cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་དང་པོ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ།

༄༅། རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།

༄༅། ཨོཾ་སྭ་སྟི་སིདྡྷི། འོད་མཚན་སྟོང་འབར་རྒྱལ་བའི་གསང་གསུམ་གར། །སྐྱེ་འཆི་འཇིགས་བྲལ་འཆི་མེད་རྡོ་རྗེའི་སྐུ། །འཕགས་བོད་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །རྒྱལ་དབང་ཨོ་རྒྱན་ཆེན་པོར་སྙིང་ནས་འདུད། །རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཕྱག་རྒྱའི་གཟུགས། །ལྷན་སྐྱེས་བདེ་ཆེན་ཟག་མེད་ལང་ཚོ་ཅན། །བོད་འབངས་སྐྱོབ་པའི་མ་གཅིག་བཀའ་དྲིན་ཅན། །ཡེ་ཤེས་མཚོ་རྒྱལ་སྙིང་གི་ཐིག་ལེར་བསྟེན། །ཕྱི་ལྟར་ངུར་སྨྲིག་རྒྱན་འཆང་འདུལ་བ་འཛིན། །ནང་ལྟར་བྱང་སེམས་རྒྱལ་སྲས་སྤྱོད་པ་རྫོགས། །གསང་བ་སྙིང་པོའི་དོན་གཟིགས་རྣལ་འབྱོར་པ། །རིག་འཛིན་ལུང་རིག་གླིང་པ་གཙུག་ན་རྒྱལ། །གང་དེའི་རང་བྱུང་རིག་པའི་བརྡ་སྒྲོམ་ནས། །ལེགས་ཕབ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་སྡེ། །ཕྱོགས་གཅིག་བསྡེབས་པའི་གླེགས་བམ་མ་ཎི་ཀའི། །དཀར་ཆག་ཨུཏྤལ་ཕྲེང་བ་འདི་རུ་བསྟར། །དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས། ཐུགས་བསྐྱེད་དང་མཛད་པ་རྨད་དུ་བྱུང་བའི་བདག་ཉིད་རྒྱལ་དབང་ཨོ་རྒྱན་ཆེན་པོའི་བཀའ་དྲིན་དང་བདག་རྐྱེན་ལ་བརྟེན་ནས་སྙིགས་མའི་དུས་འདིར་བསྟན་དང་འགྲོ་བའི་དོན་དུ་བསམ་བཞིན་སྲིད་པ་བཟུང་བ། འཁྲུལ་མེད་གཏེར་ལུང་དུ་མས་ལན་གཅིག་མིན་པར་ཡང་ཡང་བསྔགས་པ། རང་བྱུང་པདྨའི་རྒྱལ་ཚབ་ཆེན་པོ། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་ཕྲིན་ལས་ཀྱི་ཟློས་གར། རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་གཏེར་ཆེན་རིག་འཛིན་ལུང་རིག་གླིང་པའམ་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ་གང་དེའི་ཐུགས་ཀློང་དགོངས་པའི་བརྡ་མཛོད་ལས་ཕབ་པའི་ཟབ་གཏེར། ཕྱི་སྒྲུབ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག །ནང་སྒྲུབ་མཚོ་རྒྱལ་དགོངས་པའི་གསང་མཛོད། གསང་སྒྲུབ་ཡང་གསང་པདྨའི་ཞལ་ལུང་སོགས་ཇི་སྙེད་ཅིག་བཞུགས་པ་དུས་དབང་གིས་འཐོར་ཞིག་ཏུ་སོང་བ་ལས་དེང་དུས་མཇལ་དུ་ཡོད་པ་རྣམས་འདིར་ཕྱོགས་བསྡུས་ཀྱིས་གླེགས་བམ་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་དུ་བགྱིས་པའི་བཞུགས་བྱང་དཀར་ཆག་འགོད་པ་ལ་གསུམ། སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ། གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ། སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པའོ། །

སྤྲུལ་པའི་གཏེར་སྟོན་ཆེན་པོ་གང་གི་མཛད་རྣམ་རགས་བསྡུས་སུ་བཀོད་པ།

དང་པོ་ནི། རྒྱལ་དབང་ཨོ་རྒྱན་ཆེན་པོས། མ་འོངས་བསྐལ་མཐའ་བཞི་བཅུའི་མར་འགྲིབ་དེར༔ སངས་རྒྱས་བྱང་སེམས་སྤྲུལ་པ་མང་པོ་འབྱུང་༔ ཨོ་རྒྱན་ང་སྤྲུལ་ཉི་མའི་ཟེར་དང་མཚུངས༔ སྟོང་གསུམ་འགྲོ་དྲུག་འཛམ་གླིང་ཡོངས་ལ་ཁྱབ༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་འོང་༔ སྤྲུལ་པ་སྣ་ཚོགས་འགྲོ་བ་ཐབས་ཀྱིས་འདུལ༔ ཞེས་དང་། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང་༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅིར་ཡང་སྣང་༔ ཞེས་འཁོར་མཚོ་མ་སྟོང་གི་བར་དུ་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པར་ངོ་མཚར་སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་རྣམ་པར་འཕྲུལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་མཛད་པར་ཞལ་བཞེས་མཛད་པ་སྤྱི་ལྟར་དང་། བྱེ་བྲག་ཏུ། རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྐལ་ལྡན་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང་༔ ཞེས་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བྱང་ལས། ང་ཡི་ཆོས་ལ་དབང་བ་ནི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། ཆོས་གླིང་གི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་མ་འོངས་ལུང་བསྟན་ལས། གཡུ་ཡི་མཎྚལ་ཐང་དུ་ནི༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང༔ ཟབ་མོའི་ཐུགས་གཏེར་མཛོད་ལ་དབང་༔ འབྲེལ་ཚད་དོན་ལྡན་འགྲོ་བ་འདུལ༔ ཞེས་དང་། རིག་འཛིན་གསང་སྔགས་གླིང་པའི་རྒྱལ་ཁམས་སྤྱི་ལུང་ལས། ཀླུ་དབང་སྤྲུལ་པ་རྒྱལ་མོ་ཚ་བའི་རོང་༔ ལུང་རིག་མིང་ཅན་དགོངས་པའི་གཏེར་མངའ་བ༔ ཞེས་དང་། དེ་ཉིད་ཀྱི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་དང་། དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས་ཀྱང་། དེ་ཡང་མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ནི༔ འགྲོ་དྲུག་གནས་སུ་དག་དང་མ་དག་གཟུགས༔ བསམ་གྱིས་མི་ཁྱབ་བགྲང་ལས་འདས་པར་འོང༔ ཁྱད་པར་སྙིགས་མ་རྩོད་ལྡན་རྩུབ་འགྱུར་དུས༔ ཁམས་དབུས་གཙང་དང་མདོ་སྨད་ཁམས་རྣམས་སུ༔ སྤྲུལ་པ་ཉེར་གཅིག་དུས་གཅིག་འབྱུང་ལུང་བསྟན༔ དེ་ཚེ་མཁར་ཆུ་དཔལ་གྱི་དབང་ཕྱུག་དང་༔ ལྕམ་དྲལ་སྨོན་ལམ་གཅིག་པའི་གང་ཟག་ཞིག༔ མདོ་ཁམས་རྒྱལ་མོ་རོང་ངམ་བྱང་རྟ་རྣ༔ གངས་དཀར་རྒྱུད་དུ་འབྱུང་བར་ལུང་བསྟན་པ༔ དེ་ཡི་ཆོས་སྐལ་དངོས་གཏེར་རྫས་གཏེར་དང་༔ དགོངས་པའི་གཏེར་དང་གསུམ་གྱི་གང་རུང་དབང༔ ཞེས་དང་། ཐ་མ་རྩུབ་འགྱུར་རྒྱལ་རོང་ཉེ་བའི་སར༔ ཙི་ནའི་རིགས་ལས་བློ་གསལ་སྙིང་རྗེ་ལྡན༔ ལུང་རིག་མིང་ངམ་རྒྱལ་ལམ་གྲུབ་ཅེས་གྲགས༔ ཞེས་དང་། ཡང་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། ད་ལྟ་རིགས་དང་ལྡན་པའི་མཚོ་རྒྱལ་ཡུམ༔ མ་འོངས་རྩུབ་འགྱུར་ལྔ་བརྒྱའི་ཐ་མ་རུ༔ ཁྱོད་ཀྱི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཁྱད་པར་སྐུ་གསུང་ཐུགས་སྤྲུལ་ཉེར་གཅིག་གི༔ གསུང་སྤྲུལ་ཆ་ཤས་མདོ་སྨད་ཀྱི་ཆར༔ གདོལ་བ་གཡུང་པོ་དམན་པའི་རིགས་སུ་སྐྱེས༔ ཞེས་དང་། རང་གཏེར་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས། ཤར་ཕྱོགས་རྒྱལ་མོ་རོང་གི་ཆར༔ མཐའ་མིའི་རིགས་ལ་ཤེས་རབ་ཅན༔ དུས་ཀུན་པདྨ་ང་ལ་མོས༔ ཉེར་བདུན་སོ་དྲུག་ཞེ་དྲུག་མཚམས༔ སྔོན་གྱི་བག་ཆགས་གཏེར་གྱི་འཕྲོ༔ དཀར་པོའི་བག་ཆགས་སད་པའི་ཚེ༔ ལྷ་སྲས་མུ་རུབ་བཙད་པོ་དང༔ མཚོ་རྒྱལ་པད་འབྱུང་བདག་ཉིད་རྣམས༔ རབ་དངོས་འབྲིང་ཉམས་རྨི་ལམ་དུ༔ ཡང་ཡང་འབྱུང་ཞིང་རྨི་ལམ་དུ༔ དག་སྣང་ཆོས་ཀྱི་གཏེར་ཁ་སྦྱིན༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་དུ་མ་ནས་ལན་གཅིག་མིན་པར་ཡང་ཡང་བསྔགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ནི། སྐྱེ་ཕྲེང་གསོལ་འདེབས་ཐར་ལམ་སྣང་བྱེད་སོགས་སུ་གསལ་བ་ལྟར་ན། སྔོན་སངས་རྒྱས་རྔ་སྒྲའི་བསྟན་པ་ལ་སེམས་མ་མཐིང་འོད་གཟི་བརྗིད་འབར་མ། ད་ལྟའི་བསྟན་པ་འདི་ལ་རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྗེ་བཙུན་འཕགས་མ་སྒྲོལ་མ། རྣམ་འདྲེན་བཞི་པའི་སྤྱན་སྔར་དགྲ་བཅོམ་བློ་གྲོས་གྲགས་པ་དང་། དགེ་སློང་མ་ཨུཏྤ་ལའི་མདོག་ཅན། འཕགས་ཡུལ་མཁས་པའི་ཁྱུ་མཆོག་སློབ་དཔོན་ཨརྱ་དེ་བ། གུ་རུའི་ཐུགས་ཀྱི་གཟུངས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྡོ་རྗེ་ཕུར་པའི་རྣལ་འབྱོར་མཁར་ཆུ་དཔལ་གྱི་དབང་ཕྱུག ཆོས་ཀྱི་སྤྱན་ལྡན་འཁོན་ཆེན་ཀླུ་ཡི་དབང་པོ། རྗེ་བཙུན་བཞད་པ་རྡོ་རྗེའི་དངོས་སློབ་གནས་ལུགས་མངོན་གྱུར་གཤེན་རྡོར་མོ། ཀརྨ་དུས་གསུམ་མཁྱེན་པའི་དངོས་སློབ་ཕྱག་ཆེན་དོན་གཟིགས་ཀརྨ་དཔལ་ལྡན། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་དངོས་སློབ་ལམ་འབྲས་མངོན་གྱུར་ཀུན་དགའ་ཚེ་རིང་། འཇམ་མགོན་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་མཁས་གྲུབ་དགེ་ལེགས་དཔལ་བཟང་། གཏེར་ཆེན་སངས་རྒྱས་གླིང་པའི་ཆོས་དང་རིགས་ཀྱི་སྲས་པོ་བླ་མ་དགོངས་པ་འདུས་པའི་བཀའ་བབས་དང་པོ་ཡེ་ཤེས་རྡོ་རྗེ། གཏེར་ཆེན་ཀརྨ་གླིང་པའི་ཕྲིན་ལས་ཀྱི་ཕྱག་རྒྱ་ཡེ་ཤེས་དབང་མོ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་ཤེས་རབ་མ་ཡིད་འཛིན་ཆོས་ཀྱི་དབང་མོ། ཤར་གཏེར་མངའ་བདག་རིག་འཛིན་ཉི་མ་གྲགས་པ། སྔ་འགྱུར་བསྟན་པའི་གསལ་བྱེད་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་གསེར་བ་ཡེ་ཤེས་སེང་གེ། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་དངོས་སློབ་རྡོ་རྗེའི་གདུང་བཞིའི་ཡ་གྱལ་རྡོ་བླ་འཇིགས་མེད་སྐལ་བཟང་། ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་གཡུ་རོང་དཀོན་མཆོག་དབང་ཕྱུག་སོགས་སུ་རྒྱལ་བསྟན་སྤྱི་དང་གདུལ་བྱའི་ཁམས་དབང་སྣ་ཚོགས་པའི་སྣང་ངོར་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལས་ཚུར་མཐོང་གི་བློས་བསམ་གྱིས་མི་ཁྱབ་པའི་སྤྲུལ་པའི་རྣམ་རོལ་ཇི་སྙེད་ཅིག་བསྒྱུར་མཐར་མདོ་ཁམས་གཡུ་ཁོག་ཡུལ་དུ་སྤྲུལ་པའི་མཚན་དཔེའི་མེ་ཏོག་ཇི་ལྟར་བཞད་པའི་ཚུལ་ནི། མདོ་མཁྱེན་བརྩེའི་གསང་རྣམ་ལས། ཡང་སྐབས་ཤིག་གཡུ་ཁོག་ལ་བྱོན། དགོན་འདབས་ན་རྒྱ་ཤིང་བཟོ་དད་འདུན་ཅན་ཞིག་ཡོད་པ་དེས། དུས་ནམ་ཡང་སྐྱབས་རྗེ་ལ་རྩྭ་ཤིང་གི་ཞབས་ཕྱི་ཞུས། ནམ་ཞིག་ཁོང་རྒན་རྒོན་གཉིས་ལ་བུ་རྒྱུད་མེད་པས་བུ་རྒྱུད་འབྱུང་ཐབས་ཤིག་སྐྱབས་འཇུག་ཞུས་པས། འོ་ཉན། དོ་ནུབ་ཁྱོད་ཀྱིས་བུད་མེད་དེ་ཤུག་བདུག་གཙང་མ་གྱིས་ལ་ངའི་སྐ་རགས་འདི་ཁྱེར་ནས་བུད་མེད་ཉལ་སྟེང་དུ་ཕོངས། རྒན་རྒོན་གཉིས་ཀས་ཨོ་རྒྱན་རིན་པོ་ཆེར་གསོལ་བ་ཐོབས་དང་། བུ་གཅིག་འབྱུང་གསུངས་པ་བཞིན་བྱས། ནང་པར་སྐུ་ཆིངས་ཡར་ཕུལ་སྐབས་ཁྱོད་གཉིས་ལ་བུ་རྒྱ་ལུང་རིག་གླིང་པ་ཞེས་བྱ་བའི་སྤྲུལ་སྐུ་ཞིག་གནས་གླ་བཞག་ཡོད་གསུངས་པ་ལྟར། ཡབ་དད་དམ་ནོར་གྱིས་ཕྱུག་པ་མ་ཧཱ་ཙི་ནའི་རིགས་ཆན་ཏཱ་དང་། ཡུམ་ཨ་འཛི་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་བྱ་༼༡༨༣༧ ༡༨༩༨༽ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཡུ་མཁར་རལ་གྲིའི་ཐང་དུ་སྐུ་འཁྲུངས། མཚན་པདྨ་དོན་ལྡན་བཟང་པོ་ཞེས་གསོལ། སྐུ་ན་ཆུང་དུས་ནས་ངེས་འབྱུང་དང་སྙིང་རྗེ་སོགས་དམ་པའི་ཡོན་ཏན་དང་རྟགས་མཚན་བཅོས་མིན་ལྷན་སྐྱེས་སུ་མངའ། དགུང་གྲངས་དྲུག་བཞེས་སྐབས་ཡི་གེ་འབྲི་ཀློག་སོགས་སྦྱང་ཚེ་སྐྱེས་ཐོབ་ཀྱི་ཤེས་རབ་འགྲན་ཟླ་དང་བྲལ་བས་དཀའ་ཚེགས་མེད་པར་བྱང་ཆུབ་པས་ཀུན་ཀྱང་ངོ་མཚར་དད་པའི་གནས་ལ་བཀོད། དགུང་གྲངས་བརྒྱད་བཞེས་སྐབས་རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་ཆེན་པོ་ཨ་ཙ་ར་རྒན་པོའི་རྣམ་པ་ཅན་གྱི་ཞལ་མཇལ་བའི་བྱིན་རླབས་ཀྱིས་ཐུགས་དགོངས་ཀློང་རྡོལ་བའི་ཚུལ་གྱིས་རྒྱུད་སྡེ་དུ་མའི་ཚིག་དང་དོན་གྱི་ཆ་རྣམས་དཀའ་བ་མེད་པར་བློ་རུ་ཤར་བ་སོགས་སྔོན་གནས་རྗེས་སུ་དྲན་པའི་རྟགས་མཚན་སད། དགུང་གྲངས་བཅུ་བཞེས་སྐབས་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དངོས་སློབ་བུདྡྷ་མཆེད་དྲུག་གི་ཡ་གྱལ་རྒྱ་ཤུལ་བླ་མ་སངས་རྒྱས་བཟང་པོ་ལས་ཟབ་ཆོས་དུ་མའི་སྨིན་གྲོལ་གྱི་གདམས་པ་མནོས། དགུང་གྲངས་བཅུ་གསུམ་བཞེས་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱི་ཞལ་རས་མཇལ་བའི་ཚེ་པཎ་ཆེན་བི་མ་མི་དྲ་སྐུ་མདོག་མཐིང་ག་ཕྱག་མཉམ་བཞག་འཆི་མེད་ཚེ་ཡི་བུམ་པ་བསྣམས་པ་ཞིག་གིས་དགྱེས་པའི་ཞལ་གཟིགས་པའི་ཉམས་སྣང་ཤར་བའི་མོད་ལ་ཚེ་འདིའི་སྣང་བ་དིར་དིར་པོ་དར་ཅིག་འགགས་ནས་དོན་རྒྱུད་དགོངས་པའི་བྱིན་རླབས་ཐོབ། རྫོགས་ཆེན་རིན་པོ་ཆེས་ཀྱང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཏེ། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ། །ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན། །རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན། །འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས། །སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང་། །སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར། །མ་རིག་མུན་པའི་སྨག་རུམ་བསལ་བར་བྱས། །བྱི་བའི་ཚངས་ཁང་ཀུ་ཤ་སྔོ་ལྗང་སྟེང་། ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས། །དགེ་ལེགས་འདོད་འཇོ་ཙན་ཏན་ལྗོན་པའི་ཁྲོད། །དྲི་བསུང་མེ་ཏོག་དམར་ལ་བུང་བ་འདུ། །ཞེས་སོགས་རྡོ་རྗེའི་ལུང་གིས་བསྔགས་ཤིང་སྙིང་ཐིག་མ་བུ་སོགས་ཀྱི་དབང་ལུང་ཁྲིད་གསུམ་དང་། སྔ་འགྱུར་བཀའ་གཏེར་གྱི་ཆོས་བཀའ་དུ་མ་བུམ་པ་གང་བྱོའི་ཚུལ་དུ་བསྩལ། གཞན་ཡང་རིང་ལུགས་བཀའ་གཏེར་གྱི་ཆོ་ག་ཕྱག་བཞེས། འབུད་རྡུང་དཀྲོལ་གསུམ། གར་དབྱངས་ཐིག་གསུམ་སོགས་ལ་བྱང་ཆུབ་པར་མཛད། དགུང་གྲངས་བཅུ་བཞི་བཞེས་སྐབས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་དཔལ་བཟང་པོའི་གསེར་ཞལ་མཇལ་བ་ན། ཨོ་རྒྱན་གཏེར་བདག་གླིང་བ་དངོས་སུ་མཇལ་བའི་ཉམས་སྣང་བྱུང་། དེ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་སྨིན་གླིང་གཏེར་ཆེན་གྱི་རྣམ་སྤྲུལ་དང་། ཁོང་ཉིད་སྔོན་སྨིན་གླིང་རྒྱལ་སྲས་ཀྱི་སྐུ་སྐྱེ་བཞེས་སྐབས་ཀྱི་བག་ཆགས་སད་པར་གྲགས། དེའི་རྐྱེན་གྱིས་བསྟན་བཅོས་དུ་མ་མ་བསླབ་ཀྱང་རང་ཤེས་པའི་སྤོབས་པ་བརྙེས་ཤིང་ཆགས་ཐོགས་མེད་པར་འཆད་རྩོམ་ནུས་པ་བྱུང་། དགྱེས་པའི་ཐུགས་ཀྱིས་རྗེས་སུ་བཟུང་ཞིང་དཔལ་སེང་གེ་རིའི་ཆོས་གྲྭར་བཞུགས་དགོས་པའི་བཀས་བསྐུལ་མ་གནང་བས་རྐྱེན་བྱས་ཏེ། རྒྱལ་བའི་སྲས་པོ་གང་གི་མདུན་ནས་རབ་ཏུ་བྱུང་བས་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་མཚན་གསོལ། རྗེ་རྒྱལ་བའི་སྲས་པོ་དང་། མཁན་ཆེན་པདྨ་བཛྲ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། ཉི་གྲགས་མཁན་རིག་འཛིན་བཟང་པོ། མཁན་ཆེན་པདྨ་ཆོས་དབྱིངས་སམ་ཤེས་རབ་བཟང་པོ། གཏོ་རུ་མཁན་ཆེན་སྐལ་ལྡན་རྒྱ་མཚོ། འཇིགས་མེད་པདྨ་བློ་གསལ་ལམ་སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་ལས་ཐུན་མོང་རིག་གནས་ནས་ཐུན་མིན་མདོ་རྒྱུད་ཀྱི་བཤད་ཁྲིད་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་མན་ངག་གི་གདམས་ཁྲིད་བཅས་གསན་བསམ་ཉམས་བཞེས་མཛད། གཞན་ཡང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཁྲོ་ཤུལ་དགེ་སྤྲུལ་གཉིས་པ་ཚེ་དབང་དཔལ་གྱི་རྡོ་རྗེ། མདོ་རིན་པོ་ཆེ་དྲི་མེད་གྲགས་པ། གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེ། སྨར་ཁམས་བླ་མ་འཇམ་དབྱངས། པདྨ་དགེ་འདུན་གྲགས་པའམ་རིག་འཛིན་རྒྱ་མཚོ། རྟོགས་ལྡན་ཤཱཀྱ་ཆོས་འཕེལ། རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་སོགས་ལས་སྔ་ཕྱིར་བཀའ་གཏེར་རྒྱུད་སྡེ་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་མནོས་པས་ཤེས་བྱ་རིག་པའི་གནས་ལ་ཆགས་ཐོགས་བྲལ་ཞིང་། ཉམ་མྱོང་རྟོགས་པའི་གདེང་ཚད་ནང་ནས་རྙེད་དེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་གྱུར། དེ་ནས་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་དུ་ཞབས་པད་བཀོད་ནས་གདན་རབས་གཉིས་པའི་འོས་འགན་བཞེས་ཤིང་། སྔ་འགྱུར་བཀའ་མའི་མཆོད་ཁག་དོང་སྤྲུགས་འཁོར་བ་ཀུན་སྒྲོལ། རྒྱུ་འཕྲུལ་ཞི་ཁྲོ། ཕུར་བ་རོང་ཟོམ་ལུགས་དང་། ཉན་ཐོས་ཀྱི་ཆོག་གྲྭ་སྟེ་མཆོད་ཁག་ལྔ། རྩ་བྲུབ་གར་འཆམ་དང་བཅས་པ། ཉང་གཏེར་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་བཟློག དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཆེན་མོ་ཚེས་བཅུའི་གར་འཆམ་དང་བཅས་པ། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སོགས་རྒྱལ་བ་རྫོགས་ཆེན་པའི་རིང་ལུགས་དྲི་མ་མེད་པའི་ཕྱག་སྲོལ་ལྟར་གསར་དུ་བཙུགས། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་སོགས་རྒྱ་ཆེར་གནང་ནས་ཨ་མདོ་རེབ་ཀོང་ཚུན་གྱི་སློབ་མའི་འདུ་བ་རྒྱས། དགུང་གྲངས་ཉེར་ལྔ་བཞེས་སྐབས་བུག་སྒོ་འདག་སྦྱར་གྱི་དམ་མཚམས་ལ་བཞུགས་ནས་བསམ་པ་ལྷུན་གྲུབ་མ་འབུམ་ཕྲག་གཅིག་དང་། ཚིག་བདུན་གསོལ་འདེབས་འབུམ་ཕྲག་བདུན་བསགས་པའི་དུས། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཐོ་རངས་ཀྱི་ཆར་ཨོ་རྒྱན་ཆེན་པོ་དང་། མཁའ་འགྲོ་མཚོ་རྒྱལ་ཡབ་ཡུམ་ལ་མོས་གུས་ཀྱི་མཆི་མ་འཁྲིགས་པའི་སྒོ་ནས་གསོལ་འདེབས་དྲག་པོ་བྱས་པའི་རྐྱེན་ལས། ཐ་མལ་གྱི་སྣང་བ་འདི་དག་རང་འགགས་སུ་སོང་ནས་མཉམ་བཞག་གཉུག་མའི་ཡེ་ཤེས་དང་། རྗེས་ཐོབ་ཉམས་ཀྱི་གསལ་སྣང་གཅིག་ཏུ་འདྲེས་པ་ལྟ་བུའི་སྣང་ངོར། ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་རིག་འཛིན་རྒྱ་མཚོའི་ཚོགས་རྗེ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དང་། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་དབུས་སུ་བཞུགས་པའི་རྒྱལ་ཐེབས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་དང་། ལག་ལེན་གྱི་མཆོད་དཔོན་གཉགས་ཛྙ་ན་ཀུ་མ་རས་མཛད་པའི་འཁོར་དུ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར་ནས་རྡོ་རྗེ་ཕུར་བའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་མཛད་པའི་ཚོགས་གྲལ་དུ་ཞག་བདུན་ཕྲག་གསུམ་ལ་བཞུགས། མཐར་དངོས་གྲུབ་ལེན་པའི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཞལ་ནས། ཁྱོད་རིག་འཛིན་ལུང་རིག་གླིང་པ་ཞེས་པུསྟི་བརྒྱ་ཕྲག་ཙམ་གྱི་ཆོས་ལ་དབང་བའི་གང་ཟག་ཡིན་གསུངས་ནས། ཕྱག་གི་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་གནང་བ་ཞལ་དུ་བཞེས་། ཤོག་དྲིལ་དཀར་དམར་སེར་གསུམ་གཏད་པ་དེ་ཡང་ཞལ་དུ་བཞེས་པའི་མོད་ལ་ཤེས་བྱ་གང་ལ་ཡང་ཆགས་ཐོགས་མེད་པའི་ཤེས་རབ་བརྙེས་པ་སོགས་ཟབ་མོ་དགོངས་པའི་གཏེར་ལ་མངའ་དབང་འབྱོར་བའི་རྟགས་མཚན་མངོན་དུ་གྱུར། དགུང་གྲངས་ཉེར་བདུན་བཞེས་པ་ཆུ་ཕག་ཧོར་ཟླ་བརྒྱད་པའི་ནང་རྟོགས་ལྡན་ཤཱཀྱ་ཆོས་འཕེལ་ལས་བླ་མ་དགོངས་པ་འདུས་པའི་བཀླག་ལུང་ནོད་པའི་ཉིན་ཞིག་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད་རི་དྭགས་བསེ་རུའི་པགས་པ་གསེར་འོད་ལམ་མེ་བ་ཞིག་གི་སྟེང་ན་བཞུགས་པ། སྐུ་གཅེར་བུ་སྐུ་མདོག་སྨུག་ནག་ཁྲོ་འཛུམ་བཞད་པ། ཕྱག་གཡས་སྐྱབས་སྦྱིན། གཡོན་ཚེ་བུམ་ལྟེ་བའི་ཐད་དུ་བསྣམས་པ། ཞབས་ཕྱེད་སྐྱིལ་དབུ་སྐྲ་སྦ་སྨྱུག་གི་ཚལ་བུས་བསྡམས་པ་ཞིག་གིས་ཞལ་གཟིགས་བྱིན་གྱིས་བརླབས། དགུང་གྲངས་སོ་དྲུག་བཞེས་པའི་ནུབ་གཅིག་དངོས་ཉམས་རྨི་ལམ་ལྟ་བུའི་སྣང་ཆར་དར་དཀར་པོའི་གུར་གྱི་དབུས་སུ་སྟག་ལྤགས་ཀྱིས་བཀབ་པའི་ཁྲིའུའི་ཁར། སྐྱབས་རྗེ་རྡོ་གྲུབ་ཀུན་བཟང་གཞན་ཕན་ནམ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཡེ་ཤེས་སྒྱུ་མའི་སྐུའི་ཞལ་མཇལ། རིགས་བཞིའི་མཁའ་འགྲོས་འཁོན་སྦྱངས་ཀྱི་ཁྲུས་དང་དར་སྣ་ལྔ་བསྩལ་ཞིང་། རྡོ་གྲུབ་རིན་པོ་ཆེས་ཟབ་ཆོས་ཀྱི་ཁ་བྱང་མཚོ་རྒྱལ་དགོངས་པའི་གསང་མཛོད་དང་། ལུང་བསྟན་དྭངས་ཤེལ་མེ་ལོང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་སོགས་ཤོག་དྲིལ་གྱི་ཚུལ་དུ་གནང་ནས་སླར་ཡང་བླ་མ་ཉིད་ཨོ་རྒྱན་ཆེན་པོ་དང་། འཁོར་རྣམས་རྒྱ་བོད་ཀྱི་པཎ་གྲུབ་དུ་མར་གནས་འགྱུར་ཏེ་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་བསྐུར་བ་སོགས་དངོས་ཉམས་འདྲེས་མ་ལྟ་བུ་བྱུང་། སྐལ་བ་དང་ལྡན་པའི་སློབ་བུ་ཞིག་གིས་རྨ་བྱའི་སྒྲོ་ཕུབ་སོགས་རྟེན་འབྲེལ་གྱི་རྫས་ཕུལ་ཞིང་ཁྱེད་ནི་དགོངས་པའི་གཏེར་ལ་དབང་བའི་སྐྱེས་བུ་ལགས་ན་གཏེར་གྱི་ཆོས་སྒོ་ཅིས་ཀྱང་འབྱེད་པར་ཞུ་ཞེས་ནན་བསྐུལ་མཛད་པས་ཐོག་མའི་རྟེན་འབྲེལ་དུ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལས་བྱང་རྡོ་རྗེའི་གོ་ཆ་དང་། ཐུགས་རྗེ་ཆེན་པོའི་ལས་བྱང་ཟླ་གཞོན་སྤྲིན་བྲལ་རྣམས་ཕབ་ཅིང་ཟླ་བ་བཅུ་དྲུག་གི་བར་དུ་གསང་བའི་སྒོ་ནས་ཉམས་སུ་བླངས་པས། གྲུབ་པའི་རྟགས་མཚན་དང་དག་པའི་སྣང་བ་འབྱམས་སུ་ཀླས། དགུང་གྲངས་ཞེ་གཅིག་པར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པས་རྗེས་སུ་བཟུང་ཞིང་དགོངས་གཏེར་མཁའ་འགྲོའི་གསང་མཛོད་མཐའ་དག་ཡི་གེར་འབེབ་པར་བསྐུལ་བ་དང་། གཡུ་སྙིང་དབེན་པའི་རི་བོར་སྐུ་མཚམས་ལ་བཞུགས་སྐབས་དབུས་ཕྱོགས་ནས་རྒྱལ་ཡུམ་ཨརྱ་ཏཱ་རེའི་རྣམ་རོལ་ས་སྐྱའི་རྗེ་བཙུན་མ་སྐལ་བཟང་ཆོས་ཀྱི་སྒྲོན་མེ་མཁའ་འགྲོའི་ལུང་ལྟར་གཡུ་ཁོག་ཏུ་ཕེབས་ནས་ཡུམ་སྐལ་ཡིན་པའི་ལུང་བསྟན་ཡོད་ཚུལ་ཞུས་པར། ཁོང་གིས་དེ་ལྟར་ཡིན་དུ་སྲིད་ཀྱང་སྐུ་ཚེ་འདིར་རྟེན་རབ་ཏུ་བྱུང་བའི་བཅས་ཁྲིམས་ལས་མི་འདའ་བར་གསུངས་ཤིང་ཞག་འགར་ཁོང་རྣམ་གཉིས་ཀྱིས་ཆོས་ཀྱི་བགྲོ་བ་མཛད་ཅིང་བཞུགས། མཁའ་འགྲོ་མ་ཕྱིར་ཕེབས་ཁར་དབུ་སྐྲའི་ལན་བུ་དང་། སོར་གདུབ་སོགས་རྟེན་འབྲེལ་གྱི་རྫས་ཕུལ་བས། གཉིས་སྣང་མཚན་མའི་ཆོས་ཀུན་དག་པ་རབ་འབྱམས་ཆེན་པོར་འབྱམས་ཀླས་པ་གཉུག་མ་དོན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུའི་སྒྲོམ་ནས་གསང་བ་བླ་ན་མེད་པ་ཡང་ཟབ་སྐོར་གསུམ་གྱི་ཆོས་ཚན་རྣམས་རྩོལ་མེད་དུ་ཤར་བ། རྗེས་ཐོབ་སྒྱུ་མའི་སྣང་ཆར་ཡི་གེའི་ལམ་དུ་ཕབ་པར་མཛད་ནས་ལུང་ཟིན་ཆོས་བདག་རྣམས་ཀྱི་གཙོས་སྐལ་ལྡན་སློབ་མའི་ཚོགས་ལ་སྨིན་གྲོལ་རྒྱབ་བརྟེན་དང་བཅས་ཏེ་སྤེལ་བར་མཛད། དེ་ནས་གཡུ་རོང་བཀོད་ལེགས་ཞེས་པར་སྐུ་གོང་མ་ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་དཀོན་མཆོག་དབང་ཕྱུག་གིས་ཕྱག་བཏབ་པའི་རི་ཁྲོད་ཅིག་ཡོད་པ་རྒྱ་བསྐྱེད་ནས་ཚོགས་གཉིས་གོང་འཕེལ་གླིང་ཞེས་མཚན་བཏགས་ཤིང་། དེར་སྐུ་མཚམས་བཅད་རྒྱ་དང་། སྨིན་གྲོལ་ཆོས་འཁོར་བསྐོར་ནས་རྒྱུན་རིང་བར་བཞུགས་པས་གདན་ས་གཉིས་པར་གྲགས། དེ་བཞིན་དུ་གཡུ་སྨད་སྨོན་ལམ་དགོན་སོགས་སུ་ཕེབས་ནས་དབང་ལུང་གནང་བ་སོགས་མཛད། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་ནམ་མཁའ་ཡབ་སྲས་ཀྱི་དབུ་བླར་ཕེབས། གཡུ་སྟོད་སྨད་ཀྱི་དབེན་ཁྲོད་རྣམས་སུ་ཡི་དམ་ལྷག་པའི་ལྷ་དུ་མའི་བསྐྱེད་རྫོགས་ལ་གཞོལ་ནས་དུས་གྲངས་མཚན་མའི་བསྙེན་པ་རྟགས་ཐོན་དུ་བསྐྱལ་བས་འཇིགས་བརྒྱད་སྐྱོབས་པའི་ལྷ་མཆོག་འཕགས་མ་སྒྲོལ་མ། ཉི་ཟླའི་ཟེར་ལ་ཆིབས་པའི་ལྷ་མོ་འོད་ཟེར་ཅན་མ་སོགས་ལྷག་པའི་ལྷ་དུ་མ་དང་། རྒྱ་གར་གྱི་པཎ་ཆེན་ཙནྟྲ་གོ་མི། ཉི་མ་སྦས་པ། ཀླུ་སྒྲུབ་སྙིང་པོ། ཟླ་བ་གྲགས་པ་སོགས་དང་། བོད་ཀྱི་མཁས་གྲུབ་ས་ཆེན་ཀུན་དགའ་སྙིང་པོ། ཇོ་ནང་ཏ་ར་ན་ཐ། ཀློང་ཆེན་རྡོ་རྗེ་གཟི་བརྗིད། ཀུན་མཁྱེན་འཇིགས་མེད་གླིང་པའི་གཙོས་དམ་པ་དུ་མས་ཞལ་གཟིགས་དབུགས་དབྱུངས། གཟེངས་བསྟོད་མཛད་པ་སོགས་ལ་བརྟེན་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་དང་མི་འབྲལ་བར་ཐ་མལ་གྱི་འཛིན་ཞེན་དབྱིངས་སུ་དག་ནས་སྣོད་བཅུད་ལྷ་སྔགས་ཀྱི་རོལ་པར་འབྱམས་སུ་ཀླས། ཁྱད་པར་ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོ་ཀ་ལྷུན་དབྱེར་མེད་ཀྱི་དོན་ལ་ཐུགས་དམ་གྱི་མཐིལ་མཛད་ནས། དགུང་གྲངས་ལྔ་བཅུ་ལྷག་གི་དུས་དབོན་རིན་པོ་ཆེ་རྒྱ་ལྷ་མོ་ཚེ་རིང་གདན་ཚབ་དུ་མངའ་གསོལ་ནས་དབེན་པའི་གནས་འབའ་ཞིག་ཏུ་སྒྲུབ་པ་ཉམས་བཞེས་མཛད་པས་སྣང་བཞི་མཐའ་རུ་ཕྱིན་པའི་འོད་གསལ་རྫོགས་ཆེན་གྱི་རྣལ་འབྱོར་བ་ཆེན་པོར་གྱུར། དེ་ལྟར་དམ་པ་འདི་ནི་ཟབ་མོ་དགོངས་པའི་གཏེར་ལ་མངའ་དབང་འབྱོར་བར་མ་ཟད་སྐྱེས་སྦྱང་གི་མཁྱེན་རབ་ཤིན་ཏུ་རྒྱས་པས་དུས་རྒྱུན་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་འཆད་ཁྲིད་ཀྱིས་སྐལ་ལྡན་གྱི་བུ་སློབ་དུ་མ་སྐྱེད་བསྲིང་མཛད་པ་དང་། དེ་བཞིན་བཙུན་པའི་ཡོན་ཏན་མངའ་བ་ཡང་། གང་ཉིད་གཏེར་སྟོན་གྲུབ་པའི་དབང་ཕྱུག་ཡིན་མོད། རྟེན་བསྙེན་པར་རྫོགས་པས་དམ་ཆོས་འདུལ་བའི་གནང་བཀག་གི་ཉེས་བྱས་ཕྲ་བས་ཀྱང་མ་གོས་པར་བཞུགས་པ་ཡིན་ཏེ། གཡུ་སྨད་དུ་བཞུགས་སྐབས་བུད་མེད་ཞིག་གིས་ཆགས་པའི་རྣམ་འགྱུར་འཛེམ་མེད་དུ་བསྟན་ཀྱང་། ཁོང་གིས་རབ་ཏུ་བྱུང་བ་ཁྱིམ་པའི་ཆོས་ལ་གནས་མི་རུང་བ་སོགས་ཆོས་མཐུན་གྱི་བསླབ་བྱ་བསྩལ་བ་དང་། གཞན་ཡང་བུད་མེད་དང་། སོ་ཐར་གྱི་ཕམ་ལྟུང་གསུམ་པའི་ཉེས་དམིགས་སོགས་ཀྱང་ཆེད་རྩོམ་གནང་། སྐུ་ཚེ་གང་བོར་ཕྱག་ཏུ་གང་ཚུད་ཀྱི་རྒྱུ་ནོར་ཆེ་ཕྲ་ཐམས་ཅད་གདན་ས་གོང་འོག་སོགས་དགོན་སྡེ་རྣམས་ཀྱི་རྟེན་དང་བརྟེན་པ་བཞེངས་སྐྲུན་གྱི་ཆ་རྐྱེན་དང་། དགེ་འདུན་འདུས་པའི་སྡེ་རྣམས་ཀྱི་དུས་དང་སྒྲུབ་པའི་མཆོད་པའི་མཐུན་རྐྱེན་དང་། ངན་སློང་སྤྲང་པོ་ལ་སྦྱིན་གཏོང་མཛད་ནས་རྒྱུན་དུ་བྱ་བཏང་རྣལ་འབྱོར་བའི་ཚུལ་གྱིས་བཞུགས། སྐུ་བསྙུན་ཚུལ་བསྟན་པའི་སྐབས་རྣམས་སུ་ཡང་བདེ་སྡུག་གཏོང་ལེན་གྱི་དམིགས་པ་སོགས་རྒྱལ་སྲས་སེམས་དཔའ་ཆེན་པོའི་རྣམ་ཐར་ལྷུར་ལེན་མཛད། མ་འོངས་གདུལ་བྱའི་དོན་དུ་ཡང་ཟབ་སྐོར་གསུམ་གྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ། ཕྱི་སྒྲུབ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ཆོས་ཚན་ཉེར་ལྔ་ཆ་ལག་དང་བཅས་པ་ཡོངས་རྫོགས་རྒྱས་པར་ཕབ་ན་པུསྟི་བཅུ་དང་། ནང་སྒྲུབ་མཚོ་རྒྱལ་དགོངས་པའི་གསང་མཛོད་བསྡུས་པ་ཞིག་ཕབ་ཀྱང་པུསྟི་ཉེར་ལྔ། གསང་སྒྲུབ་ཡང་གསང་པདྨའི་ཞལ་ལུང་འབྲིང་པོ་ཞིག་ཕབ་ན་པུསྟི་ཉེར་ལྔ་བཅས་ཁྱོན་པོད་ཆེན་བཞི་བཅུ་ལྷག་ལས་མི་དམན་པ་ཞིག་ཕབ་རྒྱུ་ཡོད་ན་ཡང་། སྙིགས་དུས་ཀྱི་འགྲོ་བ་རྣམས་བསོད་ནམས་དམན་པའི་སྟོབས་ཀྱིས་གཏེར་སྟོན་ཉིད་དང་ཆོས་བདག་སློབ་མ་རྣམས་ཐུགས་གཡེང་དང་། ཕྱི་བཤོལ་གྱི་དབང་དུ་སོང་བ་སོགས་ཀྱིས་ཆ་ཚང་ཕབ་མ་གྲུབ་ཅིང་། ཡང་ཟབ་པདྨའི་ཞལ་ལུང་གི་སྐོར་ཕབ་པ་ལས་འགའ་ཞིག་རྟེན་འབྲེལ་གྱི་སྒོ་ཅུང་ཟད་རེ་འཕྱུགས་པའི་རྐྱེན་གྱིས་མེ་ལྷའི་ཞལ་དུ་བསྟབས། དེ་མིན་དགོངས་གཏེར་གྱི་ཆོས་ཚན་ཕབ་ཟིན་པ་དང་། ཞལ་གདམས་སོགས་ལྗགས་རྩོམ་གྱི་སྐོར་ཤིན་ཏུ་མང་བར་གནང་བ་རྣམས་དུས་འགྱུར་སྐབས་སྐབས་འཐོར་ཞིག་ཏུ་གྱུར་པ་ལས་དེང་དུས་མཇལ་དུ་ཡོད་པ་ནི་གླེགས་བམ་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་དུ་བཞུགས་པ་འདི་དག་གོ །ཟབ་གསང་གསུང་གི་བདུད་རྩིས་བསྐྱངས་པའི་ཞལ་སློབ་དང་ཆོས་ཀྱི་བདག་པོ་བགྲང་ལས་འདས་པ་བྱོན་པ་ནི། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས་རྩ་བའི་ཆོས་བདག་བཅོ་བརྒྱད་དང་། ཡན་ལག་གི་ཆོས་བདག་ཉེར་ལྔ་། ལས་ཅན་གྱི་སློབ་མ་བརྒྱ་རྩ་བརྒྱད། འབྲེལ་བ་ཐོབ་པའི་གང་ཟག་ཁྲི་ཕྲག་བཅུ་གཅིག་ཡོད་པར་གསུངས་མོད། དུས་དབང་གིས་འདི་ཞེས་གསལ་བར་འཁོད་པའི་ཡི་གེ་མ་རྙེད་ལ། གསུང་ཆོས་སུ་གསལ་བའི་ཆོས་བདག་ནི་གྱང་ཁང་སངས་རྒྱས་དཔལ་ལྡན། མདོ་མཁྱེན་བརྩེའི་སྲས་བདེ་ཆེན་རིག་པའི་རལ་གྲི་སོགས་དང་། གདན་ས་འདིར་བྱོན་པའི་ཆོས་བདག་གཙོ་བོ་ནི། དབོན་རིན་པོ་ཆེ་རྒྱ་ལྷ་མོ་ཚེ་རིང་དང་། ཧོར་བླ་གཞན་ཕན་བཟང་པོ། ཨ་ཚབ་པདྨ་བསྟན་འཛིན། ངེས་ལེགས་བླ་མ་ནམ་མཁའ་ཆོས་དབྱིངས་དང་། བསྟན་འཛིན་ཆོས་ལྡན། ནགས་རྟ་བླ་མ་མདོ་སྡེ་བཟང་པོ། མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ། བཙུན་པ་རིག་འཛིན་བཟང་པོའམ་བླ་མ་ཨ་རིག་སོགས་གདུལ་བྱ་སྐྱོང་ཞིང་གཞན་དོན་འགྲུབ་པའི་བུ་སློབ་མང་དུ་བྱོན། དེ་ལྟར་སྐུ་ཚེ་དེ་ཉིད་ཀྱི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་བསྟན་ནས། ལུང་བསྟན་ནོར་བུའི་བང་མཛོད་དུ། ལོག་ལྟ་ཅན་གྱི་དམ་གྲིབ་མ་ཕོག་ན༔ ཚེ་ལོ་དྲུག་ཅུའི་བར་དུ་འཚོ་ཡང་སྲིད༔ ཅེས་དང་། མཁའ་འགྲོའི་བརྡ་ལུང་ལཧདུ། འདབ་ཆགས་མཁའ་ལ་ལྡིང་ཚེ་སྲིད་པ་འདིར༔ འཚོ་བའི་ཚེ་དང་བསོད་ནམས་སྙན་གྲགས་སོགས༔ གོས་ཟད་དུག་པོ་གསར་དུ་མི་རུང་བཞིན༔ བྱ་ཐབས་བྲལ་བར་མཁའ་འགྲོའི་ལུང་ལས་བྱུང་༔ ཞེས་གསུངས་པ་བཞིན་དགུང་གྲངས་རེ་གཅིག་བཞེས་པ་རབ་བྱུང་བཅོ་ལྔ་པའི་ས་བྱ་ལོའི་སོས་ཀར་གཡུ་སྨད་ནེའུ་ཆེ་ཞེས་པར་རྒྱ་ལྷ་མོ་ཚེ་རིང་དང་། ཧོར་བླ་སོགས་ལ་འདའ་ཁའི་ཞལ་ཆེམས་བསྩལ་ཞིང་། ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། སྐུ་གདུང་ཞུགས་ལ་འབུལ་བ་དང་དགོངས་རྫོགས། གདུལ་བྱའི་ལྷག་མ་སྐྱོང་བ་སོགས་རྗེས་ཀྱི་བྱ་བ་བུ་ཆེན་རྣམས་ཀྱིས་ལེགས་པར་མཛད་དོ།།

གཏེར་ཆོས་གླེགས་བམ་རྣམས་ཀྱི་བཞུགས་བྱང་དཀར་ཆག་དངོས་འགོད་པ།

༈ གཉིས་པ་བཞུགས་བྱང་དཀར་ཆག་དངོས་ལ། གླེགས་བམ་དང་པོར། མཚན་བརྒྱད་ཆོ་གའི་བརྒྱུད་འདེབས་ཉུང་ངུ་བྱིན་རླབས་ཆུ་རྒྱུན། གུ་རུ་མཚན་བརྒྱད་ཀྱི་བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་མཛེས། བླ་མ་གུ་རུ་པདྨ་མཚན་བརྒྱད་ཀྱི་སྒྲུབ་ཐབས་པད་དཀར་ཕྲེང་མཛེས། སྨན་མཆོད་ལྡེབ་ཤར། དངོས་གྲུབ་ལེན་པ་ལྡེབ་ཤར། བསྐང་བ་ཡིད་བཞིན་འདོད་འཇོ། གུ་རུ་མཚན་བརྒྱད་ཀྱི་ཆོ་གའི་བསྐང་བསྡུས་བཅུད་དྲིལ་ནོར་བུའི་བུམ་བཟང་། བསྐང་བ་ཤིན་ཏུ་བསྡུས་པ། གུ་རུ་མཚན་བརྒྱད་ཀྱི་དབང་ཆོག་བདུད་རྩིའི་བུམ་བཟང་། རྗེ་འབངས་ཉེར་ལྔའི་ལྷ་དབང་གི་ཁ་སྐོང་རྡོ་གྲུབ་རིན་པོ་ཆེས་མཛད་པའི་ལྷ་དབང་པདྨ་རཱ་གའི་ཕྲེང་བ་ལས་བཤུས་པ། པདྨ་རྒྱལ་པོའི་ཕྲིན་ལས་ཁམས་གསུམ་ཡིད་འགུགས། བཀའ་བསྲུང་དབང་གི་མ་མོ་བསེ་གདོང་དམར་མོའི་གཏོར་འབུལ། ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འོད་ཟེར་སྟོང་འབར། ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད། བློ་ལྡན་མཆོག་སྲེད་སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ། ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན། རྡོ་རྗེ་གྲོ་ལོད་ཀྱི་རྣལ་འབྱོར་རྒྱུན་ཁྱེར་གནམ་ལྕགས་ཐོག་གི་ཚྭ་ཚྭ། རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ཁྲིགས་བསྡེབས་གནམ་ལྕགས་ཐོག་གི་ཚྭ་ཚྭ་མགོ་སྤྲུལ་གྱིས་མཛད་པ། རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་འདོད་འབྱུང་ནོར་བུ་མགོ་སྤྲུལ་གྱིས་མཛད་པ། ཚོགས་ཞུ་ལན་མགོ་སྤྲུལ་གྱིས་མཛད་པ། མཚན་བརྒྱད་གང་ལ་ཡང་སྦྱར་རུང་བའི་དབང་གི་མཚམས་སྦྱོར། མཚན་བརྒྱད་གང་ལ་ཡང་སྦྱར་རུང་བའི་ཁོག་ཕུབ་དབང་གི་ཏནྟྲ། གུ་རུའི་ཐུགས་བཅུད་ཚེ་སྒྲུབ་ཟབ་མོའི་གསོལ་འདེབས་འདོད་འབྱུང་ནོར་བུའི་ཕྲེང་བ། གུ་རུའི་ཚེ་སྒྲུབ་དྭངས་བཅུད་ཡོངས་དྲིལ། ཚེ་སྒྲུབ་བསྐང་བ་མཆོད་སྤྲིན་ཆར་འབེབས། ཚེ་སྒྲུབ་མི་ཤིགས་དྭངས་མ། ཚེ་དབང་འཆི་མེད་བདུད་རྩིའི་བུམ་པ། ཚེ་འགུགས་སྣང་བ་དབང་སྡུད། གུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་། རྒྱལ་གདོན་ཞི་བའི་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་སྙིང་འཁྲུགས་མེ་གཞིལ། སྙིགས་དུས་ལྷ་སྲིན་གདུག་པའི་ཚོགས་ཀྱི་བར་གཅོད་དང་ནད་ཡམས་ཐོག་བབས་སྨྱོ་འབོག་སོགས་དང་འཇིགས་བརྒྱད་ཞི་བའི་གསོལ་འདེབས་རྡོ་རྗེའི་ང་རོ། བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ་ལོག་འདྲེན་ཀླད་འགེམ་ཧོར་བླས་མཛད་པ། བི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་། རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་གསོལ་འདེབས་ཐོས་པས་རྣམ་གྲོལ། རྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ། རྗེ་བཙུན་མི་ལའི་དབང་ཆོག་གྲུབ་གཉིས་འདོད་འཇོའི་དགའ་སྟོན། མཚམས་སྦྱོར་ཁ་སྐོང་ལྡེབ་ཤར། ཉམས་མགུར་སྐལ་ལྡན་ཡིད་འཕྲོག རྗེ་བཙུན་སྒྲུབ་པའི་བཀའ་སྲུང་སྨན་བཙུན་མཆེད་ལྔའི་གཏོར་འབུལ་ཡིད་བཞིན་ལྷུན་གྲུབ། གྲུབ་བརྒྱའི་སྤྱི་མེས་ཐང་སྟོང་རྒྱལ་པོའི་གསོལ་འདེབས་འཇིགས་པ་བརྒྱད་སྐྱོབ་རྡོ་རྗེའི་གོ་ཆ། ཐང་རྒྱལ་བརྒྱུད་པའི་གསོལ་འདེབས་ནོར་བུའི་རྒྱལ་མཚན། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ། སྤྱན་འདྲེན་ལྡེབ་ཤར་ཆོས་ཀྱི་བདག་པོས་མཛད་པ། བུམ་སྒྲུབ་ལྡེབ་ཤར། ཐང་རྒྱལ་སྒྲུབ་པའི་བསྐང་བ་ཀུན་བཟང་མཆོད་སྤྲིན། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་དབང་གི་མཚམས་སྦྱོར་སྐལ་ལྡན་སྙིང་གི་མུན་སེལ། ཐང་སྟོང་རྒྱལ་པོའི་ཚེ་དབང་འབྱུང་ལྔའི་བཅུད་དྲིལ། ཚེ་འགུགས་མཚམས་སྦྱོར་ལྡེབ་ཤར། ཚེ་འགུགས་བླ་ཚེའི་གསོས་སྨན། ཐང་རྒྱལ་སྒྲུབ་ཐབས་དག་སྣང་དུ་བབ་ཚུལ། བླ་མའི་རྣལ་འབྱོར་ཐར་པའི་མྱུ་གུ། རྗེ་བཙུན་འཇམ་པའི་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར། ཡང་དག་དོན་གྱི་བླ་མ་སྐྱབས་རྗེ་འཁོར་ལོའི་མགོན་པོ་རྫོགས་སྤྲུལ་བཞི་པ་གང་གི་གསོལ་སྨོན་བྱིན་རླབས་གཏེར་མཛོད། གྲུབ་དབང་རྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན། མཚན་སྔགས་དང་གསོལ་འདེབས། བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་འཇོ། བླ་མའི་རྣལ་འབྱོར་བྱིན་རླབས་ཉེ་ལམ། རིག་འཛིན་ལུང་རིག་གླིང་པའི་བླ་སྒྲུབ་དངོས་གྲུབ་འདོད་འཇོ། བླ་མའི་རྣལ་འབྱོར་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ། འཇམ་པའི་དབྱངས་ཀྱི་གསོལ་འདེབས་གཏི་མུག་མུན་སེལ་ཡེ་ཤེས་འོད་ཀྱི་སྒྲོན་མེ། འཇམ་དབྱངས་རིགས་ལྔའི་རྒྱུན་ཁྱེར་ཤེས་རབ་ཉི་མ། འཕགས་པ་འཇམ་དཔལ་གྱི་གསོལ་འདེབས་མུན་པ་མཐའ་དག་སེལ་བའི་སྒྲོན་མེ། འཇམ་དཔལ་སྨྲ་བའི་སེང་གེའི་རྒྱུན་ཁྱེར་ཤེས་རབ་གསལ་བའི་སྒྲོན་མེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསོལ་འདེབས། འཇམ་དབྱངས་དཔའ་བོ་གཅིག་པའི་སྒྲུབ་ཐབས། ༈ གླེགས་བམ་གཉིས་པ་ལ། འཕགས་པའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་བྱིན་རླབས་ཆར་རྒྱུན་ཧོར་བླས་མཛད་པ། ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་རྒྱ་སྤྲུལ་གསུམ་པས་མཛད་པ། འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ། ལྷ་བསྐྱེད་ཁ་སྐོང་། བཟླས་དམིགས་ངན་སོང་དོང་སྤྲུག བསྐང་བཤགས་ཉམས་ཆག་དབྱིངས་གྲོལ། བསྐང་བསྡུས་སྙིང་པོའི་བཅུད་དྲིལ་ཧོར་བླས་མཛད་པ། བཀའ་སྲུང་མགོན་པོ་ཕྱག་དྲུག་པའི་གཏོར་འབུལ་ཕྲིན་ལས་ཀུན་འགྲུབ། ཡང་སྙིང་ཡིད་བཞིན་ནོར་བུ། ཐུགས་རྗེ་ཆེན་པོ་ཟླ་གཞོན་སྤྲིན་བྲལ་གྱི་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ནགས་རྟ་མདོ་སྡེས་མཛད་པ། དབང་གི་མཚམས་སྦྱོར་ལྷན་ཐབས། འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆོག་འབྲེལ་ཚད་དོན་ལྡན། འཁོར་གྱི་ལྷ་དབང་། དབང་གི་མཚམས་སྦྱོར། དབང་ཆོག་སྐལ་ལྡན་མྱུར་གྲོལ། འཕགས་པ་ཐུགས་རྗེ་ཆེན་པོའི་གསོལ་འདེབས་བྱིན་རླབས་མྱུར་འཇུག བཅུ་གཅིག་ཞལ་གྱི་རྒྱུན་ཁྱེར་ནོར་བུའི་གཙུག་རྒྱན། བསྙུང་བར་གནས་པའི་གནས་པའི་ཆོ་ག་སྒྲིབ་གཉིས་མྱུར་གྲོལ། བསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས། དགེ་སློང་མ་དཔལ་མོས་མཛད་པའི་པོ་བསྟོད། བསྙེན་གནས་ཐར་བའི་ཐེམ་སྐས་ཀྱི་ཁ་སྐོང་ཕྱག་འཚལ་རྒྱས་པ་མགོ་སྤྲུལ་གྱིས་མཛད་པ། གཤིན་ཆོག་ཐར་ལམ་ཐེམ་སྐས། གཤིན་པོ་ཐར་བའི་ལམ་བགྲོད་པའི་ལམ་གྱི་རྒྱགས་ཕྱེ་ཟག་མེད་གཏེར་གྱི་བུམ་པ། ལོ་ཆེན་སྨྱུང་གནས་ཆོ་གའི་ཟིན་བསྡུས་དང་སྨྱུང་གནས་ཆོ་གའི་སྡོམ། ཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ། ཡིག་དྲུག་བསྐུལ་འདེབས་ཐར་པའི་ལམ་སྟོན། ཡི་གེ་དྲུག་པའི་བསྐུལ་འདེབས་ཐར་ལམ་སྣང་བྱེད། ༧ ཚེ་སྒྲུབ་གསོལ་འདེབས་འཆི་བདག་དཔུང་འཇོམས། ཚེ་སྒྲུབ་འཆི་མེད་མཆོག་སྟེར། མཚམས་ལྷ་བསྐྱེད་དང་བདེན་བརྗོད། བསྐང་བསྡུས་དོན་གཉིས་ལྷུན་གྲུབ། ཚེ་འགུགས་མཚམས་སྦྱོར། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་ཧོར་བླས་མཛད་པ། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་མཚམས་སྦྱོར་བུང་བའི་བཅུད་སྡུད་ཧོར་བླས་མཛད་པ། ཚེ་དབང་འཆི་བདག་གཡུལ་འཇོམས། ༧ དབང་ཆེན་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཆོས་བདག་དོན་གྲུབ་རྒྱལ་མཚན་གྱིས་མཛད་པ། དབང་ཆེན་ཐུགས་ཀྱི་སྒྲུབ་པ་སྣང་སྲིད་ཟིལ་གནོན། བསྐང་བ་འདོད་དགུའི་ཆར་འབེབས་རྒྱ་ལྷས་མཛད་པ། རྟ་མགྲིན་གསོལ་འདེབས་བསྡུས་པ་རྒྱ་ལྷས་མཛད་པ། རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་རྒྱུན་ཁྱེར་དབང་གི་ཞགས་པ། རྟ་མགྲིན་སྣང་སྲིད་ཟིལ་གནོན་གྱི་དབང་གི་མཚམས་སྦྱོར་ལས་ཅན་སྙིང་ གི་དགའ་སྟོན་ལྕམ་སྤྲུལ་གྱིས་མཛད་པ། དབང་ཆོག་བར་ཆད་ཀུན་སེལ། པདྨ་དབང་ཆེན་སྒྲུབ་པའི་ཟབ་ཏིག་རྟ་མཆོག་དགོངས་རྒྱན། པདྨ་དབང་ཆེན་རྟ་མཆོག་རོལ་པའི་སྒྲུབས་ཐབས་བདེ་གཤེགས་ཀུན་འགྲུབ། མཚམས་ལྷ་བསྐྱེད་མགོ་སྤྲུལ་གྱིས་མཛད་པ། ལྷ་གྲངས་ཡོངས་རྫོགས་སྔགས་བྱང་རྒྱ་ལྷས་མཛད་པ། མདུན་བསྐྱེད་དང་བསྐུལ་བ་མགོ་སྤྲུལ་གྱིས་མཛད་པ། རྟ་མགྲིན་གྱི་དབང་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས་མགོ་སྤྲུལ་གྱིས་མཛད་པ། གསང་མཚན་ལྡེབ་ཤར། སྨིན་བྱེད་དབང་ཆོག་བསམ་འཕེལ་ནོར་བུ། ༈ གླེགས་བམ་གསུམ་པ་ལ། གསང་ཆེན་རིགས་གཅིག་གི་གསོལ་འདེབས། རྡོར་སེམས་སྒོམ་བཟླས་ཉི་མ་སྤྲིན་བྲལ། ཡང་རྡོར་སེམས་བསྒོམ་བཟླས་ཉུང་ངུ། གསང་བདག་རྡོ་རྗེ་གཏུམ་པོའི་གསོལ་འདེབས་ཨོ་རྒྱན་ཉི་མས་མཛད་པ། གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་གསོལ་འདེབས་དངོས་གྲུབ་གཏེར་མཛོད། གཏུམ་པོའི་ཐུགས་སྒྲུབ་སྙིང་པོ། ཡེ་ཤེས་ཁྱུང་གི་གབ་ཐིག། ཁྱུང་གི་བཟླས་དམིགས། མཚམས་ལྷ་བསྐྱེད་ཆོག་སྲིད་གསུམ་ཟིལ་གནོན། བདེན་བརྗོད། མཚམས་ལྷ་བསྐྱེད་བསྡུས་པ། ཚོགས་མཆོད་ཡིད་བཞིན་ཆར་འབེབས། གསང་བདག་གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་བསྐང་བ་མགོ་སྤྲུལ་གྱིས་མཛད་པ། གསང་བདག་ཐུགས་སྒྲུབ་རྒྱུན་ཁྱེར་གྱི་བརྒྱུད་འདེབས་ཉུང་བསྡུས་བྱིན་རླབས་ཆར་རྒྱུན་ཨ་ཡུའི་མིང་གིས་མཛད་པ། གསང་བདག་ཐུགས་སྒྲུབ་རྒྱུན་ཁྱེར། དེའི་རྗེས་ཆོག་རྒྱ་ལྷས་མཛད་པ། གསང་བདག་གཏུམ་པོའི་ཐུགས་སྒྲུབ་ཀྱི་སྨད་ལས་སྒྲོལ་བ་དྲག་པོའི་ལས་རིམ་ཁྲོ་རྒྱལ་སྟོབས་འདུས་མགོ་སྤྲུལ་གྱིས་མཛད་པ། གསང་བདག་གཏུམ་པོའི་དབང་ཆོག་རྡོ་རྗེའི་ཕྲེང་བ། སྨན་རྒྱལ་ཐུགས་ཀྱི་སྒྲུབ་པ་བདུད་རྩིའི་རྒྱུན་བཟང་། རྡོ་རྗེ་ཕུར་པའི་རྒྱུད་བདུད་སྡེ་དབྱིངས་སུ་འཇོམས་བྱེད་གནམ་ལྕགས་འབར་བའི་སྤུ་གྲི། གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས། ཕུར་པ་བདུད་དཔུང་ཚར་གཅོད། ཕུར་བའི་རྒྱུན་ཁྱེར་བསྡུས་པ་དྷརྨའི་མིང་གིས་མཛད་པ། སྔོན་དུ་འགྲོ་བའི་ལས་རིམ་ཉེར་མཁོ་ཕྱོགས་གཅིག་ཏུ་བསྡུས་པ་རྒྱལ་རོང་གཏེར་སྟོན་གྱི་གཏེར་བྱོན། མཚམས་ལྷ་བསྐྱེད་དང་བདེན་བརྗོད། ཉུ་ལེ་བསྐྲད་པ་རྒྱལ་རོང་གཏེར་བྱོན། རྒྱལ་རོང་ཕུར་པ་གསང་བ་སྤུ་གྲིའི་རིག་འཛིན་བྱིན་འབེབ། བྱུག་བདུག་བྲབ་གསུམ་ཕུར་པ་ཡང་གསང་དང་ཁྲོ་རོལ་ལས་ཕྱུང་བ། ཕུར་པའི་འཛབ་དགོངས་རྡོ་རྗེའི་བཟླས་པ། ཕུར་པའི་ལྷ་ཚོགས་ཀྱི་སྔགས་བྱང་རྒྱས་པ། སྲུང་བ་ཁྲོ་མཚོན་མེ་གུར། ཟློག་པ་གནམ་ལྕགས་འཕྲུལ་འཁོར། སྡོམ་གསུམ་ཉམས་ཆག་བཤགས་པ་ཟག་མེད་བདུད་རྩིའི་ཁྲུས་བུམ། རྡོ་རྗེ་ཕུར་པའི་གསོལ་འདེབས་བྱིན་རླབས་གཏེར་མཛོད། རྩ་སྒྲུབ་རིག་འཛིན་ཐུགས་བཅུད། རྡོ་རྗེ་ཕུར་པའི་གསོལ་འདེབས་བསྡུས་པ། ལུས་དཀྱིལ་རྒྱུན་ཁྱེར་དཔའ་བོ་གཅིག་སྒྲུབ། ལུས་དཀྱིལ་རྒྱུན་ཁྱེར་གྱི་རྗེས་ཆོག་མགོ་སྤྲུལ་གྱིས་མཛད་པ། བསྐང་བཤགས་ཡིད་བཞིན་ཆར་འབེབས། རྡོ་རྗེ་ཕུར་པའི་བསྐང་བསྡུས་ཡིད་བཞིན་གཏེར་མཛོད། ཕུར་སྲུང་བཅུ་དྲུག་གི་མཆོད་ཐབས་ཕྲིན་ལས་ཀུན་འགྲུབ། དམ་ཅན་ཕུར་སྲུང་མཆོད་ཐབས་བསྡུས་པ་བར་ཆད་ཀུན་སེལ། ཕུར་སྲུང་བཀའ་གཏད་ཧོར་བླས་རྒྱུན་དུ་འདོན་བདེར་བཀོད་པ། གཉན་ཆེན་ཐང་ལྷའི་གསོལ་མཆོད་ཡིད་བཞིན་འདོད་སྩོལ། གཉན་ཆེན་ཐང་ལྷའི་བསྐུལ་བསྡུས་དམ་ཚིག་རྒྱུད་བསྐུལ་ཆོས་བདག་པདྨའི་མིང་གིས་བྲིས་པ། བསྐུལ་བ་མཚོན་ཆའི་འཁོར་ལོ། གསེར་སྐྱེམས་བདུད་རྩིའི་རོལ་མཚོ། བསྒྲལ་ལས་བསྟན་དགྲའི་སྲོག་གཤེད། བཟློག་པ་གནམ་ལྕགས་ཐོག་དབལ། ཕུར་པ་དམ་སྲི་ཚར་གཅོད་ཀྱི་བཟློག་བསྡུས་འཕྲལ་རྐྱེན་ལྟས་ངན་རྒྱུན་གཅོད་རྒྱ་སྤྲུལ་གསུམ་པས་མཛད་པ། རྩང་གི་བཟློག་པ་རྐྱེན་ངན་ཕྱེར་འཐག ཁྱུང་བཟློག་ལྟས་ངན་ཀུན་འཇོམས། ཐུན་གཏོར། ཟོར་གྱི་ལས་རིམ་མགོ་སྤྲུལ་གྱིས་མཛད་པ། རྒྱལ་དབྱངས་དཔའ་བོའི་གད་རྒྱང་། མ་འོངས་ལུང་བསྟན་གསལ་བའི་སྒྲོན་མ། དོན་དབང་ནོར་བུའི་ཅོད་པཎ། སྟ་གོན་སྐབས་ཀྱི་མཚམ་སྦྱོར། དབང་བཤད་མཛད་བྱང་མི་གསལ་བ། དབང་ཆོག་སྐུ་བཞིའི་རྒྱལ་སྲིད། དབང་ཕྱུག་ཉེར་བརྒྱད་སྔགས་བྱང་། བསྒྲལ་དབང་། སྲི་ཅན་གདུག་པའི་ཚོགས་རྣམས་སྐྱེ་མེད་དབྱིངས་ཀྱི་བྲུབ་ཁུང་དུ་གནོན་པའི་ཐབས་ཟབ་མོ་བདེ་ཆེན་རྡོ་རྗེའི་རི་དབང་མགོ་སྤྲུལ་གྱིས་མཛད་པ། བཞེས་འབོད། ༈ གླེགས་བམ་བཞི་པ་ལ། བཅོམ་འདས་འཕགས་མ་སྒྲོལ་མའི་རྒྱུད་གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཉི་མ་འོད་རབ་ཏུ་འབར་བའི་གཟི་བརྗིད། སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ། སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག སྒྲོལ་མའི་ཐུགས་སྒྲུབ་འཇིགས་པ་བརྒྱད་སྐྱོབ། རྗེ་བཙུན་སྒྲོལ་མ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཁྱེའུས་མ་ལ་འབོད་པའི་གདུང་དབྱངས། རྗེ་བཙུན་སྒྲོལ་མའི་ཆོ་ག་རྡོ་རྗེའི་གོ་ཆ། གབ་ཏིག་གསང་བའི་གཏེར་མཛོད་བཀླགས་པས་དོན་གྲུབ་ཧོར་བླས་མཛད་པ། བསྲུང་བ་རྡོ་རྗེའི་རྫོང་ཆེན། བཟློག་པ་མཚོན་ཆའི་འཁོར་ལོ། བསྐུལ་བ་ཁོལ་ཕྱུང་། བྲོ་མནན་དང་བསྡུ་རིམ། ཐུགས་ཐིག་སྒྲོལ་མའི་ཆ་ལག་བསྐང་བཤགས་རིན་པོ་ཆེའི་ཕྲེང་བ། འཕགས་མ་སྒྲོལ་མའི་གཏམ་རྒྱུད་དང་འབྲེལ་བར་འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ། འཇིགས་བརྒྱད་ཞི་བའི་གསོལ་འདེབས། སྒྲོལ་མའི་གསོལ་འདེབས་བསྡུས་པ། གཏོར་འབུལ། རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འགུགས། རྗེ་བཙུན་འཕགས་མ་སྒྲོལ་མའི་ལས་བྱང་རྒྱུན་ཁྱེར། སྨན་མཆོད་ལྡེབ་ཤར། སྒྲོལ་མའི་བསྐང་བསྡུས་ཡིད་བཞིན་ཆར་འབེབས། དགོངས་གཏེར་སྒྲོལ་མའི་ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ། དབང་ཆོག་ནོར་བུའི་ཕྲེང་བ། དབང་གི་མཐའ་རྟེན། གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོའི་ཞལ་ལུང་བདུད་རྩིའི་བུམ་བཟང་རྒྱ་སྤྲུལ་དགོངས་གཏེར་གྱི་མཇུག་ཧོར་བླས་ཕབ་པ། རྨ་བྱ་ཆེན་མོའི་སྒོ་ནས་གཟའ་ཀླུའི་དུག་དབྱུང་བདུད་རྩིའི་ཆུ་རྒྱུན་ཧོར་བླས་མཛད་པ། ལྷ་ཚོགས་སྔགས་བྱང་རས་པ་གསལ་སྟོབས་ཀྱིས་མཛད་པ། རྨ་བྱ་ཆེན་མོའི་སྔགས་རིང་བྷི་ས་བཅོ་བརྒྱད། ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ། སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ། མཎྚལ་འདོན་འགྲིགས་ཧོར་བླས་མཛད་པ། འཕགས་མ་དབྱངས་ཅན་ལྷ་མོའི་བརྒྱུད་འདེབས་སྙིང་གི་མུན་སེལ། དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ། དབྱངས་ཅན་གསོལ་འདེབས་ཤེས་རབ་སྣང་བ། རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས། སྨན་གྱི་ལྷ་མོའི་གཏོར་འབུལ་སྨན་གྱི་སྐྱེད་ཚལ། ལས་ཚོགས་ཤེས་རབ་བློ་འཕེལ། དབྱངས་ཅན་རྗེས་གནང་གི་ཆོས་བཤད་བསྡུས་པ་མཛད་བྱང་མེད་པ། འཕགས་མ་དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་སོག་པོ་ཀུན་དགས་མཛད་པ། དབྱངས་ཅན་མའི་ལོ་རྒྱུས་ཉུང་ངུ་མགོ་སྤྲུལ་གྱིས་མཛད་པ། དབྱངས་ཅན་མའི་རྗེས་གནང་བྱིན་རླབས་སྒོ་འབྱེད། འཕགས་མ་འོད་ཟེར་ཅན་མའི་བརྒྱུད་པའི་གསོལ་འདེབས་ལས་ཅན་སྙིང་གི་དགའ་སྟོན། སྐྱབས་ཡུལ་གསལ་གདབ། འོད་ཟེར་ཅན་མའི་སྒྲུབ་ཐབས་ལོག་འདྲེན་མཐར་བྱེད། ཡང་བཟློག་དང་དྲང་སྲོང་ཞི་ཁྲོའི་སྔགས། འོད་ཟེར་ཅན་མའི་གབ་ཐིག་གི་ཉི་མའི་འོད་ཟེར་རྒྱ་ལྷས་བྲིས་པ། ལས་བུམ་དང་མཚམས་ལྷ་བསྐྱེད་སོགས། མཆོད་བསྟོད་ནོང་བཤགས་རྒྱ་སྤྲུལ་གསུམ་པས་མཛད་པ། ཚེ་འགུགས། འོད་ཟེར་ཅན་མའི་བརྒྱུད་འདེབས་བསྡུས་པ་ལོག་འདྲེན་བརླག་མཛད་རྒྱ་ལྷས་མཛད་པ། རྒྱུན་ཁྱེར་བསྡུས་པ་ཉི་ཟླའི་ཞགས་པ། བསྐང་བཤགས་ཉེས་ལྟུང་ཀུན་བྱང་། ཧཱུྃ། སྣང་སྲིད་ཐམས་ཅད་སོགས་ལྡེབ་ཤར། དྲག་བསྐུལ་ཀླུ་བདུད་ཁྲོས་པའི་ང་རོ། གསེར་སྐྱེམས་བདུད་རྩིའི་རོལ་མཚོ་ཧོར་བླས་ཁ་བསྐང་བ། བསྒྲལ་ལས་ཐོག་མདའ་དམར་པོ། འགུག་པ་ཧོར་བླས་མཛད་པ། བླ་འགུགས་སྔགས་སོགས་ལྡེབ་ཤར། བཟློག་པ་གཉིས་འཐུང་མཚོན་འཁོར། བཟློག་བསྡུས་རྒྱ་སྤྲུལ་གསུམ་པས་མཛད་པ། བཟློག་བསྡུས་སྐུ་གསུམ་ཞལ་ངོམས་གཞོན་ནུ་ཡེ་ཤེས་རྡོ་རྗེས་སྦྱར་བ། བཟློག་བསྡུས་ཨ་ར་གས་མཛད་པ། ཁྱུང་བཟློག་ལྟས་ངན་ཀུན་འཇོམས། རྩང་བཟློག་མཚོན་ཆའི་འཁོར་ལོ། གཏོར་འགུགས། ཐུན་གཏོར། ཕྱི་སྒོ་དབྱེ་བ། མཆོད་བསྟོད་སོགས་ལྡེབ་ཤར། ཟོར་སྒྲུབ། ཟོར་ལས་པདྨའི་མིང་གིས་མཛད་པ། མནན་པའི་ལས་རིམ་མཛད་བྱང་མི་གསལ་བ། རྒྱལ་དབྱངས་རྒྱ་སྤྲུལ་གསུམ་པས་མཛད་པ། ཚེ་སྒྲུབ་བདུད་རྩིའི་ཡང་བཅུད་མགོ་སྤྲུལ་གྱིས་སྦྱར་བ། འོད་ཟེར་ཅན་གྱི་དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ། དཔའ་མོ་འོད་ཟེར་ཅན་མའི་དྲག་པོའི་ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་མགོ་སྤྲུལ་གྱིས་མཛད་པ། ཟུར་ཡིག་ལིང་ཀ་འབྲི་ཐབས་མགོ་སྤྲུལ་གྱིས་མཛད་པ། ཟུར་རྒྱན་གནམ་ལྕགས་རྡོ་རྗེའི་དྲྭ་བ་མགོ་སྤྲུལ་གྱིས་མཛད་པ། འོད་ཟེར་ཅན་མའི་དགྲ་མནན་འདོན་འགྲིགས། ༈ གླེགས་བམ་ལྔ་པ་ལ། དབང་གི་ལྷ་མོའི་བརྒྱུད་འདེབས་དོན་ཡོད་ཞགས་པ། དབང་གི་ལྷ་མོའི་སྒྲུབ་པ་ཁམས་གསུམ་ཡིད་དབང་འགུགས་པའི་ལྕགས་ཀྱུ། སྨན་མཆོད་ལྡེབ་ཤར་ཧོར་བླས་མཛད་པ། རྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ། རིག་བྱེད་ལྷ་མོའི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཡིད་བཞིན་དབང་རྒྱལ་རྡོ་གྲུབ་ཀྱིས་མཛད་པ། ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་འབུལ་ཐབས་བསམ་འཕེལ་ནོར་བུ། ཛམ་དམར་སྔགས་བྱང་། རིག་བྱེད་ལྷ་མོའི་དབང་སྡུད་ལས་ཚོགས་བཅུ་པ། ལྷ་ཆེན་ལྕམ་དྲལ་གཏོར་འབུལ་འདོད་རྒུའི་དཔལ་སྩོལ། རིག་བྱེད་མའི་བླ་རྡོ་བྲི་ཐབས་ཁྱད་འཕགས། དབང་དང་བསྙེན་པའི་གབ་ཐིག་པདྨ་དམར་པོའི་མགུལ་རྒྱན། བྱིན་འབེབས། ལྷ་མོ་རིག་བྱེད་མའི་ལོ་རྒྱུས་མགོ་སྤྲུལ་གྱིས་བྲིས་པ། རྗེས་གནང་འཆིང་བྱེད་ནོར་བུའི་ཞགས་པ། འཕགས་མ་ནོར་རྒྱུན་མའི་གསོལ་འདེབས་ཡིད་བཞིན་ཆར་འབེབས། བསེ་རག་བཀར་བ་འདྲེ་ངན་མཐར་བསྐྲད། འགོང་བཀར་དང་འགོང་པོ་སྤུན་དགུའི་ལམ་བསྟན་མཛད་བྱང་མེད་པ། བསེ་རག་བཀར་བ་གསང་སྔགས་གླིང་པའི་གཏེར་བྱོན། ཨ་ར་གས་མཛད་པའི་ལྷན་ཐབས། ནོར་རྒྱུན་ལྷ་མོའི་ལས་བྱང་འདོད་འབྱུང་གཏེར་བུམ། འཕགས་མ་ནོར་རྒྱུན་ལྷ་མོའི་སྒྲུབ་ཐབས་འདོད་རྒུའི་གཏེར་བུམ། རྒྱུན་ཁྱེར་འདོད་འབྱུང་ནོར་བུ་འདིའི་མཇུག་མི་ཚང་། རང་གི་ཐུགས་ཀ་ནས་སོགས་ལྡེབ་ཤར། གཡང་འགུགས་བསྡུས་པ་ཁབ་ལེན་ལྕགས་ཕྱེ། གཡང་འགུགས་དབུལ་བ་ཀུན་སེལ་ཞབས་དཀར་བས་མཛད་པ། ནོར་རྒྱུན་མའི་རྗེས་གནང་ནོར་བུའི་ལྕགས་ཀྱུ། གཏེར་བུམ་སྒྲུབ་ཐབས་འབྱུང་བའི་བཅུད་བསྡུས། ཨོ་རྒྱན་མཁའ་འགྲོའི་གཡང་འགུགས་དཔག་བསམ་ལྗོན་ཤིང་འདོད་རྒུའི་རེ་སྐོང་། མཚོ་རྒྱལ་ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ། མཁའ་འགྲོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས། ཌཱཀྐིའི་ནང་སྒྲུབ་དངོས་གྲུབ་རྒྱ་མཚོ། མཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ། བསྐང་བ་ཀུན་བཟང་མཆོད་སྤྲིན། བསྐང་བསྡུས་ཡིད་བཞིན་སྤྲིན་ཕུང་། རྗེས་གནང་བྱིན་རླབས་ཆར་རྒྱུན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན་མགོ་སྤྲུལ་གྱིས་མཛད་པ། དགོངས་གཏེར་ཡོངས་རྫོགས་པུསྟི་ལུང་དབང་བྱེད་ཐབས། མེ་མཆོད་འདོད་རྒུའི་བསམ་འཕེལ། དེའི་ཁ་སྐོང་ཚན་པ་གཉིས། གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་། སྔོན་དུ་འགྲོ་བའི་ལས་རིམ་རས་པ་གསལ་སྟོབས་ཀྱིས་མཛད་པ། ཡན་ལག་བདུན་པ་དང་མཆོད་རྫས་བྱིན་རླབས་ལྡེབ་ཤར། མཁའ་འགྲོ་སྡེ་ལྔའི་ལས་བྱང་ དངོས་གྲུབ་ཆར་འབེབས། ཚོགས་མཆོད་བསོད་ནམས་མྱུ་གུ། བྲོ་བརྡུང་ལྡེབ་ཤར། བསྐང་བ་ནོར་བུའི་ཕྲེང་མཛེས། གཅོད་ཀྱི་བརྒྱུད་རིམ་ཁ་སྐོང་བསྐང་བ་པདྨ་ཤེས་རབ་རྡོ་རྗེས་མཛད་པ།ཟབ་མོ་གཅོད་ཀྱི་བཀའ་བསྲུང་གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ་ཧོར་བླས་མཛད་པ། གཅོད་ཀྱི་བཀའ་བསྲུང་དྲག་པོ་མཆེད་གསུམ་གྱི་གསོལ་བསྡུས་བསྟན་དགྲ་འཇོམས་བྱེད་ཧོར་བླས་མཛད་པ། སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་གཏེར་བུམ། ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་མྱུར་རྫོགས། སྒྱུ་ལུས་མཆོད་སྦྱིན་མན་ངག་ཡུམ་ཆེན་མཁའ་འགྲོའི་ཐུགས་བཅུད། མེ་གསུར་འདོད་དགུའི་དཔལ་འབྱུང་། ༈ གླེགས་བམ་དྲུག་པ་ལ། ཁ་བྱང་གནད་ཀྱི་ལྡེའུ་མིག །སྔགས་སྲུང་ཁྲོ་མོ་རལ་གཅིག་མའི་རྩ་བའི་རྒྱུད་དགྲ་བགེགས་སྒྲོལ་བྱེད་སྔགས་ཀྱི་སྤུ་གྲི་འབར་བ། སྔགས་སྲུང་མའི་ཡན་ལག་གི་རྒྱུད་དངོས་གྲུབ་འདོད་འཇོའི་ཕྲིན་ལས་ཀུན་འགྲུབ། རལ་གཅིག་མའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་བཀའ་གཏད་དང་འབྲེལ་བ། སྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་། སྔགས་སྲུང་རལ་གཅིག་མའི་མདུན་བསྐྱེད་གནམ་ལྕགས་ཐོག་མདའ། ཚོགས་མཆོད་བསོད་ནམས་རྒྱུན་བཟང་། སྔགས་སྲུང་གཙོ་མོའི་བསྐང་གསོལ་རྣལ་འབྱོར་འདོད་པའི་རེ་སྐོང་། བསྐང་བཤགས་ཉེས་ཀུན་སེལ་བྱེད། བསྐང་བསྡུས། སྲུང་ཟློག་གི་འདོན་སྒོམ་ཟབ་མོ་རིག་འཛིན་ཉི་གྲགས་གཏེར་བྱོན། རལ་གཅིག་ཕྱི་སྒྲུབ་མ་མོ་སྨན་བཙུན་ལྟར་སྒྲུབ་པའི་རིམ་པ། རལ་གཅིག་ནང་སྒྲུབ་ཕག་མོའི་སྒོམ་བཟླས། རལ་གཅིག་གསང་སྒྲུབ་མཁའ་འགྲོའི་ཐུགས་བཅུད། བསྐུལ་བ་དུག་གི་སྤུ་གྲི། སྡེ་བརྒྱད་བསྐུལ་བ་ཐོག་མདའི་རྣོ་དབལ། བསྒྲལ་ལས་རྡོ་རྗེའི་མཚོན་དབལ། ཟློག་པ་རྐྱེན་ངན་གཡུལ་འཇོམས། འགྲེས་བྱང་ཚན་གཉིས། ཁྱུང་ཟློག་ལྟས་ངན་ཀུན་འཇོམས། རྩང་ཟློག་མཚོན་ཆའི་འཁོར་ལོ། ཟ་ལམ། ཐན་འགྱེད་སྲིད་པའི་འཁྲུལ་སྣང་འཇིགས་རུང་། སྲོག་འཁོར་སྲུང་མའི་བླ་རྟེན། སྦྱིན་སྲེག་ལས་བཞིའི་འདོད་འཇོ། སྦྱིན་སྲེག་ཞལ་ཤེས། རལ་གཅིག་སྲོག་དབང་མཁའ་འགྲོའི་ཐུགས་བཅུད། ༧ དུད་སོལ་ལྷ་མོའི་བརྒྱུད་འདེབས་སྐྱབས་སེམས་བདག་བསྐྱེད་ཀྱི་རིམ་པ་རྡོ་རྗེའི་ཕ་ལམ་མགོ་སྤྲུལ་གྱིས་མཛད་པ། དུད་སོལ་ལྷ་མོའི་མཆོད་ཕྲེང་བར་ཆད་ཀུན་སེལ། དུད་སོལ་མའི་ཚོགས་མཆོད་འདོད་དོན་དཔལ་འབྱུང་། དཔལ་ལྡན་དུད་སོལ་ལྷ་མོའི་འཁྲུགས་བསྐང་རིམས་ནད་ཞི་མཛད་དོན་ཀུན་གྲུབ་པའི་དབྱངས་སྙན། དུད་སོལ་ལྷ་མོའི་འཁྲུགས་བསྐང་ཉེས་སྐྱོན་ཀུན་སེལ། གཡང་འགུགས་བདེ་སྐྱིད་དཔལ་འབྱུང་། དུད་སོལ་ལྷ་མོའི་བསྐུལ་བ་མེའི་སྤུ་གྲི། བསྐུལ་བ་དྲག་མེ་དམར་ནག བསྒྲལ་ལས་བརྒྱ་བྱིན་མཚོན་རྣོན། ཟློག་པ་གཉིས་འཐུང་མཚོན་འཁོར། སྔགས་སྲུང་མཐུ་ཆེན་རྒྱལ་མོ་ཉི་གྲགས་གསུང་། ལྷ་མོའི་གཏོར་མའི་རིམ་པ། ལས་ཚོགས་དཔག་བསམ་ལྗོན་ཤིང་། བླ་རྡོ་སྙིང་འཁོར་ནོར་བུའི་བང་བ། དཔལ་ལྡན་སྔགས་ཀྱི་སྲུང་མའི་དབང་བཤད་མདོར་བསྡུས་རིན་ཆེན་ཕྲེང་བ། དུད་སོལ་ལྷ་མོའི་སྲོག་གཏད་སྙིང་གི་དྭངས་མ། དབང་གི་མཐའ་རྟེན། ༈ རལ་གཅིག་གཏོར་འབུལ་རྒྱུན་ཁྱེར། རལ་གཅིག་གཏོར་འབུལ་བསྡུས་པ་ཆོས་མཐུན་ལས་འགྲུབ། དཔལ་ལྡན་དུད་སོལ་ལྷ་མོའི་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ། སྔགས་བདག་འབར་མའི་ཕྲིན་ལས་ལས་བཞི་ལྷུན་གྲུབ། དཔལ་ལྡན་ལྷ་མོའི་མངའ་གསོལ། དཔལ་ལྡན་ལྷ་མོའི་མཆོད་ཐབས་ཉུང་བསྡུས། དཔལ་ལྡན་ལྷ་མོ་ལ་དྲག་ཏུ་བསྐུལ་བ་ཕྲིན་ལས་ཀྱི་ཕོ་ཉ། ༈ རྩ་གསུམ་སྲུང་མའི་ཚོགས་མཆོད་བསམ་འཕེལ་ལྗོན་ཤིང་། རྩ་གསུམ་སྲུང་མའི་བསྐང་བསྡུས་ཡིད་བཞིན་འདོད་འཇོ། ཟབ་ཆོས་པདྨའི་ཐུགས་ཐིག་གི་བཀའ་གཏེར་སྲུང་མའི་མཆོད་ཐབས་ཕྲིན་ལས་མྱུར་འགྲུབ། བཀའ་གཏེར་སྲུང་མའི་མཆོད་ཐབས་བསྡུས་པ་ཧོར་བླས་མཛད་པ། མཚམས་ཐོ་དྲང་སྲོང་བདེན་པའི་སྤྲིང་ཡིག མཚམས་གཅོད་ཚིག་བཅད་གཅིག་མ། ༈ བསང་མཆོད་ཀྱི་སྐོར་ལ། བསང་མཆོད་ཁ་སྨོན་ཡིད་བཞིན་ཆར་འབེབས། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་པའི་བསང་མཆོད་ཡེ་ཤེས་བདུད་རྩིའི་བུམ་བཟང་། མགོན་པོ་ཚོགས་ཀྱི་བདག་པོའི་བསང་མཆོད་བསྡུས་པ་བདུད་རྩིའི་སྤྲིན་ཕུང་། སྙིང་ཐིག་རྩ་བའི་སྲུང་མ་མ་མགོན་ལྕམ་དྲལ་གྱི་བསང་ཡིག་བསྟན་སྲུང་དགྱེས་བསྐྱེད། རལ་གཅིག་མའི་བསང་མཆོད་བདུད་རྩིའི་ཟེགས་མ། རཏྣའི་གཏེར་བྱོན་གུ་རུ་དྲག་པོའི་བཀའ་གཏེར་སྲུང་མའི་བསང་མཆོད་འདོད་དོན་མྱུར་འགྲུབ། རྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད་བདུད་རྩིའི་ཆར་རྒྱུན། གཡུ་སྒྲོན་མའི་བསང་བསྡུས་མཆོད་པའི་ཟེགས་མ། ཡུལ་ལྷའི་མནོལ་བསང་བདུད་རྩིའི་རྒྱུན་འབེབས། ཡུལ་ལྷ་རྡོ་རྗེ་དབྱི་ཕྲོམ་གྱི་བསང་མཆོད་ཉུང་ངུར་བསྡུས་པ་བདུད་རྩིའི་སྤྲིན་ཕུང་། བསྟན་སྲུང་ནོར་བུ་ལྷ་རྩེའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་། གནས་ལུང་དཔལ་གྱི་རི་བོའི་ཡུལ་བདག་དབང་སྡུད་ལྷ་རྩེའི་བསང་མཆོད་བདུད་རྩིའི་ཆར་སྤྲིན། མཚོ་སྨན་རྒྱལ་མོའི་བསང་མཆོད་བདུད་རྩིའི་ཟེགས་མ། མཚོ་སྨན་རྒྱལ་མོའི་བསང་ཡིག་བདུད་རྩིའི་ཟེགས་མ། བྲག་དམར་རྨོག་མཐོའི་བསང་མཆོད་འདོད་དགུའི་སྤྲིན་ཕུང་། བབ་ཟིལ་ཡུལ་སྐྱོང་བསྟན་འཛིན་རྒྱལ་མཚན་གྱི་བསང་མཆོད་བདུད་རྩིའི་ཆར་སྤྲིན། ཡུལ་ལྷ་རྙི་བོ་སྤུན་གསུམ་གྱི་བསང་བསྡུས་བདུད་རྩིའི་ཟེགས་མ། འཆི་མེད་རྔ་སྒྲའི་གནས་བདག་གི་བསང་མཆོད་ཕན་བདེའི་སྤྲིན་ཕུང་། ཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་། ཡུལ་ལྷ་གཉན་པོ་བྲག་དཀར་གྱི་བསང་མཆོད་ཡིད་བཞིན་འདོད་འཇོ། རྡོ་རྗེ་ལྷ་རྩེའི་བསང་མཆོད་ཉེས་གྲིབ་དབྱིངས་སངས། ཆུ་དཀར་དུང་ཕྲེང་ནོར་བུའི་སྐ་རགས་ཅན་གྱི་བསང་མཆོད་ཕན་བདེའི་དྲི་བསུང་། ཡུལ་སྐྱོང་དངུལ་རྫིའི་བསང་གསོལ་ཕྲིན་ལས་མྱུར་འགྲུབ། སྐུ་བླ་ར་ཁང་གི་བསང་ཡིག་བསམ་འཕེལ་མྱུར་འགྲུབ། ཡུལ་ལྷ་ཁྲབ་གྱོན་གྱི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་། དགྲ་བླ་དུང་ཁྱུང་ཤེལ་གྱི་ཕྲེང་མཛེས་ཀྱི་བསང་མཆོད་འདོད་དོན་དཔལ་སྟེར། དགྲ་བླ་དུང་ཁྱུང་དཀར་པོའི་བསང་བསྡུས་བདུད་རྩིའི་ཆར་བསིལ། གཞི་བདག་བསང་བསྡུས་འདོད་དོན་ལྷུན་གྲུབ། ཡུལ་སྐྱོང་གནས་བདག་གསུམ་གྱི་བསང་དང་ཇ་མཆོད་གང་ལའང་ཁ་བསྒྱུར་ཆོག་པའི་མཆོད་གསོལ་ཀུན་བཟང་བདུད་རྩིའི་སྤྲིན་ཕུང་། ནོར་བདག་ཛམ་བྷ་ལའི་བསང་མཆོད་ཕན་བདེའི་དགའ་སྟོན་དཀོན་མཆོག་ཆོས་དབང་གིས་མཛད་པ། རྟ་བསང་། རྟ་ཁྲུས་བདུད་རྩིའི་རྒྱུན་བཟང་། བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་བསང་གསོལ་གང་ལའང་སྦྱར་ཆོག་པའི་ཕྲིན་བཅོལ་འཇིགས་བརྒྱད་མེ་ལྕེ་གཞིལ་བའི་ཆར་ཆེན། ༈ ཆོས་སྐྱོང་གསོལ་མཆོད་ཀྱི་སྐོར་ལ། དཔལ་ལྡན་མགོན་པོའི་གཏོར་འབུལ་བསྡུས་པ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོའི་མངའ་གསོལ་འདོད་དགུའི་དཔལ་སྟེར། ཁྱབ་འཇུག་ཆེན་པོའི་སྒྲུབ་ཐབས་དུག་གི་སྤུ་གྲི། གཟའ་གཏོར་རྒྱུན་ཁྱེར། དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་བ་ཡིད་བཞིན་དཔལ་སྟེར། ཕུར་སྲུང་མཆོད་པའི་ལས་རིམ་ཤིན་ཏུ་བསྡུས་པ་རྡོ་རྗེའི་ཐོག་དབལ་ཧོར་བླས་མཛད་པ། ཟབ་གཏེར་སྲུང་མ་ཙིའུ་དམར་པོའི་གཏོར་འབུལ། གནོད་སྦྱིན་ཙིའུ་དམར་པོའི་བསྐུལ་བ་ལོག་འདྲེན་གཡུལ་འཇོམས། གནོད་སྦྱིན་ཙི་མ་རའི་བསྐང་བ་དམ་ཅན་དགྱེས་པའི་མཆོད་སྤྲིན་ནགས་རྟ་མདོ་སྡེས་མཛད་པ། གཏེར་སྲུང་བཙན་རྒོད་ཀྱི་གསོལ་བསྡུས་འདོད་དོན་ལྷུན་འགྲུབ། སྲུང་མ་གྲི་བཙན་འབར་བའི་མངའ་གསོལ་རྡོ་རྗེའི་ཐ་ཚིག གཏེར་སྲུང་བཙན་རྒོད་ཀྱི་གསོལ་བསྡུས་རྡོ་རྗེའི་གླུ་གར། རཏྣའི་གཏེར་བྱོན་དམ་ཅན་ནོར་ལྷའི་མངའ་གསོལ་ཉུང་ངུ་རིན་ཆེན་ཕྲེང་མཛེས། ཆོས་སྐྱོང་སྤྱི་གསོལ་བསྡུས་པ། གཏོར་འབུལ་ཧོ་རྣམ་དག་སོགས། ཟ་ངུ་བསྡུས་པ། དམ་ཅན་རྒྱ་མཚོའི་སྐོང་བཤགས་གྲིབ་སེལ་གྱི་དམིགས་པ་དང་བཅས་པ་ཉམས་གྲིབ་དབྱིངས་སུ་བསལ་བའི་དྲི་བཞོན། ༈ གླེགས་བམ་བདུན་པ་ལ། སྔོན་འགྲོའི་ངག་འདོན་ཚངས་པའི་སྒྲ་དབྱངས། སྔོན་འགྲོ་ཚངས་པའི་སྒྲ་དབྱངས་ཀྱི་དོན་ཁྲིད་ལྷའི་རྔ་བོ་ཆེའི་གདངས་སྙན་སོག་པོ་ཀུན་དགས་མཛད་པ། འཕོ་བ་སྡིག་ཅན་མྱུར་གྲོལ། འཕོ་བ་སྡིག་ཅན་མྱུར་གྲོལ་གྱི་རེག་ཟིག་ཉུང་བསྡུས་སོག་པོ་ཀུན་དགས་མཛད་པ། ལམ་ཁྱེར་སྤྱོད་པ་དོན་ལྡན། བསྙེན་གནས་ཡན་ལག་བརྒྱད་པའི་མདོ་དོན་གསལ་བའི་མེ་ལོང་། བསྙེན་གནས་ཡན་ལག་བརྒྱད་ཀྱི་རྣམ་བཤད་ཉུང་ངུ་། སྔོན་འགྲོ་ཆོས་བཅུའི་ཀ་ཕྲེང་གི་སྐོར་ལ། དལ་འབྱོར་རྙེད་དཀའི་ཀ་ཕྲེང་ཆོས་ལ་བློ་སྤྲོ། ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་དགྲ་ཐབས་ཕྲིན་ཆ། ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་དགྲ་ཐབས་ཕྲིན་ཆ། ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་འཆི་བདག་ཡོད་པའི་བྱ་གཏོང་། ཡང་ཚེ་མི་རྟག་པར་སྟོན་པའི་ཀ་ཕྲེང་། འཁོར་བའི་ཉེས་དམིགས་ལ་གདམས་པའི་ཀ་ཕྲེང་དུག་སྦྲུལ་མཛུབ་སྟོན། ལས་རྒྱུ་འབྲས་ཀྱི་ཀ་ཕྲེང་མ་ནོར་ལམ་སྟོན། ལས་རྒྱུ་འབྲས་ཀྱི་ཀ་ཕྲེང་སྨན་དུག་གི་ཤན་འབྱེད། ཐར་བའི་ཕན་ཡོན་ལ་གདམས་པའི་ཀ་ཕྲེང་རིན་ཆེན་གླིང་དུ་བསྒྲོད་པའི་ཤིང་རྟ། ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་ཀ་ཕྲེང་ཐར་བའི་རྨིང་རྡོ། བྱང་ཆུབ་སེམས་བསྐྱེད་ཀྱི་ཀ་ཕྲེང་དཔག་བསམ་ལྗོན་ཤིང་། རྡོར་སེམས་སྒོམ་བཟླས་ཀྱི་ཀ་ཕྲེང་ཟླ་བ་སྤྲིན་གྲོལ། རྡོར་སེམས་སྒོམ་བཟླས་ཀྱི་ཀ་ཕྲེང་བདུད་རྩིའི་ཆུ་རྒྱུན། ཚོགས་བསགས་མཎྜལ་གྱི་ཀ་ཕྲེང་ཚོགས་གཉིས་སྤྲིན་ཕུང་ཡིད་བཞིན་ཆར་འབེབས། བླ་མའི་རྣལ་འབྱོར་གྱི་ཀ་ཕྲེང་ལམ་ཁྱེར་མན་ངག བླ་མའི་རྣལ་འབྱོར་གྱི་ཀ་ཕྲེང་བྱིན་འབེབས་དངོས་གྲུབ་བདུད་རྩིའི་བུམ་བཟང་། བསྟོད་སྨོན་གསོལ་འདེབས་ཀྱི་ཀ་ཕྲེང་སྐོར་ལ། ཚེ་རབས་གཏན་གྱི་སྐྱབས་གཅིག་ཨོ་རྒྱན་ཆེན་པོ་ལ་བསྟོད་པའི་ཀ་ཕྲེང་ངོ་མཚར་སྤྲིན་གྱི་རོལ་མོ། རྒྱལ་དབང་ཨོ་རྒྱན་ཆེན་པོར་བསྟོད་པའི་ཀ་ཕྲེང་ཕན་བདེའི་དཔལ་སྟེར། བླ་མ་མཚོ་སྐྱེས་རྡོ་རྗེར་བསྟོད་པའི་ཀ་ཕྲེང་། བླ་མ་པདྨ་འབྱུང་གནས་ལ་བསྟོད་པའི་ཀ་ཕྲེང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་མཚན། གུ་རུ་མཚན་བརྒྱད་ཀྱི་མངོན་རྟོགས་དང་ཅུང་ཟད་འབྲེལ་བའི་ཀ་ཕྲེང་བསྟོད་པ་ཀ་ལ་པིངྐའི་དབྱངས་སྙན། འཕགས་མ་སྒྲོལ་མ་དཔའ་མོ་ལ་བསྟོད་པའི་ཀ་ཕྲེང་བརྒྱ་བྱིན་ལྷ་ཡི་རྔ་སྒྲ། རྒྱལ་ཡུམ་ཨརྱ་ཏཱ་རེར་བསྟོད་པའི་ཀ་ཕྲེང་ཨུཏྤལ་ཆུན་པོ། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལ་བསྟོད་པའི་ཀ་ཕྲེང་ཀ་ལ་པིངྐའི་མགྲིན་གླུ། འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པའི་ཀ་ཕྲེང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས། འཇམ་དབྱངས་ལ་བསྔགས་པའི་ཀ་ཕྲེང་པདྨའི་ཕྲེང་མཛེས། གསང་བདག་རྡོ་རྗེ་འཛིན་པ་ལ་བསྟོད་པའི་ཀ་ཕྲེང་རྡོ་རྗེ་སྲིན་པོའི་བཞད་གླུ། དུད་སོལ་མའི་བསྟོད་པའི་ཀ་ཕྲེང་རྡོ་རྗེ་སྲིན་མོ་ཁྲོས་པའི་ང་རོ། ཆོས་མཐུན་གྱི་ནོར་རྫས་ཡིད་ལ་གང་བསམ་འབད་མེད་དུ་འབྱུང་བའི་གསོལ་འདེབས་ནོར་བུའི་ལྕགས་ཀྱུ། སྐྱབས་ཡུལ་དམ་པ་རྣམས་ཀྱི་གསོལ་འདེབས་ཀ་ཕྲེང་། རང་གི་བླ་མའི་གྲངས་རྩིས་མི་བརྗེད་པའི་ཀ་ཕྲེང་སྐྱོ་གྲོགས་འཛུམ་ཞལ། སྤྲང་བན་རྒྱ་སྤྲུལ་གྱི་བླ་མ་རྣམས་ཀྱི་ངོས་འཛིན་ཀ་ཕྲེང་ཡ་མཚན་མཛུབ་སྟོན། རྡོ་གྲུབ་དབང་རིན་པོ་ཆེ་ལ་བསྟོད་པའི་ཀ་ཕྲེང་ཟླ་བའི་སྲིང་མོའི་དགྱེས་གླུ། རྗེ་བླ་མ་རྡོ་གྲུབ་རིན་པོ་ཆེ་ལ་བསྟོད་པའི་ཀ་ཕྲེང་། རྩ་བའི་བླ་མ་རྫོགས་སྤྲུལ་བཞི་པ་ལ་བསྟོད་པའི་ཀ་ཕྲེང་ཚངས་པའི་གླུ་དབྱངས། རྩ་བའི་བླ་མ་རྫོགས་སྤྲུལ་རིན་པོ་ཆེ་ལ་བསྟོད་པའི་ཀ་ཕྲེང་རྡོ་རྗེ་གླུ་མའི་རྒྱུད་མང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་བསྟོད་པའི་ཀ་ཕྲེང་སྐྱེ་བ་ལྔ་བའི་དུང་དཀར་སྒྲ་སྙན། རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་ལ་བསྟོད་པའི་ཀ་ཕྲེང་བློ་གསལ་རྨ་བྱ་དགའ་བའི་སྤྲིན་གྱི་གླུ་དབྱངས། སྨར་ཁམས་བླ་མ་འཇམ་དབྱངས་རིན་པོ་ཆེ་ལ་བསྟོད་པའི་ཀ་ཕྲེང་བུང་བ་གཞོན་ནུའི་མགྲིན་གླུ། སྐྱབས་རྗེ་རིག་འཛིན་རྒྱ་མཚོར་བསྔགས་པའི་ཀ་ཕྲེང་། ཚོགས་གླུའི་ཀ་ཕྲེང་། ཞལ་གདམས་ཀ་ཕྲེང་གི་སྐོར་ལ། དབོན་རིན་པོ་ཆེའི་ཞུས་ལན་རང་སྐྱོན་རྐུན་མ་མཛུབ་ཚུགས་ཀྱི་ཀ་ཕྲེང་། དམ་པའི་རྟགས་སྟོན་གྱི་ཀ་ཕྲེང་ཙན་དན་དྲི་བསུང་། ལྕམ་སྤྲུལ་པདྨ་བསྟན་འཛིན་ལ་གདམས་པའི་ཀ་ཕྲེང་སྔོན་མ། ལྕམ་སྤྲུལ་ལ་སྤྲིང་པའི་ཀ་ཕྲེང་རྗེས་མ། གསུང་ཚུལ་བརྒྱད་ཀྱི་ཀ་ཕྲེང་ལྷ་གྲོགས་ཡེ་ཤེས་རྡོ་རྗེ་ལ་གདམས་པ། གྲོགས་ལ་གདམས་པའི་ཀ་ཕྲེང་། སློབ་བུ་རིག་འཛིན་བཟང་པོ་ལ་གདམས་པའི་ཀ་ཕྲེང་། ཆོས་དང་མཐུན་པའི་གཏམ་གྱིས་གདམས་པའི་ཀ་ཕྲེང་། བཛྲ་མངྒ་ལ་གདམས་པའི་ཀ་ཕྲེང་། སློབ་བུ་རིག་འཛིན་རྡོ་རྗེར་གདམས་པའི་ཀ་ཕྲེང་། རང་སློབ་བན་རྒན་རྣམས་ལ་གདམས་པའི་ཀ་ཕྲེང་། སོ་སོར་གདམས་པའི་ཀ་ཕྲེང་ཐ་མ། རང་དང་མཛའ་བའི་གྲོགས་སྐྱ་སེར་རྣམས་ལ་འབེལ་བའི་གཏམ་གཟུ་བོའི་ལམ་སྟོན། བསྟོད་ཚོགས་གསོལ་འདེབས་ཀྱི་སྐོར་ལ། རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་སྙན་ངག་ཀུན་ཏུ་བཟང་པོའི་འཁོར་ལོ་ལྷ་བརྒྱའི་གཙུག་གི་ནོར་བུ། ལྷ་མོ་འོད་ཟེར་ཅན་མ་ལ་བསྟོད་པ་བ་ལང་གི་འགྲོས་ལྟ་བུའི་འཁོར་ལོ་བྱས་པ་ཉི་ཟླའི་ཟེར་ཕྲེང་། རྗེ་བཙུན་འཇམ་པའི་དབྱངས་ལ་བསྔགས་པ་རྡོ་རྗེ་དབྱངས་ཀྱི་རྒྱལ་མོའི་རྒྱུད་མང་། སྐྱབས་ཀུན་འདུས་པའི་བདག་ཉིད་ཨོ་རྒྱན་ཆེན་པོ་ལ་ངེས་དོན་གཏམ་རྒྱུད་དང་འབྲེལ་བའི་སྒོ་ནས་བསྟོད་སྨོན་ཤེས་ལྡན་སྙིང་གི་མུན་སེལ། ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བདུད་རྩིའི་ཟེགས་མ། གུ་རུའི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ། གུ་རུའི་གསོལ་འདེབས་བར་ཆད་དབྱིངས་གྲོལ། གུ་རུའི་གསོལ་འདེབས། གུ་རུའི་རྣམ་ཐར་གསོལ་འདེབས་བར་ཆད་འཕྲང་སྒྲོལ་ཐུགས་རྗེའི་སྐྱེལ་མ། ཚེས་བཅུའི་དུས་དྲན་གསོལ་འདེབས། བསམ་པ་ལྷུན་གྲུབ་ལས་ཚོགས་བཅུ་གསུམ་ལ་བསྟོད་པ་ཡིད་བཞིན་ནོར་བུ། གུ་རུ་ཡབ་ཡུམ་གྱི་གསོལ་འདེབས། ཚེས་བཅུའི་དུས་དྲན་གསོལ་འདེབས་བསྡུས་པ། སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ་གསོལ་བ་འདེབས་པ་དད་པའི་སྤྲིན་ཕུང་། གུ་རུའི་གསོལ་འདེབས་ཚིག་གཅིག་མ། མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་དྲན་པས་གདུང་སེལ། མཁན་སློབ་ཆོས་གསུམ་དང་ལུང་རིག་གླིང་བའི་གསོལ་འདེབས། མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས། རྩ་གསུམ་སྲུང་མའི་གསོལ་འདེབས། འཕགས་བོད་ཀྱི་པཎ་གྲུབ་སྤྱི་དང་རྗེ་འབངས་ཉེར་ལྔའི་གསོལ་འདེབས། གསོལ་འདེབས་བྱིན་རླབས་མྱུར་འཇུག བླ་མ་དམ་པ་རྣམས་དང་རྡོ་རྗེའི་སྤུན་གྲོགས་ཡང་དག་པ་རྣམས་ལ་གསོལ་འདེབས་སྨོན་ཚིག བླ་མ་རྒྱང་འབོད་དང་འབྲེལ་བའི་སྤྲུལ་སྐུ་མྱུར་འབྱོན་བུ་གཅིག་མ་ཡི་གདུང་དབྱངས། ཡུལ་དམ་པ་རྣམས་ལ་གསོལ་འདེབས་བྱིན་རླབས་སྒྲ་དབྱངས། རྩ་བ་གསུམ་གྱི་གསོལ་འདེབས་བྱིན་རླབས་འགུག་པའི་ལྕགས་ཀྱུ། ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་རང་མདངས། ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་མཆོད་སྤྲིན། གང་ལ་སྦྱར་དུ་རུང་བའི་གསོལ་འདེབས་བདུད་རྩིའི་ཐིགས་པ། གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས་པ། རྫོགས་སྤྲུལ་བཞི་པའི་གསོལ་འདེབས་ཉུང་བསྡུས། བླ་མ་རྒྱང་འབོད་ཀྱི་མགུར་དབྱངས་བྱིན་རླབས་སྤྲིན་ཕུང་། གསང་ཆེན་བསྟན་པའི་སྲོག་ཤིང་བླ་མ་རིན་པོ་ཆེའི་ཞབས་བརྟན་འཆི་མེད་བདུད་རྩིའི་བུམ་བཟང་། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས། གདུང་འབོད་རེ་སྨོན། དགའ་སྟོན་ཚོགས་ཀྱི་གླུ་དབྱངས། ཚོགས་ཀྱི་གླུ་དབྱངས་ཞལ་གདམས་དང་འབྲེལ་བ། ཉམས་མགུར་རྡོ་རྗེའི་དོ་ཧ། གནས་ཕྲན་འགའ་ཡི་སྡོམ་ཚིག སྤོ་མཐོ་བྲག་དམར་གྱི་ཡང་དབེན་སྒྲུབ་གནས་དབང་ཆེན་ཙན་ཏན་རྫོང་ལ་བསྟོད་པ་ལེགས་སྨོན་སྤྲིན་གཞོན་དཀར་པོའི་ཟློས་གར། མདོ་སྨད་ས་ཡི་ཐིག་ལེ་བཀྲ་ཤིས་འཆི་མེད་དགའ་ཚལ་གྱི་གནས་ལ་མངོན་པར་བསྟོད་པ་རྡོ་རྗེ་གླུ་མའི་རྒྱུད་མང་། སྨོན་ལམ་དགོན་གྱི་གནས་བསྟོད་རྨད་བྱུང་མ། ངེས་ལེགས་གནས་ཀྱི་རང་བཞིན་བརྗོད་པ། ཀ་ཀོང་སེང་གེ་ཡང་རྫོངས་ཀྱི་གནས་འདུས་ཕན་ཡོན། རང་ལ་གྲོས་འདེབས་ཀྱི་མགུར་དྲན་པའི་བསྐུལ་མ། རང་ལ་གདམས་པའི་གླུ་དབྱངས་བརྩོན་པའི་ལྕགས་འདེབས། རང་ལ་གྲོས་གདབ་ཚིག་གསུམ་བཅུད་དྲིལ། རྫོགས་ཆེན་གནད་ཀྱི་མན་ངག་གི་དྲིས་ལན། ཏིང་འཛིན་རྣམ་གསུམ་གྱི་གོ་དོན་མདོར་བསྡུས། ཞལ་གདམས་བླང་དོར་རབ་གསལ། ཞལ་གདམས་སྙིང་པོ་ལེགས་པའི་ལམ་སྟོན། བུད་མེད་ཀྱི་ཉེས་པ་བརྗོད་པའི་གཏམ། སོ་ཐར་གྱི་ཕམ་ལྟུང་གསུམ་པའི་ཉེས་པ་སྤོང་བའི་གཏམ་རྒྱལ་བསྟན་མཛེས་པའི་རྒྱན་ཕྲེང་། མཐོང་ཆོས་བཅུ་བཞིའི་གླུ་དབྱངས། འཁོར་བའི་སྡུག་བསྔལ་དང་འབྲེལ་བའི་ཞལ་གདམས། འཁོར་བའི་མཚང་སྟོན་སྐྱོ་བའི་མགུར་མ། ཞལ་གདམས་མན་ངག་ཀུན་འདུས། རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཞལ་གདམས་བདུད་རྩིའི་ཐིགས་པ། སྔོན་འགྲོའི་མན་ངག་དང་འབྲེལ་བའི་ཞལ་གདམས་ཉུང་ངུ་། རྩ་བའི་བླ་མ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཡང་སྲིད་རིན་པོ་ཆེའི་མདུན་དུ་གསོལ་བ་གདབ་པའི་ཞུ་ཡིག མཆོག་གཟིགས་སྤྲུལ་པའི་སྐུ་ཐུབ་དབང་བསྟན་པའི་ཉི་མའི་མདུན་དུ་གསོལ་བ་གདབས་པའི་ཞུ་ཡིག ༈ གླེགས་བམ་བརྒྱད་པ་ལ། རྒྱ་སྤྲུལ་མིང་གི་རྣམ་ཐར་ཉུང་ངུར་བསྡུས་པ་སྐལ་ལྡན་ཡིད་ལ་འཐད་པའི་གླུ་དབྱངས། སྙིགས་དུས་ཀྱི་སྤྲུལ་མིང་པ་པདྨ་དོན་ལྡན་རྩལ་དུ་འབོད་པའི་རྣམ་ཐར་གསོལ་འདེབས་ཉུང་ངུར་བསྡུས་པ་དད་པའི་འཁྲི་ཤིང་། རྒྱལ་བའི་སྲས་པོ་སྐལ་ལྡན་ལུང་རིག་གླིང་བའི་སྐྱེ་ཕྲེང་གསོལ་འདེབས་ཐར་ལམ་སྣང་བྱེད། རིག་འཛིན་ལུང་རིག་གླིང་པ་ཉིད་ཀྱི་སྐྱེ་ཕྲེང་གསོལ་འདེབས་ལས་ཅན་སྙིང་གི་དགའ་སྟོན། སྐྱེ་ཕྲེང་གསོལ་འདེབས་དོན་གཉིས་ཤིང་རྟ། གྲུབ་དབང་རྫོགས་ཆེན་རིན་པོ་ཆེས་ལུང་བསྟན་པ་ལྟར་གྱི་སྐྱེ་ཕྲེང་གསོལ་འདེབས། སྐལ་ལྡན་ལུང་རིག་གླིང་པའི་སྐྱེ་ཕྲེང་གསོལ་འདེབས་རྫོགས་སྤྲུལ་བཞི་པའི་གསུང་སོར་བཞག་ཁ་སྐོང་གིས་བརྒྱན་པ་ནོར་བུའི་ཕྲེང་བ། རྗེ་ལུང་རིག་གླིང་པ་ཉིད་ཀྱི་གསོལ་འདེབས་དང་སྨོན་ལམ་གྱི་སྐོར་ཐོར་བུ། ༼གསོལ་འདེབས་ཚན་པ་ཉི་ཤུ་ཙམ་ཡོད། མཆན།༽ སྐྱབས་རྗེ་རིན་པོ་ཆེའི་གསོལ་འདེབས་ཐོས་པས་རྣམ་གྲོལ། དཔལ་ལྡན་བླ་མའི་གསོལ་འདེབས་སྐལ་བཟང་ཡིད་ལ་འཐད་པའི་བཻཌཱུརྱའི་དོ་ཤལ། རྒྱ་སྤྲུལ་ལུང་རིག་གླིང་པའི་ཞབས་བརྟན་གསོལ་སྨོན། རྒྱ་སྤྲུལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་གདོང་ལྔའི་སྒྲ་དབྱངས་ནགས་རྟ་མདོ་སྡེས་མཛད་པ། ཆོས་ཚན་ཉེར་ལྔའི་ཐེམས་ཡིག་དྭངས་ཤེལ་མེ་ལོང་། གནད་བྱང་སྙིང་པོའི་དོན་གསལ་ཐུགས་ཀྱི་མེ་ལོང་། ཁ་བྱང་གསལ་བ་སྙིང་པོའི་ལྡེ་མིག ལུང་རིག་གླིང་པ་ཉིད་ལ་དགོངས་གཏེར་ཇི་ལྟར་བབས་ཚུལ། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད། རྒྱ་སྤྲུལ་རང་གི་སྐྱེ་བརྒྱུད་བརྟགས་པའི་ལུང་བྱང་། ལུང་རིག་གླིང་པའི་སྐུ་ཚེའི་རྣམ་ཐར་ལུང་བསྟན། རྒྱ་སྤྲུལ་མིང་པ་རང་ཉིད་ལ་བརྟག་པ་བགྱིས་ནས་བྲིས་པའི་བརྡ་ལུང་། ཆོས་ཀྱི་བདག་པོ་ས་ར་ཧི་ཏའི་སྐྱེ་ཕྲེང་དང་གཏེར་གྱི་ཁ་བྱང་ལས་བྱུང་བའི་ལུང་བསྟན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་རིག་འཛིན་བླ་མའི་ཞལ་ལུང་། ཧོར་བླ་གཞན་ཕན་བཟང་པོའི་སྐུ་ཚེའི་ལུང་བྱང་། ཧོར་བླ་གཞན་ཕན་བཟང་པོ་ལ་བརྟགས་ལུང་གནང་བ། ཆོས་ཀྱི་བདག་པོ་ཧོར་བླ་མ་གཞན་ཕན་བཟང་པོ་ལ་བརྟགས་ལུང་གནང་བ་རིག་རྩལ་ཌཀྐིའི་བརྡ་གླུ། ཧོར་བླའི་སྐུ་རིམ་ལུང་བྱང་། རིག་འཛིན་དབང་ཆེན་སྔགས་བདག་གླིང་པའི་སྐྱེ་ཕྲེང་དང་སྐུ་རིམ་ལུང་བསྟན་ཉུང་བསྡུས། ཆོས་ཀྱི་བདག་པོ་ཀརྨ་ཆོས་སྐྱོང་གི་སྐྱེ་ཕྲེང་ལུང་བསྟན། ངེས་ལེགས་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་ངོས་འཛིན་གྱི་ལུང་བྱང་། སྐུ་སྐྱེས་དམ་པ་འོད་གསལ་ལ་བར་ཆད་ཡོད་མེད་བརྟགས་པ་ཉམས་དངས་པའི་མེ་ལོང་ལ་བཟོ་མེད་དུ་ཤར་བ། དགེ་སྦྱོང་ཐུབ་བསྟན་ལ་ལུང་དུ་བསྟན་པ། མདོ་སྔགས་ལ་གདམས་པ་དང་འབྲེལ་བའི་བརྟགས་ལུང་གནང་བ། བསོད་ནམས་ཕུན་ཚོགས་ལ་གནང་བའི་གདམས་པ་དང་འབྲེལ་བའི་ལུང་བྱང་། སྐལ་ལྡན་ལ་གནང་བའི་ཞལ་གདམས་དང་བརྟགས་ལུང་། ཕྲིན་ལས་ལ་གནང་བའི་བརྟགས་ལུང་། ཀརྨ་དོན་གྲུབ་ལ་གནང་བའི་ལུང་བྱང་། ཆོས་བདག་ཞིག་ལ་བསྩལ་བའི་ལུང་བྱང་། འཛམ་ཐང་ཕྱོགས་ཀྱི་ཆོས་བདག་བླ་མ་ཡེ་ཤེས་ལ་བསྩལ་བའི་ལུང་བྱང་། ཡང་ཆོས་བདག་ཞིག་ལ་བསྩལ་བའི་ལུང་བྱང་། བདེ་ལྡན་ལ་བརྟགས་ལུང་གནང་བ། ཆུང་སྤྲུལ་ཞིག་ལ་བརྟགས་ལུང་ཕབ་པ། བཟང་པོ་ལ་གནང་བའི་ལུང་བྱང་། འཇིགས་མེད་རང་གྲོལ་ལ་བསྩལ་བའི་ལུང་བྱང་། སྤྲུལ་སྐུ་བྷ་ཝ་ལ་བརྟགས་ལུང་གནང་བ། ལུང་ཟིན་སྐལ་ལྡན་ཞིག་གི་དྲིས་ལན་ལུང་བསྟན། སྤྲུལ་སྐུ་ཞིག་ལ་བསྩལ་བའི་བརྟགས་ལུང་། སྐལ་ལྡན་སྐྱེས་བུ་ཞིག་ལ་བསྩལ་བའི་ལུང་བྱང་། ཆོས་བདག་སློབ་བུ་ཞིག་ལ་བསྩལ་བའི་ལུང་བྱང་། ལུང་ཟིན་སྐལ་ལྡན་ཞིག་ལ་བསྩལ་བའི་བརྟགས་ལུང་། དམ་པ་ཞིག་གི་མཛད་པ་ལ་བར་ཆད་བཟློག་པའི་བརྟགས་ལུང་། བརྟགས་ལུང་མཇུག་མི་ཚང་བ་ཞིག རྒྱ་བླ་བྲང་ལ་ལུང་བསྟན་སྐུ་རིམ། ངེས་ལེགས་བླ་བྲང་གི་བརྟགས་ལུང་། གསེར་རྟའི་བརྟགས་ལུང་། རྩང་སྟོད་སྨད་ཀྱི་བརྟགས་ལུང་ཤོག་བྱང་། གཡུ་ཁོག་དཔོན་ཚང་ལ་བརྟགས་ལུང་གནང་བ། ཁྲོ་སྐྱབས་རྒྱལ་པོར་བརྟགས་ལུང་ཕུལ་བ། རི་ཁྲོད་གསར་བཞེངས་བརྟགས་ལུང་། མ་འོངས་ལུང་བསྟན། ལུང་བསྟན་སྙིགས་མའི་འགྲོ་སྐྱོབ། ༧ སྨན་བཙུན་མའི་ཤོ་མོ་ཅུང་ཟད་རྒྱས་སུ་བཏང་བ་ཐེ་ཚོམ་མུན་སེལ། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ཆར་འབེབས་ལ་ཉེ་བར་མཁོ་བའི་ཟུར་འགེབས་སྤྲིན་གྱི་བླ་བྲེ། བླ་མ་དགོངས་པ་འདུས་པ་ལས་ཆར་ཆོག་ལྷན་ཐབས་སྙན་གསན་དབབ་པ། ཆར་ཆོད་ཀྱི་རིགས་ལ་ཉེ་བར་མཁོ་བའི་གསོལ་འདེབས་འདོད་གསོལ་མེ་རླུང་འཁྲིགས་པའི་ཕྲེང་བ། ཆར་ཆོད་བསྐལ་མེའི་ཕྲེང་བ། སེར་སྲུང་རབ་འཇིགས་བསྐལ་མེའི་ཚ་ངར། སད་སྲུང་ཕན་བྱེད་སྤྲིན་གྱི་བླ་བྲེ། ཐོག་སྲུང་རྡོ་རྗེའི་གུར་ཁང་། ཉེར་མཁོ་སྣ་ཚོགས། སེར་སྲུང་། ལོ་ཏོག་ལ་གནོད་པའི་རིགས་ལ་བཀའ་བསྒོ་བ། སེར་སྲུང་བཀའ་བསྒོ། དབྱི་སུམ་པ་ལ་མཛད་པའི་སེར་ཐོ་ཚན་པ་གཉིས། ལས་སྦྱོར་མན་ངག་བཟའ་ཚང་ཟླ་གསུམ་མ་ ༧ གཤིན་པོར་འཕོ་ལུང་མཚམས་སྦྱོར་དང་བཅས་པ་ཡིད་ཆེས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་སྲིད་གསུམ་རང་གྲོལ། འཕོ་བའི་མཚམས་སྦྱོར་ཨུཏྤལ་འདབ་རྒྱས་ཧོར་བླས་མཛད་པ། དམ་ཆོས་ཡང་ཟབ་པདྨའི་ཐུག་ཐིག་གི་ཆ་ལག་སྡིག་ཅན་གཤིན་པོའི་འཕོ་ལུང་མགོ་སྤྲུལ་གྱིས་མཛད་པ། ཚོགས་གཉིས་གོང་འཕེལ་གླིང་གི་བསྟན་པ་རྒྱས་བྱེད་སྨོན་ལམ། རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་རིག་འཛིན་ལུང་རིག་གླིང་པའི་བསྟན་པ་རྒྱས་པའི་སྨོན་ལམ་པདྨའི་མིང་གིས་མཛད་པ། བསྟན་པ་རྒྱས་བྱེད་ཀྱི་སྨོན་ལམ་བདེན་ཚིག་གྲུབ་པ་ཧོར་བླ་དང་ཏྲ་ཡས་མཛད་པ་བཅས་སོ།།

སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་བསྟན་པ།

༈ གསུམ་པ་སྨིན་གྲོལ་མན་ངག་གི་བླ་མ་བརྒྱུད་པའི་རིམ་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རིག་འཛིན་ལུང་རིག་གླིང་པ། འགྱུར་མེད་བློ་གྲོས་མཐའ་ཡས། ཀེ་འཕན་བླ་མ་ཁྱེའུ་ཐར། གཡུ་རོང་བླ་མ་རིག་འཛིན་རྒྱ་མཚོ། གར་དབང་རྒྱལ་མཆོག་གླིང་པའམ་སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེ། མཆོག་སྤྲུལ་རྟ་ཁྱུང་རིན་པོ་ཆེས་རིམ་པ་བཞིན་ཡ་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་། གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་། གཡུ་རོང་བསྐོས་ལེགས་དགོན་ཚོགས་གཉིས་གོང་འཕེལ་གླིང་རྣམས་སུ་འདུས་པའི་སྡེ་དུ་མར་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་ཐེངས་གསུམ་དུ་སྤེལ་བར་མཛད་དོ།། སླར་སྨྲས་པ། ཡེ་ཤེས་རྡོ་རྗེའི་སྐུ་ཡིས་བྱིན་གྱིས་བརླབས། །ནམ་མཁའི་རྡོ་རྗེའི་གསུང་གི་ལུང་བསྟན་ཐོབ། །བྱང་ཆུབ་རྡོ་རྗེའི་ཐུགས་ཀྱིས་རྗེས་སུ་བཟུང་། །སྤྲུལ་པའི་གཏེར་སྟོན་ཆེན་པོ་སླར་ཡང་དྲན། །མདོ་ཁམས་གཡུ་ལུང་ས་ཡི་ཐིག་ལེ་རུ། །མགོན་ཁྱོད་མཚན་དཔེའི་མེ་ཏོག་བཞད་དང་ལྷན། །ངེས་གསང་སྙིང་པོའི་བསྟན་པ་ཆེར་རྒྱས་པའི། །གྲགས་པའི་དུང་སྒྲ་ད་དུང་སྲིད་ན་སྙན། །གང་སྐུ་ཞི་བར་གཟིམ་པའི་ཚུལ་བསྟན་ཀྱང་། །དགོངས་གཏེར་ཆོས་མཛོད་ཐང་མར་བརྡལ་བ་ཡི། །ཕྲིན་ལས་སྣང་བས་ནོར་འཛིན་མཛེས་བྱས་པའི། །གཞལ་དུ་མེད་པའི་བཀའ་དྲིན་སྙིང་ལ་ལྕི། །གྲགས་ཕྱིར་མ་ཡིན་རྙེད་པ་འཐོབ་ཕྱིར་མིན། །གཞན་ལ་ཕན་པའི་བསམ་པ་ཡོད་མིན་ཀྱང་། །དགོངས་གཏེར་ཟབ་མོ་ཕྱོགས་གཅིག་བསྡུ་བའི་ཁུར། །ལས་དང་སྨོན་ལམ་དབང་གིས་བདག་ལ་ཐོབ། །སྲིད་པའི་གཡུལ་ངོ་བཟློག་པའི་དུས་བབ་ཆོས། །ཉེ་བརྒྱུད་གཏེར་ཀྱི་བྱིན་ནུས་བླ་ན་མེད། །སྤྲིན་བྲལ་ཉི་མ་བྱེ་བའི་གཟི་དཔལ་ཅན། །མི་ནུབ་སྲིད་མཐའི་བར་དུ་གསལ་གྱུར་ཅིག །

འདིར་འབད་རྣམ་པར་དཀར་བའི་དགེ་བས་མཚོན། །དུས་གསུམ་བསགས་པའི་ལེགས་བྱས་ཉལ་འགྲོའི་རྒྱུན། །དམིགས་བྲལ་འཁོར་གསུམ་དག་པའི་རྒྱས་གདབ་ནས། །ཆོས་དབྱིངས་གདོད་མའི་རྒྱ་མཚོར་ཀུན་ནས་བསྡོམས། །ཟབ་ཆོས་འདི་ཉིད་ཕྱོགས་གཅིག་བསྡུས་པའི་དགེས། །རྒྱལ་བསྟན་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །སྐྱེ་དགུ་བདེ་ཞིང་ནད་མུག་མཚོན་འཁྲུག་ཞི། །རྫོགས་ལྡན་གསར་བའི་དགའ་སྟོན་མངོན་གྱུར་ཅིག །བརྒྱུད་གསུམ་བླ་མའི་བྱིན་རླབས་སྤྲིན་ཕུང་འཁྲིགས། །ཡི་དམ་ཌཱཀྐིས་དངོས་གྲུབ་སྦྲང་ཆར་འབེབས། །ཆོས་སྐྱོང་སྲུང་མས་ཐོགས་མེད་ཕྲིན་ལས་བསྒྲུབ། །ཟབ་གཏེར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཞེས་རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་དཀར་ཆག་ཨུཏྤལ་ཕྲེང་བ་ཞེས་བྱ་བ་འདི་ནི་གཡུ་ཁོག་ཡི་དམ་རྡོ་རྗེར་འབོད་པས་གཏེར་ཆོས་ཡོངས་རྫོགས་རྩིས་འཕྲུལ་དུ་ཕབ་བསྡུ་ཞུ་དག་བཅས་གཅིག་ལྕོགས་སུ་བགྱི་བའི་ཞོར་དུ་བྲིས་ནས་ལྕགས་བྱི་ས་ག་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་མཇུག་གྲུབ་པར་བགྱིས་པ་ཤིན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག ། དགེའོ།། དགེའོ༎ དགེའོ༎

མཚན་བརྒྱད་ཆོ་གའི་བརྒྱུད་འདེབས་ཉུང་ངུ་བྱིན་རླབས་ཆུ་རྒྱུན།

༄༅།། མཚན་བརྒྱད་ཆོ་གའི་བརྒྱུད་འདེབས་ཉུང་ངུ་བྱིན་རླབས་ཆུ་རྒྱུན་བཞུགས། ཨོཾ་ཨཱ༔ཧཱུྃ། ཆོས་སྐུ་ཀུན་བཟང་རྡུལ་སྙེད་ཞིང་གི་འཁོར། །རྒྱལ་བ་དགོངས་བརྒྱུད་བླ་མར་གསོལ་བ་འདེབས། །ལོངས་སྐུ་རིགས་ལྔ་ས་བཅུའི་སེམས་དཔའི་འཁོར། །རིག་འཛིན་བརྡ་བརྒྱུད་བླ་མར་གསོལ་བ་འདེབས། །སྤྲུལ་སྐུ་པད་འབྱུང་རྗེ་འབངས་གྲོགས་ཀྱི་འཁོར། །གང་ཟག་སྙན་བརྒྱུད་བླ་མར་གསོལ་བ་འདེབས། །ཀུན་བཟང་གཞན་ཕན་དག་སྣང་རིག་རྩལ་འཁོར། །སྨོན་ལམ་དབང་བསྐུར་བརྒྱུད་པར་གསོལ་བ་འདེབས། །པདྨས་ལུང་བསྟན་མཚོ་རྒྱལ་གཉེར་དུ་གཏད། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པར་གསོལ་བ་འདེབས། །དད་མོས་གསོལ་བཏབ་ལས་འཕྲོ་གཏེར་ལ་དབང་། །ཐུགས་རྗེ་བྱིན་རླབས་བརྒྱུད་པར་གསོལ་བ་འདེབས། །ལུང་རིག་རྩལ་ལས་ཟབ་ཆོས་བརྡ་རིས་འགྲོལ། །ཚད་མ་གསུམ་ལྡན་གདམས་པར་གསོལ་བ་འདེབས། །ཟབ་གསང་ཆོས་ཀྱིས་འགྲོ་ཀུན་ཐར་ལམ་འདྲེན། །ཆོས་བདག་བརྒྱུད་འཛིན་ཡོངས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བཏབ་བྱིན་རླབས་ནུས་པའི་མཐུས། །མ་དག་ཕུང་ཁམས་བསྐྱེད་རྫོགས་ལམ་གྱིས་སྦྱངས། །སེམས་ཉིད་འོད་གསལ་གདོད་མའི་པད་འབྱུང་ཞལ། །ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས།། ཞེས་པ་རྒྱུན་ཁྱེར་དུ་གཞན་ལ་ཕན་པའི་ཐུགས་བཞེད་ལྟར་རྒྱ་སྤྲུལ་མིང་པས་སྨྲས་པ་དགེ་བར་གྱུར་ཅིག །ཛ་ཡནྟུ།

མཚན་བརྒྱད་ཀྱི་བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་མཛེས།

༄༅། གུ་རུ་མཚན་བརྒྱད་ཀྱི་བརྒྱུད་འདེབས་བྱིན་རླབས་ནོར་བུའི་ཕྲེང་མཛེས་བཞུགས།

ཨེ་མ་ཧོ། སེམས་ཉིད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་། །ཉིད་ལས་མི་གཞན་སངས་རྒྱས་བྱང་ཆུབ་སེམས། །སྒྲ་ཚིག་བརྗོད་བྲལ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །རིག་རྩལ་ལོངས་སྐུའི་སྟོན་པ་རིགས་མཆོག་ལྔ། །འཁོར་གྱི་གཙོ་བོ་གསང་འཛིན་རྡོ་རྗེ་ཆོས། །ས་བཅུའི་དབང་ཕྱུག་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །ཐུགས་རྗེ་སྤྲུལ་སྐུའི་སྟོན་པ་པདྨ་འབྱུང་། །རྗེ་འབངས་གྲོགས་གསུམ་བཀའ་བབ་མི་དགུ་སོགས། །སྒྲ་དག་དབྱངས་གསལ་སྙན་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །སྔོན་སྨོན་དུས་བབ་དག་སྣང་ཆོས་གཏེར་རྡོལ། །བསྐུལ་ཞིང་གསོལ་བཏབ་ཐུགས་རྗེས་རྗེས་སུ་བཟུང་། །ཀུན་བཟང་གཞན་ཕན་ལུང་རིག་གླིང་པ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །དགོངས་པའི་སྒྲོམ་དུ་དབྱིངས་ཀྱི་བརྡ་རིས་ལས། །བརྗོད་མེད་དོན་ཉིད་མཁའ་ལས་འཇའ་ཚོན་བཞིན། །མིང་ཚིག་ཡི་གེར་ཤར་བའི་ཟབ་ཆོས་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །དཀྱིལ་འཁོར་གཙོ་བོ་ཨོ་རྒྱན་ཐོད་ཕྲེང་རྩལ། །སྒྲུབ་སྡེ་བརྒྱད་ཀྱི་རྣམ་རོལ་སྤྲུལ་པའི་འཁོར། །གུ་རུ་མཚན་བརྒྱད་རྗེ་འབངས་རིག་འཛིན་ཚོགས། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །བཀའ་གཏེར་སྲུང་མ་རལ་གཅིག་དུད་སོལ་མ། །དཀར་ཕྱོགས་ལྷ་དང་བརྒྱུད་འཛིན་ཆོས་བདག་སོགས། །འགྲོ་བའི་མགོན་གྱུར་སྐྱབས་འོས་ཐམས་ཅད་ལ། །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ། །གཞན་དོན་འབད་མེད་འགྲུབ་པར་བྱིན་གྱིས་རློབས། །བསྐྱེད་རིམ་མཐུ་ཡིས་མ་དག་སྣང་ཞེན་སྦྱངས། །རྫོགས་རིམ་རྟོགས་པས་ཁམས་གསུམ་སྒྲིབ་པ་བསལ། །རང་རིག་གཉུག་མའི་ཡེ་ཤེས་རང་ཞལ་མཇལ། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་འཁྲུལ་མེད་གཏེར་གྱི་ལུང་གིས་བསྔགས་པའི་སྐལ་ལྡན་ས་ར་ཧི་ཏ་བྷ་ཏྲས་ལྷ་གོས་དང་གསུང་གི་རི་མོས་བསྐུལ་བ་ལྟར་ཆོས་མེད་སྙོམ་ལས་པ་སྤྲང་པོ་སྤྲུལ་མིང་པས་བྲིས་པ་དགེའོ།།

བླ་མ་གུ་རུ་པདྨ་མཚན་བརྒྱད་ཀྱི་སྒྲུབ་ཐབས་པད་དཀར་ཕྲེང་མཛེས།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལསཿ བླ་མ་གུ་རུ་པདྨ་མཚན་བརྒྱད་ཀྱི་སྒྲུབ་ཐབས་པད་དཀར་ཕྲེང་མཛེས་བཞུགས༔

གུ་རུ་པདྨ་ཀཱ་ར་ན་མསྫ་ཡ་སིདྡྷི་ཧཱུྃ༔ རང་བྱུང་པདྨའི་སྡོང་པོར་ལེགས་འཁྲུངས་ཤིང་༔ རྒྱུ་རྐྱེན་ཀུན་བྲལ་མི་ཤིགས་རྡོ་རྗེའི་སྐུ༔ དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་པ༔ བླ་མ་མཚུངས་མེད་ཐོད་ཕྲེང་རྩལ་ལ་འདུད༔ བདག་འདྲ་བུད་མེད་མཁར་ཆེན་མཚོ་རྒྱལ་གྱིས༔ བླ་མ་ཀུན་འདུས་ཨོ་རྒྱན་སྒྲུབ་ཐབས་གཅིག༔ མ་འོངས་སྐལ་ལྡན་དོན་དུ་ལེགས་པར་སྤེལ༔ ཉམས་སུ་ལོངས་དང་འདི་ཕྱིའི་དོན་ཀུན་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཐུན་རྐྱེན་ཚང་ལ་འགལ་རྐྱེན་མེད་པའི་གནས༔ ཡོ་བྱད་འཛོམས་ཤིང་དུས་ཚེས་དགེ་བ་རུ༔ དཀྱིལ་འཁོར་བློ་དང་བསྟུན་པར་རྡུལ་ཚོན་ནམ༔ རས་བྲིས་ཚོམ་བུ་གང་འདོད་རིག་པས་དཔྱད༔ དབུས་སུ་ཨོ་རྒྱན་སྐུ་འབག་ཡིད་བཞིན་ནོར༔ ལེགས་པར་བཀྲམ་མདུན་བུམ་པ་ཉེར་ལྔས་བཀང་༔ ཁ་རྒྱན་མགུལ་ཆིངས་གཟུངས་ཐག་ལྡན་པ་བཤམས༔ ཤར་དུ་བླ་མའི་གཏོར་མ་འདབ་བརྒྱད་པ༔ དར་ཟབ་འཕན་དང་དཀར་མངར་རྒྱན་དང་བཅས༔ ལྷོ་རུ་ཨོ་རྒྱན་རྣམ་ཐར་རྒྱས་བསྡུས་ཀྱི༔ གླེགས་བམ་ནུབ་ཏུ་རྡོ་རྗེ་བྱང་དྲིལ་བུ༔ སྨན་རཀ་ཉེར་སྤྱོད་བཅས་བཤམས་བག་ཕབ་ནས༔ བདེ་བའི་གདན་ལ་སྐྱིལ་ཀྲུང་དད་མོས་དང་༔ ངེས་འབྱུང་གཞན་ཕན་བློ་དང་མ་བྲལ་བས༔ མདུན་མཁར་ཨོ་རྒྱན་བླ་མ་རྩ་གསུམ་ལྷ༔ ཚོགས་ཀྱི་ཞིང་དུ་དམིགས་ལ་སྦྱོར་བའི་ཆོས༔ བརྒྱད་ལས་དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧྲཱིཿ དུས་གསུམ་བདེ་གཤེགས་ཀུན་འདུས་གུ་རུའི་ཐུགས༔ ཐེག་གསུམ་དམ་ཆོས་ཀུན་འདུས་གུ་རུའི་གསུང་༔ བསླབ་གསུམ་དགེ་འདུན་ཀུན་འདུས་གུ་རུའི་སྐུ༔ མཆོག་གསུམ་ཀུན་འདུས་བླ་མར་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧྲཱིཿ དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ འགྲོ་ཀུན་དོན་དུ་བྱང་ཆུབ་སེམས་གཉིས་བསྐྱེད༔ བསླབ་བྱ་ཚད་མེད་བཞི་དང་ཕར་ཕྱིན་དྲུག༔ གོང་ནས་གོང་དུ་སྤེལ་བར་དམ་བཅའ་འོ༔ གསུམ་པ་ཚོགས་བསགས་ཡན་ལག་བཅུ་པ་ནི༔ ཧྲཱིཿ མཆོག་གསུམ་ཀུན་འདུས་ཨོ་རྒྱན་པདྨ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལུས་ངག་ཡིད་གསུམ་ཕྱི་ནང་མཆོད་པ་འབུལ༔ དུག་གསུམ་དབང་གྱུར་ཉམས་ཆག་ཉེས་ལྟུང་བཤགས༔ སྐྱེ་འཕགས་དགེ་ལ་སྙིང་ནས་ཡི་རང་ངོ་༔ ཐེག་གསུམ་ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ༔ ཁམས་གསུམ་འདྲེན་ཕྱིར་མྱ་ངན་མི་འདའ་བཞུགས༔ དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ དེ་ནས་ཚོགས་ཞིང་རང་ལ་བསྡུ་བྱ་ཞིང་༔ བཞི་པ་བགེགས་ལ་བཀའ་བསྒོ་བ༔ ཧཱུྃ་ཧྲཱིཿ དང་པོ་མ་རིག་དབང་གིས་གཉིས་སུ་བཟུང་༔ བར་དུ་ཁམས་གསུམ་འཁོར་བར་འཁྱམས་ཤིང་བརྒྱུད༔ ཐ་མ་རང་བྱུང་ཆོས་སྐུའི་རང་ཞལ་སྒྲིབ༔ དེ་དག་རྒྱུ་རྐྱེན་སེམས་དང་སེམས་བྱུང་འདྲེ༔ ཡེ་དག་གྲོལ་གཞི་གདོད་མའི་དབྱིངས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད་ཡུངས་ཐུན་བྲབ༔ ལྔ་པ་མཚམས་གཅོད་ནི༔ ཧྲཱིཿ ཕྱི་མཚམས་མི་ཤིགས་རྡོ་རྗེ་བསྲུང་བའི་གུར༔ ནང་མཚམས་རང་བྱུང་རིག་སྟོང་འདུས་མ་བྱས༔ གསང་མཚམས་འཁོར་འདས་མཉམ་ཉིད་ལྟ་བའི་ངང་༔ འཁྲུལ་རྟོག་འབྱུང་པོས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་བྷྲུཾ༔ དྲུག་པ་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ་ཧྲཱིཿ དངོས་བཤམས་སྨན་གཏོར་རཀྟ་ཉེར་སྤྱོད་ལྔ༔ མཁའ་ལས་རང་བྱུང་རཾ་ཡཾ་ཁཾ་གསུམ་སྤྲོས༔ བསྲེགས་གཏོར་སྦྱངས་བཀྲུས་ཡོངས་དྭངས་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་གསུམ་བདུད་རྩིའི་རྣམ་པར་གྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ་ཨརྒྷཾ་སོགས་ནས་ཤཔྟ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིང་པཱུ་ཛ་ཨཱཿཧཱུྃ༔ བདུན་པ་བྱིན་འབེབས་ནི༔ ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་གདོད་མའི་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུའི་བླ་མས་བྱིན་ཕོབ་ཅིག༔ མ་འགགས་ངེས་པ་ལྔ་ལྡན་གཞལ་ཡས་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔས་བྱིན་ཕོབ་ཅིག༔ དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ བཅུ་དྲུག་དགའ་བཞི་བདེ་སྟོང་ཕོ་བྲང་ནས༔ རྒྱལ་ཡུམ་མནྡྷ་ར་བས་བྱིན་ཕོབ་ཅིག༔ ཐུགས་ཀྱི་རིག་འཛིན་བཛྲ་ཐོད་ཕྲེང་རྩལ༔ གུ་རུ་པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ ཡོན་ཏན་རིག་འཛིན་རཏྣ་ཐོད་ཕྲེང་རྩལ༔ གུ་རུ་ཉི་མ་འོད་ཟེར་བྱིན་ཕོབ་ཅིག༔ གསུང་གི་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ གུ་རུ་པདྨ་རྒྱལ་པོས་བྱིན་ཕོབ་ཅིག༔ ཕྲིན་ལས་རིག་འཛིན་ཀརྨ་ཧེ་རུ་ཀ༔ གུ་རུ་སེང་ཧ་གནྚེས་བྱིན་ཕོབ་ཅིག༔ བླ་མེད་རིག་འཛིན་དྷ་ན་སཾ་ཀྲྀ་ཏ༔ གུ་རུ་པདྨ་སམྦྷས་བྱིན་ཕོབ་ཅིག༔ ཡོན་ཏན་རིག་འཛིན་དྲི་མེད་བཤེས་གཉེན་དངོས༔ གུ་རུ་བློ་ལྡན་མཆོག་སྲེད་བྱིན་ཕོབ་ཅིག༔ མཆོད་བསྟོད་རིག་འཛིན་ཟླ་གསང་ཐིག་ལེ་རྩལ༔ གུ་རུ་ཤཱཀྱ་སེང་གེས་བྱིན་ཕོབ་ཅིག༔ དྲག་སྔགས་རིག་འཛིན་ཤནྟིཾ་གརྦྷ་རྩལ༔ གུ་རུ་རྡོ་རྗེ་གྲོ་ལོད་བྱིན་ཕོབ་ཅིག༔ གཞན་ཡང་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་ཆེན་བསྐུར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཨ་བེ་ཤ་ཡ་ཨ་ཨཱཿ བརྒྱད་པ་བཤགས་པ་ནི༔ ཧྲཱིཿ བདག་ཅག་མ་རིག་ལུས་ངག་ཡིད་གསུམ་དང་༔ དུག་གསུམ་རྒྱུ་ལས་བསྐྱེད་པའི་ཉེས་ལྟུང་ཚོགས༔ རྩ་གསུམ་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་བཤགས༔ ཉམས་ཆག་དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ དངོས་གཞི་བརྒྱད་ལས་དང་པོ་ལྷ་བསྐྱེད་ནི༔ ཧཱུྃ་ཧྲཱིཿ ཆོས་རྣམས་ཐམས་ཅད་གདོད་ནས་སྤྲོས་དང་བྲལ༔ མ་རྟོགས་འགྲོ་ལ་བརྩེ་བའི་སྙིང་རྗེ་ཤར༔ ཟུང་འཇུག་རིག་པ་ཧྲཱིཿཡིག་དཀར་དམར་མདངས༔ དེ་ལས་རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་སྦྱངས༔ སླར་ཡང་ཨེ་ཡཾ་བཾ་ལཾ་བྷྲུཾ་འཕྲོས་པས༔ རྒྱ་ཁྱོན་མཐའ་ཡས་ནམ་མཁའི་དཀྱིལ་འཁོར་ལ༔ རླུང་དཀྱིལ་སྲ་བརྟན་དྭངས་བསིལ་གསལ་དག་མཚོ༔ རིན་ཆེན་གསེར་གྱི་ས་གཞི་མཉམ་པར་བརྡལ༔ རིན་ཆེན་སྣ་ལྔའི་རི་རབ་ལྷུན་པོར་བརྗིད༔ དེ་སྟེང་རྡོ་རྗེ་རྒྱ་གྲམ་འོག་གཞིར་བརྟན༔ ནོར་བུ་སྣ་ཚོགས་འཇའ་ཚོན་འོད་དུ་འབར༔ ཕོ་བྲང་པདྨ་འོད་ཀྱི་གཞལ་ཡས་ཁང་༔ ཤར་ཕྱོགས་དུང་ལ་ལྷོ་ཕྱོགས་བཻཌཱུརྱ༔ ནུབ་ཕྱོགས་ཤེལ་དམར་བྱང་ཕྱོགས་མརྒད་ལྗང་༔ གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་དང་ལྡན༔ ཕྱི་ནང་ཁྱམས་དང་གྲུ་ཆད་གློ་འབུར་མཛེས༔ འདོད་སྣམ་ཕ་གུ་དྲ་བ་དྲྭ་ཕྱེད་སོགས༔ བརྡ་དོན་རྟགས་གསུམ་རྫོགས་པའི་དབུས་ཉིད་དུ༔ པདྨ་འདབ་བརྒྱད་ལྟེ་བ་མུ་ཁྱུད་ཟླུམ༔ ཁྱམས་དང་སྒོ་བཞིར་སྣ་ཚོགས་རཏྣའི་ཁྲི༔ དབུས་སུ་སེང་ཁྲི་ཉི་ཟླའི་གདན་སྟེང་དུ༔ རང་རིག་ཡི་གེ་སྤྲོ་བསྡུ་བསྒྱུར་བ་ལས༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ དཀར་དམར་མདངས་ལྡན་ཞི་འཛུམ་མཚན་དཔེ་རྫོགས༔ ཞལ་གཅིག་ཕྱག་གཉིས་གསང་གོས་ཟབ་བེར་ལྗང་༔ དར་དམར་ཆོས་གོས་ཞབས་གཉིས་བརྐྱང་བསྐུམ་མཛད༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཐུགས་ཀར་བསྣམས༔ གཡོན་པས་སྤྲུལ་འཁོར་ཐད་ཀར་མཉམ་བཞག་ཚུལ༔ རྟོག་མེད་བྷནྡྷ་འཆི་མེད་ཚེ་བུམ་ནང་༔ ཟག་མེད་བདུད་རྩི་སྨན་གྱིས་གང་བ་བསྣམས༔ མཆན་གཡོན་གསང་ཡུམ་ཤེས་རབ་མནྡྷ་ར༔ སྦས་པའི་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་བརྟེན༔ དབུ་ལ་པད་ཞྭ་རྒོད་སྒྲོ་དར་སྣས་སྤྲས༔ རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་ཡོན་ཏན་རྫོགས༔ འཇའ་ཚོན་སྣ་ལྔ་འཁྱིལ་བའི་ཀློང་དུ་བཞུགས༔ ཧཱུྃ་ཧྲཱིཿ དེ་ཡི་ཕྱི་རིམ་སྣ་ཚོགས་འདབ་བརྒྱད་ལ༔ ཤར་དུ་པདྨ་འབྱུང་གནས་སྐུ་མདོག་མཐིང་༔ ལྷ་ལྕམ་དཀར་མོ་གསང་བའི་ཡུམ་ལ་འཁྱུད༔ ལོངས་སྐུའི་ཆས་རྫོགས་རྡོ་རྗེ་སྡིགས་མཛུབ་མཛད༔ གྲི་ཐོད་ཕྱག་གཡས་ཡབ་དང་མཉམ་པར་སྦྱོར༔ ལྷོ་རུ་ཉི་མ་འོད་ཟེར་སྐུ་མདོག་སེར༔ རུས་རྒྱན་དར་དཔྱངས་སྟག་ཤམ་སྒོམ་ཐག་དམར༔ ཕྱེད་སྐྱིལ་ཁ་ཊཱཾ་ཉི་ཟེར་ཞགས་པ་བསྣམས༔ ནུབ་ཏུ་པདྨ་རྒྱལ་པོ་སྐུ་མདོག་དམར༔ ཁྲོ་འཛུམ་དར་དམར་བེར་དང་ནོར་བུའི་རྒྱན༔ པྲོག་ཞུས་དབུ་བརྒྱན་ཕྱག་གཡས་ཌཱ་མ་རུ༔ གཡོན་པས་མེ་ལོང་ཞབས་གཉིས་སྐྱིལ་ཀྲུང་མཛད༔ བྱང་དུ་སེང་གེ་སྒྲ་སྒྲོག་ལྗང་ནག་ཁྲོ༔ རུས་རྒྱན་སྟག་ཤམ་སེང་གེའི་གཡང་གཞི་བཀླུབས༔ གཡས་པས་རྡོ་རྗེ་གཡོན་པས་ཁྱུང་ཁྲ་འགྱེད༔ ཞབས་གཉིས་དོར་སྟབས་མུ་སྟེགས་གདན་ལ་འགྱིང་༔ ཧཱུྃ་ཧྲཱིཿ མཚམས་བཞིའི་ཤར་ལྷོ་པདྨ་སཾ་བྷ་ཝ༔ རབ་བྱུང་ཆས་ཅན་དཀར་དམར་ཞི་བའི་ཚུལ༔ ཕྱག་གཡས་བྷནྡྷ་གཡོན་པས་བདུད་རྩི་འཐོར༔ དབུ་ལ་པཎ་ཞྭ་ཞབས་གཉིས་སྐྱིལ་མོ་ཀྲུང་༔ ལྷོ་ནུབ་བློ་ལྡན་མཆོག་སྲེད་དཀར་དམར་མདངས༔ དར་དཀར་ན་བཟའ་དར་ཐོད་པྲོག་ཞུ་མཛེས༔ གཡས་པས་ཌཱ་རུ་གཡོན་པས་བསེ་ཕོར་ནང་༔ རིན་ཆེན་སྣ་ཚོགས་ནོར་བུས་བཀང་བ་བསྣམས༔ ནུབ་བྱང་ཤཱཀྱ་སེང་གེ་གསེར་གྱི་མདངས༔ དབུ་ལ་གཙུག་ཏོར་ཆོས་གོས་རྣམ་གསུམ་གསོལ༔ ས་གནོན་མཉམ་བཞག་བདུད་བཞི་ཟིལ་གྱིས་གནོན༔ བྱང་ཤར་རྡོ་རྗེ་གྲོ་ལོད་སྨུག་ནག་རྔམ༔ སྤྱན་གསུམ་ཁྲོ་འཛུམ་རྡོ་རྗེ་ཕུར་པ་གདེངས༔ སག་ལྷྭམ་འདོར་སྟབས་སྟག་ཆེན་རྔམ་པ་ཆིབས༔ བེར་སྔོན་ཆོས་གོས་ཐོད་སྐམ་མགོ་ཕྲེང་བརྗིད༔ ཧཱུྃ་ཧྲཱིཿ ཁྱམས་ལ་བཀའ་བབ་རྗེ་འབངས་ཉི་ཤུ་ལྔ༔ རྒྱ་བོད་རིག་འཛིན་རྩ་གསུམ་རྒྱ་མཚོའི་ཚོགས༔ སྐུ་མདོག་ཕྱག་མཚན་མ་ངེས་སྣ་ཚོགས་སྟོན༔ སྒོ་བཞིར་རྒྱལ་ཆེན་སྡེ་བཞི་ལས་བཞིའི་མདོག༔ རང་རྟགས་ཕྱག་མཚན་བརྐྱང་བསྐུམ་གར་གྱིས་བཞུགས༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་སྐུ་གསུམ་དག་པའི་ཕོ་བྲང་ནས༔ ཡེ་ཤེས་ལྷ་ཚོགས་ཏིལ་གོང་ཁ་ཕྱེ་ལྟར༔ མ་འདྲེས་ཡོངས་རྫོགས་སྤྱན་འདྲེན་ས་མ་ཛ༔ གཉིས་པ་སྤྱན་འདྲེན་སྤོས་རོལ་བཅས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད༔ དཔལ་ཆེན་བཀའ་བརྒྱད་གཙོ་བོ་དང་༔ གཉིས་སུ་མེད་པའི་དངོས་གྲུབ་བརྙེས༔ མཚན་ཡང་བརྒྱད་དུ་སོ་སོར་གྲགས༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ན༔ བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ༔ བཀའ་བབས་མི་དགུ་རྗེ་དང་འབངས༔ རྒྱ་བོད་མཁས་གྲུབ་མ་ལུས་དང་༔ གཞན་ཡང་རྩ་གསུམ་སྲུང་མར་བཅས༔ ཀུན་ཀྱང་གཙོ་བོའི་ཆོ་འཕྲུལ་ལས༔ ཐ་མི་དད་པར་ངེས་རྙེད་མཐུས༔ ཁྱེད་དང་དབྱེར་མེད་སྒྲུབ་ལགས་ན༔ མཁྱེན་པའི་ཐུགས་ཀྱིས་རབ་དགོངས་ནས༔ བརྩེ་བའི་སྤྱན་གྱིས་དགྱེས་པར་གཟིགས༔ མཐུ་སྟོབས་ནུས་པའི་དཔུང་བསྐྱེད་དེ༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱཀྐི་ནི་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛཿསིདྡྷི་ཕ་ལ་ཧཱུྃ༔ གསུམ་པ་བཞུགས་གསོལ་ནི༔ ཧཱུྃ་ཧྲཱིཿ ཆགས་མེད་སྐྱོན་བྲལ་པདྨ་གེ་སར་ལ༔ མི་འཇིགས་སེང་ཁྲི་ཐབས་ཤེས་ཉི་ཟླའི་གདན༔ རིན་ཐང་གཞལ་མེད་ཕོ་བྲང་དམ་པ་འདིར༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ རྣམ་ཤེས་གནས་དག་སྣ་ཚོགས་འདབ་བརྒྱད་ལ༔ སྤྲུལ་པའི་གུ་རུ་མཚན་བརྒྱད་བཞུགས་སུ་གསོལ༔ དད་མོས་ཡོངས་དག་གུས་པའི་གདན་ཁྲི་ལ༔ རྩ་གསུམ་སྲུང་མར་བཅས་པ་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ ཐ་མལ་སྒོ་གསུམ་རྒྱལ་བའི་གསང་གསུམ་དུ༔ གནས་སུ་དག་ནས་ཕྱི་ནང་གཞན་གསུམ་ཆོས༔ ཀུན་ཀྱང་བདེ་གཤེགས་སྙིང་པོའི་རང་བཞིན་དུ༔ རང་ཞལ་མཇལ་ལ་གུས་འདུད་ཡོངས་བྲལ་ཀྱང་༔ མ་རྟོགས་འཁྲུལ་སྣང་གློ་བུར་ཤར་བ་ཡིས༔ རང་དང་གཞན་དུ་བལྟས་ནས་བདག་དང་ལྷར༔ བཟང་ངན་སྤང་བླང་མ་ལུས་དག་བྱའི་ཕྱིར༔ དཀྱིལ་འཁོར་ལྷ་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ལྔ་པ་མཆོད་པའི་བྱེ་བྲག་འབུལ་བ་ལ༔ ཕྱི་ནང་གསང་དང་དེ་ཉིད་རྣམ་བཞི་ལས༔ དང་པོ་ཕྱི་མཆོད་ནི༔ ཧཱུྃ་ཧྲཱིཿ དྭངས་བསིལ་ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེངས༔ ཡིད་འོང་འདབ་ལྡན་སྣ་ཚོགས་ཚར་དུ་དངར༔ ལྷན་སྐྱེས་སྦྱར་བྱུང་དྲི་ཞིམ་སྤྲིན་ཕུང་འཐིབས༔ ཉི་ཟླ་རིན་ཆེན་འོད་འབར་སྣང་སྲིད་གསལ༔ ག་བུར་གུར་གུམ་དྲི་ལྡན་རྙོག་མེད་ཆབ༔ རོ་བྲོ་བདེ་བ་སྟེར་བྱེད་འཆི་མེད་ཟས༔ འབུད་དཀྲོལ་སྙན་འཇེབས་རོལ་མོའི་སྒྲ་སྙན་སྒྲོག༔ ཏིང་འཛིན་ནམ་མཁའ་མཛོད་ཀྱིས་སྤེལ་ཞིང་བསྒྱུར༔ དཀྱིལ་འཁོར་ལྷ་ལ་བདག་གཞན་ཚོགས་རྫོགས་ཕྱིར༔ གུས་པས་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་ནི༔ ཧཱུྃ་ཧྲཱིཿ གཟུགས་མཛེས་སྣ་ཚོགས་སྒྲིབ་མེད་སྤྱན་ལ་འབུལ༔ སྒྲ་དབྱངས་བསྟོད་པ་མི་འཁྲུགས་སྙན་ལ་འབུལ༔ དྲི་ཞིམ་བདུག་པ་རྙོག་བྲལ་ཤངས་ལ་འབུལ༔ རོ་ལྡན་ཞལ་ཟས་རྟོག་མེད་ལྗགས་ལ་འབུལ༔ རེག་འཇམ་བདེ་བ་སྟོང་གསལ་སྐུ་ལ་འབུལ༔ ཆོས་ཁམས་སྣ་ཚོགས་འཛིན་བྲལ་ཐུགས་ལ་འབུལ༔ བཞེས་ནས་བདག་གཞན་ཡུལ་དྲུག་ཞེན་པའི་ཚོགས༔ གནས་དག་ཡེ་ཤེས་དྲུག་ལྡན་དངོས་གྲུབ་སྩོལ༔ བཛྲ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་པྲ་ཏིཙྪ་ཨཱཿཧཱུྃ༔ གསུམ་པ་གསང་བའི་མཆོད་པ་ནི༔ ཧྲཱིཿ ཡིད་འོང་འཇོ་སྒེག་ངོམས་པའི་ཕྱག་རྒྱ་མར༔ དགྱེས་སྦྱོར་བདེ་བས་ཟག་མེད་ཡེ་ཤེས་རྒྱས༔ ཡུལ་དྲུག་སྣང་བ་སྟོང་ཉིད་དབྱིངས་སུ་དག༔ ཀུན་བརྟགས་དགྲ་བགེགས་ཡོངས་གྲུབ་ཀློང་དུ་བསྒྲལ༔ བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཨཱཿ གང་ལ་མཆོད་བྱ་རང་བྱུང་རིག་པའི་ལྷ༔ གང་གིས་མཆོད་བྱེད་རིག་རྩལ་སྒྱུ་མའི་འཕྲུལ༔ གཅིག་དང་ཐ་དད་ལས་འདས་ཡེ་བབ་གཤིས༔ མ་བཅོས་མ་བསླད་དེ་ཉིད་ཁོ་ན་འོ༔ དྷརྨ་དྷརྟུ་སྭ་བྷ་ཝ་པཱུ་ཛ་ཧོ༔ དྲུག་པ་སྐུ་གསུང་ཐུགས་དང་འཁོར་ལ་བསྟོད་པ་ནི༔ ཨོཾ་མཚན་དཔེ་ཡོངས་རྫོགས་འཆི་མེད་རྡོ་རྗེའི་སྐུ༔ གྲགས་སྟོང་འགགས་མེད་ཡན་ལག་དྲུག་ཅུའི་གསུང་༔ སྨྲ་བསམ་བརྗོད་བྲལ་ཚད་མེད་མཁྱེན་བརྩེའི་ཐུགས༔ པད་འབྱུང་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ དུས་གསུམ་འགྲོ་བ་སྡུག་བསྔལ་ལས་སྒྲོལ་ཕྱིར༔ སྐུ་གསུམ་རིག་འཛིན་གུ་རུ་རིན་པོ་ཆེ༔ དུག་གསུམ་དབྱིངས་སྒྲོལ་པདྨ་མཚན་བརྒྱད་སྤྲུལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བསྟོད༔ དུག་ལྔའི་རྣམ་རྟོག་མ་ལུས་ཞི་མཛད་པ༔ པདྨ་འབྱུང་གནས་ཡབ་ཡུམ་ནམ་མཁའི་མདངས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་མཛད་ལྷ༔ ཉི་མ་འོད་ཟེར་གསེར་མདོག་ཞི་འཛུམ་མཛེས༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་སྡུད་དཔལ༔ པདྨ་རྒྱལ་པོ་དམར་གསལ་སྣུམ་འོད་ཆགས༔ སེང་གེ་སྒྲ་སྒྲོག་ཕས་རྒོལ་འཇོམས་མཛད་པ༔ ལྗང་གསལ་ཁྲོ་བོ་རབ་ཏུ་ཁྲོས་པའི་ཚུལ༔ སྐྱེ་མེད་རང་བྱུང་དག་པའི་དོན་མཚོན་ཕྱིར༔ པདྨ་སཾ་བྷ་དུང་དང་ཟླ་བའི་མདོག༔ ཤེས་བྱའི་ཆོས་ཀུན་མ་འདྲེས་མཁྱེན་པ་ཡི༔ བློ་ལྡན་མཆོག་སྲེད་དཀར་དམར་མི་ཤ་ཁ༔ བདུད་བཞིའི་དཔུང་བཅོམ་བསྟན་པའི་བདག་པོ་མཛད༔ ཤཱཀྱ་སེང་གེ་གསེར་མདོག་རབ་བྱུང་ཆས༔ དམ་སྲི་ལོག་འདྲེན་མ་ལུས་ཚར་གཅོད་པ༔ རྡོ་རྗེ་གྲོ་ལོད་དམར་ནག་སྟག་ལ་བཅིབས༔ ཕྱི་རོལ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔ སྒོ་བཞི་སྲུང་མཛད་དཀྱིལ་འཁོར་ལྷ་ཡི་ཚོགས༔ བདག་གིས་སྒོ་གསུམ་གུས་པས་བསྟོད་པར་བགྱི༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་མཛོད༔ བདུན་པ་བཤགས་པ་བྱ་བ་ནི༔ ཨོཾ་ཐ་མལ་འཛིན་པས་རྒྱལ་བའི་སྐུ་ལ་སྒྲིབ༔ བདག་ལུས་ཞེན་རྟོག་སྣང་སྟོང་ལྷ་སྐུར་བཤགས༔ ལོང་གཏམ་འཁྲུལ་ངག་བཟླས་བརྗོད་སྔགས་ལ་སྒྲིབ༔ ངག་གི་སྒྲ་ཚིག་གྲག་སྟོང་སྔགས་སུ་བཤགས༔ སེམས་དང་སེམས་བྱུང་བརྗོད་བྲལ་གཤིས་ལ་སྒྲིབ༔ རྟོག་ཚོགས་རང་གྲོལ་ཆོས་སྐུའི་ཀློང་དུ་བཤགས༔ ཡེ་ནས་རང་རིག་པདྨ་རྒྱལ་པོ་དང་༔ འདུ་འབྲལ་མེད་ཀྱང་རང་རིག་ངོ་མ་ཤེས༔ གཞན་ནས་སྒྲུབ་ཏུ་མེད་དེ་རང་གི་གདངས༔ བསྐང་དང་བཤགས་པར་བྱ་བ་མིང་དུ་ཟད༔ འོན་ཀྱང་དེ་ལྟར་མ་རྟོགས་གློ་བུར་གྱི༔ འཁྲུལ་རྟོག་མ་ལུས་རྟེན་འབྲེལ་བདེན་པའི་གཤིས༔ ལྷ་སྔགས་ཆོས་ཉིད་ཀློང་དུ་བཤགས་བགྱི་ན༔ འདི་ཕྱིར་མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཅི་མང་བཟླས་པས་སྦྱངས༔ བརྒྱད་པ་འཛབ་ཀྱི་དམིགས་པ་འདི་ལྟ་སྟེ༔ རང་ཉིད་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྗེའི༔ ཐུགས་མཆོག་འོད་ལྔ་མི་ཤིགས་ཐིག་ལེའི་ཀློང་༔ པད་དཀར་འདབ་བརྒྱད་ཟླ་བའི་དཀྱིལ་འཁོར་སྟེང་༔ གསེར་རྡོར་རྩེ་ལྔའི་ལྟེ་བར་ཧྲཱིཿདམར་མཚན༔ རྩ་བའི་སྔགས་འབྲུ་གཡས་བསྐོར་འོད་ལྔའི་མདངས༔ གསལ་འཚེར་བཀྲག་མདངས་ལྡན་ལ་དམིགས་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསྙེན་པའི་དུས་སུ་གཙོ་ལ་སེམས་འཛིན་ཅིང་༔ སྒྲུབ་པའི་དུས་སུ་འཁོར་ལ་སེམས་རབ་འཛིན༔ ཀུན་གྱི་ཐུགས་ཀར་ཟླ་གདན་ཧཱུྃ་ཡིག་ནི༔ རང་མདོག་མཐའ་མར་སྔགས་ཕྲེང་འོད་ཟེར་ལྔ༔ བཀྲག་དང་གཟི་མདངས་བལྟར་མི་བཟོད་པ་ལ༔ རྩེ་གཅིག་ཡིད་ཀྱིས་ཁམས་གསུམ་འགྲོ་བ་ཀུན༔ པདྨ་མཚན་བརྒྱད་སྐུ་རུ་གྱུར་པར་བསམ༔ ཨོཾ་ཨཱཿམ་ཧཱ་གུ་རུ་པདྨ་འབྱུང་གནས་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་སུརྱ་རསྨི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་སེང་ཧ་གནྚེ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་པྲཛྙཱ་བུདྡྷ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་ཤཱཀྱ་སེང་གེ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿམ་ཧཱ་གུ་རུ་བཛྲ་ཀྲོ་ཏ་སརྦ་སིདྡྷི་ཧཱུྃ༔ ལས་སྦྱོར་དུས་སུ་གཙོ་འཁོར་ཡོངས་རྫོགས་ཀྱི༔ ཐུགས་ཀའི་སྔགས་ལས་འོད་ཟེར་སྣ་ཚོགས་པའི༔ རྩེ་མོར་མཆོད་པའི་ལྷ་མོས་འཕགས་པ་མཆོད༔ གསང་གསུམ་བྱིན་རླབས་འབྲུ་གསུམ་རྣམ་པར་བསྡུས༔ བདག་ཐིམ་འཁོར་འདས་སྤྱི་དཔལ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པ་བཟླ་ཞིང་སླར་ཡང་དམིགས་པ་གཏད༔ འོད་ཟེར་མར་འཕྲོས་འགྲོ་དྲུག་ལས་སྒྲིབ་སྦྱངས༔ སྣང་སྲིད་དག་པ་རབ་འབྱམས་ཞིང་དུ་གྱུར༔ ཀུན་ཀྱང་ལྷ་སྔགས་ཏིང་འཛིན་བདེ་བ་ཆེ༔ དམིགས་བྲལ་ཡང་དག་ལྟ་བའི་ངང་མདངས་བསྐྱངས༔ ཐོད་ཕྲེང་རྩལ་དང་ཧྲི་མ་ཧ་རི་སོགས༔ རིག་འཛིན་མཁའ་འགྲོའི་བསྙེན་སྔགས་གནད་སྨིན་བཟླ༔ དུས་གྲངས་མཚན་མའི་བསྙེན་པ་རྟགས་མཐོང་བྱ༔ དེ་ལྟར་ཐེ་ཚོམ་མེད་པར་ཉམས་བླངས་ན༔ ཚེ་འདིར་ཚེ་ཆོས་སྲིད་ནོར་མཐུ་དབང་ཐོབ༔ ཕྱི་མ་རིག་འཛིན་དཔའ་བོ་མཁའ་འགྲོའི་གྲལ༔ རྔ་ཡབ་དཔལ་རིར་བགྲོད་ནས་ས་བཅུ་ཡི༔ ལམ་རྟགས་ཡོན་ཏན་མངོན་དུ་ཐོབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་རིམ་པ་བཅུ་གསུམ་གྲངས་ཀྱིས་བསྟན༔ དང་པོ་ཚོགས་རྫས་ཤ་ཆང་དཀར་མངར་ཟས༔ འབྱོར་ཚད་བཤམས་ལ་རང་ཉིད་གུ་རུའི་སྐུར༔ གསལ་ནས་བསངས་སྦྱངས་རིམ་པ་ཚིག་འདིས་བྱ༔ རཾ་ཡཾ་ཁཾ༔ གསུམ། ཚོགས་ཀྱི་ཡོ་བྱད་མ་དག་དངོས་པོ་རྣམས༔ བདག་ཉིད་ཐུགས་ལས་རཾ་འཕྲོས་དངོས་འཛིན་བསྲེགས༔ ཡཾ་གིས་གཏོར་ཞིང་ཁཾ་བརྗོད་དག་པར་བཀྲུས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ གསུམ། རང་ཉིད་ཐུགས་ལས་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ཧྲཱིཿལྗང་བཞི་འཕྲོས་ཚོགས་ཀྱི་རྫས༔ ངོ་བོ་ཟག་མེད་བདེ་བ་ཆེན་པོ་ལ༔ རྣམ་པ་བདུད་རྩི་དཀར་དམར་མཐིང་ལྗང་བཞི༔ རིན་ཆེན་བྷནྡྷ་ཡངས་པའི་སྣོད་བཟང་པོར༔ རོ་བརྒྱ་ནུས་ལྡན་ཕུན་སུམ་ཚོགས་པར་གྱུར༔ སརྦ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ གཉིས་པ་ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ འོག་མིན་བདེ་ཆེན་རི་བོ་པོ་ཊ་ལ༔ རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་ནས༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་འཁོར་དང་བཅས༔ འདོད་ཡོན་ཚོགས་ཀྱི་མཆོད་པ་བཞེས་ཕྱིར་གཤེགས༔ རང་བྱུང་རང་ཤར་དུར་ཁྲོད་གནས་བརྒྱད་ནས༔ རྣམ་ཤེས་གནས་དག་སྤྲུལ་པའི་མཚན་བརྒྱད་དང་༔ སྒྲུབ་སྡེ་བརྒྱད་དང་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཀྱི་མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ༔ གནས་བཟང་སྤྲུལ་པའི་ཕོ་བྲང་ཉམས་རེ་དགའ༔ སྐལ་ལྡན་སྒྲུབ་པའི་རྣལ་འབྱོར་དམ་རེ་གཙང་༔ སྒྲུབ་རྫས་ཡོ་བྱད་བཀྲག་དང་མདངས་རེ་བཟང་༔ གནས་འདིར་བྱིན་ཕོབ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ས་མ་ཡཱ་ཛ་ཛཿ གསུམ་པ་ཚོགས་ཕུད་གུས་པས་འབུལ་བ་ནི༔ ཧཱུྃ་ཧྲཱིཿ འདོད་ཡོན་ལྔ་ལྡན་ལོངས་སྤྱོད་ཚོགས་ཀྱི་རྫས༔ ཀུན་བཟང་མཆོད་པའི་སྤྲིན་ལྟར་སྤྲུལ་བ་ཡིས༔ དབང་པོ་དྲུག་ལ་ཟག་མེད་བདེ་སྟེར་བ༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་ཉེས་ཚོགས་བཤགས་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ དང་པོ་གཞི་ཐོག་འཁྲུལ་བ་ནས་བཟུང་སྟེ༔ ཐ་མ་ལུས་འདི་བླངས་པ་ཡན་ཆད་དུ༔ བཅས་དང་རང་བཞིན་ཉེས་པའི་ཚོགས་རྣམས་ཀུན༔ ཚོགས་ཀྱི་མཆོད་པས་མཐོལ་བཤགས་དག་གྱུར་ཅིག༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ ཞེས་དང་ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ ལྔ་པ་དགྲ་བགེགས་བསྒྲལ་མཆོད་བྱ་བ་ནི༔ ཧཱུྃ་ཧྲཱིཿ དུག་གསུམ་རྒྱུ་ལས་བྱུང་བའི་དགྲ་དང་བགེགས༔ དམིགས་རྟེན་རྫས་འདིར་མྱུར་དུ་ཁུག་ཅིག་ཛཿ བདག་ཉིད་པདྨ་ཐོད་ཕྲེང་སྤྲུལ་པ་ཡི༔ ཁྲོ་ཚོགས་མང་པོས་ལུས་ངག་རྡུལ་དུ་བརླགས༔ རྣམ་ཤེས་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་སྤར༔ གཟུགས་ཕུང་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ རུ་ཏྲ་སརྦ་ཧ་ལ་པཉྩ་ཁཱ་ཧི༔ དྲུག་པ་ཚོགས་ལ་རོལ་རྗེས་ལྷག་མ་ནི༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བྱིན་བརླབས་ལ༔ ཧཱུྃ་ཧྲཱིཿ རྩ་གསུམ་དཀྱིལ་འཁོར་མཐའ་གྲལ་ལ་གནས་པའི༔ གིང་དང་ལིང་ག་དུར་ཁྲོད་གནས་ཉུལ་བདག༔ རྣལ་འབྱོར་སྒྲུབ་པོའི་ས་ལམ་བར་ཆད་སྲུངས༔ ཚོགས་ལྷག་བཞེས་ལ་ལས་བཞིའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བྷ་ལིང་ཏ་ཁཱ་ཧི༔ ཞེས་བརྗོད་ལྷག་གཏོར་གཙང་མའི་ས་རུ་གཤེགས༔ བདུན་པ་ཆད་ཐོའི་ཐ་ཚིག་བསྒྲག་པའི་ཕྱིར༔ གཏོར་མར་སྨན་རཀ་སྦྲན་ཅིང་དཔལ་འབར་གཟུགས༔ འབྲུ་གསུམ་སྔགས་ཀྱིས་གང་འདོད་བདུད་རྩིར་སྦྱར༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རང་བྱུང་སྤྲུལ་པའི་འོག་མིན་ཉམས་དགའ་བར༔ འཁོར་འདས་གཞི་གྲོལ་པདྨ་ཧེ་རུ་ཀས༔ དུས་གསུམ་རྒྱལ་སྲས་སར་གནས་སེམས་དཔའ་ལ༔ རྩ་གསུམ་རྒྱུད་དང་སྒྲུབ་ཐབས་བསྟན་པའི་ཚེ༔ འགྲོ་དྲུག་སེམས་ཅན་བདེ་ལ་དབུགས་དབྱུང་ཞིང་༔ དམན་རྣམས་ཐེག་པ་མཆོག་ལ་འགོད་དོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅའ་མཛད་པ་ལྟར༔ ཟག་མེད་ཡེ་ཤེས་གཏོར་མ་འདི་བཞེས་ལ༔ ངན་སོང་འཁོར་བའི་ལས་སྣང་སྟོངས་པ་དང་༔ ཐེག་མཆོག་བསྟན་པ་དར་ཞིང་རྒྱས་པ་ཡིས༔ གདུལ་བྱའི་ཚོགས་རྣམས་སྨིན་ཅིང་གྲོལ་བར་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་བར་གྱི་བསྐལ་པ་བར་མ་ལ༔ སྤྲུལ་པའི་ཕོ་བྲང་དབུ་རྩེ་རིགས་གསུམ་དུ༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གིས༔ བདག་ཉིད་དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་དང་༔ མངའ་བདག་རྗེ་འབངས་རིག་པ་འཛིན་རྣམས་ལ༔ སྒྲུབ་སྡེ་བརྒྱད་སོགས་རབ་འབྱམས་ལྷག་པའི་ལྷ༔ དཔག་མེད་སྒྲུབ་ཐབས་ཇི་སྙེད་བཀའ་བསྩལ་ཅིང་༔ དཀྱིལ་འཁོར་རྒྱ་མཚོ་སྨིན་ཅིང་གྲོལ་མཛད་ཚེ༔ བརྒྱུད་གསུམ་དྲེགས་པ་དམ་ཅན་རྒྱ་མཚོ་ཡིས༔ སངས་རྒྱས་བསྟན་བསྲུང་རྣལ་འབྱོར་ཚེ་སྲོག་བསྲིང་༔ ལོག་འདྲེན་བགེགས་འདུལ་མཐའ་དམག་བཟློག་གོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མི་འདའ་དམ་ཚིག་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་རྩོད་ལྡན་སྙིགས་མའི་ཡང་མཐའ་འདིར༔ རང་སྣང་རྣམ་དག་ཟངས་མདོག་དཔལ་རི་དང་༔ སྤྲུལ་པའི་ཞིང་ཁམས་གཡུ་ལོ་བཀོད་པ་རུ༔ ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་༔ དུས་གསུམ་རྒྱལ་བའི་ཡུམ་མཆོག་རྗེ་བཙུན་མས༔སྐལ་ལྡན་སློབ་མ་ལུང་རིག་གླིང་པ་སོགས༔ རིག་འཛིན་འདུས་པའི་ལྕམ་དྲལ་རྒྱ་མཚོ་ལ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ དབྱིངས་ཀྱི་མ་མོ་ཨེ་ཀ་ཛ་ཊཱི་དང་༔ བཀའ་སྡོད་སྲུང་མ་དཔལ་ལྡན་རེ་མ་ཏིས༔ བསྟན་པ་སྲུང་ཞིང་རྣལ་འབྱོར་བར་ཆད་བསལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ་བ་སོགས༔ ཇི་ལྟར་ཞལ་བཞེས་དམ་བཅའ་མ་གཡེལ་བར༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བརྒྱད་པ་བསྟན་མའི་གཏོར་མ་བསངས་སྦྱངས་ལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་སློབ་དཔོན་པདྨ་ཀཱ་ར་ཡིས༔ བོད་ཁམས་མུ་སྟེགས་འཇིགས་ལས་སྲུང་བ་སོགས༔ བསྟན་པའི་བྱ་རར་བསྐོས་ཤིང་དམ་བཞག་ལྟར༔ བསྟན་མ་བཅུ་གཉིས་འཁོར་དང་བཅས་རྣམས་ཀྱིས༔ ཚོགས་ལྷག་བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ ལྟ་བ་རྟག་ཆད་འཁྲུལ་སྣང་དབུ་མར་ཟློག༔ སྒོམ་པ་བྱིང་རྒོད་ཡེངས་མེད་ཀློང་དུ་ཟློག༔ སྤྱོད་པ་བཅོས་མེད་གང་བབ་ངང་དུ་ཟློག༔ འབྲས་བུ་རེ་དོགས་ཐོབ་ཤོར་མེད་པར་ཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དགུ་པ་དམ་སྲི་གཏོར་གཞོང་འོག་ཏུ་བྲུབ༔ འགུག་གཞུག་བྱས་ལ་ནམ་ཡང་ལྡང་མེད་བསམ༔ ཧཱུྃ་ཧྲཱིཿ རིག་འཛིན་རོལ་པ་གསང་བའི་དུར་ཁྲོད་འདིར༔ སྒྲུབ་ལ་བར་གཅོད་སྒབ་འདྲེ་དམ་སྲིའི་རིགས༔ ནམ་ཡང་ལྡང་མེད་རི་རབ་འོག་ཏུ་མནན༔ བྱང་སེམས་མ་སྐྱེས་བར་དུ་བཏང་མི་བྱ༔ སུམྦྷ་ནི་དང་ཨོཾ་ལཾ་ཨཱ་ལཾ་དང་༔ ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་ཀྱང་བརྗོད༔ བཅུ་པ་མཆོད་བསྟོད་བྱ་ཞིང་ནོངས་བཤགས་ནི༔ ཧཱུྃ་ཧྲཱིཿ རང་རིག་གློ་བུར་འཁྲུལ་བས་བསླུས་པ་ལས༔ སོ་བྱང་སྔགས་ཀྱི་དམ་ལས་འགལ་བ་སོགས༔ མནར་མེད་ངན་སོང་འཁོར་བའི་རྒྱུ་བསགས་པ༔ སྙིང་ནས་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་སྔགས་བཏགས་ཡི་གེ་བརྒྱ༔ ཉེར་གཅིག་བདུན་སོགས་འབད་ཅིང་སྐྱེ་མེད་དོན༔ ཉམས་དགའ་ལྟ་བའི་ཀློང་བཤགས་ཨེ་མ་ཧོ༔ བཅུ་གཅིག་ལྷར་སྣང་འོད་གསལ་ངང་དུ་བསྡུ༔ ཧཱུྃ་ཧྲཱིཿ གཞལ་ཡས་འོད་ཞུ་འཁོར་རྣམས་གཙོ་ལ་ཐིམ༔ གཙོ་བོ་ཐུགས་སྲོག་ཧྲཱིཿཡིག་ནཱ་དར་ཡལ༔ དམིགས་བསམ་བརྗོད་བྲལ་ཆོས་དབྱིངས་སྟོང་པའི་ངང་༔ སླར་ཡང་རིག་གདངས་པདྨའི་སྐུ་རུ་གསལ༔ བཅུ་གཉིས་རྗེས་ཐོབ་བསྔོ་སྨོན་རྒྱས་གདབ་ནི༔ ཧཱུྃ་ཧྲཱིཿ སྔོན་འདས་དུས་ནས་བྱང་ཆུབ་མ་ཐོབ་བར༔ དགེ་ཚོགས་རང་གཞན་རྣམ་མཁྱེན་འཐོབ་ཕྱིར་བསྔོ༔ མཁའ་ཁྱབ་འགྲོ་ཀུན་ཆོས་དབྱིངས་གདོད་མའི་ངང་༔ རང་རིག་པདྨ་རྒྱལ་པོ་མངོན་གྱུར་ཤོག༔ བཅུ་གསུམ་བཀྲ་ཤིས་ལེགས་པར་བརྗོད་པ་ནི༔ ཧཱུྃ་ཧྲཱིཿ གཞི་སྣང་མ་བཅོས་ཆོས་སྐུ་སྟོང་པའི་གཤིས༔ རིགས་བདག་སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ ལྷུན་གྲུབ་འགག་མེད་མཁྱེན་བརྩེ་རོལ་པའི་གར༔ ལོངས་སྐུ་སྤྱན་རས་གཟིགས་དབང་བཀྲ་ཤིས་ཤོག༔ ཐུགས་རྗེ་ནུས་པས་འགྲོ་དྲུག་སྡུག་བསྔལ་སེལ༔ སྤྲུལ་སྐུ་པདྨ་འབྱུང་གནས་བཀྲ་ཤིས་ཤོག༔ གསང་སྔགས་བཀའ་ཡི་སྡུད་པོ་ཤེས་རབ་ཡུམ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་བཀྲ་ཤིས་ཤོག༔ སྒྲུབ་སྡེ་བརྒྱད་དང་དབྱེར་མེད་ཡི་དམ་ལྷ༔ གྲུབ་ཆེན་གུ་རུ་མཚན་བརྒྱད་བཀྲ་ཤིས་ཤོག༔ སྒྲུབ་པོའི་རེ་སྐོང་ས་ལམ་བར་ཆད་སེལ༔ ཆོས་སྐྱོང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་པས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ དགའ་སྟོན་རྡོ་རྗེའི་གླུ་དང་གར་ལ་རོལ༔ ས་མ་ཡཱ༔ དེ་ལྟར་རང་གི་སྒྲུབ་ཐབས་རང་གིས་བརྩམས༔ མ་འོངས་སྙིགས་མའི་འགྲོ་ལ་ཕན་ཐོགས་ཕྱིར༔ མ་ཧཱ་པཎྚི་ཏ་ཡི་ཚུལ་འཛིན་པ༔ བརྫུས་སྐྱེས་སྤྲུལ་སྐུ་པདྨ་སཾ་བྷས་བསྩལ༔ དབྱིངས་ཀྱི་བརྡ་ལས་མཚོ་རྒྱལ་སྙིང་སྒྲོམ་སྦོས༔ དུས་བབ་ལས་འཕྲོ་ལྡན་པས་ཉམས་སུ་ལོངས༔ རིམ་གྱིས་སྤེལ་མཁས་གཞན་ལ་ཕན་པར་བྱོས༔ བཀའ་ཡི་སྲུང་མ་ཨེ་ཀ་ཛ་ཊི་དང་༔ དེ་ཡི་བྲན་མོ་རེ་ཏིས་སྲུངས་ཤིག་རྒྱ༔ དམ་མེད་ལོག་ལྟ་ཅན་ལ་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་སྐལ་ལྡན་ལུང་རིག་གླིང་པ་ལ། །པདྨའི་བཀའ་དྲིན་ཡོད་དོ་ཆོས་འདིར་ཕྲད། །ཉམས་སུ་བླངས་པས་བདག་གཞན་དོན་གཉིས་འགྲུབ། །མཐོང་ཐོས་དྲན་རེག་འཁོར་མཚོ་ལས་སྒྲོལ་ཤོག །

སྨན་མཆོད།

༄༅།། ཨོཾ་ཨཱ༔ཧཱུྃ༔ དུག་ལྔ་བདུད་རྩིའི་སྨན་ཆེན་འདི། །ལྷ་རྣམས་དགྱེས་བསྐྱེད་རྒྱུད་དྲུག་དག་པའི་རྫས། །འཁོར་འདས་མཉམ་པར་རོལ་པའི་དཔལ་དུ་འབུལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨེ་མ་ཧོ། སེམས་ཉིད་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་། །བརྡ་ཚིག་བློ་འདས་སྟོན་འཁོར་དབྱེར་མེད་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། རིག་རྩལ་ལྷུན་གྲུབ་ལོངས་སྐུ་རིགས་ལྔ་དང་། །ངེས་པ་ལྔ་ལྡན་ལོངས་སྐུའི་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཐུགས་རྗེ་སྤྲུལ་སྐུའི་སྟོན་པ་པདྨ་འབྱུང་། །གང་འདུལ་མཚན་བརྒྱད་སྤྲུལ་པ་རྗེ་འབངས་གྲོགས། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། སྙིང་ཐིག་བསྟན་པའི་སྲོག་བདག་བྲན་གཡོག་འཁོར། །གང་དེའི་བཀའ་ཉན་དུད་སོལ་ལྷ་མོ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨོ་རྒྱན་རྗེས་བཟུང་གཏེར་སྟོན་བརྒྱ་རྩ་དང་། །ལུང་རིག་གླིང་པ་རྗེ་འབངས་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཨོཾ་ཨཱཿཧཱུྃ༔ རྡོ་རྗེ་ལྕེ་ཡི་དམ་ཚིག་ལ། །རྡོ་རྗེ་ཅན་གྱི་འབྲུ་གསུམ་བསྒོམ། །བདུད་རྩི་ལྔ་དང་སྦྱར་བའི་སྨན། །མྱོང་ན་དངོས་གྲུབ་ཐོབ་པར་འགྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔

སྨན་མཆོད་ཉུང་བསྡུས།

༄༅།། ཨོཾ་ཨཱ༔ཧཱུྃ༔ སྐུ་གསུམ་ལྷུན་རྫོགས་སྟོན་པ་མཚོ་སྐྱེས་རྗེ། །མཐུ་སྟོབས་ཐོགས་མེད་མཚན་བརྒྱད་རྗེ་འབངས་གྲོགས། །དངོས་གྲུབ་སྩོལ་མཛད་དཀྱིལ་འཁོར་ལྷ་ཚོགས་ཀྱིས། །མི་འགྱུར་རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩོལ། །འགག་མེད་རྡོ་རྗེ་གསུང་གི་དངོས་གྲུབ་སྩོལ། །འཁྲུལ་མེད་རྡོ་རྗེ་ཐུགས་ཀྱི་དངོས་གྲུབ་སྩོལ། །རྩ་སྔགས་དང་། ཀཱ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ

བསྐང་བ་ཡིད་བཞིན་འདོད་འཇོ།

ཡང་ཟབ་གུ་རུའི་ཐུགས་སྒྲུབ་ལས༔ བསྐང་བ་ཡིད་བཞིན་འདོད་འཇོ་བཞུགས༔

རིག་འཛིན་གཙོ་ལ་ཕྱག་འཚལ་འདུད༔ བྱིན་རླབས་རྩ་བའི་བླ་མ་སྟེ༔ ཀུན་འདུས་རང་བྱུང་པདྨ་འབྱུང་༔ མཚན་བརྒྱད་སྒྲུབ་པ་ཉམས་ལེན་ཚེ༔ ཉམས་ཆག་བཤགས་དང་བར་ཆད་སེལ༔ དུས་འཁྲུག་བཟློག་དང་འདོད་དོན་འགྲུབ༔ བསོད་ནམས་ཚོགས་གཉིས་སྤེལ་བའི་ཐབས༔ བསྙེན་དང་སྒྲུབ་པ་གཞུང་བཞིན་བརྩམ༔ ཚོགས་ཀྱི་ཡོ་བྱད་བྱིན་བརླབས་ཤིང་༔ ཚོགས་ཞིང་སྤྱན་དྲངས་ཚོགས་ཕུད་འབུལ༔ སྣང་སྲིད་ཀུན་བཟང་མཆོད་པའི་སྤྲིན༔ བསྐང་བའི་རྫས་སུ་བྱིན་གྱིས་བརླབས༔ སྔགས་དང་ཕྱག་རྒྱས་སྤེལ་ཞིང་བསྒྱུར༔ སྤོས་བདུག་རོལ་མོའི་སྒྲ་དང་བཅས༔ ཧཱུྃ་ཧྲཱིཿ རང་བཞིན་རྣམ་དག་རང་སྣང་སྤྲུལ་པའི་ཞིང་༔ ཚོགས་ཁང་པདྨ་འོད་ཀྱི་ཕོ་བྲང་འདིར༔ དངོས་སུ་བཤམས་པའི་ཚོགས་ཀྱི་ཡོ་བྱད་རྫས༔ ཏིང་འཛིན་དམིགས་པས་ཀུན་བཟང་མཆོད་སྤྲིན་ལྟར༔ ས་གསུམ་གང་ཞིང་འཁོར་བ་མ་སྟོང་བར༔ རྡུལ་སྙེད་རིག་འཛིན་སངས་རྒྱས་བྱང་ཆུབ་སེམས༔ ཚོགས་ཞིང་སྐྱབས་ཀྱི་དམ་པ་ཐམས་ཅད་ཀྱི༔ ཟག་མེད་གསང་གསུམ་དགྱེས་པའི་ཡོ་བྱད་དུ༔ འཛད་མེད་ཡིད་བཞིན་བདུད་རྩིར་བྱིན་གྱིས་བརླབས༔ དད་མོས་གུས་པས་གདུང་བའི་དབྱངས་དང་བཅས༔ འབུལ་ཞིང་ཐུགས་དམ་བསྐང་ངོ་བཞེས་སུ་གསོལ༔ ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྐུ༔ ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ༔ རང་བྱུང་པདྨའི་སྡོང་པོར་སྐུ་འཁྲུངས་པ༔ རྡོ་རྗེ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་༔ སྒྲིབ་གཉིས་ཡོངས་དག་སྐྱེ་མེད་དབྱིངས་ཉིད་ལས༔ རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་མཚན་དཔེར་ཤར༔ ཐབས་ཤེས་དབྱེར་མེད་ཡང་དག་རིག་འཛིན་མཆོག༔ པདྨ་འབྱུང་གནས་ཡབ་ཡུམ་ཐུགས་དམ་བསྐང་༔ མཁྱེན་རབ་མཐར་ཕྱིན་ཤེས་བྱ་ཐམས་ཅད་གཟིགས༔ སྐལ་ལྡན་བློ་གྲོས་གསལ་བྱེད་ལྷག་པའི་ལྷ༔ སྐུ་ཡི་བདག་ཉིད་འཇམ་དཔལ་རིག་འཛིན་མཆོག༔ མཁས་པ་བློ་ལྡན་མཆོག་སྲེད་ཐུགས་དམ་བསྐང་༔ ཆགས་མེད་སྐྱོན་སྤངས་ཁམས་གསུམ་དབང་དུ་སྡུད༔ སྣང་སྲིད་ཆོས་ཀུན་བདེན་མེད་ཟིལ་གྱིས་གནོན༔ གསུང་གི་དབང་ཕྱུག་རྟ་མཆོག་རིག་པ་འཛིན༔ གུ་རུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང་༔ ངོ་བོ་གཅིག་ལས་རྣམ་འཕྲུལ་དུ་མར་འགྱེད༔ བདུད་དང་མུ་སྟེགས་ལོག་འདྲེན་འདུལ་བའི་གཤེད༔ ཕྲིན་ལས་མངའ་བདག་ཕུར་པའི་རིག་འཛིན་མཆོག༔ ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་༔ བདག་མེད་ཆོས་ཀྱི་ང་རོས་རྒོལ་ངན་འཇོམས༔ མཐུ་རྩལ་ཐོགས་མེད་སངས་རྒྱས་བསྟན་པ་སྲུང་༔ མ་མོའི་ཚོགས་རྗེ་རྦོད་གཏོང་རིག་འཛིན་མཆོག༔ དཔའ་བོ་སེང་གེ་སྒྲ་སྒྲོག་ཐུགས་དམ་བསྐང་༔ ཕུང་པོ་ལྔ་སོགས་ཕྱི་ནང་སྣོད་བཅུད་ཆོས༔ དག་མཉམ་བདུད་རྩིར་རྟོགས་པའི་དགོངས་པ་ཅན༔ ཀུན་འདུས་ཆེ་མཆོག་རིག་འཛིན་སྤྲུལ་པའི་སྐུ༔ དགེ་སློང་པདྨ་སཾ་བྷའི་ཐུགས་དམ་བསྐང་༔ ཆོས་ཉིད་ཞི་ལས་གཡོས་པ་མེད་བཞིན་དུ༔ གདུལ་བྱའི་སྣང་ངོར་དེར་མཐུན་གཟུགས་སུ་སྣང་༔ མཁའ་འགྲོའི་དབང་ཕྱུག་མཆོད་བསྟོད་རིག་པ་འཛིན༔ གུ་རུ་ཤཱཀྱ་སེང་གེའི་ཐུགས་དམ་བསྐང་༔ མི་བསྲུན་འབྱུང་པོས་བསྟན་འགྲོའི་དཔལ་ཕྲོག་པའི༔ སྲོག་གི་གཤེད་དབབ་སྡེ་བརྒྱད་བྲན་དུ་ཁོལ༔ དུར་ཁྲོད་གནས་བཞུགས་དྲག་སྔགས་རིག་པ་འཛིན༔ རྣལ་འབྱོར་ཉི་མ་འོད་ཟེར་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ གངས་ཅན་བོད་དུ་པདྨ་རྒྱལ་པོ་ཡིས༔ སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ༔ དབང་བསྐུར་ལུང་བསྟན་བསྙེན་སྒྲུབ་རྟགས་ཐོན་པའི༔ སྤྲུལ་པའི་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ ཁྱད་པར་བཀའ་བབས་སྙིང་གི་མི་དགུ་ཞེས༔ ཡང་དག་ཐུགས་ཀྱི་བཀའ་བབས་ཉི་ཟེར་ཆིབས༔ གནུབས་བན་ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་༔ འཇམ་དཔལ་གཤིན་རྗེའི་བཀའ་བབས་གྲུབ་པ་ཐོབ༔ སྒྲགས་ཀྱི་ཡང་རྫོང་བྲག་ལ་ཕུར་པ་ཐེབས༔ རོང་སྟོན་སངས་རྒྱས་ཡེ་ཤེས་ཐུགས་དམ་བསྐང་༔ ངན་ལམ་རིགས་འཁྲུངས་དབང་ཆེན་བཀའ་བབས་པས༔ བསྙེན་སྒྲུབ་མཐར་ཕྱིན་རྟ་སྐད་གཙུག་ནས་འཚེར༔ སྔགས་འཆང་རྒྱལ་བ་མཆོག་དབྱངས་ཐུགས་དམ་བསྐང་༔ མཁར་ཆེན་རྒྱུད་འཁྲུངས་བྱང་ཆུབ་སེམས་དང་ལྡན༔ ཕུར་པའི་བཀའ་བབས་ཕ་མེས་ཕུང་སྲི་བཏུལ༔ རྫུ་འཕྲུལ་གཡུལ་ལས་བསད་པའི་མི་རོ་སློང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ མ་མོའི་བཀའ་བབས་རྩ་རླུང་ལས་སུ་རུང་༔ མཁའ་འགྲོ་དབང་བསྡུས་མཁའ་ལ་བྱ་ལྟར་ལྡིང་༔ འབྲོག་མི་དཔལ་གྱི་ཡེ་ཤེས་ཐུགས་དམ་བསྐང་༔ གཉགས་ཀྱི་རིགས་འཁྲུངས་ཆེ་མཆོག་བཀའ་བབས་པས༔ ཡོན་ཏན་མངོན་གྲུབ་བྲག་ལས་བདུད་རྩི་འབྱིན༔ མཁས་མཆོག་ཡེ་ཤེས་གཞོན་ནུའི་ཐུགས་དམ་བསྐང་༔ མཆོད་བསྟོད་བཀའ་བབ་སྟག་ཚང་སེང་ཕུག་ཏུ༔ དྲེགས་པ་ཀུན་འདུལ་ཞལ་མཐོང་དངོས་གྲུབ་ཐོབ༔ མཐུ་ནུས་ཐོགས་མེད་ལྷ་སྲིན་བྲན་དུ་འཁོལ༔ རླངས་ཆེན་དཔལ་གྱི་སེང་གེའི་ཐུགས་དམ་བསྐང་༔ དྲག་སྔགས་བཀའ་བབ་སྟོབས་ལྡན་དངོས་སུ་གྲུབ༔ རྫོགས་ཆེན་སྡེ་གསུམ་བསྟན་པའི་སྲོག་ཤིང་འཛིན༔ ཡེ་ཤེས་སྤྱན་མངའ་དམོད་པས་གདུག་ཅན་སྒྲོལ༔ པ་གོར་བཻ་རོ་ཙ་ནའི་ཐུགས་དམ་བསྐང་༔ བདེ་གཤེགས་འདུས་པའི་བཀའ་བབས་ཆོས་ཀྱི་བདག༔ རྒྱལ་བས་ལུང་བསྟན་སྣང་སྲིད་ཟིལ་གྱིས་གནོན༔ གངས་ཅན་བོད་དུ་རྒྱལ་བསྟན་དར་རྒྱས་མཛད༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཐུགས་དམ་བསྐང་༔ གཞན་ཡང་རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་དུ༔ སྨིན་ཅིང་གྲོལ་ནས་བསྙེན་སྒྲུབ་མཐར་ཕྱིན་པས༔ གྲུབ་པའི་དབང་ཕྱུག་དུས་གསུམ་བྱོན་པ་ཡི༔ རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ གཉུག་མའི་ཡེ་ཤེས་སྒྲིབ་བྲལ་རང་ཞལ་སྟོན༔ དམ་ཚིག་དབང་གི་སློབ་དཔོན་ཐུགས་དམ་བསྐང་༔ གཞི་ལམ་འབྲས་བུའི་རྒྱུད་དོན་རྣ་བར་སྒྲོག༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཐུགས་དམ་བསྐང་༔ ལྟ་སྤྱོད་ཟུང་འབྲེལ་ཉམས་ལེན་གནད་ལ་བརྡེག༔ མན་ངག་ལུང་གི་སློབ་དཔོན་ཐུགས་དམ་བསྐང་༔ ཉམས་ཆག་བཤགས་ཚུལ་ཇི་བཞིན་རྒྱུད་ལ་སྦྱོར༔ ཉམས་ཆག་སྐོང་བའི་སློབ་དཔོན་ཐུགས་དམ་བསྐང་༔ ཐ་མལ་གཟུགས་ལ་སེམས་ཉིད་ལྷ་སྐུར་སྨིན༔ རྣམ་པར་སྨིན་པའི་རིག་འཛིན་ཐུགས་དམ་བསྐང་༔ བགྲེས་རྒུད་མེད་པར་རྡོ་རྗེའི་ཆོས་དང་ལྡན༔ ཚེ་ལ་དབང་བའི་རིག་འཛིན་ཐུགས་དམ་བསྐང་༔ སྒོམ་ལམ་མཐར་ཕྱིན་སྣང་སེམས་འདོད་རྒུར་བསྒྱུར༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐུགས་དམ་བསྐང་༔ མི་སློབ་ཡེ་ཤེས་འགྲོ་དོན་འབད་མེད་འབྱུང་༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཐུགས་དམ་བསྐང་༔ དབང་དང་དམ་ཚིག་མར་མེས་རྒྱུད་གཅིག་འབྲེལ༔ རྡོ་རྗེའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང་༔ ལྷན་སྐྱེས་ཡེ་ཤེས་བདེ་ཆེན་ངོ་བོར་སྟོན༔ ཤེས་རབ་གཟུངས་མ་རྣམས་ཀྱི་ཐུགས་དམ་བསྐང་༔ དཔག་བསམ་ཤིང་ལྟར་གང་འདོད་དངོས་གྲུབ་སྟེར༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་༔ ཆོས་མཛད་རྣལ་འབྱོར་བརྩེ་བས་བུ་བཞིན་སྐྱོང་༔ གནས་གསུམ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་༔ བྱང་ཆུབ་སྒྲུབ་པའི་གེགས་སེལ་མཐུན་རྐྱེན་སྒྲུབ༔ ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་༔ གཏེར་རིགས་བཅོ་བརྒྱད་ཆོས་ཀྱི་གྲོགས་མཛད་པའི༔ ཟབ་གཏེར་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ནོར་དང་ལོངས་སྤྱོད་བསམ་པའི་རེ་འདོད་སྐོང་༔ གནོད་སྦྱིན་ནོར་ལྷའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ཕ་མེས་མི་རབས་ཆོས་རྒྱུད་ལ་འགོ་བའི༔ བརྒྱུད་གསུམ་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང་༔ རྟག་ཏུ་ཕན་པ་ལྷུར་ལེན་གནོད་པ་ཟློག༔ འགོ་བའི་ལྷ་ལྔ་རྣམས་ཀྱི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་སྣོད་རི་རབ་གླིང་བཞི་ཉི་ཟླ་དང་༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད༔ སྒེག་སོགས་མཆོད་པའི་ལྷ་མོས་གར་སྟབས་བསྒྱུར༔ རིན་ཆེན་རི་བོ་མ་རྨོས་ལོ་ཏོག་དང་༔ ཁྲུས་ཀྱི་རྫིང་བུ་སྐྱེད་ཚལ་འདོད་འཇོའི་བ༔ ཡིད་བཞིན་ལྗོན་ཤིང་ཟས་གོས་དཀོར་ཆ་སོགས༔ སྲིད་ཞིའི་ཡོ་བྱད་སྣ་རྒུས་ཐུགས་དམ་བསྐང་༔ འགྲོས་མགྱོགས་བཞོན་པ་ཤིང་རྟ་གཏེར་གྱི་བུམ༔ འདབ་ཆགས་ཆུ་གནས་སྟག་སེང་སྲོག་ཆགས་རིགས༔ རང་རང་ཡོན་ཏན་གཞོན་དར་ལང་ཚོ་ངོམ༔ མཐུ་རྩལ་སྟོབས་ལྡན་རྣམས་ཀྱིས་ཐུགས་དམ་བསྐང་༔ ཕྱི་མཆོད་མེ་ཏོག་བདུག་སྤོས་མེ་མར་དྲི༔ ཞལ་ཟས་སྒྲ་སྙན་རོལ་མོས་ཐུགས་དམ་བསྐང་༔ ནང་མཆོད་རྩ་བརྒྱད་སྟོང་སྦྱར་སྨན་མཆོག་དང་༔ དམར་ཆེན་བྷ་ལིང་གཏོར་མས་ཐུགས་དམ་བསྐང་༔ གསང་མཆོད་ཞིང་བཅུ་ལས་རླུང་ཀུན་རྟོག་ཚོགས༔ སྐྱེ་མེད་དབྱིངས་སུ་སྒྲོལ་བས་ཐུགས་དམ་བསྐང་༔ ལས་ཆོས་དམ་ཚིག་ཕྱག་རྒྱ་རྣམ་གསུམ་ལ༔ ཟག་མེད་ཀློང་དུ་སྦྱོར་བས་ཐུགས་དམ་བསྐང་༔ བསྐང་བྱ་སྐོང་བྱེད་བསྐང་རྫས་སྒྱུ་མའི་འཕྲུལ༔ རིག་སྟོང་བརྗོད་མེད་ལྟ་བས་ཐུགས་དམ་བསྐང་༔ ཡེང་འཁྲུལ་གཉིས་མེད་སྒོམ་པས་ཐུགས་དམ་བསྐང་༔ ཞེན་མེད་རང་བབས་སྤྱོད་པས་ཐུགས་དམ་བསྐང་༔ དག་མཉམ་ཐོབ་མེད་འབྲས་བུས་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས༔ སྔོན་ལས་ངན་པས་མནར་བའི་བདག་དང་འགྲོ༔ ཚེ་རབས་སྡིག་སྒྲིབ་ཉམས་ཆག་དབྱིངས་སུ་དག༔ ས་ལམ་ཡོན་ཏན་ཡར་ངོའི་ཟླ་བ་ལྟར༔ མི་ཉམས་གོང་དུ་འཕེལ་བའི་དངོས་གྲུབ་སྩོལ༔ ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་༔ ཡངས་པའི་རྒྱལ་ཁམས་བདེ་སྐྱིད་ཆོས་ལ་སྤྱོད༔ རྟག་ཏུ་དགེ་ཞིང་འཕེལ་བར་མཛད་དུ་གསོལ༔ གནས་སྐབས་རྒྱལ་བའི་བསྟན་ལ་ཞུགས་སོ་ཅོག༔ ཚེ་རིང་ནད་མེད་དམ་གཙང་སེམས་བསྐྱེད་འབྱོངས༔ སྨིན་གྲོལ་ལམ་གྱིས་རྒྱུད་སྦྱངས་ཚེ་འདི་རུ༔ རྡོ་རྗེ་འཆང་དབང་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ་ཧྲཱིཿ དང་པོ་གཞི་ཐོག་ནས་འཁྲུལ་ད་ལྟའི་བར༔ མི་དགེའི་ལས་ངན་སྤྱི་དང་ཁྱད་པར་དུ༔ གསང་ཆེན་སྒོར་ཞུགས་ཤེས་བཞིན་མི་ལྡན་པས༔ བླ་མ་ལ་ཁྲོས་མཆེད་དང་ལྕམ་དྲལ་བརྙས༔ བསྐྱེད་རིམ་མ་གསལ་རྫོགས་རིམ་གནད་མ་རྟོགས༔ ཕ་མ་མཁན་སློབ་ཡུལ་ལ་དགྲར་བལྟས་པས༔ དམ་ཚིག་འགལ་ཉམས་འདས་རལ་ཅི་མཆིས་པ༔ རྩ་གསུམ་ཡོངས་རྫོགས་སྤྱན་སྔར་བཤགས་ལགས་ན༔ ཉམས་ཤིང་ཉེས་པ་ཐམས་ཅད་བསྐང་བ་དང་༔ བྱང་ཞིང་དག་ནས་ཚངས་པར་མཛད་དུ་གསོལ༔ ཅེས་དང་གཞན་ཡང་ཡི་གེ་བརྒྱ༔ བཤགས་པའི་རིམ་པ་ཅི་རིགས་བརྗོད༔ འདི་ནི་ཉམས་པ་སྐོང་བའི་ཐབས༔ བར་ཆད་སེལ་ཞིང་ཚོགས་ཆེན་འགྲུབ༔ རྗེས་ལ་རྣམ་པར་མི་རྟོག་པའི༔ ངང་ལ་འཇོག་པ་བསྐང་བའི་མཆོག༔ ས་མ་ཡཱ༔ གུ་ཧྱ༔

བསྐང་བསྡུས་བཅུད་དྲིལ་ནོར་བུའི་བུམ་བཟང་།

༄༅།། གུ་རུ་མཚན་བརྒྱད་ཀྱི་ཆོ་གའི་བསྐང་བསྡུས་བཅུད་དྲིལ་ནོར་བུའི་བུམ་བཟང་བཞུགས།

༄༅།། ན་མོ་གུ་རུ། ཆོ་གའི་ཚོགས་ཀྱི་སྐབས་བསྐང་བ་རྒྱས་པ་གཞུང་ལྟར་མི་ནུས་ན་ཅུང་ཟད་བསྡུས་པ་འདི་བཞིན་ནོ། །ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བྱིན་བརླབས་སྔོན་དུ་འགྲོ་བས། ཧཱུྃ་ཧྲཱིཿ མ་སྐྱེས་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས། །ཏིང་འཛིན་བདེན་མེད་སྒྱུ་མའི་ཆོ་འཕྲུལ་འགྱེད། །དངོས་བཤམས་ཡིད་སྤྲུལ་བསྐང་རྟེན་སྒྲུབ་པའི་རྫས། །ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་བརླབས་ནས། །སྐྱབས་གནས་མཆོག་གསུམ་རྩ་གསུམ་སྲུང་མར་བཅས། །ཟག་མེད་སྒོ་གསུམ་དགྱེས་ཕྱིར་གུས་པས་འབུལ། །བརྩེ་ཆེན་ཐུགས་ཀྱིས་བཞེས་ཤིང་བྱིན་གྱིས་རློབས། །ཧཱུྃ་ཧྲཱིཿ ངོ་བོ་ཀ་དག་རང་བཞིན་ལྷུན་གྱིས་གྲུབ། །སྐུ་གསུམ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །རྒྱལ་བ་ཀུན་དངོས་འགྲོ་བ་ཡོངས་ཀྱི་མགོན། །གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་། །ཐབས་ཤེས་ཟུང་འཇུག་ཐུགས་ཀྱི་རིག་འཛིན་མཆོག །གུ་རུ་པད་འབྱུང་ཡབ་ཡུམ་ཐུགས་དམ་བསྐང་། །མཁྱེན་རབ་དབང་ཕྱུག་སྐུ་ཡི་རིག་པ་འཛིན། །གུ་རུ་བློ་ལྡན་མཆོག་སྲེད་ཐུགས་དམ་བསྐང་། །ཆགས་བྲལ་དབང་ཆེན་གསུང་གི་རིག་འཛིན་མཆོག །གུ་རུ་པདྨ་རྒྱལ་པོའི་ཐུགས་དམ་བསྐང་། །བདུད་སྡེ་ཚར་གཅོད་ཕྲིན་ལས་རིག་འཛིན་མཆོག །གུ་རུ་རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་། །སྡེ་སྣོད་གསུམ་ལྡན་བདུད་རྩིའི་རིག་པ་འཛིན། །གུ་རུ་པདྨ་སཾ་བྷའི་ཐུགས་དམ་བསྐང་། །བདག་རྟོག་འདུལ་མཛད་མ་མོའི་རིག་པ་འཛིན། །གུ་རུ་སེང་གེ་སྒྲ་སྒྲོག་ཐུགས་དམ་བསྐང་། །དྲེགས་པ་ཟིལ་གནོན་མཆོད་བསྟོད་རིག་འཛིན་མཆོག །གུ་རུ་ཤཱཀྱ་སེང་གེའི་ཐུགས་དམ་བསྐང་། །ཉི་ཟླ་གདན་བཏིང་དྲག་སྔགས་རིག་པ་འཛིན། །གུ་རུ་ཉི་མ་འོད་ཟེར་ཐུགས་དམ་བསྐང་། །འཕགས་ཡུལ་གསང་སྔགས་གྲུབ་བརྙེས་རྫུ་འཕྲུལ་བསྟན། །གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཐུགས་དམ་བསྐང་། །པད་འབྱུང་སློབ་མ་མཆོག་གི་སར་གཤེགས་པའི། །རིག་འཛིན་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་། །ཡང་དག་བཀའ་བབ་ཉི་མའི་ཟེར་ལ་ཆིབས། །གནུབས་བན་ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་། །གཤིན་རྗེའི་བཀའ་བབ་བྲག་ལ་ཕུར་པ་ཐེབས། །གནུབས་སྟོན་སངས་རྒྱས་ཡེ་ཤེས་ཐུགས་དམ་བསྐང་། །དབང་ཆེན་བཀའ་བབས་རྟ་སྐད་གཙུག་ནས་འཚེར། །ངན་ལམ་རྒྱལ་བ་མཆོག་དབྱངས་ཐུགས་དམ་བསྐང་། །ཕུར་པའི་བཀའ་བབས་ཕུར་པ་མཁའ་ལ་ལྡིང་། །མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །མ་མོའི་བཀའ་བབས་ནམ་མཁར་བྱ་ལྟར་འཕུར། །འབྲོག་མི་དཔལ་གྱི་ཡེ་ཤེས་ཐུགས་དམ་བསྐང་། །མཆོད་བསྟོད་བཀའ་བབས་སྡེ་བརྒྱད་བྲན་དུ་འཁོལ། །རླངས་ཆེན་དཔལ་གྱི་སེང་གེའི་ཐུགས་དམ་བསྐང་། །དྲག་སྔགས་བཀའ་བབས་དམོད་པས་དགྲ་བགེགས་སྒྲོལ། །པ་གོར་བཻ་རོ་ཙ་ནའི་ཐུགས་དམ་བསྐང་། །ཡོངས་རྫོགས་བཀའ་བབ་གངས་ལྗོངས་རྒྱལ་བསྟན་སྤེལ། །ལྷ་ཅིག་ཚངས་པའི་མེ་ཏོག་ཐུགས་དམ་བསྐང་། །དབང་བསྐུར་རྒྱུད་བཤད་ལུང་འབོག་ཉམས་ཆག་སྐོང་། །རྡོ་རྗེ་སློབ་དཔོན་རྣམ་བཞིའི་ཐུགས་དམ་བསྐང་། །རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ། །རིག་འཛིན་རྣམ་པ་བཞི་ཡི་ཐུགས་དམ་བསྐང་། །དགོངས་བརྡ་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱ་དང་། །སྨོན་ལམ་དབང་བསྐུར་དག་སྣང་བྱིན་རླབས་འཕོས། །ཉམས་རྟོགས་གོང་འཕེལ་ཐུགས་རྗེའི་རྩལ་རྒྱས་པའི། །རྩ་བརྒྱུད་དྲིན་ཆེན་བླ་མའི་ཐུགས་དམ་བསྐང་། །གང་བསམ་མ་ལུས་ལྷུན་གྱིས་གྲུབ་མཛད་པའི། །ཡི་དམ་སྒྲུབ་ཆེན་བཀའ་བརྒྱད་ཐུགས་དམ་བསྐང་། །བར་ཆད་སེལ་ཞིང་མ་ཡིས་བུ་བཞིན་སྐྱོང་། །གནས་གསུམ་དཔའ་བོ་ཌཱཀྐིའི་ཐུགས་དམ་བསྐང་། །ཚེ་དང་ནོར་དང་ལོངས་སྤྱོད་དངོས་གྲུབ་སྟེར། །ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་དང་མཐུན་ལ་མི་འབྲལ་སྡོང་གྲོགས་མཛོད། །ཆོས་སྐྱོང་བཀའ་གཏེར་སྲུང་མའི་ཐུགས་དམ་བསྐང་། །མི་རབས་ཆོས་རྒྱུད་ཚེ་རབས་སྲུང་མ་སྟེ། །འགོ་ཞིང་སྐྱོབ་པའི་ལྷ་སྲུང་ཐུགས་དམ་བསྐང་། །ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་བར་ཆད་སྲུང་། །སྒོ་སྲུང་རྒྱལ་ཆེན་སྡེ་བཞིའི་ཐུགས་དམ་བསྐང་། །ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རི་རབ་གླིང་བཞི་ཕྱི་སྣོད་འཇིག་རྟེན་དང་། །ནང་བཅུད་ལྷ་མིའི་འདོད་ཡོན་འབྱོར་པའི་ཚོགས། །གང་ཡང་མ་ཚང་མེད་པས་ཐུགས་དམ་བསྐང་། །ཕྱི་ནང་གསང་མཆོད་དེ་བཞིན་ཉིད་ཀྱི་དབྱིངས། །ལྟ་སྒོམ་སྤྱོད་འབྲས་བཞི་ཡིས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས། །རྒྱལ་ཁམས་བདེ་ཞིང་སངས་རྒྱས་བསྟན་པ་དར། །བདག་དང་འདིར་འཚོགས་མཆེད་ལྕམ་ཐམས་ཅད་ཀྱི། །སྔོན་ལས་བྱང་ཞིང་འཕྲལ་རྐྱེན་བར་ཆད་ཟློག །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་འགྲུབ། །ཉམས་ཆག་སྡིག་ལྟུང་ཆོས་ཉིད་དབྱིངས་སུ་དག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།། ཡི་གེ་བརྒྱ་པ་བཟླ་ཞིང་མི་དམིགས་པའི་ངང་དུ་བཞག་གོ། ཞེས་པའང་ཚོགས་གྲངས་བསོགས་པའི་ཚེ་ཉེ་བར་མཁོ་བའི་ཕྱིར་ལྡན་གྲོལ་ཡོན་ཏན་མངའ་བའི་དམ་པ་གཞན་ཕན་གྱི་ཐུགས་བཞེད་ལྟར་རྒྱ་སྤྲུལ་རྒན་པོས་བྲིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག་ཛ་ཡནྟུ།།

བསྐང་བ་ཤིན་ཏུ་བསྡུས་པ།

༄༅།། བསྐང་བ་ཤིན་ཏུ་བསྡུས་པ་བཞུགས། ཨེ་མ་ཧོ། སྟོང་ཉིད་དབྱིངས་ལས་ཏིང་འཛིན་སྒྱུ་མའི་འཕྲུལ། །དངོས་བཤམས་ཡིད་སྤྲུལ་བསྐང་རྫས་ཡོ་བྱད་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་བརླབས་ནས། །རྩ་གསུམ་བདེ་གཤེགས་ཡོངས་རྫོགས་ཐུགས་དམ་བསྐང་།། ཧཱུྃ་ཧྲཱིཿ སྐུ་བཞིའི་བདག་ཉིད་སྟོན་པ་བླ་ན་མེད། །རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐང་། །ལམ་དང་འགོག་བདེན་སྐྱོབ་པ་བླ་ན་མེད། །བདེན་གཉིས་དམ་ཆོས་རྣམས་ཀྱི་ཐུགས་དམ་བསྐང་། །ཚོགས་ཀྱི་ཞིང་མཆོག་འདྲེན་པ་བླ་ན་མེད། །ཐེག་གསུམ་དགེ་འདུན་རྣམས་ཀྱི་ཐུགས་དམ་བསྐང་། །བྱིན་རླབས་རྩ་བ་མ་ནོར་ཐར་ལམ་སྟོན། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །དངོས་གྲུབ་རྩ་བ་གང་འདུལ་གཟུགས་སྐུར་སྟོན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་རྩ་བ་སྒྲུབ་མཆོག་བུ་བཞིན་སྐྱོང་། །མ་མོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །རྒྱལ་ཀུན་སྤྱི་གཟུགས་རབ་འབྱམས་དཀྱིལ་འཁོར་གཙོ། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་། །སྒྲུབ་སྡེ་བརྒྱད་དང་དབྱེར་མེད་ལྷག་པའི་ལྷ། །སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་། །བཀའ་བརྒྱད་བཀའ་བབ་གྲུབ་པའི་རིག་པ་འཛིན། །ལས་ཅན་ཐུགས་ཀྱི་བུ་དགུའི་ཐུགས་དམ་བསྐང་། །གསང་སྔགས་གྲུབ་བརྙེས་གཞན་སྣང་ཟིལ་གྱིས་གནོན། །ཐུགས་སྲས་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་། །སྨིན་གྲོལ་བསྐྱེད་རྫོགས་ལམ་ཀུན་མཐའ་རུ་ཕྱིན། །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་ཐུགས་དམ་བསྐང་། །བར་ཆད་སེལ་ཞིང་མཐུན་རྐྱེན་ཆར་འབེབས་པའི། །དམ་ཅན་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །འདིར་འདུས་བདག་ཅག་ཉམས་ཆག་དབྱིངས་སུ་བསྐངས། །མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པ་དང་། །གཞན་དོན་ཡིད་བཞིན་འགྲུབ་པའི་དགེ་ལེགས་སྩོལ། །ཅེས་དང་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་ངོ་། །རྒྱ་སྤྲུལ་འདུ་ཤེས་གསུམ་པས་སུག་བྲིས་བགྱིས་པའོ།།

