ལས་འདའ་ཁར་དད་ལྡན་འགའ་ཞིག་ལ། ངའི་སྐྱེ་བ་ཕྱི་མ་ནི་ཡུལ་ཕྱོགས་ཐ་འཁོབ་བཀྲེས་ཤིག་ཏུ་སྐྱེ་བར་འདུག་གོ ཞེས་ཡང་ཡང་གསུངས་པ་ལ་བརྟེན། སྐུའི་སྐྱེ་བ་བདག་ཡིན་པར་གྲགས་པ་ལས། དམ་པ་དེ་དག་གི་ཡོན་ཏན་དང་མཛད་པ་ནི་སྐྲ་རྩེའི་ཁྱོན་ཙམ་ཡང་བདག་འདྲས་རྗེས་སུ་སྙེགས་པ་མ་མཆིས་སོ། །དམ་པ་དེ་ཉིད་ལ་ཨོ་རྒྱན་རིན་པོ་ཆེས་ལུང་བསྟན་པ་ཡང༌། ཐར་པ་གླིང་གི་གནས་ཡིག་ལས། །བཻ་རོ་ཙ་ནའི་སྤྲུལ་པ་སྙིང་སྟོབས་ཅན། །རྫོགས་ཆེན་ཨ་ཏི་རྟོགས་པའི་རྣལ་འབྱོར་པ། །ཉན་ཐོས་ཚུལ་གྱི་མཐུ་སྟོབས་ཅན། །སྦྲང་ཚང་ལྟ་བུའི་དགོན་གྲྭ་འདེབས། །ཡི་དམ་སྙིང་པོ་རྒྱ་རྩ་བཟླས། །རྟ་མགྲིན་གསུང་ཡང་ཐོས་པ་འབྱུང༌། ཞེས་གསུངས་པ་དང་རྗེས་སུ་མཐུན་པར། གྲྭ་


TR001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་དང་སྒྲུབ་སྡེ་སོགས་དར་རྒྱས་སུ་མཛད་ཅིང༌། བླ་མ་གསང་བ་འདུས་པའི་སྒྲུབ་པ་ཆེན་མོ་མཛད་པའི་སྐབས་སུ། དཔལ་རྟ་མགྲིན་གྱི་རྟ་མགོས་རྟ་སྐད་རབ་ཏུ་འཚེར་བ་གསན་ཚེ། ཉིད་ཀྱི་ཐུགས་དགོངས་ལ། རྟ་སྐད་འདིས་འཛམ་གླིང་སུམ་གཉིས་ཙམ་དུ་ཐོས་ཡོད་ལས་ཆེ་སྙམ་པ་བྱུང་གསུངས་པར་སྣང་ངོ༌། ཨེ་མ། རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་དམ་བཅའ་ནི། །རི་རབ་རྡུལ་དུ་སིལ་ལའང་ངལ་བྲལ་ཞིང༌། །དམྱལ་མེར་ལན་བརྒྱར་ཞུགས་ལའང་མི་འཇིགས་པར། །འགྲོ་བ་སྒྲོལ་ལ་བརྩོན་མཛད་ལ་ལྟོས་ན། །འཁོར་བ་ད་དུང་མ་སྟོང་ཅི་ཞིག་གུ །དམ་པ་འདི་ལྟའི་རྣམ་པར་ཐར་པ་ནི། །བསགས་སྦྱངས་འབད་པས་འབྲས་བུ་ལེགས་སྨིན་ཀྱང༌། །རྒྱ་མཚོ་ཆུ་ཡི་ངོམས་པ་མེད་པ་བཞིན། །བླང་དོར་གནས་ལ་རྩེ་གཅིག་མཛད་པ་དེས། །བཀོད་པ་དུ་མས་བརྒྱན་པའི་ཞིང་དག་ཏུ། །འཕོ་དང་ལྷུམས་ཞུགས་བལྟམས་ཤིང་རོལ་རྩེད་དང༌། །མངོན་བྱུང་བྱང་ཆུབ་སྙིང་པོར་བདུད་སྡེ་གཞོམ།


TR001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

།སངས་རྒྱས་ཆོས་འཁོར་བསྐོར་བ་ལས་གཞན་པའི། །ཉོན་མོངས་མངལ་སྒོ་འགྲིམ་ཞིང་ཅི་ཕྱིར་བཞུགས། །འོན་ཏེ་འགྲོ་ཕན་སླད་དུ་སྐྱེ་བཞེས་ཀྱང༌། །འདོད་དགུར་བསྒྱུར་བའི་རྣམ་རོལ་ཅན་དག་ལས། །རང་གཞན་དོན་གཉིས་སྤྱོད་ལ་རྨོངས་པ་ཡི། །ཉམ་ཆུང་བདག་འདྲར་འགྱུར་བ་ཅང་སྲིད་དམ། །སྙིགས་མའི་ཡང་སྙིང་རྩོད་ལྡན་མཐར་ཐུག་ཅིང༌། །བསྟན་པའི་ཉི་མ་ནུབ་རིར་གཞོལ་དུས་འདིར། །ཐབས་མཁས་ཐུགས་རྗེ་ལྡན་པའི་སྐྱེས་བུའི་མཆོག །བྱམས་པའི་གོ་བགོས་སྙིང་རྗེའི་མཚོན་འཐོགས་ཤིང༌། །བརྩོན་འགྲུས་རྟ་ཞོན་སྨོན་འཇུག་རུ་དར་འཕྱར། །ཐོས་བསམ་སྒོམ་པའི་དཔུང་ཚོགས་མཐུ་ལྡན་གྱིས། །འཁོར་བའི་གཡུལ་ངོ་བཟློག་བྱེད་མ་གཏོགས་པའི། །བླ་མའི་གོ་ས་འཛིན་རྣམས་སྙིང་རྗེའི་གནས། །ལྟར་སྣང་མཛེས་པའི་འདུན་མ་བསྒྲུབ་བསྒྲུབ་ནས། །ཡང་དག་དོན་གྱི་འདུན་མ་སྟོར་ཉེན་


TR001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གདའ། །བདག་ཀྱང་ཆོས་ཀྱི་སྐལ་བ་དམན་པའི་མཐུས། །སྐུ་སྐྱེར་མིང་དུ་ཐོགས་པ་འདི་ཡིས་བསླུས། །བསླབ་སྦྱངས་ཡོན་ཏན་ནོར་རྫས་འཚོལ་ཕྱིར་ཙམ། །བྱ་བའི་ལས་ཀུན་བླུན་པོ་མགུ་བྱེད་ཉིད། །བཤད་པའི་ཆོས་ཀྱང་གེ་སར་སྒྲུངས་གཏམ་འདྲ། །འདི་འདྲའི་བླ་མས་རང་གཞན་སྨིན་འགྱུར་རམ། །ངེས་འབྱུང་བསམ་པ་འདུ་འཛིའི་གྲོག་གིས་བཅིངས། །དགེ་བློའི་མར་མེ་རྣམ་གཡེང་རླུང་གིས་བསྐྱོད། །ཟབ་མོའི་གདམས་པ་ཡིག་ཐོག་དཔེ་ལ་ལུས། །བྱེད་ལོའི་ཆོས་ཀྱི་མི་ཚེ་བུད་དེ་མཆིས། །ད་ནས་ཚེ་རབས་གར་སྐྱེ་ཀུན་ཏུ་ཡང༌། །རྙེད་འཚོལ་སྐྱེ་བོ་མགུ་བྱེད་སྐུ་སྐྱེས་དང༌། །ཀུན་ཕུང་ཚུལ་ཆོས་སྤྱོད་པའི་བླ་མ་དང༌། །རང་འདོད་ཆོས་བརྒྱད་མཁན་གྱི་བཤེས་གཉེན་སོགས། །བསྟན་པའི་ཞབས་འདྲེན་རྣམས་སུ་མ་གྱུར་ཅིག མི་མེད་ལུང་སྟོང་རྒྱལ་བས་བསྔགས་པའི་གནས། །འདུ་འཛི་ཆགས་སྡང་བྲལ་བའི་བསྟི་གནས་སུ། །ཚེ་འདི་བློས་


TR001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཐོངས་སྒྲུབ་པ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་ཡང་དག་འགྲུབ་པར་ཤོག ཚེ་རབས་སྔ་མའི་ཚུལ་ལས་འཕྲོས་པའི་ལེའུ་སྟེ་དང་པོའོ། །ད་ནི་སྐྱེ་བ་འདི་ཡི་བྱེད་སྤྱོད་ཀྱི་ཚུལ་བརྗོད་པ་ལ། ཡ་མཚན་ཞིང་ངོ་མཚར་བའི་རྣམ་ཐར་ནི་བདག་ལ་མ་མཆིས། ཐ་མལ་གྱི་སྤྱོད་པ་ཅི་བྱེད་ཐམས་ཅད་ཡི་གེར་བྲིས་ན་ནི། ས་གཞི་ལ་ཤོག་གུ་བྱས་ཤིང་ཕྱིའི་རྒྱ་མཚོ་ལ་སྣག་ཚ་བྱས་ཏེ་བྲིས་ཀྱང་མི་ལངས་ཤིང་ངལ་བའི་རྒྱུར་ཟད་མདོ་ཀྱང༌། བསྐུལ་བ་པོ་ཡི་ངོ་མི་བཟློག་ཕྱིར་རང་ཚུལ་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་བདག་སྐྱེ་བའི་ཡུལ་ནི། གུ་རུའི་སྦས་ཡུལ་དྭགས་པོ་ལུང་པའི་མཇུག ཀོང་ཡུལ་ཤིང་ལོའི་ཚལ་གྱི་འགོ མཁའ་སྤྱོད་དཔལ་གྱི་རྩྭ་རིའི་བྱང་ཕྱོགས། ཆུ་བོ་གསེར་ལྡན་རྦ་ཀློང་འཁྲུག་པའི་འགྲམ། སློབ་དཔོན་པདྨས་བྱིན་གྱིས་བརླབས་ཤིང༌། བླ་མ་དགོངས་པ་འདུས་པའི་རྩ་


TR001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྒྱུད་དྲུག་གཏེར་དུ་སྦས་པའི་སར་ཡིན་ཏེ། དེ་ཡང་དགོངས་འདུས་ཀྱི་ལོ་རྒྱུས་ཤེལ་འཕྲེང་ལས། འདི་དག་ནི་རྒྱ་རིམ་པ་བདུན་གྱིས་བཏབ་ནས། སྦས་པའི་ཡུལ་ཆུང་ངམ་དང་དུལ་ཞེས་བྱ་བའི་ལུང་པར། ཤར་ཕྱོགས་སུ་རི་ཁ་ཊྭཱོཾ་གདེངས་པ་ལྟ་བུ། ལྷོ་ཕྱོགས་ནི་སྲིན་པོ་ཁྲོས་པ་འདྲ་བ། ནུབ་ཕྱོགས་ནི་སོག་པོ་ཁྲོས་པ་འདྲ་བ། བྱང་ཕྱོགས་སུ་ཆུ་དར་དཀར་འཕྱར་བ་འདྲ་བའི་ལུང་པར། ནེལ་མའི་ལྗོངས་ཧ་ཅང་མི་ཆེ་བའི་དཀྱིལ་དུ། བྲག་གུ་རྟ་ཐོད་བཞག་པ་འདྲ་བའི་སྣ་ལ་སྦས་ཞིང་རྒྱས་བཏབ་སྟེ། ཞེས་སོགས་གསུངས་པའི་གཏེར་གནས་དེ་ཉིད་དང་ཉེ་བ་དུལ་ཞེས་བྱ་བའི་ཡུལ་དུ། ཨོ་རྒྱན་རིན་པོ་ཆེའི་སྒྲུབ་གནས་ཀྱི་མདུན་དུ། རྒྱལ་མེ་ཏོག་ཐང་ནས་ཆད་པའི་མི་རྒྱུད་ལས་བྱུང་བའི་ཕ་སྐྱབས་པ་དང་མ་རྟ་མགྲིན་བུ་ཁྲིད་གཉིས་ཀྱི་བུ་གཅིག་པུར་བདག་སྐྱེས་པ་ལགས་ཏེ། དེ་ཡང་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོས་གསུངས་ནས་


TR001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཕ་འདི་སྐྱེ་བ་སྔ་མ་ལྷའི་གནས་འཕོས་པ་ཡིན་ཞིང༌། མ་ནི་སྔོན་སྨན་མོའི་རིགས་ཞིག་ཏུ་སྐྱེས་པ་ཡིན་འདུག་ཅེས་གསུང་བ་ཐོས་ཤིང༌། ཕ་མ་གཉིས་ཀའང་རང་བཞིན་གྱིས་རྒྱུད་དྲང་ཞིང་དགེ་ལ་དགའ་བའི་རིགས་ཅན་དུ་གྱུར། དེ་ལ་བདག་ཐོག་མར་མའི་ཁོང་དུ་ཞུགས་དུས་མའི་རྨི་ལམ་ན། བླ་མ་བགྲེས་པོ་དབུ་སྐྲ་དཀར་པོ་ཅན། སྐུ་ལ་ཆོས་གོས་དམར་པོ་གསོལ་བ་ཆིབས་པ་དང་བཅས་པ་ཞིག་རང་གི་ཁྱིམ་དུ་བྱོན་པ་ཡང་ཡང་རྨིས་པ་ཕ་ལ་བཤད་པས། དེ་འདྲ་རྒྱལ་པོའི་ཆོ་འཕྲུལ་ལས་འོས་ཅི་ཡོད་ཟེར་ཀྱང༌། ཕྱིས་ཁྱེད་ལ་བལྟ་བར་འདུག་ཟེར། ཡང་བདག་ཉིད་ཁོང་དུ་ཡོད་པའི་དུས་ཞིག་དུ། མའི་རྨི་ལམ་དུ་ནམ་མཁའ་ནས་ཉི་མ་གསུམ་དུས་གཅིག་ཏུ་ཤར་བའི་གཡས་གཡོན་གཉིས་ཅུང་ཟད་འོད་ཆུང་ཞིང༌། དབུས་མ་དེ་འོད་རབ་ཏུ་འབར་བ་འཇའ་སྐོར་རིམ་པ་མང་


TR001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བསྐོར་བ་ཤར་བ་དང༌། ཡང་ལན་གཅིག་ཤིང་ཆེན་པོ་སྔར་མཐོང་མ་མྱོང་བ་གུང་ལ་རེག་པ་ཞིག་ལ་དར་ཅོག་དཔག་ཏུ་མེད་པ་གཙུགས་པ་གཅིག་གི་རྩ་བར་བསྡད་ནས། །ཤིང་སྡོང་འདི་ལས་ཆེ་བ་ལྷོ་ཛམ་བུ་གླིང་ན་མེད་བྱས་པ་རྨིས་ཟེར་བ་སོགས་རྨི་ལམ་མང་པོ་ཕྱིས་བདག་ལ་བཤད་བྱུང་རུང་གཏད་པ་མི་ཡོང་བསམ་ནས་བདག་གི་ཡིད་ལ་མ་བཞག དེ་ནས་ས་ཕོ་སྤྲེའུའི་ལོ། དུས་འཁོར་ལུགས་ཀྱི་སྟོན་ཐ་འབྲིང་པོའི་ཚེས་བཅུའི་ཉི་མ་རྩེ་ཤར་ལ་བདག་བཙས་པར་གདའ་ཞིང༌། བདག་གི་གོང་དུ་བྱིས་པ་གཅིག་གཉིས་མ་སོས་པའི་རྐྱེན་གྱིས་བདག་ཀྱང་འབྲུག་ལུགས་ཀྱི་གྲུབ་ཆེན་པ་ཤེས་རབ་དཔལ་བཟང་ཟེར་བ་ཞིག་གི་དྲུང་དུ་སྲོག་བཅོལ་གྱི་རྣམ་པ་བྱས་ཤིང་མིང་ཡང་ཤེས་རབ་ཏུ་བཏགས། བཤད་མི་ཤེས་པའི་དུས་ནས་གར་འདུག་ལྟ་སྟངས་ཀྱི་རྣམ་པ་བྱས་ནས་སྡོད་ཅིང༌། ཟས་ཟ་བའི་ཚེ་ཡང་ཅོག་རྩེའི་རྣམ་པ་ཤིང་


TR001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ལེབ་ལྟ་བུ་གཅིག་མདུན་དུ་མ་བཞགས་པ་ལ་ཟས་མི་ཟ་བ་བྱེད་འདུག་ཟེར། དེ་ནས་རིམ་གྱིས་བཤད་ཤེས་འཕྲལ་ནས་གཙང་པོ་མགོ་དགུར་འགྲོ་དགོས་ཡོད། དེར་ངའི་རྡོར་དྲིལ་ལ་སོགས་ཆས་མང་པོ་ཡོད་ཅིང༌། རྟ་དམར་པོ་གདོང་ལ་མར་གྱིས་བྱུགས་པ་ལྟ་བུ་གཅིག་ཀྱང་ཡོད་ཟེར་བ། ཆིབས་ནོར་བུ་རླུང་གཤོག་ལ་ཟེར་བ་ཡིན་པར་འདུག་ཅེས་ཕྱིས་གྲྭ་པ་རྣམས་ཀྱིས་གླེང་བ་མཐོང༌། ཆུང་ངུའི་དུས་ནས་ཟས་སྔོ་ངད་དང་དཀར་གྱི་རིགས་མ་གཏོགས་པ་ཤ་དམར་པོ་སོགས་མཐོང་ན་སྐྱུག་བྲོ་ཞེས་ཟེར་ཞིང་འབྲོས་པར་བྱེད། སྐབས་སུ་ཉིན་གུང་ཙམ་གྱི་ཚེ་ཕ་མ་ཡོད་སར་ལག་གཉིས་གདོང་ལ་དལ་བུས་འཕུར་ཞིང་སྙུག་བུད་པའི་ཚུལ་གྱིས། ཨེ་མ། གཙང་པོ་མགོ་དགུར་ཡིན་ན་ཉི་མ་ད་ཚོད་ཙམ་ལ་ཇ་འཐུང་རྒྱུ་ཡོད་པ་ཡིན་ཏེ་འདིར་མི་འདུག ཅེས་ཟེར་ཏེ། ཕ་མས་ནི་གཙང་པོ་མགོ་


TR001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཞེས་པ་གར་ཡོད་ཀྱང་མ་ཤེས་ཤིང་ཆ་མ་འཚལ། ཉིན་པར་ཐམས་ཅད་དུ་མི་མེད་པའི་སར་ཕྱིན་ནས་ལུས་ལྟ་སྟངས་དང་ལག་པ་མཉམ་བཞག་བྱས་ནས་སྡོད་པ་ལ་བརྟེན་ནས། མི་ཀུན་གྱི་འདི་སྒོམ་ཆེན་པ་བཟང་པོ་གཅིག་གི་སྐྱེ་བ་ཡིན་པ་འདྲ་ཞེས་གླེང༌། ཕ་མ་སོགས་ཞིང་ལས་ལ་འགྲོ་དུས་ལྷན་ཅིག་འཁྲིད་ཚེ། ང་ཞིང་ལ་མི་འགྲོ། འབུ་མང་པོ་གསད་ཡོང་ཟེར་ནས་འགོལ་བའི་སར་གཅིག་པུར་འདུག་པར་བྱེད། སྐབས་སུ་བྲག་གི་སྟེང་དུ་འདུག་ནས་བྱིས་པ་ཟླ་བོ་རྣམས་ལ་ཆོས་བཤད་པའི་ཚུལ་དང་དབང་བསྐུར་བའི་རྣམ་འགྱུར་ཁོ་ན་བྱེད་ཅིང༌། རོགས་གཞན་མེད་ཙ་ན་རྡོ་མང་པོ་སྒྲིགས་ནས་དབང་བསྐུར་བའི་ཚུལ་བྱེད། རྟག་ཏུ་འཁར་བ་ཞིག་འཐོགས་ཤིང་ན་སོ་རྒན་པོ་ཡིན་པའི་བག་ཆགས་ཤ་སྟག་དང༌། དགོན་པའི་དབྱིབས་དང་གྲྭ་པའི་མིག་སོགས། ང་ལ་གྲྭ་པ་དམ་ཆོས་གསུམ་ཡོད་དེ། དམ་ཆོས་དཔལ་བཟང༌། དམ་ཆོས་ཕུན་ཚོགས། དམ་ཆོས་བཤེས་གཉེན་དང་གསུམ། དཀོན་མཆོག་གསུམ་ཡོད་དེ། དཀོན་མཆོག་


TR001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ། དཀོན་མཆོག་བསྟན་འཛིན། དཀོན་མཆོག་བསྟན་འཕེལ་དང་གསུམ་ཡིན་ནོ། མཆན། བརྗོད་པ་ལ་ཕ་མས་བཀག་ཅིང་ཚེ་ལ་བར་ཆད་ཡོང་གི་དོགས་པའི་སེམས་འཕྲལ་གྱིས་གཞན་ལ་གསང༌། བན་དེ་མཐོང་ཚད་ལ་ང་བསུ་མཁན་ཡིན་ལས་ཆེ་ཟེར་ཞིང་རྒྱུགས། བདག་སྐྱེས་ནས་ལོ་ལྔ་ལོན་ཚེ་སྲིང་མོ་གཅིག་སྐྱེས་པ་དེ་ཉིད་ལོ་བཞི་ལོན་ནས་ཤི་བའི་རོ་ལ་འཇའི་གུར་ཁང་ཕུབ་པར་གྱུར། བདག་ནི་དུས་རྟག་ཏུ་དམ་པའི་ཆོས་ཁོ་ན་ལ་འགྲོ་རེངས་ཤིང༌། ཡུལ་མི་རྣམས་ཀྱིས་ཀྱང་ཕ་མ་ལ། བྱིས་པ་འདིས་ཁྱོད་གཉིས་ཀྱི་བུ་བྱེད་པ་མི་འདུག ཁོ་རང་ཆོས་ལ་མ་བཏང་ན་ཚེའི་བར་ཆད་ཡོང་ཉེན་ཡོད་པས་བཏང་བ་དྲག །ཅེས་ཟེར་ནའང་ཕ་མ་ནི། བུ་གཞན་མེད་པའི་སྟབས་ཀྱིས་སེམས་ལ་མ་རངས། དེ་ནས་བདག་ལོ་ལྔ་པའི་ཚེ། གྲྭ་ཚང་ནས་ཀྱང་མཚུངས་མེད་དེ་ཉིད་ཀྱི་ཕྱག་འཕྲེང་ལ་སོགས་པའི་སྐུ་ཆས་ཁྱེར་ནས་བརྟག་


TR001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱད་བྱེད་པར་སླེབས་ཚེ། ཆས་རྣམས་ལ་ངོས་འཛིན་གསལ་པོར་བྱུང་ཟེར་ཏེ་ཕྱིས་བདག་གིས་ནི་མ་དྲན། ཉིན་མཚན་མེད་པར་དགོན་པ་ཁོ་ན་ཡིད་ལ་བཅགས་ཤིང༌། ཁྱིམ་ཚང་ལ་བཙོན་ར་ལྟ་བུའི་འདུ་ཤེས་བྱུང་རུང་དབང་ནི་མེད། ཁོང་རྣམས་ཀྱི་འབོད་མཁན་ནི་རིམ་པ་བཞིན་སླེབས་ཀྱང་ཕ་མས་ནི་མ་བཏང༌། ལན་གཅིག་ཁོང་རྣམས་གྲོས་བྱེད་པར་ཉན་པས་ཆོས་ལ་མི་གཏོང་བར་གོ་ནས། བདག་བྲོས་ནས་ཕྱིན་ཏེ་ལུང་པའི་མདའ་ན་ཟམ་པ་ཡོད་སར་སླེབ་ཚེ། རང་གི་མེས་པོ་རྒན་པོ་རྗེས་སུ་སླེབས་ནས་བདག་པང་པས་བཏབ་ནས་ཁྱེར་ཏེ་ཡར་ལོག་པར་བརྩམས་ཚེ། བདག་གི་བསམ་པར་འོ་ན་ཅིས་ཀྱང་མི་གཏོང་ན་ཆུ་འདི་ལ་ཤི་ན་རུང་སྙམ་སྟེ་ལུས་སྟོབས་ཅི་ཡོད་ཀྱི་ཕྲ་ཤག་བྱས་ཏེ་ཟམ་ཁ་ནས་ལྷུང་བར་འདོད་ཀྱང་ཤེད་ཀྱིས་མ་འཁྱོངས་པར་ཨ་མེས་ཡར་ཁྱེར། ཁྱིམ་དུ་སླེབས་ནས་ཉིན་མཚན་མེད་པར་ངུ་ཞིང་ཟས་སྐོམ་ཡང་མི་འདོད་པར་ཕ་


TR001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཁྲོས་ཏེ་བསྡད་པས། དེ་ནས་ཕ་མས་ཀྱང་ད་འདི་མ་བཏང་ན་ལར་ནས་ཡོང་བ་མི་འདུག་པས་ཆོས་ལ་གཏོང་དགོས་ཅེས་གླེང་བ་བྱུང་ངོ༌། ཀྱེ་མ་མི་ལུས་རིན་ཆེན་ཐོབ་དུས་འདིར། །འཁོར་བའི་འདམ་ནས་ཐར་པའི་དཀའ་ལས་ལ། །ཆོས་ལས་ལོག་ནས་ཁྱིམ་ཐབས་བྱེད་པ་རྣམས། །ཁོང་སྙིང་རྣག་ཏུ་རུལ་ལམ་གདོན་གྱིས་བརློམ། །དལ་འབྱོར་ཐོབ་པ་བརྒྱ་ལ་རེ་འགའ་ཙམ། །འཁོར་འདས་སོ་མཚམས་ད་རེས་བྱེད་དུས་འདིར། །གྲུ་ལས་འཐོན་ནས་ཆུ་ལ་སླར་འཆོང་ལྟར། །རང་ཕུང་རང་གིས་བསྒྲུབ་ཀུན་ཅི་ཞིག་བསམ། །རང་དབང་ཡོད་དུས་དམ་ཆོས་བསྒྲུབ་བྱས་ནས། །འཆི་ཁར་འགྱོད་མེད་གྲབས་གཤོམ་མི་བྱེད་པར། །མི་ཚེ་དོན་མེད་སྟོང་ཟད་བཏང་བཏང་སྟེ། །ནམ་ཞིག་འགྱོད་ཀྱང་མི་ཕན་གྲོས་ཉེས་སོ། །ཚེ་འདི་རིང་ཀྱང་ལོ་བརྒྱར་བསྡོད་མཁན་དཀོན། །དེ་ཡི་བར་དུ་ཚེ་ཕྱེད་གཉིད་


TR001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འདས། །དེ་ལྷག་རྣམས་ཀྱང་ཕལ་ཆེར་རྣམ་གཡེང་ངང༌། །དོན་དུ་འགྱུར་ངེས་ཅི་ཞིག་འདུག་གམ་བསོམས། དེ་ནས་བདག་རང་ལོ་དྲུག་པའི་ཐོག་ཏུ། དྭགས་པོ་སྐྱེ་ཞེས་བྱ་བར་སྨིན་གྲོལ་སྐྱེད་རྫོགས་གླིང་ནས་དཔོན་སློབ་རྣམས་ཡིག་དྲུག་དུང་ཕྱུར་འདྲེན་པར་བྱོན་པའི་དྲུང་དུ་ཕྱིན་ཏེ། པཎ་ཆེན་དཱ་ན་ཤི་ལ་ཉིད་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པ་བཞེས་པའི་ཆོས་ཀྱི་རྗེ་མཆོག་གྲུབ་རྣམ་པར་རྒྱལ་བའི་དྲུང་ལ་སྐྲ་གཅོད་པར་ཞུས་ཚེ། ཁྱོད་ཀྱི་སྐྲ་གཅོད་པའི་བླ་མ་ངས་མི་ཡོང་བས། རྒྱལ་བ་ཡབ་སྲས་གཅིག་གི་དྲུང་སྐྲ་ཕུད་འབུལ་དུ་འཇུག་པ་ཡིན་གསུངས་ཤིང༌། རིམ་གྱིས་ཀོང་པོའི་ཕྱོགས་སུ་ཕྱིན་ནས་གཙང་པོ་མགོ་དགུར་ཐོག་མར་སླེབ་དུས། ཁོང་རྣམས་ཀྱི་རོལ་མོ་ལ་སོགས་པའི་བསུ་བ་དང་བཅས་པའི་དགོན་པའི་དགོན་པ་མཐོང་བ་ཙམ་གྱིས་རྨི་ལམ་མངོན་སུམ་ཡིན་སྙམ་པའི་དགའ་སྤྲོ་ཚད་མེད་པ་བྱུང༌།


TR001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གཟིམ་ཁང་དུ་སླེབས་འཕྲལ། སྔོན་མཚུངས་མེད་དེ་ཉིད་ཀྱི་གསོལ་དཀར་སྔོ་ཁྲ་མ་ཞིག་ཡོད་པ་དེ་ཅུང་ཟད་ཆག་ནས་མཆོད་བཤམས་ཀྱི་འོག་ཏུ་ཁ་སྦུབ་ཏེ་བཞག་འདུག་པ་མཐོང་ཚེ། ཁྱོད་ཚོས་ང་ཡི་དཀར་ཡོལ་བཅག་འདུག་བྱས་ནས་ངུས་པས། ཁོང་གཞན་རྣམས་ནི་མིག་རིག་རིག་པོར་འདུག་ཅིང༌། སློབ་དཔོན་དམ་ཆོས་དཔལ་བཟང་ནི་མཆི་མ་འབྱིན་ཞིང་གདའ་བ་ད་ལྟ་ཡང་དྲན། སླར་རིམ་པས་ཐང་འབྲོག་གཞིས་ཁ་སོགས་སུ་སླེབས་ནས་ཡོད་སྐབས། སྐྱབས་གནས་དམ་པ་དཔལ་གཙུག་ལག་རྒྱ་མཚོ་དགའ་བའི་དབྱངས་ཀྱི་ཞལ་སྔ་ནས་ཀོང་ཕྱོགས་སུ་འགྲོ་དོན་ལ་བྱོན་ནས། ཐང་འབྲོག་ཏུ་ཕེབས་ཚེ་སྐྲ་ཕུད་ཕུལ་ཞིང༌། ཀརྨ་རིག་འཛིན་རྣམ་པར་རྒྱལ་བ་ཞེས་པའི་མིང་གནང་ནས། སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་བསླབ་པ་ལེགས་པར་སྩལ། གྲུབ་རྒྱལ་མ་ནས་བརྒྱུད་


TR001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་དབང་དང༌། སྒྲོལ་དཀར་ཡིན་བཞིན་འཁོར་ལོའི་རྗེས་གནང་དང༌། རྗེ་བཙུན་མེ་ཏྲིའི་སྙིང་པོ་དོན་གསུམ་ལ་སོགས་པའི་ཟབ་ཆོས་མང་དུ་གནང༌། དེའི་སྐབས་ཤིག་གི་རྨི་ལམ་དུ། བདག་གཅིག་པུ་ས་ཕྱོགས་གཅིག་ནས་ཕར་ཕྱིན་ཚེ། མི་ནག་པོ་ཕག་གི་མགོ་ཅན་འཇིགས་སུ་རུང་བ་གཅིག་གི་ལག་ན་ལྕགས་གཟེར་མཐོ་གང་ཙམ་པ་མང་པོ་ཁྱེར་ནས་བྱུང་བ་ལ། བདག་གི་ཁྱེད་སུ་ཡིན། ལྕགས་གཟེར་དེ་རྣམས་ཀྱི་ཅི་བྱེད་དྲིས་པས། དེ་ན་རེ། བདག་ནི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ལས་མཁན་རཀྵ་ཕག་མགོ་ཡིན། ལྕགས་གཟེར་འདི་རྣམས་ནི་འཇིག་རྟེན་གྱི་ཁམས་ན་ཤ་ཟ་མཁན་གྱི་ལུས་ལ་བཏབ་རྒྱུ་ཡིན་ཟེར་བས། བདག་གི་བསམ་པ་ལ། འོ་ན་བདག་ཀྱང་ཤ་ཟོས་པ་ཡིན་པས་བཏབ་ལས་ཆེ། སེམས་ཅན་གྱི་ཤ་ཟོས་པ་ལ་ཉེས་དམིགས་འདི་ལྟ་བུ་ཡོད་པར་འདུག ད་ནི་བདག་ཐབས་གཞན་མེད་པས་གུ་རུ་པདྨ་འབྱུང་གནས་ལ་སྐྱབས་ཞུ་


TR001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བ་དྲག་སྙམ་སྟེ་མིག་བཙུམ་སྟེ་རྩེ་གཅིག་ཏུ་གསོལ་བ་བཏབ་ནས་ཡུན་ཅིག་སོང་བ་དང་མིག་ཕྱིས་ནས་བལྟས་པས། སྔར་གྱི་མི་ནག་པོ་དེ་མེད་པར་བདག་གི་མདུན་གྱི་ནམ་མཁར་མེ་ཏོག་པདྨ་དམར་པོའི་གདན་གྱི་སྟེང་དུ། གུ་རུ་པདྨ་ཡིན་བསམ་པའི་བླ་མ་གཟི་མདངས་དང་ལྡན་པ་ཞལ་འཛུམ་བག་ཅན། སྐུ་ལ་ན་བཟའ་ཐམས་ཅད་དམར་པོ་ཁོ་ན་གསོལ་ཞིང་དབུ་ལ་པཎ་ཞུ་ཅན་ཞིག་ཕྱག་ན་ཤེལ་ལས་གྲུབ་པའི་ཉིད་ཀྱི་སྐུ་ཚབ་ཤིག་བསྣམས་འདུག་པ་དེ་དག་གི་སྤྱི་བོར་བཞག་ཅིང་སྨོན་ལམ་མང་པོ་གསུངས་པའི་འཇུག་ཏུ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག་ཅེས་གསུང་གྲགས་པའི་འཕྲོ་ལ་གཉིད་སད་ནས། ལུས་ཐམས་ཅད་རྔུལ་ཞུམ་མེ་བར་འདུག་ཅིང་སེམས་སྤྲོ་བའི་རྣམ་པ་ཞག་མང་པོའི་བར་དུ་བྱུང་ངོ༌། དེ་ནས་ཆོས་ཀྱི་རྗེ་མཆོག་གྲུབ་པས་བདག་གི་སློབ་དཔོན་དུ་དགེ་སློང་དགེ་འདུན་དཔལ་བཟང་འཇོག་པར་གནང་བ་


TR001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ཉིད་ཀྱིས་བདག་ལ་ཐུགས་ཧ་ཅང་བརྩེ་དྲག་པའི་རྣམ་པས། བདག་གི་སློབ་གཉེར་གྱི་འཕར་སྒོ་ཞིག་མ་བྱུང་བར། སླར་སློབ་དཔོན་རིན་པོ་ཆེ་དམ་ཆོས་ཕུན་ཚོགས་ཀྱི་དྲུང་དུ་བསྡད་ཅིང༌། ཀློག་པ་ནས་ཉེ་བར་བཟུང་སྟེ་སྐུ་དྲིན་ཤིན་ཏུ་ཆེ་བར་བྱུང༌། རང་ལོ་བརྒྱད་ནས་བཅུ་གཅིག་གི་བར་དུ་རྗེ་བཙུན་དམ་པ་བསོད་ནམས་དབང་པོའི་དྲུང་དུ་བསྡད། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ། རྡོ་རྗེ་སེམས་དཔའ་སྙིང་གི་ཐིག་ལེ། གཞན་ཡང་སྙིང་ཐིག་གི་སྐོར་བཞི། བླ་མ་དགོངས་པ་འདུས་པའི་ཕྱག་གཅོད་གཉིས། ཀུན་མཁྱེན་ཀློང་ཆེན་པའི་བསྟན་བཅོས་མཛོད་བདུན་གྱི་སྐོར་ཁ་ཡར་དང་གྲུབ་ཐོབ་ཚེམ་བུ་པ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་སོགས་ཆོས་བཀའ་མང་པོ་ཞིག་གི་དབང་ལུང་ཁྲིད་སོགས་མཐའ་དེ་དག་སྒོ་ནས་རྗེས་སུ་བཟུང་སྟེ། མདོར་ན་རང་རིག་ཆོས་སྐུར་ངོ་སྤྲོད་པའི་བླ་མ་ནི་དམ་པ་འདི་ཉིད་ཁོ་ན་ཡིན་ཞིང་སྐུ་དྲིན་དཔག་ཏུ་མེད་དོ། གཞན་ཡང་ཆོས་


TR001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེ་མཆོག་གྲུབ་རྣམ་རྒྱལ་གྱི་དྲུང་དུ། རྫོགས་ཆེན་གྱི་རྒྱུད་བཅུ་བདུན་དང༌། དགོངས་འདུས་ཀྱི་དོན་དབང་ལ་སོགས་པའི་དབང་རྗེས་གནང་མང་རབ་ཞིག་ཐོབ། རང་ལོ་བཅུ་གཅིག་པའི་ཚེ། སྤོ་བོ་ཡེ་གོང་གི་ཕྱོགས་སུ་ཕྱིན་ནས། གུ་རུ་ཨོ་རྒྱན་བསྟན་འཛིན་པའི་དྲུང་དུ་དགོངས་འདུས་ཁ་ཐོར་དང༌། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ལ་སོགས་ཆོས་བཀའ་འགའ་ཞིག་ཞུས། གཞན་ཡང་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་མཐའ་གཏེར་སྟོན་རིག་འཛིན་སྩལ་དང་མཇལ་ཚེ། ཐུན་མོང་མ་ཡིན་པའི་གུས་པ་ཐོབ་ཅིང༌། དེ་ཉིད་ཀྱིས་ཀྱང་བདག་སྐུ་པང་དུ་བླངས་ནས་མགོ་ལ་ཕྱག་གིས་བྱིལ་བྱིལ་མཛད་ཅིང༌། ཨ་ལ་ལ། སྔོན་གྱི་གན་ཇག་ཐང་ལྟ་དེ་ད་ལྟ་འདི་ལྟ་བུ་གཅིག་ཏུ་གྱུར་ཟིན་ཞེས་ཡང་ཡང་གསུངས་ཤིང་རབ་ཏུ་མཉེས་པར་མཛད་ཅིང༌། ཁོང་རང་གིས་གཏེར་ནས་སྤྱན་དྲངས་པའི་ཟབ་ཆོས་བླ་མ་ནོར་བུ་པད་འཕྲེང་གི་


TR001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་སྐོར་ཞི་དྲག་ཐམས་ཅད་ཀྱི་དབང་ལུང་བཀའ་གཏད་དང་བཅས་པ་མཛད་ཅིང༌། ཕར་ལའང་ཚེ་ཁྲིད་རྡོ་རྗེ་འཕྲེང་བའི་དབང་སོགས་དགོངས་བཞེད་ལྟར་ཕུལ། དུས་ཕྱིས་ཀྱང་ཁོང་རང་གིས་ཆོས་བཀའ་དེ་རྣམས་རྒྱལ་བའི་དབང་པོ་ཆོས་དབྱིངས་རྡོ་རྗེ་ལ་འབུལ་བར་བྱོན་ནས་ཕྱིར་འཁོར་བའི་སྐབས་སུའང་བདེ་གཤེགས་འདུས་པའི་རྒྱུད་ལུང་ཉི་ཤུ་དང༌། རིག་འཛིན་ཞིག་པོ་གླིང་པའི་གཏེར་ཆོས་མཐའ་དག་དང༌། མངའ་བདག་མྱང་ལུགས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོས་སྐོར་ལ་སོགས་དཔག་ཏུ་མེད་པ་སྐུ་དྲིན་དུ་སྩོལ་བར་མཛད། དེ་དག་གི་སྐབས་ལན་གཅིག་གི་ཚེ། གུ་རུ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་གནས་ཕྲན་རྒྱབ་མཐའ་བྲག་ཞེས་པའི་རི་ཁྲོད་གཅིག་ཏུ་མཚམས་ལ་བསྡད་ཡོད་པའི་ཚེས་བཅུའི་ནུབ་རྨི་ལམ་དུ། བདག་རང་ཟངས་མདོག་དཔལ་རིའི་ཕོ་བྲང་དུ་འགྲོ་བའི་འདུན་པས་ལྷོ་ནུབ་ཀྱི་ནམ་མཁའ་ལ་འཕུར་ཏེ་ཕྱིན་པས། སྤང་ལྗོངས་ཤིན་ཏུ་


TR001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དགའ་བ་མེ་ཏོག་གི་རིགས་མི་འདྲ་བ་མང་པོ་སྐྱེས་པ་ཞིག་ཏུ་སླེབ་ཚེ། ཟངས་མདོག་དཔལ་རི་ཡིན་ཟེར་བའི་ཤེལ་གྱི་ཕ་བོང་ཆེན་པོ་སྦྲ་ཕུབ་པ་ཙམ་ཞིག་ལ་ཉི་མའི་མདངས་ཕོག་ཚེ་འཇའ་འོད་ཀྱི་ལུང་པ་ཐམས་ཅད་ཁྱབ་པ། རྩ་བའི་ཕྱོགས་ཐམས་ཅད་ནས་ཆུ་མིག་མང་པོ་འབབ་པ་ཞིག་འདུག་པ། བདག་གི་བསམ་པ་ལ། སྔོན་གུ་རུ་ཆོས་དབང་དང་རཏྣ་གླིང་པ་སོགས་ཀྱིས་རྔ་ཡབ་གླིང་དུ་བྱོན་དུས་ཀྱི་བཀོད་པ་ལོ་རྒྱུས་རྣམས་སུ་ཡོད་པ་བདག་ནི་ཕྱོགས་མཚམས་ཡང་འདིར་མི་འདུག འོན་ཀྱང་བདག་རང་གི་སྐལ་བ་དང་འཚམས་པ་འདི་ཙམ་ཞིག་མ་གཏོགས། ཕོ་བྲང་དངོས་དང་གུ་རུ་རིན་པོ་ཆེ་སོགས་མཇལ་བའི་སྐལ་བ་དང་མི་ལྡན་ཞིང་ལས་སྒྲིབས་ཀྱིས་བཏུམ་ཡོད་པར་འདུག་སྙམ་པའི་ཡིད་སྐྱོ་ལྷང་ངེ་བའི་ངང་ནས། བྲག་དེ་ལ་སྐོར་བ་བསྐོར་ཞིང་ཆུ་མིག་ནས་འཐུང་བ་དང་ཁྲུས་བྱས་པ་རྨིས། དེའི་སང་ནུབ་དེ་ཡང་གུ་རུ་རིན་པོ་ཆེ་


TR001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་བཏབ་ཅིང་རྨི་ལམ་བཟུང་ནས་རྔ་ཡབ་གླིང་དུ་འགྲོ་བའི་འདུན་པ་བྱས་པའི་རྨི་ལམ་ན། རི་ཆེན་པོ་གཅིག་གི་སྐེད་པ་ཡན་ཆད་ཐམས་ཅད་ན་བུན་ཐིབས་ནས་མི་མཐོང་བའི་སྐེད་སྨད་ཙམ་དུ་བདག་དང་གྲོགས་འགའ་རེ་འདུག་པ་གཅིག་ཏུ། མེ་ཏོག་སེར་པོ་ཤིན་ཏུ་ཆེ་བ་མང་པོ་སྐྱེས་འདུག་པ་ལ། བདག་གི་མེ་ཏོག་གཅིག་ལག་ཏུ་ལེན་གྲབ་བྱས་པས། གྲོགས་གཅིག་གིས། གཞོག་གཞོག དེ་ཁྱེད་རང་སྐྱེ་བ་ཕྱི་མ་སྐྱེ་བ་ཡིན་ཟེར་བའི་མོད་ལ་གཉིད་སད་དོ། དེ་ཡང་བདག་ལོ་བཅུ་གཅིག་པའི་ཐོག་ཏུ་ཆོས་ཀྱི་རྗེ་མཆོག་གྲུབ་རྣམ་པར་རྒྱལ་བ་ཉིད་ཞིང་གཞན་དུ་གཤེགས་པའི་སྟབས་ཀྱིས། བདག་ལ་བླ་མའི་མིང་འཁྲལ་དང་གྲྭ་ཚང་གི་རྙེད་འཚོལ་བ་ལ་བབས་པས། རྣམ་གཡེང་འདུ་འཛིས་རྟག་ཏུ་གཡེང་སྟེ་ཐོས་བསམ་སྒོམ་པའི་བྱ་བ་ཀུན་དང་རྒྱབ་གྱེས་སུ་གྱུར། ལ་ལུང་ཀུན་ཏུ་འཁྱམས་ཞིང་སྐྱེ་བོ་མགུ་བྱེད་ཀྱི་བྱ་བ་སྣ་ཚོགས་


TR001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པའི་དོན་འབྲས་སུ་ཟང་ཟིང་གི་དངོས་པོ་འགའ་ཞིག་རྙེད་པའི་ཚེ་འཁོར་སློབ་མཐའ་དག་ཡིད་མགུ་ཞིང་ཁ་བསག་གིས་ཀུན་ནས་བསྟོད་ཅིང་ག་ཞའི་སྒྲ་འབྱིན། དར་ཅིག་ཙམ་ཞིག་འདུ་འཛི་བསྐྱུངས་ནས་དབེན་པར་གནས་ན་ཁྱེད་ཀྱིས་བདག་ཅག་འདོར་བར་ཕོད་དམ་ཞེས་ཉམ་ཐག་པའི་རྣམ་འགྱུར་སྟོན། འོན་ཏེ་ཇི་ཙམ་རྙེད་པའི་ནོར་རྫས་དག་ཀྱང་མཆོད་སྦྱིན་སོགས་བགྱིས་ནས་ཚོགས་གཉིས་བསོག་པའི་བྱ་བ་ལ་གཞོལ་ན་ནི་སུ་གང་གིས་འདུན་པར་མི་བྱེད། རྙེད་པས་རྙེད་པ་འཚོལ་བ་ཚོང་པ་གཡོ་ཅན་ལྟ་བུའི་སྤྱོད་པ་དང༌། ལུས་ཀྱི་ཕྱི་བཙོངས་ནས་ནང་གསོ་བའི་ངང་ལ་མི་ཚེ་འབུད་པ་འདི་ཡིད་ལ་མ་རངས་ཀྱང༌། ཀླུའི་རྒྱལ་པོ་ཨེ་ལའི་འདབས་ཀྱི་སྤྱི་བོའི་ལྗོན་ཤིང་ལྟར། རང་གི་ལས་ཀྱིས་གྲུབ་ཚེ་འདོར་བའི་ནུས་པ་མ་མཆིས་པ་


TR001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཡིད་ཤིན་ཏུ་སྐྱོ་བའི་གནས་ཏེ། བདག་གི་རྣམ་ཐར་གྱི་ངོ་བོ་ནི་དེ་ལྟ་བུ་ལས་མ་འདས་སོ། ཡང་རང་ལོ་ཉེར་གཅིག་པའི་ཚེ་སྐྱབས་གནས་དམ་པ་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་གྲྭ་ཚང་དུ་སྤྱན་དྲངས་ཏེ། ཁོ་རང་གི་གཏེར་ཆོས་རྣམས་དང༌། གཞན་ཡང་དབང་ཆོས་དཔག་ཏུ་མེད་པ་བུམ་པ་གང་བྱོའི་ཚུལ་དུ་གནང་ཞིང༌། དེའི་ཚེ། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གི་སྐབས་སུ་བུམ་དབང་གྲུབ་ཕྲལ་ཡུད་ཙམ་སྤྱན་ནམ་མཁའ་ལ་གཟིགས་ཤིང་དགོངས་པ་ལ་བཞུགས་ནས། དར་ཅིག་ན་བདག་ལ་འདི་སྐད་གསུངས་ཏེ། ཁྱོད་ནི་གཏེར་ཁ་གོང་འོག་མང་པོ་ཞིག་ནས་ལུང་གིས་ཀྱང་ཟིན་པ་ཡིན་ཞིང༌། ཁྱད་པར་རྫོགས་ཆེན་སོགས་ཟབ་ཁྲིད་ཀྱི་སྒོ་ནས་འགྲོ་དོན་ཆེན་པོ་འགྲུབ་པར་འདུག །ད་ལྟ་བདག་གི་གསལ་སྣང་ལ་ཁྱེད་ནི་ཤེལ་གྱི་མཆོད་རྟེན་འོད་འཕྲོ་བ་གཅིག་ཏུ་གྱུར་ནས་འདུག །


TR001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུམ་པའི་ཐད་ཀྱི་ཕྱོགས་མཚམས་བརྒྱད་དུ་ཀརྨ་རབས་བརྒྱད་རྣམས་ཞལ་ཕྱིར་གཟིགས་ཏེ་ཆོས་ཀྱི་སྒྲ་སྒྲོག་པར་མཐོང༌། ཞེས་གསུངས་ཤིང༌། བདག་ལ་ཐུགས་རྗེས་དགོངས་པ་རྩེ་གཅིག་ཏུ་གཏད་ནས་ལུགས་གཉིས་ཀ་ནས་འཁོར་བ་མེད་པའི་སྐུ་དྲིན་གྱིས་བསྐྱང་བར་མཛད་དོ། དེའི་སྐབས་སུ་བདག་ཅག་རྣམས་ལྷོ་ཕྱོགས་ཡངས་པའི་རྒྱལ་ཁམས་ཀྱི་སའི་ཐིག་ལེ་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་གྱི་གྲོ་བོ་ལུང་གི་སྲས་མཁར་སྤྲུལ་པའི་ཕོ་བྲང་ཆེན་པོར། རྗེ་བཙུན་དམ་པ་དཔལ་གཙུག་ལག་རྒྱ་མཚོ་མཇལ་བ་ལ་ཕྱིན་ཏེ། སྐུ་དྲུང་དུ་སླེབས་མ་ཐག་ཕ་བུ་ཕྲད་པ་ལྟར་གྱུར་ཞིང་སྐུ་དྲིན་ཟླ་མེད་དུ་བསྐྱངས་ཏེ། བཀའ་ཆོས་ཀྱི་སྒོ་དུ་མ་ནས་ཡིད་ཀྱི་རེ་བ་རྫོགས་པར་མཛད་ཅིང༌། ཁྱད་པར་དུ་བསྟན་པའི་གཞི་མ་འདུལ་བའི་སྡེ་སྣོད་ལས། ཐོག་མར་དགེ་བ་དགེ་བསྙེན། བར་དུ་དགེ་བ་དགེ་ཚུལ། ཐ་མར་དགེ་བ་དགེ་སློང་གི་


TR001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ཡོངས་སུ་རྫོགས་པར་སྩལ་བར་གྱུར། སློབ་དཔོན་རིན་པོ་ཆེ་ཀརྨ་ལེགས་པའི་དྲུང་དུ་ཡང་ཐེག་པ་ཆེན་པོའི་གཞི་རྟེན་དམ་པར་གྱུར་པ་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་སྨོན་འཇུག་དོན་དམ་ཐམས་ཅད་ཡོངས་སུ་རྫོགས་པར་ཞུས། ལྷོ་བྲག་སྐོར་གྱི་གནས་མཇལ་རྣམས་ལེགས་པར་གྲུབ་ཅིང༌། རིམ་པས་གཏམ་ཤུལ་དང་བཙན་གྲོ་ཕྱོགས་སུ་ཕྱིན་ཏེ་གནས་གཞི་བཀྲ་ཤིས་རབ་བརྟན་དུ། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གདུང་རབ་བརྒྱད་པ། ཆོས་ཀྱི་རྗེ་འཇམ་དབྱངས་བསྟན་འཛིན་གྲགས་པའི་དྲུང་དུ། ཞི་ཁྲོ་བཀའ་བརྒྱད་གསང་བ་ཡོངས་རྫོགས་དང༌། བླ་མའི་ཐུགས་སྒྲུབ་གསང་བ་འདུས་པ་ལ་སོགས་པའི་དབང་ལུང་མང་དུ་ཞུས། སླར་གདན་ས་ཆེན་པོ་སྣ་བོ་ལྕོག་པོར་མངའ་བདག་གི་གདུང་རབས་བཅུ་གསུམ་པའི་དྲུང་དུའང་བཀའ་ཆོས་ཕྲན་བུ་ཐོབ་ཅིང༌། དེ་ནས་རིམ་གྱིས་དབུས་ཕྱོགས་ཀྱི་སྒྲུབ་གནས་རྣམས་ཀྱང་བདེ་བར་འཁོར་ཞིང༌། ཁྱད་པར་བསམ་ཡས་སུ་སླེབ་པའི་ཉིན། བདག་ཅག་


TR001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་བསམ་ཡས་ཀྱི་བར་དུ་འཇའི་གུར་ཕུབ་པ་ལ་སོགས་པའི་དགེ་མཚན་ཀྱང་བྱུང་ཞིང༌། རིམ་པས་དབུས་ཕྱོགས་ཀྱི་གནས་མཇལ་ལེགས་པར་གྲུབ། ལར་གནས་རྣམས་ལ་ཕྱིན་དུས་འཇའ་ཟུག་པ་འདི་ཤིན་ཏུ་མང་བར་བྱུང་བ། འབྱུང་བའི་བྱེར་སྡུད་ཀྱི་འདུ་འཕྲོད་ལ་མཚན་མར་འཛིན་པ་བླུན་པོའི་རྟགས་སུ་ངེས་མོད་ཀྱང༌། དུས་བཟང་ལ་གནས་ཆེན་རྣམས་སུ་བྱུང་བ་ནི་བྱིན་རླབས་ཀྱི་མཚན་མ་ཡིན་ནམ་སྙམ་པའི་འཛིན་པ་བྱུང་ངོ༌། ཡང༌། དུས་ལན་གཅིག་གི་ཚེ། མཚམས་ཞིག་བྱས་ནས་མཁའ་འགྲོ་སེང་གདོང་མའི་བཟླས་པ་ལ་བརྩོན་པའི་སྐབས་ཤིག་གི་རྨི་ལམ་འཁྲུལ་སྣང་དུ། བདག་ཉིད་གཅིག་པུ་ལྷོ་བྲག་མཁར་ཆུ་ལྟ་བུ་གཅིག་ཏུ་བསྡད་འདུག་ཙ་ན། མདུན་དུ་ཤེལ་གྱི་རི་ཆེན་པོ་ཟུར་གསུམ་པ་ཤིན་ཏུ་མཐོ་བ་སྐེད་པ་མན་ཆད་སྤྲིན་དང་ན་བུན་འཁྲིགས་པ་ཞིག་གི་རྩེ་མོ་ན་མཁའ་འགྲོ་སེང་གདོང་མ་སྐུ་མདོག་དཀར་མོ་


TR001_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ། སྐུ་སྟོད་ཡན་ཆད་ན་བུན་གྱི་བསེབ་ནས་ཐོན་པ་ཞིག་མཐོང་བས། བདག་གི་བསམ་པ་ལ་ལྷོ་བྲག་མཁར་ཆུ་འདི་ནི། གུ་རུ་རིན་པོ་ཆེས་གསུངས་པའི་བཀའ་ཐང་དུ། མཁར་ཆུ་དུང་སྒོ་རྟ་གདོང་དཀར་མོའི་གནས། །ཞི་བའི་ལས་རྣམས་བསྒྲུབ་པར་ཤིས་པ་ཡིན། ཞེས་གསུངས་འདུག་ཀྱང༌། འདི་ནི་མཁའ་འགྲོ་སེང་གདོང་མའི་གནས་ཡིན་པར་འདུག་སྙམ་པའི་མོད་ལ་གཉིད་སད་དོ། དེ་ཡང་དུས་རེ་ཞིག་ཏུ་བདག་གི་བསམ་པ་ལ། ལུས་ཀྱི་ཁང་བུ་འདི་ནི་ནད་རྐྱེན་གྱིས་རྟག་ཏུ་གཙེས་ནས་བདེ་བའི་གོ་སྐབས་མི་གདའ། ནམ་འཆི་ངེས་པ་མེད་པའི་ཚེ་ཡུད་ཙམ་འདི་ལ། དེ་སྔ་ཡན་ཆད་བྱས་པ་ཐམས་ཅད་ནི་ཚེ་འདི་སྣང་གི་མདུན་མ་ཁོ་ནས་འདས་ཏེ་ཐལ། ད་དུང་འདི་ལྟ་བུའི་ངང་ལ་མི་ཚེ་བསྐྱེལ་བ་མི་རིགས་ཤིང༌། ལྟར་སྣང་གི་གཞན་དོན་འདི་ནི་རང་གཞན་གཉིས་ཀ་ཕུང་


TR001_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འདུན་མ་ཤ་སྟག་ཏུ་འདུག་སྙམ་ནས། རང་ལོ་ཉེར་གསུམ་པའི་ཐོག་ཏུ་འདག་སྦྱར་སྨྲ་བཅད་ཀྱི་དམ་བཅའ་ལོ་གསུམ་པ་གཅིག་བགྱིས་ཏེ་མཆིས་སྐབས་སུ། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་སྒྲུབ་པ་བྱེད་དུས། སྒྲུབ་ཁང་ལ་འཇའ་ཟུག་པ་ཡང་ཡང་བྱུང་ཞིང༌། ལན་ཞིག་ཉམས་ཀྱི་སྣང་བ་ལ། ང་རང་གི་མདུན་དུ་གཏེར་སྒྲོམ་ཞིག་ཡོད་པའི་ཐད་ཀར་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པ་རྩ་ཕྱག་བརྒྱད་པ་ཞིག་ཁྲ་ལམ་གྱི་མཐོང་ཞིང༌། ཁྱད་པར་རྩ་ཞལ་གྱི་གཡོན་མ་དེ་སྐུ་མདོག་ལྗང་ཁུ་ཁྲོ་འཛུམ་གྱི་རྣམས་པ་ཅན་བྱིས་པ་ལོ་བརྒྱད་པའི་ཚད་ཙམ་ཞིག་བདག་ལ་སྤྱན་ཁྲ་ཧྲིག་ཧྲིག་གཟིགས་པ་མཐོང་བས། འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན་བསམ་པའི་བརྟག་དཔྱད་བཏང་གིན་བསྡད་པའི་འཕྲོ་ལ་ཡལ་ནས་སོང༌། ཡང་ལན་ཞིག་གི་རྨི་ལམ་དུ། བདག་ནི་རྒྱ་གར་གྱི་ཡུལ་དུ་རྒྱལ་


TR001_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞིག་གི་བུར་སྐྱེས་ཏེ། རང་གི་ནུ་བོ་གཅིག་དང་བཅས་འདུག་པ་ལ། ཕོ་བྲང་གི་ཕྱི་རོལ་དུ་ལྗོན་ཤིང་གི་སྡོང་པོ་དག་གི་དྲུང་ན་མུ་སྟེགས་ཀྱི་སྟོན་པ་རལ་པའི་ཐོར་ཅོག་ཅན། རི་དྭགས་ཀྱི་ལྤགས་པ་གྱོན་པ་ཞིག་ལ་བདག་ཅག་མ་བུ་གསུམ་ཆོས་ཉན་ཞིང་གདའ་བ་ལས་བདག་གི་ཕ་ལ་ལྐོག་ཏུ་འདི་སྐད་སྨྲས་ཏེ། རང་ཅག་རྣམས་མུ་སྟེགས་པའི་སྦྱིན་བདག་བྱེད་པ་འདི་མི་འཐད། ནང་པ་སངས་རྒྱས་པ་ལ་གུ་རུ་པདྨ་འབྱུང་གནས་ཅེས་བྱ་བ་ཁྱད་པར་འཕགས་པ་ཞིག་ཡོད་འདུག་པས། དེ་ལ་གསོལ་བ་བཏབ་ཅིང་ནང་པའི་ཆོས་ལུགས་འཛིན་པ་འཐད། ཅེས་སྨྲས་པའི་འཕྲོ་ལ་གཉིད་སད་ཅིང༌། དུས་ཕྱིས་རིན་པོ་ཆེ་གཏེར་སྟོན་ལ་ཞུས་པས། དེ་འདྲ་སྐྱེ་བ་སྔ་ཕྱི་གང་རུང་ཞིག་གི་བག་ཆགས་ཡིན་ལས་ཆེ་ཡི་གེར་ཐོབ་གསུངས་བྱུང་བས་བཏབ་པ་ཡིན་ནོ། ཡང་རྨི་ལམ་ཞིག་ཏུ། བདག་གཅིག་པུར་ཆུ་འགྲམ་ཞིག་ཏུ་སྡད་འདུག་ཚེ། སྐྱེས་


TR001_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

པ་དར་སྒང་མ་ཤ་ཙ་དམར་བ་གཅིག་གིས། ཇ་སྤོབས་རྩེ་འདྲ་བའི་ཀོ་ཐུམ་ཅན་ཞིག་བདག་གི་མདུན་དུ་བཞག་ཅིང་ཕྱག་འཚལ་ནས་འདི་སྐད་ཟེར་ཏེ། བདག་ནི་ལྷ་འདྲེ་ཡིན་ཏེ། བདག་ཅན་ལྷ་འདྲེའི་རིགས་ཐམས་ཅད་ཉོན་མོངས་པ་དུག་གསུམ་ལ་བརྟེན་ནས་བྱུང་བ་ཡིན་ཞིང༌། དེའི་ནང་ནས་བདག་ནི་ཉོན་མོངས་པ་འདོད་ཆགས་ལས་གྱུར་པའི་རིགས་སུ་གཏོགས་པ་ཡིན་ཞིང༌། བདག་གི་སྤུན་ཟླ་ཉོན་མོངས་པ་ཕྲག་དོག་ལས་གྱུར་པའི་རིགས་སུ་གཏོགས་པ་གཅིག་ཡོད་པའི་མིང་ལ་ཀརྨ་དོན་འགྲུབ་ཟེར་བ་ཡིན་ཏེ། དེ་ཤི་བ་ཡིན་པས་ཁྱེད་ཀྱིས་དེ་ལ་དམིགས་པས་བསྔོ་བ་གཅིག་མཛད་དགོས་ཟེར་བྱུང་ཚེ་བདག་གི་བསམ་པར། ཁོ་རང་ཟེར་ལུགས་ལ་ནི་ལྷ་དྲེ་ཐམས་ཅད་དུག་གསུམ་ལ་བརྟེན་ནས་བྱུང་བ་ཡིན་ཟེར་འདུག་རུང༌། ཕྲག་དོག་དང་ང་རྒྱལ་གཉིས་བགྲང་ན་དུག་ལྔ་རུ་འགྱུར་བ་ཡིན་པ་ལ་བསམ་པ་བྱུང་ཞིང་བསྔོ་བ་ཞིག་ཀྱང་བྱས། ད་ནི་འདི་ལ་སྐྱེ་རྒྱུད་


TR001_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

དང་གནས་ཡུལ་སོགས་ཞིབ་ཏུ་དྲིས་ནས། སྐྱབས་འགྲོའི་སྡོམ་པ་ཞིག་ཀྱང་ཕོག་དགོས་སྙམ་པའི་མོད་ལ་གཉིད་སད་དོ། །གཞན་ཚེ་འདས་ལྷ་འདྲེར་སྐྱེས་པའི་ཚུལ་འགའ་ཞིག་མཐོང་ཀྱང་བཤད་པའི་དགོས་པ་ཆུང་ཞིང་ཤུལ་གྱི་ཉེ་འབྲེལ་རྣམས་སེམས་མི་བདེ་བར་འགྱུར་བས་མ་བརྗོད་དོ། མཆན། དེ་ནས་ལོ་མཚམས་ཀྱི་བཅད་རྒྱ་གྲོལ་འཕྲལ་དུ། མདོ་ཁམས་ཀཿཐོག་ནས་ཆོས་ཀྱི་རྗེ་བླ་མ་བློ་གྲོས་དཔོན་སློབ་རྣམས་ཕེབས་པ་དང་མཇལ་བས། བདེ་གཤེགས་འདུས་པའི་རྩ་རྒྱུད་ཆེན་མོ་སོགས་ཀྱི་ཆོས་འབྲེལ་ཞུས་ཤིང༌། ཕར་ལའང་ཉིད་ཀྱི་དགོངས་བཞེད་དང་མཐུན་པའི་དབང་ཆོས་ཕུལ། དེ་ནས་རིམ་གྱིས་ཀོང་སྟོད་གད་པ་སྐྱ་བོར། རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་གདུང་རབས་བདུན་པ། མཚུངས་མེད་རིག་འཛིན་སྙིང་པོའི་གོང་དུ། ཟབ་ཆོས་དགོངས་པ་འདུས་པའི་དབང་ལུང་ཡོངས་སུ་རྫོགས་པ་དང༌། གཞན་ཡང་སངས་རྒྱས་གླིང་པའི་གཏེར་ཕྲན་སྐོར་དང༌། པཎ་ཆེན་བི་མ་ལའི་ཟབ་པ་པོད་བཞི་ལ་


TR001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་ཆོས་བཀའ་ཤིན་ཏུ་མང་བར་ཐོབ། གཞན་ཡང་བླ་མ་དང་སློབ་དཔོན་མང་དག་གི་ཞབས་ལ་རེག་ཅིང༌། ཐམས་ཅད་ཀྱི་བདག་ལ་སྐུ་དྲིན་ཆེན་པོས་བརྩེ་བསྐྱངས་སུ་མཛད་ཅིང༌། དབང་ལུང་ཁྲིད་མན་ངག་ལག་ལེན་མཐའ་དག་སོ་སོ་ནས་རྩལ་སྤྲུགས་སུ་གནང་བ་ཁོ་ན་བྱུང་རུང༌། རང་ཉིད་བརྩོན་འགྲུས་ཀྱི་སྟོབས་ཤུགས་ཆུང་ཞིང་དཀོར་སྒྲིབ་ཀྱི་འཐུམས་པའི་དབང་གིས། རང་རྒྱུད་སྨིན་གྲོལ་དུ་གྱུར་པའི་ཡོན་ཏན་ནི་ལྟ་ཞོག ཉོན་མོངས་ཅུང་ཟད་ཁ་བྲི་བ་ཙམ་ཡང་ཤིན་ཏུ་དཀའ་བའི་གནས་སུ་གྱུར་ཏེ། །འོན་ཀྱང་ད་དུང་ཟབ་མོའི་གདམས་པ་ཞུ་བ་དང་དགེ་བའི་བཤེས་གཉེན་བསྟེན་པ་ལ་ཆོག་ཤེས་མེད་པར་མཆིས་སོ། སྔོན་དུས་སྐལ་བཟང་སྐྱེ་བོ་དུ་མ་རྣམས། །དམ་པ་བསྟེན་ཞིང་དམ་ཆོས་འཆད་ཉན་དང༌། །དེ་བཞིན་སྒོམ་སྒྲུབ་ལ་སོགས་བྱ་བ་ཀུན། །སྤྱོད་སྲོལ་བཟང་པོས་གྲུབ་ཐོབ་ཁྱུ་མང་ཚོགས། །ད་ལྟ་རྩོད་དུས་གཟུགས་བརྙན་བསྟན་པ་འདིར། །རྙེད་བཀུར་


TR001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མི་གཉེར་བའི་ཆོས་སྨྲ་བ། །ཉིན་སྐར་ལས་དཀོན་འགའ་ཙམ་བྱུང་རྣམས་ལའང༌། །དད་པར་མི་བྱེད་གྲོང་རྒྱུག་ཁྱི་ལྟར་བརྙས། །རྙེད་དང་བཀུར་བསྟི་གྲགས་པ་དོན་གཉེར་ཞིང༌། །ཟས་གོས་གཏམ་གྱིས་གཞན་མགོ་བསྐོར་བྱེད་པའི། །ཁ་གསག་ཅན་གྱི་བླ་གཟུགས་འཛིན་པ་རྣམས། །འཛམ་བུ་ཆུ་བོའི་གསེར་བཞིན་མཆོག་ཏུ་བྲིམ། །ཚུལ་འདིར་བསམ་ན་ཤེས་ལྡན་སྐྱེས་བུ་དག །རི་གླིང་ནགས་ཁྲོད་དབེན་པའི་བས་མཐའ་རུ། །ཚེ་དང་སྒྲུབ་པ་མཉམ་པའི་བརྟུལ་ཞུགས་ཀྱིས། །རང་གཞན་དོན་མཆོག་བསྒྲུབ་ན་ལེགས་བསམ་སྙམ། རང་ཉིད་སྐྱེས་པ་ནས་བཟུང་སྟེ་ལོ་ཉེར་དྲུག་གི་ཆེ་བར་གྱི་སྤྱོད་ཚུལ་རྣམས་རག་རིམ་བརྗོད་པའི་ལེའུ་གཉིས་པའོ། གང་ཞིག་འགྲོ་ལ་རྗེས་ཆགས་བརྩེ་བ་ཅན། །སྡུག་བསྔལ་མནར་ལ་སྨན་མཛད་མགོན་པོ་མཆོག །ཐུགས་རྗེ་རྨད་བྱུང་ཟླ་འདྲའི་མདོག་མངའ་ཞིང༌། །ཕྱག་


TR001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ན་པད་དཀར་འཛིན་པ་དེས་སྐྱོངས་ཤིག ཀྱེ་མ་ཀོང་རོང་ཐིབ་པོའི་སྨག་ནང་དུ། །དགེ་བློ་སྲིན་བུའི་སྣང་བ་ཙམ་ལྡན་བདག སྔ་འགྱུར་བསྟན་པའི་སྙིང་པོ་རིན་ཆེན་འདི། །མུན་ནང་སྟོར་ལ་སྐྱོ་བས་ཡིད་ཕམ་ཡང༌། །ཐོས་བསམ་སྒོམ་འབྲས་སྣང་བས་འཕོངས་པའི་ཕྱིར། །ལོག་ལྟའི་མིག་སྨན་གཞོམ་པར་མི་ནུས་པས། །འོད་མའི་ཁང་བུར་འདག་སྦྱར་སྨྲ་བཅད་དང༌། །གསོལ་འདེབས་ཙམ་གྱི་དགེ་སྦྱོར་འབད་བཞིན་གནས། །དེ་ཚེ་ཕྱོགས་དུས་རྒྱལ་བའི་ཐུགས་རྗེ་ཡི། །དབྱིངས་ནས་འགྲོ་ལ་ཕན་བདེའི་འོད་སྟོང་ཅན། །ངག་གི་དབང་ཕྱུག་གཞན་ཕན་རྡོ་རྗེའི་མཚན། །མཁྱེན་བརྩེ་མཚུངས་མེད་ནམ་མཁའ་ནོར་བུའི་ཟེར། །འགྲོ་ལ་འཆར་བྱེད་སྐྱ་རེངས་བྱ་མ་རྟ། །ངོ་མཚར་སྙན་ངག་རྒྱུ་སྐར་འཕྲེང་བ་དང༌། །ལྷན་ཅིག་མུན་པའི་གླིང་འདིར་ཤར་བ་ཡིས། །བདག་བློའི་ཆུ་སྐྱེས་ཟེའུ་


TR001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསལ་བར་གྱུར། །བླང་དོར་ཙ་ཀོ་ར་ཡི་མིག་ཅན་དག སྣང་བྱེད་ཕོ་ཉ་ལ་དགའི་བློ་བྲལ་ཡང༌། །དམ་ཆོས་ནམ་མཁའི་ནོར་བུ་བལྟ་འདོད་བྱིའུ། །དགའ་བའི་ནམ་ལངས་མཁའ་ལ་འཕུར་བར་བརྩམ། །འོན་ཀྱང་ནད་ལྡན་སྨན་མི་ཤེས་པའི་བྱིས། །ཁ་བའི་རོ་ལ་བྱོལ་ཡང་བརྩེ་བའི་མས། །ཁ་ཟས་དང་སྦྱར་སྦྱིན་འདྲའི་ཐབས་དག་དང༌། །མ་ལྡན་དོན་མི་འགྲུབ་མཐོང་བག་ཕེབས་བྱས། །ཀྱེ་ཧུད་སྔོན་ཚེ་ཆོས་རྒྱལ་བྱང་སེམས་ཀྱིས། །མི་འཕངས་གསེར་ལ་བྱས་ནས་བརྫངས་ཚུལ་ལ། །དེང་སང་ཆོས་ལ་སྐྱོབ་ཅིང་བསྲུང་ཐབས་ཀྱི། །ཡན་ལག་མཆོད་སྐོར་བརྩོན་འདི་རིགས་སམ་ཅི། །ཉལ་འགྲོ་གཡས་སུ་འཁྱིལ་བའི་སུམ་བརྩེན་གནས། །ལྷག་བསམ་ལང་ཚོས་བརྒྱན་པའི་ལྷ་ཡི་བུ། །འགའ་ལ་ཟབ་ཆོས་མེ་ཏོག་འཕྲེང་བ་ཡིས། །ཀླུབས་ནས་དགེ་བློས་མཛེས་པའི་ཐབས་ཀྱང་བགྱིས། །དེ་ནས་དབོ་ཡི་ཟླ་བའི་


TR001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་བཅུའི་ཚེ། །ཡིད་ཀྱིས་ཤིང་རྟ་གྱེན་དུ་ཁ་བསྒྱུར་ནས། །ཕ་རོལ་ཕྱིན་པའི་གྲངས་ལྡན་གྲོགས་དང་བཅས། །ཆོས་དོན་གཉེར་བ་ཁོ་ནའི་བསམ་པས་ཆས། །དེ་ཚེ་བདག་གི་ལྷག་བསམ་རབ་དཀར་ལ། །དགའ་བའི་པད་ཚོགས་ཟེའུ་འབྲུའི་འཛུམ་མདངས་སྟོན། །ས་འཛིན་རྣམས་ནི་དར་དཀར་ཐོད་ཀྱང་ཕུད། །མྱུ་གུའི་ཚོགས་ཀྱང་ས་ལས་མངོན་འཕགས་ནས། །སྤྲོ་བས་མགྲིན་པ་བསྲིང་ཞིང་ལང་ཚོ་སྟོན། །མཁའ་ལས་ལེགས་སོའི་འབྲུག་སྒྲ་གྲགས་བཞིན་པས། །མུ་ཏིག་ཆུན་བུའི་ཆར་རྒྱུན་སྐྱེས་སུ་བརྫངས། །བླ་མ་ཟང་ཟིང་རིན་དུ་སྤྲོད་མཁས་པའི། །འདི་ནང་དོན་ཆེན་གཉེར་བའི་ཚོང་པ་དག ཟོང་དང་བྲལ་བའི་གྱུར་བྱེད་ངང་ཚུལ་གྱི། །རྣམ་འགྱུར་དགའ་བ་ལས་གཞན་དུ་མ་སྟོན། །ཆོས་བརྒྱད་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་ཀྱི། །ཨ་ཝ་ལེ་པའི་མངའ་ཐང་མི་ལྡན་ཀྱང༌། །རང་དབང་མངོན་དུ་སྤྱོད་


TR001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡིད་བཞིན་ནོར། །ལྡན་དེས་ཕྱི་བཤོལ་རྒུད་བས་མ་མནར་ཙམ། །ཉོན་མོངས་ཞུགས་ལ་འཆོལ་བའི་བུད་ཤིང་བསྣན། །ལྷ་ཆེན་རྣམ་ཐར་ཁོ་ནས་དུས་འདའ་ཡང༌། །དད་རྫས་ཆེད་དུ་མཁས་བཙུན་བཟང་པོའི་ཚུལ། །སྟོན་མཁས་དེ་དག་ངག་ལ་བདག་མ་ཉན། །དཀོན་པའི་མཆོག་དང་དཀར་པོའི་ལྷ་རྣམས་ཀྱིས། །མཐུ་ལས་ལམ་གྱི་ཉེར་འཚེའི་རིགས་མཐའ་དག བྲལ་བཞིན་དྲིན་ཅན་ཕ་དེའི་ཞལ་དཀྱིལ་ཟླ། །ནམ་ཞིག་མཐོང་བར་འགྱུར་གྱི་རེ་བ་དོང༌། །ཀོང་རོང་ཡུལ་སྲིད་འཚོ་བའི་གསལ་ལྷ་པས། །མཐུན་རྐྱེན་དུ་མས་ཡིད་ཀྱི་རེ་བ་བསྐངས། །འབྱོར་ལྡན་གནོད་མཛེས་མཁར་འཛིན་མ་དང་བུས། །ལམ་དུ་དབུལ་བ་སེལ་བའི་ཆ་རྐྱེན་སྦྱར། །སྒྱུ་ལུས་འཚོ་བྱེད་ཡོ་བྱད་འབྱོར་བཞིན་དུ། །ཡུལ་དང་གྲོང་བརྡལ་མྱུལ་ཞིང་དཀོར་ཟས་ལ། །ཆགས་ན་ཟབ་དོན་ནོར་བུ་མི་ལོན་སྙམ། །རི་དྭགས་རྨས་


TR001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྟུལ་ཞུགས་ཁོ་ནས་བགྲོད། །མཐོ་ཞིང་དབེན་པའི་མིང་ཅན་གང་དེ་དག བསམ་གཏན་གླིང་སོགས་ལོངས་སྤྱོད་པདྨའི་མཚོར། །ཆགས་མེད་མཁའ་ལ་འཕུར་བའི་ངང་པའི་ཚོགས། །དོལ་ཐང་དར་དཀར་བརྒྱངས་འདྲར་འབྱོར་པའི་ཚེ། །ཐུགས་རྗེའི་གཏེར་ཆེན་དཔལ་ལྡན་བླ་མ་དེས། །ཤུལ་རིང་ཉམ་ཐག་མགྲོན་པོ་དབུགས་འབྱིན་ཕྱིར། །མཐུན་རྐྱེན་དུ་མར་བཅས་པའི་ཕོ་ཉ་བ། །སྙན་ངག་མཛེས་པའི་བ་དན་འཕྱར་བ་དང༌། །འཛོམ་ཚེ་དངོས་དང་རྨི་ལམ་སོམ་ཉིར་གྱུར། །དམུས་ལོང་དམིགས་བུ་རྙེད་འདྲའི་དགའ་བ་དང༌། །བདེ་ལྡན་སྤྱོད་པས་ཉིན་ཚན་འདའ་བཞིན་དུ། །དཔལ་དང་འབྱོར་པས་བརྒྱན་པའི་དེ་འུར་སློབ། །འདོད་ཡོན་ལྷ་ཡི་དཔལ་ལ་འཕྱ་བཞིན་དུ། །མ་ཆགས་རྣམ་འདྲེན་དེ་དྲུང་རིངས་སྙེགས་མཐུས། །ཟླ་གཅིག་ཉིན་ཞག་གསུམ་གྱི་སྔ་དྲོ་ནས། །ཚོང་པ་རིན་ཆེན་གླིང་དུ་སླེབས་མཚུངས་གྱུར། །


TR001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ལྐོག་གྱུར་དྲི་མེད་གཟིགས་པའི་མགོན་པོ་ཞེས། །ལྷུན་གྲུབ་ཆོས་སྡིངས་གོང་རིའི་ཡང་དབེན་དུ། །རྣམ་འདྲེན་ནོར་བུའི་འཕྲེང་བ་དཀྲིགས་པའི་དབུས། །མདོ་འཛིན་དམ་པར་བཞུགས་པས་མངོན་གཤེགས་ཏེ། །ཟླ་འོད་གཞོན་ནུས་རིན་ཆེན་བརྩོན་འགྲུས་དང༌། །ཐམས་ཅད་གྲོལ་གྱིས་བྲམ་ཟེ་སློང་མའི་ཡིད། །རེ་བ་བསྐོང་ཕྱིར་མདུན་ནས་བསུ་མཛད་ལྟར། །འོངས་པ་ལེགས་ཞེས་དབུགས་དབྱུངས་ཚིམ་པར་མཛད། །དེང་སང་མིང་སྙན་བླ་མར་བཏགས་པ་ཕལ། །ཆོས་འདོད་དབུལ་ཚོགས་བྱེ་བ་ཕྲག་བརྒྱ་ལས། །ནོར་ལྡན་འབུལ་ནོད་གཅིག་ཉིད་ཁོ་ནར་དགྱེས། །རྒྱུ་དེས་ཚུལ་མཐུན་འཆད་ཉན་རབ་ཏུ་དཀོན། །ཟང་ཟིང་དགྲ་དང་དཀོར་ཟས་དུག་ཉིད་དུ། །མཁྱེན་གཟིགས་ཆོས་མིན་སྤྱོད་ལ་རབ་སྡང་བའི། །དཔའ་བོ་ཁྱོད་ཀྱི་མཛད་མཚུང་ཆོས་སྤྱོད་གཞན། །མཛད་ན་ཆོས་བརྒྱད་དགྲ་སྡེ་ཅི་ཕྱིར་ཆགས། །མགོན་དེའི་ཞལ་གྱི་ཟླ་སྣང་མཐོང་ཙམ་ལ། །འདིར་སྣང་


TR001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཞེན་པ་བསྲ་འཐས་རྡོ་རྗེའི་བྲག བདེ་བླག་ཉིད་དུ་གཞོམ་པའི་ནུས་ལྡན་ཐོག ཐུགས་རྗེའི་དཔལ་ལྡན་དེ་ལས་གཞན་སུ་ཞིག དཔལ་ལྡན་དུས་ཀྱི་འཁོར་ལོ་གསུངས་པའི་ཚེས། །དགེ་ལྡན་ནག་ཟླའི་སྔ་དྲོ་དང་པོ་ལ། །མཐའ་འཁོབ་ཤུལ་རིང་ལམ་ནས་འོངས་པའི་མི། །ཁོ་བོའི་བསམ་པ་རྫོགས་པའི་དགའ་སྟོན་ཐོབ། །གོང་རའི་ཀུན་དགའ་ར་བའི་མེ་ལོང་ངོས། །གཟུགས་བརྙན་དཀྱིལ་འཁོར་བརྒྱ་ཕྲག་མངོན་འཆར་བས། །ལྷུན་གྲུབ་འོད་གསལ་དོན་གྱི་དཀྱིལ་འཁོར་མཆོག མཚོན་མཛད་རྣམ་འདྲེན་མཆོག་དེའི་གྲུབ་རྟགས་དངོས། །ངན་སོང་ནས་དྲངས་ལྷ་མིའི་ཐེག་པ་ནས། །བློ་འདས་རྫོགས་ཆེན་ཐེག་པའི་རྩེ་རྒྱལ་བར། །སྨིན་གྲོལ་འཇུག་སྒོའི་ཆུ་བོ་ཀུན་གཞོལ་བའི། །དབང་མཆོག་ཆུ་གཏེར་བདག་གི་སྐལ་བར་ཐོབ། །དེང་སང་སྒྲུབ་ཕྲན་སྣ་རེའི་སྨིན་བྱེད་ཀྱི། །ཁྲིད་ལ་རྫ་མཁན་འཁོར་ལོའི་དབུ་མངའ་བའི། །


TR001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ཆེན་གར་དབྱངས་རོལ་མོའི་དཔུང་ལྡན་དག མཐོང་ཚེ་རྣམ་འདྲེན་མཆོག་དེ་ལྷག་པར་དྲན། །སྔ་འགྱུར་རྒྱུད་སྡེ་འབུམ་གྱི་གླེགས་བམ་མཆོག །སྔོན་མེད་ངོ་མཚར་ཡིད་བཞིན་ནོར་བུའི་ཕྲེང༌། །དག་བྱེད་བྱི་དོར་ནན་ཏན་དང་ལྷན་ཅིག །རེ་བ་ལས་ཀྱང་ལྷག་པའི་འདོད་དགུ་ཐོབ། །སྨིན་དབང་གྲོལ་ཁྲིད་རྒྱུད་ལུང་མན་ངག་ཆོས། །མངའ་དབང་ཕྱུག་པ་དམ་པའི་ཆོས་ཉིད་ལ། །མཚར་ཅི་དེ་བས་ཉིན་ཚན་བར་མ་ཆད། །ངལ་བྲལ་ཆོས་ཆར་འབེབས་པ་འདི་ཆེས་འཕགས། །འགའ་ཞིག་ཐོས་ཤེས་མིན་ཡང་གྲགས་ཕྱིར་ཚོང༌། །ལ་ལ་ཤེས་ཀྱང་མི་ནུས་ཁོང་འདྲུལ་བྱེད། །ཁ་ཅིག་འོན་པའི་རོལ་མོ་མཁན་མཚུངས་པ། །རྣམ་མང་ཁོ་ནས་སྙིང་བསྟན་འདམ་དུ་བསྒྲུབ། །ངག་གི་དབང་ཕྱུག་དེ་ལྟའི་རྣམ་པར་ཐར། །དེང་སང་ཆེན་པོར་གྲགས་པ་རྣམས་ཀྱི་རྣར། །བརྙད་ན་ཁྲོན་པའི་སྦལ་ལ་རྒྱ་མཚོའི་ཁྱོན། །བརྗོད་


TR001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་མངོན་སུམ་འགྱུར་བར་གོར་མ་ཆགས། །ཟང་ཟིང་འབུལ་ལ་དམ་ཆོས་མི་འཚོང་བའི། །མཛད་བཟང་དེ་ཡང་སྔོན་དུས་བཻ་རོ་ཡིས། །རྗེ་ལ་ཐེག་པའི་རྒྱལ་པོ་ནམ་མཁའ་ཆེ། །དུད་འགྲོའི་རྒྱལ་པོ་རྟར་མི་ཚོང་གསུངས་དང༌། །མཚུངས་ལས་ཁྱད་པར་དེང་སང་ཟང་ཟིང་ཆེད། །ཆོས་འགྱེད་གཏོང་པའི་དུས་འདི་ལྷག་པར་འཕགས། །ཀྱེ་མ་སོ་སྔགས་ཙམ་གྱི་གདམས་ཕྲན་ལའང༌། །གསེར་གྱི་རིན་ཐང་བྱེད་ན་ཚེ་གཅིག་གིས། །སངས་རྒྱས་སྦྱོར་ལ་སྟོང་གསུམ་བྱེ་བྲག་བརྒྱ། །ནོར་བུས་བཀངས་ཀྱང་དེ་ལ་ཅི་ལྟར་བྱེད། །བཀའ་གཏེར་ཟབ་ཆོས་རྒྱ་མཚོ་མཐའ་ཡས་པ། །སྔོན་ཆད་ཕྱོགས་འདིར་མིང་ཙམ་མ་གྲགས་པའི། །ཚིག་དོན་བཅུད་ཀྱིས་བཏམས་པའི་འདབ་བརྒྱ་པ། །བདག་སོགས་རྐང་དྲུག་ཚོགས་ཀྱི་དཔལ་དུ་ཤར། །དེ་ཚེ་ནག་པོའི་ཕྱོགས་རྣམས་མ་བཟོད་དང༌། །འགྲོ་བའི་


TR001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་འབྲས་སྨིན་གཉིས་འཛོམ་པའི་མཐུས། །མི་བཟད་དུ་རུ་ཀ་ཡི་དཔུང་ཚོགས་ཀྱིས། །གཙང་དབུས་ཡར་འབྲོག་མཐའ་དག་ཁྱབས་པར་གྱུར། །བདེན་བྲལ་མངོན་སུམ་འབྱུང་འདྲའི་ངང་ཚུལ་གཏམ། །ཐོས་ཚད་ཙིཏྟའི་ཤུན་པ་འགས་བྱེད་ཅིང༌། །མཐོང་ཚད་ལྔ་པར་འགོད་པའི་མཐུ་དཔུང་གིས། །སྐྱེ་འགྲོ་དུ་མ་དུཿཁའི་གནས་ལ་བཀོད། །གྲངས་མང་གཞོན་པའི་རྡོག་སྒྲ་ཁོ་ནས་ཀྱང༌། །ས་ཀུན་འུར་ཆེས་གཡོ་བའི་ཤུགས་ལྡན་ཞིང༌། །འཁྲུལ་ལྡན་མེ་མདའི་སྒྲ་ཆེན་གཅིག་པུས་ཀྱང༌། །རི་བྲག་བརྙིལ་ཞིང་འཐོར་བའི་ཆོ་འཕྲུལ་སྟོན། །དེ་ཚེ་འགྲོ་ཀུན་རབ་སྐྲག་རྟབ་རྟབ་པོར། །གྱུར་ཅིང་རྣམ་པར་འགྱུར་བ་དུ་མ་ཞིག །སྤྱོད་ཀྱང་མགོན་དེའི་ཐུགས་རྗེའི་ཉི་འོད་ལས། །ལོག་འདྲེན་འུག་པའི་ཚོགས་ཀྱིས་ཉེ་མ་ནུས། །སྔོན་ཚེ་བྱམས་པའི་སྟོབས་ཀྱི་བསོད་ནམས་མཐུས། །ཡུལ་ཁམས་ཀུན་ལ་ཤ་ཟས་


TR001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མ་ནུས། །དེ་བཞིན་གཞན་ཕན་རྡོ་རྗེའི་མཚན་དོན་དང༌། །མཐུན་པའི་བྱིན་རླབས་མཐུ་ཡིས་བདག་སོགས་སྐྱབས། །ཟླ་བ་བཅོ་བརྒྱད་ཉིན་དང་མཚན་མཐར་ཐུག དམ་ཆོས་འདོད་དགུའི་ཆར་ཕབས་ཟས་གོས་བསྐྱངས། །དགོས་དགུའི་གླེགས་བམ་གྲངས་མེད་ཟང་ཟིང་བཅས། །བསྩལ་འདི་རྒྱལ་སྲིད་གཏད་པའི་དོ་ཟླ་མིན། །ཐ་སྙད་རིག་པའི་གནས་ཀྱི་གཞུང་ལུགས་ལ། །བདག་བློ་འཇུག་པའི་བརྩོན་འགྲུས་ཤེས་རབ་བློ། །མི་ལྡན་མོད་ཀྱང་རྗེ་དེའི་བྱིན་རླབས་ཟེར། །ཕོག་པས་ཆ་ཤས་ཙམ་ཡང་སྐལ་བར་ཐོབ། །རང་ཉིད་ཐོས་བསམ་སྒོམ་པའི་ནུས་བྲལ་ཟོངས། །བསྟེར་ཡང་གཞན་ཕན་མདངས་འབྱུང་མིན་མོད་ཀྱང༌། །བླ་མའི་བཀའ་དྲིན་རིན་ཆེན་སུ་ཝརྞ། །བཀྱེ་མཐུས་རྒྱལ་མཚན་རྩེ་མོར་བཀོད་རུང་ཙམ། །དེ་ཡང་མོས་པའི་རྨང་གཞི་ལེགས་བརྟན་ཞིང༌། །ཤེས་རབ་གསུམ་གྱི་བ་གམ་གསར་པ་ཅན། །


TR001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་སྒོ་མང་ལྡན་པའི་ཁང་བཟང་ལས། །འཇག་ཁྱིམ་ཚང་ཚིང་གྲོང་ལ་ཅི་ཞིག་དགོས། །བླ་གོས་འོད་ཟེར་འཕྲོ་བ་སྣ་ཚོགས་ཀྱིས། །ལེགས་བརྒྱན་གྲེ་བ་བདེ་འཇམ་གླུ་དབྱངས་དག ལེན་མཁས་ནོར་རྫས་འགུགས་པའི་ནུས་ལྡན་གྱི། །མཁས་གྲུབ་མིན་ཚེ་གཞན་དོན་ག་ལ་འགྲུབ། །མཛེས་ཆོས་ཀཻ་ལ་ཤ་རི་མངོན་མཐོའི་ངོགས། །ཟང་ཟིང་ཆུ་ཀླུང་རྒྱུན་འབབ་ཉམས་དགའ་བས། །སྟོང་ཉིད་སྣོད་ལྡན་རི་དྭགས་གཞོན་ནུའི་སྡེ། །སྐྱོང་མཁས་ངོ་མཚར་དེ་འདྲའང་བདག་ལ་མེད། །བསམ་བཟང་ཕྱི་ནང་གསལ་བའི་གྲྭ་ཆུང་ནང༌། །ཟབ་དགུའི་གདམས་ངག་པོད་ཆུང་གཅིག་ཁོ་ན། །མཆིས་འདི་རང་གཞན་ཀུན་གྱི་སྤྱི་ནོར་དུ། །བྱ་སྙམ་ནོར་དང་གྲགས་ཕྱིར་ཅི་ལ་སྟོན། །ཙནྡན་སྡོང་པོ་མི་བྲིམ་ཚོང་འདུས་སུ། །སོལ་བ་རིན་ཐང་ཆེ་ཡང་བཙོང་དེས་ཅི། །བོང་ཤ་རི་དྭགས་རྔ་མས་བྲིད་བཙོང་ན། །བྲིམ་པར་མངོན་ཡང་དེ་འདྲས་བདག་མི་


TR001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

མགུ། །འཕྲལ་དོན་རྣམ་རྟོག་ནད་ཟུག་ཅན་དགའ་བའི། །སྲུང་ཟློག་གསད་པའི་སྨན་དང་མ་ལྡན་ཞིང༌། །རྣམ་མང་ཤེས་བྱའི་གསོ་རིག་མ་སྦྱངས་པས། །མཁས་པའི་སྙན་གྲགས་ཐོབ་པ་ག་ལ་སྲིད། །དེ་ལྟ་མོད་ཀྱང་རྙིང་བསྟན་རིན་ཆེན་མཆོག སྐྱོང་ཕྱིར་གཞན་དག་སུ་མ་མགུ་ན་ཡང༌། །རང་ཉིད་ཁོ་ན་འབད་པར་དམ་པ་དེས། །བཀའ་སྩལ་སྤྱི་བོར་ལེན་པར་དམ་ཡང་བཅས། །གངས་ཅན་མཁས་གྲུབ་གཙུག་རྒྱན་ཀློང་ཆེན་ཞབས། །འགྲོ་ལ་བརྩེ་བས་སླར་ཡང་སྐུ་སྤྲུལ་པའི། །དམ་པ་མཆོག་དེས་ཟབ་ཆོས་འགའ་ཡི་རྒྱུན། །སྤེལ་སླད་ལྷོ་བྲག་ཕྱོགས་སུ་ཤོག་གསུངས་ཀྱང༌། །མི་ཟད་རིམས་དང་མཐའ་མིའི་གནོད་འཚེ་ལ། །འཛེམ་པས་རེ་ཞིག་བསྒྲོད་པར་མ་གྱུར་མོད། །གུ་རུའི་སྒྲུབ་གནས་ཤངས་ཀྱི་ཟབ་བུ་ལུང༌། །ངོ་མཚར་པདྨས་བརྒྱན་པའི་


TR001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེན་དུ འཇུག་པར་འདོད་ཀྱང་གནས་སྐབས་དུས་དབང་གིས། །མ་ནུས་ངང་མོ་རང་གི་སྐྱོན་དུ་ཟད། །རང་ལུས་ཕུང་ཁམས་རྒྱལ་བའི་ཞིང་རབ་འབྱམས། །རིག་རྩལ་ལྷ་དང་བླ་མའི་རོལ་པ་རུ། །མ་ཤེས་རི་བྲག་ལྟད་མོ་བལྟ་འདོད་ཀྱི། །ཞེན་པའི་རྗེས་ཕྱིར་འབྲེལ་བའང་གད་མོའི་གནས། །དེ་ནས་ཁྲུམས་གྱི་ཟླ་བའི་དཀར་ཚེས་ལ། །མུན་གླིང་ཆོས་ཀྱི་སྒྲོན་འཁྱེར་དཱ་རི་འདྲའི། །བསྐྱེལ་ཐུང་ཁོ་ནར་དམ་པ་དེ་ཡང་གཤེགས། །ཆོས་ལ་སྒང་དུ་མངའ་བདག་མར་པ་ཡིས། །མི་ལ་རྗེ་ལ་ཇི་ལྟར་གདམས་བཞིན་དུ། །འདི་བཟུང་བྱང་ཆུབ་བར་གྱི་བླང་དོར་གནས། །སྙིང་གཏམ་གདམས་ངག་སྙིང་ལ་ཕན་པའི་གསུང༌། །དུ་མས་བདག་བློའི་རེ་བ་རྫོགས་པར་མཛད། །ཡར་འབྲོག་དཔལ་གྱི་དེའུ་བསོད་ནམས་གཏེར། །དབང་སྒྱུར་དད་འབྱོར་གདེངས་ཅན་དབང་པོ་གང༌། །དགྱེས་ཕྱིར་ཟབ་ཆོས་མེ་ཏོག་ཆུ་འཕྱང་དག ལྷག་བསམ་


TR001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་བཟང་འཕྲོ་བའི་མགུན་རྒྱན་ཕུལ། །ཡུལ་དབུས་དར་རྒྱས་ཆོས་སྡིངས་པདྨའི་ཚལ། །མཛེས་བྱེད་སྤྲུལ་པའི་སྐུ་མཆོག་ཨུ་དུམ་ཝར། །སྙན་གྲགས་དྲི་བསུང་མ་ལ་ཡ་རླུང་གིས། །ཡིད་འཕྲོག་གླུ་དབྱངས་དར་དིར་མང་བླངས་ཀྱང༌། །ཟབ་ཆོས་སྦྲང་རྩིའི་འདོད་པ་མ་ཐོབ་པས། །ཡིད་སྐྱོའི་བུང་བ་སྐྱོ་གླུ་ལེན་བཞིན་སོང༌། །ཨེ་རོང་འཆད་དཀར་བསོད་ནམས་རྒྱ་མཚོའི་དབུས། །ཟླ་བྲལ་ཐེག་བརྒྱད་བང་རིམ་མངོན་མཐོའི་རྩེར། །ཟབ་བཅུད་རྫོགས་ཆེན་རྣམ་རྒྱལ་ཁང་བཟང་ལ། །དབང་བསྒྱུར་མཆོག་དེའི་རྣམ་ཐར་ངོ་མཚར་བཀོད། །བལྟ་འདོད་ཏི་སེར་འགྲན་པའི་རི་བོའི་རྩེར། །ལེགས་བསྒྲོད་ཆོས་ཀྱི་གཏམ་གྱིས་བདག་ཡིད་ཚིམ། །དྭགས་ཀོང་རྙིང་མའི་རྡོར་གདན་རྩེ་ལེ་རུ། །རང་གཞན་ཕན་འདོད་ཕྱིན་པར་རབ་རྩམས་ཀྱང༌། །མི་བཟད་རྡོ་རྗེའི་ཚེར་མས་ལམ་བཅད་དེ། །ཡིད་ཀྱི་འདོད་པ་ཅུང་ཟད་


TR001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་མ་གྱུར། །རང་གི་ལུས་སྲོག་སྐྱེད་བྱེད་དྲིན་ཅན་གཉིས། །བགྲང་གཞིའི་འཁུར་ལྕི་ཟུག་རྔུའི་ནད་ཀྱིས་གདུང༌། །ཉམ་ཐག་གྱུར་ལ་ཡིད་ཀྱི་མ་བཟོད་ནས། །སེམས་དང་བསྟུན་པའི་ཕན་ཐབས་ཅི་ནུས་བགྱིས། །ལུང་བསྟན་ནགས་ཁྲོད་བདེ་ཆེན་བསམ་འགྲུབ་ཏུ། །བླ་མས་འདོད་དགུའི་སྣེ་ལེན་ཕུན་ཚོགས་སྩལ། །རིམ་གྱིས་ཆུ་ཀླུང་གཡས་སུ་འཁྱིལ་བའི་གནས། །གང་དེར་ཕྱེད་གཉིས་ལོ་ལ་བདེ་བར་འཁོར། །ལམ་རིང་ཀུན་ཏུ་རབ་འཇིགས་འབྲུམ་ནད་ཀྱིས། །གདུང་བའི་སྐྱེ་བོས་གང་ཞིག་དབུགས་བྲལ་ཚོགས། །གྲམ་ལྟར་བརྡལ་བས་གཟུར་མེད་ཁོ་ནའི་དབུས། །བསྒྲོད་རུང་དྲི་ཙམ་མ་གོས་བླ་མའི་དྲིན། །འགའ་ཞིག་ཟང་ཟིང་ཆེད་དུ་ལུས་དང་སྲོག གཏན་གྱི་འདུན་མར་བཅས་པ་གཏོང་ནུས་ན། །ཁོ་བོ་དམ་ཆོས་ཁོ་ནའི་ཆེད་ཉིད་འདིར། །སྒྱུ་མའི་ལུས་ཙམ་བོར་ཡང་ཅི་ལྟོ་སྙམ། །འོན་ཀྱང་ད་དུང་ཟབ་ཆོས་


TR001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་སྟག་ཅིག །ཉམས་སུ་ལེན་པ་ཉིན་སྐར་ལྟར་མཆིས་ཀྱང༌། །འཆད་དང་ཉན་པའི་སྲོལ་ཀ་མ་ནུབ་ཙམ། །ཚེ་ལྷག་ཇི་ཙམ་ཐུབ་པར་བྱའོ་སྙམ། །དྲིན་ཅན་བླ་མའི་ཞལ་རས་གསལ་ལམ་ལམ། །བསྟན་ཅིང་ཟབ་རྒྱས་ཆོས་ཀྱི་གསུངས་ལྷང་ལྷང༌། །སྩལ་བའི་བཀའ་དྲིན་ད་དུང་དྲན་ལམ་ལམ། །མོས་གུས་གདུང་བས་གསོལ་འདེབས་དབྱངས་ལྷང་ལྷང༌། །རྒྱུན་ལྡན་བོད་ལ་རྒྱུན་དུ་བརྩེར་དགོངས་ནས། །རབ་ཟབ་ཆོས་སྒོ་རབ་འབྱམས་མཐའ་ཡས་པའི། །སྨིན་གྲོལ་གདམས་པས་སྨིན་པའི་ཐུགས་རྗེ་ནི། །བདག་སོགས་འགྲོ་ལ་བདག་ཉིད་ཁྱོད་ཀྱིས་སྩོལ། །དཔལ་སྐད་གཉིས་སྨྲ་བའི་དབང་པོའི་དྲུང་དུ་ཟབ་ཆོས་ཀྱི་དགའ་སྟོན་དུ་གཉེར་བ་ཐོབ་པའི་ཚུལ་བརྗོད་པའི་ལེའུ་སྟེ་གསུམ་པའོ། ༈ །རྒྱལ་ཀུན་ཐུགས་རྗེ་ཡེ་ཤེས་ལྷ་ལམ་ལས། །ཟབ་གསལ་སྟོང་ཉིད་སྙིང་རྗེའི་དབྱར་རྔ་ལྡིར། །སྨིན་གྲོལ་ཟབ་


TR001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སྦྲང་ཆར་འབེབས་མཛད་པའི། །རྣམ་འདྲེན་ཕྲེང་བར་དཀྲིགས་པས་དགེ་ལེགས་སྩོལ། ཀྱེ་མ། སྙིགས་ལས་ཆེས་སྙིགས་རྩོད་དུས་ཐ་མ་འདོར། །ལོང་བས་ལོང་འཁྲིད་བླ་མའི་མིང་ཁྲལ་བབས། །བདག་དང་བདག་འདྲའི་ཚུལ་འདིས་འགྲོ་ཕན་ནི། །ཤིན་ཏུ་དཀའ་མོད་འོན་ཀྱང་མོས་བློ་ཙམ། །འབད་པས་བཙལ་བའི་དམ་ཆོས་ནི། །དྲིན་ཅན་བླ་མ་མཆོག་རྣམས་ཀྱིས། །བརྩེར་དགོངས་ཟབ་ཆོས་རིན་ཆེན་ནོར། །འགའ་ཙམ་རང་སྐལ་ཐོབ་ཚུལ་བརྗོད། །གཞན་དུ་བདག་གི་རྟོགས་བརྗོད་རྣམ་པར་ཐར། །ངོ་མཚར་རྣམ་གྲངས་གང་ཡང་བསྟན་རྒྱུས་དབེན། །དེ་སླད་གདམས་པ་ཐོབ་ཚུལ་ས་བོན་ཙམ། །འདི་ནི་ངོ་མཚར་སྙིང་པོ་བཀོད་པ་ལགས། །འདི་དག་རང་ཆེ་འདོད་དང་ཟང་ཟིང་དང༌། །གྲགས་དང་སྙན་པ་བསྒྲུབ་སླད་མ་ཡིན་ཏེ། །སྐྱེ་དང་སྐྱེ་བར་རང་གཞན་ཕན་ཕྱིར་ཉིད། །ཁོ་ན་བསམ་ལས་ཐོས་ཚུལ་འདི་ལྟར་ལགས། ༈ །དེ་ཡང་ཁམས་གསུམ་ཆོས་


TR001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱལ་པོ་དཔལ་གཙུག་ལག་རྒྱ་མཚོའི་ཞབས་དྲུང་དུ། བསྟན་པ་རིན་པོ་ཆེ་ལ་རབ་ཏུ་བྱུང་བའི་བསླབ་པ་གསུམ་ལས་དང་པོར་དགེ་བ་དགེ་བསྙེན། བར་དུ་དགེ་བ་དགེ་ཚུལ། ཐ་མར་དགེ་བ་དགེ་སློང་གི་སྡོམ་པ་རྣམས་དང༌། གཞན་ཡང་སྟོན་པའི་འཁྲུངས་རབས་བརྒྱ་རྩ། ཞི་བ་ལྷའི་བསླབ་བཏུས། བཀའ་གདམས་གླེགས་བམ་ཡོངས་རྫོགས་དང༌། རྒྱལ་བ་རྒྱ་མཚོ་ལྷ་ལྔ་པའི་གཏོར་དབང་ཞིང་བཀོད་མར་གྲགས་པ་དང༌། འཕགས་མ་ཡིད་བཞིན་འཁོར་ལོའི་རྗེས་གནང༌། ཚེས་བཅུའི་གཏོར་དབང༌། གྲུབ་ཐོབ་ཤངས་པ་ནས་བརྒྱུད་པའི་མགོན་པོ་ཕྱག་དྲུག་པའི་གཏོར་དབང་བར་ཆད་ཀུན་སེལ། ཕག་མོའི་ལྷ་ཁྲིད། རྗེ་བཙུན་མི་ཏྲ་ནས་བརྒྱུད་པའི་སྙིང་པོ་དོན་གསུམ་གྱི་ཁྲིད་དང༌། རྗེ་བཙུན་དམ་པ་དཔལ་གཙུག་ལག་འཕྲེང་བའི་བཀའ་འབུམ་ཡོངས་རྫོགས་པོ་སྟི་བཅོ་ལྔ་རྣམས་ཀྱི་ལྗགས་ལུང་བཀའ་གཏད་དང་བཅས་པ་ཐོབ། ༈ གཏེར་སྟོན་པདྨ་རིག་འཛིན་རྩལ་གྱི་


TR001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

དྲུང་དུ། ཁོང་རང་གི་གཏེར་ཆོས་བླ་མ་ནོར་བུ་པད་ཕྲེང་གི་དབང་ལུང་བཀའ་གཏད་ཡོངས་རྫོགས་དང༌། རིག་འཛིན་ཞིག་པོ་གླིང་པའི་གཏེར་ཆོས་ཀྱི་ཚེ་སྒྲུབ་རྒྱལ་བ་འདུས་པ། གུ་རུ་ཞི་བ། བླ་མ་དྲག་པོ་གཏུམ་དྲག་མེ་འཁོར་དང་གནམ་ལྕགས་མེ་འཁོར། ཐུགས་རྗེ་ཆེན་པོ་འཁོར་བ་ལས་སྒྲོལ། དཔལ་བདེ་མཆོག་འཁོར་ལོ། རྟ་མགྲིན་ནཱ་ག་ཀླུ་འདུལ། ཕྱག་རྡོར་སྟོབས་པོ་ཆེ། ཟབ་པ་སྐོར་བདུན། རྫོགས་ཆེན་གསང་བ་སྙིང་ཐིག མཐའ་དམག་བཟློག་པའི་ཆོས་སྐོར། སྣང་རྩེ་བའི་བཀའ་འབུམ་ཐོར་བུ་དང༌། བཀའ་བརྒྱད་བདེ་གཤེགས་འདུས་པའི་རྒྱུད་ལུང་ཉི་ཤུ་རྩ་ལྔ། ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་སྐོར་ཁ་ཐོར། མྱང་གི་གཏེར་མགོན་ཕྱག་བཞིའི་ཆོས་སྐོར་ཆ་ཚང་གི་དབང་ལུང་སོགས་ཐོབ། ༈ རིག་འཛིན་ཆེན་པོ་འཇའ་མཚོན་སྙིང་པོའི་དྲུང་དུ། དེ་ཉིད་ཀྱི་གཏེར་ཆོས་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེ། ཐུགས་རྗེ་ཆེན་པོ་ངན་སོང་རལ་གྲོལ། ཡང་ཟབ་དཀོན་མཆོག་


TR001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་འདུས། གསང་ལམ་བླ་སྒྲུབ། ཞི་ཁྲོ་ངོས་དོན་སྙིང་པོ། རྟ་ཕག་ཡིད་བཞིན་ནོར་བུ། ལམ་ཡིག་པདྨ་དཀར་པོ། དཔལ་མགོན་མ་ནིང་ནག་པོ་སོགས་མདོར་ན་གཏེར་ཆོས་ཡོངས་རྫོགས་དང༌། རྣམ་ཐར་ཕྱི་ནང་གསང་གསུམ་གྱི་སྐོར་ཐོབ། གཞན་ཡང༌། སྙིང་མ་རྒྱུད་འབུམ་ཁ་ཐོར་ཙམ་དང༌། མི་ཏྲ་བརྒྱ་རྩ་དང་སྒྲུབ་ཐབས་རྒྱ་མཚོ། བདེ་མཆོག་ལྷ་ལྔ་དང༌། ཕག་མོ་བདེན་གཉིས་ཞལ་གྱི་དབང༌། རྡོར་གླིང་གི་གཏེར་ཆོས་རྫོགས་ཆེན་ལྟ་བ་ཀློང་ཡངས། ཧཱུྃ་སྐོར་སྙིང་ཐིག དྲག་པོ་དམར་ཆུང༌། བཻ་རོའི་འདྲ་འབག་གཏེར་མ། མངའ་བདག་མྱང་གི་གཏེར་ཆོས་གུ་རུ་དྲག་པོ་དམར་ཆེན། མཁའ་འགྲོ་ཁྲོས་ནག འཇམ་དཔལ་ནཱ་ག་རཀྴ། དྲང་སྲོང་ལོག་ཏྲི་ཆར་ཁ་གདོང་ཟོར། ལྷ་མོ་སྤྱང་ཞོན་མའི་སྒྲུབ་སྐོར་སོགས་དང༌། གུ་རུའི་ཐུགས་སྒྲུབ་དང༌། རྣམ་ཐར་ཟངས་གླིང་མ་སོགས་ཐོབ། ཆོས་དབང་གི་བཀའ་འབུམ་དང་ན་ག་རཀྴ། ཆོས་དྲུག་སྲས་མཁར་མ། ཀུན་སྐྱོང་གླིང་པའི་སྙིང་པོ་སྙིང་ཏིག བྱང་གཏེར་གྱི་རྫོགས་ཆེན་དགོངས་པ་ཟང་ཐལ། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ། བཤད་རྒྱུད། ཨོ་རྒྱན་གླིང་པའི་གཏེར་


TR001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་པདྨ་ཐང་ཡིག་ཆེན་མོ་དང༌། བཀའ་ཐང་སྡེ་ལྔ། དྲི་མེད་ལྷུན་པོའི་གཏེར་མ་དོན་ཏིག་འགྲོ་བ་ཀུན་གྲོལ་དང༌། ཟབ་ཏིག་དགོངས་པ་རང་གྲོལ། ཚེ་སྒྲུབ་རྫོགས་ཆེན་མ། སྙིང་ཁྲག་ཐིག་ལེ་ལེའུ་ལྔ་པ། ཞང་ཁྲོམ་གྱི་ཚེ་བདག་ལྕགས་སྡིག ཀིང་ཀང་དམར་ཆུང༌། ཡང་ཟློག་མེ་ཡི་སྤུ་གྲི། ངག་འཁྲོལ་དང་སྐུ་གསུམ་ཟ་ཡིག་སོགས་དང༌། ༈ པདྨ་ལས་འབྲེལ་རྩལ་གྱི་གཏེར་མ་གཉན་པོ་ལྷ་གསུམ། ཁ་ལ་རྒྱས་འདེབས། བཟའ་བདུད་དང་ཞིང་སྐྱོང་གི་སྒྲུབ་སྐོར། གྲྭ་པ་མངོན་ཤེས་ཀྱི་གཏེར་མ་འཛམ་ལྷ་དམར་པོ་དང༌། ཞང་བློན་རྡོ་རྗེ་བདུད་འདུལ་གྱི་སྒྲུབ་སྐོར་སྲུང་བ་དྲག་པོ་བཞི་དྲིལ་སོགས་དང༌། གཏེར་སྟོན་སར་པཎ་ཕྱོགས་མེད་དུ་གྲགས་པའི་གཏེར་མ་འཇམ་དཔལ་རྫོགས་ཆེན། སངས་རྒྱས་གླིང་པའི་གཏེར་མ་གུ་རུ་དྲག་པོ། དྲི་མེད་ཀུན་དགའི་གཏེར་མ་བླ་རྫོགས་ཐུགས་གསུམ་ཚང་མ་དང༌། གཏེར་སྟོན་བཀའ་འབུམ་དང༌། མཚོ་རྒྱལ་གྱི་རྣམ་ཐར་ཆེན་


TR001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མོ། ཉི་ཟླ་སངས་རྒྱས་ཀྱི་གཏེར་མ་ཁ་ལ་རྒྱས་འདེབས། ཆོས་རྒྱལ་རིན་ཆེན་གླིང་པའི་གཏེར་མ་ཟབ་ཆོས་ནོར་བུ་སྐོར་ལྔ་ཚང་མ་དང༌། རྣམ་ཐར་བཀའ་འབུམ། འགྲོ་མགོན་དུང་མཚོ་རས་པའི་གཏེར་མ་རྫོགས་ཆེན་ཡང་ཏི་ནག་པོ། སེམས་ཁྲིད་ཡིད་བཞིན་ནོར་བུ། ཏྲག་ཤད་ཤོག་དྲིལ་བཅུ་གསུམ། རིག་འཛིན་རཏྣ་གླིང་པའི་གཏེར་མ་ཐུགས་སྒྲུབ་ཡང་སྙིང་འདུས་པ། ཚེ་སྒྲུབ། ཐུགས་རྗེ་ཆེན་པོ། རྟ་མགྲིན། ཟབ་ལམ་སྟེ། འདུས་པ་སྐོར་ལྔ་ཚང་མ། གུ་རུ་དྲག་པོ། ཚེས་བཅུའི་ཕན་ཡོན། ཕུར་པ་ཡང་གསང་བླ་མེད། མ་ནིང་རྣམ་མང་དམར་པོ། དམ་ཅན་སྒྲུབ་སྐོར་སོགས་དང༌། གཏེར་སྟོན་པདྨ་གླིང་པའི་རྫོགས་ཆེན་ཀུན་བཟང་དགོངས་པ་ཀུན་འདུས། ཕྱག་རྡོར་དྲེགས་འདུལ། གུ་རུ་དྲག་པོ་དམར་ཆེན། གཉལ་སྨད་མདོ་སྔགས་གླིང་པའི་རྫོགས་ཆེན་ཀུན་འདུས་རྒྱ་མཚོ། རྗེ་རིན་ཆེན་ཕུན་ཚོགས་ཀྱི་ཟབ་ཆོས་


TR001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་པ་ཡང་ཟབ། ཡིད་བཞིན་ནོར་མཆོག རྣམ་ཐར་བཀའ་འབུམ་དང་བཅས་པ། གཡུ་ཐོག་སྙིང་ཐིག་སྡུག་བསྔལ་མུན་སེལ་གསོ་དཔྱད་ཀྱི་རྒྱུད་བཞི་མན་ངག་བྱེ་བ་རིང་བསྲེལ་དང་བཅས་པ། ཀརྨ་གུ་རུའི་སྒྲུབ་སྐོར། རླུང་འཁོར་དྲེགས་པ་ཉི་ཤུ། ཀླུ་སྒྲུབ་ཀྱི་རྒྱ་ནག་ཆུ་འཁོར། ཁ་འབར་མའི་གཏོར་ཆོག ཕྱག་རྡོར་ཨུ་ཙཱརྻའི་ཆོས་སྐོར། པཎ་ཆེན་ནགས་རིན་གྱི་པདྨ་ཚེ་ཁྲིད། ས་སྐྱ་པ་ནས་བརྒྱུད་པའི་ཁྲོ་རྒྱལ་རྨེ་བརྩེགས་ཀྱི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ། བ་རི་ལོ་ཙཱ་བའི་མཁའ་འགྲོ་སེང་གདོང་མའི་སྐོར། མི་ཏྲ་ནས་བརྒྱུད་པའི་ཐུགས་རྗེ་ཆེན་པོའི་གསང་སྒྲུབ་དང༌། མི་ཏྲ་ཁྲིད་དྲུག བློ་སྦྱོང་དོན་བདུན་མ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང༌། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོས་སྐོར། དབོན་སྟོན་སྐྱེར་སྒང་པའི་རྟ་མགྲིན། བྱང་སེམས་ཟླ་རྒྱལ་ནས་བརྒྱུད་པའི་རྟ་མགྲིན། ཞི་བ་ལྷའི་སྤྱོད་འཇུག །


TR001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཇོ་བོའི་ཆོས་ཆུང་བརྒྱ་རྩ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ལྔ་ལྡན། བསྲེ་བ་འབུམ་དཀར་འབུམ་ནག སྙིང་པོ་ནཱ་རོ་ཆོས་དྲུག ལབ་སྒྲོན་གྱི་གཅོད་ཡུལ། ཨོ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ། བདེ་མཆོག་སྙན་རྒྱུད་གསར་རྙིང༌། ཟབ་ཆོས་ཁྲིད་བརྒྱའི་བསྐོར། ཆོས་རྒྱལ་སྲོང་བཙན་བཀའ་འབུམ། ཇོ་བོའི་བྱང་ཆུབ་ལམ་སྒྲོན་གཞུང་འགྲེལ། འབྲོམ་གྱི་མི་ཆོས་གནད་ཕྲེང༌། པུ་ཏོ་པའི་དཔེ་ཆོས་རིན་ཆེན་སྤུངས་པ། ཇོ་བོའི་ལམ་ཡིག་ཆེན་མོ། རྗེ་བཙུན་མི་ལའི་མགུར་འབུམ་ཆེན་མོ། མཉམ་མེད་ཟླ་འོད་གཞོན་ནུའི་བཀའ་འབུམ་ཆ་ཚང༌། རས་ཆུང་བཀའ་འབུམ། ཕག་གྲུ་དང་སྟག་ལུང་ཐང་པ་ཆེན་པོའི་བཀའ་འབུམ། ཞང་བཀའ་བརྒྱད་མ་ལ་སོགས་བཀའ་འབུམ་ཆ་ཚང༌། འབྲི་གུང་སྐྱོབ་པ་རིན་པོ་ཆེའི་དགོངས་གཅིག་རྩ་འགྲེལ། རྒྱལ་དབང་ཀརྨ་པ་དུས་མཁྱེན་ནས་རྗེ་དགུ་པ་ཡན་


TR001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཀའ་འབུམ་ཕལ་མོ་ཆེ་དང༌། དཔལ་མཁའ་སྤྱོད་པ་སྤྱན་སྔ་རིན་པོ་ཆེ། གར་དབང་དཀོན་མཆོག་ཡན་ལག་རྣམས་ཀྱི་བཀའ་འབུམ། གྲུབ་ཐོབ་གླིང་རས། རྒྱ་རས། རྒོད་ཚང་པ། ལོ་རས་ཡང་དགོན་པ། རྩྭ་རི་རས་ཆེན། འབའ་ར་བ། གྲུབ་ཐོབ་མགོན་ཡེ། རྒྱལ་སྲས་ཐོགས་མེད། གྲུབ་ཐོབ་ཨ་རེ་དགའ་ཕྱི་མ། མདོ་ཁ་རས་པ། རྗེ་དབུས་སྨྱོན། ཆོས་བཟང་ཉི་མ། རྒྱལ་དབང་རྗེ། མི་ཕམ་པད་དཀར་ལྷ་བརྩེ་བ། རྒྱལ་དབང་ལྷུན་གྲུབ། རྒྱ་སྟོན་ཆོས་བཟང༌། སྒམ་པོ་བཀྲ་ཤིས་རྣམ་རྒྱལ་ནོར་བུ་རྒྱན་པ་སོགས་ཀྱི་རྣམ་ཐར་བཀའ་འབུམ། མཚུངས་མེད་སཱུརྻ་ཙནྡྲའི་བཀའ་འབུམ་རྒྱ་མཚོ་དགུ་སྐོར། ཀར་ལུགས་དང་འབྲུག་ལུགས་སྒམ་པོ་པ་སོགས་ཀྱི་ཆོས་སྤྱོད་རབ་གསལ། དྲུང་པ་ཀུ་ཅོར་བས་མཛད་པའི་བཀའ་རྒྱུད་གསེར་ཕྲེང༌། ར་ལོ་ན་རོ་ནས་བརྒྱུད་པའི་འཇིགས་བྱེད་སྐོར། བཀའ་གདམས་ཀྱི་གྲི་གུག་གཙོ་འཁོར་དང༌། རྒ་


TR001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ཕྱག་བཞི་པ། ཀར་ལུགས་ཀྱི་མ་མགོན། ས་སྐྱའི་གུར་ཞལ། བྱ་པའི་སྤུ་གྲི་སྐོར་གསུམ། གཡའ་བཟང་པའི་ལྷ་མོ་དང་དྲང་སྲོང་སྐོར་སོགས་བསྟན་སྲུང་གི་སྐོར་མང་པོ། གཞན་ཡང་བཀའ་འགྱུར་སོགས་མདོར་ནོ་རིག་འཛིན་དེ་ཉིད་ཀྱིས་གསན་ན་ཅོག་ཐམས་ཅད་ཀྱིས་ཀྱང་བཀའ་གཏད་རྗེས་སུ་གནང་བ་ཡོངས་སུ་རྫོགས་པ་བུམ་པ་གང་བྱོའི་ཚུལ་དུ་སྩལ་བར་མཛད་པའི་བཀའ་དྲིན་ཐོབ་བོ། གྲུབ་མཆོག་བསོད་ནམས་དབང་པོའི་དྲུང་དུ། བླ་མ་དགོངས་པ་འདུས་པའི་རྫོགས་ཆེན་སྙིང་པོ་གསེར་གྱི་ཡང་ཞུན་ཕྱག་ཆེན་ཀློང་ཡངས་མཐའ་བྲལ། ཟབ་མོ་བདུད་ཀྱི་གཅོད་ཡུལ་དང་བཅས་པའི་ཁྲིད་ཆེན་གསུམ་གའི་ཉམས་ཁྲིད་ཞིབ་རྒྱས་དང༌། ཀུན་སྐྱོང་གླིང་པའི་གཏེར་མ་རྡོར་སེམས་སྙིང་ཏིག ལས་འབྲེལ་རྩལ་གྱི་མཁའ་འགྲོ་སྙིང་ཏིག མཁས་པ་ཀློང་ཆེན་པའི་བླ་མ་ཡང་ཏིག །


TR001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་མོ་ཡང་ཏིག ཌཱཀྐི་ཡང་ཏིག གྲུབ་ཐོབ་ཀརྨ་གླིང་པའི་བར་དོ་ཐོས་གྲོལ་གྱི་སྐོར་དང་བཅས་པ་རྣམས་ཀྱི་དབང་ལུང་ཁྲིད་ངོ་སྤྲོད་ལག་ལེན་ཞལ་གདམས་དང་བཅས་པ་མཐའ་དག་ཡོངས་སུ་རྫོགས་པ་དང༌། གཞན་ཡང༌། ཚེམ་བུ་པ་ནས་བརྒྱུད་པའི་དམ་ཁྲིད། སྟོན་པའི་སྐྱེས་རབས། ལས་འབྲེལ་རྩལ་གྱི་ཕྱག་རྡོར་དྲེགས་འདུལ། བསྟན་བཅོས་རིན་པོ་ཆེ་མཛོད་བདུན་དང་ངལ་གསོ་སྐོར་གསུམ་སོགས་ཀློང་ཆེན་པའི་གསུང་འབུམ་ཁ་འཐོར་ཐོབ་བོ། དྲིན་ཅན་མ་ཧཱ་ལོ་ཙཱ་བ་ངག་དབང་གཞན་ཕན་རྡོ་རྗེའི་དྲུང་དུ། འདུས་པ་མདོ་དབང་ཆེན་མོ་ཡོངས་སུ་རྫོགས་པ། ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་དབང༌། སྒྱུ་འཕྲུལ་ཞི་བའི་ཚེ་དབང་ཆེན་མོ་སོགས་མདོར་ན་དཀྱིལ་འཁོར་ཆེན་མོ་མདུན་ཅུ་རྩ་ལྔ་དུས་གཅིག་ཏུ་ཞལ་ཕྱེས་ཏེ། དེ་དག་གི་སྨིན་གྲོལ་བྱིན་རླབས་བཀའ་གཏད་ཡོངས་རྫོགས་ཕྱག་བཞེས་ཇི་བཞིན་མ་ནོར་མངོན་སུམ་


TR001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཏན་ལ་ཕབས་ཏེ་སྐུ་དྲིན་དུ་སྩོལ་བར་མཛད། གཞན་ཡང༌། གསང་སྔགས་སྔ་འགྱུར་གྱི་རྒྱུད་འབུམ་པོད་ཆེན་བཞི་བཅུ་ཞེ་བཞི་རྣམས་ཀྱི་ལྗགས་ལུང་ཡི་གེ་ན་གཅིག་ཀྱང་མ་ལུས་པར་གནང་བ་དང༌། ༈ བཀའ་བརྒྱད་བདེ་གཤེགས་འདུས་པ། མྱང་གཏེར་གྱི་པདྨ་ལམ་རིམ། ༈ ཆོས་དབང་གི་གཏེར་མའི་བླ་མ་ཡོངས་རྫོགས་གསང་བ་གྲུབ་ཆེན་གྱི་སྐོར། ཁ་འབར་དཀར་ནག་ཁྲ་གསུམ། ༈ རིག་འཛིན་རྒོད་ལྡེམ་ཅན་གྱི་བཀའ་བརྒྱད་རང་བྱུང་རང་ཤར། ཕུར་པ་ཆེ་མཆོག་དང་ལྕགས་ཁང་མ་གཉིས། ཐུགས་སྒྲུབ་ཆེན་མོ། ༈ རིག་འཛིན་གདུང་སྒྲུབ། ལས་འབྲེལ་རྩལ་གྱི་བླ་མ་སྤྱི་འདུས་འཁོར་ལོ། གཟའ་བདུད་ཀྱི་སྐོར། གནོད་སྦྱིན་དམར་ནག་གི་སྒྲུབ་སྐོར། ༈ རཏྣ་གླིང་པའི་ཟབ་ཆོས་ཀློང་གསལ་སྙིང་ཏིག གཟའ་སྒྲུབ། བཀའ་སྲུང་ཁྲོས་ནག གསང་བ་རག་གདོང་གི་ལས་རྒྱུད་ཆེན་མོ། ༈ པདྨ་གླིང་པའི་


TR001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ནོར་བུ་རྒྱ་མཚོ། ཀློང་གསལ་གསང་བ་ཡང་བཅུད། ཡང་གསང་རྒྱུད་བུ་ཆུང༌། བཀའ་བརྒྱད་ཐུགས་ཀྱི་མེ་ལོང༌། ཐུགས་རྗེ་ཆེན་མོ་མུན་སེལ་སྒྲོན་མེ། ཚེ་ཁྲིད་ནོར་བུ་ལམ་ཁྱེར། ཕུར་པ། སྨན་སྒྲུབ། རྟ་མགྲིན་དཔའ་གཅིག བཀའ་སྲུང་དང་མངོན་སྤྱོད་ཀྱི་སྐོར། ༈ གཏེར་སྟོན་བསྟན་གཉིས་གླིང་པའི་བླ་མ་བྱིན་རླབས་ཀུན་འདུས། ཡང་དག་དགོངས་འདུས། ཚེ་སྒྲུབ་སྲོག་འཛིན་ཀུན་འདུས་དང༌། ཙིཏྟའི་རྒྱ་ཅན་གཉིས། རྫོགས་ཆེན། ཕྱག་ཆེན། གཅོད་ཡུལ། དུས་འཁོར། བོན་ཁྲིད། བཀའ་སྲུང་དྲག་སྔགས་དང་འཇོམས་བྱེད། འོད་གསལ་ཐིག་ལེ་ཉག་གཅིག རྒྱབ་ཆོས་རྒྱུ་འབྲས་ཕྲ་ཞིབ་དང་བཅས་པ་རྣམས་དང༌། ༈ གཏེར་སྟོན་ཚེ་བསྟན་རྒྱལ་མཚན་གྱི་གུ་རུ་སྤྱན་མང་སྒྲུབ་སྐོར། འཇམ་དབྱངས་བླ་མའི་གཏེར་མ་རྩ་གསུམ་དྲིལ་སྒྲུབ་ཀྱི་ཆོས་སྐོར། ༈ པཎ་ཆེན་པདྨ་དབང་རྒྱལ་གྱི་གུ་རུ་དྲག་པོ་ཡང་གསང་རྡོ་རྗེ་འབར་བ་དང༌། ཟབ་


TR001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་པདྨ་སྙིང་ཐིག མཉམ་མེད་བསམ་གཏན་མ་གླིང་པའི་ཨ་ཏིའི་སྐོར། ༈ རིག་འཛིན་ནམ་མཁར་སྤྱོད་པའི་གཏེར་མ་བླ་སྒྲུབ་ཀྱི་རྩ་བ། སྣང་རྩེ་བའི་སྒྲོལ་མ་དམར་མོ་དང༌། བཀའ་འབུམ། ༈ རྫོགས་ཆེན་རྒྱུད་བཅུ་བདུན་གྱི་དབང་མོ་ཆེ། ཡང་ཏི་གསེར་གྱི་འབྲུ་གཅིག་གི་དབང་ལུང་ཉམས་ཁྲིད་དང་བཅས་པ། འོད་གསལ་སྒྲོན་མ་དྲུག་སྐོར། སྙན་རྒྱུད་རྡོ་རྗེ་ཟམ་པ། ཀརྨ་སྙིང་ཐིག གསང་འགྲེལ་ཕྱོགས་བཅུ་མུན་སེལ་སོགས་དྲི་མེད་པའི་བཀའ་འབུམ། ༈ ལང་ལབ་ནས་བརྒྱུད་པའི་ཕྱུར་པ་གཅིག་རྒྱུད་ལ། དུག་དབང་རྡོ་རྗེ་ཕ་ལམ། གནུབ་བན་ནས་བརྒྱུད་པའི་བཀའ་སྲུག་བརྒྱད་ཀྱི་སྒྲུབ་སྐོར། བསྲུགས་བ་འདམ་ཤོད་མ། ཞི་བ་འཚོ་ནས་རྒྱུད་པའི་འོད་ཟེར་དྲི་མེད་ཀྱི་སྐོར། མཉམ་མེད་སོག་ཟློག་པའི་བཀའ་འབུམ་ཁ་ཐོར་སོགས་ཐོབ་ཅིང༌། གཞན་ཡང་ཐ་སྙད་རིག་གནས་ཀྱི་སྐོར་ཕྲན་བུ་ས་བོན་ཐོས་པ་ཐམས་ཅད་ཀྱང་རྗེ་


TR001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཀྱི་བཀའ་དྲིན་ཁོ་ནའོ། མཚུངས་མེད་རིག་འཛིན་སྙིང་པོའི་དྲུང་དུ། བླ་མ་དགོངས་པ་འདུས་པའི་དབང་ཆེན་དབང་ཕྲན་རྒྱུད་ལུང་མན་ངག་དང་བཅས་པའི་ཕྱག་བཞེས་དྲི་མ་མེད་པ་ཡོངས་སུ་རྫོགས་པ་དང་ལམ་འབྲས་བུ་དང་བཅས་པའི་ཟབ་ཁྲིད། སངས་རྒྱས་གླིང་པའི་གཏེར་མའི་ཐུགས་རྗེ་ཆེན་པོ་ཕྱི་རྒྱལ་པོ་ལུགས། ནང་ནོར་བུ་ལུགས། ཡང་གསང་བླ་ན་མེད་པ། ལམ་རིམ་འོད་ཀྱི་དྲྭ་བ་དང་བཅས་པ། བཀའ་ཐང་ཆེན་མོ། ཕུར་སྒྲུབ་ཐུགས་ཀྱི་སྙིང་ཁུ། ཚེ་སྒྲུབ་ཉི་ཟླ་ཁ་སྦྱོར། མཁའ་འགྲོ་ཁྲོས་ནག་དང་སྤྱི་རྒྱུད་རྒྱ་མཚོ། ཕྱག་རྡོར་ཁྱུང་གསང་བ། ཡང་ཁོ་ལ་རྟ་མགྲིན་ལྕགས་རལ། རྣམ་སྲས་གཉིས། གཞན་ཡང་སངས་རྒྱས་གླིང་པའི་གཏེར་ཕྲན་མཐའ་དག་དང༌། བི་མ་ལའི་སྙིང་ཐིག་ཟབ་པ་པོད་བཞི་མཛོད་བདུན་སྐོར་ཁ་ཡར་དང་བཅས་པ་ཐོབ་བོ། གཞན་ཡང་ཟབ་ཆོས་ཀྱི་འབྲེལ་པ་ཐོབ་པ་ནི། ༈ སྒམ་པོ་པ་མཆོག་སྤྲུལ་


TR001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕམ་ཆོས་ཀྱི་དབང་ཕྱུག་གི་དྲུང་དུ། ལམ་ཟབ་བླ་མའི་རྣལ་འབྱོར་དང༌། གྲུབ་རྒྱལ་མ་ནས་བརྒྱུད་པའི་ཚེ་དབང་སོགས་ཐོབ། ༈ རིན་པོ་ཆེ་ཀརྨ་ལེགས་པའི་དྲུང་དུ། ཐེག་ཆེན་བྱང་སྡོམ་གྱི་ཆོ་ག་ཞིབ་རྒྱས་སུ་སྩལ་བ་ཐོབ། ༈ ཀུན་མཁྱེན་གསུང་སྤྲུལ་མཆོག་གི་དྲུང་དུ། ཀློང་ཆེན་པའི་མགུར་འབུམ་སོགས་ཐོབ། ༈ ལྷོ་བྲག་སྣ་བོ་ཆོས་རྗེའི་དྲུང་དུ། བདེར་འདུས་ཀྱི་རྩ་རྒྱུད་ཆེན་མོའི་ཆོས་འབྲེལ་རྒྱལ་པོའི་བླ་དཔེ་དངོས་ཀྱི་ཐོག་ནས་ཞུས། ༈ གནས་བཀྲ་ཤིས་རབ་བརྟན་དུ་ཆོས་དབང་གི་གདུང་རབས་བརྒྱད་པའི་དྲུང་དུ། བཀའ་བརྒྱད་གསང་བ་ཡོངས་རྫོགས་དང༌། བླ་མའི་ཐུགས་སྒྲུབ་གསང་བ་འདུས་པ། དཔལ་མགོན་མ་ནིང་ཆོས་སྐོར་སོགས་ཐོབ། ༈ སངས་རྒྱས་གླིང་པའི་གདུང་རབས་བདུན་པ་ཀརྨ་གསང་སྔགས་བསྟན་འཛིན་པའི་དྲུང་དུ། རྫོགས་ཆེན་སྙིང་པོ་བསྡུས་པའི་སྐོར་ཞུས། ༈


TR001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་རྫོགས་ཆེན་པ་འོད་གསལ་ནམ་མཁའ་འབྲུག་སྒྲའི་དྲུང་དུ། བྱང་གཏེར་གྱི་ཚེ་སྒྲུབ་ལྕགས་སྡོང་མའི་དབང་ཐོབ། ༈ ཀཿཐོག་པདྨ་བློ་གྲོས་པའི་དྲུང་དུ། བཀའ་བརྒྱད་བདེ་གཤེགས་འདུས་པའི་པོད་ལུང་བཀའ་གཏད་དང་བཅས་པ་ཐོབ། ༈ ཆོས་ཀྱི་རྗེ་རིག་འཛིན་མཆོག་གྲུབ་རྣམ་རྒྱལ་གྱི་དྲུང་དུ། རྒྱུད་བཅུ་བདུན་གྱི་ལྗགས་ལུང༌། དགོངས་འདུས་ཀྱི་དོན་དབང་དང༌། བྱིན་རླབས་གཏོར་མའི་བརྡ་དབང༌། ཚེ་ཁྲིད་རྡོ་རྗེ་ཕྲེང་བ། འཇམ་དཀར་གྱི་རྗེས་གནང༌། ཆོས་དབང་ལུགས་ཀྱི་གུར་དྲག་གི་དབང༌། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་སོགས་ཐོབ། གུ་རུ་ཨོ་རྒྱན་བསྟན་འཛིན་པ་ལ་དགོངས་འདུས་ཚར་གཅིག་པ་དང༌། ཡང་སྙིང་འདུས་པའི་སྐོར་གྱི་ལྗགས་ལུང་ཐོབ། བླ་མ་ངག་གི་དབང་པོའི་དྲུང་དུ། ཆོས་དབང་གི་དྲག་པོའི་སྐོར་དང༌། སངས་རྒྱས་གླིང་པའི་འཇམ་དཔལ་དཀར་ནག་ཁྲ་གསུམ། གཤིན་རྗེ་ཕ་རོལ་རྒོལ་འཇོམས། ཚེ་ཁྲིད་རྡོར་ཕྲེང༌། དམ་ཚིག་གསལ་སྐྲ་སོགས་


TR001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་ཐོབ། དྲིན་ཅན་དྷརྨའི་མཚན་ཅན་གྱི་དྲུང་དུ། དགོངས་འདུས་ཀྱི་པོད་ལུང༌། གསང་བ་སྙིང་པོའི་གཡུང་འགྲེལ་བསྐང་གསོ་ཆོས་སྤྱོད་སྐོར་དང༌། མན་ངག་གི་སྐོར་བསམ་གྱིས་མི་ཁྱབ་པ་དང༌། ཁོང་རང་གི་གང་གསན་ཐམས་ཅད་ཀྱི་བཀའ་གཏད་བྱིན་རླབས་ནན་དུ་སྩལ་བ་ཐོབ་པ་སྟེ། མདོར་ན་ཕྱི་ཐོས་བསམ་དང་རིག་གནས་ཀྱི་ཕྱོགས་ནས་སྐུ་དྲིན་ཆེ་བ་བདུན། ནང་གསང་སྔགས་ལག་ལེན་གྱི་ཕྱོགས་ནས་སྐུ་དྲིན་ཆེ་བ་གསུམ། དོན་དམ་པའི་ཡེ་ཤེས་སངས་རྒྱས་ལག་བཅང་དུ་ངོ་སྤྲོད་པའི་སྐུ་དྲིན་མཆོག་ཏུ་གྱུར་པ་གཉིས། ཐུན་མོང་ཟབ་ཆོས་དབང་ལུང་ཆོས་འབྲེལ་གྱི་བླ་མ་བཅོ་བརྒྱད་དང་བཅས་པ་རྣམས་ཀྱི་བཀའ་དྲིན་ལས། ཕྱོགས་མེད་ཀྱི་ཆོས་ལ་མོས་པ་ཐོབ་ཅིང་ལོག་ལྟའི་ལས་ངན་མི་གསོག་པར་དལ་འབྱོར་ཐོབ་པ་དོན་མེད་དུ་མ་གྱུར་ཙམ་འདི་བདག་གི་རྣམ་ཐར་གྱི་བཟང་ཤོས་སུ་རློམ་མོ། ༈ །སྔོན་བྱོན་


TR001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་མཆོག་རིག་འཛིན་མཐའ་ཡས་ཀུན། །དམ་པའི་ཟབ་ཆོས་ཚིགས་སུ་བཅད་པ་ནི། གཅིག་ཙམ་ཆེད་དུ་ལུས་སྲོག་རྒྱལ་སྲིད་དང༌། །ལོངས་སྤྱོད་ཅི་མཆིས་བཏང་ནས་མཉན་པར་མཛད། །དེང་སང་བསྐལ་མཐར་སྐྱེ་འགྲོ་ལས་སྒྲིབ་ཚན། །ཆེས་འཐུག་བག་ཆགས་ངན་གོམས་དབང་བཙན་ཆེ། །བཤེས་གཉེན་བཟང་དཀོན་རྙེད་ཀྱང་དད་ལྡན་དཀོན། །ཆོས་ལས་ཟན་རྡོག་འདམས་པ་ཆེས་ཆེར་མང༌། །བདག་ནི་དམ་ཆོས་དྲི་མེད་སུས་སྟོན་པར། །མོས་དང་དཀོན་པའི་འདུ་ཤེས་ཡོད་ནའང༌། །སྐལ་བ་དམན་མཐུས་རྒྱ་ཆེར་ཐོས་མ་གྱུར། །དེ་ཕྱིར་གང་ཐོབ་ཆོས་ཀྱི་རྣམ་གྲངས་ཀྱི། །མཚན་ཙམ་བརྗོད་འདིའང་མ་རྒན་འགྲོ་མང་འདིའི། །མ་རིག་མུན་པ་བསལ་ཞིང་ཐར་ལམ་གྱི། །ཉེ་རྒྱུའི་ས་བོན་ཉིད་དུ་འགྱུར་སྨོན་པས། །ཚུལ་འདི་ཡི་གེའི་ལམ་དུ་བཀོད་པ་ལགས། །སླད་ཀྱི་བློ་གསལ་སྐྱེས་བུའི་ཚོགས་རྣམས་ཀྱང༌། །མ་ནོར་


TR001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལྡན་བླ་མ་བཙལ་བ་གཅེས། །རྙེད་ནས་འགྱུར་མེད་གུས་པས་བརྟེན་པ་གཅེས། །གདམས་པའི་བཅུད་ལེན་ཉམས་ཆགས་མེད་པ་གཅེས། །གང་ཞུས་ཉམས་ལེན་ཐོག་ཏུ་ཁེལ་བ་གཅེས། །ཐེ་ཚོམ་སྒྲོ་འདོགས་ཞུན་ཐར་ཆོད་པ་གཅེས། །ཐོས་བསམ་སྒོམ་པའི་བྱས་ཡུས་མེད་པ་གཅེས། །ནམ་གཞག་གཏན་འདུན་ཆོས་ཀྱིས་བསྒྲུབ་པ་གཅེས། །གཅེས་པ་བདུན་འདི་ཁོ་བོའི་སྙིང་གཏམ་ལགས། །སྙིང་གཏམ་གདམས་ངག་སེམས་ལ་བཤད་བཤད་ཀྱང༌། རང་གི་ཚེ་ཕྱེད་གཡེང་བའི་ངང་དུ་སོང༌། །ད་ནས་ཚེ་དང་སྒྲུབ་པ་མཉམ་པར་ཤོག། ཅེས་དྲིན་ཅན་གྱི་རྣམ་འདྲེན་དམ་པ་དག་གི་དྲུང་དུ་ཟབ་ཆོས་ཀྱི་བདུད་རྩི་ཅུང་ཟད་ཐོབ་ཚུལ་བརྗོད་པའི་ལེའུ་སྟེ་བཞི་པའོ། ༈ །ད་ནི་བསམ་པ་སེམས་བསྐྱེད་ཀྱི་ཀུན་ནས་བླངས་ཏེ་དམ་པའི་ཆོས་ཀྱི་སྒོ་ནས་གཞན་ཕན་ཅུང་ཟད་བགྱིས་པའི་ཚུལ་བརྗོད་པ་ལའང་


