འཇམ་དབྱངས་དཔའ་བོ་གཅིག་པའི་སྒྲུབ་ཐབས།

དབྱངས་ཅན་ཐུགས་ཀྱི་སྒྲུབ་པ་ལས༔ འཇམ་དབྱངས་དཔའ་བོ་གཅིག་པའི་སྒྲུབ་ཐབས་བཞུགསརྗེ་བཙུན་འཇམ་པའི་དབྱངས་ལ་འདུད༔ དབྱངས་ཅན་ཐུགས་ཀྱི་སྒྲུབ་པ་ནི༔ རྒྱུན་ཁྱེར་འཇམ་དབྱངས་དཔའ་བོ་ཉིད༔ སྤྲོས་མེད་གང་ཟག་རྒྱུན་ཁྱེར་དུ༔ ཆག་མེད་ཉམས་ལེན་འདི་བཞིན་མཛོད༔ ཐོག་མར་སེམས་བསྐྱེད་སྡོམ་པ་བླང་༔ ངག་འདོན་རིམ་པ་འདི་བཞིན་ནོ༔ ཧྲཱིཿ རྒྱལ་བ་ཀུན་འདུས་དཀོན་མཆོག་གསུམ་གྱི་དངོས༔ བླ་མ་འཇམ་དབྱངས་དཔའ་བོར་སྐྱབས་སུ་མཆི༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ལ་འགོད་ཕྱིར༔ སྨོན་འཇུག་སེམས་མཆོག་དམ་པ་བསྐྱེད་པར་བགྱི༔ ཤེས་རབ་གསུམ་ལ་སྒྲིབ་བྱེད་གཏི་མུག་གདོན༔ རང་གསལ་སྟོང་པ་ཆོས་སྐུའི་ཀློང་དུ་དེངས༔ ཆོས་ཉིད་འགྱུར་མེད་རྡོ་རྗེའི་བསྲུང་བའི་གུར༔ གཞོམ་བྲལ་ལྷ་སྔགས་ཏིང་འཛིན་རོལ་པར་ཤར༔ འཁོར་འདས་བཟང་ངན་མཉམ་བརྡལ་ཆོས་ཀྱི་དབྱིངས༔ མ་རྟོགས་འཁོར་བར་འཁྱམས་པའི་འགྲོ་བ་ཀུན༔ ཚད་མེད་སྙིང་རྗེས་རྗེས་སུ་འཛིན་པའི་ཕྱིར༔ རང་རིག་ཧྲཱིཿདམར་འོད་ཀྱི་འཕྲོ་འདུ་ལས༔ ཕྱི་སྣོད་བདེ་ཆེན་དག་པའི་ཞིང་གི་དབུས༔ རང་བྱུང་ལྷུན་གྲུབ་ཕོ་བྲང་ལྟེ་བ་ལ༔ སེང་ཁྲི་ཨུཏྤལ་འདབ་བརྒྱད་ཟླ་བའི་སྟེང་༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞི་འཛུམ་བཞད༔ ཞལ་གཅིག་ཕྱག་བཞི་རྩ་བའི་ཕྱག་གཉིས་ཀྱིས༔ ཤེས་རབ་རལ་གྲི་བདེན་གཉིས་པུསྟི་ཀ༔ འོག་མ་གཉིས་ཀྱིས་ཨུཏྤལ་མདའ་གཞུ་འགེངས༔ རིན་ཆེན་དབུ་རྒྱན་དར་སྔོན་སྟོད་གཡོགས་དང་༔ ནོར་བུའི་རྣ་རྒྱན་ཨུཏྤལ་དོ་ཤལ་འཕྱངས༔ དར་དམར་ཤམ་ཐབས་ཕྱེད་སྐྱིལ་གཡོན་འགྱིང་སྐུ༔ ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ཡི༔ མཚན་དཔེའི་འོད་ཀྱིས་ཁམས་གསུམ་མུན་པ་སེལ༔ ཐུགས་ཀར་པདྨ་དམར་པོ་རྒྱས་པའི་སྟེང་༔ ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་ཧྲཱིཿ དམར་གསལ་འོད་འབར་རྩ་བའི་སྔགས་གཡས་འཁོར༔ གནས་གསུམ་ཨོཾ་ཨཱཿཧཱུྃ་འཕྲོས་འོད་ཟེར་གྱིས༔ རི་བོ་རྩེ་ལྔ་ནུབ་ཕྱོགས་བདེ་ཆེན་ཞིང་༔ རྔ་ཡབ་དཔལ་རི་མ་ངེས་ཞིང་ཁམས་ནས༔ སྐུ་གསུམ་ལྷ་ཚོགས་འཇམ་པའི་རྡོ་རྗེ་ཡི༔ སྐུ་ཡིག་ཕྱག་མཚན་རྣམ་པར་ཆར་ལྟར་བབས༔ རང་ལ་ཐིམ་པས་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་པའི་གཏེར་མཛོད་བཅོམ་ལྡན་འཇམ་དབྱངས་དང་༔ དབྱེར་མེད་ལྷ་སྔགས་ཡེ་ཤེས་རོལ་པའི་ངང་༔ སླར་ཡང་ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་སྲས་བཅས་མཆོད་པས་མཉེས་པར་བྱས༔ བྱིན་རླབས་རང་སྔགས་འོད་ཀྱི་རྣམ་པར་བསྡུས༔ སྟོང་གསུམ་ཕྱོགས་བཅུའི་མཁས་པ་པཎྚི་ཏ༔ སྒྲ་ཚད་བསྟན་བཅོས་འབྱུང་བའི་ཉི་ཟླ་དང༔ འཁོར་འདས་ཀུན་གྱི་དཔལ་ཡོན་རང་ལ་ཐིམ༔ སྨྲ་བའི་སེང་གེ་ཁམས་གསུམ་ཐམས་ཅད་ལས༔ རྣམ་པར་རྒྱལ་བའི་དེད་དཔོན་ཆེན་པོར་བསམ༔ ཡིད་ལ་བསམ་ཞིང་རྩེ་གཅིག་ཏུ༔ སྨྲ་བཅད་སྔགས་ཀྱི་རྒྱལ་པོ་ནི༔ ཡི་གེ་དྲུག་པ་རྡོ་རྗེའི་སྒྲ༔ བཟླས་པའི་སྐྱོན་རྣམས་སྤངས་ཏེ་བཟླ༔ ཨོཾ་ཝཱཀྐི་ཤྭ་རི་མུཾ༔ འབུམ་ཕྲག་དྲུག་ཏུ་བཟླས་པའི་མཐར༔ འདོད་གསོལ་ཤམ་བུ་འདི་བཏགས་བཟླ༔ པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ གང་ཟག་དབང་པོའི་རིམ་པ་བཞིན༔ ལྷ་ཞལ་མཐོང་དང་གསུང་ཐོས་དང་༔ རྨི་ལམ་མེ་ཏོག་འཐུ་བ་དང་༔ གླེགས་བམ་གཏེར་རྙེད་ཁྱད་པར་དུ༔ མ་བསླབ་ཆོས་ཀྱི་གཏེར་ཁ་རྡོལ༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ ཧྲཱིཿ རང་བྱུང་རིག་རྩལ་བསྐྱེད་པའི་སྒྱུ་མའི་ལྷ༔ སྟོང་ཉིད་བློ་འདས་མཉམ་པ་ཆེན་པོའི་ངང་༔ བཟང་ངན་རྟོག་པས་མ་བསླད་དེ་བཞིན་ཉིད༔ སྐུ་གསུམ་རྒྱལ་བའི་དགོངས་པ་ཨེ་མ་ཧོ༔ དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧྲཱིཿ བདག་གཞན་དུས་གསུམ་བསགས་པའི་དགེ་བ་ཀུན༔ སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པ༔ བརྗོད་མེད་ཆོས་སྐུའི་གོ་འཕང་མཆོག་ཏུ་བསྔོ༔ གཏི་མུག་སྡུག་བསྔལ་ཀུན་ལས་རྣམ་གྲོལ་ཤོག༔ བཀྲ་ཤིས་མེ་ཏོག་འཐོར་བཞིན་ནི༔ ཧྲཱིཿ དུས་གསུམ་རྒྱལ་ཀུན་ཤེས་རབ་སྣང་བའི་འོད༔ བདག་གཞན་སྙིང་གི་པདྨོ་ལ་ཞུགས་ནས༔ མཁྱེན་བརྩེ་ནུས་པ་འཆད་རྩོད་རྩོམ་གསུམ་གྱིས༔ རྒྱལ་བསྟན་སྲོག་ཤིང་འཛིན་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དག་སྣང་ལུང་བསྟན་མཆོག་སྦྱིན་པའི༔ ལྷ་སྲས་རྣམ་རོལ་བླ་མ་རྗེའི༔ ཐུགས་རྗེའི་ཟབ་ཆོས་ལོངས་སྤྱོད་ཚེ༔ ཀློང་གསལ་རང་བྱུང་སྒྲོམ་བུ་ནས༔ བྱུང་འདིས་ཕན་ཡོན་བརྗོད་ལས་འདས༔ སྔོན་ནས་ལས་འབྲེལ་ཆོས་བདག་ཏུ༔ ལུང་བསྟན་སྐྱེ་བའི་དཔལ་དུ་ཕྱིན༔ བཀའ་སྲུང་ལྷ་མོ་དུད་སོལ་དང་༔ སྨན་གྱི་བུ་མོ་སྤུན་བདུན་གྱིས༔ ཉམས་སུ་ལེན་རྣམས་སྲུངས་ཤིག་རྒྱ༔ དམ་མེད་ལོག་ལྟ་ཅན་ལ་གསང་༔ གུ་ཧྱ༔ ཞེས་འཇམ་དབྱངས་དཔའ་བོ་གཅིག་པུའི་སྒྲུབ་པ་འདི་ཡང་། ཨ་ཙར་ས་ལེའི་སྤྲུལ་པའི་འོད་ཟེར་ལས་བྱུང་བའི་ཆོས་དབང་སྐྱེས་ཐོབ་ཀྱི་བློ་ལྡན་ས་ར་ཧི་ཏས་ནན་ཏན་ཆེན་པོས་བསྐུལ་ངོར། འཕུར་འགྲོའི་གཙོ་མོ་སྭ་ར་ཛྙཱའི་ཕྲིན་ལས་ཀྱི་ཟློས་གར་སྔོན་སྨོན་གྱི་བག་ཆགས་སད་པའི་དུས་བབ་ཀྱི་གཏེར་སྟོན་ལུང་རིག་གླིང་པ་རྩལ་གྱིས་རིག་པ་མཉམ་བཞག་གིས་སྒྲོམ་ནས་ཐོན་ཏེ་བརྡ་ཐོགས་མེད་དུ་བྲིས་པས་འགྲོ་ཀུན་ངག་གི་དབང་ཕྱུག་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་མངྒ་ལཾ།

༈ ཨེ་མ་ཧོ༔ སྙིང་རྗེས་སྲིད་ལ་མི་གནས་སྲིད་མཐར་སོན༔ ཤེས་རབ་ཞི་མཐར་མི་གནས་ཞི་ལས་འདས༔ དུས་གསུམ་འགྲོ་ལ་དུས་ཀུན་བརྩེ་བས་དགོངས༔ བཅོམ་ལྡན་འཇམ་དཔལ་རིགས་ལྔའི་བཀྲ་ཤིས་ཤོག