དབང་ཆོག་བདུད་རྩིའི་བུམ་བཟང་།

གུ་རུའི་ཐུགས་ཀྱི་སྒྲུབ་པ་ལས༔ དབང་ཆོག་བདུད་རྩིའི་བུམ་བཟང་བཞུགས༔

ན་མོ་བིདྱཱ་དྷ་ར་པདྨ་ཀཱ་ར་ཡེ༔ སྐུ་གསུམ་སྟོན་པ་ཀུན་འདུས་པའི༔ རིགས་ཀུན་བདག་ཉིད་པད་འབྱུང་མཆོག༔ སྒྲུབ་ཐབས་ཟབ་མོ་ཉམས་ལེན་པའི༔ རྩ་བ་དབང་མཆོག་འདི་ལ་རག༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་དབེན་ཞིང་ཉམས་དགའི་སར༔ མཎྜལ་བློ་རིམ་དག་དང་བསྟུན༔ ཚོན་ནམ་ཡང་ན་ཚོམ་བུ་བཀོད༔ དབང་གི་སྒྲུབ་རྫས་འདི་ལྟ་སྟེ༔ བུམ་པ་བཅུད་ལྡན་ཁ་རྒྱན་ཅན༔ འབུར་རམ་རས་བྲིས་སྐུ་གཟུགས་དང་༔ སེལ་མེད་དམ་རྫས་བྱང་ཆུབ་སེམས༔ བདེ་བསྐྱེད་སྣོད་དུ་ལེགས་པར་བརྩལ༔ སྒྲུབ་པའི་ཡི་གེ་སྔགས་བྱང་དང་༔ མན་ཤེལ་རྡོ་རྗེ་རྩེ་ལྔ་པ༔ ཁ་ཊཱཾ་ལྷ་ཡི་གྲངས་ལྡན་པའི༔ གཏོར་མ་སྐུ་གཟུགས་ལེགས་བཀོད་དེ༔ གཉུག་མར་གནས་ལ་གཏོར་མ་དབུལ༔ ནག་ཕྱོགས་འདྲེ་རིགས་སྔགས་ཀྱིས་བསྐྲད༔ བསྲུང་བའི་འཁོར་ལོས་མཚམས་ཡང་གཅོད༔ སྐྱབས་སེམས་སྒྲུབ་པའི་གཞུང་བསྲངས་ཏེ༔ བསྙེན་སྒྲུབ་རང་གཞུང་ལྟར་དུ་བྱ༔ བུམ་པ་སྒྲུབ་ཅིང་དབང་བཞི་ལེན༔ མོས་གུས་དད་དང་ལྡན་པ་ཡི༔ སློབ་མ་མདུན་དུ་འཁོད་པ་ལ༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ མི་རྟག་བྱང་སེམས་བློ་སྦྱོང་ཚེ༔ གདམས་པར་ཡིད་ཆེས་ཁུངས་བཙུན་པའི༔ ལོ་རྒྱུས་བརྗོད་ཅིང་སློབ་མ་ཡིས༔ རིན་ཆེན་ལྔ་དང་སྨན་ལྔ་སོགས༔ མཎྜལ་དབུལ་ཞིང་བླ་མ་ལ༔ གསོལ་བ་འདེབས་པའི་ཚིག་འདི་བརྗོད༔ རྣམ་པ་ཀུན་གྱི་མཆོག་ལྡན་པའི༔ བདེ་གཤེགས་སྙིང་པོའི་རང་ཞལ་ནི༔ དག་པ་གཟུགས་སྐུའི་རྣམ་པ་རུ༔ ཡོངས་ཤར་དྲིན་ཆེན་བླ་མ་རྗེ༔ རྩ་གསུམ་ཀུན་འདུས་གུ་རུ་ཡི༔ སྨིན་བྱེད་དབང་བསྐུར་བདག་ལ་སྩོལ༔ ཅེས་པས་ལན་གསུམ་གསོལ་བ་འདེབས༔ དེ་ནས་བླ་མས་ལན་སྦྱིན་པ༔ ཡང་དག་ངེས་པའི་དོན་འདོད་ཅིང་༔ ཚེ་འདིར་སངས་རྒྱས་བསྒྲུབ་པ་ལ༔ གསང་ཆེན་ཉེ་ལམ་སྨིན་གྲོལ་གཉིས༔ ཐབས་མཆོག་འདི་ལ་མ་བརྟེན་པར༔ དམན་པའི་ལམ་གྱིས་གྲོལ་མིན་པས༔ བསྐྱེད་རྫོགས་དབང་མཆོག་འདིར་བརྟེན་ན༔ དམ་ཚིག་སྡོམ་པ་བསྲུང་ནུས་སམ༔ ཞེས་དྲིས་ལན་དུ་འདི་བཞིན་ཞུ༔ ཧོ༔ སྔོན་ནས་བདག་ཅག་ལས་འཕྲོ་ལྡན༔ དམ་ཚིག་སྡོམ་པའི་གནས་རྣམས་ཀུན༔ བསྐྱེད་རྫོགས་གཉིས་ལ་ལེགས་བསྡུས་ཏེ༔ མི་ཉམས་སེམས་ཀྱིས་བསྲུང་བར་བྱ༔ ཞེས་བརྗོད་ཚོགས་གཉིས་རྫོགས་པའི་ཕྱིར༔ སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ ཡན་ལག་བདུན་པས་རྒྱུད་སྦྱངས་ནས༔ དབང་དོན་ཡེ་ཤེས་ངོ་སྤྲོད་ཕྱིར༔ ལྷ་ཡི་བསྐྱེད་རྫོགས་ཟབ་མོའི་ངང་༔ དབྱིངས་ནས་སྤྱན་དྲངས་བྱིན་ཡང་དབབ༔ དམ་ཚིག་ཡེ་ཤེས་དབྱེར་མེད་བསྲེས༔ ཁ་དོག་ལྔ་ལྡན་མེ་ཏོག་ནི༔ དཀྱིལ་འཁོར་ལྷ་ལ་འདི་བཞིན་དབུལ༔ ཧོ༔ བདག་ཅག་ཚེ་རབས་སྔོན་དུས་ནས༔ འབྲེལ་བའི་ཡི་དམ་ལྷ་ཡི་མཆོག༔ སྤྲུལ་པའི་གུ་རུ་མཚན་བརྒྱད་དང་༔ དབྱེར་མེད་སྒྲུབ་པའི་ད་ལ་འདིར༔ རིག་པའི་མེ་ཏོག་འདི་འབུལ་ན༔ རིགས་བདག་ལྷ་ཡིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏི་ཙ་ཧོ༔ དཀྱིལ་འཁོར་དབུས་སུ་ལྟོས་མེད་དོར༔ མཆོག་དང་ཞི་རྒྱས་དབང་དྲག་སོགས༔ ལས་དང་སྒྲུབ་པའི་རྟེན་འབྲེལ་བརྟག༔ དབུས་སུ་གསང་མཚན་འདི་ཉིད་གདགས༔ པདྨ་ཐོད་ཕྲེང་རྩལ་ཞེས་དང་༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ༔ རྡོ་རྗེ་རིན་ཆེན་པདྨ་ལས༔ མཚམས་བཞིར་དཔའ་བོ་རིག་འཛིན་ཞེས༔ མཚམས་བརྒྱད་གསང་བའི་རིགས་མིང་གདགས༔ པྲ་ཏི་གྷྲི་ཧ་ཎ་ཨེ་མཾ་ས་ཏྭ་མ་ཧཱ་བྷ་ལ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ སློབ་མ་མིག་དར་དམར་པོས་བཀབ༔ གསེར་གྱི་ཐུར་མས་བསལ་བཞིན་དུ༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ བདེ་གཤེགས་སྙིང་པོ་ཆོས་སྐུའི་ཞལ༔ ལྟ་བྱེད་ཡེ་ཤེས་རང་གནས་མིག༔ གློ་བུར་དྲི་མས་བསྒྲིབས་པ་ལ༔ ཤེས་རབ་རྣམ་གསུམ་གསེར་ཐུར་གྱིས༔ དེ་རིང་བདག་གིས་དབྱེ་བར་བྱ༔ མིག་རས་བསལ་ཞིང་དཀྱིལ་འཁོར་གྱི༔ མཐོང་བ་བསྟན་པ་འདི་བཞིན་བྱ༔ ཨེ་མ་ཧོ༔ ཆོས་དབྱིངས་གཞོན་ནུ་བུམ་སྐུའི་ཀློང་༔ འཁྲུལ་གྲོལ་ལས་འདས་རང་རིག་གཤིས༔ ལྷུན་གྲུབ་རྡོ་རྗེ་ཕུང་པོའི་གྲོང་༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ མཚོན་བྱེད་རྫས་ཀྱི་དཀྱིལ་འཁོར་འདིར༔ དད་པའི་མིག་གིས་ཡང་ཡང་ལྟོས༔ ཕྱི་སྣོད་འབྱུང་བ་ཆེན་པོ་བཞིའི༔ དབྱིངས་ནི་ནམ་མཁའ་སྟོང་པའི་ངང་༔ སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་གྱི༔ དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ༔ མཐའ་བཞི་དང་བྲལ་ཚད་མེད་བཞི༔ སྒོ་བཞི་ལུས་ངག་ཡིད་ཀྱི་རྒྱུད༔ ཀུན་གཞི་ཆོས་ཀྱི་དབྱིངས་དང་འབྲེལ༔ ཙིཏྟ་ཟངས་མདོག་དཔལ་གྱི་རི༔ རང་རིག་པདྨ་ཐོད་ཕྲེང་རྩལ༔ ཚོགས་བརྒྱད་གུ་རུ་སྒྲུབ་སྡེ་བརྒྱད༔ ཉེ་ཉོན་དཔའ་བོ་མཁའ་འགྲོའི་ཚོགས༔ རང་ལས་གཞན་ན་མེད་པའི་དོན༔ རང་བྱུང་དཀྱིལ་འཁོར་ཆེན་པོ་འདིར༔ ཡང་དག་ལྟོས་ལ་ཤེས་པར་གྱིས༔ ཞེས་བརྡ་དོན་བཀྲོལ་ཏེ་བཤད༔ མཎྜལ་འབུལ་ཞིང་གསོལ་འདེབས་ནི༔ ཀྱཻ་ཧོ་བླ་མ་སྤྲུལ་པའི་སྐུ༔ བསྐྱེད་རིམ་ལྷ་ཡི་ཏིང་འཛིན་གྱིས༔ ཐ་མལ་སྣང་ཞེན་འགོག་པའི་ཕྱིར༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ བུམ་ཆུ་མགྲིན་པར་ལེགས་བསྩལ་ཏེ༔ ཧཱུྃ་ཧྲཱིཿ བུམ་པ་ཁམས་གསུམ་གནས་སུ་དག༔ བུམ་བཅུད་སྐུ་གསུམ་ལྷུན་གྱིས་གྲུབ༔ པདྨ་ཐོད་ཕྲེང་སྐུ་ཡི་དབང་༔ སྐལ་ལྡན་ལུས་ལ་ཐོབ་པ་དང་༔ བསྐྱེད་རིམ་ལྷ་སྣང་གོམས་པའི་མཐུས༔ ཐ་མལ་སྣང་ཞེན་གནས་དག་ཤོག༔ རྩ་སྔགས་ཤམ་དུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བསྙེན་སྒྲུབ་མོས་ལྡན་ལ༔ ལྷ་གྲངས་དབང་ནི་འདི་ལྟར་བསྐུར༔ དང་པོ་གཙོ་བོའི་སྐུ་ཐོགས་ཏེ༔ ཧྲཱིཿ རྒྱལ་བ་སྲས་བཅས་མ་ལུས་ཀུན༔ ཐུགས་རྗེའི་གཟུགས་སྐུར་ལེགས་གྲུབ་པ༔ རིགས་བདག་པདྨ་ཐོད་ཕྲེང་གི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ་ཀཱ་ཡ་བརྗོད༔ འཆི་མེད་སྣང་མཐའི་སྐུ་ཐོགས་ཏེ༔ ཧྲཱིཿ སྐྱེ་འཆི་མཚན་མའི་སྐྱོན་དང་བྲལ༔ ཐུགས་རྗེའི་འོད་ཟེར་མཐའ་ཡས་པ༔ བདེ་གཤེགས་གསུང་གི་བདག་པོ་ཡི༔ དབང་མཆོག་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨ་མི་ཏ་བྷ་ཨ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་འབྱུང་གནས་ཀྱི་སྐུ་ཐོགས་ཏེ༔ ཧྲཱིཿ རང་བྱུང་པདྨའི་སྡོང་པོ་ལ༔ རང་ཤར་སྤྲུལ་པའི་སྐུར་སྣང་བ༔ པདྨ་འབྱུང་གནས་དབང་བསྐུར་བས༔ སྣང་སྲིད་ཟིལ་གྱིས་གནོན་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ བློ་ལྡན་མཆོག་སྲེད་ཀྱི་སྐུ་ཐོགས་ཏེ༔ ཧྲཱིཿ ཤེས་བྱ་མཁྱེན་པའི་ཡེ་ཤེས་ཀྱིས༔ གཏི་མུག་རྨོངས་པ་སེལ་མཛད་པ༔ བློ་གྲོས་མཆོག་གི་དབང་བསྐུར་བས༔ བདག་ལྟའི་སྲེད་པ་འཇོམས་པར་ཤོག༔ པྲཛྙཱ་བྷུདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཉི་མ་འོད་ཟེར་གྱི་སྐུ་ཐོགས་ཏེ༔ ཧྲཱིཿ རང་བྱུང་ཐུགས་རྗེའི་འོད་སྟོང་གིས༔ རྟོགས་པའི་གཏེར་ལ་དབང་བསྒྱུར་བ༔ མཁྱེན་བརྩེ་ཉིན་མོར་བྱེད་པ་ཡི༔ དབང་ཐོབ་སྲིད་པ་གདུང་སེལ་ཤོག༔ སུརྱ་རསྨི་པྲ་བྷ་ཨ་བྷི་ཥིཉྩ་ཧཱུྃ༔ སེང་གེ་སྒྲ་ཡི་སྐུ་ཐོགས་ཏེ༔ ཧྲཱིཿ བདག་མེད་སེང་གེའི་ང་རོ་ཡིས༔ ལོག་རྟོག་ཀླད་པ་འགེམ་མཛད་པའི༔ ཁྲོ་བོ་མཆོག་གི་དབང་བསྐུར་བས༔ ལོག་འདྲེན་དཔུང་ཚོགས་འཇོམས་པར་ཤོག༔ སིང་ཧ་གྷནྚེ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་རྒྱལ་པོའི་སྐུ་ཐོགས་ཏེ༔ ཧྲཱིཿ བརྟན་གཡོ་སྣང་སྲིད་མ་ལུས་ཀུན༔ ཐུགས་རྗེའི་ནུས་མཐུས་དབང་བསྡུས་ཤིང་༔ ཟིལ་གནོན་པདྨ་རྒྱལ་པོ་ཡི༔ དབང་ཐོབ་བདེ་ལེགས་ཀུན་འབྱུང་ཤོག༔ པདྨ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་གྲོ་ལོད་ཀྱི་སྐུ་ཐོགས་ཏེ༔ ཧྲཱིཿ བདུད་དང་མུ་སྟེགས་དམ་སྲིའི་རིགས༔ གདུག་པ་ཅན་ཀུན་ཚར་གཅོད་པའི༔ རྡོ་རྗེ་གྲོ་ལོད་དབང་བསྐུར་བས༔ བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཤོག༔ བཛྲ་ཀྲོ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་སམ་བྷའི་སྐུ་ཐོགས་ཏེ༔ ཧྲཱིཿ མཁྱེན་པའི་ཡེ་ཤེས་རབ་རྒྱས་ཤིང་༔ འཆད་རྩོད་རྩོམ་པའི་ཆོས་སྒྲ་སྒྲོག༔ པདྨ་སམ་བྷའི་དབང་བསྐུར་བས༔ ཐེག་གསུམ་གསུང་ལ་དབང་འབྱོར་ཤོག༔ པདྨ་སམ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཤཱཀྱ་སེང་གེའི་སྐུ་ཐོགས་ཏེ༔ ཧྲཱིཿ མཚན་དང་དཔེ་བྱད་འབར་བའི་སྐུ༔ རྒྱལ་བའི་མཛད་པ་མཐར་ཕྱིན་པ༔ ཤཱཀྱ་སེང་གེའི་དབང་བསྐུར་བས༔ རྒྱལ་བསྟན་ཉམས་པ་གསོ་ནུས་ཤོག༔ ཤཱཀྱ་སེང་གེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་གཙོ་བོའི་དབང་རྣམས་བསྐུར༔ དེ་ནས་འཁོར་གྱི་ལྷ་རྣམས་ཀྱི༔ དབང་ལ་ཐོག་མར་རིག་འཛིན་བརྒྱད༔ བཀའ་བབ་བུ་དགུ་རྗེ་དང་འབངས༔ དང་པོ་རིག་འཛིན་རྣམ་བརྒྱད་ཀྱི༔ ཐུགས་ཀྱི་རིག་འཛིན་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ མཐའ་བརྒྱད་སྤྲོས་པ་བྲལ་བའི་ངང་༔ ཡང་དག་ཐུགས་ཀྱི་རིག་པ་འཛིན༔ ཧཱུྃ་ཆེན་ཀཱ་རའི་དབང་བསྐུར་བས༔ སེམས་ཉིད་སྐྱོན་བྲལ་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་ཧཱུྃ་ཀཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་ཡི་རིག་འཛིན་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ ཐ་མལ་རྩ་རླུང་འཁྲུལ་བའི་ལུས༔ གནས་དག་མཚན་དཔེའི་དཔལ་འབར་བ༔ འཇམ་དཔལ་བཤེས་གཉེན་དབང་བསྐུར་བས༔ ལུས་སྒྲིབ་དབྱིངས་དག་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་མཉྫུ་མི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་རིག་འཛིན་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿ མི་ཤིགས་ནཱ་ད་ཆོས་ཀྱི་དབྱིངས༔ འགག་མེད་གསུང་གི་རིག་པ་འཛིན༔ ཀླུ་སྒྲུབ་སྙིང་པོའི་དབང་བསྐུར་བས༔ རྣམ་གྲོལ་གསུང་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་ནཱ་གརྫུ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་རིག་འཛིན་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ དབྱིངས་སྒྲོལ་ཕྲིན་ལས་རིག་པ་འཛིན༔ པྲ་བྷ་ཧསྟིའི་དབང་བསྐུར་བས༔ གཉིས་སྣང་འཇོམས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་པྲ་བྷ་ཧསྟི་ཨ་བྷི་ཥིཉྩ་ཧཱུྃ༔ རྦོད་གཏོང་རིག་འཛིན་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿ བདེ་བ་ཆེན་པོའི་ཡེ་ཤེས་ཀྱི༔ བདེ་སྟོང་གཉིས་མེད་རིག་པ་འཛིན༔ དྷ་ན་སངྐྲིའི་དབང་བསྐུར་བས༔ མཁའ་འགྲོ་བྲན་བཀོལ་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་དྷ་ན་སངྐྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རིག་འཛིན་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿ ཆེ་མཆོག་བདུད་རྩིའི་ཏིང་འཛིན་གྱི༔ འཆི་མེད་ཡོན་ཏན་རིག་པ་འཛིན༔ བཱི་མ་མི་ཏྲའི་དབང་བསྐུར་བས༔ གཉུག་མ་གཞོམ་བྲལ་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་བཱི་མ་མི་ཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་བསྟོད་རིག་འཛིན་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿ ལྔ་ལྡན་ཡེ་ཤེས་ཆེན་པོ་ཡི༔ ཕུང་ལྔའི་བདུད་བཅོམ་རིག་པ་འཛིན༔ ཟླ་གསང་ཐིག་ལེའི་དབང་བསྐུར་བས༔ དྲེགས་ཚོགས་ཀུན་ལ་དབང་བསྒྱུར་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་རོམ་བུ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ དྲག་སྔགས་རིག་འཛིན་སྐུ་ཐོགས་ལ༔ ཧཱུྃ་ཧྲཱིཿ སྐྱེ་མེད་དབྱིངས་སུ་འཁོར་འདས་ཆོས༔ ཡོངས་གྲོལ་དྲག་སྔགས་རིག་པ་འཛིན༔ ཞི་བའི་སྙིང་པོའི་དབང་བསྐུར་བས༔ བདུད་འཇོམས་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱཿམ་ཧཱ་གུ་རུ་ཤནྟིཾ་གྷརྦྷ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྗེ་འབངས་ཉེར་ལྔའི་ཐོག་མར་བཀའ་བབ་ཐུགས་ཀྱི་བུ་དགུའི་དབང་ལས༔ ཡང་དག་བཀའ་བབ་ནམ་མཁའི་སྙིང་པོའི་སྐུ་ཐོགས་ཏེ༔ ཧཱུྃ༔ གཡོ་མེད་ཏིང་འཛིན་མཆོག་འགྲུབ་ནས༔ ནམ་མཁའི་ཉི་ཟླ་གདན་དུ་བཏིང་༔ གསང་སྔགས་གྲུབ་བརྙེས་རིག་པ་འཛིན༔ ནམ་མཁའི་སྙིང་པོའི་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་ཨ་ཀ་ཤ་གྷར་བྷ་ཨ་བྷི་ཥིཉྩ་ཧཱུྃ༔ འཇམ་དཔལ་བཀའ་བབ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཐོགས་ལ༔ ཧཱུྃ༔ རྨད་བྱུང་དཀའ་སྤྱད་ཏིང་འཛིན་གྱི༔ གཤིན་རྗེ་གཤེད་གྲུབ་རིག་པ་འཛིན༔ འཁྲུལ་སྣང་བྲག་ལ་ཕུར་པ་ཐེབས༔ སངས་རྒྱས་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་གི་བཀའ་བབ་རྒྱལ་བ་མཆོག་དབྱངས་ཀྱི་སྐུ་ཐོགས་ཏེ༔ ཧཱུྃ༔ སྐྱེ་འགག་གཉིས་མེད་ཏིང་འཛིན་མཐུས༔ གསུང་དབྱངས་རྟ་སྐད་གཙུག་ན་འཚེར༔ ཁམས་གསུམ་དབང་སྡུད་རིག་པ་འཛིན༔ རྒྱལ་མཆོག་དབྱངས་ཀྱི་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་ཛྙཱ་ན་སྭ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་བཀའ་བབ་མཚོ་རྒྱལ་གྱི་སྐུ་ཐོགས་ཏེ༔ ཧཱུྃ༔ རང་བྱུང་པདྨ་རྒྱལ་པོ་ཡིས༔ བྱིན་རླབས་བསད་པའི་མི་རོ་སློང་༔ ཕུར་པ་ཕྲིན་ལས་རིག་པ་འཛིན༔ ཡེ་ཤེས་མཚོ་རྒྱལ་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་ཛྙཱ་ན་ས་ག་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྦོད་གཏོང་བཀའ་བབ་དཔལ་གྱི་ཡེ་ཤེས་སྐུ་ཐོགས་ཏེ༔ ཧཱུྃ༔ སྣོད་བཅུད་ལྷ་ཡི་ཏིང་འཛིན་གྱིས༔ མ་མོ་བྲན་བཀོལ་རིག་པ་འཛིན༔ གནས་གསུམ་མཁའ་འགྲོའི་སྲོག་གི་བདག༔ དཔལ་གྱི་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་ཤྲཱི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་བསྟོད་བཀའ་བབ་དཔལ་གྱི་སེང་གེའི་སྐུ་ཐོགས་ཏེ༔ ཧཱུྃ༔ གྲོང་ཁྱེར་གསུམ་ཀྱི་བསྡུས་པའི་འགྲོ༔ སྐུ་གསུམ་དབྱིངས་གྲོལ་རིག་པ་འཛིན༔ ལྷ་སྲིན་དྲེགས་པ་ཚར་གཅོད་པའི༔ རླངས་རིགས་དཔལ་སེང་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་ཤྲཱི་སིང་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་བཀའ་བབ་ཡེ་ཤེས་གཞོན་ནུའི་སྐུ་ཐོགས་ཏེ༔ ཧཱུྃ༔ གཉིས་འཛིན་གཙང་རྨེས་བསྡུས་པའི་ཆོས༔ ཟག་མེད་སྨན་དུ་བྱིན་བརླབས་པས༔ སྲ་བའི་བྲག་ལས་བདུད་རྩི་འབྱིན༔ གཉགས་ཆེན་ཡེ་ཤེས་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་ཛྙཱ་ན་ཀུ་མཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དྲག་སྔགས་བཀའ་བབ་རྣམ་སྣང་ལོ་ཙཱའི་སྐུ་ཐོགས་ཏེ༔ ཧཱུྃ༔ འཕགས་ཡུལ་མཁས་དང་གྲུབ་རྣམས་ཀྱི༔ ཡང་དག་ཐུགས་ཀྱི་གདམས་ངག་མཐུས༔ དྲག་སྔགས་བཀའ་བབ་རིག་པ་འཛིན༔ རྣམ་པར་སྣང་མཛད་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གསང་ཆེན་ཡོངས་རྫོགས་ཀྱི་བཀའ་བབ་ཆོས་རྒྱལ་ཆེན་པོའི་སྐུ་ཐོགས་ཏེ༔ ཧཱུྃ༔ སྒྲུབ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་དུ༔ ཡི་དམ་ལྷ་ཡིས་རྗེས་བཟུང་མཐུས༔ ཁམས་གསུམ་ཟིལ་གནོན་རིག་པ་འཛིན༔ ཚངས་པའི་མེ་ཏོག་དབང་བསྐུར་རོ༔ ཨོཾ་ཨཱཿབིདྱཱ་དྷ་ར་མ་ཧཱ་རཱ་ཛ་པྲ་ཧྨ་ཎ་པུཥྤེ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་འབངས་རིགས་གཞན་རྣམས་ལ༔ ཚིག་ཕྲད་སྦྱར་ཏེ་དབང་བསྐུར་སྦྱིན༔ དེ་ནས་ལྷ་ཡི་དབང་ཐོབ་པས༔ ལས་སྐལ་ལྡན་པའི་གང་ཟག་ལ༔ དངོས་ཉམས་རྨི་ལམ་གང་རུང་དུ༔ ལྷ་ཡི་ཞལ་མཇལ་ལུང་སྟོན་དང་༔ དགེ་བའི་ལྟས་ཀྱང་ངེས་པར་འབྱུང་༔ ལུས་ཀྱི་སྒྲིབ་པ་འདག་པ་དང་༔ བསྐྱེད་རིམ་སྤྲུལ་པའི་སྐུ་འགྲུབ་གྱུར༔ ས་མ་ཡཱ༔ དེ་ནས་གསུང་གི་དབང་མཆོག་ལ༔ གསུམ་ལས་དང་པོ་བདུད་རྩི་སྦྱིན་པ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་མཚན་ལྡན་ཀ་པཱ་ལར༔ ཟག་མེད་བདེ་བའི་བདུད་རྩིས་གཏམས༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ སྒྲ་གྲགས་གསུང་ལ་དབང་བསྒྱུར་བས༔ འགག་མེད་ལོངས་སྐུར་སྨིན་པར་ཤོག༔ རྩ་སྔགས་ཤམ་བུར་ཝཀྐ་བརྗོད༔ གཉིས་པ་བཟླས་ལུང་སྦྱིན་པ་ནི༔ དཔོན་སློབ་གཉིས་ཀ་དྲན་རྫོགས་སུ༔ པདྨ་ཐོད་ཕྲེང་སྐུ་རུ་བསྒོམ༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ༔ ཧཱུྃ་མཐར་སྔགས་ཕྲེང་གཡས་བསྐོར་དུ༔ འཁོར་བས་འཕགས་མཆོད་འགྲོ་སྒྲིབ་སྦྱངས༔ ཡེངས་མེད་དམིགས་པའི་འཛིན་སྟངས་ཀྱིས༔ རྩ་སྔགས་ལན་གསུམ་རྗེས་ཟློས་དང་༔ འཁོར་སྔགས་རྣམས་ཀྱང་དེ་བཞིན་ནོ༔ དབྱངས་གསལ་བརྗོད་ཅིང་མེ་ཏོག་འཐོར༔ ཚིག་འདི་སློབ་དཔོན་བྱིན་བརླབ་བྱ༔ ཧཱུྃ༔ ཐུགས་རྗེའི་བདག་ཉིད་གུ་རུ་རྗེའི༔ གསུང་གི་བྱིན་རླབས་མ་ལུས་པ༔ སློབ་བུའི་རྒྱུད་ལ་ལེགས་ཞུགས་ནས༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ གང་བརྩམས་ཐོགས་མེད་འགྲུབ་པ་ཡི༔ དངོས་གྲུབ་མཆོག་ལ་དབང་འབྱོར་ཤོག༔ རྩ་སྔགས་རྗེས་སུ་འདི་བཞིན་བརྗོད༔ མནྚ་གུ་ཧྱ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་གླེགས་བམ་བཀའ་གཏད་ནི༔ བཀའ་སྲུང་གཏོར་མ་སྨན་རཀ་བྲན༔ ཆོས་བརྒྱུད་འཛིན་པའི་སློབ་བུ་ལ༔ འགོ་ཞིང་སྡོང་གྲོགས་མཛོད་ཅིག་ཅེས༔ བདེན་པའི་ཚིག་གིས་བཀའ་ཡང་བསྒོས༔ བརྒྱུད་པའི་གསོལ་འདེབས་འདི་བཞིན་བྱ༔ ཧོ༔ ཐོག་མའི་མགོན་པོ་སྣང་མཐའ་ཡས༔ ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས༔ སྤྲུལ་པའི་རིག་འཛིན་ཐོད་ཕྲེང་རྩལ༔ བཀའ་བབ་མི་དགུ་རྗེ་དང་འབངས༔ ལུང་བསྟན་སྐལ་ལྡན་ཆོས་ཀྱི་བདག༔ ཡི་དམ་དཀྱིལ་འཁོར་ལྷག་པའི་ལྷ༔ གནས་གསུམ་མཁའ་འགྲོ་དམ་ཅན་དང་༔ ནོར་ལྷ་གཏེར་བདག་རྒྱ་མཚོའི་མཐུས༔ རིག་འཛིན་འདུས་པའི་དབང་མཆོག་འདི༔ ཐོབ་པའི་སྐལ་ལྡན་སློབ་བུ་ལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་དང་གཞན་ཡང་འདོད་གསོལ་སྦྱར༔ དེ་ནས་གསུང་གི་དབང་ཐོབ་ནས༔ ངག་སྒྲིབ་དག་ཅིང་གང་སྨྲས་ཚིག༔ ཆོས་སུ་འགྱུར་བའི་རྟེན་འབྲེལ་འགྲིགས༔ ལྷག་པ་ལྷའི་བཟླས་ལ་ཡང་དབང་༔ བཟླས་བརྗོད་བརྩོན་པ་མ་གཡེལ་ན༔ སྒྲ་གྲགས་ལོངས་སྐུར་འགྲུབ་པར་འགྱུར༔ དེ་ནས་ཐུགས་ཀྱི་དབང་མཆོག་ལ༔ རིམ་པ་གསུམ་ལས་དང་པོ་ནི༔ རྡོ་རྗེ་རྩེ་ལྔ་དར་མཐིང་བཅས༔ སྙིང་གར་གཏུག་ཅིང་འདི་སྐད་དོ༔ ཧོ༔ དུག་ལྔའི་རྟོག་པ་གང་ཤར་བ༔ སྟོང་ཉིད་ཡེ་ཤེས་རྒྱས་ཐེབ་པས༔ རིགས་ལྔའི་ལྷ་དང་གཉིས་སུ་མེད༔ པད་འབྱུང་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཙིཏྟ་བརྗོད༔ གཉིས་པ་ཤེལ་དང་མེ་ལོང་ཐོགས༔ སློབ་བུའི་སྙིང་གར་གཏུགས་བྱས་ཏེ༔ བརྡ་དོན་ཚིག་གི་ངོ་སྤྲོད་ནི༔ ཨེ་མ་ཧོ༔ རང་སེམས་ངོ་བོ་ཀ་ནས་དག༔ མེ་ལོང་དག་པའི་ངོ་ལྟ་བུ༔ སྣ་ཚོགས་རྩལ་སྣང་འགགས་མེད་པ༔ ཅིར་ཡང་འཆར་བའི་གཟུགས་བརྙན་ལྟར༔ སྐྱེ་བ་མེད་ལས་སྐྱེ་བར་སྣང་༔ དེ་ཕྱིར་འཁྲུལ་བའི་ཡུལ་རྣམས་ལ༔ བདེན་འཛིན་འཁོར་བའི་བློ་སྤོངས་ལ༔ བདེན་མེད་ཆོས་སྐུའི་རང་ཞལ་ལྟོས༔ ཞེས་དང་སླར་ཡང་ཚིག་འདི་བརྗོད༔ ཧོ༔ སྔོན་དུས་རྡོ་རྗེ་འཆང་ཆེན་གྱི༔ ཟག་མེད་ཐུགས་ཀྱིས་བྱིན་བརླབས་པ༔ དྲི་བྲལ་རང་བྱུང་ཤེལ་དཀར་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ གུ་རུའི་ཐུགས་ཀྱི་དབང་མཆོག་ཐོབ༔ སྣང་སྲིད་སེམས་ཀྱི་རོལ་པར་ཤེས༔ སེམས་ཉིད་ཆོས་སྐུའི་རང་ཞལ་མཐོང་༔ དོན་དམ་རྟོགས་པའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་སྤྲོས་མེད་ཚིག་གི་དབང་༔ སློབ་བུས་ལུས་གནད་དྲང་པོར་བསྲང་༔ ཆོས་བདུན་ལྡན་པའི་འདུག་སྟངས་དང་༔ རྩ་རླུང་རང་སར་ཁོད་སྙོམས་ཏེ༔ རྟོག་མེད་ངང་ལ་ཤེས་པ་གཅིག༔ ཝལ་གྱི་ཤར་བ་དེ་ཀར་བཞག༔ བླ་མས་ཚིག་གིས་འདི་ངོ་སྤྲོད་བྱ༔ ཧོ༔ སེམས་ནི་སྣ་ཚོགས་ཡུལ་ལ་འཕྲོ༔ འགྲོ་བ་མེད་དེ་རང་གི་གཤིས༔ སེམས་ནི་གང་དུ་བཞག་སར་སྡོད༔ གནས་པ་མེད་དེ་ངོ་བོས་སྟོང་༔ རྣམ་རྟོག་སྣ་ཚོགས་ཅི་ཤར་ཡང་༔ བཟང་ངན་མེད་དེ་རིག་པའི་རྩལ༔ དེ་ཕྱིར་རྟོག་འཛིན་བློ་སྤངས་ཏེ༔ སྤྲོས་བྲལ་པདྨ་འབྱུང་གནས་ཐུགས༔ འདི་ལས་ལོགས་ན་བཙལ་དུ་མེད༔ དེ་ཕྱིར་གཉུག་མའི་ངང་དུ་ཞོག༔ ཅེས་པས་འདི་ཡི་དོན་ལ་བལྟ༔ བལྟ་བྱ་ལྟ་བྱེད་གཉིས་མེད་པའི༔ པད་འབྱུང་ཐུགས་ཀྱི་དབང་ཡིན་ནོ༔ གུ་ཧྱ༔ ཡོན་ཏན་གཏོར་མའི་དབང་བསྐུར་ནི༔ ཨེ་མ་ཧོ༔ གཏོར་སྣོད་བྷནྡྷ་ཡངས་པ་ཆོས་ཀྱི་དབྱིངས༔ གཏོར་རྫས་ཤ་ལྔ་བདུད་རྩི་ལོངས་སྤྱོད་རྫོགས༔ གཏོར་རྒྱན་སྣ་ཚོགས་སྣང་བ་སྤྲུལ་པའི་སྐུ༔ སྒྲུབ་པའི་དུས་སུ་ལྷ་དང་གཉིས་སུ་མེད༔ སྐལ་ལྡན་སློབ་བུའི་གནས་བཞིར་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་ཀུན་གཞིའི་བག་ཆགས་བཅས༔ སྒྲིབ་པ་བཞི་དག་སྐུ་བཞིའི་ཡེ་ཤེས་ཐོབ༔ པདྨ་འབྱུང་གནས་སྐུ་གསུང་ཐུགས་མཆོག་དང་༔ དབྱེར་མེད་ཚེ་འདིར་འགྲུབ་པར་བྱིན་གྱིས་རློབས༔ རྩ་སྔགས་ཤམ་དུ་གུ་ཎ་བརྗོད༔ དེ་ནས་ཕྲིན་ལས་ཕྱག་མཚན་ནི༔ སློབ་བུའི་ལག་པ་གཡས་གཡོན་དུ༔ རྡོ་རྗེ་བྷནྡྷ་ཚེ་བུམ་གཏད༔ ཁ་ཊཱཾ་ཕྱག་རྒྱ་མཆན་དུ་བཞག༔ ཧཱུྃ༔ ཏིང་འཛིན་གཡོ་མེད་རྡོ་རྗེ་དང་༔གཉིས་སྣང་དབྱིངས་གྲོལ་ཨ་མྲྀ་ཏ༔ དུག་གསུམ་རྩད་གཅོད་ཁ་ཊཱཾ་ཀ༔ འཆི་བདག་བདུད་འཇོམས་ཚེ་ཡི་བུམ༔ ཕྱག་མཚན་ཡོངས་རྫོགས་དབང་བསྐུར་བས༔ གསང་སྔགས་ལས་ཀུན་འགྲུབ་པར་ཤོག༔ རྩ་སྔགས་ཤམ་བུར་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚེ་ཡི་དབང་བསྐུར་ནི༔ ཚེ་རིལ་བདུད་རྩི་མགྲིན་པར་སྦྱིན༔ ༈ ཚེ་རྫས་རྣམས་ཀྱང་ཡེ་ཤེས་ཀྱི་བདུད་རྩི་འཐུང་མྱོང་རེག་པ་ཙམ་གྱིས་ཚེའི་དངོས་གྲུབ་སྟེར་ནུས་པའི་མོས་པ་གྱིས་ཤིག༔ ཧཱུྃ་ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྒྲུབ་རྫས་བདུད་རྩིར་བྱིན་རླབས་ཞུགས༔ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རྡོ་རྗེ་ལྟ་བུའི་སྲོག༔ རྒས་མེད་ལང་ཚོ་ལྡན་པའི་ཚེ༔ བསྟན་འགྲོའི་དོན་གཉིས་ལྷུན་གྱིས་གྲུབ༔ རིགས་བདག་ལྷ་དང་གཉིས་མེད་ཤོག༔ ཨ་ཡུར་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཐའ་རྟེན་དབང་ཆོག་སྤྱི་ལྟར་བསྐུར༔ དམ་ཚིག་ཁས་བླང་མཎྜལ་ཕུལ༔ ཤིས་པ་བརྗོད་ཅིང་དགེ་བ་བསྔོ༔ སྨིན་བྱེད་གདམས་པའི་ཉམས་ལེན་དུ༔ དབང་བཞིའི་སྤྱོད་ལམ་དམ་ཚིག་བསྲུང་༔ མོས་གུས་ལྡན་ཅིང་ཐེ་ཚོམ་མེད༔ གཞན་དུ་ལོག་སྲེད་ཅན་ལ་གསང་༔ ས་མ་ཡཱ༔ སྤྲུལ་མིང་ལུང་རིག་གླིང་པས་སོ༔

རྗེ་འབངས་ཉེར་ལྔའི་དབང་གི་ཁ་འཚབ། རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར།

༄༅། མཚམས་བརྒྱད་དབང་ཆོག་བདུད་རྩིའི་བུམ་བཟང་ལས། དེ་ནས་འབངས་རིགས་གཞན་རྣམས་ལ༔ ཚིག་ཕྲད་སྦྱར་ཏེ་དབང་བསྐུར་སྦྱིན༔ ཞེས་གསུངས་པས་བཀའ་བབ་སྙིང་གི་བུ་དགུའི་དབང་བསྐུར་གྲུབ་མཚམས་འབངས་རིགས་གཞན་རྣམས་ཀྱི་དབང་བསྐུར་བ་ནི། ཧྲཱིཿ སློབ་དཔོན་རྗེ་དང་བཻ་རོ་ཙཱ་ན་ཡིས། །རྗེས་བཟུང་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཞེས། །རྟོགས་པ་མཆོག་ལྡན་གསེར་གྱི་རྡོ་རྗེར་སྤྲུལ། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་གཡུ་སྒྲ་སྙིང་པོ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ སློབ་དཔོན་ཆེན་པོས་རྗེས་བཟུང་རྣལ་འབྱོར་མཆོག །གསང་སྔགས་བླ་ན་མེད་པའི་འཁོར་ལོས་བསྒྱུར། །རྫུ་འཕྲུལ་མཁའ་ལ་ཐོགས་མེད་རླུང་ལྟར་རྒྱུ། །སྣ་ནམ་རྡོ་རྗེ་བདུད་འཇོམས་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་རྡོ་རྗེ་བདུད་འཇོམས་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །རྗེས་བཟུང་རྣལ་འབྱོར་དབང་ཕྱུག་དམ་པ་མཆོག །རྫུ་འཕྲུལ་མཁའ་སྤྱོད་གནས་རྣམས་ཐོགས་མེད་བགྲོད། །སྦ་མི་ཡེ་ཤེས་དབང་པོའི་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་ཡེ་ཤེས་དབང་པོ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཚོ་སྐྱེས་རྡོ་རྗེའི་བྱིན་ཐོབ་ཛྭ་ཀི་མཆོག །གསང་གསུམ་རྡོ་རྗེ་གསུམ་དུ་གནས་གྱུར་རྟགས། །རྫུ་འཕྲུལ་གཅན་གཟན་གཉའ་བ་ནས་བཟུང་བའི། །གྲུབ་ཆེན་སོག་པོ་ལྷ་དཔལ་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་སོག་པོ་ལྷ་དཔལ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མ་ཧཱ་གུ་རུ་པདྨ་ཀཱ་ར་ཡིས། །སྨིན་གྲོལ་སྒོར་བཅུག་དངོས་གྲུབ་རྣམ་གཉིས་བརྙེས། །རྫུ་འཕྲུལ་མཁའ་ལ་ཐོགས་མེད་བྱ་ལྟར་ལྡིང་། །རྣལ་འབྱོར་སྣ་ནམ་ཡེ་ཤེས་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་སྣ་ནམ་ཡེ་ཤེས་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཁར་ཆེན་རྒྱལ་པོའི་རིགས་སུ་སྐུ་འཁྲུངས་ཤིང་། །སྐད་གཉིས་སྨྲ་བའི་མཆོག་གྱུར་ལོ་ཙཱ་བ། །སྔགས་ཀྱི་གྲུབ་བརྙེས་ཕུར་པ་གདེངས་ཚད་བཀུམ། །མཁར་ཆེན་དཔལ་གྱི་དབང་ཕྱུག་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་དབང་ཕྱུག་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བྷོ་ཊའི་རྒྱན་གཅིག་པདྨ་རྒྱལ་པོ་ཡིས། །གསང་སྔགས་བསྟན་པའི་སྒོར་བཅུག་ཟབ་མོའི་དོན། །མི་བརྗེད་གཟུངས་ཐོབ་གྲུབ་པའི་སར་བཞུགས་གང་། །རྣལ་འབྱོར་ལྡན་མ་རྩེ་མང་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་ལྡན་མ་རྩེ་མང་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ པདྨ་ལས་འཁྲུངས་པད་འབྱུང་སྤྲུལ་པའི་སྐུས། །སྨིན་གྲོལ་སྒོར་བཅུག་སྤྲུལ་པའི་ལོ་ཙཱ་བ། །གཞན་སེམས་ཀུན་མཁྱེན་བོད་ཡུལ་མུན་སེལ་ཉི། །རྣལ་འབྱོར་སྐ་བ་དཔལ་བརྩེགས་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་སྐ་བ་དཔལ་བརྩེགས་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝས། །སྨིན་གྲོལ་གཤེར་དང་དྲོད་ཀྱིས་སྐྱེད་བསྲིང་འབྲས། །རྫུ་འཕྲུལ་སྟོབས་ཀྱིས་ཆུ་བོ་གྱེན་དུ་ཟློག །ཤུད་བུ་དཔལ་གྱི་སེང་གེའི་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་སེང་གེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཆོས་རྣམས་ཁོང་ཆུད་བློ་ལྡན་མཆོག་སྲེད་ཀྱིས། །རྗེས་བཟུང་སྔགས་ཀྱི་དངོས་གྲུབ་བརྙེས་པའི་རྟགས། །རོ་ལངས་གསེར་དུ་བསྒྱུར་བའི་རྫུ་འཕྲུལ་སྟོན། །རྣལ་འབྱོར་རྒྱལ་བའི་བློ་གྲོས་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་རྒྱལ་བའི་བློ་གྲོས་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བརྟུལ་ཞུགས་མཆོག་གྲུབ་ཉི་མ་འོད་ཟེར་གྱིས། །དབང་བསྐུར་མཐུ་བྱིན་སྐད་གཉིས་སྨྲ་བ་གང་། །རྫུ་འཕྲུལ་སྟོབས་ཀྱིས་མཁའ་འགྲོའི་བྱ་ཡང་འཛིན། །རྣལ་འབྱོར་ཁྱེའུ་ཆུང་ལོ་ཙཱའི་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་ཁྱེའུ་ཆུང་ལོ་ཙཱ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ བདུད་སྡེའི་དཔུང་འཇོམས་སེང་གེ་སྒྲ་སྒྲོག་ཀྱིས། །མཐུ་སྟོབས་རྩལ་བྱིན་ནུས་སྟོབས་མངོན་གྱུར་རྟགས། །རྫུ་འཕྲུལ་བྱང་གི་གཡག་རྒོད་མངོན་ཁུག་པའི། །རྣལ་འབྱོར་དྲན་པ་ནམ་མཁའི་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་དྲན་པ་ནམ་མཁའ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ སྟོན་པའི་ཞལ་སྐྱིན་ཤཱཀྱ་སེང་གེ་ཡིས། །དབང་བསྐུར་ལུང་བསྟན་དབུགས་དབྱུང་གྲུབ་བརྙེས་མཐུས། །ཆུ་ལ་ཉ་བཞིན་ཐོགས་མེད་རྫུ་འཕྲུལ་ཐོབ། །འོ་བྲན་དཔལ་གྱི་དབང་ཕྱུག་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་དབང་ཕྱུག་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ འདོད་དགུའི་གར་བསྒྱུར་པདྨ་བཛྲ་གྱིས། །མཐུ་སྟོབས་ནུས་པའི་དཔལ་ཡོན་ལེགས་བྱིན་པས། །ཕ་བོང་ཟན་ལྟར་གསོལ་ནུས་རྫུ་འཕྲུལ་ཐོབ། །ལོ་ཆེན་རྨ་ཐོག་རིན་ཆེན་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་རྨ་ཐོག་རིན་ཆེན་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་ལོད་ཀྱིས། །གསང་གསུམ་བྱིན་རླབས་ནུས་པའི་དབང་བསྐུར་བས། །རི་བྲག་ཐོགས་མེད་སྡིག་ཅན་དར་མ་བསྒྲལ། །རྣལ་འབྱོར་དཔལ་གྱི་རྡོ་རྗེའི་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་རྡོ་རྗེ་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་གིས། །སྨིན་གྲོལ་གདམས་པའི་བཅུད་ཀྱིས་གྲུབ་བརྙེས་གང་། །རྫུ་འཕྲུལ་གནམ་ལྕགས་ཐོག་འཕེན་ལོ་ཙཱ་བ། །ལང་གྲོ་དཀོན་མཆོག་འབྱུང་གནས་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་དཀོན་མཆོག་འབྱུང་གནས་ཨ་བྷི་ཥིཉྩ་ཧཱུྃ། ཧྲཱིཿ མཁའ་འགྲོ་ཡོངས་ཀྱི་མིང་པོ་པདྨ་སྐྱེས། །གསང་སྔགས་བདུད་རྩིའི་ཆོས་ཆར་ལེགས་ཕབ་པས། །རྫུ་འཕྲུལ་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་གང་། །གྲུབ་ཆེན་རྒྱལ་བ་བྱང་ཆུབ་དབང་བསྐུར་རོ། །ཨོཾ་ཨཱཿམ་ཧཱ་གུ་རུ་རྒྱལ་བ་བྱང་ཆུབ་ཨ་བྷི་ཥིཉྩ་ཧཱུྃ། རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་མཛད་པའི་ཀློང་སྙིང་བླ་མ་རིག་འཛིན་འདུས་པའི་ལྷ་དབང་པདྨ་རཱ་གའི་ཕྲེང་བ་ལས་བཤུས་པ་དགེ་ལེགས་འཕེལ།

པདྨ་རྒྱལ་པོའི་ཕྲིན་ལས་ཁམས་གསུམ་ཡིད་འགུགས།

གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ པདྨ་རྒྱལ་པོའི་ཕྲིན་ལས་ཁམས་གསུམ་ཡིད་འགུགས་བཞུགས༔

པདྨ་རཱ་ཛ་དྷ་ར་ན་མོ༔ བདག་ཉིད་ཆེན་པོ་ཨོ་རྒྱན་རྗེའི༔ ཐུགས་སྒྲུབ་ཁམས་གསུམ་ཡིད་འགུགས་ལ༔ དབེན་པར་རང་རྒྱུད་སྔོན་འགྲོས་སྦྱངས༔ རྫས་དང་དཀྱིལ་འཁོར་སྤྲོས་པ་དོར༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནི༔ དཀོན་མཆོག་ཀུན་འདུས་ཨོ་རྒྱན་རྗེ༔ གུ་རུ་པདྨ་རྒྱལ་པོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྨོན་འཇུག་དོན་དམ་སེམས་བསྐྱེད་དོ༔ ཡན་ལག་བཅུ་ཡི་ཚོགས་བསག་ནི༔ རྩ་གསུམ་ལྷ་ཚོགས་གནས་འདིར་གཤེགས༔ མཁའ་དབྱིངས་པད་ཟླའི་གདན་ལ་བཞུགས༔ ཁྱེད་རྣམས་སྒྲུབ་པར་དམ་བཅའ་འོ༔ དཔག་མེད་ལུས་སྤྲུལ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཎྜལ་འབུལ༔ གསང་སྔགས་དམ་ཚིག་ཉམས་པ་བཤགས༔ རྒྱལ་བའི་མཛད་ལ་རྗེས་ཡི་རང་༔ སྨིན་གྲོལ་ཆོས་འཁོར་བསྐོར་བར་བསྐུལ༔ རྟག་པར་འགྲོ་དོན་བཞུགས་གསོལ་འདེབས༔ དགེ་རྩ་ཆོས་དབྱིངས་ཆེན་པོར་བསྔོ༔ པདྨ་རྒྱལ་པོའི་གསང་གསུམ་དང་༔ དབྱེར་མེད་གཅིག་ཏུ་འཚང་རྒྱ་ཤོག༔ དངོས་གཞི་ལྷ་ཡི་རྣལ་འབྱོར་ནི༔ ཧཱུྃ་ཧྲཱིཿ ཕྱི་སྣོད་མི་དམིགས་སྟོང་པའི་ངང་༔ དཔལ་རི་པདྨ་འོད་ཀྱི་ཞིང༔ དྭངས་གསལ་སྒྲིབ་བྲལ་གཞལ་ཡས་ཁང་༔ པདྨ་དམར་མོའི་ཕོ་བྲང་ནི༔ རྒྱན་བཀོད་བློ་ཡི་ཡུལ་ལས་འདས༔ དེ་དབུས་ཆགས་བྲལ་པད་ཉི་ཟླར༔ རང་སེམས་ཧྲཱིཿདམར་ཡོངས་གྱུར་ལས༔ རང་ཉིད་གུ་རུ་པདྨ་རྒྱལ༔ པདྨ་རཱ་གའི་གཟི་འོད་འབར༔ ཞལ་གཅིག་སྤྱན་གསུམ་ཆགས་པའི་ཉམས༔ ཕྱག་གཡས་སེང་ལྡིང་ཌཱ་མ་རུ༔ དབང་གི་སྒྲ་ཡིས་སྲིད་གསུམ་འགུགས༔ ཕྱག་གཡོན་ཁམས་གསུམ་ཀུན་གསལ་བའི༔ མེ་ལོང་ལྕགས་སྒྲོག་ཡུམ་ལ་འཁྱུད༔ ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས༔ རཏྣའི་པྲོག་ཞུ་དར་ཐོད་དང་༔ དར་དམར་གསེར་རིས་བེར་ཕྱམ་ལ༔ གསེར་རྐེད་ནོར་བུའི་ཕྲ་ཚོམ་སྤྲས༔ སག་ལྷྭམ་རིན་ཆེན་རྒྱན་ཅན་མནབས༔ པང་དུ་གསང་བ་ཡེ་ཤེས་ཡུམ༔ མཚོ་རྒྱལ་དབང་གི་ལྷ་མོ་དམར༔ ཕྱག་གཡས་པད་ཕྲེང་ཡབ་མགུལ་འཁྱུད༔ གཡོན་པས་བདུད་རྩི་གཙོ་ལ་སྟོབ༔ འཛུམ་པའི་ཞལ་ལ་ཆགས་པའི་ཉམས༔ ཞབས་གཉིས་དགྱེས་སྦྱོར་ཡབ་ལ་འཁྲིལ༔ བཅུ་དྲུག་གཞོན་ཚུལ་ལང་ཚོས་སྒེག༔ རུས་པ་དང་ནི་རཏྣའི་རྒྱན༔ ཨུཏྤལ་དམར་པོའི་དོ་ཤལ་འཕྱངས༔ གནག་སྣུམ་དབུ་སྐྲའི་ལྕང་ལོ་ལ༔ སྣ་ཚོགས་དར་གྱི་ཅོད་པཎ་འཕུར༔ གཙོ་བོའི་སྤྱི་གཙུག་པད་ཟླའི་སྟེང་༔ རིགས་བདག་བཅོམ་ལྡན་སྣང་མཐའ་ཡས༔ ཚངས་པར་སྤྱོད་པའི་ཆ་ལུགས་ཅན༔ མཚན་དཔེ་གཟི་འོད་རྒྱས་པར་བསྒོམ༔ རང་གི་ཐུགས་དབུས་པདྨ་དམར༔ འདབ་མ་བཅུ་དྲུག་ལྡན་པའི་དབུས༔ བྱི་རུའི་རྡོ་རྗེ་རྩེ་ལྔ་བའི༔ ལྟེ་བ་ཁོང་སེང་པད་ཉིའི་སྟེང་༔ རྒྱལ་བ་ཀུན་གྱི་ཐུགས་སྲོག་ཧྲཱིཿ མཐའ་མར་རྩ་སྔགས་གཡས་སུ་འཁོར༔ ལྔ་ལྡན་འོད་དང་རང་སྒྲ་བཅས༔ རྒྱལ་བ་ཀུན་གྱི་བྱིན་རླབས་བསྡུས༔ ཁམས་གསུམ་འགྲོ་བའི་ལས་ཉོན་སྦྱངས༔ སྣང་གྲགས་ལྷ་སྔགས་ཆོས་ཉིད་ངང་༔ འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན༔ གུ་རུ་པདྨ་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཀྱི་རོལ་པར་བསམ༔ མ་ཡེངས་མི་བསྒོམ་འཛིན་པ་བྲལ༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ གྲངས་ཀྱི་བསྙེན་པ་འབྲུ་འབུམ་ལ༔ རྟགས་ནི་རབ་འབྲིང་ཐ་མ་གསུམ༔ རབ་ཀྱིས་ལྷ་ཞལ་མངོན་དུ་མཇལ༔ ལྟ་བའི་གདེང་ཐོབ་འཕོ་འགྱུར་མེད༔ འབྲིང་ལ་བདེ་གསལ་མི་རྟོག་ཉམས༔ རང་བྱུང་སྒོམ་པའི་ཀློང་ཆེན་རྡོལ༔ མ་བསླབ་ཆོས་ཀྱི་ཚིག་དོན་ཤེས༔ ཐ་མ་རྨི་ལམ་དགེ་བའི་ངང་༔ དད་དང་སྐྱོ་ཤས་འབའ་ཞིག་ལ༔ མཐུན་རྐྱེན་ཟས་ནོར་ཆར་ལྟར་འབེབས༔ དེ་ནི་དེ་ཡི་ལས་སྦྱོར་ལ༔ ཚེ་ཆོས་སྲིད་ནོར་དབང་སྡུད་དེ༔ དང་པོ་ཚེ་སྒྲུབ་དམིགས་པ་ནི༔ བདག་ཉིད་གཙོ་བོ་ཡབ་ཡུམ་དང་༔ རིགས་བདག་སྣང་མཐའི་ཐུགས་ཀ་རུ༔ པད་ཟླ་ཉི་མའི་གདན་གྱི་སྟེང་༔ ཚེ་བུམ་འཆི་མེད་བདུད་རྩིས་གང་༔ དབུས་སུ་ཡི་གེ་ཧྲཱིཿདམར་མཐར༔ གཡས་སུ་ཨ་དཀར་གཡོན་དུ་རྣྲི༔ ལྗང་གུ་བཀྲག་མདངས་ལྡན་པ་ཡི༔ མཐའ་མར་སྔགས་ཀྱི་ཕྲེང་བ་ནི༔ མུ་ཏིག་དམར་པོའི་ཕྲེང་མཛེས་ལྟར༔ གཡས་སུ་འཁོར་བའི་འོད་ཟེར་གྱིས༔ མགོན་པོ་ཚེ་དཔག་མེད་པ་སོགས༔ རྒྱལ་བ་སྲས་བཅས་བྱིན་རླབས་ཀུན༔ དཀར་དམར་འོད་ཀྱི་རྣམ་པར་བསྡུས༔ ཐུགས་སྲོག་ཧྲཱིཿདང་བླ་ཚེ་ཡི༔ ངོ་བོ་ཨ་རྣྲི་གཉིས་ལ་ཐིམ༔ འཆི་མེད་རྡོ་རྗེ་ལྟ་བུའི་སྲོག༔ ཐོབ་པར་བསམ་ལ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་རཱ་ཛ་ཨ་མི་ཏ་བྷ་ཨ་ཡུ་ཥེ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སླར་ཡང་འོད་ཟེར་ཁ་དོག་ལྔ༔ འཕྲོས་པས་འགྲོ་བའི་ལས་ཉོན་སྦྱངས༔ ཀུན་གྱི་ཚེ་སྲོག་ཆད་ཉམས་གསོས༔ རང་གཞན་འགྲོ་བ་མ་ལུས་པ༔ འཆི་མེད་མགོན་པོའི་གསང་གསུམ་དང་༔ དབྱེར་མེད་གཅིག་ཏུ་འདྲེས་པར་བསམ༔ བསྙེན་པ་འབུམ་གྱི་གྲངས་ཐེམས་ན༔ དུས་ཚེ་ཟད་པའི་མི་ཡིན་ཀྱང་༔ ཚེ་ཡི་རིག་འཛིན་ཐོབ་པར་འགྱུར༔ ས་མ་ཡཱ༔ གཉིས་པ་ཆོས་ལ་དབང་བའི་ཕྱིར༔ ལས་སྦྱོར་དམིགས་པ་འདི་ལྟ་སྟེ༔ བདག་ཉིད་ཡབ་ཀྱི་ཐུགས་ཀ་རུ༔ པདྨ་ཟླ་བའི་གདན་གྱི་སྟེང་༔ མཁྱེན་རབ་མགོན་པོ་འཇམ་པའི་དབྱངས༔ དམར་སེར་གུར་གུམ་གཞོན་ནུའི་མདོག༔ ལོངས་སྤྱོད་རྫོགས་སྐུའི་མཚན་དཔེ་འབར༔ རལ་གྲི་པོ་ཏིའི་ཕྱག་རྒྱ་དང་༔ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་ཡི༔ སྙིང་དབུས་ཨུཏྤལ་དམར་པོ་ལ༔ དྷི་ཡིག་དམར་སེར་བཀྲག་མདངས་འབར༔ མཐའ་ལ་སྔགས་ཀྱི་ཕྲེང་བ་ནི༔ གཡས་སུ་འཁོར་བའི་འོད་ཟེར་གྱིས༔ རབ་འབྱམས་ཞིང་གི་རྒྱལ་བ་མཆོད༔ མཁྱེན་བརྩེའི་ནུས་པའི་ཡོན་ཏན་ཀུན༔ ཤེས་རབ་ལྷ་ཡི་གསང་གསུམ་གྱི༔ རྣམ་པར་བསྡུས་ནས་རང་ལ་བསྟིམ༔ གཏི་མུག་མུན་པ་དབྱིངས་དག་ནས༔ ཇི་སྙེད་ཤེས་བྱ་མཁྱེན་པ་ཡི༔ སྤོབས་པའི་གཏེར་ཆེན་རྡོལ་བར་བསམ༔ སྔགས་འདི་ཡེངས་མེད་འབུམ་ཕྲག་བཟླ༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་པདྨ་རཱ་ཛ་ཝཀྐཱི་ཤྭ་རི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ ཐོས་པ་འཛིན་ཅིང་མི་བརྗེད་གཟུངས༔ ངག་བདེ་དབྱངས་སྙན་སེམས་རིག་གསལ༔ ཤེས་རབ་རྒྱས་པའི་རྟགས་ཐོབ་འགྱུར༔ ས་མ་ཡཱ༔ གསུམ་པ་སྲིད་འགུགས་དམིགས་པ་ནི༔ བདག་ཉིད་ཡབ་ཡུམ་སྦྱོར་མཚམས་ནས༔ ལྔ་ལྡན་འོད་ཀྱི་འཕྲོ་འདུ་ཡིས༔ འཕགས་མ་སོ་སོར་འབྲང་མ་སོགས༔ རྒྱལ་དང་རྒྱལ་ཡུམ་རྒྱལ་སྲས་ཀྱི༔ བྱིན་རླབས་མ་ལུས་ཐམས་ཅད་བསྡུས༔ ཐུགས་ཀའི་སྔགས་ཕྲེང་ས་བོན་ལ༔ བྱང་སེམས་དཀར་དམར་རྣམ་པ་རུ༔ ཡབ་ཀྱི་གསང་བ་ནས་བརྒྱུད་དེ༔ ཡུམ་མཁར་པདྨའི་ཟེའུ་འབྲུ་ནས༔ གྱེན་དུ་དྲངས་ཏེ་ཐིམ་པ་ཡིས༔ སྲིད་ཞིའི་ལེགས་ཚོགས་ཀུན་འབྱུང་བའི༔ པུ་ཏྲ་རིགས་ཀྱི་དངོས་གྲུབ་ཀྱིས༔ བདག་དང་མོས་པའི་སྐལ་ལྡན་ལ༔ ཡིད་བཞིན་འདོད་དགུ་སྟེར་བར་དམིགས༔ དངོས་གྲུབ་འབྱུང་བའི་སྔགས་འདི་ཉིད༔ བརྒྱ་སྟོང་ཁྲི་འབུམ་རྟགས་ཐོན་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་རཱ་ཛ་ཛྙཱ་ན་ཌཱཀྐི་མ་ཎི་པུ་ཏྲ་སརྦ་སིདྡྷི་ཧཱུྃ༔ སྐབས་སྐབས་སོ་སོར་འབྲང་མ་ཡི༔ གཟུངས་དང་སྲིད་འགུག་ཁ་ཚར་གདགས༔ རྨི་ལམ་མྱུ་གུ་འཁྲུངས་པ་དང༔ མདའ་འཕང་རྙེད་དང་ཉི་ཟླ་ཤར༔ རིན་ཆེན་གཏེར་ལ་དབང་སོགས་འབྱུང༔ ས་མ་ཡཱ༔ བཞི་པ་ནོར་སྒྲུབ་རིམ་པ་ལ༔ ཟས་གོས་རྐང་ཕྲན་རིན་པོ་ཆེ༔ རྟ་དང་གླང་པོ་འདོད་འཇོའི་བ༔ ལྷ་ཀླུའི་ནོར་དབྱིག་ལ་སོགས་པ༔ གང་འདོད་དབང་སྡུད་དམིགས་པ་ནི༔ བདག་ཉིད་པད་རྒྱལ་ཡབ་ཡུམ་གྱི༔ ཐུགས་ཀར་པད་ཉི་ཟླ་གདན་ལ༔ པད་རག་རྡོ་རྗེ་རྩེ་ལྔ་བ༔ གྱེན་འགྲེང་སྦུབ་སྟོང་ལྟེ་བ་རུ༔ ཉི་ཟླ་ཁ་སྦྱོར་ཡངས་པའི་དབུས༔ ཐུགས་སྲོག་ཡི་གེ་ཧྲཱིཿདམར་པོ༔ དེ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ འོད་དམར་གློག་ཞགས་ལྟར་འཕྲོས་པས༔ སྟོང་གསུམ་སྟོང་གི་འཇིག་རྟེན་གྱི༔ ནོར་ལྷ་གཏེར་བདག་ཐུགས་རྒྱུད་བསྐུལ༔ ཟས་ནོར་གོས་དང་རིན་པོ་ཆེ༔ སྦུར་མ་རླུང་གིས་དེད་པ་ལྟར༔ འུབ་འུབ་བསྡུས་ནས་རང་ཉིད་དང་༔ སྦྱིན་བདག་གནས་ཁང་བང་མཛོད་སོགས༔ ཕྱུར་བུར་གང་བའི་དམིགས་འདུན་གྱིས༔ འཛིན་ཕུར་རྟོད་ལ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་རཱ་ཛ་ན་ན་ཁ་དྷེ་ཝཥྚ་མ་ཎི་རཏྣ་པ་ཤཾ་ཀུ་རུ་བྷྲུཾ་བྷྲུཾ་ཧཱུྃ༔ བརྒྱ་སྟོང་ཁྲི་འབུམ་བྱེ་བ་སོགས༔ ཞག་གྲངས་གསུམ་ལྔ་བདུན་སོགས་ལ༔ འབད་པས་བསྒྲུབ་ན་འགྲུབ་པའི་རྟགས༔ ལོ་ཏོག་ལེགས་དང་ཟས་གོས་རྙེད༔ གཞན་གྱིས་བཀུར་དང་ཆས་གོས་བཟང་༔ སྒྲ་སྙན་རོལ་མོ་འཁྲོལ་བ་སོགས༔ ཉམས་དགའ་བག་དྲོ་དེ་ཚེ་འགྲུབ༔ ས་མ་ཡཱ༔ ལྔ་པ་སྐྱེས་པ་བུད་མེད་དང་༔ རབ་བྱུང་མཁན་སློབ་སློབ་དཔོན་སོགས༔ དབང་སྡུད་དམིགས་པ་འདི་བཞིན་བྱ༔ འཁོར་འདས་ཀུན་ལ་དབང་བསྒྱུར་བའི༔ སྣང་སྲིད་ཟིལ་གནོན་པདྨ་རྒྱལ༔ ཡབ་ཡུམ་མཉམ་སྦྱོར་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་རྟ་མགྲིན་དམར༔ ཞལ་གཅིག་སྤྱན་གསུམ་ཁྲོ་འཛུམ་བཞད༔ ཕྱག་གཡས་བེ་ཅོན་མཁའ་ལ་ཕྱར༔ གཡོན་པས་པདྨའི་ཞགས་པ་བསྣམས༔ ཁྲོ་ཆས་ཡོངས་རྫོགས་པད་ཉིའི་སྟེང༔ འགྱིང་བག་རལ་ཁྲོད་རྟ་སྐད་འཚེར༔ ཐུགས་ཀར་ཉི་ཟླའི་ག་འུའི་ནང་༔ པད་སྟེང་ཧྲཱིཿདམར་སྔགས་ཀྱིས་བསྐོར༔ འོད་དམར་ལྕགས་ཀྱུའི་དབྱིབས་ཅན་གྱིས༔ ཕྱོགས་བཅུའི་སྐྱེ་འགྲོ་ཕོ་རྒྱུད་ཀྱི༔ ཁྱབ་བྱེད་འཁོར་ལོའི་རྩ་ལ་ཞུགས༔ རང་དབང་མེད་པའི་མོས་འདུན་གྱིས༔ རང་གི་བཀའ་ཉན་གསུང་སྡོད་ཅིང་༔ གང་འདོད་ལས་ཀུན་བྱེད་པར་དམིགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་རཱ་ཛ་ན་ར་པུ་རུ་ཥ་པ་ཤཾ་ཀུ་རུ་བྲེང་བྲེང་དུང་དུང་ཁུག་ཁུག་ཛ་སིདྡྷི་ཕ་ལ་ཧཱུྃ༔ དེ་བཞིན་མོ་རྒྱུད་དབང་སྡུད་ལ༔ འཛམ་གླིང་སྐྱེ་འགྲོ་མོ་རྒྱུད་ཀྱི༔ བདེ་སྐྱོང་འཁོར་ལོའི་རྩ་ལ་ཞུགས༔ རོ་རྐྱང་རླུང་གི་འགྲོ་འོང་གིས༔ ཉི་མའི་རྡུལ་གྱི་བཅུད་གཡོས་ཏེ༔ རང་དབང་བརྟན་པ་དང་བྲལ་ནས༔ བཀའ་ཉན་གསུང་སྡོད་བྲན་དུ་བཀོལ༔ རྗེས་ཆགས་སེམས་ཀྱིས་བདག་ཉིད་ཀྱི༔ གང་འདོད་ལས་ཀུན་བྱེད་པར་བསམ༔ བསྙེན་པ་སྔར་ལྟར་ཁ་བསྒྱུར་ལ༔ ན་རི་ཀུ་མ་རཱིའི་ཤམ༔ ར་ག་ར་གི་ཛ་ཛ་ཛུ་ཛུ་པ་ཤཾ་ཀུ་རུ་ཧྲཱིཿསརྦ་སིདྡྷི་ཧཱུྃ༔ དེ་བཞིན་མཁན་སློབ་དགེ་འདུན་ལ༔ སྔགས་ཀྱི་འོད་ཟེར་རལ་གྲི་དང་༔ གླེགས་བམ་རྣམ་པས་སྙིིང་ཁར་ཞུགས༔ བུང་བས་མེ་ཏོག་བཅུད་འཐུང་ལྟར༔ མོས་ཤིང་གུས་པའི་བློ་སྐྱེས་ཏེ༔ བདག་ཉིད་བླ་མ་མཁན་སློབ་ཏུ༔ མཐོང་ནས་ཐལ་སྦྱར་འདུད་ཚུལ་གྱིས༔ བཀའ་བཞིན་བསྟན་ལ་ཞབས་ཏོག་སོགས༔ ཕན་བདེའི་ལས་ཀུན་སྒྲུབ་པར་དམིགས༔ སྔགས་ཀྱི་ཤམ་བུ་འདི་བཞིན་བསྒྱུར༔ སངྒ་མེ་དྷ་ན་པ་ཤཾ་ཀུ་རུ་པ་ར་མི་ཏ་ཛྙཱ་ན་དྷ་ར་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྔགས་རྣམས་བརྒྱ་སྟོང་ཁྲི་འབུམ་སོགས༔ སྨྲ་བཅད་བར་མ་ཆད་པར་བཟླ༔ གཞན་ལ་གསང་ཞིང་རང་ཉམས་ལོངས༔ ལག་ཏུ་བླངས་པས་ཡིད་ཆེས་འགྱུར༔ ས་མ་ཡཱ༔ རྗེས་ལ་མཆོད་པའི་རིམ་པ་ནི༔ ཧོཿ སྣ་ཚོགས་སྣང་བ་སེམས་ཀྱི་རྩལ༔ ཡུལ་དྲུག་མཆོད་པའི་ལྷ་མོ་ཡིས༔ བདེ་སྟོང་འཛིན་ཞེན་བྲལ་བའི་ངང་༔ རང་བྱུང་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་སུ་ཁ་དྷརྨ་དྷརྟུ་པཱུ་ཙ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོ༔ སྐྱེ་མེད་ཆོས་སྐུའི་ཀློང་ལས་ཤར༔ རང་བྱུང་པད་སྡོང་རྩེ་ལས་འཁྲུངས༔ སྣང་སྲིད་ཟིལ་གནོན་དབང་གི་རྒྱལ༔ པདྨ་འབྱུང་གནས་ཡབ་ཡུམ་ལ༔ རྗེས་ཆགས་སེམས་ཀྱིས་གུས་པས་བསྟོད༔ དེ་ནས་དངོས་གྲུབ་འདོད་གསོལ་ནི༔ ཧོཿ དབང་གི་ལྷ་མཆོག་པདྨ་རྒྱལ༔ གསང་བ་ཡེ་ཤེས་བདེ་སྟེར་ཡུམ༔ རིགས་བདག་ཆགས་བྲལ་ཆོས་ཀྱི་སྐུ༔ སྐུ་རུ་བསྒོམས་ཤིང་སྔགས་སུ་བཟླས༔ ཡིད་ལ་དམིགས་ཤིང་བློ་ལ་བཅངས༔ རྩེ་གཅིག་མོས་པས་ཁྱོད་བསྒྲུབ་ན༔ ཡིད་བཞིན་ནོར་ལྟར་རྟོག་མེད་ངང་༔ དཔག་བསམ་ཤིང་ལས་དགོས་འདོད་ལྟར༔ གནས་སྐབས་ཆོས་ནོར་སྲིད་མཐུ་དབང་༔ གང་འདོད་འབད་མེད་འབྱུང་བ་དང་༔ མཐར་ཐུག་རང་རིག་དོན་གྱི་ལྷ༔ གུ་རུ་པདྨ་རྒྱལ་པོ་ཡི༔ གསང་གསུམ་མངོན་གྱུར་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར་འདི་ཉིད་བཏགས༔ ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ རྗེས་ལ་རྫོགས་པའི་རིམ་པ་ནི༔ ཧྲཱིཿ སྣང་སྲིད་སྣོད་བཅུད་འོད་དུ་ཞུ༔ གཞལ་ཡས་ཡབ་ཡུམ་ལྷ་ལ་ཐིམ༔ རིམ་ཡལ་རིགས་བདག་ཐུགས་ཀའི་ཧྲཱིཿ འོད་དམར་རྣམ་པས་མཁའ་ལ་ཡལ༔ སྟོང་ཆེན་གཏད་མེད་རིག་པའི་གཤིས༔ གང་དུ་འང་མ་གྲུབ་ཨེ་མ་ཧོ༔ རྗེས་ཐོབ་གཉུག་མའི་ལྷ་སྐུར་གསལ༔ དགེ་བ་འགྲོ་ལ་ཕངས་མེད་བསྔོ༔ ཨེ་མ་ཧོ༔ བདག་གིས་དུས་གསུམ་ལུས་ངག་ཡིད༔ ལྷ་སྔགས་ཏིང་འཛིན་དགེ་བའི་ལས༔ ཟག་བཅས་ཟག་མེད་ཅི་བསགས་པ༔ མཁའ་ཁྱབ་ཕ་མ་འགྲོ་ལ་བསྔོ༔ ཀུན་ཀྱང་གློ་བུར་སྒྲིབ་དག་ནས༔ སྐྱེ་མེད་ཆོས་སྐུའི་ཀློང་དུ་གྲོལ༔ འགགས་མེད་གཟུགས་སྐུ་རྟག་པར་བཞུགས༔ ཕྲིན་ལས་སྲིད་མཐར་ཁྱབ་པར་ཤོག༔ ཤིས་པ་བརྗོད་པས་མཐའ་བརྒྱན་ནི༔ ཨེ་མ་ཧོ༔ རྒྱལ་པོའི་སྲས་མཛད་རྒྱལ་སྲིད་བསྐྱངས༔ མཐོང་ཐོས་དྲན་རེག་ཐར་ལམ་འགོད༔ སྲིད་ཞིའི་དཔལ་ཀུན་དབང་དུ་བསྡུས༔ པདྨ་རྒྱལ་པོའི་བཀྲ་ཤིས་ཤོག༔ སྡུག་བསྔལ་བདེ་བ་ཆེན་པོར་སྦྱོར༔ ཤེས་རབ་ཡུམ་གྱི་བཀྲ་ཤིས་ཤོག༔ སྐུ་གསུམ་ཀུན་འདུས་རིགས་ཀྱི་བདག༔ ཆགས་བྲལ་ཚེ་ལྷའི་བཀྲ་ཤིས་ཤོག༔ གང་འབྲེལ་དོན་དང་ལྡན་པའི་ཆོས༔ ཉམས་སུ་བླངས་པའི་སྐལ་ལྡན་ཀུན༔ པད་འབྱུང་རྗེ་དང་དབྱེར་མེད་ནས༔ དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཨེ་མ་ཡང་ཟབ་སྒྲུབ་ཐབས་འདི༔ ཕྱི་སྣོད་འབྱུང་བའི་བཅུད་མིན་ཀྱང་༔ རང་བྱུང་རིག་པའི་སྒྲོམ་ནས་བཏོན༔ དགོངས་གཏེར་མཁའ་འགྲོའི་བརྡ་ཚིག་གོ༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ སྐལ་མེད་རྣམས་ལ་གུ་ཧྱ་རྒྱ༔ སརྦ་མངྒ་ལམ༔ དགེའོ༔

བཀའ་བསྲུང་དབང་གི་མ་མོ་བསེ་གདོང་དམར་མོའི་གཏོར་འབུལ།

པདྨ་རྒྱལ་པོའི་ལས་ཚོགས་ལས༔ བཀའ་བསྲུང་དབང་གི་མ་མོ་བསེ་གདོང་དམར་མོའི་གཏོར་འབུལ་ཉུང་ངུ་བཞུགས་སོ༔

ཟངས་དམར་སྣོད་དམ་བསེ་ཕོར་དུ༔ གཞོན་ནུ་མ་ཡི་ལུས་རྡུལ་དང་༔ འབྲས་དམར་ཕྱེ་ལ་གཏོར་མ་ནི༔ ཟླ་གམ་རིལ་བུ་ཅི་མང་བསྐོར༔ ཉི་ཟླའི་རྒྱན་དང་ལེ་བརྒན་གུར༔ བུར་སྦྲང་ཆང་ལ་གསེར་གཡུ་བརྡར༔ ཆབ་བྲན་འབྲུ་གསུམ་སྔགས་ཀྱིས་སྦྱངས༔ རང་ཉིད་པདྨ་རྒྱལ་པོར་གསལ༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ཡིས༔ དབང་གི་དུར་ཁྲོད་དགའ་ཚལ་ནས༔ དབང་གི་ལྷ་མོ་བསེ་གདོང་མ༔ སྤྱན་དྲངས་མདུན་མཁར་བཞུགས་པ་ལ༔ གདུང་བའི་དབྱངས་ཀྱིས་འདི་བཞིན་འབུལ༔ ཧྲཱིཿ སྔོན་དུས་པདྨ་རྒྱལ་པོ་ཡིས༔ དངོས་གྲུབ་བམ་གྱི་སྒྲུབ་པ་མཛད༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དགའ་བའི་ཚལ་གྱི་དུར་ཁྲོད་དུ༔ ཁམས་གསུམ་ཀུན་གྱི་ཡིད་འགུག་མ༔ དབང་ལྷ་དམར་མོ་བསེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་འཛུམ་པའི་ཞལ༔ རིན་ཆེན་སྣ་ཚོགས་སྙན་རྒྱན་འཁྲོལ༔ དམར་མོ་བསེ་ཡི་མདོག་ཅན་ལ༔ ཉི་ཟླ་ལྟ་བུའི་གཟི་འོད་འབར༔ ལེ་བརྒན་དར་གྱི་གོ་ཟུ་གསོལ༔ ཕྱག་གཡས་དར་མདུང་རུ་མཚོན་ཕྱར༔ ཁམས་གསུམ་སྐྱེ་འགྲོའི་བླ་ཡིད་འགུགས༔ ཕྱག་གཡོན་དངུལ་དཀར་མེ་ལོང་ལ༔ སྲིད་གསུམ་ལེགས་ཉེས་ས་ལེར་བཀྲ༔ ཞབས་གཉིས་གར་སྟབས་གློག་འོད་ཆིབས༔ བསེ་ཡི་རལ་པ་དམར་པོ་ལ༔ འཇའ་ཚོན་མེ་སྟག་ཚྭ་ཚྭ་འཁྲུགས༔ ཨུ་མ་དེ་ཝའི་ཐུགས་ཀྱི་འཕྲུལ༔ དབང་མཛད་དབང་གི་ལས་ལ་དགྱེས༔ ཟབ་ཆོས་འཛིན་པའི་བཀའ་ཉན་ཅིང་༔ ཟབ་དོན་བསྒོམ་པའི་གྲོགས་དན་བྱེད༔ དབང་མཛད་ལྷ་ཡི་བཀའ་བཞིན་དུ༔ འདིར་གཤེགས་དབང་གི་གཏོར་མ་ལོངས༔ རྒྱལ་བཙུན་བློན་དང་མངའ་འབངས་བཅས༔ ཆོས་མཛད་བདག་གི་བྲན་དུ་ཁོལ༔ མི་སྙིང་སྒུལ་ལ་མི་ལག་སྒུལ༔ ཟས་གོས་ནོར་དང་རིན་ཆེན་གཏེར༔ གང་འདོད་འབད་མེད་ཆར་ལྟར་ཕོབ༔ མཐུན་རྐྱེན་འདོད་རྒུའི་དཔལ་ཀུན་སྩོལ༔ མི་མཐུན་རྐྱེན་ངན་ནད་གདོན་དགྲ༔ རིང་མིན་སྲིད་པའི་ཕ་མཐར་སྐྲོད༔ འདོད་པའི་དོན་དང་གཉེར་བའི་ལས༔ ཚོང་མགྲོན་ཞུ་དོན་བདག་མ་བགོ༔ རྣལ་འབྱོར་ལས་བཅོལ་གང་ཡིན་པ༔ ཐོགས་མེད་འགྲུབ་པའི་སྡོང་གྲོགས་མཛོད༔ ཅེས་བརྗོད་གཏོར་མ་སྐྱེམས་བཅས་གཙང་སར་འབུལ་ཞིང་གཏོར་མགྲོན་གཤེགས༔ ཉ་དང་གནམ་སྟོང་ཚེས་བརྒྱད་ལ༔ མ་ཆགས་གཏོར་མའི་ལས་བརྩོན་ན༔ ཟས་ནོར་གང་འདོད་དབང་དུ་འགྱུར༔ གུ་ཧྱ༔ ལུང་རིག་གླིང་པས་སོ། །དགེའོ༎

ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འོད་ཟེར་སྟོང་འབར།

མཚན་བརྒྱད་ཐུགས་སྒྲུབ་པད་ཕྲེང་ལས༔ ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འོད་ཟེར་སྟོང་འབར་བཞུགས་སོ༔

པདྨ་འབྱུང་གནས་རང་ཉིད་ཀྱི༔ ཐུགས་སྒྲུབ་ཉི་མ་འོད་ཟེར་བསྟན༔ དཀྱིལ་འཁོར་རང་ལུས་གཞལ་ཡས་ཁང་༔ དུར་ཁྲོད་མེ་རི་རྡོར་ཕྲེང་དང་༔ དུར་བདག་གྲུབ་ཐོབ་མེ་མཚོ་ཤིང་༔ ཡོངས་རྫོགས་དབུས་སུ་པད་ཉི་དང་༔ ཟླ་སྟེང་རང་སེམས་ཧཱུྃ་གསེར་མདོག༔ ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ པད་འབྱུང་ཉི་མ་འོད་ཟེར་ནི༔ དམར་སེར་ཁྲོ་འཛུམ་བཞད་པའི་ཞལ༔ ཧེ་རུ་ཀ་པ་རུས་རྒྱན་ཅན༔ དར་ལྗང་སྟོད་གཡོགས་ཁ་ཊཱཾ་ཀ༔ གཡས་པའི་དཀུར་བརྟེན་སྡིགས་མཛུབ་གཡོན༔ ཉི་མའི་ཟེར་ཕྲེང་པུས་སྟེང་འཛིན༔ སྟག་ཤམ་གཡས་བསྐུམ་གཡོན་བརྐྱང་བའི༔ ཕྱེད་དཀྱིལ་ཚུལ་གྱིས་གདན་ལ་རོལ༔ དབུ་སྐྲ་ཐོར་ཚུགས་ཐོད་སྐམ་གྱིས༔ དབུ་བརྒྱན་རྡོ་རྗེ་ཕྱེད་པས་བརྒྱན༔ འོད་དང་འོད་ཟེར་སྟོང་དུ་འབར༔ འགྲོ་བའི་མ་རིག་སྨག་རུམ་སེལ༔ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ ཡེ་ནས་རང་སེམས་པདྨ་འབྱུང་༔ དབྱིངས་ནས་གཤེགས་བཞུད་མེད་པའི་ལྷ༔ རྔ་ཡབ་གླིང་ནས་ཐུགས་དམ་བསྐུལ༔ འདིར་གཤེགས་སྒོ་གསུམ་ལྷ་སྔགས་དང་༔ ཡེ་ཤེས་ཆེན་པོའི་རོལ་པར་བཞུགས༔ འདུ་འབྲལ་མེད་པའི་བརྡ་ཕྱག་འཚལ༔ དབང་པོ་ཡུལ་དང་མཉམ་སྦྱོར་བའི༔ བདེ་བ་ཆེན་པོའི་མཆོད་པ་འབུལ༔ བཟང་ངན་གཉིས་མེད་སྟོང་ཉིད་ངང་༔ རང་རྩལ་རང་ཤར་ངང་དུ་བཞེས༔ མཐོང་བའི་འཁྲུལ་སྣང་མུན་པ་སེལ༔ ཐོས་པས་རྟག་ཆད་མཐའ་ལས་སྒྲོལ༔ དྲན་པས་དངོས་གྲུབ་རྩོལ་མེད་འབྱུང་༔ ཉི་མ་འོད་ཟེར་སྐུ་ལ་བསྟོད༔ རང་ཉིད་ཉི་མ་འོད་ཟེར་གྱི༔ ཐུགས་ཀར་པདྨ་ཉི་གདན་ལ༔ གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ༔ ལྟེ་བར་གསེར་མདོག་ཧཱུྃ་གི་མཐར༔ རྩིབས་སྟེང་སྔགས་འབྲུ་གཡས་སུ་འཁོར༔ འོད་འཕྲོས་འགྲོ་ཀུན་ལས་སྒྲིབ་སྦྱངས༔ ཀུན་ཀྱང་པད་འབྱུང་གསང་གསུམ་དང་༔ དབྱེར་མེད་དག་པ་རབ་འབྱམས་ངང་༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སུརྱ་རསྨི་དྷརྨ་དྷརྟུ་སརྦ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་སྟོང་ཁྲི་རུ་བཟླ༔ ཐུན་སྐབས་ཚིག་བདུན་གསོལ་འདེབས་ལ༔ ཐུན་བཟུང་རང་རིག་གང་ཤར་ངང་༔ སྤང་བླང་རྣམ་རྟོག་རིས་མི་གཅོད༔ ཉམས་ལེན་བརྩོན་ལ་རྫོགས་རིམ་གནད༔ གུ་ཧྱ༔ ས་མ་ཡཱ༔ པད་འབྱུང་ཉི་མ་འོད་ཟེར་གྱི༔ ཆོས་སྐོར་ལས་ཚོགས་རྣམ་གསུམ་ནི༔ སྐུ་གཟུགས་མཐོང་དང་གཟུངས་སྔགས་བཟླ༔ དམིགས་པའི་གྲོལ་བ་རྣམ་པ་གསུམ༔ དང་པོ་གསོ་སྦྱོང་དང་འབྲེལ་ན༔ པད་འབྱུང་གསོལ་འདེབས་དད་པའི་བློས༔ སྐུ་གཟུགས་ཚད་དང་ལྡན་པ་འབྲི༔ རབ་ཏུ་གནས་ཤིང་སྒྲུབ་རྟེན་བྱ༔ ས་མ་ཡཱ༔ ཚེས་བཅུར་ཚོགས་ཀྱི་རྟེན་མཆོག་ཡུལ༔ དངོས་སུ་བསྒོམས་ཤིང་གསོལ་བ་བཏབ༔ འགྲོ་བ་ཕོ་མོའི་མིག་ལམ་སྟོན༔ སྤྱི་བོར་བཞག་ནས་སྨོན་ལམ་ནི༔ ཨེ་མ་ཧོ༔ རྒྱལ་བ་ཀུན་འདུས་པདྨ་འབྱུང་༔ གྲུབ་རྟགས་ཉི་མ་ཕྱག་གིས་བཟུང་༔ ཟེར་ལ་ཆིབས་ནས་གཤེགས་བཞུད་མཛད༔ རྫོགས་ཆེན་སྣང་བཞི་མཐའ་རུ་ཕྱིན༔ རིག་འཛིན་ཉི་མ་འོད་ཟེར་གྲགས༔ གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ཁྱོད་ཀྱི་སྐུ་གཟུགས་སུས་མཐོང་བ༔ ངན་སོང་ལས་ངན་རྒྱུན་བཅད་ནས༔ ཚེ་འདིར་སྣང་བཞི་མཐར་ཕྱིན་ནས༔ ཁྱེད་དང་དགོངས་པ་མཉམ་པར་ཤོག༔ ཅེས་བརྗོད་རྟེན་དང་བརྟེན་པ་གསུམ༔ པདྨའི་གསང་གསུམ་དབྱེར་མེད་བསམ༔ དེས་ནི་མཐོང་ཚད་གྲོལ་བར་ངེས༔ ས་མ་ཡཱ༔ གཟུངས་སྔགས་གསེར་དངུལ་མཚལ་གྱིས་བྲིས༔ རང་སྔགས་སྟོང་རྩས་རབ་གནས་བྱ༔ ཚེས་བཅུར་ཀུན་གྱིས་ཐོས་པར་སྒྲོགས༔ གང་ཐོས་པདྨའི་གསུང་ཉིད་དུ༔ གྲོལ་ནས་ལས་སྒྲིབ་བྱང་བར་བསམ༔ དེ་བཞིན་རོལ་མོར་པད་འབྱུང་བསྒོམ༔ རབ་གནས་བྱས་ཤིང་ཚེས་བཅུར་སྒྲོགས༔ ཐོས་ཚད་པདྨ་འོད་ཉིད་དུ༔ གྲོལ་བའི་ངེས་ཤེས་གཏིང་ནས་བསྐྱེད༔ དེས་ནི་ཐོས་ཚད་གྲོལ་བར་ངེས༔ ས་མ་ཡཱ༔ རང་གི་ལུས་ངག་ཡིད་གསུམ་དང་༔ སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ ཨོ་རྒྱན་ཉི་མ་འོད་ཟེར་བསྒོམ༔ ཚེས་བཅུར་ཡིད་ལ་གང་ཤར་ཀུན༔ ཐ་མལ་མི་བལྟ་པད་འབྱུང་ཐུགས༔ སྟོང་ཉིད་སྙིང་རྗེའི་སྙིང་པོར་བསྒོམ༔ ཡིད་ལ་གང་དྲན་ཏིང་འཛིན་གྱི༔ སྲོག་ཆགས་སྲིན་བུ་པད་མ་ཡན༔ ཉི་མ་འོད་ཟེར་གསང་གསུམ་དང་༔ དབྱེར་མེད་དག་སྣང་རྩལ་སྦྱང་བྱ༔ དེས་ནི་གང་དྲན་འགྲོ་བ་གྲོལ༔ ས་མ་ཡཱ༔ གུ་རུ་ཉི་མ་འོད་ཟེར་གྱི་སྒྲུབ་ཐབས་འདི་སྔོན་ནས་པད་འབྱུང་ཉི་མ་འོད་ཟེར་གྱིས་རྗེས་སུ་བཟུང་བའི་མཐུས་དགོངས་གཏེར་དུ་བབས་ནས་ལོ་བརྒྱད་སོང་བའི་བྱ་ལོའི་རྒྱལ་ཟླ་དགའ་བ་གསུམ་པར་སྐལ་ལྡན་ཆོས་ཀྱི་བདག་པོ་ལ་ཡི་གེར་བྲིས་ཏེ་ཕུལ་བ་ལུང་རིག་མིང་གིས་སོ༔

ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད།

གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ ཤཱཀྱ་སེང་གེའི་སྒྲུབ་ཐབས་བསྟན་པའི་གསལ་བྱེད་བཞུགས་སོ༔

འགྲོ་བའི་བླ་མ་ཟས་གཙང་སྲས༔ མཉམ་མེད་ཤཱཀྱའི་དབང་པོར་འདུད༔ དབེན་ཅིང་ཉམས་དགའ་ས་ཕྱོགས་གཙང་༔ བཀྲ་ཤིས་ཡིད་འོང་གནས་དེ་རུ༔ དཀྱིལ་འཁོར་སྟེང་དུ་འབྲས་ཚོམ་ལྔ༔ དབུས་སུ་བསྟན་པའི་བདག་པོའི་སྐུ༔ བྲིས་འབུར་རབ་གནས་ལྡན་པ་དང་༔ གཡས་སུ་གསེར་རམ་དངུལ་མཚལ་ལ༔ བདེ་གཤེགས་སྙིང་པོའི་གཟུངས་སྔགས་དང་༔ མདུན་དུ་རྣམ་རྒྱལ་མཆོད་རྟེན་དཀར༔ གཡོན་དུ་ལྷུང་བཟེད་བཅུད་ལྡན་དང་༔ རྒྱབ་ཏུ་འབྲུ་ཡི་མཎྜལ་བཤམས༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ སྤྲོས་མེད་ལུས་དཀྱིལ་བསྒོམ་པ་ལ༔ སྦྱོར་བ་དངོས་གཞི་རྗེས་གསུམ་བསྟན༔ ས་མ་ཡཱ ༔ སྦྱོར་བའི་ཆོས་ལ་གསུམ་ཡིན་ཏེ༔ སྐྱབས་སུ་འགྲོ་ཞིང་སེམས་མཆོག་བསྐྱེད༔ ཡན་ལག་བདུན་གྱི་ཚོགས་བསག་གོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཨེ་མ་ཧོ༔ འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས༔ སྒྲོལ་བའི་དེད་དཔོན་དཀོན་མཆོག་གསུམ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་ནི༔ ཨེ་མ་ཧོ༔ ཐོག་མེད་དུས་ནས་ད་ལྟའི་བར༔ དྲིན་གྱིས་བསྐྱངས་པའི་མ་རྒན་འགྲོ༔ སྡུག་བསྔལ་རྒྱུ་འབྲས་ལས་བསྒྲལ་ནས༔ སངས་རྒྱས་ཐོབ་ཕྱིར་སེམས་བསྐྱེད་དོ༔ ལན་གསུམ༔ གསུམ་པ་ཚོགས་བསགས་ནི༔ ཨེ་མ་ཧོ༔ མཁའ་དབྱིངས་དག་པའི་ལྷ་ཚོགས་ལ༔ ང་རྒྱལ་སྤངས་ནས་གུས་ཕྱག་འཚལ༔ སེར་སྣ་དང་བྲལ་མཆོད་པ་འབུལ༔ ལོག་ལྟའི་སྐྱོན་གྲོལ་སྡིག་པ་བཤགས༔ ཕྲག་དོག་མཐར་བསྐྲད་རྗེས་ཡི་རང༔ རྨོངས་པ་སེལ་ཕྱིར་ཆོས་འཁོར་བསྐུལ༔ ཁོང་ཁྲོ་དབྱིངས་གྲོལ་བཞུགས་གསོལ་འདེབས༔ འདོད་ཆགས་འཛིན་བྲལ་དགེ་ཚོགས་བསྔོ༔ དེ་མཐུས་བདག་དང་འགྲོ་བ་ཀུན༔ སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་རྫོགས༔ དངོས་གཞི་ལ་ཡང་གསུམ་ཡིན་ཏེ༔ ཐོག་མར་གསོ་སྦྱོང་སྡོམ་པ་བླངས༔ གཉིས་པ་ལྷ་རུ་བསྒོམ་པ་ནི༔ ཨེ་མ་ཧོ༔ འཁོར་འདས་ཆོས་ཀུན་སྟོང་པའི་ངང་༔ ཕྱི་སྣོད་རིན་ཆེན་ས་གཞི་ལ༔ ལྗོན་ཤིང་ཆུ་མཚོ་མཆོད་པའི་རྫས༔ མ་ཚང་མེད་པས་བཀོད་ལེགས་དབུས༔ ལྷ་ཡི་གཞལ་མེད་ཁང་ཆེན་པོ༔ གྲུ་བཞི་སྒོ་བཞི་རྒྱན་ཀུན་རྫོགས༔ སེང་ཁྲི་པདྨ་ཟླ་གདན་ལ༔ རང་སེམས་ཧཱུྃ་ཡིག་གསེར་གྱི་མདོག༔ སྐད་ཅིག་གནས་འགྱུར་དྲན་རྫོགས་སུ༔ ཤཱཀྱ་སེང་གེ་སྐུ་མདོག་སེར༔ ཞལ་གཅིག་འཛུམ་པའི་མདངས་དང་ལྡན༔ སྤྱན་གཉིས་བྱམས་བརྩེས་འགྲོ་ལ་གཟིགས༔ ཕྱག་གཡས་ས་གནོན་ཕྱག་རྒྱ་ཡིས༔ བདུད་འདུལ་གསེར་རྡོར་རྩེ་ལྔ་བསྣམས༔ ཕྱག་གཡོན་བཻཌཱུར་ལྷུང་བཟེད་ནང་༔ བདུད་རྩིས་བཀང་བ་ལྟེ་བར་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐུ་སྟོད་དར་དམར་ཆོས་གོས་དང་༔ སྐུ་སྨད་མཐང་ཤམ་སྨུག་པོ་གསོལ༔ མཚན་དཔེ་ཡོངས་རྫོགས་གཟི་འོད་འབར༔ གཡས་གཡོན་པད་ཟླའི་གདན་ཁྲི་ལ༔ ཤེས་རབ་རྫུ་འཕྲུལ་ཅན་གྱི་མཆོག༔ དགེ་སློང་ཚངས་པར་སྤྱོད་པའི་ཆས༔ མཁར་སིལ་ལྷུང་བཟེད་ཕྱག་ན་བསྣམས༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས༔ གཡས་གཡོན་མདུན་ཐད་དར་འབོལ་སྟེང་༔ ལྷ་ཡི་དབང་པོ་དཀར་གསལ་འཛུམ༔ སྐྱེ་བ་ལྔ་པའི་དུང་དཀར་འབུལ༔ ཚངས་པ་གསེར་མདོག་ཕྱོགས་ཀྱི་ཞལ༔ གསེར་འཁོར་རྩིབས་སྟོང་གུས་འབུལ་ཚུལ༔ གཉིས་ཀ་འཁོར་ལོས་སྒྱུར་བའི་ཆས༔ རྒྱབ་ཏུ་རྒྱལ་ཀུན་གསང་བའི་བདག༔ བཛྲ་པཱ་ཎི་ཁྲོ་གཏུམ་སྒེག༔ རྡོ་རྗེ་སྡིགས་མཛུབ་མུ་སྟེགས་འདུལ༔ གཞན་ཡང་སངས་རྒྱས་བྱང་སེམས་དང་༔ ཉན་ཐོས་དགྲ་བཅོམ་སྤྲིིན་ལྟར་གཏིབས༔ གཙོ་འཁོར་ཀུན་གྱི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ རང་བཞིན་གནས་ནས་ཡེ་ཤེས་ལྷ༔ གཤེགས་བཞུགས་མེད་ཀྱང་ཐུགས་རྗེའི་མཐུས༔ གནས་འདིར་འགྲོ་བའི་དོན་ལ་བྱོན༔ བསྐྱེད་པའི་དམ་ཚིག་ལྷ་ཚོགས་དང་༔ ངོ་བོ་དབྱེར་མེད་བརྟན་པར་བཞུགས༔ རང་ལས་མི་གཞན་འཕྲུལ་དགའི་ལྷས༔ སྤྲུལ་ཞིང་གུས་པས་བརྡ་ཕྱག་འཚལ༔ ཚོགས་དྲུག་ཡུལ་གྱི་མཆོད་པའི་སྤྲིན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ རོ་ལྡན་ལྷ་ཡི་ཞལ་ཟས་དང་༔ བསྟོད་དབྱངས་གླུ་གར་རོལ་མོའི་སྒྲ༔ གཞན་ཡང་འཇིག་རྟེན་ཁམས་ཀུན་གྱི༔ མཆོད་པའི་ཡོ་བྱད་ཐམས་ཅད་དང་༔ རིན་ཆེན་བདུན་དང་རྫས་རྟགས་བརྒྱད༔ ཉེ་བའི་རིན་ཆེན་སྣ་བདུན་སོགས༔ མཆོད་པའི་ཡོ་བྱད་དཔག་མེད་ཀྱིས༔ ཐུབ་དབང་རྒྱལ་བ་སྲས་དང་བཅས༔ མཐའ་ཡས་འགྲོ་བའི་ཚོགས་རྫོགས་ཕྱིར༔ དྭངས་བའི་སེམས་ཀྱིས་མཆོད་པར་བགྱི༔ བདག་ཅག་བསོད་ནམས་མི་ལྡན་པའི༔ བཀྲེན་པ་རྣམས་ལ་བརྩེར་དགོངས་ནས༔ དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ༔ ཅེས་དང་སླར་ཡང་བསྟོད་པ་ནི༔ ཨེ་མ་ཧོ༔ གྲངས་མེད་བསོད་ནམས་བསགས་པའི་མཐུས༔ མཚན་དང་དཔེ་བྱད་གཟི་འོད་འབར༔ སྲིད་གསུམ་མཚུངས་མེད་རྒྱལ་བའི་སྐུ༔ འགྱུར་བ་མེད་ལ་ཕྱག་འཚལ་བསྟོད༔ ཡན་ལག་དྲུག་ཅུ་ཚངས་པའི་དབྱངས༔ རང་རང་སྐད་དུ་ཆོས་ཀུན་སྟོན༔ ཐོག་མཐའ་བར་གསུམ་དགེ་བའི་གསུང་༔ འགགས་པ་མེད་ལ་ཕྱག་འཚལ་བསྟོད༔ བརྗོད་མེད་ཀློང་ནས་ཆོས་ཀུན་མཁྱེན༔ དམིགས་མེད་བརྩེ་ཆེན་ཐུགས་རྗེའི་གཏེར༔ འགྲོ་བློའི་རྗེས་འགྲོ་ཁྱབ་པར་བརྡལ༔ འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ མཚན་ཙམ་ཐོས་པས་འཇིགས་ཀུན་སྐྱོབ༔ དྲན་པས་སྲིད་ཞིའི་གདུང་བ་སེལ༔ གདུལ་བྱའི་དོན་དུ་གཡེལ་བ་མེད༔ ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ མ་དག་འགྲོ་བའི་ཁམས་ཀུན་ཏུ༔ བཟོ་སྐྱེས་མཆོག་གི་སྤྲུལ་པ་ཡི༔ ཕན་བདེའི་དངོས་ཀུན་སྟེར་བའི་མགོན༔ ཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔ ཤཱཀྱ་སེང་གེའི་ཆོས་ཀྱི་སྒྲས༔ བདུད་དང་ལོག་འདྲེན་ཚར་གཅོད་པའི༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ འཁོར་དང་བཅས་ལ་བསྟོད་པར་བགྱི༔ གསུམ་པ་བསྙེན་པ་བྱ་བ་ལ༔ ཕྱག་འཚལ་མཚན་གྱི་བསྙེན་པ་དང་༔ བཟླས་པ་སྔགས་ཀྱི་བསྙེན་པ་དང་༔ མོས་གུས་ཡིད་ཀྱི་བསྙེན་པ་འོ༔ དང་པོ་ཕྱག་འཚལ་བསྙེན་པ་ནི༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ༔ ཞེས་པ་འབུམ་ཕྲག་ཙམ་ཡང་བཟླ༔ ལན་གཅིག་བརྗོད་པའི་ཕན་ཡོན་ནི༔ བསྐལ་པར་བསགས་པའི་ལས་སྒྲིབ་བྱང་༔ དེ་ནས་སྔགས་ཀྱི་བཟླས་པ་ནི༔ ཐུགས་ཀར་ཟླ་བ་ཉ་གང་དབུས༔ ཧཱུྃ་ཡིག་གསེར་མདོག་གཟི་འོད་འབར༔ མཐའ་བསྐོར་སྔགས་ཕྲེང་གཡས་སུ་བསྐོར༔ བཀླགས་པའི་ཚུལ་གྱིས་བཟླས་པར་བྱ༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཡེ་སྭཱ་ཧཱ༔ ཞེས་པ་འདི་ལ་འབྲུ་འབུམ་བཟླ༔ རབ་ཀྱིས་དངོས་སུ་ལྷ་ཞལ་མཇལ༔ གསུང་ཐོས་སྔར་མེད་ཉམས་རྟོགས་འཕེལ༔ ཐ་མས་རྨི་ལམ་མཆོག་གསུམ་དང་༔ འབྲལ་མེད་ཚངས་པར་སྤྱོད་ལ་མོས༔ འབྲིང་གིས་ཉམས་ཀྱི་སྣང་བ་ལ༔ ཞལ་མཇལ་གསུང་ཐོས་ལེགས་ཚོགས་འཕེལ༔ དགེ་ལ་སྤྲོ་ཞིང་སྡིག་ལ་འཛེམ༔ མི་རྟག་སྐྱོ་ཤས་ཤུགས་ལས་འབྱུང་༔ མོས་གུས་ཡིད་ཀྱི་བཟླས་པ་ནི༔ རྟག་ཏུ་དྲན་དང་ཤེས་བཞིན་ངང་༔ སྟོན་པའི་གསང་གསུམ་ཡོན་ཏན་ལ༔ མོས་གུས་རྒྱུན་མ་ཆད་པ་ཡི༔ རྔུབ་པའི་རླུང་ལ་མཚན་དོན་དྲན༔ གནས་པའི་རླུང་ལ་སེམས་བསྐྱེད་བྱ༔ འབྱིན་པའི་རླུང་ལ་སྡིག་སྒྲིབ་བསལ༔ ཆོས་ཀུན་སྟོང་པའི་རོལ་པ་ལས༔ གང་ཤར་དགག་བཞག་མེད་པ་རུ༔ ལྟ་བས་ཐག་བཅད་དོན་དམ་གྱི༔ རྡོ་རྗེའི་བཟླས་པའི་མཐར་ཐུག་གོ༔ དངོས་གཞིའི་རིམ་པ་ས་མ་ཡཱ༔ རྗེས་ལ་ལས་སྦྱོར་གསུམ་ཡིན་ཏེ༔ ཚོགས་བསགས་མཎྜལ་ལས་སྦྱོར་ནི༔ དབྱར་དུས་སྐྱེད་མོས་ཚལ་སོང་སྟེ༔ ཕྱི་སྣོད་འཇིག་རྟེན་ཁམས་ཀུན་གྱི༔ རི་རབ་གླིང་བཞིར་བཅས་པ་དང་༔ ཁྱད་པར་རང་དང་ཡུལ་ཁམས་ཀྱི༔ སྤང་ལྗོངས་མེ་ཏོག་ལ་སོགས་པ༔ ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས༔ ཚིག་འདིས་རྟག་ཏུ་འབུལ་བར་བྱ༔ ཨེ་མ་ཧོ༔ སྤང་ལྗོངས་གཡུ་ཡི་མཎྜལ་ལ༔ སྐྱེད་ཚལ་མེ་ཏོག་སྣ་ཚོགས་པ༔ རིན་ཆེན་གསེར་དངུལ་ཚོམ་བུར་བཀོད༔ ཤཱཀ་ཐུབ་ལ་སོགས་རྒྱལ་ཀུན་ལ༔ མི་ཟད་མཆོད་པའི་མཎྜལ་འབུལ༔ འགྲོ་བའི་བསོད་ནམས་ཚོགས་རྫོགས་ནས༔ འདོད་འབྱུང་གཏེར་ལ་སྤྱོད་པར་ཤོག༔ པུཥྤེ་རཏྣ་མཎྜ་ལ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ཨ་ཧཱུྃ༔ དེ་ནས་མཚོ་དང་ཆུ་བོ་འམ༔ ལུ་མ་རྫིང་བུའི་དྲུང་དུ་ཕྱིན༔ མདུན་མཁར་སེང་ཁྲི་པད་ཟླའི་སྟེང་༔ ཐུབ་དབང་རྒྱལ་བ་སྲས་བཅས་ལ༔ གུས་པའི་སེམས་ཀྱིས་འདི་བཞིན་འབུལ༔ ཨེ་མ་ཧོ༔ དྭངས་བསིལ་ཆུ་བོ་འདིས་མཚོན་པའི༔ ལྷ་དང་མི་ཡི་འཇིག་རྟེན་ན༔ ཡན་ལག་བརྒྱད་ལྡན་གཙང་མའི་ཆབ༔ གང་དག་ཇི་སྙེད་ཡོད་པ་ཀུན༔ འགྲོ་བའི་བླ་མ་ཤཱཀྱ་ཐུབ༔ སྲས་དང་བཅས་ལ་འབུལ་བར་བགྱི༔ ཞེན་མེད་རྣམ་དག་མཆོད་པ་འདིས༔ བདག་དང་འགྲོ་ཀུན་ཚོགས་རྫོགས་ཤིང་༔ མཐར་ཐུག་དོན་གཉིས་ལྷུན་གྲུབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཀ་ར་ན་དྲི་སྥ་ར་ཎ་པཱུ་ཛ་ཧཱུྃ༔ སྐབས་སུ་རིན་ཆེན་འཁར་ཟངས་ཀྱི༔ མཎྜལ་སྤོས་ཆུས་ཆག་ཆག་གདབ༔ རི་རབ་གླིང་བཞི་གླིང་ཕྲན་དང་༔ ལྷ་མིའི་མཆོད་རྫས་ཉི་ཟླ་སོགས༔ དམིགས་པས་བསྒྱུར་ཅིང་ཚོམ་བུ་བཀོད༔ འབུལ་ཚིག་སྙན་པའི་དབྱངས་ཀྱིས་བརྗོད༔ ཨེ་མ་ཧོ༔ སྔོན་ཚེ་ཚངས་པ་ཆེན་པོ་ཡིས༔ བསྐལ་བཟང་རྫོགས་པའིི་སངས་རྒྱས་ལ༔ སྟོང་གསུམ་ཁམས་ཀུན་ཕུལ་བ་ལྟར༔ བདག་ཡིད་ཚངས་ཆེན་རོལ་གར་གྱིས༔ རིན་ཆེན་ལས་གྲུབ་རི་རབ་དང་༔ གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད༔ འཁོར་ལོ་ལ་སོགས་རྒྱལ་སྲིད་བདུན༔ གདུགས་སོགས་བཀྲ་ཤིས་རྟགས་བརྒྱད་དང་༔ ལྷ་མིའི་ཡོ་བྱད་ཡིད་འོང་ཀུན༔ མ་ཚང་མེད་པའི་མཎྜལ་འདི༔ མཉམ་མེད་ཤཱཀྱའི་རྒྱལ་པོ་དང་༔'ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི༔ རྒྱལ་བ་སྲས་དང་བཅས་ལ་འབུལ༔ བདག་གཞན་འགྲོ་བའི་ཚོགས་རྫོགས་ནས༔ སྐུ་གསུམ་ཞིང་གི་དཔལ་ཡོན་ལ༔ ལོངས་སུ་སྤྱོད་པའི་མཐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜ་ལ་པཱུ་ཛ་མེ་ག་ཨ་ཧཱུྃ༔ གཉིས་པ་ཚ་ཚའི་ལས་སྦྱོར་ནི༔ རིན་ཆེན་ལྔ་བསྲེས་འཇིམ་པ་ལ༔ ཚ་ཚ་གདབ་ཅིང་དམིགས་པ་ནི༔ རྡུལ་གྱི་གྲངས་མཉམ་རིང་བསྲེལ་གྱིས༔ འཇིག་རྟེན་ཐམས་ཅད་གང་བར་བསམ༔ བརྐོས་ཕོར་སྟོང་ཉིད་གཞལ་ཡས་སུ༔ འཇིམ་པ་སྙིང་རྗེ་ཆེན་པོ་ནི༔ ཟུང་འཇུག་རྒྱལ་བའི་ཡེ་ཤེས་སྐུ༔ སེམས་ཅན་དོན་ལ་རང་བྱུང་ནས༔ འགྲོ་ཀུན་སྒྲོལ་བའི་མགོན་དུ་བསམ༔ མཚན་བརྗོད་དང་ནི་གཟུངས་སྔགས་བཟླ༔ འབྲུ་གསུམ་ལན་བདུན་བརྗོད་པ་ཡི༔ བྱིན་གྱིས་བརླབས་ཤིང་རབ་ཏུ་གནས༔ དེ་ལྟར་རྒྱུན་དུ་བརྩོན་པ་ན༔ ལས་སྒྲིབ་བྱང་ཞིང་ཚོགས་རྫོགས་འགྱུར༔ དེ་བཞིན་ངན་འགྲོའི་འགྲོ་བ་ལ༔ དམིགས་ཏེ་ཚད་མེད་སྙིང་རྗེའི་བློས༔ རིན་ཆེན་སྣོད་དུ་ཆུ་གཙང་བཤམས༔ རང་ཉིད་འཇིག་རྟེན་དབང་ཕྱུག་དཀར༔ ཞི་འཛུམ་ཕྱག་གཡས་མཆོག་སྦྱིན་རྒྱས༔ ཡི་དྭགས་རྣམས་ལ་བདུད་རྩིའི་ཆར༔ བཀྲེས་སྐོམ་གདུང་བ་སེལ་བྱས་པ༔ སྙིང་རྗེའི་གཏེར་མཛོད་ཆེན་པོར་བསམ༔ རང་གི་མདུན་དུ་ཡི་དྭགས་ཚོགས༔ བཀྲེས་སྐོམ་ཉམ་ཐག་རྡུལ་ལྟར་འཚོགས༔ སྔགས་འདིས་ཆུ་གཙང་སྦྱིན་པ་ཡིས༔ བཀྲེས་སྐོམ་སྡུག་བསྔལ་ཞི་བར་བསམ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ སྤྲོ་ན་སྣོད་བཅུད་བྱིན་རླབས་དང་༔ སྤྱན་འདྲེན་འབུལ་ཚིག་གཞན་དུ་ཤེས༔ ཡང་ན་བསྡུས་པ་འདི་ལྟར་བྱ༔ ཨེ་མ་ཧོ༔ དུས་གསུམ་ཀུན་ཏུ་སེར་སྣའི་མཐུས༔ བཀྲེས་སྐོམ་ཉམ་ཐག་ཡི་དྭགས་ཚོགས༔ ཚད་མེད་སྙིང་རྗེའི་ལྷ་མཆོག་གི༔ བདེན་པའི་སྟོབས་ཀྱིས་འདིར་གཤེགས་ཤིག༔ སྤྲུལ་སྐུ་ཤཱཀྱ་སེང་གེ་ཡིས༔ ཡིད་སྤྲུལ་ལྷ་ཡི་བདུད་རྩི་ལྟར༔ མྱོང་རེག་བདེ་བས་ཚིམ་བྱེད་པ༔ ཡང་དག་སྔགས་ཀྱིས་སྤེལ་ཞིང་བསྒྱུར༔ སེར་སྣའི་རྒྱུ་ལས་ཉམ་ཐག་འགྲོ༔ བཀྲེས་སྐོམ་ཡི་དྭགས་ཚོགས་ལ་འབུལ༔ གནས་སྐབས་ལོངས་སྤྱོད་འབྱོར་ལྡན་ཞིང་༔ བདེ་སྐྱིད་དཔལ་ལ་ལོངས་སྤྱོད་ནས༔ མཐར་ཐུག་སྟོབས་བཅུའི་རྒྱན་དུ་རོལ༔ འདོད་རྒུའི་གཏེར་དུ་འགྱུར་བར་ཤོག༔ གསུམ་པ་སྤྱོད་ལམ་དོན་ཡོད་ཕྱིར༔ འགྲོ་འདུག་བསྐོར་བའི་ལམ་ཁྱེར་ནི༔ རང་ཉིད་གང་དུ་འགྲོ་བ་ཡི༔ གཡས་མདུན་ནམ་མཁར་སེང་ཁྲིའི་སྟེང༔ གུ་རུ་ཤཱཀྱ་སེང་གེ་ལ༔ བརྒྱུད་པ་དྲུག་ལྡན་བླ་མ་དང་༔ ཡི་དམ་ཞི་ཁྲོས་བསྐོར་བར་བསམ༔ རང་གིས་དད་དང་གུས་པ་ཡི༔ ཆོས་འཁོར་ཚུལ་དུ་བསྐོར་བར་བསམ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཤཱཀྱ་སེང་ཧ་པྲ་ཧྨ་ཎ་རཏྣ་ཀེ་ཏུ་ཀ་ར་ཝརྡྷ་ན་མ་སྭཱ་ཧཱ༔ ཨེ་མ་ཧོ༔ རང་གི་མདུན་གྱི་ནམ་མཁའ་ལ༔ སེང་ཁྲི་པདྨ་ཟླ་བའི་སྟེང༔ རྩ་བའི་བླ་མ་པདྨ་འབྱུང་༔ ཤཱཀྱ་སེང་གེའི་རྣམ་པར་བཞུགས༔ རྩ་གསུམ་ཆོས་སྐྱོང་བསྲུང་མས་བསྐོར༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་༔ སྤྱོད་ལམ་དོན་དང་ལྡན་པའི་ཕྱིར༔ འགྲོ་བའི་དོན་དུ་སེམས་བསྐྱེད་དེ༔ རྩེ་གཅིག་བསྐོར་བའི་འདུ་ཤེས་བསྐྱེད༔ ཁྱེད་ཀྱི་བརྩེ་ཆེན་ཐུགས་རྗེ་ཡིས༔ བདག་གི་ཐ་མལ་སྤྱོད་ལམ་ཀུན༔ བྱང་ཆུབ་ལམ་དུ་འགྲོ་བར་མཛོད༔ དགེ་བ་མཐའ་ཡས་འགྲོ་ལ་བསྔོ༔ གཞན་ཡང་སྐྱེས་མཆོག་བླ་མ་དང་༔ རྟེན་གསུམ་ལ་སོགས་གང་མཇལ་ཀྱང་༔ ཐམས་ཅད་ཤཱཀྱའི་རྒྱལ་པོར་བསམ༔ མཚན་བརྗོད་གསུམ་བདུན་གང་འཛོམ་བྱ༔ སྨོན་ལམ་གདབ་པ་འདི་སྐད་དོ༔ ཨེ་མ་སྐྱེས་མཆོག་བླ་མ་དང་༔ ངོ་མཚར་ཅན་གྱི་དཀོན་མཆོག་རྟེན༔ ཁྱེད་དང་མཇལ་བ་ཨ་ལ་ལ༔ ད་ལྟའི་བསྐལ་པ་བཟང་པོ་འདིའི༔ འགྲོ་བའི་བསོད་ནམས་བསགས་པའི་ཞིང་༔ ཐམས་ཅད་ཐུབ་དབང་རྣམ་འཕྲུལ་ཡིན༔ ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི༔ སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན༔ སྟོན་པ་ཉིད་ལས་གཞན་མ་ཡིན༔ རྒྱུ་མཚན་ཤེས་པས་གུས་ཕྱག་འཚལ༔ དགེ་འདིས་མཐའ་ཡས་འགྲོ་བ་ཀུན༔ ཐར་པའི་གྲོང་དུ་འཇུག་པར་ཤོག༔ ཅེས་བརྗོད་གུས་པས་ཕྱག་གསུམ་འཚལ༔ མཐར་ནི་ཕྱི་ནང་སྣོད་བཅུད་ཀུན༔ མི་དམིགས་སྟོང་པ་ཆེན་པོའི་ངང་༔ དགེ་བསྔོ་བཀྲ་ཤིས་བརྗོད་པ་ནི༔ ཨེ་མ་ཧོ༔ གྲངས་མེད་གསུམ་དུ་ཚོགས་གཉིས་བསགས༔ ཁམས་གསུམ་འགྲོ་བའི་བླ་མར་གྱུར༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར༔ སྐུ་གསུམ་སྟོན་པའི་བཀྲ་ཤིས་ཤོག༔ དགའ་ལྡན་གནས་ནས་འཛམ་བུའི་གླིང་དུ་བྱོན༔ སེར་སྐྱའི་གནས་སུ་ཟས་གཙང་སྲས་པོའི་ཚུལ༔ རྒྱལ་སྲིད་སྤངས་ནས་དཀའ་སྤྱད་རྫོགས་སངས་རྒྱས༔ ཐུབ་དབང་ཤཱཀྱ་སེང་གེའི་བཀྲ་ཤིས་ཤོག༔ བསྟན་པའི་སྒོར་ཞུགས་འཕགས་ཚོགས་འདུས་པའི་སྡེ༔ ཐུགས་མཐུན་ཁྲིམས་གཙང་རྣམ་དག་ས་གཞི་ལ༔ བཤད་སྒྲུབ་གཉིས་ཀྱི་མེ་ཏོག་རྣམ་པར་བཀྲ༔ ཡིད་འོང་དགེ་ལེགས་སྣང་བའི་བཀྲ་ཤིས་ཤོག༔ དེ་ལྟར་ཤཱཀྱ་སེང་གེ་ཡི༔ ཐུགས་སྒྲུབ་བསྟན་པའི་གསལ་བྱེད་ནི༔ མཚོ་རྒྱལ་དགོངས་པའི་བརྡ་རིས་ལས༔ ལས་ཅན་སྐྱེས་བུའི་སྙིང་ལ་ཤར༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ ལོག་ལྟ་ཅན་ལ་ཨི་ཐི་རྒྱ༔ དཀར་ཕྱོགས་ལྷ་ཀླུས་སྲུངས་ཤིག་རྒྱ༔ གུ་ཧྱ༔ ཞེས་རིག་འཛིན་ལུང་རིག་གླིང་པས་རིག་སྟོང་སྤྲོས་པ་ཀུན་བྲལ་འགྱུར་མེད་བདེ་ཆེན་འབར་བའི་སྒྲོམ་ནས་བཏོན་ཏེ༔ བརྡ་ཚིག་ཐོགས་མེད་དུ་བཙུན་པ་ལུང་རྟོགས་མིང་གིས་བྲིས་པའི་དགེ་བས་འབྲེལ་ཚད་པདྨ་འོད་དུ་གྲོལ་ཞིང་༔ བདག་རྟོག་འཛིན་པའི་དགྲ་བགེགས་བདག་མེད་སྟོང་ཆེན་དབྱིངས་ཀྱི་བྷ་གར་འཚང་རྒྱ་བའི་རྒྱུར་གྱུར་ཅིག༔ ཤུ་བྷཾ༔

བློ་ལྡན་མཆོག་སྲེད་སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ།

མཚན་བརྒྱད་ཐུགས་ཀྱི་སྒྲུབ་པ་ལས༔ བློ་ལྡན་མཆོག་སྲེད་སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ་བཞུགས༔