TR001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་པའི་བརྗོད་བྱའི་གཙོ་བོ་ཉིད་དུ་གྱུར་པ་ནི་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང༌། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་རྒྱ་ཆེན་པོས་བསྟན་འགྲོའི་ཕན་བདེ་སྒྲུབས་ཚུལ་བརྗོད་པ་ཉིད་ཡིན་ནའང༌། བདག་ལྟ་བུ་ལས་ཉོན་གྱི་ཕུང་པོ་དང་འཁྲུལ་རྟོག་གི་ཡོ་ལང་ལ་སྤྱོད་པའི་རང་བཞིན་ཁོ་ནའི་གནས་ལུགས་འདི་ལྟ་བུའི་ཚུལ་དང་བརྟུལ་ཞུགས་ནི་མཁས་བླུན་མཐའ་དག་གིས་མངོན་སུམ་དུ་གཟིགས་ཡུལ་དུ་གྱུར་བཞིན་པ་འདི་ཉིད་ལས་གཞན་པའི་རྟོགས་བརྗོད་བྱ་རྒྱུས་དབེན་ཞིང༌། འོན་ཀྱང་གནས་སྐབས་ཀྱི་རང་ཚུལ་ལྷུག་པར་མ་བརྗོད་ན་བསྐུལ་བ་པོ་ཡི་དགོངས་པ་མི་རྫོགས་ཚེ། དེ་ཚུལ་འགའ་ཞིག་གླེང་བར་བགྱི་ན། འདི་ལ་ཡང་རང་དོན་དང་གཞན་དོན་གཉིས་ཀྱི་དང་པོ་རང་དོན་དུ་དབེན་པ་བསྟན་ཚུལ་ནི། དེ་ཡང་རང་ལོ་གཞོན་ནུའི་དུས་ནས་མི་མེད་དབེན་པར་སྤྲོ་བ་


TR001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནི་ཐོག་མ་ནས་ཡོད་དེ། ལོ་གསུམ་བཞི་ཙམ་ལོན་པའི་དུས་ནས་ཀྱང་ཕ་མ་དང་བྱིས་པ་ཟླ་བོ་སོགས་མེད་པ་གཅིག་རང་དུ་ལྟ་སྟངས་བྱས་ནས་བསྡད་པའི་དབང་གིས་ཡུལ་མི་རྣམས་ཀྱི་སྒོམ་ཆེན་པར་འབོད་པ་དང༌། རི་ཁྲོད་དང་བྲག་ཕུག་སྒོམ་ཁང་སོགས་མཐོང་བ་དང་གླེང་བ་སོགས་ཀྱིས་ཡིད་འཕྲོག་པ་དང༌། རྒྱལ་བ་གོང་མ་རྣམས་ཀྱི་རྣམ་ཐར་སོགས་མཐོང་བའི་ཚེ་ཡང༌། མཛད་པ་ཕྲིན་ལས་གཞན་གང་ལས་ཀྱང་མི་མེད་ཀྱི་ལུང་སྟོངས་སུ་བྱ་བཏང་ཤ་སྟག་གིས་སྒྲུབ་པ་མཛད་རབས་རྣམས་ལ་ལྷག་པར་ཡིད་སྨོན་ཞིང༌། དེ་མཐུས་རྗེ་བཙུན་མི་ལ་དང༌། རྒྱལ་བ་རྨོག་པ་སོགས་ཀྱི་རྣམ་ཐར་དང༌། རྒོད་ཚང་པ་མགོན་པོ་རྡོ་རྗེ་དང༌། རྒྱལ་སྲས་ཐོགས་མེད་དཔལ་བཟང་པོ་སོགས་ཀྱིས་རང་ལས་གཞན་གཅེས་དང༌། གྲུབ་མཐའི་རིགས་སུ་གྱུར་ཚད་ལ་དག་སྣང་ཕྱོགས་མེད་དང༌། བཟང་ངན་འབྲིང་གསུམ་གོང་དུ་


TR001_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

འཁུར་བའི་དམ་བཅའ་སོགས་ཀྱི་མཛད་ཚུལ་རྣམས་ལ་ཆེས་སྨོན་ཞིང་མོས་པ་ཆེ་བར་ཡོད་ཀྱང༌། འཁོས་ཀ་མེད་རུང་བླ་ཚུགས་འཛིན་དགོས་པའི་རྣམ་པ་དང༌། སྐུ་སྐྱེར་མིང་དུ་བཏགས་ནས་ཟང་ཟིང་འཚོལ་ཐབས་ལ་ཚེ་ཕྱེད་འདའ་བ་ཞིག་བྱེད་དགོས་པར་སྔོན་ལས་ཀྱི་གྲུབ་ཚེ་འདོར་བར་དཀའ་བ་ཞིག་དང༌། དེ་ལ་བརྟེན་པས་དགེ་སྦྱོར་དང་སྒྲུབ་པའི་རིགས་ཚུལ་མཐུན་ཞིག་ནི་ནམ་ཡང་དཀའ་བར་བྱུང་ལ། འོན་ཀྱང་མཚམས་དང་བསྙེན་སྒྲུབ་ཀྱི་ཐོག་མ་ནི། རང་ལོ་བཅུ་གཅིག་གི་སྐབས་ཤིག་ཏུ་ཚེ་ཁྲིད་རྡོ་རྗེ་ཕྲེང་བའི་གསང་སྒྲུབ་ཀྱི་བཟླས་པ་འབྲུ་འབུམ་ཞིག་བཏང་བས། རྨི་ལྟས་ཀྱང་བཟང་བར་བྱུང་ཞིང༌། དེ་ནས་བཟུང་སྟེ་མཚམས་དང་བསྙེན་སྒྲུབ་ཀྱི་རིགས་གང་བྱེད་ཀྱང་བར་ཆད་མེད་པའི་རྟེན་འབྲེལ་འགྲིགས། དེ་ནས་རིམ་པ་བཞིན་དུ་བསྙེན་སྒྲུབ་ཀྱི་འབྲེལ་པ་ཐོས་པ་ལ། ཐུགས་སྒྲུབ་ཡང་སྙིང་འདུས་པའི་གུ་རུ་ཞི་


TR001_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་གྲངས་བསྙེན་གསུམ་ལྷག་ཙམ་དང༌། ཡང་ཟབ་དཀོན་མཆོག་སྤྱི་འདུས་ལ་འབུམ་ཚོ་བརྒྱ་དང་ཉེར་བརྒྱད། དེ་ཉིད་ཀྱི་གུ་རུ་དྲག་སྒྲུབ་ལ་གྲངས་བསྙེན་བཞི་དང༌། མཁའ་འགྲོ་སེང་གདོང་མ་ལ་འབུམ་ཕྲག་བཅུ་བདུན་སོང་ཚེ། གོང་གི་ལེའུ་གཉིས་པར་བཤད་པ་བཞིན། རྨི་ལམ་ན་སེང་གདོང་མ་སྐུ་མདོག་དཀར་མོ་ཞིག་གསལ་བར་མཐོང་ངོ༌། ཡང་དེ་དུས་ལན་ཞིག་ཉམས་ཀྱི་སྣང་བ་ལ་མདུན་གྱི་ནམ་མཁར་རྒྱལ་ཆེན་རྣམ་སྲས་སེང་གེ་སྔོན་པོ་ལ་ཆིབས་པ་ཁྲུ་གང་གི་ཚད་ཙམ་ཞིག་ཡུན་རིང་དུ་མཐོང་ཞིང༌། དེ་ཉིད་བསྒྲུབས་ན་སྒྲུབ་ཐག་ཉེ་བ་ཙམ་ཡོང་ཤས་ཁ་ཡང༌། མཆོག་གི་དངོས་གྲུབ་གཅིག་མ་ཐོབ་ན་ཐུན་མོང་གི་ཟས་ནོར་བསྒྲུབ་པ་ལ་སྙིང་པོ་མེད་པར་བསམ་ནས་རྩོལ་བས་སྒྲུབ་པ་སོགས་མ་བྱས། ཡང༌། རེ་ཞིག་རྒྱབ་མཐའ་བྲག་ཕུག་ཏུ་གུ་རུ་ཞི་བསྙེན་བྱེད་ཚེ་གཟུགས་


TR001_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་སྒྲ་ལས་བཛྲ་གུ་རུའི་འཛབ་དབྱངས་དིར་དིར་བ་རྒྱུན་ཆགས་སུ་ཐོས་པ་བྱུང་རུང༌། གཞན་ལ་བཤད་ན་ཟོག་མཐོང་ལས་མི་ཡོང་བར་བསམ་ནས་མ་བརྗོད། འདག་འབྱར་ལོ་གསུམ་པའི་སྐབས་ཤིག་ཏུ་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་རིལ་བུ་དང་ཁྲུས་ཆབ་ལ་བརྟེན་པའི་སྒྲུབ་པ་ཟླ་བ་གསུམ་བྱས་པའི་ཚེ། བཅུ་གཅིག་ཞལ་རྩ་ཕྱག་བརྒྱད་པ་ཞིག་གསལ་བར་མཐོང་བ་དང༌། སྒྲུབ་པ་འཐོན་པའི་ཉིན་སྒྲུབ་ཁང་ལ་ཤར་ཕྱོགས་ནས་འཇའ་ཁ་དོག་ལྔ་ལྡན་ཡུན་རིང་དུ་ཟུག་པ་དང༌། དེ་དང་དུས་མཉམ་དུ་རང་གི་སྤང་ཐོག་རྩེར་བྱེའུ་སྔར་མ་མཐོང་བའི་སྤུ་མདོག་འཇའ་འོད་འཁྱུག་པ་གཅིག་གི་སྐད་འགྱུར་རིགས་མི་གཅིག་པ་མང་པོ་སྒྲོག་པ་ཡང་བྱུང༌། རྩ་གསུམ་གྱི་བསྙེན་པའི་སྐབས་ཀྱི་ཚེས་བརྒྱད་ཀྱི་སྲོད་ཡོལ་ཙམ་ལ་གང་ནས་ཡོངས་དོན་མེད་པར་བདག་གི་སྟེང་ནས་མར་ལ།


TR001_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དཀར་མོ་སྙིམ་པ་གང་ཙམ་ཞིག་ཤར་གྱི་བྱུང་སྟེ་མགོ་དང་སྒལ་ཁུངས་སུ་བབ་བྱུང་བ། དེ་དུས་སུ་ཉམས་སྣང་མ་བྱུང་སྟེ། རྗེས་སོར་བསམ་པས་དངོས་གྲུབ་ཀྱི་ལྟས་སུ་གོ་ཡང་བླ་བྲང་གི་དབུ་རྩེར་ཚེ་སྒྲུབ་ལྕགས་ཀྱི་རི་བོར་བསྙེན་པ་བྱེད་ཚེ། ཉིན་བྱེད་ཡིད་ལ་མེད་པར་མི་སུས་ཀྱང་མ་ཁུར་བར་བདག་གི་མདུན་དུ་གན་སྤོས་དྲི་ངད་གཞན་ལས་ཁྱད་དུ་འཕགས་པ་མཐོ་གང་ཙམ་ཞིག་རང་བཞིན་དུ་འབར་བ་ཡང་བྱུང༌། མདོར་ན་འདི་འདྲ་བའི་ཡ་མཚན་གྱིས་ལྟས་ཕྲན་བུ་མཐོང་བ་འགའ་ཞིག་བྱུང་རུང༌། སྐྱེ་འགྲོ་རྣམས་ལོག་པར་ལྟ་བ་ལ་ཆེས་གོམས་པས། སྔོན་བྱོན་གྱི་གྲུབ་ཐོབ་རྣམས་ཀྱིས་རྩོད་མེད་ཀྱི་གྲུབ་རྟགས་ནམ་མཁའ་ལ་བྱ་བཞིན་འཕུར་ཞིང༌། ཆུ་ལ་ངང་པ་ལྟར་གཤེགས། རི་བྲག་ཐམས་ཅད་ཟང་ཐལ་དུ་འཕུག་པ་སོགས་མཛད་པ་ལ་ཡང་བསྐུར་པ་འདེབས་པ་ཆེས་མང་བར་བྱུང་ན། བདག་འདྲའི་འཁྲུལ་


TR001_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་བཟང་ཤར་ཕྲན་བུ་འདྲ་བ་གཞན་ལ་བཤད་རུང་སྡིག་གསོག་གི་རྒྱུ་ལས་མི་ཡོང་བར་དངོས་སུ་གྲུབ་ཚེ། མི་སྨྲ་བའི་བརྟུལ་ཞུགས་ཁོ་ན་ཁེ་ཆེ་བར་མཐོང་ངོ༌། དེ་ལྟར་གོང་གི་འཕྲོ་བཞིན་བླ་མ་དགོངས་པ་འདུས་པའི་རྩ་བསྙེན་ཚ་བ་དམར་ཐག་ལ་ཟླས་པ་དུང་ཕྱུར་ཐེམ་པ་ཞིག་བྱ་བར་སེམས་ཀྱང་རང་དབང་མ་འདུས་ཤིང༌། འོན་ཀྱང་ས་ཡ་ཕྱེད་དང་ལྔ་ཙམ་སོང༌། གུ་རུ་དྲག་པོ་ཡང་གསང་རྡོ་རྗེ་འབར་བའི་རྩ་བའི་བསྙེན་པ་བདེ་གཤེགས་ཡོངས་རྫོགས་འདུས་པ་ལ། འབུམ་ཕྲག་བཞི་བཅུ་ཞེ་དྲུག་ནི་རང་ལོ་སོ་ལྔ་ཡན་ལ་སོང་ཞིང༌། གཞན་ཡང༌། ཕྱག་ན་རྡོ་རྗེ་དྲེགས་པ་ཀུན་འདུལ་ལ་འབུམ་ཕྲག་ཉི་ཤུ་རྩ་གསུམ། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལ་བྱེ་བ་བརྒྱ། རྟ་མགྲིན་ནཱ་ག་ཀླུ་འདུལ་ལ་འབུམ་ཕྲག་བཅུ་དྲུག ཚེ་ཁྲིད་རྡོར་ཕྲེང་ལ་འབུམ་ཚོ་ལྔ་བཅུ་ང་གཉིས་རྣམས་ནི་སྤྲོས་བཅས་བསྙེན་སྒྲུབ་ཀྱི་བཟླས་གྲངས་


TR001_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཚུལ་ཡིན་ལ། དེ་དག་ཐམས་ཅད་ཀྱི་ཚེ་ཡང་སྤྲོས་མེད་གནས་ལུགས་ཁྱབ་གདལ་གྱི་ངང་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་ངེས་ཤེས་དང་མ་བྲལ་ཙམ་དང༌། དེ་ཉིད་ཀྱང་རང་དོན་ཡིད་བྱེད་ཀྱི་ཞོན་རྟོག་སྤང་ནས་མཁའ་ཁྱབ་མར་གྱུར་གྱི་འགྲོ་བ་རྣམས་ལ་ཕན་འགྱུར་གྱི་སེམས་བསྐྱེད་དང་ལྡན་ངོས་ནས་བགྱིས་པའི་ཁུལ་མ་གཏོགས། རང་ཉིད་ཀྱི་ཚེ་དང་ལོངས་སྤྱོད་སྤེལ་བའམ། རང་ལ་གནོད་བྱེད་ཞི་ཐབས་སོགས་ཀྱི་འདུན་པ་ནི་གཏན་ནས་མ་བྱས་པར་གང་བྱུང་བླ་མ་དཀོན་མཆོག་གི་ཐུགས་རྗེར་བསྒོམ་པ་ནི་ཞེ་ཐག་པ་ནས་ཡོད་ཅིང༌། སྤྲོས་མེད་རྫོགས་རིམ་གྱི་ཉམས་ལེན་གདེང་ཚད་འདི་དང་འདི་ལྟ་བུ་མཆིས་སོ་ཞེས་བརྗོད་རྒྱུ་ནི་གང་ཡང་མེད་དེ། དེ་ཅིའི་ཕྱིར་ན། སྤྱིར་སྐལ་བ་དམན་ཞིང་དཀོར་གྲིབ་ཀྱིས་འཐུམས་པ་དང༌། ཁྱད་པར་དུ་དེ་དག་ནི་ལམ་རྟགས་ཀྱི་


TR001_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་གོང་དུ་འཕེལ་བར་བྱེད་པ་ལ་དབེན་པའི་གནས་སུ་མི་ཚེ་དྲིལ་ཞིང་སྒོ་གསུམ་གྱི་བྱ་བ་དགུ་ཕྲུག་སུ་བཏང་བ་ཞིག་མེད་ཐབས་མེད་ཚེ། བདག་འདྲ་ནི་རྣམ་པར་གཡོ་བ་དང་གྲྭ་འཁོར་ཡོན་བདག་གི་འདུ་ལོང་ལ་གཏན་དུ་སྤྱོད་པ་འདི་མི་འདོད་ཐོག་ཏུ་བབས་ཚེ། ལམ་རྟགས་དང་ཉམས་རྟོགས་ཀྱི་ཡོན་ཏན་འཕེལ་བའི་ཐབས་མེད་པ་ནི་དངོས་ཀྱིས་བསྟན་མོད་ཅིང༌། འོན་ཀྱང་དྲིན་ཅན་བླ་མའི་ཐུགས་རྗེ་ལ་བརྟེན་ནས་དྲན་རིག་གི་ངོ་བོ་རྐྱེན་དང་བསྲེ་ཐུབ་ཙམ་དང༌། རྡོ་རྗེ་ལུ་གུ་རྒྱུད་མ་བུང་བ་བཅུད་ལ་འཁོར་བ་ཙམ་དང༌། འོད་གསལ་ཐོད་རྒལ་གྱི་མཐོང་སྣང་དུ་ཐིག་ལེ་སྟོང་སྒྲོན་མཁར་སྡེར་ཙམ་དགུ་འབྲེལ་དུ་འཆར་བ་དང༌། མུན་ཁྲིད་ཀྱི་ཚེ་ནི་རིག་པ་ཚད་ཕེབས་ཀྱི་འཆར་སྒོ་རྩལ་རྫོགས་སུ་མཐོང་བ་ཙམ་བྱུང་བ་ལ། མདོར་ན་རང་ལོ་སོ་ལྔ་ཡན་ཆད་དུ་མཚམས་ཀྱི་རིགས་ཀུན་དྲིལ་ལོ་ཕྱེད་དང་


TR001_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་ཙམ་སོང་བ་སྟེ། གང་ལྟར་འདི་ཡན་ཆད་རང་དོན་བསྒྲུབས་ཚུལ་ས་བོན་ཙམ་བརྗོད་པའོ། །དེ་ནས་གཞན་དོན་བགྱིས་ཚུལ་དངོས་བརྗོད་པ་ལའང་གཉིས་ཏེ། ཡུལ་གོང་མ་རྣམས་ལ་ཆོས་ཀྱི་མཆོད་པ་ཕུལ་ཚུལ་དང༌། འོག་མ་རྣམས་ལ་ཆོས་ཀྱི་སྦྱིན་པ་བགྱིས་ཚུལ་ལོ། དང་པོ་ནི། དེ་ཡང་སྤྱིར་གཞན་ལ་སྨིན་གྲོལ་གྱི་གདམས་པ་སྟོན་པར་བྱེད་པ་ལ་བླ་མའི་མཚན་ཉིད་དྲུག་ལྡན་དང་དགུ་ལྡན་སོགས་དགོས་ཚུལ་རྒྱུད་སྡེ་རྣམས་ལས་གསུངས་པ་ལྟར་གྱི་ཡོན་ཏན་ནི་སྣ་གཅིག་ཙམ་ཡང་བདག་ལ་མ་མཆིས་མོད་ཀྱང༌། རང་ལ་སྐུ་དྲིན་ཆེ་བའི་བླ་མ་དམ་པ་སྤྱི་དང༌། ཁྱད་པར་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་ཞལ་སྔ་ནས། བདག་ལ་དགོངས་པའི་གཏད་ཕྱོགས་དང་གཞན་དོན་གྱི་རེ་བ་ཆེར་མཛད་དེ། དེ་ཉིད་ཀྱི་བཀའ་ལས་ཀྱང༌། ཁྱེད་ལ་ཆོས་ཀྱི་འགྲོ་དོན་འབྱུང་བའི་ལུང་བསྟན་མང་དུ་ཡོད་དེ།


TR001_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྐད་དུ། ཚེ་བསྒྲུབ་གནམ་ལྕགས་རྡོ་རྗེའི་ལུང་བསྟན་ལས། ད་ལྟའི་སྤ་གོར་བཻ་རོ་ནི༔ སྤྲུལ་པའི་འོད་ཟེར་བརྒྱ་ཕྲག་འགྱེད༔ མ་འོང་དྭགས་ཀོང་སོ་མཚམས་སུ༔ རྡོ་རྗེ་ཀརྨའི་མིང་འཆང་བས༔ ཚེ་སྒྲུབ་ཟབ་མོའི་འགྲོ་དོན་འབྱུང༔ ཞེས་པ་དང༌། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས༔ བྱང་ནས་ཀརྨ་ལས་དང་དར་རྒྱས་མིང༔ ཆོས་འདི་ཕྱོགས་མཚམས་ཡཽངས་ལ་མཆེད་པར་འགྱུར༔ ཞེས་དང༌། དཔལ་མགོན་གྱི་ཆོས་འཁོར་ལུང་བྱང་ལས༔ ལ་ལུང་མཎྜལ་འདྲ་བའི་ས་ཕྱོགས་ནས༔ མཁའ་འགྲོ་གནས་བཟང་འདབས་སུ་འཁྲུངས་པ་ནི༔ ཤེས་རབ་མིང་འཛིན་གཟུགས་བཟང་མཚན་དཔེ་ལྡན༔ ཌཱཀྐིའི་ཚོགས་དཔོན་དགེ་ལ་དད་པའི་མི༔ རྣམ་གསལ་རིགས་ལྡན་དེ་ལ་གཏད་རྒྱ་གྱིས༔ ཅེས་སོགས་གསུངས་ཡོད་པས་འགྲོ་དོན་ལ་དཀའ་ཚེགས་མི་ཡོང་བས་བྱམས་སྙིང་རྗེ་དང་སེམས་བསྐྱེད་སྨོན་ལམ་གྱི་རྒྱ་བསྐྱེད་ཅིང་གཞན་དོན་


TR001_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྩོན་པའི་གོ་ཆ་ཆེར་བགོ་བར་གྱིས་ཤིག ཅེས་གསུངས་པ་དང༌། དེ་བཞིན་དུ། དཔལ་མ་ཧཱ་ལོ་ཙཱ་བའི་ཞལ་ནས་ཀྱང༌། དེང་སང་སྙིགས་དུས་ཀྱི་སེམས་ཅན་བསོད་ནམས་དང་སྐལ་བ་ཞན་པའི་དབང་གིས། དམ་ཆོས་ཚུལ་བཞིན་སྟོན་པའི་བཤེས་གཉེན་ནི་རབ་ཏུ་དཀོན་པའི་ཕྱིར་ན། སློབ་མའི་སྣོད་བརྟགས་པ་སོགས་ལས་ཀྱང་འབྲེལ་པ་བཟང་ཐོགས་རྒྱ་ཆེ་བ་བསོད་ནམས་ཆེ་ཞིང་དེ་ལའང་གདུལ་བྱ་རྣམས་ནི་ལས་ཉོན་གྱིས་འཐུམས་ཤིང་རྨོངས་པའི་དབང་གིས་ཟབ་ཆོས་ཞུ་ཤེས་པ་ཡང་དཀའ་བས། དེས་ན་སོ་སོའི་སྐལ་བ་དང་བསྟུན་པའི་ཆོས་ཀྱི་རྣམ་གྲངས་གང་ལ་གང་འཚམས་པར་སྟོན་པའི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཁྱད་པར་གསང་སྔགས་སྔ་འགྱུར་གྱི་བསྟན་པ་ཉམས་དམའ་བ་འདི་ལྟ་བུ་ལ། ཉན་འཆད་སྒོམ་སྒྲུབ་ཀྱིས་ཕན་ཐོགས་རྒྱ་གང་ཆེ་ཞིག་བྱེད་པ་ཅི་ནས་ཀྱང་གལ་


TR001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའོ། ཞེས་སོགས་ནན་ཏན་གྱི་སྒོ་ནས་བསྟན་པ་གཏད་པའི་ཚུལ་མཛད་པ་དང༌། གཞན་ཡང༌། མཚུངས་མེད་རིག་འཛིན་སྙིང་པོ། དྲིན་ཅན་དྷརྨའི་མཚན། མཁས་གྲུབ་པདྨ་བློ་གྲོས་སོགས་ཐམས་ཅད་ཀྱིས་ཀྱང་དེ་དང་མཐུན་པར་འགྲོ་དོན་ཁོ་ན་ལ་བསྐུལ་བར་མཛད་ནའང༌། རང་ཉིད་ལ་ཐོས་བསམ་སྒོམ་པའི་ནུས་པ་ནི་དབེན། སྙིགས་དུས་ཀྱི་འགྲོ་བ་རྣམས་ནི་དུག་ལྔ་རགས་ཤིང་རྒྱུད་མི་སྲུན་པས་ཐུལ་བར་ནི་དཀའ། ཟབ་ཆོས་བཤད་ཀྱང་ཉམས་ལེན་བྱེད་མཁན་ནི་ཉིན་སྐར་ལས་དཀོན། གསང་སྔགས་ཀྱི་ཆོས་ནི་བཀའ་གཉན་ཞིང་བཀའ་སྲུང་གི་མཁའ་འགྲོ་ཆོས་སྐྱོང་རྣམས་རུ་ང་ནི་དོག དེང་སང་གི་སྐྱེ་འགྲོ་སྤྱི་དང་ཁྱད་པར་ཆོས་སྒོར་ཞུགས་པ་རྣམས་དང་གྲྭ་སློབ་ཀྱི་རིགས་མཐའ་དག་ཀྱང་དམ་ཚིག་བསྲུང་མི་ནི་མེད། རང་ཉིད་ལ་གཞན་རྒྱུད་ཤེས་པ་སོགས་སྣོད་དང་སྐལ་བར་ལྡན་མི་ལྡན་གྱི་དབྱེ་བ་ཤེས་པའི་ནུས་པ་ནི་མེད། དེའི་


TR001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གང་ནས་བསམ་ཀྱང་ཆོས་ཀྱི་འགྲོ་དོན་བྱེད་པའི་སྟོབས་དང་མཐུ་ནུས་ཡོད་པ་ཞིག་རང་ལ་ནམ་ཡང་མི་གདའ་བས་སྒྱིད་ལུག་ཅིང་ཡིད་སྐྱོ་བ་ཞིག་ལས་མི་འདུག་རུང༌། འོན་ཀྱང་རྟེན་འབྲེལ་གྱི་བབས་ཚུལ་ལ་བརྟེན་པའི། ཡུལ་གོང་འོག་རྣམས་ལ་ཟབ་ཆོས་ཀྱི་འབྲེལ་པ་བགྱིས་ཚུལ་ནི་རང་ལོ་བཅུའི་སྐབས་སུ་གཏེར་སྟོན་པདྨ་རིག་འཛིན་རྩལ་ལ་ཚེ་ཁྲིད་རྡོ་རྗེ་འཕྲེང་བའི་དབང་ལུང་ཕུལ་བ་འདི་ནི་གཞན་ལ་ཆོས་བཀའ་འབུལ་བའི་ཐོག་མ་ཡིན་ཞིང༌། གཞན་ཡང༌། སྤོ་བོ་གསང་སྔགས་ཆོས་གླིང་ནས་སྤྲུལ་པའི་སྐུ་མཆོག་རིག་འཛིན་རྒྱ་མཚོ་ལ་བསྟན་བཅོས་ཤིང་རྟ་ཆེན་པོའི་ལུང་ཕུལ། གུ་རུ་ཨོ་རྒྱན་བསྟན་འཛིན་པ་ལ་ཚེ་སྒྲུབ་རྡོར་འཕྲེང་གི་དབང་ཕུལ། རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོ་ལ་སྐུ་ཚེའི་རྟེན་


TR001_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་ལ་དམིགས་པའི་ཚེ་སྒྲུབ་རྡོར་འཕྲེང་དང་རྒྱལ་བ་འདུས་པ་སོགས་ཀྱི་ཚེ་དབང་བརྒྱ་ཚར་དུ་མ་དང༌། གཞན་ཡང་བཀའ་བརྒྱད་ཡོངས་རྫོགས་སྐོར་དང༌། དགོངས་འདུས་དབང་འཐོར་སོགས་དང༌། མདོར་ན་མདོ་ཁང་རྒྱུད་འབུམ་སོགས་རང་གི་གངཐོབ་ཀྱི་ཆོས་སྐོར་སོ་སོའི་བཀའ་གཏད་སོགས་དགོངས་བཞེད་དང་མཐུན་པར་ཕུལ། མཉམ་མེད་སྐད་གཉིས་སྨྲ་བ་ཆེན་པོ་ལ། དེ་ཉིད་ཀྱི་བཞེད་པ་ལྟར་རང་ལ་རྒྱུན་ཙམ་གང་ཡོད་ཀྱི་ངོས་ནས་རྫོགས་ཆེན་ཟབ་ཁྲིད་ཀྱི་རིགས་མི་འདྲ་བ་བཅུ་བདུན་ཙམ་དང༌། གཞན་ཡང་རིག་འཛིན་འཇའ་ཚོན་པའི་གཏེར་ཆོས་ཡོངས་རྫོགས་དང༌། རྒྱུད་བཅུ་བདུན། སྙིང་ཐིག་ཡ་བཞི། རྡོར་སེམས་སྙིང་ཐིག་དང་སྙིང་པོ་སྙིང་ཐིག བར་དོ་ཐོས་གྲོལ། བླ་མ་གསང་འདུས། རཏྣའི་ཐུགས་སྒྲུབ། ཚེ་སྒྲུབ་གསང་འདུས། ཆོས་དབང་གི་ཐུགས་རྗེ་ཆེན་པོ། མྱང་གི་ལོཀྟི། རིན་ཆེན་གླིང་པའི་ཚེ་སྒྲུབ་འོད་ཟེར་


TR001_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲེང་བ་དང་རྫོགས་ཆེན་སྐོར། དྲི་མེད་ཀུན་དགའི་མཁའ་འགྲོ་ཡང་ཏིག་དང་མཁའ་འགྲོ་བདེ་ཆེན། ལས་འགྲེལ་རྩལ་གྱི་ཕྱག་རྡོར། ཞང་ཁྲོམ་གྱི་ཡང་ཟློག དུང་མཚོ་རས་པའི་ཏྲག་ཤད། ཀློང་ཆེན་པའི་བསྟན་བཅོས་ཐོར་བུ། མྱང་གི་པདྨ་བཀའ་ཐང་སོགས་དང༌། གཞན་ཡང་གཏེར་ཁ་དུ་མ་ཞིག་གི་ཆོས་བཀའི་རྒྱུན་རང་གིས་གང་ཐོབ་དགོངས་བཞེད་དང་མཐུན་པར་ཕུལ། ཆོས་ཀྱི་རྗེ་གསུང་སྤྲུལ་དམ་པར་མཁའ་འགྲོ་སྙིང་ཐིག་གི་དབང་དང༌། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་དབང་ལུང༌། དྲང་སྲོང་ལོཀྟྀའི་དབང་ལུང་ཐུགས་སྒྲུབ་གསང་འདུས་ཀྱི་དབང་སོགས་ཕུལ། རྒྱལ་སྲས་རིག་འཛིན་སྙིང་པོ་ལ། རྫོགས་ཆེན་དགོངས་པ་ཟང་ཐལ། ཐུབ་པའི་སྐྱེས་རབས་བརྒྱ་རྩ། གཏེར་གསར་གྱི་སྐོར། མཉམ་མེད་སོག་བཟློག་པས་མཛད་པའི་ཨོ་རྒྱན་རྣམ་ཐར་ཆེན་མོ། ཚེ་ཁྲིད་རྡོར་འཕྲེང་སོགས་


TR001_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཞན་ཡང་མང་ཞིག་ཕུལ། མཁས་གྲུབ་པདྨ་བློ་གྲོས་པ་ལ་ཚེ་དབང་དང༌། འཁྲུངས་རབས་བརྒྱ་རྩ་སོགས་ཕུལ། རིག་འཛིན་མཆོག་གྲུབ་པའི་སྐུ་སྐྱེ་བ་ཕྱི་མ་ལ། ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་ལུང་དང༌། པད་གླིང་ཚེ་སྒྲུབ་ཀྱི་དབང་ལུང་ཕུལ། ཆོས་ཀྱི་རྗེ་རྫོགས་ཆེན་པོའི་དྲུང་ལ་རྡོར་འཕྲེང་གི་ཚེ་དབང་ཕུལ། མོན་སྤ་གྲོ་ཆོས་རྗེའི་དྲུང་ལ་བླ་པ་ནོར་བུ་པད་འཕྲེང་གི་ཧཱུྃ་སྒྲུབ་དང་ཚེ་དབང་སོགས་ཕུལ། དཔོན་༼དེ་དུས་ཁོང་གི་ཐུགས་དམ་གསལ་སྣང་ལ། བདག་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུར་མཐོང་བ་ཡུན་རིང་དུ་བྱུང་གསུངས་སྣང༌།༽སློབ་ཀུན་བཟང་རྣམ་རྒྱལ་དང་ཆོས་རྗེ་དཀར་ཆེན་པ་དཔོན་སློབ་ལྷན་ཅིག་པར་ཚེ་སྒྲུབ་རྒྱལ་བ་འདུས་པའི་དབང་དང༌། རང་གི་ཐོབ་ཡིག་རྣམ་ཐར་སོགས་ཕུལ། ཤེལ་བྲག་ཆོས་རྗེ་སྐུ་གཞོན་པར་ཚེས་བཅུའི་ཕན་ཡོན་གྱི་ཆོས་འབྲེལ་ཕུལ། བོན་ལུང་


TR001_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བླ་མ་དམ་པ་བློ་གྲོས་རྒྱལ་མཚན་དང༌། བླ་མ་རྟོགས་ལྡན་ནམ་མཁའ་བསོད་ནམས་གཉིས་ལ་བར་དོ་ཐོས་གྲོལ་དང༌། བོན་ཁྲིད་གསེར་ཐུར་སོགས་ཟབ་ཆོས་མང་བར་ཕུལ། དེ་ལྟར་འདི་དག་ནི་ཡུལ་གོང་མ་རྣམས་ལ་ཆོས་འབྲེལ་ཕུལ་བའི་ཚུལ་རགས་རིམ་ཙམ་བརྗོད་པ་ཡིན་ལ། དེར་མ་འདུས་པའི་རང་ཕྱོགས་ཀྱི་གྲྭ་བུ་སློབ་ཏུ་གཏོགས་པའི་རིགས་ཀྱི་བླ་མ། སྐུ་སྐྱེས། གདུང་རྒྱུད། དབོན་པོ། དགེ་བའི་བཤེས་གཉེན་གྱི་རིགས་སོགས་དང༌། གཞན་ཕལ་པའི་རིགས་ལ་དགེ་ཚུལ་སློང་གི་སྡོམ་པ་ཕོགས་པ་དང་བཀའ་ལུང་དབང་ཁྲིད་ཀྱི་འབྲེལ་པ་བགྱིས་པའི་རིགས་ཀྱི་སྔགས་བཙུན་སྒོམ་ཆེན་སྐྱ་སེར་ཕོ་མོ་སོགས། མདོར་ན་ཟབ་ཆོས་ཀྱི་འབྲེལ་པ་ཡོད་དོ་ཅོག་ནི་བགྲང་བར་ག་ལ་ལངས་ཤིང༌། བགྲངས་ཀྱང་དགོས་པ་ཆུང་ཚེ་བཏང་སྙོམས་སུ་


TR001_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པ་ཡིན་ལ། དབང་ཁྲིད་གདམས་པ་གཞན་ལྟ་ཞོག འཕོ་བའི་དགོངས་ཁྲིད་ཀྱི་རྟགས་འཐོན་པ་ཁོ་ན་ཡང་བགྲང་བར་མི་ལངས་པ་ལྟ་བུ་བྱུང་བ་དང༌། གཞན་ཡང་རང་ལོ་ཉེར་བརྒྱད་ནས་སོ་ལྔའི་བར་ལ། དབང་སྒྲུབ་ཆེན་མོའི་རིགས་ཀྱང་འདུས་པ་མདོ་དབང་ཆེན་མོ་ཚར་གསུམ། དགོངས་འདུས་ཀྱི་སྨན་སྒྲུབ་ལན་གཉིས། བཀའ་བརྒྱད་བདེ་གཤེགས་འདུས་པའི་སྨན་སྒྲུབ་ཆེན་མོ་དང༌། གཞན་ཡོངས་དྲིལ་སྒྲུབ་པ་ཆེན་པོ་བཅུ་གསུམ་༼མདོ་དབང་ཚར་གསུམ། དགོངས་འདུས་གཉིས། བདེར་འདུས། གསང་བ་ཡོངས་རྫོགས། བླ་མ་གསང་འདུས་དང་བསྟན་པ་རྒྱ་མཚོ་ལན་ཅིག ཐོས་གྲོལ་ཚར་གསུམ། ཕུར་སྒྲུབ་གཉིས་བཅས་སོ།༽དང༌། སྒྲུབ་དབང་ཕྲན་བུ་མང་བར་སོང་ཞིང༌། དེ་དག་གི་ཚེ་ཡང་འདུས་པ་ཤིན་ཏུ་ཆེ་བ་སྒྲུབ་ཁང་དུ་མི་ཤོང་ལ་ཁད་པ་ལྟ་བུ་དང༌། གྲོལ་དབང་གི་ཚེ་


TR001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འདུ་ཚོགས་ཧ་ཅང་ཆེས་པས་དབང་སྐུར་བས་མ་ལངས་པར་དར་ཐག་གི་འོག་ཏུ་གཤར་བས་ཀྱང་མི་རྫོགས་པ་ལྟ་བུ་བྱུང་ཀྱང༌། ཐམས་ཅད་ལ་རྟེན་འབྲེལ་གྱི་འདུ་འགོད་ཁྱད་པར་དུ་འཕགས་པ་ཕྱི་ནང་ནས་གུང་མཐུན་པ་དང༌། སྨན་སྒྲུབ་ཀྱི་ཚེ། དགུན་ཞིག་གི་སྐབས་ཤིན་ཏུ་གྲང་བའི་དུས་ཡིན་ཀྱང༌། སྒྲུབ་པ་དངོས་ཀྱི་དུས་སུ་ཤིན་ཏུ་དྲོ་བ་ས་ཆུ་མཐའ་དག་དྲོས་ཏེ་དབྱར་གྱི་དུས་ལྟ་བུར་གྱུར་པ་དང༌། རང་དང་སྒྲུབ་པ་པོ་འགའི་ཉམས་རྨིས་དག་ཏུ་སྨན་གྱིས་ལྷ་མོས་འཕྲིན་ལས་སྒྲུབ་ཅིང་ལུང་སྟོན་པ་མཐོང་བ་དང༌། སྨན་གྱི་གོང་བུ་ཆེར་འཕེལ་ཞིང་དྲི་བཟང་སོགས་ལེགས་པར་འགྲུབ་པའི་རྟགས་རྣམས་ཞག་གསུམ་ལ་ཚང་བ་དང༌། སྒྲུབ་ཁང་ལ་འཇའ་འོད་ལྔ་ལྡན་ཟུག་པ་དང༌། སྒྲུབ་པ་པོ་མཐའ་དག་ཁམས་བདེ་བག་དྲོ་བྱིན་ཆགས་ཏིང་འཛིན་འཕེལ་བ་ལ་སོགས་གཞུང་དང་མཐུན་པའི་བྱིན་རླབས་ཀྱི་


TR001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་ཡང་དག་པ་ཐམས་ཅད་ཀྱིས་མཐོང་མཐུན་དང༌། རྡུལ་ཚོན་གཤེགས་པའི་ཆུ་ཀླུང་གིས་གང་ཁྱབ་ཏུ་ལོ་ལེགས་པ་སོགས་རྒྱལ་ཁམས་སྤྱིའི་མཐུན་སྣང་དུ་གྲུབ་པའི་དགེ་མཚན་ཀྱང་བྱུང་བ་འདི་ནི། རང་ཉིད་ལ་བྱིན་རླབས་ནུས་སྟོབས་ལྟ་སྒོམ་གྱི་གདེང་ཚད་སོགས་གང་ནས་ཀྱང་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་དང་ལྡན་པ་མིན་རུང༌། མོས་གུས་དཀར་པོ་གཅིག་ཐུབ་དང་ལྷག་བསམ་གྱིས་བསྐུལ་བའི་མཐུས། རྒྱལ་དབང་པདྨ་འབྱུང་གནས་སྤྲུལ་འཁོར་དང་བཅས་པའི་ཐུགས་རྗེ་ལ་ལྡོག་མེད་དུ་ངེས་ཤེས་རྙེད་པ་བྱུང་ངོ༌། མདོར་ན་རང་གི་འཁོས་ཀ་ཅི་ཡོད་ཀྱི་ངོས་ནས་གཞན་ཕན་ལྷག་བསམ་རབ་དཀར་གྱིས་ཀུན་ནས་བླངས་པའི་དབང་བསྐུར་ཆོས་བཤད་དང༌། རྩོལ་བྱས་རྩོལ་མེད་སོགས་ཆོས་སྤྱོད་བཅུ་གང་༼རང་ལོ་སོ་ལྔ་ཡན་ལ་རང་ཉིད་གཅིག་པུས་ཡི་གེ་བྲིས་པ་ཡང་པོ་སྟི་ཆེན་པོ་སུམ་ཅུ་རྩ་གཉིས་ཙམ་སོང་འདུག །༽རུང་གི་བྱ་བ་ཅི་བྱེད་ཐམས་ཅད་དྲིན་ཅན་བླ་མ་རྣམས་


TR001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགོངས་པ་རྫོགས་ཐབས་དང༌། དད་ཟས་གཤིན་དཀོར་གྱི་འབྲེལ་པ་ཐོགས་ཚད་ཀྱི་སྣ་དྲངས་པའི་མཁའ་མཉམ་འགྲོ་བ་མཐའ་དག་ལ་ཅི་ཕན་གྱི་འདུན་པ་ཤ་སྟག་མ་གཏོགས། རང་ཉིད་རྙེད་བཀུར་གྲགས་འདོད་ཀྱི་བསམ་པས་བྱས་པ་ནི་སྤུ་ཙམ་མིན་ཚེ། གཞན་དག་གིས་ཅིར་མཐོང་ཀྱང་རང་ངོས་ནས་ནི་དཀོན་མཆོག་ཡེ་ཤེས་སྤྱན་ལྡན་རྣམས་ལ་མི་གནོང་ཞིང་འགྱོད་མེད་ཀྱི་གདེང་དང་བཅས་པའོ། ཡང་རེ་ཞིག་དཔལ་རྣམ་ཐོས་ཀྱི་རི་བོའི་ཕོ་བྲང་ནས་བཀས་བསྐུལ་བར་མཛད་པར་བརྟེན། བོད་ཁམས་ཀྱི་སའི་མེ་བཙའ་ཀོང་པོ་བུ་ཆུ་ལྷ་ཁང་དུ་གྲགས་པའི་གཙུག་ལག་ཁང་ཉིད་དུས་དབང་གིས་ཞིག་རལ་ཤིན་ཏུ་ཆེ་བར་གྱུར་པ་ལ། ཞིག་གསོས་ཀྱི་ཆེད་དུ་ཕྱིན་ཏེ། དེ་ཡང་བཀའ་སྲུང་གཉན་པའི་དབང་གིས་མི་དམངས་མཐའ་དག་འཁུ་འཕྲིག་ཐེ་ཚོམ་གྱི་བསམ་པ་སྣ་ཚོགས་


TR001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལབ་བརྗོད་དུ་མ་དང༌། དེ་བཞིན་དུ་བཟོ་རིགས་པ་ཀུན་ཀྱང་ཡ་ང་བར་བྱེད་ནའང༌། བདག་གི་རྨི་ལམ་དུ་བཀའ་སྲུང་སྐྱེས་བུ་ཆེན་པོ་ཉིད་འོངས་ཏེ་ཉེན་མེད་ཀྱི་གནང་བ་སྦྱིན་པའི་ཚུལ་དང༌། ཁོང་རང་གི་རྟེན་གཙུག་སོགས་སྤོ་དགོས་ཚུལ་གྱི་རྣམ་འགྱུར་གསལ་བར་སྟོན་པ་འབྱུང་བས་ཡིད་ཆེས་རྙེད་ཅིང༌། དེ་དུས་ཀྱི་ལག་ཏུ་ཟང་ཟིང་གང་ཡོད་གང་བྱུང་ཐམས་ཅད་གཙུག་ལག་ཞིག་གསོས་ཀྱི་ཆ་རྐྱེན་ཁོ་ནར་སྤུངས་ཤིང༌། དེ་ཚེ་ལྷ་བཟོ་བ་འབུར་མ་ལ་མཁས་པ་སྤུས་གཙང་ཞིག་མ་རྙེད་པར། དཀོན་མཆོག་ལ་གསོལ་བ་བཏབ་ཅིང་མཆིས་ཚེ། འབོད་མི་དགོས་པར་ལྷ་བཟོ་མཁས་པ་མཆེད་གཉིས་ཀྱང་དུས་ལ་ནམ་བབ་ཚེ་རང་བཞིན་༼དེ་ཡང་ལྷ་བཟོ་བ་ཁོ་རང་སྔོན་ལ་ཕྱི་ཆུ་བར་དུ་ཡོད་ཚེ། རྨི་ལམ་དུ་བུད་མེད་གཅིག་གིས། ཁྱེད་རྩེ་ལེ་སྤྲུལ་སྐུའི་དྲུང་དུ་སོང་གཅིག་ཟེར་བ་ཡང་ཡང་བྱུང་བས། དེ་དུས་རྩེ་ལེ་སྤྲུལ་པའི་སྐུ་ཞེས་པ་རྣ་བས་ཀྱང་མ་ཐོས་པས། ཅི་ཡིན་ནམ་བསམ་ཀྱང༌། ཕྱིས་འདི་ལ་བལྟ་བ་ཡིན་པར་འདུག་ཟེར་རོ།༽དུ་སླེབས་བྱུང་བ། འདི་ལྟ་བུའི་རྟེན་འབྲེལ་ནི། སྔོན་བསམ་ཡས་བཞེངས་ཚེ་རྒྱལ་པོའི་མནལ་ལམ་དུ་ལྷས་ལུང་བསྟན་པའི་


TR001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ལྷ་བཟོ་བྱུང་བའི་ཚུལ་དང་ཁྱད་མེད་པར་དཀོན་མཆོག་གི་ཐུགས་རྗེ་ལ་ལྷག་པར་ཡིད་ཆེས་པ་བྱུང་ཞིང༌། ལྷ་རྟེན་བྲིས་འབུར་རྙིང་པ་ཞིག་རལ་ཅན་རྣམས་ལ་ཨརྒྷའི་ཆོ་ག་དང༌། གསར་བཞེངས་རྣམས་ཀྱི་གཟུངས་བཞུགས་རབ་གནས་མངའ་གསོལ་དང་བཅས་པ་སོགས། མདོར་ན་ཕྱི་རྟེན་ནང་རྟེན་མཐའ་དག་ཟླ་བ་ཕྱེད་དང་དྲུག་ལ་གེགས་མེད་དུ་གྲུབ་པ་དང༌། དེའི་ཚེ་བཟོ་རིགས་དང་ལས་རིགས་སུ་གྱུར་པ་མཐའ་དག་ལ་ཆམ་པ་ཙམ་གྱི་ཉེར་འཚེ་ཡང་མེད་ཅིང༌། ཆར་ཆུ་དུས་སུ་འབབ་པ་སོགས་ཕྱི་ནང་གི་ལེགས་ཚོགས་སྒོ་དུ་མ་ནས་འཕེལ་ཞིང་བཟང་བར་གྱུར་པས་སྐྱེ་འགྲོ་ཐམས་ཅད་ཡ་མཚན་གྱི་གནས་


TR001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར། འདི་དུས་ཀྱང་ཕྱོགས་མཐའ་དག་ནས་འདུས་པའི་ལས་མི་རྣམས་ལ་ཉིན་རེ་བཞིན་ཟང་ཟིང་གི་སྦྱིན་པ་ཅི་འབྱོར་དང༌། སྒྲུབ་ཐབས་རྒྱ་མཚོའི་སྒོ་ནས་ཆོས་ཀྱི་སྦྱིན་པ་ཡང་རྒྱུན་ཆགས་སུ་བྱས་ཤིང༌། རང་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་དོན་ལྡན་དུ་བགྱིས་སོ། གཞན་ཡང་གཞིས་བྱེས་ལམ་དུ་དད་རྫས་དཀོར་ཟས་ཆེ་ཆུང་གང་བྱུང་ཐམས་ཅད་ཀྱང་འཕྲལ་གྱི་ཉེ་བར་འཁོ་བྱེད་ཕྲན་བུ་མ་གཏོགས་གཞན་ཟང་ཟིང་ཆེ་ཆུང་མཐའ་དག་དཀོན་མཆོག་གི་མཆོད་རྫས། མཁའ་འགྲོ་ཆོས་སྐྱོང་ལ་གཏོར་ཚོགས་དང༌། གྲུབ་མཐའ་རིས་མེད་ཀྱི་དགེ་འདུན་སེམས་ཅན་ཐམས་ཅད་ལ་དམིགས་ནས་དགེ་ཚོགས་སུ་གང་འགྱུར་ཁོ་ན་མ་གཏོགས་གནས་མིན་དུ་གོད་ཟ་མ་བྱས་པ་ལ། ཕལ་པ་


TR001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བདག་ལ་ལག་དམ་པའམ་མི་ཆོས་མི་ཤེས་པ་སོགས་ཀྱི་འབར་གཤེ་སྣ་ཚོགས་བྱེད་ཅིང༌། གདའ་ཡང༌། རང་ངོས་ནས་བློ་ཆོས་ཕྱོགས་སུ་དྲིལ་བའི་བྱ་བྱེད་ལ་འགྱོད་མེད་ཀྱི་བློ་ཕུགས་གཏད་པ་མ་གཏོགས། དེང་སང་གི་སྐྱ་སེར་ཕལ་མོ་ཆེའི་བསམ་སྤྱོད་དང་མཐུན་པར་མ་གྱུར་ན་སྤང་བཟོད་ཅིང༌། བླ་མ་དཀོན་མཆོག་གི་ཐུགས་ཀྱི་མ་འཁྲེལ་ན་དེ་ཀས་ཆོག་པ་དང༌། རང་ཉིད་ཀྱི་ཚེ་བསྟོད་ལ་འདི་ལྟ་བུ་ཞིག་འདོད་ཀྱང་རང་དབང་མ་བྱུང་ཞེས། ད་ལྟ་ཅི་ནུས་ཀྱི་རྒྱལ་བ་གོང་མའི་རྣམ་ཐར་གྱི་རྗེས་སུ་འབྲང་ཅི་ཐུབ་ལ་འདུན་པ་གཏད་པ་ལས་ལྷག་པ་ནི་བདག་གིས་ཤེས་ཀྱང་མི་ཤེས། ཡོང་ཡང་མི་ཡོང༌། སངས་རྒྱས་ཀྱི་བསྟན་པ་ལའང་དམ་པའི་ཆོས་ཀྱི་སྒོ་ནས་མ་ཕན་ན་འཇིག་རྟེན་འདི་སྣང་གི་འདུན་ཐབས་དང༌། ཁ་གསག་གཡོ་རྒྱུ་མི་ཆོས་ཀྱིས་ཕན་པ་ཡིན་ན་བཀའ་མདོ་རྒྱུད་ལུང་མན་ངག་ཐམས་ཅད་མི་བདེན་པར་


TR001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ལ། སངས་རྒྱས་སྲས་བཅས་རིག་འཛིན་གྲུབ་ཐོབ་གོང་མ་རྣམས་ཀྱིས་མི་མཁྱེན་མི་གཟིགས་པའི་བསྟན་པའི་བྱ་བ་ཞིག་ནི་དེང་སང་གི་ཆོས་པ་རྣམས་ཀྱིས་ཤེས་ཨེ་ཡོད་ཅི་ཆ་ཞིང༌། ཡོད་ཀྱང་ཡ་མཚན་ཆེ་བར་བདག་ནི་མི་སེམས་ལ། སྤྱིར་ཡང་མི་ཚེ་ཡུད་ཙམ་སྤྲིན་བར་གྱི་ཉི་མ་ལྟ་བུ་འདི་ལ་ཐོག་མེད་ནས་བག་ཆགས་ལ་གོམས་ཚན་ཆེ་པས་ད་ལྟ་གཉིད་དང་རྣམ་གཡེང་ལྟོ་གོས་ཀྱི་ཆེད་དུ་མི་ཚེ་ཡེངས་མ་ལམ་ལ་ཟད་ལུགས་ལ་བསམ་ན། འཆི་བའི་ནང་པར་མཆི་མ་འཕྲུལ་མེ་འགྱོད་ཀྱང་ཕྱིས་པའི་དུས་ཤིག་ཡོང་བ་ནི་ཐམས་ཅད་ཀྱིས་གོ་ཞིང་མཐོང་མོད་ཀྱང༌། རྒྱལ་བ་བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་བསྡད་ལོང་ཡོད་པ་ཙམ་དུ་བྱེད་པ་ཤ་སྟག་གདའ་བ་རྣམས་རང་གི་རང་ལ་ལེགས་པར་བསམ་བློ་ཞིག་བཏང་ན་ཅི་མ་རུང་ཞེས། རང་ཚུལ་ལས་འཕྲོས་ཏེ་གླེང་བའོ། །མན་ངག་ཐོས་དང་དབེན་པ་བསྟེན་པ་དང༌། །གཞན་ལ་


TR001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་བྱ་བ་ཉུང་ཟད་དག ཇི་ལྟར་བགྱིས་ཚུལ་དྲང་པོར་བརྗོད་པ་འདི། །རང་ལ་གླེང་གི་གཞན་དག་ག་ལ་མགུ། །མཁས་པ་རྣམས་ནི་གཞུང་ལུགས་སྨྲ་ལ་མཉེས། །གྲུབ་པ་རྣམས་ནི་ངེས་དོན་རྟོགས་ལ་གཟིགས། །གྲྭ་འཁོར་ཕལ་ཆེར་ཆོས་བརྒྱད་ཤེས་ལ་དགའ། །སྐྱེ་བོ་རྣམས་ནི་མི་ཆོས་མཁས་ལ་དད། །བདག་ནི་འདི་དག་གང་ཡང་མི་ལྡན་ཚེ། །ཀུན་གྱི་སྤྱོད་ལམ་མཛེས་པ་རབ་ཏུ་དཀའ། །དཀའ་བ་དེ་ཉིད་རང་བློ་དང་མཐུན་པའི། །བློ་ཕུག་སྤྲང་ལ་གཏོད་པའི་རྣམ་ཐར་ལགས། །འཇིག་རྟེན་སྒྱུ་འཕྲུལ་བསྒྲུབ་པ་ལ། །བསྟན་པའི་བྱ་བར་བརློམ་པ་དང༌། །ནོར་ཕྱིར་གདམས་པ་འཚོང་བ་ལ། །སེམས་ཅན་འགྲོ་དོན་ཡིན་ནོ་ལོ། །ཆོས་བརྒྱད་འཁོར་ལོ་བསྐོར་བ་ལ། །བླ་མ་བཟང་པོར་གྲགས་པ་ཡི། །ལོངས་སྤྱོད་གཏོང་ཕོད་ཆེ་བ་ཀུན། །དུས་འདིར་བསྟན་པའི་བདག་པོར་མཛོད། །དད་རྫས་ཛ་ཧུའི་བུ་


TR001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལ་བརྟེན་ཞིང༌། །ལོ་ཀའི་མངའ་ཐང་གཟི་འབར་འཕྲོག་བྱེད་དབང༌། །འདི་སྣང་མཁའ་ལྡིང་ཁྲི་ལ་བསྒྱིངས་བཞིན་པའི། །གྲྭ་སློབ་དེ་དག་བདག་དང་ཅང་འཛའམ། །ལང་ཚོ་ཉ་ཡི་བར་ཉིད་དུ། །འདོད་ཁམས་ལྟད་མོ་བལྟས་གྱུར་མེད། །ད་ནས་འཆི་བདག་གནམ་གང་ལ། །ཉེ་ཚེ་སྤྲོས་པའི་འོད་དཀར་བསྡུས། །གདུལ་ཡུལ་ཀུ་རན་ཧ་ཡི་མེ་ཏོག་རྣམས། །བླ་ཟོལ་རྟ་ལྗང་གར་འཆར་རྗེས་ཞུགས་ན། །ཨ་བ་དྷུ་ཏིའི་བརྟུལ་ཞུགས་ཀྱི་འཚོ་བའི། །ཆ་ཤས་ཅན་ཁྱོད་ཅི་ཕྱིར་བསིལ་ཟེར་འགྱེད། །མི་ཚེའི་ཉི་མ་ཕྱེད་ལྷག་བར། །སྣ་ཚོགས་ཆོས་དང་དེ་ལས་གཞན། །བསྒྲུབ་ཚུལ་སྒྲུང་གི་འཕྲེང་བ་འདིས། །འགའ་ལ་ཕན་པར་གྱུར་ཅིག་ཀྱཻ། ཞེས་རང་ལོ་སོ་ལྔའི་བར་གྱི་ཚུལ་རྣམས་དང་དེ་དག་ལས་འཕྲོས་པ་དང་བཅས་པ་བརྗོད་པའི་ལེའུ་སྟེ་ལྔ་བའོ། །གང་ལ་སྲིད་ཞི་འཁོར་འདས་དུས་གསུམ་


TR001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ཐ་སྙད་ཇི་ལྟར་བཏགས་ཀྱང་གདོད་མའི་གཤིས། །འཕོ་འགྱུར་བྲི་གང་བྲལ་བའི་ཆོས་ཀྱི་སྐུར། །ཡེ་རྫོགས་གདོད་མའི་མགོན་དེར་རིངས་བཏུད་ནས། །ལས་ཉོན་འཁྲུལ་པའི་འཆིང་བས་བསྡོམས་བཞིན་པར། །རང་གྲོལ་མིང་དུ་འབོད་པའི་སྙོམ་ལས་པས། །ཐ་མལ་སྤྱོད་ཚུལ་གླེང་བའི་སྒྲུང་འཕྲེང་གི །འཕྲོ་ཞིག་ད་དུང་བཤད་ཀྱིས་མཉན་པར་བྱོས། །རང་གི་ལས་ཀྱིས་སྐྱེས་ཤིང་འཁོར་བའི་གཞི། །དགོན་གནས་གྲྭ་འཁོར་འཛིན་པའི་གཟབ་རྒྱ་འདི། །ད་ནི་སྙིང་ནས་སྤངས་ཏེ་བྱ་བཏང་གི །བརྟུལ་ཞུགས་ཡང་དག་བྱ་སྙམ་ལིང་༼རང་ལོ་ཉེར་གསུམ་ལ།༽བསྐྱུར་བྱས། །ལོ་གྲངས་ཕྱེད་བཞིར་འདག་སྦྱར་སྨྲ་བཅད་ཀྱི། །སྐབས་དེར་རིག་འཛིན་འཇའ་ཚོན་སྙིང་པོ་བྱོན། །སྐྱེ་བ་གོང་མས་དཀའ་ལས་དེ་ཙམ་གྱིས། །བཙུགས་པའི་བསྟན་པ་དྲི་བྲལ་འདི་དག་རྣམས། །ཁྱེད་ཀྱི་འདོར་བར་རུང་བ་མ་ཡིན་པས། །བྱང་སེམས་


TR001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པས་ཅི་ནུས་སྐྱོངས་ཤིག་ཅེས། །སྤྱན་ཆབ་བསིལ་ཞིང་དམ་ཚིག་གནད་ལ་བཀར། །དེ་མཚུངས་ཕྱིས་ནས་ལོ་པཎ་རིན་པོ་ཆེ། །ཀཿཐོག་ཆོས་རྗེ་པདྨ་བློ་གྲོས་ཞབས། །སྙིམ་ཕུ་རིག་འཛིན་སྙིང་པོ་ལ་སོགས་པ། །རང་ལ་ཆོས་ཀྱི་བཀའ་དྲིན་ཅན་ཐམས་ཅད། །གསུང་གཅིག་མགྲིན་གཅིག་དབྱངས་གཅིག་ནན་ཏན་དུ། །བཀའ་སྩལ་གཅོག་པར་མ་ནུས་ཡང་ནས་ཡང༌། །དགོན་གསུམ་བསྟན་ལ་ཕན་པར་རེ་བ་ཡིས། །དབང་བསྐུར་ཆོས་བཤད་ཁྲིད་དང་སྡོམ་པ་ཕོགས། །གར་ཐིག་དབྱངས་དང་སྒྲ་རིས་སྙན་ངག་དང༌། །ཡིག་རིགས་སུམ་རྟགས་སྔགས་ཀློག་འབྲེལ་བཤད་རིགས། །རང་གི་ཇི་ཙམ་ཤེས་ཀུན་གང་དགོས་བསླབ། །སྒྲུབ་ཆེན་དབང་དང་རྒྱུད་འགྲེལ་གཞུང་མན་ངག །ཉམས་ལེན་སྐོར་སོགས་སྤྲོས་བཅས་སྤྲོས་མེད་ཀྱི། །ཆོས་ཀྱི་ཆར་ཕབས་བསླབ་གསུམ་རྒྱུད་ལ་སྦྱར། །མ་རུངས་འགའ་ཞིག་དྲག་པོས་ཚར་ཡང་བཅད། །རང་


TR001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེ་ལྟོས་གདུལ་བྱའི་ཡུལ་གྱུར་ཀུན། །ཅི་ནུས་ཐབས་ཀྱི་ལེགས་ལམ་འཛུད་ལ་འབད། ཐ་ན་འགྲོ་འཆག་ཉལ་འདུག་ཟ་འཐུང་དང༌། །སྨྲ་བརྗོད་ཚུལ་སོགས་གནས་སྐབས་བྱ་སྤྱོད་ཀྱི། །སྤང་བླང་གནས་རྣམས་ཞིབ་ཐེམ་བསླབ་བྱ་སོགས། །མདོར་ན་བསྡུ་བ་རྣམ་བཞིས་ཡང་དག་བསྐྱངས། །ཁྱད་པར་རབ་བྱུང་དགེ་འདུན་སྡེ་ཚོགས་ཀྱིས། །བསྟན་པའི་ཞབས་འདྲེན་རྒྱུ་རྐྱེན་བག་མེད་པའི། །སྤྱོད་པ་མ་ལུས་ཆང་གི་སྐྱོན་ལས་འབྱུང༌། །སྔོན་ཚེ་བདུད་རྒྱལ་དགའ་རབ་དབང་ཕྱུག་གི །བུ་མོ་བདུན་གྱི་སངས་རྒྱས་བསྟན་པ་ལ། །གནོད་པ་སྣ་རེ་འཁྱོལ་བར་སྨོན་ལམ་བཏབ། །དེ་ལས་བུ་མོ་ཆེ་ཤོས་མྱོས་བྱེད་མས། ཆང་ཞེས་བྱ་བའི་སྨྱོ་བྱེད་རྫས་གྱུར་ནས། །འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་སེམས་འཁྲུལ་བས། །བྱ་དང་མི་བྱའི་སྤྱོད་པ་གོ་ལྡོག་ཅིང༌། །དགེ་སྦྱོངས་རྣམས་ཀྱི་ཚུལ་ཁྲིམས་རྨོང་ཞིག་ནས། །


TR001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པའི་གཞི་མ་འཇིགས་པ་སྨོན་ལམ་བཏབ། །དེ་ཡི་མཐུ་ལས་ཆང་གི་འཇིག་རྟེན་ཁྱབ། །ཆོས་དང་འཇིག་རྟེན་གཉིས་ཀྱི་ཕུང་འདྲེར་གྱུར། །བསྟན་པའི་བདག་པོ་ཐུབ་དབང་ཞལ་བཞུགས་ཚེ། །ཁྱིམ་བདག་རྟོགས་ལྡན་ཞེས་བྱའི་བུ་རབ་བྱུང༌། །ལེགས་འོངས་ཞེས་པ་སྡེ་སྣོད་གསུམ་ཤེས་ཤིང༌། །དགྲ་བཅོམ་འབྲས་ཐོབ་མངོན་ཤེས་རྫུ་འཕྲུལ་ལྡན། །ཀླུ་རྒྱལ་སོག་མ་མེད་པ་འཁོར་དང་བཅས། །མེ་ཡི་ཁམས་ལ་སྙོམས་འཇུག་རྫུ་འཕྲུལ་གྱིས། །བཏུལ་བར་མཛད་པའི་འཕགས་པ་དེ་ལྟ་བུའང༌། །ཆང་གི་མྱོས་ཏེ་ལམ་པོ་ཆེར་ཉལ་བ། །སྟོན་པ་འཁོར་དང་བཅས་པས་གཟིགས་པའི་ཚེ། །ལྟོས་ཤིག་རྫུ་འཕྲུལ་ཐོབ་ཀྱང་འདི་འདྲ་བའི། །གནས་སྐབས་ལ་ལྟོས་ཆང་གི་བཏུང་བ་ནི། །བག་མེད་སྤྱོད་དེ་ང་ཡི་ཉན་ཐོས་མིན། །ང་ཡང་དེ་ཡི་སྟོན་པ་མིན་ནོ་ཞེས། །ཐུགས་ཀྱི་གཏིང་ནས་ཁྲེལ་བའི་བཀས་བཅད་


TR001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །དེ་ཕྱིར་བསྟན་པ་འཇིག་པའི་རྒྱུ་རྐྱེན་ཆང༌། །སྤོང་བར་མི་ནུས་དགེ་སྦྱོང་མི་རུང་ཞེས། །རང་གི་དགོན་པ་གསུམ་གར་ཆང་ཁྲིམས་བསྡམས། ཁྱད་པར་གྲྭ་ཚང་ཉིད་དུ་མང་ཇ་སོགས། །བཞེས་སྒོ་བབས་ཀྱིས་བཟང་ཕྱིར་ཆང་རག་གི །དྲི་མ་གཏན་ནས་མེད་པར་གཞིས་བྱེས་ལམ། །ཀུན་ལ་ཁྱད་མེད་དགོས་ཞེས་ནན་གྱིས་སྨྲས། །རེ་ཤིག་ལོ་གསུམ་བར་དུ་ཚད་བཙུགས་ནས། །དཀོན་མཆོག་རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་ཀུན། །དཔང་དུ་བཞག་ནས་མནའ་ཡིས་བསྡམས་པ་ལས། །ལ་ལས་ཐུབ་ཀྱང་ལ་ལས་ངོས་ལྐོག་དང༌། །མི་དྲན་དགུ་དྲན་ལོག་སྤྱོད་དུ་མས་འགལ། །དེ་འདྲའི་མནའ་གྲིབ་མཁའ་འགྲོ་ཆོས་སྲུང་ཕོག །དེ་ཡི་ཉེས་པས་རང་གི་ཚེ་ཚད་ཀྱང༌། །ལོ་བཞིས་བསྟུངས་ཞེས་རྨི་ཉམས་གསལ་བར་མཐོང༌། །ལོ་གསུམ་འདས་ཚེ་སྤྱི་བ་ཀུན་མཐུན་པར། །


TR001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་ཁྲིམས་འདི་བཞིན་བྱས་ན་གྲྭ་ཚོགས་རྣམས། །ལུས་གནད་མི་ཐེག་སྙོམ་ཆུང་འཚོ་མི་ཐུབ། །ཅིས་ཀྱང་ཆང་ཁྲིམས་གློད་པར་ཞུ་འབུལ་བྱེད། །བདག་ནི་ཡིད་ཆད་སྐྱོ་བ་གཏིང་ནས་སྐྱེས། །ཆང་ཁྲིམས་ཞིག་ན་བདག་ཀྱང་སྡོད་དོན་མེད། །བསྟན་པ་གནས་པའི་རེ་བ་མ་མཆིས་པས། །ཆང་དང་བདག་གཉིས་དགའ་འདམ་གྱིས་ཤིག་སྨྲས། །ཆང་ལ་འདམ་སོང་བདག་ནི་ཁོ་ཐག་ཆད། །ཆུ་བོ་རྟ་ལོ་སྨིན་དྲུག་ཟླ་བའི་ཚེས། །ཉེར་གཉིས་ནུབ་མོ་ནམ་ཕྱེད་ཟླ་ཤར་ཚེ། །བྱ་བཏང་ཆས་ཞུགས་བདག་ཅག་དཔོན་སློབ་བདུན། །གྲྭ་ཚང་ནས་ཐོན་ཀོང་སྨད་ཁ་བལྟས་ཕྱིན། །རྒྱ་ལ་དཔལ་རི་གངས་ཀྱི་འདབས་ཞོལ་དུ། །རྒོད་ཚང་བདེ་གཤེགས་ཚེ་ཡི་ཕུག་པ་དེར། །བྱ་སྐྱིབས་ཚང་ཚིང་སྨྱུག་མའི་ལོ་མ་ཡི། །རང་ཤོང་མལ་ས་སྐྱིལ་ཀྲུང་ཤོང་རེ་བཟོས། །ངོ་ཤེས་འདྲིས་མེད་དཀོར་ཟས་འདུ་ལོང་བྲལ། །


TR001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་ཁལ་གཉིས་དང་མར་ལེབ་འགའ་ཞིག་ཉོས། །འཚོ་བའི་རྒྱགས་ཀྱི་བློ་ཕུགས་དེ་ལ་གཏད། །ཤིང་ལོའི་འབོལ་སྟན་སྟེང་དུ་གདིང་བ་བཏིང༌། །གཟན་འདེར་གཅིག་དང་ཆོས་གོས་བརྩེགས་པ་གྱོན། །ཇི་ལྟར་བྱང་ཆུབ་ཤིང་དྲུང་ཐུབ་དབང་དང༌། །བྲག་དཀར་རྟ་སོར་བཞད་པ་རྡོ་རྗེ་ཡི། །རྣམ་པར་ཐར་པའི་ཚུལ་ལ་ཡིན་སྨོན་བགྱིས། །དེ་ཚེ་ངེས་འབྱུང་སྐྱོ་ཤས་ཀྱིས་བསྐུལ་ཞིང༌། །དཀོར་གྱི་གྲིབ་སངས་རྣམ་གཡེང་ཀུན་དང་བྲལ། །རྒྱལ་བ་སྒྲུབ་རྒྱུད་གོང་མའི་མཛད་སྲོལ་གྱི། །རྗེས་སུ་འབྲངས་པའི་བྱིན་རླབས་ནུས་པ་དེས། །རྩ་ཁམས་དྭངས་ཤིང་རིག་པ་རང་དབང་འདུས། །གཉིད་ཆུང་རྨི་ལམ་གསལ་ཞིང་ཕལ་ཆེར་ཟིན། །ཉིན་སྣང་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །ཨ་འཐས་འཁྲུལ་པའི་སྣང་བ་ཤས་ཆུང་དང༌། །སྔར་མི་ཤེས་པའི་གོ་རྟོགས་མང་དུ་


TR001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

འཆར། །མི་ལུས་ཐོབ་ཅིང་ཆོས་ལ་སྤྱོད་པ་དང༌། །དགོན་འཛིན་འཁོར་སྐྱོང་མི་མགུ་རང་སྡུག་གི །འཆིང་ཐག་བཅད་པའི་ཕན་ཡོན་འདིའོ་ཞེས། །རང་གི་རང་ལ་སེམས་ཀྱི་དགའ་སྟོན་གྱུར། །དེ་སྐབས་ཧོར་སོག་དཔུང་ཆེན་ཀོང་ཡུལ་སླེབས། །སྐྱེ་འགྲོ་མཐའ་དག་བྱེ་ཚན་ཉ་བཞིན་དུ། །ཅི་བྱ་རྟོལ་བྲལ་ཡོམ་ཡོམ་འཁྲུག་འཁྲུག་བྱེད། །བདག་གི་རྨི་ལམ་ཞིག་ཏུ་ཀོང་བཙུན་མོ། །བུད་མེད་དར་མ་བག་དྲོ་ཀོང་ཆས་ཅན། །ལག་ན་མེ་ཏོག་མཐིང་གའི་ཆུན་པོ་ཐོགས། །བདག་གི་རང་ཤོང་མདུན་འོངས་ཕྱག་འཚལ་ཏེ། །ཁྱེད་རང་དཔོན་སློབ་དགོན་སྡེར་བཅས་པ་རྣམས། །ཉེས་སྐྱོན་མི་འབྱུང་ཆོས་མཐུན་གྱིས་ཅེས་པའི། །གྲྭ་ཚོགས་རྣམས་ལ་ཞལ་བཀོད་ཞིབ་པར་མཛོད། །ཡ་ང་བག་ཚ་མི་དགོས་བསླུ་བ་མེད། །དེ་སྐད་ཟེར་བའི་འཕྲོ་ལ་གཉིད་ཀྱང་སད། །དེ་མཐུན་དགོན་པ་ལ་ཡང་ཡི་གེ་བསྲིངས། །


TR001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་རྣམས་ཀྱི་བཀའ་དྲིན་བསྐྱངས་མཛད་ཅིང༌། །དགོན་ཁག་རྣམས་ལ་ཉེར་འཚེ་མེད་པ་དེ། །བླ་མ་དཀོན་མཆོག་མཁའ་འགྲོ་ཆོས་སྐྱོང་གི །སྐུ་དྲིན་ཡིན་ཀྱང་གོ་མཁན་ག་ལ་ཡོད། །དེ་ནས་རིམ་པས་ཉེ་རིགས་ཐམས་ཅད་ནས། །ཟང་ཟིང་དཀོར་ཟས་སྐྱེལ་མཁན་ཇེ་མང་སོང༌། །བཟའ་བཏུང་ལོངས་སྤྱོད་འཕེལ་ཡང་དགེ་སྦྱོར་འགྲིབས། །དཀོར་ལྷོངས་དངོས་ཉམས་རྨི་ལམ་ཇེ་ཆེར་གསལ། །རེས་འགའ་ལུས་ལ་ན་ཟུག་བཟོད་གླགས་མེད། །སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ལ། །མི་ནའི་ས་ནི་ཁབ་རྩེ་གང་ཙམ་མེད། །རེས་འགའ་སེམས་ལ་དོན་མེད་ཟུག་རྔུ་ལྡང༌། །དགེ་སྦྱོར་ལམ་འཁྱེར་འབད་ཀྱང་ནུས་མི་ཐོན། །རྨི་ལམ་ཀུན་ལ་འཇིགས་རུང་ཆུ་བོ་དང༌། །གཡང་ས་ཆེན་པོར་མི་ཐར་བཞིན་དུ་འགྲོ། །རང་མི་ཐར་བཞིན་གཞན་གྱིས་འབྲང་ཞིང་འབོད། །འདི་འདྲའི་ཚུལ་མཐོང་རང་


TR001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དཀོར་ཟན་གྱི། །བླ་མ་བཙུན་གཟུགས་གཤིན་གསོན་རེ་ལྟོས་ལ། །ཡ་ང་བག་ཚ་སྤུ་ཙམ་མེད་པ་ཚོ། །ཀྱི་ཧུད་བར་དོའི་འཕྲང་ལ་ཅི་ལྟར་བྱེད། །བདག་ནི་འདི་འདྲའི་ཚུལ་ལ་བསམ་ནས་ནི། །བཅད་རྒྱའི་རྣམ་གྲངས་ཇེ་མང་བྱས་པ་ལས། །གཞན་དག་ཟོག་དང་ཆོས་བརྒྱད་ཡིན་པར་མཐོང༌། །རྒྱུ་འབྲས་ལས་ལ་བསླུ་བ་མེད་པ་དང༌། །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་མཁྱེན་གཟིགས་འགྱུར། །ཤིང་མོ་བྱ་ལོར་རྗེ་བཙུན་ལོ་ཆེན་དང༌། །ལྷ་བཙུན་ཆོས་རྗེ་ཀུན་བཟང་རྣམ་རྒྱལ་གཉིས། །བཀའ་གྲོས་མཛད་ནས་རྒྱུད་འབུམ་རིན་པོ་ཆེ། །མཐའ་འཁོབ་ཀོང་ཡུལ་སྔ་འགྱུར་བསྟན་བཙས་སུ། །སྤྱན་འདྲེན་བགྱི་བར་དུས་དབང་ལམ་སྟབས་སོགས། །དཀའ་བས་གཞན་གྱི་བགྲོད་པར་མི་ནུས་གཟིགས། །ལྷ་བཙུན་གྲྭ་པ་རྣལ་འབྱོར་པ་བཅུ་གཉིས། །བརྟུལ་ཞུགས་ཚུལ་གྱིས་གླེགས་བམ་རེ་རེ་ཁྱེར། །ཉེར་


TR001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཚེ་མེད་པར་གཙང་རོང་གོང་ར་ནས། །རྒོད་ཚང་ཕུག་ཏུ་བཅོ་བརྒྱད་ཞག་གིས་འབྱོར། །བཀུར་བསྟི་བགྱིས་ཤིང་སྐུ་དྲིན་གསོ་བྱེད་ཀྱི། །ཞུ་ཡིག་ཕུལ་བ་ཡར་ལའང་བདེ་བར་འབྱོར། སྔོན་དུས་རང་ཉིད་གྲྭ་ཚང་འགན་ཁུར་ཚེ། །གཙང་ཁང་སྦུག་ཏུ་སྟོན་པ་གཙོ་འཁོར་དང༌། །རྩེ་ལ་གཉྫི་ར་དང་ཚོགས་དུང་ལ། །དངུལ་ཤོག་དང་བཅས་བསྒྲུབ་འདོད་ནན་ཏན་དུ། །འབད་རྩོལ་བྱས་རུང་ལས་འཛིན་སུ་ཡིས་ཀྱང༌། །གྲོགས་བྱེད་མ་ཉན་གྲུབ་པར་མ་གྱུར་པས། །རྒོད་ཕུག་སླེབས་ནས་རང་གི་ཉེ་གནས་པས། །རྩོལ་བ་བྱེད་པར་ཁས་བླངས་ཁོ་རང་གི །ཆོས་གོས་ལྷུང་བཟེད་ཚུན་ཆོད་དེ་དོན་བཏང༌། །གྲབས་ཡུལ་བྱེད་སྐབས་སྔོན་དུས་བུ་ཆུ་རུ། །འབོད་མི་དགོས་པར་དུས་བབས་སླེབས་མཁན་གྱི། །ལྷ་བཟོ་མཆེད་གཉིས་དེ་ཡང་བྱོན་བྱུང་བས། །ཐོག་མར་རྒོད་ཚང་ཉིད་ཀྱི་ནང་


TR001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ། །པདྨ་གུ་རུའི་སྐུ་བཞེངས་གསེར་རིས་ཀུན། །རང་གིས་བགྱིས་ཤིང་གཟུངས་དང་རབ་གནས་སོགས། །ཐམས་ཅད་ངེས་འདྲོངས་ཉིད་དུ་འབད་པས་བསྒྲུབས། །དེ་ནས་གྲྭ་ཚང་ཉིད་ཀྱི་མཆོད་ཁང་དུ། །བྱ་ལོར་བཞུགས་ཁྲི་རྒྱབ་ཡོལ་ལེགས་པར་གྲུབ། །དེ་ཡི་དགུན་དུས་ལྷ་བཙུན་ཀུན་རྣམ་པ། །དཔོན་སློབ་བཅོ་ལྔ་ཙམ་གྱིས་རྒྱུད་འབུམ་འཕྲོ། །གདན་དྲངས་ཕེབས་ཏེ་གྲྭ་ཚང་ཡས་མས་ལ། །མང་འགྱེད་མཆོད་འབུལ་བསམ་གྱིས་མི་ཁྱབ་མཛད། །བདག་ལ་རྟེན་མཆོད་སྐུ་གསུང་ཐུགས་རྟེན་རིགས། །གཙོ་བྱས་དགུ་མཚན་བཅུ་གསུམ་གནང་ཆ་མཛད། །ངོས་འཇལ་ཉིན་ཞག་བཅོ་ལྔ་ཉིན་དང་མཚན། །ཆོས་ཀྱི་བགྲོ་བ་རྒྱུན་མི་ཆད་པ་དང༌། །བཀའ་འབུམ་ལ་སོགས་བཞེད་པ་དང་མཐུན་པའི། །ཆོས་འབུལ་སྡིག་ཟས་མིན་པའི་བཀུར་བསྟིས་མཆོད། །འདི་བཟུང་བྱང་ཆུབ་བར་གྱི་གླེང་མཆིད་ཀུན། །ཁོ་ཐག་ཆོད་པར་ཞུས་ཏེ་


TR001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ལ་བཞུད། །མེ་ཁྱི་ལོ་ལ་མཆོད་ཁང་རྟེན་རྣམས་བཞེངས། །གང་ཞིག་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན། །བཞེངས་ཞེས་སེམས་ཅན་མང་པོ་སྲོག་བཅད་པའི། །ཤ་ཁྲག་ལོངས་སྤྱོད་ཡོ་ལང་ལ་བརྟེན་པའི། །དགེ་རྩ་དེ་འདྲ་སྡིག་ལས་སྡིག་ཆེན་ཉིད། །ཅི་ཕྱིར་ཞེ་ན་དཀོན་མཆོག་ལ་བརྟེན་པའི། །སྡིག་ནི་སྡིག་པ་གཞན་ལས་ལྷག་པར་ལྕི། །ཡུལ་དང་རྟེན་གྱི་ནུས་པ་ཡིན་ཕྱིར་རོ། །དེས་ན་སྲོག་གཅོད་དག་དང་མ་འདྲེས་པར། །ལྷ་བཟོ་བ་ལ་དེ་ཡི་རྒྱུ་མཚན་ཕུལ། །གསོལ་སྐྲུམ་ལ་སོགས་སྐལ་བར་དར་རས་དང༌། །ཇ་སྣམ་རས་སོགས་སྐམ་ཟོག་གྱ་ནོམ་ཕུལ། །ཟླ་བ་དྲུག་ཏུ་སྐྱོ་ཚ་ཚོད་མ་ལ། །བརྟེན་ནས་ཕྱག་ལས་བརྩོན་པ་མཐའ་འཁྱོལ་མཛད། །བླ་བྲང་ནང་དང་གྲྭ་མང་སྤྱི་པ་ལ། །རྟེན་བཞེངས་ཆེད་དུ་རང་ལ་གང་འབྱོར་གྱི། །ལས་ཡོན་གསེར་ཞོ་ལྔ་བརྒྱའི་རྩིས་སུ་ཕུལ། །ལྷ་བཟོ་གསུམ་ལ་


TR001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་དང་དངུལ་སྲང་ཆེན། །ལྔ་བཅུས་ཐོག་དྲངས་གོས་དར་སྤུས་གཙང་སོགས། །རྟ་བཟང་དང་བཅས་དགུ་མཚན་བདུན་ཕུལ་བས། །ལྷ་བཟོ་ཡོན་གྱིས་མཉེས་རབ་ཕུལ་ཏུ་གྱུར། །དུས་གསུམ་སངས་རྒྱས་མཆོག་ཟུང་ཉེ་སྲས་བརྒྱད། །སྒོ་སྲུང་ཁྲོ་བོ་གཉིས་དང་རྒྱབ་ཡོལ་ལ། །བླ་བརྒྱུད་མདོར་བསྡུས་དང་བཅས་ལྷ་ཚོགས་རྣམས། །གནས་ཆེན་མཐའ་དག་ས་སྣ་ཆུ་ཤིང་རྡོ། །རིན་ཆེན་དར་ཟབ་སྨན་དང་སྦྱར་བའི་རྒྱུ། །སྐྱེས་ཆེན་དུ་མས་བྱིན་རླབས་མཛད་པའི་ཕབས། །བཀྲ་ཤིས་དགེ་ལེགས་འབྱུང་བའི་རྫས་ཚང་བའི། །སྐུ་སྒྱུ་ལས་བཞེངས་གསེར་ཞོ་བརྒྱ་དང་དགུ། །བཏུལ་བ་ཟངས་ཆུ་དང་བཅས་ན་བཟར་གསོལ། །གཟུངས་རྣམས་རང་ཉིད་ཁོ་ནས་ལཉྪ་བྲིས། །པར་དུ་བསྒྲུབ་པ་ཚར་གྲངས་ལྔ་བརྒྱར་བཏབས། །རབ་ཏུ་གནས་དང་དྲིལ་སོགས་རང་གིས་བགྱིས། །དེ་བཞིན་གཤེགས་པ་འོད་སྲུང་ཤཱཀྱ་


TR001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ཀྱི། །འཕེལ་གདུང་གཙོ་བྱས་ནང་རྟེན་ཁྱད་འཕགས་རིགས། །དེ་དུས་རང་གི་ལག་ཏུ་གང་ཡོད་ཀུན། །ཐམས་ཅད་སྐུ་རྟེན་རྣམས་ལ་ནང་བཞུགས་ཕུལ། །རིང་སྲེལ་རྣམ་པ་གསུམ་གྱི་ལེགས་བཀང་བས། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་བྱས། །ཡུལ་དུས་གནས་སྐབས་རང་དབང་མ་འདུས་པས། །སྤྲོས་བཅས་རབ་གནས་འར་འུར་མ་གྲུབ་རུང༌། །རྒོད་ཚང་ཉིད་ནས་ཡེ་ཤེས་འབེབས་བསྟིམ་གྱི། །ཏིང་འཛིན་རབ་གནས་ལན་བརྒྱར་ནན་ཏན་གྱིས། །བཞི་པའི་དུས་དེར་ལྷ་བབས་དུས་བཟང་འགྲིགས། །དེ་ནུབ་མེ་ཏོག་དངོས་སུ་བབས་པ་དང༌། །སྲུང་མ་དཔལ་མགོན་བདུན་ཅུས་བྱེད་སྐད་ཀྱི། །རྨི་ལམ་འཁྲུལ་སྣང་དེ་ཡང་དེ་ནུབ་བྱུང༌། །གོས་ཁ་ལྔ་བཅུ་ལས་སྒྲུབས་གནམ་རྒྱན་དང༌། །མཆོད་པའི་ཡོ་བྱད་གང་འབྱོར་རྩལ་ཕྲུགས་ཕུལ། །དེ་སྐབས་རང་གི་ལག་ཏུ་


TR001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཡོད་ཀྱི། །དངོས་པོ་བླ་ཆས་ཕོར་སྡེར་ཐེབས་འཁྲོལ་ཚུན། །ཐམས་ཅད་ལྷག་མ་མ་ལུས་དེ་ཕྱོགས་བཏང༌། །ཤི་གསོན་དད་ཟས་འབྲེལ་པ་ཐོགས་ཚད་དང༌། །ཁ་ལག་ཟས་ཆོས་འབྲེལ་ཐོགས་ལྟོས་བཅས་ཚོགས། །མ་རྒན་མཁའ་མཉམ་འགྲོ་བ་རིས་མེད་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ་སྨོན་འབད། །རང་ལ་འཁོས་ཁྱེར་འདི་ལས་མེད་ན་ཡང༌། །དགེ་བ་གང་བྱེད་སྡིག་དང་མ་འདྲེས་པར། །བྱང་ཆུབ་སེམས་དང་བསྔོ་བའི་རྒྱས་ཐེབས་པར། །བྱས་དང་བྱེད་འགྱུར་ཁ་ཞེ་མཚུངས་པ་ལ། །གཞན་དག་མགུ་བར་ཅི་ནུས་རང་མནོང་མེད། །མེ་ཕོ་ཁྱི་ལོ་རྒྱལ་ཟླའི་དུས་བཟང་ལ། །གཏེར་སྟོན་རིག་འཛིན་ཆེན་པོ་འཇའ་ཚོན་སྙིང༌། །ཞིང་འདིའི་གདུལ་བྱ་རྫོགས་ཉེའི་ཚུལ་སྟོན་ཁར། །བདག་ལ་ཤོག་གསུངས་ཕོ་ཉ་གནང་ན་ཡང༌། །ཧ་ཅང་ཕྱིས་པས་ཞལ་མི་མཇལ་


TR001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བར་རིགས། །བརྟན་བཞུགས་ཞུ་ཤོག་ཕུལ་དང་སྨོན་ལམ་རྟེན། །མར་ལ་བསྐྱེལ་མཁན་ལམ་དུ་ཕྲད་འཛོམ་གྱུར། །སྐུ་གདུང་རིན་ཆེན་ཞུགས་ལ་ཞེན་ཕྱིར་དུ། །བདག་ལ་ཅིས་ཀྱང་ཤོག་ཅེས་ནན་བྱུང་ཀྱང༌། །དུས་དབང་གཞན་རྐྱེན་སྐབས་སྟོབས་དབང་བཙན་ཕྱིར། །མ་ཕྱིན་མཚམས་ཁང་ཉིད་ནས་མཆོད་སྨོན་བགྱིས། །ས་བྱིའི་དཔྱིད་ཀ་ཨེ་རོང་གྲབ་ཕྱོགས་ནས། །ནམ་སྙིང་སྐྱེ་རྒྱུད་ཆོས་རྗེ་ནེ་རིང་པ། །སྔོན་ནས་ཞལ་འདྲིས་ཆེ་དང་དེ་དུས་ཀྱང༌། །རྗེ་བཙུན་ལོ་ཆེན་དྲུང་གི་བཀའ་ཐམ་བཅས། །བསྙེན་པར་རྫོགས་སོགས་ཆོས་དོན་གཉེར་བས་ཕེབས། །ནགས་ཁྲོད་ཤིང་ལོའི་སྤྱིལ་ཆུང་བཟོས་ནས་བཞུགས། །ཁ་ན་མ་ཐོ་མེད་པའི་འཚོ་བ་དྲངས། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ཉམས་ཁྲིད་བུག་སྒོ་ནས་ཕུལ་ཟབ་བཞེས་གནང༌། །བདག་ནི་བཅད་རྒྱའི་དབང་གིས་བསྙེན་རྫོགས་ནི། །འབུལ་མ་ཐུབ་ཀྱང་བྱང་


TR001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བཀའ་འབུམ་སོགས། །བཞེད་མཐུན་ཆོས་ཕུལ་ཟླ་གསུམ་བཞུགས་ནས་ཐེགས། །སྔོན་དུས་གོང་རར་རྗེ་བཙུན་ལོ་ཆེན་གྱིས། །གྲྭ་ཚང་འདི་ལ་སྤྲེལ་ཟླ་ཚེས་བཅུ་ཡི། །ཐེབས་རྒྱུན་གནང་སྐབས་མཁའ་འགྲོས་འཕྲོས་ཁོར་དུ། །ཤ་ཅང་སྡིག་ཟས་མ་འདྲེས་ཚེས་བཅུ་ཡི། །མཆོད་པའི་རྒྱུན་འདི་ཁྱེད་ཀྱི་འཛུགས་ཐུབ་ཚེ། །བདག་གིས་དངོས་པོ་རིམ་པས་བསབ་རྩིས་དང༌། །གསོལ་འདེབས་ལེའུ་བདུན་གདངས་དབྱངས་རྒྱུན་ཁུངས་མ། །ཡི་གེ་ལ་སྟོད་སྲིད་གསུམ་རྣམ་རྒྱལ་ན། །ཡོད་པས་དེ་ཡང་ཞུས་ནས་འབུལ་ལུགས་བྱེད། །གྲྭ་ཚང་དེ་ལ་ཆང་གི་དྲི་ཙམ་ཡང༌། །ནམ་ཡང་མི་འབྱུང་ཐབས་དེ་ཁྱེད་ཀྱིས་རེམས། །དེ་སྐད་གསུངས་གདམས་བདག་གི་ཡིད་ལ་གཅགས། །ཇི་ཙམ་འབད་ཀྱང་ཆང་ཁྲིམས་འགྲུབ་དཀའ་མོད། །རྗེ་དེ་ཐུགས་ཟབ་བརྟན་བརླིང་ཕུལ་གྱུར་ཚེ། །ལ་སྟོད་ཕྱོགས་སུ་བླ་མ་དྲག་སྒྲུབ་པ། །དཀའ་སྤྱད་ཁྱད་


TR001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གསད་གདངས་རྒྱུན་ཞུ་བར་བཏང༌། །དྲུང་དུ་འཁོར་ཚེ་ཀོང་པོར་ཆེད་དུ་མངགས། །ཆང་ཁྲིམས་མ་འཁྱོལ་བདག་ཀྱང་ལུང་སྟོང་འགྲིམས། །གདངས་ཀྱི་དགོས་མེད་གྱུར་ཀྱང་རྗེ་དེ་ཉིད། །དགོངས་པ་བསྐང་ཕྱིར་བུག་སྒོར་གདངས་རྒྱུན་ཞུས། །བླ་མ་དེ་ལ་རྫོགས་ཆེན་ཧཱུྃ་སྐོར་གྱི། །ཟབ་ཁྲིད་བཤད་ནས་ཟླ་གསུམ་ནགས་སུ་བསྒོམས། །ཞུ་ཡིག་དང་བཅས་སླར་ཡང་ཞབས་ཕྱི་བརྫངས། །ཡང་ནི་སྔོན་ཚེ་ཆོས་རྗེ་ཀཿཐོག་པ། །པདྨ་བློ་གྲོས་དེ་ཉིད་དངོས་མཇལ་དུས། །གསང་སྔགས་སྔ་འགྱུར་ཆོས་ཀུན་སྤེལ་སླད་དུ། །མདོ་ཁམས་ཕྱོགས་སུ་ཅིས་ཀྱང་འོང་དགོས་ཞེས། །བཀའ་ནན་བརྩལ་ཡང་བདག་གི་མ་ཕྱིན་ཚེ། །རྗེ་དེས་དབོན་པོ་རྣམས་ལ་ཞལ་ཆེམས་བཞག །ས་མོ་གླང་ལོར་དབོན་པོ་དཔོན་སློབ་འགའ། །གདན་འདྲེན་ཡིན་པས་ཅིས་ཀྱང་ཁམས་ཕྱོགས་སུ། །དཔོན་སློབ་མ་ཉུང་བ་ཞིག་


TR001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་དགོས་ཞེས། །ནན་ཆགས་ཆེན་པོ་མཛད་ཀྱང་ད་ནི་བདག །གཞན་དོན་སྤྲོས་པའི་འཁོར་རྒྱུན་ཆོད་ཚར་བས། །དེ་འདྲའི་རེ་བ་བདག་ལ་མ་མཛད་ཞུས། །ཡང་ནི་སྟོང་ལོག་སླར་ཡང་བསྐྱར་ཆགས་ཀྱི། །བང་ཆེན་ཡི་གེ་མཚན་པ་ཐ་དད་བཅས། །བྱུང་ལ་འདུས་བྱས་སྒྱུ་མའི་ལུས་འདི་ཡིས། །ཕྱོགས་དེར་ནམ་ཡང་ཚེ་འདིར་འགྲོད་མིན་ཞེས། །ཁོ་ཐག་ཆོད་པའི་ཡིག་འཕྲིན་སོ་སོར་བསྲིངས། །ཟང་ཟིང་འདོད་ན་ཕྱོགས་དེར་འགྲོ་མོད་ཀྱི། །བདག་ལ་དེ་མིན་ཆོས་ཀྱི་སྣོད་ལྡན་དཀོན། །བསྟན་པའི་མཐར་ཐུག་སྐྱེ་འགྲོ་ཆགས་སྡང་རགས། །རང་ལ་ཐོས་བསམ་སྒོམ་སྟོབས་ནུས་པ་དམན། །གང་ནས་བསམ་ཀྱང་འགྲོ་ཕན་མི་འགྲུབ་ལ། །ཟང་ཟིང་བརྙེད་ཀྱང་དགྲ་འདྲེ་དཀོར་རྣམས་སྨིན། །སྡུག་བསྔལ་དུ་མའི་སྣོད་དང་ཉེས་པའི་གཞི། །གྲྭ་འཁོར་ཐམས་ཅད་ཕུང་ལ་སྦྱོར་འགྱུར་བར། །གོ་བཞིན་


TR001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལྡན་གཡང་ལ་ཅི་ཕྱིར་མཆོང༌། །སྙིགས་དུས་འགྲོ་དོན་མཛད་པར་མིང་བཏགས་པའི། །རྣམ་འདྲེན་ཆེ་ཆུང་འབྲིང་ཀུན་ཆོས་ཀྱི་ནོར། །བསྒྲུབ་པའི་སྲོལ་འདི་མདོ་རྒྱུད་གང་ནས་བཤད། །གཞན་རྒྱུད་འདུལ་བར་བྱེད་ལ་རང་སྨིན་དགོས། །རང་ཉིད་ཟང་ཟིང་སྲེད་པ་མ་ཆད་བཞིན། །གཞན་ལ་ཆོས་བཤད་ཐང་མར་བརྡལ་ན་ཡང༌། །ཡེ་ཤེས་སྤྱན་དང་སྤྱོད་ལྡན་ཁྲེལ་བའི་རྒྱུ། །ཆོས་དང་ཟང་ཟིང་བརྗེ་བའི་འགྲོ་དོན་དེ། །རང་གཞན་གཉིས་ཕུང་སྒྲུབ་པའི་ལས་ཡིན་པར། །དཀོན་བརྩེགས་མདོ་དང་ངེས་དོན་འདུས་རྒྱུད་སོགས། །རྒྱལ་བའི་བཀའ་ལུང་ཀུན་ལ་ལེགས་པར་གཟིགས། །བསྐལ་བཟང་རྒྱལ་བ་སྟོང་དང་དེ་ཡི་འཁོར། །ཉན་ཐོས་མཐའ་དག་ཉིན་རེའི་བསོད་སྙོམས་ཀྱི། །འཚོ་བ་ལས་གཞན་འབུལ་སྡུད་ག་ལ་མཛད། །གསང་སྔགས་རྒྱུད་ལས་དབང་བཞིའི་ཡོན་གྱི་ཕྱིར། །རྟ་དང་གླང་


TR001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རིན་ཆེན་ནོར་གྱི་དབྱིག །བུ་དང་ཆུང་མ་རང་གི་ལུས་སྲོག་བཅས། །འབུལ་བར་གསུང་ཡང་སློབ་མའི་ཚོགས་རྫོགས་སླད། །མོས་པས་འབུལ་ལས་བླ་མས་ག་ལ་བཞེས། །དེ་ཕྱིར་ཆོས་དང་ཟང་ཟིང་བརྗེ་བ་ཡི། །རྣམ་འདྲེན་ཟོལ་མའི་རིགས་ནི་ཚེ་འདི་ནས། །སྐྱེ་བ་ཀུན་ཏུ་བྱེད་པར་མ་གྱུར་ཅིག །དེ་ལྟར་ས་བྱི་གླང་སྟག་ཡོས་ལོ་ཚོར། །དམར་སེར་བསྟན་པའི་ཆག་སྒོ་འཁྲུགས་ལོང་དང༌། །ཧོར་སོག་དམག་དཔུང་དཀག་རིགས་ལ་སོགས་ཀྱིས། །ཀོང་ཡུལ་སྨད་ཀུན་རྦ་ཀློང་བཞིན་འཁྲུགས་པས། །ཁྱིམ་པ་ཀུན་ཀྱང་ནགས་སུ་འབྲོས་ཤིང་ཡིབ། །ཟས་ནོར་ཐམས་ཅད་ཆོམ་རྐུན་ཧབ་ཐོབ་བྱེད། །བར་དོའི་ཡུལ་འདྲ་དེ་ཡི་གཞི་བདག་འཁྲུགས། །འབྱུང་བ་མ་སྙོམས་ས་ཆད་བྲག་རི་ཉིལ། །ཤྭ་འོད་ཆུ་ལོག་རླུང་འཚུབས་ཤིང་ཆེན་འགྱེལ། །སྣོད་བཅུད་མི་བདེ་སྐྱེ་འགྲོ་ཉམས་ཐག་ཅིང༌། །ལམ་འཕྲང་འགག་ཀུན་


TR001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

མི་རོ་གྲམ་ལྟར་ཁྲོལ། །དེ་འདྲའི་རྐྱེན་གྱིས་རང་རེ་དཔོན་སློབ་ཀྱང༌། །འཚོ་བ་བསྒྲུབ་དཀའ་སྒྱུ་འགྲུལ་ལམ་མི་ཐར། །གང་ལྟར་བྱས་ཀྱང་ཟོལ་མི་བདེ་བ་ཡིས། །རང་རེའི་ཟླ་གྲོགས་རྣམས་ཀྱང་འགའ་ཞིག་འདས། །ལ་ལ་མ་ཆགས་དགོན་པར་ལོག་ནས་སོང༌། །རང་གི་གཅུང་དང་ཉེ་གནས་རྒན་པོ་དང༌། །བདག་ཅག་གསུམ་པོ་ལེགས་ཉེས་སྐྱིད་སྡུག་ཀུན། །བླ་མ་དཀོན་མཆོག་གསུམ་པོར་བློ་གཏད་མཐུས། །འགལ་རྐྱེན་ཉེར་འཚེ་མེད་པར་བདེ་བར་འཚོ། །དགེ་སྦྱོར་ཐུན་བར་དག་ཏུ་མཚན་བརྒྱད་ལ། །རྫོགས་ཆེན་སྙིང་ཐིག་བླ་རྒྱུད་ཀྱིས་བསྐོར་བའི། །ཞལ་ཐང་དགུ་ཚར་གོང་ཤམ་བཟང་སྒྲིགས་བཅས། །གཞན་ལག་མ་འདྲེས་རང་ཉིད་ཁོ་ན་ཡིས། །སྙིང་རུས་འབད་རྩོལ་ཆེན་པོས་བཞེངས་ཤིང་བཟོས། །རྒྱུད་འབུམ་རིན་ཆེན་གླེགས་བམ་ཐམས་ཅད་ལ། །པ་ཏི་དམར་པོ་གོས་ཆེན་མུ་འགྲིལ་དང༌། །མུ་ཏིག་བསྒྲེགས་པའི་ཀ་ཐོ་


TR001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པའི། །ཤུབས་དང་ན་བཟའ་སྐུ་རགས་གོས་ཆེན་ལས། །བསྒྲུབས་པའང་རང་གིས་ལག་བདར་འབད་པས་བཟོས། །སླར་ཡང་གནས་བཅུའི་སྐུ་ཐང་བདུན་ཚར་བཞེངས། །ཀུན་ཀྱང་རི་མོ་ཚོན་བྱུག་གོང་ཤམ་སོགས། །མ་ལུས་རང་ཉིད་གཅིག་པུས་སྙིང་རུས་འབད། །མཁས་པ་མགུ་བའི་རྣམ་དཔྱོད་ག་ལ་ཤེས། །རང་གཞན་འབྲེལ་ཐོགས་ཚོགས་རྫོགས་སྒྲིབ་སྦྱོང་དང༌། །མཁའ་མཉམ་འགྲོ་ལ་ཕན་ཕྱིར་ཁོ་ནར་སྨོན། །ཇི་ལྟར་སྔོན་ཚེ་ཇོ་བོ་ཨ་ཏིས་ཤས། །སཱཙྪ་ལ་སོགས་ཉིད་ཀྱི་ཕྱག་བདར་མཛད། །འདི་འདྲའི་འོ་བརྒྱལ་བདག་ཅག་བགྱིས་ཞུས་ཚེ། །འོ་ན་བདག་གི་ལྟོ་ཡང་ཁྱེད་ཟའམ། །དགེ་བ་ཐམས་ཆད་ལག་ལེན་འབའ་ཤིག་ཁྱད། །རང་གི་དགེ་བ་རང་གིས་འབད་དགོས་གསུངས། །བདག་ཀྱང་དེ་ལྟའི་རྗེས་སུ་འབྲང་ཁུལ་བགྱི། །ཆུ་འབྲུག་ལོ་ལ་རྗེ་བཙུན་ལོ་ཆེན་གྱི། །བཀའ་ཐམ་སྐྱེལ་བར་ཛྙཱ་ན་ཀཱིརྟི་གནང༌། །དེང་སང་ཀོང་ཡུལ་དུས་ཁམས་


TR001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མི་བདེ་ཞིང༌། །ཁྱད་པར་དེ་སྐོར་བཀག་རིགས་ཀྱིས་འཛིན་ཚེ། །དམག་དང་འཐབ་འཁྲུགས་ཟོལ་མི་བདེ་སྐད་ཐོས། །དེ་བས་དབུས་གཙང་ཕྱོགས་འདིར་བྱོན་པ་ན། །སྦྱར་ནས་དགོངས་པ་གཏད་ལྟར་ཟབ་ལུང་སོགས། །དབེན་པའི་སྒྲུབ་གནས་དགོངས་པར་གང་བབས་སུ། །བཞུགས་པའི་ཞབས་ཏོག་མཐུན་སྦྱོར་བདག་གི་ཞུ། །འདི་ཙམ་སྐབས་ལ་ཕེབས་པ་མ་གནང་ན། །མི་རྒན་བདག་ཀྱང་ད་ནི་ཡུན་མི་འཚོ། །དེ་སྐད་བཀའ་ཡིག་བྱུང་ཚེ་ཡིད་མ་བདེ། །བརྟན་བཞུགས་རྒྱུ་མཚན་ཞིབ་ཆའི་ཞུ་ཞིག་ནི། །འབུལ་དུ་རང་གི་ནུ་བོ་གྲོགས་བཅས་བརྫངས། དེ་ཉིད་ཞབས་སྲིད་བརྟན་པར་མི་དགོངས་ན། །བདག་ཀྱང་ཕྱོགས་དེར་ཅི་ལ་འོང་ཞེས་ཞུས། །འདི་བཟུང་བྱང་ཆུབ་བར་གྱི་ཞལ་གདམས་རྣམས། །བསྩལ་ནས་ནུ་བོ་གྲོགས་བཅས་མྱུར་བར་འཁོར། འདི་སྐབས་བསྟན་འགྲོའི་བསོད་ནམས་དམན་པའི་མཐུས། །ཁྱི་ལོར་རིག་འཛིན་


TR001_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་སྙིང་པོ་དང༌། །རྫོགས་ཆེན་ཆོས་རྗེ་ནམ་མཁའ་འབྲུག་སྒྲ་གཤེགས། །ཡོས་ལོར་མཚུངས་མེད་རིག་འཛིན་སྙིང་པོ་གཤེགས། །སྦྲུལ་ལ་ལྷ་བཙུན་ཀུན་བཟང་རྣམ་རྒྱལ་དང༌། །ཤིང་རྟའི་ལོ་ལ་རྗེ་བཙུན་ལོ་ཆེན་ཡང༌། །དགོངས་པ་ཆོས་དབྱིངས་ཐིམ་པ་རིམ་ཅན་གྱུར། །དེ་ཡི་རྐྱེན་ལས་རང་ཉིད་ཡིད་ཕམ་ཞིང༌། །རིང་པོར་མི་སྡོད་འཆི་བར་ངེས་སོ་སྙམ། །ལག་ཏུ་དད་རྫས་ལྷག་མ་གང་ཡོད་ཀུན། །ཀོང་ཡུལ་གྲུབ་མཐའ་རིས་མེད་དགོན་ཀུན་ལ། །མང་བསྐོལ་རྣམ་གཞག་བསྔོ་རྟེན་ཅི་འབྱོར་ཕུལ། །རྟེན་མཆོད་རོལ་ཆ་བླ་ཆས་ལ་སོགས་པ། །ཐམས་ཅད་རང་གི་དགོན་གསུམ་བགོས་ནས་སྦྱར། །གྲྭ་ཚོགས་རྣམས་ལའང་སྤྱི་འགྱེད་མང་བསྐོལ་དང༌། །འཕྲལ་ཡུན་ཕན་པའི་བསླབ་བྱ་སྙན་འབུལ་གྱི། །ཡི་གེ་དང་བཅས་སོ་སོར་གང་འཚམས་ཕུལ། །རང་གཞན་ཀུན་ལ་དེ་ལྟར་ཕུལ་བའི་དགེ །དེས་མཚོན་ཚེ་རབས་ཀུན་དང་དུས་གསུམ་གྱི། །


TR001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བས་བླ་མ་རྣམས་ཀྱི་དགོངས་རྫོགས་དང༌། །རང་ལ་ཁ་ལག་ཟས་ཆོས་འབྲེལ་ཐོགས་ཀྱི། །གཤིན་གསོན་ལྟོས་བཅས་མཁའ་ཁྱབ་སེམས་ཅན་རྣམས། །རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་ཁོ་ནར་བསྔོས། །གནས་ཆེན་ཙཱ་རིའི་མཚོ་རྣམས་ཐམས་ཅད་དུ། །བྱིན་རླབས་དམ་རྫས་རིན་ཆེན་དར་སྨན་འབྲུ། །སྨོན་ལམ་བདེན་ཚིག་ཤོག་དྲིལ་དང་བཅས་པ། །རཏྣའི་ཟ་མ་ཏོག་བཀངས་མཚོ་མཆོད་ཕུལ། །སངས་རྒྱས་བསྟན་དར་སེམས་ཅན་བདེ་ཞིང་སྐྱིད། །བསྟན་འཛིན་ཐུགས་མཐུན་ཆོས་སྤྱོད་བརྩོན་ཞིང་འཕེལ། །རྒྱལ་ཁམས་ནད་མུག་འཁྲུགས་བརྩོད་ཞི་བ་སོགས། །འདོད་གསོལ་ལྷག་བསམ་རྣམ་དག་ངང་ནས་བགྱིས། །རྒྱ་ལའི་གནས་མཐིལ་ཁྲིས་པ་ཞེས་པའི་སར། །ལྷ་སྲིན་འདུལ་བའི་ས་གནད་གཉན་པོ་རུ། །སྔོན་ཚེ་གུ་རུས་ལུང་བསྟན་ཇི་བཞིན་དུ། །རཏྣ་གླིང་པས་ས་ཡི་མེ་བཙའ་ལ། །རིགས་གསུམ་ལྷ་ཁང་བཞེངས་དེ་དུས་ཀྱིས་ཉམས། །མེ་


TR001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེལ་ལོ་ལ་ཡུལ་པ་རྣམས་བགྲོས་ནས། །རྡོ་ཡི་ལྷ་ཁང་ཆུང་ངུ་ཞིག་བཞེངས་པར། །རབ་གནས་འདུན་གཏད་དགོས་ཟེར་སྤྲེལ་ལོ་ཡི། །སྤྲེལ་ཟླ་ཚེས་བཅུའི་སྔ་དྲོ་བྱིན་འབེབས་བྱས། །དེ་ཚེ་རྒོད་ཚང་ཕྱོགས་ཀྱི་ནམ་མཁའ་ནས། །ནས་ཀྱི་ཆར་པ་ལན་བཞི་བྱུང་ནས་ནི། །ལྷ་ཁང་དེ་ཡི་ཕྱི་ནང་ཁྱབ་པ་ནི། །དེར་ཡོད་ཀུན་གྱིས་མངོན་སུམ་ཧབ་ཐོབ་བྱས། །འདི་དང་མཚུངས་བར་དེ་གོང་སྙིམ་ཕུ་རུ། །མཚུངས་མེད་རིག་འཛིན་སྙིང་པོའི་སྤྲུལ་པའི་སྐུར། །མཚན་དང་ལེགས་བྱས་བརྟན་ཞུགས་ཕུལ་བའི་དུས། །ཁོང་གི་སྐུ་དཔང་མེ་ཏོག་དངོས་སུ་བབས། །གཞན་ཡང་ཐིམ་ཡུལ་གུ་རུ་སྒྲུབ་ཕུག་དང༌། །ཙཱ་གོང་ཡང་དགོན་ཉང་ཁ་བྲག་ལོགས་དགོན། །ཆབ་སྟེང་ལ་སོགས་སོ་སོར་ལྷ་ཁང་གི །རབ་གནས་དུས་ཚེས་བསྒྲིགས་པའི་མེ་ཏོག་ནི། །དངོས་སུ་བབས་ཚུལ་སོ་སོའི་ངག་ལས་ཐོས། །ཆོས་དབྱིངས་འོད་གསལ་རྩེ་མོའི་གཟིམས་ཁང་ནི།


TR001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

།ལེགས་གྲུབ་ཞལ་བསོ་རབ་གནས་བགྱིས་པའི་དུས། །མགོ་དགུ་སྒྲུབ་སྡེའི་གཟིམས་ཆུང་སྟེང་འོག་གཉིས། །མེ་ཏོག་བསིལ་མས་གང་བའི་ངོ་མཚར་བྱུང༌། །རང་ལ་ཏིང་འཛིན་རྫུ་འཕྲུལ་ནུས་པའི་རིགས། །རྡུལ་ཙམ་མེད་པར་རང་གི་གོ་མོད་ཀྱང༌། །སྐྱབས་མཆོག་རྒྱལ་དབང་པདྨ་འབྱུང་གནས་ཀྱི། །ཐུགས་རྗེའི་སྒྱུ་འཕྲུལ་འདི་ནི་ཡིད་ཆེས་གནས། །རང་ཉིད་སྡོན་ནས་ཆང་ལ་མི་སྤྱོད་ཀྱང༌། །གྲོགས་འཁོར་ལ་སོགས་གཞན་ལ་ཕན་ཕྱིར་དག༌། །བསྟན་པའི་རྐང་དང་རྒྱུན་ལ་ཕན་རེ་བས། །མེ་ཕོ་བྱ་ལོ་ས་ག་ཟླ་བའི་ཉ། །ཐུབ་དབང་མངོན་པར་བྱང་ཆུབ་དུས་ཆེན་ནས། །བཟུང་སྟེ་མི་ཚེའི་ལྷག་མ་གང་ཡོད་རིང༌། །གཞིས་བྱེས་ལམ་དང་ས་ཕྱོགས་གར་འདུག་ཀྱང༌། །མྱོས་འགྱུར་ཕབས་ཀྱིས་བཏབ་པའི་རིགས་གྱུར་རྣམས། །ཉེ་འཁོར་དྲི་ཙམ་མི་བསྟེན་དམ་ཡང་བཅས། །ཆོ་གའི་སྐབས་ཀྱི་སྨན་རཀ་ནམ་དགོས་ཀྱང༌། །


TR001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བརྒྱད་སྟོང་སྦྱར་རཀྟ་སུམ་ཅུ་ལྔ། །རྒྱུད་ནས་ཇི་ལྟར་གསུངས་བཞིན་སྦྱར་བའི་རྫས། །ཆུ་གཙང་ལ་བཏབ་ཀ་ར་བུ་རམ་སྦྱར། །ཐུགས་དམ་སྐོང་བྱེད་དམ་ཚིག་རྫས་སུ་བགྱིས། །ཆང་འཐུང་བཙུན་པའི་རིགས་དང་མི་འགྲོགས་ཤིང༌། །དེ་འདྲ་འཁོར་དུ་མི་བསྟེན་བཅད་རྒྱ་བྱས། །གཞན་ཡང་འོ་སྐོལ་རྣམས་ཀྱི་སྟོན་པ་དེས། །བསྟན་ལ་རབ་ཏུ་བྱུང་བ་ཕྱིན་ཆད་ནས། །མ་དག་དངོས་པོ་བརྒྱད་པོ་མ་སྤངས་པར། རབ་བྱུང་དགེ་སྦྱོང་རུང་བར་མ་གསུངས་ན། །དིང་སང་མཁན་སློབ་དགེ་སྦྱོང་རྣམས་ཀྱི་ཚུལ། །འདི་ལྟས་རུང་བར་བདག་ནི་གཏན་མི་སེམས། །ས་སྙིང་འཁོར་ལོ་བཅུ་པའི་མདོ་དང་ནི། །དཀོན་བརྩེགས་སོགས་ལས་སྙིགས་དུས་རབ་བྱུང་གིས། །སྟོན་པའི་བསྟན་པ་བསྣུབ་པར་གང་གསུངས་པའི། །ཚུལ་ཉིད་ཇི་བཞིན་ཐོག་ཏུ་བབ་པ་འདིར། །མ་བཟོད་གཞན་དག་ཅི་ཉན་རང་ཁོ་ན། །སྤོང་བའི་ཞེ་བཅད་མ་བཅའ་འགའ་བགྱིས་པའི། །


TR001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་ཉེར་གསུམ་ལོ་ལ་གཞོན་པ་སྤངས། །སོ་གསུམ་ལོ་ནས་གྲོང་ཡུལ་ཐེམ་པ་སྤངས། །སོ་བདུན་ལོ་ནས་དཀོན་མཆོག་སྐུ་བླུད་དང༌། །དབང་བསྐུར་ཆོས་བཤད་ཡོན་གྱི་ཟང་ཟིང་སྤངས། །སོ་དགུའི་ལོ་ནས་རྐང་བཞིའི་འབུལ་བ་དང༌། །ཞིང་དང་གོ་ཁྲབ་མཚོན་ཆའི་རིགས་མི་ལེན། །ཞེ་གཅིག་ལོ་ནས་གཤིན་དཀོར་མཐའ་དག་སྤངས། །ལྔ་བཅུར་མྱོས་འགྱུར་རིགས་ཀུན་དྲི་ཙམ་སྤངས། །ང་གསུམ་ལོ་ནས་སྐུ་གསུང་ཐུགས་རྟེན་ལས། །བཞེངས་པའི་དད་འབུལ་མཐའ་དག་ཅི་འཛེམས་བྱས། །གལ་ཏེ་ཅིས་ཀྱང་ལེན་དགོས་བྱུང་ན་ཡང༌། །མཆོད་རྫས་མར་མེ་གཏོར་ཚོགས་མང་བསྐོལ་སོགས། །དད་ཟས་ཆུས་ཟོས་མི་འགྲོའི་ཐབས་ལ་འབད། །དེ་ལྟར་བྱས་ཀྱང་ད་དུང་དཀོར་ཟས་དང༌། །ཁྱད་པར་གཤིན་པོའི་དཀོར་རིགས་ཕྲན་ཚེགས་ཙམ། །འོང་རྒྱུའི་ཚེ་ན་དངོས་ཉམས་རྨི་ལམ་ལ། །བཟོད་པར་དཀའ་ཞིང་འཇིགས་སུ་རུང་བ་ཡི། །མཚན་


TR001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་མཐོང་ཞིང་ཉམས་སུ་མྱོང་བ་འདི། །བདག་ཉིད་ཁོ་ནར་འབྱུང་བ་ཅི་ཡི་ཕྱིར། །དིང་སང་བླ་གཟུགས་དགེ་སྦྱོང་ཕལ་མོ་ཆེ། །དཀོར་ཟས་འཛེམ་པ་ལྟ་ཞོག་ལོག་འཚོ་ལྔ། །འབད་པས་བསྒྲུབས་ནས་ཉམས་ང་མེད་སྤྱོད་པ། །དེ་ལ་དཀོར་ལྷོངས་རྣམ་སྨིན་གང་དུ་སོང༌། །བདག་འདྲ་སླན་ཆད་ཚེ་རབས་གང་དུ་ཡང༌། །ལོག་འཚོ་དཀོར་ཟས་ཟ་མཁན་མི་སྐྱེར་སྨོན། །སྔོན་ཚེ་དགྲ་བཅོམ་མང་པོས་དད་ཟས་ནི། །མི་འབྱུང་ཆེད་དུ་བསླབ་པ་ཕུལ་བར་གྲགས། །དིང་སང་དད་ཟས་འཚོལ་ཕྱིར་ཚུལ་འཆོས་ཀྱི། །སྤྱོད་པ་མི་བྱའི་སྣ་མེད་འདི་འདྲ་བའི། །དཀོར་ཟན་དེ་དག་ཕྱི་མ་ཅིར་འགྱུར་བསོམས། །རང་ལ་སྐྱབས་འགྲོ་ཙམ་གྱི་གོ་རྟོགས་དང༌། །ཡིག་དྲུག་འཕྲེང་སྐོར་ཙམ་གྱི་ནུས་པ་ཡང༌། །མེད་བཞིན་གཞན་གྱི་ཡར་འདྲེན་རིམ་གྲོ་སོགས། །མི་བྱེད་དགུ་བྱེད་མཁན་ཚོ་ལེགས་པར་བསོམས། །ཐོག་མེད་ཕ་མར་གྱུར་པའི་སེམས་ཅན་དག །བསད་པའི་ཤ་ཁྲག་


TR001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ལ་བྲོད་གསར་རེ། །ཕོར་ཁ་མཐོ་དམན་ཙམ་ལའང་འཁང་ཞིང་བརྩོད། འདི་འདྲ་ཡོན་མཆོད་གང་ལ་ཕན་ནམ་བསོམས། །སྙིགས་དུས་བླ་མའི་ཚུལ་དང་དགེ་སྦྱོང་གཟུགས། །ཁྭའམ་སྤྱང་ལྟོགས་བཞིན་དུ་ཟས་གོས་ཆེད། །དམ་པའི་ཆོས་བཙོངས་ཟང་ཟིང་ནོར་བསྒྲུབ་པའི། སྐྱེ་བ་ནམ་ཡང་ལེན་པར་མ་གྱུར་ཅིག །ལྕགས་མོ་གླང་ལོ་དབོ་ཟླའི་གནམ་གང་ནུབ། །ཀོང་ལྷ་དཀར་པོ་དྲི་ལྷའི་གངས་ཉིལ་ཏེ། །གཙང་ཆབ་ཞག་དྲུག་བར་དུ་འཕྲེད་བཀག་གྱུར། །གྱེན་དུ་འཁྱིལ་བའི་ཀོང་ཡུལ་སྨད་ཀུན་ཁེངས། །ཞིང་དང་ཚལ་མནན་ཆུ་འགྲམ་ཡུལ་གྲོང་འཇིག །ཐམས་ཅད་ཅི་བྱ་རྟོལ་མེད་བདག་རྩར་རྒྱུགས། །འབྱུང་བར་རང་དབང་ཐོབ་པའི་གྲུབ་ཐོབ་ནི། །བདག་མིན་ཕན་ཐོགས་དཀའ་མོད་སྐྱེ་འགྲོའི་དོན། །གལ་ཆེར་ཐུག་པས་ཅི་ཕན་ལོས་བྱེད་སྨྲས། མཆོད་


TR001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱས་བཤམས་གསོལ་བ་དྲག་ཏུ་བཏབས། །སྣང་སྲིད་ལྷ་འདྲེ་ཡུལ་ལྷ་གཞི་བདག་ལ། །བདེན་ཚིག་བཀའ་བསྒོའི་ཡི་གེ་དམ་རྫས་དང༌། །མེ་ཏོག་ལ་སྔགས་ཐུམ་བུར་བཅས་པ་རྣམས། །གཅུང་པོ་ལ་བསྐུར་ཁྱོད་ཀྱིས་མྱུར་སོང་ལ། །ཆུ་འགྲམ་དེ་རུ་བླ་མའི་རྣལ་འབྱོར་བསྒོམ། །གསོལ་བ་ཐོབ་ལ་ཕུང་པོ་ཚོགས་འཁོར་དང༌། །སྨོན་ལམ་གདབ་ཅིང་ཐུམ་འདི་ཆུ་དཀྱིལ་འཕངས། །དུང་འདི་ལན་གསུམ་བུས་ལ་ཤོག་ཅེས་སྨྲས། །ཁོས་ཕྱིན་དེ་བཞིན་བྱས་མ་ཐག་ཉིད་དུ། །གཙང་ཆབ་ཁོལ་ཏེ་འོག་ཏུ་འོར་ཁུངས་རྡོལ། །གང་ལའང་གནོད་མེད་གཙང་ཆབ་རང་མལ་སོང༌། །ཡུལ་ཁམས་མ་ལུས་བདེ་ལ་འཁོད་པར་གྱུར། །སང་ཕོད་དཔྱིད་ཀ་ཡང་ནི་སྔར་ལས་ཀྱང༌། །ཉིས་འགྱུར་ཙམ་གྱི་གངས་ཅན་ཁྱད་པར་སྣང༌། །འདི་བྱུང་ན་ནི་དྲི་དང་ཀུས་དཀར་གྱི། །ཡུལ་གྲུ་ཐམས་ཅད་ནོན་པར་འདུག་པས་ན། །ཅི་དྲག་མཁྱེན་ཟེར་


TR001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རིང་པར་རྒྱུགས་ནས་བྱུང༌། །དེ་ཚེ་དམ་ཅན་རྡོ་རྗེ་ལེགས་པ་ཉིད། །གནད་ལ་བཀར་བའི་བདེན་ཚིག་རས་ལ་བྲིས། །དམ་རྫས་བདུག་རྫས་མེ་ཏོག་འཐོར་རྒྱུ་བཅས། །བསྐུར་ནས་རས་དེ་དར་ཅོག་ཐོ་དང་སྦྲགས། །ཉེན་དུ་ཆེ་སའི་གདོང་དེར་བཙུགས་པ་དང༌། །དམ་ཅན་གསོལ་ཁ་བསངས་བསུར་དམ་རྫས་བདུགས། །མེ་ཏོག་འཐོར་སོགས་ཚུལ་ཁྲིམས་ལྡན་པས་གྱིས། །ཅེས་སྨྲས་དེ་ལྟར་བྱས་པས་གངས་ཆད་རྒྱུ། །དེ་ཉིད་རང་མལ་དུ་ཐིམ་ཉེན་དང་བྲལ། །འདི་དག་བདག་འདྲའི་ནུས་བྱིན་མ་ཡིན་ཏེ། །རང་བྱུང་ཆེན་པོ་པདྨ་རྒྱལ་པོ་ལ། །གསོལ་བ་རྩེ་གཅིག་བཏབ་པའི་བདེན་མཐུ་ལགས། །ལོ་དེའི་མཇུག་ཏུ་རྒྱལ་ཁམས་ཐམས་ཅད་ལ། །ནད་རིམས་སྣ་ཁ་མི་འདྲ་དུ་མས་ཁྱབ། །སྐྱེ་འགྲོ་མང་ཤི་སྨན་པས་མི་ཕན་པའི། །ཉམས་ཐག་སྡུག་བསྔལ་འགྱུར་མཐོང་སེམས་མ་བཟོད། །སངས་རྒྱས་རིང་སྲེལ་གཙོ་བྱས་བྱིན་རླབས་རྫས། །རྩ་བརྒྱད་སྟོང་


TR001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བདུད་རྩི་ཨ་མྲྀ་ཏའི། །སྒྲུབ་པ་བྱས་མཐར་སྨན་གྱི་སྦྱིན་སྲེག་བགྱིས། །འབྱུང་བ་རྣམས་ལ་སྨན་གྱི་ལས་སྦྱོར་དང༌། །འགྲོ་བའི་ནད་རྣམས་ཞི་བར་སྨོན་ལམ་བཏབས། །དེ་འཕྲལ་ནད་རིམས་ཞི་བའི་ངེས་ཤེས་རྙེད། །དད་དང་དག་སྣང་མེད་ལ་ཅི་ཆ་ཡོད། །འགྲོ་ལ་ཕན་དེས་རང་ཉིད་བསམ་པ་རྫོགས། །ལྕགས་གླང་ཆུ་སྟག་ཡོས་སོགས་ལོ་དེ་སྐོར། །རྒྱལ་ཁམས་མི་བདེའི་མཚན་མ་མང་བ་དང༌། །ཉང་ལུང་ཧོར་སོགས་དཔུང་གིས་གང་བ་སོགས། །སེམས་ཅན་རྣམས་ལ་སྡུག་བསྔལ་མཚོ་རྡོལ་མཐོང༌། །བདག་འདྲས་ཕན་ཐོགས་ནུས་པ་མ་མཆིས་ཀྱང༌། །བསམ་པ་དགེ་བ་ཙམ་ཞིག་ལྷུར་བླངས་ནས། །ཆུ་ཕོ་སྟག་ལོ་ཟླ་བ་དྲུག་པ་ཡིས། །ཡར་ཚེས་གཅིག་ནས་ཐ་སྐར་ཉེར་གཉིས་བར། །ཟླ་གསུམ་ཞག་ནི་ཉི་ཤུ་རྩ་གཅིག་རིང༌། །གནས་ཆེན་བརྒྱ་ལ་དཔལ་རི་གངས་ཀྱི་འདབས། །བྱང་ཆུབ་ཡང་རྩེ་མཐོང་ཞིང་གཉན་པའི་གནས། །གང་དེར་


TR001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་མཆེད་གཉིས་གསང་ཐབས་སུ། །ཕྱིན་ནས་དབྱར་ཟླ་གསུམ་དེར་གཉན་ས་བཅད། །ས་དེ་ཀོང་ཡུལ་མཐིལ་གྱི་ས་གནད་དང༌། །རྟེན་འབྲེལ་བསྒྲིགས་པའི་སྙིང་པོར་ལུང་བསྟན་ཕྱིར། །རྒྱལ་ཁམས་སྤྱི་དང་ཀོང་ཡུལ་སྐྱེ་འགྲོ་ལ། །ཕན་དུ་རེ་བའི་རིན་ཆེན་བུམ་པའི་ནང༌། །བྱིན་རླབས་རྟེན་དང་བཀྲ་ཤིས་རྫས་ཀྱིས་བསྐངས། །བསྟན་འགྲོར་ཕན་པའི་སྨོན་ལམ་བདེན་ཆིག་བཅས། །བཅུག་ནས་སྤྲེལ་ཟླའི་ཚེས་བཅུར་རབ་ཏུ་གནས། །ས་དབྱིབས་རྒྱལ་མཚན་འདྲ་བའི་རྩེ་མོ་རུ། །རླན་གྱི་མི་འཇིག་བགྱིས་ནས་བུམ་གཏེར་སྦས། །ཀ་ཤིའི་རས་དང་དར་ཟབ་ལས་བཟོས་པའི། །འཕན་དར་ཆེ་བ་ཞིག་ལ་སྟོན་པ་དེས། །གྲོང་ཁྱེར་འཇུག་མདོར་གསུངས་པའི་བདེ་ལེགས་ཀྱི། །ཤིས་བརྗོད་ཆེན་མོ་ཡོངས་རྫོགས་བྲིས་ནས་བཙུགས། །ཙནྡན་ཨ་ཀ་རུ་སོགས་སྤོས་སྣ་དང༌། ཤིང་སྣ་བསུར་དུད་བྱིན་རླབས་ཨ་མྲྀ་ཏའི། །བསངས་དུད་


TR001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་ཁེངས་བཏང་མེ་ཏོག་འཐོར། །འཇིག་རྟེན་སྐྱོང་བའི་ལྷ་ཀླུ་གཞི་བདག་དང༌། །གནས་བདག་དཔའ་བོ་མཁའ་འགྲོ་ཐམས་ཅད་ལ། །དཀོན་མཆོག་བདེན་པའི་ཚིག་གིས་བཀའ་བསྒོ་བྱས། །སྐྱབས་གནས་རྒྱལ་བ་སྲས་བཅས་ལྷ་བླ་མ། །ཀུན་ལ་སྙིགས་དུས་སེམས་ཅན་སྡུག་བསྔལ་ཅན། །མཐའ་དག་ཐུགས་རྗེའི་སྐྱོབས་པར་གསོལ་འདེབས་ནི། །གདུངས་ཤུགས་མཆི་མ་འཁྲུགས་པས་ནན་ཆེར་བགྱིས། །དེ་ཚེ་ཉི་ཆར་འདྲེས་པའི་མེ་ཏོག་ཆར། །འཇའ་འོད་ལྔ་ལྡན་རྒྱ་གྲམ་ཚུལ་དུ་ཟུག །ལྷོ་ནུབ་ཕྱོགས་ནས་ནམ་མཁའ་གཡའ་དག་དབུས། །འཇའ་དཀར་པད་སྡོང་ལོ་འདབ་རྒྱས་པའི་དབྱིབས། །ཇེ་ཉེར་ཚུར་བྱུང་མགོ་ཐོག་ཐད་སླེབས་ཚེ། །རྩ་བ་གཅིག་ལ་རྩེ་མོ་ལྔར་གྱེས་ནས། །ནམ་མཁའི་ཕྱོགས་བཞིར་ཟུག་ཏེ་ཡལ་ནས་སོང༌། །གནས་འདི་གཞན་ལས་འཕགས་པའི་ངོ་མཚར་ཅན། །ཚེ་འདི་བློ་ཡིས་ཐོངས་པ་མ་གཏོགས་པ། །སྐྱིད་ཆོས་ཟོལ་བདེ་བདག་གི་ཡུལ་མ་ཡིན། །སྐྱོ་ཤས་


TR001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་འབྱུང་འཕེལ་ཞིང་རིག་པ་དྭངས། །ཉིན་མཚན་གཉིས་ཀར་ཡེངས་འཁྲུལ་ཤས་ཆུང་བ། །དགེ་སྦྱོར་བོགས་སྐྱེད་ཐོན་པའི་གནས་ཤིག་གདའ། །དེ་ནས་ལྷ་བབས་དུས་ཆེན་ཉེར་གཉིས་ཉིན། །སུས་ཀྱང་མ་རིག་སླར་ཡང་རྒོད་ཕུག་ལོག །སྟག་ཡོས་གཉིས་ལ་དགེ་སྦྱོར་འཕེལ་བ་ལས། །ཆུ་ལུག་ཟླ་བ་དྲུག་པའི་བཅོ་ལྔ་ནས། །སྔོན་ལས་དཀོར་གྱི་རྣམ་པར་སྨིན་པ་དང༌། །འཕྲལ་རྐྱེན་དམ་སྲིའི་བར་ཆད་མཚམས་སྦྱོར་མཐུས། །བདག་ལུས་བློ་བུར་ནད་རྐྱེན་དྲག་པོས་ཕོག །གཉན་ཚད་རླུང་གསུམ་འཁྲུགས་པས་སྟོད་ལ་གཟིར། །ཁ་མེད་གཉན་གྱི་ནད་ཟུག་སྨད་ལ་བབས། །རྩ་དཀར་འགྲམས་པའི་ཟུག་ངུས་ཡན་ལག་གདུངས། །ཟས་ནི་ཉག་མ་གཅིག་ཀྱང་ཁར་མི་ཚུད། །ཉིན་མཚན་སྦྲེལ་ཏེ་སྤྱི་གཙུག་རྐང་མཐིལ་བར། །ཟུག་གཟེར་མེད་ཡུལ་ཁབ་རྩེ་གང་ཡང་མེད། །མིག་འགྲིབ་


TR001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་འོན་ཅིང་ཁ་སོ་སྦིར། །རྩ་ཆུ་ཀུན་སྡམས་ཡན་ལག་འགུལ་མི་ནུས། སེམས་ལ་འཁྲུལ་པ་མེད་ཙམ་མ་གཏོགས་པ། །ལུས་ནི་དུད་ཁྲོད་རོ་དང་མཚུངས་པར་གྱུར། །འཆི་བར་ཐག་བཅད་བློ་ཁ་ནང་དུ་བཟློག །ཟླ་བ་ཕྱེད་བར་ཟས་སྐོམ་དྲི་ཙམ་མེད། །སྨན་གྱི་སྤྲོས་བཅད་ཤི་བའི་གྲབས་སྡོག་བྱས། །ཟླ་ཕྱེད་འདས་ཀྱང་ཚེ་དུས་མ་བྱས་པས། །ཡི་དྭགས་ལྟ་བུའི་ཉམ་ཐག་ངང་ཚུལ་ལ། །གཅུང་དང་ཉེ་གནས་རྒན་པོ་སེམས་མ་བཟོད། །ལྐོག་ཏུ་སྨན་པ་བོས་ནས་རྒྱུ་མཚན་བཤད། །བདག་ལའང་སྨན་ཞིག་ཅིས་ཀྱང་ཟོ་ཞིག་ཅེས། །ནན་སྐྱེད་བྱས་ངོར་སྨན་ཐུན་འགའ་བསྟེན་པས། །ཅུང་ཞིག་ཟུག་ཆོག་ཟས་སྐོམ་ཉུང་ཤས་འགྲོ། །རིམ་པས་བདེ་སྐྱེད་བྱུང་ཡང་ནད་ཀྱི་རྒྱུ། །དཀོར་གྱི་རྣམ་སྨིན་ཉིད་ཡིན་དཀོར་ཟས་ལས། །གཞན་པའི་འཚོ་བ་ནམ་ཡང་མ་མཆིས་ཚེ། །ད་ལྟའང་དཀོར་ལྷོངས་ནམ་བྱུང་ནད་ཀྱིས་མནར། །དཀོར་གྱི་རྣམ་སྨིན་


TR001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟ་འདི་འདྲ་ན། །ཤི་བའི་དུས་རྣམ་སྨིན་དངོས་གཞི་འབྱུང༌། །དེ་ཕྱིར་བདག་དང་བདག་འདྲའི་དཀོར་ཟན་ཚོ། །ཡ་རེ་ང་ཡང་བསམ་མཁན་ཤིན་ཏུ་དཀོན། །རང་ལ་དཀོར་ལྷོངས་ཟུག་རྔུ་བྱུང་དུས་སུ། །མཁའ་མཉམ་སེམས་ཅན་ཀུན་གྱི་ལས་སྒྲིབ་དང༌། །སྡུག་བསྔལ་མ་ལུས་བདག་ལ་སྨིན་ནས་ཀྱང༌། །འགྲོ་ཀུན་སྡིག་སྒྲིབ་སྡུག་བསྔལ་བྲལ་གྱུར་ཅིག །སྙམ་པའི་སེམས་བསྐྱེད་སྨོན་ལམ་སྙིང་ནས་བགྱིས། །དད་རྫས་དར་ཁའམ་ཇ་འདེབས་མར་ལེབ་ཙམ། །བྱུང་ཡང་ཕུད་ཀྱི་དཀོན་མཆོག་མཆོད་པ་དང༌། །བླ་མ་དགེ་འདུན་མཆོད་དང་སྦྱིན་པ་སོགས། །དད་ཟས་ཆུད་ཟོས་མེད་པར་དགེ་ཕྱོགས་གཏོང༌། །མི་ཟད་བྱང་ཆུབ་རྒྱུ་རུ་བསྔོ་ཞུས་བགྱིས། །རང་གི་འཁོས་ལ་དཔག་པའི་ཅི་ནུས་ཀྱིས། །རྒྱལ་སྲས་བྱང་སེམས་སྤྱོད་ལ་སློབ་པ་ལགས། །དེ་ལྟར་རང་ལུས་ནད་གཅོང་ཐར་མེད་ཀྱིས། །རྟག་ཏུ་མནར་


TR001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཉེ་གནས་རྒན་པོ་ཡང༌། །སྔོན་ནས་ནད་གཞི་སྣ་མང་ཡོད་བཞིན་དུ། །གནས་དེར་ཀློ་རོང་ས་ཆུ་མ་ཕྲོད་དང༌། །ན་སོའི་ཁུར་གྱིས་ནོན་སོགས་མཐའ་དག་འཛོམ། །ཡོས་འབྲུག་སྦྲུལ་ལོར་རིམ་གྱིས་ནད་བབས་ལྗིད། །སྨན་དཔྱད་ཟས་སོགས་ཕྲོད་བསྟེན་ཅི་བྱས་ཀྱང༌། །ཕན་མེད་མེ་རྟ་ས་གའི་ཉེར་དགུ་ལ། །བདུན་ཅུའི་ལོ་ཐོག་ཚེ་འདིའི་སྣང་བ་ནུབ། །བློ་ཐག་ཆོད་དང་དགེ་སྦྱོར་ཡིད་ལ་གསལ། །མཚམས་སྦྱོར་བཟང་པོའི་ངང་ལ་འདས་པ་ལ། །ངོ་སྤྲོད་གསལ་འདེབས་སྲེག་ཆོག་བདུན་ཚིགས་སོགས། །མཐའ་དག་ངེད་རང་མཆེད་གཉིས་ཁོ་ནས་བསྒྲུབས། །ཕུང་པོ་བསྲེགས་ཤུལ་མེ་ཏོག་དཀར་པོ་སྐྱེས། །ནམ་མཁའི་གཡའ་དག་རྨི་ལམ་དགེ་བ་སོགས། །ཆོས་པའི་རྐང་མི་དྲང་བའི་མཚན་མ་མཐོང༌། །དེ་ལྟའི་ཉེ་གནས་གསོལ་དཔོན་རྒན་པོ་དང༌། །མི་ལོ་སུམ་ཅུ་སོ་དགུར་འབྲལ་མེད་འགྲོགས། །ཕ་མ་


TR001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་ལྷག་པའི་དྲིན་ཅན་དེ། །འདུས་བྱས་རང་མཚང་དེ་ལྟར་མངོན་སུམ་གྱུར། །དེ་ནས་རང་ལོའང་དྲུག་ཅུར་སླེབས་ཉེ་ཞིང༌། །ཕྱི་ནང་གསང་བའི་རྟེན་འབྲེལ་མཚམས་སྦྱོར་འགྱུར། །ན་རྒས་འཛོམ་པའི་རྒྱུ་ལུས་ཕུང་པོ་འདི། །རྒོད་ཚང་ཕུག་ཏུ་འཇོག་པར་མ་ཤར་ཞིང༌། །གནས་དེར་མི་ལོ་ཉི་ཤུ་རྩ་བཞིའི་བར། །རྣམ་གཡེང་ལེ་ལོར་མ་སྡད་ཅི་ནུས་ཀྱི། །འདུས་བྱས་འདུས་མ་བྱས་པའི་དགེ་ལ་འབད། །གྲོགས་དང་གྲྭ་འཁོར་རྣམས་ལའང་དགེ་སྦྱོར་བསྐུལ། །མཐའ་ཁོབ་ཡུལ་གྱི་སྐྱེ་བོ་སྡིག་པ་ཅན། །ཀུན་ཀྱང་སྡིག་སྤོང་དགེ་བའི་བག་ཆགས་བསྐྱེད། །སྒྲུབ་ཕུག་ནང་དུ་རྟེན་གསུམ་མཆོད་རྫས་དང༌། །དཀོར་གཉེར་བཅས་བཞག་དད་ལྡན་མཇལ་འདོད་རྣམས། །ཚོགས་གསོག་སྒྲིབ་སྦྱོང་ཡུལ་དུ་རུང་བར་བྱས། །སྨོན་ལམ་བཀྲ་ཤིས་རབ་གནས་རྟེན་འབྲེལ་དང༌། །ཡུལ་མི་སྐྱ་སེར་ཀུན་ལ་རང་རང་གི །


TR001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བར་གང་འཚམས་ཆོས་མཐུན་བསླབ་བྱ་བགྱིས། །མེ་རྟ་དབྱུག་ཟླ་ཉེར་ལྔ་རྒྱལ་ཕུར་གྱི། །འགྲུབ་སྦྱོར་ཉིན་པར་ཡར་ལ་ཁ་བལྟས་འོངས། །ལམ་བར་ཀུན་ཏུ་མཐོང་ཐོས་ཁ་ལག་ཟས། །ཆོས་ཀྱི་འབྲེལ་པ་ཐོགས་ཚད་མ་ལུས་པ། །མངོན་མཐོ་ངེས་ལེགས་འགྲུབ་པར་སྨོན་ལམ་བཏབ། །དད་འབུལ་ཟང་ཟྀང་སྤུ་ཙམ་མི་ལེན་ཅིང༌། །བདག་ཅག་བསྙེན་བཀུར་ཆེད་དུ་སེམས་ཅན་གྱི། །སྲོག་གཅོད་བྱེད་དོགས་ཚོགས་འཁོར་ཤ་ཆང་གི །ཡོ་བྱད་ཏིལ་ཙམ་བདག་གིར་མ་བགྱིས་ཤིང༌། །ཡུལ་ལྗོངས་ཀུན་ལ་བཀྲ་ཤིས་མེ་ཏོག་འཐོར། །སྐྱེ་འགྲོ་རྣམས་ལ་རྟེན་གྱིས་བྱིན་རླབས་དང༌། །སྨོན་ལམ་རྣམ་དག་མཚམས་སྦྱར་ཡང་དག་བགྱིས། །གྲུབ་མཐའ་རིས་མེད་དགེ་འདུན་མ་ལུས་པར། །རང་རང་དགོངས་བཞེད་དང་མཐུན་ཆོས་འབྲེལ་ཕུལ། །རིམ་པས་སྨིན་གྲོལ་སྐྱེད་རྫོགས་གླིང་དུ་འབྱོར། །དགེ་འདུན་རྣམས་ལ་རྒྱུད་འབུམ་རིན་པོ་ཆེ། །རང་རེའི་