རབ་འབྱམས་རྒྱལ་ཀུན་མཁྱེན་པའི་དཔྱིད༔ མགོན་པོ་འཇམ་དཔལ་དབྱངས་ཉིད་ཀྱི༔ སྒྲུབ་ཐབས་ཤེས་རབ་འབྲུག་སྒྲ་ཞེས༔ བློ་ལྡན་མཆོག་སྲེད་ཐུགས་སྒྲུབ་བསྟན༔ ས་མ་ཡཱ༔ ཤིན་ཏུ་དབེན་ཅིང་ཉམས་དགའི་སར༔ དུས་ཚེས་གཟའ་སྐར་འཕྲོད་སྦྱོར་ལེགས༔ བདེ་བའི་སྟན་ལ་བག་ཕབ་ནས༔ རང་རྒྱུད་སྦྱོང་ཕྱིར་བློ་སྦྱོང་དང་༔ དགེ་བའི་དཔུང་བསྐྱེད་སྒྲུབ་པའི་དལ༔ བཀོད་ལེགས་སྟེང་དུ་འབྲུ་ཚོམ་ཁར༔ སྐུ་དང་སྔགས་བྱང་ཌཱ་མ་རུ༔ རིན་ཆེན་འབར་བའི་སྒྲུབ་གཏོར་དང་༔ སམ་ཏྲ་སྨྱུ་གུ་ཐིག་སྐུད་རྣམས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྟེན་དུ་བཀོད་དེ་ཉམས་སུ་ལོངས༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང་༔ ཡན་ལག་བདུན་གྱི་ཚོགས་བསགས་ནི༔ མདུན་མཁར་ཚོགས་ཞིང་པདྨ་འབྱུང་༔ གུ་རུ་བློ་ལྡན་མཆོག་སྲེད་ལ༔ རྩ་གསུམ་ཆོས་སྐྱོང་སྤྲིན་གཏིབས་པར༔ ཁྱེད་ཤེས་དད་པས་བློ་བཀལ་སྟེ༔ ན་མོ༔ སྲིད་ཞིའི་ཁམས་ཀྱི་ཤེས་བྱའི་ཆོས༔ ཀུན་མཁྱེན་གུ་རུ་འཇམ་པའི་དབྱངས༔ བློ་ལྡན་མཆོག་སྲེད་རྩ་གསུམ་ལྷར༔ བྱང་ཆུབ་བར་དུ་གུས་སྐྱབས་མཆི༔ བདག་གིས་འགྲོ་བ་ཀུན་དོན་དུ༔ བློ་ལྡན་མཆོག་སྲེད་སྒྲུབ་བགྱི་ཞིང་༔ གང་འདུལ་རིག་གནས་སྒོ་ཕྱེ་ནས༔ རྣམ་མཁྱེན་སྒྲུབ་པར་སེམས་བསྐྱེད་དོ༔ སྒྲིབ་གཉིས་སྦྱང་ཕྱིར་གུས་ཕྱག་འཚལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་སྤྲིན་འབུལ༔ ཉེས་ལྟུང་མི་འཆབ་སྡིག་སྒྲིབ་བཤགས༔ གཞན་ལ་ཕན་ཕྱིར་རྗེས་ཡི་རང་༔ འགྲོ་དོན་ཆོས་འཁོར་བསྐོར་གསོལ་འདེབས༔ བདུད་སྡེའི་གཉེན་པོར་བཞུགས་པར་ཞུ༔ དགེ་ཚོགས་མཁའ་ཁྱབ་དོན་ཕྱིར་བསྔོ༔ དངོས་གཞི་སྤྲོས་བྲལ་སྟོང་པའི་མདངས༔ བསྐྱེད་རིམ་ལྷ་རུ་འདི་བཞིན་སྒོམས༔ ཧྲཱིཿ ཤེས་བྱའི་ཡུལ་གྱུར་ཕྱི་སྣོད་ཞིང༔ ཡུམ་ལྔའི་མཁའ་ཀློང་རྣམ་པར་དག༔ སྤྲུལ་སྐུའི་ཞིང་ཁམས་པདྨ་འོད༔ གསེར་གྱི་ས་གཞི་ཁོད་སྙོམས་དབུས༔ ལྗོན་ཤིང་ཡན་ལག་བརྒྱད་ལྡན་ཆུ༔ པད་མཚོ་ནོར་བུའི་རྫིིང་བུར་འཁྱིལ༔ མེ་ཏོག་དྲི་བསུང་ངད་ལྡང་བར༔ སྤྲུལ་པའི་བྱ་དང་བྷྲ་མ་རས༔ ཐེག་གསུམ་ཆོས་དང་རིག་པའི་གནས༔ མ་འདྲེས་སོ་སོར་གླུ་དབྱངས་སྒྲོག༔ ཕོ་བྲང་ངོ་མཚར་ཡོན་ཏན་བརྩེགས༔ ཤེས་རབ་རང་བཞིན་རིག་འཛིན་དང་༔ མཆོད་པའི་ལྷ་མོ་སྤྲིན་བཞིན་འཐིབས༔ ལྟེ་བར་སེང་ཁྲི་པད་ཟླའི་ཁར༔ རང་སེམས་དྷཱིཿལས་འཇམ་པའི་དབྱངས༔ གུ་རུ་བློ་ལྡན་མཆོག་སྲེད་རྩལ༔ གུར་གུམ་མེ་ཏོག་གཞོན་ནུའི་མདངས༔ ཞི་ཞལ་འཛུམ་མདངས་ལྷམ་མེ་བ༔ དར་ཐོད་རིན་ཆེན་པྲོག་ཞུས་སྤྲས༔ དར་དཀར་གསེར་རིས་བེར་ཕྱམ་དང་༔ གསེར་མདངས་སྐེད་ཆིངས་ནོར་བུས་སྤྲས༔ སག་ལྷྭམ་འཇའ་ཚོན་ཆ་ག་ཅན༔ ཕྱག་གཡས་སེང་ལྡིང་ཌཱ་མ་རུ༔ སྙན་པའི་སྒྲ་ཡིས་འགྲོ་ཁམས་སྡུད༔ ཕྱག་གཡོན་ལི་ཡི་པད་ཕོར་ནང་༔ འབྲས་དཀར་སིལ་མས་བཀང་བ་བསྣམས༔ སྙན་ཆ་མགུལ་རྒྱན་ཕྲེང་བ་དང་༔ ཕྱག་ཞབས་གདུ་བུ་ཕྲ་ཚོམ་ངོམ༔ དབུ་གཙུག་རྗེ་བཙུན་འཇམ་པའི་དབྱངས༔ ལོངས་སྐུའི་ཆས་ཅན་རལ་གྲི་པོད༔ ཕྱེད་དཀྱིལ་ཤེས་རབ་མཆོག་སྟེར་ལྷ༔ ཕྱོགས་བཞིར་པད་ཟླར་དབྱངས་ཅན་མ༔ དཀར་སེར་དམར་ལྗང་བཞེངས་སྟབས་ཅན༔ རྒྱུད་མང་སྒྲ་ལས་བཅུ་ཕྲག་རིག༔ ཆོས་སྒྲས་གདུལ་བྱའི་བློ་མུན་སེལ༔ སྟེང་མཁར་རྩ་བརྒྱུད་བླ་མ་དང་༔ བར་གྱི་ཆ་ལ་ཡི་དམ་ལྷ༔ འོག་ཏུ་མཁའ་འགྲོ་ཆོས་སྐྱོང་སོགས༔ སྐྱབས་གྱུར་མ་ལུས་སྤྲིན་བཞིན་འཁྲིགས༔ ཀུན་གྱི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་དབང་གཞུ་ལྟར་འཕྲོས་པས༔ སྐུ་གསུམ་ཞིང་ནས་པདྨ་འབྱུང་༔ སྤྱན་དྲངས་མོས་འདུན་གདུང་བའི་བློས༔ གནས་འདིར་གློག་འོད་འཁྱུག་བཞིན་སྤྱོན༔ དེ་ནས་སྤོས་དང་རོལ་མོའི་སྒྲས༔ སྔུན་ནས་བསུས་ཏེ་དབྱངས་སྙན་པོས༔ ཚིག་བདུན་གསོལ་འདེབས་འདི་བཞིན་བྱ༔ ཧཱུྃ་ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ དེ་ཉིད་ར་ག་ར་ཏཱིའི་གནས༔ ཐམས་ཅད་མཁྱེན་པའི་ཤེས་རབ་ལྷ༔ གུ་རུ་བློ་ལྡན་མཆོག་སྲེད་ཅེས༔ འཁོར་དུ་རྩ་གསུམ་སྤྲིན་ལྟར་འཐིབས༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛཿསིདྡྷི་ཕ་ལ་ཧཱུྃ༔ བཞུགས་སུ་གསོལ་བ་འདི་བཞིན་ནོ༔ ཧཱུྃཿ རང་སྣང་དབྱིངས་ལས་ཤར་བའི་ལྷ༔ རྩ་གསུམ་ཀུན་འདུས་ཨོ་རྒྱན་རྗེ༔ ཤེས་རབ་སྣང་བྱེད་བློ་གྲོས་མཆོག༔ རང་དང་འདུ་འབྲལ་མེད་པར་བཞུགས༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ གུས་པའི་སྒོ་ནས་ཕྱག་འཚལ་ནི༔ ཧོ༔ མ་རིག་བདག་ཉིད་སེམས་ཅན་གྱི༔ བདག་ལྟའི་ང་རྒྱལ་རྩད་གཅོད་ཕྱིར༔ རང་ལས་གཞན་མིན་འཕྲུལ་དགའི་ལྷས༔ སྤྲུལ་བསྒྱུར་ཇི་བཞིན་གུས་ཕྱག་འཚལ༔ ན་མོ་ན་མ༔ ཕྱི་ནང་གསང་བའི་མཆོད་འབུལ་ནི༔ ཨོཾ་ཨཱཿཧཱུྃ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཕྱི་མཆོད་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ བདེ་སྟོང་རྣམ་རོལ་ནང་མཆོད་འབུལ༔ སྨན་གཏོར་རཀྟ་དགའ་བ་བཞི༔ སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ༔ གཉིས་མེད་རང་བྱུང་རང་རིག་ངང་༔ དོན་དམ་རྟོགས་པའི་མཆོད་པ་འབུལ༔ མ་ཧཱ་པཱུ་ཛ་སརྦ་བོ་དྷི་ཙིཏྟ་ཧོ༔ ཡོན་ཏན་རྗེས་དྲན་བསྟོད་པ་ནི༔ ཨེ་མ་ཧོ༔ ངོ་མཚར་པདྨའི་སྦུབས་སུ་འཁྲུངས༔ རྒྱལ་ཀུན་འདུས་པའི་མཚན་དཔེའི་སྐུ༔ མཁའ་ཁྱབ་འགྲོ་བློའི་རྗེས་སུ་འཇུག༔ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོད༔ ཕྱི་ནང་རིག་གནས་ཐེག་གསུམ་ཆོས༔ དབྱངས་ཀྱི་ཡན་ལག་དྲུག་ཅུའི་གསུང་༔ གདུལ་བྱ་རང་རང་སྐད་དུ་སྟོན༔ བློ་ལྡན་མཆོག་སྲེད་གསུང་ལ་བསྟོད༔ ཤེས་བྱའི་ཆོས་ཀུན་ཐོགས་མེད་མཁྱེན༔ དམིགས་མེད་ཐུགས་བརྩེས་འགྲོ་ཀུན་སྐྱོང་༔ སྟོང་ཉིད་མི་ཕྱེད་རྡོ་རྗེའི་ངང་༔ བློ་ལྡན་མཆོག་སྲེད་ཐུགས་ལ་བསྟོད༔ ཡུལ་སྣང་གཉིས་འཛིན་རྟོག་པ་བྲལ༔ འགྲོ་ལ་མཆོག་ཐུན་དངོས་གྲུབ་ཀུན༔ དཔག་བསམ་ཤིང་བཞིན་རྩོལ་མེད་འབྱུང་༔ བློ་ལྡན་མཆོག་སྲེད་ཡོན་ཏན་བསྟོད༔ ནད་གདོན་ཞི་ཕྱིར་མཛེས་ཚུལ་སྟོན༔ ཚེ་བསོད་རྒྱས་ཕྱིར་སྒེག་པའི་ཉམས༔ དབང་དུ་སྡུད་ཕྱིར་ཆགས་པའི་གཟུགས༔ དགྲ་བགེགས་ཚར་གཅོད་དྲག་པོར་རྔམས༔ རྒྱལ་ཀུན་མཛད་པ་གཅིག་བསྡུས་དཔལ༔ བློ་ལྡན་མཆོག་སྲེད་ཕྲིན་ལས་བསྟོད༔ འཛབ་བཟླས་ལའང་རྣམ་པ་གསུམ༔ དང་པོ་བསྙེན་པའི་རིམ་པ་ནི༔ རང་ཉིད་བློ་ལྡན་མཆོག་སྲེད་ཀྱི༔ ཐུགས་དབུས་པད་དཀར་འདབ་བརྒྱད་པའི༔ ལྟེ་བར་ཟླ་སྟེང་དྷཱིཿདམར་སེར༔ དེ་མཐར་རྩ་སྔགས་འོད་ལྔའི་མདངས༔ གཡས་སུ་འཁོར་ལ་སེམས་གཏད་དེ༔ ཤུབ་བུས་བཟླས་སྐྱོན་སྤངས་ཏེ་འབད༔ ཨོཾ་ཨཱཿམ་ཧཱ་གུ་རུ་པྲཛྙཱ་བྷུདྡྷི་སརྦ་སིདྡྷི་ཧཱུྃ༔ འབྲུ་འབུམ་རྟགས་ཐོན་བཟླ་བར་བྱ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ ཐུགས་ཀར་དྷཱིཿམཐར་སྔགས་གཡས་བསྐོར༔ སྤྱི་བོའི་རིགས་བདག་འཇམ་དབྱངས་ཀྱི༔ ཐུགས་དབུས་ཟླ་སྟེང་ཤེས་རབ་སྲོག༔ རལ་གྲི་སོར་བཞི་ལྟེ་བར་ཧྲཱིཿ དམར་སེར་བཀྲག་མདངས་ལྡན་པ་ལ༔ སྒྲུབ་སྔགས་དམར་སེར་གཡས་བསྐོར་ལས༔ འོད་འཕྲོས་འཕགས་མཆོད་ཐུགས་རྗེ་དང་༔མཁྱེན་རབ་དངོས་གྲུབ་ཚུལ་དུ་བསྡུས༔ རང་ལ་ཐིམ་པས་ཤེས་བྱའི་ཆོས༔ སྤྱི་དང་བྱེ་བྲག་མ་འདྲེས་པར༔ མཁྱེན་རབ་བདག་པོ་འཇམ་དཔལ་དང་༔ རང་ཉིད་ནུས་པ་མཉམ་པར་བསམ༔ ཨོཾ་ཝ་ཀྱེ་ཏཾ་ན་མཿཔྲཛྙཱ་སརྦ་སིདྡྷི་ཧཱུྃ༔ གསུམ་པ་ལས་ལ་སྦྱོར་བ་ནི༔ རང་དང་རིགས་བདག་ཡུམ་བཞི་ལས༔ འོད་ཟེར་སྤོས་རེང་དུད་པ་ལྟར༔ ཕྲ་ལ་འདྲིལ་བ་ཁ་དོག་ལྔ༔ ཕྱོགས་བཅུར་འཕྲོས་པས་རྒྱལ་རྣམས་དང་༔ རིག་གནས་མཁན་དང་པཎྜི་ཏ༔ འབྱུང་བཞིའི་བཅུད་དང་བཀའ་བསྟན་དང་༔ ལྷ་ཀླུའི་ནོར་བུ་ཉི་ཟླ་དང་༔ འཁོར་འདས་ཀུན་གྱི་བཅུད་བསྡུས་ཏེ༔ རང་ལ་ཐིམ་པས་ཁམས་གསུམ་གྱི༔ མཁས་པའི་དབང་པོར་བདག་གྱུར་ནས༔ འཆད་པས་སྐལ་ལྡན་ཐར་ལམ་བཀོད༔ རྩོད་པས་མུ་སྟེགས་རྒོལ་ངན་བཅོམ༔ རྩོམ་པས་རྒྱལ་བའི་དགོངས་པ་ཁྲོལ༔ བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ༔ མཁས་མཆོག་བློ་ལྡན་མཆོག་སྲེད་དང༔ བདག་ཉིད་ནུས་པ་མཉམ་པར་བསམ༔ ཨོཾ་ཨཱཿམ་ཧཱ་གུ་རུ་མཉྫུ་ཤྲཱི་མ་ཏི་པྲཛྙཱ་བྷུདྡྷི་ཀརྨ་བི་ཤྭ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་སྟོང་རྩ་བསྙེན་གྲངས་ཡིན༔ ཞལ་མཇལ་གསུང་ཐོས་རྨི་ལམ་དུ༔ ཉི་ཟླ་ཤར་དང་གླེགས་བམ་རྙེད༔ རལ་གྲི་མིད་དང་མཚལ་སྣག་འཐུང་༔ ཁྲི་ལ་འདུག་དང་ཁྲོམ་འདུས་སོགས༔ ཤེས་རབ་འཕེལ་བའི་རྟགས་ཡིན་ནོ༔ ས་མ་ཡཱ༔ རྗེས་ལ་དངོས་གྲུབ་ལེན་པ་ནི༔ ཨེ་མ་ཧོ༔ མཁས་པ་བློ་གྲོས་མཆོག་ལྡན་གྱིས༔ བདག་ལ་འཆད་རྩོད་རྩོམ་གསུམ་གྱི༔ དངོས་གྲུབ་དམ་པ་བསྩལ་ནས་ཀྱང་༔ ཕྱོགས་ལས་རྣམ་རྒྱལ་སིདྡྷི་ཧཱུྃ༔ རྩ་སྔགས་ཤམ་བུར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་ལ༔ བསྡུ་རིམ་ལྷར་ལྡང་བསྔོ་སྨོན་ནི༔ རང་སེམས་སྟོང་པའི་རྩལ་བསྐྱེད་པའི༔ ལྷར་སྣང་མི་དམིགས་ཀློང་དུ་བསྡུ༔ རྗེས་ལ་སྒྱུ་མའི་སྐུ་རུ་ཤར༔ གནས་གསུམ་འབྲུ་གསུམ་མཚན་པས་བསྲུང་༔ ཨོཾ་ཨཱཿཧཱུྃ༔ མེ་ཏོག་འཐོར་ཞིང་ཤིས་བརྗོད་ནི༔ ཨེ་མ་ཧོ༔ ཤེས་བྱ་ཀུན་མཁྱེན་ལྷ་ཡི་ལྷ༔ འཇམ་དབྱངས་བློ་ལྡན་མཆོག་སྲེད་ཀྱི༔ གསང་གསུམ་ཟླ་ཟེར་བདུད་རྩིའི་ཆར༔ མཁའ་ཁྱབ་འགྲོ་བློར་སྣང་བ་དང་༔ ཆབས་ཅིག་མཁས་པའི་འོད་སྣང་གིས༔ གཏི་མུག་མུན་སེལ་བཀྲ་ཤིས་ཤོག༔ གུ་ཧྱ༔ ཞེས་རིག་འཛིན་ལུང་རིག་གླིང་པས་རིག་སྟོང་སྤྲོས་པ་ཀུན་བྲལ་འགྱུར་མེད་བདེ་ཆེན་འབར་བའི་སྒྲོམ་ནས་བཏོན་པའོ། ཤུ་བྷཾ༔

ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན།

༄༅།། ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། ། ཁྱབ་བདག་དང་པོའི་སངས་རྒྱས་ཀུན་ཏུ་བཟང་། །དཔལ་ཆེན་སྟོབས་ལྡན་ལྷ་མཆོག་ཧེ་རུ་ཀ ། གྲུབ་བརྒྱའི་ཁྱུ་མཆོག་ཤནྟིཾ་གརྦྷའི་ཞབས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་ཐོད་ཕྲེང་རྩལ། །ཤེས་རབ་དབྱིངས་ཀྱི་རྗེ་མོ་མཁར་ཆེན་བཟའ། །ཕྲིན་ལས་གྲུབ་པའི་རིག་འཛིན་དཔལ་གྱི་མཚན། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དག་སྣང་དགོངས་པའི་བརྡ་འགྲོལ་བྱང་ཆུབ་གླིང་། །ཟོལ་མེད་ཟབ་ཆོས་སྟོན་མཛད་ལུང་རིག་རྩལ། །བརྒྱུད་གསུམ་ངོ་བོ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མ་ཧཱ་གུ་རུ་བདུད་འདུལ་ཧེ་རུ་ཀ །རྡོ་རྗེ་ཁྲོ་བོ་རིགས་བཞིའི་གིང་ཆེན་དང་། །རིག་འཛིན་དཔའ་བོ་ཌཀྐཱིའི་དམ་ཅན་ཚོགས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །རང་སྣང་འཁྲུལ་བའི་ལོག་འདྲེན་བདུད་སྡེའི་ཚོགས། །རང་བཞིན་མེད་རྟོགས་མཉམ་ཉིད་བདེ་ཆེན་ཀློང་། །སྐུ་གསུམ་བླ་མའི་དགོངས་དོན་མངོན་གྱུར་ཤོག །ཅེས་པའང་དག་སྣང་ཆོས་ཀྱི་ལུང་ཟིན་དམ་པ་ཀརྨའི་མཚན་གྱིས་བསྐུལ་ངོར། སྤྲུལ་མིང་གྱི་ན་བས་ཤར་མར་བྲིས་པ་དགེ་བར་གྱུར་ཅིག།

རྡོ་རྗེ་གྲོ་ལོད་ཀྱི་རྣལ་འབྱོར་རྒྱུན་ཁྱེར་གནམ་ལྕགས་ཐོག་གི་ཚྭ་ཚྭ །

གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ རྡོ་རྗེ་གྲོ་ལོད་ཀྱི་རྣལ་འབྱོར་རྒྱུན་ཁྱེར་གནམ་ལྕགས་ཐོག་གི་ཚྭ་ཚྭ་ཞེས་བྱ་བ་བཞུགས༔

བདག་ཏུ་ལྟ་བའི་རུ་ཏྲ་ཀུན༔ བདག་མེད་སྟོང་པའི་ཀློང་དུ་བསྒྲལ༔ དཔའ་རྟགས་རྔམ་པའི་ང་རོ་ཅན༔ དཔལ་ཆེན་ཁྲོ་བོའི་རྒྱལ་ལ་འདུད༔ མ་ཧཱ་གུ་རུ་ཐོད་ཕྲེང་གི༔ མཚན་བརྒྱད་བསྒྲུབ་པའི་ཆ་ལག་ཏུ༔ རྡོ་རྗེ་ཁྲོ་བོའི་སྒྲུབ་པ་བརྩམས༔ མཚོ་རྒྱལ་དགོངས་པའི་གཏེར་དུ་སྦོས༔ ལས་ཅན་བུ་ལ་སྨོན་ལམ་ཐོབ༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡཱ༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དབེན་པར་འཁོར་བས་རབ་སུན་ནས༔ བདེ་བའི་སྟན་ལ་བག་ཕབ་སྟེ༔ དཀོན་མཆོག་ཀུན་འདུས་པད་འབྱུང་ལ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་སོགས༔ ཀུན་འདུས་པདྨ་ཐོད་ཕྲེང་ལ༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་མཆི༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དམ་སྲི་སྒྲོལ་བར་སེམས་བསྐྱེད་དོ༔ ལྟ་བ་རང་ཞལ་མཇལ་བའི་ཕྱག༔ སྒོམ་པ་ཡེང་མེད་མཆོད་སྤྲིན་འབུལ༔ དངོས་འཛིན་མཚན་མའི་སྒྲིབ་སོགས་བཤགས༔ མ་ཡེང་དྲན་པའི་ཆོས་འཁོར་བསྐོར༔ དམིགས་མེད་ངང་དུ་རྗེས་ཡི་རང་༔ རྩོལ་མེད་འགྲོ་མགོན་བཞུགས་གསོལ་འདེབས༔ འཁོར་གསུམ་དམིགས་མེད་དགེ་ཚོགས་བསྔོ༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་རྫོགས༔ དངོས་གཞི་སྒོ་གསུམ་ལྷ་སྔགས་དང་༔ རྒྱས་གདབ་བསྐྱེད་པའི་རིམ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་དམིགས་མེད་སྟོང་པའི་ངང་༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་རང་རིག་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་ཕྱི་སྣོད་ཞིང་༔ རྔ་ཡབ་ཟངས་མདོག་དཔལ་གྱི་རི༔ འཇིགས་རུང་སྲིན་པོའི་ཕོ་བྲང་དབུས༔ པད་ཉི་སྡེ་བརྒྱད་དམ་སྲིའི་སྟེང་༔ རྩལ་ལྡན་སྟག་མོ་རྔམ་ཞིང་བརྗིད༔ དེ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང་༔ ཁྲོ་བོ་ཆེ་བཙན་གྲོ་བོ་ལོད༔ སྨུག་ནག་རྔམ་བརྗིད་སྲིན་པོའི་གཟུགས༔ སྡང་མིག་གློག་འཁྱུགས་ཨམ་གཙིགས་བསྡམས༔ རལ་པ་དམར་སེར་ཐོད་སྐམ་སྤྲས༔ མགོ་རློན་དོ་ཤལ་སྦྲུལ་ཆུན་བརྒྱན༔ བེར་མཐིང་བླ་གོས་མཐང་ཤམ་དམར༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཕྱར༔ རྒྱལ་འགོང་བདུད་བཞིའི་ཀླད་པ་དཀྲུགས༔ གཡོན་པས་གནམ་ལྕགས་ཕུར་བུ་བསྒྲིལ༔ ལོག་འདྲེན་དམ་སྲིའི་སྙིང་ལ་བསྡིག༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་འཕྲོ༔ བཟོད་དཀའ་བསྐལ་མེ་འབར་བའི་ཀློང་༔ ཡང་སྤྲུལ་ཁྲོ་ཚོགས་སྤྲིན་ལྟར་གཏིབས༔ ཕྱོགས་བཞིར་དཀར་སེར་དམར་ལྗང་གིང་༔ ཐོད་དབྱུག་སྡིགས་མཛུབ་མེ་སྟག་འཕྲོ༔ སྣང་སྟོང་དབྱེར་མེད་ཆུ་ཟླའི་གར༔ གསལ་སྟོང་བདེ་བ་ཆེན་པོའི་ངང་༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ རྔ་ཡབ་གླིང་ནས་རང་འདྲ་བ༔ ཆར་ལྟར་བབས་ནས་ཐིམ་པར་བསམ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཇིགས་རུང་དབང་དྲག་རོལ་པའི་ཞིང་༔ ལང་ག་མགྲིན་བཅུ་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རི་སྤྲུལ་པའི་གནས༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཁྲོ་བོ་ཡོངས་ཀྱི་ཆེ་བཙན་མཆོག༔ གུ་རུ་རྡོ་རྗེ་གྲོ་བོ་ལོད༔ ཁྲོ་ཚོགས་སྤྲུལ་པ་སྐར་ལྟར་འཁྲིགས༔ གིང་ཆེན་མཁའ་འགྲོ་རྡུལ་ལྟར་འཚུབས༔ སྔོན་ནས་ཁྱོད་དང་འབྲེལ་བའི་ཕྱིར༔ རྩེ་གཅིག་གདུང་བས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་འདིར་གཤེགས་ལ༔ སྒོ་གསུམ་རྟེན་དང་དབྱེར་མེད་བཞུགས༔ འདུ་འབྲལ་མེད་པར་ཏིཥྛ་ལྷན༔ སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངང་༔ ཐ་མི་དད་པས་བརྡ་ཕྱག་འཚལ༔ ཕྱི་ལྟར་ཞིང་བཅུ་འདུལ་བའི་ཆེད༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཁྲག་གི་མཆོད་ཡོན་ཆུ་རྒྱུན་སྦྲེང་༔ དབང་པོའི་མེ་ཏོག་གསར་དུ་བཞད༔ ཚིལ་ཆེན་བསྲེགས་པའི་དུད་སྤྲིན་འཁྲིགས༔ ཞུན་ཆེན་མར་མེ་ཉི་ལྟར་འབར༔ ཁྲག་མཁྲིས་དྲི་ཆབ་སྦྱར་བའི་ཆབ༔ ཤ་ཁྲག་རུས་པའི་ཞལ་ཟས་དང་༔ ཐོད་རྔ་རྐང་གླིང་རོལ་མོའི་སྒྲ༔ ནང་ལྟར་རང་རྒྱུད་ཉོན་མོངས་ལྔ༔ གཏི་མུག་ཤ་དང་འདོད་ཆགས་ཁྲག༔ ཞེ་སྡང་རུས་པ་ང་རྒྱལ་ཚིལ༔ ཕྲག་དོག་མཁྲིས་ཆེན་ཉོན་མོངས་ལྔ༔ མ་སྤངས་མི་ཞེན་རང་བབས་གཤིས༔ རྣམ་དག་མཆོད་པ་ཆེན་པོ་བཞེས༔ གསང་བ་གང་སྣང་ཡུལ་དྲུག་ཀུན༔ བླང་དོར་གཉིས་མེད་མཉམ་པའི་ངང་༔ ཟག་མེད་བདུད་རྩི་ཨ་མྲྀ་ཏ༔ བདེ་གསལ་མི་རྟོག་ཞེན་བྲལ་ཁྲག༔ སྣང་སྲིད་སྣོད་བཅུད་བྷ་ལིང་ཏ༔ དབྱིངས་རིག་འབྲལ་མེད་དབྱིངས་སུ་སྦྱོར༔ ཞིང་བཅུ་ཚད་མེད་སྙིང་རྗེས་སྒྲོལ༔ འཁོར་གསུམ་དམིགས་མེད་མཆོད་པ་བཞེས༔ སྐུ་གསུམ་མངོན་གྱུར་དངོས་གྲུབ་སྩོལ༔ མ་ཧཱ་ཤ་མ་ཤ་ན་སརྦ་པཱུ་ཙ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ སརྦ་ཨརྠ་སིདྡྷི་ས་མ་ཡཱ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཁྲོ་བོ་འཆོལ་བ་གྲོ་བོ་ལོད༔ སྐུ་ནི་སྨུག་ནག་གར་དགུའི་ཉམས༔ མི་ཟན་སྟག་མོ་དྲུས་མའི་སྟེང་༔ དཔའ་ཞིང་གཏུམ་པའི་བརྟུལ་ཤུགས་ཅན༔ ལོག་འདྲེན་གཤེད་དུ་རྔམ་ལ་བསྟོད༔ གསུང་ནི་དྲག་སྔགས་ཧཱུྃ་གི་སྒྲས༔ བསྟན་པའི་དམ་སྲིའི་ཀླད་པ་འགེམས༔ གྲག་སྟོང་རྡོ་རྗེའི་སྒྲ་དབྱངས་སྒྲོག༔ རྡོ་རྗེའི་གད་མོ་བཞད་ལ་བསྟོད༔ གང་ཐུགས་སྤྲོས་བྲལ་ཆོས་སྐུའི་ཀློང་༔ དམིགས་མེད་སྙིང་རྗེ་ཆེན་པོའི་རྩལ༔ ཞེ་སྡང་ཅན་ལ་ཁྲོ་ཚུལ་སྟོན༔ འཁྲུལ་མེད་དབྱིངས་སུ་སྦྱོར་ལ་བསྟོད༔ རབ་འབྱམས་རྒྱལ་བ་ཐམས་ཅད་དང་༔ དབྱེར་མེད་གཅིག་པའི་སྒྱུ་འཕྲུལ་གར༔ ཞི་དང་ཁྲོ་བོ་ཆགས་པའི་ཉམས༔ མ་འདྲེས་ཡོན་ཏན་རྫོགས་ལ་བསྟོད༔ ཁྱོད་མཚན་ཡིད་ལ་དྲན་པས་ཀྱང་༔ བདུད་དང་ལོག་འདྲེན་མ་ལུས་པ༔ སྤ་བཀོང་ཟིལ་གནོན་བྲན་དུ་འཁོལ༔ དྲག་པོའི་ཕྲིན་ལས་རྫོགས་ལ་བསྟོད༔ སྔགས་ཀྱི་བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀར་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་ཧཱུྃ་སྨུག་ནག༔ མཐའ་བསྐོར་སྔགས་ཀྱི་ཕྲེང་བ་ནི༔ གཡས་སུ་འཁོར་ཞིང་རང་སྒྲ་སྒྲོག༔ མེ་སྟག་ལྕགས་སྡིག་ཚྭ་ཚྭ་འཕྲོས༔ རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགས༔ བསྐྲད་བཅོམ་རྨིང་མེད་བརླག་པར་བསམ༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ ཡེངས་མེད་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་གྲོ་བོ་ལོད་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བསྙེན་ཚད་འབྲུ་འབུམ་དག་ཏུ་བཟླ༔ སྐབས་སུ་ལས་ལ་སྦྱོར་བའི་སྔགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཀྲོ་ཏ་སརྦ་དུཥྚན་ཨ་ཡ་མ་དུ་རུ་ཙ་ཤ་ན་དམ་སྲི་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔བྷྱོ་ཟློག༔ སླར་ཡང་སྔགས་ལས་འོད་ཟེར་འཕྲོས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཐོ་བ་དགྲ་སྟྭ་རལ་གྲི་མེ༔ ཕྱག་མཚན་སྣ་ཚོགས་ཐོགས་པ་ཡི༔ སྟོབས་ལྡན་ཤུགས་དྲག་ལས་མཁན་ཚོགས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ གང་དམིགས་དགྲ་འདྲེ་དམ་སྲིའི་ཚོགས༔ ལྕགས་ཀྱུས་སྙིང་བཟུང་ཞགས་པས་བསྡམས༔ ལྕགས་སྒྲོག་གིས་བཅིངས་དྲིལ་བུས་མྱོས༔ ཐོ་བས་བསྣུན་ཅིང་དགྲ་སྟྭས་གཤགས༔ རལ་གྲིས་གཏུབས་ནས་མེ་ལ་བསྲེགས༔ དམིགས་པ་བརྟན་པོས་བཟླ་བར་བྱ༔ གྲངས་ནི་ཁྲི་ཚོ་གསུམ་ཡིན་ནོ༔ གནོད་ཚབས་ཆེ་ཆུང་དག་དང་བསྟུན༔ མཐར་ནི་གནོད་བྱ་གནོད་ཡུལ་ཀུན༔ སྤྲོས་བྲལ་སྟོང་པའི་ངང་མདངས་བསྐྱངས༔ ཁྱད་པར་དྲག་སྔགས་སོ་ལྔ་པ༔ དྲག་པོ་སྤྱི་དྲིལ་སྔགས་ཡིན་པས༔ རྣོ་སོ་གདགས་ཕྱིར་བརྒྱ་སྟོང་གྲངས༔ ལོང་སྐབས་དག་དང་བསྟུན་ཏེ་བཟླ༔ གང་ཟག་དབང་པོའི་ཁྱད་པར་ལས༔ རབ་འབྲིང་ཐ་མའི་རྟགས་རྣམས་འབྱུང་༔ ཐེ་ཚོམ་མེད་པ་གནད་དུ་ཆེ༔ ལོག་ལྟ་ཅན་གྱི་སྤྱོད་ཡུལ་མིན༔ ས་མ་ཡཱ༔ འདི་ལ་ལས་སྦྱོར་གྲངས་མང་ཡང་༔ ཉེ་བར་མཁོ་ཕྱིར་གསུམ་དུ་བསྡུས༔ སེར་བ་གཅོད་དང་དགྲ་གདོན་འདུལ༔ ལྟས་ངན་ཟློག་པའི་སྔགས་དམིགས་གསུམ༔ དང་པོ་ཐོ་རངས་སྔ་བར་ལངས༔ སྐྱབས་གནས་ཀུན་འདུས་པད་འབྱུང་ལ༔ ཚིག་བདུན་གསོལ་འདེབས་བརྒྱ་རྩའི་མཐར༔ འདི་ཉིད་རྒྱུན་འཁྱེར་དང་འབྲེལ་བའི༔ བསྙེན་སྔགས་དམིགས་པ་གནད་དུ་བསྣུན༔ སེར་སྤྲིན་འདུག་པ་དེ་ཡི་དཀྱིལ༔ ཧཱུྃ་སྨུག་ཡོངས་གྱུར་གྲོ་བོ་ལོད༔ མེ་ཡི་ཚྭ་ཚྭ་འཕྲོ་བ་ཡིས༔ སེར་སྤྲིན་གཏོར་ནས་སེར་བདག་བརླགས༔ དམིགས་མེད་སྟོང་ཉིད་ངང་གྱུར་བསམ༔ ཡེངས་བྲལ་ངང་ནས་སྔགས་འདི་བཟླ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་དྷེ་ཝ་ལྷ་ཡི་སེར་བ་བྷྱོ་ཟློག༔ ཡ་མ་གཤིན་རྗེའི་སེར་བ་བྷྱོ་ཟློག༔ མ་མ་རུ་ལུ་མ་མོའི་སེར་བ་བྷྱོ་ཟློག༔ དུ་ན་དུན་བདུད་ཀྱི་སེར་བ་བྷྱོ་ཟློག༔ རུ་རཀྴ་གཟའ་ཡི་སེར་བ་བྷྱོ་ཟློག༔ ཙ་ཡང་དྲི་བཙན་གྱི་སེར་བ་བྷྱོ་ཟློག༔ ཤ་ཤྭ་ན་ཐེའུ་བྲང་གི་སེར་བ་བྷྱོ་ཟློག༔ ན་ནཱ་ག་ཀླུ་ཡི་སེར་བ་བྷྱོ་ཟློག༔ སྡེ་བརྒྱད་སྤྱི་དང་བྱེ་བྲག་གི་སེར་བ་ཐམས་ཅད་བྷྱོ་ཟློག༔ ཅེས་པ་རྩ་བའི་སྔགས་ཤམ་དུ༔ སྦྲེལ་ཏེ་བརྒྱ་འམ་ཉེར་གཅིག་བཟླ༔ ཡུངས་ཐུན་ལ་བཏབ་བརྡེག་ཚུལ་བྱ༔ དར་དམར་ལ་ཡང་སྔགས་དེ་བྲིས༔ སེར་བ་འོང་བའི་ཕྱོགས་སུ་གཡུགས༔ སྡེ་བརྒྱད་འདུས་པའི་སེར་བ་ཡང་༔ བཟློག་པར་འགྱུར་བ་གདོན་མི་ཟ༔ ལས་འགྲུབ་བསང་བརྔན་སྡེ་བརྒྱད་མཆོད༔ སྲུང་སྐྱོབ་བྱེད་པར་བཀའ་ཡང་བསྒོ༔ གང་བསྲུང་འབྲུ་དྲུག་ལོ་ཏོག་ཀུན༔ ལྕགས་སྲེག་ངར་མའི་ས་གཞི་ལ༔ གནམ་ལྕགས་སྡིག་པ་ཤིག་ཤིག་ཟིང༔ མེ་འབར་ལོག་འདྲེན་ཀུན་བསྲེགས་བསམ༔ རྗེས་ལ་སྟོང་ཉིད་ངང་མདངས་བསྐྱངས༔ ས་མ་ཡཱ༔ དགྲ་གདོན་གང་ཡིན་ལིང་ག་འབྲི༔ ལས་སྦྱོར་སྔགས་ཀྱི་ཤམ་བུ་རུ༔ དགྲ་འམ་གདོན་བགེགས་ཆྒཻ་འདི༔ ཁུག་ཅིག་སོད་ཅིག་ཤ་རུས་གཏུབས༔ རྣམ་ཤེས་སྐྱེ་མེད་དབྱིངས་སུ་སྤོར༔ འཁོར་བར་ལྡོག་མེད་རྒྱ་ཡིས་ཐོབ༔ ཅེས་སོགས་དམོད་ཚིག་མཐའ་ལ་བསྐོར༔ སྙིང་ཁར་ནྲྀ་ཏྲི་ཛ་ཁྲམ་དང་༔ གནས་ཡིག་ལ་སོགས་གཞན་དང་བསྟུན༔ ཧོམ་དུ་གཞུག་ཅིང་བདེན་པ་བདར༔ ལྷ་དང་དབྱེ་ནས་གསལ་གསུམ་གྱིས༔ ཕུར་བུས་གདབ་ནས་རྣམ་ཤེས་སྤར༔ སྙིགས་མའི་ཕུང་པོ་མཚོན་གྱིས་བསྒྲལ༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ ཡང་ན་སྤྲོས་མེད་དམིགས་པ་ནི༔ དགྲ་འདྲེ་གང་ཡིན་དངོས་སུ་བསམ༔ རང་ཉིད་ཁྲོ་བོའི་ང་རྒྱལ་གྱིས༔ ཕྱོགས་བཅུའི་སྡེ་བརྒྱད་བྲན་དུ་བཀོལ༔ དམིགས་པའི་དགྲ་བགེགས་དེ་ཉིད་ལ༔ ཉེས་ཅན་བཙོན་དུ་ཁྲིད་པ་རྣམས༔ རྒྱལ་པོའི་ཕོ་ཉས་བརྡུང་བརྡེག་ལྟར༔ ལ་ལས་འགུག་འཆིང་སྡོམ་མྱོས་དང་༔ བསྒྲལ་ནས་ཤ་ཁྲག་དོན་སྙིང་ལ༔ དཔའ་བས་རྔམ་ཟས་བྱེད་པར་བསམ༔ རྩ་བའི་སྔགས་དང་ལས་སྦྱོར་སྔགས༔ སྐབས་སུ་དགྲ་བགེགས་མིང་སྤེལ་བཅུག༔ སྔགས་དང་དམིགས་པ་ཟུང་འབྲེལ་ན༔ སྲེད་མེད་བུ་ཡི་སྟོབས་ལྡན་ཡང༔ སྒྲོལ་བར་མི་འགྱུར་གང་ཡང་མེད༔ འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ རབ་ཏུ་བསྒྲིམས་ཏེ་བག་ཡོད་བྱོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྟས་ངན་བཟློག་པའི་སྔགས་དམིགས་ནི༔ གྲོ་ག་འམ་ནི་རས་དམར་ལ༔ ཁྱུང་སྐུའི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ གཡས་ཀྱི་གཤོག་ཟུར་དང་པོ་ལ༔ མཁའ་ལྡིང་བྱ་ལས་བྱུང་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གཉིས་པར༔ མཁའ་ནས་གནམ་ལྕགས་འབེབ་པའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གསུམ་པར༔ ལྟ་བ་རྟག་ཆད་ཀྱི་མཐའ་ལ་ལྷུང་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ བཞི་པར༔ མཁའ་ལ་རྒྱུ་བའི་གཟའ་དང་རྒྱུ་སྐར་གྱི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ ལྔ་པར༔ ཁྱབ་བྱེད་ཀྱི་འཁོར་ལོར་མཁའ་རྒྱུའི་གདོན་གྱིས་བརླམས་པའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གཡོན་གྱི་གཤོག་ཟུར་དང་པོ་ལ༔ ས་གཞི་ལ་རྒྱུ་བའི་སྡེར་ཆགས་གཅན་གཟན་ཡོངས་ཀྱི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གཉིས་པར༔ ས་གཞིའི་སྟེང་དུ་བདག་པོས་བཟུང་བའི་རྨིག་ཅན་ཡོངས་ཀྱི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གསུམ་པར༔ ས་བདག་རྒྱལ་པོས་སྡང་བའི་ཐན་དང་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ བཞི་པར༔ མེ་ཆུ་རླུང་ལ་སོགས་པའི་འཇིགས་བརྒྱད་གཡོས་པའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ ལྔ་པར༔ མི་དང་མི་མ་ཡིན་པས་རྟག་ཏུ་དམོད་ཅིང་འཚེ་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ རྭ་གཉིས་ལ༔ རྭ་ཅན་སྤྱི་དང་བྱེ་བྲག་ལས་བྱུང་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ མཆུ་ལ༔ བན་སྔགས་བོན་པོ་སྐྱེས་པ་བུད་མེད་ཡོངས་ཀྱི་དམོད་ངན་མི་ཁའི་ཐན་ལྟས་གང་བྱུང་ཐམས་ཅད་བྷྱོ་ཟློག༔ གདོང་པ་ལ༔ གདོང་ཅན་ཡོངས་ཀྱི་ཐན་དང་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ སྡེར་མོ་གཉིས་ལ༔ མི་དང་དུད་འགྲོའི་ཡན་ལག་ལ་ཆད་ལྷག་བྱུང་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གཙུག་གི་ནོར་བུའི་ལྟོ་བར༔ གསེར་གཡུ་མུ་ཏིག་ལ་སོགས་ནོར་བུ་དབྱིག་ལས་བྱུང་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ སྦྲུལ་གཟུགས་གཉིས་ལ༔ ལྟོ་འགྲོའི་འཚེ་བ་དང་མཛེ་རིགས་བཅོ་བརྒྱད་ལས་བྱུང་བའི་ལྟས་ངན་ཐམས་ཅད་བྷྱོ་ཟློག༔ གཟུགས་ཀྱི་མཐའ་ལ་བཟློག་པའི་ཚིག༔ གང་ཤེས་འབྲི་ཞིང་ཁྱུང་གི་སྔགས༔ བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ ལྕུག་ཕྲན་རྩེར་བཏགས་དམིགས་པ་ནི༔ རང་ཉིད་རྡོ་རྗེ་གྲོ་བོ་ལོད༔ སྤྱི་བོར་ཡེ་ཤེས་ཁྱུང་ཆེན་བསྒོམ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཡེ་ཤེས་ཁྲོ་བོ་ཁྲོ་མོ་ཡི༔ ནུས་མཐུ་ཐམས་ཅད་རང་ལ་བསྡུས༔ བ་སྤུའི་བུ་ག་ཐམས་ཅད་ཀྱང་༔ སྤྲུལ་པའི་ཁྱུང་གིས་རབ་ཏུ་གཏམས༔ གཞན་གྱི་བྱད་ཕུར་རྦོད་གཏོང་དང་༔ སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི༔ ཐན་དང་ལྟས་ངན་ཐམས་ཅད་ཀུན༔ ཆོས་དབྱིངས་ཀློང་དུ་བཟློག་པར་བསམ༔ རྩ་སྔགས་ལས་སྦྱོར་དང་བཅས་བཟླ༔ ཤམ་དུ་ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ གཞན་གྱི་བྱད་ཕུར་ལས་བྱུང་བའི༔ ཐན་དང་ལྟས་ངན་ཐམས་ཅད་ཀུན༔ དམིགས་པ་མེད་པའི་ཀློང་དུ་ཟློག༔ ཅེས་བརྗོད་ཁྱུང་སྐུ་ལག་ཏུ་ཐོགས༔ ལྟས་ངན་གང་བྱུང་ཕྱོགས་སུ་གཡབ༔ ཟབ་གནད་སྔགས་དམིགས་འདི་ལྡན་ན༔ མི་ཟློག་ལྟས་ངན་ཡོད་རེ་ཀན༔ རྗེས་ལ་ལྷར་སྣང་སྟོང་དབྱིངས་བསྡུ༔ ཨཱཿ ཕྱི་སྣོད་ནང་བཅུད་ཐམས་ཅད་ཀུན། །རིམ་བཞིན་གཙོ་བོའི་ཐུགས་སྲོག་བསྡུ། །སེམས་ཉིད་སྟོང་གསལ་ངང་དུ་བཞག །སླར་ཡང་མ་འགགས་འཇའ་ཚོན་བཞིན། །སྣང་སྟོང་སྒྱུ་མའི་ལྷ་སྐུར་ལྡང་། །གནས་གསུམ་ཡི་གེའི་མཚན་པས་བསྲུང་། །བཛྲ་རཀྵ་རཀྵ་ཧཱུྃ༔ རྟག་ཆད་མཐའ་བསལ་དགེ་རྩ་ནི༔ གཞན་ཕན་བློ་ཡིས་ཚིག་འདིས་བསྔོ༔ ཨེ་མ་ཧོ༔ སྔོན་འདས་དུས་ནས་བྱང་ཆུབ་བར༔ སྒོ་གསུམ་ལས་ལ་བརྟེན་པ་ཡི༔ ཟག་བཅས་ཟག་མེད་དགེ་རྩ་ཀུན༔ གཞན་དོན་རྫོགས་བྱང་ཐོབ་ཕྱིར་བསྔོ༔ མེ་ཏོག་འཐོར་ཞིང་ཤིས་བརྗོད་ནི༔ ཧཱུྃ༔ཧཱུྃ༔ཧཱུྃ༔ གཞི་དབྱིངས་རིག་སྟོང་ཁྲོ་བོའི་རྒྱལ༔ ལམ་སྣང་སྤྲུལ་པའི་འཁོར་ལོར་ཤར༔ འབྲས་བུ་གདོད་མའི་ཧེ་རུ་ཀས༔ ལོག་འདྲེན་ཚར་གཅོད་ཤིས་པ་སྩོལ༔ ས་མ་ཡཱ༔ དེ་ལྟར་བདེ་གཤེགས་ཀུན་འདུས་པ༔ པདྨ་དྲག་པོའི་སྒྲུབ་པ་འདིས༔ བྱང་ཆུབ་སྒྲུབ་པའི་སྐལ་ལྡན་གྱི༔ བར་ཆད་སེལ་བར་ཐེ་ཚོམ་མེད༔ བཅོས་མིན་ཚིག་གིས་བསླད་མིན་པའི༔ འགྱུར་མེད་ཟབ་གསང་ཌཀྐཱིའི་བརྡའ༔ ལས་འཕྲོ་ལྡན་པའི་སྤྱོད་ཡུལ་ཡིན༔ གུ་ཧྱ༔ ཞེས་རིག་འཛིན་ལུང་རིག་གླིང་པས་རིག་སྟོང་སྤྲོས་པ་ཀུན་བྲལ་འགྱུར་མེད་བདེ་ཆེན་འབར་བའི་སྒྲོམ་ནས་བཏོན་ཏེ་བརྡ་ཚིག་ཐོགས་མེད་དུ་བྲིས་པའི་དགེ་བས་འབྲེལ་ཚད་པདྨ་འོད་དུ་གྲོལ་ཞིང་། བདག་རྟོག་འཛིན་པའི་དགྲ་བགེགས་བདག་མེད་སྟོང་ཆེན་དབྱིངས་ཀྱི་བྷ་གར་འཚང་རྒྱ་བའི་རྒྱུར་གྱུར་ཅིག ཤུ་བྷཾ༔ སརྦ་མངྒ་ལམ༔

རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ཁྲིགས་བསྡེབས་གནམ་ལྕགས་ཐོག་གི་ཚྭ་ཚྭ། མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ།

གུ་རུའི་ཐུགས་སྒྲུབ་པད་ཕྲེང་ལས༔ རྡོ་རྗེ་གྲོ་ལོད་ཀྱི་ལས་བྱང་ཁྲིགས་བསྡེབས་གནམ་ལྕགས་ཐོག་གི་ཚྭ་ཚྭ་ཞེས་བྱ་བ་བཞུགས༔

བདག་ཏུ་ལྟ་བའི་རུ་ཏྲ་ཀུན༔ བདག་མེད་སྟོང་པའི་ཀློང་དུ་བསྒྲལ༔ དཔའ་རྟགས་རྔམ་པའི་ང་རོ་ཅན༔ དཔལ་ཆེན་ཁྲོ་བོའི་རྒྱལ་ལ་འདུད༔ མ་ཧཱ་གུ་རུ་ཐོད་ཕྲེང་གི༔ མཚན་བརྒྱད་བསྒྲུབ་པའི་ཆ་ལག་ཏུ༔ རྡོ་རྗེ་ཁྲོ་བོའི་སྒྲུབ་པ་བརྩམ༔ མཚོ་རྒྱལ་དགོངས་པའི་གཏེར་དུ་སྦོས༔ ལས་ཅན་བུ་ལ་སྨོན་ལམ་ཐོབ༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡཱ༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དབེན་པར་འཁོར་བས་རབ་སུན་ནས༔ བདེ་བའི་སྟན་ལ་བག་ཕབ་སྟེ༔ དཀོན་མཆོག་ཀུན་འདུས་པད་འབྱུང་ལ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ དཀོན་མཆོག་རྩ་གསུམ་སྐུ་གསུམ་སོགས༔ ཀུན་འདུས་པདྨ་ཐོད་ཕྲེང་ལ༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་མཆི༔ འགྲོ་དོན་སངས་རྒྱས་འཐོབ་བྱའི་ཕྱིར༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དམ་སྲི་སྒྲོལ་བར་སེམས་བསྐྱེད་དོ༔ ལྟ་བ་རང་ཞལ་མཇལ་བའི་ཕྱག༔ སྒོམ་པ་ཡེངས་མེད་མཆོད་སྤྲིན་འབུལ༔ དངོས་འཛིན་མཚན་མའི་སྒྲིབ་སོགས་བཤགས༔ མ་ཡེངས་དྲན་པའི་ཆོས་འཁོར་བསྐོར༔ དམིགས་མེད་ངང་དུ་རྗེས་ཡི་རང་༔ རྩོལ་མེད་འགྲོ་མགོན་བཞུགས་གསོལ་འདེབས༔ འཁོར་གསུམ་དམིགས་མེད་དགེ་ཚོགས་བསྔོ༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་རྫོགས༔ དེ་དང་འབྲེལ་བར་བགེགས་ཀྱི་གཏོར། རཾ་ཡཾ་ཁཾ་དང་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། ཨོཾ་སརྦ་བིགྷྣན་ཨེ་དམ་བྷ་ལིངྟ་ཁ་ཁ་ཁ་ཧཱི༔ ཞེས་ལན་གསུམ་གྱིས་ཚིམ་པར་བསྔོས་ལ། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་ཡེ་ནས་གྲོ་བོ་ལོད། །སྒྲུབ་ལ་བར་གཅོད་དམ་སྲི་རྣམས། །བཀའ་ལས་མ་འདའ་གཏོར་མ་ལོངས། །འདས་ན་བརླག་པར་གདོན་མི་ཟ། །དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ། བསྲུང་འཁོར་ནི། ཧཱུྃ་ཧཱུྃ་ཧཱུྃ༔ སྣོད་བཅུད་ལྷ་དང་གཞལ་ཡས་ཁང་། །ཡེ་ཤེས་ཁྲོ་མཚོན་མེ་དཔུང་དང་། །རྡོ་རྗེའི་བསྲུང་གུར་ཡངས་པས་གཏམས། །འགྱུར་མེད་སྲ་མཁྲེགས་བརྟན་པར་གྱུར། བྱིན་འབེབས་ནི། ཧཱུྃ་ཧྲཱིཿ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། །ཁྱད་པར་བསྟན་པའི་དུས་ལ་བབ། །མཐུ་རྩལ་དབྱུང་བའི་དུས་ལ་བབ། །བྱིན་གྱིས་རློབ་པའི་དུས་ལ་བབ། །དབང་མཆོག་བསྐུར་བའི་དུས་ལ་བབ། །དངོས་གྲུབ་སྩོལ་བའི་དུས་ལ་བབ། །མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། །བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །གྲུབ་པའི་རྟགས་མཚན་མྱུར་དུ་སྟོན། །བདག་ཅག་ལས་འབྲས་མཆིས་པར་མཛོད། །ཨེ་ཨ་རལླི་ཕེཾ་ཕེཾ་ཧྲིཾ་ཧྲིཾ་ཛ་ཛ༔ ཛ༔ཧཱུྃ་བཾ་ཧོ༔ ཨ་བེ་ཤ་ཡ་ཨ་ཨཱ༔ མཆོད་རྫས་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ། བླ་མེད་གསང་བའི་དཀྱིལ་འཁོར་འདིར། །རྟོག་གཉིས་ཡུལ་སྣང་རྣམ་དག་པ། །སྣང་སྲིད་འདོད་ཡོན་མཆོད་པའི་སྤྲིན། །ཕྱི་ནང་གསང་བའི་དམ་ཚིག་རྫས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་བྱེད་སྤྲིན༔ རབ་འབྱམས་ནམ་མཁའི་མཛོད་དུ་སྤེལ༔ ཨོཾ་བཛྲ་ཨརྒྷཾ༴སོགས་ནས་ ཤཔྟ་པཱུ་ཛ་ཨཱ༔ཧཱུྃ། ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཨཱ༔ཧཱུྃ། ཨོཾ་མ་ཧཱ་རཀྟ་ཨཱ༔ཧཱུྃ། ཨོཾ་མ་ཧཱ་བ་ལིངྟ་ཨཱ༔ཧཱུྃ། ཨོཾ་མ་ཧཱ་ཏ་ན་ག་ཎ་གུ་ཧྱ་པཱུ་ཛ་ཨཱ༔ཧཱུྃ། དངོས་གཞི་སྒོ་གསུམ་ལྷ་སྔགས་དུ༔ རྒྱས་གདབ་བསྐྱེད་པའི་རིམ་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་དམིགས་མེད་སྟོང་པའི་ངང་༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་རང་རིག་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་ཕྱི་སྣོད་ཞིང་༔ རྔ་ཡབ་ཟངས་མདོག་དཔལ་གྱི་རི༔ འཇིགས་རུང་སྲིན་པོའི་ཕོ་བྲང་དབུས༔ པད་ཉི་སྡེ་བརྒྱད་དམ་སྲིའི་སྟེང་༔ རྩལ་ལྡན་སྟག་མོ་རྔམ་ཞིང་བརྗིད༔ དེ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང་༔ ཁྲོ་བོ་ཆེ་བཙན་གྲོ་བོ་ལོད༔ སྨུག་ནག་རྔམ་བརྗིད་སྲིན་པོའི་གཟུགས༔ སྡང་མིག་གློག་འཁྱུགས་ཨམ་གཙིགས་བསྡམས༔ རལ་པ་དམར་སེར་ཐོད་སྐམ་སྤྲས༔ མགོ་རློན་དོ་ཤལ་སྦྲུལ་ཆུན་བརྒྱན༔ བེར་མཐིང་བླ་གོས་མཐིང་ཤམ་དམར༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཕྱར༔ རྒྱལ་འགོང་བདུད་བཞིའི་ཀླད་པ་དཀྲུགས༔ གཡོན་པས་གནམ་ལྕགས་ཕུར་བུ་བསྒྲིལ༔ ལོག་འདྲེན་དམ་སྲིའི་སྙིང་ལ་བསྡིག༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་འཕྲོ༔ བཟོད་དཀའ་བསྐལ་མེ་འབར་བའི་ཀློང་༔ ཡང་སྤྲུལ་ཁྲོ་ཚོགས་སྤྲིན་ལྟར་གཏིབས༔ ཕྱོགས་བཞིར་དཀར་སེར་དམར་ལྗང་གང་༔ ཐོད་དབྱུག་སྡིགས་མཛུབ་མེ་སྟག་འཕྲོ༔ སྣང་སྟོང་དབྱེར་མེད་ཆུ་ཟླའི་གར༔ གསལ་སྟོང་བདེ་བ་ཆེན་པོའི་ངང་༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ རྔ་ཡབ་གླིང་ནས་རང་འདྲ་བ༔ ཆར་ལྟར་བབས་ནས་ཐིམ་པར་བསམ༔ སྤྱན་འདྲེན་ནི། ཧཱུྃ་ཧཱུྃ་ཧཱུྃ༔ འཇིགས་རུང་དབང་དྲག་རོལ་པའི་ཞིང་༔ ལང་ག་མགྲིན་བཅུ་སྲིན་པོའི་ཡུལ༔ ཟངས་མདོག་དཔལ་རི་སྤྲུལ་པའི་གནས༔ པདྨ་འོད་ཀྱི་ཕོ་བྲང་ནས༔ ཁྲོ་བོ་ཡོངས་ཀྱི་ཆེ་བཙན་མཆོག༔ གུ་རུ་རྡོ་རྗེ་གྲོ་བོ་ལོད༔ ཁྲོ་ཚོགས་སྤྲུལ་པ་སྐར་ལྟར་འཁྲིགས༔ གིང་ཆེན་མཁའ་འགྲོ་རྡུལ་ལྟར་འཚུབས༔ སྔོན་ནས་ཁྱོད་དང་འབྲེལ་བའི་ཕྱིར༔ རྩེ་གཅིག་གདུང་བས་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡཱ་ཛ༔ བཞུགས་གསོལ་ནི༔ གུ་རུ་གིང་དང་མཁའ་འགྲོའི་ཚོགས། དམ་ཚིག་དབང་གིས་འདིར་གཤེགས་ལ༔ སྒོ་གསུམ་རྟེན་དང་དབྱེར་མེད་བཞུགས༔ འདུ་འབྲལ་མེད་པར་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི། སྒོ་གསུམ་སྐུ་གསུང་ཐུགས་ཀྱི་ངང་༔ ཐ་མི་དད་པས་བརྡ་ཕྱག་འཚལ༔ མཆོད་འབུལ་ནི། ཕྱི་ལྟར་ཞིང་བཅུ་འདུལ་བའི་ཆེད༔ དགྲ་བགེགས་དམ་སྲི་བསྒྲལ་བ་ཡི༔ ཁྲག་གི་མཆོད་ཡོན་ཆུ་རྒྱུན་སྦྲེང༔ དབང་པོའི་མེ་ཏོག་གསར་དུ་བཞད༔ ཚིལ་ཆེན་བསྲེགས་པའི་དུད་སྤྲིན་འཁྲིགས༔ ཞུན་ཆེན་མར་མེ་ཉི་ལྟར་འབར༔ ཁྲག་མཁྲིས་དྲི་ཆབ་སྦྱར་བའི་ཆབ༔ ཤ་ཁྲག་རུས་པའི་ཞལ་ཟས་དང་༔ ཐོད་རྔ་རྐང་གླིང་རོལ་མོའི་སྒྲ༔ ནང་ལྟར་རང་རྒྱུད་ཉོན་མོངས་ལྔ༔ གཏི་མུག་ཤ་དང་འདོད་ཆགས་ཁྲག༔ ཞེ་སྡང་རུས་པ་ང་རྒྱལ་ཚིལ༔ ཕྲག་དོག་མཁྲིས་ཆེན་ཉོན་མོངས་ལྔ༔ མ་སྤངས་མི་ཞེན་རང་བབས་གཤིས༔ རྣམ་དག་མཆོད་པ་ཆེན་པོ་བཞེས༔ གསང་བ་གང་སྣང་ཡུལ་དྲུག་ཀུན༔ བླང་དོར་གཉིས་མེད་མཉམ་པའི་ངང་༔ ཟག་མེད་བདུད་རྩི་ཨ་མྲྀ་ཏ༔ བདེ་གསལ་མི་རྟོག་ཞེན་བྲལ་ཁྲག༔ སྣང་སྲིད་སྣོད་བཅུད་བྷ་ལིང་ཏ༔ དབྱིངས་རིག་འབྲལ་མེད་དབྱིངས་སུ་སྦྱོར༔ ཞིང་བཅུ་ཚད་མེད་སྙིང་རྗེས་སྒྲོལ༔ འཁོར་གསུམ་དམིགས་མེད་མཆོད་པ་བཞེས༔ སྐུ་གསུམ་མངོན་གྱུར་དངོས་གྲུབ་སྩོལ༔ མ་ཧཱ་ཤ་མ་ཤ་ན་སརྦ་པཱུ་ཙ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ སརྦ་ཨརྠ་སིདྡྷི་ས་མ་ཡཱ་ཧཱུྃ༔ བསྟོད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ ཁྲོ་བོ་འཆོལ་བ་གྲོ་བོ་ལོད༔ སྐུ་ནི་སྨུག་ནག་གར་དགུའི་ཉམས༔ མི་ཟན་སྟག་མོ་དྲུས་མའི་སྟེང་༔ དཔའ་ཞིང་གཏུམ་པའི་བརྟུལ་ཤུགས་ཅན༔ ལོག་འདྲེན་གཤེད་དུ་རྔམ་ལ་བསྟོད༔ གསུང་ནི་དྲག་སྔགས་ཧཱུྃ་གི་སྒྲས༔ བསྟན་པའི་དམ་སྲིའི་ཀླད་པ་འགེམས༔ གྲག་སྟོང་རྡོ་རྗེའི་སྒྲ་དབྱངས་སྒྲོག༔ རྡོ་རྗེའི་གད་མོ་བཞད་ལ་བསྟོད༔ གང་ཐུགས་སྤྲོས་བྲལ་ཆོས་སྐུའི་ཀློང༔ དམིགས་མེད་སྙིང་རྗེ་ཆེན་པོའི་རྩལ༔ ཞེ་སྡང་ཅན་ལ་ཁྲོ་ཚུལ་སྟོན༔ འཁྲུལ་མེད་དབྱིངས་སུ་སྦྱོར་ལ་བསྟོད༔ རབ་འབྱམས་རྒྱལ་བ་ཐམས་ཅད་དང་༔ དབྱེར་མེད་གཅིག་པའི་སྒྱུ་འཕྲུལ་གར༔ ཞི་དང་ཁྲོ་བོ་ཆགས་པའི་ཉམས༔ མ་འདྲེས་ཡོན་ཏན་རྫོགས་ལ་བསྟོད༔ ཁྱོད་མཚན་ཡིད་ལ་དྲན་པས་ཀྱང་༔ བདུད་དང་ལོག་འདྲེན་མ་ལུས་པ༔ སྤ་བཀོང་ཟིལ་གནོན་བྲན་དུ་འཁོལ༔ དྲག་པོའི་ཕྲིན་ལས་རྫོགས་ལ་བསྟོད༔ སྔགས་ཀྱི་བཟླས་པ་བྱ་བ་ནི༔ རང་གི་ཐུགས་ཀར་ཉི་མའི་སྟེང་༔ ཡེ་ཤེས་སེམས་དཔའ་ཧཱུྃ་སྨུག་ནག༔ མཐའ་བསྐོར་སྔགས་ཀྱི་ཕྲེང་བ་ནི༔ གཡས་སུ་འཁོར་ཞིང་རང་སྒྲ་སྒྲོག༔ མེ་སྟག་ལྕགས་སྡིག་ཚྭ་ཚྭ་འཕྲོས༔ རྒྱལ་བསེན་དམ་སྲི་འབྱུང་པོའི་ཚོགས༔ བསྐྲད་བཅོམ་རྨིང་མེད་བརླག་པར་བསམ༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ ཡེངས་མེད་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་གྲོ་བོ་ལོད་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བསྙེན་ཚད་འབྲུ་འབུམ་དག་ཏུ་བཟླ༔ སྐབས་སུ་ལས་ལ་སྦྱོར་བའི་སྔགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཛྲ་ཀྲོ་ཏ་སརྦ་དུཥྚན་ཨ་ཡ་མ་དུ་རུ་ཙ་ཤ་ན་དམ་སྲི་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཧཱུྃ་ཕཊ༔བྷྱོ་ཟློག༔ སླར་ཡང་སྔགས་ལས་འོད་ཟེར་འཕྲོས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཐོ་བ་དགྲ་སྟྭ་རལ་གྲི་མེ༔ ཕྱག་མཚན་སྣ་ཚོགས་ཐོགས་པ་ཡི༔ སྟོབས་ལྡན་ཤུགས་དྲག་ལས་མཁན་ཚོགས༔ གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབས༔ གང་དམིགས་དགྲ་འདྲེ་དམ་སྲིའི་ཚོགས༔ ལྕགས་ཀྱུས་སྙིང་བཟུང་ཞགས་པས་བསྡམས༔ ལྕགས་སྒྲོག་གིས་བཅིངས་དྲིལ་བུས་མྱོས༔ ཐོ་བས་བསྣུན་ཅིང་དགྲ་སྟྭས་གཤགས༔ རལ་གྲིས་གཏུབས་ནས་མེ་ལ་བསྲེགས༔ དམིགས་པ་བརྟན་པོས་བཟླ་བར་བྱ༔ གྲངས་ནི་ཁྲི་ཚོ་གསུམ་ཡིན་ནོ༔ གནོད་ཚབས་ཆེ་ཆུང་དག་དང་བསྟུན༔ མཐར་ནི་གནོད་བྱ་གནོད་ཡུལ་ཀུན༔ སྤྲོས་བྲལ་སྟོང་པའི་ངང་མདངས་བསྐྱངས༔ ཁྱད་པར་དྲག་སྔགས་སོ་ལྔ་པ༔ དྲག་པོ་སྤྱི་དྲིལ་སྔགས་ཡིན་པས༔ རྣོ་སོ་གདགས་ཕྱིར་བརྒྱ་སྟོང་གྲངས༔ ལོང་སྐབས་དག་དང་བསྟུན་ཏེ་བཟླ༔ གང་ཟག་དབང་པོའི་ཁྱད་པར་ལས༔ རབ་འབྲིང་ཐ་མའི་རྟགས་རྣམས་འབྱུང་༔ ཐེ་ཚོམ་མེད་པ་གནད་དུ་ཆེ༔ ལོག་ལྟ་ཅན་གྱི་སྤྱོད་ཡུལ་མིན༔ ས་མ་ཡཱ༔ ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཆོད་བསྟོད་བྱའོ། རྗེས་ལ་ཚོགས་ཀྱི་ལས་རིམ་ལས། ཐོག་མར་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ། ཚོགས་ཀྱི་དངོས་འཛིན་བསྲེག་གཏོར་སྦྱངས། །ཡེ་ཤེས་བདུད་རྩིར་སྦྱངས་སྤེལ་བསྒྱུར། །ལྷ་ཚོགས་དགྱེས་སྐོང་ལོངས་སྤྱོད་གཏེར། །ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར། །ཨོཾ་ཨཱ༔ཧཱུྃ། ལན་གསུམ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ་ཧཱུྃ་ཧཱུྃ། རྔ་ཡབ་པདྨ་འོད་གླིང་ནས། །རྡོ་རྗེ་གྲོ་ལོད་གཙོ་དང་འཁོར། །འདིར་བྱོན་ཚོགས་ལ་བྱིན་ཆེན་ཕོབ། །དབང་དྲག་ལས་ཀྱི་དངོས་གྲུབ་སྩོལ། །ཨོཾ་གུ་རུ་བཛྲ་གྲོ་བོ་ལོད་སརྦ་ཀིངྐ་ར་ཊཱཀྐི་ནི་ཕེཾ་ཛཿ ཛཿཧཱུྃ་བཾ་ཧོ། ཚོགས་ཕུད་འབུལ་བ་ནི། ཧཱུྃ། རྡོ་རྗེ་ཁྲོ་རྒྱལ་རྩ་གསུམ་ལྷར། །འདོད་སྲེད་ཞེན་པ་མ་མཆིས་ཀྱང་། །ཚོགས་ཆེན་རྣམ་གཉིས་མྱུར་རྫོགས་ཕྱིར། །བརྩེ་ཆེན་ཐུགས་རྗེས་བཞེས་སུ་གསོལ། །གྷ་ན་ཙཀྲ་པུ་ཙ་ཧོ། བར་བ་བཤགས་པ་ནི། ཧཱུྃ། བདག་གིས་བག་མེད་འཁྲུལ་སེམས་ཀྱིས། །སོ་བྱང་སྔགས་ཀྱི་བསྲུང་སྡོམ་ལ། །སྔོན་ནས་འགལ་འཁྲུལ་བགྱིས་རྣམས། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབས་ནི། །ཧཱུྃ་ཞེས་བྱིན་བསྡུས། དགུག་གཞུག་བྱས་ལ། ཧཱུྃ་ཧཱུྃ་ཧཱུྃ། གཏུམ་དྲག་རྔམ་འབར་ཁྲོ་ཆེན་གྱིས། །དམ་སྲི་མ་རུང་གདུག་ཅན་རྣམས། །གཟུགས་ཕུང་ཚལ་བ་དུམ་བུར་ཐོངས། །རྣམ་ཤེས་ལྡོག་མེད་དབྱིངས་སུ་སྤོར། སརྦ་ནྲྀ་ཏྲི་མཱ་ར་ཡ་རྦད། ཞིང་གྱུར་གདུག་པ་བསྒྲལ་བ་ཡི། །ཤ་ཁྲག་བདུད་རྩིར་སྤེལ་བ་འདི། །ཁྲོ་ཆེན་འབར་བའི་རྔམ་ཞལ་དུ། །བཞེས་ལ་མངོན་སྤྱོད་ལས་འགྲུབ་མཛོད། །སརྦ་རུ་ཏྲ་ཏ་ན་མ་ཧཱ་པུ་ཙ་ཁ་ཧཱི། འདིར་དྲང་བ་ཞུ་ལན་བཅས་ཏེ་ཚོགས་ལ་རོལ། ལྷག་མ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕེཾ་ཕེཾ། ཞེས་བྱིན་གྱིས་བརླབས་ལ་ལྷག་མགྲོན་སྤྱན་དྲངས། ཧཱུྃ་བྷྱོཿ ཐབས་ཀྱི་སྒྱུ་འཕྲུལ་གང་འདུལ་བྲན། །འཇིགས་གཟུགས་ལྷག་སྡུད་དབང་ཕྱུག་མ། །གིང་ལིང་མ་སྲིང་འབར་མ་སོགས། །ལྷག་གཏོར་འདི་བཞེས་ཕྲིན་ལས་མཛོད། །ཨུཥྩི་ཊ་བྷ་ལིང་ཏ་ཁ་ཧཱི། ཞེས་ཕྱིར་དོར་དོ། །དེ་ནས་བསྐུལ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ། ཁྲག་འཐུང་ཀུན་གྱི་ཆེ་བཙན་མཆོག །གཏུམ་ཆེན་རྡོ་རྗེ་གྲོ་བོ་ལོད། །གིང་བཞི་རྩ་གསུམ་སྲུང་མར་བཅས། །ཐུགས་དམ་བསྐུལ་ལོ་མ་གཡེལ་ཅིག །བོད་ཁམས་ཕུང་བྱེད་དམ་སྲི་བདུད། །མཐའ་དམག་རྒྱ་འདྲེའི་ཁ་དར་ནས། །བསྟན་བཤིག་འགྲོ་རྣམས་ཕོང་བགྱིད་ཚེ། །མྱུར་དུ་མངོན་སྤྱོད་ཕྲིན་ལས་མཛོད། །འགྲན་ཟླ་མེད་པའི་རྫུ་འཕྲུལ་དང་། །མཐུ་སྟོབས་ནུས་པའི་རྩལ་བསྐྱེད་ལ། །དམ་སྲི་རྒྱལ་འགོང་མཐའ་བཞིའི་དམག །དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ། །ཐ་ཚིག་བསྒྲག་པ་ནི། ཧཱུྃ། སྔོན་ཚེ་འོད་སྣང་མཐའ་ཡས་ཀྱིས། །བླ་མེད་གསང་རྒྱུད་བསྟན་པའི་ཚེ། །རྡོ་རྗེ་ཐེག་པའི་བསྲུང་མ་རྣམས། །ཇི་ལྟར་ཐུགས་བསྐྱེད་རང་དམ་བཅས། །དེ་རྗེས་འཇིག་རྟེན་མགོན་པོ་ཡིས། །འཁོར་མཚོ་ལན་གསུམ་སྟོང་བྱས་ཚེ། །ཡེ་ཤེས་སྤྱན་ལྡན་སྲུང་མ་རྣམས། །ཐུགས་བསྐྱེད་དམ་བཅའ་ཇི་ལྟར་མཛད། །དེ་འོག་སློབ་དཔོན་ཆེན་པོ་ཡིས། །འཛམ་གླིང་དཀར་པོར་བསྒྱུར་བའི་ཚེ། །ལྷ་སྲིན་སྡེ་བརྒྱད་མ་ལུས་ཀུན། །ཇི་ལྟར་དམ་བཞག་སྲོག་སྙིང་ཕུལ། །དེ་བཞིན་ལུང་རིག་གླིང་པ་ཡིས། །གསང་མཛོད་ཐུགས་ཀྱི་གཏེར་བཏོན་ཅིང་། །དྷརྨའི་མིང་འཛིན་གྲོལ་ཞིག་པས། །ལུང་བཞིན་ཟབ་གཏེར་མཇུག་བསྐྱངས་ཚེ། །ཐུགས་དམ་མཛད་བཞིན་གཏེར་སྲུང་རྣམས། །མཆོད་གཏོར་འདི་བཞེས་ཕྲིན་ལས་མཛོད། །བསྟན་གཏོར་ནི། བྷྱོ། གཏུམ་ཆེན་རྡོ་རྗེ་གྲོ་ལོད་དང་། །དཔལ་གྱི་སེང་གེའི་བཀའ་དམ་བཞིན། །བོད་སྐྱོང་མ་སྲིང་བསྟན་མ་རྣམས། །བཤལ་ཆུའི་མཆོད་གཏོར་འདི་བཞེས་ལ། །དམ་སྲི་རྒྱལ་བསེན་ཀླ་ཀློ་དང་། །དུས་འཁྲུགས་མཐའ་དམག་རྡུལ་དུ་རློགས། །སྔ་འགྱུར་བསྟན་པ་མི་ཉམས་ཤིང་། །བོད་ཁམས་བདེ་ཞིང་སྐྱིད་པར་མཛོད། །མ་མ་ཧྲིང་ཧྲིང་བ་ལིང་ཏ་ཁ་ཧཱི། བྲོ་མནན་ནི། ཧཱུྃ་ཧཱུྃ་ཧཱུྃ། ཁྲོ་ཆེན་འཆོལ་བའི་ས་མ་དྷིས། །དམ་སྲི་རྒྱལ་བསེན་ཀླ་ཀློ་སོགས། །ལོག་འདྲེན་གདུལ་བར་དཀའ་བ་རྣམས། །མི་ཤིག་ལྡོག་མེད་ཨེ་ཀློང་དུ། །མནན་ནོ་སྟྭཾ་བྷ་ཡ་ལཾ་ནན། །བཛྲ་ས་མ་ཡཱ་ཐཾ་རྒྱ། །གཏང་རག་གི་མཆོད་བསྟོད་བྱས་ལ་དངོས་གྲུབ་ནི། ཧཱུྃ་ཧྲཱིཿ བྱིན་རླབས་ཀུན་གྱི་འབྱུང་གནས་མཆོག །སྐུ་གསུམ་ཡོངས་རྫོགས་གྲོ་བོ་ལོད། །རྩ་གསུམ་གིང་དང་མཁའ་འགྲོ་ཡིས། །དབང་དང་དངོས་གྲུབ་དེང་འདིར་སྩོལ། །སྔོན་ཚེ་ཁྱེད་ཀྱིས་འཕགས་བོད་དུ། །དམ་སྲི་རྒྱལ་གདོན་ཚར་བཅད་བཞིན། །གདུག་པ་ཅན་རྣམས་ཚར་གཅོད་པའི། །དབང་དྲག་དངོས་གྲུབ་མཆོག་འདིར་སྩོལ། །རྩ་སྔགས་བརྗོད། བཤགས་ཚིག་ནི། མ་རྙེད་ཡོངས་སུ༴སོགས། ཡིག་བརྒྱ་ལན་གསུམ་སོགས་བརྗོད། བརྟན་བཞུགས་བྱ་བའམ་གཤེགས་སུ་གསོལ་བ་སྐབས་དང་བསྟུན། རྟག་ཆད་བསལ་ཕྱིར་བསྡུ་ལྡང་ནི། ཨ་ཧོ། རྟག་པའི་མཐའ་གྲོལ་སྟོང་དབྱིངས་ཨཱཿ ཆད་མཐའ་ལས་གྲོལ་གསལ་སྣང་ཧཱུྃ། གནས་གསུམ་སྐུ་གསུམ་ས་བོན་ལས། །འོད་འཕྲོས་རང་ལུས་རཀྵ་བྷྲུཾ། །བསྔོ་སྨོན་ནི། ཨེ་མ་ཧོ༔ སྔོན་འདས་དུས་ནས་བྱང་ཆུབ་བར༔ སྒོ་གསུམ་ལས་ལ་བརྟེན་པ་ཡི༔ ཟག་བཅས་ཟག་མེད་དགེ་རྩ་ཀུན༔ གཞན་དོན་རྫོགས་བྱང་ཐོབ་ཕྱིར་བསྔོ༔ དེ་མཐུས་འདིར་ཞུགས་ཚེ་འདི་ལ། །རྡོ་རྗེ་གྲོ་ལོད་མངོན་གྱུར་ནས། །གཞི་ཐོག་ཉིད་དུ་ཡིད་ཅན་ཀུན། །ཚོམ་བུ་གཅིག་ཏུ་གྲོལ་བགྱིད་ཤོག མེ་ཏོག་འཐོར་ཞིང་ཤིས་བརྗོད་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གཞི་དབྱིངས་རིག་སྟོང་ཁྲོ་བོའི་རྒྱལ༔ ལམ་སྣང་སྤྲུལ་པའི་འཁོར་ལོར་ཤར༔ འབྲས་བུ་གདོད་མའི་ཧེ་རུ་ཀས༔ ལོག་འདྲེན་ཚར་གཅོད་ཤིས་པ་སྩོལ༔ ངོ་བོ་ཆོས་སྐུ་སྣང་མཐའ་ཡས། །རང་བཞིན་ལོངས་སྐུ་སྤྱན་རས་གཟིགས། །ཐུགས་རྗེ་སྤྲུལ་སྐུ་གྲོ་བོ་ལོད། །དབྱེར་མེད་ལྷུན་གྲུབ་ཤིས་པ་སྩོལ། །ཞེས་སོགས་བརྗོད་དོ། ས་མ་ཡཱ༔ དེ་ལྟར་བདེ་གཤེགས་ཀུན་འདུས་པ༔ པདྨ་དྲག་པོའི་སྒྲུབ་པ་འདིས༔ བྱང་ཆུབ་སྒྲུབ་པའི་སྐལ་ལྡན་གྱི༔ བར་ཆད་སེལ་བར་ཐེ་ཚོམ་མེད༔ བཅོས་མའི་ཚིག་གིས་བསླད་མིན་པའི༔ འགྱུར་མེད་ཟབ་གསང་ཌཀྐཱིའི་བརྡའ༔ ལས་འཕྲོ་ལྡན་པའི་སྤྱོད་ཡུལ་ཡིན༔ གུ་ཧྱ༔ ཅེས་འགྲོ་མགོན་ལུང་རིག་གླིང་པའི་དགོངས་གཏེར་ཡང་དག་པ་ནས་བཏོན་པའི་གུ་རུའི་ཐུགས་སྒྲུབ་པད་དཀར་ཕྲེང་མཛེས་ཀྱི་ཆ་ལག རྡོ་རྗེ་གྲོ་ལོད་ཀྱི་རྣལ་འབྱོར་རྒྱུན་ཁྱེར་གནམ་ལྕགས་ཐོག་གི་ཚ་ཚྭ་ཞེས་བྱ་བ་འདི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་དག་སྣང་རྐང་བཞི་འགའ་རེས་ཁ་བསྐང་ནས་འཇུག་བདེར་བསྒྲིགས་པ་འདི་ཡང་། རང་སློབ་ཡོངས་འཛིན་འཇིགས་མེད་རང་གྲོལ་གྱི་བཞེད་ངོར། རྒྱལ་དབང་པདྨའི་གཏེར་ལུང་གིས་ལན་འགར་ཟིན་པའི་ཆོས་བདག་མགོ་སྤྲུལ་དྷརྨའི་མིང་ཅན་ནམ་གྲོལ་ཞིག་ལམ་སྟོན་གླིང་པར་ཡང་བཏགས་ཆོག་པར་རྒྱལ་རོང་གཏེར་ཆེན་གྱི་དངོས་སློབ་མཁའ་འགྲོ་གླིང་པ་ནས་ཡང་ཡང་གསུངས་པའི། མགོ་ལོག་གི་སྔགས་རྒན་སྤྲུལ་མིང་པ་དེས་བགྱིས་པ་དུས་ཀུན་དགེ་ལེགས་འཕེལ་ཞིང་བརྟན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།

རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་འདོད་འབྱུང་ནོར་བུ། མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ།

༄༅། རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་འདོད་འབྱུང་ནོར་བུ་བཞུགས། གུ་རུ་བཛྲ་ཀྲོ་དྷ་ཡ་ན་མཿ རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་བྱེད་པར་འདོད་པས། བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་སྤེལ་ལ། ཧཱུྃ་ཧཱུྃ་ཧཱུྃ། མ་སྐྱེས་ཆོས་དབྱིངས་སྟོང་པའི་ངང་ཉིད་ལས། །ཏིང་འཛིན་བདེན་མེད་སྒྱུ་མའི་ཆོ་འཕྲུལ་འགྱེད། །དངོས་བཤམས་ཡིད་སྤྲུལ་བསྐང་རྟེན་བསྒྲུབ་པའི་རྫས། །ཀུན་བཟང་མཆོད་པའི་སྤྲིན་དུ་བྱིན་རླབས་ནས། །སྐྱབས་གནས་སྐུ་གསུམ་མཆོག་གསུམ་རྩ་བ་གསུམ། །གུ་རུ་གྲོ་ལོད་བཀའ་ཉན་བསྲུང་མར་བཅས། །ཟག་མེད་སྒོ་གསུམ་དགྱེས་ཕྱིར་གུས་པས་འབུལ། །བརྩེ་ཆེན་ཐུགས་ཀྱིས་བཞེས་ཤིང་བྱིན་གྱིས་རློབས། ། ཧཱུྃ་ཧཱུྃ་ཧཱུྃ། ངོ་བོ་ཀ་དག་རང་བཞིན་ལྷུན་གྱིས་གྲུབ། །སྐུ་གསུམ་དོན་བརྒྱུད་རིག་འཛིན་ཐུགས་དམ་བསྐང་། །བྱིན་རླབས་རྩ་བ་མ་ནོར་ཐར་ལམ་སྟོན། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །དངོས་གྲུབ་རྩ་བ་གང་འདུལ་གཟུགས་སྐུར་སྟོན། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །ཕྲིན་ལས་རྩ་བ་སྒྲུབ་མཆོག་བུ་བཞིན་སྐྱོངས། །མ་མོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །རྒྱལ་ཀུན་སྤྱི་གཟུགས་འགྲོ་བ་ཡོངས་ཀྱི་མགོན། །པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་དམ་བསྐང་། །སྒྲུབ་སྡེ་བརྒྱད་དང་དབྱེར་མེད་ལྷག་པའི་ལྷ། །སྤྲུལ་པའི་གུ་རུ་མཚན་བརྒྱད་ཐུགས་དམ་བསྐང་། །སྐུ་གསུམ་བདེ་གཤེགས་ཡོངས་རྫོགས་ཆེ་བཙན་མཆོག །ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་། །རྒྱལ་བསེན་དམ་སྲི་མུ་སྟེགས་གདུལ་དཀའི་གཤེད། །སྤྲུལ་པ་གིང་ཆེན་བཞི་ཡི་ཐུགས་དམ་བསྐང་། །ཕུང་བྱེད་ཀླ་ཀློ་མཐའ་བཞིའི་གདུག་པ་འདུལ། །ཡང་སྤྲུལ་མ་སྲིང་དམ་ཅན་ཐུགས་དམ་བསྐང་། །གསང་སྔགས་གྲུབ་བརྙེས་མཆོག་གི་སར་གཤེགས་པའི། །རིག་འཛིན་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་། །སྨིན་གྲོལ་བསྐྱེད་རྫོགས་ལམ་ཀུན་མཐའ་རུ་ཕྱིན། །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་ཐུགས་དམ་བསྐང་། །ཟབ་གཏེར་སྲུང་མ་བཙན་རྒོད་དྲག་པོ་རྩལ། །ཡུམ་སྲས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བར་ཆད་ཀུན་སེལ་མཐུན་རྐྱེན་ཆར་འབེབས་པའི། །ལྷ་བཙན་གཞོན་ནུ་འབར་བའི་ཐུགས་དམ་བསྐང་། །ཚེ་དང་ནོར་དང་ལོངས་སྤྱོད་དངོས་གྲུབ་སྟེར། །དམ་ལྡན་ནོར་ལྷ་རྒྱ་མཚོའི་ཐུགས་དམ་བསྐང་། །ཆོས་མཐུན་ཡོངས་ལ་མི་འབྲལ་སྲུང་སྐྱོབས་མཛད། །བཀའ་གཏེར་དག་སྣང་སྲུང་མའི་ཐུགས་དམ་བསྐང་། །མི་རབས་ཆོས་རྒྱུད་ཚེ་རབས་སྲུང་མ་མཆོག །འགོ་ཞིང་སྐྱོབས་པའི་ལྷ་སྲུང་ཐུགས་དམ་བསྐང་། །ཧཱུྃ་ཧཱུྃ་ཧཱུྃ། ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རི་རབ་གླིང་བཞི་ཕྱི་སྣོད་འཇིག་རྟེན་དང་། །ནང་བཅུད་ལྷ་མིའི་འདོད་ཡོན་འབྱོར་བའི་ཚོགས། །གང་ཡང་མ་ཚང་མེད་པས་ཐུགས་དམ་བསྐང་། །ཕྱི་ནང་གསང་མཆོད་དེ་བཞིན་ཉིད་ཀྱི་དབྱིངས། །ལྟ་སྒོམ་སྤྱོད་འབྲས་བཞི་ཡིས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྒྱལ་ཁམས་བདེ་ཞིང་སངས་རྒྱས་བསྟན་པ་དར། །བདག་ཅག་འདིར་ཚོགས་མཆེད་ལྕམ་ཐམས་ཅད་ཀྱི། །སྔོན་ལས་བྱང་ཞིང་འཕྲལ་རྐྱེན་བར་ཆད་ཟློག །ཚེ་རིང་ནད་མེད་ཆོས་མཐུན་བསམ་པ་འགྲུབ། །ནད་མུག་མཚོན་འཁྲུགས་བསྐལ་ངན་དབྱིངས་སུ་ཞི། །ཉམས་ཆག་སྡིག་ལྟུང་ཆོས་ཉིད་དབྱིངས་སུ་དག །ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཡིག་བརྒྱ་བརྗོད་ཅིང་སྤྲོས་བྲལ་གྱི་ངང་ལ་བཞག་གོ །ཞེས་གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་བསྐང་བསྡུས་འདོད་འབྱུང་ནོར་བུ་ཞེས་བྱ་བ་འདི་ཡང་། གཏེར་ཆེན་རིན་པོ་ཆེ་གང་གི་གསུང་གསང་ལས་མགོ་སྤྲུལ་རྒད་པོས་འཇུག་བདེར་བཏུས་ནས་སྤེལ་བ་དགེའོ། །དགེའོ། །དགེའོ། །

ཚོགས་ཞུ་ལན། མགོ་སྤྲུལ་འཇིགས་མེད་རྣམ་རྒྱལ།

༈ ཚོགས་ཞུ་ནི། ཧོ། ཕྱི་སྣོད་རབ་ཡངས་ཀཱ་པ་ལར། །ནང་བཅུད་འདོད་ཡོན་ལོངས་སྤྱོད་ཚོགས། །ཟག་མེད་ཡེ་ཤེས་བདུད་རྩི་འདི། །རྡོ་རྗེ་རྒྱལ་པོས་བཞེས་སུ་གསོལ། །ལན་ནི། ཧོ། བདེ་གཤེགས་ཆོས་ལ་རིན་ཐང་མེད། །སྲེད་ལེན་ཞེན་རྟོག་དྲི་མ་བྲལ། །གཟུང་དང་འཛིན་པ་ལས་འདས་པའི། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ། །ཞེས་བརྗོད། དེ་ནས་ཐམ་ཅད་ཀྱིས་ཚོགས་ལ་རོལ། །མགོ་སྤྲུལ་པས་སོ༎

གུ་རུ་པདྨ་རྒྱལ་པོའི་དབང་གི་མཚམས་སྦྱོེར།

༄༅།། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱའོ། །དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་ཉམས་སུ་ལེན་པར་བྱའོ་སྙམ་པའི་བསམ་པ་བཟང་པོ་སྔོན་དུ་བཏང་ནས་ལེགས་པར་ཆོས་ལ་འཇུག་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཚུལ་བཞིན་བགྱི་བའི་ངང་ནས་གསན་འཚལ། གང་གསན་པར་བྱ་བའི་ཆོས་ལའང་རིང་རྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་སྤྱིར་གཏེར་རིགས་བཅོ་བརྒྱད་དུ་ཡོད་པའི་ཀུན་གྱི་མཆོག་ཏུ་གྱུར་པ་ཟབ་མོ་དགོངས་པའི་གཏེར་ཏེ། དེ་ཡང་དངོས་ཉམས་རྨི་ལམ་སྟེ་རབ་འབྲིང་ཐ་གསུམ་གྱི་ཚུལ་དུ་འབྱུང་བ་ལས། འདི་ནི་རྒྱལ་དབང་པདྨའི་ཐུགས་རྗེའི་བསྐུལ་ཏེ་འཕུར་འགྲོའི་གཙོ་མོ་ཛྙཱ་ན་ས་ག་ར་མིའི་སྐྱེ་སྲིད་བཟུང་ནས་བསྟན་འགྲོའི་བསོད་ནམས་ཀྱིས་དཔལ་དུ་བྱོན་པ་རིག་འཛིན་འགྲོ་འདུལ་ལུང་རིག་གླིང་པ་རྩལ་དུ་གྲགས་པ་དུས་ནམ་ཞིག་གི་ཚེ་ན་ཀུན་གཞི་ཆོས་སྐུར་སངས་ཏེ་གསལ་ལ་རྟོག་པ་མེད་པ་སྟོང་པའི་འོད་གསལ་གྱི་ངང་དུ་འབྱམས་ཀླས་པ་ལས། མཆེད་པ་ཕྱིར་གསལ་དུ་གཡོས་ཏེ་སྣང་བའི་འོད་གསལ་གྱི་རིག་གདངས་སུ་ཟངས་མདོག་དཔལ་གྱི་རི་བོ་སོགས་དག་པའི་ཞིང་ཁམས་དུ་མ་མཇལ་བའི་སྐབས་སུ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་དུ་སྤྲད་པ་ལས་བབས་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་ལས་གུ་རུ་པདྨ་རྒྱལ་པོའི་༼སྐབས་ཐོབ་སྦྱར། མཆན།༽རྗེས་གནང་ཟབ་མོ་བསྐུར་བ་ལ། སྔ་འགྱུར་དབང་གི་ཆུ་བོ་བཞི་ལྡན་གྱི་རྒྱུད་སྡེ་རྒྱ་མཚོའི་མན་ངག་ཕྱུང་ནས་ཟབ་གནད་གཅིག་ཏུ་དྲིལ་བའི་བཀའ་གཏེར་ཟུང་འཇུག་གི་གདམས་པ། མན་ངག་སྣ་རེས་གང་ཟག་རེ་རེ་ཆོ་ག་གཞན་ལ་མི་ལྟོས་པར་སངས་རྒྱས་པའི་ཟབ་ཆོས་ཁྱད་འཕགས་འཇིག་རྟེན་ན་འབྱུང་བར་དཀའ་བའི་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུ་འདི་ཉིད་ཀྱི་དབང་ཟབ་མོ་ཞུ་སོགས། ༈ དེ་ནས་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ཀོ྅་ཧཾ། སྟོང་པའི་ངང་ལས་པད་སྡོང་ཉི་ཟླ་བརྩེགས་པའི་སྟེང་དུ་ཁྱེད་རང་གི་རིག་པ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་གིས་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། ཞལ་གཅིག་ཞི་ཞིང་འཛུམ་པའི་ལང་ཚོའི་དཔལ་ཡོན་རྒྱས་པ། ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན་ཅིང་། གཡོན་པ་སྤྲུལ་འཁོར་གྱི་ཐད་ཀར་མཉམ་བཞག་གི་སྟེང་དུ་ཀ་པཱ་ལ་དུམ་བུ་གཅིག་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བ་བསྣམས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། དབུ་ལ་པད་ཞྭ་རྒོད་སྒྲོ་དང་དར་སྣས་སྤྲས་ཤིང་། སྐུ་ལ་གསང་གོས་དང་ཆོས་གོས་ཟ་བེར་གསོལ་བ་གཟི་བརྗིད་དང་ལྡན་པ་དེའི་ཕྱོགས་མཚམས་བརྒྱད་འཇའ་འོད་ཀྱི་གུར་ཁྱིམ་དུ་སྤྲུལ་པའི་གུ་རུ་མཚན་བརྒྱད་རང་རྟགས་ཕྱག་མཚན་སོགས་ཀྱིས་སྤྲས་པ་འཁོར་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བར་གསལ་བ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས་པས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ཨོ་རྒྱན་གྱི་གུ་རུ་པདྨ་འབྱུང་གནས་ལ་འཁོར་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་ལྟར་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་ལྷར་གསལ་བ་ལ་སིབ་སིབ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་གྱིས་ཤིག།

གུ་རུ་མཚན་བརྒྱད་ཀྱི་ཁོག་ཕུབ་དབང་གི་ཏནྟྲ།

གུ་རུའི་ཐུགས་ཀྱི་སྒྲུབ་པ་པདྨ་མཚན་བརྒྱད་ཀྱི༔ ཁོག་ཕུབ་དབང་གི་ཏནྟྲ་བཞུགས༔

རྒྱལ་བ་ཀུན་གྱི་གསང་བའི་མཛོད༔ གཅིག་བསྡུས་བླ་མའི་སྒྲུབ་པ་ཡི༔ སྐུ་ཡི་བཀོད་པ་སོ་སོ་ལ༔ ཁོག་དབུབ་དབང་གི་ཏནྟྲ་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དབེན་པའི་གནས་སུ་དུས་བཟང་ལ༔ དཀྱིལ་འཁོར་འབྲུ་ཚོམ་བཀོད་པའི་སྟེང་༔ སྐུ་དང་སྔགས་བྱང་ཕྱག་མཚན་ཏེ༔ གཏོར་མ་བགྲང་ཕྲེང་ལེགས་པར་བཤམས༔ རང་རང་སྒྲུབ་པས་ཁོག་ཕུབ་སྟེ༔ དམིགས་པ་གསལ་ཞིང་བཟླས་པ་བརྩོན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྫས་རྣམས་ལྷ་སྔགས་ཏིང་འཛིན་དང་༔ ཡོན་ཏན་འབད་མེད་ཕྲིན་ལས་ཀྱི༔ ཡེ་ཤེས་ལྔ་ཡི་ངོ་བོར་བསམ༔ གདོད་ནས་སྣོད་བཅུད་ལྷར་ཤེས་པའི༔ ལྟ་བས་ཐག་བཅད་སྒོམ་པས་གཟེར༔ གུས་ལྡན་སློབ་མ་རྗེས་བཟུང་ཕྱིར༔ མཆོད་བསྟོད་བྱ་ཞིང་དབང་བཞི་ལེན༔ ས་མ་ཡཱ༔ སློབ་མར་ཁྲུས་བྱ་བགེགས་སྡིག་སྦྱངས༔ མཎྜལ་འབུལ་ཞིང་གསོལ་གདབ་ནི༔ ཁྱབ་བདག་སྟོན་པ་པདྨ་འབྱུང་༔ དབྱེར་མེད་དཔལ་ལྡན་བླ་མ་རྗེ༔ བདག་ལ་ཆྒཻ་མོ་ཡི༔༼པདྨ་རྒྱལ་པོ་སོགས་སྐབས་ཐོབ་སྦྱར། མཆན།༽ རྗེས་གནང་ཟབ་མོ་བསྩལ་དུ་གསོལ༔ དེ་ནས་བླ་མས་ལན་འདི་སྦྱིན༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ ཆྒཻ་མོའི་སྐུར་བཞེངས་པ༔ དད་ཅིང་མོས་པས་སྒྲུབ་ནུས་ན༔ བརྩེ་བས་རྗེས་གནང་སྦྱིན་པར་བྱ༔ སློབ་བུས་གུས་པས་འདི་སྐད་གསོལ༔ རྩ་གསུམ་ཀུན་འདུས་རིགས་ཀྱི་བདག༔ གུ་རུ་ཆྒཻ་མོ་ནི༔ ཚེ་རབས་སྔོན་ནས་འབྲེལ་བའི་ལྷ༔ བདག་གིས་རྩེ་གཅིག་བསྒྲུབ་པར་བྱ༔ སློབ་མར་ལྷ་ཡི་མངོན་རྟོགས་ཕོག༔ ཚིག་བདུན་གསོལ་འདེབས་ཁ་བསྒྱུར་བྱ༔ རོལ་མོ་འཁྲོལ་ཞིང་བྱིན་ཆེན་དབབ༔ རང་རང་སྐུ་རྟེན་སྤྱི་བོར་བཞག༔ ཨོཾ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་རླབས་ཡོངས་རྫོགས་པ༔ གུ་རུ་ཆྒཻ་མོ་ཡི༔ སྐུ་ཡི་རྗེས་གནང་ཐོབ་པར་ཤོག༔ མ་ཧཱ་གུ་རུ་པདྨ་རཱ་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རང་སྔགས་སློབ་བུའི་མགྲིན་པར་བཞག༔ ཨཱཿ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ གསུང་གི་བྱིན་རླབས་ཡོངས་རྫོགས་པ༔ གུ་རུ་ཆྒཻ་མོ་ཡི༔གསུང་གི་རྗེས་གནང་ཐོབ་པར་ཤོག༔ ཨོཾ་མ་ཧཱ་གུ་རུ་ཆྒཻ་མོ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྱག་མཚན་སློབ་བུའི་སྙིང་གར་བཞག༔ ཧཱུྃ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་ཀྱི་བྱིན་རླབས་ཡོངས་རྫོགས་པ༔ གུ་རུ་ཆྒཻ་མོ་ཡི༔ ཐུགས་ཀྱི་རྗེས་གནང་ཐོབ་པར་ཤོག༔ མ་ཧཱ་གུ་རུ་ཆྒཻ་མོ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སློབ་བུའི་སྤྱི་བོར་བཞག༔ ཏྲཾ༔ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ ཡོན་ཏན་བྱིན་རླབས་ཡོངས་རྫོགས་པ༔ གུ་རུ་ཆྒཻ་མོ་ཡི༔ ཡོན་ཏན་རྗེས་གནང་ཐོབ་པར་ཤོག༔ མ་ཧཱ་གུ་རུ་ཆྒཻ་མོ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བགྲང་ཕྲེང་སློབ་བུའི་ལག་ཏུ་གཏད༔ ཧྲཱིཿ བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ རྩོལ་མེད་ཕྲིན་ལས་ལྷུན་གྲུབ་པ༔ གུ་རུ་ཆྒཻ་མོ་ཡི༔ ཕྲིན་ལས་རྗེས་གནང་ཐོབ་པར་ཤོག༔ མ་ཧཱ་གུ་རུ་ཆྒཻ་མོ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྗེས་དམ་ཚིག་ཁས་བླངས་སོགས༔ གཞན་དང་མཐུན་པར་ཤེས་པར་བྱ༔ རྗེས་སུ་བསྙེན་པའི་ཁ་གསོ་ཞིང་༔ ལྷར་ལྡང་བསྔོ་སྨོན་ཤིས་བརྗོད་བྱ༔ ས་མ་ཡཱ༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་དོན༔ དགོས་པ་གཙོ་བོའི་སྒྲས་སྨོས་ན༔ དབང་སྡུད་པདྨ་རྒྱལ་པོ་དང་༔ ཉམས་རྟོགས་འཕེལ་ལ་ཉི་མའི་འོད༔ བསྟན་པ་འཛིན་ལ་ཤཱཀྱ་སེང་༔ རིག་པའི་གནས་ལ་བློ་གྲོས་ལྡན༔ ཚངས་སྤྱོད་བསྲུང་ལ་སཾ་བྷ་ཝ༔ རྒོལ་ངན་གཞོམ་ལ་སེང་གེའི་སྒྲ༔ སྲི་ངན་འདུལ་ལ་གྲོ་བོ་ལོད༔ ཀུན་རྫོགས་པདྨ་འབྱུང་གནས་ཏེ༔ རང་གི་གང་འདོད་སྟེར་ནུས་ན༔ ཡིད་བཞིན་ནོར་འདྲའི་གདམས་པ་སྟེ༔ ཐེ་ཚོམ་མེད་པར་ཉམས་ལེན་གཅེས༔ གུ་ཧྱ༔ གུ་རུའི་ཐུགས་ཀྱི་སྒྲུབ་པ་པདྨ་མཚན་བརྒྱད་ལ་ཁོག་ཕུབ་དབང་གི་ཏནྟྲ་དག་སྣང་ཟོལ་མེད་ཀྱི་ཆོས་སྡེ་ལས་བྱུང་བ་ལྟར་ནིརྨ་ཀ་བིདྱཱ་ག་མ་དྭཱི་པས་དག་པར་ཕབ་པའོ༔ དགེའོ༔ དགེའོ༔ དགེའོ༔

ཚེ་སྒྲུབ་ཟབ་མོའི་གསོལ་འདེབས་འདོད་འབྱུང་ནོར་བུའི་ཕྲེང་བ།

༄༅།། གུ་རུའི་ཐུགས་བཅུད་ཚེ་སྒྲུབ་ཟབ་མོའི་གསོལ་འདེབས་འདོད་འབྱུང་ནོར་བུའི་ཕྲེང་བ་བཞུགས། ཨོཾ་ཨཱཿཧཱུྃ། རྒྱལ་ཀུན་རིགས་བདག་འོད་སྣང་ཚེ་མཐའ་ཡས། །ཐུགས་རྗེའི་རང་རྩལ་འཕགས་མཆོག་སྤྱན་རས་གཟིགས། །འཁོར་འདས་དབང་བསྒྱུར་རྟ་མཆོག་ཧེ་རུ་ཀ །འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་འབྱུང་། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ། །ཐུབ་བསྟན་བོད་དུ་གསལ་མཛད་ཞི་བ་འཚོ། །ཟབ་གསང་རྒྱུད་སྡེའི་སྲོག་ཤིང་བཱི་མ་ལ། །གངས་ཅན་ཕན་བདེའི་རྩ་ལག་ཁྲི་སྲོང་རྗེ། །དཔལ་ཆེན་དངོས་སུ་གྲུབ་པའི་བཀའ་བབ་ཚོགས། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ། །དག་སྣང་ལུང་སྟོན་གྲུབ་དབང་བྱང་ཆུབ་གླིང་། །ཟབ་ཆོས་སྤེལ་མཛད་འགྲོ་འདྲེན་སྤྲུལ་པའི་སྐུ། །བརྒྱུད་འཛིན་རྒྱལ་བའི་རྣམ་རོལ་སྐལ་བར་ལྡན། །དངོས་དང་བརྒྱུད་ནས་འགྲོ་ལ་ཕན་མཛད་རྣམས། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ། །དཀྱིལ་འཁོར་གཙོ་བོ་ཨོ་རྒྱན་ཚེ་དཔག་མེད། །སངས་རྒྱས་བྱང་སེམས་ཚེ་ཡི་རིག་འཛིན་ཚོགས། །གནས་གསུམ་མཁའ་འགྲོ་སྒོ་སྲུང་ཕྱག་རྒྱ་བཞི། །སྔགས་ཀྱི་སྲུང་མ་དམ་ཅན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་འགལ་རྐྱེན་བར་ཆད་སོལ། །མཆོག་ཐུན་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །མ་དག་སྣང་བ་ལྷ་སྔགས་ཆོས་ཉིད་དུ། །སྒྱུར་བྱེད་བསྐྱེད་རྫོགས་ཟབ་མོར་སྦྱངས་གོམས་མཐུས། །ཚེ་འདིར་འཆི་མེད་རིག་འཛིན་མཆོག་འགྲུབ་ཤོག །ཇི་སྲིད་འཁོར་བའི་སེམས་ཅན་མ་སྟོངས་བར། །དེ་སྲིད་གང་འདུལ་སྤྲུལ་པའི་རྣམ་རོལ་གྱིས། །གདུལ་བྱའི་ཡུལ་ལ་ཕན་བདེའི་བྱེད་པོ་རུ། །ཚེ་དཔག་མེད་པའི་གསང་གསུམ་མངོན་གྱུར་ཤོག །གནས་སྐབས་སུ་ཡང་ཚེ་ལ་བར་གཅོད་པའི། །བགེགས་དང་འབྱུང་པོ་མ་ལུས་ཚར་བཅད་ནས། །བསྟན་དང་འགྲོ་ལ་ལྷག་བསམ་ལྷུར་བླངས་ཏེ། །བསམ་དོན་ཆོས་མཐུན་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་གུ་རུའི་ཐུགས་བཅུད་ཚེ་ཡི་སྒྲུབ་པའི་གསོལ་འདེབས་འདི་ཉིད་སྨིན་གྲོལ་ཆོས་ཀྱི་ལས་སྐལ་དང་ལྡན་པའི་བཙུན་པ་དེ་ཝཱི་ཨ་ཡུ་བརྡྷས་ཡང་ཡང་བསྐུལ་ངོར་སྤྲང་བན་གྱི་ན་བ་རྒྱ་སྤྲུལ་མིང་གིས་བྲིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག །མངྒ་ལམ།

གུ་རུའི་ཚེ་སྒྲུབ་དྭངས་བཅུད་ཡོངས་དྲིལ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གུ་རུའི་ཚེ་སྒྲུབ་དྭངས་བཅུད་ཡོངས་དྲིལ་བཞུགས༔

གུ་རུ་པདྨ་སརྦ་སིདྡྷི་ཧཱུྃ༔ མཁའ་ཁྱབ་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ མཐའ་ཡས་འགྲོ་བ་ཡོངས་ལ་བཀའ་དྲིན་ཅན༔ རིག་འཛིན་ཡོངས་འདུས་པདྨ་ཐོད་ཕྲེང་རྩལ༔ བྱང་ཆུབ་བར་དུ་གུས་པས་སྤྱི་བོས་མཆོད༔ དེ་ཡི་ཟབ་ཆོས་དག་སྣང་དགོངས་གཏེར་ལས༔ མཁའ་འགྲོའི་གཙོ་མོའི་བཀའ་ཡིས་རྗེས་གནང་ལྟར༔ བརྒྱུད་འཛིན་གང་ཟག་ཚེ་ཡི་དངོས་གྲུབ་ལ༔ ལོངས་སུ་སྤྱོད་ཕྱིར་ཟོལ་མེད་ཐུགས་བཅུད་སྤེལ༔ དེ་ལ་སྦྱོར་དངོས་རྗེས་དང་གསུམ་ཡིན་ཏེ༔ དང་པོ་དབེན་ཅིང་ཡིད་དུ་འོང་བའི་སར༔ དཀྱིལ་འཁོར་བཀོད་ལེགས་གྲུ་བཞི་ཚོམ་བུའི་ཁར༔ གུ་རུའི་སྐུ་གསུང་ཐུགས་རྟེན་དེ་ཡི་མདུན༔ སྒྲུབ་རྫས་བླ་མའི་གཏོར་མ་པད་འདབ་བཞི༔ ལྷ་གྲངས་བཤོས་བུས་ལེགས་པར་མཐའ་བསྐོར་ནས༔ གཡས་གཡོན་སྨན་དང་བདུད་རྩི་རཀྟ་བཤམས༔ མཆོད་ཡོན་སྔོན་འགྲོའི་ཉེར་སྤྱོད་རྣམ་པ་བདུན༔ ཚེ་ཡི་རིལ་བུ་ཚེ་ཆང་མདའ་དར་ལྔ༔ དུས་ཚེས་བཟང་པོར་དབུ་འཛུགས་འཆུག་མེད་བྱ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་ལག་ཏུ་བླང་བ་ལ༔ རྣལ་འབྱོར་བདེ་བའི་སྟན་ལ་བག་ཕབ་སྟེ༔ མ་དག་འཁྲུལ་བའི་རླུང་རོ་དགུ་སྤྲུགས་བྱ༔ དེ་ནས་རང་གི་རྩ་བའི་བླ་མ་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཐའ་བསྐོར་དུ༔ སྐྱབས་འོས་མ་ལུས་ཁྲོམ་ཚོགས་ཇི་བཞིན་གསལ༔ ཨེ་མ་ཧོ༔ བདག་དང་མཁའ་ཁྱབ་འགྲོ་བ་སེམས་ཅན་ཀུན༔ འཇིགས་རུང་སྐྱེ་རྒ་ན་འཆིའི་ཆུ་བོ་ལས༔ བསྒྲལ་ནས་ཚེ་ཡི་རིག་འཛིན་མཆོག་ཐོབ་ཕྱིར༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ དེ་བཞིན་འགྲོ་ཀུན་ཚེ་དཔག་མེད་མགོན་གྱི༔ གོ་འཕང་མཆོག་ལ་འགོད་འདོད་རྩེ་གཅིག་པས༔ ཨེ་མ་ངོ་མཚར་རྨད་བྱུང་འཁོར་འདས་ཆོས༔ སྐྱེ་འགག་བྲལ་བའི་རང་བཞིན་མ་རྟོགས་པས༔ སྡུག་བསྔལ་རྦ་ལ་གཡེང་བའི་སེམས་ཅན་རྣམས༔ འཆི་མེད་རིགས་བདག་གོ་འཕང་མྱུར་ཐོབ་བྱ༔ ཡན་ལག་བདུན་གྱིས་ཚོགས་གཉིས་བསགས་པ་ནི༔ ཧོ༔ བདག་གཞན་སྒྲིབ་པ་མ་ལུས་སྦྱང་བའི་ཕྱིར༔ ཚོགས་ཞིང་ལྷ་ལ་ཕྱག་འཚལ་མཆོད་པ་འབུལ༔ མི་དགེའི་སྡིག་བཤགས་དུས་གསུམ་དགེ་ལ་སྤྲོ༔ ཟབ་རྒྱས་ཆོས་བསྐུལ་རྟག་ཏུ་བརྟན་བཞུགས་གསོལ༔ དགེ་འདིས་འགྲོ་ཀུན་ཕྱམ་གཅིག་གྲོལ་ཕྱིར་བསྔོ༔ འབྲུ་གསུམ་སྔགས་ཀྱིས་བགེགས་གཏོར་བྱིན་བརླབས་ཏེ༔ ཚིམ་པར་བསྔོས་ནས་བཀའ་བསྒོའི་ཚིག་འདི་བརྗོད༔ ཧཱུྃ་ཧྲཱིཿ མ་རིག་རྒྱུ་ལས་བྱུང་བའི་གདོན་དང་བགེགས༔ རང་བྱུང་སྐྱེ་མེད་ཐོག་མའི་གྲོལ་གཞིར་དེངས༔ བཀའ་ལས་འདས་ན་ལྷ་སྔགས་ཏིང་འཛིན་མཐུས༔ མིང་གི་ལྷག་མར་བྱེད་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་བརྗོད་ཡུངས་ཐུན་དང་བཅས་བསྐྲད༔ ཏིང་འཛིན་བསྲུང་བའི་འཁོར་ལོས་རྒྱས་འདེབས་ནི༔ ཧཱུྃ་ཧྲཱིཿ ཡང་ཟབ་གསང་ཆེན་བསྒྲུབ་པའི་དཀྱིལ་འཁོར་འདིར༔ ཀུན་བརྟགས་གློ་བུར་འབྱུང་པོ་མཚམས་གཅོད་ཕྱིར༔ སྟེང་འོག་ཕྱོགས་མཚམས་ཁྲོ་མཚོན་རྡོ་རྗེའི་གུར༔ ནམ་ཡང་གཞོམ་མེད་སྲུང་བས་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་འབེབས་སྤོས་བསྲེགས་རོལ་མོ་དབྱངས་དང་བཅས༔ ཨེ་མ་ཧོ༔ རྣམ་དག་འགྱུར་མེད་སྐུ་གསུམ་ཕོ་བྲང་ནས༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པད་འབྱུང་འཆི་མེད་ཚེ་ཡི་ལྷ༔ བཱི་མ་མི་ཏྲ་བཀའ་བབ་མི་དགུ་དང་༔ ཁྲོ་རྒྱལ་རྟ་མཆོག་ཚེ་ཡི་སྒོ་མའི་ཚོགས༔ རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་ལ༔ ཟག་མེད་སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ མི་ཤིགས་རྡོ་རྗེ་གསུམ་གྱི་ཚེ་སྩོལ་ལ༔ སྒྲུབ་རྫས་དཀྱིལ་འཁོར་མདངས་ཕྱུངས་བདུད་རྩིར་བསྒྱུར༔ མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་བིདྱཱ་དྷ་ར་ཨ་ཡུརྫྙཱ་ན་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཟག་མེད་བདུད་རྩིའི་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ མཆོད་རྫས་དངོས་འཛིན་ཡེ་ཤེས་མེ་རླུང་ཆུས༔ བསྲེགས་གཏོར་བཀྲུས་ཏེ་ཟག་མེད་བདུད་རྩི་ཆེས༔ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྐུ་གསུང་ཐུགས་གསུམ་མཉེས་པའི་རྫས་སུ་གྱུར༔ ཕྱི་ནང་གསང་བའི་མཆོད་རྫས་སྔགས་རྣམས་ཀུན༔ ཨོཾ་ཨཱཿཧཱུྃ༔གིས་སྤེལ་ཏེ་ལན་གསུམ་བརྗོད༔ ཏིང་འཛིན་གསུམ་གྱིས་སྣང་སྲིད་སྣོད་བཅུད་ཀུན༔ མ་དག་དངོས་འཛིན་སྦྱང་བའི་བསྐྱེད་རིམ་ནི༔ ཨོཾ་ཨཱཿཧཱུྃ༔ འཁོར་འདས་ཆོས་ཀུན་སྟོང་ཉིད་བློ་ལས་འདས༔ བརྗོད་མེད་དོན་གྱི་ཆོས་སྐུ་མ་རྟོགས་པར༔ བདག་ཏུ་བཟུང་བས་སྲིད་པར་འཁྱམས་པའི་འགྲོ༔ ཚད་མེད་སྙིང་རྗེས་རྗེས་སུ་བཟུང་བའི་ཕྱིར༔ ཐབས་ཤེས་ཟུང་འཇུག་རང་རིག་ཡི་གེ་ཧྲཱིཿ དཀར་དམར་མདངས་ལྡན་འོད་ཀྱིས་སྣང་སྲིད་ཀུན༔ དག་པ་རབ་འབྱམས་རྒྱལ་བའི་ཞིང་དུ་གྱུར༔ གནས་ཁང་ཐ་མལ་མ་ཡིན་པདྨ་འོད༔ ཟངས་མདོག་དཔལ་རིའི་ཕོ་བྲང་ལྟ་ན་སྡུག༔ ཤར་ཤེལ་ལྷོ་ཕྱོགས་རིན་ཆེན་བཻཌཱུརྱ༔ ནུབ་ཕྱོགས་པད་རག་བྱང་ཕྱོགས་དབང་སྔོན་མདངས༔ ཚད་མེད་བཞི་ལྡན་གྲུ་བཞི་སྒོ་བཞི་པ༔ འདོད་སྣམ་ཕ་གུ་དྲྭ་ཕྱེད་ཤར་བུ་དང་༔ ཆོས་འཁོར་གདུགས་ཏོག་རྒྱལ་མཚན་དྲིལ་གཡེར་ཕྲེང་༔ ལྷ་དང་དྲང་སྲོང་མཆོད་པའི་ལྷ་མོས་གང་༔ ཕོ་བྲང་ལྟེ་བར་པདྨ་འདབ་བཞི་དང་༔ དེ་ཕྱིར་བརྒྱད་དང་སྒོ་བཞིར་པད་ཟླའི་གདན༔ དབུས་སུ་ཐབས་ཤེས་ཉི་ཟླ་དར་ཟབ་ཁྲིར༔ རང་རིག་ཧྲཱིཿཡིག་གདན་ལ་འཁོད་པ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ སྐུ་གསུང་ཐུགས་ཀྱི་ཚེ་བཅུད་རང་ལ་བསྡུས༔ མར་འཕྲོས་འགྲོ་བ་དྲུག་གི་ལས་ཉོན་སྦྱངས༔ ཁྱད་པར་ཚེ་ལ་བར་དུ་གཅོད་པའི་བགེགས༔ ཐམས་ཅད་ཀུན་གྱི་སྡང་སེམས་ཕྲག་དོག་ཞི༔ མ་ལུས་ཚེ་མཐའ་ཡས་པའི་གོ་འཕང་ལ༔ མྱུར་དུ་འགོད་པའི་སྣོད་དང་ལྡན་པར་བྱས༔ དེ་ཉིད་ཡོངས་གྱུར་ཨོ་རྒྱན་ཚེ་དཔག་མེད༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་དཀར་དམར་མདངས༔ ཐེག་པ་གསུམ་མཚོན་གསང་གོས་དཀར་པོ་དང་༔ སྔགས་ཀྱི་བེར་སྔོན་ཆོས་གོས་པ་ཏྲ་རིས༔ དབང་མདོག་ཕྱི་ནས་ཟ་བེར་སྨུག་པོས་བཀླུབས༔ དབུ་ལ་པད་ཞྭ་དམར་པོ་འདབ་མ་ལྔ༔ ཐབས་ཤེས་ཉི་ཟླ་དབྱིངས་རིག་རྨ་བྱའི་སྒྲོ༔ མི་ཤིགས་རྡོ་རྗེ་སྣ་ཚོགས་དར་དཔྱངས་ཅན༔ ཕྱག་གཡས་གཞན་སྣང་ཟིལ་གནོན་བདེ་བ་ཆེའི༔ གསེར་གྱི་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ གཡོན་པས་མཉམ་བཞག་ཟག་མེད་སྟོང་ཉིད་ངང་༔ ཤེས་རབ་ཐོད་བུམ་ཡེ་ཤེས་བདུད་རྩིས་བཀང་༔ ཞབས་གཉིས་སྲིད་ཞིར་མི་གནས་སྐྱིལ་ཀྲུང་བཞུགས༔ འཁོར་འདས་ཆོས་ཀུན་ཕྱག་རྒྱ་ཆེན་པོ་རུ༔ རྒྱས་འདེབས་ཤེས་རབ་ཡུམ་མཆོག་མནྡྷ་ར༔ སྦས་པའི་ཚུལ་གྱིས་དུག་གསུམ་རྩད་གཅོད་བརྡར༔ ཁ་ཊཱཾ་རྩེ་གསུམ་མཆན་དུ་འཁྱུད་ཚུལ་མཛད༔ དེ་ཡི་རང་གདངས་ཐུགས་རྗེའི་རང་རྩལ་ལས༔ མདུན་དུ་བཱི་མ་མི་ཏྲ་སྐུ་མདོག་དཀར༔ པཎ་ཞུ་དམར་པོ་ཆོས་གོས་རྣམ་གསུམ་བཀླུབས༔ ཞབས་གཉིས་སྐྱིལ་ཀྲུང་མཉམ་བཞག་ཚེ་བུམ་བསྣམས༔ གཡས་སུ་བོ་དྷི་ས་ཏྭ་དཀར་དམར་མདངས༔ རབ་བྱུང་ཆ་ལུགས་ཕྱག་གཡས་ཆོས་འཆད་རྒྱས༔ པདྨ་དཀར་པོ་ཚེ་བུམ་མཚན་པ་བསྣམས༔ ཕྱག་གཡོན་མཉམ་བཞག་ཐེག་གསུམ་གླེགས་བམ་འཛིན༔ ཞབས་གཉིས་ཕྱེད་དཀྱིལ་དབུ་ལ་པཎ་ཞྭ་དམར༔ གཡོན་དུ་སྒྲུབ་སྡེ་བརྒྱད་ཀྱི་བཀའ་བབ་པ༔ གངས་ཅན་གསལ་བྱེད་ཆོས་རྒྱལ་ཁྲི་སྲོང་རྗེ༔ རྒྱལ་པོའི་ཆ་ལུགས་དཀར་དམར་ལང་ཚོས་སྒེག༔ དར་དཀར་ལ་ཐོད་ནོར་བུའི་པྲོག་ཞུ་དང་༔ བེར་ཕྱམ་སྨུག་པོ་མཉམ་བཞག་ཆོས་འཁོར་བསྣམས༔ རྒྱལ་པོ་རོལ་སྟབས་འགྲོ་ཁམས་ཟིལ་གྱིས་གནོན༔ རྒྱབ་ཏུ་ཚེ་བདུད་བར་ཆད་སེལ་བའི་ལྷ༔ རྟ་མགྲིན་དམར་པོ་ཕག་མོ་ཡུམ་དང་འཁྱུད༔ གྲི་ཐོད་ཕྱག་རྒྱ་ཁྲོ་བོའི་ཆ་ལུགས་རྫོགས༔ རྟ་སྐད་ཕག་ཞལ་ངུར་སྒྲས་སྲིད་གསུམ་གཡོ༔ ཀུན་ཀྱང་ཐུགས་ནི་སྤྲོས་བྲལ་ཆོས་སྐུའི་ངང་༔ གཉུག་མ་མི་ཤིགས་ཚེ་ཡི་དྭངས་བཅུད་འདྲེན༔ གསུང་ནི་ལས་རླུང་གནས་དག་རྡོ་རྗེའི་སྒྲ༔ གྲགས་སྟོང་བརྗོད་མེད་ཚེ་ཡི་སྙིང་པོ་བགྲང་༔ སྐུ་ནི་གསལ་འཚེར་ལྷུན་སྡུག་ཞི་ཁྲོའི་ཉམས༔ མི་འགྱུར་རྡོ་རྗེའི་ཆོས་བདུན་ཡང་དག་ལྡན༔ དེ་དག་རྩོལ་མེད་སྤྲུལ་པའི་རང་རྩལ་ལས༔ ཕྱི་རོལ་འདབ་བརྒྱད་པད་ཉི་ཟླ་གདན་ལ༔ མདུན་ནས་གཡས་བསྐོར་ཐུགས་སྲོག་ཧྲཱིཿཡིག་ལས༔ ཤར་དུ་ཡང་དག་ཐུགས་ཀྱི་རིག་པ་འཛིན༔ ནམ་མཁའི་སྙིང་པོ་དཀར་དམར་རབ་བྱུང་ཆས༔ པཎ་ཞྭ་ཆོས་གོས་ཕྱག་གཡས་མདའ་དར་དང་༔ སྣང་སྲིད་གསལ་བྱེད་ཉི་ཟེར་ཞགས་པ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་ཟག་མེད་ཏིང་འཛིན་ངང་༔ ཤར་ལྷོར་མ་མོ་རྦོད་གཏོང་བཀའ་བབ་པ༔ དཔལ་གྱི་ཡེ་ཤེས་སྔགས་བཙུན་གཞོན་ནུའི་ཆས༔ དར་བེར་སྨུག་པོ་དབུ་སྐྲ་ཕྱམ་བརྡལ་ཅན༔ གཡས་པས་མདའ་དར་ཚེ་ཡི་དྭངས་བཅུད་སྡུད༔ ཞབས་གཉིས་སག་ལྷྭམ་སྣང་སྲིད་མ་མོ་གནོན༔ ལྷོ་རུ་འཇམ་དཔལ་སྐུ་ཡི་བཀའ་བབ་པ༔ སངས་རྒྱས་ཡེ་ཤེས་སྔགས་པ་ཁྲོས་པའི་ཉམས༔ གཡས་པས་མདའ་དར་རང་རྟགས་ཕུར་པ་བསྣམས༔ འཆི་བདག་ཟིལ་གནོན་དམར་སྨུག་བེར་ཕྱམ་དང་༔ སག་ལྷྭམ་གསོལ་ཞིང་སྡེ་བརྒྱད་བྲན་དུ་བཀོལ༔ ལྷོ་ནུབ་ཆེ་མཆོག་ཡོན་ཏན་བཀའ་བབ་པ༔ གཉགས་ཆེན་ཡེ་ཤེས་གཞོན་ནུ་དཀར་དམར་མདངས༔ གཡས་པས་ཚེ་ཡི་མདའ་དར་ཕྱོགས་བཅུར་གཡུགས༔ རབ་བྱུང་ཆ་ལུགས་པཎ་ཞུ་དབང་གི་མདོག༔ ཞབས་གཉིས་ཕྱེད་སྐྱིལ་སྣང་སྲིད་བདུད་རྩིར་ཤར༔ ནུབ་ཏུ་པདྨ་གསུང་གི་བཀའ་བབ་པ༔ རྒྱལ་བ་མཆོག་དབྱངས་དཀར་དམར་རབ་བྱུང་ཆས༔ དབུ་གཙུག་རྟ་མགོ་རྟ་སྐད་སྟོང་གསུམ་སྒྲོག༔ གཡས་པས་མདའ་དར་རང་རྟགས་པདྨ་དམར༔ ཕྱེད་སྐྱིལ་དབང་གི་ཕྲིན་ལས་ཐོགས་པ་མེད༔ ནུབ་བྱང་འཇིག་རྟེན་མཆོད་བསྟོད་བཀའ་བབ་པ༔ དཔལ་གྱི་སེང་གེ་སྔགས་པ་དཀར་ཆས་ཅན༔ ལྕང་ལོ་ཕྱམ་བརྡལ་ཕྱག་གཡས་མདའ་དར་དང་༔ ལྷ་སྲིན་ཟིལ་གནོན་ཞབས་གཉིས་འདོར་སྟབས་བསྒྲད༔ བྱང་དུ་ཕུར་པ་ཕྲིན་ལས་བཀའ་བབ་པ༔ ཡེ་ཤེས་མཚོ་རྒྱལ་བོད་ཀྱི་བུ་མོའི་ཚུལ༔ དཀར་དམར་མཛེས་འཛུམ་མུ་ཏིག་སྟོད་གཡོགས་དང་༔ གཙུག་གཡུ་འོད་འབར་རིན་ཆེན་རྒྱན་མང་སྤྲས༔ ཕྱག་གཡས་ཕུར་བུ་མདའ་དར་ཚེ་གཡང་སྡུད༔ ཞབས་གཉིས་བཞེངས་སྟབས་དགའ་བཞིའི་དབྱིངས་ནས་སྒེག༔ བྱང་ཤར་དམོད་པ་དྲག་སྔགས་བཀའ་བབ་པ༔ རྣམ་སྣང་ལོ་ཙཱ་དམར་སྨུག་རབ་བྱུང་ཆས༔ དཔྲལ་བར་ཨ་ཡིས་མཚན་པའི་ཡེ་ཤེས་མིག༔ མཉམ་བཞག་སྐྱིལ་ཀྲུང་འཁོར་འདས་གཞི་ལ་རྫོགས༔ ཀུན་ཀྱང་ཕྱག་གཡོན་ཚེ་ཡི་བུམ་པ་དང་༔ ཚེ་སྲོག་ཆད་ཉམས་གསོ་བའི་དགོངས་པ་ཅན༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོ་ཡོངས་གྱུར་ལས༔ དཀར་སེར་དམར་ལྗང་ཚེ་ཡི་མགྱོགས་མ་བཞི༔ གཡས་རྣམས་ཕྱོགས་མདོག་མདའ་དར་གཡོན་ཚེ་བུམ༔ རིན་ཆེན་སྣ་བཞིའི་རང་བཞིན་བདུད་རྩིས་བཀང་༔ ཀུན་ཀྱང་དྲི་ཟ་གཤིན་རྗེ་ཀླུ་དབང་དང་༔ གནོད་སྦྱིན་རྣམས་ཀྱི་ལག་ནས་ཚེ་གཡང་འགུགས༔ གཙོ་བོའི་སྤྱི་བོར་རིགས་བདག་འོད་དཔག་མེད༔ བྱུ་རུའི་མདོག་ཅན་མཉམ་བཞག་ལྷུང་བཟེད་འཛིན༔ མཚན་དཔེ་ཡོངས་རྫོགས་ཆོས་གོས་རྣམ་གསུམ་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་ངང་དུ་བཞུགས༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་འོག་མིན་སྐུ་གསུམ་ཞིང་ཁམས་ནས༔ རབ་འབྱམས་རྒྱལ་བའི་ངོ་བོ་ཨོ་རྒྱན་རྗེ༔ བཀའ་བབ་མི་དགུ་རིག་འཛིན་ཚེ་ཡི་ལྷ༔ རྩ་གསུམ་བསྲུང་མ་སྐྱབས་གྱུར་མ་ལུས་པ༔ མཁའ་ལ་ཆར་སྤྲིན་འཁྲིགས་ལྟར་བྱོན་པར་གྱུར༔ ཡེ་ཤེས་སྤྱན་འདྲེན་རྩེ་གཅིག་མོས་པའི་བློས༔ སྤོས་བསྲེག་རོལ་མོ་འཁྲོལ་ཞིང་དབྱངས་དང་བཅས༔ ཧཱུྃ་ཧྲཱིཿ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཕོ་བྲང་ནས༔ མཁའ་ཁྱབ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་༔ སྐྱེ་འཆིའི་འཇིགས་མེད་རིག་འཛིན་ཚེ་ཡི་ལྷ༔ རྩེ་གཅིག་མོས་པས་གནས་འདིར་སྤྱན་འདྲེན་ན༔ ཐུགས་རྗེའི་དབང་གིས་དགྱེས་བཞིན་གཤེགས་སུ་གསོལ༔ ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་བཀའ་བབ་པ༔ ཡེ་ཤེས་ཀློང་དགུའི་སྒྱུ་འཕྲུལ་རིག་པ་འཛིན༔ མི་ཤིགས་གཞོམ་བྲལ་ཚེ་ལ་མངའ་བརྙེས་པ༔ གནས་འདིར་འཆི་མེད་ཚེ་ཡི་དངོས་གྲུབ་མཆོག༔ སྐལ་ལྡན་བདག་ལ་སྩོལ་ཕྱིར་སྤྱན་འདྲེན་ན༔ བྱིན་རླབས་ནུས་མཐུའི་ཤུགས་ཀྱིས་གཤེགས་སུ་གསོལ༔ འཕོ་ཆེན་འཆི་མེད་རྡོ་རྗེའི་སྐུ་བརྙེས་པ༔ ཚེ་ཡི་རིག་འཛིན་པཎ་ཆེན་བཱི་མ་ལ༔ མཁན་ཆེན་ཆོས་རྒྱལ་འཁོར་འདས་དབང་བསྒྱུར་བ༔ དབང་ཆེན་ཡབ་ཡུམ་ཚེ་ཡི་སྒོ་མར་བཅས༔ དེང་འདིར་རྣལ་འབྱོར་གདུང་བས་སྤྱན་འདྲེན་ན༔ ཚེ་ཡི་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ བདེ་སྟོང་ཉམས་རྟོགས་སྤེལ་ཕྱིར་གཤེགས་སུ་གསོལ༔ ཚེ་བདུད་དབྱིངས་སུ་བསྒྲལ་ཕྱིར་གཤེགས་སུ་གསོལ༔ གཞན་ཕན་ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་བིདྱཱ་དྷ་ར་དྷེ་ཝ་ཌཱཀྐཱི་ནི་དྷརྨ་པ་ལ་ཨ་ཡུརྫྙཱ་ན་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་དམ་ཚིག་ཡེ་ཤེས་ལྷ་ཡི་ཚོགས༔ དབྱེར་མེད་གཅིག་ཏུ་བརྟན་པར་བཞུགས་གསོལ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་རིག་པའི་དབྱིངས་ནས་སྤྱན་དྲངས་པའི༔ འཕོ་མེད་དོན་དམ་རིག་འཛིན་ཚེ་ཡི་ལྷ༔ ཀུན་རྫོབ་བློ་ཡིས་བསྐྱེད་པའི་སྒོ་གསུམ་ལྷར༔ ཆུ་ལ་ཆུ་བཞག་ཇི་བཞིན་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ འཕྲུལ་དགའི་ཚུལ་གྱིས་བརྡ་ཕྱག་འཚལ་བ་ནི༔ ཧོ༔ རང་ལས་སྤྲུལ་པའི་ཕྱག་རྒྱ་གར་མཁན་མས༔ སྐུ་གསུམ་འདུ་འབྲལ་མེད་པའི་བརྡ་ཕྱག་གིས༔ བདག་མདུན་དཀྱིལ་འཁོར་ལྷ་ཚོགས་གསང་གསུམ་གྱི༔ ཡོན་ཏན་རྗེས་སུ་དྲན་པས་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ མཆོད་པ་ལ་ཡང་ཕྱི་ནང་གསང་གསུམ་སྟེ༔ དང་པོ་ཕྱི་ཡི་ཉེར་སྤྱོད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ མཆོད་ཡོན་ཁྲུས་ཀྱི་ལྷ་མོ་སྐུ་མདོག་མཐིང་༔ ཁྲུས་བུམ་ཡན་ལག་བརྒྱད་ལྡན་རྙོག་མེད་ཆུས༔ དཀྱིལ་འཁོར་ལྷ་ཚོགས་སྐུ་ལ་ཁྲུས་ཆབ་གསོལ༔ བདག་གཞན་ཉོན་མོངས་སྒྲིབ་པ་གནས་དག་ཤོག༔ མཛེས་སྡུག་གཟུགས་ཀྱི་ལྷ་མོ་དཀར་གསལ་འཛུམ༔ འདབ་ལྡན་ཁ་དོག་སྣ་ཚོགས་སྤྱན་ལ་འབུལ༔ ལྷ་མིག་རྣམ་དག་གཟུགས་འཛིན་སྐྱོན་བྲལ་ཡང་༔ འགྲོ་ཀུན་འཁྲུལ་བའི་མིག་ཤེས་གནས་དག་ཤོག༔ སྙན་འཇེབས་སྒྲ་ཡི་ལྷ་མོ་སྐུ་མདོག་སྔོ༔ ཕྱག་གཉིས་རྒྱུད་མང་བསྟོད་དབྱངས་མི་ཟད་སྒྲོག༔ རྟོག་བྲལ་སྙན་ལ་ཉེར་ལེན་མི་མངའ་ཡང་༔ འགྲོ་རྣམས་གྲགས་སྟོང་ཆོས་ཀྱི་དོན་རྟོགས་ཤོག༔ ཡིད་འོང་དྲི་ཡི་ལྷ་མོ་སྐུ་མདོག་སེར༔ ཕྱག་གཉིས་སྤོས་ཕོར་ཟག་མེད་དྲི་བསུང་འཐུལ༔ བཟང་ངན་དྲིར་འཛིན་ཤེས་པ་རང་གྲོལ་ཀྱང་༔ འགྲོ་རྣམས་ཚུལ་ཁྲིམས་དྲི་ཡིས་ཚིམ་པར་ཤོག༔ ཞིམ་མངར་རོ་ཡི་ལྷ་མོ་ལེ་བརྒན་མདོག༔ རོ་བརྒྱ་ལྡན་པའི་ཞལ་ཟས་ལྗགས་ལ་འབུལ༔ འཇིག་རྟེན་ཟས་ལ་ཞེན་པ་མི་མངའ་ཡང་༔ འགྲོ་རྣམས་སྲེད་ལེན་ཞེན་པ་རང་གྲོལ་ཤོག༔ སྲབ་འཇམ་རེག་བྱའི་ལྷ་མོ་ལྗང་གསལ་མདངས༔ པཉྩ་ལི་ཀའི་ན་བཟའ་སྐུ་ལ་སྒྲོན༔ ལྷ་རྣམས་སྐུ་ལ་ཚ་གྲང་མི་མངའ་ཡང་༔ འགྲོ་རྣམས་སྐྱེ་མེད་བཟོད་པའི་གོས་ཐོབ་ཤོག༔ སྟོང་གསལ་དབྱིངས་ཀྱི་ལྷ་མོ་སྣ་ལྔའི་མདངས༔ བདེ་སྟོང་ཕྱག་རྒྱའི་གར་བསྒྱུར་ཐུགས་ལ་ཐིམ༔ རྣམ་ཀུན་མཆོག་ལྡན་དེར་འཛིན་མི་མངའ་ཡང་༔ འགྲོ་རྣམས་དབྱིངས་རིག་འབྲལ་མེད་དོན་རྟོགས་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡཱ་ཨཱཿཧཱུྃ༔ གཉིས་པ་ནང་གི་མཆོད་པ་འབུལ་བ་ལ༔ རྣམ་པ་གསུམ་ལས་དང་པོ་སྨན་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ རང་བྱུང་མཚན་ལྡན་དུམ་གཅིག་ཀ་པཱ་ལར༔ ཕྱི་ནང་གསང་བའི་རྩ་བརྒྱད་སྟོང་སྦྱར་སྨན༔ དུག་ལྔའི་ནད་འཇོམས་རིགས་ལྔ་བསྒྲུབ་པའི་རྫས༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་དམ་རྫས་སུ༔ རང་བཞིན་ཤེས་ཤིང་རྟོགས་པས་བྱིན་བརླབས་ནས༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྤྲོ་ན་བརྒྱུད་པའི་མཚན་དོན་སྦྱར་ལ་འབུལ༔ གཉིས་པ་ཆགས་བྲལ་རཀྟ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ འཁོར་བའི་རྩ་བ་ཆགས་པ་ཆེན་པོ་ལས༔ རྣམ་གྲོལ་སོ་སོར་རྟོག་པའི་ཡེ་ཤེས་ལ༔ མངའ་དབང་བསྒྱུར་ཕྱིར་རྒྱུ་རྐྱེན་སྣ་ཚོགས་ཁྲག༔ རང་བྱུང་འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གསུམ་པ་དམ་རྫས་གཏོར་མའི་མཆོད་པ་ནི༔ ཧོ༔ སྣ་ཚོགས་རིན་ཆེན་འདུས་པའི་གཏོར་གཞོང་དུ༔ འབྲུ་སྨན་རྩི་བཅུད་སྦྱར་བའི་གཏོར་ཆེན་པོ༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྒྲུབ་པའི་རྫས༔ འགྱུར་མེད་གཉུག་མ་ཚེ་ཡི་ལྷ་ལ་འབུལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ གསང་བ་སྦྱོར་སྒྲོལ་མཆོད་པ་འབུལ་བ་ནི༔ ཨེ་མ་ཧོ༔ ཕྱི་རོལ་ཡུལ་དྲུག་སྟོང་པའི་ཤེས་རབ་མར༔ ནང་གི་དབང་ཤེས་ཐབས་ཀྱི་སེམས་དཔའ་ཆེས༔ ཟག་མེད་བདེ་བ་སྦྱོར་བའི་མཆོད་པ་དང་༔ གཉིས་འཛིན་ལོག་རྟོག་བསྒྲལ་མཆོད་ཆེན་པོ་འབུལ༔ མ་ཧཱ་ཏ་ན་ག་ན་པཱུ་ཛ་ཧོ༔ དེ་ནས་གཙོ་འཁོར་རྣམ་པར་ཤར་བ་ཡི༔ ལྷ་ཚོགས་གསང་གསུམ་ཡོན་ཏན་བསྟོད་པ་ནི༔ ཨེ་མ་ཧོ༔ ངོ་བོ་འགྱུར་མེད་ཆོས་སྐུ་སྣང་མཐའ་ཡས༔ རང་བཞིན་འགགས་མེད་ལོངས་སྐུ་འཆི་མེད་མགོན༔ ཐུགས་རྗེ་རྩོལ་མེད་སྤྲུལ་སྐུ་པདྨ་འབྱུང་༔ སྐུ་གསུམ་དབྱེར་མེད་ཚེ་ཡི་ལྷ་ལ་བསྟོད༔ ཟག་མེད་རྡོ་རྗེའི་སྐུ་བརྙེས་བཱི་མ་ལ༔ ཚེ་ཡི་རིག་འཛིན་མཆོག་གྲུབ་ཞི་བ་འཚོ༔ སྣང་སྲིད་ཟིལ་གནོན་ཆོས་རྒྱལ་ཁྲི་སྲོང་རྗེ༔ རིག་འཛིན་ཡོངས་འདུས་དབྱིངས་ཀྱི་ལྷ་ལ་བསྟོད༔ འཁོར་འདས་དབང་བསྒྱུར་རྟ་མཆོག་ཧེ་རུ་ཀ༔ ཤེས་རབ་སྟོང་དབྱིངས་རྡོ་རྗེ་རྣལ་འབྱོར་ཡུམ༔ ཟུང་འཇུག་སྤྲུལ་པ་ཡི་དམ་དཀྱིལ་འཁོར་ལྷ༔ མཆོག་ཐུན་ཚེ་ཡི་དངོས་གྲུབ་སྩོལ་ལ་བསྟོད༔ གསང་ཆེན་སྲོག་ཤིང་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ སོ་སོའི་བཀའ་བབ་བསྒྲུབ་པས་དངོས་སུ་གྲུབ༔ རྫུ་འཕྲུལ་སྣ་ཚོགས་ཚེ་ཡི་དངོས་གྲུབ་བརྙེས༔ དྲན་པས་འདོད་དགུའི་དཔལ་ཀུན་སྩོལ་ལ་བསྟོད༔ ཤར་ལྷོ་ནུབ་བྱང་གླིང་བཞིའི་ཚེ་གཡང་འགུགས༔ དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་འདུལ༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་མཐུ་མངའ་བ༔ བཀའ་ཉན་སྤྲུལ་པའི་སྒོ་མ་བཞི་ལ་བསྟོད༔ གཞན་ཡང་སྐྱབས་འོས་ལྷ་དང་དྲང་སྲོང་དང་༔ གནས་ཡུལ་ཞིང་སྐྱོང་མཁའ་འགྲོ་ཆོས་སྐྱོང་སོགས༔ དུས་གསུམ་ཀུན་ཏུ་ཕན་བདེ་སྤེལ་བའི་གྲོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་དགོངས་ལའང་རྣམ་པ་གསུམ་ཡིན་ཏེ༔ བསྙེན་དང་སྒྲུབ་པ་ལས་ལ་སྦྱོར་བའོ༔ རང་གི་ཐུགས་ཀར་པད་དཀར་འདབ་བརྒྱད་དབུས༔ ཐབས་ཤེས་དབྱེར་མེད་ཉི་ཟླའི་གདན་གྱི་སྟེང་༔ ཡེ་ཤེས་སེམས་དཔའ་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་པོ་བྱུ་རུའི་ལྷུན་པོ་ལ༔ ཉི་འོད་འཁྱུད་བཞིན་བཀྲག་མདངས་གཟི་འོད་འབར༔ ལོངས་སྤྱོད་རྫོགས་སྐུ་ཚེ་ཡི་བུམ་པ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་བརྟན་པར་བཞུགས༔ ཐུགས་ཀར་ཉི་ཟླའི་གའུའི་དབུས་སུ་ཧྲཱིཿ དེ་མཐར་རྩ་བའི་སྔགས་ཀྱིས་བསྐོར་བར་དམིགས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་ཡུརྫྙཱ་ན་པུརྞྱེ་ཚེ་བྷྲུཾ་རྣྲི་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཙོ་དང་ཡེ་ཤེས་སེམས་ལ་དམིགས་པ་གཏད༔ གྲངས་ཀྱི་བསྙེན་པ་འབུམ་ཕྲག་ལྔ་ཡིན་ལ༔ དུས་བསྙེན་ཟླ་བ་དྲུག་དང་མཚན་མའི་བསྙེན༔ ཞལ་མཐོང་གསུང་ཐོས་ཐ་ན་རྨི་ལམ་དུ༔ ཉི་ཟླ་ཤར་དང་རང་ཉིད་དགྲ་ལས་རྒྱལ༔ གཞན་གྱིས་བཀུར་སོགས་ཚེ་འཕེལ་རྟགས་འབྱུང་ངོ་༔ སྒྲུབ་པའི་དམིགས་པ་ཏིང་འཛིན་འདི་ལྟར་རོ༔ རང་གི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་དང་༔ འཁོར་རྣམས་ཀུན་གྱི་ཐུགས་ཀར་ཉི་ཟླའི་སྟེང་༔ འཁོར་འདས་ཚེ་ཡི་དྭངས་བཅུད་ཡི་གེ་ཧྲཱིཿ དམར་གསལ་བྱུ་རུ་ཕྱིས་འདྲའི་བཀྲག་མདངས་འབར༔ དེ་མཐར་སྔགས་ཕྲེང་འོད་ལྔའི་ཁ་དོག་ཅན༔ གཡས་སུ་འཁོར་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱི་སྣོད་ས་ཆུ་མེ་རླུང་འབྱུང་བ་བཞིའི༔ དྭངས་བཅུད་འོད་ཟེར་གསེར་དངུལ་པད་རག་དང་༔ མརྒད་ལྗང་གུ་ལྟ་བུའི་ཚུལ་དུ་བསྡུས༔ ནང་བཅུད་བསྐལ་པར་གནས་པའི་དྲང་སྲོང་དང་༔ ཚངས་པ་བརྒྱ་བྱིན་ཁྱབ་འཇུག་འཁོར་ལོས་སྒྱུར༔ སྔོན་བསགས་བསོད་ནམས་འབྱོར་བའི་ཚོགས་ཀུན་གྱི༔ བླ་ཚེ་དྭངས་བཅུད་ཨ་རྣྲི་ཧཱུྃ་གསུམ་གྱི༔ རྣམ་པར་ཚུར་བསྡུས་ཐུགས་སྲོག་སྔགས་ཕྲེང་ལ༔ ཐིམ་པས་རང་གི་ལུས་ཀྱི་ཕྱི་ནང་ཀུན༔ ཨོ་རྒྱན་ཚེ་དཔག་མེད་པའི་སྐུ་ཕྲ་མོས༔ ཐེམ་མེར་གང་ཞིང་སྔགས་སྒྲ་དིར་དིར་སྒྲོག༔ འཆི་མེད་རྡོ་རྗེ་ལྟ་བུའི་སྲོག་འགྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་བིདྱཱ་དྷ་ར་ས་མུ་ཏྲ་ཨ་ཡུརྫྙཱ་ན་པུཎྱེ་མ་མ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཏིང་འཛིན་མེ་ལ་བཟླས་བརྗོད་རླུང་ཡིན་ཏེ༔ ཡེང་མེད་ངང་ནས་འབུམ་ཕྲག་གཅིག་བཟླས་ན༔ དུས་མིན་འཆི་བའི་ཚེ་གེགས་ལས་ཐར་ཞིང་༔ རིག་འཛིན་རྒྱ་མཚོས་ཚེ་ཡི་དངོས་གྲུབ་སྟེར༔ ཚེ་བདུད་བགེགས་རིགས་དཔག་ཚད་རྒྱང་གྲགས་བྲོས༔ ཕན་པའི་ཡོན་ཏན་བརྗོད་ཀྱི་མི་ལང་ངོ་༔ ས་མ་ཡཱ༔ གསུམ་པ་བསྒྲུབ་པའི་རིམ་པ་འདི་བཞིན་ཏེ༔ གཙོ་འཁོར་ཀུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་སྣ་ལྔ་མཆོད་པའི་ཚུལ་དུ་འཕྲོས༔ ཕྱོགས་བཅུའི་ཞིང་གི་སངས་རྒྱས་བྱང་སེམས་དང་༔ ཁྱད་པར་སློབ་དཔོན་པད་འབྱུང་ཡབ་ཡུམ་དང་༔ རྒྱ་བོད་ཚེ་ཡི་རིག་པ་འཛིན་རྣམས་ལ༔ མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔའི༔ འགྱུར་མེད་ཚེ་ཡི་དངོས་གྲུབ་སྐྱེས་སུ་སྩོལ༔ རང་ལ་ཐིམ་པས་འགྱུར་བ་མེད་པའི་སྲོག༔ འཆི་མེད་ཚེ་དང་རྒུད་མེད་ལང་ཚོ་ལ༔ མངའ་དབང་འབྱོར་པས་བསྟན་འགྲོའི་དཔལ་དུ་གྱུར༔ ཅེས་བསམ་སྤྲོ་ན་ཚེ་ཡི་མདོ་བརྗོད་ཅིང་༔ མི་ནུས་ཚེ་གཟུངས་གྲངས་བཟུང་བརྒྱ་སྟོང་བཟླ༔ སྐབས་སུ་མཆོད་བསྟོད་ཚིག་འདིས་དངོས་གྲུབ་བསྐུལ༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཕོ་བྲང་ནས༔ རྒྱལ་ཀུན་སྤྱི་མྱེས་མགོན་པོ་ཚེ་དཔག་མེད༔ གང་འདིར་སྤྲུལ་པའི་ཁྲོ་རྒྱལ་རྟ་མཆོག་དཔལ༔ འཆི་མེད་རིག་འཛིན་སྤྲུལ་སྐུ་པདྨ་འབྱུང་༔ འཕོ་ཆེན་སར་བཞུགས་པཎ་ཆེན་བཱི་མ་ལ༔ ཚེ་ཡི་གྲུབ་བརྙེས་བཀའ་བབ་མི་དགུ་སོགས༔ མ་གཡེལ་སྔོན་གྱི་ཐུགས་དམ་དུས་ལ་བབ༔ མི་སྡུག་དུས་ཀྱི་ཁྲོ་གཉེར་འཇིགས་པ་ལས༔ མངོན་པར་སྐྲག་སྟེ་སྒོ་གསུམ་ཚེ་ཡི་ལྷར༔ ངེས་པར་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ འགྱུར་མེད་སྐུ་ཡི་ཚེ་མཆོག་བསྩལ་དུ་གསོལ༔ འགག་མེད་གསུང་གི་རྡོ་རྗེའི་སྒྲ་དབྱངས་སྩོལ༔ འཕོ་མེད་ཐུགས་ཀྱི་གཉུག་མའི་ཚེ་བཅུད་སྩོལ༔ རང་དོན་ཆོས་སྐུ་ཚེ་ཡི་མཆོག་ཐོབ་ནས༔ གཞན་དོན་གཟུགས་སྐུའི་བསྐལ་པ་མ་སྟོངས་བར༔ མི་ཤིགས་རྟག་པའི་ཚེ་ལ་མངའ་བརྙེས་ནས༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར༔ སྐྱེ་དགུ་ཀུན་གྱི་ཕན་བདེའི་འབྱུང་གནས་མཆོག༔ རྩོལ་མེད་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ་འདི་ཉིད་གདགས་པར་བྱ༔ ཀཱ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་དགའ་སྟོན་ཚོགས་ཀྱི་འཁོར་ལོ་ནི༔ སྲིད་པའི་འདོད་ཡོན་དཀར་གསུམ་མངར་གསུམ་དང་༔ ཤ་ཆང་ལ་སོགས་བཟའ་བཏུང་ཅི་འབྱོར་བཤམས༔ ཡེ་ནས་ཚོགས་ཀྱི་འཁོར་ལོའི་རང་བཞིན་ལ༔ ཡིན་པར་ཤེས་ཏེ་ཚིག་འདིས་གསལ་ཡང་གདབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་པས་བདུད་རྩིའི་ཟེགས་མ་རབ་འཐོར་ཏེ༔ ཕྱི་ལྟར་སྣང་སྲིད་ཚོགས་ཀྱི་རང་བཞིན་ལ༔ ནང་ལྟར་ཕུང་ཁམས་སྐྱེ་མཆེད་ཚོགས་ཀྱི་རྫས༔ རིག་འཛིན་ཚེ་ཡི་ལྷ་ཚོགས་དགྱེས་པའི་ཕྱིར༔ ཀུན་བཟང་མཆོད་སྤྲིན་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་བྱ་བ་ནི༔ སྤོས་བསྲེག་རོལ་མོ་འཁྲོལ་ཏེ་གདུང་དབྱངས་ཀྱིས༔ ཨེ་མ་ཧོ༔ རྨད་བྱུང་སྐུ་གསུམ་དག་པའི་ཕོ་བྲང་ནས༔ ཆོས་ལོངས་སྤྲུལ་གསུམ་རིག་འཛིན་ཚེ་ཡི་ལྷ༔ རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ དགའ་སྟོན་མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཡུརྫྙཱ་ན་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ དང་པོ་དཀྱིལ་འཁོར་ལྷ་ལ་འདི་བཞིན་འབུལ༔ ཧྲཱིཿ རྩ་གསུམ་ཡོངས་འདུས་འཆི་མེད་ཚེ་ཡི་ལྷ༔ ཨོ་རྒྱན་ཚེ་དཔག་མེད་མགོན་སྤྲུལ་འཁོར་ལ༔ སྣང་སྲིད་འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་ཚེ་ལ་དབང་བའི་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་ཉེས་ལྟུང་བཤགས་ཕྱིར་འདི་བཞིན་འབུལ༔ ཧོཿ སྐུ་གསུང་ཐུགས་གསུམ་རྩ་བ་ཡན་ལག་གི༔ དམ་ཚིག་ཉམས་ཆག་ཚེ་ལ་བར་ཆད་རྒྱུ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ༔ གནོང་འགྱོད་དྲག་པོས་མཐོལ་བཤགས་ཚོགས་མཆོད་འབུལ༔ སརྦ་ས་མ་ཡཱ་པ་པཾ་ཤུདྡྷེ་ཨ༔ དམིགས་རྟེན་རྫས་ལ་ཚེ་བདུད་འགུག་བསྟིམ་བྱ༔ སྤྲུལ་བའི་ཕོ་ཉས་བསྒྲལ་ཏེ་འདི་བཞིན་འབུལ༔ ཧཱུྃ་ཧྲཱིཿ ཚེ་ཡི་བར་ཆད་སྒྲོལ་མཛད་ལས་ཀྱི་ལྷ༔ དབང་ཆེན་ཁྲོས་པ་པདྨ་ཀཱི་ལ་ཡས༔ ཚེ་བདུད་བསྒྲལ་ཏེ་རྣམ་ཤེས་དག་ཞིང་སྤོར༔ གཟུགས་ཕུང་བདུད་རྩི་དཀྱིལ་འཁོར་ལྷ་ལ་བསྟབ༔ ཧ་ལ་པཉྩ་ཁ་རཾ་ཁཱ་ཧི༔ དེ་ནས་རྣལ་འབྱོར་ཚོགས་ཀྱི་རྫས་ལ་རོལ༔ དབང་བཞིའི་དམ་ཚིག་ཐ་མལ་འདུ་ཤེས་སྤངས༔ མར་གནས་ཚོགས་ཀྱི་ལྷག་མ་བསྔོ་བ་ནི༔ བདུད་རྩིས་ཁ་ཕྲུ་བཏབ་སྟེ་འདི་བཞིན་བསྔོ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕེཾ་ཕེཾ༔ ཧྲཱིཿ ཚེ་ཡི་དཀྱིལ་འཁོར་བཀའ་སྡོད་མུ་རན་སྐྱོང་༔ དབང་ཕྱུག་གིང་ལིང་ཤ་ཟ་རྣལ་འབྱོར་མ༔ གནས་ཡུལ་དུར་ཁྲོད་སྐྱོང་རྣམས་ལྷག་གཏོར་བཞེས༔ ཚེ་གེགས་དབྱིངས་སུ་ཞི་བའི་ཕྲིན་ལས་མཛོད༔ ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ ལྷ་ཚོགས་ཐུགས་དམ་དབྱིངས་ནས་བཞེངས་བསྐུལ་ནི༔ ཧཱུྃ་ཧྲཱིཿ ཀ་དག་ཡེ་ནས་འཕོ་འགྱུར་མེད་པའི་གདངས༔ ལྷུན་གྲུབ་རང་རྩལ་ཡེ་ཤེས་འཇིག་རྟེན་ལྷ༔ རྣལ་འབྱོར་ཚེ་ཡི་བར་ཆད་སེལ་བའི་ཕྱིར༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཁྱད་པར་རྒྱལ་ཀུན་ངོ་བོ་མཚོ་སྐྱེས་རྗེ༔ གཉིས་མེད་ཡུམ་མཆོག་ལྷ་ལྕམ་མནྡྷ་ར༔ བཀའ་བབ་མི་དགུ་ལྷ་དང་དྲང་སྲོང་ཚོགས༔ དེང་འདིར་ཚེ་ཡི་རིག་འཛིན་སྒྲུབ་པ་པོའི༔ ཚེ་བདུད་བར་ཆད་དབྱིངས་སུ་སྒྲོལ་བའི་ཕྱིར༔ སྐྱེ་མེད་ཀློང་ནས་འགག་མེད་རང་གདངས་ཀྱི༔ རྩོལ་མེད་ཞི་དང་ཁྲོ་བོའི་གར་བསྒྱུར་ཏེ༔ བར་ཆད་བདུད་བཞིའི་གཡུལ་ངོ་དབྱིངས་སུ་ཟློག༔ གླགས་ལྟ་འབྱུང་པོའི་ཚོགས་རྣམས་རྡུལ་དུ་རློགས༔ ཉམས་ལེན་མཚན་འཛིན་བག་ཆགས་དྲུང་ནས་ཕྱུངས༔ ལྟ་སྒོམ་ཡེང་འཁྲུལ་འཕྲལ་རྐྱེན་མ་ལུས་སོལ༔ ཚེ་འཕྲང་བར་ཆད་བསུན་མའི་བསླུ་བྲིད་ཟློག༔ རང་རིག་འཆི་མེད་ཚེ་ལྷའི་རང་ཞལ་སྟོན༔ རང་དབང་སྟོབས་བཅུའི་ཡོན་ཏན་རྫོགས་པར་མཛོད༔ དེ་ནས་ཐ་ཚིག་གཏོར་མར་སྨན་རཀ་བྲན༔ སྔོན་གྱི་དམ་ཚིག་བསྒྲགས་པ་འདི་བཞིན་ནོ༔ ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་པདྨོ་བཀོད་ཞིང་དུ༔ རིགས་བདག་ཚེ་དཔག་མེད་མགོན་ཡབ་ཡུམ་གྱིས༔ འཆི་མེད་གཉུག་མའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ རང་རྩལ་ཀུན་རྟོག་ཚེ་བདུད་དབྱིངས་སུ་གྲོལ༔ རང་བབས་གཤིས་ཀྱི་ཚེ་ལ་དབང་བསྒྱུར་ལྟར༔ རང་སྣང་ཐ་ཚིག་གཏོར་མ་འདི་བཞེས་ལ༔ རང་གྲོལ་བྱང་ཆུབ་སེམས་ཀྱི་རང་ཞལ་སྟོན༔ དེ་ཉིད་གདུལ་བྱའི་དོན་དུ་ཨོ་རྒྱན་ཡུལ༔ རང་བྱུང་པདྨའི་སྡོང་པོར་སྐུ་འཁྲུངས་ནས༔ སྤྲུལ་པའི་གནས་མཆོག་མ་རཱ་ཏི་ཀ་རུ༔ ཐབས་ཤེས་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས༔ མཁའ་བཞིན་རྟག་བརྟན་ཚེ་ཡི་རིག་འཛིན་ལ༔ མངའ་དབང་འབྱོར་ཚེ་དམ་ཅན་རྒྱ་མཚོ་ཡིས༔ སྒྲུབ་པོའི་རྣལ་འབྱོར་ཚེ་འཕྲང་བསལ་བ་དང་༔ ཐ་ཚིག་གཏོར་མ་ལེན་པར་ཞལ་བཞེས་ལྟར༔ གང་བཅོལ་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད༔ ཅེས་བརྗོད་ཐ་ཚིག་གཏོར་མ་གཙང་སར་འབུལ༔ དེ་ནས་གཏོར་མའི་བཤལ་ཆུ་བསྟན་སྐྱོང་ལ༔ འབྲུ་གསུམ་བདུད་རྩིས་བྱིན་བརླབས་ཚིག་འདིས་བསྔོ༔ ཧཱུྃ་ཧྲཱིཿ འཁོར་འདས་མཚན་འཛིན་རྟེན་འབྲེལ་བཅུ་གཉིས་དང་༔ ལམ་དུས་རླུང་གི་འཕོ་བ་གནས་དག་པའི༔ རྩལ་སྣང་ཕྱིར་ཤར་བརྟན་མ་བཅུ་གཉིས་པོ༔ རིག་འཛིན་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ རྟག་ཆད་སྟོན་པའི་ཆོས་ལོག་སུན་འབྱིན་ཅིང་༔ དགེ་འདུན་སྡེ་གཉིས་བསྟན་པ་དར་བར་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ གཏོར་གཞོང་འོག་ཏུ་དམ་སྲི་འགུགས་མནན་བྱ༔ ཧཱུྃ་ཧྲཱིཿ རྒྱུ་དྲུག་རྐྱེན་བཞིས་བདེ་གཤེགས་སྙིང་པོ་ལས༔ གློ་བུར་སྒྲིབ་བྱེད་མ་རིག་རྣམ་གསུམ་དང་༔ ཉེ་བར་འབྲེལ་བའི་ལས་ཉོན་སྡུག་བསྔལ་གྱིས༔ རྣམ་པར་གདུང་བྱེད་ཆོས་སྲིད་དམ་སྲིའི་རིགས༔ སྣང་སྲིད་རི་རབ་གླིང་བཞིའི་འོག་ཏུ་གནོན༔ ཡང་དག་རིགས་སད་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བའི་གོ་སྐབས་མེད་པར་གྱུར༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ སླར་ཡང་གཏོར་གཞོང་སྨན་འབྲུས་དགང་བྱ་ཞིང་༔ ཀུན་བརྟགས་བསྐྱེད་པའི་ལྷ་རྣམས་དོན་དམ་གྱི༔ རྫོགས་རིམ་དམིགས་མེད་ཀློང་དུ་བསྡུ་བ་ནི༔ ཧཱུྃ་ཧྲཱིཿ མ་དག་འཁོར་བར་སྣང་བའི་བདེན་ཞེན་ལས༔ ལྡོག་ཕྱིར་ཀུན་ཏུ་བསྐྱེད་པའི་གཟུགས་བརྙན་ལྷ༔ རྣམ་པར་མི་རྟོག་སེམས་ཉིད་འོད་གསལ་གྱི༔ སྟོང་ཆེན་གཉུག་མ་སྤྲོས་བྲལ་ཀློང་དུ་བསྡུ༔ བརྗོད་བྲལ་ཀློང་དུ་དར་ཅིག་མཉམ་པར་བཞག༔ རྣམ་དཀར་དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧོ༔ དགེ་བ་འདི་ཡིས་བདག་གཞན་སེམས་ཅན་ཀུན༔ སྐྱེ་རྒ་ན་འཆི་བདུད་བཞིའི་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་ཚེ་མཐའ་ཡས་པ་ལྟར༔ དོན་གཉིས་ལྷུན་གྱིས་འགྲུབ་པའིརྒྱུར་གྱུར་ཅིག༔ དེ་མ་ཐོབ་པའི་ཚེ་རབས་ཀུན་ཏུ་ཡང་༔ ཡང་དག་དགེ་བའི་བཤེས་དང་ལེགས་འཕྲད་ནས༔ རྒྱལ་སྲས་སྤྱོད་པ་ཆུ་བོའི་རྒྱུན་བཞིན་དུ༔ འགྲོ་ལ་ཕན་བདེ་འབྱུང་བའི་རྒྱུ་རུ་བསྔོ༔ དུས་ཀུན་དགེ་བའི་ཤིས་བརྗོད་བྱ་བ་ནི༔ ཨེ་མ་ཧོ༔ འཆི་མེད་གཉུག་མ་རིག་པའི་རང་ཞལ་སྟོན༔ རིག་འཛིན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ གནས་སྐབས་མཐར་ཐུག་ཚེ་ཡི་དངོས་གྲུབ་སྩོལ༔ འབྲལ་མེད་ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ སྒྲུབ་པའི་གེགས་སེལ་མཐུན་རྐྱེན་འདོད་པ་འཇོ༔ གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་བཀྲ་ཤིས་ཤོག༔ ལས་བཞིའི་ཕྲིན་ལས་གདུལ་བྱའི་རེ་བ་སྐོང་༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཨེ་མ་རྒྱལ་དབང་པདྨའི་བྱིན་རླབས་དང་༔ རིགས་བདག་གྲུབ་དབང་བླ་མས་རྗེས་བཟུང་མཐུས༔ བཀྲ་ཤིས་མཚུངས་མེད་ཌཱཀྐི་ས་མུ་ཏྲའི༔ ཐུགས་རྗེའི་མཐུ་ལས་རང་རིག་སྙིང་པོའི་གཏེར༔ ཀུན་གྱི་སྤྱོད་ཡུལ་མ་ཡིན་རང་གིས་རྙེད༔ དེ་ཕྱིར་ཚེ་ཡི་སྒྲུབ་པ་ཟབ་མོ་འདི༔ ཐེ་ཚོམ་རྟོག་གེ་ཅན་གྱི་ཡུལ་མིན་ཡང་༔ དད་ལྡན་ལས་ཅན་ཟུང་གི་ཆོས་སྐལ་ཡིན༔ སྔོན་དུས་ལས་དང་སྨོན་ལམ་མཐུན་པ་ལས༔ ཟོལ་མེད་ཆོས་འདིས་ཚེ་འཕྲང་བར་ཆད་སེལ༔ ཚེ་ཡི་གསོས་སུ་འགྱུར་རོ་ས་མ་ཡཱཿ གུ་ཧྱ༔ རྒྱལ་དབང་པདྨའི་ཆོས་མཛོད་ལ་ཅུང་ཟད་དབང་བའི་དགེ་སྦྱོང་ལུང་རིག་གླིང་པས་སྤེལ་བ་ཛ་ཡནྟུ༔ མངྒ་ལཾ། དགེའོ།།

ཚེ་སྒྲུབ་བསྐང་བ་མཆོད་སྤྲིན་ཆར་འབེབས།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཚེ་སྒྲུབ་བསྐང་བ་མཆོད་སྤྲིན་ཆར་འབེབས་བཞུགས༔

རྣལ་འབྱོར་ཚེ་ཡི་གེགས་སེལ་ཅིང་༔ མཆོག་ཐུན་དངོས་གྲུབ་ཐོབ་འདོད་པས༔ ཡར་མར་ཚེས་བཅུ་བརྒྱད་སྟོང་ངམ༔ ལྷ་དང་བླ་མ་དྲན་པའི་དུས༔ མཐུན་རྐྱེན་ཡོ་བྱད་ཚོགས་པར་བྱས༔ བཟའ་བཏུང་ཚོགས་ཕུད་ལྷ་ཚོགས་ལ༔ འབུལ་ཞིང་མཆོད་རྫས་བྱིན་བརླབ་ཕྱིར༔ ནམ་མཁའ་མཛོད་ཀྱི་སྔགས་བརྗོད་ཅིང་༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར༔ གུ་རུའི་གཙོར་བཅས་རྩ་གསུམ་ལྷ༔ སངས་རྒྱས་བྱང་སེམས་མ་ལུས་པ༔ མཆོད་ཅིང་ཐུགས་དམ་བསྐང་བསམས་ཤིང་༔ རོལ་མོ་སྙན་པའི་གདུང་དབྱངས་ཀྱིས༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་འདུ་འབྲལ་མེད་པ་ཆོས་སྐུའི་དབྱིངས༔ རང་བཞིན་ལྷུན་གྲུབ་ཀུན་ཁྱབ་འདུས་མ་བྱས༔ འོག་མིན་བདེ་ཆེན་པདྨ་བཀོད་པ་ནས༔ རིགས་བདག་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔ ཐུགས་རྗེའི་རང་རྩལ་རྟ་མཆོག་དབང་གི་ལྷ༔ རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ༔ བཀའ་བབ་མི་དགུ་ལྷ་དང་རིག་འཛིན་ཚོགས༔ མ་ལུས་འཁོར་བཅས་གདུང་བས་གསོལ་འདེབས་ན༔ བརྩེ་ཆེན་ཐུགས་ཀྱིས་བསྐང་བའི་གནས་འདིར་གཤེགས༔ བསོད་ནམས་ཤུགས་ཀྱིས་གྲུབ་པའི་རིན་ཆེན་ཁྲི༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ བདག་ལུས་ཞིང་རྡུལ་གྲངས་མཉམ་གུས་ཕྱག་འཚལ༔ དངོས་བཤམས་ཡིད་སྤྲུལ་བླ་མེད་མཆོད་པའི་སྤྲིན༔ ཡིད་བཞིན་འདོད་རྒུའི་ཆར་ཆེན་འབེབས་པས་མཆོད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལ༔ དད་དང་གུས་པ་ཆེན་པོས་བསྟོད་པར་བགྱི༔ ཧཱུྃ་ཧྲཱིཿ དུས་གསུམ་འཕོ་འགྱུར་མི་དམིགས་ཆོས་ཀྱི་སྐུ༔ ཆོས་སྐུ་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ རང་བཞིན་གསལ་དག་མཚན་དཔེའི་གཟི་བརྗིད་འབར༔ ལོངས་སྐུ་ཚེ་དཔག་མེད་མགོན་ཐུགས་དམ་བསྐང་༔ རྒྱུ་རྐྱེན་མ་གྲུབ་རང་བྱུང་སྤྲུལ་སྐུར་སྣང་༔ གུ་རུ་པདྨ་ཐོད་ཕྲེང་ཐུགས་དམ་བསྐང་༔ ཚེ་བདུད་རུ་ཏྲའི་སྡེ་ཚོགས་ཆམ་ལ་འབེབས༔ དབང་ཆེན་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ ཤེས་རབ་སྟོང་དབྱིངས་སྤྲུལ་པའི་ཌཱཀྐིར་ཤར༔ ལྷ་ལྕམ་མནྡྷ་ར་བའི་ཐུགས་དམ་བསྐང་༔ ཚེ་ལ་མངའ་བརྙེས་པཎ་གྲུབ་རྒྱ་མཚོའི་གཙོ༔ པཎ་ཆེན་དྲི་མེད་བཤེས་གཉེན་ཐུགས་དམ་བསྐང་༔ འཆི་མེད་གྲུབ་བརྙེས་ཐུབ་བསྟན་བོད་དུ་དྲངས༔ མཁན་ཆེན་ཤནྟ་རཀྵིའི་ཐུགས་དམ་བསྐང་༔ བོད་ཡུལ་ཆོས་ཀྱི་སྣང་བས་ཁྱབ་མཛད་པ༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཐུགས་དམ་བསྐང་༔ ལྷོ་བྲག་མཁར་ཆུར་ཡང་དག་གྲུབ་པ་བརྙེས༔ ཐུགས་མཆོག་ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང༔ མཆིམས་ཕུ་དབེན་རྩར་རྟ་མཆོག་དངོས་སུ་གྲུབ༔ གསུང་མཆོག་རྒྱལ་བ་མཆོག་དབྱངས་ཐུགས་དམ་བསྐང་༔ སྒྲགས་ཀྱི་ཡང་རྫོང་གཤིན་རྗེ་གཤེད་པོ་གྲུབ༔ སྐུ་མཆོག་སངས་རྒྱས་ཡེ་ཤེས་ཐུགས་དམ་བསྐང་༔ སེང་གེ་རྫོངས་སུ་ཕུར་པ་ཕྲིན་ལས་གྲུབ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ ཤམ་པོའི་གངས་རིར་མ་མོ་བྲན་དུ་ཁོལ༔ འབྲོག་མི་ཛྙཱ་ན་ཤྲིའི་ཐུགས་དམ་བསྐང་༔ གཡའ་མ་ལུང་དུ་བདུད་རྩིས་དུག་གསུམ་སེལ༔ ཡོན་ཏན་ཛྙཱ་ན་ཀུ་མའི་ཐུགས་དམ་བསྐང་༔ སྟག་ཚང་ཕུག་ཏུ་འཇིག་རྟེན་དྲེགས་པ་བཏུལ༔ རིག་འཛིན་དཔལ་གྱི་སེང་གེའི་ཐུགས་དམ་བསྐང་༔ ལི་ཡུལ་ལྕང་རར་དཔལ་ཆེན་དངོས་དང་མཇལ༔ གྲུབ་དབང་རྣམ་སྣང་ལོ་ཙཱའི་ཐུགས་དམ་བསྐང་༔ བདུད་བཞིའི་གདུག་པ་འདུལ་ཕྱིར་ཁྲོ་ཞིང་སྒེག༔ སྒོ་སྲུང་ཕྱག་རྒྱའི་ལྷ་མོའི་ཐུགས་དམ་བསྐང་༔ ཚེ་འདིར་ཕྱག་རྒྱ་ཆེན་པོའི་རང་ངོ་སྤྲོད༔ བརྒྱུད་ལྡན་དྲིན་ཆེན་བླ་མའི་ཐུགས་དམ་བསྐང་༔ བྱང་ཆུབ་བར་དུ་འབྲལ་མེད་དངོས་གྲུབ་སྩོལ༔ ཡི་དམ་ལྷག་པའི་ལྷ་ཡི་ཐུགས་དམ་བསྐང་༔ བར་ཆད་ཀུན་སེལ་ཕྲིན་ལས་རྣམ་བཞི་སྒྲུབ༔ མཁའ་འགྲོ་དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ རྟག་ཏུ་ཕན་དང་བདེ་བའི་གྲོགས་མཛད་པའི༔ འགོ་བའི་ལྷ་དང་སྲུང་མའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ དེ་ལྟར་མཆོད་འོས་དཀྱིལ་འཁོར་ལྷ་རྣམས་ཀྱི༔ སྐུ་གསུང་ཐུགས་ལ་སྲིད་པའི་འདོད་ཡོན་ལྔ༔ ཉེ་བར་ལེན་པའི་བག་ཆགས་མི་མངའ་ཡང་༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་བསག་ཕྱིར༔ མཆོད་རྫས་ཡོ་བྱད་རྣམས་ཀྱིས་ཐུགས་དམ་བསྐང་༔ ཕྱི་རྒྱུད་གསུམ་ལས་གསུངས་པའི་མཆོད་པའི་རྫས༔ ཁང་བཟང་སྐྱེད་ཚལ་ལྗོན་ཤིང་ཁྲུས་ཀྱི་རྫིང་༔ བཀོད་ལེགས་ཁྲི་རྒྱན་མཆོད་ཡོན་ཞབས་བསིལ་ཆུ༔ མེ་ཏོག་སྣ་ཚོགས་བདུག་སྤོས་སྣང་གསལ་སྒྲོན༔ ཞལ་སྐྱེམས་ཞིམ་མངར་དཀར་གསུམ་བདུད་རྩིའི་ཟས༔ སྲབ་འཇམ་གོས་སོགས་འཁོར་ལོས་སྒྱུར་རྒྱལ་དང་༔ ཆགས་བྲལ་ཚངས་སྤྱོད་ཡོ་བྱད་སྣ་ཚོགས་པས༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ གསང་ཆེན་ནང་གི་རྒྱུད་ལས་བྱུང་བ་ཡི༔ གཙང་རྨེའི་འཛིན་པ་ཀུན་བྲལ་ཨ་མྲི་ཏ༔ ཆགས་བྲལ་དབང་གི་རྫས་མཆོག་རཀྟ་དམར༔ མི་རྟ་ཁྱི་དང་གླང་པོ་མཁའ་ལྡིང་སོགས༔ སྲོག་ཆགས་སྣ་ཚོགས་ལས་ཀྱིས་ཤི་བའི་ཤ༔ ནད་ལྔ་སེལ་ལ་རབ་ཏུ་བསྔགས་པ་དང་༔ རིགས་ལྔ་སྒྲུབ་པའི་དམ་ཚིག་ཁྱད་པར་ཅན༔ དྲི་ཆེན་དྲི་ཆུ་རཀྟ་རྡོ་རྗེའི་ཟིལ༔ མཁའ་དབྱིངས་ཁྲག་སོགས་ཤ་ལྔ་བདུད་རྩི་ལྔ༔ རྩི་བཅུད་སྨན་སྤོས་སྦྱར་བའི་བྷ་ལིང་ཏ༔ ངོ་མཚར་སྨན་དང་རཀྟ་གཏོར་ཆེན་པོས༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ འཇིགས་མཛད་ཁྲོ་བོའི་ལྷ་ཚོགས་དགྱེས་སྐྱེད་རྫས༔ སྐམ་རློན་བམ་རོའི་གདན་དང་མགོ་ཕྲེང་རྔམ༔ མི་གླང་སྟག་གཟིག་པགས་པའི་སྟོད་སྨད་གོས༔ སྦྲུལ་དང་རྒྱུ་མའི་དོ་ཤལ་དམར་ཆེན་སྐྱེམས༔ དབང་ལྔའི་མེ་ཏོག་ཚིལ་ཆེན་བདུག་པའི་དྲི༔ མི་ཚིལ་བཞུས་པའི་སྒྲོན་མ་མཁྲིས་པའི་ཆབ༔ ཤ་རུས་བཟའ་བ་ཀླད་རྐང་ལྡག་གཞིབ་ཟས༔ ཐོད་རྔ་གསང་བའི་རྔེའུ་ཆུང་མི་ལྤགས་འཕན༔ དུར་ཁྲོད་ནང་གི་མཆོད་རྫས་སྣ་ཚོགས་པས༔ བསྐང་ངོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་༔ གཞན་ཡང་འཁོར་ལོས་སྒྱུར་བའི་རིན་ཆེན་བདུན༔ ཉེ་བའི་རིན་པོ་ཆེ་དང་བཀྲ་ཤིས་རྟགས༔ རྫས་མཆོག་བརྒྱད་སོགས་ཁྱད་པར་འཕགས་པའི་རིགས༔ བཅུ་དྲུག་ལང་ཚོས་སྒེག་པའི་ཕྱག་རྒྱ་གར༔ ངོ་མཚར་གླུ་གར་གཡོ་བའི་ཕྱི་ནང་གསང་༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་ལ་སོགས་པ༔ དབང་པོ་དྲུག་ལ་ཟག་མེད་བདེ་སྐྱེད་པའི༔ སྲིད་དང་ཞི་བའི་མཆོད་རྫས་བསམ་འདས་པས༔ རྩ་བརྒྱུད་རིག་འཛིན་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཡེ་ཤེས་འཇིག་རྟེན་ཌཀྐིའི་ཐུགས་དམ་བསྐང་༔ བརྒྱུད་གསུམ་བཀའ་གཏེར་སྲུང་མའི་ཐུགས་དམ་བསྐང་༔ འགོ་བའི་ལྷ་དང་དམ་ཅན་རྒྱ་མཚོ་སོགས༔ རེ་ལྟོས་ཡུལ་དུ་གྱུར་རྣམས་ཐུགས་དམ་བསྐང་༔ ཧྲཱིཿ དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ བདག་ཅག་དཔོན་སློབ་ཡོན་གྱི་བདག་པོར་བཅས༔ སྤྱི་དགོས་ཉེ་བའི་ལྕམ་དྲལ་མི་ནོར་གྱི༔ སྔོན་ལས་འཕྲལ་རྐྱེན་ངན་པ་ལས་བྱུང་བའི༔ ནད་གདོན་འཇིགས་བརྒྱད་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་བུ་ནོར་ཡོན་ཏན་རྒྱས༔ ལྷ་འདྲེ་མི་གསུམ་ཟིལ་གནོན་དབང་དུ་འདུས༔ བསྟན་དང་འགྲོ་བ་རྣལ་འབྱོར་ལ་སྡང་བའི༔ དགྲ་བགེགས་མ་ལུས་རྡུལ་དུ་བརླག་པ་སོགས༔ རབ་འབྱམས་ཕྲིན་ལས་མ་ལུས་འགྲུབ་པ་དང་༔ ཁྱད་པར་སོ་བྱང་སྔགས་ཀྱི་ཉམས་ཆག་ཀུན༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་བྱང་ཞིང་དག༔ མཐོང་ཐོས་དྲན་རེག་འབྲེལ་ཚད་འགྲོ་བ་ཀུན༔ སྤངས་རྟོགས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མྱུར་དུ་འཐོབ་པའི་དགེ་ལེགས་སྩོལ༔ ཅེས་བརྗོད་གཞན་ཡང་ཡི་གེ་བརྒྱ་པ་སོགས༔ བཤགས་ཚིག་ཅི་རིགས་པ་ཡིས་ཉམས་ཆག་བསྐང་༔ དེས་ནི་ཚེ་འདིར་མི་མཐུན་ཀུན་ཞི་ཞིང་༔ ལེགས་ཚོགས་གོང་འཕེལ་འགྱུར་བར་གདོན་མི་ཟ༔ ས་མ་ཡཱ༔ གུ་ཧྱ༔ ལུང་རིག་གླིང་པས་སྤེལ་བའོ།།

ཚེ་སྒྲུབ་མི་ཤིགས་དྭངས་མ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཚེ་སྒྲུབ་མི་ཤིགས་

དྭངས་མ་བཞུགས༔

སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ འཆི་མེད་ཚེ་ཡི་ལྷ་ལ་འདུད༔ སྐལ་ལྡན་ཚེ་ཡི་རིག་འཛིན་མཆོག༔ སྒྲུབ་པར་འདོད་པའི་གང་ཟག་གིས༔ དབེན་པར་སྒྲུབ་རྫས་ཡོ་བྱད་བསྐྱུངས༔ ས་མ་ཡཱ༔ དེ་ལ་སྦྱོར་དངོས་རྗེས་གསུམ་སྟེ༔ དང་པོ་སྐྱབས་སེམས་ཚོགས་བསག་ནི༔ མདུན་མཁར་པདྨ་ཟླ་གདན་ལ༔ ཚེ་དཔག་མེད་མགོན་ལོངས་སྐུའི་ཚུལ༔ རྩ་གསུམ་སྲུང་མའི་ཚོགས་ཀྱིས་བསྐོར༔ ཁྱེད་ཤེས་དད་པའི་སྐྱབས་འགྲོ་ནི༔ ན་མོ༔ བླ་མ་སངས་རྒྱས་ཚེ་དཔག་མེད༔ དཀོན་མཆོག་ཀུན་འདུས་སྐྱབས་ཀྱི་མཆོག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནི༔ འགྲོ་ཀུན་བརྒལ་དཀའི་སྲིད་མཚོ་ལས༔ བསྒྲལ་ཏེ་སངས་རྒྱས་ལ་དགོད་ཕྱིར༔ གསང་གསུམ་མི་ཤིགས་དྭངས་མ་རུ༔ མྱུར་དུ་སྒྲུབ་པར་དམ་བཅའ་འོ༔ ཚོགས་བསག་ཡན་ལག་བདུན་པ་ནི༔ ཧྲཱིཿ རྡུལ་བྲལ་དྭངས་པའི་ནམ་མཁའ་ལ༔ བཞུགས་པའི་རྩ་གསུམ་ལྷ་ཚོགས་དྲུང་༔ རྡུལ་སྙེད་ལུས་སྤྲུལ་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་མཆོད་སྤྲིན་འབུལ༔ སྒོ་གསུམ་བདག་འཛིན་ཉེས་སྒྲིབ་བཤགས༔ སྐྱེ་འཕགས་དགེ་ལ་རྗེས་ཡི་རང་༔ འཆི་མེད་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་ངོར་རྟག་པར་བཞུགས་གསོལ་འདེབས༔ དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ༔ དེ་ཡིས་སྔོན་འགྲོའི་ཆོས་རྣམས་རྫོགས༔ ཚོགས་ཞིང་བསྡུས་ཏེ་རང་ལ་བསྟིམ༔ དངོས་གཞི་ལྷ་བསྐྱེད་བཟླས་པ་དང་༔ དམིགས་པའི་སྤྲོ་བསྡུ་བྱ་བ་འོ༔ དང་པོ་ལྷ་ཡི་ཏིང་འཛིན་ནི༔ ཧྲཱིཿ སྣང་བའི་ཆོས་ཀུན་སྟོང་པའི་ངང་༔ སྟོང་པ་སེམས་ཀྱི་རང་རྩལ་ལས༔ ཕྱི་སྣོད་ཡོན་ཏན་དཔག་མེད་ཞིང་༔ བདེ་ཆེན་ཕོ་བྲང་མཚན་ཉིད་རྫོགས༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲིར༔ པད་ཉི་ཟླ་བའི་གདན་སྟེང་དུ༔ རང་སེམས་ཧྲཱིཿདམར་ཡོངས་གྱུར་ལས༔ ཚེ་དཔག་མེད་མགོན་བཅོམ་ལྡན་འདས༔ པདྨ་རཱ་གའི་མདོག་ལྟར་དམར༔ ཞལ་གཅིག་མཛེས་འཛུམ་མཚན་དཔེས་སྤྲས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དར་ཆས་ལྔ་ཡི་ན་བཟའ་གསོལ༔ རིན་ཆེན་རྒྱན་ཆ་བརྒྱད་ཀྱིས་མཛེས༔ འོད་ཟེར་དཔག་མེད་འཕྲོ་བར་བསྒོམ༔ འཁོར་དུ་ཚེ་ཡི་ལྷ་མོ་བརྒྱད༔ ན་ཆུང་མདའ་དར་ཚེ་བུམ་ནང་༔ འབྱུང་ལྔའི་བཅུད་ཀྱི་བདུད་རྩིས་གཏམས༔ གར་སྟབས་དར་དང་རིན་ཆེན་རྒྱན༔ གཞན་ཡང་ལྷ་དང་རིག་འཛིན་ཚོགས༔ ཀུན་ཀྱང་འཆི་མེད་དངོས་གྲུབ་མཆོག༔ ཡིད་ལ་གང་འདོད་སྩོལ་བར་བསམ༔ ལྷ་རྣམས་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ནས༔ སྤྱན་དྲངས་བསྐྱེད་པའི་ལྷ་ལ་ཐིམ༔ གཉིས་མེད་ངང་དུ་བརྟན་པར་བཞུགས༔ སྤྲུལ་པའི་ལྷ་མོས་བརྡ་ཕྱག་འཚལ༔ ཡུལ་དྲུག་མཆོད་པའི་ཕྱག་རྒྱར་འབུལ༔ འཆི་མེད་གཉུག་མའི་ལྷ་ལ་བསྟོད༔ བདག་རྟོག་ཉམས་ཆག་སྟོང་དབྱིངས་བཤགས༔ གཉིས་པ་བཟླས་པ་བྱ་བ་ནི༔ བདག་བསྐྱེད་ཐུགས་ཀར་ཉི་ཟླ་ཡི༔ ག་འུ་ཁ་སྦྱོར་ལྟེ་བ་ལ༔ ཧྲཱིཿདམར་སྔགས་ཕྲེང་འོད་ལྔའི་མདངས༔ གཡས་སུ་འཁོར་ལ་སེམས་གཏད་དེ༔ ཡེངས་མེད་ངང་ནས་བཟླས་པ་བྱ༔ ཨོཾ་ཨ་མ་ར་ཎ་ཛི་བནྟི་ཡེ་སྭཱ་ཧཱ༔ འབྲུ་འབུམ་བཟླ་བ་ལས་རུང་ངོ་༔ གསུམ་པ་དམིགས་པའི་འཕྲོ་འདུ་ནི༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ སྐུ་གསུང་ཐུགས་ཀྱི་ཚེ་བཅུད་བསྡུས༔ མར་འཕྲོས་འགྲོ་ཀུན་བར་ཆད་བསལ༔ ཀུན་ཀྱང་འཆི་མེད་མགོན་པོ་ཡི༔ གསང་བ་གསུམ་དང་དབྱེར་མེད་ངང་༔ བདག་གི་ཚེ་ཡི་གསོས་བྱས་ནས༔ ཆད་པ་མཐུད་ལ་ཡར་བ་ཁུག༔ གས་པ་སྦྱོར་ལ་ཉམས་པ་འཕེལ༔ ཞེས་བསམ་ཚེ་གཟུངས་འབུམ་དུ་བཟླ༔ རྗེས་ཀྱི་རིམ་པ་ལའང་གསུམ༔ བསྟོད་ཅིང་བསྡུ་རིམ་ཤིས་བརྗོད་དོ༔ དང་པོ་བསྟོད་པས་ཅི་རིགས་བསྟོད༔ གཉིས་པ་བསྡུ་རིམ་འདི་ལྟར་བྱ༔ ཧྲཱིཿ ཀུན་བརྟགས་བསྐྱེད་པ་རྒྱུ་ཡི་ལྷ༔ གཞན་དབང་དམིགས་མེད་སྟོང་པར་བསྡུ༔ དོན་དམ་ཡོངས་གྲུབ་འབྲས་བུའི་ལྷར༔ མི་དམིགས་མཉམ་པར་ཨེ་མ་ཧོ༔ གསུམ་པ་ཤིས་བརྗོད་བྱ་བ་ནི༔ ཧྲཱིཿ སྐྱེ་འཆིར་བཏགས་པ་འཁོར་བའི་ཆོས༔ གང་ཡང་གྲུབ་པ་མ་མཆིས་པ༔ འཆི་མེད་ཡེ་ཤེས་སྐུ་བཞིའི་ལྷར༔ ཚེ་འདིར་མངོན་གྱུར་བཀྲ་ཤིས་ཤོག༔ ས་མ་ཡཱཿ དེ་ལྟར་ཚེ་སྒྲུབ་ཟབ་མོ་འདི༔ བཀའ་གཏེར་ཟུང་འཇུག་དགོངས་པའི་བཅུད༔ གང་གིས་ཉམས་བླངས་ཚེ་གེགས་སེལ༔ བསླུ་མེད་མཚོ་རྒྱལ་ཐུགས་ཐིག་གོ༔ འདི་རིང་མོ་ནས་དག་སྣང་དུ་བབས་ཀྱང་སྤེལ་བའི་དུས་ལ་མ་བབས་པས་མི་ལོ་བཅོ་ལྔར་སྙིང་སྒྲོམ་དུ་སྦས་པ་སླར་ལས་སྐལ་དང་ལྡན་པས་བསྐུལ་ངོར་པདྨའི་ཆོས་མཛོད་ལ་ཅུང་ཟད་དབང་བའི་དགེ་སྦྱོང་བྷུ་སུ་ཀུ་ལུང་རིག་གླིང་པས་སྤེལ་བ་ཛ་ཡནྟུ༔ མངྒ་ལཾ། དགེའོ།།

ཚེ་དབང་འཆི་མེད་བདུད་རྩིའི་བུམ་པ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཚེ་དབང་འཆི་མེད་

བདུད་རྩིའི་བུམ་པ་བཞུགས༔

རབ་འབྱམས་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན༔ གུ་རུ་ཚེ་དཔག་མེད་པ་ཡི༔ ཚེ་དབང་བདུད་རྩིའི་བུམ་པ་བསྟན༔ དཀྱིལ་འཁོར་བློ་དང་འཚམས་པ་རུ༔ ཡིད་འོང་མཛེས་པའི་གདན་གྱི་ཁར༔ འབྲས་ཀྱི་ཚོམ་བུ་ལྷ་གྲངས་བཀོད༔ དབུས་སུ་བུམ་པ་བཅུད་ཀྱིས་བཀང་༔ ཁ་རྒྱན་སྐུ་དང་བཅས་པ་གཟུགས༔ ཤར་དུ་ཚེ་ཡི་རིལ་བུ་དང་༔ དེ་བཞིན་ལྷོ་རུ་ཚེ་ཆང་ངོ་༔ ནུབ་ཏུ་སྒྲུབ་གཏོར་བྱང་མདའ་དར༔ གཞན་ཡང་ལྷ་གྲངས་གཟུགས་བརྙན་འགོད༔ སྨན་རཀ་ཉེར་སྤྱོད་ཚོགས་ཀྱི་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ བསྙེན་དང་སྒྲུབ་པ་སྔོན་སོང་ནས༔ བུམ་པར་དཀྱིལ་འཁོར་ལྷ་ཚོགས་བསྐྱེད༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ ལྷ་ཚོགས་སྐུ་ལས་བདུད་རྩིའི་རྒྱུན༔ འཆི་མེད་ཚེ་ཡི་རང་བཞིན་ཅན༔ བབས་པས་བུམ་པ་སྟེམ་གྱིས་གང་༔ བཟླས་པ་བྱ་ཞིང་མཆོད་བསྟོད་མཐར༔ དབང་བླངས་ལས་བུམ་བདུད་རྩི་འཁྱིལ༔ བསྐྱེད་ཅིང་སྔགས་བཟླས་མཆོད་པའི་མཐར༔ གུས་པས་བསྟོད་པ་འདི་བཞིན་བྱ༔ རྒྱལ་ཀུན་ཕྲིན་ལས་བདག་ཉིད་ཅན༔ ཉོན་མོངས་བདུད་བཞིའི་ནད་རྣམས་ཀུན༔ འཇོམས་མཛད་སྔགས་ཀྱི་རྩི་བཅུད་འཆང་༔ ཆོས་ཉིད་ཀློང་དུ་འཁོར་འདས་ཀུན༔ བདེ་ཀློང་ཡངས་པར་འཁྱིལ་མཛད་པ༔ ཁྲོ་བོའི་དབང་པོ་ཁྱེད་ལ་བསྟོད༔ མི་གཙང་དྲི་མ་དག་མཛད་གསོལ༔ ཞེས་བརྗོད་ལྷ་ཉིད་འོད་དུ་ཞུ༔ བདུད་རྩི་བུམ་ཆུའི་རྣམ་པར་བསམ༔ དེ་ནས་སློབ་མ་མདུན་དུ་འཁོད༔ ལས་བུམ་ཆུ་ཡིས་ཁྲུས་བྱས་ཏེ༔ བགེགས་གཏོར་འབྲུ་གསུམ་སྔགས་ཀྱིས་བརླབས༔ ནམ་མཁའ་མཛོད་དང་གནོད་མཛེས་ཀྱི༔ སྔགས་གསུམ་བཟླ་ཞིང་གཡས་གཡོན་བསྐོར༔ བགེགས་ལ་བསྔོ་བའི་ཚིག་འདིས་སྦྱིན༔ ཧཱུྃ་ཧྲཱིཿ ཚེ་རབས་སྔོན་ནས་ཆགས་པའི་ལན་ཆགས་བགེགས༔ གློ་བུར་རྐྱེན་ལས་བྱུང་བའི་འབྱུང་པོའི་རིགས༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ་པ་རྣམས༔ བླ་གླུད་མར་མེ་ཆངས་བུས་ཚིམས་པར་གྱིས༔ འདི་རུ་མ་འདུག་རྒྱ་མཚོའི་ཕ་མཐར་དེངས༔ བཀའ་ལས་འདས་ན་ཁྲོ་མཚོན་མེ་དཔུང་གིས༔ ཐལ་བའི་རྡུལ་དུ་བརླག་པར་གདོན་མི་ཟ༔ སུམ་བྷ་ནི་བརྗོད་ཡུངས་ཐུན་བྲབ༔ ཚམས་རྔམ་རོལ་མོ་དྲག་ཏུ་བྱ༔ སྲུང་བའི་འཁོར་ལོས་རྒྱས་གདབ་ཅིང་༔ རྡོ་རྗེ་བསོར་ཞིང་རཀྵ་བརྗོད༔ སློབ་མ་ཆོས་ལ་བློ་བསྐུལ་ཕྱིར༔ དལ་འབྱོར་རྙེད་དཀའ་མི་རྟག་དང་༔ ཁྱད་པར་དུས་མིན་འཆི་རྐྱེན་དང་༔ ཚེ་ཟད་རྟགས་དང་གསོ་བྱེད་ཀྱི༔ སློབ་དཔོན་གསོ་ཐབས་ཆོས་འདི་ཡི༔ ལོ་རྒྱུས་བརྗོད་ཅིང་སློབ་མས་ཀྱང་༔ རིན་ཆེན་སྨན་འབྲུའི་མཎྜལ་འབུལ༔ བླ་མ་པད་འབྱུང་དབྱེར་མེད་ལ༔ དབང་དོན་གསོལ་བ་འདི་བཞིན་གདབ༔ ཧྲཱིཿ འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི༔ རྒྱལ་བ་སྲས་དང་བཅས་པའི་ངོ་བོ་ཉིད༔ འཆི་མེད་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ བདག་ལ་ཚེ་ཡི་དབང་བསྐུར་བསྩལ་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བཏབ་རྗེས༔ སློབ་མར་དམ་ཆུ་བླུད་བྱས་ཏེ༔ ཧཱུྃ་ཧྲཱིཿ ཁྱོད་ཉིད་དུས་མིན་འཆི་བའི་འཇིགས་པ་ལས༔ སྐྱོབས་མཛད་ཚེ་ཡི་བདག་པོ་བླ་མ་ལ༔ སྐད་ཅིག་ཙམ་ཡང་ལོག་པའི་བློ་སྤངས་ནས༔ རྩ་གསུམ་དམ་ཚིག་སྲོག་ལ་བབ་ཀྱང་བསྲུང་༔ གལ་ཏེ་འདས་ན་མནར་མེད་མེ་ཡིས་འཚིག༔ དེ་ཕྱིར་སྙིང་ནས་རྡོ་རྗེའི་བྲོ་བོར་ཅིག༔ སློབ་མས་སྔགས་ཀྱི་རྗེས་བཟློས་བྱ༔ བཛྲ་ས་མ་ཡཱ་ན་ར་ཀན༔ རཀྴ་སི་ཧཱུྃ༔ མནའ་ཆུ་འཆང་ཞིང་ཡིད་ལ་བརྣག༔ མདུན་མཁར་ཚོགས་ཞིང་གསལ་གདབ་སྟེ༔ གཞུང་གི་སྐྱབས་སེམས་རྗེས་བཟློས་བྱ༔ སླར་ཡང་གསོལ་བ་འདི་བཞིན་འདེབས༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་ཚེ་ཡི་རིག་པ་འཛིན༔ ལྷག་པའི་ལྷ་མཆོག་མཚོ་སྐྱེས་སྤྲུལ་པའི་སྐུ༔ བདག་ཅག་སྲོག་གི་འཇིགས་ལས་སྐྱོབ་པའི་ཕྱིར༔ ཁྱོད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས༔ ལན་གསུམ་གསོལ་བ་བཏབ་པའི་མཐར༔ བླ་མས་བུམ་པ་ཕྱག་ཏུ་བླངས༔ ཧྲཱིཿ བཀྲ་ཤིས་ཡོན་ཏན་ཀུན་འབྱུང་བུམ་པ་བཟང་༔ འཆི་མེད་བུམ་བཅུད་རིག་འཛིན་ཚེ་ཡི་ལྷ༔ ཟག་མེད་བདུད་རྩིའི་རྣམ་པར་འོད་དུ་ཞུ༔ སྐལ་ལྡན་བུ་ཡི་སྒོ་གསུམ་ལ་ཐིམ་པས༔ ལས་ཉོན་བག་ཆགས་སྒྲིབ་པ་ཀུན་དག་ནས༔ འགྱུར་མེད་རྡོ་རྗེ་གསུམ་གྱི་དཔལ་ཐོབ་ཤོག༔ མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་མགོར་བཞག་བུམ་ཆུ་བླུད༔ ཚེ་གཟུངས་ལན་གསུམ་བརྗོད་པའི་མཐར༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ ཚེ་རིལ་སློབ་བུའི་ལག་གཡས་སྦྱིན༔ ཧྲཱིཿ སྔོན་ཚེ་རྒྱལ་པོ་གཙུག་ལག་འཛིན་པ་ཡིས༔ སྐྱེ་བདུན་རིལ་བུས་ཚེ་ཡི་གྲུབ་བརྙེས་ལྟར༔ ལྷ་སྔགས་ཏིང་འཛིན་ནུས་པས་བྱིན་བརླབས་པའི༔ ཚེ་ཟན་སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས༔ ལོ་བརྒྱ་འཚོ་བའི་ཚེ་ལ་མངའ་བརྙེས་ཤིང་༔ སྟོན་བརྒྱ་མཐོང་བའི་དཔལ་ལ་ལོངས་སྤྱོད་ཤོག༔ མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བཟའ་རུ་བཅུག་ཅིང་ཚེ་ཡི་གཟུངས༔ ལན་གསུམ་བཟླ་ཞིང་ཤིས་པ་བརྗོད༔ ཚེ་ཆང་ཤེས་རབ་ལག་གཡོན་སྦྱིན༔ ཧྲཱིཿ ཕོ་བྲང་རི་བོ་ཏ་ལའི་བྱང་ཤར་མཚམས༔ མཱ་ར་ཏི་ཀར་ཤེས་རབ་མནྡྷ་རས༔ བྱང་སེམས་བདུད་རྩིས་རྡོ་རྗེའི་སྐུ་བརྙེས་ལྟར༔ སྐལ་ལྡན་མགྲིན་པར་ཚེ་ཆང་བཅུད་བསྟིམ་པས༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་བར༔ དེ་སྲིད་འོད་ལུས་འགྲོ་བའི་དོན་བྱེད་ཤོག༔ མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་ཆང་བཏུང་ཞིང་སློབ་དཔོན་གྱིས༔ ཚེ་གཟུངས་བཟླས་རྗེས་ཤིས་པ་བརྗོད༔ དབང་རྫས་སྒྲུབ་གཏོར་སྤྱི་བོར་བཞག༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ སྤྲུལ་སྐུ་པད་འབྱུང་ཚེ་ཡི་རིག་པ་འཛིན༔ བརྒྱུད་གསུམ་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས༔ སྐལ་ལྡན་བུ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དུས་མིན་འཆི་བའི་ཚེ་ཡི་བར་ཆད་ལས༔ བརྩེ་ལྡན་ཁྱེད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཚེ་སྲོག་ཆད་དང་ཡར་བ་ལྷ་འདྲེས་བརྐུས༔ དབང་བཅུ་མངའ་བས་མཐུད་དང་བསྡུད་ཅིང་ཕྲོག༔ མི་འགྱུར་མི་ཤིགས་བརྟན་པར་མཛད་དུ་གསོལ༔ གུ་རུ་ཨ་ཡུརྫྙཱ་ན་གུརྞ་ཨ་བྷི་ཥིཉྩ་ཧཱུྃ༔ མདའ་དར་གཡབ་ཅིང་ཚེ་འགུགས་འདོན༔ སློབ་བུའི་སྤྱི་བོར་རྒྱས་གདབ་ཅིང་༔ ཧྲཱིཿ དང་པོ་སྤྲོས་བྲལ་ཆོས་སྐུ་སྟོང་པའི་རྒྱ༔ གཉིས་པ་ཐབས་ཤེས་ལོངས་སྐུ་ཟུང་འཇུག་རྒྱ༔ གསུམ་པ་སྣ་ཚོགས་སྤྲུལ་སྐུ་འགྲོ་འདུལ་རྒྱ༔ བཞི་པ་ཚད་མེད་ཕྲིན་ལས་རྣམ་བཞིའི་རྒྱ༔ ལྔ་པ་རང་བྱུང་ཡེ་ཤེས་རྣམ་ལྔའི་རྒྱ༔ དྲུག་པ་རིགས་དྲུག་གནས་སྒྲོལ་ཐུགས་རྗེའི་རྒྱ༔ བདུན་པ་བྱང་ཆུབ་ཡན་ལག་བདུན་གྱི་རྒྱ༔ རྒྱ་བདུན་གདབ་པས་སློབ་བུའི་ཚེ་དང་སྲོག༔ ཕྲ་རགས་བགེགས་ཀྱི་འཚེ་བས་མི་ཚུགས་ཤིང་༔ གཟུང་འཛིན་བདུད་ལས་རྒྱལ་བའི་གདེང་ཐོབ་ཤོག༔ བཛྲ་རཀྵ་རཀྵ་བྷྲུཾ༔ ཚེ་གཟུངས་བརྗོད་ཅིང་རྒྱ་གྲམ་གདབ༔ ཤིས་པ་བརྗོད་པས་མཐའ་བརྒྱན་ནོ༔ གལ་ཏེ་ཚེ་ཡི་གདམས་པ་འདི༔ བསྙེན་སྒྲུབ་ལྷག་པའི་ལྷར་འཛིན་ན༔ གོང་གི་བུམ་པའི་དབང་བསྐུར་རྗེས༔ ལྷ་གྲངས་ཙཀ་ལི་སྤྱི་བོར་བཞག༔ སློབ་བུའི་ལག་ཏུ་རིམ་བཞིན་གཏད༔ དང་པོ་གཙོ་བོའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ སྐྱེ་རྒ་ན་འཆི་བདུད་བཞིའི་ཆུ་བོ་ལས༔ ཚད་མེད་ཐུགས་རྗེའི་གྲུ་བོས་ལེགས་བརྒལ་ཏེ༔ མཆོག་ཐུན་དངོས་གྲུབ་ནོར་བུའི་གཏེར་འཆང་བ༔ རིག་འཛིན་མཚོ་སྐྱེས་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་བྷི་ཥིཉྩ་ཧཱུྃ༔ བཱི་མ་བོ་དྷི་ཆོས་ཀྱི་རྒྱལ༔ སྐུ་གཟུགས་སྤྱི་བོར་དབང་བསྐུར་ཏེ༔ ཧྲཱིཿ བཱི་མ་མི་ཏྲ་པཎ་གྲུབ་རྒྱ་མཚོའི་གཙོ༔ བོ་དྷི་ས་ཏྭ་ཐུབ་བསྟན་རྒྱ་མཚོའི་སྲོག༔ ཆོས་ཀྱི་རྒྱལ་པོ་འགྲོ་ཁམས་རྒྱ་མཚོའི་མགོན༔ བསྟན་འགྲོའི་སྲོག་ཤིང་གསུམ་གྱི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཱི་མ་མི་ཏྲ་བོ་དྷི་ས་ཏྭ་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ རྟ་མཆོག་འཆི་མེད་མགོན་པོ་དང༔ སྣང་མཐའ་གསུམ་གྱི་སྐུ་ཐོགས་ཏེ༔ སྤྱི་བོར་དབང་བསྐུར་འདི་སྐད་དོ༔ ཧྲཱིཿ རྟ་མཆོག་རྒྱལ་པོས་འཁོར་འདས་ཟིལ་གྱིས་གནོན༔ ཚེ་དཔག་མེད་མགོན་དྲན་པས་བདུད་ལས་སྐྱོབ༔ སྣང་བ་མཐའ་ཡས་འགྲོ་ཀུན་རྗེས་སུ་སྐྱོང༔ རྩ་བའི་ལྷ་མཆོག་གསུམ་གྱི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་ཧྱ་གྷྲི་ཝ་ཨ་ཡུ་དྷེ་ཝ་ཨ་མི་ཏ་བྷ་ཨ་བྷི་ཥིཉྩ་ཧཱུྃ༔ ནམ་སྙིང་དཔལ་ཡེ་གཉིས་ཀྱི་དབང་བསྐུར་ཏེ༔ ཧྲཱིཿ ནམ་མཁའི་སྙིང་པོ་ཡང་དག་གྲུབ་པ་བརྙེས༔ ཉི་ཟླ་གདན་བཏིང་དཔལ་གྱི་ཡེ་ཤེས་ཀྱིས༔ སྣང་སྲིད་མ་མོ་བྲན་ཁོལ་དབང་དུ་བསྡུས༔ གསང་སྔགས་གྲུབ་བརྙེས་རིག་འཛིན་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ག་ག་གརྦྷ་ཤྲི་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གནུབས་ཆེན་གཉགས་ལོ་གཉིས་ཀྱི་དབང་བསྐུར་ཏེ༔ ཧྲཱིཿ བྷུདྡྷ་ཛྙཱ་ནས་གཤིན་རྗེའི་གྲུབ་པ་བརྙེས༔ བྲག་ལ་ཕུར་གདབ་ཛྙཱ་ན་ཀུ་མཱ་རས༔ སྲ་བའི་བྲག་ལས་ཟག་མེད་བདུད་རྩི་འབྱིན༔ གསང་སྔགས་གྲུབ་བརྙེས་རིག་འཛིན་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བྷུདྡྷ་ཛྙཱ་ན་ཛྙཱ་ན་ཀུ་མཱ་ར་ཨ་བྷི་ཥིཉྩ་ཧཱུྃ༔ མཆོག་དབྱངས་དཔལ་སེང་གཉིས་ཀྱི་དབང་བསྐུར་ཏེ༔ ཧྲཱིཿ རྒྱལ་བ་མཆོག་དབྱངས་གསུང་གི་གྲུབ་པ་བརྙེས༔ རྟ་སྐད་གཙུག་བཏོན་དཔལ་གྱི་སེང་གེ་ཡིས༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ གསང་སྔགས་གྲུབ་བརྙེས་རིག་འཛིན་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛི་ན་པྲ་སྭ་ར་ཤྲི་སེང་ཨ་བྷི་ཥིཉྩ་ཧཱུྃ༔ མཚོ་རྒྱལ་བཻ་རོ་གཉིས་ཀྱི་དབང་བསྐུར་ཏེ༔ ཧྲཱིཿ མཁར་ཆེན་མཚོ་རྒྱལ་ཕུར་པའི་གྲུབ་པ་བརྙེས༔ བསད་པ་གསོ་ནུས་རྣམ་སྣང་ལོ་ཙཱ་ཡིས༔ དྲག་སྔགས་དམོད་པས་ལོག་འདྲེན་ཆམ་ལ་འབེབས༔ གསང་སྔགས་གྲུབ་བརྙེས་རིག་འཛིན་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཛྙཱ་ན་སྭ་ར་རཱ་ཛ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་སྲུང་ལྷ་མོ་བཞི་ཡི་དབང་བསྐུར་ཏེ༔ ཧྲཱིཿ ཚེ་སྲོག་ཆད་ཉམས་འཐོར་བ་འགུགས་ཤིང་འཆིང་༔ ཚེ་བདུད་བར་ཆད་མྱོས་ཤིང་བརྒྱལ་བར་བྱེད༔ སྒོ་སྲུང་ཚེ་ཡི་ལྷ་མོ་རྣམ་པ་བཞིས༔ སྐལ་ལྡན་ཚེ་ཡི་བར་ཆད་སེལ་བར་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རྫས་སྦྱིན་ཅིང་ཤིས་པ་བརྗོད༔ དགའ་སྟོན་བྱ་ཞིང་བསྲུང་བྱ་ནི༔ རྟེན་གསུམ་བཞེངས་དང་ཚེ་ཐར་གཏོང་༔ ཉེའུ་འདོན་དང་ཚེ་གཟུངས་བཟླ༔ གཞན་ལ་གནོད་པ་སྤངས་པ་སོགས༔ དམ་ཚིག་ཁས་བླངས་མཎྜལ་འབུལ༔ ལུས་དང་ལོངས་སྤྱོད་བླ་མར་བསྔོ༔ དགེ་བ་མཁའ་ཁྱབ་གཞན་དོན་དུ༔ ཕངས་པ་མེད་པའི་བློ་ཡིས་གཏོང་༔ ས་མ་ཡཱཿ མ་འོངས་སྐལ་ལྡན་དོན་ཆེད་དུ༔ ཚེ་ཡི་སྒྲུབ་པ་དཔག་མེད་སྦས༔ ཁྱད་པར་དགོངས་པའི་བརྡའ་རིས་ནི༔ དུས་བབ་ལས་ལྡན་བློ་ལ་འཆར༔ བཀའ་ཡི་སྲུང་མ་སྔགས་བདག་མས༔ རྟག་ཏུ་མེལ་ཚེ་གཡེལ་མེད་མཛོད༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པ་ཞེས། །འགྲོ་ལ་ཕན་སེམས་འཆང་བ་ཡིས། །སྙིང་ལ་སྦས་ཏེ་གབ་སྙམ་ཡང་། །དུས་བབས་ཉམས་ཀྱི་སྣང་བ་ལ། །ལྷ་དང་བླ་མས་བསྐུལ་བྱང་བྱུང་། །ཐེ་ཚོམ་མེད་པར་སྤེལ་བ་འདིར། །ཉེས་པ་གང་བྱས་ལྷ་ལ་བཤགས། །དགེ་བས་འདི་དང་གང་འབྲེལ་ཀུན། །འཆི་བདག་བདུད་ཀྱི་གཡུལ་ངོ་ལས། །རྣམ་པར་རྒྱལ་ཏེ་རྣམ་མཁྱེན་གྱི། །གོ་འཕང་མཆོག་ལ་འགོད་པར་ཤོག །

ཚེ་འགུགས་སྣང་བ་དབང་སྡུད།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཚེ་འགུགས་སྣང་བ་

དབང་སྡུད་བཞུགས་སོ༔

ཡི་དམ་ལྷག་པའི་ལྷ་ལ་འདུད༔ རིག་འཛིན་ཐུགས་བཅུད་ཚེ་སྒྲུབ་ལས༔ ཟུར་རྒྱན་ཚེ་འགུགས་བྱ་བ་ནི༔ བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་པས༔ དམིགས་གནད་ལྡན་པས་འཛབ་བཟླས་ཤིང་༔ མཆོད་བསྟོད་བྱས་ཤིང་བདག་མདུན་ལྷའི༔ སྐུ་ལས་འོད་ཟེར་ཁ་དོག་ལྔ༔ འཕྲོས་པས་སྐུ་གསུམ་རྒྱལ་བ་སོགས༔ སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་མཐུས་ཚེ་གཡང་དང་༔ འཁོར་བ་རྟེན་དང་བརྟེན་པ་ཡི༔ འབྱུང་བ་ལྔ་དང་ལྷ་དང་མིའི༔ ཚེ་བཅུད་མ་ལུས་ཨ་རྣྲི་ཧཱུྃ༔ བཀྲག་མདངས་ལྡན་པར་འུབ་ཀྱིས་བསྡུས༔ རང་ལ་ཐིམ་པས་ཚེ་བསོད་ཀུན༔ ཡར་ངོའི་ཟླ་ལྟར་རྒྱས་པར་བསམ༔ ལག་ཏུ་མདའ་དར་སྣ་ལྔ་ཐོགས༔ ཕྱོགས་བཅུར་གཡབ་ཅིང་འདི་བཞིན་བརྗོད༔ ཧཱུྃ་ཧྲཱིཿ རབ་འབྱམས་ཕྱོགས་བཅུའི་ཞིང་གི་རྒྱལ་བ་ཡི༔ རིགས་ཀྱི་བདག་པོ་བཅོམ་ལྡན་སྣང་མཐའ་ཡས༔ གཉུག་མ་མི་ཤིགས་ཚེ་ཡི་གཞལ་ཡས་ནས༔ འགགས་མེད་མཁྱེན་བརྩེ་ནུས་མཐུས་རྩལ་ཕྱུང་སྟེ༔ རིག་འཛིན་བདག་ལ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྱི་སྣོད་འབྱུང་བ་བཞི་ཡི་དྭངས་མ་དང་༔ ནང་བཅུད་སྐྱེ་འགྲོའི་ཚོགས་ཀྱི་ཚེ་བཅུད་དཔལ༔ ཀུན་རྫོབ་སྣང་ཆ་དགེ་བའི་རྟེན་འབྲེལ་ཀུན༔ རྩོལ་མེད་ཐུགས་རྗེ་ཆེན་པོས་འདིར་ཁུག་ཅིག༔ ཡོན་ཏན་དཔག་མེད་བརྒྱན་པའི་ཞིང་ཁམས་ནས༔ འཆི་མེད་མགོན་པོ་རིག་འཛིན་ཚེ་ཡི་ལྷ༔ ལྔ་ལྡན་ལོངས་སྐུའི་ཞིང་ནས་སྐུར་བཞེངས་ལ༔ རྣལ་འབྱོར་བདག་ལ་འགྱུར་མེད་ཚེ་གཡང་སྩོལ༔ ཕྱི་སྣོད་ནང་བཅུད་སྐྱེ་འགྲོ་ཐམས་ཅད་ཀྱི༔ ཚེ་བསོད་དཔལ་འབྱོར་ཚེ་གཡང་འདིར་ཁུག་ཅིག༔ མཁའ་སྤྱོད་གནས་མཆོག་ཟངས་མདོག་དཔལ་རི་ནས༔ རིག་འཛིན་གྲུབ་བརྒྱའི་གཙོ་བོ་པདྨ་འབྱུང་༔ རང་བཞིན་དབྱིངས་ཀྱི་ཀློང་ནས་སྐུར་བཞེངས་ལ༔ རྣལ་འབྱོར་བདག་ལ་ཚེ་ཡི་དྭངས་བཅུད་སྩོལ༔ རིག་འཛིན་རྣམ་བཞིའི་གྲུབ་འབྲས་ཡོན་ཏན་དང་༔ འཁོར་འདས་ལམ་གསུམ་ཚེ་གཡང་འདིར་ཁུག་ཅིག༔ འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་བཱི་མ་ལ༔ འགྱུར་མེད་ཀ་དག་ཀློང་ནས་སྐུར་བཞེངས་ལ༔ རང་བཞིན་ལྷུན་གྲུབ་ཚེ་ཡི་དྭངས་མ་ཀུན༔ དེང་འདིར་སྒྲུབ་པོའི་རྣལ་འབྱོར་བདག་ལ་སྩོལ༔ གངས་ཅན་བསྟན་པའི་སྲོག་ཤིང་ཞི་བ་འཚོ༔ ཕན་བདེའི་རྩ་ལག་ཆོས་རྒྱལ་སྤྲུལ་བའི་སྐུ༔ དཀྱིལ་འཁོར་གཙོ་མཆོག་དབང་ཆེན་ཡབ་དང་ཡུམ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་སྒྱུ་འཕྲུལ་གྱིས༔ བསྐལ་པར་གནས་པའི་ལྷ་དང་དྲང་སྲོང་གི༔ འཕོ་མེད་ཚེ་ཡི་དྭངས་བཅུད་འདིར་ཁུག་ཅིག༔ ཧཱུྃ་ཧྲཱིཿ ཡང་དག་ཐུགས་ཀྱི་གྲུབ་བརྙེས་རིག་པ་འཛིན༔ ཤར་ཕྱོགས་དྲི་ཟ་ཕོ་མོའི་ཚེ་བཅུད་དང་༔ ཞེ་སྡང་རྒྱལ་པོས་བརྐུས་པའི་བླ་དང་སྲོག༔ གནས་འདིར་ཁུག་ལ་ཚེ་གཡང་བཅུད་དུ་སྩོལ༔ འཇམ་དཔལ་སྐུ་ཡི་གྲུབ་བརྙེས་རིག་པ་འཛིན༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོའི་ཚེ་བཅུད་དང་༔ ང་རྒྱལ་རྦོད་གཏོང་གིས་ཕྲོག་བླ་དང་སྲོག༔ དྲག་ཤུལ་ནུས་པའི་སྟོབས་ཀྱིས་འདིར་ཁུག་ལ༔ ཟད་དང་འཐོར་དང་ཉམས་པའི་གསོས་སུ་སྩོལ༔ པདྨ་གསུང་གི་གྲུབ་བརྙེས་རིག་པ་འཛིན༔ ནུབ་ཕྱོགས་ཀླུ་དབང་ཕོ་མོའི་ཚེ་བཅུད་དང་༔ འདོད་ཆགས་བསེན་མོས་བརྐུས་པའི་བཀྲག་དང་མདངས༔ གནས་འདིར་ཁུག་ལ་ཕུང་ཁམས་བཅུད་དུ་སྩོལ༔ ཕུར་པ་ཕྲིན་ལས་གྲུབ་བརྙེས་རིག་པ་འཛིན༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་ཚེ་བཅུད་དང་༔ ཕྲག་དོག་བདུད་ཀྱིས་བརྐུས་པའི་སྟོབས་དང་རྩལ༔ གནས་འདིར་ཁུག་ལ་ཚེ་ཡི་དཔལ་དུ་སྩོལ༔ མ་མོ་རྦོད་གཏོང་གྲུབ་བརྙེས་རིག་པ་འཛིན༔ ཤར་ལྷོ་མེ་ལྷ་ཕོ་མོའི་ཚེ་བཅུད་དང་༔ བན་བོན་བྱད་མས་ཕྲོག་པའི་བླ་དང་སྲོག༔ གནས་འདིར་ཁུག་ལ་ཚེ་གཡང་དཔལ་དུ་སྩོལ༔ ཡོན་ཏན་བདུད་རྩིའི་གྲུབ་བརྙེས་རིག་པ་འཛིན༔ ལྷོ་ནུབ་སྲིན་པོ་ཕོ་མོའི་ཚེ་གཡང་དང་༔ མི་གཙང་གྲིབ་ཀྱིས་ཉམས་པའི་ཚེ་དང་སྲོག༔ གནས་འདིར་ཁུག་ལ་དུག་སེལ་སྨན་དུ་སྩོལ༔ འཇིག་རྟེན་མཆོད་བསྟོད་གྲུབ་བརྙེས་རིག་པ་འཛིན༔ ནུབ་བྱང་རླུང་ལྷ་ཕོ་མོའི་ཚེ་བཅུད་དང་༔ སྡེ་བརྒྱད་ཡོངས་ཀྱིས་ཕྲོག་པའི་ཚེ་བསོད་དཔལ༔ གནས་འདིར་ཁུག་ལ་ནུས་མཐུས་སྟོབས་རྩལ་བསྐྱེད༔ དམོད་པ་དྲག་སྔགས་གྲུབ་བརྙེས་རིག་པ་འཛིན༔ བྱང་ཤར་དབང་ལྡན་ཕོ་མོའི་ཚེ་དང་གཡང་༔ སྒོ་གསུམ་ཉམས་ཆག་མཐུས་ཉམས་བླ་དང་སྲོག༔ དེང་འདིར་ཁུག་ལ་ཚེ་བསོད་རྒྱས་པར་མཛོད༔ ཧཱུྃ་ཧྲཱིཿ ཤར་ཕྱོགས་དཀར་མོ་མགྱོགས་མ་ཚེ་ཡི་བདག༔ རྡོ་རྗེ་རིགས་ཀྱི་ཚེ་ལྷའི་ཐུགས་རྒྱུད་བསྐུལ༔ ཤར་ཕྱོགས་ལུས་འཕགས་གླིང་གི་ཚེ་གཡང་སྡུས༔ བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ༔ ལྷོ་ཕྱོགས་སྔོན་མོ་མགྱོགས་མ་ཚེ་ཡི་བདག༔ རིན་ཆེན་རིགས་ཀྱི་ཚེ་ལྷའི་ཐུགས་རྒྱུད་བསྐུལ༔ ལྷོ་ཕྱོགས་འཛམ་བུའི་གླིང་གི་ཚེ་གཡང་སྡུས༔ བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ༔ ནུབ་ཕྱོགས་དམར་མོ་མགྱོགས་མ་ཚེ་ཡི་བདག༔ པདྨ་རིགས་ཀྱི་ཚེ་ལྷའི་ཐུགས་རྒྱུད་བསྐུལ༔ ནུབ་ཕྱོགས་བ་གླང་སྤྱོད་ཀྱི་ཚེ་གཡང་བསྡུས༔ བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ༔ བྱང་ཕྱོགས་ལྗང་མོ་མགྱོགས་མ་ཚེ་ཡི་བདག༔ ཀརྨ་རིགས་ཀྱི་ཚེ་ལྷའི་ཐུགས་རྒྱུད་བསྐུལ༔ བྱང་ཕྱོགས་སྒྲ་མི་སྙན་པའི་ཚེ་གཡང་སྡུས༔ བདག་དང་བསྲུང་བྱར་ཚེ་ཡི་གསོས་སུ་སྩོལ༔ སྲ་མཁྲེགས་མི་ཤིགས་འབྱུང་བ་ས་ཡི་བཅུད༔ འོད་ཟེར་སེར་པོའི་རྣམ་པར་འདིར་ཁུག་ལ༔ ཤ་ཡི་ཁམས་ནས་ཡར་བའི་བླ་ཚེ་གསོས༔ ཡུམ་ཆེན་སངས་རྒྱས་སྤྱན་མའི་ཀློང་དུ་བསྐྱིལ༔ མཉེན་ལྕུག་བསིལ་འཇམ་འབྱུང་བ་ཆུ་ཡི་བཅུད༔ འོད་ཟེར་དཀར་པོའི་རྣམ་པར་འདིར་ཁུག་ལ༔ ཁྲག་གི་ཁམས་ནས་ཉམས་པའི་བླ་ཚེ་གསོས༔ རིན་ཆེན་རིགས་ཀྱི་དཔའ་མོའི་དབྱིངས་སུ་བསྐྱིལ༔ དྲོད་གསལ་ཚ་ངད་འབྱུང་བ་མེ་ཡི་བཅུད༔ འོད་ཟེར་དམར་པོའི་རྣམ་པར་འདིར་ཁུག་ལ༔ དྲོད་ཀྱི་ཁམས་ནས་ཡར་བའི་བླ་དང་ཚེ༔ གོས་དཀར་ལྷ་མོའི་ནུས་མཐུས་དབྱིངས་སུ་སྤེལ༔ ཡངས་ཤིང་གཡོ་བ་འབྱུང་བ་རླུང་གི་བཅུད༔ འོད་ཟེར་ལྗང་གུའི་རྣམ་པར་འདིར་ཁུག་ལ༔ དབུགས་ཀྱི་ཁམས་ནས་ཉམས་པའི་བླ་ཚེ་གསོས༔ དམ་ཚིག་སྒྲོལ་མའི་ཀློང་དུ་རྒྱས་ཐོབ་ཅིག༔ དྭངས་གསལ་གོ་འབྱེད་འབྱུང་བ་ནམ་མཁའི་བཅུད༔ འོད་ཟེར་མཐིང་གའི་རྣམ་པར་འདིར་ཁུག་ལ༔ ཀུན་གཞི་སེམས་ཀྱི་ཚེ་གཡང་ཉམས་པ་གསོས༔ དབྱིངས་ཕྱུག་ཀུན་ཏུ་བཟང་མོའི་ཀློང་དུ་བསྐྱིལ༔ ཧཱུྃ་ཧྲཱིཿ སྐུ་གསུམ་རྒྱལ་བའི་ཐུགས་རྗེའི་སྒྱུ་འཕྲུལ་ལས༔ འགག་མེད་ཤར་བའི་ལྷ་དང་དྲང་སྲོང་ཆེ༔ ནུས་སྟོབས་གྲུབ་པའི་ཚེ་ཡི་རིག་པ་འཛིན༔ ཞིང་གི་རྡུལ་སྙེད་གྲངས་མཉམ་བྱིན་ནུས་ཀྱིས༔ དེང་འདིར་རིག་འཛིན་རྣལ་འབྱོར་བདག་ཅག་གི༔ ཀུན་རྫོབ་སྣང་ཆར་བརྟེན་པའི་སྒོ་གསུམ་གྱི༔ བཀྲག་དང་གཟི་མདངས་བླ་ཚེ་སྲོག་དབུགས་རྣམས༔ སྔོན་ལས་འཕྲལ་རྐྱེན་ངན་པས་ཟད་པ་དང་༔ འཇིག་རྟེན་ལྷ་འདྲེས་བརྐུས་པས་འཐོར་དང་ཡར༔ རྩ་གསུམ་དམ་ཚིག་ཉམས་པས་ཆད་དང་གས༔ མདོར་ན་ཉམས་ཆག་ཞིག་རལ་གང་མཆིས་པ༔ ཁྱེད་རྣམས་ཐུགས་རྗེ་ནུས་མཐུས་སོར་ཆུད་ནས༔ འགྱུར་མེད་སྐུ་ཡི་ཚེ་གཡང་བསྩལ་དུ་གསོལ༔ འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཡོན་ཏན་མི་ཟད་དངོས་གྲུབ་བསྩལ་དུ་གསོལ༔ ཕྲིན་ལས་འགྲོ་འདུལ་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ལུས་ལ་བཀྲག་དང་གཟི་མདངས་བསྐྱེད་དུ་གསོལ༔ ངག་ལ་སྔགས་ཀྱི་ནུས་མཐུ་བསྐྱེད་དུ་གསོལ༔ སེམས་ལ་ཉམས་རྟོགས་ཏིང་འཛིན་སྤར་དུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཨ་ཡུརྫྙཱ་ན་པུརྞྱེ་ཚེ་བྷྲུཾ་ནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རྩ་སྔགས་ཤམ་བུར་ཚེ་གཟུངས་དང་༔ མ་མ་སརྦ་སིདྡྷི་ཧཱུྃ༔ དེ་ནས་ཚེ་རྒྱས་གདབ་པ་ནི༔ མདའ་དར་སྤྱི་བོར་རྒྱ་གྲམ་བཞག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སེམས་ཀྱི་ཁམས་ནས་ཉམས་པའི་ཚེ་ཁུག་ལ༔ འཁྲུལ་མེད་ཐུགས་ཀྱི་རྡོ་རྗེའི་རྒྱས་ཐོབ་ཅིག༔ ངག་གི་ཁམས་ནས་ཉམས་པའི་ཚེ་ཁུག་ལ༔ འགག་མེད་གསུང་གི་པདྨས་རྒྱས་ཐོབ་ཅིག༔ ལུས་ཀྱི་ཁམས་ནས་ཉམས་པའི་ཚེ་ཁུག་ལ༔ འགྱུར་མེད་སྐུ་ཡི་འཁོར་ལོས་རྒྱས་ཐོབ་ཅིག༔ ཀུན་གཞིའི་ཁམས་ནས་ཉམས་པའི་ཚེ་ཁུག་ལ༔ ཡོན་ཏན་མི་ཟད་ནོར་བུས་རྒྱས་ཐོབ་ཅིག༔ སྒོ་གསུམ་བྱ་བྱེད་ཉམས་པའི་ཚེ་ཁུག་ལ༔ ཕྲིན་ལས་མི་ཤིགས་རྒྱ་གྲམ་རྒྱས་ཐོབ་ཅིག༔ སྐུ་ལྔའི་དབྱིངས་སུ་སྦས་པའི་ཚེ་དང་སྲོག༔ དུག་ལྔའི་གདོན་གྱིས་ནམ་ཡང་གླགས་མི་རྙེད༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་མི་དམིགས་ངང་ལ་བཞག༔ དེས་ནི་དུས་ཟད་པ་ཡི་ཚེ༔ མི་ཟད་འཕེལ་ཞིང་རྒྱས་པ་དང་༔ བྱད་ཕུར་ལྷ་འདྲེའི་གནོད་པ་ཡི༔ གློ་བུར་རྐྱེན་ལས་ཐར་བར་ངེས༔ ས་མ་ཡཱ༔ གུ་ཧྱ༔

གུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གུ་དྲག་དཔའ་བོ་གཅིག་པུའི་ཐུགས་སྒྲུབ་ཡེ་ཤེས་མེ་ཕྲེང་བཞུགས༔

གུ་རུ་རིན་པོ་ཆེ་ལ་འདུད༔ བླ་མ་རང་གིས་སྒྲུབ་པ་ལ༔ ཕྱི་ནང་གསང་བའི་སྐོར་མང་ཡང་༔ སྙིགས་དུས་གཟའ་ཀླུ་འབྱུང་པོའི་གདོན༔ འདུལ་བྱེད་དཔའ་བོ་གཅིག་པ་བསྟན༔ ས་མ་ཡཱ༔ རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལ༔ སྒྲུབ་རྫས་ཡོ་བྱད་སྤྲོས་པ་བསྐྱུངས༔ སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས༔ དང་པོ་སྔོན་འགྲོའི་ཆོས་གསུམ་ནི༔ སྐྱབས་སེམས་ཡན་ལག་བདུན་པ་འོ༔ ཧཱུྃ༔ མཆོག་གསུམ་ངོ་བོ་དབང་དྲག་ལྷར༔ སྙིང་ནས་གུས་པས་སྐྱབས་སུ་མཆི༔ མ་རིག་འཁྲུལ་སྣང་རྒྱལ་བསེན་གདོན༔ ཚར་གཅོད་བྱང་ཆུབ་སེམས་བསྐྱེད་དོ༔ རང་སེམས་དག་པའི་རྩལ་ཤར་བའི༔ རང་བྱུང་ལྷ་ལ་ཕྱག་འཚལ་ཞིང་༔ ཕྱི་ནང་གསང་བའི་མཆོད་ཚོགས་དང་༔ དྲེགས་ཚོགས་སྒོ་གསུམ་བསྒྲལ་མཆོད་འབུལ༔ ཐོག་མེད་ནས་གོམས་ད་ལྟའི་སྡིག༔ བདག་མེད་ཤེས་རབ་ཀློང་དུ་བཤགས༔ སྐྱེ་འཕགས་དགེ་ཀུན་དམིགས་མེད་ངང་༔དོན་དམ་ཆོས་སྐུར་རྗེས་ཡི་རངས༔ སྐྱེ་མེད་ཟབ་གསལ་ཆོས་འཁོར་བསྐོར༔ ཆད་མེད་འགྲོ་ངོར་རྒྱུན་བསྐོར་གསོལ༔ འགྲོ་འོང་མེད་ཀྱང་བསྟན་འགྲོའི་སྲོག༔ འཛིན་མཛད་སྐྱབས་མཆོག་བཞུགས་གསོལ་འདེབས༔ ཀ་ནས་དག་ལ་དགེ་སྡིག་བྲལ༔ བློ་འདས་མཉམ་ཉིད་ཆེན་པོར་བསྔོ༔ ས་མ་ཡཱ༔ གཉིས་པ་དངོས་གཞིར་རྣམ་གྲངས་བདུན༔ ལྷ་བསྐྱེད་སྤྱན་དྲངས་བཞུགས་ཕྱག་འཚལ༔ མཆོད་བསྟོད་འཛབ་བཟླས་ལས་སྦྱོར་བཅས༔ ཧཱུྃ་ཧཱུྃ༔ ཕྱི་ནང་སྣོད་བཅུད་སྟོང་པའི་ངང་༔ ཕྱི་སྣོད་ཟངས་མདོག་དཔལ་གྱི་རི༔ དུར་ཁྲོད་རོལ་པའི་གཞལ་མེད་ཁང་༔ ཐོད་མཁར་འཇིགས་རུང་སྲིན་པོའི་མཁར༔ དེ་དབུས་རྒྱལ་བསེན་པད་ཉིའི་ཁྲིར༔ རང་སེམས་ཧཱུྃ་སྨུག་ཡོངས་གྱུར་པ༔ རྩ་གསུམ་ཀུན་འདུས་ཧེ་རུ་ཀ༔ གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ དམར་ནག་ཁྲོ་ཞལ་ཨཾ་གཙིགས་བསྡམས༔ ཕྱག་གཡས་གསེར་རྡོར་རྩེ་དགུ་ཕྱར༔ རྭ་དགུར་ཧཱུྃ་དམར་རཾ་ཡིག་མཐིང་༔ མེ་ཡི་ཚྭ་ཚྭས་སྡེ་བརྒྱད་སྲེག༔ གཡོན་པས་སྡིགས་མཛུབ་བསྒྲེངས་པའི་རྩེར༔ ཡེ་ཤེས་ཁྲོ་རྒྱལ་ལྕགས་སྡིག་ལས༔ དུང་གསེར་ཟངས་གཡུའི་སྡིག་པའི་ཚོགས༔ གང་གནོད་དགྲ་འདྲེའི་སྙིང་ལ་འཇིབས༔ ཞབས་གཉིས་གྱད་ལྟར་རབ་བགྲད་ནས༔ རྒྱལ་བསེན་གཟའ་ཀླུའི་ཀླད་པ་འགེམས༔ སྐུ་སྟོད་གླང་ཀོ་སྐེད་པར་ཞིང་༔ སྟ་ཟུར་སྟག་ལྤགས་སྦྲུལ་གྱིས་བསྡམས༔ ཐོད་སྐམ་ཅོད་པཎ་ཁམ་སེར་སྐྲ༔ སྤྲིན་གཏིབས་ཁྲོ་ཆུང་སེར་ལྟར་འབེབས༔ སྲིན་པོའི་མགོ་ཕྲེང་ཁྲག་རྒྱུན་

འཛགས༔ རིགས་བདག་པདྨ་འབྱུང་གནས་རྩལ༔ དཀར་དམར་རྡོ་རྗེ་ཐོད་བུམ་བསྣམས༔ མཁའ་ལ་ཁྱུང་ལྡིང་དེ་ཡི་གཙུག༔ ཨ་མི་དྷེ་ཝ་སྤྲུལ་སྐུའི་ཆས༔ ཐུགས་ཀར་རྡོ་རྗེ་འཆང་ཆེན་གསལ༔ གནས་གསུམ་འབྲུ་གསུམ་ཐུགས་དབུས་སུ༔ གསེར་གྱི་མཆོད་རྟེན་བུམ་པ་རུ༔ ཉི་སྟེང་ཧཱུྃཿསྨུག་སྔགས་ཕྲེང་ནི༔ མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲིགས༔ སངས་རྒྱས་བྱང་སེམས་རྩ་གསུམ་ལྷ༔ དམ་ཅན་ཆོས་སྐྱོང་སྤྲོ་བསྡུའི་བདག༔ ཀུན་འདུས་དཔའ་བོ་གཅིག་པར་གསལ༔ སྐུ་གསུམ་ཞིང་ནས་སྤྱན་དྲངས་བསྟིམས༔ ཧཱུྃ་ཧཱུྃ་ཧཱུྃ༔ སྐུ་གསུམ་དག་པའི་ཞིང་རྣམས་དང་༔ ཁྱད་པར་ལྷོ་ནུབ་རྔ་ཡབ་གླིང་༔ རཀྴ་སྲིན་པོའི་ཐོད་མཁར་ནས༔ གུ་རུ་དྲག་པོ་ཐོད་ཕྲེང་རྩལ༔ ཐོགས་མེད་གནས་འདིར་སྤྱན་འདྲེན་གཤེགས༔ ཡེ་ནས་རང་ལས་མི་གཞན་པས༔ དམ་ཚིག་ཡེ་ཤེས་དབྱེར་མེད་བཞུགས༔ བཟང་ངན་མེད་ཀྱང་ཡེ་ཤེས་ལྷའི༔ དག་པ་དྲན་པས་ཕྱག་འཚལ་འདུད༔ ཕྱི་ནང་གསང་མཆོད་བསམ་ཡས་དང་༔ བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར༔ སྟོང་པ་ཆེན་པོའི་ཀློང་དུ་སྒྲོལ༔ ཟུང་འཇུག་དོན་དམ་མཆོད་པ་འབུལ༔ ཧཱུྃ༔ སྐྱེ་མེད་ཀློང་ནས་ཁྲོ་གར་བསྒྱུར༔ འགགས་མེད་དབྱིངས་ནས་དྲག་སྔགས་སྒྲོག༔ དམིགས་མེད་བསམ་འདས་ཆོས་ཀྱི་སྐུར༔ འབྲལ་མེད་ངང་དུ་བསྟོད་པར་བགྱི༔ རང་ཉིད་གུ་རུ་དྲག་པོ་ཡི༔ ཐུགས་སྲོག་ཧཱུྃ༔ལས་སྔགས་གཡས་བསྐོར༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ མཁྱེན་བརྩེ་ནུས་སྟོབས་རང་ལ་བསྟིམ༔ ཕར་འཕྲོས་སྡེ་བརྒྱད་སྲོག་ནས་དྲངས༔ ཀུན་ཀྱང་བྲན་བཀོལ་ཟིལ་གྱིས་མནན༔ མར་འཕྲོས་འགྲོ་དྲུག་ལས་ཉོན་སྦྱངས༔ ཀུན་ཀྱང་རྒྱལ་བའི་གོ་འཕང་བཀོད༔ ཡེངས་མེད་ངང་ནས་དྲག་པོའི་ཛཔ༔ ཚེག་བར་ཡིག་འབྲུ་ཉི་ཤུ་བ༔ ཤུབ་བུས་བཟླས་ཏེ་འབྲུ་འབུམ་གྲངས༔ ཨོཾ་ཨཱཿཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཨ་ཧཱུྃ་ཧཱུྃ་ཕཊ༔ རྟགས་ནི་ཉམས་དངོས་རྨི་ལམ་འབྱུང་༔ ཚེ་འཕེལ་འཕོས་ཚེ་རིག་འཛིན་གྲལ༔ ཐེ་ཚོམ་མེད་དོ་སྙིང་ལ་ཆོངས༔ ས་མ་ཡཱ༔ རྗེས་ཀྱི་ལས་རིམ་རྣམ་པ་བཞི༔ དངོས་གྲུབ་བླངས་རྗེས་ལྷར་སྣང་བསྡུ༔ བསྔོ་བས་རྒྱས་གདབ་ཤིས་པ་བརྗོད༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་རིག་པ་པདྨ་དྲག་པོ་རྩལ༔ གསང་གསུམ་འགྱུར་མེད་དངོས་གྲུབ་འདིར་བསྩལ་ནས༔ འཆི་མེད་ཚེ་དང་ནུས་མཐུ་བྱིན་རླབས་འབར༔ འཕོ་མེད་དགོངས་པའི་གདེང་ཆེན་ཐོབ་པར་མཛོད༔ རྩ་སྔགས་ཤམ་བུར་ཀ་ཝ་ཙི༔ སིདྡྷི་ཞེས་བཏགས་མོས་གུས་བསྐྱེད༔ ལྷར་སྣང་སྣང་སྟོང་གདོད་མའི་དབྱིངས༔ སྐྱེ་འགག་མེད་པའི་རང་ངོར་བསྡུ༔ དགེ་དེས་སྡེ་བརྒྱད་ཚར་བཅད་ནས༔ ཚེ་འདིར་དཔའ་བོ་མཆོག་འགྲུབ་ཤོག༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ བསྒོམ་བཟླས་ལྷག་པའི་ལྷར་བཟུང་མཐུས༔ མི་མཐུན་བར་ཆད་བདུད་ལས་རྒྱལ༔ དུས་གསུམ་དགེ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་རྩ་གསུམ་ཀུན་གྱི་དངོས༔ གུ་རུ་དྲག་པོའི་སྒྲུབ་པ་འདིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ནས༔ མཆོག་གི་ས་ལ་རེག་པར་འགྱུར༔ མཚོ་རྒྱལ་ཐུགས་སུ་གབ་པའི་ཆོས༔ ལས་ལྡན་སྐྱེས་བུའི་བློ་ལ་ཤར༔ ལོག་ལྟ་ཅན་ལ་ཕག་ཏུ་སྦོས༔ ལས་འཕྲོ་ལྡན་པའི་དཔལ་དུ་ཤོག༔ དགོངས་གཏེར་དག་སྣང་ཆོས་སྡེ་ལས༔ དགེ་སྦྱོང་ལུང་རྟོགས་མིང་གིས་བྲིས༔

རྒྱལ་གདོན་ཞི་བའི་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་སྙིང་འཁྲུགས་མེ་གཞིལ།

༄༅། རྒྱལ་གདོན་ཞི་བའི་གསོལ་འདེབས་བདུད་རྩིའི་ཆུ་རྒྱུན་སྙིང་འཁྲུགས་མེ་གཞིལ་བཞུགས་སོ། །

ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པདྨ་ཐོད་ཕྲེང་ཐུགས་སྲས་རྗེ་འབངས་གྲོགས། །རིག་འཛིན་བརྒྱད་དང་ལོ་ཙཱ་བརྒྱ་རྩ་བརྒྱད། །འཕགས་བོད་ཆོས་རྒྱལ་བཀའ་ཡི་སྡུད་པ་པོ། །གསོལ་བ་འདེབས་སོ་སྙིང་རླུང་གཡོ་འཁྲུགས་སོགས། །འབྱུང་བཞིའི་ནད་གདོན་བར་ཆད་ཞི་བར་མཛོད། །མཁས་དང་གྲུབ་པའི་དབང་ཕྱུག་ཀློང་ཆེན་ཞབས། །རྙིང་བསྟན་རྩ་བ་ས་ཆེན་ཡབ་སྲས་དང་། །བཀའ་བརྒྱུད་མར་མི་དྭགས་པོ་སྒོམ་ཆེན་ལ། །གསོལ་བ་འདེབས་སོ་སྙིང་རླུང་གཡོ་འཁྲུགས་སོགས། །འབྱུང་བཞིའི་ནད་གདོན་བར་ཆད་ཞི་བར་མཛོད། །རྒྱལ་བའི་གདུང་འཛིན་འགྱུར་མེད་རྡོ་རྗེ་རྩལ། །འཕགས་པའི་ཟློས་གར་གཏེར་ཆེན་ཉི་མ་གྲགས། །བཱི་མ་ལ་དངོས་གྲུབ་དབང་རྫོགས་ཆེན་པ། །ཡབ་སྲས་བརྒྱུད་འཛིན་བུ་སློབ་ཐམས་ཅད་ལ། །གསོལ་བ་འདེབས་སོ་སྙིང་རླུང་གཡོ་འཁྲུགས་སོགས། །འབྱུང་བཞིའི་ནད་གདོན་བར་ཆད་ཞི་བར་མཛོད། །སྙིགས་མའི་སྐྱབས་གཅིག་རིག་འཛིན་འཇིགས་མེད་གླིང་། །ལྷ་སྲས་རྣམ་རོལ་བྱང་ཆུབ་རྡོ་རྗེའི་ཞབས། །གང་དེའི་ཞལ་སློབ་མཁས་གྲུབ་ཆོས་ཀྱི་རྗེ། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་སོགས། །གསོལ་བ་འདེབས་སོ་སྙིང་རླུང་གཡོ་འཁྲུགས་སོགས། །འབྱུང་བཞིའི་ནད་གདོན་བར་ཆད་ཞི་བར་མཛོད། །ཡི་དམ་གུ་རུ་ཞི་དྲག་ཧྱ་གྷྲྀ། །ཏཱ་རེ་ཉེར་གཅིག་ཆོས་སྐྱོང་མགོན་པོའི་ཚོགས། །ཕོ་རྒྱུད་ཆེ་བཙན་མོ་རྒྱུད་དཔལ་ལྷ་མོ། །གཟའ་བཙན་རྡོར་ལེགས་ཆོས་རྒྱལ་ཡིད་བཞིན་ནོར། །གསོལ་བ་འདེབས་སོ་སྙིང་རླུང་གཡོ་འཁྲུགས་སོགས། །འབྱུང་བཞིའི་ནད་གདོན་བར་ཆད་ཞི་བར་མཛོད། །ཅེས་པ་འདི་ནི་དབྱིངས་རིག་མཁའ་འགྲོའི་བཀའ་བཞིན་སྙིགས་དུས་ཀྱི་ནད་གདོན་ཞི་ཕྱིར་སྤྲུལ་མིང་ལུང་རིག་མྱུ་གུ་རྩལ་གྱིས་དག་པར་ཕབ་པའོ། །

འཇིགས་བརྒྱད་ཞི་བའི་གསོལ་འདེབས་རྡོ་རྗེའི་ང་རོ།

སྙིགས་དུས་ལྷ་སྲིན་གདུག་པའི་ཚོགས་ཀྱི་བར་གཅོད་དང་ནད་ཡམས་ཐོག་བབས་སྨྱོ་འབོག་སོགས་དང་འཇིགས་བརྒྱད་ཞི་བའི་གསོལ་འདེབས་རྡོ་རྗེའི་ང་རོ་བཞུགས༔ རྔ་ཡབ་རཀྴ་ཕོ་མོ་དམ་སྲིའི་སྟེང༔ རབ་འཇིགས་བཟོད་དཀའ་རྡོ་རྗེ་སྲིན་པོའི་གཟུགས༔ ཤེས་རབ་མཐིང་འོད་རབ་འབར་གར་དགུའི་ཉམསཿ བདུད་འདུལ་པདྨ་ཐོད་ཕྲེང་ཧེ་རུ་ཀར༔ གསོལ་བ་འདེབས་སོ་དབྱིངས་ནས་ཐུགས་རྗེས་གཟིགས༔ བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ རབ་འབྱམས་རྒྱལ་ཀུན་གཅིག་བསྡུས་ལྷག་པའི་ལྷ༔ སྲིད་ཞིའི་ཁྱབ་བདག་ཆེ་མཆོག་ཧེ་རུ་ཀ༔ ཡ་མནྟ་ཀ་པདྨ་དབང་ཆེན་རྩལ༔ ཡང་དག་ཞི་ཁྲོ་བཛྲ་ཀཱི་ལ་ཡ༔ བླ་མེད་གསང་བ་སྟོབས་ལྡན་དྲེགས་པའི་གཙོ༔ སྒྲུབ་སྡེ་ཡོངས་རྫོགས་དཔལ་ཆེན་བཀའ་བརྒྱད་ལྷར༔ གསོལ་བ་འདེབས་སོ་དབྱིངས་ནས་ཐུགས་རྗེས་གཟིགས༔ བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ལཿ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ འཇིགས་པ་བརྒྱད་སྐྱོབས་འཕགས་མ་དཔའ་མོ་ཡུམ༔ རྡོ་རྗེ་རྣལ་འབྱོར་ཕག་གདོང་ཁྲོས་མ་ནག༔ སེང་ཧ་མུ་ཁ་གནས་གསུམ་ཌཱཀྐིའི་རྗེ༔ སྤྲུལ་དང་ཡང་སྤྲུལ་ཞིང་རྡུལ་གྲངས་སྙེད་ལ༔ གསོལ་བ་འདེབས་སོ་དབྱིངས་ནས་ཐུགས་རྗེས་གཟིགས༔ བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ དགྲ་བགེགས་ཆམ་འབེབ་ཕོ་རྒྱུད་དཔལ་མགོན་ཚོགས༔ མོ་རྒྱུད་རང་བྱུང་རྒྱལ་མོ་སྔགས་ཀྱི་བདག༔ སྡེ་བརྒྱད་སྤྱི་ཡི་དམག་དཔོན་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་ཆོས་རྒྱལ་བཙན་རྒོད་དང༔ སྨྱོ་འདྲེའི་གཤེད་གྱུར་རྡོ་རྗེ་འབར་བ་རྩལ༔ གསོལ་བ་འདེབས་སོ་དབྱིངས་ནས་ཐུགས་རྗེས་གཟིགས༔ བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ ཅེས་པའང་དད་ལྡན་བསོད་ནམས་མཐུ་སྟོབས་ངོར། དག་སྣང་ཆོས་ཀྱི་བདག་པོ་ལུང་རིག་གླིང་པས་སྨྲས་པ་དགེའོ།། མངྒ་ལཾ།

བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ་ལོག་འདྲེན་ཀླད་འགེམ།

བཀའ་རྟགས་ཁྲོ་རྒྱལ་ཁྲོས་པའི་རྔམ་སྒྲ་ལོག་འདྲེན་ཀླད་འགེམ་

རཀྴ་ཐོད་ཕྲེང་རྩལ་ལ་འདུད༔ ཡང་གསང་མཁའ་འགྲོའི་ཞལ་ལུང་བཞིན༔ ལོག་འདྲེན་ཀླད་འགེམ་བཀའ་རྟགས་ནི༔ སྨྱོ་འབོག་རྒྱལ་བསེན་མ་རུང་དང་༔ དྲེགས་བྱེད་གདོན་གྱིས་ཚ་རེག་གཏོང་༔ གཞན་གྱིས་རྦོད་གཏོང་མནན་གཏད་ལྡང་༔ ཆེ་སྲི་ཆུང་སྲི་དམ་སྲི་བསེན༔ ཐེའུ་རང་ལྷ་འདྲེའི་རྒྱུ་ལམ་ལ༔ འདི་ཉིད་ཞལ་ཐང་ཚུལ་བཞིན་འདྲི༔ རབ་གནས་ལྡན་པས་རབ་བསྒྲུབ་ན༔ མི་ཕྱུགས་ནད་ལས་གྲོལ་བ་དང༔ རྐྱེན་ངན་འཕྲལ་དུ་བཟློག་པའོ༔ ས་མ་ཡཱ༔ འབྲི་དཔེ་རིམ་པ་གསུམ་སྣང་ལས༔ ཐོག་མར་དབུས་སུ་རིག་འཛིན་ནི༔ ལུང་རིག་གླིང་པ་དྲག་པོའི་སྐུ༔ སྡེ་བརྒྱད་གཤེད་དུ་ཁྲོས་པ་ནི༔ སྨུག་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་ཕྱེད་སྐྱིལ་ཁྲིའུའི་ཁར༔ སྤྱན་ནི་སྡང་མིག་ཐད་ཀར་གཟིགས༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྡིག༔ གཡོན་པས་ལྕགས་ཕུར་བགེགས་ལ་གཟིར༔ པཎ་གྲུབ་ཆས་ཀྱིས་ཆེར་ཀླུབས་པ༔ ཁྲོ་བོ་འཆོལ་བའི་ཆས་སུ་བཞུགས༔ གཡས་ཕྱོགས་རྡོ་རྗེ་རྩེ་ལྔ་པའི༔ གནས་གསུམ་འབྲུ་གསུམ་འོག་ཏུ་ནི༔ བཛྲ་ས་མ་ཡཱ་ཕཊ་བྷྱོ༔ གཡོན་ཏུ་ཕུར་འབྲི་གནས་གསུམ་དུ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཕཊ་ཛཿབཀོད༔ དེ་མཐར་དང་པོ་འདི་ཉིད་ནི༔ ལྷག་ཆད་མེད་པར་དག་པ་ནི༔ རྔ་ཡབ་རཀྴ་ཕོ་མོའི་དམ་སྲིའི་སྟེང༔ རབ་འཇིགས་བཟོད་དཀའ་རྡོ་རྗེ་སྲིན་པོའི་གཟུགས༔ ཤེས་རབ་མཐིང་འོད་རབ་འབར་གར་དགུའི་ཉམསཿ བདུད་འདུལ་པདྨ་ཐོད་ཕྲེང་ ཧེ་རུ་ཀའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ གནོད་གདུག་ལྷ་འདྲེ་འབྱུང་པོའི་རྒྱུ་ལམ་ཆོད༔ ཨོཾ་ཨཱ༔ཧཱུྃ་ཨརྩིག་ནེརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ད་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ རབ་འབྱམས་རྒྱལ་ཀུན་གཅིག་བསྡུས་ལྷག་པའི་ལྷ༔ སྲིད་ཞིའི་ཁྱབ་བདག་ཆེ་མཆོག་ཧེ་རུ་ཀ༔ ཡ་མནྟ་ཀ་པདྨ་དབང་ཆེན་རྩལ༔ ཡང་དག་ཞི་ཁྲོ་བཛྲ་ཀཱི་ལ་ཡ༔ བླ་མེད་གསང་བ་སྟོབས་ལྡན་དྲེགས་པའི་གཙོ༔ སྒྲུབ་སྡེ་ཡོངས་རྫོགས་དཔལ་ཆེན་བཀའ་བརྒྱད་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ ཨོཾ་བཛྲ་སརྦ་དུཥྚཾ་དཱ་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ འཇིགས་པ་བརྒྱད་སྐྱོབས་འཕགས་མ་དཔའ་མོ་ཡུམ༔ རྡོ་རྗེ་རྣལ་འབྱོར་ཕག་གདོང་ཁྲོས་མ་ནག༔ སེང་ཧ་མུ་ཁ་གནས་གསུམ་ཌཱཀྐིའི་རྗེ༔ སྤྲུལ་དང་ཡང་སྤྲུལ་ཞིང་རྡུལ་གྲངས་སྙེད་ལྷའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ གནོད་གདུག་ལྷ་འདྲེ་འབྱུང་པོའི་རྒྱུ་ལམ་ཆོད༔ བཾ་ཧ་རི་ནི་ས་ཏཱ་རེ་དཱ་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ དགྲ་བགེགས་ཆམ་འབེབ་ཕོ་རྒྱུད་དཔལ་མགོན་ཚོགས༔ མོ་རྒྱུད་རང་བྱུང་རྒྱལ་མོ་སྔགས་ཀྱི་བདག༔ སྡེ་བརྒྱད་སྤྱི་ཡི་དམག་དཔོན་རཱ་ཧུ་ལ༔ རྡོ་རྗེ་ལེགས་པ་ཆོས་རྒྱལ་བཙན་རྒོད་དང༔ སྨྱོ་འདྲེའི་གཤེད་གྱུར་རྡོ་རྗེ་འབར་བ་རྩལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་སྟོབས་ཀྱིས༔ བཀའ་རྟགས་ཕྱག་རྒྱ་བཞུགས་པའི་གནས་འདི་དང་༔ འཆང་བ་ཕོ་མོའི་ལུས་ངག་ཡིད་གསུམ་ལ༔ ལོག་པར་འདྲེན་པའི་གསར་བྱུང་གདུག་འདྲེ་དང༔ མཐའ་ཡས་འབྱུང་པོས་བར་ཆད་འཚེ་བ་བཟློག༔ སྟེང་འོག་གདོན་དང་སྙིང་རླུང་འགོས་ཡམས་སོགས༔ མ་རུང་འཚེ་བའི་ནད་ཀུན་དབྱིངས་སུ་སོལ༔ མེ་ཆུ་ས་གཡོས་གནམ་ལྕགས་འབེབས་པ་སོགས༔ སྲོག་ལ་གློ་བུར་རྒོལ་བའི་བར་ཆད་སོལ༔ གནོད་གདུག་ལྷ་འདྲེ་འབྱུང་པོའི་རྒྱུ་ལམ་ཆོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་ཧཱུྃ་ཕཊ༔ དཱ་ན་པ་ཏི་བཛྲ་རཀྵ་རཀྵ་བྷྲུཾ༔ ཨོཾ་བཛྲ་ཀྲོ་ཏ་ཡཀྴ་གྷྲྀ་ཝ་ར་ཛ་སྡེ་བརྒྱད་དམ་སྲི་འབྱུང་པོ་ཡུལ་འདྲེ་བསེན་མོ་བཀའ་ལ་མི་ཉན་དབང་དུ་མི་འདུ་མགོ་སྐོར་བྱེད་པའི་མགོ་ལ་ནན༔ སྙིང་ལ་ནན༔ ལུས་ལ་ནན༔ ངག་ལ་ནན༔ ཡིད་ལ་ནན༔ མཐུ་རྩལ་ནུས་པ་སརྦ་མཱ་ར་ཡ་ནན་ཛཿཛ༔ རྦད་རྦད༔ མ་ཧཱ་དུ་ན་བྷྱོ༔ ཁ་ལ་ཙ་མ་བྷྱོ༔ ར་ཙ་དུ་ལཾ་བྷྱོ༔ དམ་ལིང་ཁྲི་འཕོ་བྷྱོ༔ གནོད་བྱེད་འབྱུང་པོའི་རྒྱུ་ལམ་ཆོད༔ ཨུ་ཙ་ཏ་ཡ་ཕཊ༔ ས་མ་ཡཱ༔ བརྡ་ཐིམ༔ དེ་འོག་སྡིག་གཟུགས་ཕོ་མོ་ཡི༔ མགོ་སྤྲད་རྡོ་རྗེ་རྒྱ་གྲམ་གྱིས༔ མགོ་གཉིས་ནོན་པའི་ལྟོ་བའི་ནང༔ ཨོཾ་ཨཱ༔ཧཱུྃ་ནན་རྦད་བྷྱོ་འབྲི༔ མཐའ་ལ་མཚོན་ཆ་མེ་རླུང་དང༔ རྡོ་རྗེའི་ར་བས་གུར་དུ་བྱ༔ ས་མ་ཡཱ༔ དེ་འདྲའི་ལོག་འདྲེན་ཀླད་འགེམ་བཀའ་རྟགས་འདི༔ ཆོས་སྐུའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས༔ ལོངས་སྐུའི་སངས་རྒྱས་རྣམས་ཀྱིས་ཐུགས་དགོངས་བཞེད༔ སྤྲུལ་སྐུའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེའི་འཕྲུལ༔ གསང་སྔགས་གླིང་པའི་བཀའ་རྟགས་འདི་ཉིད་ཟུང༔ འབྲེལ་བས་སྔོན་ལས་མ་གཏོགས་འཕྲལ་རྐྱེན་བགེགས༔ གང་གིས་མི་ཚུགས་རྡོ་རྗེའི་ཆོས་དང་མཚུངས༔ སུ་ལ་མ་སྤེལ་སྤེལ་ཀྱང་རེ་འགའ་ཙམ༔ ནལ་མར་སྤེལ་ན་རང་གི་སྲོག་ལ་རྒོལ༔ སྐལ་ལྡན་སྐྱེས་བུ་གཉིས་ལ་གཏད་རྒྱས་ཐོབ༔ བཀའ་སྲུང་དབྱིངས་ཀྱི་མ་མོ་ཟུང་གིས་སྲུང༔ གུ་ཧྱ༔ ཅེས་པའང་ཏཱ་རེ་གནས་ཀྱི་བདག་པོ་ཁོ་བོ་ཕན་པས་བྲིས་པ་ཡོངས་ལ་དགེ་བར་གྱུར་ཅིག་གུ། །

བཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ བཱི་མ་མི་ཏྲའི་བླ་སྒྲུབ་ཚེ་ཡི་བུམ་བཟང་བཞུགས་སོ༔

ཡོན་ཏན་བདུད་རྩིའི་བཀའ་བབ་ནས༔ འཆི་བདག་བདུད་ལས་རྣམ་རྒྱལ་བའི༔ པཎ་ཆེན་བཱི་མ་མི་ཏྲར་འདུད༔ དེ་ཡི་སྒྲུབ་ཐབས་ཟབ་མོ་བསྟན༔ ས་མ་ཡཱཿ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་སྦྱོར་བའི་ཆོས་ལ་ཡང་༔ རྣམ་པ་གསུམ་སྟེ་ཐོག་མར་ནི༔ གནས་དང་ཡོ་བྱད་མཐུན་རྐྱེན་འཛོམས༔ གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་དང་༔ གསུམ་པ་ཚོགས་བསག་བྱ་བའོ༔ ཚེ་ཡི་རིག་འཛིན་སྒྲུབ་པའི་གནས༔ རྒྱ་བོད་གནས་ཆེན་གང་རུང་དང་༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་ས༔ ཡང་ན་དབེན་ཅིང་ཉམས་དགའ་བ༔ གངས་རི་བརྟན་ཆགས་རི་བོ་ནི༔ ལྷུན་བརྗིད་གཡུ་མཚོ་གཏན་འཁྱིལ་དུ༔ བི་མའི་སྐུ་གཟུགས་བྲིས་འབུར་ནི༔ གཞུང་གི་མངོན་རྟོགས་ཇི་བཞིན་ལ༔ གང་ཟག་མཆོག་གིས་རབ་གནས་དང་༔ རྒྱབ་ཏུ་སྔགས་བྱང་རྣམ་རྒྱལ་གྱི༔ མཆོད་རྟེན་བྲིས་པ་སྒྲུབ་རྟེན་ནོ༔ དུས་ནི་ཚེས་བརྒྱད་རྒྱལ་ཕུར་གྱི༔ འཕྲོད་སྦྱོར་གང་རུང་དག་ཏུ་འོ༔ མདུན་དུ་ཉེར་སྤྱོད་རྣམ་ལྔ་བཤམས༔ གྲོགས་ནི་དམེ་བོ་དམ་ཉམས་དང་༔ ཡུགས་ས་ཤན་པ་མ་ཡིན་པ༔ བཙུན་པ་དེ་བཞིན་བྱིས་པ་དང་༔ ཕལ་པ་གཞན་ཡང་ངེས་པར་རུང་༔ ཤིན་ཏུ་གསང་ཞིང་སྨྲ་བ་བཅད༔ སྐྱབས་སུ་འགྲོ་བའི་རིམ་པ་ནི༔ རང་གི་མདུན་གྱི་ནམ་མཁའ་ལ༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ པཎ་གྲུབ་རྣམ་པར་སྐུར་བཞེངས་པ༔ སློབ་དཔོན་བཱི་མ་མི་ཏྲ་དང་༔ དབྱེར་མེད་རྩ་བའི་བླ་མ་ལ༔ དམ་ཚིག་དབང་དང་ཤེས་རབ་རྒྱུད༔ མན་ངག་ལུང་བརྒྱུད་ཉམས་ཆག་སྐོང༔ དྲིན་ཐོབ་སློབ་དཔོན་རྣམ་བཞི་དང་༔ བརྒྱུད་པ་དྲུག་ལྡན་བླ་མའི་ཚོགས༔ ཁྲོམ་འཚོགས་ལྟ་བུར་བསྒོམ་པ་ཡི༔ སྟེང་ཕྱོགས་རྒྱུད་སྡེ་དྲུག་གི་ལྷ༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་རྣམས༔ ཉི་ཟེར་རྡུལ་བཞིན་འཁྲིགས་པ་ལ༔ རང་གཞན་འགྲོ་བ་མ་ལུས་ཀུན༔ སངས་རྒྱས་གོ་འཕང་མ་ཐོབ་བར༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་འགྲོ༔ ཨེ་མ་ཧོ༔ དཀོན་མཆོག་གསུམ་གྱི་རང་བཞིན་བླ་མ་རྗེ༔ ཚེ་ཡི་རིག་འཛིན་བཱི་མ་མི་ཏྲ་དང༔ རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ བདག་གཞན་ཁམས་གསུམ་སེམས་ཅན་མ་ལུས་པ༔ བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར༔ ཉོན་མོངས་མི་དགེའི་རྒྱུ་རྐྱེན་རྟེན་འབྲེལ་གྱིས༔ སྡུག་བསྔལ་གསུམ་གྱིས་དམ་ལ་བཞག་པ་ཡི༔ མཐའ་མེད་ཕ་མ་འགྲོ་དྲུག་སེམས་ཅན་རྣམས༔ རྫོགས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད་པར་བགྱི༔ ཞེས་དང་ཚོགས་བསག་རིམ་པ་ནི༔ ཨེ་མ་ཧོ༔ རང་དོན་སྤངས་རྟོགས་ཡོན་ཏན་མཐར་ཕྱིན་ནས༔ གཞན་དོན་སྐུ་དང་ཡེ་ཤེས་ལྷུན་རྫོགས་པའི༔ འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ༔ རྩ་བའི་བླ་མ་བཱི་མ་མི་ཏྲ་དང༔ དཀོན་མཆོག་རྩ་གསུམ་སྲུང་མར་བཅས་པ་ལ༔ རང་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་པས༔ རྡུལ་སྙེད་ལུས་སྤྲུལ་རྟག་ཏུ་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་དངོས་སུ་ཅི་འབྱོར་དང་༔ ཕྱོགས་བཅུའི་ཞིང་ནས་བདག་ཏུ་མ་བཟུང་བའི༔ མཆོད་པར་འོས་པའི་ཡོ་བྱད་ཇི་སྙེད་པ༔ བློ་ཡིས་བླངས་ཏེ་སྐྱབས་གནས་མཆོག་ལ་འབུལ༔ དུས་འདི་ནས་བཟུང་འཁོར་བ་མ་སྟོངས་བར༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་འབྱུང་གྱུར་ཅིག༔ ཐོག་མ་མེད་ནས་སྡིག་ལྡན་བདག་ཅག་གི༔ སེམས་ཉིད་ལས་ཉོན་བག་ཆགས་ཀྱིས་དཀྲུགས་པའི༔ བརྣབ་སེམས་གནོད་སེམས་ལོག་པར་ལྟ་བའི་མཐུས༔ ཕ་མ་མཁན་སློབ་གཞན་ཡང་འགྲོ་བ་ལ༔ རྐུ་འཕྲོག་བརྡེག་བཙོག་དེ་བཞིན་སྲོག་གཅོད་དང་༔ ལོག་གཡེམ་རྫུན་ཕྲ་སྐུར་འདེབས་མི་འོས་པའི༔ མི་དགེའི་ལས་ངན་མཐའ་དག་ཅི་བགྱིས་པ༔ མ་ལུས་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ འཕགས་པ་གསུམ་དང་དེ་བཞིན་སོ་སྐྱེ་ཡིས༔ གཞན་དོན་མཛད་དང་རང་དོན་དགེ་ལ་བརྩོན༔ དེ་དག་ཀུན་ལ་ལུས་ཀྱིས་ཐལ་སྦྱར་ཏེ༔ ངག་གིས་བསྟོད་ཅིང་སེམས་ཀྱིས་རྗེས་ཡི་རང་༔ འཁོར་བར་འཁྱམས་པའི་རྒྱུ་རྐྱེན་ཉོན་མོངས་གསུམ༔ འདུལ་བའི་ཐབས་མཆོག་སྡེ་སྣོད་གསུམ་གྱི་ཆོས༔ ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་དང་༔ བདག་གཞན་འདྲེན་པའི་བཤེས་གཉེན་མཆོག་རྣམས་ལ༔ ངག་གིས་བསྐུལ་ཞིང་སེམས་ཀྱིས་རབ་མོས་ཏེ༔ བླ་ན་མེད་པའི་འཁོར་ལོ་བསྐོར་བར་བསྐུལ༔ སེམས་ཅན་དོན་དུ་ཐུགས་རྗེས་རབ་དགོངས་ཀྱང་༔ ལས་ཉོན་དྲག་པོ་གཏིང་མཐའ་མི་མངོན་པས༔ སེམས་ཅན་དོན་ལ་ཅུང་ཟད་ཐུགས་ངལ་ཏེ༔ ཞི་བདེར་གཟིམས་པར་འགྱུར་བའི་རྒྱལ་བ་དང་༔ དེ་སྲས་ཉན་རང་བྱང་སེམས་དགེ་བའི་བཤེས༔ འཆི་མེད་རིག་འཛིན་མཆོག་གི་སྐུར་བཞེངས་ནས༔ འཁོར་བ་མ་སྟོངས་བར་དུ་བཞུགས་གསོལ་འདེབས༔ བདག་གི་དུས་གསུམ་དགེ་བའི་རྩ་བ་དང་༔ འགྲོ་རྣམས་དགེ་རྩ་ཇི་སྙེད་ཡོད་པ་ཀུན༔ རང་དོན་ཐེག་དམན་ལམ་དུ་མི་འཕྱན་པར༔ གཞན་དོན་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ནས༔ བདག་གཞན་ཀུན་གྱིས་ཚེ་ཡི་རིག་འཛིན་མཆོག༔ བཱི་མ་མི་ཏྲ་ཇི་བཞིན་ཐོབ་ཕྱིར་བསྔོ༔ དེ་ཡིས་སྦྱོར་བའི་ཆོས་གསུམ་རྫོགས༔ ས་མ་ཡཱཿ གཉིས་པ་དངོས་གཞིའི་རིམ་པ་ལ༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་དང་༔ ཕྱག་འཚལ་མཆོད་པ་སྐུ་གསུང་ཐུགས༔ ཡོན་ཏན་རྗེས་སུ་དྲན་པས་བསྟོད༔ བསྙེན་སྒྲུབ་ལས་སྦྱོར་རིམ་པ་འོ༔ དང་པོ་ལྷ་ཡི་བསྐྱེད་རིམ་ནི༔ ཨེ་མ་ཧོ༔ གདོད་ནས་མ་སྐྱེས་རང་རིག་བྱང་ཆུབ་སེམས༔ ཡེ་ནས་སྤྲོས་པའི་མཐའ་བརྒྱད་བྲལ་བ་ལ༔ གཟུང་འཛིན་ཕྱི་ནང་སྣོད་བཅུད་རྡུལ་ཙམ་མེད༔ ཀུན་ཀྱང་ནམ་མཁའ་ལྟ་བུའི་ངང་ཉིད་དོ༔ ཆོས་རྣམས་རང་བཞིན་སྤྲོས་པ་མེད་པ་ལས༔ གློ་བུར་སྤྲོས་པས་བསླད་པའི་འགྲོ་བ་རྣམས༔ སྡུག་བསྔལ་གསུམ་གྱི་མཚོ་ལས་བསྒྲལ་བའི་ཕྱིར༔ ཚད་མེད་སྙིང་རྗེ་ཆེན་པོས་ཀུན་བསླངས་ཏེ༔ ཟུང་འཇུག་རིག་པ་འཆི་མེད་ཐུགས་སྲོག་ཧྲཱིཿ དེ་ལས་འོད་འཕྲོས་ཕྱི་སྣོད་བདེ་ཆེན་ཞིང་༔ རྒྱ་དང་མཐའ་བྲལ་མི་མངོན་བསམ་ལས་འདས༔ ཡོན་ཏན་ཕུན་ཚོགས་བཀོད་ལེགས་ཕོ་བྲང་དབུས༔ ཆུ་སྐྱེས་སྟོང་བརྡལ་ཐབས་ཤེས་ཉི་ཟླའི་སྟེང་༔ རང་རིག་ཧྲཱིཿལས་ཧཱུྃ་མཐིང་ཡོངས་གྱུར་པ༔ སྐད་ཅིག་དྲན་རྫོགས་རྩ་བའི་ཡི་དམ་ལྷ༔ བདེ་གཤེགས་ཀུན་འདུས་ཆེ་མཆོག་ཧེ་རུ་ཀ༔ སྐུ་མདོག་སྨུག་ནག་བསྐལ་པའི་མེ་ལྟར་འབར༔ ཞལ་གཅིག་ཁྲོ་གཏུམ་བཟོད་པར་དཀའ་བའི་ཉམས༔ ཕྱག་གཉིས་གཡས་པས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་ཧཱུྃ་དམར་དགུ་དང་རཾ་དགུའི་མཚན༔ མཁའ་ལ་བསོར་བས་བདུད་བཞི་ཟིལ་གྱིས་གནོན༔ ཕྱག་གཡོན་དམར་གྱིས་གང་བའི་དུང་ཆེན་འཛིན༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་ཐོད་པས་བཅིངས༔ གླང་ཀོའི་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་དང་༔ མི་ལྤགས་སྐེད་དཀྲིས་མགོ་ཕྲེང་དོ་ཤལ་བརྗིད༔ སྦྲུལ་གྱི་ཆུན་པོ་རྡོ་རྗེའི་གཤོག་པ་གདེངས༔ ཤེས་རབ་ཡུམ་མཆོག་གནམ་ཞལ་དབྱིངས་ཕྱུག་མ༔ གྲི་གུག་ཐོད་འཛིན་ཁྲོ་མོའི་ཆས་ཀུན་རྫོགས༔ ཞབས་གཉིས་མཉམ་སྦྱོར་བདེ་སྟོང་གཉིས་མེད་ངང༔ རྒྱུད་སྡེ་དྲུག་གི་ལྷ་ཀུན་སྐུ་ལ་རྫོགས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ སྤྱི་བོར་པད་ཟླའི་སྟེང་དུ་ཡི་གེ་ཧྲཱིཿ ཡོངས་གྱུར་ཚེ་ཡི་རིག་འཛིན་བཱི་མ་ལ༔ སྐུ་མདོག་དཀར་གསལ་ཞི་འཛུམ་མཛེས་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་གཟི་འོད་ལམ་ལམ་འབར༔ སྐུ་ལ་ཤ་འགག་སྔོན་པོ་གསེར་རིས་ཅན༔ དེ་སྟེང་ཆོས་གོས་དམར་སེར་མཐང་ཤམ་སྨུག༔ དབུ་ལ་པཎྜི་ཏ་ཡི་ཞྭ་དམར་གསོལ༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་བདུད་རྩིས་བཀང་༔ ཐུགས་ཀར་འོད་ལྔའི་ཐིག་ལེ་དྭངས་མའི་དབུས༔ འཆི་མེད་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔ གོས་དཀར་ལྷ་མོ་གསང་བའི་ཡུམ་དང་འཁྲིལ༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཚེ་བུམ་བསྣམས༔ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཡེ་ནས་སྣང་སྟོང་སྒྲིབ་གཡོགས་བྲལ་བའི་སྐུ༔ ཚེ་མཆོག་གྲུབ་པའི་པཎ་ཆེན་བཱི་མ་ལའི༔ ཕྱོགས་བཞིར་པདྨ་ཟླ་བའི་གདན་སྟེང་དུ༔ ཤར་དུ་དམ་ཚིག་དབང་གི་སློབ་དཔོན་དཀར༔ རྡོ་རྗེ་ཚེ་བུམ་པཎྜི་ཏ་ཡི་ཆས༔ ལྷོ་རུ་ཤེས་རབ་རྒྱུད་ཀྱི་སློབ་དཔོན་སེར༔ རིན་ཆེན་ཚེ་བུམ་པཎྜི་ཏ་ཡི་ཆས༔ ནུབ་ཏུ་མན་ངག་ལུང་གི་སློབ་དཔོན་དམར༔ པད་ཕྲེང་ཚེ་བུམ་པཎྜི་ཏ་ཡི་ཆས༔ བྱང་དུ་ཉམས་ཆག་བསྐང་བའི་སློབ་དཔོན་ལྗང་༔ རྒྱ་གྲམ་ཚེ་བུམ་པཎྜི་ཏ་ཡི་ཆས༔ ཀུན་ཀྱང་སྐུ་ལ་ཆོས་གོས་རྣམ་གསུམ་དང་༔ དབུ་ལ་པཎ་ཞུ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ མཐའ་བསྐོར་རིག་འཛིན་བླ་མ་སྤྲིན་ལྟར་གཏིབས༔ རང་ཉིད་ཡི་དམ་ལྷ་རུ་བསྒོམ་པ་ཡི༔ ཕྱོགས་མཚམས་རྣམས་སུ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་བཀའ་སྡོད་སོགས༔ ཀུན་ཀྱང་མ་འདྲེས་ཏིལ་གོང་ཁ་ཕྱེ་བཞིན༔ སྣང་སྟོང་གཉིས་མེད་མཁའ་ལ་འཇའ་ཚོན་ལྟར༔ མ་བསྐྱེད་ཡོངས་གྲུབ་སེམས་ཉིད་གཅིག་པུའི་རྩལ༔ ཀུན་གྱི་གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ཡོངས་གྱུར་རྡོ་རྗེ་གསུམ་གྱི་ལྷ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་རྒྱལ་པོ་རྣམས༔ སོ་སོའི་སྐུ་མདོག་ཕྱག་མཚན་ཇི་བཞིན་གསལ༔ ཨོཾ་ཨཱཿཧཱུྃ༔ ལན་བདུན་བརྗོད་པས་ཀུན་བརྟགས་བསྐྱེད་པའི་ལྷར༔ གཞན་དབང་དག་པ་རབ་འབྱམས་རྒྱས་ཐེབས་ནས༔ ཡོངས་གྲུབ་ཡེ་ཤེས་ལྔ་ཡི་ངང་དུ་གྱུར༔ གནས་གསུམ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་རྟེན་ལ་བསྟིམས༔ སྤྱན་འདྲེན་སྤོས་དང་རོལ་མོའི་སྒྲས༔ བསྐུལ་ཞིང་དབྱངས་ཀྱིས་འདི་སྐད་དོ༔ ཨེ་མ་ཧོ༔ ཆོས་དབྱིངས་མཐའ་དབུས་བྲལ་བའི་ཕོ་བྲང་ནས༔ ཐུགས་རྗེ་འགགས་མེད་གཟུགས་ཀྱི་སྐུར་བཞེངས་པ༔ གདུལ་བྱའི་མཐུན་སྣང་བཞིན་དུ་མ་འདྲེས་གསལ༔ སྐུ་གསུམ་ཞིང་གི་སྟོན་པ་གཤེགས་སུ་གསོལ༔ ཁྱད་པར་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་ཉིད་ཞི་ལས་ཐུགས་རྗེ་རོལ་པའི་གར༔ ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ༔ ཡི་དམ་རྩ་བའི་ལྷ་མཆོག་གཤེགས་སུ་གསོལ༔ དཔལ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཀྱང་༔ ཡོན་ཏན་བདུད་རྩིའི་བཀའ་བབ་འགྲུབ་ཚུལ་བསྟན༔ ཚེ་ཡི་རིག་འཛིན་མཆོག་ཏུ་སྐུར་བཞེངས་པ༔ པཎ་ཆེན་བཱི་མ་མི་ཏྲ་གཤེགས་སུ་གསོལ༔ གཞན་ཡང་དབང་བཞིས་རྒྱུད་སྨིན་བླ་མ་དང་༔ ཤེས་རབ་རྒྱུད་འཆད་མན་ངག་ལུང་སྦྱིན་པ༔ ཉམས་ཆག་སྐོང་མཛད་རྩ་བརྒྱུད་བླ་མའི་ཚོགས༔ མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་དང་༔ དཀར་ཕྱོགས་ལྷ་དང་དྲང་སྲོང་རིག་པ་འཛིན༔ ཀུན་ཀྱང་ཚེ་མཐའ་ཡས་པའི་རྣམ་རོལ་གྱིས༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔གུ་རུ་དྷེ་ཝ་ཌཱཀྐི་ནི་མ་ཧཱ་གུ་རུ་བཱི་མ་མི་ཏྲ་ཨ་ཡུར་ཛྙཱ་ན་བཛྲ་ས་མ་ཡཱ་ཛ་ཛཿ ཞེས་པས་སྤྱན་དྲངས་མདུན་རྟེན་དང་༔ རང་གིས་བསྐྱེད་པའི་ཏིང་འཛིན་ལྷ༔ དབྱེར་མེད་གཅིག་གི་རོལ་པ་ལ༔ ཡེ་ཤེས་ལྷ་རྣམས་བྱང་ཆུབ་བར༔ བརྟན་པར་བཞུགས་པའི་མོས་འདུན་གྱིས༔ ཨེ་མ་ཧོ༔ ཀུན་བརྟགས་བསྐྱེད་པའི་ལྷ་དང་སྒྲུབ་པའི་རྫས༔ དབྱེར་མེད་སེམས་ཀྱི་རོལ་པར་གཅིག་པ་ལ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ་ཡི་ཚོགས༔ འཆི་མེད་ཚེ་ཡི་རིག་འཛིན་མ་འགྲུབ་བར༔ རྒྱ་མཚོ་ཆེ་ལ་མཁའ་ལས་ཆར་བབ་བཞིན༔ དབྱེར་མེད་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བ་ནི༔ ཨོཾ་འགྱུར་མེད་རྡོ་རྗེའི་སྐུ་ནི་མཚན་དཔེར་ལྡན༔ ཨཱཿའགག་མེད་ཚངས་པའི་གསུང་ནི་ཆོས་སྒྲ་སྒྲོག༔ ཧཱུྃ་འཁྲུལ་མེད་ཐུགས་ནི་རང་བྱུང་ཡེ་ཤེས་ངང་༔ བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་སྐུ་མཆོག་ལ༔ སེམས་ཅན་དོན་ཕྱིར་གང་འདུལ་གཟུགས་སུ་སྣང་༔ རྩ་གསུམ་ཡོངས་རྫོགས་དཀྱིལ་འཁོར་རྒྱ་མཚོའི་ངང་༔ འཆི་མེད་རིག་འཛིན་སྐུ་ལ་ཕྱག་འཚལ་ལོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཱི་མ་མི་ཏྲ་ན་མ་ཡ་དྷི༔ ཨ་ཏི་པུ་ཧོ༔ པྲ་ཏི་ཛ་ཧོ༔ དེ་ནས་མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཨེ་མ་ཧོ༔ འཆི་མེད་མགོན་པོ་པཎ་ཆེན་བཱི་མ་ལ༔ རྩ་གསུམ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ལ༔ མཆོད་འོས་ཕྱི་སྣོད་ནང་བཅུད་དངོས་པོ་ཀུན༔ དངོས་སུ་འབྱོར་དང་དཔག་མེད་བློས་སྤྲུལ་ཏེ༔ ཡིད་འོང་མཛེས་སྡུག་གཟུགས་ཀུན་སྤྱན་ལ་འབུལ༔ སྙན་འཇེབས་སྒྲ་དབྱངས་རོལ་མོ་སྙན་ལ་འབུལ༔ ལྷན་སྐྱེས་སྦྱར་བྱུང་དྲི་བཟང་ཤངས་ལ་འབུལ༔ རོ་བརྒྱ་ལྷ་ཡི་ཞལ་ཟས་ལྗགས་ལ་འབུལ༔ སྲབ་འཇམ་གོས་ཀྱི་བྱེ་བྲག་སྐུ་ལ་འབུལ༔ བདེ་གསལ་མི་རྟོག་ཏིང་འཛིན་ཐུགས་ལ་འབུལ༔ གཞན་ཡང་གསང་བ་ཆེན་པོའི་དམ་རྫས་ནི༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་མཆོད་འབུལ༔ མཁའ་དབྱིངས་གསང་བའི་དམར་ཆེན་ཁྲག་མཆོད་འབུལ༔ འབྲུ་སྨན་རྩི་བཅུད་བྷ་ལིང་གཏོར་མཆོད་འབུལ༔ བཅུ་དྲུག་དགའ་སྟེར་ཕྱག་རྒྱའི་མཆོད་པ་འབུལ༔ ཞིང་བཅུ་ཚར་གཅོད་སྒྲོལ་བའི་མཆོད་པ་འབུལ༔ སྣང་སྲིད་དག་རྫོགས་བསྐྱེད་རིམ་མཆོད་པ་འབུལ༔ རྩ་དག་རླུང་སྦྱངས་རྫོགས་རིམ་མཆོད་པ་འབུལ༔ རྣམ་རྟོག་རང་གྲོལ་བློ་འདས་མཆོད་པ་འབུལ༔ བདེན་གཉིས་དབྱེར་མེད་ཐིག་ལེ་ཆེན་པོའི་ཀློང་༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་འཛིན་བྲལ་ངང་༔ རང་གྲོལ་རྫོགས་པ་ཆེན་པོའི་མཆོད་པ་ནི༔ སྐྱེ་འཆི་བགྲེས་རྒུད་བྲལ་བའི་ངང་ནས་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་སརྦ་པཉྩ་རཀྟ་བྷ་ལིང་ཏ་དྷརྨ་དྷརྟུ་ག་ན་ཙཀྲ་པུ་ཙ་ཧོ༔ བསྟོད་པའི་རིམ་པས་དགྱེས་སྐོང་ནི༔ ཨེ་མ་ཧོ༔ ངོ་བོ་ཆོས་སྐུ་འཕོ་འགྱུར་མེད་པ་ལས༔ རང་བཞིན་ལོངས་སྐུ་ངེས་པ་ལྔ་དང་ལྡན༔ ཐུགས་རྗེ་སྤྲུལ་སྐུ་རྩོལ་མེད་འགྲོ་ལ་འཆར༔ སྐུ་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་ཡེ་ཤེས་ངང་དུ་རོ་གཅིག་ཀྱང་༔ སེམས་ཅན་དོན་ཕྱིར་མཛད་པ་ཐ་དད་སྟོན༔ ཡོན་ཏན་བདུད་རྩིའི་བཀའ་བབ་དངོས་གྲུབ་བརྙེས༔ འཆི་མེད་རིག་འཛིན་བཱི་མ་མི་ཏྲར་བསྟོད༔ སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་དང་བྲལ༔ དོན་དམ་ཚིག་གིས་མཚོན་པའི་དབང་བཞི་ཡིས༔ སྐུ་བཞིའི་རྒྱལ་སར་དབུགས་དབྱུང་མཆོག་སྦྱིན་པའི༔ དམ་ཚིག་དབང་གི་བླ་མར་ཕྱག་འཚལ་བསྟོད༔ རབ་ལ་མཚན་བསྟན་འབྲིང་ལ་སྤྱི་དོན་དང་༔ ཐ་མར་ཚིག་གི་འབྲུ་གཉེར་རྒྱུད་དོན་གྱི༔ བཤད་པའི་ལྡེ་མིག་སྐལ་ལྡན་ཤེས་རྒྱུད་སྒོ༔ འགྲོལ་མཛད་དྲིན་ལྡན་བླ་མར་ཕྱག་འཚལ་བསྟོད༔ རང་གནས་ཡེ་ཤེས་དབུལ་པོའི་ཁྱིམ་གྱི་གཏེར༔ རང་གིས་མི་མཐོང་རྒྱུན་དུ་ཉམ་ཐག་པ༔ དཀའ་བ་མེད་པར་མན་ངག་ལུང་གི་མཐུས༔ སྟོན་མཛད་ཐབས་ཀྱི་བླ་མར་ཕྱག་འཚལ་བསྟོད༔ སེམས་ཉིད་ཀ་ནས་དག་པའི་རང་བཞིན་ཡང༔ གློ་བུར་འཁྲུལ་རྟོག་དྲི་མས་སྦགས་པ་ལས༔ ཉམས་ཆག་ཉེས་ལྟུང་སྡིག་ལྡན་ངན་འགྲོ་ལས༔ འདྲེན་པའི་སློབ་དཔོན་མཆོག་ལ་ཕྱག་འཚལ་བསྟོད༔ སྔོན་ལས་འཕྲལ་རྐྱེན་ཚེ་ལ་བར་ཆད་བགེགས༔ ལྷ་སྔགས་ཏིང་འཛིན་ཟབ་མོས་ཡོངས་བསལ་ནས༔ འཆི་མེད་ཚེ་ཡི་དངོས་གྲུབ་མཆོག་སྩོལ་བའི༔ རྩ་གསུམ་སྲུང་མ་འཁོར་དང་བཅས་ལ་བསྟོད༔ དེ་ནས་འཛབ་ཀྱི་རིམ་པ་ནི༔ བསྙེན་དུས་བླ་མ་བཱི་མ་ལ༔ རང་ཉིད་དཔལ་ཆེན་སྤྱི་བོར་བསྒོམ༔ མོས་གུས་གསོལ་འདེབས་ཚུལ་དུ་བཟླ༔ ཨེ་མ་ཧོ༔ དྲན་པ་ཙམ་གྱིས་ཚེ་ཡི་བར་ཆད་སེལ༔ བསྒོམ་པ་ཙམ་གྱིས་མཆོག་གི་དངོས་གྲུབ་ཐོབ༔ མཚན་ཐོས་ཙམ་གྱིས་འཇིགས་དང་སྡུག་བསྔལ་སྒྲོལ༔ པཎ་ཆེན་བཱི་མ་མི་ཏྲར་གསོལ་བ་འདེབས༔ བདག་གི་མོས་གུས་གདུང་ཤུགས་དྲག་པོ་ཡིས༔ ཁྱོད་སྐུ་སྤྱི་བོར་བསྒོམས་ཤིང་རྩེ་གཅིག་ཏུ༔ གསོལ་འདེབས་བསྙེན་པའི་འཛབ་ཀྱིས་རྒྱུད་བསྐུལ་ན༔ བརྩེ་ཆེན་ཐུགས་རྗེས་ཚེ་ཡི་བར་ཆད་སོལ༔ ཟག་མེད་དགོངས་པས་མཆོག་ཐུན་དངོས་གྲུབ་སྩོལ༔ སྨོན་ལམ་མཐུ་ཡིས་ལེགས་པའི་དགེ་མཚན་སྟོན༔ སྒོ་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ༔ ད་ལྟ་ཉིད་དུ་འགྲུབ་པར་བྱིན་གྱིས་རློབས༔ དེ་རྗེས་བསྙེན་པ་འདི་ཉིད་ལ༔ སྨྲ་བ་བཅད་དེ་ནན་ཏན་བྱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བཱི་མ་མི་ཏྲ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བསྙེན་པ་བརྒྱ་འམ་སྟོང་གི་མཐར༔ གོང་གི་གསོལ་འདེབས་དམིགས་པར་བཅས༔ ཉེར་གཅིག་ཐུན་དུ་བཟུང་བ་གནད༔ བསྙེན་ཚད་འབུམ་ཕྲག་གསུམ་ལྔ་བདུན༔ རྟགས་མཐོང་བར་དུ་བཟླས་པར་བྱ༔ ས་མ་ཡཱ༔ དེ་ཡང་རྟགས་ཀྱི་རིམ་པ་ནི༔ རབ་ཀྱིས་དངོས་ཞལ་མཇལ་བ་དང་༔ གསུང་ཐོས་ཚེ་ཡི་རིག་འཛིན་འཐོབ༔ འབྲིང་གིས་ཉམས་སྣང་དག་ཏུ་འོང་༔ ཐ་མས་རྨི་ལམ་ཉམས་དགའ་ཞིང་༔ ཁྲུས་བྱས་ཉི་ཟླ་གསལ་དུ་ཤར༔ མཁའ་ལ་འཕུར་དང་གཞན་གྱིས་བསྔགས༔ གཏེར་དང་འབྲས་བུ་ཕྱག་མཚན་རྙེད༔ དེ་ཚེ་བཟང་ངན་རྟགས་རྣམས་ལ༔ རེ་དོགས་སྤངས་ཏེ་མཉམ་པར་བལྟ༔ གལ་ཏེ་ངན་ན་རྒྱབ་ཆོས་སུ༔ སྲོག་བླུ་རྟེན་བཞེངས་ཚོགས་བསག་བྱ༔ སྒྲུབ་དུས་བླ་མ་རང་ཉིད་ཀྱི༔ སྙིང་གར་པད་ཟླའི་གདན་ལ་སྒོམ༔ ཡི་དམ་ལྷ་དང་དབྱེར་མེད་བསམ༔ ཚིག་འདིས་འཛབ་བསྐུལ་བསྙེན་པ་བཟླ༔ ཨེ་མ་ཧོ༔ རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་འཆི་མེད་མགོན༔ དྲི་མེད་བཤེས་གཉེན་དཔལ་ཆེན་གྲུབ་པའི་གཙོ༔ ཚེ་རབས་ཡི་དམ་ལྷ་དང་གཉིས་སུ་མེད༔ སྙིང་གི་པདྨོར་རྟག་ཏུ་ཁྱོད་བསྒོམས་ནས༔ གདུང་ཤུགས་དབྱངས་ཀྱིས་བུང་བས་ཚང་ཚོལ་བཞིན༔ སྒྲུབ་པའི་སྔགས་འབྲུ་ཡེངས་མེད་འཛིན་མེད་ངང་༔ རྩེ་གཅིག་བརྩོན་པའི་འབྲས་བུས་གནས་སྐབས་སུ༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་ཚེ་བརྐུས་ན༔ ཚད་མེད་མཐུ་སྟོབས་ནུས་པས་འདིར་ཁུག་ལ༔ རྣལ་འབྱོར་སྒྲུབ་པོའི་ཚེ་ཡི་གསོས་མཛོད་ཅིག༔ དམ་ཚིག་ཉམས་དང་ཞེ་སྡང་དྲག་པོའི་མཐུས༔ རིང་འཚོའི་ཚེ་ཡི་བ་ཐག་ཆད་པ་ན༔ རྒྱལ་ཀུན་བྱིན་རླབས་ཐུགས་རྗེ་རྒྱུད་བསྐུལ་ནས༔ གཞོམ་བྲལ་རྡོ་རྗེའི་ཚེ་སྲོག་འདིར་མཐུད་ཅིག༔ གློ་བུར་སྔངས་དང་བྱད་ཕུར་དྲག་པོ་ཡིས༔ བདག་ཅག་ཚེ་ཡི་ཕྱྭ་གཡང་འཐོར་བ་ན༔ ཟག་བྲལ་དགོངས་པའི་ཤུགས་ཀྱིས་འདིར་བསྡུས་ལ༔ ཚེ་གཡང་རྟག་བརྟན་དྭངས་བཅུད་དཔལ་དུ་སྩོལ༔ བླ་མའི་ཐུགས་ཀར་པད་ཟླའི་སྟེང་༔ རྒྱལ་ཀུན་ཐུགས་སྲོག་ཧཱུྃཿམཐིང་མཐར༔ སྔགས་ཕྲེང་འོད་ལྔའི་ཟེར་ཐག་ཕྲེང་༔ ཤིན་ཏུ་ཕྲ་བ་གཡས་སུ་འཁོར༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ སྐུ་གསུམ་རྒྱལ་བའི་ཚེ་བཅུད་བསྡུས༔ རང་སྲོག་རྩ་བའི་སྔགས་ལ་ཐིམ༔ ཚེ་ཡི་རིག་འཛིན་མཆོག་ཐོབ་དམིགས༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་དེ་ཝ་ཌཱཀྐཱི་ནི་བཱི་མ་མི་ཏྲ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ གོང་གི་བསྙེན་པའི་སུམ་ཆ་བཟླ༔ དུས་ནི་ཟླ་དྲུག་བདུན་ཕྲག་བདུན༔ བཟླས་པས་དུས་ཟད་མི་ཡིན་ཀྱང༔ བཅུ་ཕྲག་ལོ་རུ་ཚེ་བསྲིང་ངེས༔ ཐེ་ཚོམ་མེད་པ་གནད་དུ་ཆེ༔ ཟག་མེད་དབྱིངས་ཀྱི་ཌཀྐིའི་བརྡ༔ བསླུས་ན་གསང་སྔགས་ཁྱད་ཆོས་ཅི༔ དེ་བས་སྙིང་ནས་བརྩོན་ཅིག་རྒྱ༔ ས་མ་ཡཱ༔ ལས་སྦྱོར་བླ་མ་འོད་དུ་ཞུ༔ རང་ཉིད་དཔལ་ཆེན་སྐུ་ལ་ཐིམ༔ ལྷ་དང་བླ་མ་དབྱེར་མེད་ངང་༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེ༔ ཕྲིན་ལས་བཞི་ལ་མངའ་བརྙེས་བསམ༔ འཛབ་ཀྱི་དམིགས་པ་འདི་ལྟར་སྒོམ༔ རང་ཉིད་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་ཏུ་བཟང་༔ ཐུགས་ཀྱི་ཙིཏྟ་དྭངས་མ་འོད་ལྔའི་ཀློང་༔ པདྨ་ཉི་ཟླའི་གདན་ལ་རྒྱལ་ཀུན་གྱི༔ ཐུགས་བཅུད་ཡི་གེ་འབྲུ་གསུམ་བརྩེགས་མར་བསྒོམས༔ དེ་ལས་དཀར་སེར་དམར་ལྗང་མཐིང་ག་ཡི༔ འོད་ལྔའི་ཟེར་གྱིས་བདག་དང་བསྲུང་བྱ་ཡི༔ འཇིགས་པ་ཀུན་ཞི་ཚེ་དང་ཡེ་ཤེས་རྒྱས༔ མོས་ཚོགས་དབང་བསྡུས་ལོག་འདྲེན་དབྱིངས་སུ་བསྒྲལ༔ ལྔ་ལྡན་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ལ༔ མཁའ་ཁྱབ་འགྲོ་ཀུན་ཡོངས་སུ་འགོད་པར་བསམ༔ འབྲུ་གསུམ་བྱེ་བ་གསུམ་དུ་བཟླ༔ ལས་སྦྱོར་སྔགས་རིང་འདི་ཡང་བཟླ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧཱ་གུ་རུ་སརྦ་དྷེ་ཝ་ཛྙཱ་ན་ཌཀྐཱི་དྷརྨ་པ་ལ་བཱི་མ་མི་ཏྲ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲུཾ༔ ཞེས་ཀྱང་འབྲུ་འབུམ་ཙམ་དུ་བཟླ༔ སྔགས་གྲངས་ཐེམས་པའི་གང་ཟག་དེ༔ རྡོ་རྗེའི་མཁར་དུ་ཚུད་དང་འདྲ༔ བགེགས་དང་འབྱུང་པོས་གླགས་མི་རྙེད༔ འཆི་མེད་ཚེ་ཡི་རིག་འཛིན་འཐོབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ཀྱི་རིམ་པ་ལ་ཡང་ལྔ༔ དབང་བཞི་ལེན་དང་བསྡུ་རིམ་དང་༔ བསྔོ་བ་སྨོན་ལམ་ཤིས་བརྗོད་དོ༔ ཡང་དག་དམིགས་པའི་སྲང་ལ་གཞུར༔ ཨོཾ་རིགས་བདག་བླ་མ་གཙོ་འཁོར་དཔྲལ་བ་ནས༔ ཨོཾ་ཡིག་དཀར་པོ་ཆུ་ཤེལ་བཞིན་ཏུ་འཚེར༔ ཟླ་བ་ཞུན་མ་ལྟ་བུའི་འོད་ཟེར་འཕྲོས༔ བདག་གི་དཔྲལ་བར་ཐིམ་པས་བུམ་དབང་ཐོབ༔ ལུས་ཀྱི་སྒྲིབ་དག་སྐུ་ཡི་ས་བོན་བཞག༔ བསྐྱེད་རིམ་སྣོད་རུང་ལུས་ལ་བར་ཆད་ཞི༔ མཐར་ཐུག་མཚན་དཔེའི་སྐུ་མཆོག་ཐོབ་པར་བསམ༔ ཨཱཿརིགས་བདག་བླ་མ་གཙོ་འཁོར་མགྲིན་པ་ནས༔ ཨཱཿཡིག་དམར་པོ་བྱི་རུའི་མདོག་ལྟར་འཚེར༔ གློག་ཞགས་ལྟ་བུའི་འོད་ཟེར་རབ་ཏུ་འཕྲོས༔ བདག་གི་མགྲིན་པར་ཐིམ་པས་གསང་དབང་ཐོབ༔ ངག་གི་སྒྲིབ་དག་གསུང་གི་ས་བོན་བཞག༔ བཟླས་བརྗོད་སྣོད་རུང་ངག་ལ་བར་ཆད་ཞི༔ མཐར་ཐུག་ཚངས་དབྱངས་གསུང་མཆོག་ཐོབ་པར་བསམ༔ ཧཱུྃ་རིགས་བདག་བླ་མ་གཙོ་འཁོར་ཐུགས་ཀ་ནས༔ ཧཱུྃ་ཡིག་མཐིང་ཀ་ནམ་མཁའ་དྭངས་པའི་མདངས༔ འོད་ཟེར་བཻཌཱུར་ལྕུག་མ་ལྟ་བུ་འཕྲོས༔ བདག་གི་སྙིང་ཁར་ཐིམ་པས་ཤེར་དབང་ཐོབ༔ ཡིད་ཀྱི་སྒྲིབ་དག་ཐུགས་ཀྱི་ས་བོན་བཞག༔ རྫོགས་རིམ་སྣོད་རུང་སེམས་ལ་བར་ཆད་ཞི༔ མཐར་ཐུག་མཁྱེན་བརྩེའི་ཐུགས་མཆོག་ཐོབ་པར་བསམ༔ ཧྲཱིཿརིགས་བདག་བླ་མ་གཙོ་འཁོར་ལྟེ་བ་ནས༔ ཧྲཱིཿཡིག་འོད་ལྔ་འཇའ་ཚོན་བཞིན་ཏུ་འཚེར༔ འོད་ཟེར་རང་མདོག་ཉི་མའི་ཟེར་ལྟར་འཕྲོས༔ བདག་གི་ལྟེ་བར་ཐིམ་པས་ཚིག་དབང་ཐོབ༔ ཀུན་གཞིའི་སྒྲིབ་དག་ངོ་བོ་ཉིད་ཀྱི་སྐུའི༔ ས་བོན་རྒྱུད་བཞག་དོན་དམ་རང་གནས་ཀྱི༔ ཡེ་ཤེས་མངོན་གྱུར་ས་ལམ་བར་ཆད་ཞི༔ མཐར་ཐུག་གནས་ལུགས་མི་འགྱུར་རྡོ་རྗེའི་སྐུ༔ མངོན་དུ་གྱུར་ནས་དོན་གཉིས་འགྲུབ་པར་བསམ༔ དེ་ནས་བསྡུ་རིམ་བྱ་བ་ནི༔ ཨེ་མ་ཧོ༔ དེ་ལྟར་མོས་པས་རྩེ་གཅིག་གསོལ་བཏབ་མཐུས༔ སྐྱབས་ཡུལ་མ་ལུས་འོད་ཞུ་རང་ལ་ཐིམ༔ རང་ཉིད་དཔལ་ཆེན་གཙོ་འཁོར་འོད་ཞུ་ནས༔ ཐུགས་ཀའི་ཧཱུྃ་ཡིག་ཐིག་ལེ་ནཱ་དར་ཡལ༔ བརྗོད་མེད་ཡང་དག་གནས་ལུགས་སེམས་ཀྱི་གཤིས༔ བསལ་བཞག་འགྲོ་འོང་མེད་པའི་ངང་དུ་ཨཱཿ དེ་ནས་བསྔོ་བས་རྒྱས་འདེབས་ནི༔ ཨེ་མ་ཧོ༔ བདག་གཞན་ཀུན་གྱི་ཚེ་རབས་ཐོག་མེད་ནས༔ ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྒོ་གསུམ་རྣམ་དཀར་བསགས་དང་གསོག་བཞིན་པ༔ བསག་པར་འགྱུར་བའི་དགེ་ཚོགས་ཅི་མཆིས་པ༔ ཕ་མ་འགྲོ་དྲུག་ཀུན་གྱི་དོན་དུ་བསྔོ༔ དེ་མཐུས་རང་གཞན་འགྲོ་བ་མ་ལུས་ཀུན༔ གནས་སྐབས་དུས་མིན་འཆི་བའི་འཇིགས་ལས་གྲོལ༔ མཐར་ཐུག་མགོན་པོ་ཚེ་དཔག་མེད་པ་དང་༔ དབྱེར་མེད་དོན་གཉིས་ལྷུན་གྲུབ་རྒྱུ་རུ་བསྔོ༔ ཁྱད་པར་ཚེ་དང་ལས་དང་བསོད་ནམས་དང་༔ ལེགས་པའི་འབྲས་བུ་དུས་གཅིག་ཟད་པ་ཡང་༔ དགེ་བ་འདིས་མཐུས་རྒས་མེད་ལང་ཚོ་དང་༔ འགྱུར་མེད་ཚེ་དང་བསོད་ནམས་མཐའ་ཡས་ཤོག༔ ཅེས་དང་སྨོན་ལམ་གདབ་པ་ནི༔ ཨེ་མ་ཧོ༔ ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དང་༔ འགྲོ་ཀུན་བདེ་སྐྱིིད་དར་ཞིང་རྒྱས་གྱུར་ཅིག༔ བསྟན་འཛིན་མཆོག་རྣམས་སྐུ་ཚེ་ཞབས་པད་བརྟན༔ དགེ་འདུན་སྡེ་གཉིས་དབྱར་མཚོ་ལྟར་འཕེལ་ཤོག༔ སྐྱེ་དགུ་ཀུན་ཀྱང་སྡིག་པའི་ལས་སྤངས་ཏེ༔ རྟག་ཏུ་དགེ་བ་བཅུ་ལ་བརྩོན་པར་ཤོག༔ དེ་མཐུས་གནས་སྐབས་མཐོ་རིས་འབྱོར་བས་འཚོ༔ མཐར་ཐུག་ཐམས་ཅད་མཁྱེན་པའི་དཔལ་ཐོབ་ཤོག༔ བཱི་མ་མི་ཏྲ་མགོན་པོ་ཚེ་མཐའ་ཡས༔ ཐུགས་བསྐྱེད་དམ་བཅའི་སྨོན་ལམ་གང་མཆིས་པ༔ བསྙེན་སྒྲུབ་གསོལ་འདེབས་འདི་ཡིས་རབ་བསྐུལ་ནས༔ བདག་དང་དབྱེར་མེད་གཅིག་ཏུ་འགྲུབ་པར་ཤོག༔ ཡོངས་རྫོགས་ཤིས་པ་བརྗོད་པའི་རིམ་པ་ནི༔ ཨེ་མ་ཧོ༔ བདེ་སྟོང་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཟག་མེད་ཕུང་པོ་གཞོམ་བྲལ་རྡོ་རྗེའི་སྐུ༔ མཁྱེན་བརྩེ་ནུས་པས་འགྲོ་ལ་རྟག་ཏུ་དགོངས༔ མགོན་པོ་ཚེ་མཐའ་ཡས་པའི་བཀྲ་ཤིས་ཤོག༔ གྲུ་འཛིན་ཞིང་ནས་ཐུགས་རྗེའི་སྤྱན་རས་ཀྱིས༔ འགྲོ་ལ་གཟིགས་པ་མི་འདོར་གངས་ཅན་ལྷ༔ རྟག་ཏུ་བརྩེ་ཆེན་བདུད་བཞིའི་གཡུལ་ལས་རྒྱལ༔ འཕགས་མཆོག་ཕྱག་ན་པདྨོའི་བཀྲ་ཤིས་ཤོག༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ རྒྱུ་རྐྱེན་ལས་འདས་རང་བྱུང་སྤྲུལ་པའི་སྐུ༔ སྐྱེ་འཆི་གཉིས་མེད་ཁམས་གསུམ་འགྲོ་བའི་མགོན༔ རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བཀྲ་ཤིས་ཤོག༔ ཟག་མེད་ཡོན་ཏན་བདུད་རྩིའི་བཅུད་མྱང་བས༔ འཕོ་མེད་འཇའ་ལུས་རྟག་པའི་སྐུ་ཐོབ་ཀྱང་༔ པཎ་གྲུབ་གཟུགས་ཀྱིས་སྲིད་མཐར་འགྲོ་དོན་མཛད༔ དྲི་མེད་བཤེས་གཉེན་མཆོག་གི་བཀྲ་ཤིས་ཤོག༔ རང་བྱུང་སེམས་ཉིད་སྐྱེ་འཆི་བགྲེས་རྒུད་བྲལ༔ དེ་ཉིད་རྟོགས་པས་ནང་རྟགས་ལུས་ལ་ཤར༔ ཚེ་ལ་མངའ་བརྙེས་ཚེ་ཡི་རིག་པ་འཛིན༔ རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ གཞན་ཡང་སྲིད་ཞིའི་དཔལ་ཡོན་གང་འདོད་པ༔ བསྒོམས་དང་བཟླས་དང་རྒྱུན་དུ་ཉམས་བླངས་མཐུས༔ མཆོག་ཐུན་དངོས་གྲུབ་འདོད་དགུའི་ཆར་འབེབས་པ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ དམ་ལྡན་རྣལ་འབྱོར་མ་ཡིས་བུ་བཞིན་སྐྱོངས༔ ཆོས་སྒྲུབ་མཐུན་རྐྱེན་གང་འདོད་ཐོགས་མེད་སྩོལ༔ ལེགས་ཉེས་སྟངས་འཛིན་གདུག་ཅན་དགྲ་བགེགས་སྒྲོལ༔ མཁའ་འགྲོ་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ ཚུལ་བཞིན་འདི་ཉིད་ཉམས་བླངས་ན༔ དུས་མིན་འཆི་བའི་གེགས་ལས་ཐར༔ ཚེ་གསོས་བདུད་རྩི་མཆོག་ཏུ་འགྱུར༔ ཐེ་ཚོམ་ཅན་ལ་ཨ་ཐམ་རྒྱ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ དགོངས་གཏེར་མཁའ་འགྲོའི་སྲོག་གི་རྒྱ༔ གཏེར་སྲུང་ལྕམ་དྲལ་སྲུངས་ཤིག་རྒྱ༔ གུ་ཧྱ༔ ཞེས་པའང་ཁོ་བོ་ཤཱཀྱའི་དགེ་སྦྱོང་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོ་ལ་རང་བྱུང་མཁའ་འགྲོའི་བརྡ་ལས་བབས་ཏེ་བགྲང་བྱ་དགུ་ཙམ་སོང་བའི་སྐབས་ལེགས་པའི་རྟེན་འབྲེལ་བཟང་པོས་མཚམས་སྦྱར་ཏེ་བྱ་ལོ་གསར་དུ་ཚེས་པའི་དགའ་བ་གསུམ་པའི་དུས་སུ་ཐོགས་པ་མེད་པར་སྨྲས་པ་བློ་གྲོས་ཀྱི་འཇུག་སྒོ་ཡངས་པ་ཤཱཀྱའི་དགེ་ཚུལ་སྭ་རའི་མིང་གིས་བྲིས་པ་འདིས་ཀྱང་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔ མངྒ་ལམ༔ དགེའོ༔

རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་གསོལ་འདེབས་ཐོས་པས་རྣམ་གྲོལ།

༄༅།། རྗེ་བཙུན་མི་ལའི་བླ་སྒྲུབ་ཀྱི་གསོལ་འདེབས་ཐོས་པས་རྣམ་གྲོལ་ཞེས་བྱ་བ་བཞུགས་སོ།། ཨེ་མ་ཧོ། གདོད་མའི་གཞི་དབྱིངས་སྤྲོས་པ་བྲལ་བའི་ཀློང་། །ཁྱབ་བདག་སྟོན་པ་ཀུན་བཟང་རྡོ་རྗེ་འཆང་། །རྡོར་སེམས་རིགས་ལྔ་དགོངས་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་དབྱིངས་རིག་ཆོས་ཀྱི་སྐུ། །ཚེ་འདིར་མངོན་དུ་འགྲུབ་པར་བྱིན་གྱིས་རློབས། །མ་འགགས་རང་གསལ་འོད་ལྔ་དག་པའི་ཞིང་། །རྒྱལ་སྲས་རིགས་གསུམ་རིགས་ཅན་དྲ་མ་ལྔ། །མ་བསླད་སྒྲིབ་བྲལ་བརྡའ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་གཉིས་སྣང་འཁོར་འདས་ཆོས། །སྐུ་གསུམ་བརྡ་རུ་འཆར་བར་བྱིན་གྱིས་རློབས། །རྒྱལ་བའི་གདུལ་ཞིང་སྣ་ཚོགས་འགྲོ་ཁམས་སུ། །ཏེ་ལོ་ནཱ་རོ་མར་སྟོན་ཆོས་བློ་རྗེ། །མཁའ་འགྲོའི་གསང་མཛོད་སྙན་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་ཟབ་ལམ་ཆོས་དྲུག་སོགས། །ལམ་རྟགས་ཚེ་འདིར་མཐོང་བར་བྱིན་གྱིས་རློབས། །རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ། །ཁམས་གསུམ་སེམས་ཅན་ཡོངས་ཀྱི་མཆོག་གཅིག་པུ། །གྲུབ་བརྒྱའི་སྤྱི་མེས་བཞད་པ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་སོགས་འགྲོ་ཀུན་གྱིས། །ཕྱག་རྒྱ་ཆེན་པོ་མཐོང་བར་བྱིན་གྱིས་རློབས། །ལུས་ཀྱི་སྒྲིབ་དག་སྣང་སྟོང་ལྷ་སྐུ་འགྲུབ། །ངག་གི་སྒྲིབ་དག་རླུང་ལྔ་སྔགས་སུ་སྨིན། །སེམས་ཀྱི་སྒྲིབ་དག་འོད་གསལ་ཆོས་སྐུར་གྲོལ། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་བླ་མ་དམ་པ་ཨོ་ཌི་ཡ་ནའི་མཚན་ཅན་དང་། རིག་པ་འཛིན་པའི་གྲལ་དུ་ཉེ་བར་འཁོད་པའི་བཙུན་པ་དྷརྨའི་མིང་གིས་བསྐུལ་ངོར། གྱི་ན་བ་ཙི་ནའི་སྤྲུལ་མིང་བས་གང་ཤར་དུ་སྨྲས་པ་ཛ་ཡནྟུ།།

རྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྗེ་བཙུན་སྒྲུབ་པའི་ཟབ་ཏིག་མཁའ་འགྲོའི་གསང་མཛོད་གཏེར་གྱི་བུམ་པ་བཞུགས༔

རྒྱལ་བ་ཀུན་གྱི་ཕྲིན་ལས་པ༔ རྒྱལ་བའི་བཀའ་བཞིན་བསྒྲུབས་པའི་འབྲས༔ མངོན་གྱུར་བཞད་པ་རྡོ་རྗེ་ལ༔ བཏུད་ནས་དག་སྣང་ཇི་བཞིན་དུ༔ ཟོལ་མེད་སྒྲུབ་ཐབས་ཟབ་མོ་འབྲི༔ ས་མ་ཡཱ༔ དེ་ཡང་ལེ་ལོ་གཡེང་བྲལ་བའི༔ སྒྲུབ་གནས་བྱིན་ཆགས་ཉམས་དགའ་བ༔ རི་བོའི་རྩེ་འམ་གངས་ཀྱི་འདབས༔ ནགས་ཚལ་ལྷུན་སྡུག་བྲག་རིའི་གམ༔ གྲུབ་ཐོབ་ཞབས་ཀྱིས་བཅགས་པའི་སར༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་པར༔ འདབ་བཞི་མཛེས་ཚོན་མུ་ཁྱུད་ཟླུམ༔འབྲུ་ཚོམ་ལྔ་བཀོད་དེ་ཡི་སྟེང་༔ ཉི་ཟླར་བླ་གཏོར་དམར་པོ་ཟླུམ༔ དེ་འཁོར་མཁའ་འགྲོའི་གཏོར་མ་བཞི༔ ཉི་ཟླ་པདྨ་ནོར་བུས་བརྒྱན༔ མཐའ་བསྐོར་གཡས་གཡོན་སྨན་དང་ཁྲག༔ ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཤམས༔ རང་ཉིད་བདེ་བའི་གདན་ལ་འདུག༔ མདུན་མཁར་རྡོ་རྗེ་སེམས་དཔའ་ལ༔ དགོངས་བརྡ་སྙན་བརྒྱུད་བླ་མས་བསྐོར༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་༔ རིག་འཛིན་གྲུབ་བརྒྱའི་སྤྱི་གཟུགས་མཆོག༔ རྗེ་བཙུན་བཞད་པ་རྡོ་རྗེ་ལ༔ རིགས་བཞི་མཁའ་འགྲོའི་འཁོར་གྱིས་བསྐོར༔ བདག་དང་འགྲོ་ཀུན་བྱང་ཆུབ་བར༔ ཁྱེད་ཤེས་དད་པས་རྩེ་གཅིག་གི༔ སེམས་དང་བཅས་ཏེ་སྐྱབས་སུ་འགྲོ༔ ཨེ་མ་ཧོ༔ སྐྱེ་འགགས་གནས་གསུམ་བྲལ་བའི་ཆོས་དབྱིངས་ལས༔ སྐྱེ་བའི་ཆོ་འཕྲུལ་རྗེ་བཙུན་སྤྲུལ་པའི་སྐུ༔ རིགས་བཞི་མཁའ་འགྲོ་འཁོར་དང་བཅས་པ་ལ༔ ཁྱེད་ཤེས་བློ་ཡིས་བདག་གཞན་སྐྱབས་སུ་མཆི༔ ལན་གསུམ་བརྗོད་ཅིང་མཁའ་ཁྱབ་འགྲོ༔ སངས་རྒྱས་ས་ལ་འགོད་པའི་ཕྱིར༔ བླ་མའི་སྒྲུབ་པ་འདིར་བརྩོན་ནས༔ གྲུབ་འབྲས་མཐའ་རུ་ཕྱིན་འདོད་བློས༔ ཨེ་མ་ཧོ༔ ངོ་མཚར་གྲུབ་པའི་འབྲས་བུ་མངོན་གྱུར་ནས༔ དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའ་དང་༔ དབྱེར་མེད་རྗེ་བཙུན་སྒྲུབ་ཐབས་ཉམས་བླངས་མཐུས༔ འགྲོ་ཀུན་སྲིད་པའི་མཚོ་ལས་བསྒྲལ་བར་བྱ༔ དེ་ནས་ཡན་ལག་བདུན་པ་ཡིས༔ ཚོགས་བསག་རིམ་པ་འདི་བཞིན་བྱ༔ ཨེ་མ་ཧོ༔ དག་པ་རབ་འབྱམས་མཁའ་དབྱིངས་གང་བའི་ལྷར༔ རྡུལ་སྙེད་ལུས་སྤྲུལ་བདག་གཞན་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་མཆོད་པའི་མཎྜལ་འབུལ༔ གཉིས་འཛིན་དབང་གིས་མི་དགེ་བསགས་ཀུན་བཤགས༔ ཚེ་གཅིག་སངས་རྒྱས་བསྒྲུབ་ལ་རྗེས་ཡི་རང་༔ སྐད་ཅིག་མྱུར་སྒྲོལ་ཆོས་འཁོར་བསྐོར་དུ་གསོལ༔ བསྟན་འགྲོའི་དོན་ཕྱིར་མཁའ་བཞིན་རྟག་བཞུགས་གསོལ༔ དུས་གསུམ་དགེ་ཚོགས་བྱང་ཆུབ་རྒྱུ་རུ་བསྔོ༔ ཚོགས་ཞིང་ལྷ་རྣམས་རང་ལ་བསྡུ༔ རང་ཉིད་དབང་ཆེན་ཁྲོ་བོའི་རྒྱལ༔ གཏུམ་དྲག་ཁྲོས་པའི་བརྟུལ་ཞུགས་ཀྱིས༔ ལོག་འདྲེན་ཚོགས་ལ་གཏོར་མ་བྱིན༔ དྲག་སྔགས་མེ་ཐུན་སྲིད་མཐར་བསྐྲད༔ ཧཱུྃ་ཧྲཱིཿ ཆོས་ཀུན་ཡེ་ནས་སྐྱེ་བ་མེད་པ་ལས༔ ལོག་རྟོག་གློ་བུར་འཁྲུལ་བའི་གདོན་དང་བགེགས༔ ལུས་སྲོག་ཚེ་ལ་བར་དུ་གཅོད་པའི་འདྲེ༔ ཚེ་རབས་ལན་ཆགས་གླུད་གཏོར་འདི་བཞེས་ལ༔ སྟོང་གསུམ་གླིང་བཞི་སྲིད་པའི་ཕ་མཐར་དེངས༔ གལ་ཏེ་བཀའ་ལས་འདས་ཤིང་འདིར་འཚེ་ན༔ ཡེ་ཤེས་མེ་ཡིས་ཁྱོད་ཀྱི་ལུས་བསྲེགས་ཤིང་༔ བཀའ་འདས་ཆད་པས་ཚེ་རབས་སྡུག་བསྔལ་འགྱུར༔ དེ་བས་གཞན་ཕན་བསམ་སྦྱོར་མ་སྐྱེས་བར༔ འདི་རུ་མ་འདུག་རྒྱ་མཚོའི་ཕ་མཐར་དེངས༔ དྲག་སྔགས་བརྗོད་ཅིང་ཐུན་གྱིས་བྲབ༔ བསྲུང་བའི་འཁོར་ལོ་འདི་བཞིན་བསྒོམ༔ ཧཱུྃ་ཧྲཱིཿ སེམས་ཀྱི་བྱེད་པོ་ལས་བྱུང་སྲ་བརྟན་གུར༔ སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་དྲ་བས་གཏམས༔ དུས་གསུམ་འཕོ་འགྱུར་མེད་པ་རིག་པའི་གཤིས༔ རང་བྱུང་རྒྱལ་བའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་དྷརྨ་དྷརྟུ་རཀྵ་རཀྵ༔ དཀྱིལ་འཁོར་རྫས་དང་ཡོ་བྱད་ལ༔ བྱིན་ཆེན་དབབ་པའི་རིམ་པ་ནི༔ སྤོས་བསྲེགས་རོལ་མོ་དབྱངས་དང་བཅས༔ གུས་དང་གདུང་བས་ཚིག་འདི་བརྗོད༔ ཨེ་མ་ཧོ༔ ཆོས་དབྱིངས་གཞོན་ནུ་བུམ་སྐུའི་ཕོ་བྲང་ནས༔ བློ་འདས་གདོད་མའི་མགོན་པོས་བྱིན་ཕོབ་ཅིག༔ རང་བཞིན་གསལ་དག་འཇའ་ཟེར་ཐིག་ལེའི་ཀློང་༔ བརྡ་བརྒྱུད་རིག་འཛིན་རྒྱ་མཚོས་བྱིན་ཕོབ་ཅིག༔ རིག་རྩལ་སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ རྒྱ་བོད་གྲུབ་ཆེན་རྗེ་འབངས་བྱིན་ཕོབ་ཅིག༔ སྐུ་གསུམ་དབྱེར་མེད་དཀྱིལ་འཁོར་ཁྱབ་བདག་མཆོག༔ རྗེ་བཙུན་བཞད་པ་རྡོ་རྗེས་བྱིན་ཕོབ་ཅིག༔ རྒྱལ་བའི་བསྟན་སྲུང་གསང་ཆེན་ཆོས་མཛོད་འཆང་༔ ཡེ་ཤེས་མཁའ་འགྲོ་སྡེ་བཞིས་བྱིན་ཕོབ་ཅིག༔ སྒྲུབ་པའི་གནས་འདི་འོག་མིན་དག་པའི་ཞིང་༔ སྒྲུབ་རྫས་ཡོ་བྱད་རང་སྣང་མཆོད་པའི་སྤྲིན༔ འདུས་པའི་མཆེད་ལྕམ་རིག་འཛིན་རོལ་པའི་གར༔ ཐ་མལ་སྣང་ཞེན་དག་པའི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་དྷེ་ཝ་ཌཱ་ཀིི་ནི་ཧ་ས་བཛྲ་བིདྱཱ་དྷ་ར་ས་མུ་ཏྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་གླུ་ལེན་ཅིང་ཉམས་རྟོགས་སྤར༔ རང་བབས་གཤིས་ཀྱི་ངོ་བོ་སྐྱོང༔ དངོས་གཞི་ཕྱི་ནང་སྣོད་བཅུད་ཀུན༔ དག་པའི་ལྷ་རུ་རྒྱས་འདེབས་ནི༔ ཨེ་མ་ཧོ༔ ཕྱི་སྣོད་མི་དམིགས་རང་བཞིན་སྟོང་པའི་ངང་༔ རྩལ་སྣང་འགག་མེད་བདེ་བ་ཅན་གྱི་ཞིང་༔ བཀོད་ལེགས་ཡིད་འོང་རིན་ཆེན་ཕོ་བྲང་དབུས༔ ནང་བཅུད་དངོས་འཛིན་དབྱིངས་གྲོལ་རིག་པའི་གདངས༔ རང་སེམས་ཨ་ཡིག་སྐྱེ་མེད་ཡི་གེ་མཐིང་༔ དེ་ལས་འོད་འཕྲོས་རབ་འབྱམས་རྒྱལ་བ་མཆོད༔ སེམས་ཅན་སྒྲིབ་སྦྱངས་གཉུག་མའི་ཆོས་དབྱིངས་ཀློང་༔ ཡོངས་གྱུར་གདོད་མའི་རྒྱལ་བ་རྡོ་རྗེ་འཆང་༔ རྗེ་བཙུན་རྒྱལ་པོ་བཞད་པ་རྡོ་རྗེའི་སྐུ༔ སྨུག་ནག་ཁྲོ་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ ཁམ་སེར་དབུ་སྐྲའི་ལྕང་ལོ་མཐུར་དུ་གྲོལ༔ རིན་ཆེན་དུང་གི་ཝཾ་མིག་སྙན་རྒྱན་མཛེས༔ ཕྱག་གཡས་ཞལ་འགྲམ་བཏེགས་ཤིང་གཡོན་ཕྱག་གིས༔ བདུད་རྩིའི་ཐོད་པ་ལྟེ་བའི་ཐད་ཀར་འཛིན༔ སྐུ་མདོག་དབང་མདོག་སྒོམ་ཐག་འཁོར་གཅིག་དཀྲིས༔ རས་དཀར་བླ་གོས་དར་སྔོན་ཨང་རག་གསོལ༔ ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་ཚུལ་དུ་བཞུགས༔ དབུ་གཙུག་ཆུ་སྐྱེས་དམར་པོ་འདབ་སྟོང་སྟེང༔ པད་ཉིའི་གདན་ལ་རྒྱལ་ཀུན་འདུས་པའི་དཔྱིད༔ མར་པ་ཆོས་ཀྱི་བློ་གྲོས་སྐུ་མདོག་སྨུག༔ ཞལ་གཅིག་ཁྲོ་འཛུམ་སྣ་ཚོགས་དར་གོས་གསོལ༔ སེམས་ཉིད་ངལ་གསོའི་ཕྱག་རྒྱ་ཕྱེད་སྐྱིལ་བཞུགས༔ རིན་ཆེན་སྙན་རྒྱན་དབུ་སྐྲ་ལྕང་ལོས་སྒེག༔ འོད་དང་་གཟི་བརྗིད་མུ་མཐའ་མེད་པར་འཕྲོ༔ ཕྱོགས་བཞིའི་འདབ་མར་ཉི་ཟླའི་གདན་ཁྲི་ལ༔ ཤར་དུ་རྡོ་རྗེ་ཌཱཀྐི་སྐུ་མདོག་དཀར༔ ལྷོ་རུ་རིན་ཆེན་ཌཱཀྐི་སྐུ་མདོག་སེར༔ ནུབ་ཏུ་པདྨ་ཌཱཀྐི་སྐུ་མདོག་དམར༔ བྱང་དུ་ལས་ཀྱི་ཌཱཀྐི་སྐུ་མདོག་ལྗང་༔ གཡས་རྣམས་རང་རྟགས་གྲི་གུག་མཁའ་ལ་ཕྱར༔ གཡོན་རྣམས་ཐོད་ཁྲག་ཞབས་རྣམས་གར་སྟབས་མཛད༔ རུས་པའི་ཕྱག་རྒྱ་ལྔ་དང་དར་དཔྱངས་སྤྲས༔ ཐོད་པའི་པྲོག་ཞུ་གནག་སྣུམ་དབུ་སྐྲ་འཁྲོལ༔ མཆན་གཡོན་ཁ་ཊཱཾ་རྩེ་གསུམ་འཁྱུད་ཚུལ་མཛད༔ སྟེང་འོག་ཕྱོགས་མཚམས་བརྒྱུད་གསུམ་བླ་མ་དང༔ རྒྱུད་སྡེ་བཞི་དྲུག་རབ་འབྱམས་ལྷག་པའི་ལྷ༔ མཐའ་བསྐོར་མཁའ་འགྲོ་ཆོས་སྐྱོང་རྡུལ་ལྟར་འཚུབས༔ མ་འདྲེས་ཡོངས་རྫོགས་མཚན་དཔེའི་གཟི་བྱིན་འབར༔ གཙོ་འཁོར་གནས་གསུམ་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ལས་བྱུང་འོད་ཟེར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་སྐུ་གསུམ་ཞིང་བཞུགས་རྒྱལ་བ་ཀུན༔ རྗེ་བཙུན་བླ་མའི་རྣམ་པར་སྤྱན་དྲངས་ནས༔ རང་ལ་ཐིམ་པའི་མོས་འདུན་དྲག་པོ་ཡིས༔ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་འདི་བཞིན་བྱ༔ ཨེ་མ་ཧོ༔ སྣ་ཚོགས་སྣང་བའི་ཆོས་ཀུན་སྤྲོས་དང་བྲལ༔ དུས་གསུམ་སྐྱེ་འགག་མེད་པ་གཉུག་མའི་ངང༔ བླང་དོར་འཕོ་འགྱུར་བྲལ་བ་ཆོས་ཀྱི་སྐུ༔ རང་རིག་དོན་གྱི་བླ་མ་རྡོ་རྗེ་འཆང༔ རྣམ་རོལ་མཚན་དཔེའི་ཕྱག་རྒྱ་སྒྱུ་མའི་སྐུ༔ རྗེ་བཙུན་བཞད་པ་རྡོ་རྗེ་སྤྱན་འདྲེན་གཤེགས༔ མགོན་ཁྱོད་བསྐལ་མང་གོང་ནས་སངས་རྒྱས་ཀྱང་༔ གསང་ཆེན་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར༔ ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་རབ་བཙུགས་ནས༔ སྒྲུབ་འབྲས་མངོན་གྱུར་རང་སྣང་དབང་དུ་འདུས༔ གཞན་སྣང་ཟིལ་གནོན་ལྷ་སྲིན་བྲན་དུ་བཀོལ༔ འབྲེལ་ཚད་དོན་ལྡན་འགྲོ་བའི་དེད་དཔོན་མཆོག༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་ནས་ཀྱང༔ མ་དག་ཐ་མལ་སྣང་ཞེན་ལུས་ངག་ཡིད༔ རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ མཆོག་ཐུན་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་ཧ་ས་བཛྲ་དྷེ་ཝ་ཌཱཀྐི་ནི་བཛྲ་ས་མ་ཡཱ་ཛ་ཛཿ བདག་དང་སྒྲུབ་རྫས་དམ་ཚིག་པར༔ རྟག་ཏུ་བརྟན་བཞུགས་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཀུན་བཟང་སྒྱུ་མའི་ལྷར་སྣང་དམ་ཚིག་པར༔ དག་ཆེན་ཡེ་ཤེས་སྒྱུ་མ་དོན་གྱི་ལྷར༔ ཡེ་ནས་འདུ་འབྲལ་མེད་ཀྱང་གློ་བུར་དུ༔ འཁྲུལ་བའི་སྒྲིབ་པ་བསལ་ནས་སྐུ་གསུམ་གྱི༔ རང་བྱུང་རང་ཞལ་མངོན་དུ་མཇལ་བའི་ཕྱིར༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ས་མ་ཡཱ་ཏིཥྛ་ལྷན༔ ལྷ་ལ་བརྡ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ཡེ་ནས་འདུ་འབྲལ་མེད་པའི་ཡེ་ཤེས་ལྷར༔ ཕྱག་མཆོད་སྲིད་ཞིའི་རྟོག་པ་མི་མངའ་ཡང་༔ རྟེན་འབྲེལ་རྒྱུ་འབྲས་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ སྒོ་གསུམ་གུས་པས་རྟག་ཏུ་ཕྱག་བགྱི་འོ༔ ན་མོ་པཱུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པའི་བྱེ་བྲག་ལ༔ ཕྱི་ནང་གསང་བ་ཡང་གསང་བཞི༔ ཨེ་མ་ཧོ༔ ཕྱི་སྣོད་དངོས་འཛིན་ཞེན་པ་ཡོངས་དག་ཕྱིར༔ མཛེས་པའི་མེ་ཏོག་སྙན་བརྗིད་རོལ་མོའི་སྒྲ༔ དྲི་ཞིམ་བདུག་སྤོས་གསལ་བྱེད་སྣང་བའི་སྒྲོན༔ དྲི་བཟང་བྱུག་པ་རོ་ལྡན་ལྷ་ཡི་ཟས༔ མཆོག་གསུམ་ཀུན་འདུས་རྗེ་བཙུན་བླ་མ་ལ༔ སྒོ་གསུམ་གུས་པ་ཆེན་པོས་བདག་འབུལ་ན༔ དུས་ཀུན་བརྩེ་བའི་ཐུགས་ཀྱིས་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏིཥྩ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་འབུལ་བ་ནི༔ ཨེ་མ་ཧོ༔ ཆོས་ཀུན་མཉམ་པར་རྟོགས་པའི་ཨ་མྲྀ་ཏ༔ ཆགས་བྲལ་རང་བྱུང་བདེ་སྟོང་ཟུང་འཇུག་ཁྲག༔ འཁོར་འདས་དབྱིངས་གྲོལ་དམ་རྫས་བྷ་ལིང་ཏ༔ གསང་ཆེན་རྫས་ཀྱི་མཆོད་པ་འབུལ་ལོ་བཞེས༔ མ་ཧཱ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ གསང་བའི་མཆོད་པ་འབུལ་བ་ནི༔ ཨེ་མ་ཧོ༔ ཡུལ་དྲུག་རང་བྱུང་ཡུམ་གྱི་མཁའ་དབྱིངས་སུ༔ ཚོགས་དྲུག་ཞེན་བྲལ་བདེ་སྟོང་མཉམ་པའི་ངང་༔ ཟུང་འཇུག་གསང་བའི་མཆོད་པ་ཆེན་པོར་འབུལ༔ སྲིད་ཞི་རང་གྲོལ་ཀློང་དུ་བཞེས་སུ་གསོལ༔ མ་ཧཱ་མུ་ཏྲ་པུ་ཛ་ཧོ༔ རང་བྱུང་དོན་གྱི་མཆོད་པ་ནི༔ ཨེ་མ་ཧོ༔ གཏི་མུག་འོད་གསལ་རང་བྱུང་ཆོས་སྐུའི་ཀློང་༔ འདོད་ཆགས་མ་སྤངས་རང་དག་བདེ་བ་ཆེ༔ ཞེ་སྡང་ཤར་གྲོལ་གསལ་སྟོང་མཉམ་ཉིད་ངང་༔ དུག་གསུམ་ཡེ་ཤེས་ལྔར་གྲོལ་མཆོད་པ་བཞེས༔ དྷརྨ་དྷརྟུ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡཱ་ཨ་ལ་ལ་ཧོ༔ དེ་ནས་སྐུ་གསུང་ཐུགས་ལ་བསྟོད་པ་ནི༔ ཨེ་མ་ཧོ༔ མི་ཤིགས་རྡོ་རྗེའི་སྐུ་ནི་འགྱུར་བ་མེད༔ མི་དམིགས་རྒྱལ་བའི་གསུང་ནི་འགགས་པ་མེད༔ བློ་འདས་མཁྱེན་བརྩེའི་ཐུགས་ནི་འཁྲུལ་བ་མེད༔ བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ཐོས་པའི་ནོར་གྱིས་མི་སྙེམས་ཟབ་དོན་བསྒོམ༔ སྒོམ་པ་ཞེན་བྲལ་གང་སྣང་སྒྱུ་མར་རྟོགས༔ སྲིད་ལ་མི་གནས་འཁོར་བའི་སྐྱོན་མཚང་རིག༔ ཞི་མཐར་ཞེན་བྲལ་འགྲོ་ཀུན་ཐུགས་རྗེས་སྐྱོང་༔ རྩ་གསུམ་ཀུན་འདུས་བཞད་པ་རྡོ་རྗེ་ལ༔ སྙིང་ནས་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཚད་མེད་བཞི་དང་ཕ་རོལ་ཕྱིན་པ་དྲུག༔ ས་བཅུ་ལམ་ལྔའི་ཡོན་ཏན་མངོན་གྱུར་ནས༔ རྣམ་འདྲེན་རྒྱལ་བ་ཀུན་དང་རོ་གཅིག་པའི༔ རིག་འཛིན་ཀུན་འདུས་བླ་མར་ཕྱག་འཚལ་བསྟོད༔ ཉོན་མོངས་ཞི་མཛད་རྡོ་རྗེ་ཌཱཀྐི་མ༔ ཉམས་རྟོགས་གོང་འཕེལ་རིན་ཆེན་མཁའ་འགྲོར་སྣང་༔ འཁོར་འདས་དབང་སྡུད་པདྨ་མཁའ་འགྲོར་སྤྲུལ༔ ཡོན་ཏན་ལྷུན་གྲུབ་ལས་ཀྱི་དཔའ་མོར་ཤར༔ ཕྲིན་ལས་བཞི་སྒྲུབ་མཁའ་འགྲོ་བཞི་ལ་བསྟོད༔ དངོས་གཞིའི་རྩ་བ་བསྙེན་པ་སྟེ༔ བསྙེན་དང་སྒྲུབ་དང་སྒྲུབ་པའོ༔ དེ་ཡི་དང་པོ་འདི་བཞིན་ནོ༔ རང་གི་ཐུགས་ཀར་པདྨ་ཟླ་བའི་སྟེང༔ འོད་ལྔའི་ཐིག་ལེ་མུ་ཁྱུད་ལྔ་རུ་མཛེས༔ ལྟེ་བ་དྭངས་གསལ་སྒྲིབ་མེད་ཡི་གེ་ཨ༔ མཐིང་གསལ་ནམ་མཁའི་མདོག་ཅན་བཀྲག་མདངས་འཚེར༔ གཡས་བསྐོར་ཚུལ་དུ་སྔགས་རྣམས་གྱེན་འགྲེང་འཁོར༔ མོས་གུས་གདུང་བའི་གསོལ་འདེབས་ཚུལ་ཉིད་དུ༔ མ་ཡེངས་སྔགས་ཀྱི་རྒྱལ་པོ་འདི་ལ་འབད༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་རཏྣ་ཡོ་ག་ཧ་ས་བཛྲ་སརྦ་སིདྡྷི་ཧཱུྃ༔ སྒྲུབ་པའི་དུས་སུ་དམིགས་པ་འདི་བཞིན་བསྒོམས༔ ཐུགས་སྲོག་སྔགས་དང་སྐུ་ཡི་ཆ་རྣམས་ལས༔ བདུད་རྩི་དཀར་དམར་མཐིང་གསུམ་ཆར་རྒྱུན་བབས༔ བདག་གཞན་ཉམས་ཆག་རྟོག་སྒྲིབ་དྲི་མ་བཀྲུས༔ ལས་དང་ཉོན་མོངས་བག་ཆགས་དབྱིངས་སུ་གྲོལ༔ མུན་ནག་ཀློང་དུ་ཉི་མ་ཤར་བ་ལྟར༔ ཉམས་རྟོགས་གདོད་མའི་ཆོས་དབྱིངས་མངོན་གྱུར་བསམ༔ སྔགས་ཀྱི་ཤམ་བུར་འདི་ཉིད་བཏགས་༔ མ་ཧཱ་མུ་ཏྲ་དྷརྨ་དྷརྟུ་མ་ཧཱ་སུ་ཁ་སརྦ་སིདྡྷི་ཧཱུྃ༔ ལས་སྦྱོར་འཕྲོ་འདུ་འདི་བཞིན་བྱ༔ བདག་ཉིད་ཆེན་པོ་རྗེ་བཙུན་ཐུགས་ཀ་ནས༔ དཀར་སེར་དམར་ལྗང་ལས་བཞིའི་འོད་ཟེར་འཕྲོས༔ རིགས་བཞིའི་མཁའ་འགྲོ་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ ལྷ་འདྲེ་མི་གསུམ་སྡེ་བརྒྱད་བྲན་ཏུ་འཁོལ༔ རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་གྲོགས་སུ་འདུས༔ འཁོར་འདས་ཀུན་ལ་དབང་བསྒྱུར་ཆེ་བའི་རྒྱལ༔ གསལ་སྣང་ང་རྒྱལ་བརྟན་པས་སྔགས་འདི་བགྲང་༔ གོང་གི་སྔགས་ཤམ་ཁ་བསྒྱུར་ནི༔ ཧ་རི་ནི་ས་ཤནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཕཊ༔ ཅེས་པ་བཟླས་གྲངས་མཚན་མའི་བསྙེན༔ བདུན་གསུམ་ཟླ་གསུམ་དབང་པོ་སྦྱར༔ འབུམ་བདུན་ལྔ་གསུམ་གྲངས་ཀྱི་ཚད༔ ཞལ་མཇལ་གསུང་ཐོས་ཉམས་རྟོགས་འཕེལ༔ ས་ལམ་ཡོན་ཏན་རིམ་གྱིས་བགྲོད༔ མཎྜ་གུ་ཧྱ་ས་མ་ཡཱ༔ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ སྲིད་པའི་བཟའ་བཏུང་ཤ་དང་ཆང་༔ ཟན་དང་ཁུར་བ་མངར་གསུམ་དང་༔ སྤང་ལས་སྐྱེས་པའི་སྔོ་དང་ལྡུམ༔ བླང་དོར་མེད་པའི་རྫས་རྣམས་ལ༔ ཟག་མེད་བདུད་རྩིའི་རང་བཞིན་དུ༔ ཤེས་པས་ཀུན་བཟང་མཆོད་སྤྲིན་སྤེལ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་རྗེ་བཙུན་བླ་མའི་སྐུར་གསལ་བའི༔ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་རྫས་ལ་ཕོག༔ མ་དག་དངོས་འཛིན་དྲི་མ་བསྲེགས་གཏོར་བཀྲུས༔ ཨོཾ་འཕྲོས་སྣོད་རྣམས་རིན་པོ་ཆེ་རུ་གྱུར༔ ཨཱཿའཕྲོས་བཅུད་རྣམས་ཟག་མེད་བདུད་རྩིར་གྱུར༔ ཧཱུྃ་འཕྲོས་ཀུན་བཟང་མཆོད་པའི་སྤྲིན་དུ་སྤེལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧོ༔ རང་བཞིན་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ རིག་འཛིན་རྩ་བརྒྱུད་བླ་མ་ཐམས་ཅད་དང་༔ ཁྱད་པར་རྗེ་བཙུན་བཞད་པ་རྡོ་རྗེ་ལ༔ མར་མི་དྭགས་གསུམ་བཀའ་བརྒྱུད་བླ་མ་དང་༔ གནས་གསུམ་དཔའ་བོ་ཌཱཀྐིའི་ཚོགས་ཀྱིས་བསྐོར༔ རྒྱུད་སྡེ་དྲུག་གི་ལྷ་ཚོགས་སྤྲིན་ལྟར་གཏིབས༔ ཚོགས་ཞིང་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དགྱེས་པའི་ཐུགས་ཀྱིས་གནས་འདིར་གཤེགས་པའི་ཚེ༔ རིན་ཆེན་སྣ་ཚོགས་རུས་རྒྱན་ཁྲོ་ལོ་ལོ༔ དབུ་སྐྲ་ཐོར་ཅོག་དར་དཔྱངས་པུ་རུ་རུ༔ དཔའ་བོ་མཁའ་འགྲོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ གནས་འདིར་སྤྱན་འདྲེན་རྫུ་འཕྲུལ་སྣ་ཚོགས་ཀྱི༔ སྤྲུལ་བསྒྱུར་ཅིར་ཡང་ངོམ་ཞིང་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧ་ས་བཛྲ་དྷེ་ཝ་ཌཱཀྐི་དྷརྨ་པ་ལ་བཛྲ་ས་མ་ཡཱ་ཛཿཛཿ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཨེ་མ་ཧོ༔ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་ཡོ་བྱད་རྫས༔ མི་ཟད་འདོད་དགུའི་གཏེར་དུ་བྱིན་བརླབས་ནས༔ ཚོགས་ཞིང་རྒྱལ་བ་སྲས་བཅས་ཐམས་ཅད་དང་༔ ཁྱད་པར་བརྒྱུད་གསུམ་བླ་མའི་སྤྱི་གཟུགས་མཆོག༔ རྗེ་བཙུན་བཞད་པ་རྡོ་རྗེ་འཁོར་བཅས་ལ༔ ཚོགས་གཉིས་རྫོགས་ཕྱིར་གུས་པས་མཆོད་པ་འབུལ༔ འགྲོ་བའི་དོན་ཕྱིར་དགྱེས་བཞིན་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ༔མ་ཧཱ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧ་ས་བཛྲ་སརྦ་པུ་ཛ་ཧོ༔ གཉིས་པ་ཚོགས་བཤགས་བྱ་བ་ནི༔ ཨེ་མ་ཧོ༔ སྡོམ་པ་གསུམ་གྱི་ཉམས་ཆག་མ་ལུས་པ༔ སྙིང་ནས་འགྱོད་པ་དྲག་པོས་བཤགས་ཤིང་སྡོམ༔ སྨན་རཀ་གཏོར་གསུམ་མར་མེའི་མདངས་ཀྱིས་བསྐང༔ མི་འཆབ་མི་སྦེད་དག་ཚངས་དངོས་གྲུབ་སྩོལ༔ ལས་དང་ཉོན་མོངས་བག་ཆགས་གླུད་གཏོར་ཀུན༔ ཆོས་དབྱིངས་བརྗོད་བྲལ་ཀློང་དུ་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་བཟླ་ཞིང་མཉམ་པར་འཇོག༔ ཚོགས་རྫས་ཐ་མ་དགྲ་བགེགས་དངོས་སུ་བསམ༔ ཧཱུྃ་ཧཱུྃ༔ རྣམ་གྲོལ་ཐར་པའི་ལམ་ལ་བར་ཆད་བགེགས༔ ཡེ་ཤེས་རང་རིག་ལྕགས་ཀྱུས་བཀུག་ཅིང་འཆིངས༔ ཟག་བྲལ་བདུད་རྩིས་མྱོས་ཤིང་རྣམ་ཤེས་སྤར༔ ཕུང་ཁམས་འདོད་ཡོན་ལྔ་ཡི་རྫས་སུ་འབུལ༔ སྒྲིབ་བྲལ་ཚོགས་རྫོགས་གཞན་དོན་ལྷུན་གྲུབ་མཛོད༔ བསྒྲལ་མཐའ་བདེ་སྟོང་མཉམ་རོལ་ཀློང་དུ་ཨ༔ དེ་ནས་གཡས་སུ་བཟའ་བ་དང༔ གཡོན་གྱི་བཏུང་བ་བསྣོལ་མར་འབུལ༔ ཨེ་མ་ཧོ༔ སྲིད་པའི་བཟའ་བཏུང་ཐབས་ཤེས་ཟུང་འཇུག་རྫས༔ བདེ་སྟོང་ཡེ་ཤེས་དབང་བཞིའི་དམ་ཚིག་རྫས༔ རྟོག་བྲལ་མཉམ་ཉིད་བདེ་བ་ཆེན་པོར་བཞེས༔ ཆོས་ཉིད་དེ་བཞིན་དབྱིངས་ལ་གུས་ཕྱག་འཚལ༔ སློབ་མས་འབུལ་ཞིང་བླ་མས་བླངས༔ ཨ་ལ་ལ་ཧོ༔ ཞེས་བརྗོད་དབང་བཞིའི་དམ་ཚིག་བཞིན༔ ཟས་ཀྱི་རྣལ་འབྱོར་མཆོག་ལ་བརྩོན༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཞལ་ཆབ་བྲན་ཅིང་བདུད་རྩིར་བརླབས༔ ཕེམ་གྱིས་སྤྱན་དྲངས་འདི་བཞིན་བརྗོད༔ ཨེ་མ་ཧོ༔ རྩ་གསུམ་དཀྱིལ་འཁོར་མཐའ་ཉུལ་ལྷག་མ་ལེན༔ དམ་ལྡན་སྐྱོང་ཞིང་དམ་ཉམས་སྒྲོལ་བའི་གཤེད༔ མ་བདུན་སྲིང་བཞི་འབར་མ་བརྒྱད་རྣམས་དང་༔ ལིང་བ་བྲག་གི་སྲིན་མོ་ལ་སོགས་པ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཁྱེད་རྣམས་བཀའ་ཡི་ཕ་འབབ་ལྷག་མ་ལོངས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཥྩི་ཊ་བ་ལིང་ཏ་ཁཱ་ཧི༔ ཐུགས་རྗེ་འགྲོ་ལ་བསྐུལ་བ་ནི༔ ཨེ་མ་ཧོ༔ ཆོས་དབྱིངས་སྤྲོས་བྲལ་གཞོན་ནུ་བུམ་སྐུའི་ཀློང༔ ཀུན་བརྟགས་གཞན་དོན་དམིགས་པ་མི་མངའ་ཡང༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར༔ གང་འདོད་རེ་བ་སྐོང་བའི་སྨོན་ལམ་མཐུ༔ རྟག་ཁྱབ་ལྷུན་གྲུབ་ཐུགས་རྗེ་རྒྱུད་བསྐུལ་ནས༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་བསྐུལ༔ སྙིགས་དུས་ནད་མུག་མཚོན་འཁྲུག་སྡུག་བསྔལ་གྱིས༔ འགྲོ་རྣམས་ཤིན་ཏུ་གཟིར་བས་ཉམ་ཐག་ཚེ༔ རྗེ་བཙུན་བླ་མ་ཆོས་ཀྱི་དབྱིངས་ཉིད་ལས༔ གཟུགས་སྐུས་འགྲོ་བའི་སྡུག་བསྔལ་མ་ལུས་པ༔ ད་ལྟ་མིག་འཕྲུལ་བཞིན་དུ་བསལ་དུ་གསོལ༔ ལོག་འདྲེན་བདུད་སྡེ་ཐུགས་བསྐྱེད་དཔའ་ཟིལ་གྱིས༔ རྡུལ་ཕྲན་གཏོར་བཞིན་ལྷག་མེད་མཛད་དུ་གསོལ༔ ཅེས་བསྐུལ་ཆད་མདོ་བྱ་བ་ནི༔ ཨེ་མ་ཧོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་ཆོས་དབྱིངས་ཁྱབ་བརྡལ་ཕོ་བྲང་དུ༔ ཀུན་བཟང་ཆོས་སྐུའི་སྟོན་པ་གཙོ་འཁོར་གྱིས༔ རང་བབས་ཀློང་དུ་རང་དམ་བཅས་པ་བཞིན༔ འཁོར་འདས་གཞི་གྲོལ་དགོངས་པ་མཐར་ཕྱིན་མཛོད༔ དེ་འོག་རང་སྣང་སྤྲུལ་པའི་ཞིང་ཁམས་ལྔར༔ རིགས་ལྔའི་སྟོན་པས་རིགས་ཀྱི་སེམས་དཔའ་ལ༔ རང་གསལ་ས་ལམ་སྒྲིབ་བྲལ་ཆོས་བསྟན་ཚེ༔ རྣམ་གྲོལ་ཡེ་ཤེས་ལྷག་མཐོང་འཕགས་མཆོག་གིས༔ བརྡ་བརྒྱུད་འགྲོ་དོན་རང་དམ་བཅས་པ་བཞིན༔ སྒྲིབ་བྲལ་འཕགས་པའི་དགོངས་དོན་མངོན་གྱུར་མཛོད༔ དེ་འོག་རྒྱལ་དང་དེ་སྲས་རིག་འཛིན་དང༔ ཁྱད་པར་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར༔ གྲུབ་པའི་སྤྱི་མེས་མར་པ་ཆོས་བློ་ཞེས༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉིད༔ ཤ་ཁྲག་ལུས་སྤྲུལ་སློབ་མ་སྐྱེས་བུའི་མཆོག༔ མི་ལ་བཞད་པ་རྡོ་རྗེར་སྙན་བརྒྱུད་ཀྱི༔ ཟབ་གནད་བསྟན་བཞིན་སྒྲུབ་ལ་བརྩོན་པའི་མཐུས༔ སྐུ་ཚེ་དེ་རུ་ཧེ་རུ་ཀ་དཔལ་དང་༔ དབྱེར་མེད་འགྲོ་དོན་མཐའ་རུ་ཕྱིན་པར་མཛོད༔ སྨན་བཙུན་མཁའ་འགྲོ་ཚེ་རིང་མཆེད་ལྔ་དང༔ ལྷ་སྲིན་སྡེ་བརྒྱད་མ་ལུས་དབང་བསྡུས་ནས༔ སྒྲུབ་བརྒྱུད་བསྟན་པ་ཉིན་མོར་མཛད་པའི་ཚེ༔ དམ་ལྡན་ཚེ་བསྲིང་ཉམས་རྟོགས་འཕེལ་བ་དང་༔ ལོག་འདྲེན་འདུལ་བར་ཁས་བླངས་དམ་བཅས་བཞིན༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་ཤིན་ཏུ་རྩོད་ལྡན་སྙིགས་མའི་དུས༔ མཚོ་རྒྱལ་རྗེ་དང་ཨོ་རྒྱན་ཆེན་པོ་ཡི༔ གང་འདུལ་སྤྲུལ་པ་དམན་པའི་གཟུགས་འཛིན་པ༔ སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པ་དང༔ སློབ་མ་ལུང་ཟིན་གྲུབ་པའི་མཚན་ཅན་ལ༔ བྱིན་རླབས་དག་སྣང་ཟབ་ཆོས་བརྡའ་འགྲོལ་ཚེ༔ སྒྲུབ་བརྩོན་གང་ཟག་ཚེ་མཐར་ཕྱིན་པ་དང༔ ཉམས་རྟོགས་ས་ལམ་གོང་འཕེལ་གྲོགས་མཛད་ཅེས༔ ཇི་ལྟར་དམ་བཅས་སྲུང་མ་སྤྱི་དང་ནི༔ ཁྱད་པར་སྨན་བཙུན་མཆེད་ལྔས་ཞལ་བཞེས་བཞིན༔ རྣམ་བཞིའི་ཕྲིན་ལས་གང་བརྩམས་འགྲུབ་པར་མཛོད༔ སརྦ་བྷ་ལིང་ཏ་ཁཱ་ཧི༔ བསྟན་མའི་གཏོར་མ་འབུལ་བ་ནི༔ ཨེ་མ་ཧོ༔ ཤེས་བྱ་རྟོགས་པས་རང་རྒྱུད་སྙེམས་མིན་པར༔ རང་བབས་གཤིས་ཀྱི་དགོངས་དོན་ཟབ་གནད་མཐུས༔ ཇི་བཞིན་མངོན་གྱུར་རྗེ་བཙུན་མི་ལ་ཡི༔ དུས་སྦྱོར་བཅུ་གཉིས་གནས་དག་བུ་མོའི་གཟུགས༔ བསྟན་མ་བཅུ་གཉིས་བཤལ་ཆུའི་གཏོར་མ་བཞེས༔ མ་དག་རྩ་ཡི་མདུད་རྒྱ་དབྱིངས་སུ་ཁྲོལ༔ ཐ་མལ་ལས་རླུང་བུམ་པའི་སྦུབས་སུ་སྣུབས༔ ཀུན་རྫོབ་ཐིག་ལེ་ཟག་མེད་བདུད་རྩིར་སྦྱོར༔ དོན་དམ་ཆོས་སྐུའི་རྒྱལ་སར་དབུགས་དབྱུང་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ དམ་སྲི་གཏོར་བྲོའི་འོག་ཏུ་འགུག་གཞུག་སྟེ༔ མནན་པ་བྱས་ལ་བྲོ་བརྡུང་འདི་བཞིན་བྱ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཀུན་བརྟགས་གློ་བུར་འཁྲུལ་བ་དམ་སྲིའི་ཚོགས༔ རིག་པ་ཡེ་ཤེས་མཁའ་འགྲོའི་བྲོ་ར་འཁྲབ༔ མནན་ནོ་སྟོང་ཆེན་རི་རབ་གླིང་བཞིའི་འོག༔ ནམ་ཡང་ཐར་བ་མེད་པའི་རྒྱས་གདབ་བོ༔ སྐུ་གསུམ་རིག་པ་ཡེ་ཤེས་ཆོས་སྐུའི་ཀློང་༔ བརྗོད་བྲལ་ཡེ་བབ་ཀློང་དུ་ཨ་ལ་ལ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭ་ལཾ༔ ཧཱ་ལཾ༔ སྟྭཾ་བྷ་ཡ་ནན༔ རྗེས་ལ་མཆོད་བསྟོད་དངོས་གྲུབ་ལེན་པ་ནི༔ ཨེ་མ་ཧོ༔ ཐ་མལ་ལུས་ཀྱི་སྣང་ཞེན་ལྷ་སྐུར་སྦྱངས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐུ་རུ་འགྲུབ༔ རྫུ་འཕྲུལ་ཤུགས་ཀྱིས་གང་འདུལ་གཟུགས་སུ་སྣང་༔ རྗེ་བཙུན་བླ་མའི་སྐུ་ཡི་དངོས་གྲུབ་སྩོལ༔ ཐ་མལ་རླུང་ལྔ་འབྱུང་འཇུག་སྔགས་སུ་སྦྱངས༔ ཡེ་ཤེས་ལྔ་གྲོལ་དོན་དམ་ཚངས་པའི་དབྱངས༔ གང་འདུལ་སྒྲ་སྐད་ཐོས་པས་སྲིད་ལས་གྲོལ༔ རྗེ་བཙུན་བླ་མའི་གསུང་གི་དངོས་གྲུབ་སྩོལ༔ ཇི་སྙེད་མཁྱེན་པས་ཤེས་བྱ་མ་ལུས་གཟིགས༔ བརྩེ་ཆེན་ཐུགས་ཀྱིས་འགྲོ་ལ་བུ་བཞིན་དགོངས༔ འགྲོ་ལ་ཕན་བདེའི་དཔལ་ཡོན་འབྱུང་བའི་གཞི༔ རྗེ་བཙུན་བླ་མའི་ཐུགས་ཀྱི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ་འདི་བཞིན་བརྗོད༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ སྒྲུབ་རྫས་གནས་གསུམ་གཏུག་ཅིང་མྱོང་༔ དེ་ནས་ནོངས་པ་བཤགས་པ་ནི༔ ཧོ༔ གློ་བུར་འཁྲུལ་བས་བསླུས་པ་གཞན་དབང་གིས༔ མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ༔ བཅས་དང་རང་བཞིན་དམ་སྡོམ་ལས་འགལ་བ༔ རྩ་གསུམ་ལྷ་ཚོགས་སྤྱན་སྔར་གནོང་འགྱོད་བློས༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ སླན་ཆད་མི་བགྱིད་དག་ཚངས་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བཟླ་བཞིན་དུ༔ ཉེས་ལྟུང་སྡིག་པའི་རང་བཞིན་ནི༔ སྐྱེ་འགག་བྲལ་བའི་དོན་ལ་བལྟ༔ རྗེས་སུ་བསྡུ་རིམ་བྱ་བ་ནི༔ ཨཱཿ ཕྱི་སྣོད་འོད་ཞུ་ནང་བཅུད་ལྷ་ལ་ཐིམ༔ དེ་ཡང་འོད་ཞུ་གཙོ་བོའི་ཐུགས་སྲོག་ལ༔ དམིགས་མེད་བརྗོད་བྲལ་སྟོང་ཆེན་དབྱིངས་སུ་ཨཱཿ དེ་ཡང་ལྷར་ལྡང་གནས་བསྲུང་བྱ་བ་ནི༔ སླར་ཡང་རྗེས་ཐོབ་གཉུག་མའི་ཧེ་རུ་ཀ༔ གཞན་སྣང་ཟིལ་གནོན་རྗེ་བཙུན་བླ་མའི་སྐུའི༔ གནས་ལྔར་རིགས་ལྔའི་ཕྱག་མཚན་ཡིག་འབྲུས་མཚན༔ དུག་ལྔའི་གདོན་གྱིས་ནམ་ཡང་གླགས་མི་རྙེད༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿབཛྲ་རཀྵ་རཀྵ་བྷྲུཾ༔ དེ་ནས་བསྔོ་སྨོན་རྒྱས་གདབ་ནི༔ ཨེ་མ་ཧོ༔ སྔོན་འདས་དུས་ནས་ད་ལྟའི་བར་དག་ཏུ༔ སྐྱབས་མཆོག་བླ་མ་བསྒྲུབ་དང་མཆོད་བསྟོད་དང་༔ ཆོས་སྤྱོད་བཅུ་ཡི་ལས་རྣམས་ཅི་བསགས་པ༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ ཕངས་མེད་བློ་ཡིས་རྩེ་གཅིག་བསྔོ་བར་བྱ༔ དེ་ནས་བཀྲ་ཤིས་བརྗོད་པ་ནི༔ ཨེ་མ་ཧོ༔ མཁའ་ཁྱབ་ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ གསལ་དག་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་འགག་མེད་རྣམ་འདྲེན་སྤྲུལ་པའི་སྐུ༔ གྲུབ་ཆེན་བཞད་པ་རྡོ་རྗེའི་བཀྲ་ཤིས་ཤོག༔ ལས་འཕྲོའི་དབང་གིས་སྙན་བརྒྱུད་ཆོས་དང་འཕྲད༔ བརྩོན་འགྲུས་དྲག་པོས་ཚེ་གཅིག་སྲིད་ལས་བརྒལ༔ ངོ་མཚར་གྲུབ་འབྲས་གཞན་སྣང་ཟིལ་གྱིས་གནོན༔ བླ་མ་རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག༔ ཁྱོད་མཚན་རྣ་བར་ལན་ཅིག་སོན་པས་ཀྱང་༔ མངོན་དགའི་ཞིང་དུ་དབུགས་དབྱུང་མཛད་དོ་ཞེས༔ ཐུགས་བསྐྱེད་ཞལ་བཞེས་བསླུ་བ་མེད་པ་བཞིན༔ མཐོང་ཐོས་དྲན་རེག་གྲོལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་སིལ་མ་བཀྲམ༔ འདི་ལྟར་ཤིན་ཏུ་ཟབ་པའི་ཆོས༔ ཡང་གསང་བླ་མའི་སྒྲུབ་པ་འདི༔ འོག་མིན་གནས་སུ་ཀུན་བཟང་དང་༔ རིགས་ལྔའི་ཞིང་དུ་རྡོར་སེམས་དང་༔ གང་འདུལ་སྤྲུལ་མཛད་མི་ལ་རྗེ༔ སོ་སོ་མ་ཡིན་ཐ་མི་དད༔ དེ་ཕྱིར་འདི་ཉིད་ཉམས་བླངས་ན༔ མི་དགེའི་ལས་སྒྲིབ་ཀུན་དག་ཅིང་༔ ཉམས་རྟོགས་ས་ལམ་ཡོན་ཏན་འཕེལ༔ མཐར་ཐུག་མངོན་དགའི་ཞིང་དུ་འཕོ༔ རྫོགས་སངས་རྒྱས་ལ་སོམ་ཉི་བྲལ༔ འདི་ནི་དག་སྣང་ཟབ་མོའི་མཐུས༔ རྗེ་བཙུན་མི་ལས་བྱིན་བརླབས་པའི༔ ངོ་མཚར་རྟགས་མཚན་མངོན་དུ་གྱུར༔ སྙིང་ལ་གབ་རྒྱས་བཏབ་ན་ཡང་༔ སྔོན་སྨོན་དུས་བབས་ལས་འཕྲོ་ཅན༔ ཛཱ་ཡ་མ་ཏིའི་རྣམ་རོལ་མཆོག༔ རྣམ་འདྲེན་གྲུབ་པའི་མིང་ཅན་གྱིས༔ བསྐུལ་ངོར་སྐལ་ལྡན་ལུང་རིག་གླིང་༔ ཡང་ཟབ་དགོངས་པའི་གསང་མཛོད་ནས༔ བརྗོད་བྲལ་དོན་གྱི་བརྡ་རིས་ལས༔ ཀུན་རྫོབ་ཡི་གེའི་ལམ་དུ་སྤེལ༔ ས་མ་ཡཱ༔ གུ་ཧྱ༔