TR001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་འབུམ་བཅས་པའི་བཀའ་གཏད་བགྱིས། །གཙུག་ལག་ཁང་ལ་རབ་གནས་མེ་ཏོག་འཐོར། །ཞག་གསུམ་བསྡད་ནས་ཆོས་དབྱིངས་འོད་གསལ་རྩེར། །གདན་ཕབས་སླར་ཡང་དེབ་མཚམས་ལ་ཞུགས་སོ། །འདུས་བྱས་ཚེ་འདིའི་སྣང་བ་རྨི་ལམ་ལས། །ཆེས་ཆེར་རྨི་ལམ་ཉིད་འགྱུར་འཁྲུལ་པའི་གཟུགས། །མི་བདེན་བདེན་པར་འཛིན་ཅིང་ཨ་འཐས་ཀྱིས། །བྱ་བྱེད་ཟར་ཟིར་བྱིས་རྩེད་ལྟ་བུ་འདིས། །ཁམས་གསུམ་འགྲོ་བ་ཅོལ་ཆུང་གཏན་དུ་བྲིད། །མི་རྟག་རྟག་ཏུ་རེ་བའི་འདོད་ཡོན་ལ། །སྲེད་ཞེན་ལན་ཚྭའི་ཆུ་ནི་འཐུངས་བཞིན་སྐོམ། །ད་ནི་འཁྲུལ་ཞེན་གཏན་ཆོད་འགྱུར་བར་ཤོག། ཅེས་རང་ལོ་སོ་ལྔ་ནས་དྲུག་ཅུའི་བར་གྱི་ཚུལ་རྣམས་རགས་རིམ་ཙམ་བརྗོད་པའི་ལེའུ་སྟེ་དྲུག་པའོ། ༈ །དྲི་བྲལ་པད་སྡོང་གེ་སར་ལས། །མཚན་རྫོགས་རྡོ་རྗེའི་སྐུ་མཆོག་ནི། །སྐྱེ་འཆིའི་མཚན་མ་ལས་


TR001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི། །མཚོ་སྐྱེས་རྡོ་རྗེ་དེས་སྐྱོངས་ཤིག །རྣམ་གཡེང་འཁྲུལ་པའི་བྱ་བ་ལ། །སྙིང་པོ་མེད་པར་གོ་བཞིན་དུ། །རྣམ་པར་གཡེང་བའི་འཁོར་ལོ་རུ། །ཀུན་ནས་བསྐོར་བའི་ངང་ཚུལ་བརྗོད། །ངོ་མཚར་རྣམ་ཐར་བརྗོད་རྒྱུ་བདག་ལ་མེད། །ཐ་མལ་སོ་སྐྱེའི་ཀུན་སྤྱོད་ཡིག་གཟུགས་སུ། །བཀོད་ཀྱང་སྣག་ཤོག་གྲོན་ལས་གཞན་པ་ཡི། །དགོས་པས་དབེན་ཀྱང་བསྐུལ་ངོ་མ་ཆོག་བྲི། དེ་ལྟར་བདག་འདྲ་སྙིགས་དུས་ཀྱི་བཙུན་རྒན་རང་གྲོལ་བ་རྒོད་ཕུག་དབེན་པའི་ནགས་ཁྲོད་དུ་མི་ལོ་ཉེར་བཞིའི་ཅད་རྒྱ་གྲོལ་ནས་ཡར་ལ་འོངས་ཏེ། སྔོན་གྱི་སྐྱེས་ཆེན་གྲུབ་ཐོབ་མང་པོས་ཞབས་ཀྱིས་བཅགས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་བསྟི་གནས་ཐང་འབྲོག་འོད་གསལ་སྒང་གི་སྒྲུབ་སྡེ་ཉིད་ཕྱིས་སུ་སོག་དམག་བྱུང་སྐབས་འཇིག་ཅིང་སྟོངས་ཏེ་རྨེག་མེད་དུ་གྱུར་པ་དེ་གསོ་བ་ལ་བསམ་ནས་འདུན་པ་ཆེད་གཉེར་དུ་གཏད་


TR001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། གྲྭ་ཚང་ཉིད་ནས་བདག་གི་ཡུལ་དུ་དམིགས་པའི་སྤྱིལ་བུ་ཞིག་བཏབ་འདུག་པར་མེ་རྟ་དབྱུག་ཟླའི་ཡར་ཚེས་བརྒྱད་ལ་གདན་ཕབས་ཏེ་བཅད་རྒྱའི་འགོ་ཚུགས། དེ་ནས་ཆོ་འཕྲུལ་གྱི་ཟླ་བ་དང་ཉེ་བའི་ཚེ། རྒྱལ་བའི་སྤྱི་གཟུགས་འགྲོ་བའི་མགོན་པོ་མཉམ་མེད་སྒམ་པོ་པ་ཆེན་པོ་དེ་ཉིད་སྙིགས་མཐའི་འགྲོ་བ་རྣམས་ཀྱི་སྐྱབས་མགོན་དུ་བྱོན་པའི་རྗེ་བཙུན་མཆོག་གི་སྤྲུལ་སྐུ་བཟང་པོའི་མཚན་གྱི་གྲགས་དཀར་རྩེར་ཁྱབ་པ་ཉིད་ཤར་ཕྱོགས་ཀོང་ཡུལ་གྱི་བསྟན་འགྲོ་སྤྱི་དང་བྱེ་བྲག་པ་མཐའ་དག་ལ་སྨན་པ་དང་བརྩེ་བ་དང་བསོད་ནམས་མངོན་པར་སྤེལ་བའི་སླད་དུ་གཤེགས་པ་དང་དུས་མཚུངས་པར་གྱུར་པ། སྔོན་ནས་བདག་རྒན་པོ་ལ་བརྩེ་ཆེན་ཐུགས་རྗེའི་གཟིགས་ཚུལ་གང་དང་གང་མི་མཉམ་པས་བཀའི་གླེགས་བུ་བདུད་རྩིའི་ཆར་རྒྱུན་ལམ་གསུམ་བགྲོད་པའི་ཀླུངས་ལྟར་སྩལ་བཞིན་པ་ལས། སྐབས་འདིར་


TR001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་མོས་པ་དང་རྗེ་དེའི་ཐུགས་རྗེ་གཉིས་པོ་སྤྲ་བ་རླན་མེད་དང་མེ་སྟག་ཕྲད་པའམ། ཉའི་ཟླ་བ་དང་ཆུ་ཤེལ་གྱི་གོང་བུ་འཛོམ་པ་ལྟ་བུའི་རྟེན་འབྲེལ་གྱི་མཚམས་སྦྱོར་བདེ་བླག་ཉིད་དུ་འགྲིག་པའི་མཐུས། རྗེ་དེ་ཉིད་སྐུ་འཁོར་ཉུང་ངུ་དང་བཅས་ཏེ་བདག་གི་བསྟི་གནས་སུ་ཞབས་པད་བཀའ་དྲིན་གྱི་འཁོར་ལོ་ཉེ་བར་བཀོད་པ་གནང༌། དེ་ལ་བདག་ཅག་སྤྱིར་རི་ཁྲོད་པར་གྱུར་པ་དང༌། ཁྱད་པར་འཚོ་བ་ངན་ངོན་ལ་བརྟེན་པའི་རྒྱུས་བཀུར་བསྟིར་བྱ་བའི་དངོས་པོ་དང་ཡོ་བྱད་ཀྱི་འཕོངས་ཀྱང་ཕྱེ་དང་ཇའི་འཚོ་ཆས་ཕྲ་མོ་ཙམ་གྱིས་མཆོད་པ་ལ་དགྱེས་དགུར་རོལ་ཞིང༌། ཉིན་ཐོག་ཐག་ཏུ་དམ་པའི་ཆོས་ཀྱི་བཀའ་མཆིད་ཟབ་རྒྱས་མཐའ་ཡས་ལ་རྨད་དུ་བྱུང་བ་ཡིད་ལ་སིམ་པ་གནས་སྐབས་དང་མཐར་ཐུག་གི་དོན་དང་དགོས་པ་དང་ཆེད་དུ་བྱ་བར་འོས་པ་དང་རང་དང་གཞན་ལ་ཕན་པ་རླབས་པོ་ཆེ་འབྱུང་བའི་དགའ་སྟོན་དམ་པ་ལ་བསྙེལ་


TR001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པ་རྒྱུན་མི་ཆད་པ་གེགས་མེད་པ་ནོར་པ་དང་འཁྲུལ་པའི་དྲི་མས་མ་སྦགས་པའི་དམ་ཆོས་བདུད་རྩིའི་དགའ་སྟོན་ལ་རོལ་བ་ཉིན་ཞག་བཅུ་ཕྲག་གི་བར་དུ་བཞུགས་ཡུལ་གནང་ཞིང༌། བདག་འདྲ་བའི་རྨོངས་རྒན་ལ་དག་པའི་སྣང་བ་རྨད་དུ་བྱུང་བའི་གཟིགས་པ་མཐའ་ཡས་པས་རབ་ཏུ་འདུད་ཚུལ་དང༌། རིན་ཐང་ཅན་གྱི་དངོས་པོ་གྱ་ནོམས་པས་བསྙེན་ཅིང༌། བཀུར་བའི་མཛད་པ་བསམ་འདས་ཀྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་པར་ཐར་པ་མངོན་སུམ་ཏུ་སྟོན་པར་མཛད་ཀྱི། ཁོ་བོ་ཅག་གི་ནི་དམ་པ་ལ་དམ་པར་འོས་པའི་རི་མོར་བྱ་བ་དང་བཀུར་སྟིར་བྱ་བའི་དངོས་པོ་དང་རྩོལ་བ་དང་ནུས་པ་དམན་པས། ཐལ་མོ་སྦྱར་ཏེ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་དང༌། སྨོན་ལམ་བཟང་པོས་མཚམས་སྦྱོར་བ་ཙམ་ཞིག་ཞབས་ཏོག་གི་སྙིང་པོར་བགྱིས་སོ། །ཡང་དེ་དང་རྗེས་སུ་མཐུན་


TR001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

པར། མེ་ལུག་གི་དབྱར་གསུམ་མེ་ཏོག་གི་ལང་འཚོ་མངོན་པར་སྟོན་པའི་དུས་ཀྱི་ཚེ། རི་བོ་ཤཱནྟིའི་གདན་ས་ཆེན་པོ་ཉིད་ནས། རྒྱལ་བ་ལོ་རས། མཁས་གྲུབ་གཙང་ཆེན་ཆོས་ཀྱི་དབང་ཕྱུག་སོགས་སྐྱེས་ཆེན་ཚར་དུ་དངར་པའི་རྣམ་པར་འཕྲུལ་པ་རྒྱལ་སྲས་དམ་པ་ཆོས་ཉིད་ཀློང་གྲོལ་ལམ། མཚན་གཞན་འཛམ་གླིང་དཔལ་འབར་བསྟན་པའི་རྒྱལ་མཚན་དེ་ཉིད་ཀྱང༌། ལུགས་གཉིས་ཀ་ནས་སྐུ་ཡུལ་ཤིན་ཏུ་གཉན་ཅིང་ཆེ་བའི་རྒྱུ་མཚན་ཁྱད་དུ་གསད་ནས། སྤྲང་རྒན་བདག་འདྲར་ཐུགས་དག་པའི་སྣང་བ་མི་མཉམ་མཉམ་པ་མེད་པའི་གདུང་ཤུགས་ཀྱིས་རླབས་ཆེན་པོས་ཉེ་བར་བསྐུལ་ནས། དཔོན་སློབ་གསུམ་འབའ་ཤིག་ཏུ་མཛད་དེ་དམ་པའི་ཆོས་ཁོ་ན་ཆེད་གཉེར་གྱི་དགོངས་པ་རྩེ་གཅིག་པས་བྱོན་པ་ལ། སྔར་སྨོས་པ་བཞིན་ལོངས་སྤྱོད་ཀྱིས་མཆོད་པར་བྱ་བའི་དངོས་པོ་ནི་བདག་ཅག་གིས་རྔོ་མི་ཐོག་པ་


TR001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལས། དེ་སྐབས་ནམ་དུས་ཀྱི་འབྱོར་པ་ཤ་མོ་དང་ལོ་ཚོད་ཀྱི་རིགས་སྣ་ཚོགས་རྒྱས་པའི་དུས་སུ་གྱུར་པས་ཇི་ལྟར་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་དང་རྗེས་སུ་མཐུན་པའི་མཆོད་པ་སྟབས་ཤིང༌། བཞུགས་ཁང་ནོར་ཉན་མེད་པའི་ཁར། ས་ཁད་མཐོ་ཞིང་ཆར་ཞོད་རབ་ཏུ་ཆེ་བས་འོ་བརྒྱལ་གྱི་རྒྱུ་ཁོ་ན་ལ་ཡང་ཇི་མི་སྙམ་པར་མཛད་ནས་དབྱར་ཟླ་གསུམ་གྱི་རིང་ལ་བཞུགས་ཏེ། དམ་པའི་ཆོས་ཀྱི་གཙོ་བོར་སོ་ཐར་བྱང་སེམས་སྔགས་སྡོམ་གྱི་ནོར་བུའི་དོ་ཤལ་ཚར་དུ་དངར་བ་མགུལ་པའི་རྒྱན་དུ་བཞེས་ཚུལ་གནང་ཞིང༌། གཞན་ཡང་ཐེག་མཆོག་རྫོགས་པ་ཆེན་པོའི་བསྟན་པ་མཐའ་དག་གི་ཡང་བཅུད་དམ་པ་ལ་ནན་དུ་སྒྲོ་འདོགས་གཅོད་པ་གནང་སྟེ། མཚན་ཐོག་ཐག་ཏུ་མི་གཟིམས་པར་ཉམས་བཞེས་ཀྱི་བརྩོན་པ་ཕུལ་དུ་ཕྱིན་པ་གནང་ནས་དམིགས་རིམ་རེ་རེ་


TR001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་དག་ཐེར་ཐོན་པ་མཛད། ཉིན་གྱི་རིང་ལ་བདག་གི་རྩར་བཞུགས་རིང་འཇིག་རྟེན་འཕྲོས་གཏམ་ལབ་ལབ་སོགས་ཀྱིས་སྐད་ཅིག་ཀྱང་མ་སླད་པར། རེས་འགའ་བསྐྱེད་རིམ། རེས་འགའ་ངེས་དོན། རེས་འགའ་རིག་གནས། རེས་འགའ་ཕྱག་ལེན། རེས་འགའ་གདངས་དབྱངས་ཚུན་གྱིས་མཐའ་བརྟེན་ཏེ། མདོར་ན་བདག་གིས་མ་ཐོས་མི་ཤེས་པ་ནི་ཕར་ཞོག ཐོས་ཤེས་སུ་གང་གྱུར་པ་ཕྲན་བུ་ཅི་ཡོད་མཐའ་དག་ལ་སྤོམ་ཡོར་དང་གལ་མ་མཆིས་སུ་མི་འཇོག་པར་ཕུ་ཐག་གཏིང་ནས་ཆོད་པར་མཛད་ནས། འདི་བཟུང་བྱང་ཆུབ་བར་གྱི་མོལ་མཆིད་མཐའ་དག་པའི་ཚུལ་ཡང་ལྷག་མ་མེད་པར་བཞེད་པ་ནི་གཏིང་རྫོགས་སུ་མཛད་དེ་གཤེགས་སོ། །ཡང་དེའི་དགུན་གྱི་དུས་ན། ཚེ་རབས་མང་པོ་ནས་སྨོན་ལམ་གྱི་འབྲེལ་པ་རྨད་དུ་བྱུང་བ་ཅན་གྱི་སྐྱེས་ཆེན་པ་མི་ཕམ་མགོན་པོའམ། ངེས་དོན་མཐར་ཕྱིན་དཔལ་


TR001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོ་དེ་ཉིད་ཀྱང་གོང་ནས་ཡིག་བརྒྱུད་ལ་བརྟེན་པའི་ཆོས་ཀྱི་ཚུལ་སྒོ་དུ་མ་ནས་དྲི་བ་དང་ལན་གྱི་ཚུལ་རྒྱུན་མ་ཆད་པས་རྗེས་འཇུག་རྣམས་ལ་ཆོས་སྦྱིན་འདོད་འཇོ་དམ་པར་འགྱུར་བའི་སྒོ་འབྱེད་དང་བསྐུལ་བ་པོར་གྱུར་པའི་སྐྱེས་ཆེན་དེ་ཡང་བྱོན་ཏེ། སྐུ་གསུང་ཐུགས་རྟེན་གཙོ་བོར་གྱུར་པའི་ཕྱག་རྫས་ཀྱི་སྙིང་པོ་མཐའ་དག་ངེད་ལ་སྤུངས་པར་མཛད་བཞིན་དུ། དད་པའི་དབང་པོ་མངོན་པར་བརྟས་པའི་ཐུགས་འགྱུར་བ་མེད་པའི་སྣོད་བཟང་པོར། ཐོག་མཐའ་བར་དུ་དགེ་བའི་དམ་པའི་ཆོས་འདུལ་བའི་སྡོམ་གསུམ་ཚོགས་རྫོགས་དང༌། ཐེག་ཆེན་སྨོན་འཇུག་གི་བྱང་སྡོམ་སེམས་གསུམ་གཅིག་ཏུ་དྲིལ་བ་དང༌། སྨིན་བྱེད་དབང་ལ་བརྟེན་པའི་རིག་འཛིན་སྔགས་ཀྱི་སྡོམ་པ་གསུམ་གྱི་བདུད་རྩིས་ཡོངས་སུ་གཏམས་པར་མཛད། དེ་དག་གི་དགོངས་དོན་སྙིང་པོ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་སྔར་ནས་ཉམས་བཞེས་རྟག་པར་


TR001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་བཞིན་པ་ནས། སླར་ཡང་ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པའི་ཕྱག་རྫོགས་ཟབ་མོའི་གནད་དོན་གྲུབ་ཐོབ་རྒྱུད་པའི་ཞལ་རྒྱུན་དྲི་མ་མེད་པ་ལ་དོགས་གཅོད་ཞིབ་ནན་ཕུ་ཐག་ཆོད་པར་མཛད་ནས་སྒྲུབ་པའི་མཎྜལ་གྱི་ཞལ་བཞེས་དང་བཅས་པ་གནང་ཞིང༌། ཇི་ཙམ་བཞུགས་པའི་རིང་ལ་ཡང་ཐོ་རེངས་དང་པོ་ནས་སྐུ་བཞེངས་ཏེ་བདག་གི་སྒོམ་ཁང་ལ་སྐོར་བ་དང་བརྒྱ་ཕྱག་གསོལ་འདེབས་ཡན་ལག་བདུན་པ་སྨོན་ལམ་གྱི་མཐའ་རྟེན་དང་བཅས་པས་སྙིང་རུས་ཚད་མེད་དུ་གནང་བ་ཡང་རྗེས་འཇུག་དག་ལ་བརྡ་སྟོན་དུ་མཛད་ནས་ཐེགས་སོ། དེ་ཡང་ཐང་འབྲོག་གི་སྒྲུབ་གནས་སུ་གྲྭ་ཚང་ནས་ཕྲལ་བཟོས་ཀྱི་སྤྱིལ་བུ་དེ་ས་དམིགས་ཅུང་ཟད་མ་ནོན་པར་མཐོང་བས། ད་ལྟ་མ་འོངས་པའི་རྟེན་འབྲེལ་ལ་ཕན་དུ་རེ་བས་འོད་གསལ་སྒང་གི་རྩེ་མོ་རྒྱལ་མཚན་གྱི་ཏོག་ལྟ་བུའི་ས་དེ་ལ། གོང་དུ་མཆོག་སྤྲུལ་ཆེན་པོ་བྱོན་པའི་སྐབས་


TR001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ས་འདུལ་ལ་དམིགས་པའི་ཐུགས་དམ་ཕྱག་ནས་སོགས་ཀྱང་ཞུས་ཤིང༌། ལུག་ལོའི་དབྱར་ཁ་གྲྭ་ཚང་གི་དགེ་འདུན་བཅུ་ཕྲག་ཙམ་རེ་རེ་མོས་སུ་བྱས་ནས་ཁང་ལས་བགྱིད་པ་ལ་ཤ་དང་ཆང་གི་ལོངས་སྤྱོད་གཏན་ནས་སྤངས་ཏེ། གཟིམས་ཁང་ཁྱོན་མི་ཆུང་ཙམ་དུ་བཟོས་པ་བཀོད་པ་ཡང་རང་ཉིད་ཀྱི་ཤོག་བུ་ལ་རི་མོ་བྲིས་པ་བསྟན་ནས་བཟོ་བཅུག་པས་གེགས་མེད་དུ་འགྲུབ་ཅིང་ཆོས་དབྱིངས་འོད་གསལ་རྩེ་མོར་མིང་བཏགས། ཞལ་བསྲོ་བགྱི་བ་དང་ལྷན་ཅིག་དེར་སྤོས་ནས་མཚམས་མུས་ལ་བཞུགས་སོ། དེ་ནས་ས་སྤྲེལ་རང་ལོ་རེ་གཅིག་པའི་ཐོག་ཏུ་བབས་པའི་ཚེ། སྤྱིར་འདུས་བྱས་ཀྱི་ཆོས་ལ་རྟག་མི་ཐུབ་པ་དང༌། སྒོས་སུ་རང་གི་ཚེ་ཚད་ཕལ་ཆེར་ཡང་རྫོགས་པ་དང༌། ཁྱད་པར་ལུས་ལ་ནད་གཅོང་སྣ་མང་པོས་རྟག་ཏུ་མནར་བ་འདི་ནམ་ཞིག་དཀོར་ལྷོངས་དྲག་པོ་ཅིག་གིས་བློ་བུར་དུ་བསྡུ་བར་ངེས་པས་ན།


TR001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཡོད་རིག་པ་གསལ་དུས་འདིར་ཆག་མེད་ལུས་མེད་དུ་བྱས་ལ། ཤི་ནད་ཕོག་ཚེ་འགྱོད་མེད་དུ་བྱའོ་སྙམ་ནས། ས་སྤྲེལ་ཟླའི་ཚེས་བཅུ་ཉིན་དགོན་གསུམ་གའི་བླ་མ་དང་གྲྭ་པ་རགས་བསྡུས་འཛོམ་པ་བྱས་ཏེ། རང་གི་ལག་ཏུ་སྔར་གྱི་ལྷག་མ་དང་འཕྲལ་མར་གསར་བྱུང་གི་རིགས་ཀྱི་རྟེན་མཆོད་རོལ་ཆ་བླ་ཆས་མཆོད་རྫས་དབང་ཆས་སོགས་གང་ཡོད་དང༌། རྒྱུད་འབུམ་རིན་པོ་ཆེས་ཐོག་དྲངས་པའི་པོ་སྟི་གསུམ་བརྒྱ་ཙམ་ཡོད་པ་རྣམས་དང༌། མདོར་ན་བསྟན་པའི་ཞབས་ཏོག་གི་ཆ་རྐྱེན་དུ་གྱུར་པ་ཆེ་ཆུང་འབྲིང་གསུམ་ཐམས་ཅད་བགོས་ནས། གཙོ་ཆེ་བ་གྲྭ་ཚང་དང༌། གཞན་གཉིས་པོར་གང་འཚམས་པ་ཕུལ་ནས་འཆུག་མེད་ཀྱི་ཡི་གེར་བཏབ་སྟེ་སོ་སོ་ལ་བརྩིས་སྤྲད། སྒམ་པོ་ནས་བདག་གི་ཚེའི་རྟེན་འབྲེལ་ལ་དགོངས་ནས་ཆེད་གཏད་དུ་བཟོས་ཏེ་གནང་བའི་གཉྫི་ར་ཡང་གྲྭ་ཚང་གི་མཆོད་ཁང་རྩེ་ལ་གཟུངས་བཞུགས་ཁྱད་འཕགས་དང་བཅས་ཏེ་བསྟན་པ་ཡུན་དུ་གནས་


TR001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྟེན་འབྲེལ་གྱི་སྲོག་ཤིང་དུ་ཕུལ། འོད་གསལ་རྩེའི་གཟིམས་ཁང་ཉིད་དུའང་སྐུ་རྟེན་ཁྱད་འཕགས་ཀྱི་རིགས་བདུན་བཅུ་རྩ་ལྔ་དང༌། དེའི་མཆོད་ཆ་སྣ་ཚང་སྤུས་གཙང་བའི་རིགས་ཆ་ཚང་བ་དང་བཅས་པ་བཞུགས་སུ་གསོལ་བར་བགྱིས་སོ། གཞན་ཡང་སྔར་ནས་རྗེ་ལོ་ཆེན་དྲུང་གི་དགོངས་པ་ཇི་ལྟ་བར་གྲྭ་ཚང་འདི་ལ་མྱོས་འགྱུར་ཆང་རག་གི་དྲི་ཙམ་ཡང་མེད་པ་གཅིག་ཐུབ་ན། དགེ་འདུན་རྣམས་འཚོ་བའི་སེམས་ཁྲལ་གྱིས་གཡེང་བ་བྱེད་མི་དགོས་པའི་གསོལ་ཕོགས་ཀྱི་ཐེབས་རྒྱུན་བསྐལ་པའི་བར་དུ་ཆགས་མེད་འཛུག་པའི་ཐུགས་རྩིས་དང༌། དེ་དང་མཐུན་པར་ངེད་རང་གིས་ཀྱང་ཐབས་དང་རྩོལ་བ་གང་ཟབ་བགྱིས་ནས་སྤོ་ཁམས་འཇང་ཞབས་སོགས་ནས་ཀྱང་མཐུན་འགྱུར་བྱེད་མཁན་མང་དུ་ཡོང་རྩིས་དང་བཅས་པས་ལེགས་ཚོགས་ཆེ་བ་ཞིག་འོང་བར་ཡོད་ནའང༌། གྲྭ་པ་རྣམས་ཀྱི་ཆང་ཁྲིམས་བྱེད་མ་ཉན་པའི་རྒྱུ་རྐྱེན་གྱི་དེ་ལྟར་མ་གྲུབ་པ་འདི་ནི་


TR001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ལོ་ཆེན་དྲུང་དང་བདག་གཉིས་ཀའི་བསམ་པ་མ་རྫོགས་པ་འདི་བསྟན་པའི་སྐུ་བསོད་ཀྱིས་མ་ཐེག་པར་སྣང་ངོ༌། དེ་ལྟར་ལུག་སྤྲེལ་བྱ་གསུམ་གྱི་ལོར་ཆོས་དབྱིངས་འོད་གསལ་རྩེ་མོར་ལོ་གསུམ་གྱི་བཅད་རྒྱའི་ངེས་པ་ཡང་གྲུབ་ཅིང༌། བསྟན་པའི་སྤྱི་བཙས་དང་སྒྲུབ་སྡེའི་ས་བོན་ཡང་ཐེབས་པར་གྱུར་མོད་ཀྱང༌། གནས་དེའི་ཆུ་དང་རང་གི་ལུས་ཁམས་ནད་གཞི་མཐུན་པར་མ་བྱུང་བ་དང༌། རང་གི་རྒྱུན་གྱི་འཚོ་བ་ནི་རྗེ་བཙུན་བཞད་པ་རྡོ་རྗེའི་རྣམ་ཐར་གྱི་རྗེས་སུ་འབྲང་དགོས་ཕྱིར་ས་ཁད་མཐོ་བའི་ཆུ་བསིལ་རྒོད་འདིས་ཀྱང་སྒྱུ་ལུས་ལ་ཅུང་གཟན་པར་སྣང་ཚེ་རེ་ཤིག་གཙང་ཆུ་ལ་བརྟེན་ན་ལེགས་སམ་སྙམ་པ་དང༌། དེ་བཞིན་བྱུང་ན་གནས་ཆེན་མགོ་དགུར་སྐྱེ་བ་གོང་མའི་མཛད་པ་དང་རྗེས་སུ་མཐུན་པའི་ངང་ལ་ཤི་ན་འགྱོད་པ་མི་འོང་སྙམ་སྟེ། ས་བྱ་ཐ་སྐར་གྱི་ཉེར་ལྔ་ལ་འོད་གསལ་རྩེ་ནས་བཏེགས་ཤིང༌། མ་འགྱངས་པར་ཤི་ན་སེམས་


TR001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷག་མ་མི་ལུས་པ་བསམ་སྟེ། ལམ་ཞོར་དུ་གྲྭ་ཚང་གི་ཆོས་རའི་བཞུགས་ཁྲི་ནས་དགེ་འདུན་རྣམས་ལ་འདི་ཕྱི་བར་གསུམ་གྱི་བྱ་སྤྱོད་སྤང་བླང་ཉམས་ལེན་སོགས་འཕྲལ་ཡུན་མཐའ་དག་པའི་བསླབ་བྱ་ཞིབ་ཐེམས་སུ་བགྱིས་ཤིང༌། སྔར་རྒོད་ཚང་ནས་ཡར་ལ་འོངས་སྐབས་དང་མཚུངས་པར་ལམ་བར་ཡུལ་གྲོང་ཐམས་ཅད་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་བརྗོད་དང༌། རྨོངས་དད་ཀྱིས་འདུས་པའི་ཁྲོམ་ཚོགས་མཐའ་དག་ལ་ཡང་ཇི་ལྟར་སྔོན་འོ་སྐོལ་གྱི་སྟོན་པ་ཉིད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཚེ་སེམས་ཅན་གྱི་དོན་དུ་སྨོན་ལམ་ཇི་ལྟར་མཛད་པ་དང་རྗེས་སུ་མཐུན་པར། བདག་ཉིད་མཐོང་བ་དང་ཐོས་པ་དང་བཟའ་བཏུང་སོགས་མཐུན་རྐྱེན་སྦྱོར་ཞིང་སྟོབས་པ་དང༌། མོས་པས་ཕྱག་དང་སྐོར་བ་བྱེད་པ་མ་ཟད། ལོག་ལྟ་དང་སྐུར་འདེབས་བྱེད་པ་རྣམས་ཀྱང་བདག་གི་བྱང་ཆུབ་ཀྱི་སེམས་ཀྱི་ནུས་པས་མྱུར་དུ་བླ་ན་མེད་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་ཅིག ཅེས་སོགས་ཀྱི་སྨོན་


TR001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཁ་ཞེ་མེད་པར་བཏབས། ལམ་རིང་ཀུན་ཏུ་ཡུལ་དང་སྐྱེ་འགྲོ་སོགས་གང་མཐོང་ཡང༌། ད་ནི་བདག་མྱུར་དུ་འཆི་བར་ངེས་ཚེ་ད་ཕྱིན་ཆད་ནས་འདི་དག་མཐོང་བར་མི་འགྱུར་སྙམ་པའི་སྐྱོ་ཤས་དང་མ་བྲལ་བཞིན་དུ་ཕྱིན་པ་ནས། ན་སོ་རྒུད་ཅིང་ནད་གཅོང་གིས་ཉམས་ཐག་པའི་དབང་གིས་ལམ་རིང་བགྲོད་པའི་ཉམས་ཟུངས་དང་བྲལ་བས་གྲུའི་གཞོན་པས་དྲངས་ཏེ་ཞག་བདུན་དུ་ལམ་བར་ཐམས་ཅད་ལ་ཡང་དགོན་སྡེ་ཐ་དད་པའི་བླ་མ་དང་དགེ་འདུན་གྲུབ་མཐའ་ཐ་དད་པ་སོ་སོ་ནས་ཀྱང་ཁ་ན་མ་ཐོ་བ་མེད་པའི་ཉེར་སྤྱད་ཇ་དང་དཀར་སྤྲོ་སོགས་གྱ་ནོམ་པ་དག་སྟབས་ཅིང༌། རང་རང་གི་ཡིད་འདོད་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས། ལ་ལས་བླ་མའི་རྣལ་འབྱོར། ལ་ལས་ལྷག་པའི་ལྷ་ཐ་དད་ཀྱི་སྒོམ་བཟླས། ལ་ལས་དཔེའི་བཀླགས་ལུང༌། འགའ་ཞིག་གིས་སྒོམ་གྱི་ངོ་སྤྲོད་དོགས་གཅོད་སོགས་སོ་སོས་ཇི་ལྟར་དོན་དུ་གཉེར་བ་དེ་དང་མཐུན་པའི་ཆོས་འབྲེལ་གྱིས་དགོངས་


TR001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐངས། འགའ་ཞིག་ནི་གཙང་པོ་ཕན་ཆུན་གྱི་འགྲམ་ངོགས་ནས་ཕྱག་དང་སྨོན་ལམ་བྱེད་པ་དག་ལ་ཡང་འབྲེལ་པ་བཟང་ཐོགས་ཀྱི་སེམས་བསྐྱེད་སྨོན་ལམ་རྣམ་དག་གི་ས་བོན་བཏབ་ཏེ། མདོར་ན་འཁོས་མེད་བདག་འདྲ་ལ་བླུན་དད་ཀྱིས་རེ་ལྟོས་བྱེད་པའི་སྐྱེ་འགྲོ་འདི་དག་གིས་ད་ནི་སླན་ཆད་བདག་མཐོང་བར་མི་འགྱུར་ལ་བདག་གིས་ཀྱང་འདི་དག་མཐོང་བ་མ་ཡིན་ནོ་ཞེས་ཡིད་ལ་སེམས་ཤིང་སྐྱོ་ཤས་དང་ངེས་འབྱུང་གི་རླབས་འཕྲེང་ཀྱང་གཡོ་བ་ཉིད་དང་མ་བྲལ་བའི་ངང་ནས་སྨིན་དྲུག་གི་ཡར་ཚེས་དང་པོར་གནས་མཆོག་མགོ་དགུ་སྒྲུབ་སྡེར་འབྱོར། དེ་ཉིན་ཀྱང་ཀོང་སྟོད་ཟིང་འོ་ཤོད་ཀྱི་དཔོན་ཁག་སོ་སོ་ནས་བརྟན་བཞུགས་ཀྱི་ཚོགས་མཆོད་སོགས་བདག་ཅག་གཞིས་བྱེས་ཚང་མར་གྱ་ནོམས་དང་བཅས། ཀུན་དགའ་ར་བར་སྒྲུབ་གྲྭ་དགེ་འདུན་རྣམས་ལ་ཐོག་མར་དལ་འབྱོར་རྙེད་དཀའ་ནས་


TR001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་མཐར་ཐུག་བྱང་ཆུབ་ལ་རེག་པ་ཚུལ་གྱི་ཉམས་སུ་བླང་བྱའི་རིམ་པ་ཐམས་ཅད་ལེགས་པར་འདོམས་པར་བགྱིས་ཤིང༌། དེར་ཚོགས་ཀྱི་ཁྲོམ་པ་དག་ལའང་མེ་ཏོག་འཐོར་ཞིང་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་ལམ་བཟང་པོས་མཚམས་སྦྱར་ནས། བླ་བྲང་གཟིམས་ཆུང་དུ་སླེབས་མ་ཐག་ཐོ་གཙུགས་ཏེ་བཅད་རྒྱའི་མུ་ལ་ཞུགས། སླར་ཡང་དབེན་པའི་མཚམས་ཁང་ཞིག་མ་ཟོས་ན་བླ་བྲང་ཟོ་མི་སོད་པར་བསམ་སྟེ། ལྕགས་ཁྱིའི་དཔྱིད་ཀ་ནས་ཁང་ལས་ཀྱི་མགོ་ཚུགས་ཀྱང་རང་ཉིད་ནི་བཅད་རྒྱ་ལས་མ་གཡོས་པའི་ངང་ནས། གཅུང་པོ་དང་བླ་མ་རྟ་མགྲིན་རྡོ་རྗེ་གཉིས་ལ་བཀོད་ཁྱབ་ཀྱི་དོ་དམ་དང༌། ཐང་འབྲོག་གྲྭ་ཚང་གི་དགེ་འདུན་ཁ་ཤས་དང་བླང་ལ་བྱུང་བ་དང༌། གཞན་སྒྲུབ་སྡེ་ཉིད་ཀྱི་དགེ་འདུན་གང་ཡོད་དེས་ཆེ་འཁྱག་ཆུང་འཁྱག་གི་ལས་ཀར་འབད་ཅིང་ཡོན་བདག་གི་རིགས་ཀྱིས་དང་བླངས་དང་བཅས་པས་འབུངས་ཏེ་མ་འགྱངས་པར་


TR001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ཁང་ཉིས་ཐོག་ལེགས་པར་གྲུབ་ཅིང༌། ཚེར་མ་ཟུག་པ་ཙམ་གྱི་ཉེར་འཚེ་ཡང་མེད་པའི་ལེགས་ཚོགས་གོང་འཕེལ་དུ་གྱུར། སྨིན་དྲུག་གི་ཡར་ཚེས་བཟང་པོར་མཚམས་མུས་ནས་སྐྱ་རེངས་ཤར་བ་དང་མཚམས་ཁང་དེ་ཉིད་དུ་གཞན་དང་མ་ཕྲད་པར་བཞུགས་ཏེ་ནང་དུ་ཡང་དག་པར་འཇོག་པ་ལས་གཡོ་བ་མེད་པར་གནས་སོ། །མེ་ཕག་གི་ལོ་ལ་ལོང་ཡུལ་བདེ་ཆེན་དགོན་པར་མཆོད་ཁང་རྣམ་པ་སྔོན་ནས་ཡོད་ཀྱང་རྟེན་བཞེངས་ཀྱི་རིགས་གང་ཡང་མ་འགྲུབ་པར་ཡོད་པ་ལ། འདི་སྐབས་བླ་མ་རིག་འཛིན་ཡེ་ཤེས་པས་ལྷག་པའི་བསམ་པ་དང་སྦྱོར་བའི་བརྩོན་འགྲུས་རྨད་དུ་བྱུང་བས་ཉེ་བར་བསྐུལ་ཞིང་འབད་པ་ཆེ་ཐང་དུ་བགྱིས་ནས་རྟེན་བཞེངས་ཀྱི་འདུན་པ་ལ་གེགས་མེད་ཀྱི་སྲུང་འཁོར་དང༌། གཟུངས་རབ་གནས་མགོ་འདོན་བདག་རྐྱེན་སོགས་གང་ཅིར་དགོས་ཚུལ་བྱུང་བར་


TR001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་ཡི་རངས་དབུགས་བྱུང་གཟེངས་བསྟོད་དུ་ཅི་འགྱུར་དང༌། སྐུ་རྒྱུ་ལ་ཉེ་བར་མཁོ་བའི་གནས་ཆེན་མཐའ་དག་གི་ས་རྡོ་བྱིན་རླབས་རྟེན་རྫས། ཚོན་དང་གསེར་ལ་སོགས་པ་ཇི་ལྟར་འབྱོར་པ་དང༌། བར་ཆད་བསྲུང་བའི་ཏིང་འཛིན་གསོལ་འདེབས་སྨོན་ལམ་སོགས་ཀྱང་རང་གི་འཁོས་དང་སྦྱར་ཏེ་བགྱིས། སྒམ་པོ་ནས་ཀྱང་རྟེན་གྱི་ན་བཟའ་དང་གསེར་ཤོག མཚོན་སོགས་ཀྱི་གནང་ཆ་དང༌། སྤྲུལ་སྐུ་བ་རྫོང་རྟ་སོགས་སྐུ་དྲིན་བསྐྱང་ཆ་མཐའ་ཡས་པ་མཛད་པ་ལ་རྟེན་ནས་མཚན་བརྒྱད་ལྷ་ཁང་སོགས་གེགས་མེད་ངོ་མཚར་གྱི་ཕུང་པོར་གྲུབ་པ་ལ་གཟུངས་རབ་གནས་ཀྱང་རང་ཉིད་ཀྱིས་རྟེན་འབྲེལ་མཚམས་སྦྱོར་ཅི་ནུས་དོ་གལ་དུ་བགྱིས་ཤིང་མེ་ཏོག་ཀྱང་བབས་པར་གྱུར་པས་ཡུལ་དུས་མཐའ་དག་ལ་དགེ་མཚན་གྱིས་ཁྱབ་པར་གྱུར་ཏོ། ༈ ཆུ་བྱིའི་ལོར་སྔར་ནས་དགོངས་པ་ཕུར་ཚུགས་སུ་གཏད་ཅིང་བཀའ་


TR001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ཀྱི་གསུང་ཤོག་རྒྱུན་ལྡན་དུ་ཕེབས་པ་ལྟར། རྒྱུད་འབུམ་རིན་པོ་ཆེའི་ལུང་རྒྱུན་གསན་པར་སྒམ་པོ་ནས་རྗེ་བཙུན་མཆོག་གི་སྤྲུལ་སྐུ་བཟང་པོའི་མཚན་གྱི་གྲགས་དཀར་སྲིད་པ་གསུམ་ན་ཁྱབ་པ་ཉིད་གདུང་བརྒྱུད་ཞབས་དྲུང་རིན་པོ་ཆེ་མཐུ་སྟོབས་དང་བཅས་པའི་དཔོན་སློབ་རྣམས་མགོ་དགུ་སྒྲུབ་སྡེར་ཆེད་གཏད་དུ་ཕེབས་པར། དངོས་འབྱོར་ཟང་ཟིང་གི་བཀུར་སྟིའི་མཆོད་པ་ནི། བདག་རང་ཡང་དད་ལྡན་འགའ་ཞིག་གིས་བྱིན་པའི་ཕྱེ་རྐྱལ་ཙམ་ལ་བརྟེན་པ་ལས་མ་མཆིས་ཚེ་ཞབས་ཏོག་ག་ལ་འབྱོར་ཀྱང༌། ཆོས་ཀྱི་མཆོད་པ་ནི་དགོངས་པ་དང་སྦྱར་བའི་ཇི་ལྟར་ནུས་པའི་ཞབས་ཕྱི་སྒྲུབ་ཁུལ་གྱིས། རྒྱུད་འབུམ་རིན་པོ་ཆེ་ལས་རྫོགས་ཆེན་སྐོར་གྱི་གླེགས་བམ་འགའ་ཞིག་དང༌། གཞན་རྫོགས་ཆེན་སྙིང་པོ་གསེར་གྱི་ཡང་ཞུན་གྱི་ཟབ་ཁྲིད་སྙན་རྒྱུད་མ་ནན་ཆགས་དང༌། རྡོར་སེམས་སྙིང་ཐིག ཞི་ཁྲོ་དགོངས་པ་རང་གྲོལ་གྱི་


TR001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ཁྲིད་སོགས་ཀྱང་དཔྱིས་ཕྱིན་དུ་གསན་པ་གནང་ཞིང༌། ཆོས་བཀའ་གཞན་མའི་བཀླགས་ལུང་སོགས་ཀྱང་བར་མཚམས་ཚར་འདྲོངས་གང་ཆེ་དང༌། བསྟན་འགྲོ་ལ་དགོངས་ཏེ་དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་པ་ཞིག་ཀྱང་ཅི་ནས་བྱོས་ཤིག་གསུངས་ནས། དེ་བཞིན་གཤེགས་པའི་རིང་སྲེལ་གྱིས་གཙོས་པའི་བྱིན་རླབས་རྟེན་རྫས་ཁྱད་འཕགས་བསམ་འདས་སྨན་དང་བཅས་པ་སྩལ་བར་མཛད་པའི་བཀའ་སྤྱི་བོར་བླངས་ཏེ་རང་གི་ལག་ཐོག་ཏུ་གང་ཡོད་ཀྱི་སྨན་དང་དམ་རྫས་ཁུངས་ཐུབ་རྣམས་ཀྱང་རྩལ་སྤྲུགས་སུ་བགྱིས་པས། བདུད་རྩི་ཨ་མྲྀ་ཏ་སྤུངས་ཆེ་བར་བསྒྲུབས་ནས་སྐུ་ཚེའི་རྟེན་འབྲེལ་དང་དམ་རྫས་ཀྱི་ཕབས་རྒྱུན་དུ་ཕུལ་ཞིང་རང་གིས་ཀྱང་ཞུས། དེ་ལྟར་རྒྱུད་འབུམ་ཡོངས་རྫོགས་གསན་པ་དང༌། རྫོགས་པ་ཆེན་པོ་ཡང་ཏིག་གི་མུན་ཁྲིད་གཅིག་བརྒྱུད་མ་སོགས་གསན་ཞིང་ཉམས་བཞེས་གནང་བ་སོགས་ཀྱི་ཕྱིར། ཡུན་རིང་བ་ཞིག་བཞུགས་པ་གནང་བཞེད་དང༌། བདག་


TR001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་པོ་ཡང་ད་ནི་ཡུན་རིང་འཚོ་བ་ཡང་དཀའ་ལ། གལ་ཏེ་མ་ཤི་ནའང་མིག་དབང་རིམ་གྱིས་འགྲིབ་ཚུལ་འདིས་བཀླག་ལུང་སོགས་འབུལ་ཐུབ་པ་ཡང་དཀའ་བར་གདའ་བས་ད་རེས་ཞིབ་ནན་མཛད་ན་ལེགས་ཚུལ་ཞུས་ཤིང་དེ་ལྟར་གནང་རྩིས་ལ། འདི་སྐབས་ཀོང་ཡུལ་སྐོར་ལ་དགེ་ལུགས་ལས་གཞན་པ་སུས་ཀྱང་དད་འབུལ་དཀོར་ས་སོགས་དང་བླང་མི་ཆོག་པའི་བཀའ་ཁྲིམས་དམ་པ་དང༌། རྗེ་དེ་ཉིད་ལ་སྐྱ་སེར་ཕལ་མོ་ཆེས་དད་གུས་ཆེ་བའི་གཤིས་ཀྱིས། ཁྲིམས་བདག་རྣམས་ཀྱི་དགོངས་པ་འཁྲོལ་ཆ་མ་གནང་བའི་རྐྱེན་ལ་བརྟེན་ནས་ཟླ་གསུམ་ཙམ་ལས་ལྷག་པ་བཞུགས་པ་སྐབས་སུ་མ་བབས་པར། སླར་ཡང་གདན་ས་ཆེན་པོར་གཤེགས་པར་མཛད། ལར་རྗེ་ཉིད་མཆོག་གི་སྤྲུལ་པའི་སྐུ་དངོས་ཡིན་པ་ཙམ་དུ་མ་ཟད་པར། ཤེས་བྱའི་གནས་མཐའ་དག་


TR001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཁྱེན་པ་རབ་མཆོག་ཕུལ་དུ་གྱུར་པས་འཆད་རྩོད་རྩོམ་པའི་མངའ་བདག་དམ་པར་གྱུར་ནའང༌། སྙིགས་དུས་ཀྱི་དགེ་སྦྱོང་ཕལ་མོ་ཆེ་རྣམས་ལོག་པར་ལྟ་བ་ལ་ཆེས་གོམས་ཤིང༌། ཁྱད་པར་གསང་སྔགས་སྔ་འགྱུར་བར་ཁས་འཆེ་བའི་རྨོངས་རྒན་དག་བདག་ཏུ་ལྟ་བའི་མུན་པ་དམ་པོས་བཅིངས་པ་རྣམས་ཆོས་ལ་ཕྱོགས་རིས་དང་བདག་བཟུང་བ་ལ་ཞེན་ཅིང་འཐས་པ་དག ཆོས་ཀྱི་རྣམ་གྲངས་འདི་དང་འདི་ནི་རང་ཕྱོགས་པས་བྱས་པའོ་སྙམ་པའི་ཞེ་འདོད་སྐོང་བར་འགྱུར་ཕྱིར་ལ་དགོངས་ནས། འཇའ་ཚོན་ཟབ་གཏེར་གྱི་ཆོས་ཀའི་ནང་ཚན་ཐ་དད་པ་སོ་སོའི་དབང་བསྐུར་ལ་ཉེ་བར་མཁོ་བའི་མཚམས་སྦྱོར་དམིགས་རིམ་ངོ་སྤྲོད་ལོ་རྒྱུས་དག་སྦྱོར་སོགས་མེད་མི་རུང་གི་ཡིག་ཆ་ལྟས་ཆོག་གིས་རིགས་རྣམས་དང༌། གཞན་ཡང༌། གནས་བཅུའི་ཆོ་ག བྱང་སྡོམ་ཐུགས་བསྐྱེད་ཆེན་མོ། བླ་མ་མཆོད་ཆོག་སོགས་ཉེར་མཁོ་ཇི་སྙེད་པ་དག་ཀྱང་ཁྱོད་


TR001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྒྲིག་རྩོམ་གྱིས་ཤིག་ཅེས་པའི་བཀའ་རྗེས་སུ་གནང་བར་མཛད་པ་ལ། བདག་འདྲ་བའི་སོ་སྐྱེ་བླུན་པོ་ཐོས་བསམ་གྱི་སྒྲོ་འདོགས་མ་ཆོད་ཉམས་མྱོང་གི་རྩལ་དང་མ་ལྡན། ཐ་ན་གསུང་རབ་ཀྱི་བརྡ་དང་ཐ་སྙད་ཙམ་ལ་ཡང་མ་བྱང་བ་འདི་འདྲ་བས་ནི་བསྟན་བཅོས་རྩོམ་པ་པོའི་མཚན་ཉིད་རབ་འབྲིང་མཐའ་མ་གང་གི་ཕྱོགས་ཙམ་དུ་ཡང་མི་ཉེ་ནའང༌། མཆོག་གི་སྤྲུལ་པའི་སྐུ་དེ་ལྟ་བུ་དག་ནི་ཇི་ལྟར་སངས་རྒྱས་རྣམས་ཀྱིས་འཁོར་འདས་དུས་གསུམ་མཐའ་དག་གི་རྒྱུ་རྐྱེན་འབྲས་བུ་མཐར་ཐུག་གི་བར་གྱི་གནས་རྣམས་ཐམས་ཅད་ལག་མཐིལ་ན་ཀྱུ་རུ་རའི་འབྲས་བུ་བཞག་པ་ལྟར་སྒྲིབ་མེད་དུ་གཟིགས་ཤིང་མཁྱེན་ལ། མཁྱེན་བཞིན་དུ་དོན་མེད་དོན་ལོག་གི་གསུང་མི་འབྱོར་ཞིང་དོན་ལྡན་དོན་ཆེན་གྱི་དགོས་པ་བཏང་སྙོམས་སུ་འཇོག་པར་མི་མཛད་ཕྱིར། འདི་ལྟ་བུ་གྱིས་ཤིག་


TR001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀའ་སྩོལ་བ་འདི་ནི་དགོས་པ་དང་ལྡན་ཡང་ངོ་སྙམ་པའི་མོས་པ་དག་ཡིད་རབ་ཏུ་གཞུངས་པས་ཇི་ལྟར་ནུས་པ་བཞིན་བྲིས་ཤིང༌། གང་བྲིས་པ་དེ་དག་ཀྱང་རྙེད་བཀུར་གྲགས་འདོད་ཀྱི་བསམ་པའམ། གཞན་དག་ཁྱད་དུ་གསོད་འདོད་སོགས་བསམ་པ་ཕྱིན་ཅི་ལོག་གི་དྲི་མ་སྐྲ་རྩེ་བརྒྱར་བཤགས་པའི་ཆ་ཤས་ཙམ་གྱིས་ཀྱང་མ་སླད་པར། གང་ཞིག་འདི་དག་གིས་ནི་སྐྱེས་ཆེན་དམ་པ་དེ་དག་གི་བཞེད་པ་ཇི་ལྟ་བུར་སྐོང་བ་དང༌། ཆོས་དེ་དང་དེ་དག་གིས་གདུལ་བར་བྱ་བའི་ཡུལ་དུ་གྱུར་པ་ཇི་རྙེད་པ་ཐམས་ཅད་དག་དང་སྨིན་དང་རྒྱུད་གྲོལ་ཞིང་ཡང་དག་པའི་འབྲས་བུ་མངོན་དུ་འགྱུར་བ་ལ་སོགས་པའི་དོན་བདེ་བླག་ཏུ་འགྲུབ་པའི་ཐབས་དང་ཆ་རྐྱེན་དུ་གྱུར་ཅིག་གུ་སྙམ་པའི་ལྷག་བསམ་འབའ་ཞིག་པས་ཀུན་ནས་བླངས་ཏེ་བྱས་ཀྱི་གང་ཞིག་ལྷག་པའི་བསམ་པ་རྣམ་པར་དག་པའི་བྱང་ཆུབ་ཀྱི་སེམས་ནི་ནོར་བུ་རིན་པོ་ཆེ་བསམ་འཕེལ་


TR001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་རྒྱལ་པོ་ལས་ཀྱང་ཆེས་ཆེར་ལྷག་པའི་ཡོན་ཏན་གྱི་ནུས་པ་དང་ལྡན་པར་རྒྱལ་བས་མདོ་སྡེ་རིན་པོ་ཆེ་ཐམས་ཅད་དུ་གསུངས་པའི་ཕྱིར་རོ། དེ་ལྟ་བས་ན་མཆོག་གི་སྤྲུལ་པའི་སྐུ་དེས་བཀའི་བསྐུལ་བ་ཇི་ལྟར་གནང་བ་བཞིན་རྩོམ་པའི་རིགས་མང་དུ་བགྱིས་ཏེ་སྤྱན་ལམ་དུ་བསྟར་ནས་ཚིག་དང་དོན་ལ་བདག་ཅག་སོ་སྐྱེའི་མ་རྟོགས་ལོག་རྟོག་གི་དྲི་མ་ཅི་མཆིས་པ་སེལ་བར་གསོལ་བ་བཏབ་ཀྱང༌། དེ་ལྟ་བུ་དགོས་པ་མ་མཆིས་ཞེས་རྗེས་སུ་གནང་བས་དབུགས་དབྱུང་བར་མཛད་པ་ཡང་བདག་གི་ནུས་པ་མ་ཡིན་ཏེ། རྗེ་དེ་ཉིད་ཀྱི་ཐུགས་རྗེའི་ནུས་པ་ལས་བྱུང་བའི་དགེ་མཚན་དུ་ངེས་ཤེས་བརྙེད་པར་གྱུར་ཏོ། ༈ ཡང་རེ་ཤིག་གི་ཚེ། བདག་སྔོན་སྨིན་གྲོལ་སྐྱེད་རྫོགས་གླིང་གི་ཚོགས་དུང་ཆེན་མོ་གཉིས་གཏེར་བྱོན་ཁུངས་བཙུན་བྱིན་རླབས་ཅན་ཡིན་རུང་འདབ་གཤོག་མེད་པས་དེ་ལ་གསེར་


TR001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དངུལ་གང་འཛོམ་གྱི་གཤོག་པ་ཞིག་བསྒྲོན་པའི་བསམ་པ་རྒྱུན་ལྡན་དུ་ཡོད་ནའང༌། བཟོ་ནོར་ཉན་དང་དོ་དམ་པ་ཉམས་ལྡན་སོགས་མ་འཛོམ་པ་ལ། ཕྱིས་སུ་གྲྭ་ཚང་གི་གཉེར་པ་ཕྲིན་ལས་ཆོས་འཕེལ་སོགས་ཀྱིས་ཉེ་བར་བསྐུལ་ཏེ་རྗེ་བཙུན་མཆོག་གི་སྤྲུལ་སྐུ་དེ་ཉིད་ལ་བདག་གིས་གསོལ་བ་བཏབ་པ་བཞིན་ཐུགས་རྗེས་དགོངས་ནས་ཞལ་གྱིས་བཞེས་པ་ལ། བདག་གི་ལག་ནས་དེའི་ཆ་རྐྱེན་དུ་དམིགས་ནས་གསེར་ཞོ་བཅོ་བརྒྱད་དང༌། དངུལ་སྲང་དྲུག་ཅུ་རེ་གཉིས། དངུལ་ཆུ་སྲང་བཞི་བཅུ་ཞེ་ལྔ་དང༌། ཕྲ་འདེབས་རྒྱུའི་རིན་ཆེན་འགའ་དང་གཞན་ཡང་དེའི་ཉེར་མཁོ་ལ་ཇ་གོས་དར་སོགས་དགུ་ཚན་ཕུལ། གྲྭ་ཚང་ནས་ཀྱང་རྟ་ཕོ་དང་དྲེལ་གཞོན་གྱིས་གཙོ་བྱས་ཏེ་བཅུ་གསུམ་ཚན་སོགས་ཕུལ་ནས། བལ་པོའི་གསོ་སྐྱོང་ཡོན་རྫོངས་སོགས་དགོས་ཆ་ཐམས་ཅད་དང་ཐ་ན་སོལ་བ་ཚུན་གྱི་ཡོ་བྱད་མ་ལུས་པ་སྐུ་ཞབས་རིན་པོ་ཆེ་ཉིད་ནས་ཁུར་བཞེས་


TR001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པའི་དངུལ་ལྗང་བརྡུངས་ལ་གསེར་གྱི་གཡོགས་ཤིང་ཕྲ་ཚོམ་གྱིས་སྤྲས་པ་ལྟ་བས་ཆོག་མི་ཤེས་པ་གྲུབ་ནས་ཕྱི་སྣོད་སྒམ་ཆ་ཁྱད་པར་ཅན་དང་བཅས་པ་བཀའ་དྲིན་དུ་བསྩལ་བར་མཛད་དོ། ༈ དེ་ལས་གཞན་ཡང་མགོ་དགུ་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་གི་ཀུན་དགའ་ར་བའི་ཚོགས་དབུར། བཞུགས་ཁྲི་སྟོང་པར་བཞག་པ་མི་ལེགས་པར་བསམ་ནས། ཇི་ལྟར་སྔོན་འོ་སྐོལ་གྱི་སྟོན་པ་དགའ་ལྡན་དུ་ཡུམ་ལ་ཆོས་གསུང་པ་དང་སུམ་ཅུ་རྩ་གསུམ་ན་དབྱར་གནས་ལ་གཤེགས་ནས་དགེ་འདུན་རྣམས་ཀྱི་གྲལ་དབུ་སྟོང་པར་གྱུར་པའི་ཚེ་ཙནྡན་གྱི་སྐུ་ཚབ་རིན་པོ་ཆེ་བཞེངས་ཏེ་བཞུགས་སུ་གསོལ་བས་བཀྲ་ཤིས་བྱིན་ཆགས་སུ་གྱུར་པའི་དཔེ་བཞིན་གནས་ཆེན་མཐའ་དག་གི་ས་རྡོ་ཆུ་ཤིང་དང༌། རྟེན་སྣ་ཚང་དང༌། དར་སྨན་རིན་ཆེན་འབྲུ་སྣང་དང་འཇིམ་པ་སྦྱར་བ་ལས་སྣ་ཚོགས་རང་གྲོལ་གྱི་


TR001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་སྐུ་བཞེངས་སུ་གསོལ་བའི་ནང་བཞུགས་སུ་སངས་རྒྱས་ཀྱི་རིང་སྲེལ་དང༌། བྱང་ཆུབ་ཀྱི་ལྗོན་ཤིང་གང་གི་སྤྱི་བོར་རེག་པ་ཙམ་གྱིས་ངན་སོང་ལས་སྐྱོབ་པར་སངས་རྒྱས་ཉིད་ཀྱི་ཞལ་གྱིས་བཞེས་པ་དང༌། གུ་རུ་རིན་པོ་ཆེའི་ན་བཟའ་དང༌། བཻ་རོ་དང་ཆོས་རྒྱལ་གྱི་ན་བཟའ་སོགས་མདོར་ན་བྱིན་རླབས་ཅན་གྱི་ནང་རྟེན་བསམ་འདས་དང༌། རང་གྲོལ་ཉིད་ཀྱི་ཚེམས་མཆེ་བ། སྐྲ་སྦུབས་ན་བཟའ་སོགས་དང༌། གཞན་ཡང་གཟུངས་ཡོང་རྫོགས་ཚར་ཉེར་ལྔ་སོགས་བཞུགས་པ་དང་རབ་ཏུ་གནས་པ་ཡང་རང་ཉིད་ཁོ་ནས་མཚམས་མལ་དུ་ནན་ཆགས་སུ་བགྱིས་པས་ཡེ་ཤེས་བཞུགས་པའི་རྟགས་ལྡན་དུ་ངེས་ཤེས་བརྙེད་པ་ལ་ན་བཟའ་བཞུགས་ཁང་སོགས་ཀྱང་ཆ་འགྲིགས་སུ་བསྒྲུབས་ནས་དད་ལྡན་རྣམས་ཀྱིས་ཕྱག་མཆོད་ཀྱི་ཞིང་དམ་པ་དང༌། སྒྲུབ་གྲྭའི་འདུས་པ་རྣམས་ཀྱི་ཚོགས་ཀྱི་དཀྱིལ་འཁོར་བྱིན་ཆགས་སུ་འགྱུར་བ་དང༌། ཡུལ་དུས་གནས་


TR001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མ་ལུས་པའི་ས་གནད་རྟེན་འབྲེལ་གྱི་དགོས་པ་ཆེན་པོ་ལ་ཉེ་བར་དམིགས་ནས་བགྱིས་པའོ། ༈ །དེ་ལྟར་གོང་དུ་སྨོས་པ་བཞིན་རང་ཉིད་ཀྱི་ན་སོ་དང་ནད་གཞིའི་རྒྱུ་རྐྱེན་སྟོབས་ཆེ་བའི་མཐུས་འདི་ཙམ་ལ་འབྱུང་འདུས་ཀྱི་ཁང་རུལ་གོག་པོ་འདི་ཞིག་པར་གྱུར་ན་སྐབས་ལ་ཡང་བབས་ཤིང་འགྱོད་འཚེར་ཡང་མ་མཆིས་པ་དང༌། འཆི་བའི་གནས་ཀྱང་དུད་ཁྲོད་ཆེན་པོ་པདྨ་བརྩེགས་པའི་ཆ་ཤས་སུ་གསུངས་པའི་གཉན་ཁྲོད་འདི་ཁོ་ནར་གདོས་བཅས་ཀྱི་ཕུང་པོ་འདི་ལ་དཔའ་བོ་མཁའ་འགྲོའི་ཚོགས་མཆོད་དུ་གྱུར་ན་ཅི་མ་རུང་སྙམ་པའི་འདུན་པ་རྩེ་གཅིག་ཏུ་ཆེ་ཡང་རེ་ཤིག་ཐོག་ཏུ་མ་བབས། རང་ཕྱོགས་སུ་གཏོགས་པའི་རྨོངས་ཞེན་པ་རྣམས་ནི་བདག་འདྲ་འཆི་དོགས་ཀྱི་སེམས་ཁུར་བྱེད་མོད་ཀྱང༌། ངེད་ལས་གཞན་པ་མང་པོ་དག་མི་རྒན་བདག་འདུས་བྱས་ཀྱི་མཚན་ཉིད་


TR001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་གྱུར་ན་དགའ་མགུ་ཡིད་རངས་པར་འགྱུར་བའི་རིགས་ཅན་ཤིན་ཏུ་མང་བ་དང༌། གནས་དེ་ཡང་ས་འདུས་ཆེ་ཞིང་ལམ་པོ་ཆེའི་དབུས་སུ་གྱུར་གཤིས་ཀྱིས་རབ་ཏུ་མི་དབེན་པ་དང༌། རང་ཉིད་འདུ་ལོང་སྤངས་ཏེ་བསམ་གཏན་གྱི་ཁང་བུར་ཡང་དག་འཇོག་ལས་གཞན་པའི་བྱ་བ་མི་བྱེད་ནའང༌། ཐག་རིང་འགྲུལ་པ་ཚུན་གྱིས་བདག་གི་གྲགས་པ་སྐམ་པོ་ལ་ཡིད་བརྟན་དུ་བྱས་ཏེ་རྒྱང་རིང་ནས་དབེན་ཁང་མཐོང་བ་ལ་ཡང་ཕྱག་དང་སྨོན་ལམ་སོགས་བྱེད་པ་དེ་ལ་ཡུལ་གཉན་པོ་བདག་ཐུགས་ལ་མ་རན་པར་ཟུག་རྔུར་གྱུར་པ་སོགས་མདོར་ན་རང་ལ་བརྟེན་ནས་གཞན་སྡིག་གསོག་པ་མཐོང་བས་ཡིད་ཁོང་དུ་ཆུད་དེ་སླར་ཡང་དེ་ལས་ཆེས་ཆེར་དབེན་པའི་ལུང་སྟོངས་དག་འགྲིམས་པ་ཞིག་འདོད་ཀྱང་ལང་ཚོ་རྒུད་ཚབས་ཧ་ཅང་ཆེ་ཤིང་ཡན་ལག་ཀྱང་མི་བདེ་ལ་མིག་ཀྱང་འགྲིབ་པའི་གནད་ཀྱིས་ཐག་རིང་


TR001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བགྲོད་པའི་ནུས་སྟོབས་ནི་གཏིང་ནས་ཟད་པས་ན། སླར་ཡང་ཆོས་དབྱིངས་འོད་གསལ་རྩེ་མོར་འབྱུང་འདུས་ཕུང་པོ་འདོར་བ་ལས་གཞན་པའི་གོ་སྐབས་མ་རྙེད་ལ། དེར་བསྒྲོད་པ་ལ་ཡང་སྔར་ལྟར་མི་འདུས་ཀྱི་ཟིང་ལོང་དག་བྱུང་ན་ཁྲིམས་བདག་རྣམས་ཡིད་མི་དགྱེས་པའི་སྒྲིབ་གསོག་ཏུ་འགྱུར་བར་རིག་ནས། མགོ་དགུར་ལོ་བཞིའི་བཅད་རྒྱ་གྲུབ་པའི་ཆུ་གླང་དབྱུག་ཟླའི་ཉ་ལ་ཕྱི་ནང་སུས་ཀྱང་མ་ཚོར་བར་སྐྱ་རེངས་ཤར་མ་ཐག་ཏུ་གྲུ་བོ་ཆེ་ལ་ཞུགས་ནས་ཆུ་བོ་པཀྵུའི་གཞུང་ལམ་དྲང་པོར་བརྒྱུད་ནས་རིངས་རིངས་པར་སོང་སྟེ། ནུབ་མོ་ཡང་ནགས་ཚང་ཚིང་སྟུག་པོའི་ཁྲོད་དུ་ཞག་མལ་བགྱིས་ཤིང༌། གྲུ་ལས་ཐོན་པའི་ཚེ་ཡང་མཚན་ཐོག་ཐག་ཉིད་དུ་ལམ་སྲང་ལ་བཅོམ་སྐྱུངས་ཏེ་འབད་པས་འོང་ཤིངས་ཇི་ལྟར་དམུས་ལོང་ལ་དམིགས་བུས་བྱ་བ་བཞིན་དུ་གྲོགས་ཀྱི་སྣ་ཁྲིད་དང་འཐེན་


TR001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འཕུལ་ལ་བརྟེན་ནས་བགྲོད་དེ། ཆོས་དབྱིངས་འོད་གསལ་རྩེ་མོར་སླེབས་མ་ཐག་ནས་སྔར་བཞིན་རང་ཤོང་གི་མལ་དུ་ཞུགས་ཏེ། འདི་སྣང་གི་སྒྱུ་མའི་ལྟད་མོ་ལ་ཞེན་པའི་ཐག་པ་ནི་བཅད། སྔར་བྱས་ཀྱི་བག་ཆགས་རྨི་ལམ་ལས་ཀྱང་རྨི་ལམ་ཆེན་པོར་གྱུར་པའི་ངང་ཚུལ་ཇི་རྙེད་པའི་མཚང་ནི་རིག ད་ལྟ་ཇི་ལྟར་ཤར་ཞིང་མཐོང་ཚོར་ལྟར་སྣང་བ་འདི་ཐམས་ཅད་བྱིས་པའི་རྩེད་མོ་ལ་རྒན་པོས་ལྟ་བ་བཞིན་དུ་གྱུར། འཇིག་རྟེན་ཕལ་པའི་སྐྱེ་བོ་ལྟ་ཅི་སྨོས་ཏེ། བསྟན་པའི་སྒོར་ཞུགས་པའི་ཆོས་པ་སྤྱི་དང་ཁྱད་པར་དུ་རང་རེའི་སློབ་རིགས་གྲྭ་འཁོར་ཕལ་མོ་ཆེ་རྣམས་ཚེ་འདིའི་ལྟོ་གོས་གཏམ་གསུམ་འབའ་ཤིག་དོན་དུ་གཉེར་བ་ལས། ཚེ་ཕྱི་མ་དང་གཏན་གྱི་འདུན་མ་སྒྲུབ་མཁན་ནི་ཉིན་སྐར་ལས་ཀྱང་ཆེས་དཀོན་པར་ཡང་མཐོང༌། རང་གི་ནུས་པས་དེ་དག་གི་རྒྱུད་འདུལ་བའི་སྨིན་གྲོལ་དུ་བྱེད་པ་ནི་ལྟ་ཞོག །


TR001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིའི་སྣང་ཤས་ཅུང་ཞིག་ཆུང་དུ་གཏོང་ཐུབ་པ་ཙམ་ཡང་མི་ནུས་ཚེ་རང་གི་ཐུགས་རྗེ་བྱིན་རླབས་ནི་དེ་ལྟ་བུར་ཟད་ལ། གཞན་གྱི་དག་སྣང་མོས་གུས་ཀྱི་གདུང་ཤུགས་ཀྱང་དེ་དང་མཚུངས་ཤིང༌། དེང་སང་འཁོར་སློབ་ཀྱིས་བླ་མ་ལ་དད་གུས་ཆེ་ཆེ་མོར་འདོད་པ་ཐམས་ཅད་ནི་ཡང་དག་གི་དད་པ་མ་ཡིན་ནོ། འཇིག་རྟེན་གྱི་དཔོན་གཡོག་གི་སྡུག་ཞེན་ཕོ་རུས་དང་ཁྱད་ཅི་ཡང་མེད་ལ། དེ་ཡིན་པའི་རྟགས་སུ་བླ་མས་ཅི་མཛད་ལེགས་མཐོང་གི་བློ་རྒྱུད་ལ་མ་འཆར་བར། རང་ལ་མཉེས་པ་མཛད་ན་བླ་མ་བཟང༌། རང་ལ་མི་གཉེས་ན་ངན་པར་འཛིན་པ་འདི་ཁོ་ནས་སློབ་མའི་མཚན་ཉིད་བདེ་བླག་ཏུ་སྟོན་པ་ཉིད་དུ་གསལ་ཚེ། དེ་བས་ན་ད་ནི་རང་ལོ་བདུན་ཅུ་ལ་ཉེ་བའི་མི་ཚེ་ནུབ་ཀྱི་རི་མགོ་ནས་ཕྱི་མིག་ལྟ་བའི་དགོང་ཉི་ལྟ་བུ་འདི། དོ་ནུབ་འཆིའམ། སང་ཉིན་འཆིའམ་


TR001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་པའི་བློ་ཐོག་ནས་འཕུར་ལ་ཁད་ཀྱི་བྱ་བཞིན་ཏེ། ཇི་ལྟར་སྔོན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་གླང་རི་ཐང་པ་སོགས་ཚོགས་ཆོས་གནང་བའི་ཐུན་མཚམས་སུ་འོ་སྐོལ་དོ་ནུབ་མ་ཤི་ན་འདིའི་འཕྲོ་སང་ཉིན་འཆད་པར་བགྱིའོ། ཞེས་རྒྱུན་པར་གསུང་བ་དེ་ལྟ་བུ་ལས་ཀྱང་ཁོ་བོ་ན་སོ་ནི་རྒུད། དབང་པོ་ནི་འགྲིབ། ཚེ་ཆད་ནི་རྫོགས། ནད་ཀྱིས་ནི་གདུངས། ལུས་ཉམས་ནི་ཟད་པ་འདི་ལྟ་བུ་ཅིའི་ཕྱིར་འཚོ། ནམ་འཆི་བའི་ཚེ་ཡང་ཉམས་ལེན་ཟབ་མོ་ལ་གདེང་ཐོབ་པ་གང་ཡང་མ་མཆིས་པའི་ཁར། དད་ཟས་ཤིན་དཀོར་ཁྲོ་ཆུ་ཁོལ་མ་དང་འདྲ་བ་འདི་ནུས་པ་ནན་ཏར་ཆེ་བའི་མཐུས། ལམ་དང་ལམ་མ་ཡིན་པ་དང་གནས་དང་གནས་མ་ཡིན་པ་ཤེས་པར་དཀའ་ཞིང་དཀོར་སྒྲིབ་ཀྱིས་འཐུམས་པས་རང་རིག་པའི་ཡེ་ཤེས་ལ་རང་དབང་ཐོབ་པ་ནི་དཀའ་སྟེ། གལ་ཏེ་རང་རིག་ཡེ་ཤེས་ལ་དབང་བསྒྱུར་ནུས་པ་ལྟ་བུའི་ཚེ་ན་ནི། ངོ་བོ་ཆོས་ཀྱི་


TR001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྤྲོས་པ་དང་བྲལ་བའི་རང་ས་ཟིན་ཅིང༌། རང་བཞིན་ལོངས་སྤྱོད་རྫོགས་པ་གསལ་དག་ཐིག་ལེའི་དཀྱིལ་འཁོར་ཆོས་དབྱིངས་ཁྱབ་པ་ནས། ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ་གདུལ་བྱའི་ཁམས་དང་མཉམ་པའི་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ཟད་མི་ཤེས་པའི་ཕྲིན་ལས་རླབས་པོ་ཆེ་ཕྱོགས་དང་རིས་སུ་མ་ཆད་པར་འཁོར་བའི་མཐའ་མཉམ་དུ་འབྱུང་བར་སྨོན་པ་མ་གཏོགས། དིང་སང་གི་སྐུ་སྐྱེའམ་སྤྲུལ་སྐུར་བཏགས་པའི་དད་ཟས་ཀྱི་ཟོང་རིན་འདི་ལྟ་བུར་མི་སྐྱེ་བ་དང༌། དེ་ཡང་ཐོས་བསམ་སྒོམ་དང་སྨིན་གྲོལ་གྱི་མཁྱེན་རྟོགས་འཛོམ་མ་འཛོམ་སོགས་བླ་མའི་མཚན་ཉིད་ལ་མི་ལྟ་བར། འཇིག་རྟེན་པའི་བག་མ་ལྟར། སྒོ་མཚར་ཁྱད། མི་ཆོས་མཁས་མི་མཁས། འཇིག་རྟེན་ཕེར་ཡོ་སོགས་ཡོད་མེད་ལ་སྐུ་སྐྱེའམ་བླ་མ་ཉན་མི་ཉན་གྱི་མཚན་ཉིད་དུ་བྱེད་པའི་ཡུལ་དུས་གང་ཟག་འདི་འདྲ་བའི་ཁྲོད་དུ་ནམ་ཡང་མི་སྐྱེ་བའི་


TR001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་སྙིང་ཁུང་རུས་པའི་དཀྱིལ་ནས་འདེབས་པ་ནི་བདག་འདྲའི་ཞེ་དམ་ཡིན་པ་དང༌། དེ་ལྟར་བདག་གི་ཚེ་འདིའི་བྱ་བྱེད་རགས་བསྡུས་ཙམ་གྱི་ཚུལ་བརྗོད་པ་འདི་ལ་ཟོལ་ཟོག་རྫུན་གྱི་དྲི་མ་རྡུལ་ཆ་ཙམ་གྱིས་ཀྱང་མ་སླད་པར། རང་བཞིན་གནས་ལུགས་དྲང་པོར་བརྗོད་པ་འདི་ལ་མཁས་རྣམས་མགུ་བར་ག་ལ་ནུས་ཀྱང༌། རང་དང་རིགས་མཐུན་རྣམས་བསམ་པ་རྫོགས་བྱེད་ཙམ་དུ་བྲིས་ལ། འདི་ལས་ཞིབ་པར་འདོད་ན་རྗེ་བཙུན་མཆོག་སྤྲུལ་ཆེན་པོ་བཟང་པོའི་ཞབས་ཀྱིས་མཛད་པའི་རྣམ་ཐར་ཆེན་མོ་དེར་ལྟ་བར་བྱོས་ཤིག ༈ རྒྱལ་བ་རྒྱལ་སྲས་རྣམས་ཀྱིས་རྣམ་པར་ཐར། །བྱང་ཆུབ་སྤྱོད་ལ་ངོ་མཚར་ལྟ་ཅི་སྨོས། །མཁས་རྣམས་ཐོས་པའི་སྒྲོ་འདོགས་བཅད་ཚུལ་དང༌། །གྲུབ་རྣམས་ཉམས་བཞེས་མངོན་དུ་གྱུར་ཚུལ་སོགས། །སྐྱེས་བུ་དམ་པའི་རྣམས་པར་ཐར་པས་ནི། །མཐོང་ཐོས་དད་བསྐྱེད་དང་བ་འདྲེན་པ་ཡིས། །གདུལ་བྱའི་རྒྱུད་ལ་ངེས་ལེགས་ས་བོན་


TR001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབས། །འཁོར་བའི་ཞེན་ལྡོག་ངེས་འབྱུང་མྱུ་གུ་བསྐྱེད། །མོས་པས་རྒྱུད་བསྐུལ་ཚོགས་གཉིས་འབྲས་སྨིན་བྱེད། །རྣམ་ཐར་མཐོང་བའི་དགོས་པ་དེ་འདྲ་ན། །དེང་སང་རང་རང་ཞེན་ཕྱོགས་ཕོ་རུས་ཀྱིས། །ལེགས་ཆ་སྒྲིགས་ཅིང་ཉེས་ཆ་སྦེད་པ་ཡིས། །རྣམ་ཐར་ངོ་མཚར་ཆེས་ཆེར་བརློམས་པ་ཡང༌། །ས་ཕྱོགས་འདིར་བྱོན་འབུལ་བ་འདི་བྱུང་དང༌། །གནང་སྦྱིན་འདི་བྱས་མཐར་ཆགས་བརྗོད་པ་ལ། །རྣམ་ཐར་ཟེར་ཡང་རང་མཚང་སྟོན་པར་ཟད། །ངོ་མཚར་མེད་ལ་ཡོད་པར་སྒྲོ་བཏགས་ན། །མི་ཆོས་བླ་མའི་རྫུན་ཏེ་དམ་སྡོམ་འཇིག །དེ་ཕྱིར་བདག་གི་དྲང་གཏམ་བརྗོད་པ་འདིར། །གཞན་དག་ཅི་སྙམ་རང་ལ་མནོང་སེམས་མེད། །གལ་ཏེ་ཅུང་ཟད་མོས་དང་དག་སྣང་དང༌། །དགེ་ལ་བསྐུལ་རྐྱེན་ཕྲ་མོ་བྱུང་སྲིད་ན། །དེ་ཡི་དགེ་ཚོགས་མཁའ་མཉམ་འགྲོ་ལ་བསྔོ། །འོན་ཏེ་ལ་ལ་སྐུར་འདེབས་ལོག་ལྟའི་སེམས། །སྐྱེས་ཀྱང་དེ་ལ་སྒྲིབ་པར་མི་འགྱུར་བར། །གནོད་པ་བྱས་ཀྱང་བདེ་བར་འབྲེལ་


TR001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་གྱི། །བྱང་སེམས་མཆོག་གི་སྨོན་ལམ་བདག་གྲུབ་ཤོག ཅེས། རང་ལོ་དྲུག་ཅུ་ནས་བདུན་ཅུར་ཉེ་བའི་བར་གྱི་སྤྱོད་ཡུལ་རགས་རིམ་འཕྲོས་པ་དང་བཅས་པ་མཐའ་དག་རྫོགས་པར་བརྗོད་པ་སྟེ་ལེའུ་བདུན་པའོ། །དགེའོ།།

རྫུན་རིས་ཆུ་ཟླའི་ཟློས་གར་ཞེས་བྱས་བ་རྨི་ལམ་ཉིང་འཁྲུལ་གྱི་བཀོད་པ་བརྗོད་པའི་ཡི་གེ་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་ཁ་སྐོང་།


TR001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

རྫུན་རིས་ཆུ་ཟླའི་ཟློས་གར་ཞེས་བྱས་བ་རྨི་ལམ་ཉིང་འཁྲུལ་གྱི་བཀོད་པ་བརྗོད་པའི་ཡི་གེ་སྣ་ཚོགས་རང་གྲོལ་གྱི་རྣམ་ཐར་ཁ་སྐོང་ལགས།


TR001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཨུཏྟཱ་རེ་བྷྱཿ བདག་སྙིགས་དུས་ཀྱི་བཙུན་པ་སྙོམས་ལས་པ། །གནས་ངོ་མཚར་དཔལ་གྱི་རྒོད་ཚང་ཕུག །ཕ་བླ་མ་མཁའ་འགྲོས་བྱིན་བརླབས་པར། །དུས་རེ་ཤིག་དབེན་པ་བསྟན་པའི་ཚེ། །ཡོངས་རྟ་ལོ་རྒྱལ་ཟླའི་ཚེས་བཅུ་དགུ། །དགུང་ཐོ་རངས་གཉིད་ཀྱི་འཁྲུལ་ཉམས་སུ། གཟུགས་མི་མཐོང་བུད་མེད་སྐད་སྙན་པ། །གྲྭ་བསྡེབས་པའི་གླུ་དབྱངས་འདིར་ལྟར་ཐོས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ཆོས་སྐུ་སྣང་བ་མཐའ་ཡས་བཞུགས། །སྟོན་པ་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །ཤར་རི་བོ་ཏ་ལའི་གནས་མཆོག་ན། །འཕགས་པ་ཐུགས་རྗེ་ཆེན་པོ་


TR001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ལོངས་སྐུ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །གནས་རྔ་ཡབ་དཔལ་རིའི་ཕོ་བྲང་ནས། །ཨོ་རྒྱན་པདྨ་འབྱུང་གནས་བཞུགས། །བླ་མ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ། །གནས་མཆོག་གཙང་པོ་མགོ་དགུ་ན། །བཞུགས་ས་ལེགས་ལ་བཞུགས་སྙིང་སྤྲོ། །བཞུགས་ས་ཤར་ལ་དགོན་པ་ནུབ། །དྲིན་ཅན་བླ་མ་མཆོག་ལ་ཕྱག་འཚལ་ལོ། །ཞེས་དེ་སྐད་ཟེར་འཕྲོར་གཉིད་ལས་སད། །རང་རླུང་སེམས་འཁྲུལ་སྣང་འཆར་སྒོ་ལ། །དོན་བདེན་པའི་སྙིང་པོ་མ་མཆིས་ནའང༌། །ཚིག་སྐུ་གསུམ་བླ་མར་ཕྱག་འཚལ་བ། །ཡིད་མཚར་སྙམ་ཡི་གེར་བྲིས་པ་ལགས། །


TR001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

༈ ཡང་ལན་ཅིག་འཁྲུལ་པའི་རྨི་ལམ་ན། །ན་མཉམ་པའི་བཙུན་མ་ཆས་བཟང་ལྔ། །མི་ཁོ་བོར་གུས་པའི་རྣམ་འགྱུར་བཅས། །གཏམ་གླེང་མོ་མང་ཞིག་བགྱིས་པའི་མཐར། །ཟབ་དོན་གྱི་ཆོས་འབྲེལ་དགོས་སོ་སྐད། །བདག་དམ་ཆོས་འཆད་དོ་སྙམ་པའི་ཚེ། །ཆས་ནོར་བུའི་རིགས་བྱེད་ཡ་མཚན་ཅན། །སྣ་མང་པོ་སོ་སོས་བདག་གི་ལག །དུས་གཅིག་ཏུ་གཏད་པ་རང་ཉིད་ཀྱིས། །གྲལ་རིམ་པ་བཞིན་དུ་བླང་སྙམ་ཆེ། །ཁོང་དབུས་མ་དེ་ཡི་ལག་ཉིད་ནས། །སྣོད་ཐོད་པ་ཡིད་འོང་གཅིག་གི་ནང༌། །ནས་དཀར་མོ་འབྲུ་ཡིས་བཀང་བའི་སྟེང༌། །ཏིང་འདྲ་བའི་རིན་ཆེན་སྣོད་གཅིག་ཏུ། །ཤེལ་དཀར་པོ་དྲི་མེད་སྒོ་ང་ཙམ། །སྣོད་གཅིག་ནི་ཛ་གད་བདུད་རྩིས་བཀང༌། །གཞན་ངོ་མཚར་འགའ་ཡང་འདུག་སྙམ་བྱེད། །ཀུན་ལྷན་ཅིག་བདག་གིས་བླངས་པའི་མོད། །གཉིས་སད་ཅིང་སྤྲོ་བའི་ཡིད་སྣང་ནི། །ཡུན་རིང་ཞིག་བྱུང་


TR001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྨོས་པ་ལགས། ༈ །ཡང་དཔྱིད་༼ཆུ་མོ་ལུག་ལོ།༽ འབྲིང་ཡར་གྱི་ཚེས་བཟང་གི །དགུང་ནུབ་གཅིག་རྨི་ལམ་འདྲེས་པའི་སྐབས། །བདག་འདུག་པའི་སྒོམ་ཁང་མདུན་ཉིད་དུ། །མགོ་དུང་ལྟར་དཀར་བའི་རྒན་མོ་ནི། །རས་དཀར་པོའི་ཕྱམ་རྩེ་གྱོན་པ་ཞིག །ཕྱག་འཚལ་རྗེས་པུས་བཙུག་འདུག་ནས་ཀྱང༌། །ལག་ཐལ་སྦྱར་བདག་ལ་འདི་སྐད་ཟེར། །གནས་མཆོག་འདི་རུ་འདུག་པ་ཤིན་ཏུ་ལེགས། སྒྲུབ་པ་མཛད་པའི་གནས་སུ་འདི་རང་བཟང༌། །ཁྱེད་ལ་གཞན་གྱིས་ཅིར་མཐོང་ཅིར་མ་མཐོང༌། །ངས་ནི་འོད་ཀྱི་མཆོད་རྟེན་དཀར་པོ་མཐོང༌། །ཞེས་ཟེར་ནས་གར་སོང་ཆ་མེད་པར། །གྱུར་འདི་ཡང་མཚར་སྙམ་ཡི་གེར་བྲིས། །སྔོན་ཐོག་མེད་དུས་ནས་འཁོར་བར་འཁྱམས། །ལས་ཉོན་མོངས་འཁྲུལ་པའི་བག་ཆགས་ལ། །ཉིན་མཚན་མེད་རྟག་ཏུ་འབྱམས་པའི་ཚུལ། །ལར་ཡི་གེར་བྲིས་པས་མི་ལང་ཞིང༌། །དེས་


TR001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་ཆེད་ཡོད་པའང་ཡིན་མོད་ཀྱང༌། །གནས་མི་མིན་དཔའ་བོ་ཌཱཀྐིའི་ཚོགས། །དུས་རྟག་ཏུ་སྤྲིན་ལྟར་འདུ་བའི་ས། །དེའི་རྣམ་འཕྲུལ་ཚུལ་དག་ཡིན་ནམ་ཞེས། །རང་ཉིད་ཀྱིས་རང་ལ་འདི་དག་གླེང༌། །ཕྱིས་བརྗེད་པར་དོགས་ནས་ཡི་གེར་བཏབ། །གཞན་བསླུ་བྱེད་ཟོལ་བརྫུན་མ་ལགས་པས། །ཐུགས་མཁྱེན་ལྡན་རྣམས་ཀྱིས་མི་འཁྲེལ་ཞུ། །སྐྱབས་བླ་མ་མཁའ་འགྲོས་བྱིན་གྱིས་རློབས། ༈ །ཨེ་མ་ཧོཿ རྒྱལ་བ་མཆོག་གིས་ཆོས་རྣམས་ཀུན། །རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། མི་བདེན་བསླུ་བའི་རང་བཞིན་དུ། །ནན་གྱིས་གསུངས་ཀྱང་རྨི་ལམ་ལ། །བདེན་འཛིན་ཞེན་པས་ཡི་གེ་རུ། །འགོད་པའི་ངལ་བ་དོན་མེད་འདི། །རང་ཅག་བླུན་པོའི་ངང་ཚུལ་ལགས། །གནམ་ལོ་མེ་ཕོ་ཁྱི་ཡི་འཇུག །ཀ་རྟི་ཀ་ཡི་ཉ་བའི་ཚེ། །སྐེད་ཕུག་བྲག་གི་བྱ་སྐྱིབས་སུ། །ཉལ་བའི་ཐོ་རངས་རྨི་ལམ་ན། །སྤང་རི་ལྷོ་རུ་ཁ་བལྟས་


TR001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ལྗོན་ཤིང་ཐར་ཐོར་སྐྱེས་པའི་ཁྲོད། །གཙུག་ལག་ཁང་པ་ཡིད་འོང་ཤིང༌། །སྒོ་འཁྱམས་རི་མོ་བཀྲ་བའི་མདུན། །ཉི་འོད་གསལ་བར་བདག་འདུག་ཚེ། །ཞུབ་ཆེན་སྐྱེས་བུ་མང་པོ་དག །བ་དན་གསར་པའི་མདུང་རིང་ནི། །ལག་ཏུ་ཐོགས་དང་གཞོགས་སུ་བསྐྲུན། །གོས་རྒྱན་ཆ་ལུགས་རབ་བཟང་བ། །མང་པོས་ཕྱོགས་དེ་གང་བར་མཐོང༌། །དེ་ལ་བདག་གིས་འདི་སྐད་སྨྲས། །ཁྱེད་ཅག་སུ་ཡིན་གང་ནས་འོངས། །འདི་རུ་ཅི་བྱེད་གར་འགྲོ་དྲིས། །དེ་དག་ནང་ནས་གཅིག་འོངས་ཏེ། །བདག་ལ་འདི་སྐད་ཟེར་བ་ཐོས། །བདག་ཅག་རྒྱལ་བའི་བསྟན་སྐྱོང་བའི། གཙང་རིས་དཔལ་མགོན་བདུན་ཅུ་ཡིན། །ཁྱེད་ཀྱི་ཤེས་པར་མ་གྱུར་ཏམ། །གང་ནས་འོངས་དང་གར་འགྲོ་བའི། །ཨ་འཐས་བདག་ཅག་རྣམས་ལ་མེད། །གནས་འདིར་གཙུག་ལག་ཁང་འདི་བསྲུངས། །སྟོན་པའི་


TR001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་དང་གཙུག་ལག་ནི། །གར་ཡོད་བདག་ཅག་ཡོད་པ་ལགས། །ཟེར་བས་སླར་ཡང་བདག་གིས་དྲིས། །འོ་ན་གཅང་རིས་བདུན་ཅུ་ནི། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་དང༌། །རྒྱུ་སྐར་ཉེར་བརྒྱད་ཕྱོགས་སྐྱོང་བཅུ། རྒྱལ་ཆེན་བཞི་དང་འཇིགས་བྱེད་དགུ། །རིགས་དང་ཁ་དོག་ཆ་ལུགས་ཀྱི། །རྣམ་འགྱུར་ཐ་དད་ཡོད་པར་གྲགས། །ཁྱེད་ལ་དེ་ལྟར་མི་སྣང་སྨྲས། །སྐྱེས་བུ་དེ་ནི་འཛུམ་ཞིང་རྒོད། །ཧེ་ཧེ་ཁྱེད་ཀྱིས་མཐོང་ཚུལ་དུ། །ངེད་ཅག་འདི་ལྟར་སྣང་གྱུར་མོད། །འཁོར་འདས་སྣང་སྲིད་རང་སྣང་ཡིན། །གཅིག་དང་དུ་མའི་ཐ་སྙད་བྲལ། །བདག་ཅག་སྒྱུ་འཕྲུལ་གཟུགས་བརྙན་ལ། །ངེས་མེད་ཅིར་ཡང་སྟོན་བྱེད་ན། །ཁྱེད་ཀྱིས་མཐོང་ཚུལ་གཅིག་པུ་རུ། །ཨ་འཐས་ངེས་བཟུང་ག་ལ་འོངས། །ངེད་ཅག་གཟུགས་དང་ཁ་དོག་རིགས། །གཅིག་དང་ཐ་དད་རྫུ་འཕྲུལ་གྱི། །བཀོད་པ་གང་ལ་གང་འདོད་ཡོད། །དེ་སྐད་ཟེར་ཚེ་བདག་ཡེད་ལ། །ཨ་ཡེ་ཤིན་


TR001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ངེས་པར་བདེན། །ཅིར་སྣང་སེམས་ཀྱི་རྣམ་རོལ་ལ། །ཨ་འཐས་ཁོ་ནར་འཛིན་པ་བདག །བླུན་ལས་ཆེས་བླུན་རང་གི་སྐྱོན། །འོན་ཀྱང་འདི་ནི་རྨི་ལམ་སྟེ། །བདག་གི་རྩ་རླུང་ཡིད་ཀྱིས་འཁྲུལ། །མཐོང་ས་མཐོང་མཁན་གཅིག་པ་ལ། །སོ་སོར་སྣང་འདི་ཨ་རེ་མཚར། །དེས་ན་འགའ་ཞིག་དྲིའོ་སྙམ། །སླར་ཡང་འདི་ལྟར་དྲི་བ་བྱས། །དིང་སང་བསྐལ་པའི་བབས་ཚུལ་དང༌། །སངས་རྒྱས་བསྟན་པའི་དར་ནུབ་སོགས། །འདི་ལྟར་གྱུར་པས་བདག་ཡིད་སྐྱོ། །ད་དུང་ཅི་འདྲར་འགྱུར་བ་ལགས། །བདག་ཀྱང་བསམ་པ་བཟང་པོ་ཡིས། །ཅི་ནུས་བསྟན་འགྲོའི་དོན་ཁོ་ནར། །འབད་སྙམ་ཡོད་ཀྱང་འཁོས་ཆུངས་པས། །ཕན་ཐོགས་གྲུབ་པ་དཀའ་བར་གདའ། །ཚེ་ལའང་ངེས་པ་མ་མཆིས་ཚེ། །མྱུར་དུ་འཆི་བར་མི་འགྱུར་རམ། །གལ་ཏེ་ཚེ་མཐར་ཕྱིན་པ་ན། །ཆོས་ཀྱིས་གཞན་ལ་ཕན་ནུས་སམ། །བར་ཆད་སེལ་བའི་ཐབས་ལ་སོགས། །གང་ཡིན་


TR001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སྨྲ་བར་གྱིས། །དེ་སྐད་བྱས་པས་ཁོ་ན་རེ། །བསྐལ་པའི་འཕོ་འགྱུར་འདི་བཞིན་ནི། །འདུས་བྱས་ཆོས་ཉིད་ངང་ཚུལ་ཡིན། །བསྟན་པའི་དར་རྒུད་བསྟན་འཛིན་རྣམས། །བྱ་བྱེད་ཉེས་པའི་འབྲས་བུ་ཉིད། །ཤཱཀྱའི་བསྟན་པ་བསྟན་འཛིན་གྱི། །ཆ་ལུགས་ཉིད་ཀྱིས་བསྣུབས་འགྱུར་བ། །ལུང་དུ་བསྟན་པ་མ་ཐོས་སམ། །བདག་ཅག་བསྟན་པ་བསྲུང་རྣམས་ཀྱང༌། །བསྲུང་ཡུལ་མེད་ཚེ་བསྲུང་ཐབས་བྲལ། །ད་དུང་རིམ་གྱིས་ངན་ངན་དུ། །འགྲོ་འགྱུར་སེམས་ཅན་ལས་དབང་ཡིན། །ཁྱོད་ཀྱང་དམ་ཆོས་འཆད་ཉན་གྱི། །གཞན་ཕན་བསམ་པ་བཟང་ན་ཡང༌། །ཁྱི་ལ་རྩྭ་ཡི་སྦྱིན་པའམ། །འོན་པའི་ཁྲོད་དུ་གླུ་ལེན་འདྲ། །ཚེ་ཡི་ཚད་ལ་འཁྱོལ་བ་ཡང༌། །དམ་སེལ་གྲིབ་ཀྱིས་དཀའ་བར་མཆིས། །སྐུ་ཚེའི་རྟེན་འབྲེལ་བསྒྲིག་འདོད་ན། །གནས་བཟང་དུས་ཚེས་བཟང་པོ་ལ། །རྡོ་རྗེ་རྒྱ་གྲམ་ཟུར་རྣམས་སུ། །ནོར་བུས་སྤྲས་པའི་གདན་བཤམས་ནས། །


TR001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

།པཀྵི་ཝརྞ་ཀུ་མ་རིས། །ག་ཎཱ་ཙཀྲའི་པཱུ་ཛར་བཅས། །གསོལ་འདེབས་སྨོན་ལམ་མང་བགྱིས་ན། །ཚེ་ལ་ཕན་པར་འགྱུར་ན་ཡང༌། །སྙིགས་དུས་རྨུ་རྒོད་ལོག་ལྟ་ཡི། །དུག་གིས་སྨྱོས་པའི་སྐྱེ་བོ་རྣམས། །ཕྱིས་ཕྱིར་ལོག་པར་ལྟ་བ་འཕེལ། །དེ་ཡིས་ནམ་ཡང་འགྲུབ་པར་དཀའ། །དེ་སྐད་ཟེར་བའི་མོད་ཉིད་ལ། །གཉིད་ལས་སད་པར་གྱུར་པ་ན། །སེམས་ཀྱི་ཆོ་འཕྲུལ་སེམས་ཉིད་ཀྱིས། །མཐོང་བའི་འཁྲུལ་པའི་རྫུན་རིས་འདི། །དེ་དེ་བཞིན་ནོ་བདེན་ནོ་ཞེས། །རང་གི་རང་ལ་ཡི་རངས་སོ། ༈ །ཡང་ནི་དཔལ་གྱི་རྣམ་ཐོས་རི། །འཕོ་འཆུགས་གྱུར་དང་དུས་མཚུངས་པར། །ནུབ་གཅིག་ཉིང་འཁྲུལ་རྨི་ལམ་དུ། །ཀོང་པོའི་ཆ་བྱད་མི་དཔོན་གཟུགས། །མགུལ་དུ་རྡོ་རྗེ་རྩེ་ལྔ་བཏགས། །བག་དྲོ་སྣུམ་བརྗིད་ཆགས་པ་ཞིག །འཁོར་གཡོག་གཉིས་བཅས་བདག་དྲུང་འོངས། །ཕྱག་བཙལ་གུས་པའི་རྣམ་འགྱུར་བྱེད། །དེ་ལ་བདག་གིས་གཏམ་དྲིས་པ། །ཡོན་


TR001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁྱེད་ཅག་གང་ཡིན་སྨྲས། །ང་ངོ་ཁྱེད་ཀྱིས་མི་ཤེས་སམ། །དགེ་བསྙེན་བཛྲ་སཱ་དྷུ་ཡིན། །བདག་ཅག་རྟེན་ཡུལ་མ་མཆིས་པས། །ཁྱེད་ཀྱི་ཉེ་སྐོར་འདི་ཤེད་ཅིག །ངེད་ཀྱི་སྡོད་ས་ཞུ་འོ་ཟེར། །ཡང་ནི་བདག་གིས་སླར་སྨྲས་པ། །ཁྱེད་ཅག་བསྟན་སྲུང་དྲག་རྩལ་ཅན། །མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས། །མཐུ་སྟོབས་ནུས་པ་བསམ་ཡས་ཤིང༌། །ཐོགས་མེད་རྫུ་འཕྲུལ་ཡོད་བཞིན་དུ། །གནས་དང་རྟེན་ཡུལ་མ་རྙེད་པ། །དེ་འདྲ་མི་སྲིད་ཇི་ལྟར་ཡིན། །འཇིག་རྟེན་ཁམས་ལ་དབང་བསྒྱུར་ཞིང༌། །རྒྱལ་བའི་བསྟན་པ་བསྲུང་ནུས་ན། །ཁྱེད་ལ་དེ་འདྲའི་ཉམས་ཉེས་པ། །མཆིས་ན་བསྟན་པ་ཇི་ལྟར་བསྲུང༌། །དེ་སྐད་སྨྲས་པས་ཁོ་ན་རེ། །བདག་ཅག་མི་མིན་ལྷ་འདྲེ་རྣམས། །ཟག་བཅས་རྫུ་འཕྲུལ་ནུས་རྩལ་སོགས། །ཡོད་ཀྱང་གནས་སྐབས་རྐྱེན་དབང་བཙན། །ཟག་མེད་གཏན་སྲིད་མ་ཟིན་སྐྱོན། །བསྟན་པ་བསྲུང་བའི་གཉེར་ལྗི་ཡང༌། །བསྟན་འཛིན་


TR001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་སྤྱོད་ལ་རག །ཚུལ་བཞིན་སྤྱོད་ན་བསྟན་པ་ཡིན། །ཚུལ་མིན་སྤྱོད་ན་བདག་ཅག་ཀྱང༌། །བསྲུང་སྐྱོབ་བྱ་བའི་ཡུལ་མིན་ལ། །བྱས་ན་རྒྱལ་བའི་དམ་དང་འགལ། །དེ་ཕྱིར་དཀའ་བར་བྱུང་ངོ་ཟེར། །འོ་ན་བདག་གི་བསྟན་པ་དང༌། །དམ་ཆོས་མ་གཏོགས་བསམ་རྒྱུ་མེད། །འོན་ཀྱང་ཐོས་སྒོམ་བསམ་གསུམ་གྱི། །ནུས་སྟོབས་ཞན་ཚེ་རླབས་ཆེར་དཀའ། །གང་ནུས་འཁོས་ལ་དཔགས་པ་ཡིས། །གཞན་ཕན་ལྷག་བསམ་མ་གཏོགས་པ། །ནོར་དང་ཁེ་གྲགས་ལ་འདོད་མིན། །ཡིན་མིན་ཁྱེད་རྣམས་གཟིགས་མོད་ཀྱི། །བསམ་པ་ཐོག་ཏུ་འཁེལ་ལམ་དྲིས། །ཁོ་ཉིད་མགོ་བོ་ཡོན་ཡོན་བྱས། །ཁྱེད་རང་བསམ་པ་དཀར་ལགས་ཀྱང༌། །བསྟན་འགྲོའི་བསོད་ནམས་ཐུར་དུ་བྲི། །དམ་ཆོས་ཚེ་གཅིག་སངས་རྒྱས་ལས། །ཆང་ཕོར་གང་ཉིད་འདམས་མཁན་མང༌། །འཆད་ཉན་ཐོབ་ལོ་ཞུ་ལོ་ཙམ། །ཉམས་ལེན་གནད་བསྣུན་སུ་ཡང་མེད། །དམ་ཉམས་འདུས་པའི་


TR001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཁོར་དེ། །བསམ་པ་དཀར་ཡང་འབྲས་བུ་ནག །དམ་སེལ་གྲིབ་སྐྱོན་བར་ཆད་མང༌། །གྲྭ་ཚོགས་རྣམས་ཀྱིས་ཆང་ཁྲིམས་མནའ། །མཁའ་འགྲོ་ཆོས་སྐྱོང་དཔང་བཙུགས་ནས། །ཉམས་པའི་གྲིབ་ཀྱིས་ཁྱེད་ཀྱི་ཚེ། །ལོ་བཞི་བསྟུངས་པ་མ་གོའམ། །དེས་ན་སྤྱིར་གྱི་ཟབ་ཆོས་དང༌། ཁྱད་པར་དགོངས་འདུས་ལ་སོགས་པ། །ཟེར་འཕྲོར་བདག་ནི་གཉིད་སད་དེ། །ཁོ་ཡི་ཚིག་མཇུག་རྫོགས་མ་བྱུང༌། །རང་སེམས་རྩ་རླུང་འཁྲུགས་པ་ཡི། །རྣམ་རྟོག་བག་ཆགས་ཉིང་འཁྲུལ་ལ། བདེན་པའི་སྙིང་པོ་མ་མཆིས་ཀྱང༌། །དངོས་ཀྱི་ཚུལ་དང་རྨི་ལམ་འདི། །རྟགས་མཐུན་སྣང་ཕྱིར་མཚར་སྙམ་ནས། །ཡི་གེར་བྲིས་འདི་ཟོག་བརྫུན་དུ། །མཐོང་དོགས་སྦས་ན་ལེགས་སྙམ་ལགས། ༈ ཀུན་རྫོབ་སྣང་ངོར་སྲུང་མ་འདི་དག་ཀྱང༌། །གསོལ་མཆོད་རྟེན་ན་འགོ་བར་འགྱུར་སྲིད་དེ། །སྐྱབས་གནས་སྙིང་པོར་དཀོན་མཆོག་བླ་མ་ཆོག འཁྲུལ་གཟུགས་ལྷ་འདྲེའི་གྲོགས་ཀྱིས་


TR001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཞིག་བྱ། །མ་བཅོས་ལྷུག་པའི་ངང་དུ་བསྐྱུར་ནས་བསྡད། །རྟག་ཏུ་གསོལ་མཆོད་བྱས་ཀྱང་མི་མགུ་ལ། །ནུབ་གཅིག་ཆག་ནའང་འཁང་ཞིང་འཁུ་བ་ཡི། །སྲུང་མ་དེ་འདྲར་རེ་བློ་བདག་ལ་མེད། །སྐྱིད་སྡུག་ཐམས་ཅད་བླ་མའི་དྲིན་དུ་ཕཊཿ ཨེ་མ། སྐྱབས་གནས་བླ་མ་རང་རིག་དབྱེར་མེད་ལ། །འདུ་འབྲལ་མེད་པར་རྟོགས་པས་ཕྱག་བྱས་ནས། །ཡང་ཅིག་སྙིགས་མཐའི་བན་ཆུང་སྙོམས་ལས་པ། །སྣ་ཚོགས་རང་གྲོལ་རྒན་པོ་འབྲུག་གི་ལོར། ཆུ་སྟོད་ཟླ་བའི་ཉེར་བདུན་མཚན་མོའི་གུང༌། །གཏི་མུག་གཉིད་དུ་ཉལ་བའི་འཁྲུལ་སྣང་ལ། །རྨི་ལམ་བར་དོའི་འཆར་ཚུལ་བཤད་ཀྱི་ཉོན། །ནུབ་ཏུ་ཁ་བལྟའི་ལུང་པ་གཅོང་རོང་ཟབ། །འཇིགས་རུང་ཆུ་བོ་རྦ་ཀློང་འཁྲུག་པའི་འགྲམ། །རྡོ་དང་ཚེར་མས་གཏམས་པའི་ལམ་འཕྲང་དུ། །གཤེད་མའི་སྐྱེས་བུ་མི་ལུས་སྟག་མགོ་ཅན། །མི་ཚད་ཉིས་


TR001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཙམ་གྱི་གཟུགས་ལྡན་པ། །དེ་དང་འདྲ་ལ་གཤིན་རྗེའམ་ཁྲོ་བོའི་གདོང༌། །རྔམས་པ་གཅིག་དང་བཅས་པས་བདག་འཁྲིད་ནས། །ཉི་ནུབ་ས་སྲོས་ནུབ་ཏུ་རྒྱུགས་ཅིང་དེད། །གྲོགས་ནི་ར་ལུག་བ་ལང་འགའ་ཞིག་སྣང༌། །རླུང་ནག་ཐལ་འཚུབ་གནམ་ས་གཡོ་བ་ཙམ། །རྡོ་ཡི་ཆར་པ་སྒོང་དང་ཁུ་ཚུར་དང༌། །ཁམ་བུ་ཙམ་སོགས་སེར་དྲག་འབབ་ལྟར་བརྡུང༌། །ཆུ་གླུང་སྒྲ་ཡི་སེབ་ནས་ངར་སྐད་ཀྱིས། །ཆོས་མེད་བན་བཙུན་དཀོར་ཟན་བླ་གཟུགས་ཚོ། །སྐྱིད་པོ་ཡོད་མིན་འདི་རུ་བལྟའོ་ཟེར། །བར་སྐབས་གཅིག་ན་ཆུ་ཆེན་འགྲམ་འདི་རུ། །ཀ་པཱ་ལ་འདྲའི་མཚོ་ཆེན་ཁམ་ནག་འཁྲུག །ཁ་ཞེང་མདའ་རྒྱང་རིང་ཤོས་ཚད་ཙམ་ཞིག །ཁོལ་ཁོལ་ལོང་ལོང་འདུག་པའི་བར་དག་དུ། །བན་དེའམ་ཤམ་ཐབས་རྐང་པ་ལྷུག་ཙམ་མཐོང༌། །རེས་འགའ་མགོ་དང་ལ་པ་རིབ་རིབ་ཁོལ། །དེ་ཡི་འགྲམ་དུ་སླེབ་མ་ཐག་ཉིད་ལ། །གཤེད་མ་


TR001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དེས་བདག་གི་ལག་རེ་བཟུང༌། །མཚོ་འདི་ཁྱེད་ཚོའི་སྡོད་ས་ཡིན་པས་ན། །ཁྱེད་རང་མཆོང་ངམ་ངེད་ཀྱིས་བསྐྱུར་རམ་ཟེར། །དེ་ཚེ་བདག་གི་འདི་ལྟར་དྲན་ཅིང་སྨྲས། །དགེ་སྡིག་རྒྱུ་འབྲས་ལས་ལ་བསླུ་བ་མེད། །སྐྱེས་མཐའ་འཆི་དང་ཤི་ནས་བར་དོར་འཁྱམས། །སྡིག་ཅན་དམྱལ་བར་འཚོད་པ་ཤིན་ཏུ་བདེན། །འདི་འདྲ་ཡོང་བ་གོ་ཡང་གོ་ནས་ཡོད། །འོན་ཀྱང་བདག་ལ་འཆི་ཁའི་ཐིམ་རིམ་ཙམ། །ཤེས་འོངས་སྙམ་ཡང་མ་ཚོར་ཤི་ནས་སྣང༌། །དྲིན་ཅན་རྗེ་བཙུན་གཞན་ཕན་རྡོ་རྗེ་ལ། །རྫོགས་ཆེན་ཡང་ཏིའི་ཉམས་ཁྲིད་ཞུས་པའི་སྐབས། །བར་དོ་རྗེས་མ་ལྷུན་གྲུབ་རིན་པོ་ཆེར། །གྲོལ་བར་འགྱུར་བའི་བཀའ་ལུང་བྱུང་ན་ཡང༌། །རྣམ་གཡེང་སྐྱོན་དང་དཀོར་གྱྀ་སྒྲིབས་པས་ལན། །ཉམས་ལེན་བྱས་པའི་གདེང་ཚད་མེད་ན་ཡང༌། །བུ་ཆུང་ནས་བཟུང་ད་ལྟའི་བར་ཉིད་དུ། །སྡིག་ལ་


TR001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

འབག་མ་མྱོང་བའི་བློ་གདེངས་ཡོད། །མི་ཚེ་ཧྲིལ་པོར་བློ་ཁ་ཆོས་ལ་སྒྲིམ། །འགྱོད་པའི་བསམ་པ་སྤུ་ཙམ་བདག་ལ་མེད། །གྲྭ་འཁོར་སྐྱོང་ཕྱིར་བླ་གཟུགས་བཟུང་བ་དེས། །དད་རྫས་དཀོར་ཟས་འདམ་དུ་ཆུད་པ་ཡི། །རྣམ་སྨིན་འབྲས་བུ་ད་ལྟ་འདི་རུ་སྨིན། །སྙིགས་དུས་བླ་མའི་གཟུགས་བརྙན་བདག་འདྲ་རྣམས། །རང་མ་སྨིན་པར་གཞན་གྱི་འདྲེན་པ་བྱེད། །ཤི་ནས་འགྲོ་ས་དེ་འདྲ་ལོས་ཀྱང་བདེན། །འོན་ཀྱང་འཁོར་འདས་སེམས་ཀྱི་རྣམ་རོལ་ཡིན། །བདེ་བ་ཅན་ནས་མནར་མེད་དམྱལ་བའི་བར། །གང་སྣང་གང་ཤར་རང་རིག་ཆོས་ཀྱི་སྐུའི། །འཆར་ཚུལ་ཙམ་ལས་དོན་ལ་དབྱེར་མེད་ཉིད། །འདི་ལས་འབུམ་འགྱུར་འཇིགས་པའི་དམྱལ་བ་རུ། །སྐྱེས་ཀྱང་ཆོས་སྐུ་འཕོ་འགྱུར་མེད་པའི་ངང༌། །རིག་པ་གཅེར་བུ་བཟོ་མེད་འདི་ཀའི་ཐོག །ཐེ་ཚོམ་རྡུལ་ཙམ་མེད་པར་ཁོ་ཐག་ཆོད། །དེས་ན་བདག་ལ་འབྲེལ་པ་ཐོག་


TR001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱིས། །གཙོ་བྱས་ནམ་མཁས་གར་ཁྱབ་སེམས་ཅན་ཚོགས། །སྡིག་པའི་རྣམ་སྨིན་དམྱལབར་ལྟུང་འགྱུར་ལས། །ཐམས་ཅད་མ་ལུས་བདག་ལ་སྨིན་གྱུར་ཅིག །འགྲོ་ཀུན་ངན་སོང་སྡུག་བསྔལ་བྲལ་བར་ཤོག །དེ་སྐད་སྨྲས་ནས་མཚོ་དེར་མཆོང་སྙམ་པས། །གཤེད་མ་དེ་གཉིས་བཞད་གང་ཆེན་པོ་བགད། །བདག་གི་ལག་བཟུང་མཆོང་དུ་མ་བཅུག་པར། །སྟག་མགོ་ཅན་དེས་སླར་ཡང་འདི་སྐད་ཟེར། །ཁ་ཆོས་མཁས་ལ་ལག་ལེན་མི་དགེ་འབད། །ཆོས་བརྒྱད་ཚེ་འདི་འབའ་ཞིག་བསྒྲུབ་པ་ཡི། །བླ་མའི་ཚུལ་དང་ཆོས་པར་བརློམས་པ་རྣམས། །འགྲོ་ས་འདུག་ས་འདི་ཉིད་ཡིན་ནའང༌། །ཁྱེད་ལ་འདི་ཡི་རྒྱུས་རྣམས་ཆེ་འདུག་ཅིང༌། །སེམས་བསྐྱེད་སྨོན་ལམ་སྙིང་ནས་ཐག་ཆོད་ཀྱི། །གདེངས་ཚད་དེ་འདྲར་དམྱལ་བ་ག་ནས་འོངས། །ད་དུང་སྨོན་ལམ་འདི་འདྲ་རྒྱུན་དུ་མཛོད། །ད་ནི་ནམ་མཁར་རྡོ་རྗེའི་གར་མཛོད་ཅིག །ཟེར་བས་བདག་ཉིད་


TR001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་ཁམས་སུ་འཕགས། །ཆོས་ཚིག་ཤུགས་འབྱུང་མང་པོ་གླུ་ལེན་ཅིང༌། པད་སྐོར་གར་སྟབས་མང་པོ་བྱས་པའི་འཕྲོར། །གཉིས་ལས་སད་ཅིང་ལུས་པོ་འདར་ཡོད་འདུག །འདི་འདྲའི་རྨི་ལམ་སྔོན་ཆད་རྨིས་མ་མྱོང༌། །མཚར་སྙམ་ཡི་གེའི་ལམ་དུ་བཀོད་ལགས་ཀྱང༌། །དུས་མཐའི་འགྲོ་བ་ལོག་ལྟ་ཆེ་བའི་མཐུས། །གཞན་ཡིད་ཁོང་ཁྲོའི་ཟུག་རྔུ་མི་ལྡང་ཤོག །ཚུལ་འདི་དད་ལྡན་འགའ་ལ་ཕན་སྲིད་ན། །ཐམས་ཅད་བློ་ཁ་ཆོས་ལ་འགྱུར་བ་ཤོག ༈ ཡང་ནི་ལྕགས་མོ་གླང་ལོ་ཆོ་འཕྲུལ་ཟླའི། །དུས་ཆེན་ཚེས་པ་བཅོ་ལྔའི་ནུབ་མོ་རུ། །དགེ་སློང་སྒྲིགས་མ་ཐམས་ཅད་ཚར་བའི་མཐར། །སླར་ཡང་ལྟོས་བཅས་འབྲེལ་ཐོགས་མཁའ་ཁྱབ་ཀྱི། །འགྲོ་ལ་དམིགས་ནས་སྒྱུ་ལུས་མཆོད་སྦྱིན་དང༌། །བཟང་སྤྱོད་ལ་སོགས་སྨོན་ལམ་མང་པོ་བཏོན། །ནམ་ཕྱེད་མ་སོང་བར་དུ་བསྡད་པའི་རྗེས། གཉིད་དུ་ཉལ་བའི་རྨི་ལམ་ཉིང་འཁྲུལ་ལ། སྔར་ནས་


TR001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

༽ཤི་བའི་རང་གི་གྲྭ་རྒན་རིགས། །གྲོང་ཆོག་མང་དུ་འགྲོ་མཁན་འགའ་རེ་དང༌། །གཉེར་བྱེད་ལས་འཛིན་ཤི་བ་འགའ་དང་བཅས། །ལྷན་ཅིག་མི་དགའ་བཞིན་དུ་དབང་མེད་ཕྱིན། །ཤ་ཟན་རོང་ཡིན་ཟེར་བའི་ལུང་པ་ནི། །རི་རོང་དོག་ཅིང་མུན་ནག་འཐིབ་པ་ཡི། །ནུབ་ནས་ཤར་དུ་ཁ་ལྟས་རི་གཟར་པོ། །རྩི་ཤིང་ལ་སོགས་གང་ཡང་མ་སྐྱེས་ཤིང༌། །ས་ཀུན་ཁྲག་གི་འདམ་རྫབ་ནང་ཁྲོལ་དང༌། །རྒྱུ་ལྟོ་ལྗན་ལྗིན་མང་པོས་ཁྱབ་པའི་ངོགས། །གཟར་མོའི་ཐུར་དེར་འདྲེད་རུང་འགྱེལ་རུང་ཕྱིན། །རྭ་གཞོབ་འདྲ་བའི་དྲི་མ་ངན་པ་འཚུབས། །རྐང་པ་ཐམས་ཅད་ཁྲག་གིས་འདམ་གྱིས་གཡོགས། །སྐྱུག་ཀྱང་བྲོ་ལ་ས་ངང་བཞིན་དུ་ནི། །མཁར་བ་གཙུགས་ཏེ་དཀའ་ལས་ཆེན་པོས་ཕྱིན། །བར་མཚམས་ཤིག་ཏུ་གྲོང་ཁྱེར་ཆེན་པོ་ནི། །ཞིག་པའི་ཤུལ་གྱི་ཁང་ཧྲུལ་གྲངས་མེད་སྣང༌། །བདག་གི་ཟླ་བོ་དེ་དག་ལ་ལ་ནི། །


TR001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་ཧྲུལ་བུག་པའི་ནང་དུ་འཇུལ་ཏེ་སོང༌། །བདག་ཀྱང་ལམ་ངན་འདི་འདྲར་འགྲོ་བ་ལས། །ཁོང་ཚོའི་ཕྱི་ལ་བྱིན་པ་དྲག་གམ་སྙམ། །བརྫངས་པས་ཁོང་ཚོ་འཛུལ་སར་ང་མ་ཤོང། །ཡང་ནི་སྔར་གྱི་ཐུར་ལམ་འཕྲོ་དེར་ཕྱིན། །མར་མར་སླེབ་བཞིན་མུན་པ་ནག་ཏུ་སོང༌། །སྡོང་སྐས་གཟར་མོ་ཐོག་སོ་གསུམ་ཚད་ཙམ། །དེ་མགོར་སླེབ་ཚེ་ཤིན་ཏུ་ཁ་ནག་པས། །མ་མཐོང་སྦར་འཇུས་བྱས་ནས་བབས་པའི་དུས། །རང་གི་མགོ་འདི་རབ་ཏུ་ལྗིང་བ་འདྲས། །ཡོར་མ་ཐུབ་པར་མགོ་མཇུག་ལོག་ལ་ཁད། །སྐས་ལ་དམ་དུ་བཟུང་ཞིང་བབས་པའི་ཐིལ། །ཁང་ཁོག་ཆེན་པོ་ལུད་དང་འདམ་རྫབ་ཅན། །དྲི་མི་ཞིམ་ཞིང་ཁང་ནག་གཅིག་ཏུ་སླེབ། །ཁྱི་གུའམ་ནི་ཨ་ལི་ཕྲུ་གུའི་སྐད། །འདྲ་ལ་མི་སྙན་ཙི་དིར་མང་པོ་སྦིར། །དེ་ཡི་བར་ཁང་ཞིག་ཏུ་ཕྱིན་པ་ཡིས། །ངོ་མི་ཤེས་པའི་གཅན་གཟན་ཕྲུ་གུ་ནི། །མང་པོས་བདག་


TR001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རུབ་ནས་འབྲད་དུ་བྱུང༌། །བེར་ཀ་གཡུག་ཅིང་རྒོལ་ཡང་མ་ཐུབ་པར། །བདག་གི་ལག་པ་གཡོན་ལ་གཅིག་གིས་རྨུགས། །བེར་ཀ་རྒྱབ་པས་དེ་ནི་ས་ལ་ལྷུང༌། །ལྕི་བའི་ཕུང་པོ་གཅིག་ཏུ་གྱུར་ནས་སྣང༌། །ལག་པའི་མཐིལ་གྱི་རྨ་ལ་བལྟས་ཙ་ན། །ལྕགས་ཀྱི་སྡེར་མོ་ཁ་གསུམ་རྣོན་པོ་ཞིག །ཟུགས་ནས་གདའ་བས་ནན་གྱིས་བཀོག་ནས་དེར། །མི་སྐྱ་གཉིས་འདུག་གཅིག་གི་པང་པར་བསྐྱུར། ༈ ཁྱེད་ཀྱི་ཁྱིའམ་གཅན་གཟན་འདི་རྣམས་ཀྱིས། །ང་ལ་འདི་ལྟར་རྨུགས་བྱུང་སྨྲས་པའི་ཚེ། །མི་སྐྱ་དེ་ཡིས་བདག་ལ་འདི་སྐད་ཟེར། ༈ འདི་ནི་ཤ་ཟན་སྲོག་གི་སྤུ་གྲི་ཡིན། །ཁྱེད་ཅག་བན་བཙུན་རྣམས་ལ་ལྷག་པར་སྡང༌། །ཁྱེད་ལ་ལག་པར་ཟུག་པ་གཡས་ཆུང་ཡིན། །གཞན་ནི་གླད་རྒྱའམ་སྙིང་རྩ་ནག་པོ་ལ། །ཟུག་ནས་ཐོན་པའི་གོ་སྐབས་མེད་པས་ན། །དེ་འདྲར་མ་ཟུག་ཁ་རྗེ་


TR001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་རེ་ཆེ། ༈ །དེ་སྐད་ཟེར་འཕྲོར་སྟེང་ཐོག་ཞིག་ཏུ་སླེབ། །རང་གི་ཉེ་གནས་བསྟན་འཛིན་དར་རྒྱས་ཀྱིས། །ཚོད་མ་འདྲ་བ་དེ་ལས་སེར་ཙམ་པ། །ཐུར་མ་གང་ཞིག་བདག་གི་ལག་ཏུ་བླུག །འདི་ནི་རྒྱས་པའི་སྦྱིན་སྲེག་བྱས་པ་ཡི། །དངོས་གྲུབ་རྫས་ཀྱི་སྐལ་བ་ཡིན་ནོ་ཟེར། །ཟོས་པས་སྔར་མ་མྱོང་བའི་རོ་མཆོག་ཚོར། །དེ་ཡི་ལྷག་མ་ལག་ཏུ་འགོས་འདུས་པ། །སྔར་གྱི་རྨ་དེར་བྱུགས་ཤིང་བསྡད་པའི་ཚེ། །རབ་བྱུང་ཆ་བྱད་མདོག་ནག་བཞིན་མི་སྡུག །གོས་ཆེན་ལྗང་ནག་ལས་གྲུབ་སྣམ་སྦྱར་གྱོན། །བོང་ཚད་ཁང་པ་ཉིས་ཐོག་ཙམ་ཡོད་པ། །འཇིགས་སུ་རུང་བ་གཅིག་གི་འཁོར་དུ་ཡང༌། །བན་རྒན་ཧམ་ཕྲོག་མི་ཚད་སུམ་འགྱུར་ཙམ། །ཆོས་གོས་གྱོན་ཞིང་ཡིད་དུ་མི་འོང་བའི། རྣམ་འགྱུར་ཅན་དང་གཞན་ཡང་མི་ནག་ནི། །ལྤགས་གོས་གྱོན་ཞིང་འབྲོག་པའི་རིགས་འདྲ་བ། །ལག་ཏུ་ཞགས་ཐག་ནག་པོ་འབའ་ཞིག་


TR001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས། །དེ་འདྲའི་དཔོན་གཡོག་མང་པོས་བདག་ལ་བསྐོར། །གཙོ་བོ་དེ་ཡིས་འདི་སྐད་ཟེར་བ་ཐོས། །ཁྱོད་འདིར་དལ་བར་འདུག་པ་རྫབ་རེ་ཆེ། །བནྡྷེའི་གཤེད་མར་བན་ནྡྷེ་སླེབ་ཡོད་དོ། །ལེགས་ཉེས་འབྱེད་པའི་ཁྲིམས་བདག་ང་ཡིན་ནོ། །དིང་སང་ཁྱེད་ཅག་བླ་མ་མཁན་སློབ་དང༌། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་པའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དམ་པ་བྱེད་ནུས་པ། །སྙིང་སྟོབས་འདི་འདྲའི་ཆོས་ལུགས་ཨ་ལ་ལ། །གླཽ་བ་ཁྲག་གིས་རྒྱངས་པའི་ཞིམ་ཤ་དང༌། །མཆིན་པ་འཁྱགས་སུ་བོར་བའི་མཚར་ཟས་དང༌། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱིས་ཟ་ལུགས་ལ། །ཤ་ཁྲག་ཟས་ལ་གཅན་ཟན་ལས་ཀྱང་ཧཾ། །ཆང་རག་འཐུང་


TR001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྦུར་གོག་ལས་ཀྱང་སྲེད། །དཀོར་ཟས་འཚོལ་ལ་ཡི་དྭགས་ལས་ཀྱང་མུག །ད་རུང་དགེ་སློང་ཡིན་པར་ཁས་ལེན་ནམ། །ལྷུང་བཟེད་ཐོགས་ནས་ཤ་ཁྲག་ཟ་ལུགས་དང༌། །ཆོས་གོས་ཤམ་ཐབས་ཆང་གི་བང་ལུགས་དང༌། །ཚོང་ཁེ་ནོར་རྫས་བུད་མེད་ཚོལ་ལུགས་འདི། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚའམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་དང༌། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་པོ་དེ། །ལས་ཀྱི་ཁྲིམས་ར་འདི་ན་སླེབ་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་གི་ཤ་ཟ་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱིས་ཤ་ཡི་ཟ་ཚུལ་དང༌། །བྱེད་ལུགས་མཐུན་པའི་བཀོད་པ་ཐ་དད་དུ། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཅིང་ཡོད། །ལ་ལ་བཙབས་ཡོད་ལ་ལ་བརྡུང་ཞིང་ཡོད། །ལ་ལ་བཙོ་ཞིང་ལ་ལ་འཁྱག་ལ་བོར། །ལ་ལ་ཁྲམ་ཉག་ཚྭ་བླུག་བསྲེག་ཡོད་དོ། །ཁྱོད་ཀྱང་འགྲོ་རན་ད་ལྟ་འདོང་ཞིག་ཟེར། །


TR001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་རྨི་ལམ་ཡིན་པར་དྲན་མ་ཐུབ། །འཇིགས་ཀྱང་འཇིགས་ལ་སྐྱོ་ཡང་རབ་ཏུ་སྐྱོ། །མཆི་མ་འཁྲུག་བཞིན་ལན་དུ་འདི་སྨྲས་སོ། ༈ བདེན་ནོ་བདེན་ནོ་ཅི་གསུང་ཤིན་ཏུ་བདེན། །ངེད་ཅག་དུས་ངན་སྙིགས་མའི་བཙུན་གཟུགས་རྣམས། །མི་སྐྱ་ལས་ཀྱང་ལོད་པའི་སྤྱོད་ཡུལ་ལ། །ཁྲིམས་ཀྱི་ཆད་པས་གཅོད་པ་ཐུགས་བདེན་མོད། །བདག་གི་ངོས་ནས་རྒྱུ་མཚན་ཅི་ཞུ་ན། །བྱིས་པའི་དུས་ནས་བག་ཆགས་བཟང་བའི་རྒྱུས། །གཞན་ལྟར་སྡིག་པའི་དྲི་མས་གོས་མ་མྱོང༌། །ཁྱད་པར་ཤ་ཁྲག་དམར་ལ་ཞེན་པ་ལོག །སྡིག་ཟས་ཁོང་དུ་སོང་བ་ཉུང་ཤོས་ཡིན། །དཀར་དང་འབྲུ་འབྲས་གོ་མ་ལ་ཉུང་དང༌། །ཤ་མོ་ཚོད་མ་སྐྱོ་ཚའི་འཚོ་བ་ཡིས། །མི་ཚེ་འདི་ཙམ་བར་དུ་བསྐྱལ་པ་ལས། །ཤ་ཆང་ཟས་ལ་བསྟེན་པའི་མི་གཅིག་མིན། །བཟང་ཇ་རིན་ཐང་ཅན་རྣམས་འཐུང་མང་བའི། །དཀོར་སྒྲིབ་


TR001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་ཆེ་བར་ཡོད་ཤས་ཆེ། །གཞན་ནི་ཉེས་ལྟུང་ཕོག་པའི་སྐྱོན་ཅན་ཞིག །ཡོང་བའི་རྒྱུ་རྐྱེན་བདག་ལ་ཡོད་སྙམ་མེད། །བསམ་པ་རྙེད་ཅིང་གོ་རྟོགས་འཇགས་ཚུན་ནས། །བཟའ་བཏུང་གདན་གོས་ཉེར་སྤྱད་མཐའ་དག་ལ། །འདུ་ཤེས་གསུམ་སོགས་སྐྱེད་རྫོགས་གང་རུང་གི །གནད་ཀྱིས་ཐ་མལ་ལོངས་སུ་སྤྱོད་མ་མྱོང༌། །ཐོས་བསམ་སྒོམ་པའི་གདེང་ཚད་མེད་ནའང༌། །དྲིན་ཅན་བླ་མ་བཅོ་བརྒྱད་ཞབས་ལ་ཟིན། །ཀུན་གྱིས་དགོངས་པའི་རྩེ་གཏད་ཐུགས་རྗེས་བསྐྱངས། །དམ་ཚིག་ཉམས་ཆག་དྲི་མས་གོས་སྙམ་མེད། །ན་སོ་ཆེར་སོང་དམ་བཅའ་མང་དུ་གཏོང༌། །དཀའ་སྤྱད་སྙིང་རུས་དགེ་སྦྱོར་གོང་དུ་སྤར། །འཆི་དུས་མི་འགྱོད་ཙམ་ཞིག་ཨེ་ཡོང་བསམ། །ཁྱེད་ཀྱི་ཁྲིམས་བཅད་མཛད་ནའང་གང་འོས་མཛོད། །ཁྱད་པར་ཤ་ཆང་བག་མེད་སྤྱོད་པ་ནི། །རང་ཡང་མ་བྱས་གཞན་ལའང་ཞེན་པ་ཆད། །མེ་ལོ་བྱ་ལོ་ས་


TR001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གའི་དུས་ཆེན་ནས། །བཟུང་སྟེ་མི་ཚེ་འདི་ལ་གར་སྡོད་ཀྱང༌། །ཕབས་ཀྱིས་བཏབ་པའི་རིགས་གྱུར་དྲི་ཙམ་ཡང༌། །ཕྱོགས་སུ་མི་ཉེ་ཐག་ཆོད་དམ་བཅའ་ནི། །བདག་ཅག་དཔོན་སློབ་གསུམ་ཀས་ལྷན་ཅིག་བྱས། །ཚེས་བཅུའི་མཆོད་པ་བདུད་རྩི་སྨན་རཀ་ཀྱང༌། །གཙང་མའི་ཆུ་ལ་ཀ་ར་བུ་རམ་སྦྱངས། །རྒྱུད་ནས་གསུངས་༼རྩ་བརྒྱད་སྟོང་སྦྱར་དང་རཀྟ་སུམ་ཅུ་རྩ་ལྔ་པའི། མཆན།༽པའི་བདུད་རྩིའི་རིལ་བུ་ཉིད། །ཚུལ་ལྡན་སྦྱར་ནས་བཏབ་པ་མ་གཏོགས་པ། །ཆང་གི་དྲི་མ་རླུང་ཕྱོགས་ཙམ་ཡང་མེད། །ཆང་འཐུང་མཁན་དང་ཚེ་འདིར་མི་འགྲོགས་ཅིང༌། །ཚེ་རབས་གཞན་དུའང་རབ་བྱུང་ཤ་ཆང་ལ། །བག་མེད་སྤྱོད་པའི་ཡུལ་ཕྱོགས་མི་སྐྱེ་བར། །སྨོན་ལམ་སྙིང་ཁོང་རུས་པའི་དཀྱིལ་ནས་འདེབས། །ཤ་ཆང་མེད་པའི་རྐྱེན་གྱི་ཤི་ན་ཡང༌། །སངས་རྒྱས་རྣམས་ཀྱི་དགོངས་པའང་རྫོགས་འགྱུར་ཞིང༌། །ཆོས་པའི་ནང་ནས་ཡང་རྩེར་


TR001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་སྙམ། །བདག་གི་བློ་ཕུག་གཏད་ཚུལ་དོན་ཆེན་ཡིན། །གང་ལྟར་ཁྱེད་རྣམས་དགེ་སྡིག་ཤན་འབྱེད་ཀྱི། །ཁྲིམས་བདག་ཡིན་ན་ལས་ཀྱི་མེ་ལོང་དང༌། །རྩིས་ཀྱི་ཁྲམ་ཤིང་ཤཱོ་རྡེལ་དཀར་ནག་སོགས། །གསལ་བར་ཡོད་འོང་བདག་འདྲས་བཤད་ཅི་དགོས། །ང་རང་སེམས་ལ་གཡོ་སྒྱུ་ཟོལ་ཟོག་དང༌། །བག་སྒྲིབ་སྤུ་ཙམ་མེད་པར་རྒྱུ་མཚན་ཀུན། །ཞུས་འདིར་ཅི་འཐད་གང་འོས་ཁྱེད་ཀྱིས་མཛོད། །འབྲོས་པས་མི་ཐར་གཟུར་བས་ག་ལ་ཐུབ། །ང་ཡི་གདོས་བཅས་སྒྱུ་ལུས་གོག་པོ་འདི། །ཁྱོད་ཀྱིས་བཙོ་སྲེག་བཅད་བཏུབ་ཅི་བྱས་ཀུན། །བདག་གིས་ལས་སྒྲིབ་རང་སྣང་མ་གཏོགས་པ། །རང་རིག་ཆོས་སྐུའི་དོན་ལ་འཕོ་འགྱུར་མེད། །དེ་སྐད་སྨྲས་པས་ཁོང་རྣམས་འཛུམ་མདངས་སྟོན། །འོ་འོ་དེ་ཡིན་བདེན་ནོ་ཤིན་ཏུ་ལེགས། །ད་རུང་དེ་ལྟར་གྱིས་ཤིག་ཟེར་བའི་སྐད། །དཔོན་གཡོག་ཚང་མས་སྦིར་གྱི་གྲག་པ་དང༌། །ང་རང་གཉིད་ལས་སད་


TR001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་མཉམ་བྱུང༌། །འཁྲུལ་པའི་འཆར་སྒོ་རྨི་ལམ་འདི་འདྲ་ལ། །གཞན་དག་ཡིད་ཆེས་བྱེད་མཁན་མི་འབྱུང་བས། །རང་ཉིད་བསམ་བཞིན་མཆི་མ་དབང་མེད་ཤོར། །སྐྱོ་ཤས་སྙིང་ནས་སྐྱེས་ཏེ་དྲན་ཐོར་བྲིས། །ཀྱེ་མ་རྨི་ལམ་ཙམ་ན་འདི་འདྲ་ན། །ཤི་དུས་འཇིགས་སྐྲག་སྡུག་བསྔལ་ཅི་ཙམ་ཡོད། །མི་འགྱོད་ཙམ་གྱི་རྟོག་གཏད་ད་ལྟ་ནས། །རང་མགོ་བསྒྲིམ་རན་མིན་ནམ་གྲོགས་པོ་བདག །ཨེ་མ་ཧོ། བདག་འདྲ་དུས་མཐར་སྐྱེས་པ་ཡིས། །མི་རྒན་སྣ་ཚོགས་རང་གྲོལ་གྱིས། །རངལོ་ལྔ་བཅུ་རྩ་ལྔ་པར། །རྒྱ་ལ་རྩ་རྡུམ་གངས་ཀྱི་མགུལ། །བྱང་ཆུབ་སྤང་གི་ཡང་རྩེ་ནི། །ཤིན་ཏུ་མ་ཐོ་ཞིང་དབེན་པའི་ཁྲོད། །ཟླ་གསུམ་གཉན་པ་གཅོད་དུ་ཕྱིན། །དབྱར་ཟླ་འབྲིང་པོའི་ཚེས་ཀྱི། །ཐོ་རེང་རྨི་ལམ་ཟ་ཟི་ལ། །གཟུགས་ནི་ཧ་ཅང་མི་གསལ་བའི། །སྐད་ཀྱི་བདག་ལ་འདི་ལྟར་ཟེར། །འདི་


TR001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདབ་ཆགས་གུ་ལིང་མ། །སྤུན་བཞི་ཡོད་པ་འདི་རྣམས་ཀྱིས། །བླ་ན་མེད་པའི་བྱང་ཆུབ་ཏུ། །སེམས་བསྐྱེད་ཞུས་པ་ཡིན་ལགས་པས། །ཁྱེད་ཀྱི་འདི་དག་སོ་སོ་ལ། མིང་རེ་འདོགས་པར་ཞུའོ་ཟེར། །དེ་ལ་བདག་གིས་འདི་སྐད་སྨྲས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། །དེ་ནི་ཤིན་ཏུ་ངོ་མཚར་ཆེ། །ཁྱེད་ཅག་དུད་འགྲོའི་སྐྱེ་གནས་སུ། །གྱུར་ཡང་བྱང་ཆུབ་བློ་ཡོད་པ། །ལེགས་སོ་ཡ་མཚན་ཆེ་ལགས་ཀྱི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། །ཚད་མེད་བཞི་པོ་མེད་ཐབས་མེད། །དེ་ཕྱིར་གུ་ལིང་སྤུན་བཞི་ལ། །མིང་ཡང་འདི་བཞིན་གདགས་པར་བགྱི། །དང་པོ་དེ་ལ་བྱམས་པ་སྒྲོན། །གཉིས་པ་ལ་ནི་སྙིང་རྗེ་སྐྱིད། །གསུམ་པ་དེ་ལ་དགའ་བ་འཚོ། །བཞི་པར་བཏང་སྙོམས་དཔལ་མོར་ཐོགས། །དེ་སྐད་སྨྲས་མ་ཐག་ཉིད་དུ། །གཉིད་ལས་སད་དང་དུས་མཉམ་པར། །རང་གི་རྒྱབ་ཀྱི་རི་ལོགས་དེའི། །ཉེ་སར་གུ་ལིང་སྐད་མང་པོ། །བསྒྲགས་


TR001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤར་རིའི་ཕྱོགས་སུ་སོང༌། །རྨི་ལམ་འདི་ཡང་གཡས་ཆུང་ཀྱང༌། །གནས་དང་རྟེན་འབྲེལ་བཟང་སྙམ་ནས། བརྗེད་ཐོར་བྲིས་དགེས་འགྲོ་བ་ཀུན། །བྱང་ཆུབ་ལམ་ལ་འཇུག་གྱུར་ཅིག དགེའོ། །

ཆེད་དུ་བརྗོད་པའི་གླུའི་ཕྲེང་བ་ཁོག་དབུབ་དང་བཅས་པ་ཨུཏྤལའི་དོ་ཤལ།


TR001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་བརྗོད་པའི་གླུའི་ཕྲེང་བ་ཁོག་དབུབ་དང་བཅས་པ་ཨུཏྤལའི་དོ་ཤལ་ལགས།


TR001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མ་ཧཱ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ། སྲིད་ཞི་མ་ལུས་པའི་ཁྱབ་བདག་དཀྱིལ་འཁོར་ཀུན་གཙོ་རྒྱལ་བའི་སྤྱི་གཟུགས་མཆོག་གི་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོ་ལྷར་བཅས་འགྲོ་བའི་གཙུག་རྒྱན་ཉིད་ལ་རྣམ་ཀུན་ཏུ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ཡང་ཐེག་པའི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པའི་ཟབ་དོན་ཡེ་ཤེས་ཀྱི་འཁོར་ལོ་ཉམས་སུ་ལེན་པའི་རྣལ་འབྱོར་དམ་པ་རྣམས་ཀྱིས་རང་བྱུང་ཡེ་ཤེས་དོན་གྱི་དབྱིངས་ལས་ཉམས་རྟོགས་ཡེ་ཤེས་ཀྱི་ཆུ་འཛིན་འཁྲིག་ཅིང་ཤུགས་འབྱུང་རྡོ་རྗེའི་གླུ་དབྱངས་འབྲུག་ལྟར་


TR001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ལྡིར་བས་ཟབ་མོ་ཆོས་ཀྱི་བདུད་རྩིའི་ཆར་ཕབས་ནས་ཉམས་མྱོང་ལྷན་སྐྱེས་བདེ་ཆེན་གྱི་པད་ཚལ་རྒྱས་པར་བྱེད་པའི་མགུར་དབྱངས་ཀྱི་རིམ་པ་ལ། མགུར་གྱི་ངོ་བོ། ངེས་ཚིག དབྱེ་བ། དགོས་ཆེད། ཕན་ཡོན་དང་ལྔའི་སྒོ་ནས་གཏན་ལ་འབེབས་པར་བྱེད་དེ། དེ་ལ་ངོ་བོ་ནི། དོན་དམ་སྤྲོས་བྲལ་ཆོས་ཉིད་ཀློང་ནས་འགག་མེད་རང་གསལ་ཉམས་མྱོང་གི་མེ་ཏོག་འཁྲུངས་ཏེ། བདེ་སྟོང་ཡེ་ཤེས་ཀྱི་དྲི་བསུང་ཕྱོགས་བཅུར་འཕྲོ་ཞིང༌། རྩ་འདབས་འཁོར་ལོ་ལྔ་དང་ཁྱད་པར་མགྲིན་པ་རོ་འདུས་ཀྱི་འཁོར་ལོའི་ལྷུན་གྲུབ་རྩ་བའི་ཡི་གེ་རྣམས་རང་བྱུང་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བ་


TR001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས་གྲགས་སྟོང་འཛིན་མེད་ཀྱི་སྒྲ་དབྱངས་སུ་གྲགས་པ་ཞིག་ཡིན་ལ། ངེས་ཚིག་ནི། གཞན་གྱི་རྣ་བར་སྙན་ཅིང་རང་ཉིད་ཉམས་རྟོགས་སྤོར་བྱེད་ཀྱི་དབྱངས་སུ་མགུར་གྱི་བུམ་པ་ནས་བྱུང་ཕྱིར་མགུར་ཞེས་མིང་དུ་གྲགས་པ་ཡིན་ཞིང༌། དབྱེ་ན། རང་གཞན་གྱི་བློ་ཁ་ཆོས་ལ་བསྒྱུར་བ་སྐྱོ་ཤས་ངེས་འབྱུང་གི་དབྱངས་དང༌། ཐུགས་རྗེ་བྱིན་རླབས་གནད་ནས་བསྐུལ་བྱེད་གསོལ་འདེབས་གདུང་དབྱངས་ཀྱི་མགུར་དང༌། ཉམས་རྟོགས་ཡེ་ཤེས་གོང་འཕེལ་དུ་བྱེད་པ་གསལ་འདེབས་ཉམས་ཀྱི་དབྱངས་དང༌། ཉམས་ལེན་ཟབ་མོ་ལམ་དུ་ཁྱེར་ཕྱིར་བོགས་འདོན་སླབ་བྱ་སྙིང་གཏམ་གྱི་མགུར་དང༌། བར་ཆད་སེལ་ཞིང་ལེགས་ཚོགས་སྤེལ་བ་རྟེན་འབྲེལ་བཀྲ་ཤིས་སྨོན་ལམ་གྱི་དབྱངས་དང་ལྔར་འདུས་ལ། དགོས་ཆེད་ནི། ལེ་ལོ་ཅན་ཆོས་ལ་བསྐུལ་བ་དང༌། དད་པ་ཅན་དག་སྣང་འཆར། བརྩོན་འགྲུས་ཅན་ལེགས་ལམ་འཛུད། ཉམས་མྱོང་ཅན་ངེས་ཤེས་སྐྱེ། སྐྱོན་མཚང་