རྗེ་བཙུན་མི་ལའི་དབང་ཆོག་གྲུབ་གཉིས་འདོད་འཇོའི་དགའ་སྟོན།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྗེ་བཙུན་མི་ལའི་དབང་ཆོག་གྲུབ་གཉིས་འདོད་འཇོའི་དགའ་སྟོན་བཞུགས༔

བློ་འདས་ཆོས་སྐུའི་དབང་མཆོག་གིས༔ བློ་བྲལ་འདོད་མའི་རྒྱལ་ས་རུ༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ༔ རྗེ་བཙུན་བཞད་པ་རྡོ་རྗེ་ཡི༔ དབང་ཆོག་གྲུབ་གཉིས་འདོད་འཇོའི་གཏེར༔ ལས་སྐལ་ལྡན་པས་ཉམས་སུ་ལོངས༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་སྦྱོར་བ་ཡོ་བྱད་ཀྱི༔ བཤམས་བཀོད་རིམ་པ་འདི་བཞིན་བྱ༔ འདབ་བཞི་འབྲུ་ཚོམ་མུ་ཁྱུད་ཟླུམ༔ དབུས་སུ་བུམ་པ་བླ་མེད་ཀྱི༔ བུམ་བཅུད་སོ་ལྔས་གཏམས་པ་ལ༔ དྲི་བཟང་ཆུ་ཡིས་སུམ་ཆ་བཀང་༔ ཁ་རྒྱན་ཤིང་དང་རྨ་བྱའི་སྒྲོ༔ སྐུ་ཙཀ་དང་བཅས་དབུས་སུ་བཀོད༔ གཡས་སུ་བྷནྡྷ་བདུད་རྩིས་བཀང་༔ གཡོན་དུ་རྡོ་རྗེ་དར་མཐིང་བརྒྱན༔ མདུན་དུ་གཏོར་མ་སྨན་རཀ་བཤམས༔ རྒྱབ་ཏུ་མདའ་དར་མེ་ལོང་ཅན༔ ཉེར་སྤྱོད་མཆོད་པས་མཐའ་ནས་བསྐོར༔ ཚོགས་ཀྱི་ཡོ་བྱད་ཤ་ཆང་སོགས༔ མ་ཚང་མེད་པར་འདུ་བྱས་ལ༔ ཆོ་ག་གཞུང་མཐུན་བསྙེན་པ་བསྐྱར༔ བྷྲུཾ་ལས་རིན་ཆེན་བུམ་པ་ནི༔ མཚན་ཉིད་ཀུན་ལྡན་མངོན་དགའི་ཞིང་༔ ལྟ་ན་སྡུག་པའི་ཕོ་བྲང་དབུས༔ པད་ཉི་ཟླ་བ་སུམ་བརྩེགས་ཁྲིར༔ ཁྱབ་བདག་སྟོན་པ་རྡོ་རྗེ་སེམས༔ གྲུབ་བརྒྱའི་རྒྱལ་པོ་རྗེ་བཙུན་ཉིད༔ དཀར་དམར་མདངས་ལྡན་ཞི་འཛུམ་བཞད༔ ཐུགས་ཀར་པདྨ་ཟླ་བའི་སྟེང་༔ འོད་ལྔའི་ཐིག་ལེ་ལྔ་ཚོམ་དབུས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཡིས་མཚན༔ མཐའ་བསྐོར་མཚན་སྔགས་གཡས་སུ་འཁོར༔ འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས༔ མཁའ་ཁྱབ་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ ཚུར་འདུས་སྐུ་དང་སྔགས་འཁོར་ལ༔ ཐིམ་པས་བདུད་རྩིའི་ཆུ་རྒྱུན་བབས༔ བུམ་ནང་ལྟེམ་གྱིས་གང་བར་དམིགས༔ རྩ་སྔགས་ཤམ་བུར་ཁྲུས་སྔགས་བཏགས༔ གཟུངས་ཐག་བརྐྱང་ཞིང་དམིགས་པ་གཟིར༔ སླར་ཡང་བདག་གི་ཐུགས་ཀ་ནས༔ འོད་འཕྲོས་བུམ་ལྷའི་ཐུགས་རྒྱུད་བསྐུལ༔ རྗེས་ཆགས་ཐུགས་རྗེའི་འོད་དུ་ཞུ༔ བུམ་པའི་བདུད་རྩིར་རོ་གཅིག་འདྲེས༔ དེ་བཞིན་དབང་རྫས་གཞན་རྣམས་ཀྱང་༔ ལྷར་བསྐྱེད་སྤྱན་དྲངས་འོད་དུ་ཞུ༔ བྱིན་བརླབས་རྫས་ཀྱི་རྣམ་པར་གྱུར༔ མཆོད་བསྟོད་བདག་དབང་བླང་བ་ནི༔ རང་གི་རྣམ་ཤེས་ཚོགས་བརྒྱད་དང་༔ རྟེན་ཡུལ་ཕུང་ཁམས་སྐྱེ་མཆེད་རྣམས༔ སློབ་བུའི་ཚུལ་དུ་འདུན་པས་བསྒྱུར༔ རིག་པ་བདེ་གཤེགས་སྙིང་པོ་ནི༔ རིགས་བདག་བླ་མའི་ངོ་བོ་སྟེ༔ དེ་བཞིན་སྒྲུབ་རྫས་ཡོ་བྱད་ཀུན༔ སྤྲུལ་པའི་ལྷ་ཡི་ངོ་བོར་བསྒོམ༔ མེ་ཏོག་དོར་ཞིང་འདི་སྐད་བརྗོད༔ ཨེ་མ་ཧོ༔ རིགས་ཀུན་ཁྱབ་བདག་དྲིན་ཆེན་བླ་མ་དང༔ རིག་པ་བདེ་གཤེགས་སྙིང་པོ་དབྱེར་མ་མཆིས༔ ལྟ་བ་རང་ཞལ་མཇལ་བའི་མེ་ཏོག་འབུལ༔ མ་དག་ཕུང་ཁམས་སྐྱེ་མཆེད་སློབ་བུ་ཡི༔ གཉིས་འཛིན་ལས་ཉོན་བག་ཆགས་གཏོར་བ་དང༔ ཡེ་བབ་སྐུ་བཞིའི་ཡེ་ཤེས་རྒྱུན་བླུགས་ནས༔ འཕོ་མེད་དོན་གྱི་དབང་མཆོག་བསྐུར་དུ་གསོལ༔ ཨོཾ་བཛྲ་ས་མ་ཡཱ་ཨོཾ༔ ཨཱཿབཛྲ་ས་མ་ཡཱ་ཨ༔ ཧཱུྃ་བཛྲ་ས་མ་ཡཱ་ཧཱུྃ༔ སྭ་བཛྲ་ས་མ་ཡཱ་སྭ༔ ཧཱ་བཛྲ་ས་མ་ཡཱ་ཧཱ༔ ཞེས་བརྗོད་སྒྲུབ་རྫས་གནས་ལྔ་རུ༔ སོ་སོར་གཏུགས་ཤིང་བདག་འཇུག་ལེན༔ བདག་དང་དཀྱིལ་འཁོར་ལྷ་ཚོགས་རྣམས༔ དབྱེར་མེད་རོ་གཅིག་འདྲེས་པར་བསྒོམ༔ ས་མ་ཡཱ༔ དེ་ནས་སློབ་མ་གྲལ་ལ་འཁོད༔ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ཐུན་མོང་ཆོས་བཤད་སྔོན་སོང་ནས༔ སྐབས་དོན་ལོ་རྒྱུས་འདི་བཞིན་བརྗོད༔ དེ་ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་དུས་ནས་རྫོགས་པའི་སངས་རྒྱས་རྡོ་རྗེ་སེམས་དཔའ་ཞེས་བྱ་བར་གྱུར་ནའང་། ཐུགས་བསྐྱེད་སྨོན་ལམ་གྱི་དབང་གིས་སླར་ཡང་རུས་མི་ལ་ཞེས་པར་སྲིད་བཟུང་ནས་ཆུང་ངུའི་དུས་སུ་འཁོར་བ་ལ་བློ་སུན་པའི་ཕྱིར། གཉེན་དང་བྲལ་ཞིང་སྡུག་བསྔལ་གྱི་ཚོར་བ་དུ་མས་ཐུགས་དབྱུང་བར་མཛད་པའི་ཚུལ་བསྟན་པ་དང་། དེ་བཞིན་དུ་ཕ་ཁུ་དགྲ་རུ་ལངས་ནས་མངོན་སྤྱོད་ཀྱི་ལས་ལ་བརྟེན་ཏེ་དགྲ་སྡེ་ཐལ་བར་བརླགས་པས་རེ་ཞིག་སྡིག་པའི་ལས་སྤྱོད་པར་མཛད་ཚུལ་བསྟན་པ་ནི་ཀུན་འབྱུང་རྒྱུ་འབྲས་ཆ་དང་བཅས་པ་སྤང་བྱར་སྟོན་པའི་བརྡ་དང་། དེ་ལྟ་བུའི་རྒྱུ་དང་འབྲས་བུ་ལ་ངེས་པར་འབྱུང་ནས་དཀའ་སྤྱད་སྙིང་རུས་དུ་མའི་སྒོ་ནས་མར་སྟོན་ཆོས་ཀྱི་བློ་གྲོས་ལས་ནཱ་རོའི་ཟབ་ལམ་ཆོས་དྲུག་གི་གདམས་པ་གསན་ཅིང་དེ་དག་གི་དོན་རི་ཁྲོད་དབེན་པར་རྩེ་གཅིག་ཏུ་བསྒྲུབས་པས་གྲུབ་འབྲས་མངོན་དུ་གྱུར་ཏེ་ཚེ་དེར་རྒྱལ་བ་རྡོ་རྗེ་འཆང་གི་རྒྱལ་སྲིད་ལ་དབང་བསྒྱུར་བ་ནི། ལམ་དང་དེ་ལ་བསྟེན་ཏེ་འགོག་པ་མངོན་དུ་བྱེད་དགོས་པའི་བརྡའོ། །དེ་ལྟ་བུའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་བཙུན་མི་ལ་རས་པ་དེ་ཉིད་ཀྱི་སྒྲུབ་ཐབས་དབང་དང་འབྲེལ་བའི་གདམས་པ་ཟབ་མོ་འདི་ཉིད་བཀའ་གཏེར་དག་སྣང་གི་སྲོལ་འགའ་ཞིག་ཏུ་འདུག་ནའང་རྗེ་བཙུན་དེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་གང་ཟག་དམན་པའི་ཚུལ་ཅན་སྐལ་ལྡན་ལུང་རིག་གླིང་པར་གྲགས་པ་བདག་ལ་ཨོ་རྒྱན་གྱི་མཁན་པོ་པདྨ་སམ་བྷ་ཝ་དང་། རྒྱལ་ཡུམ་མཁར་ཆེན་མཚོ་རྒྱལ། གྲུབ་དབང་བྱང་ཆུབ་རྡོ་རྗེ། རྒྱལ་ཡུམ་འཕགས་མ་སྒྲོལ་མ་སོགས་ཀྱི་ཞལ་མཐོང་ལུང་ཟིན་ཅུང་ཟད་ཀྱི་དགེ་མཚན་མཐོང་བ་དང་། དེ་སྐབས་སུ་མཁས་དང་གྲུབ་པའི་དབང་པོ་བླ་མ་ཨོ་རྒྱན་ལྷུན་གྲུབ་ཀྱིས་སྔོན་སྨོན་དུས་བབས་རྟེན་འབྲེལ་ཟབ་མོས་ཐུགས་རྒྱུད་བསྐུལ་ནས་མངོན་པར་དྭངས་པའི་རི་མོའི་ལམ་ནས་གྲུབ་བརྒྱའི་རྒྱལ་པོ་བཞད་པ་རྡོ་རྗེའི་སྒྲུབ་ཐབས་དགོངས་གཏེར་དུ་ཡོད་ན་དགོས་ཚུལ་གསུངས་པ་ལ་བརྟེན་ནས། རྗེ་བཙུན་བླ་མ་དེ་ཉིད་ལ་གསོལ་བ་ཡང་ཡང་བཏབ་པས། ཉིན་གཅིག་མདུན་མཁར་རྗེ་བཙུན་མི་ལ་རས་པ་དེ་ཉིད་དངོས་སུ་བྱོན་ནས་དབང་བསྐུར་བྱིན་གྱིས་བརླབས་པའི་སྣང་བ་བྱུང་ཞིང་། སྒྲུབ་ཐབས་དབང་དང་བཅས་པ་བློ་ངོར་རང་རིག་ཐོགས་པ་མེད་པར་ཤར་ནའང་ལེ་ལོའི་དབང་གིས་རེ་ཞིག་ཕྱི་བཤོལ་དུ་ལུས་སོང་བ། སླར་ཡང་སྙིགས་དུས་ཀྱི་འགྲོ་བའི་དེད་དཔོན་ཆེན་པོ་བྷུདྡྷའི་མཚན་ཅན་གྱིས་བཀས་བསྐུལ་བ་དང་། དམ་པ་དེ་ཉིད་ཀྱང་ཆོས་ཀྱི་བདག་པོ་རང་གི་དྲུང་དུ་སླེབས་ཏེ་རྟེན་འབྲེལ་ཟབ་མོའི་མཚམས་སྦྱོར་དང་བཅས་ཡི་གེའི་ལམ་དུ་བཀོད་པ་འདི་ཉིད་བྱིན་རླབས་ཀྱི་བརྒྱུད་ཐག་ཉེ་ཞིང་ཟོལ་ཟོག་དང་རང་འདོད་ཀྱི་འཁྲི་བས་མ་བཅིངས་པར་བརྒྱུད་པ་དྲུག་ལྡན་དང་ཡིད་ཆེས་པའི་གནས་སུ་བཟུང་བར་འོས་པ་དེ་ཡི་སྒོ་ནས་བྱིན་རླབས་དབང་བསྐུར་གྱི་རིམ་པ་སྒྲུབ་པར་བྱེད་པ་ལ་སློབ་མ་རྣམས་ཀྱིས་སྒོ་གསུམ་དད་པ་གཅིག་དྲིལ་དང་ལྡན་པའི་སྒོ་ནས་མཎྜལ་ཕུལ་བར་མཛོད། མཎྜལ་འབུལ་ཞིང་གསོལ་གདབ་ནི༔ མདུན་མཁར་ཚོགས་ཞིང་ལྷར་གསལ་ཏེ༔ དེ་ཉིད་བླ་མ་དབྱེར་མེད་བསྒོམ༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསག་བྱ༔ སླར་ཡང་གསོལ་བ་འདི་བཞིན་གདབ༔ ཨེ་མ་རྗེ་བཙུན་བླ་མ་སྤྲུལ་པའི་སྐུ༔ བདག་གི་ཐ་མལ་སྒོ་གསུམ་ལས་ཉོན་བཅས༔ སྐད་ཅིག་གནས་འགྱུར་སྐུ་བཞི་མངོན་གྱུར་ཕྱིར༔ བླ་མའི་སྐུ་གསུང་ཐུགས་ཀྱི་དབང་བསྐུར་སྩོལ༔ ཅེས་པས་ལན་གསུམ་གསོལ་བ་གདབ༔ དེ་ནས་བླ་མས་ལན་འདི་སྦྱིན༔ ཁྱོད་རྣམས་ཡང་དག་སངས་རྒྱས་སྒྲུབ་འདོད་ཅིང་༔ ཆོས་ཕྱིར་དཀའ་སྤྱད་སྙིང་རུས་མཛད་ནུས་ན༔ རྗེ་བཙུན་བླ་མའི་བྱིན་རླབས་དབང་བསྐུར་སྦྱིན༔ དེ་ཕྱིར་དད་དང་གུས་པས་དང་དུ་ལོངས༔ དེ་ནས་བུམ་པ་སྐུ་ཡི་དབང་༔ སློབ་བུའི་ལུས་ལ་བསྐུར་བའི་ཕྱིར༔ ཐོག་མར་བྱིན་ཆེན་དབབ་པ་ནི༔ སློབ་བུ་ལྷ་རུ་འདི་བཞིན་བསྐྱེད༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས། སྟོང་པ་ཆོས་སྐུ་ལྷ་ཡི་རྩལ༔ འགག་མེད་གཟུགས་སྐུའི་རོལ་པ་ནི༔ སློབ་མ་སྐད་ཅིག་གནས་འགྱུར་ཏེ༔ རྗེ་བཙུན་རྒྱལ་པོ་བཞད་པ་རྡོར༔ སྨུག་ནག་ཁྲོ་འཛུམ་རྔམ་པའི་ཞལ༔ ཁམ་འབོལ་དབུ་སྐྲའི་འཕྱང་འཕྲུལ་དང་༔ དུང་གི་ཝ་མིག་སྙན་རྒྱན་འཁྲོལ༔ གཡས་པས་འགྲམ་བཏེགས་གཡོན་ཐོད་པ༔ ཟག་མེད་བདུད་རྩིས་བཀང་བ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་རོལ་པའི་སྟབས༔ དབང་མདོག་སྒོམ་ཐག་བླ་གོས་དཀར༔ སྨད་དཀྲིས་སྔོན་པོ་དར་དཔྱང་འཕྱང་༔ དེ་ལྟར་གསལ་བའི་གནས་གསུམ་དུ༔ ཡིག་འབྲུས་མཚན་པའི་འོད་ཟེར་གྱིས༔ སྐུ་གསུམ་རྒྱལ་བ་སྤྱན་དྲངས་ཏེ༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ རོལ་མོ་འཁྲོལ་ཞིང་དྲི་ཞིམ་བདུག༔ ཨེ་མ་ཧོ༔ སྐུ་གསུམ་དག་པའི་ཞིང་བཞུགས་པའི༔ རྒྱལ་བ་སྲས་དང་སློབ་མར་བཅས༔ རྗེ་བཙུན་བཞད་པ་རྡོ་རྗེ་དང༔ ཐ་མི་དད་པའི་ངེས་ཤེས་མཐུས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམས༔ ཁ་བ་བུ་ཡུག་འཚུབས་ལྟར་བྱོན༔ སློབ་བུའི་ལུས་ལ་བྱིན་ཆེན་ཕོབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཧ་ས་བཛྲ་ཛྙཱ་ན་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ལུས་ངག་ཡིད་ལ་བྱིན་དབབ་རྟགས༔ དབང་པོའི་རིམ་པ་བཞིན་དུ་འབྱུང་༔ བརྟན་པར་བྱ་བའི་སྔགས་འདི་བརྗོད༔ ཏིཥྛ་བཛྲ་སིདྡྷི་ཧཱུྃ༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཨོཾ་བདེ་གཤེགས་ཀུན་གྱི་སྐུ་ཡི་དབང༔ སློབ་བུའི་ལུས་ལ་བསྐུར་བ་ཡིས༔ མི་དགེ་རྒྱུ་འབྲས་གནས་དག་ནས༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རཏྣ་ཡོ་ག་ཧ་ས་བཛྲ་སརྦ་སིདྡྷི་ཧཱུྃ༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བླུད་ཅིང་དག་འབྲས་བཤད༔ ཐོད་པ་བདུད་རྩི་མགྲིན་པར་བཞག༔ ཨཱཿ བདེ་གཤེགས་ཀུན་གྱི་གསུང་གི་དབང༔ སློབ་བུའི་ངག་ལ་བསྐུར་བ་ཡིས༔ མ་དག་ངག་སྒྲིབ་གནས་གྱུར་ནས༔ ཡང་དག་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་རྩེ་ལྔ་སྙིང་ཁར་བཞག༔ ཧཱུྃ་བདེ་གཤེགས་ཀུན་གྱི་ཐུགས་ཀྱི་དབང༔ སྐལ་ལྡན་སེམས་ལ་བསྐུར་བ་ཡིས༔ ཡིད་འཛིན་རྟོག་པ་གནས་གྱུར་ནས༔ འཕོ་མེད་ཆོས་སྐུའི་དབང་ཐོབ་ཤོག༔ རྩ་སྔགས་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སློབ་བུའི་གནས་བཞིར་གཏུགས༔ ཧཱུྃ་རྗེ་བཙུན་བཞད་པ་རྡོ་རྗེ་ཡི༔ ཡོན་ཏན་ནོར་བུའི་བང་མཛོད་ནས༔ ལྷ་སྔགས་ཏིང་འཛིན་དབང་བསྐུར་བས༔ སློབ་བུའི་སྒོ་གསུམ་སྨིན་པར་ཤོག༔ རྩ་སྔགས་གུ་ཎ་ཨ་བྷི་ཥིཉྩ་ཏྲཾ༔ སྣ་ཚོགས་མདའ་དར་སྤྱི་བོར་བཞག༔ ཧོ༔ ལས་བཞིའི་ཕྲིན་ལས་རབ་འབྱམས་ཀྱི༔ བདུད་དང་ལོག་འདྲེན་ཚར་གཅོད་པ༔ མཐུ་སྟོབས་ནུས་པའི་དབང་བསྐུར་བས༔ རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་ཤོག༔ རྩ་སྔགས་ཀརྨ་བྷི་ཤྭ་ཨ་བྷི་ཥིཉྩ་ཧཱ༔ དེ་ནས་སྒྲུབ་ཡིག་སྤྱི་བོར་བཞག༔ བཀའ་གཏད་སྨོན་ལམ་འདི་བཞིན་བྱ༔ ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས༔ གང་འདུལ་སྤྲུལ་སྐུ་མི་ལ་རྗེའི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན༔ སློབ་བུའི་རྒྱུད་ལ་རབ་འཕོས་ནས༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ལུས་ལ་ལྷ་དབང་བསྐུར་དུ་གསོལ༔ ངག་ལ་སྔགས་དབང་བསྐུར་དུ་གསོལ༔ ཡིད་ལ་ཐུགས་དབང་བསྐུར་དུ་གསོལ༔ སྒྱུ་མའི་ལུས་འདི་མ་དོར་བར༔ ལྕགས་ཁམས་གསེར་འགྱུར་རྩིས་ཐེབས་བཞིན༔ རིག་འཛིན་གྲུབ་པའི་སྤྱི་གཟུགས་ཀྱི༔ གསང་གསུམ་མངོན་དུ་འགྱུར་བར་ཤོག༔ གཞན་ཡང་བླ་མའི་མཚན་སྔགས་དང་༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི༔ སྔགས་བསྒྲགས་རོལ་མོའི་སྒྲ་ཡང་འཁྲོལ༔ སྤྲོ་ན་རྒྱལ་སྲིད་སྣ་བདུན་སྦྱིན༔ དམ་ཚིག་ཁས་བླངས་མཎྜལ་ཕུལ༔ བསྔོ་སྨོན་ཤིས་བརྗོད་མཐའ་རྒྱས་བྱ༔ ས་མ་ཡཱ༔ ཞེས་རྗེ་བཙུན་མི་ལ་རས་པའི་དབང་ཆོག་འདི་ཉིད་སྐལ་ལྡན་གྱི་སློབ་མའི་ཐུགས་བཞེད་ལྟར། སྐལ་ལྡན་ལུང་རིག་གླིང་པས་དགོངས་གསང་མཁའ་འགྲོའི་གན་མཛོད་ནས་བྱུང་སྟེ་ཚིག་གི་ལམ་དུ་བརྗོད་པ་བསྐུལ་བ་པོ་དམ་པ་དེ་ཉིད་ཀྱིས་ཀུན་རྫོབ་ཡི་གེའི་གཟུགས་སུ་བྲིས་པ་དུས་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། དགེའོ། །དགེའོ། །དགེའོ།།

དབང་གི་མཚམས་སྦྱོར་ལྡེབ་ཤར།

༈ དེ་ནས་ཁྱེད་རང་རྣམས་ལ་བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག ལུས་ལྷར་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། ༈ ཐོད་པ་བདུད་རྩིའི་དབང་བསྐུར་བས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག ངག་སྔགས་བཟླ་བ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། ༈ ཐུགས་རྡོ་རྗེའི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག ཡིད་ཏིང་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། ༈ ཡོན་ཏན་གཏོར་མའི་དབང་བསྐུར་བས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག གདན་གསུམ་ཚང་བའི་ལྷར་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ།། ༈ ལས་རབ་འབྱམས་འགྲུབ་པའི་བརྡ་མཚོན་དུ་མདའ་དར་གྱི་དབང་བསྐུར་བས། བདུད་དང་ལོག་འདྲེན་ཐམས་ཅད་ཚར་གཅོད་པའི་མཐུ་སྟོབས་དང་ལྡན་ཞིང་རྒྱལ་བ་ཀུན་གྱི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བ་ཡིན་ནོ།།

ཉམས་མགུར་སྐལ་ལྡན་ཡིད་འཕྲོག

རྗེ་བཙུན་སྒྲུབ་པའི་ཟབ་ཏིག་ལས༔ ཉམས་མགུར་སྐལ་ལྡན་ཡིད་འཕྲོག་བཞུགས༔ ཀྱེ་ཧོ་གསོན་དང་སྐལ་ལྡན་ཀུན༔ ཐོག་མར་ཆོས་སྒོར་འཇུག་པ་ལ༔ ལས་ཉོན་འཁོར་བའི་རྒྱ་མཚོ་ལས༔ ཞེན་ལོག་ངེས་འབྱུང་སྙིང་ནས་དགོས༔ བར་དུ་ཉམས་ལེན་བྱེད་པ་ལ༔ ལུས་ངག་སྡིག་པའི་གཡོག་པོ་འདི༔ དྲན་ཤེས་ཁྱིམ་གྱི་བྲན་དུ་ཁོལ༔ ཡེངས་མེད་སྙིང་ནས་བརྩོན་པ་དགོས༔ མ་དག་ལས་ཀྱི་རྩ་དང་རླུང་༔ ཐབས་གྲོལ་ལམ་གྱི་མན་ངག་གིས༔ ཡན་པར་མ་གཏོང་གནད་དུ་སྣུན༔ སྣང་སེམས་དབང་དུ་འདུས་པ་དགོས༔ རིགས་དྲུག་རྟོག་པའི་སྐྱོན་ལས་བྱུང་༔ གང་དུ་བཙལ་ཀྱང་རང་བཞིན་མེད༔ དཔེར་ན་མཁའ་དང་སྤྲིན་ཕུང་བཞིན༔ རང་གི་རྩལ་དུ་ཤེས་པ་དགོས༔ རང་བྱུང་ཕྱག་རྒྱ་ཆེན་པོ་ནི༔ གཞན་གྱི་རྐྱེན་ལ་ལྟོས་པ་མིན༔ རྒྱུ་འབྲས་བྱ་རྩོལ་བྲལ་བ་དགོས༔ སྣང་བ་ཐམས་ཅད་སེམས་ཀྱི་རྩལ༔ སེམས་ཉིད་སྟོང་པའི་རང་བཞིན་ཏེ༔ སྟོང་པ་ཆོས་སྐུའི་རང་བཞིན་ཅན༔ རང་ངོ་ཤེས་པའི་ཉམས་ལེན་གཅེས༔ ལྟ་བ་བློ་ལས་འདས་པ་དང་༔ སྒོམ་པ་མ་ཡེངས་མི་སྒོམ་དང་༔ སྤྱོད་པ་སྤང་བླང་གཉིས་མེད་དང་༔ འབྲས་བུ་རེ་དོགས་བྲལ་བ་དགོས༔ ལུས་ལ་ཞེན་འཛིན་བྱུང་བ་ན༔ སྣང་སྟོང་ལྷ་སྐུ་ལམ་དུ་ཁྱེར༔ ངག་ལ་འཛིན་རྟོག་བྱུང་བ་ན༔ གྲགས་སྟོང་སྔགས་སུ་ལམ་ཁྱེར་དགོས༔ སེམས་ཀྱི་འཛིན་རྟོག་གང་ཤར་ཀུན༔ རང་ངོ་ཤེས་པས་རང་སར་གྲོལ༔ མདོར་ན་ལུས་ངག་ཡིད་གསུམ་པོ༔ སྐུ་གསུང་ཐུགས་སུ་ལམ་ཁྱེར་དགོས༔ ཕ་རོལ་དགྲ་གཉེན་སྣ་ཚོགས་ཀུན༔ རྨི་ལམ་ཡུལ་གྱི་སྐྱེ་བོ་བཞིན༔ གང་ཡང་བདེན་པར་མ་གྲུབ་པས༔ བདེན་མེད་སྒྱུ་མའི་ལམ་ཁྱེར་དགོས༔ འཇིག་རྟེན་ནོར་རྫས་མཁོ་དགུ་ཀུན༔ བསགས་བསྲུང་སྤེལ་བའི་སྡུག་བསྔལ་ལས༔ རང་ལ་དགོས་ཚེ་ཕན་པ་ཆུང་༔ དེ་ཕྱིར་སྙིང་ནས་ཞེན་ལོག་དགོས༔ མདོར་ན་སྲིད་དང་ཞི་བའི་ཆོས༔ ཐམས་ཅད་བསླུ་བའི་ཆོས་ཅན་ཏེ༔ བསླུ་མེད་རིག་པའི་བཙན་ས་ཟུངས༔ གནད་ཀུན་འདུས་པའི་མན་ངག་གོ༔ མནྡྲ་གུ་ཧྱ༔ རྫོགས་ཆེན་པ་ལུང་རིག་གླིང་པས་སོ༔

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྗེ་བཙུན་སྒྲུབ་པའི་བཀའ་སྲུང་སྨན་བཙུན་མཆེད་ལྔའི་གཏོར་འབུལ་ཡིད་བཞིན་ལྷུན་གྲུབ་བཞུགས༔

བཀའ་སྲུང་སྨན་བཙུན་མཆེད་ལྔའི་གཏོར་འབུལ་ཡིད་བཞིན་ལྷུན་གྲུབ།

རྣལ་འབྱོར་དབང་ཕྱུག་སྐུ་ལ་འདུད༔ གང་གི་བཀའ་ཉན་ཌཱཀྐི་མ༔ མཆོད་ཐབས་རྒྱུན་ཁྱེར་འདི་བཞིན་ཏེ༔ མཎྜལ་དབུས་སུ་རང་བྱུང་ཤེལ༔ གཏོར་མ་དཀར་ཟླུམ་གཙོ་འཁོར་ལྔ༔ སྐྱུ་གུ་རིལ་བུ་ཅི་མང་དང་༔ ཉི་ཟླ་ནོར་བུ་དར་གྱིས་བརྒྱན༔ དཀར་མངར་རྫས་དང་ཕྱེ་མར་སྤོས༔ གསེར་སྐྱེམས་འོ་ཕུད་བསང་དུད་སོགས༔ བཀོད་ལེགས་རྒྱུ་གཙང་གཙང་མར་བཤམས༔ རང་ཉིད་བླ་མའི་སྐུ་རུ་བསྒོམ༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཨེ་མ་ཧོ༔ ངོ་མཚར་ཡིད་འོང་གངས་ཅན་བོད་ཀྱི་ལྗོངས༔ རི་མཐོ་ས་གཙང་གངས་ཀྱི་ལྷུན་པོ་བརྗིད༔ སྨན་དང་མེ་ཏོག་ནེའུ་གསིང་སྐྱེད་མོས་ཚལ༔ ནགས་ཚལ་བྲག་རིའི་བ་གམ་ལྷུན་ཆགས་པ༔ གང་ལ་བརྟེན་བཅས་པདྨའི་བཀའ་ཉན་གཙོ༔ ཡེ་ཤེས་གྲུབ་ཀྱང་འཁོར་བའི་ཆ་ལུགས་ཅན༔ འཇིག་རྟེན་མིག་བསྒྱུར་སྨན་བཙུན་ཌཱཀྐི་མ༔ ཚེ་རིང་མཆེད་ལྔ་གཙོ་འཁོར་སྤྲུལ་པར་བཅས༔ མ་ངེས་སྣ་ཚོགས་སྒྱུ་འཕྲུལ་ངོམ་བཞིན་དུ༔ རྣལ་འབྱོར་གདུང་བའི་འབོད་པ་འདིར་གསོན་ལ༔ ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་དགྱེས་ཤིང་བརྟན་པར་བཞུགས༔ རྒྱལ་བའི་བསྟན་སྲུང་དབང་མོ་གཙོ་འཁོར་ལ༔ གསང་གསུམ་ཡོན་ཏན་དྲན་པས་གུས་ཕྱག་འཚལ༔ ལྷ་ཀླུ་མི་ཡི་འཇིག་རྟེན་ཐམས་ཅད་ན༔ མཛེས་ཤིང་ཡིད་འོང་མཆོད་པའི་བྱེ་བྲག་རྣམས༔ བློ་ཡིས་བླངས་ཏེ་སྨན་བཙུན་མཆེད་ལྔ་ལ༔ གུས་པས་འབུལ་ལོ་བརྩེ་བའི་ཐུགས་ཀྱིས་བཞེས༔ ཁྱད་པར་མེ་ཏོག་སྤོས་དང་སྣང་གསལ་མེ༔ བཟང་པོ་དྲི་ཆབ་རོ་ལྡན་ལྷ་ཡི་ཟས༔ སྙན་འཇེབས་ཡིད་འོང་གླུ་གར་རོལ་མོའི་སྒྲ༔ རྒྱལ་སྲིད་རིན་ཆེན་བདུན་དང་དཔག་བསམ་ཤིང༔ རྨད་བྱུང་གཏེར་གྱི་བུམ་པ་འདོད་འཇོའི་བ༔ སྐྱེད་ཚལ་ཟས་གོས་དཀོར་ནོར་བསྐང་རྟེན་རྫས༔ ཡིད་འོང་རྨ་བྱ་སྤུ་སྡུག་ནེའུ་ཙོ་སྒེག༔ འདབ་ཆགས་བྱ་རིགས་མཁའ་ལ་འཇའ་ལྟར་འཁྲིགས༔ ཤ་རྐྱང་རི་དྭགས་སྣ་ཚོགས་རྡུལ་ལྟར་འཁྲིགས༔ སྲོག་ཆགས་གཅན་གཟན་ཆེ་དགུ་རྔམས་ཤིང་རོལ༔ སྨན་གཏོར་རཀྟ་དམ་རྫས་ལྷུན་པོར་སྤུངས༔ གསེར་སྐྱེམས་ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ༔ བདུད་རྩི་ཤིང་ལྔའི་དུད་པ་སྤྲིན་ལྟར་གཏིབས༔ གང་ཡང་མ་ཚང་མེད་པའི་མཆོད་རྫས་འདིས༔ ཇོ་མོ་བཀྲ་ཤིས་ཚེ་རིང་ཐུགས་དམ་བསྐང༔ སྨན་བཙུན་མཐིང་གི་ཞལ་བཟང་ཐུགས་དམ་བསྐང༔ ནོར་སྟེར་ཅོད་པཎ་མགྲིན་བཟང་ཐུགས་དམ་བསྐང༔ འདོད་འབྱུང་མི་གཡོ་བློ་བཟང་ཐུགས་དམ་བསྐང༔ ནོར་སྲུང་གཏལ་དཀར་འགྲོ་བཟང་ཐུགས་དམ་བསྐང༔ གཞན་ཡང་འཁོར་ཚོགས་སྤྲུལ་པ་ཡང་སྤྲུལ་བཅས༔ དམ་ལྡན་སྐྱོང་ཞིང་དམ་མེད་སྒྲོལ་མཛད་པ༔ རིག་འཛིན་རྣལ་འབྱོར་ཀུན་གྱི་བཀའ་ཉན་མ༔ མཆོད་དོ་བསྟོད་དོ་བསྐང་ངོ་མངའ་གསོལ་ལོ༔ བདག་ཅག་མི་མཁས་ལས་ཉོན་དབང་གྱུར་པས༔ རྩ་གསུམ་སྲུང་མའི་ཐུགས་དང་འགལ་བའི་ལས༔ དམ་ཚིག་ཉམས་ཆག་ལྟ་སྒོམ་ཏིང་འཛིན་གཡེལ༔ སྙིང་ནས་བཤགས་སོ་བཟོད་གསོལ་དང་དུ་བཞེས༔ ཞི་བ་ཆོས་སྐུའི་ཀློང་ལས་མ་གཡོས་ཀྱང༔ གང་འདུལ་གཟུགས་སྐུའི་རྣམ་རོལ་ཅིར་ཡང་སྟོན༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པའི་གར་མཁན་མ༔ སྨན་བཙུན་མཆེད་ལྔ་འཁོར་དང་བཅས་ལ་བསྟོད༔ ཁྱེད་ལ་འདོད་དོན་ཕྲིན་ལས་བཅོལ་བ་ནི༔ རྒྱལ་བསྟན་སྤྱི་དང་ཕྱག་རྫོགས་དབུ་མ་ཆེ༔ མཁའ་བཞིན་རྟག་བརྟན་ཉི་ལྟར་ཡོངས་ལ་ཁྱབ༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་རྣམས༔ ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྲིན་ལས་མཛོད༔ རྒྱལ་ཁམས་ཀུན་ཏུ་མི་ཕྱུགས་ནད་རིམས་ཞི༔ ལོ་ཉེས་སད་སེར་བཙའ་ཐན་རྒུད་པ་སོལ༔ ཚེ་བསོད་དཔལ་འབྱོར་བུ་ནོར་ལོངས་སྤྱོད་སྤེལ༔ སྣང་སྲིད་ཟས་ནོར་སྐྱེ་འགྲོ་དབང་དུ་སྡུས༔ སྡང་དགྲ་གཟུགས་མེད་གནོད་བྱེད་བགེགས་ཀྱི་སྡེ༔ ཐམས་ཅད་མིང་ཙམ་མེད་པར་རྡུལ་དུ་རློགས༔ མདོར་ན་བསམ་པའི་དོན་དང་བཅོལ་བའི་ལས༔ འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད༔ ས་མ་ཡཱ༔ འདི་ནི་དམ་ལྡན་རྣལ་འབྱོར་ཀུན༔ རྟག་ཏུ་སྐྱོང་བའི་མ་མ་སྟེ༔ དགྲ་བགེགས་སྲོག་གཅོད་ཤན་པ་མོ༔ རིག་འཛིན་སྒྲུབ་པའི་བཀའ་ཉན་ཅིང་༔ ཁྱད་པར་རྗེ་བཙུན་མི་ལ་ཡི༔ ཟབ་ལམ་སྒྲུབ་པའི་མཛའ་ན་མོ༔ མཆོད་བསྟོད་ཡིད་ལ་དྲན་པས་ཀྱང༔ འདོད་དོན་འགྲུབ་པར་ཐེ་མི་ཚོམ༔ དེ་ཕྱིར་སྙིང་ནས་བརྟེན་པ་གཅེས༔ གུ་ཧྱ༔ ཞེས་པའང་ཡང་ཟབ་ཆོས་ཀྱི་ཆ་ལག་ཏུ་དག་སྣང་བཅོས་བསླད་མེད་པར་སྐལ་ལྡན་ལུང་རིག་མིང་གིས་སྨྲས་ཤིང་ལུང་ཟིན་སྐྱེས་བུས་ཡི་གེར་སྤེལ་བ་ཛ་ཡནྟུ། །

ཐང་སྟོང་རྒྱལ་པོའི་གསོལ་འདེབས་འཇིགས་པ་བརྒྱད་སྐྱོབ་རྡོ་རྗེའི་གོ་ཆ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གྲུབ་བརྒྱའི་སྤྱི་མེས་ཐང་སྟོང་རྒྱལ་པོའི་གསོལ་འདེབས་འཇིགས་པ་བརྒྱད་སྐྱོབ་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བི་ཛ་ཡནྟུ༔ ཨེ་མ་ཧོ༔ འབྱུང་བཞིས་མི་འཇིགས་འཇའ་ལུས་རྡོ་རྗེའི་སྐུ༔ བགྲེས་རྒུད་སྐྱེ་འཆི་རང་གྲོལ་པདྨ་འབྱུང་༔ ཚེ་དཔག་མེད་མགོན་མི་གཟུགས་འགྲོ་བའི་མགོན༔ ཐང་སྟོང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས༔ འཇིགས་བརྒྱད་དུས་མིན་འཆི་བའི་གནོད་པ་ལས༔ མགོན་པོ་ཁྱོད་ཀྱི་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཤ་ཁྲག་སྒྱུ་ལུས་ཕུང་པོ་འདོར་བའི་ཚེ༔ མཁའ་སྤྱོད་རིག་འཛིན་གནས་སུ་འདྲེན་དུ་གསོལ༔ མ་དག་རླུང་སེམས་འཁྲུལ་སྤྲིན་མ་ལུས་པ༔ དག་དབྱིངས་དབུ་མའི་སྦུབས་སུ་འུབ་ཆུབ་པས༔ སྣ་ཚོགས་སྣང་བའི་ནད་དང་གདོན་གྱི་གཡུལ༔ འཇོམས་མཛད་དཔའ་བོ་ཆེན་པོར་གསོལ་བ་འདེབས༔ སྙིགས་དུས་འཁྲུག་རྩོད་མཚོན་ཆའི་ཆར་འབེབས་ཚེ༔ རྡོ་རྗེའི་གོ་ཆ་མཛོད་ཅིག་རིན་པོ་ཆེ༔ ཚེ་རབས་ཀུན་ཏུ་གྲུབ་དབང་ཁྱོད་ཉིད་ཀྱིས༔ འབྲལ་མེད་ཐུགས་རྗེས་རྗེས་སུ་བཟུང་དུ་གསོལ༔ དབང་བཅུའི་འབྱོར་པ་རྒྱ་མཚོར་དབང་བསྒྱུར་བས༔ དགོས་འདོད་ཀུན་འབྱུང་ནོར་བུ་བླ་ན་མེད༔ ནོར་ལྷ་ཀུན་དངོས་ཐང་སྟོང་རྒྱལ་པོའི་སྐུ༔ མཆོག་ཐུན་དངོས་གྲུབ་སྩོལ་དེར་གསོལ་བ་འདེབས༔ ཁྱོད་ལ་རྩེ་གཅིག་གསོལ་བཏབ་བསླུ་མེད་འབྲས༔ རྒྱལ་ཁམས་སྤྱི་དང་ཡུལ་ཁམས་འདི་ཉིད་དུ༔ འབྱུང་བཞིའི་གཡོ་འཁྲུག་ནད་དང་མུ་གེ་སོགས༔ འགྲོ་རྣམས་སྡུག་བསྔལ་ཆུ་བོ་ལས་སྒྲོལ་ནས༔ འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔ དགེ་འདིས་རྟེན་འབྲེལ་མཆོག་གསུམ་བདེན་པའི་མཐུས༔ སྨོན་པའི་དོན་ཀུན་གེགས་མེད་འགྲུབ་གྱུར་ཅིག༔ བྱིན་རླབས་དད་པའི་ཉེར་ལེན་ཡིན༔ ཐེ་ཚོམ་མེད་ན་ཤིན་ཏུ་ཟབ༔ ཚེ་འཕེལ་འཇིགས་བརྒྱད་ལས་གྲོལ་ནས༔ མཐར་ཐུག་མཁའ་སྤྱོད་འགྲུབ་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཐང་སྟོང་རྒྱལ་པོའི་གསོལ་འདེབས་ནི༔ བླ་མ་དགོངས་པ་འདུས་པའི་བཀླག་ལུང་སྐབས༔ གྲུབ་པའི་དབང་ཕྱུག་ཉིད་ཀྱི་ཞལ་གསུང་བཞིན༔ ཁོ་བོ་སྤྲུལ་མིང་ལུང་རིག་གླིང་པ་ཡིས༔ ཚོགས་གཉིས་གོང་འཕེལ་གླིང་གི་ཆོས་གྲྭ་རུ༔ ཐོལ་བྱུང་ཡི་གེའི་རིས་སུ་ཕབ་པ་དགེ༔

ཐང་རྒྱལ་བརྒྱུད་པའི་གསོལ་འདེབས་ནོར་བུའི་རྒྱལ་མཚན།

༄༅།། ཐང་རྒྱལ་བརྒྱུད་པའི་གསོལ་འདེབས་ནོར་བུའི་རྒྱལ་མཚན་བཞུགས་སོ།། ཨོཾ་ཨཱཿཧཱུྃ༔ འོག་མིན་བདེ་ཆེན་པདྨོ་བཀོད་པ་ནས། །ཆོས་སྐུ་འོད་དཔག་མེད་ལ་གསོལ་བ་འདེབས། །འཆི་མེད་གཉུག་མ་རང་བྱུང་གདོད་མའི་གཤིས། །མངོན་གྱུར་འོད་སྐུར་འགྲུབ་པར་བྱིན་གྱིས་རློབས། །འོད་ལྔ་མ་འདྲེས་སྟུག་པོ་བཀོད་པ་ནས། །ལོངས་སྐུ་ཚེ་མཐའ་ཡས་ལ་གསོལ་བ་འདེབས། །ལྷུན་གྲུབ་རྟག་པ་མི་ཤིགས་རྡོ་རྗེའི་སྐུས། །མཁའ་བཞིན་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས། །ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཕོ་བྲང་ནས། །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །ལྷ་འདྲེ་མི་གསུམ་མི་བསྲུན་གདུག་པའི་དཔུང་། །མཐུ་སྟོབས་ནུས་མཐུས་འཇོམས་པར་བྱིན་གྱིས་རློབས། །གསང་ཆེན་བཀའ་གཏེར་བཀའ་ཡི་སྡུད་པོ་མཆོག །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །དོན་དམ་ཕྱག་རྒྱ་ཆེན་པོའི་རང་ཞལ་ཉིད། །ཚེ་འདིར་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གང་འདུལ་ཞིང་ཁམས་གངས་ལྗོངས་གདུལ་བྱའི་དཔལ། །ཐང་སྟོང་རྒྱལ་པོའི་ཞབས་ལ་གསོལ་བ་འདེབས། །འཇིགས་རུང་སྐྱེ་འཆི་བརྒལ་དཀའི་ཆུ་བོ་ལས། །ཐུགས་རྗེས་གྲུ་བོས་སྒྲོལ་བར་བྱིན་གྱིས་རློབས། །གསང་ཆེན་སྨིན་གྲོལ་ཆོས་ཀྱི་སྐྱེད་ཚལ་ནས། །བྱང་ཆུབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །གང་འབྲེལ་འཕྱུགས་མེད་ཐར་པའི་ལམ་མཆོག་ལ། །ཐོགས་མེད་མྱུར་དུ་འགོད་པར་བྱིན་གྱིས་རློབས། །མཚོ་རྒྱལ་བྱིན་རླབས་དགོངས་པའི་ཆོས་མཛོད་ནས། །ལུང་རིག་གླིང་པའི་ཞབས་ལ་གསོལ་བ་འདེབས། །རྟག་ཏུ་གཞན་ཕན་རྒྱལ་སྲས་ལམ་བཟང་ལ། །མི་ལྡོག་མོས་པ་བརྟན་པར་བྱིན་གྱིས་རློབས། །ཚེ་གཅིག་བྱང་ཆུབ་བསྒྲུབས་པའི་དཔའ་བརྟུལ་ཅན། །སངས་རྒྱས་དཔལ་ལྡན་ཞབས་ལ་གསོལ་བ་འདེབས། །ཟབ་ཆོས་བརྒྱུད་འཛིན་སྐུ་ཚེ་མཐར་ཕྱིན་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་པའང་ལྷ་གྲོགས་དད་ཅན་ཟུང་གིས་བསྐུལ་ངོར། །དགེ་སྦྱོང་ལུང་རྟོགས་མིང་གིས་བྲིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག་གུ།

ཐང་རྒྱལ་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་ཀ་བ་བཞུགས༔

རྒྱལ་བ་ཀུན་དང་རོ་མཉམ་ཡང༔ གང་འདུལ་གྲུབ་པའི་དབང་ཕྱུག་ཚུལ༔ ཐང་སྟོང་རྒྱལ་པོའི་བླ་སྒྲུབ་ཀྱི༔ འཆི་མེད་ཚེ་སྒྲུབ་ཟབ་མོ་བསྟན༔ ས་མ་ཡཱ༔ དེ་ཡང་གངས་རི་གཏན་ཆགས་དང་༔ གཡུ་མཚོ་གཏན་འཁྱིལ་བྲག་རི་བརྟན༔ ཉམས་དགའ་ཤར་གྱི་འོད་སྔ་ཞིང་༔ ཉེར་སྡུད་འཕྱི་ཞིང་དབེན་ལ་འཇམ༔ དཀར་ཕྱོགས་གཞི་བདག་གིས་བསྲུང་བའི༔ གནས་མཆོག་ཉམས་དགའ་བག་དྲོ་བ༔ གྲུབ་ཐོབ་སྐྱེས་བུས་ཞབས་བཅགས་སར༔ དཀྱིལ་འཁོར་བཀོད་ལེགས་མདའ་གང་སྟེང་༔ འབྲས་དཀར་ཚོམ་བུ་བརྒྱད་བཀོད་དབུས༔ ཟངས་བུམ་ཆོས་སྨན་སེལ་མེད་དང་༔ ཉེར་ལྔའི་ཆུ་ཡིས་སུམ་ཆ་བཀང་༔ ཤར་དུ་རྡོ་རྗེ་དར་སྔོན་དྲིལ༔ ལྷོ་རུ་བླ་མའི་གཏོར་མ་ལ༔ སྐུ་གཟུགས་དར་གྱི་ཅོད་པཎ་གདགས༔ ནུབ་ཏུ་དྲིལ་བུ་ལེ་བརྒན་དར༔ བྱང་དུ་ཕུར་བུ་རང་སྔགས་གདགས༔ ཤར་ལྷོར་དཀར་མངར་ཚེའི་རིལ་བུ༔ ལྷོ་ནུབ་ཐོད་པར་ཚེ་བཅུད་ཆང༔ ནུབ་བྱང་མདའ་དར་སྣ་ལྔ་དང་༔ བྱང་ཤར་གསལ་བའི་སྒྲོན་མེ་རྣམས༔ སྒྲུབ་པའི་རྫས་ཀྱི་ཡོ་བྱད་བསགས༔ མཐའ་བསྐོར་སྨན་རཀ་ཉེར་སྤྱོད་ལྔ༔ སྤྱན་གཟིགས་ཡིད་འོང་རྟེན་དུ་བཀྲམ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ གྲིབ་ཅན་མི་དང་རྫས་རྣམས་ཀུན༔ རྒྱང་རིང་བསྐྲད་ནས་སྤོས་དུད་གཏོང༔ སྔགས་ལ་ནུས་པ་འབྱུང་བའི་ཕྱིར༔ རྒྱབ་ཆོས་རིམ་གྲོ་འདི་བཞིན་བྱ༔ ཤར་དུ་འཇམ་དཔལ་མཚན་བརྗོད་དང་༔ ལྷོ་རུ་རྣམ་པར་རྒྱལ་མའི་གཟུངས༔ ནུབ་ཏུ་དམ་སྐོང་ཡི་གེ་བརྒྱ༔ བྱང་དུ་བདུད་ཟློག་ཤེར་སྙིང་གདུགས༔ ཁྲིམས་ལྡན་སྔགས་པ་བཞི་ཡིས་སྒྲུབ༔ ཆོ་ག་དངོས་ཀྱི་རིམ་པ་ལ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ དང་པོ་སྦྱོར་བའི་ཆོས་ལ་བདུན༔ ཐོག་མར་སྐྱབས་ཡུལ་སྤྱན་དྲངས་ཏེ༔ སྐྱབས་སུ་འགྲོ་བ་འདི་ལྟར་བྱ༔ ན་མོ༔ སྲིད་གསུམ་ལས་ཀྱིས་མནར་བའི་བདག་གཞན་འགྲོ༔ མཆོག་གསུམ་ཀུན་འདུས་འཆི་མེད་ཚེ་ཡི་ལྷ༔ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ སེམས་བསྐྱེད་རིམ་པ་འདི་ལྟར་བྱ༔ ཧོ༔ ལྷན་སྐྱེས་ཀུན་བརྟགས་དབང་གིས་བདེན་པའི་དོན༔ ལོག་པར་རྟོག་པའི་མར་གྱུར་མཁའ་ཁྱབ་འགྲོ༔ རྣམ་གྲོལ་རྫོགས་སངས་རྒྱས་ཀྱི་གོ་འཕང་ལ༔ འགོད་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་པར་བྱ༔ སྡོམ་གསུམ་གསོ་སྦྱོང་རིམ་པ་ནི༔ ཧོ༔ ཚེ་ཡི་བར་ཆད་དབྱིངས་སུ་གྲོལ་ནས་ཀྱང༔ འཆི་མེད་རིག་འཛིན་ཚེ་འདིར་འགྲུབ་པའི་ཕྱིར༔ སོ་ཐར་བྱང་སེམས་སྔགས་ཀྱི་འདུལ་ཁྲིམས་རྣམས༔ མི་ཉམས་གསོ་ཞིང་ཉེས་ལྟུང་སྦྱོང་ཕྱིར་དུ༔ རྡོ་རྗེ་སེམས་དཔའ་གསང་ཆེན་རིགས་གཅིག་གི༔ སྒོམ་བཟླས་ཟབ་མོས་སྒྲིབ་གཉིས་ཡོངས་དག་བྱ༔ ཡི་གེ་བརྒྱ་པ་ཉེར་གཅིག་བཟླས༔ དེ་ནས་བགེགས་རིགས་ལན་ཆགས་ལ༔ འབྲུ་གསུམ་སྔགས་ཀྱིས་གཏོར་མ་བསྔོ༔ ཧཱུྃ་ཧྲཱིཿ ང་ནི་ཡེ་ནས་གཉུག་མའི་ཧེ་རུ་ཀ༔ དབང་ཆེན་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ཏེ༔ གནས་འདིར་ཚེ་ཡི་རིག་འཛིན་སྒྲུབ་པ་ལ༔ བར་དུ་གཅོད་པའི་གདོན་བགེགས་ལོག་འདྲེན་རྣམས༔ བླ་གླུད་ཆངས་བུ་མར་མེས་ཚིམས་པར་གྱིས༔ ཚེ་རྐུ་སྲོག་ལ་འཇབ་པའི་གནོད་སེམས་སྤོངས༔ སྟོང་གསུམ་རི་རབ་གླིང་བཞིའི་ཕ་མཐར་དེངས༔ གལ་ཏེ་བཀའ་ལས་འདས་ཤིང་འདིར་འཚེ་ན༔ ཁྲོ་ཚོགས་མེ་དཔུང་མཚོན་ཆའི་དབལ་ཟེར་གྱིས༔ ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟ༔ དྲག་སྔགས་ཡུངས་ཐུན་དག་གིས་བྲབ༔ བསྲུང་བའི་འཁོར་ལོ་འདི་བཞིན་བསྒོམ༔ ཧོ༔ སྤྲོས་བྲལ་སྟོང་ཆེན་ཀློང་ལས་རང་ཤར་བའི༔ རིག་རྩལ་རྡོ་རྗེའི་གུར་ཁང་སྲ་ཞིང་བརྟན༔ ཀུན་བརྟགས་འབྱུང་པོས་གློ་བུར་གླགས་མི་རྙེད༔ མི་ཆོད་མི་ཤིགས་ཆོས་བདུན་ལྡན་པར་གྱུར༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་གནས་དང་ཡོ་བྱད་ལ༔ དབྱིངས་ནས་བྱིན་འབེབས་འདི་བཞིན་བྱ༔ ཧོ༔ སྐུ་གསུམ་སྟོན་མཆོག་ཐུགས་རྗེས་རྒྱུད་བསྐུལ་ནས༔ མ་དག་ཐ་མལ་སྣང་ཞེན་སྒོ་གསུམ་པོ༔ ཡེ་གྲོལ་ལྷ་སྔགས་ཏིང་འཛིན་རང་རྩལ་དུ༔ འཆི་མེད་ཚེ་ཡི་བྱིན་ཆེན་དབབ་ཏུ་གསོལ༔ གཉིས་འཛིན་རྟོག་པས་བསྡུ་བའི་ཡོ་བྱད་རྫས༔ ཡེ་ཤེས་ལྔ་ཡི་རོལ་པར་ཡོངས་ཤར་ནས༔ སྣང་སྟོང་བདེ་བ་ཆེན་པོའི་དམ་རྫས་སུ༔ འཆི་མེད་ཚེ་ཡི་བྱིན་ཆེན་དབབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཨ་ཝེ་ཤ་ཡ་ཕེཾ༔ མཆོད་རྫས་བྱིན་བརླབ་རིམ་པ་ནི༔ སྭ་བྷ་ཝ་ཡི་སྔགས་ཀྱིས་སྦྱངས༔ ཧོ༔ ཕྱི་ནང་སྣོད་བཅུད་མཆོད་པའི་ཡོ་བྱད་ཀུན༔ ཏིང་འཛིན་དམིགས་པས་མ་དག་འབག་རྩོག་སྦྱངས༔ འབྲུ་གསུམ་སྔགས་ཀྱིས་ཡེ་ཤེས་བདུད་རྩིར་བསྒྱུར༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་གནས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཱུ་ཛ་ཧོ༔ སྤྲོ་ན་ཉེར་སྤྱོད་སྨན་གཏོར་རཀ༔ སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབས༔ ས་མ་ཡཱ༔ དངོས་གཞིའི་རིམ་པ་ལའང་བདུན༔ དང་པོ་ཏིང་འཛིན་རྣམ་གསུམ་གྱིས༔ སྣོད་བཅུད་ལྷ་རུ་བསྐྱེད་པ་ནི༔ ཨོཾ་ཨཱཿཧཱུྃ༔ འདི་ལྟར་དངོས་པོར་སྣང་བའི་ཆོས་རྣམས་ཀུན༔ ཡེ་ནས་མ་སྐྱེས་སྤྲོས་བྲལ་བློ་ལས་འདས༔ རང་བཞིན་བརྗོད་མེད་ནམ་མཁའ་ལྟ་བུ་ལ༔ དེ་ལྟར་མ་རྟོགས་མཐའ་ཡས་འགྲོ་བ་ཀུན༔ དངོས་པོ་མཚན་འཛིན་སྐྱེ་རྒ་ན་འཆིས་མནར༔ དེ་རྣམས་ཚེ་ཡི་རིག་འཛིན་ལ་འགོད་ཕྱིར༔ རང་སེམས་སྣང་སྟོང་འོད་གསལ་ཧཱུྃ་སྨུག་ནག༔ དེ་ལས་རཾ་ཡཾ་ཁཾ་འཕྲོས་མ་དག་པའི༔ དངོས་འཛིན་མཚན་མ་མ་ལུས་བསྲེགས་གཏོར་བཀྲུས༔ ཨེ་ཝཾ་ཡིག་འབྲུ་འོད་ལྔའི་མདངས་ལྡན་པ༔ སྣོད་བཅུད་དག་པའི་རང་བཞིན་པདྨ་བཀོད༔ ལྟ་ན་སྡུག་ཅིང་རྨད་བྱུང་མཆོད་སྤྲིན་གཏིབས༔ རིན་ཆེན་ཕོ་བྲང་ཤར་ཤེལ་ལྷོ་བཻ་ཌཱུར༔ ནུབ་ཕྱོགས་པད་རག་བྱང་ཕྱོགས་དབང་སྔོན་མདོག༔ དབུས་ཉིད་དྭངས་མ་འོད་ལྔའི་རང་བཞིན་འབར༔ དབུས་སུ་པད་ཉི་ཟླ་བ་རིན་ཆེན་ཁྲི༔ བཀོད་ལེགས་ཁྲི་སྙན་པགས་པས་གཡོགས་པའི་སྟེང༔ ཧཱུྃ་ལས་འོད་འཕྲོས་རྩ་གསུམ་བྱིན་རླབས་བསྡུས༔ འགྲོ་བའི་སྒྲིབ་སྦྱངས་འཆི་བདག་བདུད་དཔུང་བཅོམ༔ སྐད་ཅིག་གནས་གྱུར་ཚེ་ཡི་རིག་པ་འཛིན༔ རྒྱལ་བ་ཀུན་དངོས་པདྨ་ཐོད་ཕྲེང་རྩལ༔ དབང་ཆེན་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ༔ ཀུན་འདུས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ༔ སྨུག་ནག་ཁྲོ་འཛུམ་རྫི་སྨིན་ཨག་ཚོམ་དཀར༔ དུང་མདོག་དབུ་སྐྲ་ཕྱམ་གྲོལ་སྙན་རྒྱན་མཛེས༔ ཕྱག་གཡས་སྐྱབས་སྦྱིན་འཇིགས་སྐྱོབ་ལྕགས་སྒྲོག་དང་༔ གཡོན་པས་ཚེ་བུམ་འཆི་མེད་བདུད་རྩིས་གཏམས༔ སྐུ་སྟོད་དབང་མདོག་སྒོམ་ཐག་དྲ་བས་སྤྲས༔ དར་སྔོན་སྨད་དཀྲིས་རུས་པའི་རྒྱན་དྲུག་གསོལ༔ ཕྱེད་སྐྱིལ་རྩ་རླུང་ཐིག་ལེ་གནས་དག་བརྡར༔ སྣང་སྟོང་ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ༔ ཐུགས་ཀར་དྭངས་མ་འོད་ལྔའི་ཐིག་ལེའི་དབུས༔ པད་ཟླའི་གདན་ལ་འཆི་མེད་རྡོ་རྗེའི་སྐུ༔ བྱུ་རུའི་ལྷུན་པོར་ཉི་མས་འཁྱུད་པའི་མདངས༔ ལོངས་སྤྱོད་རྫོགས་སྐུ་མཉམ་བཞག་ཚེ་བུམ་བསྣམས༔ སྤྱི་བོར་དབང་ཆེན་ཁྲོ་རྒྱལ་ཧེ་རུ་ཀ༔ ཕྱོགས་བཞིར་ཡེ་ཤེས་མཁའ་འགྲོ་དཀར་སེར་དམར༔ ལྗང་གསལ་རུས་རྒྱན་གར་སྟབས་མདའ་དར་བསྣམས༔ བདེ་བའི་ཉམས་ཅན་ཁ་ཊཱཾ་ཡབ་སྦས་ཚུལ༔ མཚམས་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དབང་ཆེན་རིགས་བཞི་ཁྲོ་གཏུམ་དཔའ་བོའི་ཆས༔ རྟ་མགོ་ལྗང་ཞུར་རྟ་སྐད་སྒྲ་ཆེན་འབྱིན༔ བདུད་བཞིའི་གདན་ལ་འགྱིང་སྟབས་ཕྱག་རྒྱ་གདེངས༔ བར་མཚམས་སྟེང་འོག་ཚེ་ཡི་རིག་འཛིན་དང་༔ ཡི་དམ་མཁའ་འགྲོ་དམ་ཅན་སྤྲིན་ལྟར་གཏིབས༔ གནས་གསུམ་རྡོ་རྗེ་གསུམ་མཚན་ཡི་གེ་ལས༔ དཀར་དམར་མཐིང་གསུམ་འོད་ཟེར་དབང་པོའི་གཞུ༔ མཁའ་ལ་ཤར་ལྟར་ཕྱོགས་བཅུར་རབ་འཕྲོས་པས༔ རབ་འབྱམས་རྒྱལ་བ་ཐམས་ཅད་སྤྱན་དྲངས་ཏེ༔ མདུན་གྱི་ནམ་མཁར་དགྱེས་བཞིན་བཞུགས་པར་བསམ༔ དམ་ཚིག་རྟེན་ལ་བཞུགས་གསོལ་ནི༔ ཧཱུྃ་ཧྲཱིཿ རྒྱལ་བ་ཀུན་གྱི་བདག་ཉིད་གྲུབ་བརྒྱའི་རྗེ༔ ཡེ་ནས་རང་དང་འདུ་འབྲལ་མེད་པ་རུ༔ རང་བྱུང་རིག་པའི་ཀློང་དུ་རོ་གཅིག་པར༔ རང་ཞལ་ཤེས་པའི་ངང་དུ་ཏིཥྛ་ལྷན༔ ཛཿཧཱུྃ་བྃ་ཧོས་དབྱེར་མེད་བསམ༔ དམ་ཚིག་ལྷ་ཡི་བརྡ་ཕྱག་ནི༔ ཧོ༔ གདོད་ནས་རིག་པ་ལྷ་དང་དབྱེར་མེད་ཀྱང་༔ གློ་བུར་ངར་འཛིན་དབྱིངས་སུ་གྲོལ་བ་དང་༔ བསོད་ནམས་ཚོགས་ཆེན་ཡོངས་སུ་རྫོགས་པའི་ཕྱིར༔ སྒོ་གསུམ་གུས་པའི་ཚུལ་གྱིས་བརྡ་ཕྱག་འཚལ༔ ཨ་ལ་ལ་ཧོ༔ མཆོད་པ་རྣམ་གསུམ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དབང་པོ་དྲུག་གི་ཡུལ་ལ་ཉེར་སྤྱོད་པའི༔ མཛེས་པའི་གཟུགས་དང་སྙན་འཇེབས་ཡིད་འོང་སྒྲ༔ ལྷན་སྐྱེས་ཟག་མེད་དྲི་བསུང་རོ་ལྡན་ཟས༔ བདེ་སྟོང་རེག་བྱ་བརྗོད་བྲལ་འོད་གསལ་གདེང༔ རང་བྱུང་རིག་པའི་རྩལ་དུ་ཤེས་པས་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྟ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ རོ་རྐྱང་དབུ་མར་མ་དག་ཁམས་དང་རླུང་༔ ལུས་ངག་ཡིད་གསུམ་འཁྲུལ་བའི་རྒྱུ་རྐྱེན་ལས༔ དུག་གསུམ་བག་ཆགས་དབྱིངས་སུ་སྦྱང་བའི་ཕྱིར༔ སྨན་གཏོར་རཀྟའི་མཆོད་པ་འབུལ་ལོ་བཞེས༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ ཕུང་ཁམས་སྣང་སྟོང་ལྷ་རུ་གནས་འགྱུར་ནས༔ སྒྲ་གྲགས་ཡེ་ཤེས་རླུང་གི་རོལ་མོར་འཁྲོལ༔ ཡིད་རྟོག་ཏིང་འཛིན་འཁོར་འདས་མཉམ་པའི་ངང༔ རང་བཞིན་ཤེས་པའི་མཆོད་པ་འབུལ་ལོ་བཞེས༔ ཨོཾ་ཨཱཿཧཱུྃ༔དྷརྨ་དྷརྟུ་པཱུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོ༔ གྲུབ་བརྒྱའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ནི༔ ཆོས་སྐུ་སྐྱེ་མེད་ལོངས་སྐུ་གསལ་བའི་འོད༔ སྤྲུལ་སྐུ་བསྟན་འགྲོར་ཕན་བདེའི་དཔལ་དུ་ཤར༔ སྐུ་གསུམ་འདུ་འབྲལ་མེད་ལ་ཕྱག་འཚལ་བསྟོད༔ སྐུ་མཆོག་སྲ་བརྟན་མི་འཇིག་རྡོ་རྗེའི་ཆོས༔ གསུང་དབྱངས་གཅིག་ལས་དུ་མར་འཕྲོ་ཞིང་སྡུད༔ ཐུགས་གསང་ཆོས་དབྱིངས་བརྗོད་འབྲལ་སྙིང་རྗེའི་འཕྲུལ༔ འཆི་མེད་གྲུབ་བརྒྱའི་གཙོ་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཞིར་འབྱུང་བཞིའི་ཚེ་བཅུད་སྡུད་ལ་དབང༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་འདུལ༔ ཡེ་ཤེས་མཁའ་འགྲོའི་སྡེ་བཞི་རྒྱལ་ཀུན་གྱི༔ གསང་གསུམ་བྱིན་རླབས་ཐོགས་མེད་སྩོལ་ལ་བསྟོད༔ འགུགས་འཆིང་སྡོམ་མྱོས་ལས་བཞིའི་ཕྲིན་ལས་ཀྱིས༔ བདུད་བཞིའི་བར་ཆད་མ་ལུས་དབྱིངས་སུ་འདུལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་པའི༔ ཚེ་ཡི་བར་ཆད་སྲུང་ལ་ཕྱག་འཚལ་བསྟོད༔ བྱིན་རླབས་མཆོག་སྩོལ་རིག་འཛིན་བླ་མ་དང་༔ དངོས་གྲུབ་མཆོག་སྦྱིན་ཡི་དམ་རྒྱུད་སྡེའི་ལྷ༔ ཕྲིན་ལས་མཆོག་འགྲུབ་ཌཱཀྐི་དམ་ཅན་ལ༔ འཆི་མེད་རིག་འཛིན་སྒྲུབ་ཕྱིར་གུས་པས་བསྟོད༔ བསྙེན་དང་སྒྲུབ་པ་ལས་སྦྱོར་རོ༔ གྲུབ་པའི་དབང་ཕྱུག་ཐུགས་གསང་ཡེ་ཤེས་སེམས༔ འཆི་མེད་ལྷ་ཡི་ཐུགས་ཀར་པད་ཉིའི་སྟེང་༔ པདྨ་དམར་པོ་རྡོ་རྗེ་རྩེ་ལྔའི་སྦུབས༔ ཧཱུྃ་སྨུག་མཐའ་ལ་གསང་སྔགས་གཟུངས་ཀྱིས་བསྐོར༔ འོད་འཕྲོས་འབྱུང་ལྔའི་དྭངས་མ་ཚུར་ལ་བསྡུས༔ རྔུབས་པའི་རླུང་ལ་ཡི་གེ་ཨོཾ༔ གནས་པ་ཨཱཿལ་འབྱིན་པ་ཧཱུྃ༔ ཡིད་བཟླས་འགོག་བཟླས་དབྱངས་ཀྱིས་བཟླས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བྷུ་མི་རཱ་ཛ་དྷརྟུ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འབུམ་ཕྲག་ལྔ་བདུན་གྲངས་བསྙེན་ནོ༔ རྩ་སྔགས་བསྡུས་པ་འདི་བཞིན་ནོ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཨ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་པ་བྱེ་བ་གསུམ་གྲངས་བཟླ༔ རྟགས་ནི་ཞལ་མཐོང་གསུང་ཐོས་ཤིང་༔ མི་དམིགས་ཏིང་འཛིན་མཉམ་བཞག་ངང༔ རྨི་ལམ་བུམ་བཅུད་བདུད་རྩི་འཐུང༔ ཉི་ཟླ་ཤར་དང་གཏེར་རྙེད་སོགས༔ དགེ་བའི་མཚན་མ་འབྱུང་བར་ངེས༔ དེ་ཚེ་སྒྲུབ་པའི་དམིགས་པ་ནི༔ སྔགས་ཕྲེང་གཡས་སུ་འཁོར་ལས་འོད་ཟེར་འཕྲོས༔ རབ་འབྱམས་རྒྱལ་བ་སྲས་བཅས་བྱིན་རླབས་དང་༔ ཁྱད་པར་ཚེ་ཡི་དྭངས་བཅུད་མ་ལུས་པ༔ ཨ་ནྲྀ་ཧཱུྃ་གསུམ་རྣམ་པར་འུབ་ཀྱིས་བསྡུས༔ བདག་གི་བླ་ཚེ་སྲོག་དབུགས་ཡར་བ་བཀུག༔ ཉམས་པ་གསོས་ཤིང་ཡར་ངོའི་ཟླ་ལྟར་འཕེལ༔ འཆི་མེད་ཚེ་ཡི་གྲུབ་པ་མཆོག་བརྙེས་གྱུར༔ ཉེ་བའི་བསྙེན་པ་འདི་བཞིན་བཟླ༔ ཨོཾ་ཨ་མ་ར་ཎི་ཛི་ཝནྟི་ཡེ་སྭཱ་ཧཱ༔ ཞེས་པ་འབུམ་ཕྲག་བདུན་དུ་བཟླ༔ སྒྲུབ་པའི་རྟགས་རྣམས་མྱུར་དུ་འབྱུང་༔ དེ་ནས་ལས་སྦྱོར་དམིགས་པ་ནི༔ ཐུགས་ལས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ མཁའ་འགྲོ་རིགས་བཞི་དྲི་ཟ་གཤིན་རྗེ་ཀླུ༔ གནོད་སྦྱིིན་རྣམས་ཀྱི་ལག་ནས་ཚེ་ཕྲོགས་ཏེ༔ ཧེད་ཀྱིས་སྔངས་དང་ཡེད་ཀྱིས་བརྒྱལ་བ་དང་༔ ཡུད་ཀྱིས་ཕྲོགས་པའི་བླ་ཚེ་སོར་ཆུད་གྱུར༔ ཚེ་གཟུངས་རྒྱས་པ་འབུམ་དྲུག་བཟླ༔ ཏིང་འཛིན་མེ་ལ་བཟླས་པ་རླུང་༔ མཉམ་པར་སྦྱོར་བའི་ཐབས་མཁས་ཀྱིས༔ འཆི་མེད་ཚེ་ཡི་མཆོག་འགྲུབ་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཐུན་སྐབས་མཆོད་ཅིང་ལེགས་པར་བསྟོད༔ དངོས་གྲུབ་བླང་བའི་རིམ་པ་ནི༔ ཨེ་མ་ཧོ༔ བྱིན་རླབས་ཀུན་གྱི་རྩ་བ་བླ་མ་མཆོག༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་ཡི་དམ་ལྷ༔ ལྷ་དང་མཁའ་འགྲོ་དམ་ཅན་ཀུན་འདུས་རྗེ༔ རྗེ་བཙུན་གྲུབ་དབང་ཐང་སྟོང་རྒྱལ་པོ་ཡི༔ མི་ཤིགས་སྐུ་ཡི་བྱིན་རླབས་ལུས་ལ་སྩོལ༔ འགག་མེད་གསུང་གི་བྱིན་རླབས་ངག་ལ་སྩོལ༔ བརྗོད་བྲལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྩོལ༔ རྩ་སྔགས་ཤམ་དུ་འདི་ལྟར་བཏགས༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ས་མ་ཡཱ༔ རྗེས་ལ་ཚོགས་ཀྱི་འཁོར་ལོ་བསྐོར༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཟག་མེད་ཨ་མྲྀ་ཏ་ཡིས་བྲན༔ རཾ་ཡཾ་ཁཾ༔ ཚོགས་སྣོད་ཡི་གེ་ཨོཾ་ལས་རིན་ཆེན་སྣོད༔ ཚོགས་རྫས་ཨཱཿལས་ཟག་མེད་བདུད་རྩིར་གྱུར༔ ཧཱུྃ་གིས་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ༔ ལྷ་ཚོགས་དབང་ལྔ་དགྱེས་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧྲཱིཿ འོག་མིན་རྣམ་དག་སྤྲུལ་པའི་ཞིང་ཁམས་ནས༔ སྐུ་གསུམ་བླ་མ་རིག་འཛིན་བརྒྱུད་པར་བཅས༔ ཡི་དམ་ལྷ་ཚོགས་མཁའ་འགྲོ་ཆོས་སྐྱོང་དང༔ ཁྱད་པར་འཆི་མེད་རིག་འཛིན་ཐང་སྟོང་རྒྱལ༔ ཚེ་ཡི་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་བྷུ་མི་རཱ་ཛ་དྷརྟུ་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཧོ༔ སྲིད་ཞིའི་ཁམས་ཀྱི་འདོད་ཡོན་ལྔ༔ ཟག་མེད་བདུད་རྩིར་རབ་སྦྱར་ནས༔ ཚོགས་རྫས་རྟེན་དང་དབྱེར་མེད་པར༔ རྩ་གསུམ་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་འཆི་མེད་དངོས་གྲུབ་སྩོལ༔ ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ གཉིས་པ་ཚོགས་བཤགས་འབུལ་བ་ནི༔ ཧོ༔ བདག་གི་ཚེ་རབས་ཐོག་མེད་ནས༔ སྒོ་གསུམ་བག་མེད་དམ་ཉམས་པ༔ སྙིང་ནས་འགྱོད་པ་དྲག་པོས་བཤགས༔ དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ སརྦ་ས་མ་ཡཱ་ཤུདྡྷེ་ཨ༔ དེ་ནས་ཚོགས་རྫས་ཐ་མ་ལ༔ ལོག་འདྲེན་བཀུག་གཞུག་སྒྲོལ་གྲིས་གཏུབས༔ ཧཱུྃ་ཧཱུྃ༔ ཞིང་བཅུའི་དགྲ་བགེགས་ཐུགས་རྗེ་ལྕགས་ཀྱུས་བཀུག༔ བྱམས་པས་འཆིངས་ཤིང་དགའ་བའི་སྒྲོག་ཏུ་བཅུག༔ བཏང་སྙོམས་ཆེན་པོས་མྱོས་སྡོམ་མཚོན་ཆས་བསྒྲལ༔ ལས་ངན་རྒྱུན་བཅད་གདོད་མའི་དབྱིངས་སུ་སྤོར༔ སརྦ་ཤ་ཏྲུན་མཱ་ར་ཡ་ཕཊ༔ ཤ་ཁྲག་དྭངས་མ་བདུད་རྩིར་བྱིན་བརླབས་ནས༔ སྐྱེ་མེད་དབྱིངས་ཀྱི་ལྷ་ཚོགས་ཞལ་དུ་བསྟབས༔ ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི༔ ཞེས་བསྟབས་རྣལ་འབྱོར་ཕུང་ཁམས་ལྷར༔ ཚོགས་རྫས་དགའ་བཞིའི་ཡེ་ཤེས་ཀྱི༔ ཤེར་དབང་བཟའ་བའི་དམ་ཚིག་སྤྱད༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཁ་ཕྲུ་གདབ་ཅིང་འདི་སྐད་དོ༔ ཕེཾ༔ འཆི་མེད་དཀྱིལ་འཁོར་ལྷག་སྡུད་ཕོ་ཉ་བ༔ མ་བདུན་སྲིང་བཞི་འབར་མ་ཆེན་མོ་བརྒྱད༔ དཀར་ནག་གིང་ལིང་དུར་ཁྲོད་གནས་ཉུལ་རྣམས༔ དཔལ་གྱི་ཕ་འབབ་ཚོགས་ལྷག་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད༔ སརྦ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ རྗེས་ལ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ དམིགས་མེད་སྟོང་ཆེན་ཆོས་ཀྱི་དབྱིངས་ཉིད་ལས༔ ཐུགས་རྗེ་ཆེན་པོར་བྱམས་སྡང་མི་མངའ་ཡང་༔ ལོག་རྟོག་འཁྲུལ་བའི་ལས་ངན་རྒྱུན་གཅོད་ཕྱིར༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབས༔ སྐྱེ་མེད་ཀློང་ནས་སྐུ་ནི་གར་དགུས་སྒེག༔ འགག་མེད་ཀློང་ནས་གསུང་ནི་ཧཱུྃ་ཕཊ་ལྡིར༔ བརྗོད་མེད་ཀློང་ནས་ཐུགས་ནི་སྙིང་རྗེས་ཁྲོས༔ སྒྲོལ་བྱེད་ཕོ་ཉས་ལོག་འདྲེན་དགུགས་ཤིང་གཟིར༔ ཟ་བྱེད་དཔའ་མོས་ཉམས་པའི་ལུས་སྲོག་རོལ༔ ཚེ་ཡི་བར་ཆད་བདུད་སྡེ་རྨིང་མེད་བརླགས༔ གྲུབ་བརྒྱའི་ཁྱུ་མཆོག་ཐང་སྟོང་རྒྱལ་པོ་ཡི༔ བརྟུལ་ཞུགས་དྲག་པོས་དགྲ་བགེགས་ཚར་ཆོད་ཅིག༔ སརྦ་དུཥྚན་མཱ་ར་ཡ་རྦད༔ ཆད་མདོ་བསྒྲགས་ཤིང་གཏོར་མ་འབུལ༔ ཧཱུྃ་ཧྲཱིཿ ཡེ་ཐོག་གྲོལ་གཞི་ཐོག་མའི་དུས་ཀྱི་ཚེ༔ ཤེས་རིག་སྟོན་པ་ཀུན་བཟང་ཆོས་ཀྱི་སྐུས༔ རང་གསལ་ལྷན་སྐྱེས་ཡེ་ཤེས་ལྔ་ཡི་ལྷར༔ རང་བབས་རྩོལ་བྲལ་དགོངས་པས་བྱིན་བརླབས་ནས༔ གློ་བུར་དུག་ལྔའི་འདྲེ་གདོན་ཚར་ཆོད་ཅེས༔ བརྗོད་བྲལ་ཀློང་ནས་ཐ་ཚིག་དང་པོ་བསྒྲགས༔ ཧཱུྃ་བྷྱོ༔ དེ་འོག་རང་སྣང་ལོངས་སྐུའི་ཞིང་ཁམས་ལྔར༔ རིག་པ་འཁྲུལ་བྲལ་ཤེལ་ལ་འཇའ་ཚོན་བཞིན༔ ལྔ་ལྡན་ལོངས་སྐུའི་སྟོན་པ་ཡབ་ཡུམ་གྱིས༔ རང་གསལ་ས་བཅུའི་སེམས་དཔའི་ཚོགས་རྣམས་ལ༔ རང་བབས་གཉུག་མའི་འོད་ཟེར་ཆེན་པོའི་དབང་༔ བསྐུར་ཐོབ་བྲལ་བར་བརྡའ་ཡིས་བྱིན་བརླབས་ཚེ༔ ང་བདག་ལྷན་སྐྱེས་ཤེས་སྒྲིབ་ཕྲ་མོའི་བགེགས༔ གཞི་མེད་ཀློང་དུ་རྨིང་མེད་མཛོད་ཅིག་ཅེས༔ གསལ་སྣང་འགགས་མེད་ཐ་ཚིག་གཉིས་པ་བསྒྲགས༔ ཧཱུྃ་བྷྱོ༔ དེ་འོག་གྲོལ་འཁྲུལ་སོ་སོར་གྱེས་པའི་ཚེ༔ གདུལ་བྱའི་ཞིང་དུ་འདུལ་བྱེད་སྟོན་པ་ཤར༔ དཀར་ནག་ལྷ་འདྲེས་ཕན་གནོད་སྒྱུ་མའི་འཕྲུལ༔ རྟོག་པའི་རྗེས་འགྲོ་སྣ་ཚོགས་བསྟན་པའི་དུས༔ ཞི་དང་ཁྲོ་བོ་ཆགས་པའི་རྣམ་རོལ་གྱིས༔ བསྟན་འགྲོར་ཕན་བདེའི་དམ་བཅའ་ལྷུར་བླངས་ཚེ༔ བཀའ་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ དམ་བཅས་བཞིན་དུ་གང་བཅོལ་ཕྲིན་ལས་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བཤལ་ཆུ་བསྟན་མར་བྲན༔ བདུད་རྩིར་བྱིན་བརླབས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཕྱི་ལྟར་ལོ་སྐོར་ཟླ་བ་བཅུ་གཉིས་དང་༔ ནང་ལྟར་དུས་སྦྱོར་འཕོ་བ་བཅུ་གཉིས་དང་༔ གསང་བ་འཁྲུལ་གཞི་རྟེན་འབྲེལ་བཅུ་གཉིས་པོ༔ གནས་དག་མ་མོ་བསྟན་མ་བཅུ་གཉིས་རྣམས༔ མཚན་མ་རྫས་ཀྱི་གཏོར་མའི་བཤལ་ཆུ་བཞེས༔ དུས་སྦྱོར་རླུང་སྲོག་དབུ་མའི་དབྱིངས་སུ་ཚུད༔ ས་བཅུའི་ཡོན་ཏན་བཅུ་གཉིས་མངོན་གྱུར་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ གཏོར་གཞོང་འོག་ཏུ་བྱུར་སྲི་མནན༔ ཧཱུྃ་ཧཱུྃ༔ གཏོར་གཞོང་རི་རབ་གླིང་བཞིའི་འོག༔ དགྲ་བགེགས་བྱུར་སྲི་མ་ལུས་མནན༔ བསྐལ་པའི་བར་དུ་ཁྱོད་མི་གཏོང༔ ཇི་སྲིད་བྱང་ཆུབ་སེམས་སྐྱེས་ནས༔ ཐར་པའི་མྱུ་གུ་གསར་འཁྲུངས་ཚེ༔ གསང་ཆེན་ཆོས་ཀྱི་གདུལ་བྱར་འགྱུར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་མཆོད་བསྟོད་དངོས་གྲུབ་བླངས༔ ནོངས་པ་བཤགས་པ་འདི་ལྟར་བྱ༔ ཨོཾ༔ ལུས་ཀྱི་མི་དགེས་སྐུ་ཡི་དམ་ཚིག་ཉམས༔ གསལ་དག་བརྟན་ཐོབ་བསྐྱེད་རིམ་ཀློང་དུ་བཤགས༔ ཨཱཿངག་གི་མི་དགེས་གསུང་གི་དམ་ཚིག་ཉམས༔ རླུང་སྔགས་རྡོ་རྗེའི་བཟླས་བརྗོད་ཀློང་དུ་བཤགས༔ ཧཱུྃ༔ཡིད་ཀྱི་མི་དགེས་ཐུགས་ཀྱི་དམ་ཚིག་ཉམས༔ དཔེ་དོན་འོད་གསལ་རྫོགས་རིམ་ཀློང་དུ་བཤགས༔ ཡི་གེ་འབྲུ་གསུམ་བརྒྱ་ཕྲག་དང་༔ མཇུག་ཏུ་ཡི་གེ་བརྒྱ་པ་བཟླ༔ དེ་ནས་བསྐྱེད་རིམ་བསྡུ་བ་ནི༔ ཧོ༔ ཕྱི་སྣོད་འོད་ཞུ་འཁོར་གྱི་ལྷ་ལ་ཐིམ༔ དེ་ཡང་འོད་ཞུ་གཙོ་བོ་དེ་ཐུགས་སྲོག༔ རིམ་པས་སྟོང་ཆེན་ནཱ་དའི་དབྱིངས་སུ་བསྡུ༔ གདོད་ནས་མ་སྐྱེས་སྤྲོས་བྲལ་ཀློང་དུ་ཨཱཿ སླར་ཡང་རྗེས་ཐོབ་གྲུབ་པའི་བརྟུལ་ཞུགས་ཀྱིས༔ སྤྱོད་ལམ་རྣམ་བཞིའི་འགྲོ་བའི་དོན་བྱའོ༔ དེ་ནས་དགེ་བ་བསྔོ་བ་ནི༔ ཨེ་མ་ཧོ༔ བདག་གཞན་འགྲོ་བ་ཀུན་གྱིས་དུས་གསུམ་དུ༔ ཟག་བཅས་ཟག་མེད་དགེ་བ་ཅི་བསགས་པ༔ མ་གྱུར་འགྲོ་བའི་དོན་དུ་ཡོངས་བསྡུས་ནས༔ རྣམ་གྲོལ་རྫོགས་སངས་རྒྱས་པའི་རྒྱུ་རུ་བསྔོ༔ མཐར་ནི་སྨོན་ལམ་འདི་ལྟར་གདབ༔ ཨེ་མ་ཧོ༔ འཆི་མེད་མགོན་པོ་ཐང་སྟོང་རྒྱལ་པོ་ཡི༔ ལྷ་སྔགས་ཏིང་འཛིན་གཅིག་ཏུ་བརྩོན་པའི་མཐུས༔ བསྟན་འཛིན་ཞབས་བརྟན་དུས་མིན་བར་ཆད་སེལ༔ བདག་གཞན་ཚེ་ཡི་རིག་འཛིན་མཆོག་འགྲུབ་ཤོག༔ མཐའ་རྒྱན་ཤིས་བརྗོད་བྱ་བ་ནི༔ ཨེ་མ་ཧོ༔ སྐུ་གསུམ་ཞིང་ནས་འགྲོ་བའི་དོན་ལ་དགོངས༔ ཚེ་མཐའ་ཡས་པ་ཨོ་རྒྱན་ཐང་རྒྱལ་རྗེའི༔ གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཡིས༔ དུས་གསུམ་ཀུན་ཏུ་དགེ་བའི་ཤིས་པ་སྩོལ༔ ཚེ་ཡི་བར་ཆད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བཅུད་གོང་དུ་འཕེལ་རྒྱས་བཀྲ་ཤིས་ཤོག༔ ཚེ་དཔལ་དབང་དུ་འདུ་བའི་བཀྲ་ཤིས་ཤོག༔ ཚེ་བདུད་དབྱིངས་སུ་སྒྲོལ་ནུས་བཀྲ་ཤིས་ཤོག༔ གཟུགས་སྣང་ཚེ་དཔག་མེད་པའི་ལྷ་རུ་ཤེས༔ སྒྲ་གྲགས་འཆི་མེད་མགོན་པོའི་གསུང་དུ་གྲོལ༔ དྲན་རྟོག་འཇིགས་བྲལ་གཉུག་མའི་ཀློང་དུ་དག༔ དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཤིན་ཏུ་ཟབ་མྱུར་བྱིན་རླབས་ཆེ༔ དགོངས་གཏེར་ཐུགས་ཀྱི་ཐིག་ལེའི་བཅུད༔ མོས་གུས་བརྡའ་གྲོལ་རྐྱེན་གྱིས་བསྐུལ༔ མཚོ་རྒྱལ་ཌཱཀྐིའི་བྱིན་རླབས་ལས༔ ཨོ་རྒྱན་མི་གཟུགས་ཐང་རྒྱལ་གྱི༔ ཚེ་སྒྲུབ་ཁྱད་འཕགས་བསླུ་མེད་ཆོས༔ ཤིན་ཏུ་གསང་ཞིང་ཉམས་བླངས་ན༔ དུས་མིན་འཆི་བའི་གེགས་ལས་གྲོལ༔ བཀའ་སྲུང་སྔགས་ཀྱི་བདག་མོར་གཏད༔ གུ་ཧྱ༔ ཞེས་པའང་སྐལ་ལྡན་ལུང་རིག་གླིང་པའི་དག་སྣང་མའོ།།

སྤྱན་འདྲེན་ལྡེབ་ཤར་ཆོས་ཀྱི་བདག་པོས་མཛད་པ།

༄༅།། ཐང་རྒྱལ་སྒྲུབ་ཐབས་ལ་སྤྱན་འདྲེན་མི་གསལ་ཡང་། ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཡོན་ཏན་མཐའ་ཡས་ཞིང་། །རང་བཞིན་འགག་མེད་ངེས་པ་ལྔ་ལྡན་ནས། །ཚེ་དཔག་མེད་མགོན་གང་འདུལ་དེར་སྟོན་པ། །གྲུབ་ཆེན་འགྲོ་བའི་མགོན་པོ་གཤེགས་སུ་གསོལ། །ཉིད་ལས་མི་གཞན་ཨོ་རྒྱན་མཚོ་སྐྱེས་རྗེ། །དབང་ཆེན་ཁྲོ་རྒྱལ་རྟ་མཆོག་ཧེ་རུ་ཀ །རྒྱ་བོད་པཎ་གྲུབ་ཚེ་ཡི་རིག་པ་འཛིན། །མ་ལུས་འཁོར་དང་བཅས་པ་གཤེགས་སུ་གསོལ། །ཐང་རྒྱལ་ལ་སོགས་རྩ་བརྒྱུད་བླ་མ་དང་། །དབང་ཆེན་ལ་སོགས་ཡི་དམ་རྒྱུད་སྡེ་དྲུག །མཚོ་རྒྱལ་ལ་སོགས་མཁའ་སྤྱོད་ཌཱཀྐཱིའི་ཚོགས། །རྩ་གསུམ་སྲུང་མ་མ་ལུས་གཤེགས་སུ་གསོལ། །ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ཛྭ་ཀི་རཱ་ཛ་སརྦ་ས་མ་ཡཱ་ཛཿཛ༔ ཞེས་སྤོས་དུད་རོལ་མོ་དབྱངས་དང་བཅས་པས་སྤྱན་དྲངས་པར་བྱའོ། །ཞེས་པའང་ཆོས་ཀྱི་བདག་པོ་སྤྲུལ་མིང་བས་བྲིས་པའོ།།

བུམ་སྒྲུབ་ལྡེབ་ཤར།

༄༅།། བུམ་སྒྲུབ་ནི། ཨོཾ་སྭ་བྷ་ཝས་སྦྱངས། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་པའི་ངང་ལས་རིན་ཆེན་བུམ་པའི་ནང་། །མཚོ་དབུས་པད་སྡོང་ཡངས་ཤིང་རྒྱ་ཆེའི་སྟེང་། །པདྨ་ཉི་ཟླ་རིན་ཆེན་ཁྲི་སྙན་གྱི། །པགས་པས་རྒྱན་སྤྲས་ཧཱུྃ་ཡིག་སྨུག་ནག་ལས། །འོད་འཕྲོས་དོན་གཉིས་ཡོངས་བྱས་སྐད་ཅིག་གིས། །རྒྱལ་ཀུན་འདུས་པ་གྲུབ་པའི་དབང་ཕྱུག་གཙོ། །ཐང་སྟོང་རྒྱལ་པོ་སྤྲུལ་པ་ཡང་སྤྲུལ་བཅས། །མ་ལུས་འཁོར་བཅས་མངོན་སུམ་གསལ་བར་གྱུར། །རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །ཞོན་ཏེ་བུམ་པའི་ལྷ་ཚོགས་ཐུགས་དམ་བསྐུལ། །སྐུ་ལས་ཟག་མེད་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་པ་ལྟེམ་གྱིས་གང་བར་བསམ།། རྩ་སྔགས་ཅི་འགྲུབ་བཟླས། སྒྲུབ་རྫས་ལ། མདུན་གྱི་ཚེ་ཡི་རྟེན་རྫས་རྣམས། །རིག་འཛིན་ཚེ་ཡི་ལྷ་ཚོགས་ཀྱི། །གསང་གསུམ་ངོ་བོ་ཡོངས་ཤར་བས། །ལྷ་བསྒོམ་སྔགས་བཟླས་འཕྲོ་འདུས་ལས། །འཁོར་འདས་ལམ་གསུམ་ཚེ་ཡི་བཅུད། །ཨ་རྣྲི་ཧཱུྃ་གི་རྣམ་པར་བསྡུས། །ཚེ་རྫས་རྣམས་ལ་ཐིམ་པ་ཡིས། །འཆི་མེད་ཚེ་ཡི་སྲོག་ཐོབ་ཤོག །རྩ་སྔགས་ཅི་འགྲུབ་བཟླས། ༈ ལས་བུམ་ལ། ཨོཾ་སྭ་བྷ་ཝས་སྦྱངས། ལས་བུམ་ནང་དུ་པད་ཉིའི་སྟེང་། །བདུད་རྩི་འཁྱིལ་བ་ལྗང་སེར་སྐུ། །ཕྱག་གཉིས་སྡིགས་འཛུབ་ཁྲོ་ཆས་རྫོགས། །སྐུ་གསལ་དག་བྱེད་ཆུ་རྒྱུན་གྱིས། །ལས་སྒྲིབ་སྦྱང་བྱེད་ནུས་ལྡན་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཊ་ལི་ཧཱུྃ་ཕཊ། ཅི་འགྲུབ་བཟླས་མཐར་མཆོད་བསྟོད་བྱས་ནས་འོད་ཞུ་བྱའོ།།

ཐང་རྒྱལ་སྒྲུབ་པའི་བསྐང་བ་ཀུན་བཟང་མཆོད་སྤྲིན།

༄༅།། ཐང་རྒྱལ་སྒྲུབ་པའི་བསྐང་བ་ཀུན་བཟང་མཆོད་སྤྲིན་བཞུགས། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ ། ཧཱུྃ་ཧྲཱིཿ རང་བཞིན་རྣམ་དག་སྐུ་གསུམ་ཕོ་བྲང་ནས། །རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང་། །ཁྱད་པར་ཐུགས་རྗེའི་མངའ་བདག་ཐང་རྒྱལ་རྗེ། །བརྩེ་ཆེན་ཐུགས་ཀྱིས་བསྐང་བའི་གནས་འདིར་གཤེགས། །ཆགས་བྲལ་པདྨ་ཉི་ཟླའི་ཁྲི་ལ་བཞུགས། །སྣ་ཚོགས་མཆོད་པའི་སྤྲིན་གྱི་དགའ་སྟོན་བཞེས། །གསང་གསུམ་ཡོན་ཏན་ཕ་མཐའ་ཡས་ལ་བསྟོད། །ཧཱུྃ་ཧྲཱིཿ ཁྱད་པར་ཐུགས་དམ་གཉན་པོ་བསྐང་བའི་ཡུལ། །ཆོས་སྐུའི་ཀློང་དུ་འཁོར་འདས་དབྱིངས་གཅིག་འདུས། །མགོན་པོ་འོད་དཔག་མེད་པའི་ཐུགས་དམ་བསྐང་། །ལོངས་སྐུ་གསལ་དག་མཁའ་ཁྱབ་འགྲོ་ངོར་བཞུགས། །འཆི་མེད་ཚེ་མཐའ་ཡས་པའི་ཐུགས་དམ་བསྐང་། །བརྫུས་སྐྱེས་སྤྲུལ་སྐུས་འགྲོ་རྣམས་བདེ་ལ་བཀོད། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐང་། །རྗེ་བཙུན་སྒྲོལ་མ་མི་མོའི་ཚུལ་བསྟན་པ། །ཌཱཀྐི་མཁར་ཆེན་མཚོ་རྒྱལ་ཐུགས་དམ་བསྐང་། །ཐུགས་རྗེས་གྲུ་ཟམ་འགྲོ་ཀུན་འཇིགས་ལས་སྐྱོབ། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཐུགས་དམ་བསྐང་། །མཚན་ཐོས་ཙམ་གྱིས་བདུད་དང་ལོག་འདྲེན་འཇོམས། །དབང་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་དམ་བསྐང་། །ལས་བཞིའི་ཕྲིན་ལས་འབད་མེད་ལྷུན་གྱིས་གྲུབ། །ཡེ་ཤེས་མཁའ་འགྲོ་རིགས་བཞིའི་ཐུགས་དམ་བསྐང་། །བདུད་བཞིའི་བར་ཆད་མཐའ་དག་ཕ་མཐར་སྐྲོད། །སྒོ་སྲུང་རྟ་མགྲིན་རིགས་བཞིའི་ཐུགས་དམ་བསྐང་། །ཚེ་ཡི་གེགས་སེལ་འཆི་མེད་དངོས་གྲུབ་སྩོལ། །བཀའ་སྲུང་སྔགས་ཀྱི་བདག་མོའི་ཐུགས་དམ་བསྐང་། །གཞན་ཡང་ཚེ་རབས་འཁོར་བ་ཐོག་མེད་ནས། །མདོ་སྔགས་ཆོས་ཀྱི་བདུད་རྩིས་ཐར་པའི་གསོས། །བྱང་ཆུབ་བར་དུ་སྐྱབས་དང་མགོན་གྱུར་པའི། །དངོས་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །རང་དང་མི་འབྲལ་རང་བྱུང་རིག་པའི་ངང་། །གང་བསམ་དངོས་གྲུབ་མ་ལུས་སྩོལ་བའི་མགོན། །ཞི་དང་ཁྲོ་ཆགས་མ་ངེས་སྤྲུལ་པའི་བདག །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། །མཁའ་སྤྱོད་གནས་ནས་ལེགས་ཉེས་གཟིགས་པའི་སྤྱན། །མངོན་ཤེས་རྫུ་འཕྲུལ་ཕན་བདེའི་གྲོགས་མཛད་མ། །རྣལ་འབྱོར་རྣམས་ཀྱི་གེགས་སེལ་ཕྲིན་ལས་སྒྲུབ། །ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་ཐུགས་དམ་བསྐང་། །གང་ཞིག་རྟོག་པས་བཏགས་པའི་འགྲོ་བའི་ངོར། །རྒྱལ་བའི་ཕྲིན་ལས་དེར་སྣང་སྒྱུ་མའི་གར། །མཆོད་བསྟོད་བརྟེན་པས་འགལ་རྐྱེན་སེལ་མཛད་པ། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་མཆོད་པའི་ལྷ་མོའི་གར། །ཕྱི་ནང་གསང་བའི་བསྐང་རྫས་བསམ་ཡས་པ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པས། །བསྐང་ངོ་མཆོད་དོ་ཐུགས་དམ་དབྱིངས་སུ་བསྐང་། །དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །སྔོན་ལས་འཕྲལ་རྐྱེན་ཚེ་ཡི་བར་ཆད་ཞི། །གཞན་གྱི་རྦོད་གཏོང་ནུས་པས་ཚེ་འཕྲོག་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་བརྐུས་དང་ཡར། །ལས་ཉོན་མཐུ་ཡིས་ཟད་དང་ཉམས་པ་སོགས། །རྩ་གསུམ་སྲུང་མའི་བྱིན་མཐུས་སོར་ཆུད་ནས། །ཚེ་འདིར་མཁའ་སྤྱོད་རིག་འཛིན་རྡོ་རྗེའི་སྐུ། །མྱུར་འགྲུབ་གཞན་དོན་འབད་མེད་འབྱུང་བར་ཤོག །ཅེས་པའང་རྡོ་རྗེའི་ཚིག་གི་ཟུར་རྒྱན་དུ་སྤྲུལ་མིང་པ་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་བྲིས་པ་ཛ་ཡནྟུ།

ཚེ་དབང་གི་མཚམས་སྦྱོར་སྐལ་ལྡན་སྙིང་གི་མུན་སེལ།

༄༅།། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཚེ་དབང་གི་མཚམས་སྦྱོར་སྐལ་ལྡན་སྙིང་གི་མུན་སེལ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ། ཁྲུས་བྱ་བ་ནི། ཇི་ལྟར་བལྟམས་པ་སོགས། ས་མ་ཡཱ་ཤྲི་ཡེ་ཧཱུྃ། ཞེས་ཁྲུས་བྱ། དེ་ནས་བགེགས་གཏོར་ལ་བྱིན་བརླབ་ནི། རཾ་ཡཾ་ཁཾ། གསུམ། ཨོཾ་སྭ་བྷ་ཝས་སྦྱངས། ཤུདྡྷོ྅་ཧཾ། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལན་ཆགས་བགེགས་ཀྱི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ།ལན་གསུམ་གཡས་སུ་ལན་གསུམ་བསྐོར། ཨོཾ་སརྦ་བིགྷྣཱཾ་ན་མ་སརྦ་ཏ་ཐཱ་ཏ་བྷྱོ་བི་ཤྭ་སོགས། ཨེ་དཾ་བྷ་ལིང་ཏ་ཡེ་སྭཱ་ཧཱ། གཡོན་དུ་ལན་གསུམ་བསྐོར། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་སོགས། ཀྲོ་ཏ་ཡ་ཧཱུྃ་ཕཊ༔ དེ་ནས་ རང་ཉིད་སྐད་ཅིག་གིས་དབང་ཆེན་ཁྲོ་བོ་རྟ་མགྲིན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཧཱུྃ་ཧྲཱིཿ ང་ནི་ཡེ་ནས་སོགས། གདོན་མི་ཟ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ ཨོཾ་སུམྦྷ་ནི་སོགས། དྲག་སྔགས་སོ་ལྔ་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་བསྲུང་བའི་གུར་ཁང་ཆེན་པོས་གཏམས་པས་གནོད་བྱེད་ལོག་འདྲེན་འབྱུང་པོ་གང་གིས་ཀྱང་གླགས་མི་རྙེད་པར་གྱུར། དེ་ནས་མེ་ཏོག་སོ་སོར་བཀྱེ་ནས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་ཚེ་དབང་ཟབ་མོ་ལེགས་པར་ཉན་པར་བགྱི་སྙམ་པའི་ཐུགས་བསྐྱེད་དང་བཅས་པའི་སྒོ་ནས་གསན་པར་ཞུ། དེ་ཡང་དམ་པའི་ཆོས་ཇི་ལྟར་གསན་པའི་ཚུལ། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་སྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་རྣམས་སྤངས་ནས་འདུ་ཤེས་བཞི་དང་། ཕ་རོལ་ཏུ་ཕྱིིན་པ་དྲུག་སོགས་བླང་བྱའི་ཀུན་སློང་དང་ཀུན་སྤྱོད་རྣམས་ཚུལ་བཞིན་དུ་བགྱིས་ནས་གསན་པ་གལ་ཆེ། དེ་ཡང་རང་ཅག་རྣམས་ཀྱིས་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་ལུས་རྟེན་ཁྱད་པར་ཅན་ཐོབ་ཀྱང་ཡུན་དུ་མི་གནས་པར་གློ་བུར་དུ་འཆི་བའི་རྐྱེན་མང་པོ་དང་ལྡན་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཅུང་ཟད་ཅིག །ཅེས་གསུངས་པ་ལྟར་ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ། སོ་སོར་རྐྱང་ཟད་དང་། གཉིས་གཉིས་མཉམ་དུ་ཟད་པ་སོགས་གྲངས་མང་བས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་ག་དང་། ལས་ཟད་པ་ལ་སྲོག་བླུ་ཉེའུ་འདོན་པ་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་སྤེལ་བ་ལ་སོགས་པས་གསོ་བར་བཤད་པའི་དང་པོ་ལ་ཚེ་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོན། ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་དང་རྣམ་པ་བཞི་ལས། དང་པོ་ཉམས་པའི་རྐྱེན་ནི། བདུད་རྩི་འཁྱིལ་བ་འཆི་མེད་ཚེའི་རྒྱུད་ལས། ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་དང་། །གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། །ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། །ཞེས་དང་། ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། །ཁ་ཟས་རྣམས་ཀྱང་ཡི་གར་མི་འོང་བ། །འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་གསུངས་འདུག་ཅིང་། དེ་ཉིད་གསོ་བར་བྱེད་པའི་སློབ་དཔོན་གྱི་མཚན་ཉིད་ནི། ཡང་རྒྱུད་ལས། ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། །མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་གསུམ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། །ཞེས་དང་། བཞི་པ་ཇི་ལྟར་གསོ་བའི་ཐབས་ཀྱི་ཆོ་ག་ལ། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་མཆིས་པ་ལས། འདི་ཉིད་ནི་ཟབ་མོ་དག་སྣང་གི་ཆོས་སྡེར་གཏོགས་པ་སྟེ། ཆོས་འདིའི་སྲོལ་འབྱེད་ཀྱི་གང་ཟག་ནི། རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་འཛིན་པ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ མདོ་ཁམས་སྨད་ནས་ཆོས་ཀྱི་བདག་པོ་འབྱུང༔ ཞེས་དང་། རིག་འཛིན་ནུས་ལྡན་བདུད་འཇོམས་རྡོ་རྗེའམ་རྡོ་རྗེ་གྲོ་ལོད་རྩལ་གྱི་གཏེར་ཁ་ལས། རོང་གཡུ་ཐང་དུ་ཀརྨའི་མིང་ཅན་ཡོད༔ རྟགས་ལྟེ་བ་རུ་སྨེ་བའི་ཐིག་ཕྲན་སྤྲས༔ ཞེས་དང་། རིག་འཛིན་གསང་སྔགས་གླིང་པའི་འཇམ་དཔལ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས་ཀྱང་གསུངས་ཤིང་། གྲུབ་དབང་རྫོགས་ཆེན་བཞི་པའི་ལུང་གིས་བསྔགས་པའི་སྤྲུལ་པའི་སྐུ་སྐལ་ལྡན་ལུང་རིག་གླིང་པར་འབོད་པ་དེ་ཉིད་ལ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ཡེ་ཤེས་སྒྱུ་མའི་སྐུས་ཡང་ཡང་ཞལ་བསྟན་ནས་གདམས་པ་ཟབ་མོ་འདི་ཉིད་རྗེས་སུ་བསྟན་པའི་ཚེ་ཡི་དབང་བསྐུར་བ་ལ། སློབ་དཔོན་གྱི་བྱ་བ་དབང་སྒྲུབ་ཚོགས་སྐོང་དང་འབྲེལ་བ་བདག་ཉིད་དཀྱིལ་འཁོར་དུ་ཞུགས་པ་དང་བཅས་སྔོན་དུ་གྲུབ་ནས། ད་ཁྱེད་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་བར་མཛོད། ཨོཾ་བཛྲ་བྷུ་མི་སོགས་རྒྱས་པ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་སློབ་དཔོན་ཉིད་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཚེ་དཔག་མེད་དངོས་སུ་གསལ་བ་ལ་དབང་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། འཆི་མེད་རིག་འཛིན་སོགས་ནས། ཚེ་དབང་སྩོལ། ལན་གསུམ་ཞུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་མདུན་གྱི་ནམ་མཁར་གྲུབ་པའི་དབང་ཕྱུག་ཐང་རྒྱལ་གཙོ་བོར་བཞུགས་པའི་མཆོག་གསུམ་རྒྱལ་བ་སྲས་བཅས་སྐྱབས་ཡུལ་དུ་གསལ་བའི་དྲུང་དུ་ཡིད་ཁྱེད་ཤེས་ཀྱི་དད་པ་དྲག་པོས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ་སྲིད་གསུམ་སོགས་ནས། སྐྱབས་སུ་མཆི། གསུམ། མཁའ་ཁྱབ་ཀྱི་འགྲོ་བ་ཀུན་བླ་མ་སྐུ་གསུམ་གྱི་བདག་ཉིད་ཅན་དེའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་ངང་ནས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད།་་་་

ཐང་སྟོང་རྒྱལ་པོའི་ཚེ་དབང་འབྱུང་ལྔའི་བཅུད་དྲིལ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཐང་སྟོང་རྒྱལ་པོའི་ཚེ་དབང་འབྱུང་ལྔའི་བཅུད་དྲིལ་བཞུགས་སོ༔

ཐུགས་དམ་ཚེ་ཡི་ལྷ་ལ་འདུད༔ ཕྱི་ལྟར་རྣལ་འབྱོར་ཐང་སྟོང་རྒྱལ༔ ནང་དུ་འཕགས་པ་སྤྱན་རས་གཟིགས༔ གསང་བ་རྟ་མགྲིན་དབང་གི་རྒྱལ༔ ཡང་གསང་པད་འབྱུང་ཚེ་དཔག་མེད༔ དབྱེར་མེད་གཅིག་བསྡུས་ཐང་རྒྱལ་གྱི༔ ཚེ་དབང་འབྱུང་ལྔའི་བཅུད་དྲིལ་བསྟན༔ ས་མ་ཡཱ༔ དབེན་པའི་གནས་སུ་མཎྜལ་སྟེང་༔ ཚོམ་བུ་ལྷ་གྲངས་བཀོད་པའི་སྟེང་༔ དབུས་སུ་བུམ་པ་བཅུད་ལྡན་དང་༔ ཤར་དུ་རྡོ་རྗེ་ལྷོར་གཏོར་མ༔ ནུབ་ཏུ་དྲིལ་བུ་བྱང་ཕུར་བུ༔ སྐུ་དང་སྒྲུབ་སྔགས་རིམ་པ་གསུམ༔ ཚེ་རིལ་ཚེ་ཆང་མདའ་དར་བཀོད༔ ཕྱི་ནང་མཆོད་པས་མཐའ་ནས་བསྐོར༔ བསྙེན་སྒྲུབ་གཞུང་བཞིན་བུམ་པ་རུ༔ ལྷ་བསྒོམ་སྔགས་བཟླས་མཆོད་ཅིང་བསྟོད༔ དབང་བླངས་སློབ་མར་བདུད་རྩི་འཁྱིལ༔ ལས་བུམ་ཁྲུས་བྱ་བགེགས་གཏོར་བཏང་༔ སྲུང་འཁོར་སྤྱི་མཐུན་ཆོས་བཤད་དང་༔ གྲུབ་དབང་གསང་གསུམ་ལོ་རྒྱུས་བཤད༔ མཎྜལ་ཕུལ་ནས་གསོལ་གདབ་ནི༔ འཆི་མེད་རིག་འཛིན་ཐང་སྟོང་རྒྱལ༔ བདག་ཅག་སྲོག་གི་བར་ཆད་ལ༔ འཇིགས་པས་ཁྱེད་ལ་གསོལ་འདེབས་ན༔ བརྩེ་ཆེན་ཐུགས་ཀྱིས་ཚེ་དབང་སྩོལ༔ ལན་གསུམ་ཞུ་ཞིང་སློབ་དཔོན་གྱིས༔ སྐྱབས་སེམས་སྡོམ་བཟུང་དམིགས་པ་འབོག༔ སློབ་མས་སྐྱབས་སེམས་ཚོགས་བསགས་བྱ༔ དངོས་གཞི་བྱིན་རླབས་འཇུག་པའི་སྒོ༔ སློབ་དཔོན་ཐུགས་རྗེའི་འོད་ཟེར་གྱིས༔ སློབ་མའི་དངོས་འཛིན་དྲི་མ་སྦྱངས༔ སྐད་ཅིག་གྲུབ་དབང་སྐུ་རུ་བསྒོམ༔ ཐུགས་ཀར་ཨོ་རྒྱན་ཚེ་མཐའ་ཡས༔ པད་ཞྭ་བེར་ཕོད་ཚེ་བུམ་ཅན༔ མཚོ་རྒྱལ་མནྡྷ་ར་བ་འཁྲིལ༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ རྔ་ཡབ་གླིང་ནས་སྤྱན་དྲངས་བསམ༔ བྱིན་འབེབས་ཚིག་འདོན་སྤོས་རོལ་བྱ༔ ༈ དེ་ནས་བྱིན་རླབས་ཀྱི་གཞི་ཡེ་ཤེས་དབབ་པ་ཡིན་པས་དེའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་པདྨ་འོད་ཀྱི་གཞལ་ཡས་ཁང་དྭངས་གསལ་སྒྲིབ་པ་མེད་པར་གསལ་བའི་དབུས་སུ། ཁྱེད་རང་གི་རིག་པ་ཡི་གེ་ཧཱུྃ་སྨུག་ནག་ཡོངས་སུ་གྱུར་པ་ལས། །རིན་ཆེན་ཁྲི་རྐང་ཁྲི་སྙན་ས་ལེའི་པགས་པས་གཡོགས་པའི་སྟེང་། སྣ་ཚོགས་པདྨ་དང་ཉི་ཟླ་བརྩེགས་པའི་གདན་ལ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཁྲོ་འཛུམ་བཞད་པའི་ཉམས་ཅན། ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱས་ལྕགས་སྒྲོག་བསྣམས་ཤིང་། གཡོན་པས་མཉམ་བཞག་ཟག་མེད་བདུད་རྩིས་བཀང་བའི་ཚེ་བུམ་ཐུགས་ཀར་འཛིན་ཅིང་། ཞབས་གཉིས་ཕྱེད་སྐྱིལ་རོལ་པའི་སྟབས་ཀྱིས་འགྱིང་བ། སྐུ་སྟོད་ལ་སྒོམ་ཐག་དབང་མདོག་དཀྲིས་ཤིང་རས་དཀར་གྱི་བླ་གོས་འཆང་བ། སྐུ་སྨད་ལ་ཨཾ་རག་ནམ་མཁའི་མདོག་ཅན་གསོལ་བ། རྫི་སྨིན་སྨ་ར་དུང་ལྟར་དཀར་ཞིང་དབུ་སྐྲ་ཐོར་ཅོག་དར་དམར་གྱི་སྐྲ་ཆིངས་ཅན། གཞན་སྣང་ཟིལ་གྱིས་གནོན་པའི་བརྡར་སྤྱན་རྩ་དམར་པོས་ཧུ་རེ་གཟིགས་པ་དེ་ལྟ་བུ་གསལ་བའི་ཐུགས་ཀར་ཨོ་རྒྱན་ཚེ་དཔག་མེད་དཀར་དམར་བཅུ་དྲུག་ལོན་པའི་ལང་ཚོས་སྒེག་ཅིང་། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་ཚེ་བུམ་བདུད་རྩིས་བཀང་བ་ཐུགས་ཀར་འཛིན་པ་སྐུ་ལ་དར་དཀར་གྱི་གསང་གོས། ཟབ་བེར་མཐིང་ཀ ཆོས་གོས་དམར་པོ་སྟེ་ཐེག་གསུམ་རྫོགས་པའི་ན་བཟས་བཀླུབས་ཤིང་། དབུ་ཞྭ་པདྨ་མཐོང་གྲོལ་རྒོད་སྒྲོ་དར་སྣས་བརྒྱན་པ། ཞབས་གཉིས་བརྐྱང་བསྐུམ་དུ་བཞུགས་པའི་གཡས་སུ་མནྡྷ་ར་བ་དང་། གཡོན་དུ་ཡེ་ཤེས་མཚོ་རྒྱལ་བདེ་སྟོང་དབྱེར་མེད་ཀྱི་ཀློང་དུ་ཟག་བྲལ་ཡེ་ཤེས་མཉམ་པ་ཉིད་དུ་འཁྲིལ་བ། དེ་ལྟར་དུ་གསལ་བའི་སྤྱི་བོར་རྒྱལ་བ་ཀུན་གྱི་སྐུའི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་གསུང་གི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ཀ་གསུམ་གསལ་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་ལྷོ་ནུབ་པདྨ་འོད་སོགས་སྐུ་གསུམ་དག་པའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གྲུབ་བརྒྱའི་སྤྱི་གཟུགས་ཧེ་རུ་ཀ་པའི་སྐུ་ཡིག་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་བྱོན་ནས་བསྐྱེད་པའི་སྐུ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །ཧཱུྃ་ཧྲཱིཿ བྱིན་ཆེན་ངོ་མཚར་ཁྱད་པར་འཕགས་པའི་གནས། །བདེ་ཆེན་ཞིང་དང་རི་བོ་པོ་ཊ་ལ། །པདྨ་འོད་དང་གྲུབ་པའི་གནས་རྣམས་ནས། །སྣང་བ་མཐའ་ཡས་འཕགས་པ་སྤྱན་རས་གཟིགས། །པདྨ་འབྱུང་གནས་གྲུབ་ཆེན་ཐང་སྟོང་རྒྱལ། །འཆི་མེད་གྲུབ་པའི་ལྷ་དང་རིག་པ་འཛིན། །གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ། །འགྱུར་མེད་སྐུ་ཡི་བྱིན་ཆེན་ལུས་ལ་ཕོབ། །འགག་མེད་གསུང་གི་བྱིན་ཆེན་ངག་ལ་ཕོབ། །འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཡིད་ལ་ཕོབ། །ཚེ་འདིར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བྱིན་ཆེན་ཕོབ། །ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བྷུ་མི་རཱ་ཛ་དྷརྟུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ། རྩ་སྔགས་ཤམ་བུར་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾཿ ཞེས་གདུང་ཤུགས་དྲག་པོ་དང་བཅས་པས་རོལ་མོ་དྲག་ཏུ་འཁྲོལ་ལ་བྱིན་ཆེན་དབབ་པར་བྱའོ།། ༈ སློབ་མར་བསྟིམས་ནས་སྔགས་རྒྱས་བཏབ༔ བདག་དང་སློབ་མ་ལྷར་གསལ་བའི༔ གནས་ལྔ་ལས་འཕྲོས་འོད་ཟེར་གྱིས༔ འབྱུང་ལྔ་རྒྱལ་དང་དེ་སྲས་དང་༔ སེམས་ཅན་ཀུན་གྱི་ཚེ་བཅུད་བསྡུས༔ དར་སྣ་ལྔ་ཡི་མདའ་དར་གཡབ༔ ཚེ་འགུགས་འདོན་ཅིང་ཚེ་ཉམས་དང་༔ བྲོས་འཐོར་ཡར་གས་སོར་ཆུད་ནས༔ ཚེ་ཡི་རིག་འཛིན་ཐོབ་བསམ་བསྟིམས༔ སླར་ཡང་སློབ་མས་མཎྜལ་ཕུལ༔ ཀྱཻ་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་རྗེ༔ ཚེ་དཔག་མེད་མགོན་ཐང་སྟོང་རྒྱལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྗེས་གནང་བྱིན་རླབས་བདག་ལ་སྩོལ༔ བླ་མས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བུམ་པའི་རང་བཞིན་བདེ་གཤེགས་ཕོ་བྲང་ལ༔ བུམ་བཅུད་ཚེ་ལྷ་རིག་འཛིན་འོད་དུ་ཞུ༔ སློབ་མའི་ཚངས་བུག་ནས་ཞུགས་ལུས་ཀུན་གང༔ དུས་མིན་འཆི་བའི་བར་ཆད་ཀུན་སེལ་ཤོག༔ རྩ་སྔགས་ཤམ་བུར་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྗེས་འབྲེལ་ཚེ་རིལ་བྱིན༔ ཧྲཱིཿ དཀར་མངར་ཚེ་ཡི་བཅུད་འདྲིལ་རིལ་བུ་འདི༔ སྔོན་གྱི་དྲང་སྲོང་གྲུབ་པའི་ཚེ་ཡི་ཟས༔ སློབ་མའི་མགྲིན་པ་ནས་ཞུགས་ལུས་ཀུན་གང༔ དུས་མིན་འཆི་བའི་ཚེ་གེགས་ལས་གྲོལ་ཤོག༔ རྩ་སྔགས་ཤམ་བུར་ཨ་ཡུ་ར་ས་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་མགྲིན་པར་བཞག་བྱས་ཏེ༔ ཧྲཱིཿ ཆོས་ཀྱི་དབྱངས་སྙན་གསུང་དབྱངས་དྲིལ་བུའི་སྒྲས༔ ཚེ་ལ་མོས་པ་སློབ་མའི་ཚེ་སྲོག་ལ༔ བར་ཆད་བདུད་ཀྱི་གྲོས་ངན་མཐར་བསྐྲད་ནས༔ ཚེ་འདིར་ཆོས་རྔས་བསྟན་འགྲོའི་གསོ་བྱེད་ཤོག༔ རྩ་སྔགས་ཤམ་བུ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དང་རྗེས་འབྲེལ་ཚེ་ཆང་བྱིན༔ ཧྲཱིཿ མངར་གསུམ་དྭངས་མའི་བཅུད་བསྡུས་ཚེ་ཡི་ཆང་༔ རིག་སྔགས་གྲུབ་པ་རྣམས་ཀྱི་ཚེ་ཡི་སྐྱེམས༔ སློབ་མའི་ངག་གི་འཁོར་ལོར་ལེགས་བྱིན་པས༔ དུས་མིན་ཚེ་ཡི་བར་ཆད་གྲོལ་བར་ཤོག༔ རྩ་སྔགས་ཤམ་བུར་ཨ་ཡུ་གནྡྷེ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་དར་སྔོན་སྙིང་ཁར་གཏུགས༔ ཧྲཱིཿ དུས་གསུམ་རྟོག་པས་མི་ཤིགས་ཆོས་བདུན་གྱི༔ རང་བཞིན་རིག་པ་རྟག་བརྟན་མཚོན་པའི་བརྡ༔ རྡོ་རྗེ་རྩེ་ལྔ་སྙིང་གར་དབང་བསྐུར་བས༔ ཀ་དག་འཕོ་མེད་རྡོ་རྗེའི་ཚེ་ཐོབ་ཤོག༔ གཏོར་མ་སྐུ་གཟུགས་དང་བཅས་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ སྒྲུབ་པའི་གཏོར་མ་རྟ་མཆོག་ཧེ་རུ་ཀ༔ པདྨ་འབྱུང་གནས་ཚེ་དཔག་མེད་མགོན་དང་༔ དབྱེར་མེད་ཐང་སྟོང་རྒྱལ་པོའི་དབང་བསྐུར་བས༔ ཚེ་འདིར་མཁའ་སྤྱོད་འགྲུབ་པའི་དཔལ་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུར་པ་གནས་ལྔར་དབང་བསྐུར་ཏེ༔ ཧྲཱིཿ ལུས་ཀྱི་གནས་ལྔ་རྡོ་རྗེའི་གྲོང་ཁྱེར་དུ༔ ཕྱི་རོལ་འདྲེ་ལྔའི་བར་ཆད་སྲུང་བ་དང་༔ བདུད་བཞི་ལོག་འདྲེན་དབྱིངས་སུ་སྒྲོལ་བའི་ཕྱིར༔ རྟ་མཆོག་སྒྲུབ་ཕུར་དབང་གིས་གེགས་སེལ་ཤོག༔ རྩ་སྔགས་ཤམ་བུར་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱས་གདབ་ལ་སོགས་སྤྱི་དང་མཐུན༔ མཐའ་རྟེན་རིན་ཆེན་རྫས་རྟགས་བྱིན༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ དམ་ཚིག་སྲོག་གཅོད་རྟེན་གཞོམ་སྤང་༔ སྲོག་སྐྱབས་རྟེན་གསོ་ཚེ་ལྷ་བསྙེན༔ ཐང་སྟོང་གསོལ་འདེབས་ཡི་དམ་བཟུང་༔ གཙོ་བོས་དམ་ཚིག་གང་བསྒྲགས་པ༔ དེ་དག་ཐམས་ཅད་བདག་གི་བགྱི༔ གདོན་གྱིས་ཟིན་པའི་མི་ཡིན་ཀྱང་༔ ཐེ་ཚོམ་མེད་པར་ཉམས་བླངས་ན༔ ལོ་ལྔར་གེགས་ཞི་ཚེ་ཡང་འཕེལ༔ སྔོན་ལས་མ་གཏོགས་འཕྲལ་གྱི་རྐྱེན༔ སེལ་བར་མི་འགྱུར་གང་ཡང་མེད༔ དེ་ཕྱིར་རང་གི་སྙིང་ལ་ཆོངས༔ སྐལ་ལྡན་བྱུང་ན་བརྟགས་ལ་སྤེལ༔ སྡིག་ཅན་རྣམས་ལ་གུ་ཧྱ་རྒྱ༔ མཚོ་རྒྱལ་དགོངས་པའི་ཆ་ལག་ཏུ༔ རིག་པ་སྟོང་གསལ་སྒྲོམ་ནས་བཏོན༔ བསླུ་བར་མི་འགྱུར་ཐ་ཚིག་གོ༔ ས་མ་ཡཱ༔ ཞེས་པའང་སྐལ་ལྡན་ལུང་རིག་གླིང་པའི་དག་སྣང་མའོ།།