TR001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འགྱོད་པ་བསྐྱེད། རང་ཉིད་ཉམས་རྟོགས་འཕེལ། གཞན་དག་གི་དང་བ་འདྲེན་པ་ལ་སོགས་པའི་དགོས་ཆེད་བསམ་གྱིས་མི་ཁྱབ། ཕན་ཡོན་ནི། རང་གཞན་གྱི་དགེ་ཚོགས་འཕེལ། ཡུལ་གོང་མ་རྣམས་ལ་མཆོད་པའི་མཆོག་ཏུ་འགྱུར། མ་མཁའ་འགྲོ་རྣམས་མཉེས་ཤིང་ཚིམ། སྐྱེ་འགྲོ་ཕ་མའི་རང་བཞིན་གྱི་ཚོགས་ལའང་ཆོས་ཀྱི་སྦྱིན་པ་བླ་མེད་དུ་འགྱུར། རང་གཞན་ཐམས་ཅད་ཀྱི་རྒྱུད་ལ་བདེ་སྟོང་གི་ཡེ་ཤེས་རྩོལ་མེད་དུ་འཆར་བར་བྱེད་པའི་ཐབས་ཟབ་བླ་ན་མེད་པ་ཡིན་ཞིང༌། ཉན་ཐོས་ཀྱི་ཐེག་པའི་སྐབས་སུ་ནི་གླུ་དང་བྲོ་གར་ལ་སོགས་སྤོང་བར་གསུངས་ཀྱང༌། འདི་ལ་ཡང༌། འཇིག་རྟེན་གྱི་གླུ་གར་སྤོང་བར་གསུངས་པ་ཡིན་གྱི། ཆོས་ཀྱི་ནི་སྤང་བར་མ་གསུངས་ཏེ། འདུལ་བ་ལུང་ལས། ཆོས་ཀྱི་གླུ་འདི་མ་ཤེས་པར། དབེན་པའི་གནས་སུ་བསླབ་པར་བྱ། ཞེས་གསུངས་སོ། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཟབ་རྨད་དུ་བྱུང་བ་ཉམས་སུ་


TR001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པའི་རྣལ་འབྱོར་ལ་ནི་ཅིར་སྣང་དག་པ་རབ་འབྱམས་གང་ཤར་ཡེ་ཤེས་ཀྱི་རྣམ་རོལ་སྤོང་ལེན་དགག་བསྒྲུབ་དང་བྲལ་ཞིང་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་རང་བྱུང་རང་བབས་རང་རིག་གི་ངང་དུ་སྒོམ་མེད་ཡེངས་མེད་གནས་ལུགས་ཁྱབ་གདལ་གྱི་ཀློང་ནས་རྡོ་རྗེ་གླུའི་དཀོར་མཛོད་ཟབ་དོན་ཚིག་གི་ཕྲེང་བ་ཤུགས་འབྱུང་རྣམས་ཀྱི་རོལ་གར་མགུར་དབྱངས་རྣ་བའི་བདུད་རྩི་ལ་དབང་བ་ནི་འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་པ་ཁོ་ནའི་ཁྱད་ཆོས་ཡིན་པས། དེས་ན་ཡུལ་གོང་མར་གྱུར་པ་སྐྱབས་གནས་རྩ་རྒྱུད་བླ་མའི་ཚོགས་ཀྱིས་སྟེང་གི་ནམ་མཁར་ཐུགས་རྗེ་བྱིན་རླབས་ཀྱིས་སྤྲིན་བསྟིབས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ཀྱི་བར་སྣང་གང་ཞིང་མཐུ་སྟོབས་རྫུ་འཕྲུལ་གྱི་གློག་སྟོང་འཁྱུག དམ་ཚིག་མཐུན་པའི་མཆེད་ལྕམ་གྱི་ཚོགས་ཀྱི་ས་གཞི་གང་བས་ཉམས་རྟོགས་མོས་གུས་ཀྱི་མཚོ་ཆེན་བརྡོལ་བའི་གནས་འདིར། རྣལ་འབྱོར་


TR001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་གླུ་དབྱངས་ཀྱི་མཆོད་པ་ཕུལ་བ་ལ་ཐུགས་རྗེ་བརྩེ་བའི་དགོངས་པས་གཟིགས་ཤིང་མ་བཅོས་སྤྲོས་མེད་བདེ་ཆེན་ཡེ་ཤེས་ཆེན་པོའི་ངང་ནས་གསན་འཚལ། ༈ །ན་མོཿགུ་རུ་བྷྱཿ དཔལ་རྒྱལ་བ་ཀུན་ལས་ལྷག་པའི་རྗེ། །སྐྱབས་མེད་དྲན་ཆོག་བདག་གི་ཕ། །དུས་དེ་རིང་སྙིང་ལ་ལྷངས་ཀྱི་དྲན། །ཁྱེད་ཐུགས་རྗེས་བཟུང་དང་རྗེ་བཙུན་པ། ལུས་དལ་འབྱོར་རིན་ཆེན་ཐོབ་ན་ཡང༌། །ཕ་འདྲེན་མཆོག་ཁྱེད་དང་མ་ཕྲད་ན། །བདག་དལ་འབྱོར་དོན་མེད་དེའུ་སོང་བྱས། །ལས་ཅི་བྱེད་ཀུན་བྱིས་པའི་རྩེད་མོ་འདྲ། །རྗེ་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལས། །གཞི་འཆུགས་མེད་རྒྱལ་བསྟན་སྒོ་རུ་བཅུག །ལམ་བླ་མེད་སྨིན་གྲོལ་གྱི་བང་མཛོད་ཕོགས། །དོན་དབྱེར་མེད་རང་རིག་ལ་ཕྱག་འཛུབ་གཙུག །བདག་འདི་ཕྱིའི་བདེ་སྐྱིད་ལ་གཙན་ས་ཟིན། །གནད་མ་ནོར་ཟབ་ཁྲིད་ཀྱི་གདམས་


TR001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ངག་གི །གཞི་མ་བཅོས་ཀ་དག་གི་གནས་ལུགས་རྟོགས། །འཕྲལ་ཀུན་རྫོབ་འཁྲུལ་སྣང་གི་འཆར་སྒོ་ཀུན། །དོན་རང་རིག་རང་གསལ་གྱི་རོལ་པ་ལས། །ཐབས་དགག་སྒྲུབ་སྤོང་བསྒྱུར་ལ་རག་མ་ལུས། །གནད་གང་ཤར་རང་གྲོལ་གདམས་ངག་ཤེས། །བདག་དེ་ཕྱིར་གཏན་དོན་གྱི་མདུན་མ་འགྲུབ། །ཡར་སངས་རྒྱས་ཞིང་ཁམས་ཀྱི་བདེ་སྐྱིད་དང༌། །མར་འཁོར་བ་སྡུག་བསྔལ་གྱི་སྣང་ཚུལ་ཀུན། དོན་རང་རིག་སྤྲོས་བྲལ་གྱི་འཆར་སྒོ་ལ། །རྟོགས་མ་རྟོགས་ཁྱད་པར་གྱིས་ཕྱེས་པ་ཙམ། །དོན་དེ་ཕྱིར་ཕ་ཁྱེད་བཀའ་དྲིན་ལ། །ཚེ་བསྐལ་པའི་བར་དུ་འཁོར་ཐབས་མེད། །ལུས་ལོངས་སྤྱོད་གཏན་གྱི་འདུན་མ་ཀུན། །བློ་ལྟོས་མེད་མཆོད་པའི་མཎྜལ་དུ། །དུས་འདི་བཟུང་གཏན་དུ་འབུལ་ལགས་ན། །བདག་ཁམས་གསུམ་སེམས་ཅན་གྱི་ཚོགས་རྣམས་ཀུན། །རྗེ་ཁྱེད་ཀྱིས་གཡེལ་མེད་དུ་གཟིགས་ནས་ཀྱང༌། །ལམ་འགྱུར་


TR001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བྱང་ཆུབ་ལ་འགོད་དུ་གསོལ། བླ་མའི་བཀའ་དྲིན་དྲན་པའི་གླུའོ། ༈ །ཨེ་མ། ཕྱི་རོལ་སྣང་སྲིད་ཀྱི་དངོས་པོ་ལ་ཕར་བལྟས་པས། །སྣང་བ་ཀུན་རྨི་ལམ་སྒྱུ་མ་དང་འདྲ། །སྣ་ཚོགས་ཀུན་སྣང་ཡང་སྙིང་པོས་དབེན། །ཅིར་སྣང་ཀུན་རང་སེམས་ཀྱི་རོལ་པ་ཉིད། །འགགས་མེད་དུ་འཆར་བ་འདི་རང་རེ་སྤྲོ། ཨ་ལ་ལ། རང་བྱུང་ཡེ་ཤེས་རྟོགས་པའི་ངོ་མཚར་ལ། ཨ་ལ་ལ། མ་བཅོས་ཆོས་སྐུ་མཇལ་བའི་ཡ་མཚན་ལ། །ནང་གི་སེམས་ཉིད་ཀྱི་ངོ་བོ་ལ་ཚུར་བལྟས་པས། །རང་བཞིན་དུ་གསལ་ལ་ངོ་བོས་སྟོང༌། །ཡོད་མེད་དང་ཡིན་མིན་མཐའ་ལས་འདས། །རྟག་ཆད་ཀྱི་མཚན་མ་ཡེ་ནས་བྲལ། །སྐྱེ་མེད་དུ་གནས་པ་འདི་དང་རེ་སྤྲོ། ཨ་ལ་ལ། སྟོང་གསལ་འཛིན་མེད་རྟོགས་པའི་ངོ་མཚར་ལ། ཨ་ལ་ལ། སྐྱེ་མེད་རང་རིག་མཐོང་བའི་ཡ་མཚན་


TR001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྣམ་རྟོག་འགྱུ་དྲན་གྱི་རང་ངོ་ལ་ཅེར་བལྟས་པས། དྲན་རྟོག་ཀུན་ཆུ་དང་རྦ་རླབས་འདྲ། །རང་ཉིད་ལས་བྱུང་ཞིང་རང་སར་ཐིམ། །ངོ་ཤེས་ཙམ་ཉིད་ནས་རང་གྲོལ་བ། །སྤང་གཉེན་དང་བྲལ་བ་འདི་དག་རེ་སྤྲོ། ཨ་ལ་ལ། ཤར་གྲོལ་དུས་མཉམ་རྟོགས་པའི་ངོ་མཚར་ལ། ཨ་ལ་ལ། གང་ཤར་རང་གྲོལ་ཤེས་པའི་ཡ་མཚན་ལ། །མཚན་ལྡན་གྱི་བླ་མའི་ཐུགས་རྗེ་དང༌། །བདག་ཉིད་ཀྱི་དད་པའི་གདུང་ཤུགས་ཀྱི། །ཉམས་རྟོགས་ཀུན་དབྱར་གྱི་རྩི་ཐོག་བཞིན། །འཕེལ་རྒྱས་སུ་འགྱུར་བར་བྱིན་གྱིས་རློབས། ནང་སེམས་དབྱེར་མེད་ལ་སྤྲོ་བའི་གླུ། །རང་སེམས་ཀྱི་སངས་རྒྱས་འཇལ་བ་འདི། །མཚན་ལྡན་གྱི་བླ་མའི་བཀའ་དྲིན་ལགས། །དྲིན་ལན་དུ་ཅིར་སྣང་ཆོས་སྐུ་རུ། །ལྷུན་འགྲུབ་ཏུ་རྟོགས་པའི་མཎྜལ་འབུལ། །འགྲོ་དྲུག་གི་སེམས་ཅན་མཐའ་དག་ཀུན། །དྲིན་ཅན་གྱི་ཕ་མའི་རང་བཞིན་ཉིད། །དྲིན་ལན་དུ་ཐར་པའི་


TR001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་འདེབས། །ཕན་འདོགས་ཀྱི་མཆོག་དེ་ཅིས་ཀྱང་བྱེད། །སྐྱིད་འདོད་ཀྱི་ང་བདག་འགོང་པོ་འདི། །ཐར་ལམ་གྱི་གེགས་སུ་ལྷག་པར་ཆེ། །གེགས་སེལ་དུ་གང་བྱུང་ལམ་ཁྱེར་བས། །ཅིར་ཤར་ལ་སྒོམ་གྱི་གྲོགས་སུ་བྱེད། །བཟང་ངན་གྱི་རྟོག་ཚོགས་བསམ་ཡས་ལ། །དགག་སྒྲུབ་ཀྱི་བཅོས་མས་ཅི་ཞིག་བྱེད། །བར་ཆད་ཀྱི་རྩ་བ་གཅེས་འཛིན་ཡིན། །གཅེས་འཛིན་ནི་གདོས་བཅས་ལུས་ཀྱིས་ལན། །སྒྱུ་ལུས་འདི་ལྷ་འདྲེའི་ཚོགས་ལ་སྦྱིན། །བར་ཆད་ཀྱི་ཡུལ་གྱིས་དབེན་པ་ཞིག་བྱ། །སངས་རྒྱས་ཞེས་ཐོབ་དང་མ་ཐོབ་ཀྱི། །རེ་དོགས་འདི་འཁོར་བའི་གཏིང་རྡོ་ལགས། །མ་ཐོབ་ཀྱང་ཐོབ་འདོད་ཅིའི་ཕྱིར་བྱེད། །གཏན་འདུན་ཀུན་བླ་མའི་ཐུགས་རྗེ་ལས། །གང་ལ་ཡང་དགག་སྒྲུབ་


TR001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱའོ། །གདམས་པ་ངེས་ཤེས་བསྐྱེད་པའི་གླུའོ། ༈ །ཀྱེ་མ། སྔོན་ཚེ་རབས་མཐའ་མེད་ད་ལྟའི་བར། །བྱས་པ་ཀུན་རྨི་ལམ་སྒྱུ་མ་འདྲ། །རྨི་ལམ་སྙིང་པོས་དབེན་ཆོས་ལ་འབུངས། །དོན་དེ་ཕྱིར་དམ་པའི་ཆོས་ལ་འབོད། དུས་དོ་ནུབ་ཙམ་དུའང་མི་འཆི་བའི། །གདེང་བློ་གཏད་རྡུལ་ཙམ་འདུག་གམ་སོམས། །ནམ་འཆི་ཆ་མེད་ཡིན་ཆོས་ལ་འབུངས། །ཚེ་མི་རྟག་སོམས་ལ་ཆོས་ལ་འབོད། །སྟོང་འཁོར་ལོས་བསྒྱུར་བའི་མངའ་ཐང་ཡང༌། །རང་འཆི་བའི་ཚེ་ན་གཅིག་པུར་འགྲོ། །འཇིག་རྟེན་མིག་འཕྲུལ་འདྲའོ་ཆོས་ལ་འབུངས། །ཀུན་འདོར་བར་ངེས་སོ་ཆོས་ལ་འབོད། །ནོར་རྣམ་ཐོས་བུ་ཡི་ལོངས་སྤྱོད་ཀྱང༌། །དཔེ་སྦྲང་མས་བསགས་པའི་སྦྲང་རྩི་འདྲ། །འཆི་དུས་ཁྱེར་དབང་མེད་དོ་ཆོས་ལ་འབུངས། །རྡུལ་ཙམ་ཡང་མི་ཕན་ཆོས་ལ་འབོད། །རྗེ་མཚན་ལྡན་བླ་མ་བརྟེན་བྱས་ནས། །ཆོས་ཟབ་རྒུའི་


TR001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་མ་བླངས་ན། །ཅིས་ཀྱང་ཕན་པར་དཀའ་ཆོས་ལ་འབུངས། །ཚེ་ཕྱི་མ་སོམས་ལ་ཆོས་ལ་འབོད། །འཕྲལ་ལྟར་སྣང་རྣམ་རིག་བཀྲ་ན་ཡང༌། །སེམས་རིག་པའི་རང་མཚང་མ་རྟོགས་ན། །ཤེས་ལོས་ཕན་པ་མེད་དོ་ཆོས་ལ་འབུངས། །དོན་སྙིང་པོར་དྲིལ་ཅིག་སྐན་ལྡན་ཀུན། །ཆོས་ལ་བསྐུལ་བའི་གླུའོ། ༈ །ན་མོ་གུ་རུ། དག་སྣང་མོས་གུས་གཏིང་ནས་མ་བསྐྱེད་ན། །ཚིག་གིས་གསོལ་བ་བཏབ་ཀྱང་དགོས་རྒྱུ་ཆུང༌། །གདུང་ཤུགས་གུས་པ་ལྡན་པའི་རྣལ་འབྱོར་གྱིས། །ཅི་སྨྲས་གསོལ་འདེབས་དབྱངས་སུ་འགྱུར་བ་ལགས། །ཞེན་ལོག་ངེས་འབྱུང་སྙིང་ནས་མ་སྐྱེས་ན། །བྱ་བ་བཏང་ལོས་ཆོས་བརྒྱད་མགོ་མི་སྙོམ། །ཅིས་ཀྱང་དགོས་མེད་སེམས་ལ་ཤར་བ་ན། །སྣང་སྲིད་ཐམས་ཅད་རང་གི་མངའ་འབངས་ཉིད། །དོན་གྱི་སྙིང་པོ་རང་སེམས་མ་རྟོགས་ན། །ཐོས་པ་ཆེ་ཡང་ཚིག་གི་སྦུན་པ་ཙམ། །གཅིག་ཤེས་ཀུན་


TR001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་གནད་གསང་རིག་པའི་ཚེ། །རི་རྒྱལ་རྩེ་ནས་གླིང་བཞི་མཐོང་བ་འདྲ། །ཕུ་ཐག་སྒྲོ་འདོགས་སེམས་ལ་མ་ཆོད་ན། །བཤད་པའི་ཚིག་གིས་གནས་ལུགས་རྟོགས་པ་མིན། །སྒོམ་བྱུང་ཤེས་རབ་ནང་ནས་ཤར་བའི་ཚེ། །ཁ་བཤད་མཁན་རྣམས་ནེ་ཙོའི་འདོན་པ་འདྲ། །རྩེ་གཅིག་སྙིང་རུས་ཆོས་ལ་མ་བྱས་ན། །བྱས་ལོའི་ཆོས་ཀྱི་སངས་རྒྱས་འགྲུབ་པར་དཀའ། །ཚེ་དང་སྒྲུབ་པ་མཉམ་པའི་སྒོམ་ཆེན་ལ། །སངས་རྒྱས་གོ་འཕང་ལག་པའི་མཐིལ་ན་མཆིས། །རང་ཉིད་མི་བསྒོམ་གཞན་དོན་ལྟར་སྣང་འདི། །གཙུག་ལག་ཁང་གི་དཀོར་གཉེར་དམུས་ལོང་འདྲ། །སྒོམ་ཉམས་མཐར་ཕྱིན་དྲོད་རྟགས་ཐོབ་པའི་ཚེ། །རང་གཞན་དོན་ཀུན་ལྷུན་གྱིས་འགྲུབ་པ་ལགས། གང་ཤར་རང་བབས་ཀྱི་གླུའོ། ༈ །མི་ང་ཡི་བླ་མ་རྒྱལ་དབང་པདྨ། །དཀྱིལ་འཁོར་ཀུན་གཙོ་འཇའ་ཚོན་སྙིང་པོ། །དྲན་ཆོག་རྒྱལ་པོ་གཞན་ཕན་རྡོ་རྗེ། །དེང་འདིར་གསོལ་བ་འདེབས་སོ་ཐུགས་རྗེ་ཡིས་


TR001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དང༌། །ཡ་གི་མཐོ་ལ་ཡངས་པ་དགུང་སྔོན་གྱི་མཐོན་པོ། །སྣང་བྱེད་གསལ་ལ་འཚེར་བ་ཁྲི་གདུགས་ཀྱི་ཉི་ཟླ། །འོད་ཟེར་ཕྱོགས་བཅུར་འགྱེད་པས་གླིང་བཞིའི་མུན་སེལ། །འདི་ཡང་འགྲོ་བ་ཀུན་གྱི་བསོད་ནམས་ཀྱི་མཐུ་ལགས། །སེམས་ཉིད་གདོད་ནས་དག་པ་སྟོང་ཆེན་གྱི་ཀ་དག །དྭངས་གསལ་སྒྲིབ་གཡོགས་མེད་པ་ལྷུན་གྲུབ་ཀྱི་འོད་གསལ། །རིག་རྩལ་འགགས་མེདདུ་འཆར་བ་ཀུན་ཁྱབ་ཀྱི་རོལ་པ། །འདི་ཡང་སྐུ་གསུམ་དབྱེར་མེད་རང་ཆས་སུ་བཞུགས་ལགས། །རིས་མེད་ཡོངས་ལ་ཁྱབ་པ་མཁའ་དབྱིངས་ཀྱི་དཀྱིལ་འཁོར། །གཡུ་འབྲུག་ལྡིར་དབྱངས་སྒྲོག་པའི་ཆུ་འཛིན་གྱི་ཀློང་ལས། །བདུད་རྩིའི་ཆར་ཟིལ་འཕྲེང་བ་ཡང་ཡང་དུ་བབས་པས། །ལོ་འབྲས་འབྲུ་དྲུག་སྨིན་པ་སྐྱེ་འགྲོ་ཡི་དཔལ་ལགས། །དྲིན་ཅན་བླ་མའི་ཐུགས་རྗེ་ཕྱོགས་རིས་དང་བྲལ་ཡང༌། །གདུང་བས་གསོལ་འདེབས་ལ་བརྩེ་ཆེན་གྱིས་གཟིགས་


TR001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པས། སྨིན་གྲོལ་བདུད་རྩིའི་ཆར་རྒྱུན་འབད་མེད་དུ་འབེབས་ཚེ། །ཉམས་རྟོགས་མྱུ་གུ་འཁྲུངས་པ་བཀའ་དྲིན་གྱི་མཆོག་ལགས། །དཔལ་ལྡན་རྒྱལ་བའི་སྤྱི་གཟུགས་མཚན་ལྡན་གྱི་བླ་མ། །མོས་པས་གསོལ་བ་འདེབས་པའི་བུ་འབངས་ལ་གཟིགས་ནས། །འདི་བཟུང་བྱང་ཆུབ་བར་དུ་འབྲལ་མེད་ཀྱི་ཐུགས་རྗེས། །རྟག་ཏུ་གཡེལ་མེད་སྐྱོབ་ཅིང་བྱིན་གྱིས་རང་རློབས་ཤིག དཔེ་དོན་གྱི་གླུའོ། ༈ །དུས་གསུམ་རྒྱལ་བ་ཀུན་དང༌། །དབྱེར་མེད་རིགས་ཀྱི་བདག་པོ། །དྲིན་ཅན་རྗེ་བཙུན་མཆོག་ལ། །གུས་པས་སྤྱི་བོས་འདུད་དོ། །ཕ་ཁྱོད་དྲིན་ཅན་གྱིས་བསྐྱངས་པའི། །བུ་ངའི་ཉམས་ཀྱི་བདེ་གཞས། །ཆོས་ཀྱི་གླུ་དབྱངས་ཅོར་ཅོར། །


TR001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་པའི་མཆོད་པར་འབུལ་ལགས། །དེ་རིང་ཉམས་ཀྱི་འཆར་སྒོ། །བདེ་ཆེན་རང་སེམས་ལྟད་མོ། །སྣ་ཚོགས་མཐོང་བས་དགའ་བ། །སྐྱིད་པའི་བྲོ་བརྡུང་ལྡིར་ཡང༌། །ཨ་ཧོ་རིག་པའི་ཁྱེ་ཆུང༌། །རྩོད་ལྡན་བསྟན་ཞབས་སྐྱེས་ཀྱང༌། །ལམ་ཟབ་འཇུག་སྒོ་མ་ནོར། །བསམ་ཞིང་རང་སེམས་དགའ་བོ། །བསྟན་པའི་རྣམ་གྲངས་མང་ཀྱང༌། །རྩོད་མེད་སྙིང་པོའི་དོན་ལ། །ཡང་དག་ཐོས་བསམ་བསྒོམ་པས། །རང་དྲིན་རང་ལ་ཆེ་བྱུང༌། །ང་བཟང་བླ་མ་མང་ཡང༌། །རྒྱལ་བས་བྱིན་རླབས་ལུང་བསྟན། །སངས་རྒྱས་དངོས་དང་མཇལ་འདུག །འདིས་ཀྱང་བློ་སེམས་བདེའོ། །རིགས་རུས་བཟང་པོར་རློམ་པའི། །རང་གཞན་གཉིས་ཕུང་བསྒྲུབ་མཁན། །བླ་མའི་ཟོལ་དང་མ་ཕྲད། །འདིས་ཀྱང་སྣང་བ་སྐྱིད་འདུག །ཐོས་བསམ་བྱས་ཡུས་ཆེན་པོས། །མཁས་གྲངས་ལོ་འདོད་མ་བྱས། །གཏན་དོན་སྙིང་པོར་དྲིལ་ཤེས། །འདུན་མའི་རྩ་


TR001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལེགས་བྱུང༌། །མི་ཚེ་རྨི་ལམ་ཙམ་འདིར། །ཐ་སྙད་ཚིག་སྐམ་མ་བསླབ། །སྒྲུབ་ལ་ཚེ་མཇུག་དྲིལ་བས། །སྐྱིད་པའི་ཉི་མ་ཤར་བྱུང༌། །འཁོར་བའི་ཁྱིམ་ཐབས་སྤང་ཤིང༌། །ཟང་ཟིང་ནོར་ཕྱིར་མ་འབྲངས། །བྱ་བཏང་ཆོས་པའི་ཁྱུ་རུ། །ཞུགས་པས་བསམ་པ་འགྲུབ་བྱུང༌། །དཀོར་ནག་ལོག་འཚོའི་ཆེད་དུ། །མི་ཚེ་གྲོང་འཁྱམས་མ་བྱས། །དབེན་གནས་རི་ཁྲོད་བསྙེགས་པས། །བར་ཆད་བདུད་དང་བྲལ་སོང༌། །དྲིན་ཅན་བླ་མ་མ་གཏོགས། མི་ཆེན་ངོ་སྲུང་མ་བྱས། །མི་ཆོས་ཁྱུ་ནས་དོན་པས། །རང་དབང་རང་གིས་ཐོབ་འདུག །ལྷ་དང་བླ་མ་མཉེས་ཕྱིར། །དམ་ཚིག་ངོས་ལྐོག་མེད་པས། །མི་གཞན་སུ་མ་མགུ་ཡང༌། །འགྱོད་སེམས་སྐད་ཅིག་མེད་དོ། །སྡེ་རིས་ཕྱོགས་འཛིན་མེད་པས། །སྐྱབས་གནས་དཀོན་མཆོག་བླ་མ། །རྒྱབ་རྟེན་མཁའ་འགྲོ་ཆོས་སྲུང༌། །འབྲལ་མེད་ངེས་ཤེས་རྙེད་བྱུང༌། །ཁ་བཤད་ལོ་མས་དབེན་ཡང༌། གཞན་དོན་འབྲས་


TR001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལྡན་པས། །མི་ཚེ་སྟོང་ཟད་མ་བྱས། །ཅིས་ཀྱང་བློ་གྲོས་ལེགས་འདུག །བླ་མ་སངས་རྒྱས་དྲིན་གྱིས། །མུན་སྒོམ་འཐོམ་པོར་མ་ལུས། །རང་རིག་ཆོས་སྐུར་མཇལ་བས། །བྱང་ཆུབ་ལམ་སྣ་ཟིན་འདུག །ཞེན་འཛིན་འཇུར་མདུད་དམ་པོས། །རང་སེམས་རང་གི་མ་བཅིངས། །གང་ཤར་རང་གྲོལ་གནད་ཤེས། །བསམ་བཞིན་སྣང་བ་བདེ་འདུག །མི་ཚེའི་ལྷག་མ་གང་བྱུང༌། །དམ་པའི་ཆོས་ལས་གཞན་མིན། །འཇིག་རྟེན་བྱ་བ་སྤོང་ཞིང༌། །ཚེ་དང་སྒྲུབ་པ་མཉམ་ཤོག །གྲོས་ལེགས་འདུན་མ་ཤེས་པའི། །ཉམས་དབྱངས་ཆོས་ཀྱི་བྲོ་བརྡུང༌། །མཁའ་འགྲོ་དགྱེས་པའི་རོལ་མོར། །འབུལ་གྱི་བཀྲ་ཤིས་སྩོལ་ཅིག །འདི་ཡན་ཆད་ཉམས་གནས་ཆེན་ཆུ་བོ་གཡས་འཁྱིལ་གྱི་བླ་བྲང་ནོར་བུ་བརྩེགས་པའི་ཡང་དབེན་གྱི་མཚམས་དུ་སྨྲས་པའོ། ༈ །ན་མོ་གུ་རུ། རང་སེམས་རང་ངོ་ཤེས་པ་བླ་མ་ཡི་རྣལ་འབྱོར། །ཡེངས་མེད་དྲན་པས་སྐྱོང་བ་གསོལ་འདེབས་ཀྱི་དམ་པ།


TR001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

།བླ་མ་ཕྱི་ན་མི་བཞུགས་རང་རིག་དང་དབྱེར་མེད། །བླ་མའི་རྣལ་འབྱོར་བསྒོམ་ན་དེ་ལྟར་དུ་མཛོད་ཅིག །གསལ་སྟོང་ཟུང་འཇུག་རྟོགས་པ་ཡི་དམ་གྱི་སྙེན་སྒྲུབ། །བསྐྱེད་རྫོགས་གཉིས་མེད་ཤེས་པ་སྒོམ་སྒྲུབ་ཀྱི་མཆོག་གྱུར། །ཡི་དམ་ཕྱི་ན་མི་བཞུགས་རང་རིག་དང་དབྱེར་མེད། །མཆོག་མཐུན་དངོས་གྲུབ་བསྒྲུབ་ན་དེ་ལྟར་དུ་མཛོད་ཅིག །རིག་རྩལ་འགག་མེད་འཆར་བ་མཁའ་འགྲོ་ཡི་རང་བཞིན། །དགག་སྒྲུབ་རེ་དོགས་བྲལ་བ་ཕྲིན་ལས་ཀྱི་སྙིང་པོ། །མཁའ་འགྲོ་ཕྱི་ན་མི་བཞུགས་རང་རིག་དང་དབྱེར་མེད། །ལས་བཞི་ཐོགས་མེད་བསྒྲུབ་ན་དེ་ལྟར་དུ་མཛོད་ཅིག །གནས་ཆེན་དཔལ་རིའི་གངས་འདབས་རྒོད་ཚང་གི་ཡང་དབེན། །དཔའ་བོ་ཌཱཀྐི་འདུ་བའི་ཚོགས་ཁང་དུ་བླངས་པའི། །ཉམས་མྱོང་གདམས་པའི་གླུ་འདི་རང་སེམས་ཀྱི་དགའ་སྟོན། །བྱིན་རླབས་བཀའ་དྲིན་ཆར་ཆེན་དགའ་སྟོན་དུ་ཕོབ་ཅིག། ༈ ཨེ་མ། དལ་འབྱོར་གྱི་མི་ལུས་འདི་སངས་རྒྱས་བསྒྲུབ་པའི་རྟེན་


TR001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ལྡན་གྱི་བླ་མ་ནི་ཐར་པའི་ལམ་མཁན་གྱི་རབ། །གདམས་ངག་གི་བདུད་རྩི་འདི་ཡིད་བཞིན་ནོར་བུ་བས་ལྷག །ཕུན་སུམ་ཚོགས་དུས་འདིར་གཏན་འདུན་འགྲུབ་པ་ཅིག་མཛད་པར་ཞུ། །འཆི་བདག་གི་བདུད་པོ་འདི་དོག་ཁའི་གྲིབ་སོ་ལྟར་འོང༌། །བར་དོའི་འཕྲང་རིང་དེར་འགྱོད་ཀྱང་འཆི་བ་ལ་ཐུག །འཁོར་བའི་སྡུག་བསྔལ་ལ་བསམ་ན་ཆོས་མིན་ཕན་པ་མེད། །རང་དབང་ཡོད་དུས་འདིར་མི་འགྱོད་གྲབ་ཆུད་ཅིག་མཛད་པར་ཞུ། །བསླབ་ཤེས་ཀྱི་ཡོན་ཏན་ལ་མཐའ་རྒྱ་ཆོད་པ་ནི་དཀའ། །ཤེས་ཀྱང་རང་རྒྱུད་ཀྱི་ཐོག་ཏུ་ཁེལ་བ་ནི་དཀོན། །གཉིད་དང་རྣམ་གཡེང་གིས་མི་ཚེ་ཟད་ལུགས་ལ་བསམ་ནས། །དབེན་གནས་རི་ཁྲོད་དུ་ཚེ་མཇུག་དྲིལ་བ་གཅིག་མཛད་པར་ཞུ། །ལས་སྒྲིབ་བག་ཆགས་འདི་ཐོག་མེད་ནས་ངན་གོམས་ཆེ། །རྣམ་རྟོག་འཁྲུལ་འཁོར་འདི་ཤུགས་དྲག་གི་འགྱུར་ལྡོག་མང༌། །ཡེངས་མེད་དྲན་རིག་གི་བྱ་ར་


TR001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་བྲལ་བའི་ངང༌། །མཉམ་རྗེས་དབྱེར་མེད་ཀྱི་ཀློང་དུ་གྱུར་པ་གཅིག་མཛད་པར་ཞུ། །བླ་མ་མཆེད་གྲོགས་ལ་མོས་གུས་དག་སྣང་གིས་བསྟེན། །ཕ་མ་སེམས་ཅན་ལ་སྙིང་རྗེ་བྱང་སེམས་ཀྱིས་སྐྱོངས། གསལ་སྟོང་ཟུང་འཇུག་གི་ཉམས་ལེན་ཡེངས་མེད་དུ་འབོད། །སྙིང་གཏམ་གདམས་ངག་འདི་ཐུགས་ལ་གཞག་པ་ཞིག་མཛད་པར་ཞུ། ༈ །ན་མཿཤྲཱི་གུ་ར་ཝེ། བླ་མ་ཡིད་བཞིན་གྱི་ནོར་བུ་དུས་གསུམ་གྱི་སངས་རྒྱས། །གང་གི་ཐུགས་རྗེ་ཡི་དྲིན་ལས་རང་སེམས་ཀྱི་གནས་ལུགས། །མི་རྟོག་རང་རིག་གི་ཡེ་ཤེས་དོན་དམ་གྱི་མཆོད་པ། །དཔལ་ལྡན་བླ་མའི་ཐུགས་ལ་བརྟན་བཞུགས་སུ་གསོལ་ལོ། །འགག་མེད་རང་བཞིན་གྱི་འོད་གསལ་སྣང་སྟོང་དུ་འཆར་བའི། །ཞལ་ཕྱག་མཚན་མ་ལས་འདས་པའི་སྒྱུ་འཕྲུལ་གྱི་ལྷ་སྐུ། །ཡང་དག་དོན་མཆོག་གི་སྐྱེད་རིམ་སྤྲོ་བསྡུ་དང་བྲལ་འདི། །དཔལ་ལྡན་བླ་མའི་གསུང་ལ་བརྟན་བཞུགས་སུ་འབུལ་ལོ། །སྣ་ཚོགས་སྣང་ཡུལ་དུ་གྱུར་


TR001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚོགས་དྲུག་གི་ལོངས་སྤྱོད། །གང་ཤར་ཞེན་འཛིན་གྱིས་བསླད་མིན་རིག་རྩལ་གྱི་རྣམ་རོལ། །དགག་སྒྲུབ་སྤོང་ལེན་དང་བྲལ་བའི་རང་གྲོལ་གྱི་མཎྜལ། །དཔལ་ལྡན་བླ་མའི་སྐུ་ལ་བརྟན་བཞུགས་སུ་འབུལ་ལོ། །འཇིག་རྟེན་སྒྱུ་མའི་འཁྲུལ་འཁོར་རྨི་ལམ་གྱི་རྒྱལ་སྲིད། །བདེན་འཛིན་ཨ་འཐས་ཀྱི་བག་ཆགས་གཞི་མེད་དུ་གྲོལ་ནས། །དབེན་གནས་རི་ཁྲོད་ཀྱི་ཕྱོགས་སུ་བྱ་བཏང་གི་བརྟུལ་ཞུགས། །གཏན་འདུན་བྱང་ཆུབ་ཀྱི་གོ་འཕང་དངོས་གྲུབ་ཏུ་སྩོལ་དང༌། །སྐུ་དྲིན་འཁོར་མེད་ཀྱི་རྗེ་བཙུན་སངས་རྒྱས་ཀྱི་སྤྱི་གཟུགས། །བདག་སོགས་མཁའ་མཉམ་གྱི་གདུལ་བྱར་བརྩེ་ཆེན་གྱིས་གཟིགས་པས། །བསྐལ་བརྒྱར་ཞབས་པད་ཀྱི་ནོར་བུ་གཡོ་མེད་དུ་བརྟན་ཞིང༌། །དམ་ཆོས་དགེ་ལེགས་ཀྱི་ཆར་ཆེན་རྒྱུན་ལྡན་དུ་ཕོབས་ཤིག ༈ ན་མོ་གུ་རུ། རྗེ་འགྲོ་བ་འདྲེན་པའི་ཐུགས་རྗེ་ཅན། །སྐྱབས་སངས་རྒྱས་ཀུན་དངོས་ལྷ་ཡི་ལྷ། །ཕ་དྲན་


TR001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་རྒྱལ་པོ་བླ་མ་ཡི། །ཞབས་རྩིབས་སྟོང་འབར་བ་སྤྱི་བོར་བཀོད། །ལུས་ལོངས་སྤྱོད་སྣང་སྲིད་སྣོད་བཅུད་དང༌། །ཉམས་རྟོགས་པའི་མཎྜལ་འབུལ་ལགས་ན། །ཕ་མཁྱེན་བརྩེའི་གཏེར་མཛོད་སྒོ་ཕྱེས་ལ། །བུ་སྙིང་རྗེའི་ཡུལ་གྱུར་བསྐྱབ་ཏུ་གསོལ། །རྗེ་བླ་མའི་རྣམ་འཕྲུལ་གར་གྱི་རོལ། །ལྷ་ཡི་དམ་དཔའ་བོ་མཁའ་འགྲོ་ཚོགས། །རྩལ་མཐུ་སྟོབས་མངའ་བདག་དམ་ཅན་རྣམས། །དེང་རྣལ་འབྱོར་བྱང་ཆུབ་གདོང་གྲོགས་ཞུ། །ཁྱེད་འདིར་ཚོགས་དད་ལྡན་ལྷ་མི་ཀུན། །ཡིད་རྣམ་ཤེས་དབང་པོ་བག་ཕབ་ནས། །སྙན་མ་ཡེངས་ངོ་མཚར་གླུ་ལ་གསོན། །དོན་མ་ནོར་དགོངས་པའི་རྒྱ་མཚོར་བསྟིམ། །དེ་ཡན་ཆད་རྟེན་འབྲེལ་བྱིན་རླབས་གླུ། །ད་སྐབས་དོན་གླུ་ཡི་སྙིང་པོ་ནི། །ཡོངས་གླིང་བཞིའི་མཆོག་གྱུར་འཛམ་བུའི་གླིང༌། །ཆོས་སངས་རྒྱས་བསྟན་པ་དར་བའི་ས། །དགོས་རྒྱལ་བས་ལུང་བསྟན་སྔགས་ཀྱི་ཞིང༌། །ལྗོངས་བྱང་ཕྱོགས་ཁ་བ་ཅན་གྱི་ཤར། །གོང་


TR001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་ཚིང་ནགས་ཁྲོད་ལྷོ་མོན་མཚམས། །ཆུ་རབ་འཇིགས་རྦ་ཀློང་འཁྲུག་པའི་ངོགས། །ཡུལ་ཀུན་ལས་མཐར་ཐུག་སྦས་པའི་ཞིང༌། །རྗེ་རྒྱལ་མཆོག་པདྨས་བྱིན་རླབས་པས། །མཆོག་ཚེ་འདིར་ཐོབ་པའི་གནས་མཆོག་ན། །གངས་ཟུར་གསུམ་དགུང་ལ་མངོན་འཕགས་ཤིང༌། །རི་ཀུན་ལས་མཐོ་ལྷུན་བརྗིད་ཆགས་པར། །ལྷ་རང་བྱུང་གཟིགས་སྣང་མཐའ་ཡས་ཤིང༌། །མ་མཁའ་འགྲོ་སྤྲིན་ལྟར་འཐིབ་པ་དེར། །གནས་རྒྱལ་ལ་དཔལ་རི་མི་ཟེར་རོ། །གནམ་བཻ་ཌཱུར་འཁོར་ལོ་འབར་བ་ལས། །ཆར་མུ་ཏིག་འཕྲེང་བ་ཆལ་མ་ཆིལ། །བར་འཇའ་འོད་གུར་ཁྱིམ་རྟགས་བརྒྱད་རིས། །དུས་རྒྱུན་ལྡན་མཆོད་སྤྲིན་ཐིབས་སེ་ཐིབས། །གངས་རབ་དཀར་ཤེལ་གྱི་མཆོད་རྟེན་ཆེ། །དཔལ་འཁོར་ལོ་སྡོམ་པའི་སྐུ་རུ་བཞུགས། །ཆུ་གསེར་ལྡན་གཡས་ནས་འཁྱིལ་བ་ཡིས། །མཆོག་ཐུན་མོང་དངོས་གྲུབ་རྒྱུན་མི་ཆད། །ཤིན་ལྗོན་པ་མྱ་


TR001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མེད་པའི་ཚོགས། །ལྷ་ལྷ་མོའི་གར་སྟབས་ཕྱག་རྒྱ་བསྒྱུར། །རྩི་མེ་ཏོག་སྣ་ཚོགས་རབ་བཀྲ་བས། །ཡིད་འཕྲོག་པའི་མཆོད་རྫས་ཐང་མར་བརྡལ། །བྱ་རི་དྭགས་སྙན་པའི་གླུ་གར་གྱིས། །སྒྲ་རོལ་མོའི་བྱེ་བྲག་རྨད་དུ་བྱུང༌། །རི་ཐབས་ཤེས་ཕྱག་རྒྱ་བསྣོལ་བའི་དབུས། །ཡུལ་གྲོང་བརྡལ་སྐྱིད་པའི་མཚོ་མོ་བརྡོལ། །འབྲས་འབྲུ་དྲུག་དུས་སུ་སྨིན་པའི་བཅུད། །གསེར་གཞོང་མར་ཁུས་བཀང་བ་བཞིན། །ཕྱུགས་འབྲི་གཡག་དགའ་བའི་རོལ་རྩེད་འཕྱོ། །ནོར་འདོད་དགུའི་གཏེར་ཁ་ངང་གིས་ཕྱེས། །ས་དེ་ལས་སྙིང་པོར་གྱུར་པ་ཡི། །ཞིང་ངོ་མཚར་པདྨོ་བཀོད་པའི་འཁྱམས། །རྗེ་རྒྱལ་བ་རིག་འཛིན་མཚར་དངར་བས། །ལམ་བླ་མེད་བྱང་ཆུབ་བརྙེས་པའི་ས། །གནས་ཡང་དབེན་དཔལ་གྱི་རྒོད་ཚང་ཕུག །ཉམས་མི་རྟོག་རང་ཤུགས་འཁྲུངས་པའི་ས། །བྲག་རིན་ཆེན་བ་གམ་བརྩེགས་པའི་སྤོར། །བློ་བདེ་བའི་རྣལ་འབྱོར་ཉམས་དབྱངས་ཚེར། །ལྷ་མ་སྲིན་


TR001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སུམ་འདུ་བ་ཡིས། །སྒོམ་ཡེངས་མེད་དྲན་རིག་སྐུལ་མ་བྱེད། །མ་ཌཱཀྐིའི་ཚོགས་འཁོར་དགའ་སྟོན་གྱི། །ཆོས་རྩེ་གཅིག་བསྒྲུབ་ལ་དངོས་སྒྲུབ་སྟེར། །མིའི་རྒྱུ་འགྲུལ་ངང་གིས་དབེན་པ་ཡིས། །ཚེ་འདི་སྣང་གཡེང་བའི་དགྲ་དང་བྲལ། དོན་སྙིང་པོ་དམ་ཆོས་ལྷུར་ལེན་ན། །གེགས་བར་ཆད་གཏན་བྲལ་དགོས་འདོད་འབྱུང༌། །གནས་གཞན་ལས་རྨད་བྱུང་ཁྱད་པར་ཅན། །འདིར་སློབ་རྣམས་སྔོན་བསགས་ལས་འཕྲོ་བཟང༌། །བློ་ཆོས་ལ་གཏོད་པའི་སྐལ་ལྡན་ཀུན། །ཡིད་བསམ་དོན་འགྲུབ་པོ་ཨ་ལ་ལ། །དེ་ཡན་ཆད་གནས་ཆེན་ངོ་མཚར་གླུ། །དུས་གཉན་པོ་ཚེས་བཅུའི་དགའ་སྟོན་ལགས། །ད་སྙིང་གཏམ་དོན་གྱི་གདམས་ངག་བཤད། །སྔོན་འཁོར་བ་ཐོག་མེད་ད་ལྟའི་བར། །ལས་ཉོན་མོངས་འཁྲུལ་འབྱམས་འཁོར་བར་འཁྱམས། །ད་གཏན་དོན་གཅིག་བསྒྲུབ་ལ་ཤིན་ཏུ་རན། །དེ་རན་པར་མ་ཟད་ཕྱིས་པ་ཙམ། །ཚེ་སྤྲིན་བར་གྱི་ཉི་ཤུར་ཡུད་


TR001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་འདིར། །གཉིད་རྣམ་གཡེང་ལྟོ་གོས་ཀྱི་རྩོལ་སྒྲུབ་དང༌། །ལས་དོན་མེད་ལ་མི་ཚེ་འདས་པ་འདི། །སྔར་ཕན་ཆད་སོང་བ་ཆུད་ཟོས་ཡིན། །ད་རང་དོན་ཡང་དག་བསྒྲུབ་པར་འཚལ། །ཚེ་ངེས་མེད་ནམ་མཁའི་ན་བུན་ཡལ། །ལུས་མི་རྟག་འབྱུང་འདུས་ཁང་རུལ་འགྱེལ། །སེམས་བར་དོའི་འཕྲང་ལ་འགྲིམ་དུས་སུ། །གདེང་བློ་གཏད་ཅི་ཞིག་གང་ལ་བྱེད། །དུས་ད་ལྟ་རང་དབང་ཡོད་དུས་འདིར། །ལམ་ཡར་མར་སོ་མཚམས་མི་བྱེད་ན། །སེམས་རྣམ་རིག་བཀྲ་ཡང་དབང་པོ་ཚང༌། །གོས་ངུར་སྨྲིག་གྱོན་པའི་དགོས་ཆེད་ཅི། །ཆོས་སྙིང་པོའི་བསྟན་དང་མཇལ་དུས་སུ། །ཞག་ལོ་ཟླ་གཡེང་བའི་དབང་དུ་བཏང༌། །ནམ་ཤི་དུས་ཁ་ཆེམས་འཇོག་པ་ཀུན། །དོན་འགྲུབ་པར་གདའ་འམ་ཤེས་ལྡན་རྣམས། །ཕྱི་ལྟར་སྣང་མཛེས་མཛེས་འདྲ་བའི་ཆོས། །དེ་ཤེས་ཤེས་མང་ཡང་དགོས་དུས་བསླུ། །གནད་ཟབ་མོ་ཚེ་གཅིག་བྱང་ཆུབ་ལམ། །ཐབས་བླ་མའི་གདམས་ངག་བསྒོམ་པར་འཚལ། །


TR001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མ་བཅོས་རང་བྱུང་ཡེ་ཤེས་དོན། །གནད་སྒོམ་ཡེངས་ལས་འདས་གསལ་སྟོང་ཟུང༌། །གཤིས་དབྱེར་མེད་རྩལ་མདངས་གང་ཤར་ཀུན། དོན་ཆོས་སྐུར་ལམ་ཁྱེར་གནད་དུ་ཆེ། །ཚིག་བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྒོ། །འགག་བླ་མའི་གདམས་ངག་ཚིག་གསུམ་འདུས། །ཐབས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི །འབྲས་རང་གཞན་དོན་མཆོག་འགྲུབ་པར་མཛོད། །དེ་ཡན་ཆད་གདམས་ངག་ཟབ་མོའི་གླུ། །གནས་འདིར་ཚོགས་མི་དང་མི་མ་ཡིན། ལྷ་ག་གནས་བདག་ཞིང་སྐྱོང་མཁའ་འགྲོའི་ཚོགས། །ཆོས་གླུ་རུ་བླངས་འདིས་གྲོལ་བར་སྨོན། །སླར་འདིར་བཞུགས་ཆོས་མཛད་སྐྱེས་བུ་སོགས། །ཡོངས་རྒྱལ་བའི་བསྟན་དང་བསྟན་འཛིན་ཀུན། །མཆོག་མཐུན་མོང་དོན་གཉིས་མཐར་ཕྱིན་ཞིང༌། །ཡུལ་སྐྱེ་འགྲོ་བེད་ལེགས་ཀུན་འབྱུང་ཤོག །གླུ་ངོ་མཚར་ཚིག་དོན་ཟབ་མོའི་འཕྲེང༌། །མ་མཁའ་འགྲོ་མཉེས་པའི་རོལ་མོ་དང༌། །ཁྱེད་འདིར་


TR001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སྐལ་ལྡན་མཉེས་ཕྱིར་བླངས། །དུས་རྟག་ཏུ་བཀྲ་ཤིས་ཆོས་འཕེལ་ཤོག། ཅེས་པ་འདི་དང་ལེ་ཚན་གོང་འོག་རྣམས་ནི། གནས་ཆེན་དཔལ་རི་གངས་ཀྱི་འདབས་ཞོལ་རྒོད་ཚང་དཔལ་གྱི་ཡང་དབེན་དུ་ཕྱི་ནང་གི་དཔའ་བོ་དང་རྣལ་འབྱོར་མའི་འདུ་བ་ཆེར་སྤྱོད་པའི་དུས་སུ་བླངས་པའི་སྐོར་རོ། ༈ །ཨེ་མ། གཞི་ཁྱབ་གདལ་སྟོང་ཉིད་ཕྱོགས་རིས་བྲལ། །ཆོས་འདུས་མ་བྱས་པ་རང་གི་ཀློང༌། །གཤིས་ཡེ་གྲོལ་ཆེན་པོའི་གནས་ལུགས་ལས། །བློ་བཟོ་བཅོས་མེད་པར་ཕྱམ་མེ་འདི། །རྗེ་ཆོས་ཀྱི་སྐུ་ལ་མཆོད་པར་འབུལ། །གདངས་འགགས་མེད་རང་གསལ་རིག་པའི་སྒོ། །ལམ་སྐྱེད་རྫོགས་དབྱེར་མེད་ཡེ་ཤེས་སྐུ། །དབྱིབས་ཁ་དོག་མཚན་མའི་སྤྲོས་དང་བྲལ། །དོན་རང་རིག་རང་གསལ་ཧྲིག་གེ་འདི། །རྗེ་ལོངས་སྤྱོད་རྫོགས་སྐུར་མཆོད་པ་འབུལ། །རྩལ་མ་འགགས་རོལ་མོའི་ཆོ་འཕྲུལ་དུ། །ཡུལ་སྣང་བ་སྣ་ཚོགས་ཅིར་ཤར་བ། །ཀུན་རིག་རྩལ་ཆོས་ཉིད་ཀློང་གྲོལ་བས། །ཡིད་ཞེན་འཛིན་མེད་པར་ཁྲོལ་ལེ་འདི། །རྗེ་སྤྲུལ་པའི་སྐུ་ལ་


TR001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པར་འབུལ། །ཆོས་ལྟ་སྒོམ་སྤྱོད་འབྲས་ཀྱི་ཐ་སྙད་ཀུན། །སེམས་རང་བབས་གནས་ལུགས་སུ་རོ་གཅིག་ཐིམ། །ཉམས་བདེ་གསལ་མི་རྟོག་གི་དཀྱིལ་འཁོར་དུ། །རྗེ་དོན་དམ་བླ་མ་དང་འདུ་འབྲལ་མེད། །མཆོག་སྲིད་ཞི་གཏན་སྒྲོལ་གྱི་དངོས་གྲུབ་ཞུའོ། ༈ །ཨེ་མ་ཧོཿ ངོ་མཚར་འདོད་འབྱུང་གི་དབང་རྒྱལ། །སྲིད་ཞིའི་གདུང་སེལ་གྱི་ནོར་བུ། །སྐྱབས་གནས་བླ་མེད་ཀྱི་ཞབས་པད། །འབྲལ་མེད་གཙུག་རྒྱན་དུ་མཆོད་ནས། །དུས་བཟང་དགེ་ལེགས་ཀྱི་ཁྲི་གདུགས། །དངོས་གྲུབ་ཚོགས་འཁོར་གྱི་མཆོད་གྲལ། །རྟེན་འབྲེལ་སྨོན་ལམ་གྱིས་འཛོམ་དུས། །དགའ་སྟོན་ཆོས་དབྱངས་འདི་བླངས་སོ། ཡ་གི་གུང་སྔོན་གྱི་དབྱིངས་ནས། །ལྷ་དབང་ཀླུ་རྒྱལ་གྱི་མཐུ་སྟོབས། །སྦྲང་ཆར་ཟིམ་བུའི་རྒྱུན་བབས་ཚེ། །འབྲུ་དྲུག་འཕེལ་བ་འདི་ཡ་མཚན། །རྔ་ཡབ་དཔལ་རི་ཡི་ཞིང་ཁམས། །པད་འབྱུང་བྱིན་རླབས་ཀྱི་ཕྲིན་ལས། །སྐལ་ལྡན་གདུལ་བྱ་རྣམས་སྨིན་མཛད། །


TR001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཅག་རྗེས་འཇུག་གི་དཔལ་ལགས། །མ་གི་ཟབ་ཡངས་ཀྱི་རྒྱ་མཚོར། །དགོས་འདོད་ཀུན་འབྱུང་གི་ནོར་བུ། །དེད་དཔོན་བརྩོན་ལྡན་གྱིས་བླངས་ནས། །སྐྱེ་འགྲོའི་དབུལ་སེལ་འདི་ངོ་མཚར། །གསུང་རབ་ཟབ་མཛོད་ཀྱི་སྙིང་ཁུ། །མཚན་ལྡན་བླ་མ་ཡི་དྲིན་ལས། །འཆུགས་མེད་ལམ་བཟང་ལ་ཚུད་འདི། །བསམ་ན་བཀའ་དྲིན་དུ་ཆེ་འདུག །འཇིག་རྟེན་ཆོས་བརྒྱད་ཀྱི་འདམ་ལས། །རྒྱང་བྲོས་བྱ་བཏང་གི་བརྟུལ་ཤུགས། །དབེན་གནས་རི་ཁྲོད་ཕྱོགས་བསྙེགས་པས། །གཏན་གྱི་མདུན་གྲོས་ལེགས་བྱུང༌། །ནམ་ཡང་དོན་མེད་ཀྱི་ལས་ལ། །མ་ཞེན་གྲུབ་ཐོབ་ཀྱི་རྗེས་ཟིན། །དོན་གཉིས་འབད་མེད་དུ་འགྲུབ་པའི། །བཀྲ་ཤིས་གོང་འཕེལ་དུ་སྩོལ་ཞིག། ༈ རྗེ་བླ་མ་སངས་རྒྱས་དངོས་དང་མཇལ། །སྐྱབས་རེ་ས་མ་ནོར་བློ་རེ་བདེ། །གནས་གར་འདུག་རྒྱལ་བའི་ཞིང་ཁམས་ཉིད། །ཡུལ་བདག་བཟུང་མ་དགོས་བློ་རེ་བདེ། །ལས་ཅི་བྱེད་བླ་མའི་ཞབས་ཏོག་བསྒྲུབ། །ཚེ་སྟོང་ཟད་མ་གྱུར་བློ་རེ་བདེ། །


TR001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཟབ་མོ་ཐེག་པའི་ཡང་རྩེར་ཞུགས། །ཆོས་གཞན་ལ་མི་སྨོན་བློ་རེ་བདེ། །གཏན་འདུན་མ་དམ་པའི་ཆོས་ལ་དྲིལ། །ཡིད་འགྱོད་མེད་ཁོང་ཆུད་བློ་རེ་བདེ། །བློ་བདེ་བ་ལྔ་ཡི་གྲེ་ཆུང་གི །དབྱངས་མཆོད་པར་འབུལ་ལོ་དངོས་གྲུབ་སྩོལ། ༈ །གཞི་གདོད་ནས་དག་པའི་ཡེ་ཤེས་ལ། །འཕྲལ་འཁྲུལ་རྟོག་གི་དྲི་མས་མ་བསླད་པར། །ལྟ་བ་མིང་དུ་བཏགས་མོད་རིག་པའི་གཤིས། །ཆོས་སྐུའི་ངོ་བོ་ཉིད་དུ་བླ་མས་གསུངས། །ལམ་ཟབ་རྒུའི་གནད་ཀུན་གཅིག་པའི་དོན། །སེམས་གང་ཤར་བཟོ་མེད་སྐྱོང་བ་ལ། །སྒོམ་པའི་མིང་དུ་བཏགས་ཀྱང་དམིགས་གཏད་བྲལ། །བཅོས་མའི་འཇུར་མདུད་འཁྲོལ་ན་དེ་ཉིད་རང༌། །ལས་འདུ་བྱེད་སྤྱོད་ལམ་ཀུན་ཏུ་ཡང༌། །བློ་ཨ་འཐས་ཀྱི་ཞེན་འཛིན་མ་ཞུགས་ན། །སྤྱོད་པའི་མིང་དུ་བཏགས་ནའང་སྒྱུ་མའི་འཕྲུལ། །བྱ་བྱེད་ལས་གསུམ་རིག་པའི་རོལ་པ་ཉིད། །ཆོས་ལྟ་སྒོམ་སྤྱོད་གསུམ་རོ་གཅིག་པའི། །


TR001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མངོན་གྱུར་འབྲས་བུ་བརྗོད་པ་གང༌། །ཐོབ་ཤོར་རེ་དོགས་མཚན་མས་བཅིངས་མིན་པའི། །ཡང་དག་དོན་གྱི་སངས་རྒྱས་འགྲུབ་བྱིན་རློབས། ཅེས་རང་གི་གཅུང་པོ་སུ་དྷརྨ་ཏིའི་ངོར་བླངས་པ་དགེའོ། །ན་མོ་གུ་རུ། མཐའ་བྲལ་ཀ་དག་གི་ནམ་མཁའ་ལ། །འགགས་མེད་གསལ་རིག་སྤྲིན་ཆེན་འཁྲིགས། །སྨོན་ལམ་ཐུགས་རྗེའི་གློག་སྟོང་འཁྱུག །བདེན་ཚིག་གི་འབྲུག་སྒྲ་ལྡིར་བ་ལས། །ཕན་བདེའི་ཆར་ཆེན་དབབ་ཏུ་གསོལ། །ཕྱོགས་བྲལ་ལྟ་བའི་ནམ་མཁའ་ལ། ཡེངས་མེད་སྒོམ་པའི་སྤྲིན་ཆེན་འཁྲིགས། །འཛིན་མེད་སྤྱོད་པའི་གློག་སྟོང་འཁྱུགས། །རང་གྲོལ་གྱི་འབྲུག་སྒྲ་ལྡིར་བ་ལས། །ཉམས་རྟོགས་ཀྱི་ཆར་ཆེན་དབབ་ཏུ་གསོལ། །སྐྱེ་འགྲོ་བསོད་ནམས་ཀྱི་ཞིང་ས་རུ། །སྐྱབས་གནས་བྱིན་རླབས་ཆར་ཆེན་ཕབ། །དངོས་གྲུབ་དགེ་ལེགས་ཀྱི་མྱུ་གུ་འཁྲུངས། །སྨིན་གྲོལ་བྱང་ཆུབ་ཀྱི་འབྲས་བུ་སྨིན། །སྐུ་གསུམ་ལྷུན་གྲུབ་ཏུ་འབྱུང་བར་ཤོག། ཅེས་བྱིན་


TR001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཆར་འབེབས་ཀྱི་གླུ་འདི་ཉིད། ཡུལ་ཁམས་རྣམས་སུ་ཐན་པ་ཆེན་པོ་བྱུང་བའི་ཚེ་ཆར་དབབ་པའི་སླད་དུ་བླངས་པས་དངོས་གྲུབ་ཡ་མཚན་གྱི་རྟགས་མངོན་པར་གསལ་བར་གྱུར་པའོ། ༈ །རྗེ་ཁམས་གསུམ་ཡོངས་ན་ཟླ་བྲལ་བ། །ངོ་མཚར་པདྨའི་ལྷུམས་ཉིད་ལས། །རང་བྱུང་སྤྲུལ་པས་འགྲོ་བ་འདུལ། །མཚོ་སྐྱེས་རྡོ་རྗེའི་ཞབས་པད་ལ། །བུ་མོས་གུས་གདུང་བས་རབ་བཏུད་ཅིང༌། །ལན་བརྒྱར་ཕྱག་འཚལ་གསོལ་འདེབས་ཀྱིས། །དམིགས་མེད་བརྩེ་ཆེན་ཐུགས་རྗེ་ཡིས། །རྟག་པར་གཟིགས་ཤིང་བྱིན་གྱིས་རློབས། །ཁྱེད་སྐལ་ལྡན་སྐྱེས་མཆོག་རྣལ་འབྱོར་པ། །ཆོས་སྙིང་པོའི་དོན་ལ་བརྩོན་མཛད་པའི། །ཤཱཀྱའི་མཚན་ཅན་རིགས་ཀྱི་བུ། །སྙན་ལེགས་པར་གསོན་དང་ཨེ་མ་ཧོ། །སྤྱིར་འདུས་བྱས་སྒྱུ་མའི་རང་མཚང་དང༌། །དགོས་བསྐལ་པ་སྙིགས་མའི་རྣམ་འགྱུར་སོགས། །ཚུལ་ཅི་ལ་བསམ་ཞིང་བལྟས་ན་ཡང༌། །ཡིད་སྐྱོ་ནས་སྙིང་རླུང་ཁོང་ནས་ལྡང༌། །ཆོས་འདུལ་


TR001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་དགེ་སྦྱོང་ལ་ཕར་བལྟས་ཚེ། །འཕྲལ་ཚུལ་འཆོས་ངོས་ལྐོག་གི་ན་བུན་ཐིབས། །ནང་གསང་སྔགས་པ་ལ་ཕར་བལྟས་ན། །ལྟ་སྤྱོད་ཡ་བྲལ་གྱི་རྦ་ཀློང་འཁྲུག །སྒོམ་རྣལ་འབྱོར་སྤྱོད་ལ་བལྟས་ན་ཡང༌། །ཆོས་དང་གང་ཟག་སོ་སོར་འཐོར། །གཞན་འདྲེན་བྱེད་ཀྱི་བླ་གཟུགས་ལ་བལྟས་པའི་ཚེ། །རང་ལས་ཉོན་འཁྲུལ་པའི་བརྩོན་རར་ཆུད། །ལར་རང་གཞན་སུ་ལ་དཔྱད་གྱུར་ཀྱང༌། །ཚིག་ཁ་བཤད་ལོ་མ་རྒྱ་ཆེ་ཞིང༌། །ཐོས་བསམ་དང་སྒོམ་སྒྲུབ་གཞན་དོན་སོགས། །བྱས་བྱས་དང་ཡོང་ཡོང་གི་མིག་འཕྲུལ་གྱིས། །དགོས་ངེས་ཀྱི་མདོ་དོན་རླུང་ལ་བསྐུར། །མི་ཚེ་རྨི་ལམ་གྱི་ཡུན་སྲིད་འདི། །ལྟོ་གོས་རྣམ་གཡེང་ལ་ཟད་བྱས་ནས། །དཀོར་སྡིག་ཉེས་ལྟུང་གི་འཁུར་ཆེན་གྱིས། །བར་དོའི་འཕྲང་རིང་ལ་འོ་བརྒྱལ་མཆིས། །འཇིག་རྟེན་ཆགས་སྡང་གི་གྲོང་ཁྱེར་དབུས། །འདི་སྣང་ཆོས་བརྒྱད་ཀྱི་འཁྲུལ་ཆེན་ལ། །བསྟན་པ་དང་འགྲོ་བའི་དོན་


TR001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལོ། །རང་ཕུང་གཞན་ཕུང་གི་འདུན་གྲོས་མཁན། །ཟང་ཟིང་བརྙེད་འཚོལ་གྱི་ཟོག་པོ་ལ། །བླ་མའམ་བཙུན་པར་བཏགས་པ་འདི། །སྐྱུག་ལོག་ཞིག་སྙིང་གི་དཀྱིལ་ནས་སྐྱེས། ༈ །ཀྱེ་མའོ། བློ་ཆོས་ལ་གཏོད་ངེས་ཀྱི་སྐལ་ལྡན་རྣམས། །དུས་དིང་སང་གི་གནས་ཚུལ་འདི་སོམ་ལ། །ཕྲལ་འདིར་སྣང་གི་འདུན་མས་མ་གཡེངས་པར། །སྙིང་ཐག་པར་ལྷ་ཆོས་ཞིག་མཛོད་དང་བུ། །ཆོས་ཟབ་ཟབ་དང་ཡིན་ཡིན་གྱི་གྲངས་མང་ཞིང༌། །སྤྲོས་བཅས་ཀྱི་རྣམ་དཔྱོད་གཞིགས་ཆེ་ཡང༌། །རང་སེམས་ཀྱི་གནད་དོན་མི་ཤེས་ན། །མཚོ་འགྲམ་དུ་སྐོམ་གྲིར་ཤི་དང་མཚུངས། །ཆོས་ཕྱག་རྫོགས་སོགས་སྒོམ་རིམ་རྒྱ་ཆེ་ཞིང༌། །སྔོན་འགྲོ་དང་དངོས་གཞི་སྣ་ཚོགས་ཀྱང༌། །དགོས་དོན་དུ་རང་རིག་གཉུག་མའི་དོན། །རྗེན་པ་རུ་མཐོང་བ་ཁོ་ན་ལགས། །ཆོས་ལྟ་བ་ཟེར་བའི་སྒྲ་བོ་ཆེ། །མཐའ་


TR001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་སོགས་ལུང་རིགས་ཀྱིས། །གཞིགས་རྩོད་སྣ་ཚོགས་མང་བྱེད་ཀྱང༌། །རང་སེམས་གཏན་ལ་ཕེབས་པ་དཀོན། །མཐའ་ཡོད་ན་ཡོད་ཆུག་མེད་ན་མེད། །ཚིག་སྐམ་པོའི་ལྟ་བས་དགོས་རྒྱུ་ཆུང༌། །རང་རིག་རང་ངོ་ཤེས་པ་ལ། །ལྟ་བ་མཐོ་དམན་གྱི་གཉེར་ཁར་ཟད། །ཆོས་སྒོམ་པ་ཟེར་བའི་སྒྲ་བོ་ཆེ། །སྒོམ་ལ་སྒོམ་བརྟན་དང་མི་བརྟན་སོགས། །ཞེན་འཛིན་གྱི་བརྒྱ་མདུད་དམ་པོ་ཡིས། །རྣལ་འབྱོར་པ་རང་ཉིད་རང་གིས་བཅིངས། །བློས་བསྒོམ་རྒྱུ་ཅིག་ཡོད་ན་འཛིན་པ་ཡོད། །འཛིན་པས་འཁྲུལ་པ་ལུག་རྒྱུད་སྤེལ། །སྒོམ་མེད་དོ་སྙམ་ཡང་མི་དགོས་ཀྱི། །རྣམ་རྟོག་ཁོ་སྒོམ་དུ་ཡེ་ནས་མེད། །འགྱུ་བ་བཀག་ན་ཡེ་ཤེས་འགགས། །གནས་པ་བསྒྲུབ་ན་བཅོས་མ་ཉིད། །གདོད་ནས་དག་པའི་སེམས་ཉིད་ལ། །གནས་འགྱུ་ལ་འདམ་ཁ་ཅིའི་ཕྱིར་བྱེད། །མ་བཅོས་པར་བརློམ་ཡང་བཅོས་མའི་སྒོམ། །སྡུག་ཙིར་དུ་སྐྱོང་


TR001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྒོམ་ཆེན་ལ། །སྲོག་རླུང་རིན་གྱི་ཉོ་བ་ལས། །ཉམས་རྟོགས་འཕེལ་བའི་རེ་ཐག་ཆོད། །སེམས་རང་བབས་སུ་གནས་ཀྱང་སྒོམ་གྱི་ངང༌། །སྣ་ཚོགས་སུ་འགྱུར་ཡང་རིག་རྩལ་རོལ། །ཅི་ལྟར་ཤར་ཡང་གནས་ལུགས་ཀྱི་ངང༌། །དགག་སྒྲུབ་ཀྱི་ལྷན་པ་འདེབས་དོན་མེད། །གང་སྣང་ཅིར་ཤར་རང་རིག་གིས། །ངོ་ཤེས་ཙམ་དུ་བྱེད་པ་ལ། །དྲན་པ་ཞེས་མིང་དུ་བཏགས་པ་ཙམ། །ཨ་འཐས་ཀྱི་འཇུར་དྲན་འདིར་མི་དགོས། །ཞི་ལྷག་དང་མཉམ་བཞག་རྗེས་ཐོབ་དང༌། །བསྐྱེད་རྫོགས་དང་མཚན་བཅས་མཚན་མེད་སོགས། །ཐ་སྙད་ཀྱི་མིང་ཚོགས་མཐའ་ཡས་ཀྱང༌། །རིག་ཐོག་ཏུ་འདུས་པ་ཤེས་པར་གཅེས། །ཆོས་སྤྱོད་པ་ཟེར་བའི་སྒྲ་བོ་ཆེ། སྤྱད་རྒྱུ་དང་སྤྱོད་མཁན་གྱི་མཚན་མས་དབེན། །རང་རིག་ཡེངས་འཁྲུལ་མེད་པའི་ངང༌། །ཅི་བྱེད་ཆོས་ཉིད་སྤྱོད་པ་ལགས། །ཐ་མལ་དུ་ཡེངས་དང་ཨ་འཐས་འཁྲུལ། །


TR001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཁོ་ནས་ཕྲལ་ཡུན་གྱི་འདུན་མ་འཆུགས། །ཡེངས་འཁྲུལ་མེད་ན་སྡིག་སྒྲིབ་དང༌། །ཉེས་ལྟུང་གང་ལ་བརྟེན་ནས་འབྱུང༌། །གང་ཤར་ཆོས་ཉིད་རྣམ་རོལ་དང༌། །དགག་སྒྲུབ་མཚན་མས་སྤྱོད་དོན་མེད། །མ་བཅོས་ལྷུག་པའི་སྤྱོད་པ་ལས། །བརྟུལ་ཞུགས་སྨྱོན་སྤྱོད་ཀྱང་ཅིའི་ཕྱིར་བྱེད། །ཆོས་འབྲས་བུ་ཟེར་བའི་སྒྲ་བོ་ཆེ། །ཐོབ་མ་ཐོབ་རེ་དོགས་བྱས་བྱས་པས། །སྒྱུ་མའི་འཁྲུལ་གྱིས་སྒོམ་ཆེན་བསླུས། །ཐོབ་ཤོར་གྱི་རེ་དོགས་དགོས་པ་མེད། །གདོད་མའི་མགོན་པོ་མན་ཆད་ནས། །འཇག་མིག་སྲིན་བུ་ཡན་ཆད་ལ། །ཆོས་སྐུ་ལ་ཆེ་ཆུང་མ་མཆིས་ཚེ། །འཁོར་འདས་ཀུན་སེམས་ཉིད་གཅིག་པུའི་འཕྲུལ། །མ་གི་མནར་མེད་དམྱལ་ཁམས་ནས། །ཡ་གི་སངས་རྒྱས་ཞིང་ཁམས་མན། །ཐུན་མོང་གདུལ་བྱའི་སྣང་ཚུལ་ཙམ། །མདང་རྨི་ལམ་བཟང་ངན་དང་ཁྱད་པར་ཅི། །རྨི་ལམ་ཀྱང་རང་སྣང་འཁྲུལ་སྒོ་ལས། །བདེན་པའི་དོན་དུ་སུ་ཞིག་


TR001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང༌། །ཐམས་ཅད་རང་རིག་འགགས་མེད་ཀྱི། །རོལ་རྩལ་དུ་ཐག་ཆོད་གཅིག་པུས་ཆོག། ཨེ་མ། མང་དུ་བརྗོད་པས་ཅི་ཞིག་བྱ། །རང་རིག་བླ་མ་ཆོས་སྐུ་དང༌། །འབྲལ་མེད་ངེས་ཤེས་མ་རྙེད་ན། །མཚོན་བྱེད་བླ་མ་འདུས་བྱས་ཉིད། །འདུས་བྱས་ཆོས་ལ་བློ་གཏད་བྲལ། །འདི་དང་ཕྱི་མ་བར་དོ་ཞེས། །ཐ་དད་བདེ་སྡུག་འཛིན་པ་སེམས། །སེམས་ལ་སྐྱེ་འཆི་བདེ་སྡུག་མེད། །སྐྱེ་མེད་ཀློང་ནས་འགག་མེད་འཕྱོ། ང་དང་ཁྱོད་དང་གདམས་ངག་གསུམ། །རང་རིག་ཡེ་ཤེས་དབྱིངས་སུ་གཅིག །གཅིག་དང་དུ་མའི་ཐ་སྙད་ཀྱང༌། །མིང་ཚིག་ཙམ་དུ་བཏགས་པར་ཟད། །སྐྱེ་བ་འདི་དང་ཚེ་རབས་མཐའ་དག་ཏུ། །འབྲལ་མེད་རང་སེམས་བླ་མར་ཤེས་པའི་བུ། །འཕོ་འགྱུར་གཞོམ་གཞིག་བྲལ་བ་ཆོས་སྐུའི་ངང༌། །བདག་དང་འགྲོ་ཀུན་རོ་གཅིག་ཨེ་མ་ཧོ། །ཞེས་ལྟ་སྒོམ་སྤྱོད་འབྲས་ཀྱི་གླུ་རིང་འདི་ཉིད། དད་ལྡན་གྱི་རྣལ་འབྱོར་ཤཱཀྱ་བསྟན་འཛིན་པས་རིང་མོའི་ས་ནས་བསྐུལ་


TR001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངོར། རྒོད་ཕུག་མྱ་ངན་མེད་པའི་ནགས་ཁྲོད་ནས་ཡི་གེར་བྲིས་ནས་བསྤྲིངས་པ་མངྒ་ལམ། ༈ །སྟོང་གསུམ་ཞིང་ཁམས་འདོད་ཡོན་གྱི་རྒྱ་མཚོར། སྣོད་བཅུད་བཀོད་མཛེས་འདབ་རྒྱས་ཀྱི་པདྨོ། །དངོས་འབྱོར་མཆོད་སྤྲིན་མཎྜལ་དུ་འབུལ་གྱི། །དག་སྣང་རབ་འབྱམས་དངོས་གྲུབ་འདྲ་སྩོལ་དང༌། །དལ་འབྱོར་རིན་ཆེན་དཔག་བསམ་གྱི་སྡོང་པོ། །ཕུང་ཁམས་སྐྱེ་མཆེད་ལོ་འབྲས་ཀྱི་ཕྱུག་འདི། །རང་སྣང་རྣམ་དག་མཎྜལ་དུ་འབུལ་གྱི། །ཡིད་བཞིན་འདོད་འབྱུང་དངོས་གྲུབ་འདྲ་སྩོལ་དང༌། །མཐའ་བྲལ་རང་སེམས་བློ་འདས་ཀྱི་ནམ་མཁར། །གང་ཤར་འཛིན་མེད་གཟའ་སྐར་དུ་བཀྲ་བ། །ཉམས་རྟོགས་མཐུན་རྐྱེན་མཎྜལ་དུ་འབུལ་གྱི། ཚེ་གཅིག་སངས་རྒྱས་དངོས་གྲུབ་འདྲ་སྩོལ་ཅིག། ཅེས་པ་འདི། བདེ་གཤེགས་ཚེའི་ཕུག་ཏུ་བླངས་སོ། ༈ །མུན་སེལ་ཉི་མ་དགུང་སྔོན་ལ་ཤར་བས། །གེ་སར་བཞད་པའི་པད་ཚལ་རྣམས་རྒྱས་ཤིང༌། །རྐང་དྲུག་བུང་བའི་བསམ་དོན་དུ་འགྲུབ་བྱུང༌། །འགྲིབ་མེད་གསལ་མཛོད་ཁྲི་གདུགས་ཀྱི་ཉི་མ།


TR001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

།ལྷོ་སྤྲིན་ཀློང་ནས་སྦྲང་ཆར་དེ་བབས་པས། །རྩི་ཤིང་ལོ་འདབ་འབྲུ་དྲུག་རྣམས་འཁྲུངས་ཤིང༌། །རྨ་བྱ་གཞོན་ནུའི་དགའ་སྟོན་དུ་འཕེལ་བྱུང༌། །ཆར་རྒྱུན་ཕོབས་དང་ཆུ་འཛིན་གྱི་སྔོན་མོ། །མཚན་ལྡན་བླ་མའི་སྐུ་དྲིན་གྱིས་སྐྱངས་པས། །བསྟན་འགྲོའི་དོན་བཟང་རླབས་ཆེན་རྣམས་འགྲུབ་ཅིང༌། །དད་ལྡན་བུ་ལ་བཀའ་དྲིན་དུ་ཆེ་བྱུང༌། །ཐུགས་རྗེས་གཟིགས་ཤིག་རྗེ་བཙུན་གྱི་བླ་མ། །བྱིན་གྱིས་རློབས་དང་ཐར་ལམ་ལ་འགོད་མཛོད། །ཅེས་པ་ཡང་རྒོད་ཕུག་བྱ་སྐྱིབས་ཀྱི་ཡང་དབེན་དུའོ། ༈ །རྗེ་བླ་མའི་ཐུགས་རྗེ་ཞྭ་ལ་ཞུགས། །ཞྭ་བྱིན་རླབས་ཅན་དགོངས་འདུས་གཙུག་ཞྭ་འདི། །ཕ་སངས་རྒྱས་གཉིས་པ་པདྨ་འབྱུང༌། །བོད་གངས་ཅན་དུ་བྱོན་པའི་དབུ་ཞྭ་ཡིན། །ཞྭ་བཟོ་ཚུལ་གྱི་ལོ་རྒྱུས་བརྗོད་པ་ན། །རང་སེམས་རྣམ་དག་གི་འཇམ་ཕྲུག་དང༌། །དད་པ་འགྱུར་མེད་ཀྱི་ཕྱིང་དཀར་གཉིས། བླ་མ་མཚན་ལྡན་


TR001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཟོ་བོ་ཡིས། །དབང་བཞི་ཡོངས་རྫོགས་ཀྱི་ཚོས་ཁ་བསྒྱུར། །གདམས་ངག་ཟབ་གནད་ཀྱི་བཟོ་དྲས་བྱས། །བསྐྱེད་རྫོགས་ཟུང་འཇུག་གི་ཕྱི་ནང་སྦྱར། །ལྟ་བ་ཡས་ཕུབ་ཀྱི་ཞྭ་ཐོད་དང༌། །སྤྱོད་པ་མས་འཛེགས་ཀྱིས་འདབ་ཞོལ་སྦྲེལ། །རང་རིག་གཅེར་མཐོང་གི་མདུན་སྒོ་གཏོད། །སྡོམ་པ་དམ་ཚིག་གི་མུ་འདྲིལ་བཏང༌། །སྐུ་གསུམ་མངོན་གྱུར་གྱི་ཞྭ་མོ་བཟོས། །འདི་གོན་པས་གཏན་གྱི་འདུན་མ་འགྲུབ། །ཞྭ་རྩེ་མོ་མཐོ་ཞིང་རྣོ་བ་འདི། །གཞི་ལྟ་བའི་ཡང་རྩེ་རྟོགས་པའི་བརྡ། །ཞྭ་སྐེད་པ་ཟླུམ་ལ་ལྷུན་ཆགས་པས། །ལམ་སྒོམ་པའི་རི་རྒྱལ་བརྟན་པའི་བརྡ། །ཞྭ་རྒྱབ་ཞོལ་འཁོར་མར་འདུག་པ་ནི། །ཚུལ་སྤྱོད་པ་བླང་དོར་བྲལ་བའི་བརྡ། །ཞྭ་མདུན་སྒོ་གསལ་བར་བྱེད་པ་ནི། །ཆོས་འབྲས་བུའི་རང་ཞལ་མཐོང་བའི་བརྡ། །ཞྭ་གྱོན་པས་དང་བ་འདྲེན་པ་ནི། །གཞན་དོན་རྩོལ་


TR001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འབྱུང་བའི་བརྡ། །རྗེ་བླ་མས་བྱིན་གྱིས་རློབ་པའི་ཞྭ། །མ་མཁའ་འགྲོས་དངོས་གྲུབ་སྩོལ་བའི་ཞྭ། །ལྷ་ཆོས་སྐྱོང་བྲན་དུ་འཁོལ་བའི་ཞྭ། །ཞྭ་ཡིད་བཞིན་ནོར་བུ་འདོད་དགུ་འབྱུང༌། །ཞྭ་ཆེ་བའི་ཡོན་ཏན་ངོ་མཚར་གླུ། །ཁྱེད་འདིར་བཞུགས་སྙན་དུ་ཕུལ་བ་ལགས། བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་ཞུ། །བྱིན་རླབས་ཞྭའི་གླུ་འདི་ཡང་རང་གི་གཅུང་པོའི་ངོར་བླངས་པ། ༈ །དགུང་ཁྲི་གདུགས་འཆར་བ་ཤར་གྱི་ཕྱོགས། ཡུལ་མ་ཀི་ཀོང་རོང་ཟད་པའི་མཐའ། །འཇའ་ན་བུན་འཁྲིགས་པའི་གོ་མཚམས་ནས། །གངས་མཐོ་ལ་བརྗིད་ཆགས་ལྷུན་སྡུག་པ། །གནས་དཔལ་རིའི་གངས་ཆེན་མཐོང་བའི་མཐུས། །ཕ་བླ་མ་སངས་རྒྱས་སྙིང་ནས་དྲན། །དེ་དྲན་པས་གདུང་བའི་གླུ་དབྱངས་འདི། །རྗེ་བླ་མའི་སྙན་ལ་གསན་ལགས་བསམ། །བདག་སྙོམ་ལས་ཅན་གྱི་སྤྲང་པོ་ལ། །ཐུགས་སྙིང་རྗེའི་གཟིགས་པ་མ་


TR001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གཡེལ་བར། །གནས་ངན་སོང་འཁོར་བའི་སྡུག་བསྔལ་ལས། །དུས་གཏན་དུ་སྐྱོབས་ཤིག་བླ་མ་མཁྱེན། ༈ །འདབ་སྟོང་རྒྱས་པ་པདྨའི་ཚལ་དུ། །རྐང་དྲུག་ལྡན་པའི་བུང་བས་སླེབས་ཚེ། །བཅུད་ལྡན་སྙིང་པོ་གངས་རིའི་ཟིལ་མངར། །རྒྱུན་ལྡན་འཐུངས་བའི་རྟེན་འབྲེལ་ལགས་སོ། །གཏིང་ཟབ་ཡངས་པའི་རྒྱ་མཚོའི་ཀློང་ན། །ལྷ་བྱ་ངང་པ་གཞོན་ནུ་སླེབ་ཚེ། །དགའ་བདེའི་རོལ་རྩེད་རྣམ་འགྱུར་མང་པོས། །ཉམས་དགའ་སྐྱོང་བའི་རྟེན་འབྲེལ་ལགས་སོ། །བཀྲ་ཤིས་བྱིན་ཆགས་ཕུན་ཚོགས་གནས་འདིར། །ལས་འཕྲོ་འཛོམ་པའི་འདིར་ཚོགས་སྐལ་ལྡན། །ཚེ་རིང་ནད་མེད་དམ་ཆོས་འཕེལ་བས། །ཡང་ཡང་འཛོམ་པའི་རྟེན་འབྲེལ་ལགས་སོ། ༈ །གནམ་གཡུ་ཡི་འཁོར་ལོ་འབར་བ་དང༌། །རྒྱན་རིན་ཆེན་ཉི་ཟླའི་ཕྲ་ཚོམ་གཉིས། །བཀོད་མཛེས་པས་གླིང་བཞིའི་མུན་པ་སེལ། །དེ་འགྲོ་བའི་བསོད་ནམས་རྟེན་འབྲེལ་ཡིན། །འཁོར་ལོ་ལ་སྤྲིན་


TR001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མ་གཡོགས་ཤིང༌། །ཉི་ཟླ་གཉིས་གཟའ་དང་བྲལ་བ་ཡིས། །གླིང་བཞིའི་མུན་སེལ་རྟེན་འབྲེལ་དེ། །ཡང་ཡང་དུ་འཛོམ་པའི་སྨོན་ལམ་ཞུ། ༈ །ས་འདབ་བརྒྱད་པདྨོའི་གེ་སར་ལ། །ཡུལ་གླིང་བཞི་རི་རབ་ཟེའུ་འབྲུ་བཀྲ། །ཅི་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས། །དེ་འཇིག་རྟེན་སྤྱི་མཐུན་རྟེན་འབྲེལ་ཡིན། །ས་པདྨ་མི་ཤིགས་བརྟན་པ་དང༌། །ཡུལ་སྐྱེ་འགྲོ་འཕོ་འཆུགས་མེད་པ་རུ། །དུས་རྟག་ཏུ་བདེ་སྐྱིད་རྟེན་འབྲེལ་དུ། །ཡང་ཡང་འཛོམ་པའི་སྨོན་ལམ་ཞུ། ༈ །ཁྱེད་འདིར་བཞུགས་དད་ལྡན་ཕོ་མོ་དང༌། །བདག་རྒྱལ་ཁམས་སྤྲང་པོ་བྱ་བཏང་གཉིས། །འདིར་འཛོམ་པས་དགའ་བདེའི་ལོངས་སྤྱོད་འཕེལ། །འདི་སྔོན་ནས་སྨོན་ལམ་འབྲེལ་པ་ཡིན། །འདིར་བཞུགས་རྣམས་སྐུ་ཁམས་བཟང་བ་དང༌། །རྣལ་འབྱོར་པ་ཉམས་རྟོགས་གོང་འཕེལ་ཞིང༌། །ཅི་བསམ་པའི་དོན་ཀུན་མྱུར་འགྲུབ་ནས། །ཡང་ཡང་དུ་འཛོམ་པའི་སྨོན་ལམ་ཞུ། །ཞེས་པ་རྣམས་ཀྱང་གཞན་


TR001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་གྱི་ངོར་སྨྲས་པ་དགེའོ། ༈ །རབ་མཛེས་མཚན་དཔེའི་ཟླ་ཞལ་དེ་འབར་བས། །དད་བརྒྱའི་ཀུ་མུད་གེ་སར་དུ་རྒྱས་ཤིང༌། ལག་སོར་པདྨོ་འཛུམ་པ་དང་བསྡོངས་ནས། །བླ་མའི་སྐུ་ལ་བརྟན་བཞུགས་སུ་འབུལ་ལོ། །དམ་ཆོས་འབྲུག་སྒྲ་ལྡིར་དབྱངས་སུ་ཐོས་པས། །གུས་ལྡན་རྨ་བྱ་གཞོན་ནུ་ང་ཚིམས་ཤིང༌། །ཉམས་མྱོང་གར་བསྒྱུར་རྣམ་རོལ་དང་བསྡོངས་ནས། །བླ་མའི་གསུང་ལ་བརྟན་བཞུགས་སུ་འབུལ་ལོ། །དགོངས་ཀློང་རྣམ་དག་མཁའ་དབྱིངས་ཀྱི་དཀྱིལ་འཁོར། །ཐུགས་རྗེའི་ཉི་འོད་ཁྱབ་གདལ་དུ་ཤར་ཞིང༌། །རང་རིག་ཡེ་ཤེས་རང་གསལ་དུ་བསྡོངས་ནས། །བླ་མའི་ཐུགས་ལ་བརྟན་བཞུགས་སུ་འབུལ་ལོ། །བླ་མའི་སྐུ་གསུང་ཐུགས་ལ་བརྟན་བཞུགས་སུ་འབུལ་ལོ། ༈ །སེམས་ཉིད་འདུས་མ་བྱས་དང་པོའི་སངས་རྒྱས་དང༌། །རྗེ་བཀའ་དྲིན་ཅན་མཚུངས་མེད་བླ་མའི་ཞབས། །བདག་མོས་གུས་ཅན་གདུང་བས་གསོལ་འདེབས་ན། །ཁྱེད་ཐུགས་རྗེ་ཅན་བརྩེ་བས་གཟིགས་སུ་གསོལ། །


TR001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ངོ་མཚར་ཅན་ཕྱོགས་མེད་ཀྱི་རྒྱལ་ཁམས་ན། །བློ་གུ་ཡངས་ཅན་གཏད་མེད་ཀྱི་སྤྲང་པོ་འཕྱོ། །ལས་རྣམ་གཡེང་ཅན་འཇིག་རྟེན་གྱི་བྱ་བ་ལ། །ཡིད་སྐྱོ་ཤས་ཅན་ཞེན་ལོག་གི་བློ་རྒོད་ལངས། །རྗེ་བྱིན་རླབས་ཅན་སྒྲུབ་རྒྱུད་ཀྱི་རྣམ་ཐར་དེ། །ཚེ་ངེས་མེད་ཅན་བྱ་བཏང་གིས་འགྲུབ་པར་སྨོན། །ཚེ་གཅིག་སངས་རྒྱས་འགྲུབ་ན་དགའ་བ་ལ། །མཁའ་མཉམ་ཀྱི་འགྲོ་བ་སྒྲོལ་ན་སྐྱིད་པ་ལ། །བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་གཅིག །འགྲོ་ཀུན་ཕ་མར་ཤེས་པའི་བྱམས་སེམས་དང་གཉིས། །མཆེད་ལྕམ་ལྷ་རུ་ཤར་བའི་དག་སྣང་དང་གསུམ། །དེ་གསུམ་སེམས་ལ་འཆར་རམ་འདིར་བཞུགས་ཀྱི་སྐལ་ལྡན་རྣམས། །འཁོར་བ་སྒྱུ་མར་ཤེས་པའི་ངེས་འབྱུང་དང་གཅིག །ཅིས་ཀྱང་དགོས་མེད་མཐོང་བའི་ཞེན་ལོག་དང་གཉིས། །ནམ་འཆི་ཆ་མེད་དྲན་པའི་སྐྱོ་ཤས་དང་གསུམ། དེ་གསུམ་སྙིང་ལ་སྐྱེས་སམ་འདིར་


TR001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ཀྱི་སྐལ་ལྡན་རྣམས། །རྒྱུ་འབྲས་བསླུ་མེད་ཤེས་པའི་ངེས་ཤེས་དང་གཅིག །མི་ཚེ་ཆོས་ལ་དྲིལ་བའི་འདུན་གྲོས་དང་གཉིས། །ཤི་དུས་འགྱོད་མེད་བྱེད་པའི་རྟོག་གཏད་དང་གསུམ། །དེ་གསུམ་གྲབས་སུ་ཚུད་དམ་འདིར་བཞུགས་ཀྱི་སྐལ་ལྡན་རྣམས། །ཆོས་ཀུན་སེམས་སུ་ཤེས་པའི་ཐག་ཆོད་དང་གཅིག །སེམས་ཉིད་ཆོས་སྐུར་རྟོགས་པའི་གདེང་ཚད་དང་གཉིས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཉམས་ལེན་དང་གསུམ། །དེ་གསུམ་རྒྱུད་ལ་ཁེལ་ལམ་འདི་བཞུགས་ཀྱི་སྐལ་ལྡན་རྣམས། །དྲི་བ་གླུ་རུ་བླངས་འདི་ཉམས་ལེན་གྱི་གསལ་འདེབས་ལགས་སོ། ༈ །སྐྱབས་གནས་ཀྱི་སྙིང་པོ་བླ་མར་ཤེས། །དེ་ཤེས་པས་གང་བྱུང་ཐུགས་རྗེར་གོ །ད་སྐྱིད་སྡུག་གི་སྣང་བ་ཅི་བྱུང་ཡང༌། །སྐྱབས་རེ་ལྟོས་གཞན་དུ་ང་མི་འཚོལ། །སྲིད་གསུམ་གྱི་འབྱོར་པ་སྒྱུ་མར་ཤེས། །དེ་ཤེས་པ་ཅི་ཀྱང་དགོས་མེད་གོ །ད་ལྟོ་གོས་ཀྱི་དབུལ་ཕོངས་ཅི་བྱུང་ཀྱང༌། །ནོར་ཟང་ཟིང་


TR001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྗེས་ཕྱིར་ང་མི་འབྲེང༌། །འདྲེ་གདོན་ཀུན་རང་སྣང་འཁྲུལ་པར་ཤེས། །དེ་ཤེས་པས་འཁྲུལ་སྣང་སྟོག་པར་གོ། ད་འཇིགས་སྐྲག་ཆོ་འཕྲུལ་ཅི་བྱུང་ཡང༌། །ཐབས་འདྲེ་བརྡུང་བསྲུང་འཁོར་ང་མི་བསྒོམ། །གང་ཤར་ཀུན་སེམས་ཀྱི་རོལ་པར་ཤེས། །དེ་ཤེས་པས་བཅོས་མིན་ཉམས་ལེན་གོ །ད་འགྱུ་གནས་འཕྲོ་འདུ་ཅི་བྱུང་ཡང༌། །སྒོམ་བཟང་འདོད་དགག་སྒྲུབ་ང་མི་བྱེད། །གང་བྱུང་གིས་ཆོག་པའི་ཉམས་ལེན་གནད། །གནད་ཟབ་མོ་བླ་མའི་དྲིན་ལས་བརྙེད། །དྲིན་ལན་དུ་སྒྲུབ་པའི་མཆོད་པ་འབུལ། །དངོས་གྲུབ་ཏུ་སྐུ་གསུམ་མངོན་གྱུར་ཞུའོ། །དཔལ་དེ་རིང་བཀྲ་ཤིས་དུས་བཟང་འདིར། །གནས་ལོངས་སྤྱོད་འཛོམ་པས་སྐྱིད་པ་ལ། །ཕ་བླ་མའི་བྱིན་རླབས་སྤྲིན་ལྟར་བསྟིབས། །ཉམས་རྟོགས་པ་གོང་འཕེལ་སྐྱིད་པ་ལ། །ལྷ་ཡི་དམ་དངོས་གྲུབ་ཆར་ལྟར་འབེབས། །ཡིད་ཅི་བསམ་འགྲུབ་པས་སྐྱིད་པ་ལ།


TR001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

།མ་མཁའ་འགྲོའི་ཕྲིན་ལས་གློག་ལྟར་འཁྱུག །རྐྱེན་བར་ཆད་མེད་པས་སྐྱིད་པ་ལ། །ལས་སྨོན་ལམ་འབྲེལ་པས་འདིར་ཚོགས་རྣམས། །ཐུགས་ཆོས་སུ་མཐུན་པས་སྐྱིད་པ་ལ། །དབྱངས་སྐྱིད་པ་རྣམ་ལྔའི་མཆོད་པ་འདི། །ཞལ་འདིར་བཞུགས་རྣམས་ཀྱི་དགའ་སྟོན་མཛོད། འདི་རྣམས་ཀྱང་གཅུང་པོས་བསྐུལ་བའི་ངོར་བླངས་པའོ། ན་མོ་མཧཱ་གུ་རུ་པདྨ་ཀ་རཱ་ཡེ། དཔལ་དུས་གསུམ་གྱི་སངས་རྒྱས་མ་ལུས་ཀུན། །གཞི་མཉམ་ཉིད་ཀྱི་ཆོས་དབྱིངས་ཐིག་ལེ་ཆེར། །དོན་རོ་གཅིག་ཏུ་འདུས་པའི་སྤྱི་གཟུགས་ལ། །རྗེ་པད་འབྱུང་ཞེས་སྙན་པར་གྲགས་པའི་མཚན། །ཞིང་འཇིག་རྟེན་གྱི་ཁམས་ཀུན་ཡོངས་ཁྱབ་པ། །ངེད་སྙིགས་དུས་ཀྱི་གདུལ་བྱ་རྨུ་རྒོད་ལ། །གཟུགས་ཐ་མལ་གྱི་མི་ཡི་གསོབ་ཞུགས་ཀྱང༌། །ཐུགས་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ནི། །རྗེ་རྒྱལ་བ་ཀུན་དང་རྣམ་དབྱེར་མེད། །ཕ་དྲིན་ཅན་གྱི་རྩ་བའི་བླ་མ་ཉིད། །གནས་བདེ་ཆེན་གྱི་འཁོར་


TR001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་ཡང་ཐོག་ཏུ། །སྐུ་འཇའ་འོད་ཀྱི་མདངས་ལྡན་མཚན་དཔེ་བཀྲ། །གསུང་དམ་ཆོས་ཀྱི་སྒོ་བརྒྱ་ཐེག་ཆེན་བཅུད། །ཐུགས་ཟབ་གསལ་གྱི་ཡེ་ཤེས་མཁའ་ལྟར་ཁྱབ། །རྗེ་བྱིན་རླབས་ཀྱི་གཏེར་མཛོད་དམ་པ་དེ། །བདག་བློ་དམན་གྱི་སྐྱབས་མགོན་དཔུང་གཉེན་མཆོག །ཡིད་དད་གུས་ཀྱི་གདུང་ཤུགས་མཚོ་ནང་དུ། །སྐུ་མཚན་དཔེའི་ཟླ་སྣང་སྒྱུ་འཕྲུལ་ཤར། །བློ་ལོག་རྟོག་གི་རྦ་རླབས་མི་འཁྲུག་ཅིང༌། །ཕྲལ་མཉམ་འགྲོགས་ཀྱི་འཁྲེགས་དར་མ་ཆགས་པར། །ཡིད་རབ་དྭངས་མཚོ་ཆེན་རྙོག་བྲལ་ནའང༌། །རྗེ་དྲིན་ཅན་གྱི་རྣམ་ཐར་གསལ་ལམ་ལམ། །དེ་དྲན་པས་དངོས་འཛིན་གྱི་རི་མོ་ཡལ། །སེམས་བཟོ་མེད་ཀྱི་ཁོང་ཡུས་གཏིང་ནས་ལངས། །ལག་སོར་བཅུའི་ཡལ་འདབས་སྙིང་ཁར་ཟུམ། །ངག་གསོལ་འདེབས་ཀྱི་ང་རོ་འབྲུག་ལྟར་བསྒྲག །བུ་དད་གུས་ཀྱི་ཉམས་འགྱུར་ངང་ཚུལ་ནི། །ཕ་མཁྱེན་ལྡན་གྱི་


TR001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པས་དགོངས་ལགས་སམ། །ཁྱེད་སྒྲིབ་བྲལ་གྱི་ཡེ་ཤེས་སྤྱན་ཡངས་པོས། །ཆོས་དངོས་ཀུན་གྱི་མཚན་ཉིད་གསལ་པོ་རུ། །དུས་རྒྱུན་ཆད་མེད་པར་གཟིགས་ལགས་ན། །བདག་ཉམས་ཐག་གི་གདུལ་བྱ་ཅིས་མི་གཟིགས། །ལུས་ལོངས་སྤྱོད་དང་གཏན་འདུན་གྱི་དངོས་པོ་ཀུན། །བློ་ལྟོས་མེད་དུ་མཆོད་པའི་མཎྜལ་འབུལ། །དུས་འདི་ཉིད་ནས་མཐར་ཐུག་བྱང་ཆུབ་བར། །ཕ་རྗེ་བཙུན་གྱི་གདུལ་བྱར་གྱུར་ནས་ཀྱང༌། །ཆོས་ངེས་དོན་ལ་མངའ་དབང་འབྱོར་བ་དང༌། །ལམ་མྱུར་ཟབ་ཀྱི་ཤིང་རྟའི་སྲོལ་ཞུགས་ལ། །གེགས་ཆོས་མིན་གྱི་བར་ཆད་གཏན་བྲལ་ཞིང༌། །ཆོས་སྣང་བཞི་ཡི་ས་ལམ་མཐར་ཕྱིན་ཏེ། །དཔལ་ཀུན་བཟང་གི་རྒྱལ་ས་ཟིན་ནུས་པའི། །དབང་དངོས་གྲུབ་ཀྱི་ཆུ་བོ་དབབ་ཏུ་གསོལ། །ལུས་སྒྱུ་འཕྲུལ་གྱི་ལྷ་སྐུར་གདོད་ནས་དག །ངག་ཤུགས་འབྱུང་གི་རང་སྒྲ་རྡོ་རྗེའི་སྔགས། །ཡིད་བྱུང་ཚོར་གྱི་རྟོག་པ་ཆོས་ཉིད་རྩལ། །ཡེ་གདོད་མ་ནས་ལྷུན་གྲུབ་ཡིན་མོད་ཀྱང༌། །ལས་བག་ཆགས་


TR001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རང་སྒྲིབ་རང་ལ་འཐུམ། །སྔོན་ཐོག་མེད་ནས་ད་བར་འཁྲུལ་ཡུན་རིང༌། །འདི་རང་གྲོལ་དུ་འགྱུར་བར་བྱིན་གྱིས་རློབས། ༈ །ཀྱེ་མའོ། སྣང་གྲགས་ཀུན་གཟོད་ནས་དག་པ་ཡི། །རང་ངོ་ལ་འཕོ་འགྱུར་མ་མཆིས་ཀྱང༌། །ལྟར་སྣང་གི་ཆོ་འཕྲུལ་རྨི་ལམ་ལས། །ཆེས་ཆེར་དུ་ཟར་ཟིར་རྨི་ལམ་བཞིན། །འཕོ་འཆུགས་དང་གཡོ་འཁྲུགས་དྲག་པོར་འཚུབས། །ས་ཆུ་དང་མེ་རླུང་ནམ་མཁའ་སོགས། །འབྱུང་ཁམས་ཀྱི་ཆག་འཇིག་གོ་ལོག་མང༌། །སྐྱེ་འགྲོ་རྣམས་སྡུག་བསྔལ་འཚུབ་འགྱུར་གྱིས། །སྤྱོད་འགྲོས་ཀུན་ངན་དགུ་སྡུག་བཅུ་བྱེད། །ཆོས་པ་རུ་རློམས་པའི་དྲེད་པོ་ཡིས། །ས་སྟེང་ཀུན་དོག་པོར་ཁེངས་ན་ཡང༌། །རྒྱལ་གསུང་བཞིན་མཐུན་པའི་ཆོས་པ་ནི། །ཨུ་དུམ་གྱི་མེ་ཏོག་ལས་ཀྱང་དཀོན། །བླ་གཟུགས་རྣམས་ཆོས་བརྒྱད་རྟ་བང་འགྲན། །མགྱོགས་དར་ནི་ཕོ་ཟོ་གང་མཐོས་ཐོབ། །དཀོར་ནག་གི་རྙེད་འཚོལ་སུ་རེམས་ལ། །འགྲོ་


TR001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དང་ཕྲིན་ལས་མིང་དུ་འདོགས། །དོན་འབྲས་ནི་རང་གཞན་གཉིས་ཕུང་བསྒྲུབ། །དགེ་སྦྱོང་རྣམས་ཤ་ཆང་གི་བཅུད་ལེན་འབད། །དམ་སྡོམ་ཀུན་ཁྱི་ལ་རྡོ་འཕེན་ལྟར། །ཡང་ཡང་དུ་ལེན་ཞིང་ནན་གྱིས་འཕངས། །བུད་མེད་དང་ཟས་ནོར་གྱི་རྩོལ་སྒྲུབ་འདི། །ལྷ་ཆོས་ཞིག་ཡིན་ན་ཅི་མ་རུང༌། །གཤིན་གསོན་གྱི་སྐྱབས་ཡུལ་བྱས་བྱས་ཀྱང༌། །རང་ཉིད་ཀྱི་རེ་གནས་གང་ལ་བྱེད། །རྒྱལ་བསྟན་ལ་ཞུགས་ནས་རྒྱལ་བསྟན་ཉིད། །བསྣུབ་ཐབས་ལ་ནན་ལྟར་བརྩོན་ལུགས་འདི། །མི་མངོན་གྱི་དབྱིངས་ནས་རྒྱལ་ཀུན་དང༌། །དཀོན་མཆོག་རྣམས་ཐུགས་ཀྱི་བཟོད་ལགས་སམ། །རྣམ་འདྲེན་ཀུན་ཟོལ་ཟོག་གིས་རྙེད་འཚོལ་འབད། །དགེ་འདུན་རྣམས་སྡེ་འཁྲུག་གི་ཐལ་ཁ་རྒྱག །སྒོམ་ཆེན་རྣམས་གྲོང་ཆོག་བསྙེན་པ་སྐྱེལ། །ཡོན་བདག་རྣམས་ཟོག་མཁན་ལ་དད་གུས་ཆེ། །དགེ་རྩ་རུ་སྲོག་གཅོད་ཀྱི་མཆོད་སྦྱིན་དར། །ཆོས་འཇིག་རྟེན་ཚུལ་ལུགས་འདི་འདྲའི་མཐུས། །


TR001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ལྷོངས་དེ་དཀར་ཕྱོགས་ལྷ་ལ་ཕོག །ནད་ཡམས་དང་སད་སེར་མུ་གེས་མནར། །འཐབ་འཁྲུག་དང་ངན་སྤྱོད་ཀྱི་རླུང་དམར་འཚུབས། །ལོ་རེ་དང་ཟླ་ཞག་སོང་བཞིན་དུ། །ངན་ལྟས་ཀྱི་རྦ་ཀློང་ཆེས་ཆེར་གཡོ། །འདི་སྐྱ་སེར་གྱི་སྤྱོད་ཚུལ་རྒྱུ་འབྲས་ཉིད། །བསླུ་མེད་དུ་མངོན་སུམ་སྨིན་ལགས་པས། །བློ་རྣམ་རིག་བཀྲ་ལྡན་གྱི་གང་ཟག་རྣམས། །ཡིད་སྐྱོ་ཤས་ཀྱི་སྣང་བ་ཞིག་མི་འཁྲུངས་སམ། ༈ །ཕ་ཐུགས་རྗེའི་གཏེར་ཆེན་གྱི་བླ་མ་རྣམས། །ངེད་སྙིགས་དུས་ཀྱི་སེམས་ཅན་ལ་གཟིགས་རེ་རན། །ཡུལ་སྣོད་བཅུད་ཀྱི་འགྱུར་འཁྲུག་ཞི་བར་མཛོད། །མ་འགྲོ་ཀུན་གྱི་བློ་ཁ་དགེ་ལ་བསྒྱུར། །ཆོས་གྲུབ་མཐའི་ཆགས་སྡང་དབྱིངས་སུ་སྙོམ། །ལས་ཆོས་མིན་གྱི་ངན་སྤྱོད་རྒྱུན་ཐག་ཆོད། །མགོན་ཐུབ་བསྟན་གྱི་ས་གཞི་སྙོམས་པར་གདལ། །ཆོས་སྒྲུབ་རྒྱུད་ཀྱི་ལོ་འབྲས་སྨིན་པར་མཛོད། །རྗེ་པད་འབྱུང་གི་


TR001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་སྟོབས་སྐྱེད་ནས། །བདག་སེམས་ཅན་གྱི་ལས་ཉོན་རྒྱུ་འབྲས་ཀུན། །དོན་དགེ་ལེགས་ཀྱི་ཆོས་དབྱིངས་ནམ་མཁའ་ཆེར། །རོ་མཉམ་པ་ཉིད་དུ་གྲོལ་བར་མཛོད། ༈ །མཐའ་ཡས་ཞིང་གི་རབ་འབྱམས་རྒྱལ་བའི་ཚོགས། །སྲས་འཁོར་སྤྲུལ་པར་བཅས་པའི་མཁྱེན་བརྩེའི་སྟོབས། །གཅིག་བསྡུས་པདྨ་ཐོད་ཕྲེང་ཐུགས་རྗེའི་བདག །རྩ་བའི་བླ་མའི་ངོ་བོར་བློ་ཐག་ཆོད། །དེ་ཉིད་དྲན་དང་བསྒོམ་དང་འབོད་པའི་མཐུས། །ཕྲལ་ཡུན་འདོད་དོན་ཀུན་འགྲུབ་བར་ཆད་ཞི། །ཚེ་གཅིག་ཐར་ལམ་བྱང་ཆུབ་སྙིང་པོ་ལ། །བདག་གཞན་འགྲོ་བ་མཐའ་དག་རེག་གྱུར་ཅིག །ཅེས་བོད་ཀྱི་མཐར་ཐུག་བོད་ཆེན་པོའི་ཡུལ་གྱི་ནང་ཚན་སྤུ་བོའི་རྒྱལ་ཁམས་ལ་དབང་བསྒྱུར་བ། མངོན་མཐོ་ངེས་ལེགས་ཀྱི་འབྱོར་པ་རྒྱ་མཚོས་ཡོངས་སུ་གང་བའི་ས་སྐྱོང་མིའི་བདག་པོ་དབང་དྲག་སྲུང་ཞེས་མཚན་གྱི་སྒྲ་དབྱངས་གྲགས་པ་ཁུ་དབོན་གཉིས་ཀྱི་བཞེད་པ་སྐོང་བའི་སླད་ཁོ་ནར། ཡི་གེའི་ལམ་དུ་སྤེལ་བ་གངྒ་ལཾ་བྷ་ཝནྟུ། ༈ །ངོ་མཚར་གནས་ཀྱི་


TR001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་པ་བརྗོད་པ་སྐྱོ་བ་སངས་བྱེད་རྡོ་རྗེའི་གླུ་ཚངས་པའི་དབྱངས་ཀྱི་དགའ་སྟོན་ཞེས་བྱ་བ། དྲིན་ཅན་བླ་མའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། དེ་ཡང་བདག་འདྲ་དུས་མཐའི་བན་ཆུང་སྣ་ཚོགས་རང་གྲོལ་འཇིག་རྟེན་འཁྲུལ་པའི་ཡོ་ལང་ལ་ཞེན་པ་ལོག་སྟེ། དཔལ་རི་རྒོད་ཚང་ཕུག་པར་མི་ལོ་བཅུ་དགུ་དང་ཟླ་བ་བདུན་དུ་དབེན་པ་བསྟན་ཞིང་དགེ་སྦྱོར་ལ་བརྩོན་པའི་སྐབས། རེ་ཞིག་རང་ལོ་ལྔ་བཅུ་རྩ་ལྔ་པའི་དབྱར་ཟླ་གསུམ་ལ་བབས་པའི་ཚེ། དཔལ་རི་གངས་ཀྱི་མགུལ། བྱང་ཆུབ་ཀྱི་སྙིང་པོ་མངོན་པར་མཐོ་བའི་རྩེ་མོར་གསང་སྤྱོད་རོ་སྙོམས་ལ་ཕྱིན་ཏེ། ཟླ་བ་གསུམ་དང་ཞག་ཉེར་གཅིག་གི་བར་དུ་བསྡད་ཅིང༌། གནས་དེའི་ས་དམིགས་ཤིན་ཏུ་མཐོ་ཞིང་གཉན་པ་ཞིག་ཏུ་རིན་པོ་ཆེའི་བུམ་པར་དར་ཟབ་སྨན་འབྲུ་རིན་ཆེན་སྣ་ཚོགས་དང༌། ས་སྣ་རྡོ་སྣ་བྱིན་རླབས་དམ་རྫས་ཁྱད་པར་ཅན་དང་བཅས་པས་བཀང་བའི་དཀྱིལ་དུ། སྤྱིར་འཇིག་རྟེན་གྱི་ཁམས། དགོས་བོད་ཡུལ་གངས་ཅན། ཁྱད་པར་ཀོང་ལུང་རལ་གསུམ་གྱི་སེམས་ཅན་ལ་བདེ་སྐྱིད་འབྱུང་ཞིང་སངས་རྒྱས་ཀྱི་བསྟན་པ་དར་བའི་སྨོན་ལམ་རྒྱ་ཆེར་བྲིས་པའི་ཤོག་དྲིལ་བཅུག་ནས་རབ་ཏུ་གནས་ཏེ་བུམ་གཏེར་


TR001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦས། ཀ་ཤི་ཀའི་རས་ལ་བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་ཁྱེར་དུ་འཇུག་མདོར་གསུངས་པའི་བདེ་ཆིག་སྨོན་ལམ་ཡོངས་རྫོགས་སུ་བྲིས་པ་ལ་གོས་ཆེན་དར་ཟབ་ཁ་དོག་འབྱུང་ཁམས་དང་མཐུན་པའི་དར་ལྕེས་བརྒྱན་པ་བཙུགས། ཙནྡན་དང་ཨ་ཀ་རུ་སོགས་ཤིང་སྣའི་བསངས་བསུར་གྱི་ཁྲོད་དུ་ཡང་བྱིན་རླབས་དམ་རྫས་བཏབ་པའི་དུ་བས་བར་སྣང་བཀང་ཞིང༌། ཕྱོགས་ཐམས་ཅད་དུ་མེ་ཏོག་འཐོར་ནས་ཤིས་བརྗོད་སྨོན་ལམ་གྱི་རིགས་རྒྱ་ཆེན་པོར་བྱས། གཞན་ཡང༌། དུས་བཟང་ཐམས་ཅད་ལ་ཚོགས་གཏོར་གྱི་མཆོད་པ་ཅི་འབྱོར་བཤམས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ནའི་གསོལ་འདེབས་སྨོན་ལམ་སོགས་ལ་འབད་ཅིང་གནས་པའི་བར་སྐབས་ཤིག་ཏུ་གནས་དེ་ཉིད་ཀྱི་ཆགས་ཚུལ་ཞིང་བཀོད་ཀྱི་གླུ་འདིར་བཞིན་གྱིས་ཤིག་ཅེས། རང་གི་གཅུང་པོས་བསྐུལ་བའི་ངོར་བླངས་པ་ནི། ༈ ན་མ་པདྨ་ཀ་རཱ་ཡ། སྐྱབས་གསུམ་གྱི་རྒྱལ་བ་དཀོན་མཆོག་ཀུན། །རང་བྱུང་གི་པདྨའི་རྒྱལ་པོ་རུ། །གསང་གསུམ་གྱི་དཀྱིལ་འཁོར་ཡོངས་རྫོགས་པར། །སྐྱབས་སུ་མཆི་སྙིང་ནས་གསོལ་བ་འདེབས། །དེ་ཉིད་ཀྱི་གདུལ་ཞིང་ཀོང་


TR001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་མཐིལ། །མཐར་ཐུག་ཏུ་ཟད་པའི་ས་མཚམས་སུ། །གནས་རྒྱ་ལ་ཟེར་བའི་སྒྲ་བོ་ཆེ། །རྩེ་རྡུམ་གྱི་གངས་ཆེན་མ་ལགས་སམ། །རི་མཐོ་མཐོ་དང་གཉན་གཉན་མང་ལགས་ཀྱང༌། །ཕྱོགས་གང་ནས་བལྟས་ཀྱང་སྒྲིབ་མེད་དུ། །རི་ཀུན་གྱི་ཡང་རྩེར་འོད་ལྷག་གེ །གསལ་བར་དུ་མཐོང་བ་དཔལ་རིའི་གངས། །ལྷ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་དུ། །རྗེ་པདྨས་བྱིན་གྱིས་བརླབས་པར་མཛད། །གནས་དེ་མགུལ་ལོངས་སྤྱོད་འཁོར་ལོ་རུ། །ས་བྱང་ཆུབ་ཡང་རྩེའི་སྒྲུབ་གནས་འདི། །དབྱིབས་པདྨ་ཁ་བྱེའི་ཟེའུ་འབྲུའི་ཚུལ། །ཡིད་རབ་དྭངས་སྤྲོ་བ་འཕེལ་བའི་གནས། །ཤར་ཁྲི་གདུགས་འཆར་བའི་སྒོ་མོ་རུ། །འཛོམ་གངས་དཀར་མཁའ་འགྲོའི་ར་བ་ཡོད། །འབྲས་སཱ་ལུ་སྐྱེ་ཞིང་རས་འཐགས་གྱོན། །མོན་འཇང་ཡུལ་ཞེས་བྱའི་རྒྱབ་རི་ཡིན། །ལྷོ་མ་ལ་ཡ་རི་གནམ་ལྕགས་འབར། །ལྷ་དམ་ཅན་གནས་


TR001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕོ་བྲང་སྟེ། །སྐྱེ་བོ་རྣམས་དྲི་ལྷ་རྩེ་རྣོན་ཟེར། །གནས་པདྨ་བཀོད་པའི་ཕུ་རི་ཡིན། །ནུབ་མ་མ་མཐིང་གི་མཚོ་མོ་ནི། །མ་མཚོ་སྨན་རྒྱལ་མོའི་བསྟི་གནས་ཏེ། །ཀོང་ལུང་པའི་བདེ་སྐྱིད་ལོངས་སྤྱོད་ཀྱི། ས་གནད་དང་རྟེན་ ༼གུ་རུ་རིན་པོ་ཆེས་གཏེར་ཁ་མང་པོར་ལུང་བསྟན་ནོ། མཆན།༽ འབྲེལ་འདི་ན་ཡོད། །བྱང་གངས་རིའི་གནས་ཆེན་ཡོངས་གྲགས་དང༌། །ཡན་ལག་བརྒྱད་ལྡན་གྱི་བདུད་རྩིའི་ཆུ། །ངོ་མཚར་དུ་མའི་གཟིགས་སྣང་ཚོགས། །བྱིན་རླབས་ཀྱི་དཔལ་དུ་འབར་བ་ཡོད། །དབུས་བྱང་ཆུབ་ཀྱི་སྙིང་པོའི་ཡང་རྩེ་འདིར། །འདོད་ཡོན་གྱི་མཆོད་པ་ཕུན་སུམ་ཚོགས། །སྔོ་སྨན་སྣ་ཚོགས་ཀྱི་མེ་ཏོག་གི །སྐྱེད་ཚལ་ཡིད་འོང་གི་སྤང་གཤོངས་དང༌། །ཤུག་པ་བལ་དཀར་གྱི་དྲི་བཟང་གི །བདུག་སྤོས་བསུང་ཞིམ་གྱི་དྭངས་རེ་སྤྲོ། །ནམ་ལངས་དང་ཉི་ཤར་དུས་མཉམ་པས། །མུན་སེལ་ནང་གསལ་དུ་ལྷུན་གྱི་གྲུབ། །བདུད་རྩིའི་ཆུ་


TR001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གིས་དྲི་ཆབ་ཀྱིས། །ཉོན་མོངས་ཚ་གདུང་གི་གནོད་པ་བྲལ། །རུག་པ་ཆུ་རུག་རྨེ་མོ་སོགས། །རབ་བྱུང་ཞལ་ཟས་ཀྱི་འཚོ་བ་ཡོད། །བྱ་ཚེ་རིང་གདངས་བྱའི་གླུ་དབྱངས་ཀྱི། །སྒྲ་སྙན་པོས་ཡིད་སྣང་འགྱུར་བར་བྱེད། །ལར་མགོ་ནག་མི་ཡི་རྒྱུ་འཕྲུལ་མེད། །འཇིག་རྟེན་རྣམ་གཡེང་གི་དགྲ་དང་བྲལ། །སྤྲིན་ན་བུན་གྱི་བླ་བྲེས་རྟག་ཏུ་ཕུབས། །སེམས་གཡེང་བའི་བར་ཆད་དེ་ཡིས་སེལ། །འཇའ་ལྔ་ལྡན་གྱི་དྲྭ་བ་རིས་སུ་བྲིས། །གནས་བཟང་བའི་ངེས་ཤེས་དེ་ཡིས་བསྐྱེད། །ཆར་ཁ་བ་རྒྱུན་མི་ཆད་འབབས་པས། །སྒོམ་ཡེངས་མེད་ཀྱི་སྐུ་མཚམས་ངང་གིས་དམ། །གངས་ཉིལ་བའི་འུར་སྒྲ་འབྲུག་ལྟར་སྒྲོག །ཆོས་ཉིད་ཀྱི་རང་སྒྲ་ངོ་ཡང་སྤྲོད། །བྲག་གཡང་རི་མཐོ་གཟར་འཇིགས་ཚུལ་གྱིས། །ཚེ་མི་རྟག་ངེས་འབྱུང་བསྐུལ་མར་བྱེད། །བྱ་རི་དྭགས་བག་ཡངས་སྤྱོད་ཚུལ་གྱིས། །བྱམས་སྙིང་རྗེ་ཤུགས་འབྱུང་


TR001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་ཆད་མེད། །མ་མཁའ་འགྲོའི་དངོས་གྲུབ་ཚོགས་འཁོར་གྱིས། །རྨི་ལམ་ཀུན་དགའ་བདེའི་རོལ་པར་འཆར། །གནས་འདི་འདྲའི་ཡ་མཚན་བཀོད་པ་རྣམས། །ཚེ་བློས་ཐོང་གི་ཆོས་པའི་དཔལ་དུ་ཆེ། །བདག་མི་རྒན་ནམ་འཆི་ཆ་མེད་ལ། །རྐང་འགྲོ་དད་ཁ་ལ་མིན་ལགས་ཀྱང༌། རྗེ་རྒྱལ་བས་བསྔགས་པའི་རི་ཁྲོད་འདིར། །ལམ་བགྲོད་པར་དཀའ་ཡང་སྙིང་རུས་བསྐྱེད། །གནས་ཡ་མཚན་ལ་བསམ་སྟེ་བརྩོན་པས་བགྲོད། །སྐྱབས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། །མ་སེམས་ཅན་བདེ་བའི་རྟེན་འབྲེལ་བསྒྲིགས། །ཆོས་སྙིང་པོ་དོན་གྱི་ཡང་བཅུད་བླངས། །སེམས་རང་རིག་གི་རང་འགྲོས་དཀྱུས་ཐོག་བཅད། །རྐྱེན་གང་བྱུང་ལ་གཏད་མེད་ཀྱི་འབུར་འཇོམས་བྱས། །ཕྱི་ལྷ་འདྲེ་ཡང་རང་སེམས་ཀྱི་རྒྱན་དུ་འཁྱེར། །བློ་སྐྱིད་སྡུག་ཀུན་ཆུ་ཡི་རི་མོར་བལྟས། །ལར་ཐམས་ཅད་ཆོས་ཉིད་རོལ་པར་བསྟིམ། །བདག་རོ་སྙོམས་ཀྱི་དོན་འབྲས་འགྲུབ་ནས་བྱུང༌།


TR001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

།ཁྱེད་ཕྱི་རབས་རྗེས་འཇུག་གི་ཆོས་པ་རྣམས། །ཁ་བྱི་ཁུང་ཙམ་འདི་གསོ་བ་ལ། །མི་ཚེ་གྲོང་འཁྱམས་སུ་མ་བྱེད་པར། །གནས་དབེན་ཁྲོད་སྒྲུབ་རྒྱུད་ཀྱི་གདན་ས་མཆོག །འདི་ལྟ་བུར་ཁ་ལོ་ཡར་བསྒྱུར་དང༌། །གཏན་འདུན་གྱི་གྲོས་འགོ་ལེགས་ནས་འོང༌། །དོན་མེད་ཀྱི་བྱ་བྱེད་མ་མང་བར། །རང་སེམས་ཀྱི་གཉེར་ཁ་གྱིས་ཤིག་དང༌། །བྱང་ཆུབ་ཀྱི་ལམ་བཟང་བགྲོད་པར་འགྱུར། །དེ་སྐད་དུ་སྨྲ་བའི་གནས་མཆོག་ནི། །ཤར་ཕྱོགས་ཀྱི་དཔལ་རི་གངས་ཁྲོད་འདབས། །བྱང་ཆུབ་ཀྱི་སྙིང་པོའི་ཡང་དབེན་དུ། །གཅུང་ནོར་བཟང་ཆོས་ཀྱི་དབང་པོ་དང༌། །མ་མཁའ་འགྲོ་མཉེས་པའི་རོལ་མོར་ཕུལ། །མཁའ་ཁྱབ་ཀྱི་འགྲོ་ལ་ཕན་བདེའི་རྒྱུར། །འདི་ཉིད་ཀྱིས་ཡོངས་སུ་འགྲུབ་པར་ཤོག །སྒྲུབ་གནས་ཞིང་བཀོད་ཀྱི་གླུ། །ན་མོ་པདྨ་ཀ་རཱ་ཡ། དལ་འབྱོར་མི་ལུས་ཕུན་ཚོགས་ཐོབ་དུས་འདིར། །དཔལ་མགོན་བླ་མ་ཡིད་བཞིན་ནོར་བུ་ལ། །


TR001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་མཛད་ལེགས་མཐོང་གང་གསུངས་བཀའ་བསྒྲུབ་པས། །མཉེས་པ་མཐར་ཕྱིན་བྱེད་པ་བྱང་ཆུབ་ལམ། ༡ །ནམ་འཆི་ཆ་མེད་རྨི་ལམ་སྣང་བ་ཙམ། །མི་ཚེ་སྐད་ཅིག་རེ་ལ་ཐུང་དུ་འགྲོ། །རྒས་ཁའི་རྒྱགས་གྲབས་བྱས་ཀྱང་སྡོད་ངེས་མེད། །འཆི་ཁའི་ལམ་སྣ་འཚོལ་བ་བྱང་ཆུབ་ལམ། ༢ །འགྲོ་ཀུན་ཕ་མར་གྱུར་ལ་ཁྱད་པར་མེད། །དགྲ་གཉེན་ཆགས་སྡང་བྱེད་པ་འཁྲུལ་པའི་ལས། །དེ་བས་བྱམས་དང་སྙིང་རྗེ་བྱང་སེམས་དང༌། །དག་སྣ་ཕྱོགས་མེད་སྦྱོང་བ་བྱང་ཆུབ་ལམ། ༣ །རྒྱུ་འབྲས་བསླུ་མེད་དགེ་སྡིག་འབྲས་བུ་སྨིན། །འཁོར་བའི་ཁམས་སུ་གར་སྐྱེས་བདེ་བ་མེད། །སྤང་བླང་ཚུལ་བཞིན་སྒྲུབ་དུས་ང་རེས་ཙམ། །སྡིག་སྤོང་དགེ་ལ་འབད་པ་བྱང་ཆུབ་ལམ། ༤ །ཆོས་རྣམས་ཀུན་གྱི་རྩ་བ་རང་སེམས་འདི། །རང་རིག་དྲན་པས་རྟག་ཏུ་མ་བསྐྱངས་ན། །ཨ་འཐས་ལུག་རྒྱུད་འཁྲུལ་པས་གཏན་ཕུང་རྒྱུ། །མ་ཡེངས་རང་འཚོ་བཟུང་བ་བྱང་ཆུབ་ལམ། །


TR001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལམ་གྱི་རྩ་བའི་ཉམས་ལེན་གནད། །ཟབ་མོ་སྣ་ལྔར་དྲིལ་བའི་གླུ་ཆུང་འདི། །ཨུ་དུམ་ཝ་ར་ལྟ་བུ་རྙེད་དཀའི་ཆོས། །བླ་མའི་ཞལ་གདམས་ལགས་ཀྱི་ཐུགས་དགྱེས་མཛོད། །གླུ་འདི་བྱང་ཆུབ་ལམ་ལྔའི་གླུ། །ཚིག་འདི་སྙིང་གཏམ་ཟབ་མོའི་ཚིག །དོན་འདི་ཉམས་ལེན་གནད་ཀྱི་དོན། །འདི་ཡིས་གཞན་ལ་ཕན་པར་ཤོག ཅེས་པ་འདི་ཡང་བྱང་ཆུབ་ཡང་རྩེའི་དབེན་གནས་སུ། རང་གི་གཅུང་པོ་ན་རེ། སྔོན་གྱི་དཔལ་ལྡན་མཁའ་སྤྱོད་པ་སོགས་ཀྱི་བྱང་ཆུབ་ལམ་གྱི་གླུ་ཆེ་ཆུང་སྣ་ཚོགས་གདའ་བས། འོ་སྐོལ་གྱིས་ཀྱང་བྱང་ཆུབ་ཀྱི་གནས་འདིར་བྱང་ཆུབ་ཀྱི་གླུ་ཞིག་གྱིས་དང་ཟེར་བའི་ངོར་བླངས་པ་དགེའོ། ༈ །ཕ་བླ་མ་སངས་རྒྱས་ཀུན་དངོས་འདི། །དཔེ་ཡིད་བཞིན་ནོར་བུ་བསམ་འཕེལ་འདྲ། །ཅི་བསམ་དགོས་འདོད་འབྱུང་བའི་མཚན་ལ། །སྙིང་ཐག་པའི་མོས་གུས་བསྐྱེད་རེ་རན། ༡ །ལུས་སྒྱུ་མའི་ཁང་རུལ་གཡར་པོ་འདི། །དཔེ་གཡང་སའི་སྡོང་གོག་རྙིང་པ་འདྲ། །


TR001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་འགྱེལ་བར་འགྱུར་ངེས་ཐག་ཆོད་ལ། །སེམས་མི་རྟག་རང་རྒྱུད་བསྐུལ་རེ་རན། ༢ །སྟོང་འཁོར་ལོས་བསྒྱུར་བའི་མངའ་ཐང་ཡང༌། །དཔེ་མིག་འཕྲུལ་མཁན་གྱི་རྩེད་མོ་འདྲ། །སྙིང་པོ་ཅི་ཡང་མེད་པའི་ནོར་རྫས་འདྲ། །བློ་ཞེན་འཛིན་སྲེད་པ་སྤང་རེ་རན། ༣ །ཆོས་བརྒྱད་ཁྲི་བཞི་སྟོང་མང་པོ་ཀུན། །དཔེ་བཅུད་ལྡན་འོ་མའི་རྒྱ་མཚོ་འདྲ། །ཡང་བཅུད་ངེས་དོན་མར་གྱི་སྙིང་པོ་ལ། །གནད་ཉམས་ལེན་རྒྱུད་ལ་སྦྱོར་རེ་རན། ༤ །དབྱངས་ངེས་འབྱུང་བསྐུལ་བའི་གླུ་ཆུང་འདི། །དཔེ་གཅོང་ནད་སེལ་བའི་སྨན་མཆོག་འདྲ། །སྙོམས་ལས་ལེ་ལོའི་ནད་ཀྱི་གཉེན་པོ་ཡིན། །དོན་ལེགས་པར་སོམས་ལ་ཉམས་བཞེས་ཞུའོ། །༥ ༈ ཨ་ཧོ། མཚན་ལྡན་བླ་མ་དང་གཅིག གདམས་ངག་ཟབ་མོ་དང་གཉིས། རང་སེམས་རྗེན་པ་དང་གསུམ། འདི་གསུམ་འཛོམ་དུས་ཉམས་ལེན་མི་བྱེད་ན་འཁྲུལ་ཚབས་ཆེའོ། །


TR001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་བློ་ལེགས་པར་ཐོང༌། དལ་འབྱོར་མི་ལུས་དང་གཅིག སངས་རྒྱས་བསྟན་པ་དང་གཉིས། །རང་དབང་རང་ཐོབ་དང་གསུམ། འདི་གསུམ་འཛོམ་དུས་དམ་ཆོས་མ་ནུས་ན་ཕུང་ཚབས་ཆེའོ། །ཕྲལ་ཕུགས་ལེགས་པར་བསམ་མོ། །མི་རྟག་འཆི་བ་དང་གཅིག བར་དོའི་འཇིག་སྐྲག་དང་གཉིས། ངན་འགྲོའི་སྡུག་བསྔལ་དང་གསུམ། འདི་གསུམ་བྱུང་དུས་གྲབས་ཆུད་མ་བྱས་ན་འགྱོད་ཚབས་ཆེའོ། །རྡོག་གཏད་ལེགས་པར་མཛོད། ཅེས་པ་འདི་ཡང༌། རང་གི་གཅུང་པོ་དང༌། སྨིན་གྲོལ་སྙིང་པོ་གཉིས་ཀྱི་བསྐུལ་ངོར་སྨྲས་པའོ། ༈ །རྒྱལ་དབང་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །དལ་འབྱོར་མི་ལུས་ཡིད་བཞིན་གྱི་ནོར་བུ་འདུག་གོ །འཇིག་རྟེན་གཡེང་བས་དལ་འབྱོར་འདྀ་སྟོང་ཟད་དུ་འདུག་གོ །བློ་རྒྱུད་ཆོས་དང་འདྲེས་ངེས་སུ་བྱིན་གྱིས་རང་རློབས་ཤིག །མཚུངས་མེད་བསྟན་འཛིན་རྡོ་རྗེ་ལ་གསོལ་བ་འདེབས་སོ། །མི་ཚེ་འདི་ཀུན་རྨི་ལམ་གྱི་སྣང་


TR001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཙམ་འདུག་གོ །འཆི་བ་ནམ་མཁའི་ཐོག་ཆེན་ལས་མྱུར་བ་རུ་འོང་ངོ། །སྒོ་གསུམ་ཆོས་ཀྱིས་འདའ་བ་རུ་བྱིན་གྱིས་རང་རློབས་ཤིག །མཆོག་སྤྲུལ་བཟང་པོ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །འཁོར་བའི་རང་བཞིན་སྡུག་བསྔལ་གྱི་བཙོན་ར་རུ་འདུག་གོ །ཆོས་མེད་སེར་གཟུགས་རང་གིས་རང་བསྲུང་མཁན་དུ་གདའ་འོ། །རང་རྒྱུད་གཏིང་ནས་འཐུལ་བ་རུ་བྱིན་གྱིས་རང་རློབས་ཤིག །རིག་འཛིན་ཆོས་ཉིད་ཀློང་གྲོལ་ལ་གསོལ་བ་འདེབས་སོ། །སེམས་ཅན་ཐམས་ཅད་ཕ་མའི་རང་བཞིན་དུ་འདུག་གོ །དགྲ་གཉེན་ཆགས་སྡང་འཁྲུལ་པའི་ཡོ་ལངས་སུ་འདུག་གོ །འཇིག་རྟེན་ཞེན་པ་གཏན་ཟད་དུ་ཕྱིན་གྱིས་རང་རློབས་ཤིག །དྲིན་ཆན་སྣ་ཚོགས་རང་གྲོལ་ལ་གསོལ་བ་འདེབས་སོགས། །སངས་རྒྱས་ཐོད་བླ་མའི་རྣམ་སྤྲུལ་དུ་འདུག་གོ །བླ་མའི་ཐུགས་དང་རང་རིག་འདི་དབྱེར་མེད་དུ་འདུག་གོ །རང་རིག་ཆོས་སྐུ་རང་གྲོལ་དུ་བྱིན་གྱིས་རང་རློབས་ཤིག །རྩེ་གཅིག་དད་པས་གདུང་དབྱངས་ཀྱིས་གསོལ་


TR001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་སོ། །བདག་སོགས་མཁའ་མཉམ་སེམས་ཅན་ལ་ཐུགས་རྗེ་ཡིས་གཟིགས་ཤིག །ཚེ་གཅིག་སངས་རྒྱས་འགྲུབ་པ་ཡི་དངོས་གྲུབ་ཏུ་སྩོལ་ཞིག །སྲིད་གསུམ་བདེ་ལ་འགོད་པ་ཡི་ནུས་ལྡན་དུ་ཤོག་ཅིག། གཅུང་པོ་ནོར་བཟང་པས། སྔོན་རྒྱལ་བ་རྒོད་ཚང་པ་དེ་ཉིད་ཀྱི་སྣང་བ་བདེན་མེད་ཟང་ཐལ་གྱི་གྲུབ་རྟགས་མཛད་དུས་ཀྱི་གསུང་མགུར་དང་འདྲ་བ་ཞིག་དགོས་ཟེར་བའི་ངོར་བླངས་པ་དགེའོ། ༈ །ན་མོ་གུ་རུ། དོན་གནས་ལུགས་ཀྱི་ཆ་ནས་སྤྲོས་པས་དབེན། །རྩལ་འགག་མེད་ཀྱི་རོལ་པ་ཅིར་ཡང་འཆར། །གནད་ཡིན་ལུགས་ཀྱི་འགག་དོན་སེམས་སུ་གཅིག །སེམས་རང་ངོ་རང་རིག་གི་བླ་མར་འདུད། །ཁྱེད་དད་ཅན་གྱི་སྐལ་ལྡན་བཀྲ་ཤིས་མཚན། །སྔོན་སྨོན་ལམ་གྱི་འབྲེལ་པ་བཟང་པོའི་མཐུས། །བདག་ཀུན་སྤངས་ཀྱི་རྗེས་འགྲོ་རྒན་པོ་ལ། །ཆོས་རྡོ་རྗེའི་གླུ་རུ་སྨྲོས་ཤིག་ཅེས། །གང་བཞེད་པའི་དོན་སྐོང་འདི་ལྟར་འབུལ། །ལུས་


TR001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དལ་འབྱོར་འདི་དབུལ་པོས་གཏེར་བརྙེད་ལྟར། །དུས་ད་རེས་ཐོབ་པའི་དགའ་ཚོར་ལ། །འདི་སྟོང་ཟད་དོན་མེད་དུ་མ་སོང་བར། །གཏན་འདུན་མ་ཞིག་དགེ་བས་བསྒྲུབ་པར་ཞུ། །རྒྱུ་འབྱུང་བཞི་འདུས་པའི་གཟུགས་ཕུང་འདི། །རྐྱེན་འཆི་བདག་གི་ཐོག་ཆེན་ནམ་ཀྱང་ཕོག །ཚེ་ངེས་མེད་ལ་བློ་ན་མ་རིང་བར། །ལམ་འཆུགས་མེད་ཅིག་འཚོལ་ལ་རེམ་པར་ཞུ། །གནས་འཁོར་བ་གང་སྐྱེས་བདེ་བ་མེད། །ལས་རྒྱུ་འབྲས་ཀྱི་ནམ་ཡང་བསླུ་མི་སྲིད། །དགེ་མི་དགེའི་སྤང་བླང་ཞིབ་མོ་ལ། །དུས་ད་རེས་འབད་པ་ནན་ཏན་ཞུ། །སྐྱབས་མི་བསླུ་ངེས་པ་དཀོན་མཆོག་གསུམ། །ཚེ་འདི་ཕྱི་བར་གསུམ་རྩེ་གཅིག་པའི། །ཡིད་དད་གུས་ཟོལ་མེད་བློས་འགེལ་ཞིང༌། །ལས་སྐྱིད་སྡུག་གང་གི་ཐག་ཆོད་ཞུ། །རྗེ་དུས་གསུམ་སངས་རྒྱས་གྱི་རྣམ་གྲངས་ཀུན། །ཞིང་གདུལ་བྱ་ཐ་དད་ཀྱི་སྣང་ངོ་ཙམ། །རང་དད་མོས་གང་ཐོབ་ཀྱི་བླ་མ་དེ། །སྐྱབས་རྒྱལ་བ་ཀུན་དངོས་སུ་


TR001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཆེས་ཞུ། །ཆོས་གྲུབ་མཐའ་སྣ་ཚོགས་ཀྱི་ང་བཟང་ཀུན། །ཡུལ་སྐལ་བ་ཐ་དད་ཀྱི་རང་སྣང་ཙམ། །དོན་ཞེ་ཕུགས་བྱང་ཆུབ་ཉིད་བསྒྲུབ་ལ་མཐུན། །སེམས་དག་སྣང་ཕྱོགས་མེད་དུ་སྦྱོང་བར་ཞུ། །འཕྲལ་འདི་སྣང་བསོད་ནམས་ཀྱི་སྟོབས་འབྱོར་དང༌། །ནོར་ལོངས་སྤྱོད་གྲོགས་འཁོར་དང་བདེ་སྐྱིད་ཀུན། །ལས་མངོན་ཐོ་དགེ་འབྲས་སུ་ཤེས་བྱ་ལ། །ཚོགས་རྣམ་གཉིས་གོང་འཕེལ་དུ་སོག་པར་ཞུ། །འབངས་མངའ་རིས་ཆབ་སྲིད་ཀྱི་སྐྱོང་བྲན་དང༌། །སྲིད་འཇིག་རྟེན་འདུན་ཐབས་ཀྱི་བྱ་བྱེད་རྣམས། །བློ་གཟུར་གནས་དྲང་ཚུགས་ཀྱི་གཞུང་བསྲང་སྟེ། །ཀུན་ཡིད་ཆེས་ངེས་འདྲོངས་སུ་མཛད་པར་ཞུ། །ཚེ་འདི་ལས་ཕྱི་མ་བསམ་གལ་ཆེ། །འཕྲལ་སྐྱིད་པོས་ཕུགས་དོན་འགྲུབ་པར་དཀའ། །ཚེ་གཏན་གྱི་འདུན་མ་སྒྲུབ་དུས་འདིར། །ནམ་ཤི་ཡང་འགྱོད་མེད་འགྲུབ་མཛད་ཞུ། །ཀྱེ་མ། བསྐལ་དུས་ཀྱི་སྙིགས་མའི་མཐའ་ལ་ཐུག །རྒྱལ་


TR001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཡང་ནུབ་ཁའི་ཉི་མ་ཙམ། །སེམས་ཅན་གྱི་བསོད་ནམས་ཐུར་ལ་བྲི། །དམ་ཆོས་ལ་འབད་རན་མཁྱེན་པར་མཛོད། །རྐྱེན་ངན་ནི་བུ་ཡུག་ལས་ཀྱང་འཚུབ། །ཚེ་སྲོག་ནི་རླུང་སེབ་མར་མེ་འདྲ། །ངན་སོང་ལས་སྐྱོབས་ནུས་དམ་ཆོས་ལས། །ཐབས་གཞན་ན་མ་མཆིས་དགོངས་པར་མཛོད། །ཆོས་བྱེད་རློམ་མང་ཀྱང་བྱེད་ངེས་དཀོན། །ཆོས་སྣ་ཁ་མང་པོས་འགྲུབ་པར་དཀའ། །ཡིད་གང་ལ་མོས་པ་གཅིག་ཐོག་དྲིལ། །དོན་སྙིང་པོ་དེ་ཀས་འགྲུབ་པ་ལགས། །གྲོས་སྙིང་གཏམ་གླུ་རུ་བླངས་པ་འདིས། །ཁྱེད་བཞེད་དོན་ཆོས་བཞིན་འགྲུབ་པ་དང༌། །ཚིག་མཐོང་ཐོས་དྲན་པའི་སྐྱེ་རྒུ་ཀུན། །ཡིད་དམ་ཆོས་ལ་འགྱུར་ནས་སྨིན་གྲོལ་ཤོག། ཅེས་པ་འདི་ནི། དད་སྟོབས་འབྱོར་པས་མི་དམན་པའི་སྐལ་ལྡན་མངྒ་ལའི་མཚན་ཅན་གྱིས་བསྐུལ་ངོར་བཀོད་པ་ཤུ་བྷམ། ༈ །ན་མོ་གུ་རུ། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་ཀུན། །རྣམ་འགྱུར་གྱི་སྤྲུལ་པ་རྒྱ་མཚོ་ཡིས། །རིས་མེད་


TR001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྲོ་བའི་དོན་མཛད་པའི། །ཁྱབ་བདག་གི་བླ་མ་སྤྱི་བོས་མཆོད། །ཁྱེད་དྷྱཱ་ན་གརྦྷ་སྙིང་གཏམ་གྱི། །གླུ་སེམས་ལ་ཕན་པ་ལོངས་ཤིག་སྐད། །བདག་རང་གྲོལ་རྒན་པོས་ཤུགས་འབྱུང་གླུ། །འདི་ཡིད་ལ་ཞོག་དང་བསམ་གཏན་པ། །དལ་འབྱོར་འདི་དབྱར་ཁའི་མེ་ཏོག་འདྲ། །ཡུན་རིང་པོ་མི་སྡོད་མྱུར་དུ་རྒས། །ཁྱེད་རྒས་ཁ་ཤི་ཁའི་འདུན་མ་ཡི། །བསམ་བློ་དེ་དམ་པའི་ཆོས་ལ་ཐོངས། །ཚེ་སྲོག་འདི་རླུང་ནང་མར་མེ་བཞིན། །ངེས་མེད་དུ་ནམ་འཆི་ལྷུས་མི་ཐིངས། །མཐར་ནམ་ཀྱང་འཆི་བར་ཐག་ཆོད་ལ། །འགྱོད་མེད་ཀྱི་གྲབས་ཆུད་མྱུར་དུ་རེམས། །ལྟོ་གོས་འདི་དབུལ་པོའི་ནོར་རྫས་ལྟར། །གཅིག་ཡོད་པས་མི་ཆོག་གཅིག་ཀྱང་དགོས། །འཚོལ་སྒྲུབ་ཀྱི་ངང་ལ་མི་ཚེ་འདས། །ཆོག་ཤེས་ཀྱི་ཁོ་ཐག་སེམས་ལ་ཆོད། །དོན་མེད་ཀྱི་འཇིག་རྟེན་སྣང་ཤས་དེ། །པད་ཚལ་དུ་སླེབ་པའི་བྱིས་པ་བཞིན།


TR001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

།འདི་ཡག་དང་འདི་བྱེད་ངང་ལ་ཟད། །བློ་ཁ་དེ་ནང་དུ་ཁུག་ལ་ཤོག །དགོས་མེད་ཀྱི་སྨྲ་བརྗོད་ཆགས་སྡང་རྒྱུ། །ངག་སྒྲིབ་དེ་ཞར་དང་ཞོར་ལ་གསོག །ཁ་ཏོན་དང་བཟླས་བརྗོད་བྱེད་ལ་འཆོར། །ངག་འཁྱལ་འདི་ཉེས་པའི་འབྱུང་ཁུངས་ལགས། །རྒྱུ་འབྲས་དང་དམ་སྡོམ་རྩ་བ་དེ། །རང་སེམས་ལ་གཡོ་ཟོལ་མེད་པ་དགོས། །ཚུལ་ཆོས་དང་ངོ་ལྐོག་མཁན་པོ་དེ། །བཙན་དུག་ལ་ལྐོག་ཟས་བྱེད་པ་འདྲ། །རྣམ་གཡེང་དང་གཉིད་དང་སྙོམ་ལས་གསུམ། །སྐོམ་སྐལ་དུ་ཚྭ་ཆུ་འཐུང་བ་འདྲ། །ངན་གོམས་དང་ལང་ལ་མ་ཤོར་བར། །རང་ཁྲིམས་ཤིག་རང་གིས་བསྡོམས་དགོས་སོ། །རྣམ་རྟོག་འདི་བཀག་པས་མི་ཁེགས་ཀྱང༌། །རྗེས་འབྲེང་དང་རང་དགར་བཏང་བ་ན། །སེམས་འཁྲུལ་གྱི་རྟ་རྒོད་གཡང་ལ་འཆོར། །དྲན་ཤེས་ཀྱི་བག་ཡོད་བསྟེན་པར་མཛོད། །སངས་རྒྱས་ཀྱང་བླ་མའི་རྣམ་འཕྲུལ་ཙམ། །བྱིན་རླབས་ནི་དད་


TR001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རང་གཟུགས་ཡིན། །མོས་གུས་ཀྱི་གདུང་ཤུགས་ཆེ་ཆུང་ལ། །ཐུགས་རྗེ་ཡང་དེ་དང་མཐུན་པར་འཇུག །ཅི་མཛད་ལེགས་མཐོང་ཞིག་མ་བྱུང་ན། །རང་བློ་ལ་མཐུན་དང་མི་མཐུན་གྱི། །དད་གུས་དེ་དད་པའི་ཁོང་རུལ་ཡིན། །བྱིན་རླབས་ཀྱང་ནམ་གཞུག་ཆར་པ་འདྲ། །དག་སྣང་ནི་མུན་པའི་སྒྲོན་མེ་ཡིན། །རང་རྒྱུད་ཀྱི་སྣང་བ་མ་དག་ན། །ལོག་རྟོག་གི་མུན་པ་སངས་དུས་མེད། །རང་སྐྱོན་དེ་རང་གིས་བརྟག་ནས་སྤང༌། །དུས་ངན་གྱི་སེམས་ཅན་དུག་ལྔ་རགས། །ཆོས་བྱེད་བྱེད་མང་ལ་འགྲུབ་མཁན་ཉུང༌། །རང་སེམས་ཀྱི་མཛུབ་མོ་སྣ་ཙེར་ཁུགས། །རང་དྲིན་དེ་རང་ལ་ཆེ་བར་མཛོད། །སྙིང་གཏམ་དེ་སེམས་ལ་མ་བཅངས་ན། །ཚིག་ཁ་བཤད་བྲོ་པའི་གླུ་དབྱངས་འདྲ། །དོན་ཡིད་ལ་བསམ་ཞིང་རྒྱུད་ལ་སྦྱོར། །གླུ་གདམས་ངག་ཡིན་ནོ་བསམ་གཏན་པ། ༈ །ཨ་ཧོ། འཇིག་རྟེན་བྱ་བ་


TR001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ཡི་ཐོངས་པ་དང་གཅིག །གཉིས་འཛིན་ཐེ་ཚོམ་རྦད་ཀྱི་ཆོད་པ་དང་གཉིས། །འདི་ཕྱིའི་བློ་གཏད་བླ་མར་འཁེལ་བ་དང་གསུམ། །འདི་གསུམ་ནུས་ན་གཏན་འདུན་འགྲུབ་པོ་ལེགས་པར་བསམ་མནོ་ཐོང༌། །དག་སྣང་མོས་གུས་སྙིང་རྗེ་བསྐྱེད་པ་དང་གཅིག །ཞེན་ལོག་དགོས་མེད་འཆི་བ་དྲན་པ་དང་གཉིས། །སྒོ་གསུམ་དགེ་སྦྱོར་བརྩོན་འགྲུས་ཆེ་བ་དང་གསུམ། །འདི་གསུམ་འབད་ན་ཐར་ལམ་བསྙེད་དོ་སྙིང་རུས་རྒྱུན་དུ་མཛོད། །རྣམ་རྟོག་ངན་ལང་འཁྲུལ་རྒྱུན་གཅོད་པ་དང་གཅིག །སྒོམ་མེད་ཡེངས་མེད་རང་བབ་སྐྱོང་བ་དང་གཉིས། །གང་ཤར་སེམས་ཀྱི་རོལ་པར་ཤེས་པ་དང་གསུམ། །འདི་གསུམ་ཤེས་ན་སངས་རྒྱས་འགྲུབ་པོ་སེམས་ལ་མ་བརྗེད་འཚལ། །ཞེས་པ་འདི་ནི་བསམ་གཏན་སྙིང་པོའི་ངོར། འགོ་དགུ་དུར་ཁྲོད་དུའོ། །དགེའོ། །

རྩེ་ལེ་གོང་འོག་གྲྭ་ཚང་དགོན་གསུམ་པོ་རྣམས་ཀྱི་བསྟན་པ་ཇི་ལྟར་བཙུགས་པའི་ལོ་རྒྱུས།


TR001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལེ་གོང་འོག་གྲྭ་ཚང་དགོན་གསུམ་པོ་རྣམས་ཀྱི་བསྟན་པ་ཇི་ལྟར་བཙུགས་པའི་ལོ་རྒྱུས་བཞུགས། །


TR001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་སྟེ་པྲ་ཛ་བྷྱཿ གངས་ཅན་ཡུལ་འདིར་སངས་རྒྱས་བསྟན་པ་ནི། །དང་པོ་ཁོ་ནར་བྱུང་བའི་འབྱུང་ཁུངས་མཆོག །སྔ་འགྱུར་རིགས་འཛིན་གྲུབ་ཐོབ་ཚར་དངར་བ། །བརྒྱུད་པར་བཅས་ཞབས་གུས་པས་བཏུད་བྱའོ། །འདིར། སྤྲུལ་པའི་སྐྱེས་མཆོག་མི་ཕམ་ཆོས་ཀྱི་སྤྱན་ལྡན་གང་གིས་བཀའ་ཡིག་ཆོས་ཀྱི་འབྲེལ་གཏམ་རིམ་པར་གནང་བའི་སྐབས་རེ་ཤིག་ལ། བདག་ཅག་རྩེ་ལེ་གོང་འོག་རྣམས་ཀྱི་བསྟན་པའི་བབས་ཚུལ་ཇི་ལྟར་ཡིན་གྱི་དྲི་མལ་སྩལ་བའི་ལན་དུ་འཕྲོས་པ་འགའ་ཞིག་ཕུལ་བ་རྣམས། རང་ཕྱོགས་ཀྱི་གྲྭ་གཞོན་རང་རྒྱུས་རང་ལ་མེད་པ་དག་ལ་


TR001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པར་དགོངས་ཏེ་དཔེ་ཐོག་ཏུ་འབེབས་པ་གནང་འདུག་པ་ནི་འདི་དག་ཡིན་ཏེ། དེ་ཡང་གཏེར་བཏོན་རིན་པོ་ཆེ་གུ་རུ་ཆོས་ཀྱི་དབང་ཕྱུག་གི་དངོས་སློབ་རྒྱལ་སྲས་སྨན་ལུང་པ་ཆེན་པོའི་སློབ་རྒྱུད་མང་ཡང་། དྭགས་ཕྱོགས་སུ་བྱོན་པ་ལ། །སངས་རྒྱས་དྭགས་སྟོན་པ་དེ་ནས་རིམ་པས་གཉན་སྟོན་བཛྲ་ཛྙཱ་ན། སེ་སྡིངས་པ་གུ་་ཕ་ལ། ཡོན་ཏན་བཟང་པོ། བྱར་མཁན་པོ་གཡུ་ཐུལ་བ་ཆོས་སྐུ་འོད་ཟེར་རྣམས་རིམ་བརྒྱུད་ཞི་ཁྲོ་བཀའ་ ཡེ་ཤེས་རྡོ་རྗེ་ རྒྱས་གསང་བ་ཡོངས་རྫོགས་ཀྱི་གྲུབ་ཐོབ་ཤ་སྟག་ཏུ་བྱོན་ཞིང་། བླ་མ་ཆོས་སྐུ་འོད་ཟེར་དེ་ཉིད་ཀྱིས་རྩེ་ལེ་རྙིང་མའི་དགོན་སྡེ་བཏབ་ནས་དར་རྒྱས་ཆེར་བྱུང་ཡང་། ཕྱིས་


TR001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་དུས་ཀྱི་སེར་ཁྱིམ་པར་གྱུར་ནས་ཞིག་རལ་ཆེར་བྱུང་རྗེས། སྔོན་ཚེ་བསམ་ཡས་ལོ་པ་བཞུགས་པའི་ཁྲོད་དུ་མཆིམས་སྟོན་ཤཱཀྱ་པྲ་བྷ་ཝ་ཞེས་པ་སློབ་དཔོན་པདྨ་གདན་དྲངས་པའི་ཕོ་ཉ་མཛད་ཅིང་། ཕྱིས་སློབ་དཔོན་ལ་རྡོ་རྗེ་ཕུར་པའི་ཆོས་སྐོར་ཞུས་ནས་ཉམས་སུ་བླངས་པས་གྲུབ་པ་ཐོབ་པ་དང་། དེའི་སྐྱེ་བ་གྲ་སྒོམ་ཤེས་རབ་བཟང་པོ་རྨི་ལམ་སྒྱུ་ལུས་འོད་གསལ་ལ་མངའ་བརྙེས་པ་དང་། མདོ་ཁམས་གཏེར་བཏོན་ཤེས་རབ་མེ་འབར་དུ་འཁྲུངས་པ་སོགས་དག་པའི་སྐྱེ་བ་བཅོ་ལྔ་བརྒྱུད་པའི་ཐ་མར་རིག་འཛིན་ཆེན་པོ་བསོད་ནམས་རྣམ་པར་རྒྱལ་བ་ཞེས་པ་དེ་ཉིད་སྐུ་རབ་གོང་མ་བྱང་ཆུབ་བཟང་པོའི་སྲས་སུ་འཁྲུངས་པའི་སྐུ་མཆེད་གཉིས་ཀྱི་ཆེ་བ་གོང་མ་རིན་ཆེན་དབང་རྒྱལ་བས་རྒྱལ་སྲིད་བསྐྱངས་ཤིང་། སྐུ་གཞོན་པ་བསོད་ནམས་རྣམ་པར་རྒྱལ་བ་འདིས་ཁྲིམས་ཁང་ལོ་ཆེན་བསོད་ནམས་རྒྱ་མཚོའི་སྡེས་སྤྱན་སྔར་རབ་བྱུང་བཞེས་ཏེ་མདོ་སྔགས་རིག་གནས་སོགས་ཤེས་བྱའི་གནས་ཐམས་ཅད་ལ་སྦྱངས་པ་མཐར་


TR001_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སོན་པར་མཛད། རྗེ་མི་སྐྱོད་ཞབས། ཞྭ་དམར་སྤྱན་སྔ་ཆོས་གྲགས། དཔལ་གཙུག་ལག་འཕྲེང་བ། རྡོར་འཛིན་བསྟན་པ་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་ཕྲག་མང་པོ་བསྟེན་ནས། གསར་རྙིང་བཀའ་གཏེར་གྱི་ཆོས་ཐམས་ཅད་ལ་དབང་འབྱོར་བ་དེ་ཉིད་ཀྱིས་གཅེན་པོ་དང་ཡུམ་སོགས་བཀའ་གྲོས་མཐུན་པར་རྩེ་ལེ་གསར་མ་འདི་ཉིད་བཏབ་ནས། ཨོ་རྒྱན་གྱི་གསེར་སྐུ་རྒྱབ་མཐོ་ཉེར་བརྒྱད་པས་ཐོག་དྲངས་གཙུག་ལག་རྟེན་གསུམ་གྲངས་མེད་པ་བཞེངས་ཤིང་། དགེ་འདུན་བདུན་ཅུ་ཙམ་ལ་འདུ་བའི་སྒོ་བརྒྱ་ནོམས་པ་དང་བཅས་པ་སྦྱར། ལྷ་ཆེན་གྱི་རབ་གནས་མཛད་པོར་རིག་འཛིན་མགོན་པོ་སྤྱན་དྲངས་པ་དང་། གཞན་ཡང་། རྒྱལ་སྲས་ཟླ་བ་གྲགས་པ། རབ་འབྱམས་དགེ་བའི་བློ་གྲོས། རྫོགས་ཆེན་བསོད་ནམས་རིན་ཆེན། གཏེར་བཏོན་ལས་འཕྲོ་གླིང་པ། སྒམ་པོ་པ་ནམ་མཁའ་གུ་རུ། ཛ་ཡིག་ཆོས་རྗེ་ཚུལ་ཁྲིམས་


TR001_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་སོགས་སྐྱེས་ཆེན་དམ་པ་རབ་ཏུ་མང་པོ་རྩེ་ལེར་གདན་དྲངས་ནས་ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བར་མཛད་ལ། དེ་དག་གི་སྐབས་སུ་སྐྱེས་ཆེན་གྲུབ་ཐོབ་མང་པོ་གསུང་མཐུན་པར། ཁྱེད་གུ་རུ་ཆོས་དབང་གི་སྤྲུལ་པ་ཞིག་ཡིན་པར་སྣང་བས། ཆ་ལུགས་སྔགས་ཆས་དང་རིགས་ལྡན་གྱི་ཕྱག་རྒྱ་བཞེས་ནས་སྲས་འགྲོ་དོན་ནུས་པ་འགའ་ཡང་འབྱུང་ལ། རབ་བྱུང་འདི་ཀ་མཛད་ན་སྐུ་ཚེ་དང་འགྲོ་དོན་མཐར་མི་ཕྱིན་པར་འགྱུར་བས་ན། ཅིས་ཀྱང་སྔགས་ཆས་མཛོད་ཅེས་ནན་དུ་བཀའ་སྩལ་ཞིང་། མནལ་ལམ་ཉམས་སྣང་སོགས་སུའང་གུ་རུ་རིན་པོ་མཁའ་འགྲོར་བཅས་པས་བརྡ་ཐབས་དུ་མའི་སྒོ་ནས་དེ་ལྟར་བྱུང་རུང་། སྐྱེ་འགྲོ་ཕལ་གྱིས་སྡིག་པ་གསོག་རྐྱེན་དུ་འགྱུར་དོག་ལ་དགོངས་ཏེ་རབ་བྱུང་མཛད་མུས་ལ་བཞུགས་པས་སྐུ་ལ་ཀླུ་ནད་ཀྱི་བསྙུན་དྲག་པོ་དང་། མནལ་ལམ་སོགས་སུ་ཡང་རྟེན་འབྲེལ་ཆུགས་པའི་ལྟས་འབའ་ཞིག་


TR001_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་ནས་སྐུ་གཤེགས་ལ་ཉེ་བ་ཙམ་དུ་འགྱུར་མཐུས་སླར་སྔགས་ཆས་དང་དབུ་སྐྲ་ལྕང་ལོ་སོགས་མཛད་ཅིང་། ཕྱག་རྒྱ་བཞེས་པས་བསྙུན་ཀྱང་གཞི་མེད་དུ་དངས་པ་དང་རྟེན་འབྲེལ་ཐམས་ཅད་གསོར་ཆུད་པ་བྱུང་། སྲས་བསྐྲུན་པའི་ཆོ་གར་ཨོ་རྒྱན་དང་རིགས་གསུམ་མགོན་པོ་སྒྲོལ་མ་རྣམས་བསྟིམ་པའི་རྟེན་འབྲེལ་མཛད་པའི་མཐུ་ལས། སྲས་ཆེ་བ་དཔལ་ཨོ་རྒྱན་བསྟན་འཛིན། དེ་འོག་ཀརྨ་མཐུ་སྟོབས་རྣམ་རྒྱལ། ཕྱག་རྡོར། དེ་འོག་དཀར་ཆེན་པ་ཀུན་དགའ་བསྟན་འཛིན། སྤྱན་རས་གཟིགས། དེ་འོག་ཆོས་རྗེ་ ཨོ་རྒྱན་བསྟིམས་པས། མཁན་ཆེན་ནཱ་ འཇམ་དབྱངས་ ནཱ་ལེནྡྲ་པ། སྲས་མོ་རྗེ་བཙུན་མ་དཀོན་མཆོག་འཚོ་མོ་རྣམས་བྱོན་པ་སོ་སོར་ལྷ་དེ་དག་དང་ཚུལ་མཐུན་པའི་ཕྲིན་ལས་ཀྱིས་གཞན་དོན་མཛད་པ་ཤ་སྟག་བྱུང་། སྒྲོལ་མ་ དེ་ལྟར་རིག་འཛིན་ཆེན་པོ་དེ་ཉིད་འཆད་རྩོད་རྩོམ་གསུམ་བྱ་བ་ལས་ཀྱི་འཁོར་ལོ་


TR001_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་མཐའ་དག་གི་སྒོ་ནས་བསྟན་འགྲོའི་དོན་མཐར་ཕྱིན་ཏེ་དཔལ་ཨོ་རྒྱན་བསྟན་འཛིན་ལ་བསྟན་པ་གཏད་ནས་མྱ་ངན་ལས་འདས་སོ། །དཔལ་ཨོ་རྒྱན་བསྟན་འཛིན་དམ་པ་ཆོས་ཀྱི་སྒྲོན་མེ་དེ་ཉིད་ལ་རྫོགས་ཆེན་ཀུན་འདུས་རྒྱ་མཚོའི་ལུང་བྱང་ལས་འདི་ལྟར་བསྔགས་ཏེ། ད་ལྟའི་མཁས་གྲུབ་གཡུ་སྒྲ་སྙིང་པོ་འདི། །སྐྱེ་བ་ཉེར་ལྔར་བསྟན་པའི་སྲོག་ཤིང་བྱེད། །ཉེར་ལྔའི་མཐའ་མར་དྭགས་པོ་གྲུ་ཞེས་པར། །གྲུབ་ཐོབ་སོག་པོ་མིག་རིང་བུ་རུ་སྐྱེས། །བསྟན་པའི་སྲོལ་འཛིན་མི་ལོ་ཉིས་བརྒྱ་འཕེལ། །སྐྱེ་བ་འཕོས་ནས་པ་ཆེན་དྲུང་དུ་བདེ། །ཞེས། རིག་འཛིན་ཆེན་པོ་དེ་ཉིད་ཀྱི་ཞལ་དབྱིབས་སོག་པོའམ་ཨ་ཙ་ར་ལྟ་བུ་ཡོད་པའི་སྲས་སུ་འཁྲུངས་པ་དང་། གྲ་ཚང་འདི་སོགས་བསྟན་པའི་སྲོལ་བཙུགས་པ་ལོ་ཉིས་བརྒྱར་འཕེལ་བ་དང་། མྱ་ངན་ལས་འདས་རྗེས་རྒྱ་ནག་རི་


TR001_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

བོ་རྩེ་ལྔར་པ་ཆེན་བི་མ་ལའི་དྲུང་དུ་གཤེགས་པར་འགྱུར་བར་ལུང་བསྟན་པ་སྟེ། དེ་ལྟ་བུའི་སྐྱེས་ཆེན་དེ་ཉིད་སྐུ་མཚན་དཔེ་ཚང་བར་བལྟམས་ཤིང་། དགེ་བའི་བཤེས་ཀྱི་མཚན་ཉིད་དང་མཐུན་པའི་བག་ཆགས་འབའ་ཤིག་མ་གཏོགས་འཇིག་རྟེན་གྱི་དྲི་མ་གཏན་མི་མངའ་བ་ནས། རྗེ་གཙུག་ལག་འཕྲེང་བ་ལས་བསླབ་པ་གསུམ་ལྡན་དུ་བསྒྲུབས། ཡབ་ཀྱིས་བླ་མ་མཁས་གྲུབ་སྐྱེས་ཆེན་མཐའ་དག་སྤྱན་དྲངས་ནས་ཆོས་འཁོར་རྒྱུན་མི་འཆད་པའི་སྐུ་དྲིན་གྱིས། ཕྱོགས་གཞན་དུ་འབྱོན་མ་དགོས་པར་རིག་པའི་གནས་ཆེ་ཆུང་བཅུ་དང་། མདོ་རྒྱུད་མན་ངག་གསར་རྙིང་བཀའ་གཏེར་ཀུན་གྱི་དབང་ལུང་ཁྲིད་དང་མན་ངག་ཕྱག་བཞེས་བསྙན་བརྒྱུད་མ་ལུས་པའི་མཛོད་དུ་གྱུར་ནས། རྩེ་ལེ་དང་སྐུ་རབ་དགོན་གསར་གཉིས་ཀའི་མཁན་པོ་མཛད། སྐུ་ཚེ་དགུང་ལོ་སོ་བརྒྱད་ལས་མ་བཞུགས་


TR001_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

རུང་རྣམ་དཀར་གྱི་མཛད་པ་རྒྱ་ཆེ་སྟེ། གསན་སྦྱོང་དང་ཐུགས་དམ་མཛད་པ་དང་། བཤད་སྒྲུབ་སྨིན་གྲོལ་གྱི་སྒོ་ནས་སློབ་མ་བསྐྱངས་པ་དང་། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། བསྟན་བཅོས་བརྩམ་པ་དང་། རྩིས་ཀྱི་ས་རིས་མཛད་པ་དང། ཐང་སྐུ། ཕྱག་དཔེ། དབང་རྫས་སྒྲུབ་རྫས་སོགས་ཀྱི་ཕྱག་བཟོ་མཛད་པ་ཁོ་ན་ཡང་བསམ་གྱིས་མི་ཁྱབ་པ་ཞིག་གནང་གྲུབ་འདུག་པ་དག་ད་ལྟ་རྩེ་ལེ་གོང་འོག་ན་མཇལ་རྒྱུ་སྣང་ཞིང་། སྐུ་སྐྱེ་བ་དེའི་སྔ་མ་ནི་འཁྲུལ་ཞིག་སངས་རྒྱས་བསམ་འགྲུབ་ཡིན་པའི་བག་ཆགས་ཀྱི། གནས་ཆེན་ཙཱ་རིར་ཡང་ཞབས་ཏོག་རྒྱ་ཆེར་བསྒྲུབ་པར་མཛད་ཅིང་ཁོངས་རྣམས་ཀྱིས་ཀྱང་རྩ་བའི་བླ་མར་འཛིན་ཏོ། །དེ་ལྟ་བུའི་དཔལ་ཨོ་རྒྱན་བསྟན་འཛིན་པ་དེ་ཉིད་དགུང་ལོ་སོ་བདུན་པ་ལ་གྲ་ཚང་འདི་འཛུག་པར་དགོངས་ནས། དེ་སྐབས་ཕྱོགས་དུས་ཀྱི་སློབ་མ་མང་དུ་ཡོད་པའི་ཁྲོད་ནས་ཐུགས་དམ་གྱི་བརྟག་པ་དང་སྦྱར་བའི་དྭགས་


TR001_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་ཀོང་གསུམ་གྱི་དབོན་ཆོས་མཛད་ཀྱི་རིགས་མི་བརྒྱད་ལ་སྤྲེལ་ཟླའི་ཚེས་བཅུ་ཉིན་སྐུ་དྲུང་དུ་ཤོག་གསུངས་ནས། བདག་གི་རྟེན་འབྲེལ་བབས་ཚུལ་ཞིག་ལ་བསྟུན་པས་དེ་རིང་ཁྱེད་རྣམས་ལ་གསང་སྔགས་རྙིང་མའི་ཆོས་སྡེ་ཞིག་འཛུག་པའི་རྟེན་འབྲེལ་བསྒྲིག་པ་ཡིན་པས། དགེ་སློང་མཁྱེན་རབ་རྣམ་རྒྱལ་བས་བླ་མ་གྱིས། དབོན་པོ་རི་སྟེང་པ་བསྟན་འཛིན་རྡོ་རྗེས་ལ་དབུ་མཛད་ཀྱིས། ལོང་པོ་བ་ཤེས་རབ་འབྱུང་གནས་ཀྱིས་ཆོས་ཁྲིམས་པ་གྱིས་གསུངས་ཤིང་གསོལ་རས་གནང་སྦྱིན་དང་མེ་ཏོག་འཐོར་ནས། འོ་སྐོལ་རྙིང་མ་འདི་ལ་རིག་འཛིན་གྲུབ་ཐོབ་གཏེར་བཏོན་མང་དུ་བྱོན་ཞིང་ཆོས་ཟབ་ཁྱད་རྨད་དུ་བྱུང་བ་ཡོད་ཀྱང་། གང་ཟག་རྣམས་སྤྱོད་པ་རྩིང་བས་དགེ་འདུན་གྱི་སྡེ་ཤིན་ཏུ་དཀོན་པར་འདུག་པས་ན། ཁྱེད་རྣམས་ཀྱིས་ད་ནས་བཟུང་སྟེ་བསྟན་པའི་ཞབས་ཏོག་ཁོ་ན་ལ་བསམ་པས། སྤྱོད་པ་འདུལ་བ། ཉམས་


TR001_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་བསྐྱེད་རྫོགས། ལྟ་སྒོམ་རྫོགས་ཆེན་རྣམས་དང་མཐུན་པའི་སྒོ་ནས་གསང་སྔགས་རྙིང་མའི་རྐང་ཟིན་པར་གྱིས་ཤིག །དེ་ཡང་སློབ་གཉེར་གྱི་གཞུང་ཀློང་ཆེན་པའི་མཛོད་བདུན་སྐོར་ལ་གྱིས། བསྟན་པ་ཡོངས་རྫོགས་སུ་འགྱུར་བ་ཡིན། དཀྱིལ་ཆོག་བཀའ་བརྒྱད་དགོངས་འདུས་གཉིས་ལ་གྱིས། གཏེར་ཆོས་ཐམས་ཅད་ཀྱི་གཙོ་བོ་ཡིན། ཉམས་ལེན་སྙིང་ཏིག་ཡ་བཞི་ལ་གྱིས། ཐེག་པ་མཐའ་དག་གི་ཡང་བཅུད་ཡིན་ནོ། །ཞེས་སོགས་ཀྱི་ཞལ་གདམས་མཐར་ཐུག་པ་གནང་། བཀའ་སྲུང་རྟ་མགྲིན་ནག་པོ་དྲེགས་པ་སྡེ་བརྒྱད། བཙན་རྒོད་འབར་བ་མཆེད་བདུན། ཞིང་སྐྱོང་ཀུན་དགའ་གཞོན་ནུ་རྣམས་ལ་གྲ་ཚང་གི་གཉེར་གཏད་ནན་ཏན་མཛད། ཁྱད་པར་ཞིང་སྐྱོང་དེ་ཉིད་ཀྱིས་དངོས་སུ་ཞལ་གཟིགས་པའི་སྲུང་མ་ཡིན་ཕྱིར་ལྷག་པར་གཉན་ཞིང་འགོ་བར་ཡོད་དོ། །གྲ་ཚང་འཛུག་པའི་དུས་དེར་རྗེ་དེའི་བཀའ་ལས། གྲུབ་མཐའ་ཆོས་རྒྱུད་ཐམས་ཅད་ཞྭའི་


TR001_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་གནད་དུ་ཆེ་བར་སྣང་བས་འོ་སྐོལ་ལ་ཞྭའི་རྟེན་འབྲེལ་གང་བབས་བརྟག་དགོས་གསུངས་ཏེ། དཀོན་མཆོག་གི་སྤྱན་སྔར་མཆོད་པ་བཤམས་ཞིང་ཞྭ་རིགས་ཐམས་ཅད་ལས་གང་བཀའ་བབས་པ་བརྟག་རིལ་མཛད་པ་ན། གྲ་ཞྭ་སེར་པོ་བཙོད་ཀྱིས་ཁ་བའི་ངུར་སྨྲིག་ཉིད་ལ་བབས་པས་རྟེན་འབྲེལ་བཟང་། མདོ་སྔགས་ཟུང་འཇུག་གི་བརྡར་འདུག་གསུངས་ནས་ཞྭ་ངུར་སྨྲིག་ཤ་སྟག་ཏུ་མཛད་དོ། །དེ་ལྟར་དཔལ་ཨོ་རྒྱན་བསྟན་འཛིན་ཉིད་སྐུ་ཚེའི་གདུལ་བྱ་རེ་ཤིག་རྫོགས་པར་གཟིགས་ནས། རྩེ་ལེའི་གདན་སར་རྗེ་མཐུ་སྟོབས་རྣམ་རྒྱལ་མངའ་གསོལ་ཞིང་། ཉིད་ཡར་སྟོད་ཀརྨ་ལྷ་ཁང་དུ་དཔལ་གཙུག་ལག་འཕྲེང་བའི་བཞུགས་སྒར་དུ་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་སྐུ་གདུང་རིང་སྲེལ་གྱི་ཕུང་པོར་གྱུར་པས་སྐྱེ་འགྲོ་བདག་སྣང་ལ་བཀོད།། ༈ །།རྗེ་ཀརྨ་མཐུ་སྟོབས་


TR001_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་དེ་ཉིད་སྐུ་གཞོན་པའི་དུས་ན་ཐུགས་སྤྱོད་ཤིན་ཏུ་འཚུབ་པ་ལ། དགུང་ལོ་བཅོ་བརྒྱད་པར་གཙུག་ལག་འཕྲེང་བའི་ཞབས་པད་བསྟེན་པ་ནས་མནལ་སད་པ་ལྟ་བུ་ཐུགས་བསམ་བསྙེད་དེ། མདོ་སྔགས་རིག་གནས་སོགས་ཀྱི་སྒྲོ་འདོགས་ཆོད་ནས་བསྟན་པ་ཡོངས་རྫོགས་ཀྱི་མཁས་གྲུབ་ཏུ་གྱུར།། ༈ །།དེའི་སྐུ་མཆེད་འོག་མ་ཆོས་རྗེ་ཀུན་དགའ་བསྟན་འཛིན་པ་ནི་རྟེན་དགེ་བསྙེན་དུ་ཞུགས་ཤིང་། ཨོ་རྒྱན་བསྟན་འཛིན་པའི་ཞབས་ལ་བཏུགས་པས་སྤྱིར་སྐུ་ཡོན་ཕུན་སུམ་ཚོགས་པ་དང་ཁྱད་པར་ཞི་ཁྲོ་བཀའ་བརྒྱད་ཀྱི་བདག་པོར་གྱུར་ནས། དབང་སྒྲུབ་ཆེན་སོགས་ཀྱི་སྒོ་ནས་སྣོད་ལྡན་སྨིན་གྲོལ་ལ་བཀོད་ཅིང་སེམས་དགོན་གྱི་གདན་སར་བཞུགས་པས་སྐུ་བདུན་སེམས་དགོན་པ་ཆེན་པོར་གྲགས།། ༈ །།སྐུ་མཆེད་དེའི་འོག་མས་སྐུ་གཞོན་ནུ་ནས་ཕན་ཡུལ་ནཱ་ལེནྡྲ་རུ་གསན་སྦྱོང་ལ་ཕེབས་ནས། དབུ་ཚད་ཕར་ཕྱིན་འདུལ་མངོན་སོགས་མདོ་ཕྱོགས་ཀྱི་གསན་པ་ཕུལ་དུ་ཕྱིན་ནས་


TR001_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད་ཅིང་། ཕྱིས་རྩེ་ལེར་སྐུ་མཆེད་གོང་མ་རྣམས་ཞི་བར་གཤེགས་ཤུལ་དུ་ཆོས་ཀྱི་ཁྲིར་འཁོད་ནས་བསྟན་པའི་བྱ་བ་མང་དུ་མཛད་དོ།། ༈ །།ལྕམ་མོ་རྗེ་བཙུན་མ་དཀོན་མཆོག་འཚོ་མོ་ནི་རྗེ་མི་སྐྱོད་ཞབས་ལས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོར་གྱུར་ཏེ་འདུལ་བའི་བཅའ་བ་ཕྲ་ཞིང་ཕྲ་བ་མཐའ་དག་དྲི་བྲལ་དུ་སྤྱོད་བཞིན་པས། ཞོང་ཁ་དགོན་དུ་བཙུན་མ་བརྒྱ་ལྷག་པའི་དབུས་ན་ཆོས་སྟོན་ཅིང་སྐུ་ཚེ་དང་སྒྲུབ་པ་མཐར་ཕྱིན་པ། དྭགས་ལུང་པ་ཀུན་གྱི་ཕྱག་མཆོད་ཀྱི་གནས་སུ་གྱུར་པ་བྱུང་ངོ་། །དེ་ནས་ཡང་གོང་གི་འཕྲོ་ལས། དཔལ་ཨོ་རྒྱན་བསྟན་འཛིན་པ་ཞི་བར་གཤེགས་ཕྲལ་ནས་རྩེ་ལེའི་གཞིས་པ་རྣམས་ཀྱི་རྗེ་མཐུ་སྟོབས་པའི་སྙན་དུ། ངེད་རང་རྩེ་ལེ་བ་དགོན་པ་གཅིག་གི་ནང་དུ་གྲ་ཚང་ཁག་གཉིས་སུ་བྱེད་པ་འདི་འགབ་ཡུལ་ཀྱང་མི་འདུག་


TR001_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཕུགས་སུ་བསྟན་པའི་སེལ་དུའང་འགྲོ་ཉེན་ཆེ་བས། གྲ་ཚང་གསར་པ་འདི་ཚུར་སྡོངས་པའམ། དེ་མི་བྱེད་ན་ཁོང་རང་རྣམས་གཞན་དུ་རྫོང་བ་ལྟ་བུ་བྱས་ན་ལེགས་པ་འདྲ་ཞེས་ཡང་ཡང་ཞུས་པ་ལ་གསན་ནས། གྲ་ཚང་གསར་པ་བཟང་ཕུད་ཀྱི་རྣམ་པས་འགྲོ་དགོས་པ་ཤར་ཚེ་དགེ་འདུན་ཞལ་གྲངས་ཀུན་དྲིལ་ཉི་ཤུ་རྩ་བཞི་ཡོད་པ་ལ་དྭགས་པོའི་གྲ་རྒྱུན་ཕལ་ཆེར་ཕར་འཇགས་ནས་འགྲོ་མཁན་ཀོང་ལོང་གཉིས་སྡེབས་པ་བཅུ་དྲུག་ལས་མ་བྱུང་བ་རྣམས། རྗེ་བདེར་གཤེགས་དེ་ཉིད་ཀྱིས་སྤྱི་རྫས་སུ་གནང་བའི་ཆས་ཕྲན་བུ་གོང་ཡོད་རྣམས་འབོག་དྲིལ་དུ་འཁུར་ནས་ཐོན་ཏེ། རིམ་པས་ཀོང་ཕྱོགས་སུ་འོངས་པའི་ལམ་ཞོར་དུ་འོ་ཤོད་གད་པ་སྐྱ་བོར་སངས་རྒྱས་གླིང་པའི་གདུང་རྒྱུད་སྐུ་མདུན་ཀརྨ་བཟང་པོའི་དྲུང་དུ་ཕུར་སྒྲུབ་ཐུགས་སྙིང་སོགས་དབང་ཆོས་འགའ་ཞིག་ཞུས། དེ་ནས་མར་ལ་འོངས་ནས། རྗེ་གཙུག་ལག་འཕྲེང་བ་དཔོན་


TR001_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་རྣམས་གསུམ་མཁར་རམ་ཐང་སྤང་ལ་བཞུགས་སྒར་གནང་བའི་དྲུང་དུ་སླེབ་པ་ན། སྔར་ནས་བླ་མ་ན་རིམ་ལྟར་རྗེ་རང་གི་ཞལ་སློབ་ཡིན་པའི་འབྲེལ་ལ་དགོངས་ནས་སྒར་གྱི་ཕྱག་ཕྱིར་ཁྲིད་ཅིང་ལུགས་གཉིས་ཀ་ནས་བཀའ་དྲིན་བརྩེ་སྐྱོང་དུ་མཛད། དེར་བསྡད་པའི་ཞོར་ལ་ཆོས་སྡེའི་བཅའ་ཁྲིམས་དང་རྣམ་དཔྱོད་ཀྱི་སྤྱན་ལྟོས་འདོན་ཆོས་སྤྱོད་རྣམས་ཀྱི་གདངས་དབྱངས་སོགས་གང་སར་ཕན་སྐྱེད་ཆེ་བར་བྱུང་ཞིང་བཀའ་ཆོས་ཀྱང་མང་བར་ཐོབ། སླར་བཞུགས་སྒར་རྣམ་ཐོས་ཚལ་དུ་གནང་བའི་སྐབས་ཤིག་ཏུ། གྲ་ཚང་འདིའི་བླ་མ་མཁྱེན་རབ་རྣམ་རྒྱལ་ཞེས་པ། འཁྲུངས་ཡུལ་ལོང་པོ་བདེ་ཆེན་དགོན་དུ་འཁྲུངས་ཤིང་དཔལ་ཨོ་རྒྱན་བསྟན་འཛིན་དེ་ཉིད་ལོང་པོ་ཆོས་འཁོར་གླིང་དུ་བཀའ་བརྒྱད་སྒྲུབ་ཆེན་གནང་བར་ཕེབས་པའི་ཚེ་ཞབས་ལ་བཏུགས་པ་ནས་བཟུང་སྟེ་ཕྱག་ཕྱིར་དྲུང་ཡིག་གཏོར་ཤོམ་པ་དབང་གཡོག་སོགས་མཛད་པའི་བཤེས་གཉེན་བྱང་


TR001_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་དངོས་སུ་བཞུགས་བཞིན་པར་གྲ་ཚང་འདི་འཇུག་དུས་བླ་མར་བཀོ་བཞག་གནང་བ་དེ་ཉིད། རྣམ་ཐོས་ཚལ་དུ་སྐུ་གཤེགས་པ་ལ་བརྟེན་གྲ་ཚང་བ་རྣམས་ཡིད་ཕམ་ཞིང་སྒྱིད་ལུག་སྟེ། འོ་སྐོལ་རྣམས་རྩེ་ལེར་མ་ཆགས་པར་བྱེས་སུ་འཁྱམས་པའི་ཁར་བླ་མ་སྐུ་གཤེགས། དགོན་གཞིས་སོགས་བརྟེན་ས་ནི་གང་ཡང་མེད་ཚེ་ད་ནི་སྤྱི་ཆས་ཕྲན་ཚེག་རྣམས་རྗེ་འདིའི་དྲུང་དུ་ཕུལ། ངེད་རང་རྣམས་ཅི་བདེར་སྤྱོད་པ་ལས་འོས་མེད་ཅེས་གྲོས་ཐག་བཅད་ནས་རྗེའི་དྲུང་དུ་དེ་བཞིན་ཞུས་པ་ན། བཀའ་ལས། སྤྱིར་སྐྱེ་ཤི་འཕོ་འགྱུར་སྐྱིད་སྡུག་ཕྲན་བུ་སུ་ལའང་འོང་བ་ཆོས་ཉིད་ཡིན་མོད་ཀྱང་། ཆོས་རྗེ་ཨོ་རྒྱན་བསྟན་འཛིན་པ་དེ་ཉིད་སྐྱེས་ཆེན་རྩོད་མེད་ཡིན་པ་ཁོང་གི་གྲ་ཚང་བཙུགས་ནས་ཁྱེད་ཚོས་ཐོར་ན་དམ་ཚིག་གི་ལྟུང་བ་ཡང་ཕོག་ཅིང་ལར་མི་འཐུས་པས། ཁྱེད་རྣམས་མ་ཐོར་བ་ཞིག་གྱིས་དང་། བདག་གིས་ཀྱང་ཅི་ནུས་ཀྱི་རོག་རམ་བདག་རྐྱེན་བྱེད་པ་ཡིན་


TR001_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བཀོ་བཞག་ཀྱང་བདག་ཚོའི་འདི་ནས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་ཇི་ལྟར་བཟང་བ་ཞིག་བཀོད་རུང་ཆོས་ལུགས་མི་གཅིག་ཚེ་ཁྱེད་ཚོར་ཕན་ཐོགས་པ་དཀའ། གོང་དཀར་རྡོ་རྗེ་གདན་པའི་བཅའ་ཡིག་ཏུ། ཕྱིའི་མཁས་བཙུན་ལས་ནང་གི་རྒས་མགོ་ཞིག་གིས་བླ་མ་བྱེད་པ་དགའ་བ་ཡིན། ཕུགས་ཆོས་རྒྱུད་མི་འཆུགས་པའི་དགོས་པ་ཡོད། གསུངས་སྣང་བ་ཤིན་ཏུ་བདེན་པར་འདུག དེས་ན་དབོན་པོ་རི་སྟེང་པ་ཁྱེད་རྒས་མགོར་འདུག་པས་བླ་མ་གྱིས། ཁྱེད་གཞན་ཚོས་ཁོང་ཅི་གསུང་གི་བཀའ་དང་། བསྟན་པ་མགོ་ཐོན་པ་འོང་བར་འདུག་གསུངས་ནས། མངའ་བདག་མྱང་གི་གཏེར་མ་གུ་རུ་རིན་པོ་ཆེའི་ཞབས་རྗེས་ཁྱད་འཕགས་ཀྱིས་ཐོག་དྲངས་པའི་བླ་ཆས་གུར་ཆས་རྟ་བཞི་དང་བཅས་པའི་བཀོས་འཇྭ་གནང་ཞིང་མེ་ཏོག་ཐོར། ལྟ་བ་གཞུང་གི་རྒྱ་བདག་དཔོན་ཁག་བཞི་པོ་ཡོན་


TR001_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཏུ་སྦྱར་ཞིང་། ཁྱད་པར་ལྟ་བ་ཕུའི་དཔོན་བསམ་འཕེལ་དོན་གྲུབ་ལ་གནང་སྦྱིན་དང་བཀའ་ལུང་གི་ཞིབ་གཉེར་མཛད་དོ།། ༈ །།དེ་ལྟར་བཀོ་བཞག་གནང་བའི་མཚུངས་མེད་བསྟན་འཛིན་རྡོ་རྗེ་དཔལ་བཟང་པོ་ཉིད་ཀྱི་ལོ་རྒྱུས་རག་བསྡུས་བརྗོད་ན། སྐྱེ་རྒྱུད་སོགས་ནི་ཁོ་བོ་ཅག་གི་སྐྱེས་རབ་གསོལ་འདེབས་དག་ལས་འབྱུང་ཕྱིར་འདིར་ཡིག་ཚོགས་ལ་འཛེམ་ནས་མ་བཀོད་ལ། སྐུ་འཁྲུངས་པའི་གནས་ནི་དྭགས་ཀོང་གཉིས་ཀྱི་སོ་མཚམས་ང་ལ་རི་སྟེང་གི་གནས་སུ་ཏེ། གནས་དེ་ནི་སྔོན་སློབ་དཔོན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཐུགས་ཀ་ནས་འོད་ཟེར་ཞིག་སྤྲོས་ནས་ཡར་ལུང་ཤམྦུའི་གནས་སུ་གྲུབ་ཐོབ་སངས་རྒྱས་སྒོམ་པ་ཅེས་བྱ་བ་འབྱུང་བ་ལྔ་ལ་རང་དབང་ཐོབ་པའི་སྐྱེས་བུ་དམ་པ་ཞིག་ཏུ་སྤྲུལ་ནས་ཤམྦུའི་གངས་ལ་སྒྲུབ་པ་མཛད་ཅིང་བཞུགས་པའི་དྲུང་ན་ཁྱེའུ་ལོ་བརྒྱད་པ་དར་དཀར་གྱིས་གོས་གྱོན་པ་ཅིག་བྱུང་ནས། ཁྱོད་འདི་རུ་མ་


TR001_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཤར་དུ་སོང་། །ཤར་ཀོང་པོ་ཤིང་རོང་དྲག་པོའི་ས། །བྲག་རི་དར་དཀར་སྦྲེལ་འདྲའི་དྲུང་། །གནས་ཀྱི་ལྟེ་བ་ཆོས་འབྱུང་དབྱིབས། །འཇམ་དཔལ་གཤིན་རྗེའི་ཕོ་བྲང་ཡོད། །དེ་རུ་སོང་ལ་སྒྲུབ་པ་གྱིས། །མ་དང་མཁའ་འགྲོའི་ལུང་བསྟན་ཡོད། །ཅེས་ཟེར་ནས་མི་སྣང་བར་གྱུར་བས། དེ་མ་ཐག་རྫུ་འཕྲུལ་གྱིས་འཕུར་ནས་བྱོན་ཏེ་མཆིམས་ཡུལ་ང་ལའི་རྩེར་བབས་ཅིང་། མཆིམས་ལྷ་སྤུན་དགུ་དང་ང་ལ་བྲག་བཙན་དམ་ལ་བཏགས་ནས་གནས་ཀྱི་ལྟེ་བར་སྒྲུབ་ཁང་བཏབ་ནས་བཞུགས། གྲུབ་ཐོབ་སངས་རྒྱས་སྒོམ་པའི་སྲས་མཚུངས་མེད་བློ་གྲོས་རྒྱལ་མཚན་ཞེས། གཏེར་བཏོན་པདྨ་ལས་འབྲེལ་སྩལ་གྱི་གཏེར་ཁའི་ཆོས་བདག་ཏུ་ལུང་གིས་ཟིན་ཅིང་འགྲོ་དོན་ཡང་རྒྱ་ཆེར་བྱུང་། དེའི་སྲས་ཆོས་རྗེ་བྱང་ཆུབ་རིན་ཆེན། དེ་སྲས་བྱང་སེམས་རིག་འཛིན་རྒྱ་མཚོ། དེ་ལ་སྲས་ཆོས་རྗེ་འཇམ་དབྱངས་པ་དང་སྐུ་མདུན་རྒྱ་མཚོ་བ་


TR001_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བྱུང་ཞིང་གདན་ས་ལྷན་ཅིག་ཏུ་བཟུང་། ཇོ་མོ་གཉིས་ཡོད་པའི་ཇོ་མོ་གསེར་ཁང་བ་ལ་སྲས་ཆོས་རྗེ་འཕགས་པ་དང་དོན་གྲུབ་རབ་གསལ་གཉིས་འཁྲུངས། ཇོ་མོ་འཁར་ཁ་བ་ལ་བླ་མ་དབང་ཕྱུག་རྒྱ་མཚོ་དང་དགེ་སློང་དཔལ་འབྱོར་བ་གཉིས་བྱུང་ཞིང་། ཆོས་རྗེ་འཕགས་པ་ལ་སྲས་གསུམ་བྱུང་ཡང་ཐམས་ཅད་སྐུ་གཞོན་ནུ་ལ་འདས། དབང་ཕྱུག་རྒྱ་མཚོའི་སྲས་གསུམ་གྱི་ཆེ་བ་ནི་ངག་དབང་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་སྟེ། རིགས་འཛིན་རཏྣ་གླིང་པའི་སྲས་ཚེ་དབང་གྲགས་པའི་བུ་ཆེན་དུ་གྱུར་ཅིང་། འདིས་གདན་ས་བཟུང་བའི་སྲས་ནི་བླ་མ་ངག་དབང་གྲགས་པ་ཡིན་ལ། དེ་ལ་བླ་མ་ཚེ་བརྟན་དང་། དཔོན་སློབ་ཀརྨ་བཀྲ་ཤིས། དབོན་པོ་རྒྱལ་དབང་། གྲུབ་ཆེན་རྣམ་འཕྲུལ་བ་སོགས་སྲས་བརྒྱད། སྲས་མོ་གཉིས་དང་བཅུ་ཙམ་བྱུང་བ་འདི་རྣམས་ཡིན་ནོ། །ངག་དབང་ཆོས་རྒྱལ་གྱི་སྐུ་མཆེད་བར་པ་དེ་ནི་སྐུ་གཞོན་ནུ་ནས་འབྲི་གུང་རིན་ཆེན་ཕུན་ཚོགས་ཀྱི་ཞབས་ལ་བཏུགས་ནས་


TR001_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་མངོན་དུ་གྱུར་པས། མོན་གནས་ཀྱི་མཚོ་ཕུ་གངས་རར་སྐུ་ཚེ་སྒྲུབ་པ་ལ་བསྐྱལ་ཞིང་འདས་ཚེ་སྐུ་གདུང་རིང་སྲེལ་གྱི་གོང་བུར་གྱུར་པ་བྱུང་། སྐུ་མཆེད་ཆུང་བ་ནི་མཚུངས་མེད་བསྟན་འཛིན་རྡོ་རྗེ་ཉིད་ཡིན་ལ། ལྕམ་མོ་གཉིས་ཀྱི་བགྲེས་པ་ནི་ཀོང་སྟོད་རྟ་སྡིངས་ཀྱི་རི་ཁྲོད་དུ་བཞུགས་ཤིང་སྐུ་མདུན་དབོན་མོར་གྲགས་པས་ཆོས་ཀྱི་འགྲོ་དོན་ཆེ་བར་བྱུང་བ་དང་། ལྕམ་ཆུང་ཤོས་ནི་མཚུངས་མེད་དེ་ཉིད་ཀྱི་ཞབས་ལ་བཏུགས་ནས་གཙང་པོ་མགོ་དགུའི་རྒྱབ་ཀྱི་མཚོ་རྒྱལ་ཕུག་པར་ཚེ་དང་སྒྲུབ་པ་མཉམ་པ་བྱུང་། མཚུངས་མེད་དེ་ཉིད་དགུང་ལོ་བཅུ་གཉིས་ནས་དྭགས་པོ་སྐུ་རབ་དགོན་གསར་གྱི་ཆོས་གྲར་བཞུགས་ནས་མཚན་ཉིད་ཀྱི་གསན་སྦྱོང་ཤིན་ཏུ་སྨར་བ་ཡོད་སྐབས་སྐུ་ལ་ས་གདོན་གྱི་བསྙུན་གཞིའི་རྣམ་པ་ཕྲ་མོ་བྱུང་བའི་རྐྱེན་གྱིས་བསྐུལ་ཏེ། རྩེ་ལེ་རིག་འཛིན་ཆེན་པོ་དེ་འཇམ་དཔལ་ནཱ་ག་རཀྴའི་གྲུབ་ཐོབ་ཀླུ་དང་ས་བདག་གི་གཉེན་པོ་ཡིན་པའི་


TR001_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གསན་ནས་དགུང་ལོ་བཅུ་བདུན་ལ་རྩེ་ལེར་བྱོན་ཞིང་། ནཱ་ག་རཀྴའི་དབང་ལུང་སྒྲུབ་ཐབས་སོགས་ཞུས་ནས་བསྙེན་སྒྲུབ་མཛད་པས་བསྙུན་རྩ་བ་ནས་ཐོན། དེར་སྔོན་གྱི་སྨོན་ལམ་གྱིས་མཚམས་སྦྱར་བས་དཔལ་ཨོ་རྒྱན་བསྟན་འཛིན་པའི་དྲུང་དུ་སོ་སོ་ཐར་པའི་སྡོམ་པ་ནས་བཟུང་སྟེ་རྫོགས་པ་ཆེན་པོའི་བར་གྱི་སྨིན་གྲོལ་གདམས་པའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང་བར་ཐོབ་ཅིང་། ལོ་བཅུ་གཉིས་བླ་མའི་སྤྱན་སྔར་བཞུགས་རིང་ཞབས་ཏོག་སུ་ཆིབས་ཁ་བ་ནས་བཟུང་སྟེ་གསོལ་གཟིམས་དཔོན། མགྲོན་གཉེར། དུང་རྒྱ་གླིང་པ། སྤོས་འཛིན་པ། དབང་གཡོག །དབུ་མཛད་ཀྱི་བར་དུ་ལས་སྣ་བཀའ་གང་གནང་མཐའ་དག་བསྒྲུབས་པས་མཉེས་པ་མཐར་སོན། དཔལ་ཨོ་རྒྱན་བསྟན་འཛིན་སྐུ་མྱ་ངན་ལས་འདས་རྗེས་གྲ་ཚང་ཀོང་ཕྱོགས་སུ་ཐོག་མར་སླེབ་དུས་རྟེན་གཞི་མེད་པས་འཚོ་བ་བསོད་སྙོམས་དང་ཆོས་འདོན་ལ་བརྟེན་དུས་


TR001_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སུ། གྲ་ཚང་རང་གི་གྲ་པའི་ནང་ནས་ཕྲག་ཡུལ་རི་སྟེང་པའི་དབོན་པོ་ཨོ་རྒྱན་རིན་ཆེན་དང་། གསུམ་མཁར་ནས་མོན་གནས་ཀྱི་ཞལ་ངོ་བླ་མ་བསྟན་འཛིན་པ་གཉིས་པོ་འཁྲུངས་པ་དང་འབྱོར་པ་ཆེ་བས་ལོ་གཉིས་ཀྱི་བར་དུ་གྲ་ཚང་གི་བརྟེན་པ་བཀའ་དྲིན་ཆེ་བར་བྱུང་ཞིང་། སླར་ཡང་རྗེ་གཙུག་ལག་འཕྲེང་བའི་ཞབས་ཕྱིར་ཡོད་མུ་ལ་བླ་མ་མཁྱེན་རབ་པ་འདས་པས་མཚུངས་མེད་དེ་ཉིད་ལ་བཀོ་བཞག་གནང་ནས་ཡོན་བདག་སྦྱར་བའི་མཐུས། མཚུངས་མེད་ཉིད་ཀྱི་དགུང་ལོ་སོ་གཅིག་པའི་ཐོག་ཏུ་དཔོན་བསམ་འཕེལ་དོན་གྲུབ་ཀྱིས་གདན་དྲངས་ཏེ་ཐང་འབྲོག་གི་དགོན་གཞིས་ཕྱི་ནང་ཚང་མར་ཕུལ་བ་ཡིན་ནོ། །ཐང་འབྲོག་འོད་གསལ་རྩེ་འདི་དང་པོར་ཕ་དམ་པའི་རྣམ་པར་འཕྲུལ་པ་སྐྱེས་མཆོག་ཆོས་རྗེ་བསམ་གཏན་དཔལ་གྱི་སློབ་མ་ཞིག་གིས་བཏབས་ནས། སྒོམ་ཆེན་པ་ཕྱེད་ཉིས་བརྒྱ་ཙམ་རྟག་ཏུ་བཞུགས་ཤིང་


TR001_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་བཀོ་བཞག་ཀྱང་ཕན་ཡུལ་སྒོ་མོ་ཆོས་སྡིངས་ནས་གནང་བའི་རྒྱུན་ཕྱི་མོའི་བར་དུ་བྱུང་བའི་བཀོས་འཇྭ་ལ་གནང་བའི་སྐུ་འདྲ་རྡོར་དྲིལ་སོགས་ད་ལྟ་ཡང་གྲྭ་ཚང་དུ་ཡོད་ལ། ཕྱིས་ཤིག་ན་ཕྱུག་རྫིས་རི་མེ་ཤོར་བ་མཆེད་ནས་དགོན་པ་རྗེས་མེད་དུ་ཚིག་སྟེ་སྟོངས། སླད་དུ་ཆོས་རྗེ་གོང་ཆེན་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་སྐུ་མཆེད་ཀྱིས་ཞིག་གསོ་དང་བདག་རྐྱེན་གནང་ནས་ནམ་མཁའ་རྒྱ་མཚོའི་གཅུང་པོ་དྲུང་པ་བློ་གྲོས་སེང་གེས་གདན་ས་བཟུང་ཞིང་གསར་རྙིང་གཉིས་ཀའི་གྲ་སློབ་མང་དུ་འདུས་པ་རྣམས་ལ་དབང་སྐོར་འཕྲེང་དང་སྒྲུབ་ཐབས་བརྒྱ་རྩ་སོགས་དང་། ཕྱག་རྫོགས་ཀྱི་ཁྲིད་རིམས་མང་པོ་དབྱར་ཆོས་དགུན་ཆོས་སྒྲིགས་ཆགས་ཀྱི་སྲོལ་མཛད་དེ། རི་ལོགས་གོང་འོག་གཡས་གཡོན་ཀུན་ཏུ་དགོན་ཆུང་དང་རི་ཁྲོད་པ་མང་པོ་ཡོད་པ་རྣམས་ལ་འོད་གསལ་རྩེ་ནས་ཆོས་དུང་བཏང་ཚེ་སོ་སོ་ནས་འདུས་ཡོང་བ་སོགས་ཆོས་སྲོལ་བཟང་བར་


TR001_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པའི་རྒྱུན་བཞིན་མཁས་གྲུབ་བློ་སེང་བ་སྐུ་གཤེགས་ནས་ཀྱང་ཞལ་སློབ་རིན་པོ་ཆེ་ཆོས་ལྡན་པ། དྲུང་པ་རྡོ་རྗེ་འཆང་དུ་གྲགས་པ་རྣམས་ཀྱི་རིང་ལའང་ཡོད་ཀྱང་། ཕྱིས་ཅུང་ཞིག་གུད་པའི་སྐབས་སུ་རྩེ་ལེ་གྲ་ཚང་འདི་ཕེབས་པ་སྟེ། མཚུངས་མེད་བསྟན་འཛིན་རྡོ་རྗེའི་གུང་ལོ་སོ་གསུམ་པ་ཤིང་མོ་གླང་ལོར་ཐང་འབྲོག་གཞིས་ཁའི་བླ་བྲང་རྨེང་བཏེང་ཞིང་། དེ་དགོང་དུ་གདན་ས་དངོས་གཞི་ཐང་འབྲོག་རང་དང་། གཞིས་ཁ་ནི་ལམ་སྟེགས་ཀྱི་ཚུལ་ལྟ་བུ་ཡིན་ནའང་། གྲ་ཚང་བཞུགས་ས་གོང་པ་ཅུང་ཞིག་ས་ཁད་མཐོ་དྲག་པར་དགོངས་ནས་འོག་མར་གཞིས་ཕབས། དེ་སྐབས་གྲ་ཚང་ཕྱོགས་ནས་གསར་སླེབ་ལྟ་བུར་གྱུར་ཞིང་འདྲིས་མེད་བཤེས་མེད་ཀྱི་དབང་གིས་དད་ཟས་གདུལ་བྱ་སོགས་ཆེར་མེད་པས་འཚོ་བ་དང་ཕྱག་རྫས་བཀྲེན་པ་དང་། ཁང་ལས་གསར་རྒྱག་རྫོགས་ལྗི་བ་སོགས་ཀྱིས་ཕྱི་ནང་ཚང་མས་གྲ་ཚང་མགོ་ཐོན་ཞིག་མི་འོང་བར་གླེང་


TR001_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་མཚུངས་མེད་ཉིད་ཀྱང་ཐུགས་ཁྲལ་ཆེ་བ་ལ། མནལ་ལམ་དུ་བུད་མེད་བཟང་མོ་ཀོང་ཆས་ཅན་ཞིག་གི་ལག་ཏུ་མདའ་དར་དམར་པོ་ཞིག་འདུག་པ་ཕྱག་ཏུ་ཕུལ་ནས། ཁྱེད་ཐུགས་མི་བདེ་བ་མཛད་མི་འཚལ། ཕྲིན་ལས་གང་དགོས་ངེད་ཀྱིས་བསྒྲུབ་པ་ཡིན་ནོ། །ཞེས། ཀོང་བཙུན་དེ་མོས་ཡང་ཡང་ཁས་ལེན་པ་བྱུང་རུང་། མཚུངས་མེད་དེ་ཉིད་འདི་འདྲའི་རིགས་ལ་བདེན་འཛིན་དང་མཉེས་ཚོར་ལར་མི་མཛད་པས་བཏང་སྙོམ་འབའ་ཤིག་ཏུ་བསྐུར་ནའང་ཕྲིན་ལས་བསྒྲུབ་པའི་རྟགས་མཚན་ནི་རྒྱུན་དུ་མཆིས་སོ། །གླང་ལོའི་མཇུག་དེར་རྩེ་ལེ་ནས་ཞབས་དྲུང་ཀརྨ་མཐུ་སྟོབས་རྣམ་རྒྱལ་སྐུ་རབ་སྡེ་པ་དང་ཅུང་ཞིག་ཐུགས་མ་མཐུན་པའི་རྐྱེན་ལ་བརྟེན་ནས་ཀོང་ཕྱོགས་སུ་གྲ་ཚང་ལ་ཞལ་གཏད་ནས་བྱོན་བྱུང་བར་མཚུངས་མེད་པས། ཁྱེད་གཞི་བ་དཔོན་སློབ་རྣམས་ཀྱིས་བདག་ཅག་གྲ་ཚང་གསར་པ་ལ་སྐུ་དྲིན་བསྐྱངས་པོ་དེ་མཛད་མ་བྱུང་རུང་། ད་ཆར་


TR001_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྗེ་ཉིད་ངོས་ཀྱིས་ཕེབས་པ་ལ་ཕྱག་ཕྱི་ཞབས་ཏོག་ཅི་ནུས་བསྒྲུབ་དགོས་པ་ནི་གཞིར་བཅས་ལ། འོན་ཀྱང་ཁྱེད་ཆོས་རྗེ་ཆེན་པོ་ཞིག་ངེད་ཀོང་པོའི་གྲ་ཚང་ཆུང་ངུ་བསོད་སྙོམས་དང་གྲོང་ཆོག་ཆོས་འདོན་གྱི་ལྟོ་འཚོལ་དགོས་པའི་དཀྱིལ་དུ་བཞུགས་པ་བབས་ཐོབ་མི་འོང་བས། རེ་ཤིག་ཁམས་ཕྱོགས་སུ་ཕེབས་པ་འཐད་པས་ན། བདག་ཚོ་ལ་འཁོས་ཁྱེར་ཅི་ཡང་མེད་ཀྱང་དེ་ལུགས་ཀྱི་རྫོངས་སྟར་གྲབ་ཡུལ་བྱེད་པ་ལགས་ཞུས་ཤིང་། དེ་ལོའི་སྒྲུབ་མཆོད་ཐོག་ཏུ་དཔོན་སློབ་ལྷན་ཅིག་པས་ཐང་འབྲོག་ཏུ་བཀའ་བརྒྱད་ཀྱི་སྒྲུབ་ཆེན་སྨན་དང་འབྲེལ་བའི་དབང་མོ་ཆེ་མཛད་པས་གདུལ་བྱ་ཐམས་ཅད་ངོ་མཚར་ཡིད་ཆེས་ལ་བཀོད། དེ་རྗེས་མི་རིང་བར་རྗེ་མཐུ་སྟོབས་པ་དཔོན་སློབ་ཉི་ཤུ་རྩ་ལྔ་སྒར་ཆས་རྟ་དྲེལ་སོགས་གྲ་བསྒྲིགས་ནས་བྱོན་ཏེ། དར་རྩེ་མདོ་ཡན་གྱི་ཡུལ་ཁམས་ཕལ་མོ་ཆེར་ཆོས་ཀྱི་འགྲོ་དོན་དང་ཟང་ཟིང་གི་དད་


TR001_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ཀྱང་རྒྱ་ཆེར་བྱུང་ཞིང་། ཁྱད་པར་དེ་སྐབས་རི་བོ་ཆེར་ཆོས་རྗེ་པདྨ་རྒྱལ་པོས་གདན་ས་མཛད་སྐབས་ཡིན་ཚེ། ཟླ་ཕྱེད་ཙམ་གྱི་བར་དུ་ཉིན་རེ་བཞིན་ཇ་གྲལ་གྱི་ཞལ་འཕྲོས་སུ་མདོ་སྔགས་དང་རིག་གནས་བཀའ་གསར་རྙིང་སོགས་སྒོ་དུ་མ་ནས་ཆོས་རྗེ་ཉིད་དང་དགེ་བའི་བཤེས་གཉེན་མང་པོས་རེ་མོས་ཀྱིས་དྲི་བ་གནང་བ་ལ། རྗེ་མཐུ་སྟོབས་པས་སྐབས་ཐ་དད་ཀྱི་ལན་ཞིབ་རྒྱས་གཏན་ཚིག་ལུང་རྒྱབ་དང་འབྲེལ་བར་ཕུལ་བས་ཐུགས་ཡིད་ཆེས་ཏེ། ཉིན་རེ་བཞིན་དུ་ཆོས་རྗེ་ཉིད་ཀྱི་བཞུགས་ཁྲི་རིམ་པས་འཕྲི་ཞིང་། རྗེ་མཐུ་སྟོབས་པའི་བཞུགས་གདན་སྤར་ཏེ། མཐར་ཆོས་རྗེ་ཉིད་སྟན་ཀྱང་གཅིག་དང་། མཐུ་སྟོབས་པ་ཁྲི་ཐོག་ཏུ་བཞུགས་སུ་གསོལ་ཞིང་བཀའ་གསར་སྙིང་གི་ཆོས་བཀའ་མང་དུ་གསན་པར་མཛད། འབྱོན་ཁར་གནང་སྦྱིན་ལ་ཡང་། གུ་རུ་རིན་པོ་ཆེའི་ཕྱག་མཚན་རྡོར་དྲིལ་ཁྱད་འཕགས་སྟག་ལུང་སངས་རྒྱས་དབོན་གྱིས་གཙང་གི་བྲག་རྒྱའོ་དགུ་འདུས་


TR001_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཏེར་ནས་གདན་དྲངས་པ་དང་། ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོའི་ཞལ་ཐང་ཧོར་སི་མུ་ཏིག་གི་རྒྱན་ཅན་འབྲི་གུང་སྐྱོབས་པའི་ཐུགས་དམ་རྟེན་དང་། རྒྱལ་བ་རིགས་ལྔའི་ཞལ་ཐང་ཐགས་གྲུབ་མ་གྲ་ཚར་རྒྱ་སྒམ་ཚག་མ་དང་བཅས་པ། རྒྱ་ནག་ཐུགས་དམ་མའི་གསེར་སྐུ་ཚེ་དཔག་མེད་འཇམ་དབྱང་སྒྲོལ་མ་གསུམ་རྒྱ་ཤུབས་ཆ་འགྲིག་གཙོ་འཁོར་དང་། ཧོར་སྦུབ་ཆེན་མོ་ཉི་མ་འབྲུག་གྲགས་ཞེས་རྩོད་མེད་སོགས་ཁྱད་འཕགས་ཀྱི་རིགས་མཐའ་ཡས་པའི་གནང་ཆ་མཛད། དེ་ལྟར་རྗེ་མཐུ་སྟོབས་པས་མདོ་ཁམས་སུ་ལོ་ལྔ་བཞུགས་ནས་རྟ་དྲེལ་བདུན་ཅུ་རྩ་གྲངས་རྒྱབ་ནོན་བཅས་ཏེ་ཡར་ཕེབས་པས་ཕྱག་རྫས་རྟེན་མཆོད་ཁྱད་པར་ཅན་རྣམས་ཕལ་ཆེར་གྲ་ཚང་དང་། འགའ་ཞིག་རྩེ་ལེ་གོང་མར་གནང་ཞིང་། གཞན་དངོས་པོ་ཚང་མ་ཆུད་ཟོས་མེད་པར་མཚུངས་མེད་དེ་ཉིད་ཀྱིས་ཕྱག་མཛོད་པའི་ཚུལ་མཛད་དེ་དཔོན་སློབ་ལྷན་རྒྱས་


TR001_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཕེབས་ནས་གཙོ་བོར་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ཐམས་ཅད་ལ་ཞིག་གསོས་མཆོད་འབུལ་གསེར་གསོལ་སོགས་བླ་ན་མེད་པ་མཛད་ཅིང་། དུས་དབང་གི་ལྷ་ཁང་སོ་སོའི་རྟེན་བཤད་སོགས་རྒྱུན་ཆད་པ་དགོངས་ནས་གཙུག་ལག་ཁང་ཐ་དད་ཀྱི་ལོ་རྒྱུས་བཞུགས་བྱང་དཀར་ཆག་ཤོག་དྲིལ་ཕྱག་བྲིས་གནང་ནས་ལྷ་ཁང་སོ་སོའི་ཀ་གདོང་ལ་སྦྱར་བ་སོགས་ཞབས་ཏོག་ཕུལ་དུ་ཕྱིན་པ་མཛད་པས། དེ་དུས་ཀྱི་སྙན་དར་ཕུལ་བའི་གོས་ཡུག་དང་གན་དར་ཡུག་རིང་སོགས་ལ་སྨོན་ལམ་ཕྱག་བྲིས་ཞལ་ཡིག་ཅན་མང་པོ་འདུག་པ་ཕྱིས་བདག་གིས་ཀྱང་མཐོང་ཞིང་། གཞན་ཡང་ལྷ་ས་ཁྲ་འབྲུག་སོགས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་རྟེན་གསུམ་དང་། ཡུལ་གྲུ་ཐ་དད་ཀྱི་ཇོ་བོ་རང་བྱོན་གྱི་རིགས་སོགས་མཐའ་དག་པར་སྐབས་སུ་གང་བབས་ཀྱི་མཆོད་རྫས་བཞུགས་ཁྲི་རྒྱབ་ཡོལ་སྙན་དར་གསེར་ཆབ་ལ་སོགས་ཏེ། མདོར་ན་བསྟན་པ་སྤྱིའི་ལྷ་ཁང་གི་


TR001_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་ཞབས་ཏོག་མཛད་ལུགས་དེ་དུས་ལས་ལྷག་པ་ནི་བླ་ཆེན་གང་གིས་ཀྱང་མ་མཛད་པ་ལྟ་བུར་སྣང་སྟེ། གཞན་ཕལ་ཆེར་ནི་རང་རང་གི་གདན་ས་དང་ལྷ་ཁང་སོགས་ལ་སྤུངས་མདོ་ལ། འདི་སྐབས་ནི་ཕྱོགས་མེད་ཀྱི་གཙུག་ལག་ལ་མཆོད་པར་མཛད་པས་ངོ་མཚར་རྨད་དུ་བྱུང་བ་ཉིད་དོ། །དེ་ལྟར་རྗེ་མཐུ་སྟོབས་པ་དེ་ཉིད་ཀྱིས་དུས་ཕྱིས་ཀྱང་ཐུབ་པའི་མཛད་བརྒྱ་ཞིང་བཀོད་ཀྱི་ཞལ་ཐང་སངས་རྒྱས་སྟོང་རེ་རེ་ལའང་གཙོ་འཁོར་ཚོམ་བུ་ཡོངས་རྫོགས་ཀྱི་གསེར་ཐང་བཅུ་བདུན་གྱི་གྲངས་ལྡན་ངོ་མཚར་ཅན་དང་། གུ་རུ་མཚན་བརྒྱད་ཀྱི་གྲ་ཐང་སོགས་སྐུ་རྟེན་གྲངས་མེད་དང་། བསྟན་བཅོས་རིན་པོ་ཆེ་མཛོད་བདུན་གྱི་གླེགས་བམ་སོགས་ཕྱག་དཔེ་མཐའ་ཡས་པ་བཞེངས་པ་དང་། ཚིག་དོན་རིན་པོ་ཆེའི་མཛོད་པར་དུ་བསྒྲུབ་པ་ལ་སོགས་མཛད་པ་ཐམས་ཅད་ཀྱང་ཁེ་གྲགས་ཀྱི་སླད་དུ་མཛད་ལོ་ཙམ་མ་ཡིན་པར་གཞན་ལས་སྤུས་


TR001_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་བ། དག་ཆ་ཐོན་པ། དཔེར་འོས་པ་ཤ་སྟག་མཛད་པར་གདའ་ལ། གཞི་བྱེས་ལམ་གསུམ་ཐམས་ཅད་དུ་ཡང་ཐུགས་དམ་སྒྲིགས་ལ། བསྐང་གསོ་གཏོར་ཆོག །དུས་བཟང་གི་མཆོད་པ་སོགས་ཀྱང་ཐུགས་རྩོལ་གཞན་ལས་ལྷག་པ་ཐུགས་བྲེལ་སོགས་གང་གིས་ཀྱང་བར་དུ་མི་ཆོད་པ་དང་། གྲུབ་མཐའ་ཆོས་རྒྱུད་གང་དང་ཅི་ལྟ་བུས་བཀས་ཆོས་ཞུས་ནའང་དེ་ཉིད་དང་མཐུན་པའི་ཆོས་ཟབ་ཅིང་རྒྱ་ཆེ་བ་བསྩལ་བས་ཡིད་ཀྱི་རེ་བ་སྐོངས་ནུས་ལ། ཐོས་པས་རྒྱགས་ཤིང་དྲེགས་པའི་ཁེངས་ལྡན་དག་དང་སོར་མ་གུས་པས་ཅོ་འདྲི་དང་ཚོད་ལྟའི་ཕྱིར་ཞབས་དྲུང་དུ་སྙེགས་ཏེ་དེ་དང་མཚུངས་པའི་གཏམ་བརྗོད་པ་དག་ཀྱང་རྗེ་འདིས་ཚངས་པའི་དབྱངས་དང་ཆོས་ཀྱི་སྤོབས་པ་སོ་སོ་ཡང་དག་རིག་པའི་གཟི་བྱིན་གྱིས་ནོན་ཏེ། ཁེངས་པའི་མེ་སྤུངས་ཞི་ནས་དད་པའི་སྤུ་ལོང་གཡོ་བ་ཤ་སྟག་འབྱུང་ཞིང་། གཞན་ཡང་། དངོས་ཉམས་དག་སྣང་གི་གཟིགས་པར་ཡེ་


TR001_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྷའི་སྣང་བ་རབ་འབྱམས་མངའ་བ་དང་། སྤུ་བོའི་ཡུལ་དུ་སྐྱེ་བོ་རྩལ་ཅན་ཞིག་འབྱུང་པོས་བརླམས་ཏེ་མི་མང་པོས་རུབ་ནས་བཟུང་ཀྱང་མ་ཐུབ་པ་ལ་བགེགས་སྐྲད་ཞུས་པས། ཐུགས་འུར་བའི་ཚུལ་གྱིས་བྲང་ལ་ཞབས་ཐོ་ཞིག་བརྒྱབ་པས་གན་རྒྱལ་དུ་བསྒྱེལ་བའི་སྟེང་དུ་བཀའ་སྲུང་གི་གཏོར་མ་ཕྱག་གིས་འཕངས་པ་ན་གདོན་ཅན་དེ་ངུ་འབོད་དྲག་པོ་འདོན་ཞིང་ཕྱིན་ཆད་གནོད་པ་གཏན་བྲལ་དུ་ཡོང་བ་དང་། མི་ཉག་ཟན་གྱི་ཕུར་ཀླུ་མོ་དཀར་མོ་ཞིག་དམ་ལ་བཏགས་ནས་ཆུ་མིག་བཏོན་པ་སོགས་གྲུབ་པའི་སྤྱོད་པ་ཡ་མཚན་པ་དག་ཀྱང་སྟོན་པར་མཛད་དེ། རྩེ་ལེ་ཡས་མས་གཉིས་སུ་རེ་མོས་ཀྱིས་བཞུགས་ནས་ཆོས་ཀྱི་འགྲོ་དོན་མཛད་


TR001_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ནས། དགུང་ལོ་ཞེ་བརྒྱད་པར་གྲ་ཚང་དུ་སྐུ་མྱ་ངན་ལས་འདས་ཏེ། དགོངས་པ་རྫོགས་བྱེད་ཀྱི་རིམ་པ་རྒྱ་ཆེར་བསྒྲུབས་ཅིང་། རྩེ་ལེ་གོང་འོག་གཉིས་ཀར་སྐུ་ཚབ་ཀྱི་སྣང་བརྙན་བཞེངས། ཐུགས་ལྗགས་མ་ཉམས་པར་བྱོན་པ་ནི་གྲ་ཚང་དུ་འདྲ་སྐུའི་ནང་དུ་བཞུགས་པར་མཛད་ལ། རྗེ་འདི་སྔར་ནས་ཡང་ཡང་དུ། བདག་གི་རོ་ཁོག་འདི་བསམ་ཡས་མཆིམས་ཕུ་ནགས་ཀྱི་དུར་ཁྲོད་དུ་འཁྱོལ་བ་ཞིག་བྱུང་ན་དགའ་བ་ལ། ཞེས་རྟག་པར་གསུངས་ཡོད་པའི་དགོངས་པ་རྫོགས་ཕྱིར། མཆིམས་ཕུར་ཡང་མཆོད་ཁང་ཆུང་ངུ་ཞིག་ཆེད་གཏད་དུ་བཞེངས་པའི་རྟེན་གཙོ་བྱང་ཆེན་རྟེན་གྱི་ནང་བཞུགས་སུ་ཡང་གདུང་རུས་མང་བར་བཞུགས་སུ་གསོལ། དེ་ནས་ཡང་གོང་གི་འཕྲོར། མཚུངས་མེད་བསྟན་འཛིན་རྡོ་རྗེ་གུང་ལོ་སོ་བདུན་སྐབས་དཔལ་ཨོ་རྒྱན་བསྟན་འཛིན་གྱི་སྤྲུལ་པའི་སྐུ་དྭགས་པོ་འབྲུག་མདར་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་དང་རྗེ་བཙུན་ཀརྨ་ཕྲིན་ལས་པ་སོགས་ཀྱི་དབོན་


TR001_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ནང་སོ་རྒྱལ་པོའི་སྲས་སུ་སྐུ་འཁྲུངས་པ་དགུང་ལོ་ལྔ་པར་ཐང་འབྲོག་གྲ་ཚང་དུ་སྤྱན་དྲངས། སྒྲ་སྙན་དངག་དང་རྒྱ་བོད་ཀྱི་ཡིག་རིགས་སོགས་ཞབས་དྲུང་མཐུ་སྟོབས་པས་གནང་ཞིང་། གཞན་གསན་སྦྱོང་བཀའ་ལུང་དབང་ཁྲིད་ཕྱག་བཞེས་གདངས་དབྱངས་ཀྱིས་མཐའ་བརྟེན་པ་ཚུན་ཆོད་རྣམས་མཚུངས་མེད་དེ་ཉིད་རང་གིས་བུམ་པ་གང་བྱོར་ཕུལ། རྗེ་དབང་ཕྱུག་རྡོ་རྗེའི་དྲུང་དུ་བསྙེན་པར་རྫོགས་ནས། ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྒྱ་མཚོའི་སྡེར་མཚན་བཏགས། མི་མང་སྤྱི་པས། རྩེ་ལེ་ཆོས་རྗེ་སྐུ་སྐྱེས་ཞེས་སྐུ་ཡོན་ཆེ་བའི་སྙན་གྲགས་ཐོན། དགུང་ལོ་བཅུ་དྲུག་པ་ལ་ཐང་འབྲོག་གྲ་ཚང་གི་ཆོས་ཀྱི་ཁྲིར་མངའ་གསོལ་བས། ཡིག་རིགས་གདངས་དབྱངས་སོགས་ཀྱིས་གྲ་ཚང་ལ་བཀའ་དྲིན་ཆེ་བར་བྱུང་གྲ་ཚང་གི་འདུ་ཁང་ཆེན་མོ་སྟེང་ཁང་དང་བཅས་པ་དང་ནང་སོ་ཐབ་ཚང་སོགས་དང་བཅས་པའི་ཁང་ལས་རྣམས་ཀྱང་མཚུངས་མེད་དེ་ཉིད་དང་ཆོས་རྗེ་


TR001_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འདི་པ་ལྷན་གཅིག་པས་ཐུགས་ཁུར་བཞེས་ནས་ལེགས་པར་གྲུབ། དགོངས་འདུས་ཀྱི་དཀྱིལ་ཆོག་ཆེན་མོའི་ཆོག་གྲ་ཚུགས་ཤིང་། རྩེ་ལེ་གོང་ནས་རིག་འཛིན་ཡབ་སྲས་བཞུགས་དུས་ཀྱི་དབུ་མཛད་བགྲེས་པོ་ངག་དབང་བསྟན་འཛིན་གྲ་ཚང་དུ་གདན་དྲངས་ཏེ། བཀའ་བརྒྱད་གསང་བ་ཡོངས་རྫོགས་དང་བླ་མ་གསང་འདུས་ཀྱི་ཆོ་ག་གདངས་དབྱངས་ཕྱག་ལེན་དང་བཅས་པ་གུ་རུ་ཆོས་དབང་ནས་བརྒྱུད་པའི་སྲོལ་རྒྱུན་མ་ཉམས་པ་འཇུག་པར་མཛད་ཅིང་། ཆོས་བཀའ་དེ་དག་གི་དབང་ལུང་སྒྲུབ་པ་ཆེན་མོ་བདུད་རྩི་སྨན་སྒྲུབ་དང་སྦྲགས་པ་ཡང་མཚུངས་མེད་ཉིད་ཀྱིས་ཤིན་ཏུ་ཞིབ་རྒྱས་ནན་ཆགས་པར་གནང་བས་གྲ་ཚོགས་འདུས་པ་མཐའ་དག་སྨིན་གྲོལ་གྱི་སྐལ་བ་ཅན་དུ་མཛད་དོ།། ༈ །།མཚུངས་མེད་རིན་པོ་ཆེ་དགུང་ལོ་བཞི་བཅུ་ཞེ་ལྔ་པར་གཙང་པོ་མགོ་དགུའི་སྒྲུབ་སྡེ་གཙུག་པ་ཡིན་ཏེ། གནས་དེ་ནི་སྔོན་རྗེ་རང་བྱུང་རྡོ་རྗེ་དང་། ཆོས་རྒྱལ་རིན་ཆེན་གླིང་པ་སོགས་སྐྱེས་ཆེན་གྲུབ་ཐོབ་


TR001_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོས་གནས་སྒོ་ཕྱེས་ཤིང་ཞབས་ཀྱི་བཅགས་པ་ཡིན་ཀྱང་། རྒྱ་གར་གྱི་དུར་ཁྲོད་པདྨ་བརྩེགས་པའི་ཆ་ལག་ཡིན་པའི་གཤིས་ཀྱིས་ཧ་ཅང་ས་གཉན་ཞིང་མི་མ་ཡིན་གྱི་འདུ་ཚོགས་ཆེས་པས། སུ་ཡང་གིས་མ་ཆགས་ཤིང་། གྲོང་པའི་སེམས་ཅན་སྟོར་བ་ཙམ་ཕྱིར་ཕྱུག་རྫི་སོགས་རེ་གཉིས་ཀྱི་ཕྱིན་ནའང་མཐོང་སྣང་ཆོ་འཕྲུལ་འཇིགས་སྐྲག་ཆེར་ཡོད་པ་ཞིག་ཡིན་པ། དུས་ཕྱིས་ཆོས་རྗེ་རྫོགས་ཆེན་པ་བསོད་ནམས་རིན་ཆེན་དེ་ཉིད་ཀྱིས་བཞུགས་ཤིང་སྐུ་མྱ་ངན་ལས་འདས་པ་ཡང་དེར་མཛད་དེ། ས་དེའི་ལྟེ་བར་སྐུ་གདུང་བཞུས་པ་ནས་ས་གཞི་དུལ་བར་གྱུར། དེ་རྗེས་ཁམས་ཀ་ཐོག་པ་བླ་མ་ཤཱཀྱ་རྒྱལ་མཚན་ཞེས། རིག་འཛིན་པདྨ་གླིང་པ་དང་ཞིག་པོ་གླིང་པ་སོགས་མང་པོའི་ཞལ་སློབ་ཡིན་པའི་ནུས་མཐུ་བྱིན་རླབས་ཅན་ཞིག་གིས་ཕྱོགས་དེར་བྱོན་ནས་དང་པོར་རྟེལ་རྩ་རི་ཁྲོད་ཞེས་པར་བཞུགས་ཤིང་། སླར་ལོ་གསུམ་སོང་རྗེས་


TR001_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་པོ་མགོ་དགུའི་གནས་སུ་བྱོན་ནས། གྲོང་གསར་བའི་ཡོན་བདག་ཚེ་དབང་དར་རྒྱས་ཞེས་པས་ཞིང་དང་ཐེར་ཆེན་སོགས་ཕུལ་བ་ལ་རྟེན་གཞི་བྱས་ནས་མཚོ་རྫོང་ནོར་བུ་རིའི་སྟེང་དུ་བླ་བྲང་ལྟེ་བ་ཐོག་གཅིག་མ་དེ་བཏབས་ནས་བཞུགས་པས། གྲ་པ་ཕོ་མོ་ཁ་ཡར་འདུས་པ་རྣམ་པ་ཅོག་དང་བྲག་ཕུབ་ལ་བརྟེན་ནས་ཡོད་པ། སྨོན་ལམ་དང་རྟེན་འབྲེལ་ཤུགས་ཀྱིས་ཁོང་ཡོན་མཆོད་མཐུན་པར་མཚུངས་མེད་ཉིད་སྤྱན་དྲངས་ནས་དགོན་མཆོད་གཞིས་ཡོ་བྱད་གང་ཡོད་དང་བཅས་པ་རྩིས་ཕུལ། དེ་འཕྲལ་དུ་གྲ་པ་སྡོམ་ལྡན་ཁ་ཅིག་མ་གཏོགས་རྟོགས་ལྡན་ཆ་བྱད་དང་བཙུན་མའི་རིགས་མཐའ་དག་བཏོན་ཞིང་རབ་བྱུང་ཤ་སྟག་གི་སྒྲུབ་གྲ་བཙུགས་ནས། ཆོ་ག་ཆོས་སྤྱོད་དང་ཕྱག་བཞེས་གདངས་དབྱངས་སོགས་དང་། ཐ་ན་ན་བཟའ་དབུ་ཞྭ་ཚུན་ཆོད་ཐང་འབྲོག་གྲ་ཚང་ཉིད་ཇི་ལྟ་བ་མ་གཏོགས། སྒྲུབ་སྡེར་བསྙད་བཏགས་པའི་མགོ་


TR001_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འགབ་རྡུམ་ཁྱི་ཐུལ་སོགས་ཀྱི་ཆ་ལུགས་དང་། ཆོས་རྒྱུད་འདི་ཡིན་མེད་པའི་གང་སྙམ་དང་། ཕོ་མོ་འདྲེས་མའི་རིགས་སོགས་ལར་ནས་བྱེད་པ་མེད་པར་མདོ་སྔགས་ཟུང་འཇུག་གི་ཆོས་ཁྲིམས་བསྡམ་ཤིང་། འདི་ནས་བཟུང་སྟེ་མཚུངས་མེད་དེ་ཉིད་ཀྱང་གྲ་ཚབ་དུ་སྐབས་འགར་བཀའ་ཆོས་སོགས་གནང་བར་ཕེབས་པ་ཙམ་ལས། རྒྱུན་བཞུགས་ནི་སྒྲུབ་སྡེ་འདི་ཉིད་དུ་བཞུགས་ནས་ཆོས་ཀྱི་བདུད་རྩི་ལྷུག་སྩོལ་དུ་གནང་། བླ་བྲང་གཟིམ་ཆུང་ཉི་མ་ལྷ་ཁང་ཐབ་ཚང་དང་བཅས་པ་དང་། སྤྱིལ་བུ་རྣམས་ཀྱང་རིམ་པས་གྲུབ་ནས་དགེ་འདུན་ལྔ་བཅུ་རྩ་གྲངས་རྣམས་ཆོས་མཐུན་ལ་བཀོད། རྗེ་དེ་ཉིད་ཞལ་བཞུགས་པའི་རིང་ལ་གཉེར་ལས་འཛིན་མཐའ་དག་ལ་བཀའ་སྩལ་ཏེ། སྤྱིར་རབ་ཏུ་བྱུང་བས་ཤ་ཆང་བག་མེད་དུ་སྤྱོད་ག་ནས་རུང་ཞིང་། ཁྱད་པར་དགོན་པ་དང་དགེ་འདུན་འདུ་བའི་ནང་སོ་ཐབས་སྡིག་བྱེད་པ་འདི་འདྲ་ནི་


TR001_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་ལ་རྨ་འབྱིན་ཆེན་པོར་འདུག་ཀྱང་གཞན་ལ་ནི་ལབ་པ་མི་རྙེད། ངེས་རང་གི་དགོན་ཆུང་འདིར་ཐབ་སྡིག་གཏན་ནས་བྱེད་པ་མི་ཕོང་ངོ་། །གསུངས་ནས། སྐུ་མགྲོན་གལ་ཆེ་ཆུང་ཅི་འདྲས་བྱུང་ནའང་། གསོལ་སྡེར་དུ་མར་ཐུད་གང་འཛོམ་དང་། ལ་ཕུག་སྒོག་གཙོང་ཤ་མོ་སྔོ་ངད་ཀྱི་རིགས་ཁོ་ན་འདྲེན་པར་བྱེད་པས་མགྲོན་པོ་ཉམས་མེད་ཕལ་པ་ཀུན་ནི། ཆོས་རྗེ་སློབ་དཔོན་པའི་མགྲོན་སྐྱོང་གི་སྡེར་ཁ་འདྲ་བ་ཞེས་ཧ་བག་དང་ཞེ་ཁྲེལ་བྱེད་ཀྱང་། ཐུགས་བསམ་དང་ཆོས་ཉམས་ཡོད་པ་ཐམས་ཅད་ནི་ཡ་མཚན་དང་དད་མོས་ཀྱི་གནས་སུ་བྱེད་པ་བྱུང་ཡང་། ཕྱིས་སུ་རྗེ་དེ་ཉིད་ཞི་བར་གཤེགས་ཤུལ་དུ་བླ་གཉེར་བསམ་ཆུང་དག་གིས་སྡིག་རྒྱུན་བཙུག་སྣང་བ་ནི་དགའ་རབ་དབང་ཕྱུག་གི་བྱིན་རླབས་ཞུགས་པ་ལས་གཞན་མ་ཡིན་ནོ།། ༈ །།དེ་ནས་ཡང་རྗེ་དེ་ཉིད་དགུང་ལོ་ཞེ་བདུན་པའི་ཐོག་ཏུ་ལོང་པོ་བདེ་ཆེན་དགོན་གྱི་གྲ་ཚང་འཛུག་པར་མཛད་པ་ཡིན་ཏེ། དེ་ནི་སྔོན་གཡུ་སྒྲའི་རྣམ་སྤྲུལ་གཏེར་སྟོན་བསམ་གཏན་བདེ་ཆེན་གླིང་པས་དགོན་པ་འདེབས་པས་ས་ཡུལ་གཟིགས་པས། ས་ཆ་དེ་རྫོང་གི་དབྱིབས་ལྟ་བུ་ཞིང་སྐྱོང་གི་ཕོ་བྲང་ཡིན་པར་གཟིགས་ནས་འདེབས་


TR001_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་ཅིང་། མིང་པདྨ་ཆོས་གླིང་དུ་བཏགས་པར་མཛད་ཀྱང་། མི་དམང་རྣམས་ཀྱི་བདེ་ཆེན་གླིང་པའི་དགོན་ཡིན་ཕྱིར། བདེ་ཆེན་དགོན་དུ་རང་ཤུགས་ཀྱིས་གྲགས་ལ། རིམ་པས་སེར་ཁྱིམ་དང་གྲོང་ནག་ཏུ་གྱུར་ནའང་། གྲ་ཚང་འདིའི་བླ་མའི་ཐོག་མ་མཁྱེན་རབ་རྣམ་རྒྱལ་སོགས་འཁྲུངས་པ་ཡིན་པའི་སྟབས་ཤུགས་ཀྱིས། ཁོང་གི་དབོན་རྒྱུད་སོགས་ས་ཆའི་བདག་པོ་རྣམས་བགྲོས་ཏེ་མཚུངས་མེད་འདི་ཉིད་ཆོས་སྡེ་འདེགས་པར་གདན་དྲངས་ཤིང་དགོན་པ་ཕུལ་བ་ན། གཙང་དགོན་ཤ་སྟག་བྱས་ཆོག་ན་ནི་བདག་བཟུང་བྱེད་ལུགས་དང་། ཁྱེད་ཚོ་མི་ཚངས་ཆེས་ཚེ་གཙང་དགོན་མི་ཡོང་ན་མི་དགོས་གསུངས་པས་གཙང་དགོན་གནང་ཆོག་པར་ཞུས་ནས་ས་རྒྱ་གནམ་རྒྱ་གང་ཡོད་ཕུལ་ཞིང་ཁོ་རང་རྣམས་ཀྱང་མངའ་ཞབས་བྱེད་པར་ཞུས། ཚུལ་འདི་ནི་ལྟར་སྣང་ཙམ་དུ་ཁོང་ཚོས་འབུལ་ཚུལ་མ་གཏོགས། དོན་དུ་ནི་ཞིང་


TR001_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཆེན་པོ་ཉིད་ཀྱིས་ཕུལ་ཚུལ་རྗེ་དེ་ཉིད་ཀྱི་མནལ་ལམ་དུ་གསལ་བར་བྱུང་སྣང་ངོ་། །དགོན་པ་རྩིས་བཞེས་ཕྲལ་ནས་གྲ་སར་ཉི་ཤུ་རྩ་གཅིག་འདུས་པའི་བླ་མ་དོན་གཉིས་ལེགས་གྲུབ་པ་བཀོས་ཤིང་། གྲོང་པ་རྣམས་ཕྱིར་བཏོན་ནས་ལྕགས་རི་ཚུན་ཆད་གྲ་ཚང་དབང་བར་བྱས་ཏེ་འདུ་ཁང་བླ་བྲང་དང་བཅས་པ་གྲུབ་པ་ནས་དེ་ཕྱོགས་ཀྱི་དད་ཟས་ཡོང་སྒོ་གང་བྱུང་དེར་སྦྱར་ནས་བཞག་པས་མི་རིང་བར་དགེ་འདུན་བདུན་ཅུ་རྩ་གྲངས་ཚོགས་པར་གྱུར། ཤག་སྐོར་ནི་ས་ཁུས་ཀྱིས་མ་ཤོང་ཚེ། རྒྱབ་ཀྱི་རི་སྒང་དེར་སྤྱིལ་བུ་མང་བར་འཕེལ་ཤིང་དར་རྒྱས་ཆེ་བར་བྱུང་བ་དང་། དོན་གཉིས་ལེགས་གྲུབ་པས་བླ་མ་ལོ་བཅོ་བརྒྱད་ཀྱི་བར་དུ་མཛད་དེ་བསྟན་ལ་ཕན་པ་ཤིན་ཏུ་ཆེ་མུས་ནས། ཁོང་གཙང་པོ་མགོ་དགུར་མཚུངས་མེད་ཀྱི་རྒྱལ་ཚབ་ཏུ་བཀོད་ཅིང་། བདེ་ཆེན་དགོན་དུ་དགེ་སློང་སྨིན་གྲོལ་དབང་པོ་བཀོས་ཏེ་ལོ་བཅུ་བདུན་གྱི་བར་དུ་བསྟན་པའི་ཞབས་འདེགས་མཛད་


TR001_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལྟར་མཚུངས་མེད་ཀྱི་དགུང་ལོ་ཞེ་བརྒྱད་པའི་བར་དུ་གྲ་ཚང་དང་ཆོས་སྡེའི་ཐུགས་ཁུར་བཞེས་ཤིང་བླ་མ་དགེ་སློང་ཤེས་རབ་འབྱུང་གནས་ཞེས་པ་འཁྲུངས་པ་ལོང་པོ་གཉགས་ནས་ཡིན་པའི། དཔལ་ཨོ་རྒྱན་བསྟན་འཛིན་གྱི་ཞལ་སློབ་སྦྱང་ཡོན་ཕུན་སུམ་ཚོགས་ཤིང་གྲ་ཚང་ཐོག་མར་བཙུག་སྐབས་ཆོས་ཁྲིམས་པར་བཀས་གནང་བ་དེ་ཉིད་ཕྱིས་མཚུངས་མེད་ཉིད་ཀྱི་དཔུང་རོག་དང་ཆོས་སྡེ་སློབ་ཆུང་ལྟ་བུར་མཛད་ནས། གྲ་གསར་ཐམས་ཅད་ཀྱི་ཀློག་དང་ཚིག་སློབ་པ། དེ་ལས་དྲག་པའི་བློ་གསལ་དག་ལ་མཛོད་བདུན་སྐོར་དང་རྒྱུད་གསང་སྙིང་གཞུང་འགྲེལ། དགོངས་འདུས་ཀྱི་རྩ་རྒྱུད་གཞུང་འགྲེལ། སྡོམ་གསུམ་འོད་འཕྲེང་དང་། དམ་ཚིག་རྡོ་རྗེ་གསལ་བཀྲ་སོགས་རྒྱུད་གཞུང་གི་འཆད་ཉན་གཏོང་དགོས་ཐམས་ཅད་ཀྱི་སློབ་དཔོན་མཛད། དབང་ལུང་ཉམས་ཁྲིད་སོགས་ཞུ་བ་རྣམས་ལ་མཚུངས་མེད་ཉིད་ཀྱིས་གང་དགོས་སུ་སྩལ་


TR001_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། སོ་ཐར་གྱི་སྡོམ་པ་གནང་དགོས་ཀུན་ལ་ཡང་། མཚུངས་མེད་ཆེན་པོས་མཁན་པོ་དང་། བླ་མ་ཤེར་འབྱུང་བས་སློབ་དཔོན་མཛད་པ་སོགས་བླ་མ་དེ་ཡང་གྲ་ཚང་འདི་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ཡིན་ཞིང་། ཐ་ན་གྲ་གསར་བཙུན་ཆུང་འཁོས་མེད་དབུལ་བའི་རིགས་རྣམས་ཀྱི་གདན་དང་དུག་ཧྲུལ་ལྷན་ཚེམས་ཚུན་ཆད་བླ་མ་དགེ་སློང་ཉིད་ཀྱིས་མཛད་པ་ལ། འགའ་ཞིག་གིས། ཉིད་སློབ་དཔོན་ཆེན་པོ་ཞིག་གིས་ཡོན་ཏན་སློབ་པ་གཅིག་པུས་ཆོག་པ་ལ། གདན་དུག་ཐམས་ཅད་ཚགས་ནས་ཅི་མཛད་ཞུས་ཚེ། སྙོམ་ཆུང་གྲ་རིགས་སྐྱོང་བ་ལ་སྒོ་དུ་མ་ནས་མ་སྐྱངས་ན་རང་ཆེ་འགྱིངས་བྱས་ནས་བསྡད་པས་གྲ་ཚང་མི་འཁྱོངས། ཐ་ན་དུད་འགྲོ་ཐམས་ཅད་ཕྲུག་གུ་གསོ་ལུགས་ག་འདྲས་བྱེད་འདུག་ལྟོས་དང་། ཁྱད་པར་ཐེག་པ་ཆེན་པོའི་ཆོས་སྒོར་ཞུགས་ནས་ཉམས་ཆུང་ལ་བརྩེ་བ་ཆེ་དགོས་པ་ཡིན། སྐྱེས་བུ་དམ་པ་ཁུར་ལྕི་


TR001_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པ་མ་ཐོས་སམ། །ཞེས་གསུངས་པར་མཛད་པའི་བླ་མ་དགེ་སློང་ཤེར་འབྱུང་བ་དེ་ཉིད་དང་མཚུངས་མེད་ལྷན་ཅིག་པས་གྲ་ཚང་སྐྱོང་བར་མཛད་ལ། མཚུངས་མེད་དགུང་ལོ་ཞེ་བརྒྱད་པ། ཨོ་རྒྱན་བསྟན་འཛིན་པའི་སྤྲུལ་སྐུ་དགུང་ལོ་བཅུ་དྲུག་པར་གྲ་ཚང་ཐམས་ཅད་ཁོང་ལ་རྩིས་སྤྲོད་པར་མཛད་དེ། ཉིད་གཙང་པོ་མགོ་དགུར་སྒྲུབ་པ་ལ་བཞུགས་ཤིང་། བླ་མ་དགེ་སློང་ཤེར་འབྱུང་ཡང་ཐང་འབྲོག་རི་ཁྲོད་དུ་བླ་བྲང་ཞིག་གསོས་མཛད་ནས་དགུང་ལོ་བདུན་ཅུ་རྩ་གྲངས་བར་དུ་བཞུགས་པ་དང་། དེ་ལ་བརྟེན་ནས་གྲ་ཚང་གི་བགྲོས་རིམ་ཕལ་ཆེར་ཡང་ཐང་འབྲོག་ཏུ་སྐུ་མཚམས་ལ་བཞུགས་པས་རི་དགོན་གཉིས་ཀ་དར་རྒྱས་སུ་གྱུར། བླ་མ་ཤེར་འབྱུང་བ་ཞི་བར་གཤེགས་ཤུལ་དུ། དབུ་མཛད་མདོ་རྒྱུད་བསྟན་འཛིན་པ་ཐང་འབྲོག་


TR001_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གི་བླ་མར་བཀོད་ནས་སྐུ་ཚེ་འདི་ཁར་འཁྱོལ་བར་མཛད་དོ། །མཚུངས་མེད་དེ་ཉིད་སྒྲུབ་བདེར་བྱོན་ནས་ཆོས་རྗེ་སྐུ་སྐྱེའི་དྲུང་གྲ་ཚང་གི་གཙུག་རྒྱན་དུ་བཞུགས་པའི་སྐབས་དེ་དག་ཏུ་བདུད་རིགས་ཀྱི་སྐྱེ་བོ་དག་གིས་འཕྲུལ་ཐབས་ལ་བརྟེན་ནས་མི་དཔོན་གྱི་རིགས་མང་པོ་ཞིག་གིས་གྲ་ཚང་གི་ཆོས་གཞིས་ལ་འཕྲོག་རྩོད་ལབ་གཞི་སྣ་ཚོགས་པ་བྱུང་ནའང་། དེ་དག་ལ་ལར་ནི་ཞུ་གསོལ་བདེན་ཚིག་འབུལ་ནོད་སོགས་ཀྱིས་གྲོལ་ཞིང་། ལ་ལ་དག་ལ་གཞན་གང་གིས་ཀྱང་མ་འཐུས་ཚེ་མངོན་སྤྱོད་དྲག་པོའི་ལས་སྦྱོར་གྱིས་ཚར་བཅད་དེ་རང་དབང་མེད་པར་བབས་གཤེགས་ཞུ་བཏུགས་སྐྱབས་གསོལ་གུས་འདུད་ཀྱི་གནས་ལ་འཁོད་པར་གྱུར་ནའང་། མི་སྡེ་སྤྱི་པས་རྩེ་ལེ་བ་ཞེས་ཆོས་མཐོང་དང་དད་ཟས་ཕུལ་བའི་གནས་སུ་བྱས་པ་ལ་བརྟེན། དཀར་སྲིད་པ་དག་གི་ཐུགས་དགོངས་ལ་འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་


TR001_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཀླུ་སྟེང་དུ་དགོན་པ་བཏབ་པའི་སྐབས་འདྲ་ཞིག་འོང་དོགས་པའི་ཐུགས་སྣང་ཤར་ནས། ཆུ་མདོ་བས་སྣ་འདྲེན་དང་། རྩེ་ལྷ་སྒང་ནས་རྒྱབ་སྐྱོར་མཛད་དེ་གྲ་ཚང་ལ་ཉེས་མེད་ཀྱི་ཁ་ཡོག་དང་བཀའ་བཀྱོན་གཅིག་མ་སངས་པར་གཅིག་བསྣོན་པ་ལྟ་བུས་ཅི་བྱེད་ཀྱང་མ་བདེ་བ་དང་། གྲ་ཚང་ཡང་ཕྱོགས་ནས་འཁྱར་པོ་གསར་སླེབ་དུ་སོང་གཤིས་ཀྱིས། ངང་པའི་དཀྱིལ་དུ་ཆུ་སྐྱར་སླེབ་པའི་དཔེ་བཞིན་དུ་གྱུར་ཏེ་དགོན་པ་མི་ཆགས་ལ་ཁད་པའི་སྐབས་དེར་དཀོན་མཆོག་དང་མཁའ་འགྲོ་ཆོས་སྐྱོང་ར་མདར་སྦྲོན་པ་ལས་གཞན་པའི་ཐབས་ཀྱིས་དབེན་པ་ན། སྤུ་བོ་ཀ་ནམ་སྡེ་པ་སོགས་ཀྱིས། ཁྱེད་དཔོན་སློབ་དེ་ཕྱོགས་སུ་བཞུགས་སྟབས་མི་བདེ་བ་བྱུང་ན་འདི་ཕྱོགས་སུ་ཕེབས་པས་ཆོག་ཅིང་། དགོན་པ་དང་མཆོད་གཞིས་སོགས་བདག་རྐྱེན་གང་དགོས་ངེད་ཀྱི་བྱེད་པ་ཡིན་ཞེས་ཞུ་བ་བྱུང་བ་ལ། ཀོང་སྟོད་ཟིང་


TR001_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྡེ་པ་ཁག་གསུམ་དང་། གསུམ་མཁར་དཔོན་ཚང་གོང་འོག་གཉིས་དང་བཅས་པ་རྣམས་ཀྱིས་ནི་མཚུངས་མེད་པའི་སྙན་དུ་ཞུ་ནན་ཆེན་པོས། དིང་སང་ཁྱེད་ཀྱི་གྲ་ཚང་ལ་ཐུགས་བསུན་དང་འོ་བརྒྱལ་དེ་འདྲ་ཡོད་པ་ཡིན་ན། ཆོས་ཕྱོགས་ངོས་ནས་ཅི་འདྲས་མཛད་རྒྱུ་ཡིན་པ་ཁྱེད་རང་དཔོན་སློབ་མཁས་མོད་ལ། འཇིག་རྟེན་ངོས་ནས་དམག་ལས་གཡུལ་ཤོམ་ཅི་དང་ཅི་ལྟ་བུ་བྱེད་དགོས་བྱུང་ནའང་ངེད་རྣམས་ཀྱིས་བྱེད་པ་ཡིན་པས་བཀའ་གསལ་བསླབ་སྟོན་མཛོད་ཅིག་ཅེས་ནན་གྱིས་ཞུ་བ་ལ། མཚུངས་མེད་དེ་ཉིད་ཀྱི་ཞལ་ནས། ཁྱེད་ཡོན་བདག་རྣམས་ཀྱིས་ངེད་ཀྱི་བསྟན་པའི་དོན་དུ་ཤ་ཚ་སྙིང་ཉེ་དེ་ལྟར་མཛད་པ་བཀའ་དྲིན་ཆེ་ནའང་། ངེད་རྣམས་སྤྱིར་སྙོམ་ཆུང་དང་། ཁྱད་པར་ཆོས་པའི་ཁུས་ཡིན་པས་དམག་ལས་འཁྲུག་རྩོད་བྱས་ནས་དགོན་པ་བཟུང་དགོས་ན་ཆོས་པའི་མིང་ཡང་མི་འོང་སྟེ། བཅོམ་ལྡན་འདས་ཀྱི་བཀའ་


TR001_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱང་། གང་དུ་རྩོད་པ་ཅན་གྱི་ས་ཕྱོགས་ནས་དཔག་ཚད་ལྔ་བརྒྱའི་ཕ་རོལ་དུ་འགྲོ་བར་བྱའོ། །ཞེས་གསུངས་ཕྱིར། འཐབ་རྩོད་ལ་གནས་པའི་དགོན་སྡེ་ནི་དགོས་པ་ཅི་ཡང་མེད་དོ། །ཅེས་གསུངས་པར་མཛད་ཅིང་། དེ་ནས་མ་འགྱངས་པར་རྗེ་ཡབ་སྲས་ཀོང་ཕྱོགས་སུ་ཆིབས་ཁ་བསྒྱུར་བ་དང་འགྲིག་པས། རྗེ་དབང་ཕྱུག་རྡོ་རྗེའི་དྲུང་དུ་རྒྱུ་མཚན་གནས་ཚུལ་མཐའ་དག་ཞིབ་ཏུ་ཞུས་པ་ན། གྲ་ཚང་གིས་གཙོ་བྱས་པའི་དགོན་གསུམ་པོར་དཀར་སྲིད་སོགས་ཀྱིས་བསྙད་ཚོལ་སུན་འབྱིན་གྱི་རིགས་བྱེད་པ་མེད་པའི་བཀའ་ཐམ་འཛིན་ཡིག་གནང་བའི་སྐུ་དྲིན་གྱིས་དགོན་པ་ཆགས་ཐུབ་ཙམ་བྱུང་བ་འདི་ལ། ཡང་དཀར་སྲིད་ལ་ལས་ནི། སྒར་ཆེན་གྱི་ཕྱག་མཛོད་དབོན་པོ་ཁ་བ་དེ་འཁྲུངས་པ་རྙིང་མ་ཡིན་པའི་སྟབས་ཀྱིས་རྙིང་ཞེན་བྱས་པ་རེད་ཅེས་ལྐོག་ལབ་བྱེད་པ་ཡང་བྱུང་ངོ་།། ༈ །།ཞབས་དྲུང་ཀརྨ་མཐུ་སྟོབས་


TR001_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་རྒྱལ་གྱི་སྐུ་སྐྱེ་བ་རྗེས་མ་ནི་འབྲུག་པ་ཐམས་ཅད་མཁྱེན་པ་པད་དཀར་བའི་གཉེར་པ་ཞིག་གི་སྲས་སུ་བྱ་ཡུལ་གྱི་ཞེད་གཞིས་ཀར་མེ་སྟག་ལ་འཁྲུངས་པ་དགུང་ལོ་བཅུ་གསུམ་པར་གྲ་ཚང་དུ་གདན་དྲངས་ནས། མཚུངས་མེད་ཉིད་དང་ཆོས་རྗེ་སྐུ་སྐྱེ་དྲུང་གཉིས་ཀའི་ཞབས་པད་བསྟེན་ཞིང་། རྗེ་དབང་ཕྱུག་རྡོ་རྗེ་ལ་དགེ་ཚུལ་དང་། ཕྱིས་སུ་དཔལ་གཙུག་ལག་རྒྱ་མཚོ་ལས་བསྙེན་པར་རྫོགས་ཏེ། ཀརྨ་རིགས་འཛིན་མཆོག་གྲུབ་རྣམ་རྒྱལ་དུ་མཚན་གསོལ་གནང་། དེ་ལྟར་མཚུངས་མེད་བསྟན་འཛིན་རྡོ་རྗེ་དཔལ་བཟང་པོ་དེ་ཉིད་ཀྱིས་བསྟན་པའི་དོན་དུ་དཀའ་ལས་སྣ་ཚོགས་པ་ལ་སྙིང་སྟོབས་དང་བཟོད་བརྩོན་རྨད་དུ་བྱུང་བའི་ཁུར་བསྣམས་ཏེ་མཐའ་ཁོབས་ཀྱི་ཕྱོགས་འདིར་སྔ་འགྱུར་མདོ་སྔགས་ཟུང་འཇུག་གི་བསྟན་པ་ལེགས་པར་ཚུགས་ཤིང་། བླ་མ་གོང་མའི་རྣམ་པར་འཕྲུལ་པ་གཉིས་ཀ་སྤྱན་དྲངས་ནས་ཇི་ལྟར་འཇིག་རྟེན་ན་ཕ་བཟང་པོས་


TR001_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གཅེས་པ་འབོག་པ་ལྟ་བུར་ཕྲིན་ལས་རྣམ་པར་དཀར་བའི་རྒྱལ་ཐབས་ཆོས་ཀྱི་ཁྲི་ལ་ཡང་དག་པར་མངའ་གསོལ་གྲ་སློབ་འདུས་པ་མཆོག་དམན་བར་མ་ཀུན་ལ་ཡང་རྣམ་པར་གྲོལ་བའི་ལམ་འཆུག་མེད་བདེ་བླག་ཏུ་བསྟན་པ་སོགས། མདོར་ན་རེ་ཤིག་སྐུ་ཚེ་དེ་ཉིད་ཀྱི་མཛད་པ་མཐར་ཕྱིན་པར་གཟིགས་ནས། དགོངས་རྫོགས་ཀྱི་ལྷ་ཁང་གི་ས་འདུལ་དང་རྨེང་བཏིང་བར་གྲུབ་པར་མཛད་པའི་འཕྲོ་རྣམས་མཐར་འཁྱོལ་བའི་ཞལ་བཀོད་སོགས་ཞིབ་རྒྱས་བླ་མ་དོན་གཉིས་ལེགས་གྲུབ་པར་གནང་སྟེ། དགུང་ལོ་དོན་གསུམ་པ་ཤིང་སྦྲུལ་ས་ག་ཟླ་བའི་ཚེས་བརྒྱད་ལ་གནས་ཆེན་ཆུ་བོ་གཡས་འཁྱིལ་གྱི་མཚོ་རྫོང་ནོར་བུ་རིའི་རྩེར་སྐུ་ལ་བསྙུན་པ་མེད་བཞིན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཚེ། ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་། སྤྲིན་འཇའ་དཀར་པོ་དཔག་བསམ་གྱི་ལྗོན་པ་དང་། དཔལ་བེའུ་ལ་སོགས་


TR001_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབྱིབས་སྣ་ཚོགས་གཟིམས་ཁང་གི་ཐོག་ཏུ་རྒྱུན་པར་འཁོར། མེ་ཏོག་གི་རིགས་མཐའ་དག་དུས་གཅིག་ཤར་བ་སོགས་དང་། ཀོང་པོར་བྱ་རྒོད་མི་འབྱུང་མོད་ཀྱང་། སྐུ་མ་ཐིམ་པའི་ཞག་གསུམ་གྱི་གོང་ནས་བྱ་རྒོད་ཐང་དཀར་གཞན་ལས་ཆེ་བ་ཞིག་བྱུང་ནས་ཉིན་རེ་བཞིན་གཟིམས་ཁང་གི་བར་སྣང་ལ་ཡུན་རིང་བསྐོར་ཞིང་བྲག་ཟངས་མདོག་དཔལ་རིའི་རྩེར་བབས་ནས་སྡོད་པ་ཞག་བདུན་དུ་བྱས་ནས་གར་སོང་ཆ་མེད་དུ་སོང་། གདུང་ཞུ་བར་གྲ་ཚང་ནས་ཆོས་རྗེ་སྐུ་སྐྱེའི་དྲུང་གདན་དྲངས་ཏེ་དགོངས་འདུས་སྦྱིན་སྲེག་ཕུལ་བས། གདུང་རུས་ཆེར་མེད་པར་མེ་སྦུར་དཀར་ཐུལ་འབའ་ཤིག་ཏུ་གྱུར་ཅིང་། གདུང་རུས་ཕྲན་བུ་གང་བྱུང་ཐམས་ཅད་ནི་རྗེན་ལོག་ཉ་ཕྱིས་ཀྱི་ཁ་དོག་ལྟར་གྱུར་པ་དེ་ཐམས་ཅད་ཅུང་ཟད་ཀྱང་མ་གོད་པར་ཚ་ཚ་གདབ་པའི་ཆོ་ག་ཚུལ་བཞིན་བགྱིས་ནས་སྐུ་འབུམ་བྱང་ཆེན་མཆོད་རྟེན་དུ་བཞུགས་སུ་གསོལ་བ་ཡིན་ཏེ། རྗེ་ཉིད་ཀྱི་ཞལ་


TR001_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམས་སུ། ཁྱེད་ཚོས་རྨོངས་ཞེན་གྱིས་ངའི་རུས་པ་མཆོད་ཁང་གི་རྟེན་གྱི་ནང་དུ་གཏན་ནས་མ་བཅུག་ཅིག །ས་ཐོབ་པའི་གང་ཟག་མ་གཏོགས་གཞན་མའི་རུས་པ་རྟེན་ལ་ལར་གཞུག་མི་རུང་། རྟེན་གྱི་ནང་རྫོང་ལ་སངས་རྒྱས་ཀྱི་འཕེལ་གདུང་དང་། གཙོ་བོར་གསང་བ་རིང་སྲེལ་ལ་སོགས་མདོ་རྒྱུད་ཀྱི་གཟུངས་འབུམ་འདི་རྣམས་མེད་དུ་མི་རུང་བ་བསྔགས་པ་ཡིན་པས་དེ་ཚོས་ཆོག་གི། བླ་གཟུགས་སུ་བྱུང་བྱུང་གི་རུས་པ་དང་ཟག་རྫས་བཅུག་པ་ནི་གཏན་མི་རུང་ངོ་། །ཞེས་གསུངས་པ་ཇི་ལྟ་བའི་དགོངས་པ་བསྒྲུབས་ཏེ། མཆོད་ཁང་གི་རྟེན་རྣམས་བྱིན་རླབས་དམ་རྫས་འཕེལ་གདུང་གཟུངས་སྔགས་རྣམས་ཀྱིས་བྱུར་བཀང་ཞིང་རབ་གནས་ཞིབ་རྒྱས་དང་། གཞན་ཡང་དགོངས་པ་རྫོགས་ཐབས་ཀྱི་བྱ་མཐའ་དག་རྒྱ་ཆེར་བསྒྲུབས་པ་ཡང་ཆོས་རྗེ་སྐུ་སྐྱེ་དྲུང་དང་དགོངས་པ་བསྟུན་ངོས་བླ་མ་དོན་གཉིས་ལེགས་གྲུབ་པས་ཡོངས་སུ་རྫོགས་པར་


TR001_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐར་རྟ་ལོར་བླ་མ་ཉིད་ཀྱང་བསམ་པ་རྫོགས་པའི་ཚུལ་གྱིས་ཞི་བར་གཤེགས། དེའི་སང་ཕོད་མེ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཉེར་བརྒྱད་ལ་གྲ་ཚང་དུ་ཆོས་རྗེ་སྐུ་སྐྱེ་ཨོ་རྒྱན་བསྟན་འཛིན་ཕྲིན་ལས་རྒྱ་མཚོའི་སྡེ་ཡང་དགུང་ལོ་ཞེ་གསུམ་པའི་ཐོག་ཏུ། གདུལ་བྱ་གཞན་དོན་ལ་དགོངས་ནས་གཤེགས་པས། མཐུ་སྟོབས་པའི་སྤྲུལ་སྐུ་རིགས་འཛིན་མཆོག་གྲུབ་རྣམ་རྒྱལ་དགུང་ལོ་བཅུ་བདུན་པ་ལ་གྲ་ཚང་གི་རྣམ་འདྲེན་དུ་མངའ་གསོལ་བ་ལས། ཁོང་ཉིད་སྐུ་གོང་མས་གཙུག་ལག་རྟེན་གསུམ་ཀུན་ལ་ཞབས་ཏོག་མཛད་ཚུལ་སྟོབས་ཆེས་པའི་མཐུ་བྱིན་ཡིན་པར་གླེང་བ་དང་མཐུན་པའི་ཟང་ཟིང་གདུལ་བྱ་འདུ་ལོངས་གྲ་ཚོགས་སོགས་ནི་གང་ལས་ཀྱང་ལྷག་པར་འར་འུར་དུ་བྱུང་ནའང་། སྐུ་མཚམས་ཐུགས་དམ་སོགས་ལ་བརྩོན་པ་ལྷོད་པ་དང་། ཆང་ལ་མཉེས་ཤིང་འབར་ཞྭ་ཕུ་དུད་ཀྱི་མཚོན་སོགས་འདུལ་བའི་ཀུན་


TR001_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་དང་མི་མཐུན་པའི་མཛད་པ་མང་བས། གྲ་ཚང་གི་བཙུན་གཞོན་ཕལ་ཆེར་ཡང་སྤྱོད་པ་དེ་ལྟ་དར་བ་ལ། མཁའ་འགྲོ་ཆོས་སྲུང་མི་དགྱེས་པའི་ལྟས་ཀྱི་མནལ་ལམ་སོགས་ཀྱང་གསལ་བར་བྱུང་བའི་མཐར། སྨན་པས་བརྟག་ཏུ་མི་ནུས་པའི་བསྙུན་བཞི་དམ་པོས་ཟིན་ཏེ། སྐུ་རིམ་གསོལ་སྨན་སོགས་གང་གིས་ཀྱང་ཕན་ངོ་མེད་པའི་ཁར་ཟས་སྤྱོད་སོགས་ཀྱི་འཛེམ་ཆ་ཡང་གཏན་ནས་མ་གནང་བས་སྐུ་ཁམས་འཚོ་ཐུབ་པའི་ཐབས་རྩ་བ་ནས་ཟད་པའི་ཚེ་ཡང་། བདག་འདིར་བསྡད་པས་མ་བྱུང་བ་ཡིན། རྩེ་ལེ་གོང་དུ་བསྡད་ན་ནད་འདི་ཡོངས་རྒྱུ་མིན་པར་འདུག་པས་ད་རུང་ཡང་རབ་ལ་བསམ་ཡས་མཆིམས་ཕུའམ། དེ་ལྟར་མ་བྱུང་ཀྱང་རྩེ་ལེར་རོ་ཁོག་སྐྱེལ་ཐུབ་པ་དགོས་གསུངས་ནས། སུས་ཞུས་ཀྱང་མ་གསན་པར་སྐུ་ཆས་དང་ཕྱག་རྫས་དྲག་ན་དྲག་ཚད་བསྣམས་ནས་བསྙུན་


TR001_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པར་ཡར་བྱོན། རྩེ་ལེར་ཕེབས་ནས་སྐུ་འཚེ་མི་ཐུབ་པར་དགོངས་ཏེ། ཕྱག་རྫས་གཏོས་ཆེ་རབ་བརྫངས་ནས་ལྷ་ས་བསམ་ཡས་ལ་མཆོད་པ་འབུལ་བར་ཕྱག་ཕྱི་དམངས་མ་རྣམས་བཏང་ཡང་། ཕྱག་མཛོད་པ་སོགས་གྲུལ་མ་ཐུབ་པས་ཕྱག་རྫས་ཕལ་ཆེར་དངོས་མེད་དུ་ཟད། སྐུ་ཉིད་ས་རྟའི་ལོ་སྨིན་དྲུག་གི་གནམ་གང་དགུང་ལོ་ཉེར་དགུ་པའི་ཐོག་ཏུ་རྩེ་ལེར་སྐུ་ཐིམ། དེ་ཕྲལ་ལ་སྔར་རྩེ་ལེའི་སྤྲུལ་སྐུ་བ་གྲ་ཚང་འདུ་ཁང་གི་ཤིང་ཚོན་གཏོང་བར་བོས་ནས། ལོ་ཕྱེད་ལྔའི་རིང་ལ་ལས་ཀ་མཐར་ཕྱིན་བྱས་པའི་ཡོན་དུ་རྟ་དང་དྲིའུ་སོགས་གནང་བའི་ཞལ་བཞེས་མཛད་ནས་ཅི་ཡང་མ་གནང་བས། སྐུ་གཤེགས་སྐབས་དེར་སྤྲུལ་སྐུ་བ་འཁོར་བཅས་ཀྱིས་སྔར་ཞལ་ཇི་ལྟར་བཞེས་པའི་རྟ་དྲེལ་རྣམས་རྟ་ར་ནང་ནས་ལག་རྒྱབ་སྟེ་ཁྲིད། དེ་ལ་གྲ་ཚང་བའི་ཕྱག་ཕྱི་རྣམས་ཀྱིས་ཚུར་འཕྲོག་པས། རྩེ་ལེ་གོང་མ་བ་ཐམས་ཅད་སྤྲུལ་


TR001_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བའི་ཕྱོགས་བྱས་ཏེ་གོང་འོག་འཐབས་འཁོན་བྱུང་ཞིང་། སྐུ་ཆས་མང་མ་རྣམས་ཀྱང་ཁོང་ཚོས་བཀག་པས་སྡེ་པ་སྐུ་རབ་པས་ཞལ་ཕྱེ་གཏོང་དགོས་པ་བྱུང་སྐབས་སུ། བླ་མ་སྐུ་གཤེགས་པས་མ་ཆོག་སྐུ་གདུང་ཡོད་ཐོག་རང་ལ་ཁྱེད་རྩེ་ལེ་གོང་མ་རྣམས་ཀྱི་བྱེད་ལུགས་མ་མཁས་པར་བྱུང་འདུག་གསུང་ནས། འོག་གི་སྐུ་ཆས་ཐམས་ཅད་གྲ་ཚང་བ་རྣམས་ལ་སྤྲད་ཅིང་། སྤྲུལ་སྐུ་བར་ཡང་ཡོན་གྱི་རྣམ་པ་ཕྲན་བུ་བྱིན། སྐུ་སྐྱེ་ངོས་འཛིན་གྱི་སྐུ་ཆས་རག་བསྡུས་ཕྱག་སྒམ་ཅིག་ལ་གྲ་ཚང་གོང་འོག་གཉིས་སྡེ་པ་རང་དང་གསུམ་གའི་རྟགས་འབྱར་བྱས་ནས། སྤྲུལ་པའི་སྐུ་ཡས་མན་གང་དུ་བྱོན་བྱུང་ཀྱང་མཆོད་ཡོན་གསུམ་ག་འཛོམ་དགོས་པའི་ཕྱག་ཐམ་བཞག་པར་མཛད་རུང་། སྤྲུལ་སྐུ་བྱར་སྨད་ཇོ་བོ་བཞུགས་པ་དང་ཉེ་བར་ལྕགས་སྤྲེ་ལ་འཁྲུངས་ཀྱང་། དེ་སྐབས་སྡེ་པ་འཕོ་འཆུགས་སོང་ཚར་བས། རྩེ་


TR001_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་གོང་མ་རྣམས་ཀྱིས་གྲ་ཚང་ལ་སྐད་མ་བཏང་བར་སྤྲུལ་སྐུ་ཁོང་རང་ཚོས་ཐོབ་པར་བྱའོ་བསམ་ནས་སྐུ་ཆས་སྒམ་གྱི་རྒྱ་བཤིག་ཅིང་སྤྲུལ་སྐུ་གསང་ཐབས་སུ་གདན་དྲངས་པ་ལ་འོག་མའི་གྲ་རིས་རྣམས་ནི་མི་གཤིས་གྱོང་བས། ནམ་ཀྱང་འཁོན་གཞིའི་རྒྱུ་ལས་མི་ཡོང་བར་བསམ་སྟེ་བཏང་སྙོམས་སུ་བསྐྱུར། སྤྲུལ་པའི་སྐུའི་སྐྲ་ཕུད་ནི་སྒམ་པོར་རྗེ་ནོར་བུ་བརྒྱན་པའི་དྲུང་དུ་ཕུལ་ནའང་། རང་བཞིན་བདག་རྐྱེན་ནི་དེ་སྐབས་དྭགས་ལུང་པ་ཡང་རི་བས་བཟུང་དུས་ཡིན་པའི་སྟབས་ཀྱིས་ཡང་རིར་བདག་རྐྱེན་ཞུས་འདུག་པ་དང་། ཡང་རི་བས་དབང་ལུང་དང་གསན་སྦྱོང་སོགས་ཀྱི་སློབ་དཔོན་སྦྱོར་གཏོད་ཆོས་རྗེ་ཀརྨ་གུ་རུ་བའི་སྐུ་སྐྱེའི་དྲུང་དུ་གནང་ཞིང་། སྤྲུལ་པའི་སྐུ་ཉིད་ཐུགས་རབ་རྣམ་དཔྱོད་ཀྱི་དཔལ་དུ་འབར་ཡང་། ཆོས་རྗེ་གུ་རུ་བ་དཔོན་སློབ་འདུ་ལོང་ཆེ་ཞིང་སྐུ་ཚེ་ཐུང་བས་གསན་པ་མཐར་ཕྱིན་མཛད་ལོང་མ་བྱུང་བར་


TR001_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ངོ་། །བདག་ལྷོ་བྲག་ཏུ་བསྙེན་རྫོགས་ཞུ་བར་ཕྱིན་པའི་ལམ་ཞོར་ཕན་ཚུན་གཉིས་ཀར་རྩེ་ལེར་ཕྱིན་པ་ན། ཁོང་རྣམས་ཀྱིས་བདག་རྐྱེན་མཐོང་བཀུར་ཤིན་ཏུ་བཟང་བར་མཛད་བྱུང་ཞིང་། སྤྲུལ་པའི་སྐུ་དགུང་ལོ་དགུ་པའི་སྐབས་སུ་འདུག་པ་ལ་བརྟན་བཞུགས་དང་། ཚེ་སྒྲུབ་རྡོར་འཕྲེང་། དཀོན་མཆོག་སྤྱི་འདུས་སོགས་ཆོས་བཀའ་ཡང་ཕུལ། དཔོན་སློབ་ཀུན་དང་ཐུགས་ཡིད་འདྲེ་བར་བྱུང་བ་དང་། ཕྱིས་སོར་ཡང་བཀའ་ཤོག་དང་ཞུ་ལན་གྱི་འབྲེལ་བརྒྱུད་འགའ་ཡང་བྱུང་བ་ནས། རང་ངེས་ནས་གོང་འོག་འབྲེལ་མ་ཆད་ཅིང་ཐུགས་མཐུན་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་ཞེས་ཐག་པ་ནས་ཡོད་ནའང་། ཐོག་མར་གྲ་ཚང་བཙུགས་དུས་ནས་དམ་སེལ་གྱི་རྣམ་པ་བྱུང་བའི་རྟེན་འབྲེལ་གྱི་སྐྱོན་ཞིག་ཡིན་པ་འདྲ་སྟེ། ནམ་དུའང་ཡས་མན་གཉིས་མི་རིགས་གྲོས་རིགས་མི་མཐུན་པའི་ངང་ལ་


TR001_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ནས་སྤྲུལ་པའི་སྐུ་གྲ་ཚང་དུ་ཕེབས་པ་སོགས་ཀྱི་འབྲེལ་ཟབ་ཞིག་ད་བར་དུ་མ་བྱུང་ངོ་།། ༈ །།དཔལ་ཨོ་རྒྱན་བསྟན་འཛིན་པའི་སྐུ་སྐྱེ་བ་ཆོས་རྗེ་ཕྲིན་ལས་རྒྱ་མཚོའི་སྡེ་དགུང་ལོ་ཞེ་གསུམ་པ་མེ་ལུག་པ་ལ་མྱ་ངན་ལས་འདས་ནས་ས་མོ་བྱ་ལ་ལོང་པོ་རྩེ་དཀར་དུ་སྡེ་པ་ཚེ་རིང་དབང་པོའི་བུར་འཁྲུངས་པ་དགུང་ལོ་བཞི་ལོན་ནས་སྐུ་གཤེགས་ཏེ། སླར་ཡང་ལོང་པོ་བཅས་སྡེར་སྔགས་འཆང་བཀྲ་ཤིས་ཚེ་བརྟན་པ་ལ་བུ་མོ་ལྔ་ཡོད་ཀྱང་བུ་མེད་པས་དགོངས་འདུས་ལས་ཚོགས་ནས་གསུངས་པའི་སྲིད་འབེབས་ཀྱི་གདམས་ངག་གི་ཐབས་བརྟེན་འབྲེལ་བྱས་པ་ལ་བརྟེན་ནས་སྤྲུལ་པའི་སྐུ་དེ་ཉིད་ཤིང་སྟག་ལ་འཁྲུངས། གསུང་བྱེ་མ་ཐག་ཏུ་སྐུ་གོང་མའི་བག་ཆགས་དྲན་པའི་བཀའ་གསལ་མང་དུ་གནང་བ་ན། ཡབ་ཐུགས་བསམ་ཆུང་ནས་ཁོང་རང་ལ་བུ་མེད་པའི་འདོད་གདུངས་ཀྱི། རྫས་ངན་གྲིབ་ཅན་མང་


TR001_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མགུལ་དུ་བཏགས་པ་ནས་ལྗགས་དང་ཐུགས་རིག་ཅུང་ཟད་མི་གསལ་དུ་སོང་། འོན་ཀྱང་དུས་བཟང་སོགས་ལ་ངོ་མཚར་བའི་གསུང་མང་དུ་བྱོན་ཞིང་། ཀར་ཕུ་དབོན་པོ་དང་གང་འདོད་སྒྲུབ་ཆེན་མ་སོགས་དེ་ཕྱོགས་ཀྱི་གསལ་སྣང་དང་མངོན་ཤེས་ཅན་དག་གིས་ཀྱང་སྐྱེས་བུ་དམ་པར་ལུང་བསྟན་པ་ལ་བརྟེན། བདེ་ཆེན་དགོན་ནས་སློབ་དཔོན་རིན་པོ་ཆེ་དམ་ཆོས་བས་བརྫུ་ཐབས་ཀྱི་སྒོ་ནས་བརྟག་པ་ལ་བྱོན་པས་ངོས་འཛིན་ཡིད་ཆེས་ངེས་འདྲོངས་འབྱུང་བ་དང་། ཐམས་ཅད་མཁྱེན་པ་ནོར་བུ་བརྒྱན་པ་དང་། གཏེར་བཏོན་འཇའ་ཚོན་སྙིང་པོ་ལ་ཐུགས་དམ་གྱི་བརྟག་པ་ཞུས་པས་ལེགས་སོའི་བཀའ་སྩལ་བྱུང་བ་སོགས་ལ་ཡིད་གཏན་དུ་བགྱིས་ཏེ་དགུང་ལོ་བཅུ་གཅིག་པ་ཤིང་བྱི་ལ་གྲ་ཚང་དུ་སྤྱན་དྲངས་སྐབས་ལེགས་ཚོགས་ཀྱི་རྟེན་འབྲེལ་ལ་དམིགས་ནས་བསུ་བའི་བྱེ་བྲག་དང་ཆེ་འདོན་གྱི་བཀོད་བཤོམ་ཁོ་ན་ཡང་འཁོས་ལ་དཔགས་པའི་མཐོང་ཐོས་ཀུན་ཡིད་ཆེས་ཐུབ་པ་ཙམ་


TR001_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། རིམ་པས་ལྗགས་ཀློག་སོགས་འབུལ་བའི་སློབ་དཔོན་དུ་སྐུ་གོང་མའི་གཟིམས་དཔོན་དབོན་པོ་ཨོ་རྒྱན་རིན་ཆེན་པ་སྦྱར་ནས་དགུང་ལོ་བཅུ་བཞིའི་བར་དུ་དཔེ་མཚམས་ལ་བཞུགས་སུ་བཅུག །སྔོན་གྱི་སྦྱངས་ཤུགས་ལས་ཐུགས་རབ་གོ་བབས་ཕྱག་གི་འདུ་བྱེད་སོགས་སྒོ་གང་ནས་ཀྱང་སྐྱེས་བུ་དམ་པའི་མཚན་ཉིད་དང་ལྡན་པར་མཆིས་ཚེ། རང་ངོས་ནས་ཀྱང་འཁོས་ཁྱེར་གང་ཡོད་ཀྱི་ངོས་ནས་རྩལ་སྤྲུགས་སུ་འབད་པས་སྐུ་ཡོན་གྱི་ཞབས་ཏོག་བསྒྲུབ་ཅི་ཐུབ་བགྱིས་ཁུས་ནས། དགུང་ལོ་བཅུ་དྲུག་པར་རྗེ་ནོར་བུ་བརྒྱན་པའི་དྲུང་དུ་དགེ་བསྙེན་དགེ་ཚུལ་ཞུར་བཅུག་ཅིང་། ཨོ་རྒྱན་ཕྲིན་ལས་དཔལ་བཟང་པོ་ཞེས་མཚན་གནང་། གཏེར་སྟོན་འཇའ་ཚོན་པའི་དྲུང་དུ་ཡང་བཀའ་ཆོས་མཐའ་ཡས་པ་ནོད་པ་དང་། བདག་གིས་ཀྱང་འདུས་པ་མདོ་དབང་ཆེན་མོས་ཐོག་དྲངས་པའི་དབང་ལུང་ཇི་སྙེད་ཕུལ་ཞིང་། མདོར་ན་སྤྱིར་གསང་སྔགས་སྔ་འགྱུར་གྱི་བསྟན་


TR001_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱད་པར་དགོན་གསུམ་པོ་འདིའི་བསྟན་པའི་སྲོག་ཤིང་ཞིག་མཛད་དུ་རེ་ཡང་། བདག་ལྷོ་བྲག་ཕྱོགས་སུ་ཟླ་བ་དྲུག་བསྡད་པའི་བར་ལ། ཐུགས་རྒྱུད་ལ་དམ་སྲིའི་བར་ཆད་ཞིག་ཞུགས་ནས་མངོན་ཤེས་གྲུབ་རྟགས་རྫུ་འཕྲུལ་སྟོན་པའི་ཟོལ་དང་གཏེར་དང་གནས་སྒོ་འབྱེད་པ་ལ་སོགས་པ་མི་ཆོས་བླ་མའི་ཟོལ་གྱི་སྦུབས་སུ་ཞུགས་པའི་བར་ཆད་ཀྱིས་བསྐྱོད་པ་དང་། དགོངས་པའི་མཐིལ་ནི་ནག་ཆང་འབའ་ཤིག་ལ་གཏོད་པ་གཅིག་ཏུ་གྱུར་པར་བརྟེན། ཕྱག་ཕྱི་བ་གྲུལ་ཐུབ་གང་དང་ཡང་མ་མཐུན་པའི་རྒྱུས། འཁྲུངས་ཡུལ་ནས་ཡབ་ཡུམ་རྣམས་ཀྱི་བསམ་པ་ལ་ཡང་སྤྲུལ་པའི་སྐུ་ལ་ཞབས་ཏོག་གུས་འདུད་བྱེད་མཁན་མེད་པར་འོ་བརྒྱལ་བ་ཞིག་ཡོད་པར་བསམ་ནས། ཡར་ལ་ལོག་བྱོན་ཞུས་པས་རྐྱེན་བྱས་ཏེ། བདག་སོགས་གྲ་ཚང་གི་བགྲེས་རིམ་བསམ་ཡོད་ཚང་མ་དང་། ཕྱིའི་ཡོན་བདག་ཤ་ཚ་སོགས་ཐམས་ཅད་ཀྱིས་ཞུ་འབུལ་ཞི་


TR001_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དབང་དྲག་གང་བྱས་ཀྱང་མ་གསན་པར་ཁྱིམ་དུ་ལོག་འབྱོན་པར་ཤར། དེ་ལ་ཡང་བདག་གིས་མི་འཐད་པར་བསམ་ནས། ཕྱག་ཕྱི་བ་དང་སྐུ་ཆས་ཕྲལ་གྱི་ཉེར་མཁོའི་དངོས་པོ་ཆིབས་པ་དྲེལ་ཁལ་སོགས་ཆ་ཚང་སྦྲགས་ནས་བརྫངས་པ་རྣམས་ཀྱང་ཕྱིར་སློག་ནས་ཁྱིམ་ཚང་དུ་བག་ཡངས་སུ་བཞུགས་པས། ཐོག་མར་ཡབ་སྲས་གཉིས་མ་འཆམ་པར་ཡབ་བྱེས་སུ་འཁྱམས་དགོས་པར་ཐུག །སླར་ཁོང་ཉིད་ཀྱང་བུད་མེད་ཁོ་ནའི་རྐྱེན་ངན་གྱིས་བསྐྱོད་དེ་ཁྱིམ་དུ་བཞུགས་ཐབས་མ་བྱུང་བར་ཕྱོགས་མཐའ་མེད་དུ་བྱོན་ཏེ་མི་མཛད་དང་དགུ་མཛད་པ་ལ། མི་སྐྱ་ཕལ་པ་གླད་མེད་དང་བུད་མེད་སོགས་ནི་གྲུབ་སྤྱོད་ཡིན་པར་རྩི་ཞིང་དད་མོས་ཡོད་ཁུས་སུ་བྱེད་ཀྱང་། ཉམས་ལྡན་དང་བསམ་ཡོད་དག་ནི་ཡིད་ཀྱིས་མ་ཟོད་པར་མཆི་མ་འབྱིན་པར་བྱེད་པའི་གནས་སུ་གྱུར་ལ། སྲས་ཞིག་ཡོད་པ་དང་མ་མཐུན་པར་ཡ་བྲལ་ཞིང་། མཐར་དགུང་ལོ་ང་གསུམ་པར་


TR001_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཆང་མང་སྐྱོན་གྱིས་ཆབ་གཞིས་བསྙུན་ནས་ཀོང་སྟོད་ཟིང་པོའི་དགོན་ཆུང་ཞིག་ཏུ་སྐུ་གཤེགས་པར་གྱུར་པ་སྟེ། སྐུ་ཚེའི་མཇུག་གི་གསུང་འཕྲོས་དག་ཏུ་ཁོ་བོ་ཚེ་འདིའི་བྱ་བྱེད་འདི་དག་ཅུང་ཞིག་འཆུགས་བྱུང་བས། སྐྱེ་བ་ཕྱི་མར་བསྟན་པའི་ཞབས་ཏོག་ཚུལ་བཞིན་འགྲུབ་པར་སྨོན་ལམ་འདེབས་པ་ཡིན་ཞེས་གསུང་སྣང་བར་ཐོས་པས། དེ་ལྟ་བུ་ཞིག་ངེས་པར་མཛད་ལ་རེ་སྨོན་དུ་གྱིད་དགོས་པར་གདའ་ཞིང་།། ༈ །།དེ་ལྟར་དཔལ་ཨོ་རྒྱན་བསྟན་འཛིན་དེ་ཉིད་ཀྱི་ཐུགས་དགོངས་ཇི་ལྟར་བཏད་པ་བཞིན་མཚུངས་མེད་བསྟན་འཛིན་རྡོ་རྗེས་ཀྱང་དཀའ་བ་དུ་མ་དང་དུ་བླངས་ནས་དགོན་སྡེ་གསུམ་པོ་འདི་ལེགས་པར་བཏབས་ཅིང་། རྗེས་འཇུག་རྣམས་ལ་ཡར་མཐའ་ཚེ་གཅིག་སངས་རྒྱས་བསྒྲུབ་པ་ནས་མར་མཐའ་ཟས་ཟ་ལུགས་གོས་གྱོན་ལུགས་ཚུན་ཆོད་བསླབ་ནས། དིང་སང་ཐམས་ཅད་ཀྱིས་རྩེ་ལེ་བ་ཞེས་མཐོང་བྱེད་ལུགས་འདི་ལྟ་བུ་ནི་བླ་མ་དང་ཆོས་ཀྱི་བཀའ་


TR001_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཡིན་པ་མ་གཏོགས་སོ་སོ་རང་རང་ཕེར་ཡོང་ཆེ་དྲག་ནས་བྱུང་བ་ཡིན་མོད་ཀྱི། དེའི་ཕྱིར་བླ་མའི་བཀའ་དྲིལ་ལ་བསམ་ནས་ཀྱང་སྒོ་གསུམ་ཆོས་དང་མཐུན་ཞིང་ཐོས་བསམ་སྒོམ་གསུམ་ལ་འབད་ནས་བསྟན་པའི་ཞབས་ཏོག་ཆོས་ཀྱི་འགྲུབ་པ་ཞིག་དགོས་པར་གདའོ། །བླ་མ་གོང་མ་དེ་དག་མཁྱེན་བརྩེ་མཛད་ཕྲིན་ཐུགས་རྗེ་ནུས་པ་སོགས་གང་ནས་ཀྱང་རྟ་རྔ་བརྒྱར་བཤགས་པའི་ཆ་ཙམ་ཡང་མ་མཆིས་པ་བདག་ཁ་འདྲས་ཀྱང་རང་ལོ་ལྔ་ནས་བཅུ་དྲུག་གི་བར་དུ་ཆོས་སྡེའི་ལྟོ་འཚོལ་མཁན་དང་སློབ་གཉེར་སྤེལ་མ་བྱས་ཤིང་། བཅུ་བདུན་ནས་ཉི་ཤུ་རྩ་གསུམ་པར་དེ་བར་དུ་གྲ་ཚང་གི་འགན་ཁུར་གྱི་རི་མོ་བབས་པས་རང་སྡུག་མི་མ་མགུ་བའི་བྱ་བ་ལ་སྐྱོ་ནས་འདག་སྦྱར་སྨྲ་བཅད་ཀྱི་ངང་ལ་ལོ་ཕྱེད་དང་བཞིར་གནས་པ་ལས། སླར་ཡང་རྗེ་འཇའ་ཚོན་སྙིང་པོ། ལོ་ཆེན་གཞན་ཕན་རྡོ་རྗེ། ཀ་ཐོག་པདྨ་བློ་གྲོས། མཚུངས་མེད་རིག་འཛིན་སྙིང་པོ། དྲིན་ཅན་


TR001_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨའི་མཚན་ཅན་སོགས་རང་ལ་བཀའ་དྲིན་ཆེ་བའི་བླ་མ་རྣམས་ཀྱི་བཀའ་ནན་མ་ཐེག་པས་རང་ལོ་སུམ་ཅུ་སོ་ལྔའི་བར་དུ་དགོན་གསུམ་པོ་འདི་ལ་ཆོས་ཁྲིམས་བསྡམས། དབང་བསྐུར། ཆོས་བཤད། ཁྲིད་བཏབས། སྡོམ་པ་ཕོགས། རང་གིས་གང་ཤེས་པའི་ཡོན་ཏན་ཐམས་ཅད་རྩལ་སྤྲུགས་སུ་བསླབ། དབང་སྒྲུབ་ཆེན་མོ་ཁོ་ན་བཅུ་གསུམ་ཙམ་དང་། ཚེས་བཅུ་རེ་རེ་ལ་ལ་ཡང་ཡང་རྗེས་གནང་ཆག་མེད་བྱས་ཤིང་། འཕྲལ་ཕུགས་འདི་ཕྱི་ཀུན་ལ་ཕན་པའི་བསླབ་བྱ་རྒྱུན་མི་ཆད་དུ་བྱས་ཏེ། ཐབས་ཅི་ལྟ་བུ་ཞིག་གིས་འདི་ཚོ་ལ་ཕན་ཐོགས་སམ་སྙམ་པའི་བསམ་སྦྱོར་བཟང་པོས་རང་གི་སྒོ་གསུམ་ངལ་བ་ཁྱད་དུ་བསད་ནས་འབུངས་པ་ཡིན་ཀྱང་། ཆང་ཁྲིམས་གཅིག་པུ་དེ་ལ་ཡང་མགོ་མ་འཁྱོལ། ཁ་ལ་མ་ཉན། དམ་ཚིག་མི་བསྲུང་། ནམ་ཞག་གཏན་གྱི་འདུན་མ་ཚེ་གཅིག་བྱང་ཆུབ་ཐོབ་པ་ལས་ཆང་ཕོར་


TR001_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དོ་དགའ་འདམ་དུ་བྱེད་ཚེ། བདག་འདྲས་ནམ་ཡང་ཕན་ཐོགས་པ་དང་འདུལ་ནུས་པའི་རེ་ཐག་རྩ་བ་ནས་ཆོད་པར་གྱུར་པ་འདི་རང་ཉིད་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་ངན་གྲོགས་འཆར་དུ་བྱུང་བས། རང་ལོ་སོ་ལྔ་ནས་བཟུང་སྟེ་མ་མགུ་རང་སྦྱོང་གི་གཞན་དོན་བསྐྱུར་ཞིང་མི་ཚེ་རི་ཁྲོད་འགྲིམ་པའི་འདུན་མ་རྩེ་མོ་བྱུང་རྒྱལ་ལ་བློ་ཐག་བཅད་པ་འདི་ལགས་སོ།། ༈ །།སངས་རྒྱས་དངོས་མཚུངས་རྣམ་འདྲེན་དམ་པ་ནི། མུ་ཏིག་ཙར་ལ་དཀྱུས་འདྲ་རིམ་བྱོན་ཀྱང་། །དིང་སང་ཐོས་པའི་ལམ་དུ་ཟད་གྱུར་པ། །འདི་འདྲ་གདུལ་བྱ་རང་སྐལ་དམན་པའི་སྐྱོན། །སྐྱེས་ཆེན་ཉི་ཟླའི་དཀྱིལ་འཁོར་ནུབ་རིར་གཤེགས། །ཤུལ་འཛིན་སྲིན་བུ་མི་ཁྱེར་ཇི་ལྟ་བུའི། །སྣ་ཚོགས་རང་གྲོལ་རྒན་པོ་གཉིད་སད་ཁའི། །རྨི་ལམ་ཙམ་ཡིན་ཁྱེད་ཅག་གོའམ་ཅི། །བླ་མའི་སྣང་བ་མངོན་སུམ་ཡོད་དུས་འདྲེད། །།།ནམ་ཞིག་སྐུ་འབུམ་མཇལ་ཚེ་ཕྱིས་པར་ཟད། །བླ་


TR001_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མུ་གེ་ཕོག་པའི་གྲ་སློབ་རྣམས། །དམུས་ལོང་བྱང་ཐང་འཁྱམས་འདྲ་རང་སྐལ་སྐྱོན། །ཟས་གོས་གང་བཟང་ཐབ་ཆས་གདན་ཆ་སོགས། །འཇིག་རྟེན་འཛོམ་ཆ་བསྒྲུབ་རེམས་ཕྱུགས་བན་རྣམས། །ཇ་ཆང་ཞལ་གད་འཕེལ་བའི་སྐྱིད་ཉམས་དེ། །ཐོག་བབ་འཆི་ནད་ཕོག་དུས་ཅིར་འགྱུར་རམ། །མི་ཚེར་ལྟོ་དོན་སྒྲུབ་པའི་རེམས་ལུགས་དང་། །སྣང་ཤས་ལང་ལོང་བྱ་བྱེད་མང་པོ་འདི། །ཆོས་པ་ཡིན་སྙམ་བློ་བག་ཕེབས་གདའ་ཡང་། །ཆོས་འདི་རང་ལ་འདུག་གམ་ལེགས་པར་གཟིགས། །ཅེས་པ་འདི། རང་རེའི་གྲ་རིགས་ལ་སྣང་བ་མི་འདུག་ཀྱང་། ཆོས་རྗེ་མི་ཕམ་མགོན་པོས་བསྐུལ་བར་མཛད་པ་ལ་བརྟེན་ནས། སྣ་ཚོགས་རང་གྲོལ་རྒན་པོ་འཆི་ཁའི་ཆལ་གཏམ་དུ་སྨྲས་པ་འདི་དག་གྲ་གཞོན་འཆི་བ་མ་དྲན་པ་རྣམས་ཀྱི་སེམས་ལ་ཕན་པའི་རྒྱུར་གྱུར་ཅིག །དགེའོ། །གཅིག་ཞུས།

རྗེ་བཙུན་དམ་པ་རྫོགས་ཆེན་པ་བསོད་ནམས་དབང་པོའི་རྣམ་ཐར་མདོར་བསྡུས།


TR001_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་བཙུན་དམ་པ་རྫོགས་ཆེན་པ་བསོད་ནམས་དབང་པོའི་རྣམ་ཐར་མདོར་བསྡུས་བཞུགས་སོ། །


TR001_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཱུ་ལ་གུ་རུ་བྷྱཿ། བླ་མ་བརྒྱ་ཡོད་སྟོང་ཡོད་ཀྱང་། །རང་སེམས་ངོ་སྤྲོད་བླ་མའི་རབ། །གང་གི་ཞབས་པད་ལ་བཏུད་དེ། །མཛད་པའི་ཆ་ཤས་མདོ་ཙམ་བྲི། །སྐྱེས་ཆེན་དམ་པ་ངེས་དོན་མཐར་ཕྱིན་དཔལ་བཟང་པོའི་གསུང་གིས། བདག་ལ་རང་སེམས་ཆོས་སྐུར་ངོ་སྤྲོད་པའི་རྗེ་བཙུན་དམ་པ་བསོད་ནམས་དབང་པོ་དེ་ཉིད་ཀྱི་ལོ་རྒྱུས་འདྲི་བར་མཛད་པའི་ལན་དུ་ཕུལ་བ་ནི། རྗེ་དེ་ཉིད་སྐུ་འཁྲུངས་པའི་ཡུལ་ནི་ཀོང་སྟོད་རྐྱེན་གྱི་ཚ་ཞུགས་ཅེས་པའི་གྲོང་དུ། འབྲི་གུང་ཀྱུ་རའི་གདུང་གི་ཆར་བཏོགས་པ་ཅིག་ཏུ་ལྕགས་ཁྱིའི་ལོར་འཁྲུངས་ཏེ། སྐུ་གཞོན་དུས་ཁྱིམ་ཐབས་མཛད་པའི་སྲས་མོ་


TR001_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་བྱུང་བ་དེ་སྐུ་མདུན་བྱ་ཁྱུང་གི་སྲས་རྒྱལ་དབང་བསྟན་འཛིན་པའི་ཕྱག་རྒྱ་མོར་གྱུར། སྲས་གཞན་མེད་པ་ན་དགུང་ལོ་སུམ་ཅུ་སོ་དགུ་པར་ཁྱིམ་དཔངས་ནས་ཇོ་མོ་དང་གཉིས་ཀས་ཆོས་ཤ་སྟག་བྱེད་པའི་ཚིག་ཆད་བྱས་ཏེ་བྱ་ཁུང་པ་ངག་དབང་པདྨ་རྣམ་རྒྱལ་གྱི་དྲུང་དུ་སྐྲ་བཅད་ཅིང་སྐྱབས་སྡོམ་ནས་བཟུང་སྟེ་གསང་སྔགས་ཀྱི་ཆོས་ཇི་སྙེད་ཞུས། དེ་སྐབས་སུ་གྲ་རིགས་གཞན་རྣམས་ཀྱིས་རྗེ་འདི་ལ་རྒན་ཞུགས་ཀྱི་མཐོང་དང་ཁྱད་གསོད་བྱེད་ཀྱང་། བླ་མ་དེ་ཉིད་ཀྱིས་འགྲོ་དོན་ཅན་དུ་འབྱུང་བར་མཁྱེན་ཏེ་ཟབ་ཆོས་ཐམས་ཅད་རྩལ་སྤྲུགས་སུ་གནང་ཞིང་སློབ་མ་གཞན་ལས་ལྷག་པའི་བརྩེ་


TR001_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཆོས་ཀྱི་ཕ་ཕོགས་བུམ་པ་གང་བྱོར་གནང་ནས་སྒྲུབ་པ་ལ་བཅུག་པར་མཛད་པའི་མཐུས། རྗེ་འདིས་ཀྱང་རྩྭ་རི་སྟག་ཚང་དང་དོམ་ཚང་པུ་རི་རྒྱབ། ཟིལ་ཆེན་སོགས་དང་སྒམ་པོ་སྒྲོད་ཆེན་སྒྲོད་ཆུང་། རྐྱེན་གྱིས་འགྲིང་ཕུ། དགོན་གསར་ལྷུན་གྲུབ་སྟེང་སོགས་རི་ཁྲོད་ངེས་མེད་དུ་དཀའ་ཐུབ་བཅུད་ལེན་ལ་བརྟེན་ཞིང་བཞུགས། དེ་དག་གི་སྐབས་ཚོར་ཡང་བླ་མ་ངག་དབང་པདྨ་དེ་ཉིད་མནལ་ལམ་སྤྲུལ་བསྒྱུར་སོགས་ལ་དབང་ཐོབ་པ་ཡོད་འདུག་པས། རྗེ་འདི་ལ་ཡི་དམ་རྩ་གསུམ་གྱི་སྐུར་བསྟན་པ་དང་། གཉན་པ་གཅོད་པའི་སར་སྟག་གི་གཟུགས་རི་བོ་ཙམ་དུ་བསྟན་ནས་ཐུགས་དམ་གྱི་དྲོད་མྱུལ་བ་སོགས་ཀྱང་མཛད་པར་གདའ་ལ། ཕྱིས་སྐུ་དྲུང་དུ་སླེབ་སྐབས་དེ་དག་གི་གསུང་གླེང་མཛད་པས་དཔོན་སློབ་གཉིས་ཀ་ཕན་ཚུན་དུ་མཉེས་ཏེ། སྔོན་རྗེ་སྒམ་པོ་པ་དང་དབུ་སེ་གཉིས་ཀྱི་མཛད་པ་དང་ཆ་འདྲར་བྱུང་ཞིང་། བླ་མའི་ཞལ་ནས། ཁྱེད་རང་དགེ་སྦྱོར་གྱི་ཐུན་མཚམས་སུ་དཀྱིལ་འཁོར་དང་ཆོ་ག་དང་དབང་གི་ཕྱག་ལེན་དང་གར་དབྱངས་སོགས་


TR001_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལའང་རྟོག་འཇུག་བསླབ་སྦྱང་ཅི་ནུས་ཀྱིས་གསུངས་པ་ལ། རྗེ་འདི་པས་སྐུ་མཁྱེན་ནོ། །བདག་གཏིར་རྒན་འདི་འདྲ་བ་ཚེ་མཇུག་འདི་རི་ཁྲོད་ལུང་སྟོངས་འགྲིམ་པ་མ་གཏོགས་གཞན་གྱི་མགོ་འདྲེན་སོགས་བྱེད་པའི་རེ་ཐག་ཆོད་ཞུས་པས། མིན་མིན། ནམ་ཞིག་ཙ་ན་མི་བྱེད་ཀ་མེད་ཀྱི་དུས་ཤིག་འོང་བར་འདུག །དེས་ན་གཞན་རྩོལ་བར་མི་བྱེད་ཀྱང་ཟབ་ཁྲིད་ཁྱོད་རང་གི་གང་ཐོབ་ཐམས་ཅད་ཀྱི་ཕྱག་བཞེས་ངེས་དག་རྡར་ཤ་ཡོད་པ་ཅིག་གྱིས་ཤིག་གསུངས་ནས་དེ་ལྟར་མཛད། གཞན་ཡང་ཆོས་འབྲེལ་ཐོབ་པའི་བླ་མ་ནི། རྗེ་དབང་ཕྱུག་རྡོ་རྗེ། གར་དབང་དཀོན་མཆོག་ཡན་ལག །དཔལ་གཙུག་ལག་འཕྲེང་བ། འབྲུག་པ་པདྨ་དཀར་པོ་སོགས་དང་། སྦས་པའི་རྣལ་འབྱོར་ཕོ་མོ་མང་ཞིག་ལ་ཐུག །སླད་དུ་རྗེ་བཙུན་ངག་དབང་པདྨ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་ན། རྗེ་འདི་ཉིད་སྔོན་གྱི་སྨོན་ལམ་གྱིས་བསྐུལ་མཐུས་ཀོང་གནས་རྣམས་མཇལ་བ་


TR001_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁོ་རང་གཅིག་པུ་བྱ་བྲལ་ཆོས་ཀྱི་ཕེབས་པ་ལས། རིམ་པས་གཙང་པོ་མགོ་དགུར་མཚུངས་མེད་བསྟན་འཛིན་རྡོ་རྗེའི་དྲུང་དུ་ཕྱག་དབང་ཞུ་བར་བྱོན་ནས་ཆོས་ཀྱི་གསུང་གླེང་མཛད་པས་ཐུགས་ཡིད་ཆེས་ཏེ། ཕྱག་ཕྱི་བ་དག་ལ་བཀའ་སྩལ་ནས། ཁྱེད་ཚོ་བྱ་བྲལ་འདི་ལ་བརྙས་པའི་རིགས་མ་མ་བྱེད་ཅིག །འདི་ནི་གཟུགས་མི་མཛེས་ཀྱང་ནང་ནས་ཉམས་རྟོགས་མེ་འབར་འབར་ཡོད་པ། སྐྱལ་གོག་མེ་འབར་ཞིག་ཏུ་འདུག་གོ། །ཅེས་གསུངས་སྐད། རྗེ་འདིས་ཀྱང་མཚུངས་མེད་དེ་ཉིད་ལ་ཁྱེད་ཉིད་བཻ་རོ་ཙ་ན་ཡིན་པར་འདུག་པས་ན། བདག་གི་སྔར་རྫོགས་ཆེན་གྱི་ཁྲིད་རིགས་མང་དུ་ཐོབ་ཀྱང་། བཻ་རོའི་རྡོར་སེམས་སྙིང་ཏིག་འདི་མ་ཐོབ་པ་དང་། འདིར་བཞུགས་ན་བཻ་རོ་དངོས་ལ་ཐོབ་པ་དང་འདྲ་བར་སྣང་བས་ཅིས་ཀྱང་ཞུའོ་ཞེས་ཞུས་ཚེ་བཀའ་ལས། འོ་ན་དེ་ལྟར་བྱས་ཆོག་གི། ཁྱེད་རང་ཡང་ངེད་ཀྱི་གྲུབ་སྡེ་འདིར་བཞུགས་མཛོད་གསུངས་ནས་དཔོན་སློབ་གཉིས་ཀ་དགོངས་པ་མཐུན་པར་


TR001_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བས། རྡོར་སེམས་སྙིང་ཏིག་དང་གཞན་ཡང་ཚོམ་བུ་སྨར་ཁྲིད་སོགས་མང་དུ་གསན་ཞིང་། གཙང་པོ་མགོ་དགུར་སྐུ་མཚམས་ལ་རྒྱུན་བཞུགས་མཛད། སླད་དུ་མཚུངས་མེད་དེ་ཉིད་གཤེགས་ཤུལ་དུ་དགོན་གོང་འོག་གཉིས་ཀའི་གྲ་རིགས་ཀྱིས་རྗེ་འདི་པར་བཀའ་ཆོས་ཞུ་མཁན་རིམ་གྱིས་མང་དུ་བྱུང་ཞིང་། ལན་ཅིག་གི་ཚེ། འདི་ཕྱོགས་ན་ས་ལུགས་ཀྱི་ཆོས་སྡེ་སྤྲོ་སྟེང་ཞེས་པའི་གྲ་པ་བསམ་འགྲུབ་ཟེར་བ་ཞིག་གིས་རྗེ་འདི་ལ་གསུང་ཆོས་ཕྲན་བུ་ཐོབ་ནས། སླར་དབུས་གཙང་གི་གནས་སྐོར་དང་གཙང་ཕྱོགས་ཀྱི་ས་སྐྱའི་གདན་ས་རྣམས་མཇལ་བར་ཕྱིན་པའི་ལམ་ཞོར་ལ་བསམ་འགྲུབ་རྩེ་རུ་མཉམ་མེད་སོག་ཟློག་པ་ཆེན་པོ་དེ་ཉིད་བཞུགས་པའི་དྲུང་དུ་མཇལ་བའི་གསུང་གླེང་འཕྲོས་པར། མི་དེ་ལ་ཆོས་རྒྱུད། གྲ་པ། བླ་མ་གང་ཡིན་སོགས་ཀྱི་སྐད་ཆའི་འཕྲོས་སུ། ཁོ་པས་རྗེ་འདི་ཉིད་ཡོན་ཏན་འགའ་ཞིག་ཞུས་ཡོད་པར་སྣང་བས། རྗེ་སོག་ཟློག་པའི་ཞལ་ནས། ངེད་


TR001_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

རྙིང་མ་བའི་རིགས་འདི་ལ་རྔ་གོག་གདིང་གདིང་འབའ་ཞིག་བྱེད་མཁན་མ་གཏོགས། རྫོགས་པ་ཆེན་པོ་བསྒོམ་ཞིང་འཆད་ནུས་པ་གར་ཡང་ཤིན་ཏུ་དཀོན་པ་ཡོད། ཁྱོད་ཀྱི་བླ་མ་དེའི་སྐད་ཆ་ཐོས་པས་ཡིད་སྤྲོ་ཡང་ཁྱེད་ཚོ་ཐག་རིང་གི་སྐད་ཆ་གཅིག་བུ་ལ་བདེན་པར་ཟུང་ཚོད་མི་ཟིན་པས་ངེད་རང་བརྟག་པ་ཅིག་བྱེད་པ་ཡིན། ཁྱེད་རང་སང་ཉིན་བདག་གི་རྩར་ཤོག་གཅིག་གསུངས། ནང་པར་སྐུ་དྲུང་དུ་ཕྱིན་པས་གསོལ་རས་མང་དུ་གནང་ཞིང་། འོ། ཁྱོད་ཀྱི་སྐད་ཆ་ལ་གཡོ་ཟོལ་མི་འདུག །བདག་གིས་མདངས་རྨི་ལམ་བཟུང་ནས་ལྟ་བར་ཕྱིན་པས། སྤྱིར་ཀོང་ལུང་པ། སྒོས་སུ་གཙང་པོ་མགོ་དགུའི་དགོན་པ། ཁྱད་པར་དུ་གྲུབ་ཐོབ་དེའི་གཟིམས་སྤྱིལ་དང་སྐུའི་དབྱིབས་ཐམས་ཅད་མེ་ལོང་གི་གཟུགས་བསྙན་བཞིན་དུ་མཐོང་བྱུང་ཞིང་། རྗེ་དེའི་སྐུ་དང་ཞལ་གྱི་རྣམ་འགྱུར་ནི་ཐང་སྟོང་རྒྱལ་པོའི་སྐུ་ཇི་ལྟ་བ་ལ་རྣམ་བུ་དཀར་པོའི་མགོ་ཤུད་ཅིག་བཞེས་ནས། དོམ་ལྤགས་བཞུགས་གདན་


TR001_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁར་ཏིང་ངེ་འཛིན་ལ་བཞུགས་པ་དང་མཇལ་བྱུང་། བོད་ཡུལ་འདིར་མི་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེ་བྱོན་ནས་རྫོགས་ཆེན་གསུང་བར་བཤད་འདུག་པ་དེ་ལྟར་བུ་ཞིག་ཀྱང་ཡིན་ཤས་ཆེ་ལ། སྐུ་དངོས་ནི། རྒྱལ་བ་འབྲོམ་གྱི་རྣམ་སྤྲུལ་ཡིན་ནམ་སྙམ་པ་བྱུང་། དེས་ན་བདག་ནི་ས་ཐག་རིང་བས་ལུས་ཀྱིས་མཇལ་བའི་སྐལ་བ་མ་མཆིས་རུང་ཡིད་ཀྱིས་མཇལ་བས་ཆོག་ཅིང་མཆོད་རྫས་འབྲེལ་བ་ཞིག་ཁྱོད་ལ་བསྐུར་བ་ཡིན་པས་འབུལ་ཐུབ་པར་གྱིས་ཤིག་གསུངས་ནས། གསེར་གཡུ་དར་དང་བཅས་པའི་མཚན་གྲངས་དང་། ཁྱད་པར་བརྟན་བཞུགས་ཀྱི་ཐུགས་རྩོམ་དུ། ༈ །རྒྱ་ཆེན་བསོད་ནམས་སྨིན་པའི་ཆོས་ཀྱི་གྲྭར། །སྦས་པའི་ཚུལ་འཛིན་ཞི་ཞིང་དབང་པོ་དུལ། །ཡོན་ཏན་ཞལ་དུ་མེད་པའི་ཆོས་ཀྱི་རྗེ། །འགྱུར་མེད་རྡོ་རྗེའི་གདན་ལ་བཞུགས་སུ་གསོལ། །སོགས་དང་། གངས་ཅན་སྐྱེ་དགུའི་བསོད་ནམས་སྤྱི་དཔལ་དུ། །རིག་འཛིན་སྔགས་འཆང་གྲུབ་པའི་དབང་པོ་ཁྱོད། །


TR001_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་གཡོ་བ་མེད་པར་ཞབས་བརྟན་ཞིང་། །གདུལ་བྱ་རྒྱ་མཚོའི་དཔལ་དུ་བརྟན་པར་བཞུགས། །ཡང་ཟབ་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་ལ། །རྗོད་བྱེད་ཚིག་དང་སྒྲ་ཙམ་དབང་བ་མང་། །དོན་གྱི་ཡེ་ཤེས་སྟོན་མཁས་ཁྱེད་མིན་སུ། །སྙིང་པོའི་བསྟན་སྲོག་འཛིན་ཅིང་བརྟན་པར་བཞུགས། །ཅེས་སོགས་ཀྱི་ཕྱག་བྲིས་དང་བཅས་ཏེ་བསྐུར་བར་མཛད་པ་འདིར་ཕྱག་ཏུ་སྐྱོན་མེད་འབྱོར་ཞིང་། དེ་ལ་བརྟེན་ནས་འདི་སྐོར་དུ་ཡང་མཉམ་འགྲོགས་ཀྱི་དྲི་མ་སངས་ཤིང་དག་སྣང་གི་མིག་བྱེ་བའི་རྐྱེན་དུ་ཡང་གྱུར་ལ། དུས་ཕྱིས་ཀྱང་རྗེ་སོག་ཟློག་པ་ཆེན་པོ་ཉིད་ཀྱིས་དགོངས་འདུས་སྨན་སྒྲུབ་གནང་བའི་སྨན་ཕུད་བཀའ་ཐམ་དང་སྦྲགས་ནས་ཀོང་པོའི་ཀར་སྲིད་གཙང་ལ་འགྲོ་མཁན་ལ་བསྐུར་བ་འདིར་ཕྱག་ཏུ་འབྱོར་བ་བདག་གིས་ཀྱང་མཐོང་ཞིང་དམ་རྫས་ཀྱང་མྱོང་། རྗེ་བཙུན་འདི་ཉིད་དགུང་ལོ་རེ་དྲུག་བཞེས་པའི་ཤིང་མོ་ཡོས་ལོར་གྲ་ཚང་ནས་ཞབས་དྲུང་མཐུ་སྟོབས་པའི་སྤྲུལ་སྐུ་རིག་འཛིན་མཆོག་གྲུབ་པས་སྤྱན་དྲངས་ཏེ་དགེ་འདུན་


TR001_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྒོས་མཐའ་བདག་ལ་ཟབ་ཆོས་ཀྱི་ཆར་བབས། དེ་སྐབས་སུ་བདག་དང་ལོ་བརྒྱད་པ་ཡིན་པས་དེ་ནས་བཟུང་སྟེ་ལོ་ཕྱེད་དང་བཞི་པ་ས་རྟའི་གཡར་གཞུག་གི་བར་དུ་སྐུ་ལུས་དང་གྲིབ་མ་ལྟར་བསྟེན་རྒྱུ་བྱུང་ཞིང་། སེམས་འཚོལ་སོགས་དྲི་འབུལ་གྱི་སྐབས་རྣམས་སུ་བདག་བུ་ཆུང་བསམ་མེད་ཀྱི་གཏམ་ལ་ཐ་སྙད་ལ་འོངས་ཏེ། རྗེ་སྡེ་པའི་ཞལ་འཕྲོས་རྣམས་སུ། ཆོས་རྗེ་སློབ་དཔོན་པའི་ཐུགས་མི་འགྱུར་བའི་བག་ཆགས་གཏན་ནས་མ་བརྗེད་པར་འདི་ལ་བསྡད་རུང་འདུག གསུངས་ཤིང་ངོ་མཚར་ཆེ་ཆེ་མོའི་ཚུལ་མཛད། སླར་གཙང་པོ་མགོ་དགུར་ཕེབས་ནས་ཀྱང་ཡང་ཡང་མཇལ་ཞིང་། ཕྱིས། དགུང་ལོ་དོན་དྲུག་པ་ཤིང་གླང་གི་ལོར་ཉེ་མཚམས་ནས་བདག་ལ་བཀའ་ཕྲིན་གནང་ནས་ཁྱོད་ལ་ཆོས་བཀའ་གཞན་ཐམས་ཅད་རྩིས་ཕྲོད་ཀྱང་། རྫོགས་ཆེན་སྙིང་པོ་གསེར་གྱི་ཡང་ཞུན་གྱི་ཟབ་ཁྲིད་ཆེན་མོ་དེ་གཅིག་པུ་ལུས་ཡོད་པས་


TR001_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཅིག་ཅིས་ཀྱང་ཤོག་གསུངས་ནའང་བདག་གྲ་ཚང་གི་གཉེར་ཁུར་གྱིས་བཅིངས་པས་རེ་ཤིག་འགྱངས། སླར་ལོ་དེའི་དབྱུག་ཟླ་ཤར་འཕྲལ་ཆེ་བཞག་ཆུང་བསྐྱུར་ཏེ་ཕྱིན་པས་ཤིན་ཏུ་མཉེས་པར་མཛད་ཅིང་། ཆོས་བཀའ་དེ་དག་དང་གཞན་ཡང་དོགས་གཅོད་སོགས་ཞིབ་ནན་ཞུས། འགྲོ་ཁར་རྗེ་ཉིད་རླུང་སེམས་ལ་དབང་ཐོབ་ཅིང་སྐྱེ་འཆིའི་འདུ་བྱེད་ལས་གྲོལ་ཚེ་བདག་སོགས་ལ་དགོངས་ནས་ཡུན་དུ་ཞབས་པད་བརྟན་པར་བཞུགས་དགོས་ཚུལ་ཞུས་ཚེ་ཞལ་ནས། དག་ནི་བདག་ལ་སེམས་ཀྱི་ལྷག་མ་སྤུ་ཙམ་ཡང་མ་ལུས་པ་དང་། འབྱུང་འདུས་འདིའང་རྒུད་ཆེས་པས་དབང་པོ་ཐམས་ཅད་ཀྱང་མི་གསལ་བར་གདའ་བས་འདི་ཙམ་ལ་འགྲོ་བ་ལེགས་པ་ཡིན། སྤྱིར་ཡང་ང་རང་སྤྲང་པོ་གཏིར་རྒན་ཡིན་ཀྱང་། ཁྱེད་དང་སྤུ་བོ་རྦ་ཁ་སྤྲུལ་སྐུ་སོགས་སྐྱེས་ཆེན་མང་པོ་ལ་ཆོས་ཀྱི་མཆོད་པ་ཕུལ་ཐུབ་པ་འདིས་བསྟན་པ་དང་སེམས་ཅན་ལ་ཕན་པ་རླབས་ཆེན་འགྲུབ་པས་བློ་ཁ་རྫོགས་ཡོད་གསུངས།


TR001_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གྲ་ཚང་དུ་ལོག་ནས་ཟླ་བ་ཕྱི་མ་སྨིན་དྲུག་གི་ཉེར་ལྔའི་ཐོ་རངས་བསྙུན་གཞི་སོགས་གང་ཡང་མེད་པར་དགོངས་པ་ཆོས་དབྱིངས་སུ་ཐིམ། གདུང་བཞུས་པས་དབུ་ཐོད་ཚལ་བུ་སོར་གསུམ་ཙམ་ཞིག་ལ་དབུ་ཀླད་ཁམ་བུ་ཙམ་འབྱར་བ་ཞིག་རྒྱང་རིང་དུ་འཕར་བ་ཐམས་ཅད་ཀྱི་མཐོང་ཡང་རེ་ཤིག་ལ་མ་རྙེད། སླར་གྲ་རྒན་ཞིག་གིས་བརྙེད་ནས་བལྟས་པས། དབུ་ཐོད་ཀྱི་ཕྱི་ལོགས་ལ་ཨ་དཀར་པོ་འབུར་དོད་མཐེ་བོང་གི་རྒྱ་ཙམ་ཤིན་ཏུ་གསལ་བ་དང་། དབུ་ཀླད་འབྱར་བ་དེ་ཐམས་ཅད་རིང་སྲེལ་གྱི་གོང་བུར་སོང་བ་ཞིག་བྱུང་འདུག་པ། ཁོས་དེ་གཉིས་སོ་སོར་འཕྲལ་ཏེ་དབུ་ཐོད་ཁོ་རང་གི་ཚགས་བྱས། དབུ་ཀླད་གཞན་ཞིག་ལ་བྱིན་འདུག་པ་བདག་གིས་ཕྱིས་རྟིང་ཐོས་ནས་དྲི་རྩད་བྱས་པས་དང་པོ་མེད་ཟེར། སླར་སྟེར་སྦྱིན་སོགས་བྱས་ནས་བླངས་པས། འོ་ན་ཁོ་རང་དད་རྟེན་ཚབ་ཅིག་དགོས་ཟེར་བ། པདྨ་སམ་བྷ་བའི་སྐུ་ཞིག་བྱིན་པས། ད་དུང་ཁྱེད་རང་


TR001_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བྲིས་ཐང་སྐུ་ཞིག་དགོས་ཟེར་བས། བཅུ་གཅིག་ཞལ་གྱི་ཐང་སྐུ་བྲིས་ནས་སྦྱིན་ཏེ་དབུ་ཐོད་བདག་གིས་བླངས་པས་རིམ་པས་ཨ་ཡིག་དེ་ཉིད་ཆེས་ཆེར་འཕེལ་ནས་དབུ་ཐོད་ཚལ་བུ་དེ་གང་བར་གྱུར་པ་ད་ལྟ་ལག་ཐོག་ན་བཞུགས་ཡོད་པ་དང་། དབུ་ཀླད་དེ་ཡང་བདག་གི་མི་དེ་ལ་སྟེར་བྱིན་གྱིས་མགུ་བར་བྱས་ནས་བླངས་ཡོད་ཀྱང་། འདི་ལྟ་བུའི་རིགས་ལ་རྗེས་སོར་གཞན་མས་རིང་སྲེལ་གྱི་གུས་གཞོགས་པ་སོགས་བྱེད་དགོས་འདུག་པར་བསམ་ནས་གྲ་ཚང་དུ་ལྷ་ཆེན་གྱི་ནང་དུ་བཞུགས་སུ་གསོལ་ཡོད། དེ་ལྟར་རྗེ་དེ་ཉིད་སྤྱིར་ནི་ཐུགས་ཞི་ཞིང་དུལ་ལ་དམན་པ་འབའ་ཤིག་འཛིན་པར་མཛད་པ་མ་གཏོགས་རྟོགས་ལྡན་གྱི་ཐོ་ཅོའམ། བླ་གཟུགས་ཀྱི་ཆེ་འགྱིངས་སོགས་གཏན་མི་མཛད། ཁྱད་པར་བདག་ཁ་འདྲ་ལ་ཡང་ཕྱག་དང་མཐོང་བཀུར་སོགས་ཚུར་སོགས་ཚུར་མཛད་པ་མ་གཏོགས་ཕར་གཏན་ནས་མི་བཞེས། གྲ་ཚང་དུ་བཀའ་ཆོས་དབང་ཁྲིད་


TR001_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གནང་དུས་ཀྱང་བཞུགས་ཁྲི་དང་ན་བཟའ་གསོལ་དཀར་སྐྱག་སོགས་ཇི་ལྟར་ཕུལ་ཡང་། ང་རང་གི་ཚོད་ང་རང་ཆེ་བ་ཡིན་པས་ང་ལ་བླ་གཟུགས་ཀྱི་བབས་ཐོབ་ལར་མི་འོང་ཞིང་། དེ་འདྲའི་རྣམ་དཔྱོད་སོགས་བྱེད་ཀྱང་མི་ཤེས། དགོས་པ་ཡང་མེད་གསུངས་ནས་གྲ་རྐྱང་གི་ཚུལ་ཁོ་ན་མཛད། དུས་རྟག་ཏུ་ན་བཟའ་ཆ་ལུགས་གསོལ་ཟས་སོགས་གང་བྱུང་དེས་ཆོག་གི་ངང་དུ་སྤྲོས་མེད་མ་བཅོས་ལྷུག་པར་བཞུགས་པ་ལས་དགག་སྒྲུབ་ལེགས་ཉེས་འདོར་ལེན་འབད་རྩོལ་མི་མཛད་ལ། ཇ་ཆང་སོགས་ཀྱང་གསོལ་ཞལ་གང་དོ་ལས་མང་བ་ནམ་ཡང་མི་བཞེས་ཤིང་། ནན་གྱིས་ཞུས་ན། ཆོས་པ་ཟེར་བ་དེ་ཆོག་ཤེས་ཡོད་པ་ཅིག་དགོས་པ་ཡིན། བྱུང་ཚད་ཟ་འཐུང་བྱེད་པ་ལ་ཡོན་ཏན་མེད་གསུངས། འགའ་ཞིག་གིས་དཀའ་ཐུབ་བཅུད་ལེན་སོགས་ཀྱི་ཞལ་གདམས་ཞུས་ཚེ། ཁྱེད་ཚོ་གཞོན་དུས་ཆོས་བརྒྱད་ཀྱི་སྣང་ཤས་བྱས་ཏེ། དཀའ་ཐུབ་བམ། བཅུད་ལེན་ནམ། རས་རྐྱང་ངམ།


TR001_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བཅའ་ཁས་ལེན་སོགས་རང་ཚོད་རང་གིས་མ་ཐིང་པ་མང་པོ་བྱས་ནས། རྒས་ཁ་འཆི་ཁར་སོང་ཙ་ན་རང་སེམས་རང་གིས་མ་འཆུན་པར་བློས་སིད་བཏང་ནས། ཁ་ལ་ཅི་ཟ་དང་འདི་ཟ་མེད། ལུས་ལ་སྤྱི་གྱོན་དང་འདི་གྱོན་མེད། སྤྱོད་པ་ཅི་བྱེད་དང་འདི་བྱེད་མེད་པ་ཅིག་འོང་། དེ་ལས་ད་ལྟ་ནས་མ་ལྟོག་ཙམ། མ་འཁྱགས་ཙམ་ལ་བརྟེན་ཞིང་ཆོག་ཤེས་པ་ཅིག་གལ་ཆེ་བ་ཡིན། བཅུད་ལེན་ཡང་རྩམ་པ་བཅུད་ལེན་ལས་ལྷག་པ་གང་ཡང་བྱེད་མི་དགོས། བྱ་བྱེད་ཐམས་ཅད་མགོ་མཇུག་འཁྱོངས་པ་ཅིག་གྱིས་དང་། དམ་བཅའ་འམ་ཁས་ལེན་ལེན་མང་པོ་བྱེད་མི་དགོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་གསུངས་པ་དེ་ལས་ལྷག་པའི་དམ་བཅའ་ཞིག་འོ་སྐོལ་ཚོས་བྱེད་དགོས་པ་མི་འདུག་གི། །དེ་ཚོ་ཚུལ་བཞིན་ཐུབ་པ་གྱིས་དང་དེ་ཀས་ཆོག་ཆོག་པར་གདའོ། །གསུངས། སྐུ་གཤེགས་ལ་ཉེ་བའི་སྔ་གོང་ཙམ་ནས། སྐུ་འཁོར་བ་དག་ལ། བདག་འཇིག་རྟེན་གྱི་བྱ་བ་མ་བྱས་ཚེ་ཤི་


TR001_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་ཁ་ཆེམས་འཇོག་རྒྱུ་གཞན་མེད། ང་རང་གི་དད་རྟེན་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་ཆུང་ངུ་འདི་དང་མཁའ་འགྲོ་ཡང་ཏིག་གི་པུ་སྟི་འདི་གཉིས་བྱ་ཁྱུང་གི་གདན་སར་ཕུལ། ཕྱག་རྡོར་གྱི་ཐང་སྐུ་འདི་དང་ཕྱག་གཅོད་གཉིས་ཀྱི་པུསྟི་འདི་གྲ་ཚང་དུ་དཔོན་སློབ་སྤྲུལ་སྐུར་ཕུལ་ང་རང་གི་པ་ཞུ་འདི་སྤུ་བོ་རྦ་ཁ་སྤྲུལ་སྐུ་ལ་ཕུལ། དར་ཁ་དོ་གསུམ་ཞིག་ཡོད་པ་སྒྲུབ་སྡེ་འདི་ཁའི་ནང་སོར་ཕུལ། གཞན་ཟ་ལྷག་འཐུང་ལྷག་ཕྲན་བུ་གང་ཡོད་རྣམས་ཁྱེད་སྒྲུབ་སྡེ་བ་རྣམས་ཚོགས་འཁོར་ཞིག་གྱིས་ཤིག །བདག་ཟང་ཟིང་རྩོལ་སྒྲུབ་དང་གསོག་འཇོག་མ་བྱས་པས་ཤི་བའི་ཤུལ་དུ་ཆགས་རྒྱུ་དང་ལུས་རྒྱུ་མེད། ཆོས་རྒན་ཞུགས་ཡིན་ཀྱང་ཆུང་ངུ་ནས་སྡིག་པ་བྱེད་མ་མྱོང་། ཆོས་བྱས་ནས་ཀྱང་དཀོར་ཧ་ཅང་ཟ་མ་མྱོང་། འཇིག་རྟེན་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་བ་བྱེད་མ་མྱོང་བ་འདི་ང་རང་གི་བློ་གདེངས་དྲག་ཤོས་ཡིན་ནོ། །གསུངས་སོ། །སྤྱིར་རྗེ་འདི་བཀའ་ཆོས་སོགས་གནང་བའི་ཚེ་


TR001_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། ལྗགས་ལུང་བཞིན་མཛད་ན་ལྗགས་ཀློག་མི་བཟང་བས་ཅུང་ཟད་འགྲོ་ཆུང་བ་ལྟ་བུ་ཡོད་པ་དང་། བཀའ་ལས་ཀྱང་། བདག་གཏིར་རྒན་དུ་སོང་བས་ཀློག་ཞན་པ་འདིས་ལུང་དག་པོ་མ་བྱུང་ན་མི་རུང་གསུངས་ནས་ངེས་ངེས་དག་དག་ཏུ་མཛད་ལ་ཁྲིད་ཀྱི་རིགས་གང་དང་ཅི་ལྟ་བུ་གསུངས་ཀྱང་ཕྱག་དཔེ་ལ་གཟིགས་མི་དགོས་པར་ཐུགས་ཐོག་ནས་དཔེ་དོན་ལུང་འདྲེན་གསུང་རྒྱུན་སོགས་སྒོ་དུ་མ་ནས་ཉི་མ་ཤར་ཤར་དུ་གནང་བར་མཛད། ཕྲལ་འཇིག་རྟེན་གྱི་བྱ་བ་ལ་ནི་ཐུགས་ཡེ་ནས་མི་འཇུག་པ་ཞིག་ཡིན་པར་གདའ་བ་དང་། བཞུགས་གྲལ་ལྟ་བུའི་ཚེ་ཡང་གཞན་རྣམས་འཕྲལ་གྱི་སྐད་ཆ་དྲི་བཤད་སོགས་ཅི་ལྟ་བུ་བྱེད་ཀྱང་གཏན་ནས་གསན་པ་མི་གནང་ཚེ། གཏམ་གྱི་འཕྲོ་ལྟ་བུ་ལ། དེ་ལྟར་ཨ་ཡིན་ལགས་ཞུས་ན། ཁྱེད་ཚོ་མང་པོ་བཤད་འདུག་པ་ངས་ནི་རྣ་བ་མ་ཉན་པས་ཅི་བཤད་པ་རྒྱུས་མེད་གསུངས། གཞན་གྱི་ཆས་དང་ཡོ་བྱད་སོགས་ལའང་སྤྱན་གྱིས་གཟིགས་ནན་ཆེ་བ་ཙམ་ཡང་


TR001_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་དུའང་མཛད་པའི་དཔེ་མེད། གང་ལ་བཞུགས་ཀྱང་ཐུགས་དམ་མཉམ་བཞག་ལྟ་སྟངས་མ་གཏོགས་དབུ་སྒྲིལ་སྒྲིལ་ཙམ་མི་མཛད། བཟའ་བཏུང་སོགས་ཀྱང་ཞིམ་མི་ཞིམ་ཅི་འདྲ་དྲངས་ཀྱང་ཐོག་མར་གང་དྲངས་པ་དེ་ཀ་ཅུང་ཟད་བཞེས་ནས། སླར་ཞིམ་པོ་ཅི་འདྲས་དྲངས་རུང་ང་རང་དེ་ཀས་ཆོག་པར་ཡོད་གསུངས་ནས་ཐག་གཅོད་པ་ལས་ཞིམ་མངར་གྱི་སྲེད་པ་མི་མཛད་པ་སོགས། མདོར་ན་གྲུབ་ཐོབ་རྣམས་ཀྱི་རྣམ་ཐར་ཇི་ལྟ་བ་ཉིད་དང་། དེ་ལའང་ཚུལ་འཆོས་དང་བཅོས་མའི་ལྷད་དང་དྲི་མས་ཅུང་ཟད་ཀྱང་མ་བསླད་པར་གསེར་ཞུན་ཐིག་པོ་ལྟ་བུ་ལས་ནམ་དུའང་འགྱུར་བ་མི་མངའོ། །ཞལ་སློབ་ཀྱང་དབུས་གཙང་ཕྱོགས་ནས་ནི་ཕྱོང་རྒྱས་ཆོས་མཛད་སོགས་རེ་རེ་གཉིས་གཉིས་ཙམ་ལས་མ་བྱུང་ལ། དཔོན་སློབ་ལྷ་བཙུན་སོགས་དྭགས་ཀོང་ནས་འགྲོ་དོན་ནུས་པ་ཁ་ཐོར་ཙམ་དང་། གཙོ་བོར་ངེད་རང་གི་དགོན་ལག་དང་གྲ་སློབ་སོགས་ཡོད་ཕྱོགས་ཀྱི་སྟབས་ལས། སྤུ་བོ་དང་


TR001_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཐོག །མདོ་ཁམས། འཇང་ཞབས་སོགས་ནས་མང་བར་བྱུང་སོང་ལ། དེ་ཐམས་ཅད་ལ་བཀའ་ཆོས་ནི་རྫོགས་ཆེན་སྙིང་ཏིག་ཡ་བཞི། མཛོད་བདུན་སྐོར། རྡོར་སེམས་སྙིང་ཐིག །བར་དོ་ཐོས་གྲོལ། དགོངས་འདུས་ཀྱི་ཁྲིད་ཆེན་བཞི། ཐུགས་རྗེ་ཆེན་པོའི་དམར་ཁྲིད་སོགས་ཤས་ཆེར་མཛད་མོད་ཅིང་། གཞན་རང་རང་སོ་སོའི་འདོད་པ་དང་མཐུན་པའི་ཆོས་ཀྱི་རྣམས་གྲངས་ཐ་དད་པའི་དབང་། ལུང་། ཁྲིད། དམིགས་རིམ། ངོ་སྤྲོད་སོགས་གང་ལ་གང་དགོས་གནང་བ་ནི། བསམ་གྱིས་མི་ཁྱབ་པ་སྟེ། མདོར་ན། སྙིགས་དུས་མཐའ་ཁོབས་ཀྱི་ཕྱོགས་འདིར་སྤྱིར་ངེས་དོན་སྐོར་དང་ཁྱད་པར་རྫོགས་པ་ཆེན་པོའི་དོན་རྒྱུད་ཀྱི་བསྟན་པ་གཞི་བཞེངས་སུ་མཛད་པའི་བཀྲིན་ཟླ་མེད་དུ་གྱུར་པ་ལགས། ཐུན་མོང་གདུལ་བྱའི་རྣམ་འདྲེན་མང་ལགས་ཀྱང་། །ཚེ་གཅིག་སངས་རྒྱས་ལག་གཏོད་ནུས་པ་དཀོན། །དེ་ཕྱིར་མཚུངས་བྲལ་དྲིན་ཅན་འདི་ལྟ་བུ། །ཚེ་རབས་ཀུན་ཏུ་ཡང་དག་རྙེད་གྱུར་ཅིག །ཅེས་རྗེ་བཙུན་དམ་པ་


TR001_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ཀྱི་ཞབས་བརྟུལ་ལ་སྤྱི་བོས་རེག་པའི་བཙུན་པ་པདྨ་ལེགས་གྲུབ་ཀྱིས་རྒོད་ཚང་བྲག་གི་ཡང་རྫོང་དུ་ཟིན་བྲིས་སུ་བགྱིས་པ་དགེའོ། །།བཀྲ་ཤིས་པར་ཤོག། དགེའོ། །།གཅིག་ཞུས།

རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་སྐུ་ཚེ་མཇུག་གི་རྣམ་ཐར་མདོར་བསྡུས་ངོ་མཚར་སྣང་བྱེད།


TR001_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་ཆེན་པོ་འཇའ་ཚོན་སྙིང་པོའི་སྐུ་ཚེ་མཇུག་གི་རྣམ་ཐར་མདོར་བསྡུས་ངོ་མཚར་སྣང་བྱེད་ཅེས་བྱ་བ་བཞུགས་སོ།།


TR001_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་ཐུགས་རྗེ་ཡེ་ཤེས་དབྱིངས་སུ་དབྱེར་མེད་པའི། །རྨད་བྱུང་ཕྲིན་ལས་རྒྱ་མཚོའི་ཕྲིན་ལས་ལེགས་འོངས་ཤིང་། །སྲིད་པའི་གདུང་བསེལ་ཕན་བདེའི་ལོ་ཏོག་བསྐྱེད་པའི་ཆར། །ཡོངས་སུ་འབེབས་མཁས་དཔལ་ལྡན་བླ་མའི་ཞབས་བཏུད་དེ། །གང་དེའི་རྣམ་ཐར་བཻཌཱུར་དཀར་པོའི་བུམ་བཟང་ལས། །ལེགས་བྱུང་ཟབ་རྒྱས་དམ་ཆོས་བདུད་རྩིའི་དགའ་སྟོན་མཆོག །དེ་ལས་མཐའ་མའི་མཛད་ཚུལ་མདོ་ཙམ་འདིར་གླེང་བས། །དད་མོས་གདུང་བའི་ཤུགས་ལྡན་གང་དག་གཉན་པར་གྱིས།། ༈ །།དེ་ལ་སྤྱིར་རྒྱལ་བ་སྲས་བཅས་ཐུགས་རྗེའི་བདག་ཉིད་སྐུ་དང་མཚན་དང་མཛད་པའི་སྒྱུ་འཕྲུལ་ཞིང་ཁམས་ཀྱི་བཀོད་པ་


TR001_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་བརྗོད་ལས་འདས་པ་གང་ཇི་སྲིད་དེ་སྲིད་པའི་གདུལ་བྱ་འདུལ་བྱེད་ཀྱི་རོལ་པའི་རྣམ་འགྱུར་མཐའ་ཡས་པའི་ཚུལ་ནི་སོ་སྐྱེའི་གང་ཟག་གི་བློའི་ར་བ་ལས་འདས་མོད་ཀྱི། དོན་དམ་པའི་མཐར་ཐུག་ནི་དེ་དག་མ་ལུས་མི་ལུས་ལུས་མེད་པར་རིགས་བདག་རྡོ་རྗེའི་སློབ་དཔོན་གྱི་ངོ་བོ་ཉིད་ཁོ་ནར་ཡོངས་བཟླུམ་ཉག་གཅིག་ཐིག་ལེ་ཆེན་པོར་རོ་གཅིག་པ་ནི་ཆོས་ཉིད་དེ། དེ་བས་ན་མཚུངས་པ་མེད་པའི་རྣམ་འདྲེན་རྒྱལ་བའི་སྤྱི་གཟུགས་མཆོག །དེའི་མཚན་དང་རྣམ་ཐར་གྱི་ཆ་ཤས་ཅུང་ཟད་ཙམ་ཞིག་ཐོས་དང་མཐོང་དང་དྲན་པས་ཀྱང་འཇིགས་རུང་གི་སྲིད་མཚོ་ལས་


TR001_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་ཞིང་བྱང་ཆེན་གྱི་ཐེམ་སྐས་བཟང་པོར་ཟིན་པར་འགྱུར་བའི་དོན་དང་ལྡན་ཕྱིར་ཁོ་ན་ལ་གཅིག་ཏུ་བསམས་ཏེ་སྙིགས་མ་ལྔ་བདོ་དར་བའི་ཡང་མཐའི་སྐྱེ་འགྲོ་སྡུག་བསྔལ་གྱིས་ཉམས་ཐག་པ་རྣམས་ཀྱི་སྐྱབས་མགོན་དཔུང་གཉེན་དམ་པར་གྱུར་པའི་རྗེ་བཙུན་དཔལ་ལྡན་འཁོར་ལོའི་མགོན་པོ་ཐུགས་རྗེ་མཁྱེན་བརྩེ་ནུས་སྟོབས་ཀྱི་དབང་ཕྱུག་མཚུངས་བྲལ་འཇའ་ཚོན་སྙིང་པོའམ། ཨོ་རྒྱན་ལས་འཕྲོ་གླིང་པ་ཞེས་སྙན་པར་གྲགས་པའི་བ་དན་སྲིད་རྩེར་གཡོ་བ་གང་གི་རྣམ་པར་ཐར་པའི་གཏམ་གྱི་དགའ་སྟོན་ལས། སྤྱིར་ཡོངས་སུ་གྲགས་པ་ཐུན་མོང་གི་གདུལ་བྱའི་སྣང་ངོར་བསྟུན་པ་ཕྱིའི་རྣམ་ཐར་དང་། བྱེ་བྲག་སྐལ་ལྡན་དད་ཅན་སོ་སོའི་བསམ་པ་དང་རེ་བ་ཡིད་བཞིན་དུ་སྐོང་བར་མཛད་པའི་ཞལ་གདམས་གསུང་མགུར་གྱི་རིམ་པ་སོགས་ནང་གི་རྣམ་ཐར་དང་། ཁྱད་པར་སྐལ་བ་རབ་མཆོག་དམ་ཚིག་དང་ལྡན་པའི་སྐྱེས་བུ་རྣམས་ཀྱི་མོས་པའི་རྟེན་དང་བྱིན་རླབས་ཀྱི་འདོད་པ་འཇོ་བའི་ནོར་བར་


TR001_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་ཡང་གསང་གི་རྣམ་ཐར་གྱི་རིམ་པ་རྣམ་ཞིབ་རྒྱས་སུ་རྗེ་དེ་ཉིད་དངོས་ཀྱི་མཛད་ཅིང་གླེགས་བམ་གྱིས་ཀྱང་རྒྱ་མཚོའི་གོས་ཅན་ཁྱབ་པར་གྱུར་མོད་ཀྱི། སྐབས་འདིར་ནི། དེ་ལས་ཁྱད་པར་དུ་སྐུ་ཚེའི་མཇུག་མཐར་རེ་ཤིག་ཞིང་འདིའི་མཛད་པ་རྫོགས་པའི་ཚུལ་གྱིས་ཡོངས་སུ་མྱ་ངན་ལས་འདས་པའི་བཀོད་པའི་སྒྱུ་འཕྲུལ་ཇི་ལྟར་བསྟན་པའི་ཚུལ་གྱི་རྣམ་པར་ཐར་པ་རག་རིམ་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ལ་སྤྱིར་ཡང་སངས་རྒྱས་རྣམས་དང་གྲུབ་པ་མཆོག་གི་ས་ལ་བཞུགས་པའི་སྐྱེས་ཆེན་དག་ལ་སྐྱེ་འཆིའི་འཇིགས་པའམ་འདུས་བྱས་ཀྱི་ཆོ་འཕྲུལ་མཐའ་དག་གི་འཁྲུལ་འཁོར་ལས་འདས་ཤིང་འཕོ་འགྱུར་གཞོམ་གཞིག་གི་མཚན་ཉིད་དུ་ནམ་ཡང་མི་འགྱུར་བའི་རྒྱུ་རྐྱེན་མ་མཆིས་མོད་ཀྱང་། ཐ་མལ་འཁྲུལ་པའི་སྐྱེ་བོ་རྣམས་མ་རིག་པའི་མུན་པར་ནི་འཐུམས། ལོག་ཏོག་གི་གདོན་གྱིས་ནི་བརླབས་སོ། །ལས་ཉོན་གྱི་གཅོང་གིས་ནི་ཟིན། བག་ཆགས་


TR001_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ངན་གོམས་ཀྱི་དུག་གིས་ནི་མྱོས་པའི་དབང་གིས། རྣམ་གྲོལ་བྱང་ཆུབ་ཀྱི་ཉེ་རྒྱུའི་སྤྱོད་པ་དང་བསོད་ནམས་མངོན་པར་འདུ་བྱ་བའི་ལས་ལམ་གྱི་ཕྱོགས་སུ་ནི་སྐད་ཅིག་ཙམ་ཡང་འདུན་པའི་བློ་མེད་པར། ཀུན་རྫོབ་ཀྱི་འཁྲུལ་འཛིན་ལས་ངན་འཁོར་བའི་རྒྱུ་འབྲས་འབའ་ཞིག་གི་བྱ་སྤྱོད་ལ་ཆོས་ཆེར་ཞེན་པས་ཨ་འཐས་ཏེ། ལྟོ་གོས་ཟང་ཟིང་ཁེ་གྲགས་ལོ་འདོད་དགྲ་གཉེན་ཆགས་སྡང་སོགས་རྨི་ལམ་ལས་ཀྱང་ཆེས་རྨི་ལམ་དུ་གྱུར་པ་འདི་དག་ལ་བདེན་འཛིན་གྱི་འཁྲུལ་ཞེན་དྲག་པོས་འདི་མི་བདེན་ན་ཅི་བདེན་སྙམ་པ་ལྟ་བུའི་རྟག་འཛིན་གྱི་གོང་བུ་རྡོ་རྗེ་ཕ་ལམ་འབུམ་ཕྲག་གིས་ཀྱང་གཞོམ་པའི་གོ་སྐབས་མེད་པའི་ཡིད་ཅན་གྱི་གདུལ་བྱ་རྨོངས་པ་རྣམས་དེ་ལས་བློ་བཟློག་ཅིང་འདུས་བྱས་ཀྱང་རང་ཚུལ་ཇི་ལྟ་བར་བསྟན་པའི་ངེས་འབྱུང་གི་སེམས་དང་རྣམ་དཀར་གྱི་བག་ཆགས་བསྐྱེད་ནས་ཐར་པ་དམ་པའི་ཕྱོགས་སུ་དཀྲི་བར་མཛད་པའི་སླད་དུ་མྱ་ངན་ལས་འདའ་ཚུལ་སྟོན་པར་


TR001_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་ནི་ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་བྱེ་བྲག་སྟེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མཐར་འདི་ཁོ་ནའི་རྣམ་པར་ཐར་པ་བསྟན་པ་འབའ་ཞིག་གོ། །དེའི་ཕྱིར་ན། བདག་ཅག་གི་འདྲེན་པ་དམ་པ་འདི་ཉིད་ཀྱང་སྐུ་གཞོན་ནུའི་དུས་ཉིད་ནས་ཐུགས་ངེས་འབྱུང་སྐྱོ་ཤས་ཀྱི་སྐྱོ་ཤས་ཀྱི་རླབས་དྲག་པོ་དང་ལྡན་པས་བསྒྲུབ་ལ་བརྩོན་པའི་གོ་ཆ་དང་། མཚན་བཅས་མཚན་མེད་ཀྱི་ཐུགས་དམ་སྒྲིག་ཆགས་རྣམས་ཀྱི་མཛད་ཚུལ་ནི་ཕལ་པ་དག་གི་བློར་ཤོང་བ་ཡང་བཀའ་བར་སྣང་ལ། གསུང་མགུར་དང་ཞལ་གདམས་ཀྱི་རིགས་ཀྱང་ངེས་འབྱུང་དང་མི་རྟག་དྲན་བསྐུལ་ལོང་མེད་ཆོས་ལ་བསྐུལ་བའི་རིགས་ཁོ་ན་བཀའ་སྩོལ་བར་མཛད་པ་དང་། བཀའ་འབངས་ཀྱི་ཆ་ཤས་སུ་གཏོགས་པ་བདག་སོགས་ལའང་ནམ་མཇལ་རེས་ཀྱི་སྐབས་ཐམས་ཅད་ལ་བཀའ་ཕེབས་ཀྱི་སྒོ་མཐའ་དག་ཀྱང་ཞིང་འདིར་ཡུན་རིང་མི་བཞུགས་པའི་གསུང་སྒྲོས་འབའ་ཞིག་དང་། སྐུ་ཚེའི་རྟེན་འབྲེལ་


TR001_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྐུ་རིམ་གྱི་རིགས་ཕྱག་ཕྱི་བསྒྲུབ་དགོས་པའི་བཀའ་སྩལ་རྣམས་བགྱིས་པ་དང་བརྟན་བཞུགས་སོགས་ཕུལ་བའི་སྐབས་རྣམས་སུ་ཡང་བདག་ཅག་གི་བསམ་པ་རྫོགས་ཐབས་ཙམ་དོན་དུ་ཐུགས་ངང་ཐུང་བའི་རྣམ་པ་ཁོ་ནར་སྣང་བ་དང་། སྐུ་ཚེའི་ཚད་ཀྱང་གཏེར་ཡིག་ལས་གསུངས་པ་ལྟར་ན་དགུང་ལོ་བརྒྱད་བཅུར་བཞུགས་པ་ན་བསྟན་འགྲོར་ཕན་བདེའི་ཕྲིན་ལས་ཀྱི་རླབས་ཀྱང་འདི་ལས་བླ་ལྷགས་སུ་ལུང་བསྟན་ནའང་། རྩོད་ལྡན་གྱི་སྐྱེ་འགྲོ་སྤྱི་དང་ཁྱད་པར་གདུལ་བྱའི་བུ་འབངས་རྣམས་སྐལ་བ་དམན་པ་གྱུར་པ་དང་། ཟབ་གཏེར་ཡོངས་སུ་རྫོགས་པ་ཡང་བཞེས་པའི་རྟེན་འབྲེལ་མ་ཤར་ཞིང་ཡང་དགོས་སུ་གཏེར་སྟོན་འོད་ལུས་བསྒྲུབ་པའི་ཆོས་སྐོར་ཆོས་ཟབ་པ་ཞིག་ཡོད་པ་གདན་དྲངས་པའི་རྟེན་འབྲེལ་འགྲིག་ན་སྐུ་ཚེ་དང་རྗེས་འཇུག་གི་བསྟན་པའི་རྒྱུན་སོགས་གང་ས་ནས་གལ་ཆེ་བ་ཡོད་པར་སྣང་རུང་། དམ་སེལ་གྱི་གྲིབ་འབའ་ཞིག་ལ་བརྟེན་ནས་གཏེར་ཁ་དེ་ཡང་བཞེས་པ་


TR001_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཤར་བ་དང་བཅས་ཏེ། མདོར་ན་བསྟན་འགྲོའི་སྐུ་བསོད་ཀྱིས་མ་འགྲུབ་པའི་ཚུལ་ནི་དུ་མ་ཞིག་བྱུང་བའི་མཐུས། ལུང་བསྟན་ལྟར་གྱི་ལོ་གྲངས་སུ་བཞུགས་པར་ནི་མ་གྱུར་ཞིང་དེ་ཡང་མྱ་ངན་ལས་མ་འདས་པའི་སྔ་གོང་གི་ལོ་འགའ་ན་སྐུ་ལ་སྐྱ་བབས་ཀྱི་བསྙུན་བཞིའི་རྣམ་པ་ཕྲན་བུ་སྣང་བ། ཅིར་སྣང་སྒྱུ་མའི་རོལ་པར་གཟིགས་པའི་དབང་གིས་ནད་དང་ནད་འཛིན་གྱི་རྟོག་པ་རོ་མཉམ་བཅོས་བྲལ་གཉུག་མའི་ངང་དུ་བཞུགས་པ་ལས། སྨན་དཔྱད་འཕྲོད་གཅེས་ཀྱི་རིགས་གང་ཡང་ཆེད་དུ་མི་མཛད་པར་གདའ་བ་ལ། ཞབས་ཕྱིར་འཁོད་པ་རྣམས་དང་བདག་སོགས་ཀྱི་ཡིད་ལ་མ་བཟོད་ཚེ། རྗེ་ཉིད་གསོ་བ་རིག་པའི་གནས་མཐའ་དག་གི་བདག་པོར་གྱུར་པས། བསྙུན་གྱི་རྣམ་པ་འདི་དག་ལ་འཕྲོད་བསྟེན་གྱི་གསོལ་སྨན་སོགས་སྐབས་སུ་གང་བབས་མཛད་དགོས་ཚུལ་ཞུས་པ་ན། ཞལ་ནས། དེ་དག་གི་གནས་ལ་ང་རང་རྒྱུས་


TR001_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་ཀྱང་། སྤྱིར་འདུས་བྱས་ཀྱི་ཆོས་ཉིད་དང་། དགོས་སུ་རང་རང་གི་བཀོད་ཚད་རག་ལས་པ་མ་གཏོགས། འདོད་པ་ཆེ་ཚད་ཀྱི་ཐོག་དུ་བབས་པ་མིན། ཁྱད་པར་བདག་གི་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་དཀོན་མཆོག་ལ་ཕུལ་བ་ཡིན་ཚེ། ཁོང་རྣམས་ཀྱིས་མི་མཁྱེན། མི་གཟིགས་པ་ཞིག་མི་འོང་བས་ཅི་བྱེད་དེ་ཀ་མཁྱེན་པ་མ་གཏོགས་གཞན་བྱེད་རྒྱུ་མེད། ཅེས་སོགས་འབའ་ཞིག་བཀའ་སྩལ་ཚེ་ཅི་ལྟར་ཞུར་མ་འཚལ་བ་དང་། དེ་ནས་རིམ་བཞིན་དགུང་ལོ་དྲུག་ཅུ་ལ་ཉེ་བར་ཕེབས་སྐབས་ཚོར་ཕྱི་ནང་བར་གསུམ་གྱི་བསྐལ་པའི་འཕོ་འགྱུར་དྲག་སྤྱོད་ཆེས་ཆེར་གྱུར་པའི་རྐྱེན་གྱིས་ཐུགས་ངེས་འབྱུང་འབའ་ཞིག་གིས་བསྐྱོད་པའི་རྣམ་འགྱུར་གོང་འཕེལ་དུ་བསྟན་ཏེ། འདི་ལྟ་བུ་ཡང་རྗེ་དེ་ཉིད་ལྟ་བུ་ལ་འཁོར་འདས་དུས་གསུམ་ཕྱི་ནང་གཞན་གསུམ་སོགས་ཐམས་ཅད་གདོད་ནས་རང་དག་མཉམ་ཉིད་ཆེན་པོར་ལ་བཟློས་པས་བདེ་སྡུག་དང་བཟང་ངན་དུ་འཛིན་པའི་འཁྲུལ་རྟོག་གི་སྣང་བ་ག་ལ་སྲིད་ཀྱང་


TR001_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དུས་མཐའི་འགྲོ་བ་རྟག་འཛིན་ལ་ཧ་ཅང་ཞེན་པ་རྣམས་ལ་གདམས་ངག་རྣམ་ཐར་གྱི་སྒོ་ནས་བསྟན་པར་གོར་མ་ཆགས་ལ། སྐབས་དེ་དག་ཏུ། བདག་སོགས་ལ་ཡང་བཀའི་གླེགས་བུ་སྩལ་བ་སྔ་ཕྱི་ཐམས་ཅད་དུ་ཞལ་ཆེམས་ཀྱི་རྣམ་པ་ཁོ་ནར་ཕེབས་ཏེ། ངེད་རང་རྣམས་སངས་རྒྱས་ཀྱི་བསྟན་པའི་དོན་ལ་མིང་བཏགས་ནས་དཀོར་ནག་ལོག་འཚོ་ལ་སྤྱོད་ཅིང་བླ་མའི་གཟུགས་བཟུང་ནས་བཅོས་མིན་དང་ཚེ་འདི་ཁོ་ནའི་བྱ་བ་ལ་མི་ཚེ་བསྐྱེལ་བ་འདི་ཤིན་ཏུ་ཡ་ང་ཞིང་འགྱོད་པའི་ལས་ཤ་སྟག་ཏུ་སྣང་བས། ཁྱེད་རང་ཀྱང་མི་མེད་ཀྱི་རི་ཁྲོད་དེ་ལྟ་བུར་སྡོད་པ་ལ་རྗེས་སུ་ཡི་རངས་ཤིང་། ད་དུང་དེ་ལས་མ་གཡོས་པ་གལ་ཆེ། སྒྲུབ་རྒྱུད་གོང་མའི་རྣམ་ཐར་མཛད་སྲོལ་ཡང་འདི་ཀ་ཡིན། ཁོ་བོ་ཡང་ད་ནི་མྱུར་དུ་མི་རྟག་པའི་རང་བཞིན་དུ་འགྱུར་བ་བསམས་ནས། ཟང་ཟིང་ཐམས་ཅད་ཀྱང་ཡུལ་གོང་མ་ལ་མཆོད། བར་མ་ལ་འཕུལ།


TR001_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་སྦྱིན་ནས། གང་ལ་ཡང་ཆགས་རྒྱུ་མེད་པར་རྡོ་ཐོག་ནས་བྱ་ཕུར་བ་ལྟ་བུ་ཞིག་བྱེད་པ་ཡིན། ཞེས་སོགས་ཀྱི་བཀའ་ཤོག་གནང་ཞིང་། ཕྱག་རྫས་རྣམས་སོ་སོར་གང་ལ་གང་འོས་ཀྱི་བགོ་ཤ་བྱས་ནས་དགོན་སྡེ་ཐ་དད་པ་ཐམས་ཅད་རང་བླ་མ་སློབ་དཔོན་མཆོག་དམན་བར་མ་མཐའ་དག་ལ་སྐུ་འགྱེད་མང་བསྐོལ་མཆོད་སྦྱིན་བསམ་གྱིས་མི་ཁྱབ་པ་རིས་མེད་དུ་མཛད། དེ་ནས་བཟུང་སྟེ་སྐུ་མཚམས་ཐུགས་དམ་འབའ་ཞིག་ལ་བཞུགས་ཤིང་། རིམ་གྱིས་དགུང་ལོ་རེ་གཉིས་པའི་ཐོག་ཏུ་ཕེབས་ཚེ། སྐུའི་བསྙུན་ཡང་ཆབ་གཞི་མ་བབས་པའི་མཐུས་བཞེངས་བཞུད་སོགས་མི་ཐུབ་པར་འོ་བརྒྱལ་བའི་ཚུལ་ལྟར་གྱུར་ཚེ་སྐུ་འཁོར་ཞབས་ཕྱི་བ་ཐམས་ཅད་ཡིད་མི་བདེ་ཞིང་སེམས་ལ་བཟོད་ཐབས་མ་མཆིས་པའི་དུས་ནའང་། རྗེ་ཉིད་ནི་ཐུགས་དམ་གྱི་ངང་ཁོ་ནས་དུས་འདའ་བ་མ་གཏོགས་སྙུང་ཟུག་གི་སྣང་བ་སྐད་ཅིག་ཀྱང་མི་མངའ་བར་སྐུ་སྐྱིལ་


TR001_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་དང་ལྟ་སྟངས་ལ་བཞུགས་པ་ལས་གཞན་མི་མཛད། དེ་སྐབས་སུ་ཞལ་སློབ་ཀྱི་གཙོ་བོར་གྱུར་པ་བླ་མ་སྐུ་སྐྱེའི་དྲུང་བགྲེས་གཞོན་གཉིས་ཀྱིས་སྐུ་དྲུང་དུ་མཆོད་པའི་མཎྜལ་ཕུལ་ཞིང་གདུང་ཤུགས་ཀྱིས་གསོལ་བ་བཏབ་སྟེ། རྗེ་ཉིད་ལྟ་བུ་སྐྱེ་འཆི་ལ་རང་དབང་ཐོབ་པ་ལགས་ཚེ། སྤྱིར་མཁའ་ཁྱབ་ཀྱི་འགྲོ་བ། དགོས་སུ་བདག་ཅག་ལྟོས་བཅས་ཀྱི་གྲྭ་སློབ་རྣམས་ལ་རྩེར་གཟིགས་ཀྱི་ཞབས་པད་བརྟན་པ་ཞིག་དང་། ཅིས་ཀྱང་ཞིང་གཞན་གྱི་གདུལ་བྱ་ལ་དགོངས་པ་དེའི་ཚེ། སྐུའི་རྣམ་འཕྲུལ་ཕྱོགས་གང་དུ་ཇི་ལྟ་བུར་འབྱོན། གསོལ་བ་གང་དུ་འདེབས། ཅེས་ནན་དུ་ཞུས་ཚེ། འདུལ་བྱས་ཀྱི་ཆོས་ཉིད་དང་ཁྱད་པར་སྐུ་དངོས་ཀྱི་འདུལ་བྱ་རྫོགས་པས་བཞུགས་པར་ནི་ཞལ་གྱི་མ་བཞེས་ཤིང་། སྐུ་སྐྱེ་བའི་རིགས་ཀྱང་མི་འབྱུང་སྟེ། དིང་སང་གི་དུས་ངན་འདི་འདྲར་སྐྱེ་བ་བླངས་ཀྱང་བསྟན་འགྲོ་ལ་ཕན་ངེས་སུ་འགྱུར་བ་དཀའ་


TR001_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། དུས་སྙིགས་མའི་སྐུ་སྐྱེ་ལ་དགོས་པ་མི་འདུག །དེ་བས་ཁྱེད་རང་རྣམས་དམ་པའི་ཆོས་ལ་ཧུར་ཐག་གྱིས་ཤིག །ཆོས་ཚུལ་བཞིན་སུས་བྱེད་པ་དེ་ཁོ་བོ་འདུ་འབྲལ་མེད་པ་ཡིན་ནོ། །ཞེས་སོགས་ཀྱི་ཞལ་གདམས་དང་། སྐུ་སྐྱེ་རིན་པོ་ཆེ་སྐུ་ཆེ་བསྒྲེས་པ་ནི་སྔར་ནས་གཏེར་ཆོས་ཡོངས་རྫོགས་ཐོབ་ཀྱང་། སྐུ་གཞོན་པའི་དྲུང་གི་འགའ་ཞིག་མ་རྫོགས་པ་རྣམས་དེ་སྐབས་སུ་གསན་ཡིག་སོགས་ཀྱི་བཀའ་གཏད་བྱིན་རླབས་ཡང་དག་པ་མཛད། གཞན་ཡང་སྐུ་ཉིད་ཀྱི་དབོན་པོ་སོགས་དང་རྩ་བའི་ཡོན་བདག་གལ་ཆེན་རྣམས་ལའང་མཇལ་ཁ་དང་ཞལ་གདམས་ཞིབ་རྒྱས་མཐར་ཐུག་པའི་བསླབ་སྟོན་གྱིས་རྗེས་སུ་བཟུང་ཞིང་སོ་སོའི་ཡིད་ཀྱི་རེ་བ་རྫོགས་པར་མཛད་ལ། གྲྭ་སློབ་ཀྱི་རིགས་ཕྱི་ནང་དྲག་ཞན་བར་མ་ཐམས་ཅད་ལ་ཡང་ཆོས་དང་མཐུན་པའི་ཞལ་བཀོས་གནང་ཆ་གང་ལ་གང་འོས་པ་དེ་དང་རྗེས་སུ་མཐུན་པའི་བཀའ་དྲིན་གྱིས་ཁྱད་པར་མཛད་


TR001_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སྤྱིར་རྗེ་འདི་ཉིད་སྐུ་ཚེའི་སྟོད་ཀྱི་སྐབས་རྣམས་སུ་ནི་བདག་ཅག་ལ་ཡང་རྒྱུན་ལྡན་དུ་བཀའི་ཕེབས་སྒོར་ཁོ་བོ་ཤི་བའི་ཤུལ་དུ་བང་རིའི་གདན་ས་འདི་ཁྱོད་ཀྱིས་སྐྱོང་དགོས་ཅེས་ཡང་ཡང་སྩལ་བ་ལ་བདག་ལྟ་བུ་སྤྱིར་ཡང་ལུགས་གཉིས་ཀ་ནས་ཤེས་སྒོ་རབ་ཏུ་ཞན་པའི་དབང་གིས་མི་མང་གི་མགོ་འདོན་ནུས་པའི་རིགས་མིན་པ་དང་། ཁྱད་པར་ནམ་འཆི་ངེས་མེད་ཀྱི་ཚེ་མཇུག་འདི་བྱ་བཏང་རི་ཁྲོད་འགྲིམ་པའི་འདུན་པ་མ་གཏོགས། སྡེ་དགོན་འཛིན་སྐྱོང་གི་བྱ་བྱེད་ལ་ཁོ་ཐག་གཏིང་ནས་ཆོད་པ་ལགས་ཚེ་བཀའ་མི་གནང་བར་ནན་གྱིས་ཞུས་རུང་། དེ་འདྲའི་དཀའ་ལས་བྱེད་དགོས་པ་མི་ཡོང་། དབྱར་ཆོས་དགུན་ཆོས་ཙམ་འཆད་པ་དང་བསྟན་པའི་ཕྱི་རྒྱ་འཚོ་བ་ཙམ་ཞིག་ཅིས་ཀྱང་བྱེད་དགོས། རང་གི་ཤུལ་འདི་གདན་ས་ཆེ་བའི་རིགས་རྣམས་ནས་བདག་རྐྱེན་ཞུས་ན་ལས་སླ་ཞིང་


TR001_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ངོས་ནས་ཤོགས་ཆེ་བ་ཞིག་བྱས་ཆོག་འདུག་ཀྱང་། དེ་བས་སྙོམས་ཆུང་ཆོས་མཐུན་ཞིག་དགའ་བ་དང་། ཁྱད་པར་གསང་སྔགས་རྙིང་མའི་ཆོས་རྒྱུད་ཅིག་རང་མེད་ཐབས་མི་འདུག་བསམ་པ་ཡིན། ཞེས་སོགས་སྔ་ཕྱི་བཀའ་ནན་དུ་སྩལ་བ་ཞིག་མཛད་ཀྱང་། ཕྱིས་སོར་སྐུ་ཚེའི་མཇུག་དང་བདག་ཀྱང་རི་ཁྲོད་འགྲིམ་པ་ཕྱིན་ཆད་ནས་བཀའ་ཤོག་ཐམས་ཅད་དུ། ངས་སྔར་ཁྱོད་ལ་དེ་སྐད་བྱས་པ་ཡིན་ཀྱང་ད་ནི་དམ་པའི་ཆོས་ཤ་སྟག་ཅིག་མ་བྱུང་ན་གདན་སའི་མིང་གིས་དགོས་པ་ཡང་མི་འདུག་པ་དང་། སྐལ་དུས་ཀྱི་བབས་ཚུལ་སོགས་གང་ལ་བལྟས་རུང་། ངས་ཁྱོད་ལ་ཆོས་ཀྱི་བར་ཆད་བྱས་པའི་དགོས་པ་མེད་ཚེ། ཁྱེད་རང་བཀའ་རྒྱུད་གོང་མའི་རྣམ་ཐར་རྗེས་སུ་འབྲེང་བ་དེ་དག་ལེགས་འདུག་གསུང་བའི་ཕེབས་སྒོ་ཤ་སྟག་གནང་བྱུང་བ་དང་། དེ་བཞིན་དུ་དབོན་པོའི་དྲུང་དང་ཞབས་ཕྱི་བའི་རིགས་རྣམས་ལ་ཞལ་ཆེམས་


TR001_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྐབས་སུ་ཡང་། སྤྱིར་གྱི་བསྐལ་པའི་བབས་ཚུལ། དགོས་སུ་བང་རི་ཉིད་ཀྱི་བསྟན་པའི་བབས་ཀྱི་གནས་ཚུལ་ལུང་བསྟན་སོགས་བཀའ་སྩལ་ཞིང་། ཁོ་བོའི་ཤུལ་དུ་སུ་དང་སུ་སྡོད་ཐམས་ཅད་དམ་པའི་ཆོས་དང་སྒྲུབ་པ་ལ་གཙོ་བོར་བཏོན་པ་མ་གཏོགས། ལྟར་སྣང་གི་དགོངས་རྫོགས་རྟེན་བཞེངས། གདན་ས་སོགས་སུ་མིང་བཏགས་པའི་གཡེང་བ་ཆེར་བྱེད་མི་དགོས། ཅེས་སོགས་གྲུབ་ཐོབ་གོང་མ་རྣམས་ཀྱི་ཞལ་ཆེམ་ཇི་ལྟར་གནང་བར་མཛད། དེ་ནས་ཞག་འགའ་ཞིག་ན་སྐུ་ཐིམ་རྒྱུའི་གོང་ཙམ་དུ་བདག་ལ་ཤོག་གསུང་བའི་བཀའ་ཐམ་དང་བང་ཆེན་གནང་བྱུང་རུང་། རང་ཉིད་གཟུགས་པོས་མ་ཕེར་ཞིང་ས་ཐག་རིང་བ་སོགས་དང་གང་སྤྱི་ནས་ཞལ་གྱི་དཀྱིལ་འཁོར་མཐོང་ཐུབ་པ་ཞིག་གི་རྟེན་འབྲེལ་མ་ཤར་ཚེ་འགྲོ་བར་མ་ནུས་ལ། དེ་ནས་ཐུགས་དམ་ཏིང་འཛིན་འཁོར་ཡུག་ཏུ་བཞུགས་བཞིན་པའི་ངང་ནས་


TR001_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕོ་ཁྱི་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཀྱི་ནམ་གུང་གི་ཁར། གཟུགས་སྐུའི་སྣང་བརྙན་ཆོས་ཀྱི་མི་འགྱུར་བདེ་བ་ཆེན་པོ་ཟག་མེད་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོའི་ཀློང་དུ་ཐིམ་པའི་ཚུལ་བསྟན་ཏོ།། ༈ །།ཀྱེ་མ་ཀྱི་ཧུད་འགྲོ་བའི་མགོན་པོ་ཁྱོད། །སྲིད་པའི་འཆིང་གྲོལ་སྐྱེ་འཆིའི་མཚན་བྲལ་བཞིན། །བདག་སོགས་སྙིགས་མཐའི་འགྲོ་བ་སྐྱབས་མེད་རྣམས། །བོར་ནས་ལྷ་ཡི་ལྷ་ཁྱོད་གང་དུ་གཤེགས། །འགྲིབ་མེད་མུན་སེལ་རྒྱལ་པོ་རྟ་བདུན་ཅན། །ཁྱེད་ལ་ཉེ་རིང་འཛིན་རྟོག་མ་མཆིས་ན། །ལས་ཉོན་སྒྲིབ་ཚོགས་སྟུག་པོའི་མུན་ནང་དུ། །འཁྱམས་པའི་སྐྱེ་བོ་བདག་སོགས་ཅི་སླད་འདོར། །མཐུ་སྟོབས་ཟླ་མེད་རྟ་ལྗང་རོལ་པའི་ཁྲིད། །མཁྱེན་བརྩེའི་གཟི་འོད་ལྷ་ལམ་འགེངས་པའི་ཟེར། །ངལ་མེད་ཐུགས་རྗེས་སྲིད་མཐའ་ཇི་སྲིད་བར། །གདུལ་བྱའི་ལམ་བཟང་སྣང་བར་མཛད་དུ་གསོལ།། ༈ །།དེ་ལྟར་རྣམ་འདྲེན་


TR001_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་ཕོ་ཉ་དེ། །ཞི་བའི་དབྱིངས་སུ་རེ་ཞིག་ཐིམ་གྱུར་པ། །དེ་ཚེ་ས་ཆེན་རྒྱ་མཚོར་བཅས་གཡོ་ཞིང་། །ལྷ་བཅས་སྐྱེ་དགུ་གདུང་བའི་ཅ་ཅོ་སྒྲོག །མཁའ་ལ་ག་བུར་དྲི་ལྡན་ཀུནྡའི་ཆར། །ཆེས་ཆེར་བབས་པས་ས་ཀུན་མན་ཤེལ་གྱི། །ཐང་མར་བརྡལ་བས་པོ་ཊ་ལའི་ཞིང་དུ། །མངོན་སུམ་བྱས་པས་མྱ་ངན་ཚ་བདུང་བསལ། ཁ་དོག་སྣ་ཚོགས་བཀྲ་བ་དབང་པོའི་གཞུ། །བླ་བྲེས་འཕན་གདུགས་བཀྲ་ཤིས་ལྷ་རྫས་ཀྱིས། །ནམ་མཁའ་མཐའ་དབུས་བར་མེད་སྟིབས་པ་ནི། །བརྒྱ་བྱིན་ལྷ་ཡི་འབྱོར་པའང་སྐྱེངས་པར་བྱས། །ལྷོ་ཕྱོགས་དྲི་གཞོན་དལ་བུས་རྒྱུ་བ་ཡིས། །ཙན་ལྡན་ནགས་ཚལ་ལེགས་བསྐྱོད་དྲི་བསུངས་ནི། །མཆོག་ཏུ་ཞིམ་པོའི་བདུག་པས་ཉིན་དང་མཚན། །རྒྱལ་མཆོག་དེ་ལ་གུས་པས་མཆོད་པར་གྱུར། །གདན་སའི་ཉེར་དྲུང་ཀླུ་ཕུག་ཆུ་མིག་ནི། །བློ་བུར་ཆེར་རྒྱས་བསིལ་ལྡན་ཁྲུས་ཆབ་


TR001_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །རླབས་འཕྲེང་མུ་ཏིག་ཆུན་པོའི་མེ་ཏོག་བཅས། །དམ་པའི་གདུང་ལ་རིངས་པར་མཆོད་ཚུལ་བསྟན། །སྤྲུལ་པའི་གཟུགས་བརྙན་འདབ་སྐྱེས་དབང་པོའི་ཚོགས། །མཐའ་དག་གཟིམ་ཁང་རྩེ་མོའི་ཉེ་སྐོར་དུ། །མྱུར་དུས་མགྲིན་པའི་རྫ་རྔ་བརྡུང་བརྩོན་པས། །གསོལ་འདེབས་རོལ་མོའི་མཆོད་པས་ལྷན་ཅིག་སྒྲོག །བསིལ་ལྡན་དགུན་རའི་སྐབས་སུ་སོན་གྱུར་ཀྱང་། །ས་གཞི་དྲོ་འཇམ་བདེ་བས་ཀུན་ཏུ་ཁྱབ། །བདུན་ཕྲག་མཚམས་ཀུན་མཁའ་ལས་མེ་ཏོག་ཆར། ཁ་བ་ལྟ་བུར་བབས་པས་ས་གཞི་བརྒྱན། །སྣ་ཚོགས་ཡ་མཚན་ལྟས་ཀྱི་བྱེ་བྲག་གིས། །སྲིད་རྩེའི་བར་དུ་མངོན་པར་སྣང་བྱས་མཐུས། །རྒྱལ་བ་གང་དེ་མྱ་ངན་འདའ་ཚུལ་དུ། །ཀུན་གྱིས་རྟོགས་ནས་མཆོད་དང་གསོལ་འདེབས་གྱུར། །དེ་ལྟར་ཡང་རྗེ་དེའི་ཞལ་ཆེམ་དུ། ཁོ་བོ་ཤི་བའི་ཚུལ་དེ་ཁྱེད་རྣམས་ཀྱིས་ཇི་ཙམ་ཡུན་རིང་བར་གསང་ཐུབ་ན་རྟེན་འབྲེལ་གྱི་དགོས་


TR001_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ་བར་ཡོད་པས་རབ་ལོ་བདུན། འབྲིང་ཟླ་བ་བདུན། ཐ་མར་ཞག་བདུན་དུ་རྩིས་ཀྱང་གསང་བ་གལ་ཆེའོ་གསུངས་ནའང་། འཇའ་འོད་སོགས་ལྟས་ཀྱི་ཁྱད་པར་གྱིས་ཡུན་རིང་བ་ཞིག་གསང་ཐབས་མ་རྙེད་པར་ཞག་བདུན་དུ་གསངས་ཤིང་། དེ་ནས་གྲྭ་བུ་སློབ་ཐམས་ཅད་ཀྱིས་སོ་སོར་ཅི་འབྱོར་བའི་མཆོད་པ་དང་གསོལ་འདེབས་སྨོན་ལམ་གྱི་རྒྱུན་བཟུང་ཞིང་། སྐུ་གདུང་རིན་པོ་ཆེ་ལ་ཟླ་བ་ཕྱེད་གསུམ་གྱི་བར་དུ་མཆོད་པའི་སྤྲིན་སྤྲོས། དབུས་གཙང་དྭགས་ཀོང་ལྷོ་བྱང་མཐའ་དག་གི་དགོན་སྡེ་ཆེ་ཆུང་འབྲིང་གསུམ་མ་ལུས་པར་མང་བསྐོལ་རྣམས་གཞག་སོགས་དང་། ཁྱད་པར་སྐྱེས་ཆེན་དམ་པ་རྣམས་ཀྱི་ཐོག་དྲངས་པའི་བླ་མ་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱི་དྲུང་དུ་སྨོན་ལམ་རྟེན་གྱི་འབུལ་མཆོད་གྱ་ནོམས་པ་བཀྲམས་པ་ཡང་བདུན་བཞག་རྣམས་ཀྱི་ནང་ཚུད་ལ་ཕལ་མོ་ཆེ་གྲུབ་ཅིང་། དེ་ནས་དབོ་ཟླ་བའི་ཚེས་བརྒྱད་ཀྱི་དུས་དགེ་


TR001_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཐུབ་པའི་དབང་པོ་སྐུ་བལྟམས་པའི་དུས་ཆེན་གྱི་ཉིན་མོར་སྐུ་གདུང་རིན་པོ་ཆེ་པུར་ཁང་དུ་སྤྱན་དྲངས་ཏེ། ཙན་ལྡན་དཀར་དམར་དང་ཨ་ག་རུའི་ཚོགས་འབའ་ཞིག་གིས་ཞུགས་ལ་བཞོན་ཏེ། བླ་མ་སྐུ་སྐྱེ་རྣམ་གཉིས་སོགས་ཞལ་སློབ་རག་བསྡུས་ཀྱིས་སྦྱིན་བསྲེག་གི་མཆོད་འབུལ་རྒྱས་པ་དང་དེ་སྐབས་ཀྱང་བདག་ལ་ཤོག་གསུང་བའི་འབོད་མི་ཡང་ཡང་བྱུང་ཀྱང་འགྲོ་བའི་རྟེན་འབྲེལ་མ་ཤར་ཚེ། ཞུགས་འབུལ་གྱི་དུས་ཚེས་སྤྲད་ནས་བདག་གིས་མཚམས་ཁང་ན་ཅི་འབྱོར་གྱི་མཆོད་པ་བཤམས་ཤིང་སྦྱིན་སྲེག་མཆོད་འབུལ་སྨོན་ལམ་སོགས་ཅི་ནུས་ཀྱིས་ཞབས་ཏོག་ཕུལ་བའི་ཁུས་བྱས་པ་དང་། སྐུ་གདུང་གི་དྲུང་དུ་དེའི་ཉིན་ཉེ་སྐོར་གྱི་གྲྭ་སློབ་ཡོན་བདག་ཕོ་མོ་དད་ཅན་ཐམས་ཅད་ཚོགས་ནས་ཕྱག་མཆོད་བགྱིས་ཚེ། ལྷོ་ནུབ་ནས་འཇའི་གུར་དང་དྲ་བར་འབྲེལ་བ་དབྱིབས་དང་ཁ་དོག་སྣ་ཚོགས་པ་པུར་ཁང་གི་ཐོག་ཏུ་ཟུག་ཅིང་འཁྱིལ་བ་དང་། སོ་སོའི་སྐལ་བ་དང་


TR001_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་མཐོང་སྣང་ཡ་མཚན་པ་ནི་བརྗོད་ཀྱིས་མི་ལངས་ལ། དབུ་ཐོད་ཚལ་བུ་ཡར་བ་ཞིག་ནི་ཐམས་ཅད་ཀྱིས་ཚོར་བས་གང་དུ་བཙལ་ཀྱང་མ་རྙེད་པས་ཡེ་ཤེས་ཀྱི་མཁའ་འགྲོས་གདན་དྲངས་པར་ཡིན་ངེས་གླེང་ཞིང་། གཞན་ཐུགས་དང་རིང་སྲེལ་ངོ་མཚར་ཅན་མང་དུ་བྱོན་པ་རྟེན་གྱི་ནང་དུ་བཞུགས་སུ་གསོལ། གདུང་རུས་དང་གདུང་ཐལ་རྣམས་ཆུ་བོར་གཤེགས་པ་དང་འགའ་ཞིག་རི་བོའི་རྩེར་སྐྱོལ་གསུང་བའི་ཞལ་ཆེམས་ཇི་ལྟ་བར་བསྒྲུབས་པའི་ཚེ། ཆུ་བོ་བཙན་ཐབས་སུ་སྐྱེ་བ་དང་། གདུང་ཐལ་སོགས་ཟླ་བ་ཙམ་གྱི་བར་དུ་ཆུ་ལ་གཤེགས་པ་དེ་ཀར་སྡོད་པ་བྱུང་སྣང་ལ། གདུང་རུས་ཕྲན་བུ་དད་རྟེན་དུ་བྱས་པ་དག་ཕྱིས་ནས་རང་བྱོན་དང་རིང་སྲེལ་སོགས་འཁྲུངས་པ་ཡང་མང་དུ་བྱུང་བར་གྲགས་སླད་དུ་དགོངས་རྫོགས་ཀྱི་སྐུ་འདྲ་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པའི་ཧཱུྃ་ནག་མེ་འབར་གྱི་སྐུ་གཙོ་འཁོར་


TR001_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བཟོ་བཀོད་སོགས་ཕུལ་དུ་བྱུང་བ་བཞེངས་སུ་གསོལ་ནས། རྗེ་དེ་ཉིད་ཀྱི་བྱིན་རླབས་རྟེན་མཐའ་དག་གིས་གཙོ་བྱས་པའི་གཞན་ཡང་རིང་སྲེལ་རྣམ་པ་གསུམ་གྱིས་བྱུར་པོར་བཀང་ཞིང་བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འབར་བ་ཡང་གདན་ས་ཉིད་བཀྲ་ཤིས་ཤིང་བྱིན་ཆགས་པའི་རྟེན་དུ་བཞུགས་སོ། །དེ་ལྟར་རྒྱལ་བའི་རྒྱལ་མཆོག་ལས་འཕྲོ་གླིང་། །འཇའ་ཚོན་སྙིང་པོ་ཧཱུྃ་ནག་མེ་འབར་སོགས། །རྣམ་གྲངས་དུ་མའི་མཚན་གྱིས་ཞིང་ཀུན་ཏུ། །རབ་འབྱམས་དཀྱིལ་འཁོར་བདག་པོར་བཞུགས་པ་གང་། །གངས་ཅན་ཁྲོད་འདིར་སྙིགས་མཐའི་འགྲོ་སྒྲོན་དུ། །བྱོན་བཞུགས་རྫུ་འཕྲུལ་བཀོད་པའི་རྣམ་པར་ཐར། །ངོ་མཚར་དཔག་ཡས་ཆུ་གཏེར་ཆེན་པོ་ལས། །ཆ་ཤས་རྩྭ་རྩེའི་ཟིལ་ཐིགས་ཙམ་ཞིག་འདིར། །བཀོད་གང་རྗེས་འཇུག་ཡིད་ཆེས་སྐྱེད་བྱེད་དང་། །དད་ལྡན་བུ་འབངས་བཀའ་དྲིན་དྲིན་ཕྱིར་དང་། །མཐོང་ཐོས་ཙམ་ཡང་རྣམ་གྲོལ་


TR001_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུར་འགྱུར་དང་། །རྣམ་ཐར་ཆེན་མོའི་ཞལ་གསོ་བྱ་སླད་དུ། །རྗེ་དེའི་ཆོས་ལས་འཁྲུངས་པའི་སྐྱེས་མཆོག་ཆེ། །སྔོན་སྦྱངས་གོམས་པས་ཐོས་བསམ་སྒོམ་འབྱོར་ཅན། །ཨོ་རྒྱན་རིན་ཆེན་བསྟན་འཛིན་དཔལ་བཟང་པོས། །བསྐུལ་ངོར་སྣ་ཚོགས་རང་གྲོལ་གྱིས་བཀོད་པའི། །རྣམ་དཀར་དགེ་བ་འདིས་མཚོན་ཚེ་རབས་ཀྱི། །འདུས་བྱས་འདུས་མ་བྱས་པའི་དགེ་བ་ཀུན། །མ་ལུས་གཅིག་བསྡོམས་སྐྱབས་མཆོག་རྒྱལ་བ་དེའི། །ཐུགས་དགོངས་ཟག་མེད་དབྱིངས་སུ་རྫོགས་ཕྱིར་བསྔོ།། ༈ །།གང་ཞིག་རྒྱལ་བའི་རྣམ་པར་ཐར་པ་ངོ་མཚར་འདོད་སྦྱིན་གཏེར་གྱི་རྫིང་། །གུས་ལྡན་སྐྱེ་དགུའི་རེ་བ་སྐོངས་དང་སྲིད་པའི་ཚ་གདུང་རབ་ཞི་བྱེད། །མངོན་མཐོའི་མྱུ་གུ་ཡིད་གཞུངས་མཉེན་ལྕུགས་རྩེ་མོར་ངེས་ལེགས་གེ་སར་བཞད། །བློ་ལྡན་ངང་མོ་གཞོན་ནུའི་ཚོགས་ཡིད་ཀུན་དགའི་བདེ་སྡེར་དཔལ་ཡོན་


TR001_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མིན། །བདག་འདྲ་སྦྱང་འབྲས་རྣམ་དཔྱོད་མི་ལྡན་ཀུན་ནས་རྨོངས་པའི་རང་བཞིན་གྱིས། །བླུན་གཏམ་སྨྲས་ལ་མཁས་རྣམས་མགུ་བ་མི་སྐྱེ་མོད་ཀྱང་རྒྱལ་བ་དེའི། །མཛད་པའི་ལོ་རྒྱུས་དྲང་པོར་བརྗོད་ལ་ཉེས་ལྟུང་མི་འབྱུང་དགེ་བ་འཕེལ། །དེས་ན་བརྗོད་བྱའི་ཚིག་ལ་མ་བསྙད་དོན་ལ་བསོམ་ལ་གུས་བསྐྱེད་འཚལ། །ནྱ་གྲོའི་ས་བོན་ཆུང་ཡང་འབྲས་བུ་ནི། །རྒྱ་ཆེར་འཕེལ་བཞིན་བདག་སོགས་ལྷག་བསམ་གྱིས། །འདི་བྲིས་དགེ་མཐུས་རྒྱལ་བ་མ་ལུས་ཀྱི། །བཀའ་ཡི་སྡུ་བ་པོར་གྱུར་འགྲོ་ཕན་ཤོག །མཐའ་ཡས་རྒྱལ་བའི་ཞིང་ཁམས་རྡུལ་སྙེད་ཀྱི། །བཀྲ་ཤིས་དགེ་ལེགས་འབྱོར་པ་ཇི་སྙེད་པ། །དེ་མཚུངས་འདི་ནས་འཁོར་མཐའ་གཏུག་གི་བར། །རྒྱལ་བསྟན་བདེ་འབྱོར་ཀུན་ཁྱབ་བཀྲ་ཤིས་ཤོག །ཅེས་ཆུ་སྦྲུལ་ནག་པ་ཟླ་བའི་ཚེས་ཀྱི་དཀར་ཕྱོགས་རྣམ་པར་འཕེལ་བའི་དུས་དགེ་བར། ཀོང་ཡུལ་མཐར་


TR001_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་པའི་ཤར་ཕྱོགས། གནས་ཆེན་དཔལ་རི་གངས་ཀྱི་སྐེད་ངོག རྒོད་ཕུག་བྲག་གི་བྱ་སྐྱིབས་ཀྱི་དབེན་གནས་སུ། སྣ་ཚོགས་རང་གྲོལ་གྱིས་གུས་པའི་ཡིད་ཀྱི་ཟླ་མདངས་མངོན་པར་གསལ་བའི་སྒོ་ནས་ཡི་གེར་བཀོད་པའི་དགེ་བས། མཁའ་མཉམ་འགྲོ་ཀུན་རྗེ་བཙུན་བླ་མ་མཆོག་གི་གོ་འཕངས་ལ་འཁོད་པར་གྱུར་ཅིག །ཤུ་བྷམ་མསྟུ་སརྦ་ཛ་ག་ཏཱཾ། དགེའོ། །བཀྲ་ཤིས། གཅིག་ཞུས།

སྲོག་ཆགས་ཀྱི་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད་ཡིད་འོང་པདྨ་དཀར་པོ་ཞེས་བྱ་བ་བྱིས་པ་དགའ་བར་བྱེད་པ།


TR001_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ཀྱི་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད་ཡིད་འོང་པདྨ་དཀར་པོ་ཞེས་བྱ་བ་བྱིས་པ་དགའ་བར་བྱེད་པ་བཞུགས་སོ། །


TR001_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ཀྱི་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད་ཡིད་འོང་པདྨ་དཀར་པོ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གིས་མཚན་ཙམ་དྲན་པས་ཀྱང་ནི་སྲིད་དང་ངན་འགྲོའི་འཇིགས་པ་ཀུན་སྐྱོབས་ཤིང་། ཡིད་བཞིན་ནོར་ལྟར་དགོས་འདོད་རེ་བ་མ་ལུས་སྐོངས་མཛད་རྗེ་བཙུན་ཐུགས་རྗེ་ཅན། །དཔལ་མགོན་བླ་མ་ཞེས་གྲགས་སྙན་པའི་རྔ་སྒྲ་སྲིད་པ་གསུམ་ན་ཆེར་གྲགས་པ། །གང་དེའི་ཞབས་ཀྱི་པདྨོ་དྲི་མེད་ཉིད་ལ་རྟག་ཏུ་གུས་པས་བཏུད་བྱའོ།། ༈ །།སྲིད་པའི་ངང་ཚུལ་རྨི་ལམ་སྒྱུ་མ་འདི། །ཨ་འཐད་རྟག་པར་འཛིན་པའི་བློ་ཅན་ལ་


TR001_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཡི་སྒོ་ནས་མི་རྟག་འགྱུར་བའི་ཚུལ། །ཅུང་ཟད་བཤད་ཀྱི་གུས་པས་ཉན་པར་བྱོས། །དེ་ཡང་འདི་སྐད་ཐོས་ཏེ། སྔོན་འདས་པའི་དུས་ན། ཡུལ་བདེ་བ་བཀོད་པ་ཞེས་བྱ་བ་མཛེས་ཤིང་ཉམས་དགའ་བ། ཁོད་སྙོམས་ལག་མཐིལ་ལྟར་འཇམ་ཞིང་འདོད་ཡོན་གྱི་འབྱོར་པ་དུ་མས་ཉེ་བར་སྤྲས་པའི་ཡུལ་ཞིག་ན། ནགས་ཚལ་ཆེན་པོ་བཀྲ་ཤིས་མཛེས་ལྡན་ཞེས་བྱ་བ། ཤིང་ལྗོན་པ་རབ་ཏུ་མང་པོ་དག་གིས་ནི་བསྐོར། ནེའུ་སིང་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་ཡིད་དུ་འོང་བས་ནི་ཀུན་ཏུ་ཁེབས།


TR001_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཞིང་བསིལ་བའི་ཆུ་མིག་དག་ནི་ལྷུང་ལྷུང་གི་སྒྲ་འབྱིན་ཅིང་གཡས་སྐོར་དུ་འབབ་པ། མདོར་ན་དགེ་སྦྱོང་བསམ་གཏན་པ་དག་གི་བསྟི་གནས་ཀྱི་མཆོག་དམ་པར་གྱུར་པ་ཅིག་ཏུ། བྱ་དང་རི་དྭགས་ཀྱི་ཚོགས་དཔག་ཏུ་མེད་པ་གནས་པ་རྣམས་ཀྱི་ནང་ནས། བྱའི་རྒྱལ་པོ་ཁུ་ཡུག་གཡུའི་གོས་ཅན་ཞེས་བྱ་བ། །རང་བཞིན་གྱི་ངང་ཚུལ་བཟང་ཞིང་སྙིང་རྗེ་ཆེ་བ། ཞི་ཞིང་དུལ་ལ་གཏོང་ཕོད་ཆེ་བ། ཚུལ་ཁྲིམས་ལ་རྟག་ཏུ་གནས་ཤིང་བཟོད་སྲན་ཆེ་བ། ཆོས་ཕྱོགས་ཀྱི་བྱ་བ་ལ་ཉིན་མཚན་གཡེལ་མེད་དུ་རྩོན་ཞིང་ཡང་དག་པའི་བསམ་གཏན་ལ་རྩེ་གཅིག་ཏུ་གཞོལ་བའི་མཐུས། ཤེས་རབ་ཀྱི་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པ་དེ་ཉིད་ལ། རང་གི་རིགས་མཐུན་གྱི་འཁོར་འདབ་ཆགས་ཀྱི་ཚོགས་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ནས། རང་རང་སྐད་ཀྱིས་ཆོས་ཟབ་མོ་ཉེ་བར་སྟོན་ཞིང་གནས་སོ། །ཡང་དེ་དག་


TR001_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དང་མི་རིང་བའི་ས་ཕྱོགས་ཞིག་ན། ཕུག་རོན་སྨུག་ཆུང་དགའ་བྱེད་ཅེས་བྱ་བ་དང་། དེའི་ཆུང་མ་ཉེར་དགའ་ཞེས་བྱ་བ་གཉིས་ཤིག་ཀྱང་ལྷན་ཅིག་ཏུ་གནས་སོ། །ཡང་ས་ཕྱོགས་གཞན་ཞིག་ན་རྨ་བྱ་མེ་ཏོག་རབ་མཛེས་ཞེས་བྱ་བ་ཅིག་ཀྱང་ཡོད་དེ། རྨ་བྱས་ནི་བྱའི་རྒྱལ་པོ་ལས་དགེ་བསྙེན་གྱི་སྡོམ་པ་དང་ཡང་དག་པའི་ཆོས་ནོད་ཏེ། འདུས་བྱས་མི་རྟག་པའི་རང་བཞིན་ཡིད་ལ་བསམ་ཞིང་། ཀྱེ་མའོ། །འདུས་བྱས་རྨི་ལམ་སྒྱུ་མའི་རང་བཞིན་ཉིད། །བློ་གཏད་ཐུབ་པ་ནམ་ཡང་ངས་མ་མཐོང་། །སང་དང་འཇིག་རྟེན་ཕྱི་མ་གང་མགྱོགས་གམ། ནམ་འཆི་ངེས་པ་མེད་འདི་ཡ་རེ་ང་། །ཤི་དུས་གཉན་དང་ལོངས་སྤྱོད་ཡུལ་རྣམས་ཀུན། །འཛོམ་ཡང་རང་ཉིད་ཁྱེར་རྒྱུ་གཏན་མེད་པར། །དམ་པའི་སྐྱབས་ནི་ཆོས་ལས་གཞན་མེད་ན། །བདག་ནི་ཞི་བ་བསྒྲུབ་ལ་ནན་ཏན་བྱ། །འཇིག་རྟེན་ཕྱི་མ་དྲན་པའི་སེམས་ཡོད་ན། །མྱུར་དུ་


TR001_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་མེད་ཆོས་ལ་འབུང་བ་འཐད། །ཅེས་ངག་ཏུའང་བརྗོད་ཅིང་ཡིད་ལ་རྟག་ཏུ་བསམ་བཞིན་པས་ཆོས་ལས་གཡེལ་བ་མེད་པར་གནས་སོ།། ༈ །།འདིར་སྨྲས་པ། སྲིད་པའི་ལོངས་སྤྱོད་རྨི་ལམ་སྒྱུ་མ་འདི། །མི་བརྟན་འཇིག་པར་འགྱུར་བ་ཐག་ཆོད་ལ། །ད་དུང་རྟག་པར་ཞེན་པ་འཆིང་བའི་རྒྱུ། །མི་རྟག་འཆི་བ་བསོམ་དང་གྲོག་པོ་དག །ཕུག་རོན་བཟའ་མི་གཉིས་ནི་འདུས་བྱས་མི་རྟག་པའི་རང་བཞིན་སྐད་ཅིག་ཀྱང་ཡིད་ལ་མི་བསམ་པར། ནོར་རྫས་ལོངས་སྤྱོད་ཡོད་ན་སུ་ལའང་རེ་དགོས་པ་མི་ཡོང་། གནམ་རྡིབ་ཀྱང་མགོ་ཀྱེ་རེ་ཡོང་སྙམ་པ་མ་གཏོགས། མྱུར་དུ་ཤི་བས་སླེབ་ཡོང་། ཤི་ན་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དུ་ལྷུང་ཡོང་སྙམ་པའི་མདུན་པ་ནི་སྤུ་ཙམ་ཡང་མེད་པར་ནོར་རྫས་དང་ལོངས་སྤྱོད་འཚོལ་བའི་འཐབས་ཁོ་ན་ལ་བརྩོན་ཞིང་། ཕུག་རོན་དགའ་བྱེད་ཀྱིས་ནི་རང་ལས་མཐོ་བ་རྣམས་ཀྱི་


TR001_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་རྫས་ལ་ལྐོག་ཏུ་བརྐུ་གང་ཐུབ་ཀྱི་བསམ་པ་དང་། རང་ལས་དམན་པ་རྣམས་ལ་ནི། ཁྲེལ་མེད་ཀྱི་ཤོ་གམ་དང་། འཕྲོག་ཅིང་བཅོམ་པའི་ལས་འབའ་ཞིག་བྱེད། ཆུང་མ་ཉེར་དགའ་མོས་ནི་རྩ་བ་དང་ལྡུམ་བུ་འབྲས་བུ་སོགས་དང་། ནས་དང་འབྲས་ལ་སོགས་པའི་སྙེ་མ་དང་། ཐ་ན་འབུ་སྲིན་ཤི་བའི་ཁོག་པ་ཡན་ཆད་ཀྱང་བསྡུས་ནས་གསོགས་འཇོག་བྱེད། མདོར་ན་ནོར་རྫས་ལ་སྙིང་པོ་མེད་ཅིང་རང་གིས་བསགས་པ་གཞན་གྱིས་སྤྱད་དེ་རང་ཉིད་འཆི་དུས་ཕན་པ་མེད་པ་ནི་མ་གོ་བས་གཡོ་རྒྱུ་དང་གསོགས་འཇོག་ཁོ་ན་ལ་བརྩོན་ཏེ་གནས་སོ། །དེ་ནས་དུས་རེ་ཞིག་ན། ཕུག་རོན་དགའ་བྱེད་ཚེའི་དུས་ལ་བབ་པ་དང་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་སྨིན་པ་ལ་ཐུགས་ཏེ། ཆུང་མ་ཉེར་དགའ་མོ་ཡུལ་ལྗོང་དག་ཏུ་འབྲས་ཐུ་བ་ལ་སོང་བའི་ཤུལ་དུ་ཁོ་ཁྱིམ་དུ་གནས་


TR001_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཐ་ཁོབ་ཀྱི་གྲོང་ཁྱེར་ཞིག་གི་ནང་ནས་བ་ལང་གི་རྫི་བོ་དག་གིས། ནགས་ཚལ་མེས་བསྲེག་པས་ཕུག་རོན་དགའ་བྱེད་ཀྱང་འབྲོས་པའི་སྐབས་མེད་པར་ཚིག་ཅིང་། ཁྱིམ་དུ་ཡོད་པའི་ནས་དང་འབྲས་སོགས་ནོར་རྫས་མཐའ་དག་ཁྱིམ་དང་བཅས་པ་རྗེས་མེད་དུ་ཚིག་གོ། །དེའི་ཚེ་ཆུང་མ་ཉེར་དགའ་མོས་ཡུལ་ལྗོང་ནས་འབྲས་ཀྱི་སྙེ་མ་ཉུང་ཤས་ཅིག་ཁྱེར་ཏེ་འོང་པ་ལས། ལམ་དུ་བྱིས་པ་དག་གིས་མདའ་འཕངས་པ་མོ་ལ་ཕོག་སྟེ་ཤིན་ཏུ་ཉམས་ཉེས་པར་གྱུར་ཅིང་དཀའ་བ་དུ་མས་མནར་བཞིན་རང་གི་ཁྱིམ་དུ་འོངས་པ་ལས། ཁྱིམ་ནོར་རྫས་གྲོགས་དང་བཅས་པ་མེས་ཚིག་པ་མཐོང་ནས། ཡུན་ཅིག་སྡུག་བསྔལ་གྱིས་དྲན་མེད་དུ་བརྒྱལ་ལོ། །དེ་ནས་ཕྱི་དྲོའི་དུས་སུ་རླུང་སེར་བུ་ལྡང་བས་བརྒྱལ་སངས་ཙ་ན་འདི་སྙམ་དུ་བསམ་མོ། །ཀྱེ་མ་ཀྱེ་ཧུད། འདུས་བྱས་འདི་མི་རྟག་པའི་རང་བཞིན་དུ་སྣང་


TR001_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པ་འདི་ཉིད་བསམ་ནས་སྡུག་བསྔལ་གྱིས་རང་བཞིན་དུ་འདུག་པ། ཚེ་ད་ལྟ་ཕན་ཆོད་དཀའ་ལས་ཀྱི་རྩོལ་སྒྲུབ་བྱས་པའི་ནོར་རྫས་ཐམས་ཅད་ནང་མ་གཅིག་ཐལ་བ་སྤར་གང་དུ་རེད་པའི་ཚུལ་འདི་བསམ་ན། དཀའ་ལས་དཔག་མེད་ཀྱི་འབད་པ་དེ་བྱས་པ་དོན་མེད་དུ་སོང་འདུག་ཅི་རང་བྱེད་ན། ཨ་ཙ་མ། ཚེ་གང་གཏན་དུ་འགྲོགས་པའི་གྲོགས་མཆོག་ཀྱང་རུས་ཕྱེ་སྤར་གང་དུ་སོང་བའི་ཚུལ་འདི་བསམ་ན། འབྱུང་བཞི་འདུས་པའི་སྒྱུ་ལུས་འདིས་ཀྱང་རྟག་པ་ཞིག་མི་ཡོང་བ་འདྲ་ན། བདག་གི་གྲོགས་དེའི་ལུས་ཀྱི་དཔའ་རྩལ་ནི་གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུ་ལ་ཡང་འཇིགས་དགོས་པ་མེད་ན། འཇིགས་པ་དེ་ལྟར་བྱུང་དུས་ཅི་ཡང་བྱེད་དུ་མེད་པར་ཤི་དགོས་པ་འདི་ནི་ཅི་རང་ཡིན་ན། སྨྲ་བའི་གྲེ་ལྕོ་ནི་བདེ། སེམས་ཀྱི་སྤྱང་རིག་ནི་གཞན་ལས་ལྷག་ཏེ། ས་དང་རྡོ་


TR001_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤིང་ལ་ཡང་ཐབས་ཀྱིས་བསླུ་ཐུབ་པ་ལྟ་བུ་གཅིག་ཡོད་པ། ཉམས་ཉེས་ལྟ་བུ་བྱུང་དུས་བདེན་གཏམ་ཚིག་གསུམ་ཡང་སྨྲ་བའི་དབང་མེད་པར་འཆི་བདག་གི་ཁ་རུ་ཚུད་དགོས་པ་འདི་ལ་བསམ་ན། ཆོས་མིན་པ་གང་གིས་ཀྱང་སྐྱབས་མེད་པར་འདུག་པ་ལ། བདག་ཅག་གཉིས་ཆོས་བརྩོན་པར་མ་དྲན་པ་ཅི་རང་ཡིན་ནམ། ཞེ་རེ་འགྱོད་ན། བསམ་བཞིན་འགྱོད་པ་བརྡས་ཀྱིས་མི་སླེབ་པར་འགྱུར་ཞིང་། སྡུག་བསྔལ་གྱི་འཁུར་ཆེན་པོས་ནོན་བཞིན་དུ་ཤིའོ། །དེ་ནས་ཕུག་རོན་དགའ་བྱེད་ནི་གསད་བཅད་འཕྲོག་བཅོམ་གྱི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་སུ་སྐྱེས་ཏེ། སྡུག་བསྔལ་ཤིན་ཏུ་ཆེ་བ་བཟོད་གླག་མེད་པ་ལ་སྤྱོད་ཅིང་གནས་སོ། །ཕུག་རོན་གྱི་ཆུང་མ་ཉེར་དགའོ་མོ་ནི་སེར་སྣའི་ཀུན་ནས་བླངས་པའི་ལས་ཀྱི་རྣམ་པར་སྨིན་པས་ཡི་དྭགས་ཀྱི་འཇིག་རྟེན་དུ་སྐྱེས་ཏེ། བཀྲེས་སྐོམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་གྱུར་ཏོ།།


TR001_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།འདིར་སྨྲས་པ། སྒྱུ་མའི་ནོར་ལ་སྙིང་པོ་མེད་པའི་ཚུལ། །སེར་སྣས་བསགས་པའི་རང་ནོར་གཞན་གྱིས་སྤྱོད། །སྦྲང་མས་བསགས་པའི་སྦྲང་རྩི་ཇི་བཞིན་དུ། །སྙིང་པོ་མེད་ཚུལ་བསོམ་ཞིག་རིགས་ཀྱི་བུ། །དེའི་ཚེ་རྨ་བྱ་མེ་ཏོག་རབ་མཛེས་ནི་འདུས་བྱས་མི་རྟག་པའི་ངང་ཚུལ་རྟོགས་ཤིང་། ཚེ་ལ་ངེས་པ་མེད་པ་རྩྭ་ཁའི་ཟིལ་པ་ལྟ་བུ། ནོར་རྫས་སྙིང་པོ་མེད་པའི་སྒྱུ་མའི་ལོངས་སྤྱོད་ལ་ཞེན་ཆགས་སྤངས་ཏེ། ལུས་ངག་ཡིད་གསུམ་སྙོམ་ལས་སུ་མ་ལུས་པར་དགེ་བའི་ཕྱོགས་ལ་བརྩོན་པའི་མཐུས། མཐོ་རིས་ཀྱི་གོ་འཕངས་བླ་ན་མེད་པ་ཐོབ་པོ་ཞེས་གྲག་གོ།། ༈ །།འདུས་བྱས་རྟག་པར་ཞེན་པ་དང་མི་རྟག་པར་གོ་བའི་རབ་ཏུ་འབྱེད་པ་སྟེ། བསྟན་བཅོས་པདྨ་དཀར་པོའི་འདབ་མ་དང་པོའོ། །དེ་ལྟར་འདུས་བྱས་མི་རྟག་པའི་ཚུལ་རྟོག་པར་བྱས་


TR001_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཁོར་བའི་རང་བཞིན་ནི་སྡུག་བསྔལ་ཁོ་ནའི་རྒྱུ། །སྡུག་བསྔལ་མཐའ་དག་གི་བརྟེན། སྡུག་བསྔལ་མཐའ་དག་གི་འབྱུང་ཁུངས་ཏེ། འདི་ལས་མྱུར་དུ་ཐར་པའི་ཐབས་ལ་འབད་དགོས་པའི་ཚུལ་ཡང་འདི་ལྟ་སྟེ། །སྔོན་འདས་པའི་དུས་ན། །ཡུལ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །སྐྱིད་པའི་འབྱུང་གནས་བོད་ཅེས་བྱ་བའི་ཡུལ་དུ། །ཚལ་ཆེན་པདྨའི་གླིང་། མེ་ཏོག་ཡིད་དུ་འོང་བ་སྣ་ཚོགས་ཀྱིས་མངོན་པར་བཀྲ་བའི་གནས་མཆོག་ལྷ་ལྡན་ལྗོངས་ཞེས་བྱ་བ་ན། རྐང་དྲུག་བུང་བའི་རིགས་དཔག་ཏུ་མེད་པ་གནས་པ་རྣམས་ཀྱིས་ནང་ནས། ནོར་བདག་སྦྲང་སེར་འོད་ལྡན་ཞེས་བྱ་བ་གཟུགས་མཛེས་ཤིང་དཔའ་རྩལ་ཆེ་བ། ནོར་སྦྲང་རྩིའི་བང་མཛོད་ཉི་ཤུ་ཙམ་ལ་དབང་ཞིང་། རྐང་དྲུག་ཀུན་གྱི་གཙོ་བོ་ལྟ་བུ་ཅིག་དང་། ཆུང་མ་གཡུ་སྦྲང་ཡིད་འོང་རྒྱན་ཞེས་བྱ་བ་ཀུན་གྱི་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ་ཡོན་ཏན་དུ་མ་དང་ལྡན་པ་ཞིག་ཀྱང་ཡོད་དེ། དེ་གཉིས་ལ་བུ་སྦྲང་ཆུང་འོད་


TR001_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་དམ་པ་ཞེས་བྱ་བ་མཚན་བཟང་པོ་དུ་མས་བརྒྱན་ཞིང་ཆོས་ལ་ཤིན་ཏུ་མོས་པ་གཅིག་ཡོད་དོ། །དེ་ནས་སྦྲང་མ་བཟའ་མི་གཉིས་ཀྱང་བུ་དེ་ལ་ཤིན་ཏུ་གཅེས་ཤིང་བརྩེ་བར་བསྐྱངས་པ་ལས། དུས་རེ་ཞིག་ན་སྦྲང་ཆུང་འོད་མཛེས་དམ་པ་དེས་བསམ་པ་ལ། ག་རེ། འཁོར་བ་འདི་ནི་སྙིང་པོ་མེད་ཅིང་སྡུག་བསྔལ་འབའ་ཞིག་གིས་མནར་བ་འདི་ལས་ད་རེས་ཐར་པའི་ཐབས་ལ་མ་འབད་ན། གཏན་དུ་འཁོར་བར་འཁྱམས་ཞིང་སྡུག་བསྔལ་གྱི་འདམ་དུ་ཆུད་ཐག་ཆོད་པས། ཅིས་ཀྱང་འཁོར་བ་འདི་སྤངས་ནས་དམ་པའི་ཆོས་ཅིག་རང་བྱ་དགོས་བསམ་སྟེ། ཕ་མ་གཉིས་ལ་ངག་སྙན་ཞིང་བརྡའ་འཇམ་པོས་འདི་སྐད་ཅེས་སྨྲས་པར་གྱུར་ཏེ། ཀྱེ་མ་དྲིན་ཅན་གྱི་ཕ་མ་ལུས་སྲོག་སྐྱེད་མཛད་གཉིས། ཐུགས་བརྩེ་བ་ཆེན་པོས་དར་གཅིག་གསན་པར་ཞུ། །ང་འཁོས་མེད་སྙོམ་ཆུང་སྦྲང་སྤྲུག་བདག་འདྲ་ཡིས། །


TR001_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཞུ་བ་ཚིག་གསུམ་ཕུལ་འབྲས་འདི་ལྟར་ལགས། །ཡོངས་འདུས་བྱས་ཆོས་ཀུན་མདང་གི་རྨི་ལམ་འདྲ། །འདི་བློ་གཏད་ཐུབ་པ་གང་ཡང་མི་འདུག་ཅིང་། །ཕྱི་སྣོད་བཅུད་མི་རྟག་སྒྱུ་མའི་མིག་འཕྲུལ་འདྲ། །འདི་མྱུར་དུ་མི་རྟག་འཇིག་པར་ཐག་ཆོད་ཡིན། །ནང་འབྱུང་བཞིས་བསྐྱེད་པའི་སྒྱུ་ལུས་གོག་པོ་འདི། །འདི་གཅེས་སྤྲས་བྱས་ཀྱང་མྱུར་དུ་འདོར་བར་ངེས། །ཚེ་སྐལ་པར་ཐུབ་ཀྱང་ཐ་མ་འཆི་འགྱུར་ཞིང་། །སྲོག་རྩྭ་ཁའི་ཟིལ་འདྲ་ནམ་ཡལ་ཆ་མེད་ཡིན། །གཉེན་གཉེན་དུ་འབྲེལ་པ་ཁའི་གྲོག་པོ་སྟེ། །སྡུག་དཀའ་ལས་བྱུང་དུས་ཕན་གྲོགས་ཤིན་ཏུ་དཀོན། །ལར་ཚོང་འདུས་མགྲོན་འདྲའི་གཉེན་དང་འཁོར་གཡོག་འདི། །འདི་ད་ལྟ་སྤངས་ན་ཆགས་སྡང་བྲལ་བའི་རྒྱུ། །ནོར་རྣམ་ཐོས་བུ་ལ་འགྲན་པ་ཡོད་གྱུར་ཀྱང་། །དེ་རང་གིས་བསགས་པ་ནམ་ཞིག་གཞན་གྱིས་སྤྱོད། །སེམས་ཆོག་ཤེས་ལྡན་པ་ནོར་བུའི་བང་མཛོད་ཡིན། །


TR001_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་དགོས་དུས་མེད་པ་ནོར་འདིས་ཅི་རང་བྱེད། །ལར་འཁོར་བའི་བརྩོན་ར་སྡུག་བསྔལ་འདམ་འདི་ལས། །ང་ཞེན་པ་ལོག་པས་སྙིང་ནས་ཆོས་རང་དྲན། །ཚེ་ཕྱི་མའི་དོན་དུ་དམ་པའི་ཆོས་ཅིག་བྱེད། །འདི་ཡབ་ཡུམ་གཉིས་ཀྱིས་བདག་ལ་བཀའ་གནང་ཞུ། །ཅེས་སྨྲས་པས། ཕ་མ་གཉིས་སྐྲག་སྟེ། ཨ་ཙ་མ། བདག་ཅག་གཉིས་ཀྱི་བློ་གཏད་ཀྱི་གནས་སུ་གྱུར་པ་འདི་ཅིག་པུ་ལ། འདི་ཉིད་ཆོས་ལ་འགྲོ་ན་ངེད་ཅག་གཉིས་ཇི་ལྟར་བྱེད། ད་འདི་ལ་བཤོལ་ཐབས་གང་དྲག་པ་བྱེད་དགོས་བསམ་སྟེ། དང་པོ་ཕས་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་སྙིང་གི་བུ་གཅིག་བདག་ལ་ཚུར་ཉོན་དང་། །འདུས་བྱས་རྟག་པ་མེད་ཀྱང་ལྷག་སུ་ཇི་ལྟར་བྱེད། །ནམ་འཆི་ངེས་པ་མེད་ཅེས་འབྲོས་སུ་ག་ལ་འགྲོ། །འཆི་བདག་བདུད་པོ་འོང་ཞེས་ཐབས་གཞན་ག་ལ་ཡོད། །འཆི་དུས་ཁྱེར་དབང་མེད་ཀྱང་ནོར་རྫས་


TR001_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནས་དགོས། །རྟག་ཏུ་འགྲོགས་དབང་མེད་ཀྱང་འཕྲལ་དུ་གཉེན་ཀྱང་དགོས། །བུ་ཁྱོད་ཆོས་ལ་བསམ་ན་ཁྱིམ་དུ་བྱས་ཆོག་མོད། །རྒན་རྒོན་གཉིས་ཀྱི་བློ་གཏད་ཁྱོད་ལས་གཞན་མེད་ན། །ཁྱེད་ཀྱིས་ངེད་ཅག་བོར་བར་སེམས་ཀྱིས་ཕོད་དམ་བསོམ། །ཕ་མ་སྡུགས་སུ་བཅུག་པའི་ཆོས་ཀྱི་ཅི་ཞིག་བྱེད། །བདག་ཅག་བསམ་པ་རྫོགས་ཕྱིར་ཁྱིམ་དུ་ཅི་བདེར་སྡོད། །ཅེས་སྨྲས་པ། ཡང་མས་སྨྲས་པ། བུ་བུ། ཤ་ལས་ཆད་ཅིང་ལུས་ལས་སྐྱེས་པའི་བུ། །དྲིན་ཅན་ཕ་མའི་བརྩེ་བའི་ངག་ལ་ཉོན། །སྔོན་གྱི་རྒྱལ་སྲས་བྱང་སེམས་ཐམས་ཅད་ཀྱིས། །ཕ་མའི་དོན་དུ་ལུས་སྲོག་གཏོང་ཕོད་ན། །བུ་གཅིག་ཁྱོད་ཀྱིས་ཕ་མའི་བཀའ་བཅགས་ནས། །དམ་པའི་ལྷ་ཆོས་གང་དུ་འཚོལ་དུ་འགྲོ། །མི་དགེ་སྡིག་སྤངས་དགེ་བའི་ལས་བསྒྲུབ་པ། །དེ་ལས་གཞན་པའི་ལྷ་ཆོས་མ་མཆིས་ན། །ཕ་མའི་བཀའ་བཅག་ཡིད་བཅད་སྡིག་བསགས་


TR001_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དམ་ཆོས་གཞན་དག་ཁྱེད་ཀྱི་གང་དུ་འཚོལ། །གཉེན་དང་ཁང་ཁྱིམ་ནོར་རྫས་ཡོད་པ་འདི། །སྐྱིད་དུ་མ་ཚོར་དེ་དག་བསྐྱུར་བྱས་ནས། །དེ་ལས་སླར་ཡང་སྐྱིད་པའི་ལྷ་ཆོས་ནི། །གང་དུ་ཕྱིན་ཀྱང་ཁྱེད་ཀྱིས་ཨེ་རྙེད་ལྟོས། །བརྩེ་བས་བྲིད་ན་གང་ཆེན་སྨྱོན་པ་ཡང་། །དུལ་བར་འགྱུར་ཞིང་གང་བསྒོ་བྱེད་པས་ན། །དྲིན་གྱིས་བསྐྱངས་པའི་ཕ་མས་སྨྲས་པ་ལ། །ཅི་ཕྱིར་བུ་ཁྱེད་ཉན་པར་མི་རིགས་སམ། །བདེན་པར་སྨྲས་ན་གཟུགས་མེད་ལྷ་འདྲེ་ཡང་། །གདོང་གྲོགས་བགྱིད་ཅིང་ཅི་སྨྲས་ཉན་བྱེད་ན། །བྱམས་ཤིང་བརྩེ་བས་ཕན་པའི་གྲོས་འདེབས་ལ། །ཉན་པར་མི་བྱེད་ཁྱོད་ནི་རུང་ངམ་ཅི། །ཉམས་ཐག་མིག་ནས་མཆི་མ་ཆར་འབེབས་ཤིང་། །སྨྲེ་ངག་གདུང་བས་ང་རོ་སྒྲོག་བྱེད་ལ། །སྡང་བའི་དགྲ་ཡང་སྙིང་རྗེ་སྐྱེ་སྲིད་ན། །ཕ་མས་མྱ་ངན་འོ་དོད་འབོད་པ་ལ། །བུ་གཅིག་ཁྱོད་ཀྱིས་


TR001_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ཡང་མི་རྗེའམ། །ཆོས་ཀྱི་རྩ་བ་སྦྱིན་པའི་ཕ་རོལ་ཕྱིན། །ནོར་རྫས་སྤངས་པས་སྦྱིན་པ་ཇི་ལྟར་བྱེད། །ཆོས་དང་དགེ་སྦྱོར་རང་གིས་མ་བྱས་ན། །གནས་གཞན་ཕྱིན་པས་ཆོས་སུ་ཇི་ལྟར་འགྱུར། །དྲིན་ཅན་ཕ་མའི་ངག་ལ་མ་ཉན་པའི། །ཆོས་དེས་ཁྱེད་ལ་ཇི་ལྟར་འགྱུར་བར་བསོམ།། ༈ །།ཞེས་སོགས་ཐབས་དུ་མའི་སྒོ་ནས་བཤོལ་བཏབ་ཀྱང་མ་ཉན་པར་ཆོས་ལ་འགྲོ་བར་བརྩམས་པ་ན། དེར་ཕ་མ་གཉིས་ཀྱི་ཐབས་གཞན་གང་ཡང་མ་རྙེད་པར། སྦྲང་ཆུང་ཁོ་རང་གི་སྙིང་གི་གྲོགས་དམ་པར་གྱུར་པ་སྦྲང་ཆུང་ཡིད་འཛིན་ཞེས་བྱ་བ་ཞིག་ཡོད་པ་དེ་བོས་ནས། ཁོ་ལ་ཤོལ་འདེབས་ཀྱི་གྲོས་བཏབ་པར་བཅོལ་བས། དེར་ཁོས་གྲོས་འདེབས་ཀྱི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ཨེ་མ་སྙིང་གི་གྲོག་པོ་བདག་ལ་གསོན་མཛོད་དང་། །ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུའི་མཐུས། །ད་དུས་འབྱོར་ལྡན་རིགས་སུ་


TR001_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་གྱུར་ཅིང་། །བསོད་ནམས་མངའ་ཐང་རྒྱས་པའི་དུས་འདི་རུ། །འདི་དག་བསྐྱུར་ནས་གང་དུ་ཅི་བྱེད་འགྲོ། །བྱམས་པའི་ཕ་མ་བརྩེ་བའི་གྲོག་པོ་དང་། །འབྲེལ་བའི་གཉེན་དང་བསགས་པའི་ནོར་རྫས་དང་། །བརྩིགས་པའི་ཁང་ཁྱིམ་ཡུལ་དང་བང་མཛོད་སོགས། །འདི་དག་ཐམས་ཅད་ཁྱེད་ཀྱིས་འདོར་ཕོད་དམ། །བདག་ཅག་རྣམས་ཀྱི་བརྩེ་བས་ཡིད་ཀྱི་ནི། །བཤོལ་འདེབས་བགྱིད་ལ་ཁྱོད་ཉིད་མི་ཉན་ན། །ཀུན་ཀྱང་ཡིད་ཆད་སྡུག་བསྔལ་གྱུར་པ་འདི། །ཁྱོད་ལའང་སྡིག་པའི་འཁུར་པོར་མི་འགྱུར་རམ། །ཅིས་ཀྱང་གྲོགས་ཁྱོད་བདག་གིས་ངག་ལ་ཉོན། །ཞེས་སྨྲས་པས། སྦྲང་ཆུང་འོད་མཛེས་དམ་པས་གྲོགས་པོ་ཡིད་འཛིན་ལ་འདི་སྐད་ཅེས་སྨྲས་སོ། །སྙིང་གྲོག་ཡིད་འཛིན་ཁྱོད་བདག་ལ་ཚུར་གསོན་དང་། །སྔོན་བསགས་ལས་འབྲེལ་གྱིས་ཚེ་འདིར་འཛོམ་གྱུར་ཅིང་། །སེམས་ཡིད་རབ་མཐུན་གྱི་གྲོག་མཆོག་ཁྱེད་ཀྱིས་ནི། །ཤ་ཚ་སྙིང་གཏམ་གྱིས་


TR001_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་འདེབས་བགྱིས་ལེགས་ཀྱང་། །བདག་གི་བསམ་པ་དང་མི་མཐུན་འགལ་བར་གྱུར། །འཁོར་བའི་རང་བཞིན་འདི་སྒྱུ་མར་མ་ཤེས་ན། །རྟགས་འཛིན་ཞེན་ཆགས་འདིས་རང་ཉིད་འཆིང་བའི་རྒྱུ། །དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འགྱུར་ལྡོག་དང་། །གཉེན་བཤེས་འཛའ་རོག་ཀུན་འཆི་བ་མཐོང་བཞིན་དུ། །རང་ཉིད་འཆི་བ་འདི་ཡིད་ལ་མི་བསམ་པར། །གཞན་དག་ཤི་བ་ལ་མྱ་ངན་བྱེད་པ་བླུན། །མཛའ་རོག་ཉེ་དུ་ལ་ཞེན་ཆགས་བྱས་བྱས་ནས། །བར་དོའི་འཕྲང་རིང་ལ་རང་ཉིད་གཅིག་པུར་འགྲོ། །སྐྱིད་དུས་ཟ་རོག་དེ་སུ་ཡིས་བྱས་ཀྱང་ཆོག །དགོས་དུས་ཕན་མེད་དེ་ད་ལྟ་སྤངས་ན་ལེགས། །བསགས་པའི་ནོར་རྫས་འདི་སྒྱུ་མའི་རྣམ་འཕྲུལ་འདྲ། །དགྲ་འབོད་གཡབ་མོ་སྟེ་རང་སྲོག་བསྐྱེལ་བའི་རྒྱུ། །འཚོལ་འཚོལ་བསགས་བསགས་ཀྱང་ནམ་ཞིག་གཞན་གྱིས་ཁྱེར། །ཉེས་ཀུན་འབྱུང་ཁུངས་འདི་ང་ནི་དགོས་པ་མེད། །དཀའ་ལས་


TR001_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་རུས་ཀྱིས་བརྩིགས་པའི་ཁང་ཁྱིམ་འདི། །འཆི་དུས་དབང་མེད་དུ་ཅིས་ཀྱང་འབོར་དགོས་ན། །ད་ལྟ་ཞེན་ཆགས་ཀྱི་གཅེས་སྤྲས་བྱེད་དོན་ཆུང་། །དེ་ཕྱིར་ཁང་གོག་འདི་ང་ནི་རིང་དུ་སྤོང་། །ཤ་ཁྲག་འབྱུང་འདུས་ཀྱི་སྒྱུ་ལུས་གཡར་པོ་འདི། །མཛེས་འདོད་བྱི་དོར་དང་གོས་བརྒྱན་བཟབ་བཟབ་ཀྱང་། །ཤི་དུས་དབང་དུ་འདོར་བར་ཐག་ཆོད་ལ། །ཟས་གོས་དོན་ཕྱིར་དུ་སྡིག་པ་བྱེད་ཀུན་བླུན། །ལར་ཡང་འཁོར་བ་འདི་སྡུག་བསྔལ་འབའ་ཞིག་ལ། །བདག་ནི་ཞེན་ལོག་དང་སྐྱོ་བ་གཏིང་ནས་སྐྱེས། །དམ་པའི་ལྷ་ཆོས་ལ་བཤོལ་འདེབས་མི་འཚལ་ཞིང་། །འདི་ཕྱིར་ཕན་ངེས་ཀྱི་ཆོས་འདི་ཁྱོད་ཀྱང་མཛོད། །ཅེས་ཞིབ་པར་སྨྲས་ཤིང་སྦྲང་རྩིའི་ལོངས་སྤྱོད་མང་དུ་སྦྱིན་ནས་བཤོལ་མ་ཐེབས་སོ། །དེ་ནས་འོད་མཛེས་དམ་པའི་ཕ་མ་གཉིས་ཀྱང་བུ་ལ་སེམས་འཕྲེང་ཞིང་རབ་ཏུ་འཕང་ཀྱང་། གཞན་ཐབས་ཀྱིས་དབེན་པར་


TR001_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་ཆོས་ལ་གཏོང་བར་ཁས་བླངས་ཏེ། བུ་འོད་མཛེས་དམ་པ་ཤར་ཕྱོགས་ཀོང་རོང་ཤིང་ལོའི་སྐྱིད་ཚལ། གུ་རུ་པདྨའི་བྱིན་གྱིས་བརླབ་པའི་ས་ཕྱོགས་སུ་འགྲོ་བར་འཆས་ཏེ། ཚེས་བརྒྱད་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་གྱི་ཉི་མ་ལ་བབ་པའི་ཚེ། སྦྲང་ཆུང་འོད་མཛེས་དམ་པ་ཆོས་ལ་འགྲོ་བའི་སྐྱེལ་ཐུང་དུ། ཕ་མ་གཉིས་ཀྱི་ཐོག་དྲངས་པའི་ཉེ་འབྲེལ་མཛའ་རོག་དཔག་ཏུ་མེད་པ་རྣམས་ཀྱིས་ཉིན་ལམ་ཕྱེད་དང་གཉིས་ཀྱི་བར་དུ་སྐྱེལ་ཐུང་བྱས་ཤིང་། སོ་སོ་ནས་སྦྲང་རྩི་སོགས་ལོངས་སྤྱོད་དཔག་ཏུ་མེད་པའི་བརྫོང་བ་བྱས་པ་ཀུན་ཀྱང་འོད་མཛེས་དམ་པས་སླར་ཐམས་ཅད་ལ་བགོས་ནས་བྱིན་ཞིང་། ཕན་ཚུན་བརྩེ་བའི་སླབ་བྱ་མང་དུ་བྱས་ཏེ་སོ་སོར་གྱེས་སོ། །དེ་ནས་འོད་མཛེས་དམ་པས་ཀོང་ཡུལ་སྨད་ཀྱི་ཆ། བདེ་ཆེན་བསིལ་བའི་ཡང་ཚོལ་ཞེས་བྱ་བའི་གནས་སུ་ཕྱིན་ཏེ། ཉིན་མཚན་གཡེལ་བ་མེད་པ་ཏིང་ངེ་འཛིན་ལ་བརྩོན་པས།


TR001_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པའི་གོ་འཕང་དམ་པ་ཐོབ་པར་གྱུར་ཅེས་གྲག་གོ། །འཁོར་བའི་རང་བཞིན་སྡུག་བསྔལ་གྱི་མེ་འོབ་འདི་ལས་ཐར་པའི་ཐབས་ལ་འབད་དགོས་པའི་ཚུལ་དང་། གཉེན་དང་ཉེ་འབྲེལ་ཕ་མ་ཀུན་གྱིས་ཆོས་ཀྱི་བར་ཆད་བཤོལ་འདེབས་བྱེད་པ་ལ་མི་ཉན་པར་ཆགས་ཞེན་གྱི་འཁྲི་བར་བཅོད་དགོས་ཚུལ་གྱི་རབ་ཏུ་འབྱེད་པ་སྟེ། བསྟན་བཅོས་པདྨ་དཀར་པོའི་འདབ་མ་གཉིས་པའོ། །དེ་ལྟར་འཁོར་བ་སྡུག་བསྔལ་གྱི་མེ་འོབ་ཆེན་པོ་ལ་ཐར་བར་བྱས་ནས། ཡང་དག་པའི་ལམ་དུ་འཁྲིད་པར་བྱེད་པའི་དེད་དཔོན་དམ་པ་ནི་དགེ་བའི་བཤེས་གཉེན་ཁོ་ན་ལ་བསྟན་དགོས་པའི་ཚུལ་ཡང་འདི་ལྟ་སྟེ། སྔོན་འདས་པའི་དུས་ན་ཡུལ་གངས་རི་རྒྱལ་པོ་སྤོས་ངད་ལྡན་ཞེས་བྱ་བ་ན། གཅན་གཟན་གྱི་ཚོགས་དཔག་ཏུ་མེད་པར་གནས་ཤིང་། དེ་དག་གི་གཙོ་བོ་ནི་སེང་གེའི་རྒྱལ་པོ་བྱམས་


TR001_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྙིང་རྗེ་ཞེས་བྱ་བ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་མཐའ་དག་དང་ལྡན་ཞིང་། ཡོན་ཏན་དུ་མས་ཉེ་བར་བརྒྱན་པ་ཞིག་གིས་རང་གི་རིགས་མཐུན་གྱི་སྐྱེ་འགྲོ་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་དགའ་སྟོན་འགྱེད་ཅིང་གནས་སོ། །ཡང་དེའི་ཚེ་ཡུལ་མཆོག་ཏུ་གྱུར་པ་མདོ་ཁམས་སྨད་ཀྱི་ཆ། གླིང་གེ་སར་ཆེན་པོའི་ཡུལ་ཞེས་བྱ་བ་ན་གངས་རིའི་རྒྱལ་པོ་འོད་འབར་ཞེས་བྱ་བ་ཞིག་ཏུ། སེང་གེ་སྤྲིན་གྱི་ཤུགས་ཅན་ཞེས་པ་དད་པ་སྙིང་རྗེ་ཆེ་བ་ཉིན་མཚན་གཡེལ་མེད་དུ་ཆོས་ཁོ་ན་དོན་དུ་གཉེར་བ་གཅིག་ཡོད་པ་དེ། སྤྱིར་གྱི་བསྐལ་དུས་སྙིགས་མའི་བྱེད་སྤྱོད་ལ་སྐྱོ་ཞིང་། ཁྱད་པར་ཆོས་མེད་ཆོས་སུ་བརྫུ་བའི་ཚུལ་ཆོས་གཡོ་རྒྱུ་མཁན་གྱིས་སེར་གཟུགས་དག་ལ་སྐྱོ་བ་གཏིང་ནས་སྐྱེས་ཏེ། ཀྱེ་མ་དིང་སང་སྙིགས་མའི་དུས། །སྟོན་པ་སྒྲོན་མེ་ནུབ་གྱུར་ཅིང་། །དེས་གསུངས་ཆོས་ཀྱང་ནུབ་པར་ཉེ། །དགེ་འདུན་རྣམས་དང་ཆོས་པ་ལ། །