ཚེ་འགུགས་མཚམས་སྦྱོར་ལྡེབ་ཤར།

༄༅།། བདག་གི་ཐུགས་ཀའི་སྔགས་འཁོར་དང་མདའ་དར་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྒྱལ་བ་རིག་འཛིན་དྲང་སྲོང་ཚེ་དང་སྲོག་ལ་མངའ་མཛད་འཇིག་རྟེན་གྱི་ལྷ་ཀླུ་དྲེགས་བྱེད་རྣམས་ཀྱི་མཐུ་སྟོབས་མངའ་ཐང་ལོངས་སྤྱོད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡུལ་གྱིས་ཉི་ཟེར་ཞོན་པ་བཞིན་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཤིག་ཤིག་ཡོམ་ཡོམ་བསྡུས་ནས་བདག་དང་བསྲུང་བྱའི་སྤྱི་བོ་ནས་ཞུགས་ཏེ་ཚེ་དཔལ་གཟི་བརྗིད་ཐམས་ཅད་ཟླ་བ་ཡར་ངོ་བཞིན་འཕེལ་ཏེ་འཆི་མེད་མགོན་པོའི་སྲོག་ལ་དབང་ཐོབ་པར་བསམ་ལ་གཞུང་བཞིན་ཚེ་འགུགས་ལ་འཇུག་པར་བྱའོ།།

ཚེ་འགུགས་བླ་ཚེའི་གསོས་སྨན།

གྲུབ་དབང་ཐུགས་སྒྲུབ་ཟབ་མོ་ལས༔ ཚེ་འགུགས་བླ་ཚེའི་གསོས་སྨན་བཞུགས་སོ༔

བསྙེན་སྒྲུབ་མཚམས་སུ་མདའ་དར་གཡབ༔ བདག་མདུན་ཐུགས་རྗེའི་འོད་ཟེར་གྱིས༔ སྐུ་གསུམ་ཞིང་གི་རྒྱལ་བ་དང་༔ འཁོར་འདས་ཀུན་གྱི་དྭངས་བཅུད་བསྡུས༔ བདག་དང་བསྲུང་བྱའི་བླ་ཚེ་གསོས༔ འཆི་མེད་རིག་འཛིན་འགྲུབ་པར་བསམ༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧྲཱིཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ༔ འཆི་མེད་མཆོག་བརྙེས་གྲུབ་བརྒྱའི་སྤྱི་གཟུགས་མཆོག༔ ཨོ་རྒྱན་རྒྱལ་ཚབ་ཐང་སྟོང་རྒྱལ་པོ་རྗེ༔ བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་པོ༔ བྱིན་རླབས་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་མདའ་དར་ཕྱོགས་བཅུར་གཡབ༔ ཧཱུྃ་ཧྲཱིཿ འཆི་མེད་རིག་འཛིན་ཐུགས་རྗེའི་འོད་ཟེར་གྱིས༔ སྐུ་གསུམ་སྟོན་པ་ཡོངས་ཀྱི་བྱིན་རླབས་དང་༔ ཉན་རང་བྱང་སེམས་མཁྱེན་བརྩེའི་ཚེ་བཅུད་བསྡུས༔ བདག་གི་བླ་ཚེ་འཁྱམས་པ་སོར་ཆུད་ནས༔ གསལ་སྟོང་རིག་པ་ཆོས་སྐུའི་ཀློང་ཡངས་སུ༔ འཆི་མེད་ཚེ་ཡི་དྭངས་བཅུད་བསྩལ་དུ་གསོལ༔ རྩ་བའི་སྔགས་བཟླས་དམིགས་པ་གསལ༔ ཧྲཱིཿ ཤར་གྱི་ཕྱོགས་ནས་དྲི་ཟ་ཕོ་མོ་ཡིས༔ སྨྱོ་འབོགས་བརྒྱལ་ནད་ཤུགས་ཀྱིས་ཚེ་བརྐུས་ཤིང་༔ རྣམ་གཡེང་བྱིང་རྒོད་མཐུ་ཡིས་བླ་ཉམས་པ༔ རྡོ་རྗེ་མཁའ་འགྲོས་ས་ཡི་ཁམས་ནས་ཁུག༔ དྲི་ཟ་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ རྩ་བའི་ཚེ་ཡི་སྙིང་པོ་བཟླ༔ ཧྲཱིཿ ལྷོ་ཡི་ཕྱོགས་ནས་གཤིན་རྗེ་ཕོ་མོ་ཡིས༔ དྲག་ཤུལ་རླུང་མཁྲིས་ཤུགས་ཀྱིས་ཚེ་བརྐུས་ཤིང་༔ གསང་གསུམ་དམ་ལས་འགལ་བས་བླ་ཉམས་པ༔ རིན་ཆེན་མཁའ་འགྲོས་ཆུ་ཡི་ཁམས་ནས་ཁུག༔ གཤིན་རྗེ་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ འཆི་མེད་ཚེ་ཡི་སྙིང་པོ་བཟླ༔ ཧྲཱིཿ ནུབ་ཀྱི་ཕྱོགས་ནས་ཀླུ་དབང་ཕོ་མོ་ཡིས༔ མཛེ་ཤུ་ཕོལ་མིག་ཤུགས་ཀྱིས་ཚེ་བརྐུས་ཤིང་༔ ཆད་ལྟ་མཐར་འཛིན་སྟོབས་ཀྱིས་བླ་ཉམས་པ༔ པདྨ་མཁའ་འགྲོས་མེ་ཡི་ཁམས་ནས་ཁུག༔ ཀླུ་དབང་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ རང་སྔགས་ཚེ་ཡི་སྙིང་པོ་བཟླ༔ ཧྲཱིཿ བྱང་གི་ཕྱོགས་ནས་གནོད་སྦྱིན་ཕོ་མོ་ཡིས༔ བྱིང་རྨུག་འཐིབ་གསུམ་ཤུགས་ཀྱིས་ཚེ་བརྐུས་ཤིང་༔ གཏི་མུག་རྨོངས་པའི་སྟོབས་ཀྱིས་བླ་ཉམས་པ༔ ལས་ཀྱི་མཁའ་འགྲོས་རླུང་གི་ཁམས་ནས་ཁུག༔ གནོད་སྦྱིན་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ བདག་ཅག་རྣམས་ལ་ཚེ་ཡི་གསོས་སུ་སྩོལ༔ ཚེ་ཡི་གཟུགས་སྔགས་སྙིང་པོ་བཟླ༔ ཧྲཱིཿ ཤར་ལྷོ་མེ་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་གྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ སྟེང་ནས་ཚངས་པ་ཉི་ཟླའི་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ འོག་ནས་མཐའ་ཡས་འཇོག་པོའི་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ཤ་ཡི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ སྲ་བརྟན་འབྱུང་བ་ས་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་བུདྡྷ་ལོ་ཙཱའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ ཁྲག་གི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ མཉེན་ལྕུག་འབྱུང་བ་ཆུ་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་མ་མཱ་ཀི་ཡི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ དྲོད་ཀྱི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ དྲོད་གསལ་འབྱུང་བ་མེ་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་གོས་དཀར་ལྷ་མོའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ དབུགས་ཀྱི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ ཡངས་བསྐྱོད་འབྱུང་བ་རླུང་གི་དབྱིངས་ནས་ཁུག༔ ཡུམ་མཆོག་དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ རྣམ་ཤེས་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ སྟོང་གསལ་འབྱུང་བ་ནམ་མཁའི་དབྱིངས་ནས་ཁུག༔ ཡུམ་མཆོག་ཀུན་ཏུ་བཟང་མོའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ སྒོ་གསུམ་གཡེངས་ཤིང་དམ་སྡོམ་ཉམས་པ་ཡིས༔ ཚེ་སྲོག་ཆད་ཉམས་འཐོར་དང་ཡར་བ་རྣམས༔ རྩ་གསུམ་ཚེ་ལྷའི་ནུས་མཐུའི་འོད་ཟེར་གྱིས༔ ཆད་པ་མཐུད་ལ་ཉམས་པ་འཕེལ་ཞིང་རྒྱས༔ འཐོར་བ་སྡུས་ལ་ཡར་བ་མྱུར་དུ་ཁུག༔ མི་ཤིགས་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཇུག་ཏུ་ཚེ་གཟུངས་བཟླ༔ དེ་ནས་སྤྱི་བོར་རྒྱས་གདབ་ནི༔ ཨཱཿ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ་དང་སྲོག༔ བསྲུང་བྱའི་ཤ་ཁྲག་དྲོད་དབུགས་རྣམ་ཤེས་ལ༔ འགྱུར་མེད་ཡེ་ཤེས་ལྔ་རུ་རྒྱས་གདབ་པས༔ དངོས་དང་དངོས་མེད་བར་ཆད་མཚན་མ་ཡིས༔ ནམ་ཡང་གླགས་མི་རྙེད་པར་རཀྵ་བྷྲུཾ༔ རྩ་སྔགས་རཀྵ་བཏགས་ནས་ནི༔ མདའ་དར་རྒྱ་གྲམ་ཚུལ་དུ་བཞག༔ ས་མ་ཡཱ༔ ཞེས་པའང་སྐལ་ལྡན་ལུང་རིག་གླིང་པའི་དག་སྣང་མའོ།།

ཐང་རྒྱལ་སྒྲུབ་ཐབས་དག་སྣང་དུ་བབ་ཚུལ།

༈ གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་སྒྲུབ་ཐབས་ཟབ་མོ་འདི་ཉིད་དག་སྣང་དུ་བབས་པའི་ཚུལ། ཕྲན་བདག་ཉིད་རང་ལོ་ཉེར་བདུན་པ་ཆུ་ཕག་གི་ལོའི་ཟླ་བ་བརྒྱད་པའི་ནང་དགེ་སྦྱོང་ཤཱཀྱ་ཆོས་འཕེལ་ལས་བླ་མ་དགོངས་པ་འདུས་པའི་བཀླག་ལུང་ཞུ་བའི་སྐབས་ཉིན་གཅིག་གྲུབ་པའི་དབང་ཕྱུག་ཐང་རྒྱལ་ཉིད་རི་དྭགས་བསེ་རུའི་པགས་པ་གསེར་གྱི་འོད་ལམ་མེ་བ་གཅིག་གི་སྟེང་ན་བཞུགས་པ་དེ་ཡང་སྐུ་གཅེར་བུ་སྨུག་ནག་ཁྲོ་འཛུམ་བཞད་པ་རུས་རྒྱན་ཅན། ཕྱག་གཉིས་ཀྱི་གཡས་སྐྱབས་སྦྱིན་གཡོན་ཚེ་བུམ་ལྟེ་བའི་ཐད་ཀར་འཛིན་པ་ཞབས་ཕྱེད་སྐྱིལ་དབུ་སྐྲ་ཐོར་ཅོག་སྦ་སྨྱུག་གི་ཚལ་བུས་བསྡམས་པ་ཞིག་གི་ཞལ་མཐོང་བ་ལ་མོས་གུས་ཚད་མེད་པ་སྐྱེས་ནས་གསོལ་བ་དྲག་པོ་བཏབ་པས་གསོལ་འདེབས་ཤིག་གནང་བ་བློ་ནས་མ་བརྗེད་པ་བྲིས་པའང་ཡོད་ཅིང་། སླར་གསོལ་འདེབས་འབུམ་བསགས་པས་རྐྱེན་བྱས་ནས་རྨི་ལམ་དུ་ཡང་ཡང་མཇལ་ཞིང་ཁྱད་པར་གཡུ་མཁར་ཐེག་ཆེན་ཆོས་འཁོར་ལེགས་གྲུབ་གླིང་དུ་དབྱར་གནས་པའི་སྐབས་ཤིག་གཞུང་དང་མཐུན་པ་ཞིག་གིས་ཞལ་བསྟན་ཅིང་རྗེས་གནང་བྱིན་རླབས་ཐོབ་པ་ལ་བརྟེན་ནས་ལྷ་རྩེ་བླ་མ་མཚམས་པ་གྱང་ཁང་བ་སངས་རྒྱས་དཔལ་ལྡན་ལ་གདམས་ངག་གི་སྐྱེས་སུ་ཕུལ་བ་ཟོལ་མེད་བྱིན་རླབས་མཁའ་འགྲོའི་ཁ་རླངས་དྲོད་མ་ཡལ་བའོ།།

བླ་མའི་རྣལ་འབྱོར་ཐར་པའི་མྱུ་གུ།

༄༅།། བླ་མའི་རྣལ་འབྱོར་ཐར་པའི་མྱུ་གུ་བཞུགས་སོ།། ཨེ་མ་ཧོ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། །སྡོམ་གསུམ་རྒྱུད་ལ་འབོགས་མཛད་བླ་མ་རྗེ། །ཐུབ་དབང་ཤཱཀྱ་སེང་གེ་གསེར་གྱི་མདོག །མཚན་བཟང་སུམ་ཅུ་དཔེ་བྱད་བརྒྱད་ཅུས་སྤྲས། །ཆོས་གོས་གསུམ་གསོལ་ས་གནོན་མཉམ་བཞག་མཛད། །རྡོ་རྗེ་སྐྱིལ་ཀྲུང་གཡོ་མེད་ངང་དུ་བཞུགས། །འཁོར་དུ་གནས་བརྟན་བཅུ་དྲུག་ལ་སོགས་པ། །འདུལ་འཛིན་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར། །དག་པ་རབ་འབྱམས་འཇའ་འོད་ཀློང་ན་བཞུགས། །གསོལ་བ་འདེབས་སོ་ཐུབ་དབང་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་འཕགས་པའི་གནས་བརྟན་རྣམས། །བདག་ནི་ལས་ཉོན་འཁྲུལ་བའི་དབང་སོང་མཐུས། །ཉེས་ལྟུང་མེ་འབར་ངན་འགྲོའི་རྒྱུར་གྱུར་པ། །སྙིང་ནས་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །དེང་ནས་གཟུང་སྟེ་འཁོར་བའི་བཙོན་རར་འདིར། །ངེས་འབྱུང་བློ་ཡིས་ཚུལ་ཁྲིམས་ཞིང་ས་ལ། །ཏིང་འཛིན་ས་བོན་ཐོས་བསམ་ཤེས་རབ་ཀྱིས། །སྨིན་པར་བྱེད་ལ་གཅིག་ཏུ་བརྩོན་པ་ལས། །ཐར་པའི་མྱུ་གུ་རྒྱ་ཆེར་འཁྲུངས་པ་དང་། །རྣམ་མཁྱེན་འབྲས་བུ་འཕེལ་བར་བྱིན་གྱིས་རློབས། །ཐུབ་དབང་ཐུགས་ཀར་ཉ་རྒྱས་ཟླ་བའི་སྟེང་། །ཧཱུྃཿཡིག་མཐའ་མར་གཟུངས་སྔགས་གསེར་གྱི་མདོག །གཡས་བསྐོར་བདུད་རྩིའི་རྒྱུན་བབས་བདག་ལུས་ཁྱབ། །ནད་གདོན་ཞི་ཞིང་ཚེ་བསོད་རྒྱས་པར་བསམ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཤཱཀྱ་མུ་ནེ་སྭཱ་ཧཱ། ཞེས་དང་ཨོ་རྒྱན་ཆེན་པོའི་གསོལ་འདེབས་ལས། རྒྱ་གར་རྡོ་རྗེ་གདན་གྱི་ཕོ་བྲང་དུ༔ རྒྱུ་འབྲས་བདེན་པས་འགྲོ་བའི་དོན་མཛད་ཅིང་༔ སྡེ་སྣོད་གསུམ་གྱི་བསྟན་པའི་རྒྱལ་མཚན་བཙུགས༔ ཉན་ཐོས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར༔ སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཚིག་དྲུག་པོས་གསོལ་བ་བཏབ་མཐར་ནི་བླ་མ་རང་རིག་དང་། དབྱེར་མེད་ངང་ནས་བཟང་སྤྱོད་སྨོན་ལམ་བརྗོད། ཅེས་པ་འདི་ཡང་རང་གི་དད་འདུན་དང་དོན་གཉེར་དམ་པའི་རིགས་ཅན་དེས་བསྐུལ་ངོར། །གྲུབ་དབང་རྫོགས་ཆེན་སློབ་འབངས་ཐ་ཤལ་བ། །སྤྲུལ་མིང་ལུང་རྟོགས་བསྟན་པའི་མིང་ཅན་དེས། །ལྷག་བསམ་དག་པས་བྲིས་པ་དགེ་གྱུར་ཅིག །སརྦ་མངྒ་ལམ། ༈ ཨརྒྷཾ་སོགས་ནས།ཤཔྟའི་བར་གྱིས་མཆོད། མཉམ་མེད་སྟོན་པ་ཐུབ་དབང་གསེར་གྱི་མདོག །ས་གནོན་མཉམ་བཞག་རྡོ་རྗེ་དཀྱིལ་ཀྲུང་བཞུགས། །མཚན་ཐོས་ཙམ་གྱིས་ངན་འགྲོའི་སྐྱེ་སྒོ་གཅོད། །ལྷ་མིའི་གཙུག་གི་རྒྱན་ལ་ཕྱག་འཚལ་བསྟོད། །བདེ་བར་གཤེགས་པ་ཁྱེད་སྐུ་སོགས་ནས།བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། དགེའོ།།

རྗེ་བཙུན་འཇམ་པའི་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར།

༈ རྗེ་བཙུན་འཇམ་པའི་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བཞུགས། མཆོག་གསུམ་ངོ་བོ་བླ་མ་འཇམ་དབྱངས་ལ། །བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་མཆི། །དེང་ནས་ཇི་སྲིད་རྫོགས་སངས་རྒྱས་ཀྱི་བར། །རྩེ་གཅིག་བླ་མའི་རྣལ་འབྱོར་སྒོམ་པར་བྱ། །རང་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ། །སྣ་ཚོགས་པདྨ་སྟོང་ལྡན་ཟླ་བའི་སྟེང་། །དྷཱི༔ཡིག་དམར་སེར་འོད་ཀྱི་འཕྲོ་འདུ་ལས། །འཕགས་མཆོད་བྱིན་རླབས་ཚུར་བསྡུས་འགྲོ་སྒྲིབ་སྦྱངས། །རྩ་བའི་བླ་མ་རྗེ་བཙུན་འཇམ་དཔལ་དབྱངས། །དམར་སེར་གུར་གུམ་མདོག་ཅན་གཞོན་ཚུལ་མཛེས། །ཞལ་གཅིག་ཞི་འཛུམ་ཕྱག་གཉིས་ཆོས་འཁོར་རྒྱས། །ཨུཏྤལ་ཡུ་བ་ནས་འཛིན་འདབ་མ་ནི། །སྙན་གྱི་ཐད་གར་རབ་ཏུ་རྒྱས་པའི་སྟེང་། །ཤེས་རབ་རང་བཞིན་རལ་གྲི་གླེགས་བམ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །རིན་ཆེན་རྒྱན་ལྡན་དར་གྱིས་ཆས་གོས་ལྔ། །ལོངས་སྐུའི་རྒྱན་རྫོགས་སྐྱབས་ཀུན་བདག་ཉིད་ཆེ། །ཐུགས་ཀྱིས་དགོངས་པས་བདག་སོགས་ལས་ངན་འགྲོ། །འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་བསམ། །ཀྱཻ་མ་དྲིན་ཆེན་བླ་མ་འཇམ་པའི་དབྱངས། །བདག་ཅག་ལས་ཉོན་བག་ཆགས་ཀྱིས་ནོན་འགྲོ། །ཁྱེད་ཀྱི་བརྩེ་ཆེན་ཐུགས་རྗེས་ཉེར་གཟིགས་ནས། །སྡུག་བསྔལ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ། །ཨོཾ་ཨཱཿམ་ཧཱ་གུ་རུ་མཉྫུ་ཤྲཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་ཅི་མང་བཟླས་ཤིང་མཐར་གང་བློ་མས་ལན་གསུམ་བསྟོད་ཅིང་མི་དམིགས་པའི་ངང་ལ་མཉམ་པར་འཇོག་ཅིང་ཐུན་མཚམས་སུ་དགེ་བ་བསྔོ། ཞེས་པའང་སྒྲུབ་བརྩོན་ཀ་རུ་ཎི་ཀས་བསྐུལ་ངོར་བན་སྤྲང་སྡོམ་བུ་པ་རྒྱ་སྤྲུལ་གྱིས་སྨྲས་པ་དགེའོ།།

རྫོགས་སྤྲུལ་བཞི་པ་གང་གི་གསོལ་སྨོན་བྱིན་རླབས་གཏེར་མཛོད།

༄༅། ཡང་དག་དོན་གྱི་བླ་མ་སྐྱབས་རྗེ་འཁོར་ལོའི་མགོན་པོ་གང་གི་གསོལ་སྨོན་བྱིན་རླབས་གཏེར་མཛོད་ཞེས་བྱ་བ་བི་ཧ་ར་ཏིསྨ། ཨོཾ་བདེ་ལེགས་སུ་གྱུར་ཅིག སྲིད་ཞི་ཀུན་གྱི་ཡུལ་ལས་རབ་འདས་པ། །གཞོན་ནུ་བུམ་པ་ནང་གསལ་ཆོས་ཀྱི་སྐུ། །གསལ་སྣང་མ་འགགས་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་རྫོགས་ཆེན་གྲུབ་དབང་མཆོག་དེར་འདུད། །མགོན་ཁྱོད་གཞོན་ནུའི་དུས་ནས་ངེས་འབྱུང་དང་། །ཁྱད་པར་རྐྱེན་གྱིས་མི་བརྫི་དགོངས་པའི་ངང་། །ཐོས་བསམ་བསྒོམ་གསུམ་བློ་འདས་དབྱེར་མེད་དོན། །གནད་ཟབ་གཅིག་ཏུ་དྲིལ་ལ་གསོལ་བ་འདེབས། །ཕྱོགས་མེད་གདུལ་བྱར་བསྟོད་དང་དབུགས་དབྱུང་སོགས། །ཀུན་ཡིད་བྱམས་དང་བརྩེ་བས་དབང་བསྡུས་ནས། །སྨིན་ཅིང་གྲོལ་བའི་གདམས་པས་གདོད་མའི་གཤིས། །ཇི་བཞིན་མངོན་སུམ་སྟོན་ལ་གསོལ་བ་འདེབས། །རྣམ་རྟོག་ཞེས་བྱ་གདོད་ནས་མ་གྲུབ་ཕྱིར། །གློ་བུར་འཁྲུལ་བ་ཆོས་སྐུའི་མཁའ་དབྱིངས་དྭངས། །རང་བྱུང་རིག་པ་མངོན་གྱུར་ཧེ་རུ་ཀ །ཆེ་མཆོག་དཔལ་གྱི་རྡོ་རྗེར་གསོལ་བ་འདེབས། །དམ་པའི་ཚུལ་དང་ནམ་ཡང་མི་འབྲལ་བར། །ནམ་མཁའི་རྣལ་འབྱོར་ནམ་མཁའི་དབྱིངས་ལ་རོལ། །རྣམ་ཀུན་མཆོག་ལྡན་དོན་གྱི་བླ་མ་དང་། །འབྲལ་མེད་བླ་མའི་དགོངས་པ་མངོན་གྱུར་ཤོག །ཅེས་པའང་རྒྱ་སྤྲུལ་མིང་པས་བྲིས་པ་སརྦ་མངྒ་ལཾ། །

རྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན།

༄༅། གྲུབ་དབང་རྫོགས་ཆེན་བཞི་པའི་བླ་སྒྲུབ་ཐར་བ་མཆོག་གི་གྲུ་ཆེན་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་རཏྣ་ཡེ། དུས་གསུམ་རྒྱལ་བའི་དགོངས་པ་དང་། །དབྱེར་མེད་རིགས་ཀྱི་བདག་པོ་མཆོག །གྲུབ་དབང་རྫོགས་ཆེན་བཞི་པ་ཡི། །སྒྲུབ་ཐབས་ཐར་པའི་གྲུ་ཆེན་སྤེལ། །དང་པོ་ཁྱེད་ཤེས་དད་པའི་བློས། །སྐྱབས་འགྲོའི་རིམ་པ་འདི་ལྟར་བྱ། །ན་མོ། དེང་ནས་བྱང་ཆུབ་མ་ཐོབ་བར། །དཀོན་མཆོག་གསུམ་གྱི་ངོ་བོ་ཉིད། །བླ་མ་རྡོ་རྗེ་འཛིན་པ་ལ། །བདག་གཞན་འགྲོ་རྣམས་སྐྱབས་སུ་མཆི། །འགྲོ་བའི་དོན་དུ་སངས་རྒྱས་ཀྱི། །གོ་འཕང་སྒྲུབ་ཕྱིར་སེམས་བསྐྱེད་ནི། །འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར། །རྒྱལ་ཀུན་ངོ་བོ་རྫོགས་ཆེན་པ། །མི་འགྱུར་ནམ་མཁའི་རྡོ་རྗེ་ཡི། །རྣལ་འབྱོར་བསྒོམ་ལ་བརྩོན་པར་བྱ། །སྐྱབས་སེམས་སྔོན་དུ་སོང་རྗེས་སུ། །དངོས་གཞི་བླ་མའི་རྣལ་འབྱོར་ནི། །རང་ཉིད་སྤྱི་བོར་རིན་ཆེན་ཁྲི། །སྣ་ཚོགས་ཆུ་སྐྱེས་འདབ་སྟོང་དབུས། །ཉ་གང་ཟླ་བའི་གདན་སྟེང་དུ། །ཨོ་རྒྱན་པདྨ་ཐོད་ཕྲེང་དང་། །དབྱེར་མེད་རྫོགས་ཆེན་སྤྲུལ་པའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེ་ཡི། །གདན་གསུམ་དཀྱིལ་འཁོར་དྲན་རྫོགས་སུ། །ཐབས་ཤེས་ཟུང་འཇུག་དཀར་དམར་མདངས། །ཞལ་གཅིག་དགྱེས་ཤིང་འཛུམ་པའི་ཚུལ། །ཕྱག་གཉིས་མཉམ་བཞག་འཆི་མེད་ཀྱི། །ཚེ་བུམ་བདུད་རྩིའི་བཀང་བ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྐུ་ལ་ཆོས་གོས་རྣམ་གསུམ་ཀླུབས། །པདྨ་མཐོང་གྲོལ་རྡོ་རྗེ་དང་། །རྒོད་སྒྲོས་བརྒྱན་པ་དབུ་ལ་གསོལ། །དེ་ལྟར་གསལ་བའི་གནས་གསུམ་པོར། །ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་ལས། །འོད་ཟེར་དབང་གཞུ་ལྟར་འཕྲོས་པས། །སྐུ་གསུམ་ཞིང་གི་རྒྱལ་བའི་ཚོགས། །འཁོར་བཅས་སྤྱན་དྲངས་སྤྱི་བོ་ཡི། །བླ་མ་ཉིད་ལ་དབྱེར་མེད་ཐིམ། །སླར་ཡང་ཐུགས་བསྐྱེད་སྔོན་སྨོན་མཐུས། །བདག་ལ་དགོངས་བཞིན་བཞུགས་པར་གྱུར། །ཧོ། བདག་དང་མཁའ་ཁྱབ་འགྲོ་ཀུན་གྱིས། །དཔག་མེད་ལུས་སྤྲུལ་གུས་ཕྱག་འཚལ། །རབ་འབྱམས་ཞིང་གི་མཆོད་རྫས་དང་། །བདག་ལུས་ལོངས་སྤྱོད་བཅས་པ་འབུལ། །ཐོག་མེད་ནས་བསགས་སྒྲིབ་ཚོགས་དང་། །སྡོམ་གསུམ་དམ་ཚིག་ཉམས་ཆག་བཤགས། །མཐའ་ཡས་འགྲོ་བའི་རྣམ་དཀར་དགེ། །དམ་པའི་མཛད་ལ་རྗེས་ཡི་རང་། །གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི། །ཆོས་འཁོར་བླ་མེད་བསྐོར་བར་བསྐུལ། །འཁོར་བ་དོང་ནས་མ་སྤྲུགས་བར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བདག་དང་མཐའ་ཡས་འགྲོ་ཀུན་གྱི། །དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ། །དཔལ་ལྡན་བླ་མ་རིན་པོ་ཆེ། །མཚན་ཙམ་ཐོས་པས་ངན་སོང་གི། །སྡུག་བསྔལ་འཇོམས་མཛད་ཐུགས་རྗེ་ཅན། །བདག་ལུས་ལོངས་སྤྱོད་བློ་སྙིང་བྲང་། །རྩེ་གཅིག་ཡིད་ཀྱིས་ཁྱེད་ལ་འབུལ། །དེང་བཟུང་སངས་རྒྱས་མ་ཐོབ་བར། །ཚེ་རབས་ཀུན་ཏུ་རྫོགས་ཆེན་གྱི། །རྣལ་འབྱོར་ཁྱོད་དང་འབྲལ་མེད་པས། །ཡོངས་འཛིན་ཁྱེད་ཀྱིས་རྗེས་བཟུང་ནས། །སྲིད་པའི་བདེ་ལ་མི་ཞེན་པར། །ཐོས་བསམ་སྒོམ་ལ་མི་གཡེལ་ཞིང་། །གཞན་དོན་སྒྲུབ་ལ་མི་འཇིགས་པའི། །བྱང་ཆུབ་སེམས་དང་མི་འབྲལ་ཤོག །སྙིང་ནས་གདུང་བས་གསོལ་བ་འདེབས། །ཐུགས་ཀྱི་ཀློང་ནས་བྱིན་གྱིས་རློབས། །ཨོཾ་ཨཱ༔མ་ཧཱ་གུ་རུ་ཨ་ཀྵ་ར་ག་ག་ན་སྱ་བཛྲ་ཨ་ཡུ་ཥེ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ། སྔགས་འདི་མོས་གུས་དྲག་པོ་ཡིས། །འབུམ་ཕྲག་གསུམ་བཟླས་དངོས་གྲུབ་རྟགས། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །རྨི་ལམ་དག་ཏུ་འབྱུང་བར་ངེས། །འགྲུབ་རྟགས་ཞལ་མཇལ་གསུང་ཐོས་དང་། །ཕྱག་མཚན་རྙེད་སོགས་དགེ་བའི་ལྟས། །སྣ་ཚོགས་ཉམས་དགའ་བག་དྲོ་ཞིང་། །ཤེས་པ་གསལ་བའི་ཚུལ་དུ་འབྱུང་། །རྗེས་སུ་དབང་བཞི་ལེན་པ་དང་། །སྨོན་ལམ་མཐའ་རྒྱས་བྱ་བ་ནི། །སྤྱི་བོའི་བླ་མའི་སྨིན་མཚམས་དང་། །ལྗགས་རྩེ་ལྟེ་བ་ཐུགས་ཀ་ནས། །དཀར་དམར་མཐིང་ཀ་ཁ་ཏོག་ལྔའི། །འོད་འཕྲོས་བདག་གི་གནས་བཞིར་ཐིམ། །དབང་བཞི་ཐོབ་ཅིང་སྐུ་བཞི་ཡི། །ས་བོན་རྒྱུད་ལ་བཞག་པར་བསམ། །ཞེས་བརྗོད་རང་རིག་ངོ་བོར་བལྟ། །ལྟ་བ་སྤྲོས་བྲལ་སྒོམ་མེད་ངང་། །དགེ་བ་འདི་ཡིས་ཚེ་རབས་ཐམས་ཅད་དུ། །རྫོགས་ཆེན་མཆོག་གི་སྤྲུལ་སྐུས་བདག་སོགས་འགྲོ། །རྗེས་སུ་བཟུང་ནས་མཐར་ཐུག་རྣམ་མཁྱེན་གྱི། །གོ་འཕང་བླ་ན་མེད་པ་འགྲུབ་པར་ཤོག །གཞན་ཡང་སྨོན་ལམ་ཅི་རིགས་གདབ་ཅིང་། བར་མཚམས་སུ་རྫོགས་སྤྲུལ་བཞི་པ་ཉིད་ཀྱིས་མཛད་པའི་གསོལ་འདེབས་ཀྱང་བྱའོ། །དེ་ལྟར་བླ་མ་རིན་པོ་ཆེའི། །སྒྲུབ་ཐབས་ཐར་བའི་གྲུ་ཆེན་འདིས། །བདག་གཞན་སྲིད་མཚོ་ལས་གྲོལ་ནས། །སྐུ་བཞིའི་རིན་ཆེན་གླིང་ཐོབ་ཤོག །ཅེས་པའང་བདག་སྤྲང་བན་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་དགེ་བའི་རྟེན་འབྲེལ་བཟང་པོའི་མཚམས་སྦྱོར་དང་བཅས་ཏེ་བྲིས་པ་འདིས་ཀྱང་མཐའ་ཡས་འགྲོ་བ་མ་ལུས་པ་གདོད་མའི་མགོན་པོ་གྲུབ་དབང་རྫོགས་ཆེན་པའི་གོ་འཕང་ཐོབ་པའི་རྒྱུར་ཅིག་གུ དགེའོ། །

མཚན་སྔགས་དང་གསོལ་འདེབས།

༄༅། མཚན་སྔགས་དང་གསོལ་འདེབས་བཞུགས། ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་ཨ་བྷྱཱ་དྭཱི་པ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་ཨ་བྷྱཱ་ཀརྨ་རསྨི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་ཨ་ཀྵ་ར་ག་ག་ན་སྱ་བཛྲ་ཨ་ཡུ་ཥེ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་ཧྱཱ་གྷྲྀ་ཝ་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་མཉྫུ་ཤྲཱི་སརྦ་སིདྡྷི་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་པདྨ་བཛྲ་སརྦ་སིདྡྷི་ཧཱུྃ༔ པདྨ་འབྱུང་གནས་ཀློང་ཆེན་འཇིགས་མེད་གླིང་། །ཀུན་བཟང་གཞན་ཕན་རྩ་བའི་བླ་མ་རྗེ། །མི་འགྱུར་ནམ་མཁའི་རྡོ་རྗེ་རིན་པོ་ཆེ། །གསོལ་བ་འདེབས་སོ་ཕྱི་རྐྱེན་ནད་གདོན་དང་། །ནང་རྐྱེན་དུག་ལྔ་གསང་རྐྱེན་གཟུང་འཛིན་གྱི། །བར་ཆད་མ་ལུས་མྱུར་དུ་བསལ་དུ་གསོལ། །བར་ཆད་མ་ལུས་མྱུར་དུ་བསལ་ནས་ཀྱང་། །བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་འབྲས། །དམ་པའི་ཚུལ་དང་ནམ་ཡང་མི་འབྲལ་བར། །རྣམ་ཀུན་མཆོག་ལྡན་དོན་གྱི་བླ་མ་ལ། །འབྲལ་མེད་བླ་མའི་དགོངས་པ་མངོན་གྱུར་ཤོག །ཅེས་པའང་བཙུན་པ་རང་གིས་རང་གི་ཁ་ཏོན་གྱི་རྒྱུར་གསོལ་བ་བཏབ་པ་དགེའོ། །

བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་འཇོ།

༄༅།། བླ་མའི་རྣལ་འབྱོར་གྲུབ་གཉིས་འདོད་འཇོ་བཞུགས། ཨོཾ་ཨཱཿཧཱུྃ༔ མཆོག་གསུམ་ངོ་བོ་དྲིན་ཆེན་བླ་མ་ལ། །ཁྱེད་ཤེས་རེ་ལྟོས་སྙིང་ནས་སྐྱབས་སུ་མཆི། །མ་རིག་ལོག་ལྟས་བསླད་པའི་འགྲོ་བ་ཀུན། །རང་རིག་བླ་མར་རྟོགས་ཕྱིར་སེམས་བསྐྱེད་དོ། །རང་ཉིད་ཐ་མལ་མ་ཡིན་མཁའ་འགྲོ་མ། །སྤྱི་བོར་སྐྱེ་མེད་ཆོས་སྐུའི་རང་རྩལ་ལས། །འགག་མེད་ལོངས་སྐུ་ཡེ་ཤེས་ལྔ་ཡི་གདངས། །རྩོལ་མེད་སྤྲུལ་སྐུ་རྩ་བའི་བླ་མར་ཤར། །རབ་བྱུང་སྔགས་པ་པཎ་ཆེན་གང་མོས་གཟུགས། །སྡེ་སྣོད་འཛིན་པ་པཎྚི་ཏ་ཡི་གཟུགས། །གང་འདུལ་ཐེག་པ་གསུམ་གྱི་ཆོས་སྒྲ་སྒྲོག། །མཁྱེན་བརྩེས་གཞན་ཕན་བདག་ཉིད་སྤྲོས་བྲལ་ཐུགས། །དད་མོས་གུས་པས་འདི་རུ་སྤྱན་འདྲེན་གཤེགས། །འབྲལ་མེད་བྱང་ཆུབ་བར་དུ་རྟག་པར་བཞུགས། །ང་རྒྱལ་བློ་སྤངས་སྒོ་གསུམ་གུས་ཕྱག་འཚལ། །ལུས་དང་ལོངས་སྤྱོད་དགེ་ཚོགས་མཆོད་སྤྲིན་འབུལ། །སྡོམ་གསུམ་ཉམས་ཆག་སྙིང་ནས་འགྱོད་པས་བཤགས། །གཞན་གྱི་དགེ་ལ་རྩེ་གཅིག་རྗེས་ཡི་རང་། །སྨིན་གྲོལ་ཆོས་འཁོར་ཆད་མེད་བསྐོར་བར་བསྐུལ། །འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བར། །བཞུགས་པར་གསོལ་འདེབས་དགེ་ཚོགས་གཞན་དོན་བསྔོ། །ཁྱེད་ཤེས་བློ་ཡིས་བྱང་ཆུབ་མ་ཐོབ་བར། །གདུང་ཤུགས་མོས་པས་སྔགས་འདིས་བསྙེན་པར་བྱ། །ཨོཾ་ཨཱཿམ་ཧཱ་གུ་རུ་མཱུ་ལ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་མོས་གུས་རྒྱུན་ཆད་མེད་པར་གསོལ་འདེབས་བསྙེན་པ་བྱ་ཞིང་། མཐར་དབང་བཞི་ལེན་པ་ནི། ཨེ་མ་ཧོ། རྨད་བྱུང་བླ་མའི་གསང་གསུམ་ཡོན་ཏན་མཆོག །རྗེས་དྲན་གདུང་བས་གསོལ་འདེབས་བསྙེན་པའི་མཐུས། །སྐུ་ཡི་གནས་བཞི་ལས་བྱུང་འོད་ཀྱི་ཟེར། །དཀར་དམར་མཐིང་ལྗང་བདག་གི་སྤྱི་མགྲིན་སྙིང་། །ལྟེ་བར་ཐིམ་པས་སྒོ་གསུམ་ཀུན་གཞིའི་སྒྲིབ། །མ་ལུས་དག་ནས་བུམ་གསང་ཤེས་རབ་ཚིག །ལམ་གྱི་དབང་ཐོབ་སྐུ་བཞིའི་ས་བོན་བཞག །རང་རིག་བླ་མ་དབྱེར་མེད་ངང་དུ་ཨཱཿ རིགས་བདག་བླ་མ་རང་རིག་ངང་དུ་ཨཱཿ ཞེས་བརྗོད་ནས་མི་དམིགས་པའི་ངང་དུ་མཉམ་པར་བཞག་ལ། ཐུན་མཐར་དགེ་བ་བསྔོ་བ་ནི། རྣམ་དཀར་དགེ་ཚོགས་སོགས་ མྱུར་ཐོབ་ཤོག། ཅེས་པའང་ལྷ་གྲོགས་སྙིང་གི་ཐིག་ལེ་མཚོ་རྒྱལ་གྱིས་ངོར་སྤྲུལ་མིང་པ་ལུང་རྟོགས་ཞེས་འབོད་པས་སྨྲས་པ་ཛ་ཡནྟུ།

བླ་མའི་རྣལ་འབྱོར་བྱིན་རླབས་ཉེ་ལམ།

༄༅།། བླ་མའི་རྣལ་འབྱོར་བྱིན་རླབས་ཉེ་ལམ་བཞུགས་སོ།།

༄༅།། ན་མོ་གུ་རུ་རཏྣ་པདྨ་ཀཱ་ར་ཡེ། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག །བཀའ་དྲིན་གསུམ་ལྡན་ཨོ་རྒྱན་རྗེ། །སྐྱབས་ཀུན་ངོ་བོར་ངེས་རྙེད་ནས། །བྱང་ཆུབ་བར་དུ་སྤྱི་བོས་མཆོད། །དེ་ཡི་རྣམ་རོལ་འཛམ་གླིང་འདིར། །མདོ་དང་སྔགས་ཀྱི་དགེ་བའི་བཤེས། །གཏེར་རིགས་བཅོ་བརྒྱད་ལ་དབང་བའི། །རང་མོས་བླ་མ་བསྒྲུབ་པའི་ཐབས། །གང་ལའང་སྦྱར་དུ་རུང་བ་ཡི། །རྒྱུན་གྱི་ཉམས་ལེན་འདི་རུ་འབྲི། །ངེས་འབྱུང་ཐར་པ་ལ་འདུན་པས། །ཡེངས་མེད་སྒོམ་བཟླས་འདི་ལྟར་བྱ། ཨེ་མ་ཧོ། གང་ཐུགས་རྣམ་གྲོལ་རྫོགས་སངས་རྒྱས། །གང་གསུང་ཐེག་གསུམ་དམ་པའི་ཆོས། །གང་སྐུ་འགྲོ་འདྲེན་དགེ་བའི་བཤེས། །མཆོག་གསུམ་ངོ་བོ་བླ་མ་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །མཁའ་ཁྱབ་འགྲོ་བ་མ་ལུས་པ། །སངས་རྒྱས་གོ་འཕང་ལ་འགོད་ཕྱིར། །ཡང་དག་ལམ་སྟོན་བླ་མ་མཆོག །རྟག་ཏུ་བསྒྲུབ་ལ་བརྩོན་པར་བྱ། །ནམ་མཁའ་གང་བའི་རྩ་གསུམ་ལྷར། །རང་གཞན་དཔག་མེད་ལུས་སྤྲུལ་ནས། །ཕྱག་འཚལ་མཆོད་འབུལ་སྡིག་པ་བཤགས། །དུས་གསུམ་དགེ་ལ་རྗེས་ཡི་རང་། །རྟག་ཏུ་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ། །བླ་མའི་གསང་གསུམ་མྱུར་འགྲུབ་ཤོག །དེ་ཡིས་སྔོན་འགྲོའི་ཆོས་གསུམ་རྫོགས། །དངོས་གཞི་སྒོམ་བཟླས་འདི་ལྟར་བྱ། །ཨེ་མ་ཧོ། རང་ལུས་ཐ་མལ་མ་ཡིན་ཏེ། །ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ། །དམར་མོ་གྲི་ཐོད་གར་སྟབས་འགྱིང་། །དར་དང་རུས་པའི་རྒྱན་གྱིས་སྤྲས། །སྤྱི་བོར་པདྨ་གེ་སར་སྟེང་། །ཐབས་ཤེས་ཉི་ཟླ་བརྩེགས་པའི་ཁྲིར། །མཆོག་གསུམ་རྒྱལ་བ་ཀུན་འདུས་པ། །བཀའ་དྲིན་གསུམ་ལྡན་བླ་མ་རྗེ། །འགྲོ་འདུལ་རིག་འཛིན་ལུང་རིག་གླིང་། །ཡང་ན། འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་། །རྒྱལ་དབང་པདྨ་ཐོད་ཕྲེང་དང་། །དབྱེར་མེད་གཞོན་ནུ་ལོ་བརྒྱད་ཚུལ། །དཀར་དམར་མདངས་ལྡན་ཞི་འཛུམ་བཞད། །ཐེག་གསུམ་ཆོས་ལ་དབང་བསྒྱུར་རྟགས། །གསང་གོས་དཀར་དང་སྔགས་བེར་མཐིང་། །ཆོས་གོས་དམར་པོ་གསེར་རིས་ཅན། །ཕྱི་ནས་བེར་ཕྱམ་སྨུག་པོ་གསོལ།།པད་ཞྭ་རྒོད་ལྡེམ་དར་སྣ་དཔྱང་། །ཕྱག་གཡས་གསེར་རྡོར་ཐུགས་ཀར་གདེངས། །ཕྱག་གཡོན་ལྟེ་བའི་ཐད་ཀ་རུ། །ཐོད་བུམ་བདུད་རྩིིས་གང་བ་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །མཆན་གཡོན་ཁ་ཊཱཾ་རྩེ་གསུམ་བསྣམས། །དེ་ཡི་སྟེང་གི་ནམ་མཁའ་ལ། །བརྒྱུད་པ་དྲུག་ལྡན་བླ་མ་དང་། །བར་དུ་རྒྱུད་སྡེ་བཞི་ཡི་ལྷ། །འོག་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྤྲིན་དཔུང་གཏིབས་པ་ལྟ་བུར་བསྒོམ། །རྩེ་གཅིག་གསོལ་བ་འདི་ལྟར་འདེབས། །ཀྱཻ་དུས་གསུམ་སངས་རྒྱས་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་མཆོག །བཀའ་དྲིན་གསུམ་ལྡན་བླ་མ་ལ། །སྙིང་ནས་གུས་པས་གསོལ་བ་འདེབས། །བདག་ནི་འཁོར་བའི་རྒྱ་མཚོ་འདིར།།ལས་དང་ཉོན་མོངས་རྦ་ལ་གཡེང་། །སྡུག་བསྔལ་གསུམ་གྱིས་མནར་བ་ལ། །ཁྱོད་ཀྱི་བརྩེ་ཆེན་ཐུགས་རྗེའི་གྲུས། །ཐར་མཆོག་རིན་ཆེན་གླིང་ཉིད་དུ། །ད་ལྟ་ཉིད་དུ་འདྲེན་དུ་གསོལ། །ཁྱོད་སྐུ་འཕགས་པའི་དགེ་འདུན་ཏེ། །གསུང་མཆོག་ཟབ་རྒྱས་སྨིན་གྲོལ་ཆོས། །ཐུགས་གསང་རྣམ་མཁྱེན་རྫོགས་སངས་རྒྱས། །དཀོན་མཆོག་གསུམ་གྱི་རང་བཞིན་ཅན། །བླ་མེད་བླ་མ་པད་འབྱུང་དང་། །དབྱེར་མེད་ངེས་ཤེས་དྲག་པོའི་བློས། །རྟག་ཏུ་གུས་པས་གསོལ་བ་འདེབས། །བདག་ནི་འཁོར་བའི་སྡུག་བསྔལ་ལ། །ངེས་འབྱུང་ཐར་པའི་བློ་སྐྱེས་ཏེ། །བདེན་བཞིའི་ཚུལ་ཁྲིམས་སྒོར་ཞུགས་ཀྱང་། །ལས་ཉོན་ཉེས་ལྟུང་ཆར་ལྟར་འབེབས། །དེ་བཞིན་ཐེག་ཆེན་སྒོར་ཞུགས་ཀྱང་། །སྨོན་འཇུག་བྱང་ཆུབ་སེམས་ལས་ཉམས། །དབང་བཞི་དམ་ཚིག་འགལ་ཉམས་འདས། །མི་འཆབ་འགྱོད་པ་དྲག་པོས་བཤགས། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ཅེས་པས་གདུང་བའི་ཤུགས་བསྐྱེད་དེ། །མཚན་སྔགས་འདི་ཉིད་ཅི་ནུས་བཟླ།། ཨོཾ་ཨཱཿམ་ཧཱ་གུ་རུ་བིདྱཱ་དྷ་ར་མཎྜ་གུ་ཧྱ་དྭཱི་པ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་པ་འདི་ཉིད་ཅི་མང་བཟླ། མཐར་ནི་དབང་བཞི་ལེན་པ་ནི། ཨེ་མ་ཧོ། དེ་ལྟར་མོས་གུས་རྩེ་གཅིག་པས། །གསོལ་བཏབ་བླ་མའི་ཐུགས་རྒྱུད་བསྐུལ། །སྐུ་ཡི་གནས་བཞི་ལས་འཕྲོས་པའི། །འོད་ཟེར་དཀར་དམར་མཐིང་ལྗང་གིས། །བདག་གི་ལུས་ངག་ཡིད་གསུམ་དང་། །ཀུན་གཞིའི་བག་ཆགས་བཅས་པ་སྦྱངས། །མཐར་ནི་བླ་མ་རྩ་བ་གསུམ། །འོད་ཞུ་རང་དང་དབྱེར་མེད་ངང་། །ཆོས་དབྱིངས་སྤྲོས་བྲལ་དགོངས་པའི་ཀློང་། །མ་བཅོས་རང་བབས་ཆེན་པོར་ཨཱཿ དེ་ལྟར་རང་གཞན་དུས་གསུམ་དུ། །བླ་མ་མཆོག་གསུམ་སྒོམ་བཟླས་བསྒྲུབས། །རྣམ་དཀར་དགེ་ཚོགས་ཅི་བསགས་པ། །མཁའ་ཁྱབ་འགྲོ་བ་ཡོངས་ལ་བསྔོ། །ཀུན་ཀྱང་སྐུ་གསུམ་བདག་ཉིད་ཅན། །ཨོ་རྒྱན་བླ་མའི་གོ་འཕང་མཆོག །དཀའ་བ་མེད་པར་མྱུར་འགྲུབ་ཤོག །ཅེས་པའང་རྩོད་བྲལ་དུས་བབས་ཀྱི་གཏེར་ཆེན་གསང་སྔགས་གླིང་པ་སོགས་རང་མོས་ཀྱི་བླ་མ་གང་ལའང་སྦྱར་དུ་རུང་བའི་སྒྲུབ་ཐབས་ཤིག་དགོས་ཞེས་བློ་གསལ་སྐལ་བ་དང་ལྡན་པའི་བཙུན་པ་ལུང་རྟོགས་བསྟན་འཛིན་གྱིས་བསྐུལ་ངོར། དགེ་སྦྱོང་རྒན་པོ་རྒྱ་སྤྲུལ་མིང་ནས་སྨྲས་པ་ཡི་གེ་པ་ནི་བསྐུལ་བ་པོ་ཉིད་ཀྱིས་བྲིས་པ་ཛ་ཡནྟུ།

རིག་འཛིན་ལུང་རིག་གླིང་པའི་བླ་སྒྲུབ་དངོས་གྲུབ་འདོད་འཇོ།

༄༅། རིག་འཛིན་ལུང་རིག་གླིང་པའི་བླ་སྒྲུབ་དངོས་གྲུབ་འདོད་འཇོ་བཞུགས།

ཨེ་མ་ཧོ། དཀོན་མཆོག་གསུམ་གྱི་རང་བཞིན་བྱང་ཆུབ་སེམས། །བླ་མའི་སྐུ་གསུང་ཐུགས་ལ་སྐྱབས་སུ་མཆི། །སེམས་ཅན་དོན་དུ་བླ་མེད་བླ་མ་སྒྲུབ། །ཚེ་འདིར་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །བདག་ལུས་ཐ་མལ་སྤྱི་གཙུག་པད་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་དང་། །དབྱེར་མེད་དྲིན་ཆེན་བླ་མ་སྤྲུལ་པའི་སྐུ། །དཀར་དམར་མདངས་ལྡན་ཞི་ཁྲོ་བཞད་པའི་ཞལ། །ཆོས་གོས་རྣམ་གསུམ་པན་ཞུ་དམར་པོ་མཛེས། །ཆོས་འཆད་ཕྱག་རྒྱས་པད་སྟེང་རྡོ་དྲིལ་བསྣམས། །བསླབ་གསུམ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །རྩ་གསུམ་དཀྱིལ་འཁོར་སྤྲོ་བསྡུའི་བྱེད་པོ་མཆོག །འདི་ཕྱིའི་རེ་ལྟོས་སྐྱབས་གནས་གཞན་མ་མཆིས། །དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །གང་དང་གང་དུ་སྐྱེས་པ་དེ་དང་དེར། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས། །ཐར་པའི་ལམ་དུ་འདྲེན་པར་མཛད་དུ་གསོལ། །གལ་ཏེ་ལས་དབང་དྲག་པོ་མཐུ་བཙན་པས། །ཉོན་མོངས་དབང་གྱུར་སྡིག་པའི་གྲོགས་དང་འགྲོགས། །མི་དགེ་བཅུ་སྤྱོད་ཐར་བའི་ལམ་སྟོར་ན། །དགེ་བའི་གྲོགས་པོ་མཛད་པར་ཁྱེད་རང་མཁྱེན། །ལུས་ལ་མི་འདོད་རྐྱེན་ངན་ནད་བྱུང་ཚེ། །འཆི་མེད་སྨན་གྱིས་གསོ་བར་ཁྱེད་རང་མཁྱེན། །དབུལ་ཕོངས་བཀྲེས་ཤིང་སྐོམ་པས་ཉམས་ཐག་ན། །འདོད་དགུའི་ཆར་ཆེན་འབེབས་པར་ཁྱེད་རང་མཁྱེན། །འཆི་ཚེ་མ་དག་སྣང་བས་བསླུས་གྱུར་ན། །སྐུ་གསུམ་ཞིང་ཁམས་སྟོན་པར་ཁྱེད་རང་མཁྱེན། །བར་དོར་སྒྲ་འོད་ཟེར་གྱིས་འཇིགས་སྐྲག་ན། །སྐྱེ་མེད་ངོ་སྤྲོད་མཛད་པར་ཁྱེད་རང་མཁྱེན། །ངན་སོང་གནས་སུ་སྡུག་བསྔལ་མྱོང་སྲིད་ན། །མཐོ་རིས་གནས་སུ་སྤོར་བར་ཁྱེད་རང་མཁྱེན། །གཞན་དོན་དོར་ཞིང་རང་དོན་ལྷུར་ལེན་ཚེ། །ཐེག་ཆེན་ཆོས་ལ་བསྐུལ་བར་ཁྱེད་རང་མཁྱེན། །ཟབ་ལམ་བསྒོམ་ཀྱང་ཉམས་རྟོགས་དྲོད་མེད་ན། །ཟག་མེད་བདེ་ལ་སྦྱོར་བར་ཁྱེད་རང་མཁྱེན། །རྒྱལ་སྲས་སྤྱོད་པ་རྩལ་ཆེན་མ་རྫོགས་ན། །ས་ལམ་མཐའ་རུ་ཕྱིན་པ་ཁྱེད་རང་མཁྱེན། །ཟ་ཉལ་འགྲོ་འདུག་སྤྱོད་ལམ་རྣམ་བཞིའི་སྐབས། །ཡང་དག་དོན་དང་ལྡན་པར་ཁྱེད་རང་མཁྱེན། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །ཚེ་འདིར་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། ། ཨོཾ་ཨཱ༔ཧཱུྃ་མ་ཧཱ་གུ་རུ་ཨ་གཾ་བིདྱཱ་དྭཱི་པ་སརྦ་སིདྡྷི་ཧཱུྃ། ཞེས་ཅི་ནུས་སུ་བཟླས་མཐར། སྐྱབས་ཀུན་འདུས་པའི་བདག་ཉིད་བླ་མ་ལ། །རྩེ་གཅིག་གསོལ་བ་བཏབ་པས་གནས་བཞི་ལས། །ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་ཧྲཱིཿལྗང་འོད། །རང་མདོག་བདག་གི་གནས་བཞིར་ཐིམ་པ་ཡིས། །ལུས་ངག་ཡིད་གསུམ་ཀུན་གཞིའི་སྒྲིབ་པ་དག །བུམ་གསང་ཤེས་རབ་བཞི་པའི་དབང་རྣམས་ཐོབ། །ཆོས་ལོངས་སྤྲུལ་གསུམ་ངོ་བོ་ཉིད་ཀྱི་སྐུ། །ཡེ་ནས་རང་ལ་གནས་པ་མངོན་དུ་གྱུར། །སྐུ་ལྔའི་བདག་ཉིད་བླ་མ་རྡོ་རྗེ་འཆང་། །རང་རིག་བདེ་གཤེགས་སྙིང་པོའི་རང་ཞལ་མཇལ། །མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་དུ་ཤོག །ཅེས་པའང་སྒྲུབ་བརྩོན་ཚེ་དབང་གྲགས་པ་དང་། ཆུང་ནས་འབྲེལ་འདྲིས་ཆེ་བའི་བཙུན་ཆུང་རིག་འཛིན་མིང་ཅན་གཉིས་ནས་ནན་ཏན་ཆེན་པོས་བསྐུལ་ངོར་ཁྱི་སོ་ལ་ཡང་མོས་པ་བྱས་པས་རིང་བསྲེལ་བྱུང་བ་གཏན་ཚིགས་བྱས་ནས་རྒྱ་སྤྲུལ་མིང་སྙོམ་ལས་པས་སྨྲས་པ་དུས་ཀུན་དགེ་བར་གྱུར་ཅིག

བླ་མའི་རྣལ་འབྱོར་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ།

༄༅། བླ་མའི་རྣལ་འབྱོར་གྱི་ལྷན་ཐབས་རིན་ཆེན་ཕྲ་ཚོམ་བཞུགས། བླ་མ་ལ་ཕྱག་འཚལ་ལོ་བྱིན་གྱིས་རློབས་ཤིག དུས་ནམ་ཡང་རུང་བར་མོས་གུས་དྲག་པོས་བློ་སེམས་བླ་མའི་ཕྱོགས་སུ་གཏད་ནས་ངག་ཏུ། བླ་མ་མཁྱེན། བླ་མ་མཁྱེན། བླ་མ་རིན་པོ་ཆེ་མཁྱེན་ནོ། དལ་འབྱོར་ལུས་རྟེན་ལན་གཅིག་ཐོབ་དུས་སུ། །སྙིང་པོའི་ལྷ་ཆོས་ཡང་དག་མ་འགྲུབ་ན། །སླར་ཡང་ངན་འགྲོ་བཟོད་དཀའི་དུཿཁས་མནར། །གསོལ་བ་འདེབས་སོ་གུ་རུ་པད་འབྱུང་མཁྱེན། །བྱིན་གྱིས་རློབས་ཤིག་གྲུབ་དབང་རྫོགས་ཆེན་པ། །ལུས་ཀྱི་སྡོང་པོ་འཆི་བདག་སྟ་རེས་གསེས། །དབུགས་ཀྱི་ན་བུན་བར་ཆད་རླུང་གིས་གཡེངས། །ནོར་རྫས་བཞག་ནས་གཅིག་པུར་འགྲོ་བའི་ཚེ། །གསོལ་བ་འདེབས་སོ་གུ་རུ་པད་འབྱུང་མཁྱེན། །བྱིན་གྱིས་རློབས་ཤིག་གྲུབ་དབང་རྫོགས་ཆེན་པ། །གཉེན་བཤེས་ཚོང་དུས་མགྲོན་པོ་བཞིན་དུ་འབྲལ། །གང་ལ་བསམ་ཀྱང་འདུས་བྱས་སྙིང་པོས་སྟོང་། །ཇི་ལྟར་བྱས་ཀྱང་ཚེ་ལ་བཤོལ་ཐབས་མེད། །གསོལ་བ་འདེབས་སོ་གུ་རུ་པད་འབྱུང་མཁྱེན། །བྱིན་གྱིས་རློབས་ཤིག་གྲུབ་དབང་རྫོགས་ཆེན་པ། །ཆོས་ལམ་ཞུགས་ཀྱང་སོ་ཐར་བྱང་སེམས་དང་། །གསང་སྔགས་ཟབ་མོ་བསྲུང་སྡོམ་དམ་ཚིག་རྣམས། །ཉམས་པའི་སྐྱོན་གྱིས་འཕྲལ་ཕུག་སྡུག་བསྔལ་སྐྱེད། །གསོལ་བ་འདེབས་སོ་གུ་རུ་པད་འབྱུང་མཁྱེན། །བྱིན་གྱིས་རློབས་ཤིག་གྲུབ་དབང་རྫོགས་ཆེན་པ། །ཁྱེད་ཤེས་དད་པ་བྱིན་རླབས་འཇུག་པའི་རྒྱུ། །ཉོན་མོངས་དབང་གིས་ལོག་ལྟས་བསླད་གྱུར་ན། །ཐུགས་རྗེའི་ལྕགས་ཀྱུས་འདྲེན་པར་དཀའ་བའི་ཕྱིར། །བདག་གི་སྐྱིད་སྡུག་ལེགས་ཉེས་བདེ་སྡུག་རྣམས། །ཁྱོད་ལ་གཏད་དོ་གྲུབ་དབང་རྫོགས་ཆེན་པ། །པདྨ་རིག་འཛིན་འགྲོ་བའི་མགོན་པོ་མཁྱེན། །འགྱུར་མེད་ཐེག་མཆོག་བསྟན་པའི་རྩ་ལག་མཁྱེན། །ངེས་དོན་བསྟན་འཛིན་སྙིགས་མའི་མུན་སེལ་མཁྱེན། །རྒྱལ་བ་དགོངས་བརྒྱུད་ཆོས་སྐུའི་བླ་མ་མཁྱེན། །རིག་འཛིན་བརྡ་བརྒྱུད་ལོངས་སྐུའི་བླ་མ་མཁྱེན། །གཏད་རྒྱ་སྨོན་ལམ་དབང་བརྒྱུད་བླ་མ་མཁྱེན། །བརྒྱུད་པ་དགུ་ལྡན་མི༵་འགྱུ༵ར་བདེ་བ་ཆེ། །སྟོང་ཆེན་ན༵མ་མཁ༵འི་དཔལ་མོར་ཟུང་འཇུག་ངང་། །འགགས་མེད་རྡོ༵་རྗེ༵་གསུམ་གྱི་རོལ་གར་ཅན། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་མཁྱེན། །དམ་པས་རྗེས་བཟུང་ལུ༵ང་རྟོ༵གས་བསྟ༵ན་པ༵འི་ཚལ། །བཤད་སྒྲུབ་ཉི༵ན་བྱེ༵ད་སྣང་བས་གསལ་མཛད་པ། །སྤྲུལ་པའི་སྐུ་མཆོག་མཁས་གྲུབ་དཔ༵ལ་བཟ༵ང་པོ༵། །སློབ་དཔོན་པདྨའི་བརྒྱུད་འཛིན་བླ་མ་མཁྱེན། །དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས། །མི་རྟག་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ལས་འབྲས་བསླུ་མེད་ཤེས་པར་བྱིན་གྱིས་རློབས། །འཁོར་བར་ཞེན་པ་ལྡོག་པར་བྱིན་གྱིས་རློབས། །ཅེས་བློ་ལྡོག་རྣམ་པ་བཞིའི་དོན་བསམ་མཐར་དངོས་གཞི་ནི། ཨོཾ་ཨཱ༔ཧཱུྃ༔ བདག་ལུས་ཐ་མལ་མ་ཡིན་མཁའ་འགྲོ་མ༔ ཞེས་སོགས་ནས་མཚན་སྔགས་ཡིག་བརྒྱ་དབྱངས་གསལ་མཐར། རྗེ་བཙུན་བླ་མའི་གསང་གསུམ་མཛད་ཕྲིན་ཚོགས། །མཐོང་ཐོས་དྲན་རེག་ངན་འགྲོའི་སྡུག་བསྔལ་གྲོལ། །རྣམ་མཁྱེན་མཆོག་ལ་འགོད་པའི་བཀའ་དྲིན་ཅན། །སྐུ་གསུམ་ཀུན་འདུས་བླ་མའི་ཡོན་ཏན་ཚོགས། །བདག་དང་མོས་པའི་སྐལ་ལྡན་ལུས་ངག་ལ། །ད་ལྟ་ཉིད་དུ་འཇུག་པར་བྱིན་གྱིས་རློབས། །ཐུགས་ཀྱི་དགོངས་པ་པཎ་གྲུབ་རྫོགས་སངས་རྒྱས། །མཁྱེན་བརྩེ་ནུས་པའི་དཔལ་འབར་བྱིན་རླབས་ཀྱིས། །རྨོངས་པའི་མུན་སེལ་མཁྱེན་རབ་སྣང་བ་རྒྱས། །ཚེ་འདིར་གདོད་མའི་གྲོལ་གཞི་མངོན་གྱུར་ཤོག །མོས་གུས་གདུང་བས་བླ་མ་རྡོ་རྗེ་སེམས། །དགྱེས་ཤིང་འཛུམ་པའི་སྨིན་མཚམས་ནས་འཕྲོས་པའི། །འོད་ཟེར་དཀར་པོ་སྤོས་རེང་དུ་བ་ལྟར། །བདག་གི་སྤྱི་བོ་ནས་ཞུགས་ལུས་སྒྲིབ་དག །བུམ་པའི་དབང་ཐོབ་སྐུ་ཡི་ས་བོན་ཐེབས། །མགྲིན་པ་ལས་བྱུང་འོད་ཟེར་དམར་པོའི་ཚོགས། །བདག་གི་ལྕེ་ལ་བབས་པས་ངག་སྒྲིབ་དག །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །ཐུགས་ལས་འོད་ཟེར་མཐིང་ག་ནམ་མཁའི་མདོག །བདག་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག །ཤེར་དབང་ཐོབ་ནས་ཐུགས་ཀྱི་དགོངས་པ་འཕོས། །སླར་ཡང་རྡོར་སེམས་འོད་དུ་ཞུ་བ་ལས། །རང་ལུས་རྣལ་འབྱོར་མ་དང་དབྱེར་མེད་གྱུར། །སྒྲིབ་པ་ཀུན་དག་ཚིག་དབང་དམ་པ་ཐོབ། །སྐུ་བཞིའི་དགོངས་དོན་མངོན་གྱུར་ཨེ་མ་ཧོ། །དཔལ་ལྡན་རྩ་བའི་བླ་མ༴སོགས། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ༴སོགས། སྐྱེ་བ་ཀུན་ཏུ༴སོགས། དམ་པའི་གསུང་ཚིག་གསེར་གྱི་སྙན་རྒྱན་ལ། །བླུན་ཚིག་མགྲོན་བུའི་ཕྲ་འདི་མཛེས་མིན་ཀྱང་། །དད་པ་ཅན་ལ་ཕན་ཐོགས་འབྱུང་སྙམ་པའི། །ལྷག་བསམ་དག་པས་རྒྱ་སྤྲུལ་མིང་གིས་བྲིས། །དགེའོ། །དགེའོ། །དགེའོ། །

འཇམ་པའི་དབྱངས་ཀྱི་གསོལ་འདེབས་གཏི་མུག་མུན་སེལ་ཡེ་ཤེས་འོད་ཀྱི་སྒྲོན་མེ།

༄༅༔ དམ་ཆོས་ཡང་ཟབ་པདྨའི་ཐུགས་བཅུད་ལས༔ འཇམ་པའི་དབྱངས་ཀྱི་གསོལ་འདེབས་གཏི་མུག་མུན་སེལ་ཡེ་ཤེས་འོད་ཀྱི་སྒྲོན་མེ་བཞུགས༔

༄༅༔ ན་མོ་གུ་རུ་ཝཀྐི་ཤྭ་རི་མུཾ༔ གདོད་ནས་གཏི་མུག་དྲི་བྲལ་ཆོས་ཀྱི་དབྱིངས༔ ཀུན་ཏུ་བཟང་པོ་ཡབ་ཡུམ་ལ་གསོལ་བ་འདེབས༔ གཟུང་འཛིན་གློ་བུར་འཁྲུལ་རྟོག་མུན་པའི་ཚོགས༔ ད་ལྟ་ཉིད་དུ་སངས་པར་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ རང་བྱུང་ལྷུན་གྲུབ་སྐུ་ལྔའི་འཕྲོ་འདུ་ལས༔ ལོངས་སྐུ་རིགས་ལྔ་གཙོ་འཁོར་ལ་གསོལ་བ་འདེབས༔ དུག་ལྔའི་སྒྲིབ་མུན་འཁོར་བའི་རབ་རིབ་སྤྲིན༔ སྤྲོས་བྲལ་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ གང་འདུལ་རོལ་རྩལ་མཁྱེན་པའི་འོད་ཟེར་འབར༔ འཇམ་དཔལ་དབྱངས་ཅན་རིགས་ལྔ་ལ་གསོལ་བ་འདེབས༔ བློ་གྲོས་ཆོས་ཀྱི་པདྨོ་འདབ་བརྒྱ་བ༔ ཐོགས་མེད་མྱུར་དུ་ཕྱེ་བར་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ དུས་གསུམ་རྒྱལ་བའི་རྒྱལ་ཚབ་འགྲོ་བའི་མགོན༔ མཁས་པ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས༔ རིག་པའི་གནས་ལྔ་ཤེས་བྱའི་ཆོས་ཁམས་ཀུན༔ རྩོལ་མེད་བློ་ལ་འཆར་བར་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ འཕགས་ཡུལ་ཐུབ་པའི་བསྟན་འཛིན་འགྲན་ཟླ་བྲལ༔ འཛམ་གླིང་མཛེས་རྒྱན་མཆོག་གཉིས་ལ་གསོལ་བ་འདེབས༔ མདོ་རྒྱུད་ལུང་དང་རིགས་པའི་ང་རོ་ཡིས༔ རྒོལ་ངན་མཐའ་དག་འཇོམས་ནུས་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ བོད་ཡུལ་བསྟན་པའི་སྒྲོན་མེ་གངས་ལྗོངས་མིག༔ ཁྲི་སྲོང་ལོ་པཎ་མཆོག་རྣམས་ལ་གསོལ་བ་འདེབས༔ བསླབ་གསུམ་ནོར་བུས་བདག་རྒྱུད་རབ་གཏམས་ནས༔ འགྲོ་བློའི་དབུལ་བ་སེལ་བར་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ ཕྱོགས་བཅུ་ཀུན་ནས་གཏི་མུག་འགྲོ་རྣམས་ལ༔ ཕན་མཛད་བརྒྱུད་གསུམ་བླ་མ་ལ་གསོལ་བ་འདེབས༔ ཆོས་དང་ཆོས་མིན་འབྱེད་པའི་ཤེས་རབ་མིག༔ འགྲིབ་མེད་ཀུན་ཏུ་གསལ་བར་བྱིན་གྱིས་རློབས༔ གུ་རུ་མཉྫུ་ཤྲཱི་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ ཐར་ལམ་ཆོས་ཀྱི་སྒྲོན་མེས་ས་གསུམ་འགྲོ༔ འདྲེན་མཛད་སྐྱེ་འཕགས་དགེ་འདུན་ལ་གསོལ་བ་འདེབས༔ ས་བཅུ་ལམ་ལྔའི་དཔལ་ཡོན་མ་ལུས་ཀུན༔ སྐད་ཅིག་ཉིད་ལ་བགྲོད་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བཏབ་བྱིན་རླབས་བསླུ་མེད་མཐུས༔ བདག་ཅག་ལས་ངན་འགྲོ་རྣམས་སྲིད་མཚོ་ལས༔ མགོན་པོ་ཁྱེད་རྣམས་ཐུགས་རྗེ་ཡེ་ཤེས་གྲུས༔ ཐར་པའི་གླིང་མཆོག་བསྒྲོད་པར་བྱིན་གྱིས་རློབས༔ ཤེས་རབ་གསུམ་གྱི་གསེར་ཐུར་དྲི་བྲལ་བས༔ རྨོངས་པའི་ལིང་ཏོག་མ་ལུས་མྱུར་བསལ་བས༔ ཡེ་ཤེས་སྤྱན་གྱིས་སྲིད་ཞིའི་དེ་ཉིད་དོན༔ ད་ལྟ་ཉིད་དུ་མཐོང་བར་བྱིན་གྱིས་རློབས༔ ཐོག་མེད་ནས་བསགས་ལས་ཉོན་བག་ཆགས་བཅས༔ མགོན་ཁྱེད་ཐུགས་རྗེ་བདག་གིས་བརྩོན་པའི་མཐུས༔ གློ་བུར་སྤྲིན་བཞིན་སྤྲོས་བྲལ་དབྱིངས་དག་ནས༔ སྐུ་གཉིས་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས༔ བདག་ཉིད་མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ ཚེ་རབས་ཀུན་ཏུ་འཇམ་དབྱངས་མགོན་ཁྱེད་ཀྱིས༔ ཚད་མེད་བརྩེ་བས་རྗེས་སུ་ཉེར་བཟུང་ནས༔ སྒྲིབ་སྦྱང་ཡོན་ཏན་རྫོགས་པར་བྱིན་གྱིས་རློབས༔ དེ་ལྟར་འཇམ་པའི་དབྱངས་ཀྱི་གསོལ་འདེབས་འདིར༔ འབད་པས་ཤེས་རབ་སྣང་བ་རྒྱས་པར་ངེས༔ དག་སྣང་ཟབ་ཆོས་ཐུགས་བཅུད་ཆ་ལག་ཏུ༔ པདྨའི་བྱིན་གྱིས་བརླབས་པའི་མཐུ་ལས་བྱུང་༔

འཇམ་དབྱངས་རིགས་ལྔའི་རྒྱུན་ཁྱེར་ཤེས་རབ་ཉི་མ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ འཇམ་དབྱངས་རིགས་ལྔའི་རྒྱུན་

ཁྱེར་ཤེས་རབ་ཉི་མ་བཞུགས༔

རབ་འབྱམས་རྒྱལ་བའི་ཐུགས་ཀྱི་དབྱིངས༔ ཉོན་ཤེས་སྒྲིབ་པའི་སྐྱོན་ལས་གྲོལ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༔ རང་བཞིན་ཤེས་པའི་ངང་ནས་འདུད༔ མ་འོངས་སྐལ་ལྡན་རིགས་ཀྱི་བུ༔ ཡང་གསང་ཆོས་ལ་སྤྱོད་པའི་ཚེ༔ གནས་ལྔ་རིག་པའི་མཛོད་སྒོ་འབྱེད༔ གདམས་པ་ཟབ་མོ་འདིར་སྤྱོད་ཅིག༔ ས་མ་ཡཱ༔ དཔལ་ལྡན་བླ་མ་མགོན་པོ་འཇམ་པའི་དབྱངས༔ སྤྲོས་བཅས་སྤྲོས་མེད་རྣལ་འབྱོར་པའི༔ བློ་ཡི་རིམ་པ་ལྟར་དུ་སྤྱོད༔ འདི་ནི་སྤྲོས་མེད་ལུས་དཀྱིལ་ཏེ༔ སྦྱོར་བ་ཐོ་རངས་མལ་ནས་ལངས༔ རླུང་རོ་བསལ་ཞིང་བླ་མ་ལ༔ མོས་གུས་མཆི་མ་འཁྲུག་པར་བྱ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ འགྲོ་ཀུན་སྒྲོལ་ཕྱིར་སྐྱབས་སེམས་དང་༔ ཡན་ལག་བདུན་གྱི་ཚོགས་བསག་ནི༔ ཧྲཱིཿ དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ གཟུང་འཛིན་འཁོར་བའི་སྡུག་བསྔལ་ལས་སྒྲོལ་ཕྱིར༔ བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ མཐའ་ཡས་འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ སྐུ་གསུམ་ལྷ་ལ་གུས་པས་ཕྱག་འཚལ་ཞིང་༔ ཕྱི་ནང་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ གཟུང་འཛིན་སྒྲིབ་པའི་བག་ཆགས་དབྱིངས་སུ་བཤགས༔ དུས་གསུམ་རྒྱལ་བའི་དགེ་ལ་རྗེས་སུ་རངས༔ ཟག་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མཁའ་བཞིན་གཡོ་མེད་འགྲོ་ངོར་བཞུགས་གསོལ་འདེབས༔ དགེ་རྩ་དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ དེ་ཡིས་སྦྱོར་བའི་ཆོས་རྣམས་ཚང་༔ དངོས་གཞི་ཨ་ཏི་རྫོགས་པ་ཆེ༔ སྐད་ཅིག་དྲན་རྫོགས་ཏིང་འཛིན་ནི༔ ཨ༔ སྐད་ཅིག་དྲན་རྫོགས་གནས་ཡུལ་རྣམ་དག་ཞིང་༔ བདེ་ཆེན་ཞིང་ལྟར་བཀོད་ལེགས་ཕུན་ཚོགས་དབུས༔ རིན་ཆེན་གཞལ་ཡས་སྒོ་གྲུ་རྟ་བབས་རྒྱན༔ འཇམ་དཔལ་ཞིང་གི་ཡོན་ཏན་དཔག་མེད་ལྡན༔ དེ་དབུས་པདྨ་འདབ་བཞི་ཟླ་གདན་སྟེང་༔ ཨཿཡིག་དམར་པོ་ལི་ཁྲིའི་མདངས་འཛིན་པའི༔ འོད་ཀྱིས་འཕགས་མཆོད་བྱིན་རླབས་དངོས་གྲུབ་བསྡུས༔ འགྲོ་ཀུན་མུན་སེལ་ཡོངས་གྱུར་རང་གི་སེམས༔ ཆུ་ལས་ཉ་མོ་ལྡང་བཞིན་འཇམ་པའི་དབྱངས༔ ཞལ་གཅིག་ཕྱག་བཞི་ཞི་འཛུམ་བཅུ་དྲུག་ཉམས༔ གཞོན་ནུ་ཟུར་ཕུད་ལྔ་བ་རྩ་ཕྱག་གཉིས༔ ཤེས་རབ་རལ་གྲི་གླེགས་བམ་ཨུཏྤལ་བསྣམས༔ འོག་གཉིས་ཨུཏྤལ་མདའ་གཞུ་འགེངས་པའི་ཚུལ༔ ཞབས་གཉིས་སྐྱིལ་ཀྲུང་དར་དང་རིན་ཆེན་བརྒྱན༔ མདུན་ནས་གཡས་སྐོར་ཡི་གེ་འབྲུ་བཞི་ལས༔ འཇམ་དཔལ་དཀར་སེར་མཐིང་ལྗང་གཙོ་དང་མཚུངས༔ རང་རྟགས་ཕྱག་མཚན་གྱིས་བརྒྱན་རལ་པོད་དང་༔ ཨུཏྤལ་མདའ་གཞུ་ཡེ་ཤེས་སྤྱན་གསུམ་ལྡན༔ གཞན་ཡང་ལྷ་དང་དྲང་སྲོང་ཤེས་བྱའི་དཔལ༔ ཐོགས་མེད་སྩོལ་མཛད་སྐྱབས་འོས་ཀུན་གྱིས་བསྐོར༔ མ་འདྲེས་མཁའ་ལ་ཤར་བའི་དབང་གཞུ་བཞིན༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས་འཕྲོས་པས༔ རབ་འབྱམས་ཞིང་དང་རི་བོ་རྩེ་ལྔ་སོགས༔ འཇམ་དབྱངས་རིགས་ལྔའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ དམ་ཚིག་དབང་གི་མདུན་མཁར་སྤྱན་དྲངས་གྱུར༔ སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་ནི༔ ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོ༔ མི་དམིགས་སྤྲོས་བྲལ་ཆོས་སྐུའི་ཀློང་ཡངས་ནས༔ མ་འགགས་རང་རྩལ་ཡེ་ཤེས་འོད་ལྔའི་གདངས༔ རྩོལ་མེད་ཐུགས་རྗེའི་གཏེར་མངའ་འཇམ་པའི་དབྱངས༔ རིགས་ལྔ་སྒྱུ་འཕྲུལ་གར་གྱིས་གཤེགས་སུ་གསོལ༔ ཡེ་ནས་རང་དང་འབྲལ་མེད་རྟག་བཞུགས་ཀྱང་༔ རང་ངོ་མ་མཐོང་བག་ཆགས་གློ་བུར་སྒྲིབ༔ རང་གདངས་རང་བཞིན་མེད་པར་བསལ་བྱའི་ཕྱིར༔ དམ་ཡེ་བརྟན་བཞུགས་འཕྲུལ་དགའི་བརྡ་ཕྱག་འཚལ༔ ཕྱི་ནང་ཚོགས་དྲུག་ཡུལ་གྱི་མཆོད་པའི་རྫས༔ དངོས་འབྱོར་ཡིད་སྤྲུལ་བླ་མེད་ཏིང་འཛིན་འཕྲུལ༔ མི་ཟད་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ནས༔ མཁྱེན་རབ་མཛོད་འཛིན་འཇམ་པའི་དབྱངས་ལ་འབུལ༔ ཨོཾ་བཛྲ་མ་ཧཱ་སརྦ་པཱུ་ཛ་ཧོ༔ བསྟོད་ཅིང་ཛཔ྄་དབྱངས་བཟླ་བ་ནི༔ ཨོཾ་མི་འགྱུར་མཚན་དཔེ་བཅུ་དྲུག་གཞོན་ནུའི་སྐུ༔ ཨཿམ་བཅོས་འགགས་མེད་དྲུག་ཅུའི་དབྱངས་ལྡན་གསུང་༔ ཧཱུྃ་མི་དམིགས་མཁྱེན་བརྩེས་ཀུན་ཁྱབ་སྤྲོས་བྲལ་ཐུགས༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཁྱེད་ལ་བསྟོད༔ རྒྱལ་ཀུན་ཐུགས་ཀྱི་གསང་བ་རྡོ་རྗེའི་དབྱིངས༔ བདག་ལྟའི་གཤེད་གྱུར་བདག་མེད་ཆོས་སྒྲ་སྒྲོག༔ ཡེ་ཤེས་སེམས་དཔའ་འཇམ་དབྱངས་རིགས་ལྔའི་ལྷ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད་པར་བགྱི༔ གཙོ་བོའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱིཿ ནམ་མཁའི་མདོག་ཅན་ཡོངས་གྱུར་དབྱངས་ཅན་མ༔ སྔོ་བསང་བཻཌཱུརྱ་ཡི་རྒྱུད་མང་བསྣམས༔ བཞེངས་སྟབས་ཅན་གྱི་ཐུགས་ཀར་ཉི་གདན་ལ༔ ཨཿཡིག་དམར་སེར་རྩ་བའི་སྔགས་ཀྱིས་བསྐོར༔ ཨ་ར་པ་ཙ་ན་དྷཱིཿ འབྲུ་འབུམ་བཟླས་པས་ལྷ་ཞལ་མཇལ༔ དམིགས་པའི་སྤྲོ་བསྡུ་གཞན་ལས་ཤེས༔ སྐབས་སུ་མཆོད་བསྟོད་ཐུན་སྐབས་སུ༔ གླུར་བླངས་རྒྱུད་བཀླགས་དངོས་གྲུབ་བསྐུལ༔ ཀྱཻ་དགོངས་ཤིག་མ་རིག་མུན་སེལ་འཇམ་པའི་དབྱངས༔ ཡེ་ཤེས་ལྔ་ཡི་རང་རྩལ་སྤྲུལ་པའི་འཁོར༔ སྦས་ཚུལ་ཐུགས་ཀྱི་ཡུམ་མཆོག་དབྱངས་ཅན་མ༔ བདག་གིས་ཁྱེད་རྣམས་ལྷག་པའི་ལྷར་བརྟེན་ནས༔ བསྙེན་སྒྲུབ་གནད་བསྣུན་ཐུགས་དམ་བསྐུལ་ལགས་ན༔ མཁྱེན་རབ་ལྷ་ལ་སྙེམས་པ་མི་མངའ་ཡང་༔ ཞི་བའི་དབྱིངས་སུ་མནལ་བར་མི་མཛད་ཅིང་༔ ཐུགས་རྗེ་འགགས་མེད་གཟུགས་སྐུའི་ཞལ་སྟོན་ཅིང་༔ གྲགས་སྟོང་ཚངས་པའི་དབྱངས་ཀྱིས་ཆོས་སྟོན་ལ༔ མཁྱེན་བརྩེའི་དགོངས་པ་བདག་ལ་ཉེར་འཕོས་ནས༔ དུས་འདིར་བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་དུ་འདི་ཉིད་བཏགས༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ རྗེས་ལ་རྫོགས་པའི་རིམ་པ་འདི་ལྟ་སྟེ༔ ཧོ༔ སྣང་བའི་ཆོས་ཀུན་སྟོང་པ་ཆེན་པོའི་ངང་༔ སྐྱེ་འགག་གནས་གསུམ་བྲལ་བ་ཆོས་ཀྱི་དབྱིངས༔ དུས་གསུམ་བློ་འདས་ཁྱབ་བརྡལ་མཉམ་པ་ཉིད༔ རང་བབ་གཉུག་མའི་རང་གཤིས་ཨ་ལ་ལ༔ དགེ་བའི་རྩ་བ་འགྲོ་ལ་འདི་བཞིན་བསྔོ༔ དུས་གསུམ་ཀུན་ཏུ་སྒོ་གསུམ་དགེ་བའི་ལས༔ བདག་གིས་ཅི་བསགས་མཐའ་ཡས་འགྲོ་ལ་བསྔོ༔ གནས་སྐབས་བློ་ཡི་མུན་སེལ་ཤེས་རབ་རྒྱས༔ མཐར་ཐུག་འཇམ་པའི་རྡོ་རྗེ་མངོན་གྱུར་ཤོག༔ བཀྲ་ཤིས་བརྗོད་པ་ནི༔ ཨེ་མ་ཧོ༔ ཤེས་བྱ་ཀུན་གཟིགས་རྗེ་བཙུན་འཇམ་པའི་དབྱངས༔ ངག་གི་ལྷ་མོ་བློ་གྲོས་རྒྱ་མཚོའི་གཏེར༔ མཐའ་ཡས་འགྲོ་བའི་གཏི་མུག་མུན་པ་སེལ༔ ཡེ་ཤེས་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འཇམ་དབྱངས་རྒྱུན་ཁྱེར་ཤེས་རབ་ཉི་མ་ཞེས་བྱ་བ་འདི་ཆོས་བདག་འཇིགས་མེད་རྡོ་རྗེའི་ངོར༔ རིག་འཛིན་ལུང་རིག་གླིང་པས་དག་སྣང་ལས་ཕབ་པའོ༔

འཇམ་དཔལ་གྱི་གསོལ་འདེབས་མུན་པ་མཐའ་དག་སེལ་བའི་སྒྲོན་མེ།

༄༅།། འཕགས་པ་འཇམ་དཔལ་གྱི་གསོལ་འདེབས་མུན་པ་མཐའ་དག་སེལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས༔ གུ་རུ་མཉྫུ་ཤྲཱི་སྭ་ར་སྭ་སྟྭི་བྷྱ༔ གདོད་ནས་སྤྲོས་བྲལ་ཆོས་དབྱིངས་ལྷ་ལམ་དུ༔ ཇི་སྙེད་ཤེས་བྱ་གཟིགས་པའི་འོད་སྟོང་དལ༔ ཟུང་འཇུག་སྒྲིབ་བྲལ་འཇམ་དབྱངས་གཞོན་ནུའི་སྐུ༔ སྙིང་གི་མུན་སེལ་བླ་མར་གསོལ་བ་འདེབས༔ རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ༔ རྒྱལ་གསུང་ཆོས་ཀྱི་ཕུང་པོ་མཐའ་ཡས་པ༔ མཚན་བཟང་དཔེ་བྱད་རྫོགས་པའི་འདབ་སྟོང་བཞད༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་ཡལ་འདབ་རྒྱས༔ ངག་དབང་འཇམ་པའི་དབྱངས་དེར་གསོལ་བ་འདེབས༔ ཁྱེད་ཉིད་གཅིག་པུའི་ཡེ་ཤེས་ཆུ་ཟླའི་གར༔ འཕགས་ཡུལ་མཛེས་རྒྱན་དྲུག་དང་ཆེན་པོ་བརྒྱད༔ མཆོག་གཉིས་པཎ་གྲུབ་ནམ་མཁའི་སྐར་ལྟར་བཀྲ༔ ཀུན་འདུས་རྩ་བའི་བླ་མར་གསོལ་བ་འདེབས༔ ཁྱོད་ལ་རྩེ་གཅིག་གུས་པས་གསོལ་བཏབ་མཐུས༔ བདག་བློའི་མཁའ་ལ་འཐིབས་པའི་སྒྲིབ་གཉིས་མུན༔ ལུང་རྟོགས་ཉིན་བྱེད་འབུམ་གྱིས་རབ་བསལ་ནས༔ ལྔ་རིག་པདྨའི་ཚལ་ཆེན་རྒྱས་པར་མཛོད༔ བསམ་བྱུང་ཤེས་རབ་ནོར་བུའི་བང་མཛོད་ནས༔ དབུ་མ་རིག་པའི་དྭངས་ཤེལ་འཇའ་ཚོན་བཞིན༔ རང་རིག་སྤྲོས་བྲལ་གདངས་ལས་ཕྱག་རྫོགས་ཆོས༔ ཉམས་ལེན་གནད་དུ་རྟོགས་པར་བྱིན་གྱིས་རློབས༔ རང་རིག་ཐོས་པའི་སྒོ་གསུམ་མཐར་ཕྱིན་ནས༔ གཞན་དོན་བསྐལ་པ་རྒྱ་མཚོ་དེ་སྲིད་དུ༔ འཇམ་དབྱངས་གཞོན་ནུའི་ཕྲིན་ལས་རབ་འབྱམས་ཀྱི༔ ཀུན་ལ་ཕན་བདེའི་བྱེད་པོར་བདག་གྱུར་ཅིག༔ ཅེས་པའང་རྒྱལ་བའི་མྱུ་གུ་དམ་པར་གྱུར་པ་འགས་བསྐུལ་ངོར༔ རྒྱ་སྤྲུལ་བླུན་པོས་འཆོལ་ཚིག་ཏུ་སྨྲས་པ་ཛ་ཡནྟུ༔ དགེའོ༔

འཇམ་དཔལ་སྨྲ་བའི་སེང་གེའི་རྒྱུན་ཁྱེར་ཤེས་རབ་གསལ་བའི་སྒྲོན་མེ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ འཇམ་དཔལ་སྨྲ་བའི་སེང་གེའི་རྒྱུན་ཁྱེར་ཤེས་རབ་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔

རྗེ་བཙུན་འཇམ་པའི་དབྱངས་ལ་འདུད༔ མཁྱེན་རབ་སྨྲ་བའི་སེང་གེ་ཡི༔ རྒྱུན་གྱི་ཉམས་ལེན་བྱེད་འདོད་པས༔ སྦྱོར་དངོས་རྗེས་གསུམ་ཚང་བར་བྱ༔ དང་པོ་སྦྱོར་བའི་ཆོས་ལ་གསུམ༔ ཧྲཱིཿ མཆོག་གསུམ་ལྷ་དང་དྲང་སྲོང་ཐམས་ཅད་ཀྱི༔ མཁྱེན་རབ་གཅིག་བསྡུས་རྗེ་བཙུན་འཇམ་པའི་དབྱངས༔ ཁྱེད་ལ་བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ གཏི་མུག་དྲག་པོས་འཁོར་བར་འཁྱམས་པ་ཡི༔ ལས་ཉོན་སྡུག་བསྔལ་རྒྱ་མཚོའི་གཏིང་ཟབ་ཏུ༔ མནར་བའི་འགྲོ་ཀུན་བྱང་ཆུབ་མཆོག་ཐོབ་ཕྱིར༔ སྨོན་འཇུག་སེམས་མཆོག་དམ་པ་བསྐྱེད་པར་བགྱི༔ ཤེས་རབ་མཆོག་སྩོལ་བླ་མ་ལྷག་པའི་ལྷ༔ བྱང་ཆུབ་བར་དུ་སྙིང་གི་དཀྱིལ་དུ་བཟུང་༔ ཚོགས་གཉིས་རྫོགས་ཕྱིར་ཕྱག་འཚལ་མཆོད་པ་འབུལ༔ ཉེས་སྒྲིབ་ཀུན་བཤགས་དུས་གསུམ་དགེ་ཚོགས་ལ༔ རྣམ་དཀར་བློ་ཡིས་ཡི་རང་ཆོས་འཁོར་བསྐུལ༔ བརྟན་པར་བཞུགས་གསོལ་དགེ་རྩ་བྱང་ཆུབ་བསྔོ༔ དེ་ཡིས་སྔོན་འགྲོའི་ཆོས་རྣམས་རྫོགས༔ དངོས་གཞི་ལྷ་རུ་འདི་བཞིན་བསྐྱེད༔ ཧྲཱིཿ འཁོར་འདས་ཆོས་ཀུན་ཡེ་སྟོང་སྤྲོས་དང་བྲལ༔ མ་རྟོགས་བདག་འཛིན་འཁྲུལ་བའི་སེམས་ཅན་ལ༔ ཚད་མེད་སྙིང་རྗེའི་རང་གདངས་རང་སེམས་ཉིད༔ ཐུགས་སྲོག་ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ལས༔ ཕྱི་སྣོད་དག་པའི་ཞིང་མཆོག་པདྨ་བརྩེགས༔ མཚན་ཉིད་ཀུན་རྫོགས་བཀོད་ལེགས་ཕོ་བྲང་དབུས༔ ལྷ་དང་དྲང་སྲོང་ལྷ་མི་ཁྲོམ་ལྟར་འཚོགས༔ པད་ཟླའི་གདན་ལ་སྐད་ཅིག་དྲན་རྫོགས་སུ༔ ཧྲཱིཿཡིག་གནས་གྱུར་རྗེ་བཙུན་འཇམ་པའི་དབྱངས༔ དམར་སེར་མཛེས་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས་སྐུའི་ཆས༔ གཡས་པས་ཤེས་རབ་རལ་གྲིས་འཁྲུལ་རྟོག་གཅོད༔ གཡོན་པས་ཨུཏྤལ་ཡུ་བ་ཐུགས་ཀར་འཛིན༔ འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བའི༔ གེ་སར་ཟེའུ་འབྲུར་སྟོང་ཕྲག་བརྒྱ་པ་ཡི༔ གླེགས་བམ་དབྱངས་གསལ་ཡི་གེས་རང་སྒྲ་སྒྲོག༔ ཐུགས་ཀར་པདྨ་དམར་པོ་འདབ་བརྒྱད་སྟེང་༔ བཻ་ཌཱུར་རལ་གྲི་ཚོན་གང་ཡུ་བར་ཧྲཱིཿ དེ་མཐར་རང་གི་གསང་སྔགས་ཡི་གེའི་གཟུགས༔ གུར་གུམ་མདངས་ལྡན་ཤིན་ཏུ་ཕྲ་བ་ནི༔ གཡས་སུ་འཁོར་ཞིང་དེ་ལས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་༔ པཎྚི་ཏ་དང་རིག་བྱེད་མཁན་པོ་སོགས༔ ཤེས་བྱའི་ཆོས་ལ་དབང་བ་ཐམས་ཅད་ཀྱི༔ བློ་གྲོས་དཔལ་ཀུན་འོད་ལྔའི་རྣམ་པར་བསྡུས༔ ཐུགས་སྲོག་ཧྲཱིཿདང་ཕྱག་མཚན་ལ་ཐིམ་པས༔ མཁྱེན་རབ་ཉི་མ་འབུམ་གྱི་འོད་འཕྲོས་ཤིང་༔ ཉོན་མོངས་དུག་ལྔའི་རྟོག་ཚོགས་དབྱིངས་སུ་དག༔ རང་བྱུང་སྔགས་ཀྱི་རྒྱལ་པོ་འདི་ཉིད་བཟླ༔ ཨོཾ་ཝ་གི་ཤྭ་རི་མུཾ༔ སླར་ཡང་རང་སྔགས་གཟུངས་ཀྱི་ཡི་གེ་ལས༔ འོད་ཟེར་ལྔ་ལྡན་རིགས་དྲུག་གནས་སུ་འཕྲོས༔ མཐའ་ཡས་འགྲོ་བའི་ལས་ཉོན་སྡིག་སྒྲིབ་སྦྱངས༔ ཕྱི་སྣོད་ཞིང་ཀུན་པདྨོ་བཀོད་པ་དང་༔ ནང་བཅུད་འགྲོ་ཀུན་འཇམ་དབྱངས་གཞོན་ནུའི་སྐུ༔ སྒྲ་གྲགས་སྔགས་ལ་དྲན་རྟོག་བདེ་བ་ཆེ༔ འཁོར་འདས་མཉམ་ཉིད་ལྷ་དང་རོ་གཅིག་ངང་༔ སྨྲ་བ་བཅད་དེ་བསྙེན་པ་འབྲུ་འབུམ་དྲུག༔ བཟླས་པས་རྟགས་མཚན་དངོས་ཉམས་རྨི་ལམ་དུ༔ ལྷ་དང་ཞལ་མཇལ་གསུང་ཐོས་རིག་རྩལ་བརྡོལ༔ ཉི་ཟླ་ཤར་དང་ནོར་འབྲུའི་གཏེར་ཁ་རྙེད༔ ཡི་གེ་འབྲི་ཀློག་མ་བསླབ་ཆོས་ཀྱང་ཤེས༔ དངོས་གཞིའི་རིམ་པ་དེ་ལྟར་ཉམས་སུ་ལོངས༔ ས་མ་ཡཱ༔ རྗེས་ལ་མཎྜལ་འབུལ་ཞིང་བསྟོད་པ་བྱ༔ ལྷར་སྣང་དམིགས་མེད་ཐུགས་སྲོག་ཧྲཱིཿལ་བསྡུ༔ དེ་ཡང་སྤྲོས་བྲལ་སྟོང་པའི་ངང་ལ་བཞག༔ རྒྱུན་གྱི་སྤྱོད་ལམ་དོན་དང་ལྡན་པའི་ཕྱིར༔ ཡི་གེ་འབྲི་ཀློག་རྟེན་གསུམ་བཞེངས་པ་དང་༔ ཕྱག་འཚལ་མཆོད་པ་འབུལ་དང་འཇམ་དཔལ་གྱི༔ མཚན་ཡང་དག་པར་བརྗོད་པ་གླུར་བླངས་སོགས༔ ཁ་འདོན་ཆོས་སྤྱོད་ཆག་མེད་ནན་ཏན་བྱ༔ དེ་ནས་དགེ་བ་བསྔོ་བ་འདི་བཞིན་ནོ༔ ཨེ་མ་ཧོ༔ དུས་གསུམ་ཀུན་ཏུ་བསགས་པའི་དགེ་རྩ་དང་༔ མཁྱེན་རབ་ལྷ་ལ་བསྒོམ་བཟླས་བྱས་པའི་མཐུས༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ རྗེ་བཙུན་འཇམ་པའི་དབྱངས་དང་མི་འབྲལ་བར༔ རྟག་ཏུ་ལུང་བསྟན་དབུགས་དབྱུང་མཛད་པ་དང་༔ མཐར་ཐུག་མཁའ་ཁྱབ་འགྲོ་བ་མ་ལུས་པ༔ འདྲེན་པའི་དེད་དཔོན་མཆོག་ཏུ་འགྱུར་བར་ཤོག༔ ཤིས་པ་བརྗོད་པའི་རིམ་པ་ནི༔ ཨེ་མ་ཧོ༔ ཤེས་རབ་ཆེན་པོས་སྲིད་པའི་སྡུག་བསྔལ་གྲོལ༔ སྙིང་རྗེ་ཆེན་པོས་ཞི་ལ་མི་གནས་ཤིང་༔ རབ་འབྱམས་རྒྱལ་བའི་ཐུགས་ཀྱི་མཛོད་འཛིན་པ༔ རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་རྒྱུན་དུ་དགེ་ལ་བརྩོན༔ བྱ་སླ་ཚེགས་ཆུང་ཉམས་ལེན་རྒྱུན་ཁྱེར་འདི༔ དག་སྣང་ཆོས་ཀྱི་མ་ཚང་ཁ་སྐོང་ཕྱིར༔ ལས་ཀྱི་འཕྲོ་ལྡན་བུ་ལ་གཏད་དོ་རྒྱ༔ ཉམས་བླངས་བདག་གཞན་དོན་གཉིས་མཐར་ཕྱིན་ཤོག༔ གུ་ཧྱ༔ ཞེས་པ་འདི་སྐལ་ལྡན་ལུང་རིག་གླིང་པས་དགོངས་པ་མཉམ་བཞག་གི་སྒྲོམ་ནས་ལེགས་པར་ཕབ་པ་དགེ་ལེགས་འཕེལ༔ སརྦ་མངྒ་ལཾ།

རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསོལ་འདེབས།

༄༅། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསོལ་འདེབས་བཞུགས། བཅུ་དྲུག་ལང་ཚོས་སྒེག་པའི་མཚན་དཔེའི་སྐུ། །ཡན་ལག་དྲུག་ཅུའི་དབྱངས་སྙན་ཟབ་རྒྱས་གསུང་། །སྲིད་ཞིའི་མཐའ་ལ་མི་གནས་མཁྱེན་བརྩེའི་ཐུགས། །རྗེ་བཙུན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །ཁྱོད་ལ་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །ཚེ་རབས་ཀུན་དུ་དགེ་བའི་བཤེས་མཛད་ནས། །ཐོས་བསམ་སྒོམ་ལ་གཡེལ་བ་མེད་བཞིན་དུ། །སྤངས་རྟོགས་མཐར་ཕྱིན་ཁྱོད་དང་མཉམ་པར་ཤོག། ཅེས་པའང་ཐར་བའི་ལམ་ལ་བརྩོན་པས་ཉེ་བར་ཞུགས་པ་པུཎྱཻའི་མིང་གིས་བསྐུལ་ངོར་སྤྲང་རྒན་རྒྱ་སྤྲུལ་མིང་གིས་སོ།།

འཇམ་དབྱངས་དཔའ་བོ་གཅིག་པའི་སྒྲུབ་ཐབས།

དབྱངས་ཅན་ཐུགས་ཀྱི་སྒྲུབ་པ་ལས༔ འཇམ་དབྱངས་དཔའ་བོ་གཅིག་པའི་སྒྲུབ་ཐབས་བཞུགསརྗེ་བཙུན་འཇམ་པའི་དབྱངས་ལ་འདུད༔ དབྱངས་ཅན་ཐུགས་ཀྱི་སྒྲུབ་པ་ནི༔ རྒྱུན་ཁྱེར་འཇམ་དབྱངས་དཔའ་བོ་ཉིད༔ སྤྲོས་མེད་གང་ཟག་རྒྱུན་ཁྱེར་དུ༔ ཆག་མེད་ཉམས་ལེན་འདི་བཞིན་མཛོད༔ ཐོག་མར་སེམས་བསྐྱེད་སྡོམ་པ་བླང་༔ ངག་འདོན་རིམ་པ་འདི་བཞིན་ནོ༔ ཧྲཱིཿ རྒྱལ་བ་ཀུན་འདུས་དཀོན་མཆོག་གསུམ་གྱི་དངོས༔ བླ་མ་འཇམ་དབྱངས་དཔའ་བོར་སྐྱབས་སུ་མཆི༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ལ་འགོད་ཕྱིར༔ སྨོན་འཇུག་སེམས་མཆོག་དམ་པ་བསྐྱེད་པར་བགྱི༔ ཤེས་རབ་གསུམ་ལ་སྒྲིབ་བྱེད་གཏི་མུག་གདོན༔ རང་གསལ་སྟོང་པ་ཆོས་སྐུའི་ཀློང་དུ་དེངས༔ ཆོས་ཉིད་འགྱུར་མེད་རྡོ་རྗེའི་བསྲུང་བའི་གུར༔ གཞོམ་བྲལ་ལྷ་སྔགས་ཏིང་འཛིན་རོལ་པར་ཤར༔ འཁོར་འདས་བཟང་ངན་མཉམ་བརྡལ་ཆོས་ཀྱི་དབྱིངས༔ མ་རྟོགས་འཁོར་བར་འཁྱམས་པའི་འགྲོ་བ་ཀུན༔ ཚད་མེད་སྙིང་རྗེས་རྗེས་སུ་འཛིན་པའི་ཕྱིར༔ རང་རིག་ཧྲཱིཿདམར་འོད་ཀྱི་འཕྲོ་འདུ་ལས༔ ཕྱི་སྣོད་བདེ་ཆེན་དག་པའི་ཞིང་གི་དབུས༔ རང་བྱུང་ལྷུན་གྲུབ་ཕོ་བྲང་ལྟེ་བ་ལ༔ སེང་ཁྲི་ཨུཏྤལ་འདབ་བརྒྱད་ཟླ་བའི་སྟེང་༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་འཛུམ་བཞད༔ ཞལ་གཅིག་ཕྱག་བཞི་རྩ་བའི་ཕྱག་གཉིས་ཀྱིས༔ ཤེས་རབ་རལ་གྲི་བདེན་གཉིས་པུསྟི་ཀ༔ འོག་མ་གཉིས་ཀྱིས་ཨུཏྤལ་མདའ་གཞུ་འགེངས༔ རིན་ཆེན་དབུ་རྒྱན་དར་སྔོན་སྟོད་གཡོགས་དང་༔ ནོར་བུའི་རྣ་རྒྱན་ཨུཏྤལ་དོ་ཤལ་འཕྱངས༔ དར་དམར་ཤམ་ཐབས་ཕྱེད་སྐྱིལ་གཡོན་འགྱིང་སྐུ༔ ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ཡི༔ མཚན་དཔེའི་འོད་ཀྱིས་ཁམས་གསུམ་མུན་པ་སེལ༔ ཐུགས་ཀར་པདྨ་དམར་པོ་རྒྱས་པའི་སྟེང་༔ ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་ཧྲཱིཿ དམར་གསལ་འོད་འབར་རྩ་བའི་སྔགས་གཡས་འཁོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་འཕྲོས་འོད་ཟེར་གྱིས༔ རི་བོ་རྩེ་ལྔ་ནུབ་ཕྱོགས་བདེ་ཆེན་ཞིང་༔ རྔ་ཡབ་དཔལ་རི་མ་ངེས་ཞིང་ཁམས་ནས༔ སྐུ་གསུམ་ལྷ་ཚོགས་འཇམ་པའི་རྡོ་རྗེ་ཡི༔ སྐུ་ཡིག་ཕྱག་མཚན་རྣམ་པར་ཆར་ལྟར་བབས༔ རང་ལ་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་པའི་གཏེར་མཛོད་བཅོམ་ལྡན་འཇམ་དབྱངས་དང་༔ དབྱེར་མེད་ལྷ་སྔགས་ཡེ་ཤེས་རོལ་པའི་ངང་༔ སླར་ཡང་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་མཆོད་པས་མཉེས་པར་བྱས༔ བྱིན་རླབས་རང་སྔགས་འོད་ཀྱི་རྣམ་པར་བསྡུས༔ སྟོང་གསུམ་ཕྱོགས་བཅུའི་མཁས་པ་པཎྚི་ཏ༔ སྒྲ་ཚད་བསྟན་བཅོས་འབྱུང་བའི་ཉི་ཟླ་དང༔ འཁོར་འདས་ཀུན་གྱི་དཔལ་ཡོན་རང་ལ་ཐིམ༔ སྨྲ་བའི་སེང་གེ་ཁམས་གསུམ་ཐམས་ཅད་ལས༔ རྣམ་པར་རྒྱལ་བའི་དེད་དཔོན་ཆེན་པོར་བསམ༔ ཡིད་ལ་བསམ་ཞིང་རྩེ་གཅིག་ཏུ༔ སྨྲ་བཅད་སྔགས་ཀྱི་རྒྱལ་པོ་ནི༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ བཟླས་པའི་སྐྱོན་རྣམས་སྤངས་ཏེ་བཟླ༔ ཨོཾ་ཝཱཀྐི་ཤྭ་རི་མུཾ༔ འབུམ་ཕྲག་དྲུག་ཏུ་བཟླས་པའི་མཐར༔ འདོད་གསོལ་ཤམ་བུ་འདི་བཏགས་བཟླ༔ པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ གང་ཟག་དབང་པོའི་རིམ་པ་བཞིན༔ ལྷ་ཞལ་མཐོང་དང་གསུང་ཐོས་དང་༔ རྨི་ལམ་མེ་ཏོག་འཐུ་བ་དང་༔ གླེགས་བམ་གཏེར་རྙེད་ཁྱད་པར་དུ༔ མ་བསླབ་ཆོས་ཀྱི་གཏེར་ཁ་རྡོལ༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ ཧྲཱིཿ རང་བྱུང་རིག་རྩལ་བསྐྱེད་པའི་སྒྱུ་མའི་ལྷ༔ སྟོང་ཉིད་བློ་འདས་མཉམ་པ་ཆེན་པོའི་ངང་༔ བཟང་ངན་རྟོག་པས་མ་བསླད་དེ་བཞིན་ཉིད༔ སྐུ་གསུམ་རྒྱལ་བའི་དགོངས་པ་ཨེ་མ་ཧོ༔ དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧྲཱིཿ བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན༔ སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པ༔ བརྗོད་མེད་ཆོས་སྐུའི་གོ་འཕང་མཆོག་ཏུ་བསྔོ༔ གཏི་མུག་སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཤོག༔ བཀྲ་ཤིས་མེ་ཏོག་འཐོར་བཞིན་ནི༔ ཧྲཱིཿ དུས་གསུམ་རྒྱལ་ཀུན་ཤེས་རབ་སྣང་བའི་འོད༔ བདག་གཞན་སྙིང་གི་པདྨོ་ལ་ཞུགས་ནས༔ མཁྱེན་བརྩེ་ནུས་པ་འཆད་རྩོད་རྩོམ་གསུམ་གྱིས༔ རྒྱལ་བསྟན་སྲོག་ཤིང་འཛིན་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དག་སྣང་ལུང་བསྟན་མཆོག་སྦྱིན་པའི༔ ལྷ་སྲས་རྣམ་རོལ་བླ་མ་རྗེའི༔ ཐུགས་རྗེའི་ཟབ་ཆོས་ལོངས་སྤྱོད་ཚེ༔ ཀློང་གསལ་རང་བྱུང་སྒྲོམ་བུ་ནས༔ བྱུང་འདིས་ཕན་ཡོན་བརྗོད་ལས་འདས༔ སྔོན་ནས་ལས་འབྲེལ་ཆོས་བདག་ཏུ༔ ལུང་བསྟན་སྐྱེ་བའི་དཔལ་དུ་ཕྱིན༔ བཀའ་སྲུང་ལྷ་མོ་དུད་སོལ་དང་༔ སྨན་གྱི་བུ་མོ་སྤུན་བདུན་གྱིས༔ ཉམས་སུ་ལེན་རྣམས་སྲུངས་ཤིག་རྒྱ༔ དམ་མེད་ལོག་ལྟ་ཅན་ལ་གསང་༔ གུ་ཧྱ༔ ཞེས་འཇམ་དབྱངས་དཔའ་བོ་གཅིག་པུའི་སྒྲུབ་པ་འདི་ཡང་། ཨ་ཙར་ས་ལེའི་སྤྲུལ་པའི་འོད་ཟེར་ལས་བྱུང་བའི་ཆོས་དབང་སྐྱེས་ཐོབ་ཀྱི་བློ་ལྡན་ས་ར་ཧི་ཏས་ནན་ཏན་ཆེན་པོས་བསྐུལ་ངོར། འཕུར་འགྲོའི་གཙོ་མོ་སྭ་ར་ཛྙཱའི་ཕྲིན་ལས་ཀྱི་ཟློས་གར་སྔོན་སྨོན་གྱི་བག་ཆགས་སད་པའི་དུས་བབ་ཀྱི་གཏེར་སྟོན་ལུང་རིག་གླིང་པ་རྩལ་གྱིས་རིག་པ་མཉམ་བཞག་གིས་སྒྲོམ་ནས་ཐོན་ཏེ་བརྡ་ཐོགས་མེད་དུ་བྲིས་པས་འགྲོ་ཀུན་ངག་གི་དབང་ཕྱུག་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ།

༈ ཨེ་མ་ཧོ༔ སྙིང་རྗེས་སྲིད་ལ་མི་གནས་སྲིད་མཐར་སོན༔ ཤེས་རབ་ཞི་མཐར་མི་གནས་ཞི་ལས་འདས༔ དུས་གསུམ་འགྲོ་ལ་དུས་ཀུན་བརྩེ་བས་དགོངས༔ བཅོམ་ལྡན་འཇམ་དཔལ་རིགས་ལྔའི་བཀྲ་ཤིས་ཤོག