TR001_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་སྟི་རིམ་གྲོ་མི་བྱེད་པར། །ཟོག་པོ་བསླུ་བྲིད་མཁན་རྣམས་ལ། །བསྟོད་ཅིང་བཀུར་བའི་གནས་སུ་བྱེད། །ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱང་། །འདུ་འཇིའི་ལོངས་སྤྱོད་དག་གིས་གཡེང་། །སྡོམ་པ་མི་འཛིན་ཀུན་སློང་འཛིན། །ཚུལ་ཁྲིམས་མི་འཛིན་ཚུལ་ཆོས་འཛིན། །ཏིང་འཛིན་མི་བསྒོམ་བསམ་ངན་བསྒོམ། །དམ་ཆོས་མི་བྱེད་གཡོ་རྒྱུ་བྱེད། །ཀྱེ་མ་འདི་འདྲའི་ཆོས་གཟུགས་མང་། །གཞན་ཡང་བླ་མའི་གཟུགས་བརྙན་འགའ། །དགེ་བའི་ཆོས་རྣམས་རིང་དུ་སྤོང་། །གསང་སྔགས་བཀའ་ལ་རས་ཆོད་བྱེད། །ལུང་མེད་བརྫུན་གྱིས་མི་མགོ་བསྐོར། །བདུད་ཀྱིས་བྱིན་གྱི་བརླབས་པ་ཡི། །བསླུ་བྲིད་མཁན་གྱི་བླ་མ་དང་། །གཞན་ཡང་དམ་མེད་སྔགས་པ་དང་། །ཕྱི་ཞི་ནང་བརྩུ་དགེ་བཤེས་དང་། །བླུན་པོ་ཟོག་པོའི་སྒོམ་ཆེན་དང་། །ལྟ་དམན་སྤྱོད་རྩིངས་རྟོག་ལྡན་དང་། །ངན་སེམས་ཅན་གྱི་ཡོན་བདག་སོགས། །ཀྱེ་


TR001_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་འདྲའི་དུས་ཚོད་ན། །ཡང་དག་དགེ་བའི་བཤེས་གཉེན་ནི། །ཉིན་མོའི་སྐར་མ་ལས་ཀྱང་དཀོན། །སྣང་སྲིད་རྨི་ལམ་སྒྱུ་མ་འདྲ། །ཚེ་སྲོག་རྩྭ་ཁའི་ཟིལ་པ་འདྲ། །བདག་ནི་སྲོག་ལ་བབ་གྱུར་ཀྱང་། །དགེ་བའི་བཤེས་གཉེན་འཚོལ་དུ་འགྲོ། །ཅེས། ཕྱོགས་ཐམས་ཅད་དུ་ཡང་དག་པའི་ལམ་ལ་འགོད་ནུས་པའི་དགེ་བའི་བཤེས་གཉེན་ནི་གང་ན་གནས་ཞེས་འདྲི་ཞིང་འཚོལ་དུ་སོང་བ་ལས། རེ་ཞིག་ཅིག་ན། གངས་རིའི་རྒྱལ་པོ་སྤོས་ངད་ལྡན་ན་སེང་གེའི་དེད་དཔོན་བྱམས་པའི་སྙིང་པོ་ཞེས་བྱ་བ། ཡང་དག་པའི་ཆོས་སྟོན་པའི་བཤེས་གཉེན་དམ་པ་ཞིག་བཞུགས་ཅེས་ཐོས་སོ། །དེ་ཐོས་པས་བཀྲེས་པས་ཟས་བརྙེད་པ་ལྟ་བུའམ། རྟ་མོ་རྟེའུ་སྟོར་བ་སླར་བརྙེད་པ་ལྟ་བུའི་ཡིད་ལ་དགའ་བ་དཔག་ཏུ་མེད་པ་ཐོབ་ནས། གངས་རིའི་རྒྱལ་པོ་སྤོས་ངད་ལྡན་གྱི་ཕྱོགས་སུ་ཉིན་མཚན་མེད་པར་ཚ་གྲངས་ངལ་དུབ་ཀྱི་དཀའ་བ་དཔག་མེད་ཁྱད་དུ་བསད་ནས་རིངས་རིངས་པར་སོང་ངོ་། །དེ་ལྟར་ཕྱིན་ནས་ཀྱང་


TR001_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཚད་འགའ་ཞིག་བགྲོད་པའི་ས་ན། ཤིང་ལྗོན་པ་ཡིད་དུ་འོངས་པ་ཅིག་གི་སྟེང་ན་བྱ་ཁུ་བྱུག་གཅིག་སྐད་འབྱིན་ཅིང་འདུག་པ་མཐོང་ནས་སྨྲས་པ། རབ་མཛེས་ལྗོན་པའི་སྟེང་ན་བདེར་གནས་པའི། །བྱ་རྒྱལ་གཡུ་ཡི་མདོག་ཅན་སྐད་སྙན་པ། །དམ་པ་ཁྱོད་ནི་ཕྱོགས་དེར་བཞུགས་པ་ལེགས། །སྲིད་པའི་ཆུ་བོ་སྒྲོལ་མཛད་ཐུགས་རྗེ་ཅན། །བྱང་ཆུབ་སེམས་དཔའ་བྱམས་པའི་སྙིང་པོ་ཞེས། །སྐྱེ་མཆོག་དེ་འདྲ་ཁྱེད་ཀྱི་མ་མཐོང་ངམ། །ཅེས་སྨྲས་ཏེ་ཡུན་ཞིག་ན་ཁུ་བྱུག་དེ་ཉིད་འཕུར་ཏེ་རི་བོ་ཆེན་པོ་ཞིག་གི་རྒྱབ་ཏུ་སོང་བ་ནས་སེང་གེས་བསམ་པར་ཨེ་མ། འདི་ལྟ་བུའི་ངང་ཚུལ་ནི་མི་རྟག་པའི་རང་བཞིན་དུ་འདུག་པ། ལུས་ཀྱི་ལྗོན་ཤིང་ལ་སེམས་ཀྱི་ཁུ་བྱུག་གནས་ཤིང་། ངག་གི་སྒྲ་དུ་མ་བསྒྲགས་ཀྱང་། ཡུད་ཙམ་གཅིག་ལ་ལུས་སེམས་སོ་སོར་གྱེས་ཤིང་། རི་བོ་ཆེན་པོའི་རྒྱབ་ཏུ་སོང་བ་དང་འདྲ་བ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བར་ཐག་ཆོད་པས་


TR001_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ཡང་བདག་ལ་ཆོས་ཀྱི་བསྐུལ་འདེབས་སུ་འདུག་སྙམ་པའི་འདུན་པ་ཤར་རོ། །དེ་ནས་ཡང་རིང་ཞིག་ན་སོང་སོང་བ་ལས། རེ་ཞིག་གཅིག་ན་མེ་ཏོག་ཨུཏྤ་ལའི་ཕུང་པོ་ཞིག་ལ་བུང་བ་གཅིག་རྩི་བཅུད་འཐུང་ཞིང་འཁོར་བ་མཐོང་ནས་སྨྲས་པ། ཨནྡྷ་རྙིལ་གྱི་མདོག་འདྲའི་ཨུཏྤ་ལའི། །ཕུང་པོའི་སྟེང་གི་བུང་བ་ཁྱོད་ཉོན་དང་། །ཚེ་ལ་ལོངས་མེད་ནམ་འཆི་མི་ཤེས་ཤིང་། །འཆི་དུས་ཆོས་མིན་ཅིས་ཀྱང་མི་ཕན་པས། །བདག་ནི་དགེ་བའི་བཤེས་གཉེན་འཚོལ་དུ་འགྲོ། །ཁྱོད་ཀྱང་ཆོས་ལ་བརྩོན་པ་མི་འཐད་དམ། །ཅེས་སྨྲས་ཤིང་། འདི་ལྟ་བུའི་ཚུལ་ཡང་བདག་ལ་བསྐུལ་མར་འདུག་སྟེ། ནོར་རྫས་ལོངས་སྤྱོད་རྩོལ་སྒྲུབ་དུ་མས་བསགས་ཀྱང་མཐར་གཞན་གྱིས་འཁྱེར་བ། དེས་སྦྲང་མའི་སྦྲང་རྩི་དང་འདྲ་བའི་བརྡར་གོའོ། །ཡང་སོང་སོང་བ་ལས། རེ་ཞིག་ན་རྫིང་བུ་ཡིད་དུ་འོང་ཞིང་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ་ཞིག་ན་བྱ་ངང་


TR001_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཞིག་རྫིང་བུའི་ནང་དུ་བརྩེ་ཞིང་ཕན་ཚུན་དུ་འགྲོ་བ་ལས། ཡུན་རིང་མོ་ཞིག་ན་ཕྱི་རོལ་དུ་བྱུང་སྟེ། ནེའུ་སིང་མཛེས་པའི་དཀྱིལ་ན་དལ་དལ་ལྟར་འདུག་པ་མཐོང་སྟེ་སྨྲས་པ།། ༈ །།གནམ་སྔོན་ཞུ་བ་འཁྱིལ་འདྲའི་རྫིང་བུའི་ནང་། ཡིད་འོང་པདྨས་བཀྲ་བ་དེ་དག་ནི། །ཁྱེད་ཅག་ངང་པས་བརྟེན་པ་ལེགས་མོད་ཀྱང་། འཆི་བདག་བྱུང་དུས་དམ་ཆོས་མ་རྟོགས་པ། །མེ་ཏོག་རྫིང་བུ་ལེགས་ཀྱང་དགོས་རྒྱུ་ཆུང་། །ཞེས་སྨྲས་ཤིང་། ཚུལ་འདི་ཡང་རྨོངས་པའི་འགྲོ་བ་རྣམས་འཁོར་བའི་རྒྱ་མཚོ་དང་འདོད་ཡོན་གྱི་མེ་ཏོག་ལ་ཆགས་ཏེ། ཡང་ནས་ཡང་དུ་འཁོར་བའི་གནས་སུ་འཁྱམས་པ་ལས། གང་དེ་དག་ལ་མ་ཆགས་ཤིང་བོར་བར་བྱས་ན་ཐར་ལམ་བདེ་བའི་སྐམ་པར་སྡུག་བསྔལ་དུ་མས་དུབ་པའི་སེམས་ཉིད་ངལ་གསོ་ཞིང་། དོན་མེད་འཇིག་རྟེན་གྱི་བྱ་བས་ལུས་ངག་ཡིད་གསུམ་བྲེལ་བ་ཐམས་ཅད་སྤངས་སྟེ། ཞི་བདེ་ཆོས་ཉིད་ཀྱི་ངང་དུ་དལ་


TR001_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བའི་བརྡར་གོའོ། །དེ་ནས་དཔག་ཚད་འགའ་ཞིག་ཕྱིན་པ་དང་། གངས་རིའི་རྒྱལ་པོ་སྤོས་ངད་ལྡན་ག་ལ་བ་དེར་སླེབས་སོ། །དེར་གནས་པའི་སྲོག་ཆགས་ཐམས་ཅད་ཀྱང་སེང་གེའི་རྒྱལ་པོ་དགེ་བའི་བཤེས་གཉེན་ལ་བརྟེན་པའི་སྟོབས་ཀྱིས་སེམས་ལས་སུ་རུང་ཞིང་ཁ་ན་མ་ཐོ་བ་དང་ཉོན་མོངས་པའི་སེམས་མེད་ཅིང་ཕན་ཚུན་གཅིག་ལ་གཅིག་བྱམས་ཤིང་ཆོས་དང་མཐུན་པར་གནས་སོ། །སེང་གེའི་སྤྲིན་གྱི་ཤུགས་འཆང་གིས་ཀྱང་བྱང་ཆུབ་སེམས་དཔའ་ལ་དམ་པའི་ཆོས་མཉན་ཞིང་ཆོས་ལ་བརྩོན་པའི་མཐུས། མཐོ་རིས་མིའི་ལུས་དལ་འབྱོར་ཆོས་ལྡན་གྱི་སྐྱེ་བ་ཡོངས་སུ་བཟུང་བར་གྱུར་ཞེས་གྲག་གོ། །དེ་ལྟར་ཆོས་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ལ་རག་ལས་པས། བློ་ལྡན་རྣམས་ཀྱིས་ལུས་དང་སྲོག་ལ་མ་ལྟོས་པར་བཤེས་གཉེན་དམ་པ་བཙལ་ཞིང་། བརྙེད་ནས་ཀྱང་འགྱུར་ལྡོག་མེད་པའི་དད་པ་དང་ལྡན་པས་ཅི་གསུངས་ཚད་མར་འཛིན་པས་བཀའ་བསྒྲུབ་ཅིང་། མོས་གུས་


TR001_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཞབས་གཏོགས་ཀྱིས་མཉེས་པར་བྱས་ན་ཐར་པའི་ལམ་སྣ་ཟིན་པར་ཐེ་ཚོམ་མེད་དོ་ཞེས་འདོམ་པའི་དོན་ཏོ། །དགེ་བའི་བཤེས་གཉེན་བསྟེན་པའི་རབ་ཏུ་འབྱེད་པ་སྟེ། བསྟན་བཅོས་པདྨ་དཀར་པོ་འདབ་མ་གསུམ་པའོ། །དེ་ལྟར་དགེ་བའི་བཤེས་གཉེན་དམ་པ་ལེགས་པར་བསྟན་ཞིང་། སྡིག་པའི་གྲོགས་པོ་དག་རིང་དུ་སྤང་དགོས་ཏེ། དེ་ཡང་སྡིག་གྲོགས་བསྟེན་པའི་ཉེས་པ་ནི་དཔག་ཏུ་མེད་པའི་ཚུལ་མདོ་རྒྱུད་དུ་མ་ནས་གསུངས་ཤིང་། གཞན་ཡང་འདི་ལྟར་ཐོས་ཏེ། སྔོན་གྱི་དུས་སུ་རི་དགས་རྣམས་མདུན་མ་བྱས་ཏེ། བདག་ཅག་རྣམས་ལ་དཔོན་ཅིག་མེད་ན་ཁྲིམས་མེད། ཁྲིམས་མེད་ན་གཅིག་ལ་གཅིག་མི་ཉན་ཞིང་ཆེ་ཆུང་དང་དྲག་ཞན་གྱི་རིམ་པ་མེད་པར་ཕྲག་དོག་ཆགས་སྡང་འགྲན་སེམས་ཀྱིས་ཀུན་ནས་བླངས་པས་འཆམ་པའི་དུས་མི་ཡོང་བས། དཔོན་གཅིག་ཅི་ནས་ཀྱང་དགོས། དེས་ན་རིགས་སུ་བཟང་། བློ་གྲོས་སུ་ཆེ་


TR001_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་དཔའ་རྩལ་སུ་ཆེ་ཟེར་བ་ལས། རང་རང་གི་ཡོན་ཏན་བརྗོད་ཅིང་དཔོན་ང་རང་ཨེ་ཐོབས་བསམ་པའི་ལྐོག་ཏུ་གཅིག་ལས་གཅིག་རེ་བ་དང་ང་རྒྱལ་ཆེ་སྟེ། ཤ་ཝ་ན་རེ། ཀྭ་ཡེ་ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ལས། །གཟུགས་བཟང་སྐྱེས་ལེགས་དཔའ་རྩལ་གཞན་ལས་ཆེ། །དུང་གི་རྭ་བཅུ་ཕ་རོལ་ཕྱིན་བཅུར་ལྡན། །ཡོན་ཏན་ཀུན་ཚངས་དཔོན་དུ་ང་ཉིད་འོས། །ཟེར་རོ། །གླ་བ་ན་རེ། ཉོན་མོངས་གདུང་སེལ་སྨན་མཆོག་ལུས་ལ་འཆང་། །བློ་གྲོས་ཆེ་ཞིང་གཟུགས་མཛེས་ཡང་རྩལ་ལྡན། །ཀུན་གྱི་དཔོན་པོར་འོས་པ་ང་ཡིན་མོད། །དོན་མེད་རྭ་ཅོ་རིང་བས་ཅི་ཞིག་བྱ། །ཟེར་རོ། །རི་བོང་ན་རེ། ཀྱེ་མ་རི་དགས་གྲོགས་ཀུན་གསན་མཛོད་དང་། །རྒྱལ་པོར་མིང་བཏགས་སྡིག་ལ་སྤྱོད་གྱུར་ན། །འབངས་རྣམས་བདེ་བའི་གོ་སྐབས་མི་འབྱུང་ཞིང་། །དགེ་ལ་གཞོལ་བ་རི་བོང་བདག་ཅག་ཙམ། །གཟུགས་ཁོག་ཆེ་བས་དཔོན་


TR001_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོས་གྱུར་ན། །བྲག་རི་འདི་ཡང་རྒྱལ་པོར་འོས་སམ་ཅི། །དེ་ཕྱིར་དཔོན་དུ་བདག་ཉིད་མི་འོས་སམ། །ཟེར་རོ་གཞན་ཡང་རྣ་བ་དང་། བསེ་དང་། འབྲོང་དང་། རྐྱང་དང་། དགོ་བ་དང་། གཉན་དང་། སྐྱིན་དང་། རྩོད་དང་། ཐ་ན་ཕྱི་བ་དང་བྲ་བ་ཡན་ཆད་ཀྱང་རང་རང་གི་ཡོན་ཏན་བརྗོད་ཅིང་དཔོན་ཐོབ་ཏུ་རེ་བ་ལ་ཁ་མ་འཆམ་པས། ཉིན་ཞག་མང་པོའི་བར་དུ་དཔོན་བཀོད་རྒྱུ་མ་བྱུང་བའི་ཚེ། ཐམས་ཅད་རྒྱ་གར་དུ་རི་དྭགས་ཀྲིཥྞ་སཱ་རའི་དྲུང་དུ་ཞལ་ལྕེ་འདྲི་བར་ཁ་འཆམ་སྟེ། ཤ་ཝ་གདན་འདྲེན་དུ་མངག་ནས་གདན་དྲངས་པས་ཀྲིཥྞ་སཱ་རའི་འདི་སྐད་གསུངས་སོ། །ཨེ་མ། །སྔོན་ཚེ་མི་ཡི་རྒྱལ་པོ་མང་པོས་བཀུར་བ་སྔ། །དགེ་སེམས་ཆེ་ཞིང་ཁོག་ཡང་ཤེས་རྒྱུད་དུལ་བ་སོགས། །ཡོན་ཏན་དུ་མ་ལྡན་ཏེ་ཀུན་གྱིས་དཔོན་འཁུར་བས། །མང་པོས་བཀུར་བའི་རྒྱལ་པོ་ཞེས་གྲགས་དེ་ནས་བྱུང་། །ང་རྒྱལ་རང་མཐོང་ཆེ་ཞིང་རང་གི་ཡོན་ཏན་


TR001_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །དེ་དག་ཐམས་ཅད་དཔོན་གྱིས་འོས་སུ་གྱུར་མ་ཡིན། །བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་སྤྲེའུ་འདི་ཉིད་ནི། །རང་འདོད་ཆུང་ཞིང་ཤེས་རབ་སྙིང་རྗེ་བྱང་སེམས་ལྡན། །བོད་འདིར་མི་རྣམས་སྤེལ་བའི་ཕ་ཡང་འདི་ཡིན་པས། །སྐྱོན་མེད་ཡོན་ཏན་ཀུན་ཚང་འགྲོ་བ་ཡོངས་ལ་དཀོན། །དེ་ཕྱིར་ཁྱེད་ཅག་དཔོན་དུ་སྤྲེའུ་འདི་ཉིད་འོས། །ཅེས་སྨྲས་པས། ཀུན་བཞད་གད་དིར་རི་བྱུང་ཞིང་། །འོན་ཀྱང་སྤྲེའུ་རི་དྭགས་ཀྱི་རྒྱལ་པོར་བཀོད་ནས་ཀུན་གྱིས་དཔོན་དུ་འཁུར་རོ། སྤྲེའུས་ཀྱང་ཆོས་དང་མཐུན་པའི་ཁྲིམས་ཀྱིས་འཚོ་བར་བྱས་ཤིང་ཆོས་བཞིན་དུ་བསྐྱངས་སོ། །དེའི་སྐབས་ཤིག་ཏུ། གཅན་གཟན་ཝ་ཞེས་བྱ་བ་རང་བཞིན་གྱི་རྒྱུད་མ་རུང་ཞིང་སྡིག་ལ་དགའ་བ། གཡོ་སྒྱུ་དང་བསླུ་བྲིད་བག་མེད་པའི་བསམ་པས་ཉེ་བར་འཚོ་བ་ཞིག་ཕྱོགས་དེར་འོངས་སོ། །འོངས་ནས་ཀྱང་དེས་དེ་དག་ལ་སྨྲས་པ། ཀྭ་ཡེ། འཇིག་རྟེན་ན་རྒྱལ་པོར་འོས་སུ་


TR001_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་དགོས་པ་ཡིན་ན། ཁྱེད་ཅག་རི་དྭགས་འདི་ཙམ་གྱིས་དབུས་ནས་གང་ཡོན་ཏན་མེད་ཅིང་གཟུགས་མི་སྡུག་པ། ཤེས་པ་འཚུབ་ཅིང་འདུག་མི་ཟུག་པ་འདི་འདྲ་བའི་འོག་ཏུ་འདུག་ཅིང་རྒྱལ་པོར་འཁུར་བ་ནི་ཁྱེད་ཅག་ཤིན་ཏུ་བླུན་ནོ། །ཞེས་སྨྲས་པ་ལས། རི་དྭགས་རྣམས་ཀྱི་ནང་ནས་ཉོན་མོངས་ཀྱི་དྲ་བར་ཚུད་ཅིང་མ་རིག་པའི་ཐིབ་པོས་ནོན་པའི་བློ་ཆུང་འགའ་ཞིག་གི་བསམ་པ་ལ། ག་རེ། ཁོས་ཟེར་བ་བཞིན་བདེན་པར་འདུག་སྙམ་ནས་སླར་སྨྲས་པ། ཨེ་མ། སྐྱེས་བུ་ཆེན་པོ་ཁྱེད་ཀྱིས་གསུངས་པ་བཞིན་ཇི་ལྟ་བ་སྟེ། འོན་ཀྱང་བདག་ཅག་གི་ནང་ན་གཞན་རྒྱལ་པོའི་འོས་སུ་གྱུར་པ་དག་མ་མཆིས་སོ། །ཅེས་སྨྲས་ཚེ། ཡང་ཝས་སྨྲས་པ། ཀྱེ། འཇིག་རྟེན་ན་དཔོན་པོའི་འོས་སུ་གྱུར་པ་ནི་བདག་ལྟ་བུ་དེ། གཟུགས་མཛེས་པས་ཀུན་གྱི་ཡིད་དུ་འོང་བ། སྐད་


TR001_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པ་སིལ་སྙན་གྱི་སྒྲ་ལྟ་བུ། བློ་ཁོག་ཆེ་ཞིང་ངང་རྒྱུད་རིང་བས་ཀུན་དང་མཐུན་པ་སོགས་ཏེ། ལར་ངའི་ཡོན་ཏན་བརྗོད་ན་དཔག་ཏུ་མེད་དོ། །ཨེ་མ། ང་གངས་དཀར་གྱི་སྟོད་དུ་སྡོད་ཙ་ན། །སེང་ལྕམ་དཀར་མོའི་སྤྱོད་དང་མཚུངས། །ཉམ་ང་མེད་པའི་དཔའ་བོ་ཡིན། །ང་ནགས་མའི་ཁྲོད་དུ་སྡོད་ཙ་ན། །རྒྱ་སྟག་ཁྲ་བོའང་བྲན་དུ་འཁོལ། །ཟིལ་གྱིས་གནོན་པའི་དཔའ་བོ་ཡིན། །ང་ཡ་གི་སྤང་རིའི་ངོས་ལ་ཕྱིན་ཙ་ན། །ལྕེ་སྤྱང་དམར་མོས་ཞེ་ས་འབུལ། །ཀུན་སེམས་འཛིན་པའི་དཔའ་བོ་ཡིན། །ང་མ་གི་ནགས་མའི་རོང་དུ་ཕྱིན་ཙ་ན། །དོམ་ནག་སྙིང་དཀར་ལྷ་ཕྱག་འཚལ། །སྟོབས་དང་ལྡན་པའི་དཔའ་བོ་ཡིན། །ང་མི་རྣམས་ཀུན་གྱི་སྒོ་ནོར་ཡིན། །ལྷ་རྣམས་ཀུན་གྱི་རྟ་མཆོག་ཡིན། །ཀླུ་རྣམས་ཀུན་གྱི་འདོད་འཇོའི་བ། །ང་དེ་ཕྱིར་ཡོན་ཏན་བརྗོད་ལས་འདས། །ཁྱེད་རི་དྭགས་ཀྱི་དཔོན་དུ་ང་ཉིད་འོས། །ཅེས་


TR001_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པས་རི་དྭགས་བློ་ཆུང་ཁ་གཅིག་བདེན་པར་བཟུང་ནས་ཁོའི་རྗེས་སུ་འབྲང་སྟེ་སོང་ངོ་། །དེ་ནས་རེ་ཞིག་ཅིག་ན་ཁོའི་ལས་ཀྱི་རྣམ་པར་སྨིན་པ་དང་། ཚེ་འདིར་བསླུ་བྲིད་མ་རུང་པའི་བསམ་པས་ཁ་འཇམ་ཞེ་ནག་གི་ལས་ཁོ་ན་སྤྱད་པའི་རྣམ་སྨིན་གྱི་འབྲས་བུ་ཉེ་བར་སྨིན་ཏེ། ཡུལ་ཞིག་ཏུ་བཟའ་འཚོལ་དུ་སོང་བ་ལ། རྔོན་པས་གལ་རྙི་གཙུག་པར་ཁོ་ཟིན་ཏེ་བསད་དོ། །ཤི་ནས་ཀྱང་དུད་འགྲོའི་སྐྱེ་གནས་དེ་ཉིད་ལས་སླར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་སུ་སྐྱེས་སོ། །ཁོའི་རྗེས་སུ་ཞུགས་པའི་རི་དྭགས་དེ་རྣམས་ཀྱང་སྡིག་གྲོག་བསྟེན་པའི་ཉེས་དམིགས་ཀྱི་དབང་གིས་སོ་སོ་ནས་རྐྱེན་ངན་སྣ་ཚོགས་པས་རིམ་གྱིས་ཤི་ནས་དམྱལ་གནས་སུ་ལྷུང་བར་གྱུར་ཏེ། སྤྲེའུའི་རྒྱལ་པོ་ལ་བརྟེན་པ་རྣམས་ནི་གནས་སྐབས་དང་མཐར་ཐུག་ཏུ་བདེ་བའི་དཔལ་ལ་ཉེ་བར་སྤྱོད་དོ། །ཞེས་གྲག་གོ། དེ་ལྟ་


TR001_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ངན་སྤྱོད་གཡོ་རྒྱུ་མཁན་གྱི་ངག་ལ་ཉན་པར་མི་བྱ་ཞིང་། ནམ་དུའང་སྡིག་པའི་གྲོག་པོ་སྤང་བར་བྱ་དགོས་སོ་ཞེས་མཚོན་པར་བྱེད་པའི་རབ་ཏུ་འབྱེད་པ་སྟེ། བསྟན་བཅོས་པདྨ་དཀར་པོའི་འདབ་མ་བཞི་པའོ། །ད་ནི་ཞར་ལ་དེ་དག་གི་བརྩོད་པ་སྤོང་བ་ནི། །དེ་ཡང་ལོག་ལྟ་ཅན་གྱི་སྐྱེ་བོ་འགའ་ཞིག་གིས། །ཚུལ་འདི་ནི་མི་རིགས་ཏེ། མི་ཁོམ་པའི་གནས་བརྒྱད་ལ་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་ཚང་ཞིང་། དེ་དག་ལ་ཆོས་ཀྱི་སྣོད་དང་སྤྱོད་ཡུལ་དུ་མ་གྱུར་པའི་ཕྱིར། དུད་འགྲོ་གཅིག་གིས་གཅིག་ལ་ཆོས་སྟོན་པ་དང་ཉན་པ་སོགས་ནི་མི་རིགས་ཤིང་། སྨྲ་མི་ཤེས་པ་རྣམས་ཀྱིས་སྨྲས་པའི་ཚུལ་དང་། འདི་ལྟ་བུ་མ་བྱས་པ་ལ་བྱས་ཞེས་ཟེར་བ་ནི་བརྫུན་རླབས་ཅན་དུ་འགྱུར་རོ་ཞེ་ན་དེ་ལྟར་མི་འགྱུར་ཏེ། ཅིའི་ཕྱིར་ན། སངས་རྒྱས་ཀྱིས་གདུལ་བྱ་དྲང་བའི་ཕྱིར་དུ་གསུངས་པ་ལ་དྲངས་དོན་ཞེས་ཟེར་ཞིང་


TR001_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་དོན་གྱི་ཆོས་ལ་ལས་རྒྱུ་འབྲས་དང་ངན་སོང་གི་སྡུག་བསྔལ་སོགས་དཔག་ཏུ་མེད་པ་གསུངས་པ། འོ་ན་ས་བརྐོས་ཀྱང་དངོས་སུ་དམྱལ་བ་མཐོང་རྒྱུ་མི་སྣང་བས་སངས་རྒྱས་ཀྱིས་བརྫུན་བྱས་སོ། །ཟེར་དགོས་པར་འགྱུར་ཏེ། འགྲོ་བ་རྣམས་ཆོས་ལ་བཀོད་ཕྱིར་གསུངས་མོད་ཅིང་། བདག་ཀྱང་དེ་ལྟ་བུའི་རྗེས་སུ་འབྲང་སྟེ་འདི་ལྟར་བྲིས་པ་ལ་འགལ་བ་མེད་དམ་སྙམ་མོ། །འོ་ན་དུད་འགྲོ་སྨྲ་མི་ཤེས་པ་རྣམས་ཀྱིས་ཆོས་སོགས་སྨྲས་ཚུལ་འདི་ནི་མི་མཚུངས་པའི་བརྫུན་དུ་འདུག་ཅེ་ན། སྔོན་འཕགས་པ་སྤྱན་རས་གཟིགས་ཀྱིས་བུང་བའི་གཟུགས་སུ་སྤྲུལ་ནས་ཝ་ར་་སིར་གཅང་ལྕིའི་འཁྲིད་ཀྱི་འབུ་སྲིན་རྣམས་ལ་ཆོས་བསྟན་ཚུལ་དང་། དེ་བཞིན་གཤེགས་པ་ཉིད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཚེ་རི་དྭགས་རུ་རུ་དང་ངང་པ་དང་རི་བོང་གི་སྐྱེས་རབས་སོགས་དཔག་ཏུ་མེད་པ་མདོ་སྡེ་དུ་མ་ནས་གསུངས་པ་དེ་དག་གཟིགས་འཚལ། ཞར་ལ་བརྩོད་པ་


TR001_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སྤོང་བའི་རབ་ཏུ་འབྱེད་པ་སྟེ། །བསྟན་བཅོས་པདྨ་དཀར་པོའི་འདབ་མ་ལྔ་པ་སྟེ། །རེ་ཞིག་རྫོགས་སོ། །དེ་ལྟར་དཔེ་ཡི་འཕྲེང་བའི་ལེགས་བཤད་འདི། །རྟག་འཛིན་ཞེན་པས་བཅིངས་རྣམས་གདུལ་ཕྱིར་དང་། །བྱིས་པའི་སྐྱེ་བོ་ངོ་མཚར་བསྐྱེད་ཕྱིར་དུ། །ཅུང་ཟད་ཙམ་ཞིག་བདག་གི་འདིར་བྲིས་སོ། །གང་འདི་བདག་ནི་མཁས་དང་ཤེས་འདོད་མ་ཡིན་ཏེ། །སྐྱེ་བོ་མཆོག་དམན་ལ་ལར་ཕན་པའང་སྲིད་སྙམ་སྟེ། །རྒྱལ་དབང་པདྨ་སྙིང་ནས་གསོལ་བ་ལེགས་བཏབ་ནས། །ཚུལ་འདི་གྲུབ་པར་བགྱིས་པའི་དགེ་བ་གང་དེ་དང་། །བྱིན་རླབས་རྩལ་གྱིས་འགྲོ་ཀུན་སྲིད་མཚོ་ལས་སྒྲོལ་ཤོག །གང་གི་དགེ་དེའི་འོད་དཀར་གྱིས། །འགྲོ་ཀུན་ཡིད་ཀྱི་མུན་པ་ཀུན། །རབ་གསལ་བློ་གྲོས་ནོར་རྙེད་ནས། །ཆོས་ཉིད་སྤྲོས་དང་བྲལ་ཐོབ་ཤོག །སྲོག་ཆགས་ཀྱི་བསྟན་བཅོས་ངོ་མཚར་སྒྱུ་མའི་རོལ་རྩེད་ཡིད་འོངས་པདྨ་དཀར་པོའི་འདབ་མ་ལྔ་པ་ཞེས་བྱ་བ་རྫོགས་སོ། །མངྒ་ལཾ།

རྟའི་རྒྱལ་པོ་བཱ་ལ་ཧའི་རྟོག་པ་བརྗོད་པ་ལེགས་བཤད་ཆོས་ཀྱི་རྔ་སྒྲ།


TR001_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་རྒྱལ་པོ་བཱ་ལ་ཧའི་རྟོག་པ་བརྗོད་པ་ལེགས་བཤད་ཆོས་ཀྱི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ། །


TR001_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རྟའི་རྒྱལ་པོ་བཱ་ལ་ཧའི་རྟོག་པ་བརྗོད་པ་ལེགས་བཤད་ཆོས་ཀྱི་རྔ་སྒྲ་ཞེས་བྱ་བ་རྒྱལ་བ་སྲས་དང་བཅས་པ་ལ་གུས་པས་ཕྱག་འཚལ་ལོ། །སྲིད་པའི་རྒྱ་མཚོ་མཐའ་མེད་བརྒལ་དཀའ་བ། །སྡུག་བསྔལ་བཟོད་དཀའ་ལས་ཉོན་རྦ་རླབས་ཀྱིས། །དལ་འབྱོར་གྲུ་བོ་དབང་མེད་གཡེང་རྣམས་ལ། །དེ་ལས་བཟློག་ཐབས་ཚིག་འགའ་བསྙད་པར་བྱ། །གང་ཞིག་འཁོར་བའི་རྒྱ་མཚོ་འཇིགས་རུང་བར། །ཡང་ཡང་འཁོར་ཏེ་ཟོ་ཆུའི་ཁྱུད་མོ་བཞིན། །གཏན་དུ་འཁྱམ་འདི་ད་ནི་བརྩོན་པའི་མཐུས། །འདི་ལས་མྱུར་དུ་ཐར་ལ་འབད་འཚལ་ལོ། །


TR001_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་རྒྱ་མཚོ་ཆེན་པོར་རུས་སྦལ་ཞིག་གནས་ཤིང་། །གཉའ་ཤིང་བུ་ག་གཅིག་པ་རླབས་ཀྱིས་བསྐྱོད་བྱེད་པར། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་དེ་བས་དལ་འབྱོར་ནི། །རབ་ཏུ་བརྙེད་པར་དཀའ་བ་མཁྱེན་མཛོད་གྲོགས་པོ་དག །གང་ཞིག་མེ་ཏོག་ཨུ་དུམ་ཝ་ར་དེ་ཉིད་ནི། །བརྒྱ་ལམ་ན་ཡང་རེས་འགའ་འབྱུང་བར་སྲིད་མོད་ཀྱི། །དལ་འབྱོར་རིན་ཆེན་མི་ལུས་རིན་ཆེན་དེ་བས་བརྙེད་པ་དཀའ། །གང་དེ་བཤེས་ལྡན་རྣམས་ཀྱི་ཐུགས་ལ་མཁྱེན་པར་མཛོད། །གང་ཞིག་དམྱལ་བ་ཡི་དྭགས་དུད་འགྲོ་ཚེ་རིང་ལྷ། །ཐ་ཁོབ་


TR001_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཀླ་ཀློ་ལོག་ལྟ་སངས་རྒྱས་ཀྱིས་སྟོངས་དང་། །ལྐུག་པ་ལ་སོགས་མི་ཁོམ་གནས་བརྒྱད་རབ་སྤངས་ཏེ། །དལ་འབྱོར་ཕུན་ཚོགས་ཤིན་ཏུ་ཐོབ་དཀའ་མཁྱེན་པར་མཛོད།། ༈ །།དེ་ལྟར་གལ་ཏེ་མི་ལུས་ཐོབ་གྱུར་ཀྱང་། །ཚེ་འདི་མི་རྟག་ཆུ་ཡི་ལྦུ་བ་འདྲ། །མྱུར་དུ་འཇིགས་ཤིང་འགྱུར་བའི་ཆོས་ཅན་དེ། །འདུས་བྱས་རྟག་པ་མ་ཡིན་མཁྱེན་པར་མཛོད། །གང་ཞིག་དབྱར་དགུན་སྟོན་དཔྱིད་དུས་བཞིའི་འགྱུར་ལྡོག་དང་། །ཡུལ་དང་གྲོང་ཁྱེར་དགོན་གནས་ལ་སོགས་འཇིག་གྱུར་ཅིང་། །དེ་ན་གནས་པའི་འགྲོ་བ་ཀུན་ཀྱང་འཆི་འགྱུར་བའི། །དོན་དེ་བསོམ་ལ་ད་ལྟ་ཉིད་དུ་ཆོས་མཛོད་ཅིག །གང་ཞིག་བདག་གི་ཕ་མ་སྤུན་ཟླ་གྲོགས་དག་དང་། །འཛའ་ཤེས་གཉེན་དང་ལོ་མཉམ་འཆི་བའི་ཚུལ་བསོམ་ལ། །ཞག་རེ་སོང་ཞིང་འཆི་ལ་ཕར་ཕར་ཉེ་བའི་ཕྱིར། །མྱུར་བ་ཉིད་དུ་དམ་པའི་ཆོས་ལ་འབུང་རེ་རན།།


TR001_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

༈ །།གཞན་ཡང་རང་ཅག་མི་ལུས་མཆོག་ཐོབ་ནས། །དགེ་ལ་མི་བརྩོན་སྡིག་ལ་འཇུག་པ་ན། །ངན་སོང་འཁོར་བའི་སྡུག་བསྔལ་བཟོད་དཀའ་བས། །སྲོག་ལ་བབས་ཀྱང་སྡིག་ལ་འཛེམ་པར་མཛོད། །སེམས་ཅན་དམྱལ་བའི་གནས་ནའང་སྡུག་བསྔལ་ཚད་མེད་དོ། །ཡང་སོས་ཐིག་ནག་རྡུལ་འཇོམས་ངུ་འབོད་ངུ་འབོད་ཆེ། །ཚ་བ་རབ་ཚ་མནར་མེད་ཉི་འཚེ་ཉེ་འཁོར་སོགས། །དེ་དག་ཀུན་ཏུ་མི་སྐྱེའི་ཐབས་ལ་འབད་པར་མཛོད། །ཡི་དྭགས་ཡུལ་ནའང་ཤིན་ཏུ་སྡུག་བསྔལ་ཏེ། །ཕྱི་ནང་སྒོ་ཁྱུད་སྒྲིབ་པ་ཅན་ལ་སོགས། །ཟས་སྐོམ་མི་བརྙེད་རྙེད་ཀྱང་ཁྲོ་ཆུར་འགྱུར། །བསྲུང་བར་མཐོང་སོགས་དཔག་མེད་མཁྱེན་པར་མཛོད། །དུད་འགྲོའི་གནས་ནའང་ཤིན་ཏུ་སྡུག་བསྔལ་ཏེ། །གཅིག་གིས་གཅིག་གསོད་དབང་མེད་བསྐོལ་གཅོད་བརྡོག །མཁལ་འགལ་ཁྲག་


TR001_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཙགས་བལ་བྲོག་ཤ་ཕྱིར་གསོད། །དེ་སོགས་སྡུག་བསྔལ་དཔག་མེད་མཁྱེན་པར་མཛོད། །གང་ཞིག་མི་རྣམས་ལ་ཡང་སྡུག་བསྔལ་ཚད་མེད་དེ། །སྐྱེ་རྒ་ན་འཆི་དགྲ་དང་ཕྲད་ཅིང་གཉེན་བྲལ་དང་། །འདོད་པའི་དོན་མ་གྲུབ་དང་དབུལ་ཞིང་འཕོངས་པ་སོགས། །རྟག་ཏུ་སྡུག་བསྔལ་འདམ་དུ་བྱིང་བ་མཁྱེན་པར་མཛོད། །གང་ཞིག་ལྷ་མིན་གནས་ནའང་ཞེ་སྡང་དབང་གྱུར་པས། །དོན་མེད་འཐབ་བརྩོད་འཁྲུག་དང་གཅིག་གིས་གཅིག་གསོད་ཅིང་། །རལ་གྲི་མདུང་ཐུང་ཤཀྟི་ལ་སོགས་འཕེན་བྱེད་པ། །འཐབ་བརྩོད་སྡུག་བསྔལ་ཤིན་ཏུ་ཆེ་བ་མཁྱེན་པར་མཛོད། །ལྷ་ཡུལ་རྣམས་སུ་སྐྱིད་པར་སྣང་ཡང་འགྱུར་བ་སྟེ། །ལུས་ཀྱི་མདོག་ཉམས་འོད་ཀྱང་ཡལ་ཞིང་གྲོགས་ཀྱི་བོར། །ཕྱི་མའི་སྡུག་བསྔལ་སྐྱེ་གནས་ངན་མཐོང་སྙིང་མི་དགའ། །འཕོ་ལྟུང་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་མཁྱེན་པར་མཛོད།། ༈ །།དེ་ལྟར་འཁོར་བ་མེ་འོབ་


TR001_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུ་ལས། །རྟག་ཏུ་མི་ཐར་ཁྲི་མུན་ཆུད་བཞིན་དུ། །བདེ་བའི་གོ་སྐབས་ཅུང་ཟད་ཙམ་མེད་པ། །འདི་ལས་ད་ལྟ་ཉིད་དུ་བྲོས་རེ་རན། །འཁོར་བ་མི་བཟད་སྡུག་བསྔལ་རྒྱ་མཚོ་ཆེ་འདི་ལས། །ཐར་བྱེད་མི་ལུས་རིན་ཆེན་གྲུ་བོ་རྙེད་དུས་འདིར། །དེད་དཔོན་ཁ་ལོ་བསྒྱུར་བྱེད་ལྟ་བུའི་བླ་མ་ལ། །རབ་ཏུ་དད་དང་མོས་གུས་ལྡན་པས་རྟག་བསྟེན་མཛོད། །གང་ཞིག་ནོར་བུ་རིན་ཆེན་རྙེད་ནས་སླར་འདོར་ལྟར། །འདྲེན་མཆོག་མཚན་ལྡན་བླ་མ་རྙེད་ཀྱང་མི་བསྟེན་ཞིང་། །དད་པའི་དམ་ཆོས་བདུད་རྩི་འཐུང་བར་མི་བྱེད་པའི། །མི་དེ་རབ་ཏུ་བླུན་རྨོངས་ལགས་པར་མཁྱེན་པར་མཛོད། །གང་ཞིག་རོ་མྱག་འདམ་ཕྱིན་མི་གཙང་གོས་པ་བཞིན། །སྡིག་པའི་གྲོག་དང་འགྲོགས་པས་རང་ཡང་ངན་པར་འགྱུར། །དམ་པ་རྣམས་དང་འགྲོགས་པས་རང་ཡང་དམ་པར་འགྱུར། །དེ་ཕྱིར་སྡིག་པའི་གྲོགས་


TR001_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྤངས་ལ་འབད་འཚལ་ལོ།། ༈ །།དེ་ལྟར་ལེགས་པར་བཤད་པ་ཅུང་ཟད་ཙམ་བརྗོད་ནས། ད་ནི་སྔོན་བྱུང་གི་གཏམ་ལ་བརྟེན་ནས་བརྗོད་པར་བྱ་སྟེ། དེ་ཡང་འདི་ལྟར་སྔོན་བྱུང་བ་འདས་པའི་དུས་ན། འོ་སྐོལ་གྱི་སྟོན་པ་ཤཱཀྱའི་དབང་པོ་འདི་ཉིད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པའི་ཚེ། རེ་ཞིག་ཅིག་ན་ཚོང་པ་རྣམས་ཀྱི་དེད་དཔོན་ཆེན་པོ་ཞིག་ཏུ་སྐྱེ་བ་ཡོངས་སུ་ཟིན་པར་གྱུར་ཏོ། །ཞེས་གྲག་གོ།། ༈ །།དེ་ནི་གཟུགས་བཟང་སྙིང་སྟོབས་ཆེ་བ་དང་། །སྙིང་རྗེ་ཆེ་ཞིང་གཞན་དོན་རྟག་ཏུ་བརྩོན། །ངང་རྒྱུད་མཆོག་ཏུ་རིང་ཞིང་བརྩོན་འགྲུས་ལྡན། །གཞན་ཕན་བསྒྲུབ་ལ་རྟག་ཏུ་གཡེལ་མེད་གནས།། ༈ །།དེ་ལྟ་བུའི་བྱང་ཆུབ་སེམས་དཔའ་དེ་རེ་ཞིག་ཅིག་ཚོང་པ་ལྔ་བརྒྱ་དག་དང་། ལྷན་ཅིག་ཏུ་ཕྱིའི་རྒྱ་མཚོ་ཆེན་པོར་ནོར་བུ་རིན་པོ་ཆེ་ལེན་པའི་སླད་དུ། གྲུ་གཟིངས་ཀྱི་ཡོ་བྱད་དང་བཅས་ཏེ་གྲུ་བོ་ཆེའི་ནང་དུ་


TR001_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པར་གྱུར་ཏོ། །དེ་ནས་དེ་དག་རྒྱ་མཚོ་ཆེན་པོར་ཉིན་ཞག་མང་པོར་སོང་སོང་བ་ལས། རེ་ཤིག་ཅིག་ན་ཚོང་ཕྲུག་རྣམས་བསོད་ནམས་དམན་ཞིང་བདུད་ཀྱི་རིག་གྱུར་རྣམས་སྟོབས་ཆེ་བ་དང་། དཀར་ཕྱོགས་ཀྱི་ལྷ་ཀླུ་རྣམས་མཐུ་ཆུང་ཞིང་རྩལ་མེད་པར་གྱུར་ནས། འདི་ལྟ་སྟེ། ནམ་མཁར་སྤྲིན་ནག་གི་ལྡིང་གུར་ནི་རབ་ཏུ་ཕུབས། ཉི་ཟླ་དང་སྐར་ཚོགས་ནི་སྣང་བ་མེད་པར་གྱུར། རླུང་ཆེན་པོའི་སྒྲ་ནི་རབ་ཏུ་ཆེས་ཆེར་སྒྲོགས། ཆར་གྱི་ཚོགས་དྲག་པོ་ནི་ཉིན་མཚན་བར་མེད་དུ་འབབ་ཅིང་། གྲུ་བོ་ཆེ་དེ་ཉིད་ཀྱང་མི་འདོད་པའི་རླུང་གིས་རབ་ཏུ་བསྐྱོད་ནས་སྲིན་མོའི་གླིང་གི་ཕྱོགས་སུ་དཔག་ཆེན་གྱི་མདའ་འཕངས་པ་ལྟར་འཁྱེར་བར་གྱུར་ཏོ།། ༈ །།ཆུ་འཛིན་བུང་བ་ལྟ་བུར་རབ་གནག་ཅིང་། །འབྲུག་སྟོང་ལྡིར་བ་ལྟ་བུའི་སྒྲ་ཡང་སྒྲོགས། །ཆར་གྱི་རྒྱུན་ཡང་རབ་ཏུ་ཆེར་འབབ་པས། །གྲུ་ཡང་འཆི་བདག་ཕྱོགས་སུ་


TR001_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་གྱུར། །དེ་ལྟར་གྲུ་བོ་ཆེ་དེ་ཉིད་མི་འདོད་པའི་རླུང་གི་ཤུགས་ཆེན་པོས་བསྐྱོད་ནས། སིངྒྷ་ལ་ཞེས་བྱ་བའི་སྲིན་མོའི་གླིང་ཞིག་ཏུ་ཕྱིན་པར་གྱུར་ཏེ། ཡུལ་དེར་གནས་པའི་སྲིན་མོ་རྣམས་ཀྱང་འཛམ་བུ་གླིང་གི་ཚོང་པ་འོངས་པ་མཐོང་སྟེ། ལྷ་མོ་ཤིན་ཏུ་མཛེས་པ་ལྟ་བུའི་གཟུགས་སུ་བསྒྱུར་ནས་ཚོང་པ་རྣམས་ལམ་དུ་བསུས་ཤིང་ཟས་སྐོམ་གྱིས་ཚིམ་པར་བྱས་ཏེ། བདག་ཅག་གི་ཡུལ་འདིར་བཞུགས་ཤིག་ཅེས་སྨྲས་ནས། སྲིན་མོའི་དཔོན་དེས་ཚོང་དཔོན་འཁྲིད་ཅིང་གཞན་རྣམས་ཀྱིས་ཀྱང་ཚོང་པ་རེ་རེ་བཞིན་ཁྲིད་ནས་ལྷོ་ཕྱོགས་སུ་མ་འབྱོན་གཅིག་ཟེར་ཏེ་སོ་སོར་ལྷན་ཅིག་གནས་པར་གྱུར་ཏོ། །ཚོང་པ་རྣམས་ཀྱིས་ཀྱང་དེ་དག་སྲིན་མོ་ཡིན་པ་ནི་མ་རིག་ཅིང་གཟུགས་དང་ལོངས་སྤྱོད་སོགས་ལ་ཡིད་རབ་ཏུ་མགུ་བས་གནས་སོ། །སྲིན་མོ་ལྷ་མོར་སྤྲུལ་པའི་གཡོ་རྒྱུ་ཡིས། །མི་ཤེས་རྨོངས་པའི་ཚོང་པ་བསླུས་པ་ལྟར། །མ་རིག་མུན་


TR001_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཁྱམས་པའི་འགྲོ་བ་ཀུན། །འདོད་ལ་ཆགས་པས་འཁོར་བར་ལྷུང་འདི་མཚུངས། །དེ་ལྟར་ཚོང་པ་དེ་དག་སྲིན་མོ་རྣམས་དང་ལྷན་ཅིག་ཏུ་གནས་པ་ལས་རེ་ཤིག་གི་ཚེ། ཚོང་དཔོན་ཆུང་མ་དང་ལྷན་ཅིག་མལ་དུ་ཉལ་བའི་སྲིན་མོ་དེས་བླ་རྡོལ་དུ་འདི་སྐད་ཅེས་ཟེར་ཏེ། ཡུལ་འདི་ནི་སིངྒྷ་ལའི་གནས་ཡིན་ཞིང་བདག་ཅག་ནི་སྲིན་མོ་ཡིན་ཏེ་ཁྱོད་ཅག་གི་སྲོག་ཅོད་པར་བྱའོ། །ཚུལ་དེས་ཁྱེད་ཅག་ཡིད་མ་ཆེས་ན། གྲོང་ཁྱེར་འདིའི་གཡས་ཀྱི་སྲང་ལ་གཞུད་པས་ལྷོ་ཕྱོགས་ན་ལྕགས་ཀྱི་ཁང་པ་རབ་ཏུ་འཕངས་མཐོ་བ་དཀར་ཁུང་དང་རྟ་བབ་མེད་པ་ཞིག་མཆིས་ཀྱི། དེའི་ནང་དུ་ཚོང་པ་ལྔ་བརྒྱ་ཙམ་བོར་བ་དག་ལ་ལ་གསོན་ཞིང་། ལ་ལ་གུམ་སྟེ་མཆིས་པས་དེར་གཟིགས་ཤིག །ཅེས་ཟེར་བས། ཚོང་དཔོན་གྱིས་སྲིན་མོ་དེས་མ་ཚོར་བར་ལྷོ་ཕྱོགས་དེར་ཕྱིན་ཏོ། །ཕྱིན་ནས་ཀྱང་ལྕགས་ཀྱི་


TR001_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་དེའི་ཁོ་ར་ཁོར་ཡུག་ཏུ་བརྩལ་ཀྱང་སྒོ་མ་རྙེད་ནས། ལྕགས་ཁང་གི་ཕྱོགས་གཅིག་ན་ལྗོན་ཤིང་ཙམྤ་ཀའི་སྡོང་པོ་ཆེན་པོ་ཞིག་འདུག་པ་ལ་འཛེག་སྟེ་ནང་དུ་ལྟས་པ་ན། ལྕགས་ཁང་གི་ཚོང་པ་དེ་རྣམས་ཀྱིས་ཚོང་དཔོན་ལ་འདི་སྐད་ཅེས་ཟེར་རོ། །ཚོང་དཔོན་ཆེན་པོ་ཁྱེད་ཅག་མཁྱེན་པར་མཛོད་ཅིག ཡུལ་འདི་ནི་སྲིན་མོའི་གླིང་ཡིན་ཏེ་བདག་རྣམས་གསོད་པའི་ཕྱིར་ལྕགས་ཁང་འདིར་སྩལ་བར་གྱུར་ཏོ། །འཛམ་བུའི་གླིང་གི་ཚོང་པ་འོངས་པ་ཀུན་ཕྱི་མ་རྣམས་རྩེ་དགས་བྲིད་ཅིང་སྔ་མ་རྣམས་ལྕགས་ཁང་འདིར་བཅུག་ཏེ། ཉིན་རེ་བཞིན་དུ་མི་བརྒྱ་བརྒྱ་ཁྲིད་ནས་ཟོས་ཤིང་རུས་པ་རྣམས་ལྕགས་ཀྱི་གྲོང་ཁྱེར་འདིར་བོར་བར་བྱེད་དོ། །བདག་ཅག་ནི་གོ་ཞིང་ཤེས་ཀྱང་། ལྕགས་ཁང་ལ་འཛེག་ན་ནི་མཐོ་རུ་འགྲོ། བྲུས་ན་ནི་གཏིང་རིང་དུ་འགྲོ་བས་ཐབས་མེད། ཁྱེད་ཅག་རྣམས་བྲོས་ན་ཐར་བས་བྲོས་པ་གྲག །ཅེས་ཟེར་བས་


TR001_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ཚོང་དཔོན་ཡང་དེ་མ་ཐག་མྱུར་དུ་རང་གི་ཁྱིམ་དུ་ལོག་ནས་ཉལ་བས། སྲིན་མོ་ནི་གཉིད་ཀྱིས་ནོན་པའི་སྟོབས་ཀྱིས་མ་ཚོར་བ་ལ་སླར་ཡང་ཚོང་དཔོན་གྱིས་དྲིས་པ། འོ་ན་འདི་ལས་ཐབས་གང་གི་ཐར་སྨྲས་པས་འདི་སྐད་ཟེར་རོ། །རྟ་མཆོག་རྒྱལ་པོ་བཱ་ཧ་ལ། །ཞེས་བྱ་སྙིང་རྗེ་ལྡན་པ་ཞིག །བཅོ་ལྔའི་ཉ་བ་ཉ་ཚེ་འབྱུང་། །རྟ་མཆོག་ཅང་ཤེས་ལྡན་པ་དེས། །བྷེ་ཏ་ཐམས་ཅད་ཅེས་བྱ་བའི། །སྨན་གྱི་རྒྱལ་པོ་ཟོས་ནས་ནི། །བཻ་ཌཱུརྱ་ཡི་བྱེ་མའི་དབུས། །ཆུ་རྒྱུན་ཡན་ལག་བརྒྱད་པ་འཐུངས། །གསེར་གྱི་བྱེ་མའི་ངོས་ལ་ནི། །ཕན་ཚུན་འགྲེ་ཞིང་སྤྲུག་པར་བྱེད། །འདི་ནས་ཕ་རོལ་སུ་འགྲོ་ཞེས། །མི་ཡི་སྐད་དུ་སྨྲ་ཞིང་འཚེར། །དེ་ཚེ་ཁྱེད་ཀྱི་རྟ་རྒྱལ་མཆོག །བདག་ནི་ཕ་རོལ་སྒྲོལ་ཞེས་སྨྲོས། །དེ་སྐད་ཅེས་ཟེར་ཏེ་མལ་དུ་ལྷན་ཅིག་ཉལ་


TR001_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་པ་ནས་སྲིན་མོ་གཉིད་ལས་སད་དེ། ཚོང་དཔོན་ཆེན་པོ་གར་བྱོན། ལུས་གྲང་བ་ལ་ཟེར་བས། །བདག་གི་གྲོང་ཁྱེར་གྱི་ཕྱི་རོལ་དུ་ལུས་འཆག་ཏུ་ཕྱིན་ནོ་ཞེས་སྨྲས་སོ། །སྲིན་མོས་རང་ཚང་རང་གིས་སྨྲས་པ་བཞིན། །འཁོར་བའི་མཐར་ཐུག་རང་ཚང་རང་གི་སྟོན། །འགྲོགས་ཤིང་ངན་པའི་འཁོར་བའི་འདམ་འདི་ལས། །ད་ལྟ་ཉིད་དུ་ཐར་བའི་ཐབས་འཚལ་ལོ། །དེ་ལྟར་ཚོང་དཔོན་གྱི་ཚུལ་དེ་དག་རིག་ནས། ཉི་མ་ཤར་བ་དང་ཚོང་ཕྲུག་རྣམས་ཁྲིད་ནས་དབེན་པ་ཞིག་ཏུ་སོང་སྟེ། ཡུལ་འདི་སྐྱིད་དམ། མཆིས་འགྲང་དང་འཇའམ། ཞེས་སོགས་དྲིས་པས་ཚོང་པ་དེ་དག་ལས་ཁ་ཅིག་ནི། ཤིན་ཏུ་སྐྱིད་དེ་བདག་ལ་ལྷའི་ཟས་སྐོམ་དང་གོས་དང་རྒྱན་དག་གི་ཡིད་རབ་ཏུ་འཛིན་ཏེ། ཅེས་ཟེར། ཁ་ཅིག་ནི་བདག་གིས་མཆིས་འབྲང་གཟུགས་དང་ལངས་ཚོར་ལྡན་པས་དགའོ། །ཞེས་ཟེར། ཁ་ཅིག་ནི་བྲེལ་བ་ཅི་ཡང་


TR001_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པས་སྐྱིད་དོ། །ཞེས་སོགས་ཟེར་བ་ལ། ཚོང་དཔོན་གྱིས་བདག་ཅག་རྣམས་སྲིན་མོའི་ཡུལ་ལ་ཆགས་པར་མི་རིགས་སོ། །ཅེས་སྨྲས་པས་དེ་རྣམས་ན་རེ། སྲིན་མོ་ཡིན་པའི་རྒྱུ་ཅི་ཞེས་ཟེར་བ་ལ། ཚོང་དཔོན་གྱིས་སྲིན་མོས་བླ་བརྡོལ་དང་ལྕགས་ཁང་གི་ལོ་རྒྱུས་སོགས་ཞིབ་ཏུ་བརྗོད་པས། དེ་དག་རབ་ཏུ་བསྐྲག་ཏེ། འོ་ན་ཐབས་གང་གིས་ཐར་ཞེས་ཟེར་བ་ལས། ཚོང་དཔོན་གྱིས། ཚེས་བཅོ་ལྔའི་ནུབ་མོ་སོ་སོ་ནས་བུད་མེད་རྣམས་ཆང་གིས་མྱོས་པར་གྱིས་ལ་ས་ཕྱོགས་འདི། ཞེས་བྱ་བར་འདུས་ཤིག །ཅེས་བསྒོས་ནས་སོ་སོར་གྱེས་སོ། །དེ་ནས་ཚེས་བཅོ་ལྔའི་ནུབ་མོ་ཟླ་བ་ཤར་བའི་ཚེ་རྟ་མཆོག་དེ་ཟླ་བའི་ཟེར་དང་འགྲོགས་ནས་གླིང་དེར་འོངས་ཏེ། སྨན་མཆོག་བྷེ་ཏ་ཟོས་ཤིང་བདུད་རྩིའི་ཆུ་འཐུང་སྟེ་འགྲེ་ཞིང་སྤྲུག་ནས། ཚོང་ཕྲུག་སྲིན་མོའི་གླིང་དུ་ཆུད་པ་སུ་ཡོད། ཐམས་ཅད་ངའི་


TR001_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་ཞོན་ཅིག་ཅེས་ཟེར་བ་ལ་ཚོང་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བདག་ཅག་རྣམས་སྒྲོལ་བར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས། རྟ་མཆོག་དེས་ཁྱེད་ཅག་སུས་ཀྱང་གླིང་འདིར་ཆགས་པར་མ་བྱེད་ཅིག །ཅེས་བསྒོས་ནས། ཐོག་མར་ཚོང་དཔོན་གྱིས་ཞོན་ཞིང་རིམ་པ་ལྟར་གཞན་ཐམས་ཅད་ཀྱིས་ཞོན་ཏེ་བར་སྣང་ལ་བྱ་བཞིན་འཕུར་ནས་འཛམ་བུ་གླིང་གི་ཕྱོགས་སུ་ཆས་པར་གྱུར་ཏོ། །དེའི་ཚེ་སྲིན་མོ་རྣམས་ཀྱིས་ཚོར་ཏེ་ཕྱི་བཞིན་དུ་བསྙག་ནས་ཆོ་ངེས་དང་སྨྲེ་ངག་ཆེན་པོས། བདག་ཅག་བོར་བར་ཕོད་དམ། བུ་དང་བུ་མོ་རྣམས་ལ་སྙིང་ཡང་མི་རྗེའམ། ཅེས་བོས་པའི་ཚེ་ཚོང་ཕྲུག་ཀུན་དེ་དག་ལ་ཆགས་ནས་ཕྱི་མིག་བལྟས་པ་ཙམ་གྱིས་ས་ལ་ལྷུང་ཞིང་འགྱེལ་བ་ལས། བུད་མེད་དེ་དག་སྔར་གྱི་སྤྲུལ་པ་བཤིག་སྟེ་སྲིན་མོའི་གཟུགས་མི་སྡུག་ཅིང་རབ་ཏུ་འཇིགས་པ་སྟེ། རལ་པ་གཟིངས་ཤིང་མིག་དམར་བ། མཆེ་བའི་དབལ་


TR001_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་རྣོ་བ། རྔམ་པའི་གཟུགས་སུ་བསྒྱུར་ནས་ཚོང་པ་དེ་དག་གི་ཤ་ཟོས་ཤིང་ཁྲག་འཐུང་སྟེ་སྐད་ཅིག་ལ་མ་ལུས་པར་བྱས་སོ། །ཚོང་དཔོན་ནི་དེ་རྣམས་ལ་མ་ཆགས་ཤིང་ཕྱི་མིག་མ་བལྟས་པས་བདེ་བླག་ཏུ་འཛམ་བུའི་གླིང་དུ་ཐར་བར་གྱུར་ཏོ། །ཚོང་དཔོན་གྱི་ཕ་མ་ཡང་མྱ་ངན་གྱིས་མིག་ལྡོང་བར་གྱུར་ཏེ་གནས་པ་ལས། ཚོང་དཔོན་ཉིད་སླར་ལོག་པས་མིག་ཀྱང་སོར་ཆུད་ཅིང་རབ་ཏུ་དགའ་བར་གྱུར་ཏོ། །རྟ་མཆོག་ནི་ཚོང་དཔོན་ལ་ལན་གསུམ་སྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ།། ༈ །།སྲིན་མོ་ལྷ་མོ་མཛེས་མར་བསྒྱུར་བ་ཡིས། །གཟུགས་དང་ལང་ཚོ་ཟས་སྐོམ་རྒྱན་སོགས་ཀྱིས། །བསླུས་པ་ཇི་བཞིན་ཚེ་འདིའི་འདོད་ཡོན་གྱིས། །བྲིད་ཅིང་ངན་འགྲོའི་གཡང་སར་བསྐྱུར་དེ་མཚུངས། །སྲིན་མོའི་གཟུགས་ལ་ཆགས་པས་ཐ་མར་ནི། །རང་གཟུགས་བསྟན་ནས་ཟ་བ་ཇི་བཞིན་དུ། །


TR001_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་བྱས་ཆོས་རྣམས་དང་པོར་མཛེས་ན་ཡང་། །མཐའ་མར་མི་རྟག་འཇིག་པའི་ཆོས་ཅན་ནོ། །ཇི་ལྟར་སྲིན་མོས་ཚོང་དཔོན་བསླུས་གྱུར་ཀྱང་། །གཉིད་ཀྱིས་ནོན་པས་རང་ཚང་བརྟོལ་བ་ལྟར། །འདུས་བྱས་སྣང་བའི་འདོད་ཡོན་འདི་དག་ཀྱང་། །ལེགས་པར་བརྟག་ན་རང་འཚང་སྟོན་པར་འགྱུར། །ཇི་ལྟར་ལྕགས་ཁང་བོར་བའི་ཚོང་པ་དེ་དག་གིས། །སྲིན་མོའི་ངང་ཚུལ་མངོན་སུམ་བསྟན་པ་ཇི་བཞིན་དུ། །བར་དོ་གཤིན་རྗེའི་རྒྱལ་པོའི་དྲུང་དུ་བཏུགས་ཙ་ན། །བརྫུན་གྱིས་མི་སྐྱོབ་ལས་འབྲས་དགེ་སྡིག་གསལ་བར་སྟོན། །གང་ཞིག་དེ་རྣམས་ལྕགས་ཁང་བསྲ་བ་དེར་ཆུད་ནས། །གོ་ཞིང་ཤེས་ཀྱང་ཐབས་མེད་པ་ཤེས་བཞིན་དུ། །དམྱལ་བའི་ལྕགས་ཁང་འབར་བ་དག་དུ་ཚུད་གྱུར་ཚེ། །དགེ་སྡིག་ཤེས་ཀྱང་ཐབས་མེད་གྱུར་འདི་མཁྱེན་པར་མཛོད།། ༈ །།གང་ཞིག་སྲིན་ཡུལ་འཁྱམས་རྣམས་འདོན་པའི་ཕྱིར། །རྟ་མཆོག་རྒྱལ་པོ་བརྩོན་


TR001_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཇི་བཞིན་དུ། །སངས་རྒྱས་བྱང་སེམས་ཐུགས་རྗེར་ལྡན་པ་རྣམས། །འགྲོ་ཀུན་སྡུག་བསྔལ་འདི་ལས་ཐར་བར་མཛད།། ༈ །།འོན་ཀྱང་བཅོ་ལྔ་ཟླ་བ་ཉ་ཚེས་མ་གཏོགས་པ། །དུས་རྣམས་ཀུན་ཏུ་རྟ་རྒྱལ་སྟོབས་ཆེན་མི་སྣང་ལྟར། །སྔོན་གྱི་སྨོན་ལམ་དད་པར་ལྡན་པ་མ་ལགས་པ། །ཀུན་གྱི་བཤེས་གཉེན་དམ་པ་རྙེད་དཀའ་མཁྱེན་པར་མཛོད།། ༈ །།གང་ཞིག་གཏིང་ཟབ་རྒྱ་མཚོ་ཆེན་པོས་བར་ཆོད་པའི། །རབ་ཏུ་ཉམས་དང་སྲིན་མོ་གནས་པའི་ཡུལ་དེ་ལས། །སྟོབས་ཆེན་ཐུགས་རྗེ་རྫུ་འཕྲུལ་ལྡན་པ་དེ་ཉིད་ཀྱིས། །སྐད་ཅིག་ལ་འཛམ་བུའི་གླིང་དུ་བསྒྲོད་མཛད་ལྟར། །བཤེས་གཉེན་ཐུགས་རྗེ་ལྡན་པ་དེ་ཉིད་ལ་བརྟེན་ནས། །མྱུར་དུ་རྒྱལ་བའི་གོ་འཕངས་བསྒྲོད་ལ་བརྩོན་པར་མཛོད།། ༈ །།གང་ཞིག་རྟ་མཆོག་སྙིང་རྗེར་ལྡན་པས་ཕན་པར་སྨྲས་པ་ལ། །མི་ཉན་སྲིན་མོར་ཆགས་པས་ལྷུང་སྟེ་ཕུང་


TR001_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཇི་བཞིན་དུ། །དགེ་བའི་བཤེས་གཉེན་མཆོག་གིས་ལེགས་པར་གསུང་ལ་མི་ཉན་པར། །ཚེ་འདིའི་ཁེ་གྲགས་འདུ་འཛི་ཆོས་བརྒྱད་ཕྱོགས་ལ་ཕྱིར་བལྟས་རྣམས། །འཁོར་བ་མེ་འོབ་ནང་དུ་ལྷུང་སྟེ་ཐར་མེད་མཁྱེན་པར་མཛོད།། ༈ །།གང་ཞིག་བློ་གྲོས་རབ་ཏུ་བརྟན་ཞིང་མི་གཡོ་བ། །རྟ་རྒྱལ་ཚིག་ལ་ལེགས་པར་ཉན་པའི་ཚོང་དཔོན་དེས། །འཛམ་བུའི་གླིང་དུ་བདེ་བར་ཐར་ཞིང་ཕ་མ་ཡི། །མྱ་ངན་གསལ་ཞིང་ཉེ་དུ་དགའ་བར་བྱས་པ་བཞིན། །བཤེས་གཉེན་བསྟེན་ཞིང་གསུང་བཞིན་བསྒྲུབ་ནས་རང་དོན་མཆོག །ལེགས་པར་གྲུབ་ཅིང་ཕ་མར་གྱུར་པའི་སེམས་ཅན་ཀུན། །བྱང་ཆུབ་གོ་འཕང་མཆོག་ལ་འགོད་པར་བྱ་བར་རིག།། ༈ །།དེ་ལྟར་སྔོན་བྱུང་གི་གཏམ་ལ་བརྟེན་ནས་ལེགས་པར་བཤད་པ་མེ་ཏོག་གི་འཕྲེང་བ་ལྟ་བུ་བྱིན་པའི་དགེ་བས། བདག་སོགས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཚེ་འདིའི་ཁེ་གྲགས་འདུ་འཛི་ཆོས་བརྒྱད་ཀྱི་དབང་དུ་མ་


TR001_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སོང་བར། ཡང་དག་ངེས་དོན་སྙིང་པོའི་དོན་མཆོག་ལེགས་པར་གྲུབ་སྟེ། ཀུན་ཏུ་བཟང་པོའི་ཞིང་དུ་གདོད་མའི་མགོན་པོར་སངས་རྒྱས་པར་གྱུར་ཅིག།། ༈ །།དེ་ལྟར་ལེགས་བཤད་ཅུང་ཟད་བཀོད་པའི་མཐུས། །འགྲོ་ཀུན་སྡུག་བསྔལ་འདམ་ལས་ཐར་ནས་ཀྱང་། །འོད་གསལ་མཆོག་གི་གོ་འཕངས་རབ་ཐོབ་ནས། །ཀུན་བཟང་ཀློང་དུ་དབྱེར་མེད་ཅིག་པར་ཤོག །བདག་ཀྱང་འདི་ནས་ཚེ་རབ་ཐམས་ཅད་དུ། །རང་དོན་རྫོགས་སངས་རྒྱས་ཤིང་གཞན་དོན་དུ། །གཡེལ་བ་མེད་པར་རྟག་ཏུ་བརྩོན་པ་དང་། །ཤཱཀྱའི་ཏོག་བཞིན་ཀུན་གྱི་མགོན་དུ་ཤོག །གཞན་ཡང་དགེ་དེས་གནས་སྐབས་དུས་ཀུན་ཏུ། །ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས་པ་དང་། །ནད་ཡམས་འཁྲུག་བརྩོད་མུ་གེ་ཀུན་ཞི་ནས། །རྫོགས་ལྡན་དུས་བཞིན་བདེ་སྐྱིད་ཕུན་ཚོགས་ཤོག །དེ་ལྟར་བདག་གི་ལྷག་བསམ་རྣམ་བཞག་དང་། །སངས་རྒྱས་བྱང་སེམས་ཐུགས་རྗེའི་


TR001_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་སྟོབས་ཀྱིས། །སྨོན་ལམ་གང་བཏབ་མྱུར་དུ་འགྲུབ་པ་དང་། །མཐར་ཐུག་རྣམ་མཁྱེན་གོ་འཕངས་མྱུར་ཐོབ་ཤོག །འདི་ལྟར་ཚིག་དང་དོན་གྱི་འཕྲེང་བ་དམ་པ་ལེགས་པར་བཀོད་པ། སྐྱེ་བོ་ཆོས་དང་མི་ལྡན་པ་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་ཅུང་ཟད་བརྗོད་པ་འདི་ནི། དུས་མཐར་སྐྱེས་པའི་སྙོམས་ལས་པ་མཁས་མཆོག་པདྨ་ལེགས་གྲུབ་སྩལ་ཞེས་བགྱི་བས་རང་ལོ་བཅུ་བཞི་པའི་ཚེ། ཀོང་ཡུལ་སྨད་ཀྱི་སའི་ཐིག་ལེ། སྨན་བཙུན་ཆེན་མོ་རྡོ་རྗེ་བོད་ཁམས་སྐྱོང་གི་ཕོ་བྲང་ཀོང་མཁར་ལྡེམ་པ་དང་ཉེ་བའི་ཡུལ། ཆུ་བོ་ལོ་ཧི་ཏའི་གཡས་འགྲམ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་བྱིན་གྱིས་བརླབས་པའི་གནས་སུ་དམ་ཆོས་ཀྱི་ཕྲུ་མར་སྦྱར་བ་དགེ་ལེགས་འཕེལ།། ༈ །།འདི་འདྲའི་ཚིག་ཚོགས་འགའ་དང་འགའ་བྲིས་ཀྱང་། །གཅིག་ཏུ་བདག་འདྲ་ཐོས་བསམ་སྦྱངས་སྟོབས་མེད། །གཉིས་སུ་ན་གཞོན་བྱིས་པའི་རྩོམ་པར་སོང་། །གང་ལ་ནོར་འཁྲུལ་མང་མོད་མཁས་ལ་བཤགས། །མངྒ་ལཾ།

མཆོག་དམན་གྱི་སྐྱེས་བུ་རྣམས་ལ་ཞུ་ཡིག་ཕུལ་བའི་ཚོགས། ལྷག་བསམ་ངོ་མཚར་སྤྲིན་གྱི་བསྐྱེད་ཚལ།


TR001_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་གྱི་སྐྱེས་བུ་རྣམས་ལ་ཞུ་ཡིག་ཕུལ་བའི་ཚོགས། ལྷག་བསམ་ངོ་མཚར་སྤྲིན་གྱི་བསྐྱེད་ཚལ་བཞུགས།


TR001_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་དཀྱིལ་འཁོར་ཀུན་གཙོ་པདྨ་འབྱུང་། །སྲིད་གསུམ་འགྲོ་བའི་བློ་མུན་སེལ་ཕྱིར་སླར་ཡང་གཟུགས་ཀྱི་སྐུར་བཞེངས་ཏེ། །སྐུ་གསུམ་སྟོན་པས་རྒྱ་ཆེར་གསུངས་པའི་ཟབ་གསལ་ཆོས་ཀྱི་གསང་མཛོད་རྣམས། ཁམས་གསུམ་འགྲོ་ལ་ཡོངས་སུ་སྤེལ་མཛད་སྐྱབས་གནས་མཚུངས་མེད་གང་དེའི་དྲུང་། །སྙིམ་པའི་མེ་ཏོག་གཙུག་མཚོར་བཀོད་དེ་རབ་དད་གུས་པས་འདི་སྐད་ཞུ།། ༈ །།ཁྱོད་སྐུ་ངོ་མཚར་ནམ་མཁའི་ནོར་བུ་གཟི་མདངས་མངོན་པར་རབ་བཀྲ་ཞིང་། །ཚངས་དབྱངས་ཆོས་སྒྲ་རྒྱུན་ཆད་མེད་པས་སྐལ་ལྡན་ཡིད་ཀྱི་རེ་


TR001_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྐོངས། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྨད་བྱུང་མཁའ་མཉམ་འགྲོ་ལ་བརྩེར་དགོངས་ཏེ། །རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་གྲུབ་པའི་སྟི་གནས་མཆོག་རྣམས་དང་། །འགྲོ་བའི་བླ་མ་ཀརྨཱ་པ་སོགས་བསྟན་པའི་སྒྲོན་མེ་ཐམས་ཅད་ཀྱི། །སྐུ་ཚེ་མཛད་ཕྲིན་ཆེས་ཆེར་སྤེལ་བའི་ལེགས་ཚོགས་རྟེན་འབྲེལ་ཀུན་འགྲིག་ཅིང་། །རྒྱལ་ཆེན་འགྲོ་བ་སྨིན་གྲོལ་ལ་བཀོད་སླར་ཡང་གནས་ཆེན་འོད་འབར་དུ། །ལེགས་པར་བྱོན་ཞེས་སྙན་པའི་རྔ་སྒྲ་མཆོག་ཏུ་གྲགས་པའི་ཆ་ཤས་ཞིག །དབེན་པའི་ཁང་བུར་གནས་པའི་བཀའ་འབངས་བདག་


TR001_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་རྣ་བར་ལེགས་ཐོས་པས། །ཡིད་ཀྱི་དབང་པོ་མཆོག་ཏུ་དགའ་བའི་རྒྱ་མཚོ་ལྷག་པར་འཕེལ་བར་གྱུར།། ༈ །།དམ་པ་ཁྱེད་ཀྱི་ཐུགས་རྗེའི་དྲིན་ལས་བདག་ཅག་རྣམས་ཀྱང་ནད་མེད་ཅིང་། །ཇི་ཙམ་ནུས་པའི་དགེ་སྦྱོར་དག་ལའང་བར་ཆད་མེད་ཅིང་བདེ་བའི་ངང་། །རྗེ་བཙུན་ཁྱོད་ཀྱི་མཆོག་གི་མཛད་ཕྲིན་ངོ་མཚར་དཔག་མེད་མཐའ་ཡས་ལ། །རྗེས་སུ་ཡི་རངས་གུས་པས་འདུད་ཅིང་མོས་པས་གསོལ་བ་འདེབས་ཤིང་མཆིས། །སླར་ཡང་མི་ཕྱེད་དད་པའི་ཡིད་ཀྱིས་གསོལ་འདེབས་དོན་གྱི་སྙིང་པོ་རུ། །མཁའ་ཁྱབ་འགྲོ་དང་ཁྱད་པར་བདག་སོགས་གདུལ་བྱའི་དོན་ལ་རབ་དགོངས་ཏེ། །སྐུ་ཚེའི་འདུ་བྱེད་བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་པར་བཞུགས་པ་དང་། །གང་འདུལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་བསྐོར་མཛད་ཅིང་། །དམིགས་པ་མེད་པའི་བརྩེ་བ་ཆེན་པོས་བདག་སོགས་རྣམས་ལ་གཟིགས་སུ་གསོལ། །མགོན་པོ་ཁྱེད་ལ་དངོས་འབྱོར་ཟང་ཟིང་


TR001_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཡོ་བྱད་མ་མཆིས་ཀྱང་། །འདི་དང་དུས་གསུམ་བསགས་པའི་དགེ་ཀུན་མ་གྱུར་འགྲོ་ལ་ཡོངས་བསྔོ་བའི། །ལྷག་བསམ་རབ་དཀར་འདབ་སྟོང་རྒྱས་པ་རྟག་ཏུ་མཆོད་པར་འབུལ་ལགས་ན། །ཐུགས་རྗེས་བཞེས་ལ་བདག་ཀྱང་ཁྱེད་བཞིན་རྒྱལ་ཀུན་ཕྲིན་ལས་མྱུར་འགྲུབ་ཤོག །ཅེས་པ་འདི་ལ་མཚུངས་བྲལ་འཇའ་མཚོན་སྙིང་པོའི་ཞབས་དྲུང་དུ་ཞུ་ཡིག་ཕུལ་བའོ།། ༈ །།དཔག་མེད་སྔོན་ནས་སྦྱངས་པའི་ལས་འཕྲོ་སད། །དམ་པས་རྗེས་ཞུགས་ཡང་དག་གདམས་པ་ལོན། །སྒྲུབ་པ་མཐར་ཕྱིན་རང་གཞན་དོན་འགྲུབ་པའི། །སྐྱེས་མཆོག་ནམ་མཁའི་རྣལ་འབྱོར་གང་དེ་ལ། །རིང་མོའི་ས་ནས་སྤྲོ་བས་འདི་སྐད་གསོལ། །དེང་དུས་སྒོ་གསུམ་རྡོ་རྗེ་གསུམ་ལྡན་དང་། །ཐོས་བསམ་བློ་གྲོས་ནམ་མཁའི་ཁྱོན་ཡངས་པར། །རིམ་གཉིས་ཟབ་གསལ་ཉི་ཟླའི་དཀྱིལ་འཁོར་རྒྱས། །སྨིན་གྲོལ་གདམས་པའི་འོད་ཟེར་ལེགས་སྤྲོས་པས། །གདུལ་བྱའི་བློའི་མུན་སེལ་མཆོག་གྱུར་ཏེ། །ཡེ་ཤེས་སྣང་


TR001_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བ་འོད་ཀྱིས་ཡོངས་ཁྱབ་ཚེ། །བསོད་ནམས་སྟོབས་ཀྱིས་དྲེག་པའི་རྒྱལ་པོ་དང་། །རང་འདོད་ཁེངས་པའི་བླ་དཔོན་དུ་མ་ཡང་། །ཁྱོད་ཀྱི་རིག་གྲོལ་ཡོན་ཏན་གཟི་འོད་ལ། །འགྲན་པར་མ་ནུས་སླར་ཡང་བཏུད་གྱུར་ཅིང་། །རྒྱལ་བསྟན་སྙིང་པོ་སྔ་འགྱུར་རྡོ་རྗེའི་ཐེག །ཆོས་ཀུན་མཐར་ཐུག་རྫོགས་པ་ཆེན་པོ་ཡི། །བསྟན་པའི་སྲོག་ཤིང་མི་ནུབ་རྒྱལ་མཚན་དང་། །སྣང་བྱེད་སྒྲོན་མེ་དམ་པར་གྱུར་ཞེས་པའི། །སྙན་པའི་གྲགས་ཆེན་དབྱར་སྐྱེས་རྔ་སྒྲ་ནི། །ཕྱོགས་འདིར་ཐོས་པས་ཡིད་ཀྱི་རེ་སྐོངས་ཤིང་། །ཤིན་ཏུ་རྨད་བྱུང་ངོ་མཚར་དགའ་སྟོན་ཉིད། །མཆོད་འོས་ཀུན་ལ་མཆོད་པའི་མཆོག་གྱུར་ཅིང་། །རྒྱལ་བའི་བསྟན་ལ་བྱ་བ་ལེགས་བྱས་པའི། །ཁྱོད་ཀྱི་དམ་པའི་སྤྱོད་ལ་བདག་ཡི་རང་། །དུས་མཐར་སྐྱེས་པའི་བླ་གཟུགས་བདག་འདྲ་ནི། །སྒྱུ་མའི་ལུས་ལ་ཉེར་འཚེ་མེད་ངོས་ནས། །འདུ་འཛིས་དབེན་པའི་བསམ་གཏན་ཁང་བུ་རུ། །དམ་ཆོས་སྤྱོད་ལ་ཡིད་སྨོན་ཙམ་དུ་གནས། །སླད་


TR001_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དུའང་རྒྱལ་སྲས་དམ་པ་ཁྱོད་ཉིད་ཀྱི། །ངོ་མཚར་མཐའ་ཡས་ཆོས་ཀྱི་ཕྲིན་ལས་ནི། །ནམ་མཁའི་མཐར་ཁྱབ་འགྲོ་བའི་ཁམས་ཀུན་ལ། །ཡོངས་སུ་ཁྱབ་མཛད་བརྩོན་པའི་ཤུགས་སྐྱེད་མཛོད། །སྙིགས་དུས་གདུལ་དཀའི་སེམས་ཅན་འགྲོ་དོན་དང་། །བསྐྱངས་ཡང་མགུ་དུས་མེད་པའི་འཁོར་སློབ་དང་། །ངོ་བསྲུང་ཆགས་སྡང་སྤེལ་བའི་ཡོན་བདག་རྣམས། །རང་དོན་རླག་པའི་རྒྱུ་རུ་འགྱུར་གསུངས་ཀྱང་། །བསྟན་པའི་གཞི་མ་སོ་མཐར་འདུལ་ཁྲིམས་དང་། །རྒྱལ་བའི་མཛད་སྲོལ་སེམས་བསྐྱེད་གོ་ཆ་གཉིས། །གང་བྱུང་ལམ་ཁྱེར་གསང་སྔགས་ཟབ་གནས་གསུམ། །མི་འབྲལ་རྒྱུ་ལ་གོམ་པའི་སྐྱེས་བུ་ལ། །རང་གཞན་དོན་ཀུན་ལྷུན་གྲུབ་སྨོས་ཅི་དགོས། །སྣང་གྲགས་ཆོས་ཀུན་སེམས་སུ་རོ་གཅིག་པའི། །རང་བྱུང་རང་རིག་གསལ་སྟོང་ཟུང་དུ་འཇུག །འཁོར་འདས་དབྱེར་མེད་གདོད་མའི་གནས་ལུགས་ལ། །དགག་སྒྲུབ་སྤོང་ལེན་བྱས་པའི་དགོས་པ་ཅི། །སྣང་སྲིད་ཡེ་


TR001_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡོངས་དག་བདེ་ཆེན་ཞིང་། །སྣ་ཚོགས་འགྲོ་བ་ལྷ་དང་བླ་མའི་ངང་། །བཟང་ངན་ལེགས་ཉེས་རང་རིག་རྩལ་ཉིད་ལས། །སངས་རྒྱས་སེམས་ཅན་ལོགས་སུ་གྲུབ་མེད་ཕྱིར། །རིས་མེད་འགྲོ་ལ་ཕན་པ་ལྷུར་བླངས་ཤིང་། །འགྱུར་མེད་དད་པས་བླ་མ་རང་སེམས་བསྲེ། །སྒོམ་མེད་ཡེངས་མེད་མཐའ་བྲལ་ཀ་དག་དོན། །དཔག་མེད་དགེ་བའི་གཤེགས་ཤུལ་ཡང་དག་ཉིད། །མདོ་རྒྱུད་མན་ངག་ཀུན་གྱི་སྙིང་པོ་མཆོག །འོད་གསལ་རྫོགས་པ་ཆེན་པོའི་ལམ་བཟང་ལ། །རང་ཉིད་འཇུག་ཅིང་གཞན་དག་ལེགས་འཁྲིད་པའི། །དམ་པའི་དོན་མཆོག་ཉིད་ལ་འབད་པར་མཛོད། །སྒྱུ་མའི་སྐྱེས་བུ་གཏད་མེད་བདག་འདྲ་ཡིས། །སྐྱེས་མཆོག་ཁྱེད་ལ་དགེ་བའི་སེམས་ཀྱིས་ནི། །ལེགས་བཤད་ཟབ་མོ་ནོར་བུ་སྐྱེས་སུ་བསྐུར། །ཆོས་དབྱིངས་ཀློང་དུ་རོལ་བའི་དགའ་སྟོན་མཛོད། །དེ་ལྟར་ལེགས་པར་གདམས་པའི་དགེ་བའི་མཐུས། །མཁའ་མཉམ་འགྲོ་ཀུན་སྲིད་མཚོ་ལས་ཐར་ནས། །རྡོ་རྗེ་ཐེག་པའི་ལམ་བཟང་


TR001_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཞུགས་ཏེ། །གདོད་མའི་དབྱིངས་སུ་མངོན་སངས་རྒྱས་པར་ཤོག །ཅེས་པ་འདི་བླ་མ་གྲུབ་ཆེན་པ་ཚེ་དབང་མཚན་ཅན་ལ་བསྐུར་བའོ།། ༈ །།སྐྱབས་ཀུན་གྱི་མཆོག་གྱུར་པདྨ་འབྱུང་། །ཞབས་པད་ལ་སྤྱི་བོས་བཏུད་བྱས་ནས། །ཡོངས་འཛིན་གྱི་བཤེས་གཉེན་གང་དེ་ཡིས། །ངོ་མཚར་གྱི་ཡི་གེ་ཞིབ་འཁོད་དང་། །ལྷ་རྫས་ཀྱི་སྐྱེས་གནང་ཕུན་ཚོགས་བཅས། །བཀའ་དྲིན་དུ་སྩལ་བའི་གདབ་ལན་དུ། །སྙིང་གཏམ་གྱི་གདམ་ངག་བདུད་རྩིའི་བུམ། །ཟབ་དོན་གྱི་བཅུད་ཀྱིས་ཡོངས་བཀང་བ། །ལྷག་བསམ་གྱི་གཞོན་པས་ལེགས་དྲངས་ཏེ། །དོན་ལྡན་དུ་ཕུལ་གྱིས་དགྱེས་པར་མཛོད། །དལ་འབྱོར་གྱི་མི་ལུས་ལེགས་ཐོབ་ཅིང་། །ཐེག་མཆོག་གི་བསྟན་དང་མཇལ་དུས་འདིར། །དོན་ཆེན་གྱི་སྙིང་པོ་བསྒྲུབ་དགོས་པས། །དེ་ཕྱིར་དུ་འདི་ལྟར་ཉམས་ལེན་འཚལ།། ༈ །།རང་ལུས་འདི་ཡི་དམ་ལྷར་གསལ་བའི། །སྤྱི་གཙུག་ཏུ་རིགས་བདག་བླ་མ་མཆོག་


TR001_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པད་འབྱུང་ངམ་རྡོ་རྗེ་འཆང་ཆེན་ནམ། །བླ་མ་ཉིད་དངོས་བསམ་གང་མོས་གསལ། །སྣང་སྲིད་ཀྱི་དངོས་པོར་གྱུར་ཚད་དང་། །བདག་ལུས་དང་ལོངས་སྤྱོད་སྒོ་གསུམ་ཀུན། །ལྟོས་མེད་དུ་མཆོད་པར་ཕུལ་བྱས་ལ། །རྩེ་གཅིག་ཏུ་མོས་གུས་དྲག་པོ་ཡིས། །རྒྱུན་ལྡན་དུ་གསོལ་འདེབས་བདག་ལ་འབད། །བླ་མ་ལས་བདུད་རྩིའི་ཆུ་རྒྱུན་བབས། །ཚངས་བུག་ནས་ལུས་ནང་ཐམས་ཅད་ཁྱབ། །དངོས་གྲུབ་ཀུན་ཡོངས་རྫོགས་ཐོབ་བསམ་ཞིང་། །བར་སྐབས་སུ་བླ་མ་རང་སེམས་བསྲེ། །སྤྲོས་བྲལ་གྱི་རང་སེམས་དྲི་མེད་ལ། །དགག་སྒྲུབ་ཀྱི་ལྷད་ཀྱིས་མ་བསླད་པར། །བཟོ་མེད་ཀྱི་ངང་དུ་མཉམ་པར་བཞག །དོན་དམ་གྱི་བླ་མ་ཆོས་སྐུ་དང་། །དབྱེར་མེད་དུ་རང་ཞལ་མཇལ་བ་ལགས།། ༈ །།རྗེས་ཐོབ་ཀྱི་གནས་སྐབས་ཐམས་ཅད་དུ། །བླ་མ་ཉིད་སྤྱི་བོར་འབྲལ་མེད་དང་། །སྨྲ་བརྗོད་ཀུན་གསོལ་འདེབས་ཁོ་ནར་དམིགས། །བསྙེན་


TR001_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་ཀྱི་དམ་པ་ཉིད་དུ་འགྱུར། །འགྲོ་དུས་སུ་གཡས་ཀྱི་ནམ་མཁར་བསྒོམ། །བསྐོར་བ་ལ་རྒྱུན་ཆད་མེད་པའོ། །ཟས་ཟ་ཚེ་མགྲིན་པར་བསྒོམ་ཞིང་མཆོད། །ཚོགས་ཆེན་གཉིས་ལྷུན་གྱིས་རྫོགས་པ་ཡིན། །ཉལ་བའི་ཚེ་སྙིང་གི་དབུས་བཞུགས་བསམ། །འོད་གསལ་གྱི་གདམས་ངག་མཆོག་ཏུ་འགྱུར། །འཆི་བའི་ཚེ་སྤྱི་བོར་བསྒོམ་བྱས་ལ། །རླུང་རིག་ཀུན་བླ་མའི་ཐུགས་ཀར་གཏད། །འཕོ་བའི་མཆོག་གྱུར་དེ་ལ་འབད། །གདོན་བགེགས་ཀྱི་ཆོ་འཕྲུལ་བྱུང་བ་ན། །འདྲེ་གདོན་ཀྱང་བླ་མའི་སྤྲུལ་པར་མོས། །ལུས་སྲོག་ཀུན་འཕང་མེད་ཚོགས་སུ་འབུལ། །གཅོད་ཡུལ་གྱི་ཉམས་ལེན་མཐར་ཐུག་ཡིན། །ནད་བྱུང་ན་ན་སར་བླ་མ་ཡི། །སྐུ་ཕྲ་ལ་དོད་པ་གསལ་བ་ལས། །བདུད་རྩི་བབས་ནད་ཀུན་དག་པར་བསམ། །རོ་སྙོམ་གྱི་གདམས་ངག་ཁྱད་པར་འཕགས། །མདོར་བསྡུ་ན་རྒྱལ་བ་སྲས་བཅས་ཀུན། །དབྱེར་མེད་དུ་བླ་མར་


TR001_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རོ་གཅིག་པས། །དེ་ཉིད་ལ་བློ་རྩེ་གཅིག་དྲིལ་ན། །གནས་སྐབས་དང་མཐར་ཐུག་དགོས་འདོད་ཀུན། །འབད་མེད་དུ་ལྷུན་གྲུབ་འབྱུང་འགྱུར་བས། །ཚུལ་འདི་ལ་རྟག་ཏུ་འབད་པ་ཅེས། །མདོ་རྒྱུད་དང་མན་ངག་བསམ་འདས་ཤིང་། །གསར་རྙིང་སོགས་གཞུང་ལུགས་གྲངས་མེད་ཀྱང་། །དགོངས་བཞེད་ཀུན་གཅིག་ཏུ་མཐུན་པ་ཡི། །རྒྱལ་སྲས་ཀུན་བགྲོད་པ་གཅིག་པའི་ལམ། །ཟབ་དོན་གྱི་སྙིང་པོ་འདི་ཉིད་ལ། །ཆིག་དྲིལ་དུ་ཉམས་སུ་བླང་བར་བྱ། །གཅིག་མཆོག་གི་དོན་ལ་མ་འབད་ན། །ཤེས་ཤེས་ཀྱི་ཚིག་ཚོགས་བརྒྱ་ཡོད་ནའང་། །དགོས་དུས་སུ་ཕན་པ་གཅིག་མི་འབྱུང་། །གནད་དོན་གྱི་རྩ་བ་གཅོད་པར་འཚལ། །སྙིགས་དུས་ཀྱི་བླ་གཟུགས་བདག་འདྲ་ཡང་། །ཐོས་བསམ་གྱི་སྦྱངས་པ་མ་བྱས་པས། །ལུང་རིག་གི་རྣམ་བཤད་མི་ཤེས་ཀྱང་། །ལམ་ཟབ་འདི་བླ་མའི་དྲིན་ལས་ཐོབ། །ཡིད་ཆེས་ཀྱི་མྱོང་བ་གྲུབ་པའི་ཕྱིར། །ཁྱེད་ཉིད་ཀྱང་འདི་བཞིན་ཉམས་བཞེས་


TR001_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། །དེ་ལྟར་དུ་གདམས་པ་དགེ་བའི་མཐུས། །མཁའ་མཉམ་གྱི་མ་རྒན་སེམས་ཅན་རྣམས། །འཁྲུལ་སྣང་གི་གཟེབ་ལས་ཡོངས་གྲོལ་ཏེ། །དོན་དམ་གྱི་བླ་མས་ས་ནོན་ཤོག །ཅེས་པའི་བླ་མའི་རྣལ་འབྱོར་འདི་ནི། སྔ་འགྱུར་སྙིང་པོའི་བསྟན་ལ་མཆོག་ཏུ་གུས་པ་བླ་མ་བརྩོན་འགྲུས་མཚན་ལ་སྨིན་གྲོལ་བསྐྱེད་རྫོགས་གླིང་ནས་ཕུལ་བ། ཨིྀྠ།། ༈ །།རིག་གྲོལ་དཔལ་ཡོན་ལྡན་པ་གང་དེ་ཡི། །གསུང་ཤོག་བཅུད་ལྡན་སྙིང་པོའི་རྟེན་དང་བཅས། །ཀུ་སཱ་ལི་པ་ཁོ་བོའི་གན་ཉིད་དུ། །ལེགས་པར་སྨིན་པས་མཆོག་ཏུ་སྤྲོ་བ་འཕེལ། །བདག་ཀྱང་སྒོ་གསུམ་ནུས་སྟོབས་ཅི་མཆིས་ཀྱི། །བསྟན་པའི་བྱ་བ་བསྒྲུབ་པར་སེམས་མོད་ཀྱང་། །དུས་ངན་རླུང་གི་དགེ་བློའི་མར་མེ་བསྐྱོད། །བསྟན་པའི་སྣང་བ་གསལ་བར་མ་གྱུར་ཚེ། །བདག་འདྲས་འབད་ཀྱང་ངལ་བ་དོན་མེད་ལས། །དབེན་པའི་མལ་དུ་རང་སེམས་གཉུག་མའི་


TR001_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

དོན། །སྒོམ་མེད་ངང་ལས་མ་ཡེངས་ཙམ་གནས་པ། །བསྟན་འགྲོའི་དོན་དུ་འདི་ག་ཕན་ནམ་སྙམ། །སྤྲོས་བཅས་ལས་ལ་མི་ཚེ་བསྐྱལ་བྱས་ཤིང་། །དེ་ལས་བྱུང་བའི་ཟང་ཟིང་བསྡུས་པ་ཡིས། །སེར་གཟུགས་ཅན་གྱི་སྐྱེ་བོ་འགའ་ཚོགས་སར། །བསྟན་པར་རློམ་འདི་སེམས་ཀྱི་མ་རངས་སོ། །ཚེ་འདི་ཡུད་ཙམ་ནམ་མཁའི་གློག་འདྲ་ལ། །བསྐལ་བརྒྱར་སྡོད་འདྲའི་གྲབ་ཤོམ་འདིང་བྱེད་ཅིང་། །ཆོས་གཟུགས་བྱས་ནས་འཁོར་བའི་ལས་སྤྱོད་པའི། །གང་ཟག་མཐོང་ཚེ་སེམས་ཀྱིས་མ་བཟོད་ཀྱང་། །བག་ཆགས་ངན་པའི་སྟོབས་ཤུགས་དབང་བརྩན་ཞིང་། །ལོག་སྤྱོད་དུས་ཀྱིས་རླབས་པའི་སྐྱེ་འགྲོ་ལ། །ཕན་པའི་སེམས་ཀྱིས་ལེགས་པའི་ལམ་བསྟན་ཞིང་། །དམ་ཆོས་མདུན་མ་སྙིང་ནས་བཤམས་ན་ཡང་། །མི་ཉན་ལོག་ལྟ་སྐྱེ་བ་ཁོ་ནར་གྱུར། །འདི་ལྟའི་དུས་ཚེ་ཤེས་ལྡན་སྐྱེས་བུ་དག །གཡའ་སྤང་གངས་རི་ནགས་ཁྲོད་དབེན་པ་རུ། །འདུ་འཛི་གཡེང་སྤངས་དམ་ཆོས་སྤྱོད་པ་ལ། །བདག་


TR001_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མཆོག་ཏུ་སྨོན་ཞིང་ཡི་རངས་ཐོབ། །འོན་ཀྱང་ཐེག་ཆེན་དམ་ཚིག་ཡིན་པའི་ཕྱིར། །རིམ་གྱིས་བསྟན་ལ་གང་ཕན་བྱ་བ་དག །ཚེ་ཡི་ལྷག་མ་ཇི་ཙམ་ཐུབ་ཀྱི་བར། །གང་ནུས་བགྱིད་པའི་སེམས་སྐྱེད་སྨོན་ལམ་འཚལ། །ཁྱེད་ཀྱང་རང་གཞན་མཁའ་མཉམ་སེམས་ཅན་ལ། །ཕན་བདེའི་སླད་དུ་སེམས་སྐྱེད་རྣམ་དག་པས། །ལུས་ངག་ཡིད་གསུམ་དགེ་སྦྱོར་རིམ་པ་ལ། །གཡེལ་བ་མེད་པར་བརྩོན་པར་མཛད་འཚལ་ཞིང་། །སླར་ཡང་འོ་སྐོལ་མྱུར་དུ་མཇལ་ནས་ཀྱང་། །ཟབ་མོ་རྡོ་རྗེ་ཐེག་པའི་ཁང་བཟང་སུ། །བདེ་ཆེན་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་པའི། །བསླུ་མེད་རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་བགྱིའོ། །ཅེས་པ་འདི། སློབ་དཔོན་རཏྣའི་མཚན་ཅན་གྱིས་རང་ཉིད་ལ་ཤ་ཚའི་ཡི་གེ་བསྐུར་བའི་ལན་དུ་སྨིན་གྲོལ་སྐྱེད་རྫོགས་གླིང་གི་མཚམས་མལ་ནས་ཕུལ་བའོ།། ༈ །།མི་དབང་དམ་པའི་རྒྱུད་ལས་སྐུ་འཁྲུངས་ཤིང་། །ལེགས་བཤད་ཡོན་ཏན་ནོར་གྱིས་


TR001_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བརྒྱན་པ། །དད་ལྡན་ཀུན་བཟང་ཆོས་རྒྱལ་གང་དེ་ཡིས། །དབང་པོའི་གཞུ་འདྲའི་ལྷ་རྫས་སྐྱེས་བསྐུར་ཏེ། །སྐྱེད་ལན་སྙིང་གཏམ་གདམས་ངག་དགོས་སོ་སྐད། །ཁྱོད་ནི་ལུང་རྟོག་དམ་ཆོས་འབྱོར་པས་ཕྱུག །བདག་ནི་ཐོས་བསམ་སྒོམ་པའི་ནོར་གྱིས་དབེན། །ལེགས་བཤད་ཡོན་ཏན་སྦྱིན་པོར་ནུས་མིན་ཀྱང་། །གོང་མའི་གསུང་རྒྱུན་ཙམ་ལ་བརྟེན་ནས་ནི། །སྙིང་གཏམ་ཐར་པའི་ལམ་བཟང་འདི་ལྟར་བསྟན། །རྙེད་དཀའི་མི་ལུས་རིན་ཆེན་ལེགས་ཐོབ་ཅིང་། །སངས་རྒྱས་བསྟན་དང་བཤེས་གཉེན་འཛོམ་དུས་འདིར། །རིན་ཆེན་གླིང་ནས་སྟོང་ལོག་མ་བྱེད་པར། །ནམ་ཞག་གཏན་གྱི་མདུན་མ་བསྒྲུབ་པར་འཚལ། །ཚེ་འདི་མི་སྡོད་རི་གཟར་འབབ་ཆུ་འདྲ། །སྐྱེས་པའི་མཐའ་མ་འཆི་ལས་མ་འདས་ཤིང་། །འཁོར་བ་གར་སྐྱེས་སྡུག་བསྔལ་མེ་འོབ་འདྲ། །ལོང་མེད་བརྩོན་པས་ཐར་པ་བསྒྲུབ་པར་འཚལ། །དེ་ཉིད་བསྒྲུབ་པའི་གཞི་རྟེན་དམ་པ་ནི། །བསླབ་གསུམ་སྡོམ་པ་རིན་ཆེན་གོ་ཆ་


TR001_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །མིག་འབྲས་ལྟ་བུ་གཅེས་སྤྲས་བསྐྱངས་བྱས་ནས། །བསྟན་པའི་སྲོག་ཤིང་འཛིན་ལ་འབད་པར་འཚལ། །དེ་སྟེང་རྒྱལ་བའི་ལམ་སྲོལ་རྨད་བྱུང་བ། །ཐེག་ཆེན་སྙིང་པོ་བྱང་ཆུབ་སེམས་ཉིད་མཆོག །གཞན་ཕན་བསྒྲུབ་ལ་བརྩོན་པས་ཤུགས་བསྐྱེད་དེ། །སྒོ་གསུམ་དགེ་ལས་གཡོ་མེད་བགྱིད་པར་འཚལ། །དེ་སྟེང་ལམ་གྱི་ལམ་མཆོག་སྙིང་པོའི་དོན། །སྣང་གྲགས་ལྷ་སྔགས་རྟོགས་ཚོགས་ཆོས་ཉིད་ཀློང་། །འཁོར་འདས་རིག་པའི་རོལ་པར་ལ་ཟློས་ཏེ། །སྐྱེད་རྫོགས་དབྱེར་མེད་དོན་ལ་འབད་པར་འཚལ། །དེ་ལས་གཞན་པའི་དུས་རྣམས་ཐམས་ཅད་དུ། །སྤྱི་བོའི་གཙུག་ཏུ་དྲིན་ཅན་བླ་མ་ཉིད། །འབྲལ་མེད་རྒྱུན་དུ་སྒོམ་ཞིང་གསོལ་བ་བཏབ། །ཉམས་ལེན་སྙིང་པོ་འདི་ལ་དྲིལ་བར་འཚལ། །མཁའ་མཉམ་འགྲོ་བ་སེམས་ཅན་མ་ལུས་ཀུན། །རང་གི་ཕ་མར་མ་འགྱུར་གང་ཡང་མེད། །དེ་དག་བྱང་ཆུབ་ལམ་ལ་བཀོད་


TR001_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

སླད་དུ། །སྤྲོས་བཅས་སྤྲོས་མེད་དགེ་ལ་འབད་པར་འཚལ། །སྐྱབས་གནས་རྣམས་ལ་འབྲལ་མེད་དད་གུས་དང་། །རིགས་དྲུག་ཀུན་ལ་ཚད་མེད་སྙིང་རྗེ་དང་། །ཐམས་ཅད་ཡོངས་ལ་ཕྱོགས་མེད་དག་སྣང་སྟེ། །དེ་དག་རྣམས་ལ་མི་འབྲལ་བགྱིད་པར་འཚལ། །མདོ་རྒྱུད་མན་ངག་བསྟན་བཅོས་ཐམས་ཅད་ཀྱི། །དགོངས་དོན་ཟབ་མོ་ཧྲིལ་གྱིས་དྲིལ་བའི་གནས། །རྒྱལ་སྲས་མཐའ་དག་བགྲོད་པ་གཅིག་པའི་ལམ། །འདི་ལས་མེད་པས་ཐུགས་ལ་བཞུགས་པར་འཚལ། །ཆོས་ཀུན་མདོ་འགག་གནད་དུ་དྲིལ་བྱས་ནས། །རང་གི་རྒྱུད་ཐོག་ཁེལ་བར་མི་བྱེད་པར། །ཤེས་ཤེས་མང་ཡང་དགོས་དུས་ཕན་པ་ཉུང་། །ཉམས་ལེན་སྙིང་པོར་དྲིལ་ལ་བརྩོན་པར་འཚལ། །ལེགས་བཤད་འདིའི་དགེ་བས་གང་དེའི་མཐུས། །མཐའ་ཡས་འགྲོ་བ་སྲིད་པར་འཁྱམས་པ་ཀུན། །བླང་དོར་གནས་ལ་མ་ནོར་ལྷུར་ལེན་ཞིང་། །གོ་འཕང་མཆོག་ལ་མྱུར་དུ་རེག་པར་ཤོག །


TR001_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི། །ཆོས་མཛད་ཀུན་བཟང་ཆོས་རྒྱལ་ལ་གདམས་སོ།། ༈ །།མཐའ་བྲལ་ཀ་དག་ཀློང་ཡངས་ཀྱི་ཕོ་བྲང་ནས། རིག་སྟོང་རང་བྱུང་ཡེ་ཤེས་ཆོས་ཀྱི་རྒྱལ་པོས་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་གཏམ། གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་གིས་བྱིན་གྱིས་བརླབས་པའི་སྦས་པའི་གནས་ཆེན་མཁན་པ་ལྗོངས་ཀྱི་གནས་བདག་གི་རིགས། ཕྱི་ཡི་ལྷ་མ་སྲིན་སྡེ་བརྒྱད། ནང་གི་མ་མོ་མཁའ་འགྲོ། གསང་བའི་རྣམ་རྟོག་འཁུ་ཕྲིག་ལ་སོགས་སྣང་སྲིད་ཀུན་ལ་བཟློ་བ། སྣང་གྲགས་ཐམས་ཅད་ཡེ་གདོད་མ་ནས་དག་པ་རབ་འབྱམས་ཡིན་པ་ལ། བློ་བུར་འཁྲུལ་སྣང་འགྱུ་བ་སྤུན་པོས་བདག་གཞན་གཉིས་སུ་བཟུང་བས་བར་ཆད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ཡིན་མོད་ཅིང་། ད་ཕྱིན་ཆད་རྣལ་འབྱོར་པ་འདི་དག་ཀ་དག་བློ་འདས་ཆོས་ཉིད་མངོན་སུམ་གྱི་དོན་སྒོམ་པ་ལ། མཚན་འཛིན་ཡེངས་འཕྲུལ་གྱི་གེགས་མ་བྱེད་པར་ཆོས་ཉིད་ཟད་པར་འཁྱོལ་བའི་གདོང་གྲོགས་མཐུན་རྐྱེན་


TR001_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲུབ་པ་ལ་འབད་པ་གལ་ཆེ། ཞེས། སྒོམ་མེད་ཀྱི་ལོ། །ཡེངས་མེད་ཀྱི་ཟླ་བའི་དུས་དགེ་བར། མ་བཅོས་ལྷུན་གྲུབ་ཀྱི་ཕོ་བྲང་ནས་བྲིས་པ་དགེ་ལེགས་འཕེལ། ཅེས་པ་འདི། རྣལ་འབྱོར་པ་གར་དབང་འོད་གསལ་རང་གྲོལ་སྦས་ཡུལ་མཁན་པ་ལྗོངས་ཀྱི་གནས་ཆེན་དུ་བསྒྲུབ་པ་ལ་འགྲོ་བའི་ཚེ། བར་ཆད་སེལ་བའི་བཀའ་ཤོག་དགོས་ཟེར་བར་སྦྱིན་པའོ།། ༈ །།ས་གསུམ་གཙོ་བོ་འཇིག་རྟེན་སྐྱོང་བའི་དབང་པོ་གང་། །རིན་ཆེན་འཁོར་ལོ་ཡང་དག་དབང་བསྒྱུར་ཆོས་ཀྱི་རྒྱལ། །ཤར་ཕྱོགས་དགེ་ལེགས་སྣང་བ་གསལ་མཛད་བསོད་ནམས་གཏེར། །མི་དབང་གསེར་གྱི་ལྷུན་པོ་ལྟ་བུའི་ཞབས་ཟུང་པད། ༡ །འཆི་མེད་ན་ཆུང་བརྒྱ་ཕྲག་སྟོང་། །ཟུར་ཕུད་དབལ་གྱིས་ལེགས་བསྟེན་ལྷ། །སྤྱན་སྟོང་མངའ་བཞིན་རྩིབ་སྟོང་གི། །མཚན་མ་བཀྲ་ཤིས་མཆོག་འབར་ཁྱེད། ༢ །རྣམ་དག་བྱང་ཆུབ་དམ་པའི་སེམས་བསྐྱེད་གྲུ། །ཚོག་གཉིས་དགེ་བའི་བ་དན་བསྐྱེད་མཐུ་དང་། །ལྷན་ཅིག་བདེ་དགའི་དཔལ་འབྱོར་རིན་ཆེན་གླིང་། །


TR001_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འབྱོར་མི་ཡི་ལྷ་དེ་ཡི་ཞབས་དྲུང་དུ། ༣ །རྒྱ་མཚོའི་གོས་ཅན་ཁྱོན་ཡངས་ཀྱི། །བྱེ་བྲག་ཆུ་ལྷ་མོའི་ལང་ཚོ། །མཆོག་གསལ་ཀོང་མཐིལ་ལྗོན་པའི་ཚལ། །གྲུབ་དབང་པདྨའི་ཞབས་རིས་བཀྲ། ༤ །ཐུབ་བསྟན་ལྷ་ལམ་ཡངས་པའི་དབྱིངས་རུམ་ནས། །སྔ་འགྱུར་འོད་གསལ་སྙིང་པོའི་ཉི་གཞོན་འབུམ། །ཤར་བའི་ཆ་ཤས་ལྷག་མ་ཅུང་ཟད་ཀྱི། །དཔལ་ལ་ཉེར་སྤྱོད་འདུས་པའི་ཚོགས་དཔུང་ནས། ༥ །ངོ་མཚར་གཞོན་ནུ་རོལ་པའི་གར། །བསྟོད་དབྱངས་མགྲིན་པའི་རྒྱུད་མང་གི། །སྙན་ཚིག་ཨཀྵ་རའི་གཟུགས་སུ། །རབ་དཀར་ཤིང་ཤུན་མེ་ལོང་ངོས། ༦ །ལྷག་བསམ་དྲི་བཟང་འཕྲོ་བའི་ཀུ་མུཏྟས། །ལེགས་བཀླུབས་ཉམས་འགྱུར་བརྒྱ་ཡི་རོལ་བརྩེད་བཅས། །གྲགས་འབྱོར་བསོད་ནམས་མཐུ་སྟོབས་དོ་ར་དེར། །ས་སྐྱོང་དགྱེས་པ་བསྐྱེད་པའི་རོལ་མོར་འབུལ། ༨ །གང་གི་ཐུགས་བསྐྱེད་ཟླ་གསར་འདོད་འཇོའི་དཔལ །མངོན་གསལ་མི་ཟད་རྒྱ་ཆེན་དགེ་བའི་སྐྱེས། །ཉི་འོག་ཐུབ་བརྟན་འཛིན་སྡེ་མཐའ་དག་སར། ཁྱབ་བསྩལ་བཀའ་ཡི་སྒྲོམ་བཅས་འདིར་ཡང་སོན། །ཨེ་མ་ཨེ་


TR001_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཁོར་བསྒྱུར་དགེ་བའི་དཔལ། །སྲིད་འབྱོར་གྲགས་སྟོབས་མཐུ་དཔལ་ཁྱོན་ཡངས་པར། །མཚར་ཅི་དཔག་མེད་སྔོན་གོམ་འགྲོ་མང་སླད། །རིན་ཆེན་བསྟན་ཞབས་འདེགས་འདིར་གུས་ཡི་རངས། ༩ །རབ་ཟབ་རྒྱ་ཆེན་ཆོས་སྒོའི་བསྟན། །རིས་མེད་རལ་པའི་རྒྱལ་མཚན་གྱི། །ཡང་དག་ཏེག་ཏུ་གཟི་འབར་བའི། །ཡོན་ཏན་རྣམ་པར་འཆང་མཁས་མཆོག ༡༠ །གང་སྐུའི་མཐུ་སྟོབས་དཔལ་ལས་ལེགས་གྲུབ་པས། །ཟླ་བྲལ་བྱང་ཆེན་མཆོག་རྒྱུའི་དགེ་རྩ་འདིས། །མངོན་མཚན་ནམ་མཁའ་མཉམ་པའི་མ་རྒན་ཀུན། །སྲིད་གནས་དུཿཁའི་མཚོ་ལས་མྱུར་གྲོལ་གྱི། ༡༡ །སྨོན་ལམ་གངྒའི་ཇི་སྙེད་སངས་རྒྱས་གསུངས། །རྗེས་འབྲང་བདག་སོགས་འདུས་པར་བཅས་པས་ཀྱང་། །མངོན་ཞེན་དྲི་མ་སྤངས་པའི་ལྷག་བསམ་གྱིས། །ཡོངས་བསྔོ་ཟག་མེད་འབྲས་མཆོག་མངོན་གྱུར་གྱི། ༡༢ །སླད་མར་ནམ་ཡང་ཡང་དག་དགེ་འབྲས་དང་། །


TR001_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་དཔལ་འབྱོར་འབྱོར་པའི་རྒྱ་མཚོ་ཡི། །སྟོབས་དང་ཉིད་སྐུ་སྐུ་ཚེའི་ལྷུན་པོ་ནི། །ནམ་མཁའ་ཇི་སྲིད་སྲིད་འདིར་རབ་བརྟན་ཤོག ༡༣ །ཅེས་པ་འདི། འཇང་ས་ཐམ་རྒྱལ་པོའི་བཀའ་ཤོག་གི་འཕྲོད་ལན་དུ་ཕུལ་བའོ།། ༈ །།རབ་འབྱམས་རིགས་བརྒྱ་གསང་ཆེན་རིགས་གཅིག་ནི། །སྙིང་པོ་རིགས་འདུས་བླ་མ་ཧེ་རུ་ཀ །སྲིད་དང་ཞི་བའི་ཁྱབ་བདག་འཁོར་ལོའི་མགོན། །བསྐལ་བརྒྱར་ངེས་གསང་ཆོས་འཁོར་བསྐོར་དུ་གསོལ། །མི་འགྱུར་གཞོམ་མེད་སྐུ་ཡི་ལྷུན་པོ་གང་། །རབ་བརྟན་ཐེག་མཆོག་ཉི་འོད་གདལ་མཛད་པའི། །རྫུ་འཕྲུལ་རྨད་བྱུང་དཀྵི་ཎྱ་ཕྱོགས་ཀྱང་། །དེ་བཞིན་རྣམ་རོལ་ཕྲིན་ལས་ཀུན་དགའི་གཏེར། །འགྲོ་བ་འདུལ་མཛད་འགྲོ་བའི་མགོན། །སྙིགས་མ་ལས་ཀྱང་ཆེས་སྙིགས་པའི། །སྐབས་སུའང་སྙན་གྲགས་སྐབས་སུ་གྲོང་། །ཁྱབ་གྱུར་རིགས་ཀུན་ཁྱབ་བདག་ཆེ། །ངེས་དོན་སྙིང་པོའི་སྙན་ངག་རོལ་གར་གཟུགས། །


TR001_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་འཇམ་ཤོག་བུའི་དོ་རར་མངོན་གསལ་བ། །རུ་ཀུ་ལི་ཡུག་ལྷབ་ལྷུན་གྲུབ་གཡོ་བར་བཅས། །ཀོང་རོང་ལྗོན་པའི་གླིང་ཟད་བས་མཐར་སོན། རབ་ཟབ་བཀའ་ཡི་གླེགས་བུ་བརྒྱ། །མི་བཤིག་རྡོ་རྗེས་ལེགས་བཏབ་པའི། །བྱིན་རླབས་སྤྲིན་གྱི་གོ་བར་ལས། །དངོས་གྲུབ་ཟིམ་བུས་བློ་ཁ་ཕྱེས། །འདི་ན་ལྔ་བརྡོ་དར་བའི་ངང་ཚུལ་ལ། །ཡིད་བབ་བྱུང་ཞིང་གཞན་ཕན་ཤད་རའི་ཕྱིར། །རབ་བསྟུལ་རང་སེམས་ཙིཏྟའི་གའུ་རུ། །བསྐུམ་སྟེ་ཡིད་ལས་ཆུང་ངུར་གཞོལ་བཞིན་མཆིས། །རྨད་བྱུང་མཁྱེན་བརྩེའི་མཐུ་སྟོབས་དཔལ། །མཆོག་ལྡན་རྗེ་བཙུན་རིག་འཛིན་སྙིང་། །གང་གི་ཕྲིན་ལས་ཡལ་འདབ་པའི། །འགྲོ་ལ་རྟག་ཏུ་ཁྱབ་མཛད་ཤོག །ཅེས་མཚུངས་མེད་རིག་འཛིན་སྙིང་པོའི་དྲུང་དུ་ཕུལ་བའོ།། ༈ །།མ་ལུས་ཆོས་ཀུན་གདོད་ནས་རང་བཞིན་གྱིས། །རྣམ་དག་རོ་མཉམ་ཆེན་པོར་དབྱེར་མེད་པའི། །འགག་མེད་འོད་གསལ་ལྷུན་གྲུབ་འབྲས་བུའི་བོན། །


TR001_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་གྲོལ་འོད་སྟོང་འགྲོ་ལ་འགྱེད་མཁས་པ། །ནམ་མཁའི་རྣལ་འབྱོར་རིག་པ་འཛིན། །ནམ་མཁའ་བསོད་ནམས་འཕྲིན་ལས་གཏེར། །ནམ་མཁའ་བསོད་ནམས་གདུལ་བྱའི་དོན། །ནམ་མཁའ་མཉམ་པ་གང་དེའི་དྲུང་། །སྲིད་པ་མེ་འོབ་ལྟ་བུའི་བཙོན་ར་ལ། །མངོན་པར་སྐྱོ་བའི་ངེས་འབྱུང་བསམ་པ་ནི། །ཡང་ཡང་འདུས་བྱས་རྐྱེན་ཚོགས་ཀྱིས་བསྐུལ་ཏེ། །དབེན་ལ་དགའ་བ་བདག་འདྲས་འདི་སྐད་གསོལ།། ༈ །།ཁྱེད་སྐུ་གཟི་འབར་ཉི་མ་ཇི་བཞིན་འགྲོ་བློའི་མུན་སེལ་ཟླ་བ་བཞིན། །བསྟན་ལ་ཕན་བདེའི་སྨན་མཆོག་དང་མཚུངས་གདུལ་བྱའི་རེ་སྐོངས་དབང་རྒྱལ་ལྟར། །མདོ་ཁམས་ཤར་ཕྱོགས་སྨིན་གྲོལ་འོད་བརྒྱས་བོན་བསྟན་དཀར་པོར་སྣང་མཛད་པའི། །གྲགས་པའི་དྲི་བསུངས་ཕྱོགས་འདིར་འཕྲོ་དང་ལྷན་ཅིག་བདག་བློའི་སྤྲོ་དགའ་འཕེལ།། ༈ །།བཀའ་ཡི་དོན་ཕྲེང་སྒྲོམ་བུ་ནི། །རིན་ཆེན་གསེར་བཟང་གོས་ཁ་ཟུང་། །རྒྱ་ཇའི་


TR001_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

སིག་བཅས་ཕྱག་རྟགས་ཀྱི། །འཆིང་བ་མ་ཉམས་འདི་ན་སྨིན། །རྒྱལ་བའི་ལུང་བསྟན་དུས་བབ་པའི། །རང་ཚུལ་མངོན་སུམ་སྙིང་ལས་ཆེས། །སྙིགས་མའི་བསྟན་འགྲོ་ཉམས་ཐག་པའི། །རྣམ་འགྱུར་ཀྱི་ཧུད་ཡིད་རབ་བྱུང་། །དེ་སླད་བསྟན་འགྲོའི་དོན་དུ་མིང་བཏགས་པའི། །རང་གཞན་གཡེང་ཁྲོད་དལ་འབྱོར་ཆུད་གཟོན་ལ། །མ་རངས་ཀོང་ཡུལ་ཐ་དག་ཟད་པའི་ནགས། །དབེན་པར་ཀུན་སྤངས་སྤྱོད་པས་འཚོ་བཞིན་མཆིས། །ནམ་འཆི་ཆ་མེད་ལངས་ཚོའི་མེ་ཏོག་ཡོལ། །གཞན་དོན་རེ་བྲལ་དགོན་སྡེའི་འཁུར་པོ་བོར། །མི་ཁྱུ་ནས་བྲོས་བློ་ཕུག་སྤྲང་ལ་གཏད། །གཅིག་པུར་རི་ལ་འཆི་བ་བདག་སྨོན་ལགས། །རིག་འཛིན་མཆོག་ཉིད་སྐུ་ཡི་ལྷུན་པོ་གང་། །བསྐལ་བརྒྱར་རབ་བསྟན་ཆོས་ཆར་འགྲོ་ལ་འབེབས། །མ་ལུས་འགྲོ་བའི་དོན་ཆེན་རབ་གྲུབ་ཅིང་། །འོག་མིན་གནས་སུ་ལྷན་ཅིག་མཇལ་བར་སྨོན། །


TR001_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས། བོན་ལུགས་ཀྱི་བླ་མ་རིག་འཛིན་ནམ་མཁའ་བསོད་ནམས་ལ་ཕུལ་བའོ།། ༈ །།འདུད་དོ་རྒྱལ་བ་ཀུན་བདག་ལྷ་ཡི་ལྷ། །མི་དམིགས་མཉམ་པ་ཆེན་པོའི་ཐུགས་རྗེ་ཡིས། །གཟིགས་པ་ཕྱོགས་ལྷུང་བྲལ་ཡང་བདག་གཅིག་དོན། །ཁོ་ནར་འཚོ་ཞིང་གཞེས་འདྲའི་ཕ་མཆོག་དྲུང་། ༡ །མ་རིག་འཁྲུལ་འཁོར་ཟད་མེད་འཕེལ་མེད་འགྲོ། །མང་འདི་ཐེག་མཆོག་ཤིང་རྟས་ཐར་གླིང་དུ། ཁ་ལོ་བསྐྱེད་ལ་ངལ་མེད་རྣམ་འདྲེན་ཁྱོད། །གདུལ་བྱ་མགྲིན་སྔོན་རལ་སྤོར་སྐུའི་ཟླ་སྣང་། ༢ །ཉིན་དང་མཚན་གསལ་དམར་ཕྱོགས་མི་མངའི་འོད། །ཀོང་ནག་མུན་ཆེན་འཁྲོད་ཀྱང་ལམ་མེ་བར། །སྣང་མཛད་ཚད་མེད་ཐུགས་རྗེའི་རྫུ་འཕྲུལ་གྱིས། །བདག་བློའི་མུན་ཆེན་གཞོམ་དང་དད་ཀུན་ལྡན། ༣ །རྒྱས་གྱུར་ལྷན་ཅིག་མཛད་ནུས་ཨེ་མ་མཚར། །གཞོམ་བྲལ་སྐུ་དང་ཚངས་དབྱངས་ཟབ་མོའི་གསུང་། །བྲི་གང་ལས་


TR001_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཐུགས་རྗེའི་འདོད་འཇོ་ཡིས། །ད་དུང་ཕྱི་མའི་མུ་མཐར་བསྐྱངས་མཛད་གསོལ། ༤ །འདི་ན་རང་རྒྱུད་བྱིན་རླབས་བརླན། །དབེན་དང་གཞན་རྒྱུད་ལྐོ་སྐམ་ཆོས། །སྣུམ་དྲེད་ཁྱེར་བའི་སྐྱོན་ངང་ཚུལ། །མཐོང་འགྱོད་མི་སྨྲའི་བརྟུལ་ཞུགས་ལས། ༥ །ཐབས་བྲལ་རྟ་ཞོན་བེར་གྱོན་གྱིས། །ནོར་ལྡན་ཡན་ལག་མཆོག་འཁོར་ལོ། །བསྒྱུར་བའི་མངའ་ཐང་སྔོན་ཇི་བཞིན། །སླན་ཆད་འབྱུང་བར་མ་གྱུར་ཅིག ༦ །དགེ་བློའི་བག་ཆགས་གླ་རྩིའི་ཁོག་དྲི་ཙམ། །མེད་བཞིན་ཇ་ཧོང་གོས་བགོས་ལོག་འཚོ་ལ། །གནམ་ས་ཙམ་གྱི་ཞལ་གདངས་དགེ་སྦྱོང་འཁོར། །ཚོགས་དཔུང་རྣམ་འདྲེན་ཟོལ་འདི་འཆི་མ་དཀུ། ༧ །མཚུངས་བྲལ་འཇའ་མཚོན་ཞབས་དེའང་དབྱིངས་སུ་ཐིམ། །རྒྱལ་བའི་ལུང་བསྟན་དུས་ཀྱང་མངོན་སུམ་གྱུར། །རང་ཉིད་ཚེ་དང་ལང་ཚོའང་གནམ་གང་ཉེ། །མི་འགྲུབ་བསྟན་འགྲོའི་དོན་གྱིས་རེ་ལྟོས་ཟད། ༨ །


TR001_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དྲིན་བསྐལ་བརྒྱར་མི་འཁོར་ཕ་ཁྱེད་ཞལ། །ལན་གཅིག་བལྟ་སྙམ་མ་འགྲུབ་སེམས་ཀྱི་ལྷག །ལུས་ཙམ་ལས་གཞན་བློ་ཡི་འདབ་བརྒྱ་ནི། །ཟུམ་པར་གྱུར་ལ་དབྱིངས་ནས་གཟིགས་སུ་གསོལ། ༩ ཅེས། །རྗེ་བཙུན་སྐད་གཉིས་སྨྲ་བའི་དབང་པོ་གཞན་ཕན་རྡོ་རྗེའི་ཞབས་དྲུང་དུ་ཕུལ་བའོ།། ༈ །།རྒྱལ་སྲས་མཁྱེན་རབ་བདག་པོའི་ཞིང་ཁམས་དང་། །བརྩེ་ལྡན་ཕྱག་ན་པདྨོའི་གདུལ་ཞིང་གཉིས། །ལྷན་ཅིག་འཛོམ་མཚམས་དར་རྩེ་མདོ་ཡི་ཡུལ། །སྐད་རིགས་མི་གཅིག་སྣ་ཚོགས་འདུ་བའི་སར། །རིགས་རུས་ཆོ་འབྲང་བཟང་པོར་སྐུ་འཁྲུངས་ཤིང་། །ཐོས་བསམ་སྒོམ་པའི་ཡོན་ཏན་ཚོགས་ཀྱིས་བརྒྱན། །ངག་དབང་ཀུན་དགའ་བསོད་ནམས་མཚན་འཆང་བ། །ངེས་ལེགས་ཐར་པ་བསྒྲུབ་བརྩོན་སྐྱེས་མཆོག་ཆེས། །ལེགས་སྦྱངས་གྲགས་དཀར་སྙན་ངག་མུ་ཏིག་འཕྲེང་། །ཟབ་རྒྱས་འཛུམ་མདངས་རྒོད་པའི་ལང་ཚོ་ཅན། །


TR001_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་ཡོ་བྱད་ཉེར་འཁོའི་སྐྱེས་བཟང་པོ། །བཏེགས་ནས་གཞིག་བྲལ་ཕྱག་རྒྱས་ལེགས་བསྣན་གང་། །ལམ་རིང་བགྲོད་དཀའི་ཉེར་འཚེས་མ་བཅོམ་པར། །འཆུགས་མེད་ཀོང་མཐིལ་དཔལ་རི་གངས་ཀྱི་འདབས། །རྒོད་ཚང་བྲག་ཕུག་དབེན་པའི་མཚམས་མལ་དུ། །འབྱོར་བས་ངོ་མཚར་འདབ་བརྒྱ་གྱེས་པར་གྱུར།། ༈ །།འཁོར་བ་ཆུ་སྲིན་འབྱུང་གནས་ཤུགས་དྲག་གི། །སྡུག་བསྔལ་རྦ་ཀློང་གནམ་ས་གཡོ་འཁྲུག་ཀྱང་། །ངེས་འབྱུང་བསམ་བློ་སྐད་ཅིག་མི་སྐྱེ་བའི། །སྙིགས་དུས་སྐྱེ་བོའི་སྙིང་སྲན་ལྕགས་ལས་བསྲ། །ཐར་པ་དམ་པའི་གྲུ་ཆེན་རྒྱལ་བསྟན་ལ། །རབ་ཞུགས་ངུར་སྨྲིག་རྒྱལ་མཚན་འཛིན་ཀུན་ཀྱང་། །ཆོས་བརྒྱད་སྲིན་ཡུལ་གྲོང་ལ་ཡེངས་ཡེངས་ནས། །རྣམ་གྲོལ་ནོར་བུ་ལོན་པའི་སྐལ་བས་དབེན། །བསྐལ་པ་མར་འགྲིབ་ལྟས་ངན་འབྱུང་འཁྲུག་གི། །རྐྱེན་མང་འགྲོ་བའི་བདེ་སྐྱིད་མེ་ཏོག་ཡལ། །རྒྱལ་བསྟན་སྦྲང་རྩིའི་དགའ་སྟོན་ནུབ་ནའང་། །


TR001_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ད་དུང་ཚེ་འདིའི་བདེ་ཐབས་འཚོལ་བ་མང་། །འགྱུར་བྲལ་ཟག་མེད་གཏན་བདེ་བྱང་ཆུབ་མཆོག །མ་ཐོབ་དེ་སྲིད་འདུས་བྱས་བདེ་ཐབས་བརྒྱ། །བསྒྲུབས་ཀྱང་ངལ་བ་འབྲལ་མེད་འབའ་ཤིག་དང་། །དུག་ཅན་ཟས་བཞིན་ཕྱིས་ཕྱིར་སྡུག་བསྔལ་རྒྱུ། །དེ་བས་བླ་མེད་སྙིང་པོ་ལམ་བཟང་ལ། །བགྲོད་སྨོན་འཇིག་རྟེན་སྒྱུ་མས་ཡིད་བསུན་པའི། །སྤོང་བ་ས་བདག་མཐའ་འཁོབས་ལུང་སྟོངས་འདིར། །ཕྱི་མ་དོན་གཉེར་ཁོ་ནའི་བསམ་པས་གནས། །སྙིགས་དུས་རྨུ་རྒོད་སྐྱེ་འགྲོ་འདུལ་བ་ལ། ཁམས་དང་དབང་པོ་བསམ་པའི་བྱེ་བྲག་སོགས། །ཇི་བཞིན་ཤེས་དང་མ་དད་འདུལ་ཞིང་བསྒྱུར། །རྫུ་འཕྲུལ་སྟོབས་ལྡན་འཕགས་པའི་ས་ཐོབ་དགོས། །དིང་སང་གཞན་ཕན་འགྲོ་དོན་མིང་བཏགས་པའི། །ཟང་ཟིང་འཚོལ་བའི་གཡོ་ཐབས་སྣ་ཚོགས་ལ། །ལུས་སྲོག་གཏན་འདུན་བཅས་པ་བློས་བཏང་ནས། །བརྩོན་འགྲུས་གོ་ལོག་སྒྲུབ་


TR001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་འབའ་ཤིག་མཐོང་། །ཆོས་པའི་གཟུགས་བཟུང་ཆོས་མིན་ཁོ་ན་སྤྱོད། །ཆོས་ཀྱིས་ནོར་འཚོལ་ཡང་ཟོང་ཆོས་ལ་བྱེད། །རང་གཞན་འབྲེལ་ཚད་ངན་སོང་ཁྱུ་དེད་ཀྱིས། །ཆོས་གཟུགས་གྲོག་ཚང་ཁ་ཕྱེས་འདྲ་ལ་གཟིགས།། ༈ །།དེ་ཕྱིར་རྣམ་འདྲེན་དམ་པས་བྱིན་བརླབས་ཤིང་། །ཆོས་ལ་ཆོས་མིག་རྡུལ་བྲལ་ཐོབ་པ་ཁྱེད། །ཚེ་འདི་བློས་ཐོངས་སྒྲུབ་པའི་རྒྱལ་མཚན་འཛིན། །ལེགས་སོ་དགེའོ་ངོ་མཚར་རྨད་དུ་གྱུར། །ད་དུང་སྐུ་ཚེའི་འདུ་བྱེད་ཇི་སྲིད་བར། །དམ་ཆོས་སྙིང་པོ་བྱང་ཆུབ་བསྒྲུབ་པ་ཡི། །བརྩོན་པའི་གོ་ཆ་ཡལ་བར་མི་འདོར་བ། །མཐར་ཕྱིན་མཛོད་ཅེས་བདག་གིས་སྙིང་ནས་གསོལ། །ཆོས་ལ་བདུད་ཀྱི་བར་ཆད་སྡང་བ་ཡང་། །བདུད་གཞན་དག་གིས་གནོད་པར་མི་ནུས་ཀྱང་། །ངར་འཛིན་འགོང་པོ་ནང་ནས་ལྡང་བ་འདི། །བདུད་ཀྱི་ནང་ནས་རབ་ཏུ་ཆེ་བའི་བདུད། །སྙན་གྲགས་བཀུར་སྟི་ཟང་ཟིང་གདུལ་བྱ་དང་། །


TR001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་རྫུ་འཕྲུལ་ལྷ་མཐོང་འདྲེ་མཐོང་རིགས། །དུས་མིན་ལུང་བསྟན་འགྲོ་དོན་བསྐུལ་བ་སོགས། །ལྷ་བུའི་བདུད་ཀྱིས་བསླུས་ན་བསླུ་ཚབས་ཆེ། །ཆོས་པ་བུབས་པའི་འཕྲང་ལ་འདི་ཉིད་འཇིགས། །རང་མ་སྨིན་པར་གཞན་གྱི་འདྲེན་པ་བྱེད། །དཔོན་སློབ་གཉིས་ཀ་མཉམ་ཕུང་ཨ་རེ་འགྱོད། །རང་ཉིད་གར་འགྲོ་ཅིར་སྐྱེ་ཆ་མེད་བཞིན། །གཤིན་པོའི་འདྲེན་ཆོག་བྱེད་ནུས་སྙིང་ཁམས་ཆེས། །དད་ཟས་གཤིན་དཀོར་བག་མེད་སྤྱོད་པ་ཡིས། །བླ་མའི་མིང་དང་ཆོས་པའི་གཟུགས་བརྙན་ཀུན། །རང་ཚོད་རང་གིས་མ་ཐིངས་ཡ་རེ་ང་། །རང་རྒྱུད་གྱོང་པོ་ཆོས་ཀྱི་མ་ཐུལ་ན། །ཐོས་པ་ཆེ་དང་མཚམས་སྒྲུབ་བྱས་ཡུས་དང་། །མཁས་བཙུན་བཟང་པོའི་ང་རྒྱལ་ཁེངས་སེམས་ཀྱིས། །རང་གཞན་གཉིས་ཕུང་གྱུར་པ་དིང་སང་མང་། དེ་ཕྱིར་སྐྱོན་གྱི་རྩ་བ་ངར་འཛིན་སྤང་། །བདུད་


TR001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྩ་བ་ཆོས་མིན་བསམ་བློ་སྤང་། །དུག་གི་རྩ་བ་སྡིག་ཟས་ལོག་འཚོ་སྤང་། །ཆགས་སྡང་རྩ་བ་ཚེ་འདིའི་འདུན་གྲོས་སྤང་། །སྐྱིད་སྡུག་གང་བྱུང་དཀོན་མཆོག་དྲིན་དུ་བསམ། །ལེགས་ཉེས་མཐའ་དག་བླ་མའི་ཐུགས་རྗེར་བསྒོམ། །རྐྱེན་ངན་ཐམས་ཅད་སྡིག་སྦྱོང་ཁོ་ནར་དམིགས། །དགེ་སྦྱོར་ཅི་བྱེད་མཁའ་མཉམ་དོན་ལ་བསྔོ། །དམ་ཆོས་བྱེད་པར་རློམས་པ་མང་ལགས་ཀྱང་། །ཆོས་ཀྱི་ལག་ལེན་ཐེབས་པ་ཉུང་བར་མཆི། །ཆོས་དོན་རྒྱུད་ལ་ཁེལ་བ་དེ་བས་དཀོན། །ཚེ་དང་སྒྲུབ་པ་མཉམ་མཛོད་སྐྱེས་མཆོག་ཆེ།། ༈ །།འཁོར་འདས་ཐམས་ཅད་སེམས་ཉིད་གཅིག་པུའི་འཕྲུལ། །སེམས་ཉིད་རང་ངོ་རང་གིས་མ་རིག་ན། །ལྟ་སྒོམ་གྲུབ་མཐའི་ཚིག་ཚོགས་རྒྱ་ཆེ་ཡང་། །རྫོགས་པའི་བྱང་ཆུབ་ལམ་དང་འགྱངས་ཐག་རིང་། །རང་རིག་བཟོ་མེད་ལྷུག་པའི་རང་འགྲོས་ཀྱིས། །འགྲོ་འདུག་ཟ་ཉལ་སྨྲ་བརྗོད་ཅི་བྱེད་ཀུན། །ཡེངས་འཁྲུལ་བྲལ་ཞིང་ཞེན་འཛིན་མ་ཞུགས་པར། །


TR001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་རྣམ་རོལ་ཀུན་བཟང་ཀློང་ནས་སྤྱད། །ཇི་སྲིད་གཟུང་འཛིན་རི་མོ་མ་ཡེལ་བར། །དེ་སྲིད་ནམ་ཡང་རྒྱུ་འབྲས་མི་བསླུའི་ཕྱིར། །ཉེས་ལྟུང་ཕྲ་ཞིང་ཕྲ་ལའང་འཛེམ་བག་དང་། །དགེ་བའི་ལས་ལ་སྒོ་གསུམ་དབྱེར་མེད་འབུངས། །ཚེ་འདིའི་སྣང་བ་ཐིབས་ཀྱི་མ་འགག་བར། །དམ་པའི་ཆོས་ལས་གཞན་པའི་བསམ་སྤྱོད་སྤང་། །རང་དང་འབྲེལ་ཚད་དགེ་བའི་ལས་ལ་དཀྲི། །རྒྱལ་སྲས་སྤྱོད་པས་དུས་ཀུན་འདའ་བར་མཛོད། །དེ་སྐད་མཆིད་འཕྲེང་ཡིག་ལམ་འཁོད་པ་འདི། །མཁྱེན་ལྡན་ཁྱེད་ལ་གསོལ་བར་མི་འཚལ་ཡང་། །ཇི་ལྟར་ལེགས་བཤད་བྱིས་པའི་ངག་ལས་ཀྱང་། །མཁས་རྣམས་ལེན་པར་མཛད་པའི་དཔེར་དགོངས་ཤིག།། ༈ །།དངོས་པོའི་སྐྱེས་ལན་འབུལ་རྒྱུ་མ་མཆིས་ཀྱང་། །ལེགས་པར་འདོམས་པའི་ཆོས་ཀྱི་སྐྱེས་འདི་འབུལ། །རྣམ་དཔྱོད་ཆོས་དབྱིངས་ཟབ་མོའི་ཆུ་


TR001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ཆེར། །བསྟིམ་པར་མཛོད་ལ་རྒྱུད་ལ་འདྲེས་ངེས་ཞུ། །ཆུ་སྟག་ས་ག་ཟླ་བའི་ཉ་གང་ལ། །སྟོན་པ་མངོན་པར་བྱང་ཆུབ་བརྙེས་པའི་དུས། །དཔལ་རིའི་གངས་འདབས་རྒོད་ཕུག་བྱ་སྐྱིབས་ནས། །ཕུལ་འདིས་ཐུགས་དམ་གོང་འཕེལ་རྒྱུར་གྱུར་ཅིག །ཅེས་པ་འདི། ཤར་རྒྱ་ནག་ལ་ཉེ་བའི་ས་ཕྱོགས་གངས་རི་དཀར་པོའི་ལྷ་ཞོལ་ལ་མོ་རྩེའི་གནས་སུ། གྲུབ་པའི་སྐྱེས་མཆོག་བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་ལ་ཕུལ་བའོ།། ༈ །།སྟོན་པའི་རྒྱལ་ཚབས་ཟླ་འོད་གཞོན་ནུ་ཡི། །རིགས་དབོན་ནོར་བུའི་འཕྲེང་བའི་མདོ་འཛིན་མཆོག །རིག་པ་འཛིན་པ་ཆོས་ཉིད་ཀློང་གྲོལ་གང་། །སྔོན་ནས་བྱང་ཆུབ་སྤྱོད་ལ་རབ་རྩོན་པས། །གྲུབ་པའི་གཙུག་རྒྱན་རྒྱལ་བ་ལོ་རས་དང་། །སྙིགས་དུས་འགྲོ་འདྲེན་གཙང་ཆེན་ཆོས་རྗེ་སོགས། །མཁས་གྲུབ་སྐྱེས་ཆེན་བརྒྱུད་མར་སྤྲུལ་མཛད་པའི། །བསྟན་འགྲོའི་སྒྲོན་མ་མཛད་ལ་ཅིས་མི་བསྔགས། །


TR001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ཡང་ལྔ་བརྡོའི་གདུལ་བྱ་རྨུ་རྒོད་རྣམས། །ལས་ཉོན་མྱ་ངམ་ཐང་དུ་འཕྱན་པ་ལས། །ཐར་ལམ་བཟང་པོར་ཁྲིད་མཛད་འཛམ་གླིང་གྲགས། །སླར་ཡང་ཨ་ཝ་དྷུ་ཏིའི་སྐུར་བཞེངས་ནས། །སྙིགས་མཐའི་འགྲོ་བ་འདུལ་བའི་ཕྲིན་ལས་པར། །བྱོན་ཏེ་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཉིད། །སྔོན་དང་ད་ལྟ་ཕྱི་མཐར་མཛད་པ་ལ། །མི་མཐུན་བར་ཆད་མི་འབྱུང་དཀོན་མཆོག་མཁྱེན།། ༈ །།དམ་པ་ཁྱེད་ཀྱི་དག་སྣང་རབ་འབྱམས་སྒོ། །གཏན་ས་མེད་པའི་རང་མདངས་འཆར་ཚུལ་དུ། །ལས་ཉོན་གོང་བུའི་མི་རྒན་བདག་འདྲ་བར། །བྱང་ཆུབ་བར་གྱི་སྐྱབས་གནས་གྱིས་ཤིག་ཅེས། །རྒྱལ་བའི་སྐུ་བརྙན་ངོ་མཚར་ཕུང་པོ་ནི། །ངོ་ཆེན་ཚུལ་དུ་བསྩལ་ཞིང་བཀའ་མཆིད་འཕྲེང་། །རྡོ་རྗེའི་དམ་ཚིག་གཉན་པོ་ལ་བསྒྲོས་ནས། །ནན་ཏན་གནང་བ་ཙིཏྟའི་གའུར་ཐིམ།། ༈ །།


TR001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་ཡང་དམན་པས་མཆོག་སྐྱོབས་མི་སྲིད་ཅིང་། །ལྡོངས་པས་མིག་ལྡན་ཁྲིད་པའི་ཡུལ་མིན་ལྟར། །བདག་འདྲ་སྐྱབས་བྲལ་ནུས་སྟོབས་ཀྱིས་དབེན་པས། །སྐྱེས་མཆོག་ཁྱེད་ལྟའི་སྐྱབས་སུ་ག་ལ་འགྱུར། །དེ་ལྟའང་ཆོས་ཀུན་སེམས་ཀྱི་སྣང་ཚུལ་ཙམ། །རྟག་བརྟན་དངོས་པོར་གྲུབ་པ་མ་ཡིན་ཕྱིར། །མཆོག་དམན་བཟང་ངན་སྣང་བའི་ར་རི་ཡང་། །དག་སྣང་མཉམ་ཉིད་ངོ་ན་གཉིས་འཛིན་མེད། །སྐྱེས་བུ་དམ་པའི་གཟིགས་ངོར་སྣོད་བཅུད་ཀུན། །མ་དག་དངོས་པོས་དབེན་ཕྱིར་བདག་འདྲ་ལའང་། །དམ་པར་གཟིགས་དེ་ཉིད་ཀྱི་ཡོན་ཏན་མཐུས། །ལགས་ཀྱི་བདག་ལ་ཡོན་ཏན་ལྡན་པས་མི། །དེ་ཕྱིར་ཅིར་སྣང་ཡེ་ཤེས་དཀྱིལ་འཁོར་དུ། །གཟིགས་ན་སྣང་གྲགས་རྒྱལ་བའི་ཞིང་ཉིད་ལས། །མ་དམིགས་ཐུགས་རྗེའི་རླབས་འཕྲེང་རྒྱུན་མི་འཆད། །གང་དང་ཅི་ལས་ཀྱང་ནི་འབྱུང་ངེས་ལགས།། ༈ །།དེས་ན་སྙིང་པོ་ཞུ་མཆིད་གསོལ་


TR001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། །རྒན་པོ་ཕུང་ཁམས་དབང་སྟོབས་ནུས་རྩལ་རྒྱས། །ཚེ་ཡི་འཕེན་པའང་ཕལ་ཆེར་རྫོགས་པའི་རྒྱུས། །ཚེ་འདིར་ཞབས་ཀྱི་ཡུན་རིང་འགྲུབ་དཀའ་ཡང་། །ལས་སྨོན་རྟེན་འབྲེལ་རྨད་བྱུང་ནུས་པ་དང་། །ཉིད་དགོངས་ཕུར་ཚུགས་གཏད་དང་བདག་གི་ཡང་། །ལྷག་བསམ་དཀར་པོའི་རྒྱུ་འབྲས་བསླུ་མེད་མཐུ། །མ་ལུས་གཅིག་ཏུ་སྡོམ་པའི་བདེན་སྟོབས་ཀྱིས། །པད་འབྱུང་བི་མ་འཛམ་གླིང་གྲགས་པ་ཡི། །སྤྱི་གཟུགས་བཟང་པོའི་ཞབས་གཉིས་གར་བཞུགས་སར། །ལྷན་ཅིག་ཆོས་ཀྱི་བགྲོ་བས་དུས་འདའ་ཞིང་། །བསྟན་པ་དྲི་མེད་སྐྱོང་བ་ཡིད་དམ་འཆའ། །ལྟར་སྣང་ཟང་ཟིང་བསྡུད་པའི་འགྲོ་དོན་དང་། །ཆོས་མིན་ཆོས་ལྟར་བཅོས་པའི་བསྟན་པའི་ཟོལ། །རྡུལ་ཙམ་མ་འདྲེས་རྒྱལ་གསུང་ཇི་ལྟ་བའི། །གཞན་ཕན་རླབས་ཆེན་སྤྱོད་པར་སྙིང་ནས་སྨོན། །སྐྱེ་བའི་འཕྲེང་བ་


TR001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་སྙེད་རྒྱུད་པ་ནས། །ཇི་སྲིད་བདག་འཛིན་རི་མོ་མ་ཡལ་བར། །དེ་སྲིད་རྒྱལ་བའི་བསྟན་འཛིན་ཁྱེད་ཉིད་ཀྱི། །ཆོས་དོན་བདག་གིས་བསྒྲུབ་པར་དམ་འཆའ་ལགས། །དེ་སྐད་ཁ་ཚིག་ཟོལ་གཏམ་མ་ཡིན་པར། །སྙིང་ནས་བདེན་ཚིག་བརྗོད་པ་འདིར་དགོངས་ཏེ། །བཟང་པོའི་ཞབས་སོགས་སྐྱབས་གནས་ཐམས་ཅད་ལ། །འདི་བཞིན་འགྲུབ་པའི་གསོལ་འདེབས་མཛད་པར་འཚལ། །ཞེས་རྒྱལ་བའི་རྒྱལ་ཚབས་སྤྲུལ་པའི་གང་ཟག་མཆོག་གི་སྐྱེས་ཆེན་རིག་འཛིན་ཆོས་ཉིད་ཀློང་གྲོལ་གྱི་ཞབས་དྲུང་དུ་ཕུལ་བའི་དོན་འབྲས་གེགས་མེད་དུ་འགྲུབ་པར་གྱུར་ཅིག།། ༈ །།སྐྱེ་བའི་ཕྲེང་བར་དམ་པའི་མཛད་བཟང་གི། །ཟློས་གར་མངོན་པར་བསྒྱུར་བས་གདུལ་བྱ་ཡི། །ཡིད་ཀྱི་འདོད་པ་འཇོ་བའི་ཕྲིན་ལས་ནི། །མི་དམན་སྩལ་ཡང་ད་དུང་དེ་རྒྱུན་ལ། །བརྩོན་པའི་ས་བོན་དཀར་པོ་འདེབས་མཁས་པ། །དཔལ་ལྡན་མི་ཕམ་འགྲོ་བའི་མགོན་པོ་གང་། །མཁྱེན་རབ་འདབ་བརྒྱ་བཞད་པའི་དྲི་


TR001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྱན། །སྐྱོན་བྲལ་ཡོན་ཏན་རྒྱས་པ་དེ་དྲུང་དུ། །སྤྲོ་བའི་མགྲིན་པ་གྱེན་དུ་བཏེག་པ་དང་། །དང་བའི་མིག་ཟུང་ཁྱེད་ཞལ་བལྟ་བའི་བློ། །འཛའ་བའི་ཡིད་དཀར་ཤེལ་གྱི་མེ་ལོང་ནང་། །ལེགས་འཆར་ཁྱེད་ཀྱི་དགེ་མཚན་རྣམ་པར་རོལ། །དེ་སླད་མགྲིན་པའི་གླུ་དབྱངས་ཡི་གེའི་གཟུགས། །སྲིན་རྗེས་འདྲ་འདི་ཁྱེད་ཀྱི་སྙན་ལམ་དུ། །འོས་ཀྱང་སྤྱན་གྱི་སྤྱོད་ཡུལ་གྱུར་པ་ནི། །གནས་སྐབས་དུས་དབང་རྟེན་འབྲེལ་གྱིས་སྐལ་མོད། །གང་ཚེ་ཕྱག་པད་མྱུ་གུ་གར་མཛད་པའི། །གསལ་བྱེད་གླེགས་བུ་ཕོ་ཉ་ཕྲག་པ་རུ། །བྱིན་རླབས་བྱེ་བས་གཏམ་པའི་རྟེན་མཆོག་གི། །འཁུར་ཆེན་དད་པའི་གཙུག་ཏུ་བདེ་བླག་ཕེབས། །ཟས་གཙང་སྲས་ཀྱི་སྐུ་བརྙན་ཡིད་བཞིན་ནོར། །བརྒྱ་ཕྲག་ཞུན་མར་ལས་འཁྲུངས་འཕགས་ཡུལ་གྱི། །པ་གྲུབ་དམ་པའི་རོལ་པའི་ཅོད་པ་


TR001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན། །གཟི་འབར་མཐའ་འཁོབ་མུན་གླིང་སྒྲོན་མར་གསལ། །སྤྱན་རས་གཟིགས་ཉིད་འཇམ་དཔལ་སྐུར་བཞེངས་ནས། །བྱིན་རླབས་པིར་གྱིས་བཀོད་པའི་སྒྱུ་འཕྲུལ་སྐུ། །མཆོད་པའི་སྤྲིན་བཟང་ཞིང་ཁམས་ཀུན་ཁྱབ་བཅས། །མཐའ་དག་རྒན་པོའི་ཕྱག་གི་གནས་གཅིག་པུར། །ལེགས་པར་སྩལ་བའི་བཀའ་དྲིན་ནི། །འཇིག་རྟེན་ཁམས་ཀུན་རིན་ཆེན་གྱིས། །བྱུར་བུས་བཀངས་པའི་དོ་ཟླ་མིན། །སྒྲ་སྒྲོགས་གཟུགས་ཅན་སྙིང་ཇི་བཞིན། །འདི་ན་རྒན་པོ་ཚེ་འདི་ཡི། །ལྟོ་ཕྱིར་རྒྱུ་ལ་གཞན་དོན་དུ། །བཏགས་པའི་མིང་གིས་བསླུས་དེ་ཡིས། །མི་ཚེ་ཕལ་ཆེར་ཟད་པས་འགྱོད།། ༈ །།གང་ཞིག་ཐུབ་པའི་རྒྱལ་མཚན་ངུར་སྨྲིག་གོས། །འཆང་བཞིན་ཤ་ཆང་ཙམ་ཡང་མི་སྤོང་ཞིང་། །དགེ་སྦྱོང་ཆོས་བཞི་འགལ་ཕྱོགས་བསྒྲུབ་བཞིན་དུ། །དད་པའི་ཟད་ལ་ཆུ་སྲིན་ཁ་ཙམ་བགྲད། །ཉིས་བརྒྱ་ལྔ་བཅུའི་བཤད་པ་འབྲུག་ལྡིར་ཞིང་། །རྩ་བཞི་ཉིད་ཀྱང་


TR001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ལྟག་སྐྲ་བཞིན་བསྐྱུར་བས། །ད་དུང་མཁན་པོའམ་གནས་བརྟན་མཚན་འཆང་བ། །དེ་དག་ཐུབ་པའི་བསྟན་ལ་ཅི་འདྲར་འགྱུར། །གསང་སྔགས་རྩ་བ་སྨིན་དང་གྲོལ་བྱེད་པའི། །གནད་དོན་ཏིལ་ཙམ་རང་རྒྱུད་ལ་མེད་བཞིན། །རྔ་བརྡུང་དྲིལ་འཁྲོལ་གསང་བ་ཁྲོམ་བསྒྲག་ནས། །རྙེད་པས་རང་འཁོར་གསོ་བྱེད་བླ་གསོབ་ཅན། །བུམ་དབང་ཙམ་ཐོབ་སྣོད་བཅུད་ཐ་མལ་དུ། །གཟུང་ན་བུམ་དབང་ཐ་ཚིག་ལས་འདས་པར། །རྒྱུད་སྡེར་གསུངས་མོད་དིང་སང་གསང་སྔགས་ཀྱི། །བཤེས་གཉེན་རྣམས་ལ་དགོངས་ཡངས་སུ་ཡིས་མཛད། །དབང་བཞིའི་གནད་དོན་ཡིད་ཀྱི་རྒུ་ལའང་། །མ་འཁོར་བཞིན་དུ་སྔགས་ཀྱི་རྣལ་འབྱོར་ཞེས། །འདོད་ཡོན་བྱོལ་ཉོག་ཐོ་ཅོའི་དུས་འདའ་བ། །འདི་འདྲ་རྡོ་རྗེ་འཆང་ལས་ལྷག་གམ་ཅི། །རྟ་ཞོན་བེར་གྱོན་གཟི་བརྗིད་གང་ཆེར་འགྲན། །ལོག་འཚོ་ལྔ་ཚང་དཀོར་གྱི་ཟོང་རིན་དུ། །ཟབ་ཆོས་ཐང་


TR001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མར་བརྡལ་བའི་རྣམ་འདྲེན་དག །ཤཱཀ་ཐུབ་ཉིད་ཀྱིས་འདི་འདྲ་ཅིས་མ་མཛད། །གྲུབ་མཐའ་ཆོས་ལུགས་རང་ཕྱོགས་ཁམས་ཆེ་ཆེར། །གཞོགས་འཐེན་ནན་ཏན་བགྱིས་པའི་མཐའ་མཇུག་ཏུ། །ལུས་སྲོག་མཚོན་གྱིས་གཞོམ་ལ་བསྟན་དོན་ཞེས། །བཏགས་འདི་མདོ་སྔགས་གང་གི་ལུགས་སུ་བཞེད། །རྟོག་གེ་ཐ་སྙད་བྱང་བའི་རབ་འབྱམས་དང་། །ལྟོ་ཕྱིར་གསང་སྔགས་བཙོང་བའི་རྡོར་འཛིན་དང་། །ཞེན་ལོག་ཆོས་ལ་བྱེད་པའི་སྒོམ་ཆེན་སོགས། །གང་ལའང་དག་སྣང་ཐོབ་པར་བདག་མ་གྱུར། །རང་སྐྱོན་དག་སྣང་མིག་འཕངས་དམའ་བའམ། །གཞན་སྐྱོན་བསྟན་པའི་སྙིགས་མའི་མཐུའམ་ཅི། །འོན་ཏེ་འགྲོ་བའི་བསོད་ནམས་ཀྱིས་སྐལ་བས། །དྲི་མེད་བསྟན་དང་བསྟན་འཛིན་ཉིན་སྐར་འདྲ། །ད་ནི་མི་ཚེའི་ཉི་མ་ནུབ་རི་ཡི། །ཕྲག་པར་ཞག་འགའ་གནས་འདི་འཇིག་རྟེན་དང་། །ཟང་ཟིང་སྲིན་གླིང་གཡོན་མས་མི་བསླུ་ཞིང་། །ཕྱི་མ་དམ་ཆོས་དྲི་


TR001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དར་བའི་ཞིང་། །བསྟན་དང་རྣམ་འདྲེན་དམ་པས་བརྩེན་པའི་སར། །རྙེད་འཚོལ་མིན་པའི་བསྟན་དང་འགྲོ་བའི་དོན། །རྒྱལ་བའི་གསུང་མཐུན་སྤྱོད་པར་སྨོན་ལགས་པས། །འོ་སྐོལ་དེ་མཚུངས་ལྷན་ཅིག་འཛོམ་སྨོན་གསོལ། །ཆོས་རྗེ་སྐུ་སྐྱེ་མི་ཕམ་མགོན་པོར་ཕུལ་བ་དགེ།། ༈ །།གྲུབ་དབང་མི་ཕམ་ཆོས་ཀྱི་སྤྱན་ཡངས་པོ། །ཟབ་དོན་བློ་གྲོས་མི་ཟད་ཆོས་མཛོད་ཀྱིས། །སྐལ་བཟང་རྒྱ་མཚོའི་འདོད་འཇོ་གཅིག་པུ་པ། །སྒྲུབ་བརྒྱུད་བསྟན་པའི་སྲོག་འཛིན་གང་ཉིད་ཀྱིས། །དོན་བཟང་སྙན་ངག་པད་དཀར་ཕྲེང་བའི་རྒྱན། །འཆི་མེད་རྡོ་རྗེའི་སྟན་བཟང་ལྷན་ཅིག་པར། །མི་བཤིག་ཕྱག་རྒྱས་ལེགས་བཏབ་གནང་བ་འདི། །མཐའ་ཁོབས་ཚང་ཚིག་ཁྲོད་ཀྱི་ཁང་བུར་འབྱོར། །སྔོན་དུ་ཕྱག་བྲིས་བླ་བྲེས་


TR001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་ཇ་རྡུམ། །མཆོད་མེའི་ཏང་ཚེ་ལ་སོགས་རྫངས་པ་རྣམས། །འབྱོར་བར་མ་གྱུར་འབྱོར་ཡང་ག་ལ་ཞུ། །དེ་དག་གར་སོང་རྩད་གཅོད་གནང་བར་རིགས། །བསྐལ་པའི་མར་ཞབས་སྙིགས་མའི་རྩོད་དུས་འདིར། །བླ་མའི་ཟོལ་དང་སྐུ་སྐྱེའི་མིང་ཁྲལ་བབས། །རང་ལོ་ལྔ་ནས་སུམ་ཅུའི་རྩ་ལྔའི་བར། །དགོན་འཛིན་འཁོར་སྐྱོང་འཆིང་བས་སྒོ་གསུམ་མནར། །དཀོར་ཟས་དུག་ཆུ་འཁོལ་མ་འཚོལ་བའི་སླད། །རང་ཉིད་མ་སྨིན་གཞན་ལ་ཆོས་བཤད་དང་། །དབང་བསྐུར་ཟོལ་རྫུས་ལྟོ་དང་ཆོས་སུ་བརྗེ། །རྔ་བརྡུང་དུང་འབུད་གར་འཆམས་ཟིང་ལོང་དང་། །ཁ་གསག་ངོ་བསྲུང་འཚུལ་འཆོས་མགྲོན་སྐྱོང་ལ། །བསྟན་པའི་ཞབས་ཏོག་སེམས་ཅན་འགྲོ་དོན་ཞེས། །མིང་སྙན་དུ་མར་བཏགས་པའི་གཡོ་ཁྲམ་ལ། །ནན་གྱིས་སྦྱོར་བའི་དགྲ་འཁོར་


TR001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་དབུས། །དཀོར་ནག་རྦ་རླབས་གནམ་དུ་འཕྱུར་བ་ལ། །དགའ་བའི་ཅ་ཅོ་འབྱིན་དཔོན་སློབ་ཀུན། །རང་རྒྱུད་ཆོས་བརྒྱད་ཆང་གིས་རབ་མྱོས་པས། །ངན་འགྲོའི་གཡང་སར་འཁྱོར་བས་སྐྱི་གཡའ་ཟ། །ཚེ་གཅིག་སངས་རྒྱས་སྟེར་བའི་གདམས་ངག་ལས། །ཆང་ཕོར་གང་ཉིད་འདམས་པའི་གྲ་སློབ་ལ། །རང་ཕྱོགས་ཡིན་ཞེས་ཞེན་རུས་ཅི་བྱས་ཀྱང་། །བེ་སྦྲེལ་གཡང་ལ་འཆོང་ཐབས་འབའ་ཞིག་ཉིད། །གང་དུ་ཕྱིན་ཡང་བསྔོས་ཤའི་བསྙེན་བཀུར་དང་། །ཆོས་གོས་རྣམ་གསུམ་ཆང་གིས་བངས་པའི་ཁྲོད། །རྙེད་བཀུར་འཚོལ་བའི་རྣམ་འདྲེན་གཟུགས་བརྙན་དེ། །བྱས་ལ་འགྱོད་ཅིང་མི་བྱར་སྨོན་ལམ་འདེབས། །དལ་འབྱོར་ལན་ཅིག་ཁེ་གྱོང་སོ་མཚམས་འདིར། །འཁོར་བར་གཏན་འཁྱམས་སྒྲུབ་ལ་མི་ངལ་བཞིན། །ཆོས་ཕྱིར་ཉིན་གཅིག་ཙམ་གྱི་


TR001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་སྤྱད་ཀྱང་། །མི་ནུས་ལྟོ་གོས་དོན་དུ་རིངས་པར་རྒྱུག །རང་སེམས་ནང་དུ་སྐད་ཅིག་མི་ཁུག་པར། །གཞན་མགོ་སྐོར་ཕྱིར་རྔ་བརྡུང་དྲིལ་འཁྲོལ་སོགས། །རྣམ་འགྱུར་བརྒྱ་ཕྲག་བྱེད་པའི་དོན་འབྲས་དེ། །སྒྱུ་མའི་ནོར་ཉིད་སེམས་མེད་འཆི་ཁར་འགྱོད། །དེ་བས་སྒྲུབ་བརྒྱུད་རྗེས་རྙོག་ལ་གདུང་བ། །སྐོམ་ཆུ་འདྲ་ཡང་རང་དབང་མ་ཐོབ་ལུས། །བསྟན་འགྲོའི་འཕོ་འགྱུར་ཚེ་འདིས་རྐྱེན་བྱས་པའི། །དྲིན་ལས་མཐའ་འཁོབ་ཕྱོགས་འདིར་ཐར་བ་ལགས། །ད་ནི་ལང་ཚོའི་མེ་ཏོག་དུས་ཀྱིས་སྙིགས། ཁ་སོའི་གྲལ་ཞིག་མགོ་སྐྱེས་དཀར་མདངས་ཐོན། །མི་ཚེའི་ཉི་མ་ནུབ་རིའི་ཕྲག་པར་བབས། །དེ་ཕྱིར་ཟང་ཟིང་ལ་དགའི་སྤྲོས་པ་ཞི། །དཀོར་གྱི་གྲིབ་ལྷོངས་དྲག་པོའི་ནུས་པ་ནི། །མངོན་སུམ་མྱོང་བའི་ཟུག་རྔུ་ལ་ལྟོས་ན། །ཤི་ནས་ཅི་ཙམ་འབྱུང་བ་ཉམས་འོག་ཚུད། །


TR001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་གཞན་དུའང་དཀོར་ཟན་མི་སྐྱེར་སྨོན། །དེ་ཕྱིར་རྣམ་འདྲེན་ཁྱེད་ཀྱང་བདག་འདྲ་ལ། །བརྩེ་བས་ཟང་ཟིང་གནང་བར་མ་མཛད་པར། །གདུལ་བྱའི་གྲ་སློབ་ཀུན་ཀྱང་ཞེན་ལོག་དང་། །ངེས་འབྱུང་མོས་གུས་ལམ་ལ་དཀྲི་བར་མཛོད། །རྩོད་ལྡན་གྲུབ་མཐའ་ཀུན་སྤྱོད་འདི་འདྲ་ལ། །ཉེར་དགོངས་སྒྲུབ་བརྒྱུད་ཡང་རྩེ་འབྲུག་པའི་སྲོལ། །ཞེན་ལོག་སྙིང་རུས་གསོལ་འདེབས་རླུང་ཕྱག་གིས། །སྐལ་བཟང་སྐྱེ་དགུ་དལ་འབྱོར་དོན་ལྡན་མཛོད། །ཅེས། ཞུ་ཡིག་གི་འདེགས་བྱེད་ཟང་ཟིང་དྲི་མས་དབེན་པར། བཀའ་གསར་སྙིང་གི་དད་རྟེན་ཁུངས་ཐུབ་འབའ་ཤིག་གོང་བུར་བགྱིས་པའི་བདུད་རྩི་ཆོས་སྨན། རྟེན་འདུས་རིལ་བུར་བཅས་པའི་ཕྱི་ཐུམ་ལ་མི་བཤིག་རྡོ་རྗེའི་རྟགས་ཀྱི་བཀྲ་བར་ཟླ་༡༡་ཚེས་༣་ལ་རི་ཁྲོད་ནས་ཕུལ་བའི་ཞུ་ཡིག།། ༈ །།སྐྱེ་ནས་སྐྱེ་བར་བཀའ་བརྒྱུད་བསྟན་པ་དང་། །ཟླ་འོད་གཞོན་ནུའི་ཕྲིན་ལས་སྒྲུབ་


TR001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ། །གཡེལ་མེད་མཐུ་སྟོབས་བསྟན་འཛིན་དབང་པོའི་སྡེ། །སྐུ་ཚེ་ཕྲིན་ལས་ཆོས་སྲིད་འཕེལ་གྱུར་ཅིག །གང་གི་བཀའ་ཐམ་ལྷ་རྫས་ཁྱད་འཕགས་དང་། །རོ་འཛིན་ཚིམ་བྱེད་རྐང་འཐུང་མྱུ་གུའི་བཅུད། །མི་གཞིག་ཕྱག་རྒྱའི་འཆིང་བ་མ་ཉམས་པར། །མི་རྒན་ཚེ་སྲོག་བསྲིང་བའི་རྟེན་གནང་སྨིན། །མཆིད་ལེན་ཡིད་ཀྱི་གདུང་སེལ་བསྐུར་ཞིག་པའི། །བཀའ་ཡིག་རྨོངས་རྒན་ཐོད་དུ་རབ་བཅིང་ནས། །མི་ཤེས་བཞིན་དུ་གཡར་ཁྲལ་ཚིག་འགའ་ཙམ། །གསོལ་འདི་བསམ་པ་དཀར་པོའི་མེ་ཏོག་ལགས།། ༈ །།ཀྱེ་ལགས། རྒྱལ་བའི་བསྟན་པའི་ཡང་སྙིང་སྒྲུབ་བརྒྱུད་ཀྱི། །སྲོག་ཤིང་འགྱུར་མེད་མཛད་པའི་ཁུར་ཆེན་དེ། །སྐྱེས་མཆོག་ཉིད་ཀྱི་ཕྲག་པར་བབས་ལགས་ཀྱི། །དགེ་བློའི་ཐུགས་སྟོབས་བསྐྱེད་པར་ཡང་དག་གསོལ། །རྒྱལ་སྲས་རྣམས་ཀྱིས་མི་སློབ་གནས་མེད་ཕྱིར། །ཡོན་ཏན་གཞི་མ་ཡི་


TR001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་རིགས་མཐའ་དག །སྒྲ་ཚད་བཟོ་གོས་སྙན་ངག་སྡེབ་སྦྱོར་རྩིས། །ཤེས་བྱའི་གནས་ཀུན་ཐོགས་མེད་མཁྱེན་གཟིགས་འཚལ། །དེ་ལས་ཁྱད་པར་ནང་དོན་རིག་པའི་མཆོག །མདོ་རྒྱུད་ལུང་དང་བསྟན་བཅོས་མན་ངག་བཅས། །གྲུབ་མཐའ་ཕྱོགས་དེར་མ་ལྷུང་ཡོངས་རྫོགས་ལ། །སྒྲོ་འདོགས་གཏིང་ནས་ཆོད་པའི་ངེས་ལྡན་ཞུ། ཁྱད་པར་བླ་མེད་རྡོ་རྗེའི་ཐེག་པའི་བཅུད། །སྒྲུབ་རྒྱུད་རིག་འཛིན་ཚར་དུ་དངར་རྣམས་ཀྱིས། །གཤེགས་ཤུལ་བགྲོད་པ་གཅིག་པའི་སྨིན་གྲོལ་དོན། །ཐུགས་ཀྱི་རྒྱུད་ལ་ཐིམ་ཞིང་འདྲེས་ངེས་ཞུ། །དེ་ཡང་ཉམས་ལེན་ཉིད་ལ་རག་ལུས་ཤིང་། །ཉམས་ལེན་བྱིན་རླབས་ཞུགས་ལ་ལྟོས་པ་དང་། །བྱིན་རླབས་བླ་མར་རག་ཕྱིར་སྐྱབས་གནས་མཆོག །མཉེས་པ་གསུམ་གྱིས་ངལ་མེད་བསྟེན་མཛད་ཞུ། །དེ་ལས་ཐོན་པའི་


TR001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱིས་བདུད་རྩི་ལ། །ངེས་ཤེས་དད་པའི་སྙིང་ཕུར་ལེགས་བཙུགས་ནས། །སྐྱེད་དང་རྫོགས་པའི་རིམ་པ་ནུས་ཐོན་དུ། །རང་དོན་བརྩན་ས་ཟིན་ཞིང་གདེངས་ཐོབ་ཞུ། །དེ་ཚེ་བར་ཆད་མཚན་མ་གང་དང་ཅི། །བྱུང་ཡང་ཕྱག་རྒྱ་ཆེན་པོའི་རྫོགས་བཟུང་སྟེ། །ཅིར་སྣང་སེམས་དང་སེམས་ཉིད་ཆོས་སྐུ་རུ། །ཐག་ཆོད་རེ་དོགས་འཆིང་བ་བཅད་མཛད་ཞུ། །རང་དོན་མངོན་གྱུར་སྒྲུབ་རྒྱུད་རིན་པོ་ཆེའི། །ཕ་རབས་ཟིན་ཚེ་གཞན་དོན་མ་ལུས་པ། །ནམ་ཟླ་དྲོས་པའི་རྩི་ཐོག་ཇི་བཞིན་དུ། །འབད་མེད་ལྷུན་གྲུབ་ཉིད་དུ་འབྱུང་བ་ལགས། །དེ་ལྟར་ཆོས་དོན་མདོ་ཙམ་གསོལ་ལགས་ཀྱི། །འཇིག་རྟེན་ཤེས་སྒོ་བདག་ལ་མ་མཆིས་པས། །གསོལ་བའི་དོན་མེད་ཤེས་ཀྱང་ཅི་ཞིག་བྱ། །དེ་ཕྱིར་འདི་ཙམ་དགོངས་པའི་དབྱིངས་བཅགས་ཞུ། །ཞེས། ཞུ་ཡིག་གཅེར་བུ་མིན་ཙམ་གྱི་ལྷ་རྫས་


TR001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བྱིན་རླབས་དམ་རྫས་ཁུངས་བཙུན་ཕུར་མའི་ཕྱི་ཚས་ལ་མི་ཤིག་རྡོ་རྗེའི་རྟགས་ཞུས་བཅས། རྒྱལ་བ་མཆོག་གིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མངོན་པར་བསྟན་པའི་དུས་བཟང་ལ། ཆོས་དབྱིངས་འོད་གསལ་རྩེའི་རི་ཁྲོད་མཚམས་མལ་ནས། སྣ་ཚོགས་རང་གྲོལ་གྱི་མིང་ཙམ་འཛིན་པའི་བྱ་བྲལ་བ་རྒན་པོས་ཕུལ་བའི་ཞུ་ཡིག །ཞེས་པ་འདི་སྒམ་པོ་གདུང་རྒྱུད་ཞབས་དྲུང་མཐུ་སྟོབས་བསྟན་འཛིན་དབང་པོར་ཕུལ་བའོ།། ༈ །།རབ་འབྱམས་རྒྱལ་བའི་ཞིང་གི་སྟོན་པ་ཀུན། །འགྲོ་ཁམས་མོས་པའི་ཆུ་སྣོད་སོ་སོ་ཡི། །སྐལ་ངོར་སྣང་མོད་མཐའ་དག་ཁྱེད་གཅིག་པུའི། །སྒྱུ་འཕྲུལ་ཡེ་ཤེས་སྙིང་པོའི་བསིལ་ཟེར་ཅན། །ཐོག་མེད་མ་རིག་མུན་ནང་གཏན་འཁྱམས་པའི། །དམུས་ལོང་དམིགས་བུ་བྲལ་བ་བདག་སོགས་འགྲོར། །ཐུགས་རྗེའི་སྣང་བ་སྟེར་མཁས་ལྷ་ཡི་ལྷ། །ཞབས་སེན་རྙོག་མེད་བདེ་ཆེན་


TR001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་བཀོད། །སྒོ་གསུམ་གཏན་གྱི་འདུན་བཅས་མཆོད་སྤྲིན་དུ། །དམིགས་མེད་དམིགས་པའི་ཟློས་གར་ཆེན་པོ་ཡིས། །ཇི་སྲིད་བདག་ཏུ་འཛིན་པའི་རི་མོ་འདི། །མ་ཞིག་དེ་སྲིད་འབུལ་བཞེས་བརྩེར་དགོངས་གསོལ། །གང་ཡང་ནམ་མཁའ་གར་ཁྱབ་གདུལ་བྱའི་ཚོགས། །མ་ལུས་ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །སྒྲིབ་མེད་མཁྱེན་གཟིགས་སྐྱོབས་པའི་ཕྲིན་ལས་ལ། །ཆགས་ཐོགས་མེད་པ་སངས་རྒྱས་སྤྱིའི་ཆོས་ཉིད། །ཡིན་ཀྱང་རང་སྐལ་བྱང་ལྟའི་བྱ་སྐྱིབས་ཅན། །བདག་དང་བདག་འདྲའི་རིགས་མཐུན་མཐའ་ཡས་རྣམས། །ཁྱེད་ཞལ་ཉི་འོད་མཐོང་བར་མ་ནུས་ལ། །སྐྱོ་དང་གདུང་དང་རང་ལ་ཡི་ཆད་མོས། །འོན་ཀྱང་རང་སེམས་དཀར་བའི་ཨཱ་དརྴ། །ཆ་ཤས་སྒྲིབ་མེད་གཙང་མར་ཁྱེད་ཐུགས་རྗེའི། །སྒྱུ་འཕྲུལ་དད་པའི་པིར་གྱིས་གསལ་བཀོད་ནས། །ཉ་རྒྱས་ཟླ་


TR001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དོད་པོར་བསྟེན་བཞིན་ལགས། །དེ་ཚུལ་ལྐོག་གྱུར་གཟིགས་པའི་ཡེ་ཤེས་སྤྱན། །བདག་ལྟའི་དམན་ལའང་ཆེད་དུ་གཏོད་མཛད་པ། །གང་གི་བྱིན་རླབས་གཟི་འབར་བཀའི་གླེགས་བུ། །འཆི་མེད་བདུད་རྩིའི་གཏེར་གཏམས་གཙུག་པད་ཕེབས། །མགོ་སྐྱེས་དཀར་པོར་རྒྱན་མཆོག་ཐོབ་པའི་མོད། །བ་སྤུའི་ལྗོན་པ་གར་སྟབས་གཡོ་བ་དང་། །འདྲེན་བྱེད་ཆུ་ཤེལ་དག་བྱེད་རྒྱུན་འབེབས་དང་། །སོར་མོའི་ཡལ་འདབ་མདུད་པ་དུས་མཉམ་གྱུར། །ཐོགས་མེད་འཁོར་མཚོར་འཕྱན་པའི་རྨོངས་རྒན་བདག །སྙིགས་མཐའི་སྐབས་སྐྱེས་མཐའ་ཁོབ་གླིང་གནས་ཤིང་། །མི་ཚེའི་ཉི་མ་ནུབ་རིའི་རྩེར་བབས་ཀྱང་། །གཏན་འདུན་གདེངས་ཚད་མ་ཐོབ་གྱི་ནར་ལུས། །སྲིད་པའི་སྣང་ཚུལ་གོ་ཡང་སྲིད་བག་ཆགས། །བསྲ་འཐས་སྙིང་ལ་རྩི་ཐེབས་ལྟོ་གོས་དོན། །


TR001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ནས་མི་ཚེ་འདས་ལ་འགྱོད་པའི་རྒྱུས། །མི་མེད་ནགས་མཐའ་འདིར་འཆི་བསྒུགས་བཞིན་གནས། །འཆི་བར་ནུས་པའི་གདེངས་བྲོད་མ་མཆིས་ཀྱང་། །རང་གཞན་གཉིས་ཕུང་སྒྲུབ་པའི་བླ་གཟུགས་དང་། །ནག་པོ་བརྩེགས་པའི་དཀོར་ཟས་ལ་འཇིགས་པས། །སླད་མར་སེར་གཟུགས་གྲལ་དཔོན་མི་སྐྱེར་སྨོན། །བགྲང་གཞིའི་ཁུར་ནོན་མགོ་སྐྱེས་ཟླ་ཞུན་བྱུང་། ཁ་སོའི་གྲལ་ཞིག་ཁྲམ་རིས་གདོང་ལ་བཏབ། །དེ་ཕྱིར་འདིར་སྣང་བསྲིང་བློའི་སྙིང་སྟོབས་ནི། །མེད་པའི་རྒན་པོར་བརྩེ་བས་གཟིགས་མཛད་གསོལ། །འདི་བཟུང་ཚེ་རབས་ཕྲེང་བ་གར་སྐྱེས་ཀྱང་། །ཆོས་ལྟར་བཅོས་པས་མ་ཡིན་ཡང་དག་ཆོས། །ཇི་བཞིན་སྤྱོད་འགྲུབ་མཐའ་ཡས་འགྲོ་བའི་མགོན། །རྙེད་འཚོལ་མེད་པའི་དོན་གཉིས་འགྲུབ་བྱིན་རློབས། །ཅེས། ཞུ་ཡིག་གི་རྫིང་བུར་སྤྱན་རས་ཀྱི་ངང་མོ་


TR001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས་རྟེན་དང་། སྐུ་ཚེ་བསྐལ་བརྒྱར་བརྟེན་པར་གསོལ་བ་འདེབས་པའི་མཎྜལ་མཚོན་བྱེད་ཙམ་དུ། བཀྲ་ཤིས་པའི་ཁ་བཏགས། གོས་སེར་མ་དོ་འབྲེལ། བོ་དྷི་ཙིའི་ཕྲེང་བ། གསེར། དངུལ། གཡུ། བྱི་རུ། འཇང་གི་གསེར་རྒྱན། སྐུ་འཆིང་དང་བཅས་པའི་དགུ་ཚན་ལ་རྟགས་ཀྱིས་ཚོམ་བུས་བཀྲ་བར་མགོ་ཟླའི་དམར་ཕྱོགས་ཀྱི་དགའ་བ་ཐོག་མར་འཆར་བའི་ཚེས་ལ་ཤར་ཕྱོགས་དཔལ་རིའི་གངས་འདབས་རྒོད་ཕུག་མཁའ་འགྲོའི་ཚོགས་ཁང་ནས་བྱ་བྲལ་བ་སྣ་ཚོགས་རང་གྲོལ་གྱིས་གུས་པས་ཕུལ་བའི་ཞུ་ཡིག །ཅེས་པ་འདི་སྒམ་པོ་མཆོག་གི་སྤྲུལ་སྐུ་ལ་ཕུལ་བའོ།། ༈ །།བཀའ་བརྒྱུད་ཡིད་བཞིན་ནོར་བུའི་གངས་རི་ལས། །ལེགས་འོངས་ཟབ་རྒྱས་ཆོས་ཀྱི་རྒྱ་མཚོའི་གཏེར། །མངའ་བསྒྱུར་རྒྱ་སྟོན་ཀླུ་དབང་སྨིན་གྲོལ་གྱི། །གདེངས་ཀ་མངོན་པར་མཐོ་བའི་རྣམ་འདྲེན་བརྒྱུད། །ཚར་དུ་དངར་བའི་མདོ་འཛིན་ཆོས་ཀྱི་རྗེ། །


TR001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་ལྷག་པར་ཕན་པའི་ཐུགས་ཀྱི་ཟླ། །ཆ་ཤས་ཡོངས་སུ་རྫོགས་པའི་དགེ་མཚན་ནི། །སྔོན་དང་ད་ལྟ་ཕྱི་མའི་མཐར་ཐུག་བར། །ཡང་དག་གསལ་བའི་སྒྲོན་མ་གང་ཉིད་ཀྱིས། །དག་སྣང་རབ་འབྱམས་ལང་ཚོ་དར་བའི་དཔྱིད། །ཡང་དག་གཟིགས་པ་ཕྱོགས་སུ་ལྷུང་མིན་པའི། །རྣམ་ཐར་གདུལ་བྱའི་མེ་ལོང་དངས་པའི་ནང་། །མངོན་པར་འཆར་བ་དམ་པའི་ཆོས་ཉིད་དེ། །དེང་འདིར་མཐའ་ཁོབ་ཀོང་རོང་ནགས་ལྗོངས་སུ། །རྒྱལ་བའི་ཁྱབ་བདག་པདྨ་སམ་བྷ་བའི། རིང་ལུགས་ས་བོན་ཙམ་འཛིན་ཆོས་ཀྱི་གྲགས། །འདྲེན་པ་བགྱི་བའི་ནུས་པས་དབེན་བཞིན་དུ། །འདྲེན་པའི་ཟོལ་དང་སླར་ཡང་དབེན་པའི་རིར། །ཉེར་བསྟེན་སྣ་ཚོགས་རང་གྲོལ་མིང་འཆང་བའི། །རྒན་པོ་གང་ལ་མོས་པའི་ཐུགས་འཁྲུངས་པས། །ལེགས་པར་འདོམས་པའི་བརྩམ་ཡིག་གླེགས་བམ་དང་། །བྱིན་རླབས་རྟེན་བཟང་སྐྱེས་སུ་བསྲིང་


TR001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་པའི། །བཀའ་མཆིད་འཕགས་པའི་མིང་འཛིན་གསོ་རེག་པ། །གང་དེའི་ཕྲིན་ཡིག་རྟེན་བཟང་བཅས་སྨིན་པས། །ཨེ་མ་ཆེན་པོའི་གོ་སར་ལེགས་བཞུགས་པའི། །སྐྱེས་ཆེན་དེ་ལྟས་དམན་སྤྲང་བདག་འདྲ་བར། །འདུས་པའི་འོས་མིན་འདུད་ཚུལ་དེ་ཅི་ཀོ །ཞེས་སྙམ་སོམ་ཉིའི་འཁྱོགས་ལ་འདི་ན་འཆང་། །དེ་ལྟ་མོད་ཀྱི་སྐྱེས་ཆེན་དམ་པའི་བཀའ། །ཇི་ཙམ་སྙམ་པར་འཇོག་པའི་གནས་མིན་ཕྱིར། །མཆིད་ལན་དྲང་པོར་ཕུལ་ལ་ཉེས་མེད་པ། །བདག་འདྲའི་ངང་ཚུལ་མདོ་ཙམ་གསོལ་ལ་དགོངས། །སྔོན་གྱིས་ལེགས་བྱས་འགའ་ལས་བྱུང་བའི་རྟེན། །དལ་འབྱོར་ཚང་ཐོབ་ལོ་ལྔར་བསྟན་ལ་བཞུག །སྡིག་པའི་བག་ཆགས་མ་མཆིས་ཐོས་བསམ་གྱི། །ས་བོན་ཙམ་ཞིག་དམ་པའི་དྲིན་ལས་བགྱིས། །


TR001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རང་ལོ་བརྒྱད་ནས་སྒོམ་གྱི་ངོ་བོ་མཐོང་། །སྒྱུ་མ་ལྟ་བུའི་ཏིང་འཛིན་ཕྲ་མོ་ཤར། །འཇིག་རྟེན་ཆོས་བརྒྱད་ཞེན་པ་ངང་གིས་ཆུང་། །དོན་རྒྱུད་བྱིན་རླབས་ཞུགས་པའི་བུ་ཆུང་ལགས། །བསླབ་གསུམ་ལོགས་ཞུས་ཁ་ན་མ་ཐོ་སྤངས། །བག་མེད་སྤྱོད་པའི་ངང་དུ་འཆོར་མ་མྱོང་། །རང་རྒྱུད་དུལ་ལ་ཉམས་ལེན་སྙིང་པོར་བགྱིས། །ཤཱཀ་ཐུབ་བསྟན་པའི་ཞབས་འདྲེན་མ་བྱས་ལགས། །ཉེར་གསུམ་ལོན་ནས་སྨྲ་བཅད་འདག་སྦྱར་བྱས། །གཉིད་དང་སྙོམ་ལས་རང་གིས་རང་བསླུ་བའི། །སྤྱོད་པས་མ་བསླད་དྲུག་ཅུ་རེ་གཅིག་བར། །དབེན་མཚམས་ཁོ་ནས་མི་ཚེ་འདའ་བ་ལགས། །ལྟོ་ཕྱིར་གྲོང་འཁྱམས་མ་བྱས་འགྱོད་མེད་གྲུབ། །རྐང་བཞི་ཞིང་དང་གོ་མཚོན་དཀོན་མཆོག་དཀོར། །གཤིན་རྫས་དཀོར་ཟས་སྤོང་བའི་དམ་བཅའ་དང་། །ནོར་ཕྱིར་ཆོས་མི་འཚོང་བའི་དམ་བཅའ་ལགས། །རྫུན་ཟོག་མི་འཚོང་གཞན་ལ་ཀུན་སློང་སྤོང་། །དག་སྣང་ཕྱོགས་


TR001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྲུབ་མཐའ་མི་རྩོད་ཅིང་། །འབྲེལ་ཚད་ཅི་ནུས་དགེ་ལ་སྦྱོར་བ་དང་། །གང་བྱུང་བླ་མའི་ཐུགས་རྗེར་ཁྱེར་བ་ལགས། །ནད་ལ་མོ་བོན་རྩིས་གསུམ་མི་བསྟེན་ཅིང་། །དགེ་རྩ་སྲོག་གཅོད་ལས་དང་འདྲེས་མི་བྱེད། །དགེ་སྦྱོར་མ་ལུས་མཁའ་ཁྱབ་འགྲོ་ལ་བསྔོ། །འདི་དག་བདག་གི་རྣམ་ཐར་སྙིང་པོ་ལགས། །འཇིག་རྟེན་ཕེར་ཡོང་མེད་ཅིང་ལང་ཚོ་རྒུད། །དབང་པོ་མི་གསལ་འདུ་བའི་ནད་ཀྱིས་ཟིན། །མྱུར་དུ་འཆི་བར་གོ་ཞིང་འགྱོད་འཚེར་མེད། །བདག་གི་རྣམ་ཐར་མཐའ་མ་འདི་ཀར་ཟད། །ཐོས་བསམ་སྦྱངས་སྟོབས་མ་མཆིས་བཀའ་འབུམ་ལགས། །མཁས་རྣམས་ཁྲོལ་བའི་རྒྱུ་ལས་མི་འབྱུང་བས། །དེ་ལས་རྒྱལ་བ་གོང་མའི་བཀའ་འབུམ་ཚོགས། །གཟིགས་དང་འཆད་ཉན་འབྲི་སོགས་ཡ་མཚན་ཆེ། །ནམ་འཆི་ཆ་མེད་མྱུར་དུ་འཆི་ངེས་པའི། །མི་རྒན་ཚེ་འདིར་ཁྱེད་ཞལ་མི་མཇལ་


TR001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །ཕྱི་མར་དག་པའི་ཞིང་ཁམས་རྡོ་རྗེའི་ཐེག །ཚུལ་བཞིན་སྤྱོད་པར་དཀྱིལ་འཁོར་གཅིག་ཏུ་སྨོན། །དེ་སྐད་ཤ་ཆང་བུད་མེད་དྲི་མས་དབེན། །ལ་ཉུང་སྐྱོ་ཚ་ཚོད་མས་ཉེར་འཚོའི་གནས། །ཆོས་དབྱིངས་འོད་གསལ་རྩེ་མོའི་སྒོ་ཁང་ནས། །བྱ་བྲལ་རྒན་བུས་ཕུལ་བའི་ཞུ་ཡིག་ལགས།། ༈ །།བསྐལ་བཟང་འདྲེན་པ་སྟོང་གི་གསེར་རིའི་དབུས། །ཐུགས་རྗེའི་སྟོབས་མཆོག་རྨད་བྱུང་ཟས་གཙང་སྲས། །གང་དེའི་བསྟན་པའི་བ་དན་འཛིན་པ་ལ། །འཇིགས་བྲལ་མཐུ་སྟོབས་དཔལ་མངའ་རྒྱ་སྟོན་མཚན། །བཀའ་བརྒྱུད་དཔག་བསམ་ལྗོན་པའི་སྐྱེད་ཚལ་དབུས། །ཚོགས་གཉིས་འབྲས་བུ་གཡུར་ཟའི་དགེ་ལེགས་དཔྱིད། །ཆོས་ཀྱི་སྤྱན་ལྡན་ཆོས་རྒྱལ་ཆོས་ཀྱི་རྗེ། །གང་གིས་ཞབས་ཟུང་བཀྲ་ཤིས་འཁོར་ལོའི་དྲུང་། །ཉི་འོག་ཤར་ཕྱོགས་ལྗོན་པའི་ཚལ་ཁྲོད་ནས། །སྔ་འགྱུར་འོད་གསལ་སྙིང་པོའི་བསྟན་པའི་གཞུངས། །


TR001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཉམས་ཙམ་དུ་འཛིན་པའི་ཆོས་ཀྱི་གྲྭའི། །ཉེ་ཆར་གནས་པའི་རྒན་པོས་འདི་སྐད་ཞུ། །སྐྱེ་བར་ལེགས་བྱས་རྒྱ་མཚོར་གོམས་པའི་མཐུ། །མི་དམན་ཆོས་ཀྱི་དཔལ་འབྱོར་ཆོས་བཞིན་དུ། །སྤྱོད་མཁས་ཐར་པའི་དེད་དཔོན་ཁྱེད་སྐུའི་ལྷུན། །གཞིག་བྲལ་རྡོ་རྗེའི་ཁྲི་ལ་མངོན་བརྗིད་བཞིན། །དོན་བཟང་བཀའ་མཆིད་རིན་ཆེན་སྒྲོམ་བུ་ནི། །ལྷ་གོས་ལྷུབ་ཆེན་ས་ཟླའི་ཕུར་མར་བཅས། །མ་ཉམས་ཕྱག་རྒྱའི་འཆིང་བས་ལེགས་བཏབ་པས། །ཤཱནྟའི་གནས་ཆེན་ནས་བརྒྱུད་སྤྱི་བོར་ཕེབས། །འདི་ན་བགྲང་ལོའི་ཁུར་གྱིས་ལྕི་བའི་ལུས། །དབང་ཚོགས་སྟོབས་ཉམས་འབྱུང་འཁྲུགས་ནད་ཀྱིས་གཟིར། །གཡར་ཁང་ཧྲུལ་པོ་མ་འགྱེལ་ཙམཁོ་ནར། །དགེ་སྦྱོར་བརྩོན་པ་མ་དོར་ངང་ལ་གནས། །བསྟན་པའི་མཐའ་མ་གཟུགས་


TR001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བརྙན་ཙམ་ཉིད་ལ། །ཆོས་སུ་རློམས་པས་ས་སྟེང་གང་ན་ཡང༌། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ལྟར། །ཟད་འདིར་ཟང་ཟིང་ནོར་ཕྱིར་མི་ཚེ་འདི། །གཡེང་ལ་བདག་ཡིད་མ་རངས་བློ་མ་བདེ། །སྒྱུ་ལུས་འཚོ་ཙམ་དེ་ལྟར་བྱས་ཀྱང་རུང༌། །དད་ཟས་ཁུར་པོས་རང་གཞན་ངན་འགྲོར་མནར། །དེ་ཕྱིར་དཀོར་ཟས་སྤངས་ནས་ལོ་བཅུ་འདས། །རང་ཉིད་གར་སྐྱེའི་རང་དབང་མ་ཐོབ་བཞིན། །གཤིན་པོའི་རྫས་ལ་རྔམས་པའི་བླ་གཟུགས་འདི། །རང་མགོ་རང་གིས་བསླུ་བར་ཐག་ཆོད་པའི། །ཚུལ་ལ་ལེགས་བསམ་གཤིན་དཀོར་བདག་གིས་སྤངས། །དེ་ཕྱིར་ལྷག་བསམ་བཟང་པོའི་སྨོན་ལམ་ནི། །མཁའ་མཉམ་འགྲོ་ལ་རྟག་པར་བཏབ་ལགས་ན།འབྲེལ་ཐོགས་ལྟོས་བཅས་རྣམས་ལ་ལྟ་ཅི་སྨོས། བླ་མེད་རྫོགས་བྱངཁོ་ནར་སྨོན་ལགས་སོ། །གནས་སྐབས་མཐར་ཐུག་བྱུང་དང་འབྱུང་འགྱུར་གྱི། །བརྟག་པའི་ལུང་བསྟན་ལྐོག་གྱུར་གནས་


TR001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག །ཡེ་ཤེས་སྤྱན་ལྡན་རྣམས་ཀྱིས་སྤྱོད་ཡུལ་ལས། བདག་འདྲ་སོ་སྐྱེའི་ཡུལ་དུ་ག་ལ་གྱུར། །དེ་སྐད་རང་ཚུལ་གང་ཡིན་ཟོལ་མེད་དུ། །ཞུས་འདིར་ཁྱེད་ཐུགས་མི་རྙོག་བཟོད་བཞེས་ནས། །བསྟན་དང་འགྲོ་ལ་ཕན་བདེའི་ཕྲིན་ལས་ཉིད། །སྔོན་བཞིན་ཕྱི་མའི་མུ་མཐར་འཕེལ་མཛད་གསོལ། །ཞུ་ཡིག་འདེགས་རྟེན་སྒྱུ་མའི་ནོར་རྫས་རིགས། །བདག་ལ་མི་འབྱོར་ཁྱེད་ལ་མི་ལྟོས་ཕྱིར། །བྱིན་རླབས་དམ་རྫས་མྱོང་གྲོལ་ཨ་མྲྀ་ཏ། །འདི་ཉིད་སྐུ་ཚེའི་རྟེན་འབྱུང་ཕུལ་བ་ལགས། །ས་མོ་བྱ་ལོ་རྒྱལ་ཟླའི་ཚེས་བཟང་པོར། །ཀོང་ཡུལ་ཐང་འབྲོག་འོད་གསལ་རྩེ་མོ་ཡི། །རི་ཁྲོད་དབེན་པའི་བསམ་གཏན་ཁང་བུ་ནས། །སྣ་ཚོགས་རང་གྲོལ་རྒན་པོས་ཕུལ་བ་དགེ། །ཞེས་པའི་ལེ་ཚན་གོང་འོག་གཉིས་པོ་འདི། མདོ་ཁམས་སྟོད་ཀྱི་རྒྱ་སྟོན་ཆོས་རྗེའི་དྲུང་དུ་ཕུལ་བའོ། །


TR001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་སྤྱི་གཟུགས་གཞན་ཕན་རྡོ་རྗེ་ཡི། །ཞབས་ཟུང་སྤྱི་བོར་བསྟེན་པའི་སྐལ་བཟང་མཆོག །རིག་པ་འཛིན་དབང་ནམ་མཁའ་རྡོ་རྗེའི་མཚན། །གསང་གསུམ་དཀྱིལ་འཁོར་འཆང་བ་གང་ཉིད་ཀྱིས། །ལེགས་གསུངས་ཡི་གེའི་གཟུགས་སུ་རྣམ་བཀྲ་བ། །སྨན་མཆོག་བཟང་པོའི་དྲི་ལྡན་ཕུར་མར་བཅས། །མི་གཞིག་ཕྱག་རྒྱས་བཀྲ་བར་མཐའ་འཁོབ་ཀྱི། །དབེན་རིགས་རྒན་པོའི་སོར་རྩེར་ལེགས་སྨིན་ལགས། །འདི་ན་ལང་ཚོའི་མེ་ཏོག་ལོ་ཡིས་རྙིངས། །གཞན་དོན་བྱེད་བློའི་ཁུར་པོ་དུས་ཀྱིས་ཕོགས། །སྤྲོས་མེད་འདག་སྦྱར་ཁང་བུ་སྒྱུ་མའི་ལུས། །མ་ཞིག་ཙམ་དུ་གསོལ་འདེབས་སྨར་བར་གནས། །ཆེད་ཞུས། བླ་མའི་དྲུང་ཉིད་སྐུའི་འཚོ་བ་གསེར་ལྟར་བཟང་ཞིང་ཐུགས་དམ་འཕེལ་བར་བཞུགས་པ་ཤིན་ཏུ་བཀའ་དྲིན་ཆེ། ཕྱག་ཐམ་རྟེན་བཅས་ཕེབས་འབྱོར་གྱི་དོན་ཆ་ལྟར། སྐུ་མཚམས་ལམ་ལྷོངས་ཀྱི་རྣམ་པ་དེ་བཞིན་བྱུང་བ་ནི། གཙོ་བོར་ལེགས་


TR001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་ཐམས་ཅད་སྔོན་གྱི་ལས་འབའ་ཞིག་གིས་བསྐོས་པ་རྒྱུ་འབྲས་སླུ་མེད་ཀྱི་ཆོས་ཅན་ཁོ་ན་ལས་མ་འདས་པས་ན། ལྷོངས་འཚུབ་ཏུ་སྣང་བའི་རིགས་གང་ཡང་རྒྱུ་སྔོན་ལས་ཀྱི་འབྲས་བུ་དང༌། རྐྱེན་སེམས་བྱུང་གི་སྣང་བ་ལས་གཞན་མི་འབྱུང་ལ། དེས་ན་ཇི་སྐད་དུ། ཞིང་དང་དངོས་པོ་བསམ་པ་གསུམ། །གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །བར་ཆད་ཀུན་དང་བྲལ་གྱུར་ནས། །དངོས་གྲུབ་ཚེ་འདིར་ཐོབ་པར་འགྱུར། ཞེས་གསུངས་པ་བཞིན་ཡིན་ཚེ། བར་ཆད་དུ་སྣང་བའམ་དངོས་གྲུབ་ཏུ་སྣང་བ་སོགས་མདོར་ན་ཅིར་སྣང་སེམས་ཀྱི་རོལ་པ་ལས་ནི་འདས་པ་མེད། སེམས་ཉིད་མ་བཅོས་རྗེན་པའི་རང་ངོ་ཧྲིག་གེ་བ་འདི་ནི་ལྷ་དང་བླ་མའི་ངོ་བོ་དངོས་ཡིན་ལ། འདི་ཕྱི་བར་དོ་ཙམ་དུ་མ་ཟད་མཐར་ཐུག་བྱང་ཆུབ་ཀྱི་བར་ནམ་དུའང་ཉམས་སུ་ལེན་རྒྱུའི་སྙིང་པོ་ནི་བླ་མ་


TR001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་སྐུ་རང་རིག་པའི་ཡེ་ཤེས་རང་ངོ་ཤེས་པར་བྱ་བ་གཅིག་པུ་ཡིན། དེ་ལ་ནི་བར་ཆད་ཡིན་ནའང་ཡིན་ལ་དངོས་གྲུབ་ཡིན་ནའང་ཡིན་ཏེ། ཅིར་སྣང་བླ་མ། གང་བྱུང་ཐུགས་རྗེ། སྣང་སྲིད་དཀྱིལ་འཁོར། ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་འབའ་ཤིག་ཡེ་ནས་ཀྱང་ཡིན་ལ། ད་ལྟ་ཉམས་སུ་ཡང་དེ་ཀ་ལྟར་བླངས་པས། མཐར་ཡང་དེའི་ཀློང་དུ་གྲོལ་བར་འགྱུར་ཚེ། བར་ཆད་ལ་བར་ཆད་དུ་འཛིན་མི་དགོས་ཏེ། དངོས་གྲུབ་ཏུ་བླངས་པས་ཆོག །དོན་ལ་དེ་གཉིས་ཀ་སེམས་ལས་གཞན་མིན་པའི་ཕྱིར་རོ། །འོན་ཀྱང་བག་ཆགས་འཁྲུལ་པའི་ལས་སྣང་གིས་ལྷག་མ་ཙམ་དུ་གནོད་བྱེད་ཀྱི་རྣམ་པར་འཆར་རྒྱུ་འདུག་ན། སྔོན་གྱི་ལན་ཆགས་སྦྱོངས་ཕྱིར་དུ་བྱམས་སྙིང་རྗེ་ཞེ་ཐག་པ་ནས་བསྒོམ་ཞིང་། བྱང་ཆུབ་ཀྱི་གོ་འཕང་ལ་འཁོད་པར་སྨོན་ལམ་བཟང་པོ་གདབ་པ་གལ་ཆེ་བ་ལགས་པས། དེ་ལྟར་ཐུགས་


TR001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅག་འཚལ།། ༈ །།བླ་མའི་ཐུགས་རྗེས་བསྡུས་པ་རྡོ་རྗེའི་མཆེད། །ནམ་མཁའ་རྡོ་རྗེ་འདི་ཕྱི་བར་དོ་གསུམ། །བླ་མ་རང་སེམས་དབྱེར་མེད་ཉམས་ལེན་ལ། །རྩེ་གཅིག་བློ་ཐག་རྦད་ཀྱིས་ཆོད་མཛད་ཞུ། །ས་ཁད་འགྱངས་ཤིང་ན་སོའི་ཁུར་གྱིས་ལྕི། །ནམ་འཆི་ཆ་མེད་ཚེ་འདི་མཇལ་བ་དཀའ། །ཕྱི་མར་དག་པའི་ཞིང་མཆོག་པདྨ་འོད། །པདྨ་རྒྱལ་པོ་དེ་དྲུང་འཛོམ་སྨོན་ལགས། །ཞེས། དམ་རྫས་མྱོང་གྲོལ་དང་བཅས་ཏེ། །ཤར་ཕྱོགས་ཀོང་རོང་ལྗོན་པའི་ནགས་ཁྲོད་ཆོས་དབྱིངས་འོད་གསལ་རྩེ་མོའི་སྒོམ་ཁང་ནས་ཕུལ་བ་མངྒ་ལཾ། ཞེས། གཙང་ཉང་སྟོད་ཀྱི་བླ་མ་གྲུ་ཁུར་བ་ནམ་མཁའ་རྡོ་རྗེ་ལ་ཕུལ་བའོ།། ༈ །།དམ་པའི་གདུང་ལས་དམ་པའི་སྐྱེས་ཆེན་འཁྲུངས། །རྒྱལ་བའི་བསྟན་ལ་རྒྱལ་བའི་རྣམ་ཐར་སྐྱོངས། །ཡང་དག་ལམ་ལ་ཡང་


TR001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལེགས་བརྩོན་པའི། །སྐྱེས་ཆེན་དམ་པ་སྐྱེས་མཆོག་གང་ཞབས་དྲུང་། །མཐའ་ཁོབ་ཚང་ཚིང་འཁྲིག་པའི་མུན་ཁྲོད་ནང་། །ལས་ལུས་དཀོར་གྱིས་འཚོ་བའི་རྨོངས་རྒན་དེས། །ཡིད་དབང་མགོ་སྐྱེས་ལྷན་ཅིག་དཀར་བ་ཡིས། །བཏུད་དེ་མོལ་མཆིད་ཚིག་གསུམ་གསོལ་ལ་དགོངས། །གང་གི་མཁྱེན་བརྩེའི་འོད་ཟེར་ཀུན་གསལ་ཕྱོགས། །རིས་སུ་མ་ཆད་མཐའ་ཁྱབ་འགེངས་པ་ལས། །མུན་གླིང་བུ་ག་ཆུང་ངུ་འདིར་ཡང་ཁྱེད། །བརྩེ་བའི་ཟེར་འཕྲེང་འགྱེད་འདི་ཨེ་མ་ཚར། །བཀའ་མཆིད་བཻཌཱུར་དཀར་པོའི་བུམ་བཟང་ནི། །ངེས་གསང་སྙིང་པོའི་བཅུད་བཏམས་ལྷ་རྫས་དང་། །དྲི་བཟང་གཞོན་པ་ཟུང་གིས་ལེགས་བཏེགས་ནས། །རྒན་པོའི་སྙིང་གིས་བདུད་རྩིར་ཡང་དག་ཐོབ། །ཆེན་པོའི་གོ་སར་བཞུགས་ཀྱང་དམན་པ་ལ། །ལྷག་པར་བརྩེ་འདི་དམ་པའི་


TR001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་དུ། །གསུངས་ཀྱང་སྙིགས་དུས་དམ་པ་ཆེས་དཀོན་ན། །དེ་ཡི་མཚན་ཉིད་ཁྱེད་ལས་གང་གིས་སྟོན། །ག་གེའི་སྐྱེ་སྤྲུལ་ཡིན་ཞེས་ཁས་འཆེ་ཡང་། །ལས་ཉོན་བག་ཆགས་འཐིབ་པོས་མ་སངས་བཞིན། །དད་ཟས་མེ་འདག་འགམ་ལ་གྲེ་ཡངས་པོའི། །སྤྲུལ་མཚན་འཛིན་རྣམས་ཁྱེད་དང་མཚུངས་མ་གྱུར། །སྐྱེ་བ་དུ་མར་ལེགས་སྦྱངས་གསུངས་རབ་དོན། །བཅོལ་པོའི་ནོར་ལ་རང་ཉིད་ལན་བཞིན་གྱི། །ཐོས་བསམ་རྣམ་དཔྱོད་དེ་ལྟའི་ངོ་མཚར་ལ། །ཡེ་ཤེས་སྤྱན་ལྡན་སྲས་བཅས་རྒྱལ་ཀུན་མཁྱེན། །མང་དུ་ཐོས་པ་ཚིག་ལ་མ་ཡིན་གྱི། །དོན་གྱི་སྙིང་པོ་ལོན་ལ་མང་ཐོས་ཞེས། །ལང་གཤེགས་མདོ་རུ་རྒྱལ་བས་ལེགས་བསྔགས་པ། །ཇི་བཞིན་སྔར་མཛད་ཡི་རངས་སླད་དུའང་མཁྱེན། །སྙིགས་མའི་ཉེས་སྟོབས་དར་བའི་དུས་


TR001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འདིར། །དགེ་ལེགས་ཉ་རྒྱས་གཞོམ་པའི་རཱ་ཧུ་ལ། །རྣམ་འགྱུར་འཇུག་སྒོ་མང་བས་ཐུགས་དམ་གྱི། །མེལ་ཚེ་གཡེལ་མེད་ཞུ་ཞེས་སྙིང་ནས་གསོལ། །སྔོན་བསགས་དགེ་འབྲས་དར་བའི་་ལོ་ཏོག་ཀྱང་། །བློ་བུར་སད་སེར་ཐན་རྐྱེན་རིགས་མང་པོར། །མི་འཇིགས་བསྲུང་སྐྱོབ་སྙིང་པོར་དཀོན་མཆོག་གི། །ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ལ་བརྩོན་ཞུ། །རྒྱལ་གསུངས་ཆོས་སྒོའི་རྣམ་གྲངས་སྐར་ཚོགས་ལས། །མང་ཡང་ཚེ་གཅིག་ངེས་ལེགས་སྟེར་ནུས་པ། །སྒྲུབ་རྒྱུད་པད་ཚལ་སྙིང་པོའི་མངར་བཅུད་ལ། །རང་གཞན་དགྱེས་དགུར་རོལ་མཛད་བཀའ་དྲིན་ཞུ། །ཐ་སྙད་ལཱ་བ་ཎྱ་ཡི་ཆུ་གཏེར་འཛིངས། །ཟབ་ཀྱང་ཐར་འདོད་སྐོམ་གདུང་སེལ་ནུས་དཀའ། །ཡིད་སྐྱོབ་ཡན་ལག་བརྒྱད་ལྡན་སྙན་བརྒྱུད་ཆུས། །ཐུགས་ཀྱི་བུམ་བཟང་འགེངས་རྩོལ་མི་བསྙེལ་མཁྱེན། །སྦྱངས་སྟོབས་སྩལ་


TR001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྫོགས་པའི་གདོང་ལྔ་ཁྱེད། །འཆི་མེད་བུ་མོའི་སྐྱེད་ཚལ་མི་དབང་བས། །སྒྲུབ་རྒྱུད་ཉམས་རྟོགས་གཡུ་རལ་ངོམ་པའི་དགྲར། །ཀཻ་ལ་ཤ་ཡི་ཁྲི་འཕང་བསྟེན་པར་གསོལ། །རྒྱལ་བསྟན་གོ་ལ་འཁོར་ལོའི་འགྲོས་འདྲ་བ། །སྒང་གཤོངས་ངེས་མེད་འདི་ནི་འདུས་བྱས་ཀྱི། །ཆོས་ཉིད་ལགས་ན་ཉིད་ཐུགས་རི་རྒྱལ་དང་། །ཀུན་སྙོམས་ནམ་མཁའི་ངང་ཚུལ་ལ་གནས་ཞུ། །འཁོར་འདས་སྣང་ཚུལ་སྒྱུ་མ་རྨི་ལམ་ལ། །བདེན་ཞེན་རྟག་པར་བཟུང་ན་ངལ་བའི་རྒྱུ། །ཐམས་ཅད་སེམས་ཀྱི་རོལ་པར་ཐག་ཆོད་པའི། །གདེངས་ཆེན་ཡང་དག་ཟུང་ཞེས་སྙིང་ནས་གསོལ། །དེ་སྐད་ཞུ་མཆིད་ཡི་གེའི་གཟུགས་འཕྲེང་དུ། །འགོད་པར་རློམ་ཡང་མིག་དབང་ནུས་ཟད་པས། །ཞུ་ཡིག་སྲིན་བུའི་རྗེས་ཤུལ་འདྲ་འདི་ལ། །མི་ཁྲེལ་དོན་ལ་དགོངས་དཔྱད་མཛད་པར་གསོལ། །


TR001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཡིག་གཅེར་བུ་མིན་ཙམ་ཕྱི་ཚས་ལ། །རྒྱ་མཛེས་ཆུ་སྟོད་ཉ་བའི་དུས་བཟང་པོར། །ཉི་འོག་ལྗོན་ཁྲོད་སྒྲུབ་འདྲའི་ཡང་དབེན་ནས། །རང་གྲོལ་མིང་འཛིན་རྒན་པོས་ཕུལ་ཞུ་ཡིག །ཅེས་པ་འདི་ནི། མཁྱེན་པའི་པད་ཚལ་རབ་ཏུ་ཡངས་ཤིང་སྐྱེས་ཆེན་དམ་པའི་རྣམ་ཐར་དྲི་བྲལ་དུ་སྤྱོད་པའི་སྤྲུལ་པའི་སྐུ་མཆོག་བསྟན་འཛིན་ཆོས་ཀྱི་ཉི་འོད་ཅེས་བྱ་བའི་དྲུང་དུ་ཕུལ་བའོ།། ༈ །།སྙིགས་དུས་རྒྱལ་བའི་བསྟན་པ་འཛིན་རློམ་པ། །མང་ཡང་ཆོས་བརྒྱད་མངའ་ཐང་བསྒྲུབ་པ་ལ། །ཚུལ་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ནི། །དགེ་ལེགས་འོད་སྣང་གསལ་བ་གང་དེའི་དྲུང་། །རྨི་ལམ་ལས་ཀྱང་རྨི་ལམ་ཆེན་པོ་ཡི། །རྣམ་པར་འགྱུར་བའི་ངང་ཚུལ་སྙིགས་དུས་ཀྱི། །ཡུལ་སྣང་ལ་སྐྱོའི་རྒན་པོ་སེ་བོ་དེས། །གུས་པའི་མོལ་མཆིད་སྲིན་རྗེས་འདྲ་འདི་གསོལ། །གྲངས་མེད་ཚོགས་ཆེན་གྱིས་བསྐྲུན་སྐུའི་


TR001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོན་པ། །རབ་རྒྱས་ཐོས་བསམ་སྒོམ་པའི་ཡལ་འདབ་འབྲས། །གཡུར་ཟ་སྐལ་བཟང་མཆོག་འགའི་གདུང་སྐྱོབས་ལས། །ཕལ་གྱི་སྤྱོད་ཡུལ་མིན་པའི་ཕོ་བྲང་ནས། །ལེགས་འདོམས་བདུད་རྩིའི་བུམ་བཟང་བཀའི་གླེང་བུ། །བྱིན་རླབས་དྲི་བཟང་ཕོན་ཆེན་ལྔ་བརྒྱའི་སྐྱེས། །རྒན་པོའི་ཆུ་བུར་གསལ་བྱེད་ཕུར་མར་བཅས། །མ་ལུས་ཡིད་འདོད་འཇོ་བའི་དཔལ་མཆོག་ཐོབ། །ཨེ་མ་དམ་པར་བཏགས་ཀྱང་དམ་པ་ཡི། །མཚན་ཉིད་ཀྱིས་དབེན་དམ་འདྲའི་ཟོལ་མཁན་རྣམས། །བག་ཡངས་སྤྱོད་པའི་ཡུལ་དུས་གནས་སྐབས་ཀྱིས། །ཁྱོད་ཐུགས་སྐྱོ་བར་མ་གྱུར་འཚོ་བཞེས་སམ། །ཡང་དག་ཐོས་བསམ་སྒོམ་པའི་བྱ་བ་ལས། །གཞན་པའི་ཁུར་གྱིས་མ་ནོན་སྤོས་གླང་ཁྱེད། །ཕ་རོལ་ཕྱིན་དྲུག་མཆེ་བས་མཛེས་བཞིན་པར། །རིམ་གཉིས་སཱ་ལའི་ནགས་


TR001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བདེ་བར་རྒྱུ། །རྣམ་དཔྱོད་མཉེན་ལྕུགས་སྣ་ཞགས་རིང་པོ་ལ། །དགོན་ཧྲུལ་ཆོས་བརྒྱད་ལྕགས་ཀྱུས་མ་བཏབས་པར། །རང་ཟས་ཀེ་ཏ་ཀ་ཡིས་ལེགས་འཚོ་བ། །ད་ནི་ངེས་འབྱུང་ཡིད་ཅན་སྨོན་པའི་གནས། །ངུར་སྨྲིག་རྒྱལ་མཚན་འཆང་ཡང་འཚོ་བའི་ཆེད། །གཞུང་ལུགས་རབ་འབྱམས་སྨྲ་ཀུན་གྲགས་པའི་དོན། །རྣམ་འདྲེན་གོ་ས་འཛིན་རྣམས་ཟང་ཟིང་ཕྱིར། །དེ་ལྟའི་འཆིང་བས་མ་བཅིངས་ཁྱོད་ཁོ་ནར། །དེས་ན་བསོད་ནམས་མཐོ་བཞིན་བསོད་ནམས་ནི། །ཡང་དག་སྤེལ་སླད་ཡང་དག་འབད་པའི་རྒྱུན། །དམ་པའི་སྤྱོད་པ་དམ་པའི་ཆོས་འབའ་ཞིག །རྣམ་པ་ཀུན་ཏུ་རྣམ་པར་འཕེལ་བར་མཛོད། །ཅེས། ཞུ་ཡིག་མི་འཁྱར་བའི་རྟེན་ཙམ་དང་བཅས་སྟེ། སྨིན་དྲུག་གི་ཟླ་བ་རང་སར་འགྱུར་བའི་དྲག་པོའི་ཚེས་ལ། པཀྵུ་ནཱ་དེས་ཉེ་བར་འཁྱུད་པའི་རི་བོའི་སྤོ་ནས་ཕུལ་བ་ཨ་ཐཱ།


TR001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་འདི་ཡང་སྤྲུལ་པའི་སྐྱེས་མཆོག་དེ་ཉིད་ལ་ཕུལ་བའོ།། ༈ །།གང་ཞིག་སྐྱེ་དགུའི་འདྲེན་པར་ཁས་འཆེ་བའི། །སྤྲུལ་པའི་སྐུ་ཞེས་མཚན་སྙན་འཛིན་མང་ཡང་། །ངེས་པར་འགྲོ་བའི་དོན་ལ་རབ་སྨན་པའི། །སྤྲུལ་མཆོག་མཚན་དོན་མཐུན་ཞབས་པདྨོའི་དྲུང་། །རྒས་དང་དད་པ་ལྷན་ཅིག་གིས་བཀུགས་པའི། །ལུས་དབང་སྨྱིག་མའི་ལྗོན་པ་ཆེས་དུད་པས། །སོར་བཅུའི་མདུད་སྦྱར་སྙིང་གར་བསྡམ་བཞིན་དུ། །རྒན་སྐད་འཛེར་བའི་དབྱངས་ཀྱིས་གསོལ་ལ་དགོངས། །མཚན་དཔེའི་སྐུ་དང་བརྒྱད་ཁྲི་བཞི་སྟོང་གསུང་། །མཁྱེན་བརྩེའི་ཐུགས་ཀྱི་དཀྱིལ་འཁོར་རྡོ་རྗེ་གསུམ། །ཡེ་ཤེས་འཁོར་ལོ་བཟོད་ནས་རྣམ་བཞག་ལ། །སྒྲིབ་གཡོགས་སྐབས་ཅི་གཟི་འབར་ལྷམ་མེ་ནས། །ཚད་མེད་ཐུགས་རྗེ་རིས་སུ་མ་


TR001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་ཀྱང་། །བརྩེ་བའི་གཟིགས་པ་སྦུབས་ཀྱི་ཆུ་རྒྱུན་བཞིན། །བདག་གཅིག་ཁོ་ནར་རྒྱུན་མི་ཆད་སྩོལ་བ། །ཁྱེད་ཀྱི་ངང་ཚུལ་འདི་དྲིན་ཅི་ཡིས་གཞལ། །དེ་ཕྱིར་དེང་ཡང་རྒན་པོ་འཆི་མེད་ཀྱི། །གོ་སར་བགོད་པའི་བྱིན་རླབས་དཔེ་བྲལ་འདིས། །འདུས་བྱས་མི་རྟག་རྟག་པའི་མཚན་ཉིད་དུ། །བསྒྱུར་བའི་རྫུ་འཕྲུལ་མཐུ་ཅན་ཁྱོད་ལས་སུ། །འདི་ན་མི་རྒན་འགྲོ་བར་ངེས་བཞིན་དུ། །འདུག་པའི་ཆེས་འདྲའི་ཁང་ཆུང་བརྩིག་བཤོམ་གྱི། །གཡེང་བའི་འཁོར་ལོར་གྲོགས་རྣམས་བཀོད་ནས་ཀྱང་། །རང་ཉིད་དབེན་པའི་མལ་དུ་ཉལ་ཏེ་མཆིས།། ༈ །།ཆོས་ལ་ཆོས་སྤྱན་སྒྲིབ་མེད་མངའ་གང་ལ། །བདག་འདྲ་ལྡོངས་པས་ལམ་སྟོན་མ་དགོས་ཀྱང་། །དགོངས་པའི་གཏོད་ཕྱོགས་དང་བསྟུན་ལྷག་བསམ་གྱིས། །མོལ་མཆིད་སྔར་ནས་ཕུལ་མཚུངས་


TR001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སླད་མར་ཡང་། །མཁྱེན་པའི་ལྷ་ལམ་གཏིང་མཐའ་དབེན་པ་གང་། །ཀུན་རྫོབ་རྫུན་སྣང་སྤྲིན་གྱིས་མི་འགོག་ན། །བསྟན་འགྲོའི་དོན་སླད་མཛད་ཕྲིན་རྒྱ་མཚོའི་རླབས། །ཇི་ལྟར་འཕྱོ་ཡང་རང་ལས་མི་གཡོ་ལྟར། །བྱ་བ་ལས་ཀྱི་འཁོར་ལོའི་བཀའ་ཁྱབ་ཀྱིས། །ཁྱེད་ཐུགས་ཟབ་གསལ་མཁའ་དབྱིངས་མི་རྙོག་པར། །རིམ་གཉིས་ཡེ་ཤེས་དཀྱིལ་འཁོར་ཕྱག་རྒྱ་ཆེའི། །གནས་ལུགས་ཁྱབ་གདལ་ངང་ལས་གཡོ་མེད་ཞུ། །གཟུགས་སྐུ་ལྷ་ཡི་གསལ་མདངས་འགག་མེད་ངང་། །གང་གསུང་སྔགས་ཀྱི་ཆུ་རྒྱུན་གྲགས་སྟོང་སྒྲ། །རིག་རྩལ་ཆོས་ཉིད་རོལ་པ་དགག་སྒྲུབ་བྲལ། །ཡེངས་འཁྲུལ་ཐོབ་ཤོར་ཁོང་འཚང་མི་གཞུགས་གསོལ། །སླད་མར་ཕེབས་འོས་མཐོ་རིས་ཆུ་བོ་བཞིན། །བརྩེ་


TR001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྐྱངས་དང་མཚུངས་པའི་འབུལ་འོས་ཚོགས། །མི་རྒན་དབུགས་ཀྱི་རྒྱུན་ཐག་མ་ཆད་རིང་། །འབུལ་དང་དངོས་སུ་མཇལ་བའང་མྱུར་འགྲུབ་སྨོན། །ཞེས། ཆུ་ཀླུང་ཆེན་པོ་ལོ་ཧི་ཏ་དུང་ལྟར་འཁྱིལ་བའི་ངོགས་ཀྱི་རི་བོའི་སྤོ་ནས་གུས་པས་བ་ཤྲེ་ཡསྟུ། །ཞེས་པ་འདི་ནི། རྗེ་བཙུན་ཨ་ཝ་དྷཱུ་ཏཱི་པ་ཆེན་པོའི་ཞབས་དྲུང་དུ་ཕུལ་བའོ།། ༈ །།བཀའ་རྒྱུད་བསྟན་ལ་བཀའ་རྒྱུད་ཐུགས་རྗེའི་འཕྲུལ། །ཡེ་ཤེས་སྒྲོན་མེས་བསྟན་པའི་སྒྲོན་མེ་ནི། །ཟླ་བྲལ་གདུལ་བྱའི་གཙུག་ན་རབ་འབར་བའི། །མཆོག་སྤྲུལ་ཡིད་བཞིན་ནོར་བུའི་ཞབས་དྲུང་དུ། །ལས་ལུས་དཀོར་གྱིས་འཚོ་བའི་རྨོངས་རྒན་ནི། །མཐའ་ཁོབ་ཚང་ཚིང་ཁྲོད་དུ་གནས་བཅས་ཏེ། །སྙོམ་ལས་ཆོས་སུ་བརྫུ་བའི་གྱི་ན་བས། །ཐལ་སྦྱར་སྤྱི་བོར་བཀོད་ནས་འདི་སྐད་ཞུ། །


TR001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་རྣམས་འགྲོ་བའི་དོན་ལས་གཞན་པ་ཡི། །མཛད་པ་ནམ་ཡང་ཡོད་པ་མ་ཡིན་ཚེ། །ཁྱོད་སྐུ་ནམ་མཁའི་ནོར་བུའི་འོད་ཟེར་ནི། །མཐའ་ཁོབ་མུན་གླིང་འདིར་ཡང་སྤྲོ་མཛད་མཚར། །བྱིན་རླབས་བཀའ་ཡི་སྒྲོམ་བུ་ངེས་གསང་བཅུད། །ཉོན་མོངས་གདུང་སེལ་སྨན་མཆོག་ཕུར་མར་བཅས། །གཞིག་མེད་ཕྱག་རྒྱའི་མཚན་མ་ལེགས་བཀྲ་བར། །རྨོངས་རྒན་མགོ་སྐྱེས་དཀར་པོའི་རྒྱན་མཆོག་གྱུར། །གང་སྐུ་མཚན་དཔེ་གསལ་རྫོགས་འོད་བརྒྱ་པ། །གྲངས་མེད་ལེགས་བྱས་དུ་མས་བསྐྲུན་པ་ལ། །མི་མཐུན་ཆུ་ཁུར་གྱིས་སྒྲིབས་གོ་སྐབས་ཅི། །ཐུགས་རྗེའི་རོལ་གར་ལྷ་ལམ་འགེངས་ལ་འདུད། །སྤྲུལ་པའི་སྐུ་ཡི་མཚན་སྙན་འཛིན་པ་ནི། །གངས་ལྡན་ཡུལ་ལྗོངས་དོག་པོར་བྱེད་ན་ཡང་། །གསང་


TR001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་དཔལ། །བསྟན་འགྲོའི་སྒྲོན་མེར་འབར་ཁྱེད་སུ་ཡིས་འགྲན། །དེ་སླད་ལྔ་བརྒྱ་མཐའ་མའི་ཡང་མཐའ་འདིར། །ལས་ཉོན་རྒྱུ་འབྲས་སྤྱད་དང་སྤྱོད་འགྱུར་གྱི། །མ་རྒན་འཁྲུལ་ཚབས་ཆེ་བའི་སྨྱོན་མ་རྣམས། །ངན་འགྲོའི་གཡང་ལས་སྐྱོབས་ཕྱིར་ཞབས་བརྟན་གསོལ། །བདག་འདྲ་བགྲང་ལོའི་ཁུར་དང་ཟུག་རྔུའི་ནད། །ལྷན་ཅིག་སྒྱུ་མའི་ཁང་རུལ་སྟེང་ན་འཛོམ། །ཚེ་འདིའི་འདུན་མས་སྣ་ཐག་མཚམས་མལ་དུ། །བརྡོགས་གྲུབ་ཁྱེད་ཞལ་ཚེ་འདིར་མི་མཇལ་ཡང་། །བག་ཆགས་ཉིང་འཁྲུལ་སྐྱེ་བའི་འཕྲེང་བརྒྱུད་ནི། །མ་ཆད་དེ་སྲིད་བླ་ཟོལ་དཀོར་ཟན་རིགས། །མ་སྐྱེས་དམ་ཆོས་དྲི་བྲལ་སྤྱོད་པ་པོར། །སྐྱེར་སྨོན་དམ་པ་ཁྱེད་ཀྱིས་རྗེས་བཟུང་འཚལ། །ཞེས་པ་འདི། རིན་པོ་ཆེ་བཀའ་རྒྱུད་སྒྲོན་མེའི་དྲུང་དུ་ཕུལ་བའོ། །


TR001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ་ཡི་མཚན་ཅན་སྒྲུབ་པ་པོས། །ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་གཞུང་གི། །གྲུབ་པའི་མཐའ་ཡི་རྒྱུ་མཚན་སྨྲོས་ཤིག་ཅེས། །ཡི་གེས་བསྐུལ་བའི་ལན་དུ་རང་ཚུལ་ནི། །དྲང་པོར་སྨྲས་འདིར་ཁྲེལ་བར་མ་མཛད་ཅིག ༈ །མདོ་རྒྱུད་བསྟན་བཅོས་མན་ངག་གཞུང་འགྲེལ་སོགས། །ཐོད་པ་རྒྱ་མཚོའི་གཏེར་འཛིན་བཀའ་རབ་འབྱམས། །དུ་མ་ཚོགས་པའི་འདུན་པ་དོར་ཡོད་བཞིན། །མཐའ་ཁོབ་རྨོང་རྒན་བདག་འདྲར་ཅི་ཕྱིར་འདྲི།། ༈ །།ཆོས་རྣམས་དོན་དམ་དབྱིངས་སུ་རོ་གཅིག་ཀྱང་། །གནས་སྐབས་གདུལ་བྱའི་སྐལ་ངོར་སྣ་ཚོགས་པའི། །ཆོས་སྒོ་གྲངས་མེད་བསྟན་པའི་སྙིང་པོ་རུ། །རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་བསྡུས།། ༈ །།རྒྱུ་ཡི་ཐེག་པར་འཕགས་པའི་ཡུལ་ཉིད་དུ། །འཇམ་དབྱངས་ཀླུ་སྒྲུབ་ཞབས་ལས་


TR001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མ་དང་། །བྱམས་མགོན་ཐོགས་མེད་ལས་བརྒྱུད་སེམས་ཙམ་ཞེས། །ཤིང་རྟའི་སྲོལ་ཆེན་གཉིས་སུ་ཡོངས་ལ་གྲགས། ༈། དབུ་མ་ལ་ནི་དོན་དམ་ཀུན་རྫོབ་ཀྱི། །བདེན་པ་གཉིས་སུ་ཆོས་ཀུན་བསྡུས་མཛད་ནས། །དྲང་དོན་རྒྱུ་འབྲས་ཀུན་རྫོབ་བདེན་པ་དང་། །ངེས་དོན་གནས་ལུགས་དོན་དམ་བདེན་པ་རུ། །ཤེས་བྱའི་ཆོས་ཀུན་ཉེ་བར་རྫོགས་བསྟན་མོད།། ༈ །།དབུ་མའི་ནང་ཚན་ཐལ་འགྱུར་རང་རྒྱུད་དང་། །རབ་ཏུ་མི་གནས་ལ་སོགས་གྲུབ་མཐའི་ལུགས། །དུ་མར་མཆིས་མོད་མཐར་ཐུག་འགལ་བ་ཅི།། ༈ །།རྒྱ་ཆེན་སྤྱོད་གཞུང་མཚན་ཉིད་གསུམ་གསུངས་ཏེ། །ཀུན་རྟགས་གཞན་དབང་ཡོངས་གྲུབ་གསུམ་ཉིད་ཀྱི། །ཀུན་རྟགས་ལ་ཡང་མཚན་ཉིད་ཆད་པ་དང་། །རྣམ་གྲངས་པ་ཡི་དབྱེ་བ་སོ་སོ་དང་། །གཞན་དབང་ལ་ཡང་དག་དང་མ་དག་གཉིས། །ཡོངས་གྲུབ་ལ་ནི་འགྱུར་བ་


TR001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དང་། །ཕྱིན་ཅི་མ་ལོག་ཡོངས་གྲུབ་གཉིས་གསུངས་མོད། །ནང་གསེས་དབྱེ་བ་ཤ་མོའི་སྒྲོ་སུལ་བཞིན། །བསམ་མི་ཁྱབ་ཕྱིར་བདག་འདྲས་ཅི་སྨྲ་ནུས།། ༈ །།མདོར་བསྡུས་དོན་ལ་མཚན་ཉིད་ཆད་པ་ཡི། །ཀུན་རྟགས་དེ་ནི་རི་ཝོང་རྭ་ལ་སོགས། །སྒྲོ་བརྟགས་ཉིད་དོ་རྣམ་གྲངས་ཀུན་བརྟགས་ནི། །མེད་བཞིན་འཁྲུལ་ངོར་སྣང་བའི་ཆོས་རྣམས་སོ། །མ་དག་གཞན་དབང་བག་ཆགས་མཐུ་བརྟས་པའི། །ཡུལ་སྣང་ཀུན་ཡིན་དག་པ་གཞན་དབང་ཞེས། །སངས་རྒྱས་ཞིང་སོགས་ཡེ་ཤེས་སྣང་བའི་རྒྱན།། ༈ །།ཡོངས་སུ་གྲུབ་ལ་འགྱུར་བ་མེད་པ་ནི། །གདོད་མའི་གནས་ལུགས་འཕོ་འགྱུར་བྲལ་བ་དང་།། ༈ །།ཕྱིན་ཅི་མ་ལོགས་པ་ཡི་ཡོངས་གྲུབ་ནི། །འཁྲུལ་པའི་རང་འཚང་རིག་པའི་ངོ་བོ་ཉིད།། ༈ །།ལྟར་བརྡ་ཙམ་འདི་རུ་སྨོས་པ་ལས། །ཞིབ་རྒྱས་སྨྲ་བ་


TR001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདྲའི་ཡུལ་མ་ཡིན། །སྨྲས་ཀྱང་གྲུབ་མཐའི་བཞེད་པ་ཐ་དད་རྣམས། །མགུ་དང་རྗེས་སུ་ཡི་རང་ག་ལ་མཛད། །དེ་བས་མི་སྨྲའི་བརྟུལ་ཞུགས་ཁོ་ན་ལེགས།། ༈ །།ཡང་ཡང་འོ་སྐོལ་སྒྲུབ་རྒྱུད་ཟབ་མོའི་ལམ། །བརྗོད་བྲལ་ལྷན་སྐྱེས་གཉུག་མའི་ཡེ་ཤེས་ཉིད། །རང་བབ་སྐྱོང་ལ་གྲུབ་མཐའི་ཁག་མེད་ཀྱི། །རང་རིག་བཟོ་མེད་བསྐྱང་བ་མི་ལེགས་བསམ། །སངས་རྒྱས་མངོན་དུ་མ་གྱུར་དེ་སྲིད་དུ། །གྲུབ་པའི་མཐའ་ལ་ཟད་པ་མ་མཆིས་ཤིང་། །བརྗོད་བྲལ་ལྷན་སྐྱེས་ཡེ་ཤེས་མངོན་གྱུར་ཚེ། །གྲུབ་དང་མ་གྲུབ་མཐའ་དང་དབུས་འཛིན་གྱི། །ཞོན་ཆོས་བྱིས་པའི་བྱེ་མའི་ཁང་བུ་ནི། །བརྩིག་དང་འཇིག་པའི་རྩོལ་སེམས་དགའ་སྡུག་གིས། །རང་གིས་རང་ཉིད་ངལ་ཞིང་ཚི་ཆད་རྒྱུ། །ཐ་སྙད་ཚིག་གི་མཐའ་ལ་བསྐལ་པ་བརྒྱར། །སྦྱངས་ཤིང་གྲུབ་མཐའ་ཕྱོགས་རེའི་ཁ་འཛིན་ལ། །


TR001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དགག་རྩོད་ཤི་ལ་ཐུག་པ་བྱས་ན་ཡང་། །ངར་འཛིན་འགོང་པོའི་གོ་འཕང་ཇེ་མཐོར་འགྱུར། །འཁོར་བའི་རྩ་བ་བདག་ཏུ་འཛིན་པ་འདི། །གཞིག་སླད་རྒྱལ་བས་བདག་མེད་ཆོས་རྣམས་བསྟན། །གྲུབ་པའི་མཐའ་ལ་བདག་ཏུ་བཟུང་བྱེད་ན། །དེ་ལ་བདག་མེད་ཆོས་ཀྱི་ཅི་ཞིག་བྱ། །སྐྱོ་ཚ་ཕོར་གང་ཙམ་གྱི་ཞིམ་མངར་དང་། །ཚིག་ཟུར་མཐོ་དམན་ཙམ་ཡང་མི་ཐེག་བཞིན། །རྒྱ་ཆེན་གཞུང་ལུགས་གྲུབ་མཐའི་ཁ་བཤད་ནི། །ཤེས་ཀྱང་དེ་ལ་ཡ་མཚན་ཅི་ཞིག་ཆེ། །སྙིགས་མའི་མཐར་ཐུག་ངན་རྟགས་བཅོ་བརྒྱད་ཚང་། །བསྟན་པའི་མཐའ་མ་གཟུགས་བརྙན་སྤྱོད་ལ་རེ། །འདི་འདྲར་རང་སེམས་ནང་དུ་མི་འགུགས་ན། །གྲུབ་མཐའི་དགག་སྒྲུབ་ད་ནི་ཨ་ཐང་ཆད།། ༈ །།ཁྱད་པར་མཉམ་མེད་དྭགས་པོའི་བཀའ་རྒྱུད་འདིར། །མོས་གུས་


TR001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་འདེབས་བྱིན་རླབས་ལམ་ལ་བརྟེན། །རང་རིག་གཉུགས་མའི་རང་འགྲོས་སྐྱོང་བ་ལས། །ལྟ་གྲུབ་ཚིག་མཐའ་གཅོད་པའི་ཆོས་ལུགས་མིན།། ༈ །།མཆོག་སྤྲུལ་ཟླ་འོད་གཞོན་ནུ་མངོན་སུམ་དུ། །བཞུགས་དེར་མོས་གུས་ཅི་གསུངས་དང་ལེན་འབད། །ལམ་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཉིད། །ཞུ་བར་མི་བྱེད་གང་དེ་ཕུང་བར་ཟད། །སངས་རྒྱས་དངོས་ཀྱི་བླ་མ་བཞུགས་དུས་སུ། །མཉམ་འགྲོགས་ལེ་ལོའི་བདུད་ཀྱིས་ཁྱེར་བ་ན། །ནམ་ཞིག་གདུང་འབུམ་མཇལ་སྐེར་བྱེད་པ་དེ། །འགྱོད་ཀྱང་ཕྱིས་པར་འགྱུར་རོ་ཤེས་ལྡན་དག ༈ །དེ་སྐད་ཡི་གེའི་ལམ་དུ་བཀོད་པ་འདི། །གྲུབ་མཐས་རྨོངས་པའི་རྒན་པོ་སྤོང་བ་པ། །པདྨ་ལེགས་གྲུབ་ཅེས་བྱས་དབེན་ཁང་ནས། །ཕུལ་འདིས་ཁྱེད་ཐུགས་ཁྲེལ་བར་མ་གྱུར་ཅིག །ཅེས་པ་འདི་ནི། །གནས་ཆེན་རི་བོ་ཤཱནྟིའི་སྒྲུབ་པ་པོ་ཅིག་གིས་


TR001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སེམས་གཉིས་ཀྱི་དབྱེ་བ་གང་ཡིན་གྱི་དྲི་ཡིག་ལན་དུ་བསྲིངས་པའོ།། ༈ །།ན་མ་སརྦ་བུདྡྷ་གུ་རུ་རཏྣ་བྷྱཿ། གཟོད་མ་ཉིད་ནས་མངོན་པར་བྱང་ཆུབ་ཀྱང་། །གདུལ་བྱ་འདུལ་ཕྱིར་སྣ་ཚོགས་ཕྲིན་ལས་ཀྱི། །འགྲོ་ལ་ཕན་དང་བདེ་བའི་མཆོག་སྩོལ་མཁན། །རྩ་བ་བརྒྱུད་བཅས་བླ་མའི་ཞབས་ལ་འདུད། །བོན་ཆོས་དབྱེར་མེད་དག་སྣང་མཁྱེན་རབ་ཀྱི། །གཟིགས་པ་ཡང་དག་མངའ་བའི་བླ་མ་ཁྱེད། །ངེས་དོན་ཟབ་མོའི་གླེང་མོ་གནང་བ་ལ། །ལན་གྱི་རྣམ་པ་མདོར་བསྡུས་འདི་འབུལ་ལོ། །སེམས་ཅན་ཁམས་དང་དབང་པོ་སྐལ་བ་དང་། །མོས་པའི་བྱེ་བྲག་སྣ་ཚོགས་མཐའ་ཡས་ལ། །རྒྱལ་བ་རྣམས་ཀྱི་ཆོས་ཀྱང་མཐའ་ཡས་པ། །བསམ་གྱིས་མི་ཁྱབ་བགྲང་བའི་ཡུལ་ལས་འདས། །དེ་དག་ཀུན་གྱི་སྙིང་པོ་ཉེར་བསྡུས་ན། །དྲང་དོན་ངེས་


TR001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དོན་གཉིས་སུ་འདུ་བ་ལས། །དྲང་དོན་རྒྱུ་འབྲས་གཙོར་སྟོན་ཐུན་མོང་ཆོས། །རིམ་གྱིས་མཐར་པའི་ལམ་དུ་དཀྲི་བར་བྱེད། །ངེས་དོན་མྱུར་ལམ་ཚེ་གཅིག་བྱང་ཆུབ་ལ། །འདོད་པའི་ཆོས་ལའང་རྣམ་གྲངས་མང་མོད་ཀྱང་། །སྐབས་འདིར་ཉིད་ཀྱིས་ཕྱག་ཆེན་རྣལ་འབྱོར་བཞིའི། །འཕྲོས་པ་མཛད་ཕྱིར་དེ་ཚུལ་ཅུང་ཟད་འབུལ།། ༈ །།འདི་དང་གཞི་དང་ལམ་དང་འབྲས་བུ་གསུམ། །གདོད་མའི་གནས་ལུགས་བཞི་ཡི་ངོ་བོ་ལ། །འཁོར་འདས་འཁྲུལ་གྲོལ་སངས་རྒྱས་སེམས་ཅན་སོགས། །ཐ་དད་མེད་ཀྱང་མཁའ་ལས་སྤྲིན་བྱུང་ལྟར། །གཞི་སྣང་རང་གིས་རང་ངོ་མ་རིག་པའི། །འཁྲུལ་པ་བློ་བུར་བྱུང་བས་རང་ངོ་སྒྲིབས། །དབུལ་པོའི་ཁྱིམ་གྱི་རང་ངོ་གཏེར་བཞིན་དུ། །རང་ལ་ཡོད་ཀྱང་མ་ཤེས་སྡུག་བསྔལ་མྱོང་། །ཀུན་གཞི་བག་ཆགས་སྣ་ཚོགས་ཉོན་མོངས་པ། །གཅིག་


TR001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གཅིག་འཕེལ་རྨི་ལམ་འཁྲུལ་སྣང་བཞིན། །འཁོར་བའི་འཁྲུལ་འཁོར་མེད་བཞིན་སྣང་བའི་ཆོས། །འགྲོ་བ་རིས་དྲུག་ཁམས་གསུམ་སྡུག་བསྔལ་ཡུལ། །ཐར་མེད་ཟོ་ཆུའི་ཁྱུད་མོ་ལྟ་བུར་འཁོར། །རྒྱལ་རྣམས་ཐུགས་རྗེ་ཕྲིན་ལས་ཅི་མཛད་ཀྱང་། །མ་རིག་འཁྲུལ་པའི་སེམས་ཅན་ཚན་ཆེ་ཞིང་། །རང་ངོ་མ་རིག་ཉིང་འཁྲུལ་ཨ་འཐས་པས། །ཐར་བའི་དུས་མེད་འཁོར་བའི་འཁྲུལ་ཚུལ་ལགས། །མ་འཁྲུལ་གདོད་མའི་གནས་ལུགས་ཕྱག་རྒྱ་ཆེ། །བདེར་གཤེགས་སྙིང་པོ་ཆོས་ཁམས་དགེ་བ་ཞེས། །ངོ་བོ་སྟོང་ལ་རང་བཞིན་འོད་གསལ་བ། །རྩལ་མདངས་འགག་མེད་ཅིར་ཡང་འཆར་བ་ལས། །འཆར་མཁན་འཆར་རྒྱུ་ཐ་དད་མ་ཡིན་པར། །དབྱེར་མེད་སྟོང་གསལ་ཟུང་འཇུག་འདུས་མ་བྱས། །


TR001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐུགས་དང་སེམས་ཅན་ཁམས་དབྱེར་མེད། །འདི་ནི་ཕྱག་རྒྱ་ཆེན་པོའི་གདོད་མའི་གཞི།། ༈ །།གཞི་དེ་མངོན་གྱུར་བྱ་ཐབས་ལམ་གྱི་རིམ། །བསམ་གྱིས་མི་ཁྱབ་གདུལ་བྱའི་དབང་རིམ་ལྟར། །ཐུན་མོང་ཐེག་པར་ཕ་རོལ་ཕྱིན་དྲུག་འབད། །སྔགས་ཀྱི་ཐེག་པར་རིམ་གཉིས་སྐྱེད་རྫོགས་སྒོམ། །དེ་ལའང་རྒྱུད་སྡེའི་རིམ་པས་ལམ་སྣ་ཚོགས། །རྒྱལ་རྣམས་ཐབས་མཁས་ཐུགས་རྗེས་བསྟན་པའི་ཕྱིར། །གང་ལ་མོས་བཞིན་ཉམས་བླངས་དེས་འགྲུབ་མོད།། ༈ །།དེ་ལས་ཁྱད་པར་ཕྱག་ཆེན་ཟབ་ལམ་འདིར། །འཁོར་བར་ཞེན་བྲལ་ངེས་འབྱུང་བསམ་པ་ཅན། ཁྱད་པར་ཐེག་ཆེན་བློར་ཤོང་གང་ཟག་གིས། །ཚེ་འདིའི་རྣམ་གཡེང་བྱ་བྱེད་མཐའ་དག་དོར། །ངེས་དོན་གྲུབ་པའི་བླ་མ་མཚན་ལྡན་ལ། །སྒོ་གསུམ་གུས་པས་མཉེས་གསུང་སྒྲུབས་


TR001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཀྱང་། ཁ་ཞེ་མཐུན་པས་ཟབ་མོའི་གདམས་པ་ཞུ། །དལ་འབྱོར་རྙེད་དཀའ་བསམ་ནས་ཐར་པ་སྒྲུབ། །འཆི་བ་མི་རྟག་སྒོམས་པས་ལོང་མེད་དྲན། །ལས་འབྲས་བདེ་སྡུག་ཤེས་པས་སྤངས་བླངས་འབད། །འཁོར་བའི་སྡུག་བསྔལ་བསམ་ནས་ཞེན་པ་ཟློག །དཀོན་མཆོག་སྐྱབས་ཡུལ་གསལ་གདབ་སྐྱབས་འགྲོ་འབུངས། །འགྲོ་ཀུན་ཕ་མར་གོ་བས་བྱང་སེམས་དང་། །སྙིང་རྗེ་སྨོན་འཇུག་བྱང་སེམས་རྒྱུད་ལ་སྦྱངས། །ཐོག་མ་མེད་ནས་ལས་ངན་སྡིག་སྒྲིབ་ཀུན། །རྡོར་སེམས་ཡིག་བརྒྱའི་སྒོམ་བཟླས་ཟབ་མོས་སྦྱངས། །སངས་རྒྱས་ཐོབ་པ་བླ་མ་ལ་རག་ཅིང་། །བླ་མའི་བྱིན་རླབས་རྒྱུད་ལ་ཞུགས་དགོས་པས། །བྱིན་རླབས་དེ་ཡང་མོས་གུས་ཉིད་ལ་རག །མོས་གུས་ངོ་བོ་རྩ་བའི་བླ་མ་དེ། །དུས་གསུམ་སངས་རྒྱས་ཀུན་


TR001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་ཁོ་ན་རུ། །བློ་ཐག་རྦད་ཀྱིས་ཆོད་པར་མ་བྱས་ན། །ཟོལ་འགྲོགས་མི་ཆོས་ངོ་སྲུང་ཙམ་གྱིས་ནི། །བྱིན་རླབས་ཚུལ་བཞིན་རྒྱུད་ལ་འཇུག་མི་འགྱུར། །དེས་ན་འདི་བཟུང་བྱང་ཆུབ་མ་ཐོབ་བར། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །གཏན་གྱི་འདུན་མ་བླ་མ་ཁོ་ནར་བསྐྱུར། །སྤྱི་བོར་བསྒོམ་ལ་སྣོད་བཅུད་བདག་ལུས་དང་། །ལོངས་སྤྱོད་གཏན་འདུན་མ་ལུས་མཎྜལ་ཕུལ། །མཆི་མ་གཡོ་བའི་མོས་གུས་གདུང་ཤུགས་ཀྱིས། །གསོལ་བ་དྲག་པོ་སྙིང་ནས་རྩེ་གཅིག་གདབ། །སྐུ་གསུང་ཐུགས་ལས་བདུད་རྩིའི་འོད་ཟེར་བྱུང་། །རང་གིས་གནས་གསུམ་ཐིམ་པས་སྒོ་གསུམ་དང་། །ཤེས་བྱའི་སྒྲིབ་པ་ཀུན་དག་བྱིན་རླབས་ཞུགས། །བུམ་གསང་ཤེར་ཡེ་ཚིག་དབང་ཡོངས་རྫོགས་ཐོབ། །བླ་མ་འོད་ཞུ་རང་ལ་གཉིས་མེད་ཐིམ། །འཁོར་འདས་དུས་གསུམ་རྣམ་


TR001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་པའི་ཚོགས། །རྦ་རླབས་ཆུ་ལ་ཐིམ་བཞིན་སྤྲོས་མེད་དུས། །མཉམ་པར་བཞག་ཅིང་དགེ་བ་འགྲོ་ལ་བསྔོ། །དེ་ལྟར་སྔོན་འགྲོ་བཞི་སྦྱོར་ཉམས་ལེན་རྣམས། །ཁྲིད་རིམ་ཀུན་དང་ཁྱད་པར་ཕྱག་རྒྱ་ཆེར། །གནས་བསྣུན་མ་བྱས་ཉམས་རྟོགས་འབྱུང་མི་འགྱུར། །གནད་བསྣུན་རྟགས་ཐོན་འབད་པ་གལ་དུ་ཆེ།། ༈ །།ལམ་གྱི་དངོས་གཞི་ཕྱག་རྒྱ་ཆེན་པོ་ལའང་། །མཐར་ཐུག་འདྲ་ཡང་གནས་སྐབས་ཕྱག་བཞེས་ཀྱི། །ཁྲིད་ཚུལ་རིམ་པ་མི་འདྲ་བསམ་ཡས་ཀྱང་། །འདི་ནི་ལྷན་ཅིག་སྐྱེས་སྦྱོར་ལུགས་ལྟར་བརྗོད། །དེ་ལ་ཞི་གནས་ལྷག་མཐོང་གཉིས་ཀྱིས་ཁྲིད། །ཞི་གནས་ལ་ཡང་མཚན་བཅས་མཚན་མེད་གཉིས། །མཚན་བཅས་ལ་ཡང་དག་དང་མ་དག་གི། །མ་དག་ཤིང་བུ་རྡེའུ་ལ་བརྟེན་དང་། །དག་པ་


TR001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྷ་དང་རླུང་སེམས་པ། །བརྟེན་པ་ལ་སོགས་སེམས་ཀྱི་གནས་ཆ་བཙལ། །མཚན་མེད་དམིགས་རྟེན་མེད་པར་གནས་པ་སོགས། །རྣམ་རྟོག་བག་ཆགས་གཡོ་བའི་རྦ་རླབས་ཉིད། །རང་བབས་རང་སར་ཞི་བའི་ཐབས་ལ་འབད། །ཞི་གནས་སྒོམ་གྱི་དངོས་གཞི་མ་ཡིན་ཀྱང་། །བསམ་གཏན་གཞི་རྟེན་ལྷག་པར་གལ་ཆེ་ཞིང་། །ཤིན་ཏུ་འབད་ན་གཡོ་ཐོབ་གོམས་བརྟན་གྱི། །ལམ་རྟགས་རྣམས་དང་ཤིང་སྦྱངས་འབྲས་བུ་ཡིས། །ཏིང་འཛིན་ཉིན་ཞག་འདའ་དང་མངོན་ཤེས་ དང་པོར། གཉིས་པ། གསུམ་པ། བཞི་པ། འཆར། །ཟས་སྐོམ་མི་དགོས་ལ་སོགས་རྟགས་ཤར་ཡང་། །ཁེངས་རློམ་ཞེན་འཛིན་མི་བྱ་གཡས་མེད་བསྐྱུར། །ཞེན་ན་ལྷ་བུའི་བདུད་ཀྱི་བསླུ་ཞིང་ཕུང་། །དགའ་བྲོད་ཞེན་འཛིན་མེད་པ་གལ་དུ་ཆེ།། ༈ །།ཞི་གནས་གོམས་རྗེས་ལྷག་མཐོང་རྟོགས་པའི་ཕྱིར། །


TR001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་བྱུང་གནས་འགྲོ་གསུམ་གདར་ཤ་བཅད། །སེམས་ལ་དངོས་པོ་མཚན་མ་གྲུབ་ཅིང་། །ཁ་དོག་དབྱིབས་དང་ངོས་བཟུང་མ་མཆིས་ལ། །མེད་པའི་སྟོང་ཆད་མ་ཡིན་རིག་ཅིང་གསལ། །གསལ་སྟོང་ཐ་དད་མ་ཡིན་གཉིས་མེད་ངང་། །འདི་བཞེས་བརྗོད་དུ་མེད་ལ་རིག་ཏུ་ཡོད། །རིག་མཁན་རིག་རྒྱུ་གཉིས་སུ་མ་ཡིན་པར། །རང་གི་རང་ངོ་ཤེས་ཤིང་རིག་པ་དེ། །ལྷག་མཐོང་ཞེས་བྱ་སེམས་ངོ་མཐོང་བ་ཡིན། །ཞི་གནས་དུས་ཀྱི་གནས་པའི་ངོ་བོ་དང་། །ཐ་མལ་དུས་ཀྱི་རྣམ་རྟོག་རང་དགའ་མ། །ཐམས་ཅད་ལྷག་མཐོང་འདི་དང་དབྱེར་མེད་ཀྱང་། །བྱིན་རླབས་མ་ཞུགས་བར་དུ་ངོ་མ་ཤེས། །འདི་ཉིད་ངོ་མཐོང་ལྟ་བ་རྟོགས་ཅེས་བྱ། །སྒོམ་རྒྱུའི་ངོ་བོའང་འདི་ལས་གཞན་མེད་ཅིང་། །བློ་ཡིས་བཅོས་ནས་སྒོམ་རྒྱུ་


TR001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཚེ། །སེམས་ཀྱི་འདུག་ཚུལ་འཆར་ཚུལ་གང་ཡིན་དེ། །མི་དགག་མི་བསྒྱུར་དེ་རྗེས་མི་འབྲང་བར། །རང་གིས་རང་རིག་ཧྲིག་གེ་རྗེན་ནེ་བཞག །བཞག་རྒྱུ་འཇོག་མཁན་ལོག་སུ་མ་མཆིས་ཀྱང་། །གང་ལྟར་ཤར་བ་དགག་སྒྲུབ་མི་བྱ་ཞིང་། །དེ་ཡི་དབང་དུ་ཕར་ལ་མི་འཆོར་བར། །རང་རིག་རང་ཚོ་ཟིན་པར་བསྐྱང་བ་ལ། །ཡང་དག་དྲན་པ་ཅེས་སུ་བརྗོད་པ་ཡིན། །འདི་ཉིད་མ་ཡེངས་སྐྱོངས་ལ་མཉམ་གཞག་ཟེར། །འགྲོ་འདུག་བྱ་བྱེད་ཀུན་དང་བསྲེ་ཐུབ་ན། །རྗེས་ཐོབ་ཅེས་བྱ་དོན་ལ་ཁྱད་པར་མེད། །རང་ངོས་མ་ཟིན་གནས་ཀྱང་མཉམ་བཞག་མིན། །འཁོར་འདས་སོ་མཚམས་རིག་དང་མ་རིག་ཉིད། །རིག་ན་སངས་རྒྱས་མ་རིག་སེམས་ཅན་ཡིན། །དེ་ཕྱིར་རིག་པ་མ་ཡེངས་གནད་དུ་ཆེ། །དེ་ཡི་འཕྲོ་ལ་རྣམ་རྟོག་ཚོགས་དྲུག་དང་། །ཉོན་མོངས་


TR001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་གང་དང་ཅི་ཤར་ཡང་། །དེ་དབང་མི་བཏང་གཉེན་པོ་གཞན་མི་བཙལ། །བྱིས་པའི་རྩེད་མོར་རྒན་པོས་ལྟ་བ་བཞིན། །གཡས་མེད་གཉེར་མེད་འཛིན་མེད་ཁོ་ནར་བསྐྱུར། །གོམས་ཚེ་སྒྱུ་མ་ལྟ་བུའི་ཏིང་འཛིན་འཆར།། ༈ །།ལམ་རྟགས་རྣལ་འབྱོར་བཞི་ཡི་རིམ་པ་ཡང་། །གང་ཟག་རིམ་གྱིས་པ་དང་གཅིག་ཅར་བ། །ཐོད་རྒལ་བ་སོགས་སོ་སོའི་ཁྱད་པར་དང་། །ཉམས་ལེན་བརྩོན་ཁྱད་ལས་སྒྲིབ་སྲབ་འཐུག་སོགས། །ཀུན་ལ་ཚད་གཅིག་ངེས་པ་མི་འབྱུང་མོད། །སྤྱི་ཙམ་རིམ་སྐྱེས་ཞིག་ལ་ཆ་བཞག་ན། །མཉམ་གཞག་འབད་རྩོལ་ལ་རག་རྩེ་གཅིག་མ། །དྲན་ཙམ་ངོ་བོར་སླེབ་པ་སྤྲོས་བྲལ་དང་། །སྣང་སེམས་གཉིས་འཛིན་ཟད་པ་རོ་གཅིག་ལ། །བསྒོམ་བྱ་སྒོམ་བྱེད་བྲལ་ལ་སྒོམ་མེད་ཟེར། །དེ་དག་སོ་སོར་


TR001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་འབྲིང་ཆེ་ཁྱད་དང་། །རེ་རེ་ལ་ཡང་སྣ་ཟིན་པ་དང་ནི། །གཏན་ལ་ཕེབས་དང་སྩལ་རྫོགས་དབྱེ་བ་སོགས། །ཤིན་ཏུ་ཞིབ་པར་སྒྲུབ་རྒྱུད་གོང་མ་ཡིས། །གསུངས་ཕྱིར་བདག་འདྲས་བརྗོད་དུ་ག་ལ་མཆིས། །འགགས་དོན་སྙིང་པོར་བསྒོམ་བྱའི་ངོ་བོ་དང་། །སྒོམ་བྱེད་མཁན་པོ་སོ་སོར་མ་ལུས་པར། །རང་རིག་རྗེན་པ་མ་བཅོས་འདི་ཉིད་དུ། །ཐག་ཆོད་ཡེངས་འཁྲུལ་ཞེན་འཛིན་མེད་པ་ན། །རྣལ་འབྱོར་བཞི་པོའི་དོན་ཀུན་དེ་རུ་འདུ། །དིང་སང་བསྐལ་པ་སྙིགས་མའི་ཡང་མཐར་ཐུག །ཆོས་ཀུན་གཟུགས་བརྙན་ཙམ་ལ་སྤྱོད་པའི་ཕྱིར། །ཕྱག་ཆེན་སྒོམ་ཡང་རྣལ་འབྱོར་བཞི་རིམ་བཞིན། །རྒྱུད་ལ་སྐྱེས་པའི་སྒོམ་ཆེན་རྙེད་པར་དཀའ། །གལ་ཏེ་ཚུལ་བཞིན་མཐའ་རུ་ཕྱིན་པ་ན། །དྲོད་ཚད་རྟགས་ཀྱི་ངོས་འཛིན་བོག་འདོན་སོགས། །གཞན་ལ་ལྟོས་མི་དགོས་པར་རང་ལ་


TR001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

འཆར། །ཡེངས་འཁྲུལ་བྲལ་བས་རྩེ་གཅིག་བརྟན་པ་ཟིན། །ཨ་འཐས་ཞི་ན་སྤྲོས་བྲལ་མངོན་དུ་འགྱུར། །གཉིས་འཛིན་ཟད་པས་རོ་གཅིག་ལྷུན་གྱིས་གྲུབ། །འཁྲུལ་པ་དབྱིངས་སུ་ནུབ་པས་སྒོམ་མེད་དེ། །དེ་ལྟར་རྒྱུད་ལ་སྐྱེས་པའི་སྒོམ་ཆེན་དེ། །གེགས་སེལ་བོག་འདོན་གཞན་ལ་ག་ནས་རེ། །ཚུལ་བཞིན་མི་སྒོམ་ཞུ་ཞུ་ཐོབ་ཐོབ་ཙམ། ཁ་ཆོས་ཚིག་ལ་འབྱམས་པའི་གང་ཟག་ལ། །རྣལ་འབྱོར་གཞི་ལས་ཞི་གནས་ཚུལ་མཐུན་ཡང་། །རྒྱུད་ལ་མི་སྐྱེའི་བཤད་པས་དགོས་པ་ཅི།། ༈ །།རྩེ་གཅིག་སྐབས་སུ་བརྩོན་འགྲུས་བོག་འདོན་ཞིང་། །སྤྲོས་བྲལ་བོག་ནི་མོས་གུས་ཉིད་ཀྱི་འདོན། །རོ་གཅིག་ལ་ནི་སྙིང་རྗེས་བོག་འདོན་བྱ། །སྒོམ་མེད་ལ་ནི་བོག་འདོན་ཅི་ལ་དགོས། །


TR001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་ཤོར་ས་བཞི་དང་གོལ་ས་གསུམ། །ལ་སོགས་འཕྲ་ཞིབ་མང་པོ་གསུངས་པ་ལ། །ཉམས་རྟོགས་ཅན་ལ་ཤོར་ས་གོལ་ས་བྲལ། །ཉམས་རྟོགས་མེད་ན་ཤོར་གོལ་འོང་དོན་མེད། །དོན་ལ་འཁོར་འདས་སྣང་སྲིད་སེམས་སུ་ཤེས། །སེམས་ཉིད་ཕྱག་རྒྱ་ཆེན་པོར་ཤར་བ་ལ། །གེགས་དང་ནོར་འཁྲུལ་ཤོར་གོལ་ག་ལ་འབྱུང་། །མོས་གུས་གསོལ་འདེབས་འབད་ན་གེགས་དང་བྲལ། །ཐུན་མོང་ཐེག་པ་དག་དང་སྒོ་བསྟུན་པའི། །ས་བཅུ་ལམ་ལྔའི་རིམ་པ་དང་སྦྱར་བ། །ཕྱག་ཆེན་ཁྲིད་གཞུང་ལ་ལར་གསུངས་མོད་ཀྱང་། །དབང་རབ་སྐད་ཅིག་གཅིག་གིས་ས་ལམ་ཀུན། །ཡོངས་རྫོགས་ཆོད་པས་རིང་ལམ་བསྐོར་མི་དགོས། །བྱ་རྒྱལ་ནམ་མཁའི་དབྱིངས་ལམ་གཅོད་པ་ལ། །ལ་ཆུ་འཕྲང་གི་བགྲོད་རྩོལ་མི་དགོས་བཞིན། །ཐེག་པའི་རྩེ་རྒྱལ་མྱུར་ལམ་


TR001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཕྱིར་རོ།། ༈ །།དེ་ལྟར་ལམ་གྱི་ཉམས་ལེན་མཐར་སོན་ན། །མཐར་ཐུག་འབྲས་བུ་སྐུ་གསུམ་ཐོབ་ཚུལ་ནི། །གང་ཟག་དབང་པོ་རབ་དང་བརྩོན་འགྲུས་རབ། །ཚེ་འདིའི་སྣང་བ་ནུབ་དང་དུས་མཉམ་དུ། །འཆི་བ་འོད་གསལ་ཆོས་སྐུར་གྲོལ་བ་དང་། །འབྲིང་གི་བར་དོར་ཡེ་ཤེས་སྐུ་འགྲུབ་འགྱུར། །ཐ་མས་སྐྱེ་བ་གཅིག་སོགས་བརྒྱུད་པའི་མཐར། །ལམ་གྱི་ལྷག་མ་སྦྱང་བགྲོད་མཐར་ཕྱིན་ཞིང་། །དམ་ཚིག་ཉེས་ལྟུང་དྲི་མས་གོས་མེད་ན། །ཕྱིར་མི་ལྡོག་པ་ཆོས་སྐུའི་གཏན་སྲིད་ཟིན། །རང་གདངས་འགག་མེད་ལོངས་སྐུ་ཡེ་ཤེས་ཀྱི། །སྐུ་དང་ཞིང་ཁམས་ས་བཅུའི་འཁོར་ལ་སྣང་། །ལམ་དུས་སེམས་བསྐྱེད་སྨོན་ལམ་མཐུ་འབྲས་ཀྱིས། །གདུལ་བྱ་དག་དང་མ་དག་གནས་སོ་སོར། །རང་སྐལ་དང་མཐུན་སྤྲུལ་པའི་སྒྱུ་འཕྲུལ་གྱིས། །འགྲོ་དོན་རྩོལ་མེད་


TR001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཀྱིས་འབྱུང་བ་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར་ལྟར་རོ། །དེ་ལྟར་གཞི་ལམ་འབྲས་བུའི་ཚུལ་མདོ་ཙམ། །བརྗོད་ཀྱི་རྒྱ་ཆེར་བདག་འདྲའི་ཡུལ་མ་ཡིན། །ཐོས་བསམ་སྒོམ་པའི་སྟོབས་དམན་དབང་ཚོགས་རྒུད། །འཆི་བདག་ཞགས་པས་བཏབ་ཉོ་ཚེ་འདི་ཡི། །འདུན་མ་ཉེར་བསྟུངས་རང་ཤོང་མལ་ནང་དུ། །ཡང་དག་འཇོག་ལས་གཞན་པའི་སྤྲོས་པས་དབེན། །དེ་ཕྱིར་མཁྱེན་ལྡན་ཁྱེད་ཐུགས་མགུ་ནུས་པའི། །ལེགས་བཤད་སྨྲ་བར་བདག་འདྲས་སྤོབས་མིན་ཏེ། །ཅི་ནུས་ཙམ་ཞིག་ཕུལ་བའི་ལྷག་བསམ་གྱི། །དགེ་བས་འགྲོ་ཀུན་ཕྱག་རྒྱ་ཆེ་འགྲུབ་ཤོག །དེ་ལྟར་ཡང་། གཙང་རྟ་ནག་རི་ཞིང་གི་སྡེ་དགོན་ཆེན་པོ་ནས་མཁྱེན་རྟོགས་ཡོན་ཏན་གྱི་སྤྱན་དང་ལྡན་པའི་ཆོས་ཀྱི་རྗེ་དེས་ཕྱག་ཐམ་རིན་ཆེན་གསེར་གྱི་རྟེན་གནང་དང་བཅས་ཏེ་བསྐུལ་བར་མཛད་མོད་ཀྱང་། །བདག་མི་རྒན་སྤྱིར་ཡང་དད་ཟས་དཀོར་ལ་ཅི་འཛེམ་


TR001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཁྱད་པར་དིང་སང་སྙིགས་དུས་ཀྱི་བླ་རིགས་ཕལ་མོ་ཆེ་རྣམས་ཟང་ཟིང་ནོར་རྫས་སྡུད་པའི་ཟོང་རིན་དབང་ཆོས་ཀྱི་བྱེད་པའི་སྲོལ་ངན་འདི་བཞིན་དར་བ་ནི་རྒྱལ་བའི་བཀའ་དང་དམ་པའི་ཆོས་དང་འགལ་བའི་ཉེས་སྒྲིབ་ཤིན་ཏུ་ལྕི་བར་མཐོང་བས། བདག་ཉིད་དམ་ཆོས་བཤད་པའི་ཡོན་དུ་ཟང་ཟིང་མི་ལེན་པའི་དམ་བཅའ་བགྱིས་ནས་ལོ་མང་སོང་བས་ན། གསེར་གྱི་གནང་ཆ་ནི་ག་ནས་ཞུ་ལ། གསུང་བྲིས་ཀྱི་མཆིད་ལན་འདི་བཞིན་འབུལ་བར་ཡང་། སྤྱིར་ཐོས་པ་དམན་ཞིང་ཁྱད་པར་ཉམས་རྟོགས་དང་མི་ལྡན་པས་ཚུལ་འདི་དག་གི་མཆིད་ལན་བགྱི་བའི་ནུས་པ་མ་མཆིས་པ་དང་། ལྷག་པར་ད་ནི་འབྱུང་འདུས་ཀྱི་ཁང་རྒན་འགྱེལ་མ་རག་གི་ཚེ་འདིའི་སྣང་བ་ཞག་འགའ་ཙམ་ལས་སྤྱོད་པའི་ལོང་མེད་པའི་དུས་ལ་བབས་པ་ན། ཚིག་དང་ཡི་གེའི་སྤྲོས་པ་མ་མཆིས་ནའང་། མཁྱེན་ལྡན་ཁྱེད་ཀྱིས་ཆོས་རྒྱུད་དང་གྲུབ་མཐའི་ཕྱོགས་ལྷུང་མི་མངའ་བའི་དག་སྣང་གིས་གཟིགས་པ་མི་དམན་


TR001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཀའ་མཆིད་འདི་བཞིན་སྩལ་བའི་ཞལ་ངོ་མི་བསྐྱུང་བར་ལན་གྱི་རྣམ་པ་མདོ་ཙམ་ཕུལ་བ་ལ། དགོངས་པར་མི་འབབ་པའི་འགལ་འཁྲུལ་མཆིས་ན་ཆོས་དབྱིངས་སྒྱུ་མའི་ཀློང་དུ་བཟོད་པར་བཞེས་སུ་གསོལ། ཞེས། ཆོས་དབྱིངས་འོད་གསལ་གྱི་རྩེ་མོ་བྱང་ཆུབ་ཀྱི་སྙིང་པོ་མངོན་པར་མཐོ་བའི་ཡང་དབེན་བསམ་གཏན་གྱི་ཁང་བུ་ནས་ཕུལ་བ་ཕྱོགས་དུས་ཀུན་ཏུ་དགེ་བར་གྱུར་ཅིག།། ༈ །།དཔལ་རི་ཞབས་དྲུང་དུ་ཕུལ་བའི་ཞུ་ཡིག །གང་ལ་བརྟེན་ནས་འཁོར་བ་ངན་སོང་གི། །འཇིགས་ཆེན་བདེ་བླག་འཕྲོག་ནུས་ཐུགས་རྗེའི་མཛོད། །དཔལ་ལྡན་པདྨ་རྒྱལ་པོའི་རིང་ལུགས་མཆོག །འཛིན་ལ་འཇིགས་བྲལ་རྣམ་འདྲེན་དབང་པོའི་ཞབས། ༡ །ལེགས་བཏུད་དང་བའི་ཡིད་ཀྱིས་མཆིད་འདི་གསོལ། །ལེགས་བྱས་འབུམ་གྱིས་བསྐྲུན་པའི་མཚན་དཔེའི་སྐུར། །གདུལ་བྱའི་དད་པའི་ཡིད་ཀྱི་མེ་ལོང་ལ། །འགྲིབ་མེད་གསལ་ལ་ལྟར་


TR001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཉེར་འཚེས་དབེན། ༢ །ཐུགས་རྗེ་ཕྲིན་ལས་མཛད་བཟང་གངྒཱའི་རྒྱུན། །སྔ་འགྱུར་བསྟན་པའི་ལམ་གསུམ་བགྲོད་པ་དང་། །སྐལ་ལྡན་ལས་ཉོན་སྒྲིབ་པ་བཀྲུ་བ་ཡི། །རྣམ་ཐར་ངེས་ལེགས་ཆུ་བོ་ལས་འོང་པའི། ༣ །བཀའ་གླེགས་རིན་ཐང་ཆེ་བའི་སྐྱེས་བཟང་བཅས། །བྱིན་རླབས་བདེན་ཚིག་ཤིས་བརྗོད་མེ་ཏོག་ཆར། །རྒན་པོ་འཆི་ཁ་འཆི་མེད་ངལ་སྟེགས་ལ། །འགོད་མཛད་བཀའ་དྲིན་འདི་ཀོ་གང་གིས་འཁོར། ༤ །མགོན་ཁྱོད་སྤྱི་དང་ཁྱད་པར་བསྟན་པ་ཡི། །སྲོག་འཛིན་ཡ་མཚན་མཛད་པའི་སྒྱུ་འཕྲུལ་ལ། །ངལ་དང་གཡེལ་བའི་དྲི་མས་ཆ་ཤས་ནི། །ཕྲ་རབ་རྡུལ་ཙམ་མ་མཆིས་རྗེས་ཡི་རངས། ༥ །དེང་དུས་རྣམ་འདྲེན་བསྟན་འཛིན་ཆེ་ཆེ་མོར། །བཞེད་རྣམས་རང་ཕྱོགས་བསྟན་པ་འབའ་ཤིག་ལས། ཁམས་གསུམ་མཆོད་པའི་ཡུལ་གྱུར་གཙུག་


TR001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལ། །སྤྱན་ཟུར་ཙམ་ཡང་གཟིགས་མཁན་མ་མཆིས་འདིར། ༦ །རྒྱལ་བའི་ཁྱབ་བདག་པདྨ་ཐོད་ཕྲེང་གི། །ཞབས་པད་བཀོད་ཤུལ་བྱིན་རླབས་རི་མོ་བཀྲ། །དེ་དག་སླར་ཡང་ཉིན་མོར་བྱེད་བཞིན་དུ། །མཛད་དགེ་རྣམ་མཁྱེན་བྱང་ཆེན་སྒྱུར་སྨོན་ལགས། ༧ །ཁྱེད་ཞབས་བསྐལ་པ་རྒྱ་མཚོར་རབ་བརྟན་པས། །ལེགས་སྤྱོད་འཁོར་ལོ་གསུམ་གྱི་ཕྲིན་ལས་རྒྱུན། །ད་དུང་སྲིད་པའི་མཐའ་མཉམ་མཛད་པ་ལ། །གེགས་མེད་གཞན་དོན་འགྲུབ་པའི་བཀྲ་ཤིས་གསོལ། ༨ །འདི་ན་ལས་ལུས་དཀོར་སྒྲིབ་ཀྱིས་གདུངས་པའི། །རྒན་ཁོག་རྨི་ལམ་མི་གཟུགས་ལྟ་བུ་འདི། །འདུས་བྱས་རང་འཚང་བསྟན་པར་གྱུར་གསན་ན། །བརྩེ་བས་གཟིགས་པར་གསོལ་ཞེས་ཞུ་བ་ལགས། །ཞེས་པ་འདི་ནི། དཔལ་རི་རིག་འཛིན་མཆོག་གི་སྤྲུལ་པའི་སྐུར་ཕུལ་བའོ།། ༈ །།འཁོར་ལོའི་དབང་ཕྱུག་གཞན་ཕན་རྡོ་རྗེ་


TR001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དམ་ཚིག་ལུག་རྒྱུད་ཀྱིས་སྦྲེལ་རྡོ་རྗེའི་མཆེད། །རིག་པ་འཛིན་དབང་ནམ་མཁའ་རྡོ་རྗེ་ཉིད། །དཀྱིལ་འཁོར་གསུམ་ལྡན་གཡོ་མེད་བཞུགས་ཡི་རངས། །བཀའི་འཕྲིན་ཡིག་ཞིབ་རྒྱས་དོན་བཟང་འཕྲེང་། །སྨན་མཆོག་དྲི་བཟང་ཕུར་མ་ཆེས་བཏེགས་པ། །གཞིག་མེད་ཕྱག་རྒྱའི་རེ་ཁ་མ་ཉམས་པར། །ཤར་ཕྱོགས་ལྗོན་ཁྲོད་འོད་གསལ་རྩེ་མོར་སྨིན། །འདི་ན་འབྱུང་འདུས་ཆེས་རྒུད་མི་དབང་འགྲིབ། །འདུས་བྱས་ཚེ་འདིའི་བྱ་བའི་སྤྲོས་རྒྱུན་ཆད། །མལ་དུ་ཡང་དག་འཇོག་ལས་གཞན་པ་ཡི། །བྱ་བའི་བློ་སྣ་མེད་པར་འཆི་གྲབས་ཆུད། །གཞན་དོན་བྱེད་པའི་ནུས་སྟོབས་ཟད་པ་དང་། །བྱས་ཀྱང་ཁྲིམས་བདག་རྣམས་ཀྱིས་མི་དགྱེས་གཉིས། །ཕན་ཚུན་འགྲན་པ་ཇི་བཞིན་སྣང་ཚུལ་གྱིས། །རྣམ་འགྱུར་འདི་ནི་རྐྱེན་ངན་གྲོགས་ཤར་ཉིད།། ༈ །།སྐུ་ཉིད་དགུང་ལོས་


TR001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ལྕིད་ཀྱང་དབང་ཚོགས་དངས། །སྐྱེས་ཆེན་དམ་པར་ཆོས་མཆོད་འབུལ་བ་ཡི། །སྐལ་བཟང་དེ་འདྲ་བསོད་ནམས་རབ་ལས་རབ། །དྲིན་ཅན་བླ་མའི་སྐུ་དྲིན་འཁོར་བ་ལགས། །རྟག་ཏུ་གདོད་མའི་གནས་ལུགས་རང་རིག་འདི། །སྒོམ་འདོད་བློ་ཡིས་མི་བཅིངས་མི་ཞེན་པར། །རང་བབས་ཚོགས་དྲུག་ལྷུག་པ་གུ་ཡངས་ངང་། །རང་གཞན་དོན་ཀུན་ལྷུབ་གྲུབ་མཛད་པར་ཞུ། །ཞུ་དོན་སྙིང་པོར། ཆོས་དབྱིངས་གདོད་མའི་རང་མདངས་འོད་གསལ་ཞིང་། །ངོ་མཚར་པདྨ་འོད་ཀྱི་གཞལ་མེད་ཁང་། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་དབུས་དེར། །རིགས་ཀུན་ཁྱབ་བདག་པདྨ་རྒྱལ་པོའི་དྲུང་། །འོད་གསལ་རྡོ་རྗེ་སྙིང་པོའི་རྣལ་འབྱོར་མཆེད། །དད་དམ་གཙང་མའི་རྟེན་འབྲེལ་མཚམས་སྦྱར་ཏེ། །སྒྱུ་ལུས་འགོག་པའི་སྦུབས་ལས་ཐོན་མ་ཐག །སྐྱབས་མཆོག་རྒྱལ་བ་དེ་དྲུང་ལྷན་ཅིག་འཛོམ། །ཟག་མེད་འདོད་ཡོན་ལ་སྤྱོད་ཏིང་འཛིན་


TR001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །སྒོ་བརྒྱ་འབྱེད་པའི་རོལ་གར་ཕྲིན་ལས་ཀྱིས། །མཁའ་མཉམ་ཕ་མ་ཀུན་ཀྱང་དེར་འགོད་པའི། །སྨོན་ལམ་བདེན་ཚིག་གེགས་མེད་འགྲུབ་གྱུར་ཅིག །ཅེས། རྟེན་འབྲེལ་མཚོན་པའི་བཀྲ་ཤིས་པའི་ལྷ་རྫས། །བྱང་ཆུབ་སེམས་ཀྱི་འཕྲེང་བ། བྱིན་རླབས་དད་རྟེན་དང་བཅས་པའི་ཕྱི་ཐུམས་ལ་འགྱུར་མེད་རྡོ་རྗེའི་རྟགས་ཀྱི་རྒྱས་བཏབ་ཏེ་ཉི་འོག་ཚང་ཚིང་ཁྲོད་ཀྱི་རི་བོའི་སྤོ་ཆོས་དབྱིངས་འོད་གསལ་རྩེའི་སྒོམ་ཁང་ནས་ཕུལ་བ་དགེ། ཅེས་པ་འདི། གཙང་ཉང་སྟོད་ཀྱི་བླ་མ་གྲུ་ཁུར་བ་གང་དེའི་དྲུང་དུ་ཕུལ་བའོ།། ༈ །།རྒྱལ་བའི་ཐུགས་རྗེའི་སྒྱུ་འཕྲུལ་གྱིས། །འོད་གསལ་ལྷ་རིགས་ལས་འཁྲུངས་པ། །མཁྱེན་པའི་རྣམ་དཔྱོད་འདབ་རྒྱ་ཅན། །ལྷ་ཡི་ལྷ་ཁྱོད་ཤིས་གྱུར་ཅིག །གང་ཁྱེད་སྔོན་གོམས་ལེགས་བྱས་ཚོགས་གཉིས་ཀྱི། །རྒྱུ་འབྲས་གངྒཱའི་ཀླུང་ལམ་ཞུགས་རྒྱུན་གྱིས། །དེང་ཀྱང་ཐོས་


TR001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་སྨིན་གྲོལ་ལེགས་ལམ་སྒོར། །འཇུག་ལ་ངལ་མེད་མཛད་དེར་སྙིང་ནས་བསྔགས། །གང་གི་ཐུགས་བསམ་དག་སྣང་གིས། །སྐྱ་རེངས་དང་པོར་ཤར་བ་ཡི། །བཀའ་མཆིད་ཟབ་གསལ་འཕྲེང་བརྒྱུད་དང་། །སྨན་མཆོག་དྲི་བཟང་ཀེ་ས་ར། །དགྲ་བཅོམ་ཉི་མའི་གུང་པ་ཡིས། །བྱིན་རླབས་ཕོན་ཆེན་བརྒྱ་ལྡན་སྨིན། །འདི་ན་ཐོས་བསམ་སྦྱངས་འབྲས་དམན་ན་ཡང་། །ངེས་འབྱུང་བསམ་པའི་སྟེགས་ལ་རྟག་བསྟེན་པའི། །འཆི་བ་སྙིང་ལ་ཟུག་པའི་རྒན་འཁོགས་བདག །འདི་སྣང་བྱ་བའི་མིག་རྒྱུ་ངང་གིས་ཡལ། །སྡིག་པའི་དུག་ལ་མ་འབགས་གདེང་ཡོད་ཀྱང་། །དད་ཟས་དཀོར་ལ་སྤྱད་ཆེའི་འགྱོད་པའི་རྒྱུས། །རྒས་བཞིན་དཀའ་ཐུབ་སྒྲིབ་སྦྱོང་བརྩོན་འགྲུས་ལ། །མི་ལྷོད་ངང་ནས་འཆི་བའི་སྨོན་པས་གནས། །ལགས། སྐབས་ཞུས་ཀྱི་སྙིང་པོར། །དལ་འབྱོར་ཕུན་ཚོགས་བརྙེད་པ་


TR001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འདི། །དོན་མེད་སྟོང་ཟད་མི་བཏང་འཚལ། །ཚེ་ལ་ངེས་མེད་ན་གཞོན་ཡང་། །འཆི་བ་ཐོག་བབ་འོང་མཁྱེན་མཛོད། །རྒྱུ་འབྲས་བསླུ་མེད་འབྲས་བུ་འབྱུང་། །སྤང་བླང་ཞིབ་ཐེར་ཐོན་པ་ཞུ། །འཁོར་བའི་སྡུག་བསྔལ་འབའ་ཤིག་ལ། །བདེ་བར་འཁྲུལ་ཞེན་མི་སྐྱེ་འཚལ། །རྟག་ཏུ་འདུན་མའི་བློ་རྩེ་ཀུན། །བླ་མ་དཀོན་མཆོག་ལ་གཏོད་ཞུ། །ཆོས་ཀྱི་རྩ་བ་རང་གི་སེམས། །རང་རྒྱུད་འདུལ་ལ་ནན་ཏན་འཚལ། །སོ་ཐར་བྱང་སེམས་སྔགས་སྡོམ་ལ། །ཉེས་ལྟུང་དྲི་མས་མ་གོས་ཞུ། །དབྱིབས་ལ་ལྷ་སྐུར་མི་འཛིན་པ། །སྣོད་བཅུད་ཡེ་ནས་ལྷར་ཤེས་མཛོད། །བློས་བཅོས་སྟོང་ཉིད་མ་ཡིན་པའི། །གདོད་མའི་ཀ་དག་མཁྱེན་པར་མཛོད། །སེམས་འཛིན་འཇུར་བུས་མ་བཅིངས་པར། །གང་ཤར་རང་གྲོལ་སྐྱོང་བར་ཞུ། །ཁ་ལྟའི་རྩིངས་ཆོས་


TR001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

མི་བྱ་བར། །བག་ཡོད་ཞི་དུལ་ལྡན་པར་མཛོད། །དག་སྣང་ཕྱོགས་མེད་ཀུན་ལ་སྦྱང་། །ཆགས་སྡང་ཀུན་སློང་རྒྱང་བསྲིང་འཚལ། །རང་རྒྱུད་སྨིན་གྲོལ་གདེངས་ཐོབ་ཚེ། །གཞན་དོན་སྐྱོ་དུབ་བྲལ་བར་མཛོད། །རྙེད་བཀུར་ནོར་འདོད་མ་ཡིན་པའི། །བྱང་ཆེན་སྤྱོད་པ་རླབས་ཆེན་མཛོད། །བསྟན་དང་འགྲོ་ལ་ཕན་བརྩོན་པའི། །རྒྱལ་སྲས་མཛད་པ་མཐར་ཕྱིན་ཞུ། །སྙིང་གཏམ་ཚིག་གི་འཕྲེང་བ་འདི། །ཟབ་དབྱིངས་རྒྱ་མཚོར་བསྟིམ་པར་གསོལ། །ཞེས་བྱིན་རླབས་དམ་རྫས་མྱོང་གྲོལ་གྱི་ཐུམ་བུ། །བཀྲ་ཤིས་པའི་དར་དཀར་སའི་ཟླ་བ་ཐུམ་ཆུང་དང་བཅས་ལ་རྟགས་ཀྱི་བཀྲ་བར། །མཐའ་ཁོབ་ཀྱི་ནགས་ལྗོངས་བྱང་ཆུབ་ཀྱི་སྙིང་པོ་མངོན་པར་མཐོ་བའི་རྩེ་མོ་ནས་ཕུལ་བའི་ཞུ་ཡིག །ཅེས་པ་འདི་ནི། །མངའ་རིས་གུང་ཐང་པའི་ཆོས་རྒྱལ་གདུང་རྒྱུད་དྲི་མ་མེད་པ་ལས་རིམ་


TR001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱོན་པའི་ཞབས་དྲུང་མངའ་བདག་རིན་པོ་ཆེའི་ཞལ་ངོ་ཞིག་ལ་ཕུལ་བའོ། །དགེའོ། །བཀྲ་ཤིས། །གཅིག་ཞུས།