cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་གཉིས་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པའི་གསོལ་འདེབས་ཐུགས་རྗེ་རྒྱུད་བསྐུལ་བྱིན་རླབས་ཆར་རྒྱུན་ཧོར་བླས་མཛད་པ།

༄༅། འཕགས་པའི་གསོལ་འདེབས་ཐུགས་རྗེའི་རྒྱུད་བསྐུལ་བྱིན་རླབས་ཆར་རྒྱུན་བཞུགས༔ ཨེ་མ་ཧོ༔ ཁྱབ་བདག་སྟོན་མཆོག་འོད་སྣང་ཚེ་མཐའ་ཡས༔ གྲུ་འཛིན་མངའ་བདག་ལོངས་སྐུ་ཐུགས་རྗེའི་དཔལ༔ གངས་ཅན་གསལ་མཛད་ཐུགས་སྤྲུལ་པདྨ་འབྱུང་༔ གསོལ་འདེབས་བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ ཚངས་པའི་མེ་ཏོག་མཚོ་རྒྱལ་མཁར་དབང་ཕྱུག༔ བྱང་ཆུབ་རྡོ་རྗེ་ལུང་རིགས་དྭཱི་པ་དང་༔ ཆོས་བདག་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ གསོལ་འདེབས་བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ དཀྱིལ་འཁོར་བྱེད་པོ་འཕགས་མཆོག་མིག་མི་འཛུམ༔ ཐུབ་དྲུག་སྒོ་སྲུང་བསྐལ་བཟང་འདྲེན་པ་སྟོང་༔ བཀའ་གཏེར་སྲུང་མ་རང་སྣང་རིག་པའི་ལྷར༔ གསོལ་འདེབས་བྱང་སེམས་འབྱོང་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བཏབ་མ་དག་སྒོ་གསུམ་པོ༔ དག་པ་སྐུ་གསུང་ཐུགས་སུ་བྱིན་བརླབས་ནས༔ སྣང་གྲགས་རིག་པ་ལྷ་སྔགས་ཆོས་སྐུར་གྲོལ༔ རབ་འབྱམས་རྒྱལ་བའི་བྱེད་པོ་མཆོག་འགྲུབ་ཤོག༔ ཅེས་པ་འདི་ཡང་ལུང་རྟོགས་བསྟན་འཛིན་གྱི་བཞེད་སྐོང་དུ་ས་ར་ཧི་ཏས་སྨྲས་པ་དགེ༔

ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་རྒྱ་སྤྲུལ་གསུམ་པས་མཛད་པ།

ཐུགས་རྗེ་ཆེན་པོའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་བཞུགས༔ སྙིང་རྗེའི་རང་གཟུགས་འགྲོ་ཀུན་སྐྱོབས་པའི་ལྷ་ལ་འདུད༔ ཨོཾ་ཨཱ་ཧཱུྃ༔ཧྲཱིཿ ངོ་བོ་རྣམ་དག་ཆོས་དབྱིངས་ནམ་མཁའ་ཆེ༔ རང་བཞིན་གསལ་བ་ལྷུན་གྲུབ་འགགས་མེད་རྩལ༔ རྩོལ་མེད་སྙིང་རྗེ་ལོངས་སྐུ་ཐུགས་རྗེའི་དཔལ༔ དབྱེར་མེད་སྐུ་གསུམ་ལྷ་ལ་གསོལ་བ་འདེབས༔ ཆོས་ཅན་རྟགས་ཀྱིས་འགྲོ་ལ་རྗེས་བརྩེ་བའི༔ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ༔ རིགས་བདག་འོད་དཔག་མེད་ལ་གསོལ་བ་འདེབས༔ སྟོང་ཉིད་སྙིང་རྗེས་འགྲོ་ལ་ཉེར་དགོངས་པའི༔ རྣམ་གྲོལ་བྱང་ཆུབ་ལམ་ལ་འགོད་མཛད་ལྷ༔ ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ སྣ་ཚོགས་སྤྲུལ་པས་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདོད་དངོས་གྲུབ་མཆོག་སྩོལ་ལྷ༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས༔ བརྗོད་མེད་ཤེས་རབ་དུས་གསུམ་བསྐྱེད་པའི་མ༔ རྒྱལ་བ་ཀུན་གྱི་སྐྱེ་མེད་དབྱིངས་ཀྱི་ཡུམ༔ འཇིགས་བརྒྱད་གཡུལ་སེལ་ལྷ་ལ་གསོལ་བ་འདེབས༔ མ་རུངས་སེམས་ཅན་ལས་བཞིས་སྒྲོལ་མཛད་པའི༔ རྟ་མཆོག་ཧེ་རུ་ཀ་ལ་གསོལ་བ་འདེབས༔ འགྲོ་རྣམས་བདེ་སྟོང་བྱང་ཆུབ་སྩོལ་མཛད་པའི༔ རྡོ་རྗེ་ཕག་མོ་ཆེ་ལ་གསོལ་བ་འདེབས༔ ཐབས་མཆོག་སྙིང་རྗེས་མཆོག་སྩོལ་རྡོ་རྗེ་ཆེ༔ ཤེས་རབ་སྟོང་ཉིད་ལྷན་སྐྱེས་བྷ་གའི་དབྱིངས༔ རྩོལ་མེད་མཉམ་སྦྱོར་བདེ་ཆེན་དབྱེར་མེད་ལ༔ བྱང་སེམས་མཆོག་སྩོལ་ལྷ་ལ་གསོལ་བ་འདེབས༔ མཆོག་ཐུན་དགའ་བཞིའི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་པ་འདི་གཏེར་ཆེན་ལུང་རིག་གླིང་པའི་གསུང་ཆོས་དབང་ལུང་བྱེད་སྐབས་མཆོག་སྤྲུལ་རྟ་ཁྱུང་ལགས་ནས་བསྐུལ་བ་དང་མཐུན་རྐྱེན་སོགས་སྦྱར་བས་ལུང་རྟོགས་ནས་ཤར་མར་བྲིས་པ་སརྦ་མངྒ་ལཾ༔ དགེའོ༔ དགེའོ༔ དགེའོ༔

འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ འཕགས་པ་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ་བཞུགས༔

དུས་གསུམ་རྒྱལ་བ་ཀུན་གྱི་ཡབ༔ ཚད་མེད་ཐུགས་རྗེ་ཆེན་པོ་ཡིས༔ འགྲོ་དྲུག་སྡུག་བསྔལ་སེལ་མཛད་པ༔ འཕགས་པ་སྤྱན་རས་གཟིགས་ལ་འདུད༔ བདག་ཉིད་མཚོ་སྐྱེས་སྤྲུལ་པའི་སྐུས༔ འགྲོ་རྣམས་འཁོར་བ་ལས་སྒྲོལ་ཕྱིར༔ བྱང་ཆུབ་སེམས་མཆོག་གོམས་མཐར་ཕྱིན༔ འཕགས་མཆོག་སྒྲུབ་ཐབས་དཔག་ཡས་བརྩམས༔ ཕལ་ཆེར་ས་འོག་གཏེར་དུ་སྦས༔ ཁྱད་པར་གཟུངས་མ་མཚོ་རྒྱལ་དང་༔ ལྷ་སྲས་མུ་རུབ་བཙན་པོ་ལ༔ དབྱིངས་རིག་དབྱེར་མེད་དགོངས་པའི་གཏེར༔ ལས་འཕྲོ་ཅན་ལ་གཏད་དོ་རྒྱ༔ ས་མ་ཡཱ༔ ཤིན་ཏུ་དབེན་ཞིང་དྭངས་པའི་ས༔ དགྲ་འདྲེའི་འཚེ་བ་མེད་པ་རུ༔ དཀྱིལ་འཁོར་བློ་དང་འཚམས་པ་ལ༔ སྒོ་རྫོགས་མཚན་ཉིད་ཡོངས་རྫོགས་སམ༔ ཡང་ན་ཚོམ་བུར་བརྟེན་ཀྱང་རུང་༔ སྐུ་རྟེན་བུམ་པ་བཅུད་ལྡན་ཁར༔ བྲིས་འབུར་གང་རུང་སྐུ་གཟུགས་དང་༔ གསུང་རྟེན་འབྲུ་དྲུག་དར་དམར་དཀྲིས༔ ཐུགས་རྟེན་མན་ཤེལ་ཟུར་དྲུག་པ༔ ཡོན་ཏན་གཏོར་མ་དཀར་པོ་ནི༔ ལྷ་གྲངས་ཡོངས་རྫོགས་དར་གུར་ཕུབ༔ སྨན་རཀ་ཉེར་སྤྱོད་རྣམ་ལྔ་དང་༔ ཕྲིན་ལས་ཕྱག་མཚན་ཤེལ་དཀར་ཕྲེང་༔ གཞན་ཡང་བཀོད་ལེགས་ཡོ་བྱད་བཤམས༔ ངེས་འབྱུང་རྩ་བ་མི་རྟག་དང་༔ འཁོར་བའི་སྡུག་བསྔལ་ཡང་ཡང་བསམ༔ འགྲོ་ལ་ཕན་པའི་སྙིང་རྗེའི་སེམས༔ རྒྱུན་དུ་འབྲལ་མེད་བསྒོམ་པ་སོགས༔ རང་རྒྱུད་སྣོད་དུ་རུང་བ་གཅེས༔ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་སྦྱོར་བའི་ཆོས་དགུ་ནི༔ བཀའ་བསྒོ་མཚམས་གཅོད་སྐྱབས་སེམས་བདུན༔ སྡོམ་བཟུང་བྱིན་འབེབས་མཆོད་བྱིན་བརླབས༔ དམ་བཤགས་དང་པོ་གཞི་བགེགས་ལ༔ དཀར་དམར་གཏོར་མ་སྔགས་ཀྱིས་བརླབས༔ ལྟ་བའི་གདེང་གིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ གཉིས་འཛིན་དབང་གིས་མ་རིག་འཁྲུལ་བའི་འདྲེ༔ མཆོད་པའི་གྲལ་ལ་མི་དབང་ལན་ཆགས་བགེགས༔ གཏོར་མར་ལོངས་སྤྱོད་རྒྱ་མཚོའི་ཕ་མཐར་དེངས༔ གལ་ཏེ་མི་འགྲོ་གནོད་སེམས་འདིར་འདུག་ན༔ སྟོང་ཉིད་ངང་ལས་རང་ཤར་ཐུགས་རྗེའི་ལྷ༔ དབང་ཆེན་ཁྲོ་རྒྱལ་འབར་བའི་ཏིང་འཛིན་གྱིས༔ ལུས་སྲོག་རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་རོལ་གུ་གུལ་དུད༔ དམིགས་པ་ཡུངས་ཐུན་དང་བཅས་བསྐྲད༔ དེ་ནས་བསྲུང་བའི་མཚམས་གཅོད་ནི༔ ཧཱུྃ་ཧྲཱིཿ ཕྱི་མཚམས་མི་ཤིགས་རྡོ་རྗེའི་གུར་ཁང་ལ༔ ནང་དབྱིངས་སྟོང་པའི་བསྲུང་བྱ་སྲུང་བྱེད་བྲལ༔ ཀུན་རྫོབ་སྣང་བ་ཁྲོ་མཚོན་མེ་རིས་གཏམས༔ ལོག་འདྲེན་འབྱུང་པོས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་བྷྲཱུཾ༔ ཐོག་མར་སྐྱབས་ཡུལ་འཕགས་པའི་ཚོགས༔ མདུན་གྱི་ནམ་མཁར་སྤྱན་དྲངས་ལ༔ ཧཱུྃ་ཧྲཱིཿ མཆོག་གསུམ་ཀུན་འདུས་བླ་མ་སྤྱན་རས་གཟིགས༔ ཚད་མེད་སྙིང་རྗེའི་ལྷ་མཆོག་འཁོར་བཅས་ལ༔ བདག་གཞན་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་རྩེ་གཅིག་སྐྱབས་སུ་མཆི༔ དེ་ནས་དམིགས་ཡུལ་འགྲོ་བ་ཀུན༔ འཁོར་མཚོ་ལས་སྒྲོལ་རྫོགས་བྱང་ལ༔ འགོད་ཕྱིར་སྨོན་འཇུག་སེམས་བསྐྱེད་ངང་༔ ཧཱུྃ་ཧྲཱིཿ ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་འགོད་ཕྱིར༔ ཚད་མེད་བཞི་བསྒོམ་འཕགས་པ་མཆོག་བསྒྲུབས་ནས༔ ཡང་དག་མཐའ་བྲལ་དོན་དམ་སེམས་བསྐྱེད་དོ༔ ཚོགས་ཞིང་སྤྱན་སྔར་ཡན་ལག་བདུན༔ ཚོགས་བསགས་རྣམས་ཀྱང་འདིར་འདུས་ཕྱིར༔ དུག་ལྔ་སེར་སྣ་ཐེ་ཚོམ་རྣམས༔ སྦྱང་བའི་ཐབས་མཆོག་འདོན་སྒོམ་སྦྲགས༔ ཧཱུྃ་ཧྲཱིཿ འཕགས་མཆོག་སྐྱབས་ཀྱི་དམ་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་ཡན་ལག་ལྔ་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་འབུལ༔ བསླབ་གསུམ་དམ་ལས་འགལ་བའི་ཉེས་ཚོགས་བཤགས༔ འཕགས་པ་གསུམ་གྱི་དགེ་ལ་རྗེས་ཡི་རང་༔ རྟག་ཏུ་ཐེག་ཆེན་ཆོས་འཁོར་བསྐོར་བར་བསྐུལ༔ སེམས་ཅན་དོན་ཕྱིར་བསྐལ་བརྒྱར་བརྟན་བཞུགས་གསོལ༔ དགེ་ཚོགས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དམ་ཚིག་གནས་ཀུན་ཡང་ཡང་བཟུང་༔ ཧཱུྃ་ཧྲཱིཿ འགྲོ་ལ་གནོད་སྤང་སོ་ཐར་སྡོམ་པ་དང་༔ གཞན་ཕན་མཆོག་ཏུ་བརྩོན་པའི་བྱང་ཆུབ་སེམས༔ སྣང་སྲིད་དག་མཉམ་གསང་སྔགས་དམ་ཚིག་སྡོམ༔ མ་ལུས་བདག་ཉིད་ཡང་དག་བཟུང་བར་བགྱི༔ བཛྲ་ས་མ་ཡཱ་ཨཱ༔ བྱིན་ཆེན་བདག་གནས་ཡོ་བྱད་ལ༔ དབབ་ཕྱིར་སྤོས་རོལ་དབྱངས་དང་བཅས༔ ཧཱུྃ་ཧྲཱིཿ ནུབ་ཕྱོགས་བདེ་ཆེན་པདྨོ་བཀོད་ཞིང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ ཤར་ཕྱོགས་རི་བོ་ཏ་ལའི་རྩེ་མོ་ནས༔ ལོངས་སྐུ་སྤྱན་རས་གཟིགས་དབང་བྱིན་ཕོབ་ཅིག༔ ལྷུན་གྲུབ་པདྨ་འོད་ཀྱི་ཕོ་བྲང་ནས༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེས་བྱིན་ཕོབ་ཅིག༔ ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ནས༔ མངའ་བདག་ཆོས་རྒྱལ་ཡབ་སྲས་བྱིན་ཕོབ་ཅིག༔ ལྷན་སྐྱེས་གཉུག་མ་དགའ་བཞིའི་ཁང་བཟང་ནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བྱིན་ཕོབ་ཅིག༔ བདག་སོགས་ལུས་ངག་ཡིད་ལ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿ ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་བརྗོད་མཆོད་པའི་འབག་རྩོག་རྣམས༔ རཾ་ཡཾ་ཁཾ༔གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ༔གིས་སྦྱངས་སྤེལ་བསྒྱུར༔ ཧཱུྃ་ཧྲཱིཿ རང་བྱུང་དབྱིངས་ནས་འབྲུ་གསུམ་སྤྲོ་བསྡུ་ཡིས༔ ཕྱི་ནང་གསང་མཆོད་ཟག་མེད་བདུད་རྩིར་བསྒྱུར༔ དངོས་འཛིན་ཡོངས་གྲོལ་རྒྱལ་བའི་ཡེ་ཤེས་ཀྱི༔ རྩལ་སྣང་བདེ་བ་ཆེན་པོའི་རྫས་སུ་གྱུར༔ མ་ཧཱ་སརྦ་པཱུ་ཙ་ཧོ༔ དམ་ལས་འགལ་བའི་ཉེས་ཚོགས་རྣམས༔ དོན་ཀུན་བསྒྲུབ་ལ་འདི་བཞིན་བཤགས༔ ཧཱུྃ་ཧྲཱིཿ བླ་མ་མཁན་སློབ་སངས་རྒྱས་བྱང་ཆུབ་སེམས༔ སྐྱབས་ཀུན་སྤྱན་སྔར་ཁས་བླངས་དམ་ཚིག་སྡོམ༔ བག་མེད་ཉོན་མོངས་དབང་གིས་ཉེས་པ་ཀུན༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་དུས་འདིར་སྩོལ༔ ཡི་གེ་བརྒྱ་པ་བདུན་ནམ་ཉེར་གཅིག་བཟླ༔ དབང་པོ་རབ་འབྲིང་ཐ་མས་ཚུལ་བཞིན་བཤགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་དངོས་གཞིར་རྣམ་གྲངས་དགུ༔ དང་པོ་སྐད་ཅིག་དྲན་རྫོགས་སུ༔ བརྫུས་སྐྱེས་སྦྱོང་བ་ཆེན་པོའི་དོན༔ ལྟ་བའི་གདེང་དང་མ་བྲལ་བས༔ ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ཀུན་མ་སྐྱེས་སྤྲོས་དང་བྲལ༔ དེ་ཉིད་མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་རྩལ་ལས་ཕྱི་སྣོད་པོ་ཊ་ལ༔ རིན་ཆེན་སྣ་བདུན་ལས་གྲུབ་བདེ་ཆེན་ཞིང་༔ སྤྲུལ་པའི་བྱ་དང་ལྗོན་ཤིང་ཆུ་མཚོས་བརྒྱན༔ ངོ་མཚར་བཀོད་ལེགས་མཆོད་སྤྲིན་འཁྲིགས་པའི་དབུས༔ འཇའ་ཚོན་ཤར་བཞིན་དྭངས་ཤེལ་ལས་གྲུབ་པའི༔ ཕོ་བྲང་ཚད་མེད་རྣམ་བཞིའི་སྒོ་བཞིར་ལྡན༔ འཕགས་ལམ་རྟ་བབས་བྱང་ཆུབ་ཤར་བུ་དཀར༔ བཅུ་དྲུག་དགའ་བའི་འདོད་སྣམ་དམར་པོས་མཛེས༔ དྲན་པ་ཉེར་བཞག་གྲུ་ཆད་ཁྱམས་དང་བཅས༔ ཆོས་དབྱིངས་འགྱུར་མེད་གདུགས་ཏོག་ཆོས་འཁོར་དང་༔ ཐབས་ཤེས་ཟུང་འབྲེལ་རི་དྭགས་ཕོ་མོས་མཚན༔ འཕགས་ལམ་ཡན་ལག་དར་འཕན་རྒྱལ་མཚན་གཡོ༔ ཡོན་ཏན་ཡོངས་རྫོགས་ནོར་བུའི་ཏོ་ར་ཎ༔ བརྡའ་རྟགས་རྫོགས་པའི་གཞལ་མེད་ཉམས་དགའ་བ༔ དེ་དབུས་པདྨ་དཀར་པོ་ཟླ་གདན་ལ༔ རང་སེམས་དྲན་རྫོགས་འཕགས་མཆོག་བཅུ་གཅིག་ཞལ༔ གངས་རིའི་ཕུང་པོར་ཉི་མ་ཤར་ལྟར་དཀར༔ རྩ་ཞལ་འཛུམ་མདངས་བལྟ་བས་ཆོག་མི་ཤེས༔ དབུ་གསུམ་ཞི་བ་ཆོས་སྐུ་དཀར་ལ་དྭངས༔ དེ་སྟེང་རྒྱས་པ་ལོངས་སྐུའི་ཞལ་གསུམ་སེར༔ སྒེག་པའི་ཉམས་ཅན་བཞད་མདངས་མུ་ལེར་གསལ༔ དེ་སྟེང་དབང་མཆོག་སྤྲུལ་སྐུའི་ཞལ་གཉིས་དམར༔ དཔའ་བའི་ཚུལ་ཅན་འོད་ཟེར་ཕུང་པོར་འཁྲིགས༔ དེ་སྟེང་གཉུག་མ་གཞི་ཡི་ཞལ་གཉིས་ནག༔ དྲག་པོར་ཁྲོས་པའི་གཙུག་རྒྱན་སྣང་མཐའ་ཡས༔ རྒྱན་སྤངས་དམར་གསལ་མགུལ་བར་བཅས་པས་མཛེས༔ རྩ་བའི་ཕྱག་བཅུའི་དང་པོ་གཉིས་ཐལ་སྦྱར༔ དེ་འོག་གཡས་གཡོན་བགྲང་ཕྲེང་པདྨ་དཀར༔ མཆོག་སྦྱིན་སྤྱི་བླུགས་འོད་ཟེར་སྤྲུལ་པའི་གཟུགས༔ རིན་ཆེན་དོ་ཤལ་ཐབས་ཤེས་མདའ་གཞུ་བསྣམས༔ ཡན་ལག་སོ་དྲུག་གཡས་ཕྱག་བཅོ་བརྒྱད་པོ༔ སྟེང་ནས་རིམ་བཞིན་རྔ་ཡབ་གདུགས་དང་འཕན༔ ཁང་བཟང་དར་གྱི་རྒྱལ་མཚན་སྤྲིན་དཀར་པོ༔ པདྨའི་ཕྲེང་བ་རྡོ་རྗེ་གཏེར་གྱི་བུམ༔ ནོར་བུ་གསེར་གྱི་འཁོར་ལོ་ཨུཏྤལ་དམར༔ ཀླུ་ཤིང་རིན་ཆེན་སྙེ་མ་དབང་གི་ཞགས༔ སངས་རྒྱས་སྤྲུལ་གཟུགས་ཉི་ཟླ་གཡོན་ཕྱག་རྣམས༔ དར་གྱི་ལྡ་ལྡི་ཤིང་འབྲས་ལྕུག་མ་དུང་༔ བདུད་རྩིའི་ཐོད་དབྱུག་གྲི་ཕུབ་གླེགས་བམ་རྔ༔ སྐྱབས་སྦྱིན་གསེར་གྱི་གཏུན་ཤིང་གཤོལ་དང་མེ༔ རྩེ་གསུམ་ལྕགས་ཀྱུ་རྒུན་འབྲུམ་ལྗོན་ཤིང་སྟེ༔ མ་ངེས་ཕྱག་མཚན་བརྡ་རྟགས་འགྲོ་བ་འདུལ༔ ཉིང་ལག་ཕྱག་སྟོང་མཆོག་སྦྱིན་སྤྱན་རས་མཚན༔ ཞབས་གཉིས་ཐབས་ཤེས་དབྱེར་མེད་མཉམ་པར་བཞེངས༔ རི་དྭགས་པགས་པས་ནུ་གཡོན་ལེགས་པར་བཀབ༔ བྱང་ཆུབ་ཡན་ལག་བདུན་གྱི་རིན་ཆེན་བརྒྱན༔ ཟག་མེད་ཕུང་པོའི་དར་གོས་རྣམ་པ་ལྔ༔ ཆོས་ཀུན་སྟོང་པར་མཉམ་བརྡལ་དོ་ཤལ་སོགས༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་རྫོགས༔ ཐུགས་ཀར་པད་ཉིའི་གདན་ལ་ཡེ་ཤེས་སེམས༔ རྟ་མགྲིན་དམར་པོ་པད་ཕྲེང་སྡིགས་མཛུབ་གདེངས༔ ཁྲོ་བོའི་ཆས་རྫོགས་དེ་ཡི་ཐུགས་ཀ་རུ༔ ཧྲཱིཿཡིག་དཀར་པོ་སྔགས་ཀྱི་ཕྲེང་བ་ནི༔ འོད་ལྔའི་ཕྲེང་ཐག་རང་སྒྲ་དང་བཅས་པ༔ གཡས་སུ་འཁོར་བས་ཏིང་འཛིན་གསལ་བརྟན་ངང་༔ མཐའ་སྐོར་པད་ཟླའི་གདན་ལ་སངས་རྒྱས་སྟོང་༔ ཀུན་ཀྱང་ཚངས་པར་སྤྱོད་པའི་ཆ་ལུགས་ཅན༔ མཚན་དཔེའི་དཔལ་འབར་དཀར་སེར་དམར་ལྗང་མཐིང་༔ མཆོག་སྦྱིན་མཉམ་བཞག་ས་གནོན་ཕྱག་རྒྱ་མཛད༔ ཁྱམས་ལ་ཉེ་བའི་སྲས་བརྒྱད་སེམས་དཔའི་ཚུལ༔ སྐུ་མདོག་སྣ་ཚོགས་ཕྱག་མཚན་དུ་མས་མཛེས༔ གཙོ་བོའི་གཡས་གཡོན་ནོར་འཛིན་གསང་སྔགས་འཆང་༔ མདུན་དུ་སྤྲུལ་སྐུ་པདྨ་སཾ་བྷ་ཝ༔ རྒྱབ་ཏུ་ཁྲོ་ཆེན་བདུད་རྩི་འཁྱིལ་བ་དང་༔ བསྐལ་བཟང་སངས་རྒྱས་བྱང་སེམས་དགྲ་བཅོམ་ཚོགས༔ ཕྱོགས་དང་སྟེང་འོག་ཐུབ་དྲུག་སྒོ་མ་སོགས༔ འགྲོ་བའི་སྐྱབས་གྱུར་གཙོ་འཁོར་སྤྲུལ་པར་བཅས༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧྲཱིཿཡིག་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས༔ རང་བཞིན་གནས་ནས་འཕགས་མཆོག་སྙིང་རྗེའི་གཏེར༔ མ་ལུས་འཁོར་བཅས་བཛྲ་ས་མ་ཛ༔ དེ་ནས་སྤོས་དུད་གཏོར་ཞིང་རོལ་མོ་འཁྲོལ༔ གདུང་ཤུགས་དྲག་པོའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཕོ་བྲང་ནས༔ ཐོག་མའི་མགོན་པོ་འོད་སྣང་ཚེ་མཐའ་ཡས༔ རང་བྱུང་ལྷུན་གྲུབ་རི་བོ་གྲུ་འཛིན་ཞིང་༔ འཕགས་མཆོག་ཐུགས་རྗེའི་གཏེར་མཛོད་གཙོ་དང་འཁོར༔ འགྲོ་འདུལ་སྤྲུལ་པའི་ཕོ་བྲང་པདྨ་འོད༔ གུ་རུ་ཐོད་ཕྲེང་རིགས་ལྔ་རྗེ་འབངས་གྲོགས༔ སྐུ་གསུམ་བླ་མ་ཡི་དམ་ཞི་དང་ཁྲོ༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ ཐུགས་རྗེའི་དབང་གིས་གནས་འདིར་སྤྱན་འདྲེན་གཤེགས༔ བྱིན་རླབས་ཤུགས་ཀྱིས་བདག་ཅག་རྗེས་བཟུང་འཚལ༔ ནུས་པའི་སྟོབས་ཀྱིས་བགེགས་དང་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཨརྱ་ལོ་ཀི་ཤྭ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡཱ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ དམ་ཚིག་ཡེ་ཤེས་དབྱེར་མེད་དུ༔ བཞུགས་གསོལ་ཚིག་འདིས་གསལ་ཡང་གདབ༔ ཧཱུྃ་ཧྲཱིཿ རང་བྱུང་དབྱིངས་ནས་རང་ཤར་ཡེ་ཤེས་ལྷ༔ ཀུན་བརྟགས་བསྐྱེད་རིམ་ལ་བརྟེན་དམ་ཚིག་པར༔ གཞན་དབང་ཐུགས་རྗེ་ཆེན་པོས་བརྟན་བཞུགས་ནས༔ ཡོངས་གྲུབ་འདུ་འབྲལ་མེད་པར་ཏིཥྛ་ལྷན༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ༔ ཕྱག་འཚལ་འཕྲུལ་དགའི་རྣམ་རོལ་གྱིས༔ ཧཱུྃ་ཧྲཱིཿ གདོད་ནས་རང་ཉིད་ལྷ་དང་འབྲལ་མེད་ཀྱང་༔ གློ་བུར་འཁྲུལ་བས་སོ་སོར་བཟུང་བའི་མཐུས༔ མ་རིག་གཉིས་འཛིན་བག་ཆགས་བསལ་བའི་ཕྱིར༔ རང་བབ་ལྟ་བའི་ངང་དུ་མཇལ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་ལའང་རྣམ་གྲངས་གསུམ༔ ཕྱི་དང་ནང་དང་གསང་བའོ༔ དང་པོ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་དུ༔ མཛེས་པའི་མེ་ཏོག་སྣ་ཚོགས་སྤྱན་ལ་འབུལ༔ སྒྲ་སྙན་དབྱངས་དང་རོལ་མོ་སྙན་ལ་འབུལ༔ ལྷན་སྐྱེས་སྦྱར་བའི་དྲི་ཆབ་ཤངས་ལ་འབུལ༔ རོ་བརྒྱའི་བཟའ་བ་ཞལ་ཟས་ལྗགས་ལ་འབུལ༔ དྲི་ཆབ་དྭངས་བསིལ་མཆོད་ཡོན་སྐུ་ལ་འབུལ༔ སྣང་གསལ་མུན་སེལ་མར་མེ་ཐུགས་ལ་འབུལ༔ ཐུགས་རྗེ་ཚད་མེད་འཕགས་མཆོག་ལྷ་ཚོགས་རྣམས༔ བཞེས་ནས་མཆོག་ཐུན་དངོས་གྲུབ་མྱུར་འགྲུབ་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རོ་རྐྱང་དབུ་མ་གསུམ་གྱི་དྭངས་མའི་བཅུད༔ བྱང་སེམས་དཀར་དམར་རླུང་ལྔའི་བྱེད་ལས་མཚོན༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ ཉོན་མོངས་རྒྱུ་དྲུག་དབྱིངས་བསྒྲལ་རུ་དྷི་ར༔ ཕྱི་ནང་དངོས་འཛིན་གཏོར་བླུགས་བྷ་ལིང་ཏ༔ བཞེས་ནས་སྐུ་གསུམ་ཡེ་ཤེས་མངོན་གྱུར་མཛོད༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་སརྦ་པཱུ་ཙ་ཨཱ་ཧཱུྃ༔ གསུམ་པ་གསང་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ སྣང་སྟོང་ཐབས་ཤེས་ཡབ་ཡུམ་མཉམ་པར་སྦྱོར༔ སྡུག་བསྔལ་ཚོར་བ་བདེ་བ་ཆེན་པོར་བསྒྲལ༔ མཆོད་ཡུལ་མཆོད་བྱེད་མཆོད་རྫས་རང་རིག་གཤིས༔ ཡེ་སྟོང་ཕྱག་རྒྱ་ཆེན་པོའི་མཆོད་པ་བཞེས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མུ་ཏྲ་སརྦ་པཱུ་ཙ་ཧོ༔ གསང་གསུམ་ཡོན་ཏན་རྗེས་དྲན་ནས༔ དཀྱིལ་འཁོར་འཁོར་ལོར་ཚིག་འདིས་བསྟོད༔ ཧཱུྃ་ཧྲཱིཿ ངོ་བོ་ཆོས་སྐུ་མཐའ་བརྒྱད་སྤྲོས་དང་བྲལ༔ རང་བཞིན་ལོངས་སྐུ་མཁྱེན་བརྩེའི་དཔལ་ཡོན་རྫོགས༔ ཐུགས་རྗེ་འགགས་མེད་སྤྲུལ་སྐུའི་འགྲོ་ཁམས་འདུལ༔ སྐུ་གསུམ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཀུན་གྱི་ཚད་མེད་ཐུགས་རྗེའི་འཕྲུལ༔ འགྲོ་བ་མ་ལུས་སྐྱོབས་མཛད་སྤྱན་རས་གཟིགས༔ ཞི་དང་ཁྲོ་བོའི་རྣམ་རོལ་ཅིར་ཡང་སྟོན༔ ཡི་དམ་ལྷག་པའི་ལྷ་མཆོག་ཁྱེད་ལ་བསྟོད༔ ཞལ་ནི་བཅུ་གཅིག་ཀུན་ཏུ་འོད་དང་ལྡན༔ རྩ་བའི་ཕྱག་ནི་སྟོང་ཉིད་སྙིང་རྗེའི་ངང་༔ རྣམ་པར་ཐར་པ་བརྒྱད་ཀྱི་བདག་ཉིད་ཅན༔ བཅོ་བརྒྱད་གཡས་ཕྱག་ཁམས་ཀྱི་སྒྲིབ་པ་སྦྱངས༔ གཡོན་རྣམས་མ་འདྲེས་ཐུན་མིན་དཔལ་ཡོན་རྫོགས༔ སྐུ་མདོག་དཀར་པོ་ཉོན་ཤེས་སྒྲིབ་པ་བྲལ༔ ཞབས་གཉིས་སྲིད་ཞིའི་མཐའ་ལ་མི་གནས་ཕྱིར༔ བཞེངས་པའི་སྟབས་ཀྱིས་འགྲོ་བ་འདུལ་ལ་བསྟོད༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ སྙིང་རྗེ་ཚད་མེད་རི་དྭགས་པགས་པ་གསོལ༔ འདོད་ཡོན་མ་སྤང་རྒྱན་ཆ་དུ་མས་སྤུད༔ དུག་ལྔ་གནས་དག་སྦྲུལ་གྱིས་ཕྱག་ཞབས་བརྒྱན༔ བསྐལ་བཟང་འདྲེན་པ་མཆོག་ལ་ཕྱག་འཚལ་བསྟོད༔ ཐབས་ཤེས་ངོ་བོ་སྲས་མཆོག་ནོར་བུ་འཛིན༔ ཤེས་རབ་སྟོང་དབྱིངས་སྲས་མོ་རིག་སྔགས་འཆང་༔ གངས་ཅན་གསལ་མཛད་ཐུགས་སྤྲུལ་པདྨ་རྒྱལ༔ ཉོན་མོངས་དུག་སེལ་ཁྲོ་ཆེན་བདུད་རྩི་འཁྱིལ༔ སངས་རྒྱས་སྟོང་རྩ་ཉེ་བའི་སྲས་ཆེན་བརྒྱད༔ ཚད་མེད་སྒོ་མ་ཐུབ་དྲུག་སྤྲུལ་པར་བཅས༔ ཡེ་ཤེས་གཅིག་ལས་ཆོ་འཕྲུལ་མ་ངེས་སྟོན༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་ཀྱི་དགོངས་པ་རང་གཞུང་གི༔ བསྐྱེད་པའི་སྐབས་ལས་ཤེས་པར་བྱ༔ བཟླས་པའི་སྙིང་པོ་ཡི་གེ་དྲུག༔ གྲངས་ཀྱི་བསྙེན་པ་ཕྱག་སྟོང་གཟུངས༔ ན་མོ་རཏྣ་ཏྲཱ་ཡ་ཡཱ༔ ན་མོ་ཨཱརྱ་སོགས། འབྲུ་འབུམ་བདུན་ལྔ་གསུམ་ལ་སོགས༔ དམིགས་པ་རྩེ་གཅིག་གིས་བཟླས་ན༔ སྐལ་བ་ལྡན་པའི་གང་ཟག་དེ༔ མཐོང་ངམ་ལུས་གྲིབ་ཆུ་ལ་འགབ༔ རྫི་ཕྱོགས་སོང་བའི་འགྲོ་བ་རྣམས༔ མི་དགེ་བཅུ་དང་མཚམས་མེད་ལྔར༔ སྤྱོད་པའི་སྡིག་པ་ཅན་ཡིན་ཀྱང་༔ ཕྱི་མ་ཐར་ལམ་མཆོག་ཐོབ་ན༔ དད་མོས་བྱེད་ལ་ལྟ་ཅི་སྨོས༔ དེ་བས་འདི་ལ་རྟག་ཏུ་བརྩོན་པར་གྱིས༔ ས་མ་ཡཱ༔ རྗེས་ཀྱི་རིམ་པ་དགུ་ཡིས་བསྟན༔ དང་པོ་དཀར་གསུམ་བཟའ་བཏུང་རིགས༔ ཤ་ཆང་ལ་སོགས་གང་ཡང་རུང་༔ བཤམས་ལ་ཚིག་འདིས་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་དྲི་མ་བསྲེགས་གཏོར་བཀྲུས༔ ཨོཾ་གྱིས་སྣོད་དུ་མ་དག་མཚན་འཛིན་སྦྱངས༔ ཨཱཿཡིས་ཀུན་བཟང་མཆོད་པའི་སྤྲིན་དུ་སྤེལ༔ ཧཱུྃ་གིས་ལྷ་ཚོགས་དགྱེས་བསྐྱེད་མཆོག་ཏུ་བསྒྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་དང་༔ ཚོགས་འབུལ་བཤགས་པ་ལོག་རྟོག་བསྒྲལ༔ བཞི་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ འོག་མིན་མཁའ་སྤྱོད་སྤྲུལ་པའི་ཕོ་བྲང་དང་༔ གནས་ཡུལ་དུར་ཁྲོད་བརྒྱད་སོགས་དག་ཞིང་ནས༔ འགྲོ་འདུལ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མའི་ཚོགས༔ འདོད་ཡོན་ལྔ་ལྡན་ཚོགས་མཆོད་བཞེས་སླད་དུ༔ ཚད་མེད་མཁྱེན་པའི་སྤྱན་གྱིས་ཉེར་གཟིགས་ནས༔ དམིགས་མེད་བརྩེ་བའི་ཐུགས་ཀྱིས་འདིར་སྤྱོན་ཅིག༔ གནས་འདིར་རྫུ་འཕྲུལ་སྟོབས་ཀྱིས་གཤེགས་པའི་ཚེ༔ མཚན་དཔེའི་སྐུ་ལ་འོད་ལྔ་ལམས་སེ་ལམ༔ ཚངས་པའི་དབྱངས་ཀྱི་ཆོས་སྒྲ་ལྷངས་སེ་ལྷང་༔ མཁྱེན་བརྩེའི་ཐུགས་དབྱིངས་གཡོ་མེད་ཏ་ལ་ལ༔ དར་གྱི་ཅོད་པཎ་རླུང་བསྐྱོད་པུ་རུ་རུ༔ རིན་ཆེན་རུས་རྒྱན་སྒྲ་སྙན་སི་ལི་ལི༔ སྤོས་དུད་དྲི་ཞིམ་ངད་ལྡན་ཡ་ལ་ལ༔ བགེགས་དང་ལོག་འདྲེན་བར་ཆད་བསལ་བ་དང་༔ ཚེ་འདིར་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཚོགས་ཁང་འདི་ནི་ཕོ་བྲང་པོ་ཊ་ལ༔ ཚོགས་རྫས་ཡོ་བྱད་ཀུན་བཟང་མཆོད་པའི་སྤྲིན༔ བདག་ཅག་སྐལ་ལྡན་གསུམ་ལྡན་རིག་པ་འཛིན༔ ལྷ་སྔགས་ཏིང་འཛིན་ཡེ་བབས་རིག་པའི་རྩལ༔ འདིར་སྤྱོན་དམ་རྫས་ཚོགས་ཀྱི་མཆོད་པ་བཞེས༔ བཛྲ་ཨ་ར་ལི་ཛྙཱ་ན་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ དེ་ནས་ཚོགས་ཕུད་ལྷ་མོ་ལྔས༔ འདོད་ཡོན་རྣམ་ལྔའི་ལྷ་ཚོགས་མཆོད༔ ཧཱུྃ་ཧྲཱིཿ རྩ་གསུམ་ཀུན་འདུས་སྤྱན་རས་གཟིགས་དབང་ལ༔ འདོད་ཡོན་རྣམ་ལྔ་ཚོགས་ཀྱི་མཆོད་པ་འབུལ༔ དུག་ལྔ་ཡེ་ཤེས་ལྔ་རུ་གནས་འགྱུར་ནས༔ སྐུ་ལྔ་ཚེ་འདིར་འགྲུབ་པའི་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་བ་དམ་སྡོམ་ཉམས་ཆག་ཀུན༔ ཚོགས་ཀྱི་ཡོ་བྱད་ལ་བརྟེན་ནས༔ བཤགས་པའི་རྒྱལ་པོ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ངོ་བོ་ཡེ་དག་འཁོར་འདས་ཆོས་སྐུའི་ཀློང་༔ ཡོངས་གྲུབ་གཉུག་མའི་དེ་ཉིད་མ་རྟོགས་པས༔ ང་བདག་འཛིན་པས་དུག་གསུམ་འབྲས་བུ་སྨིན༔ སྒོ་གསུམ་ལ་བརྟེན་དམ་ཉམས་འགལ་རལ་འདས༔ གསུམ་ལྡན་བླ་མ་ཡི་དམ་མཁའ་འགྲོ་ལྷ༔ ལེགས་ཉེས་སྟངས་འཛིན་མཁའ་འགྲོ་ཆོས་སྐྱོང་ལ༔ ཚོགས་ཀྱི་ཡོ་བྱད་འབུལ་ཞིང་བཤགས་པར་བགྱི༔ དག་ནས་ཚངས་པ་མཆོག་གི་དངོས་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨ༔ ཚོགས་རྫས་ཐ་མར་དགྲ་བགེགས་བསྟིམ༔ བསྒྲལ་ཞིང་ཤ་ཁྲག་བདུད་རྩིར་བསྒྱུར༔ བསྒྲལ་མཆོད་སྦྱོར་བས་མཐའ་སྡུད་ཅན༔ གསང་སྔགས་སྤྱི་ཡི་དམ་ཚིག་ཡིན༔ ཧཱུྃ་ཧྲཱིཿ ཉོན་མོངས་རྒྱུ་ལས་ཡུལ་དྲུག་རྐྱེན་དང་བཅས༔ སྨོན་ལམ་ལོག་པས་མཚམས་སྦྱར་ཞིང་བཅུའི་དགྲ༔ ཆོས་སྲིད་བདེ་ལེགས་བར་གཅོད་ཐར་ལམ་བགེགས༔ ཐམས་ཅད་རང་རིག་འཕགས་པའི་ཐུགས་རྗེའི་འཕྲུལ༔ དབང་ཆེན་ཁྲོ་རྒྱལ་རྟ་མཆོག་དཔའ་བོས་བསྒྲལ༔ རྣམ་ཤེས་དྭངས་མ་རྒྱལ་བའི་སྲས་སུ་བསྐྲུན༔ ཕུང་པོ་ཤ་ཁྲག་སྙིགས་མ་བདུད་རྩིར་སྦྱར༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ སརྦ་ཤ་ཏྲུན་མཱ་ར་ཡ་རྦད༔ མ་ཧཱ་པཉྩ་ཁཱ་ཧི་ཁཱ་ཧི༔ གསུམ་པ་མཆེད་དང་ལྕམ་དྲལ་ལ༔ ལས་ཀྱི་རྡོ་རྗེས་ཚིག་འདིས་འབུལ༔ ཧོཿ བཟའ་བཏུང་སྣང་བ་བདེ་ཆེན་ཡབ༔ སྟོང་ཉིད་ཤེས་རབ་ཡུམ་གྱི་མཁའ༔ མཉམ་སྦྱོར་ཚོགས་ཀྱི་ལོངས་སྤྱོད་རོལ༔ རང་བཞིན་གཅིག་པར་ཨ་ལ་ལ༔ ཞེས་ཕུལ་བླ་མས་པད་སྐོར་དང་༔ རྩེ་གསུམ་ཕྱག་རྒྱས་བླངས་ཤིང་སྤྱོད༔ ཧོ༔ རང་བཞིན་མེད་པའི་ཆོས་རྣམས་ལ༔ གཙང་དམེར་འཛིན་པ་འཁྲུལ་བའི་བློ༔ དེ་ཉིད་དབྱིངས་སུ་རོ་གཅིག་ཕྱིར༔ གསང་བའི་དམ་རྫས་ངོ་མཚར་ཆེ༔ ཨ་ལ་ལ་ཧོ༔ ཞེས་པས་དབང་བཞིའི་ཉམས་ལེན་ལྟར༔ ཐ་མར་འཛིན་པ་དོར་དེ་སྤྱོད༔ བཞི་བ་ལྷག་མ་མགྲོན་ལ་བསྔོ༔ ཐ་ཚིག་བསྒྲགས་པ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་མུ་རན་སྐྱོང་༔ ཚོགས་ཀྱི་ལྷག་མ་སྡུད་པའི་མཁའ་འགྲོ་གིང་༔ དཀར་སེར་དམར་ལྗང་སྐུ་མདོག་སྤྲུལ་བསྒྱུར་ངོམ༔ སྔོན་ཚེ་བདག་འཛིན་རུ་ཏྲ་བསྒྲལ་བའི་ཚེ༔ དཔལ་ཆེན་དབང་གི་བཀའ་ལུང་ཇི་བཞིན་དུ༔ ལྷག་གཏོར་བཞེས་ལ་རྣལ་འབྱོར་བར་ཆད་སོལ༔ ཨོཾ་ཨུཙྪི་ཊ་བྷ་ལིངྟ་ཁཱ་ཧི༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ ཐམས་ཅད་དབྱིངས་ནས་ཚིག་འདིས་བསྐུལ༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་ཐུགས་རྗེའི་ཀློང་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ ད་ལྟ་རྩོད་དུས་ལྔ་བརྒྱའི་ཐ་མ་འདིར༔ གདུལ་དཀའི་སེམས་ཅན་དུག་ལྔའི་ཡོ་ལང་ངོམ༔ བག་མེད་ཤུགས་ཀྱིས་བསླབ་གསུམ་ཡལ་བར་དོར༔ མི་དགེ་བཅུ་དང་མཚམས་མེད་ལྔ་ལ་སྤྱོད༔ ཚེ་འདིར་མི་མཐུན་རྐྱེན་མང་ཚེ་འཕོས་ནས༔ ངན་སོང་གསུམ་སྤྱོད་སྡུག་བསྔལ་ཆར་འབེབས་ཚེ༔ བརྩེ་ཆེན་ཐུགས་རྗེས་ཡལ་བར་འདོར་ཕོད་དམ༔ དེ་ཕྱིར་གསང་གསུམ་ཕྲིན་ལས་རྣམ་བཞིའི་འཕྲུལ༔ ཅིར་ཡང་བསྒྱུར་བས་འཁོར་མཛོད་དོང་སྤྲུགས་མཛོད༔ དེ་ནས་ཆད་མདོ་བྱ་བ་ནི༔ གཏོར་མ་སྨན་དང་རཀྟ་བྲན༔ ཧཱུྃ་ཧྲཱིཿ སྔོན་ཚེ་བསྐལ་པ་དང་པོ་འདས་པའི་དུས༔ འོག་མིན་གནས་མཆོག་བདེ་ཆེན་ཞིང་ཁམས་སུ༔ བཅོམ་ལྡན་རིགས་བདག་སྣང་བ་མཐའ་ཡས་ཀྱིས༔ རང་སྣང་པདྨ་རིགས་ཀྱི་འཁོར་ཚོགས་ལ༔ རང་བྱུང་དགོངས་པས་བྱིན་གྱིས་བརླབས་པའི་ཚེ༔ ཁྱད་ཆོས་དྲུག་ལྡན་སྟོན་འཁོར་དགོངས་པ་མཉམ༔ ཉོན་ཤེས་ཡེ་དག་སྲིད་ཞི་ཁྱབ་བརྡལ་ཀློང་༔ གློ་བུར་འཁྲུལ་བའི་འཁོར་བ་དོང་སྤྲུགས་ཞེས༔ རང་བབས་དམ་བཅའ་བྱ་རྩོལ་བྲལ་བ་ལྟར༔ རྣམ་དག་ཆོས་ཉིད་གཏོར་མ་འདི་བཞེས་ལ༔ གཞི་ཡི་གནས་ལུགས་རང་ངོ་འཕྲོད་པར་མཛོད༔ དེ་འོག་བདག་འཛིན་རུ་ཏྲ་སྡེ་གསུམ་གྱིས༔ སྐྱེ་འགྲོ་ཐམས་ཅད་ལོག་པའི་ལམ་ཁྲིད་ཚེ༔ རང་བྱུང་གཞི་ལས་གཡོས་པ་མེད་བཞིན་དུ༔ གཞི་སྣང་དབང་ཆེན་ཁྲོ་བོའི་བརྟུལ་ཞུགས་ཀྱིས༔ དྲེགས་པ་རང་རྒྱུད་འདུལ་བའི་ཚུལ་བསྟན་ཚེ༔ དབང་ཕྱུག་ཁྱོ་ཤུག་བྲན་དང་བཅས་པ་ཡིས༔ གསང་ཆེན་བསྟན་སྲུང་རྣལ་འབྱོར་གྲོགས་བྱེད་ཅེས༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ དཔལ་ཆེན་བཀའ་བཞིན་མཆོད་གཏོར་འདི་བཞེས་ལ༔ བསྟན་པའི་དགྲ་སྒྲོལ་རྣལ་འབྱོར་སྐུ་ཚེ་སྲིངས༔ མཆོག་ཐུན་དངོས་གྲུབ་སྒྲུབ་པའི་བར་ཆད་སོལ༔ རྣམ་བཞིའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་བསྐལ་པ་ཐ་མའི་དུས་ཀྱི་ཚེ༔ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས༔ ཚད་མེད་ཐུགས་རྗེས་འགྲོ་ཀུན་སྒྲོལ་ལོ་ཞེས༔ འཁོར་བ་ལན་གསུམ་སྟོངས་པར་མཛད་ན་ཡང་༔ ལས་སྣང་སེམས་ཅན་གློ་བུར་འཁྲུལ་བ་ལ༔ གྲངས་དང་ཐོག་མཐའ་མངོན་པར་མ་གྱུར་པས༔ དེ་ཚེ་དམན་སེམས་ཅུང་ཟད་སྐྱེས་ཚུལ་བསྟན༔ དབུ་དང་སྐུ་ལུས་དུམ་བུར་གྱུར་པ་ཡང་༔ ཐུགས་བསྐྱེད་མཐུ་ཡིས་ཞལ་བཟང་བཅུ་གཅིག་དང་༔ ཕྱག་སྟོང་སྤྱན་སྟོང་འགྲོ་དོན་མཐའ་ཡས་པའི༔ ངོ་མཚར་མཛད་པ་རྨད་བྱུང་དེ་མཐོང་ཚེ༔ འཇིག་རྟེན་སྐྱོང་བའི་མེས་པོ་ཚངས་པ་དང་༔ ཀླུ་རྒྱལ་འཇོག་པོ་སྲེད་མེད་བུ་སོགས་ཀྱིས༔ མ་འོངས་འཕགས་པའི་མཚན་ཙམ་འཛིན་པ་ཡང་༔ བསྲུང་སྐྱོབས་ལེགས་ཚོགས་སྤེལ་བར་མཛད་དོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅའ་མཛད་པ་བཞིན༔ མཆོད་གཏོར་འདི་བཞེས་ས་ལམ་བར་ཆད་སོལ༔ མཐུན་རྐྱེན་རང་གཞན་དོན་གཉིས་འགྲུབ་པར་མཛོད༔ དེ་འོག་བར་གྱི་བསྐལ་པ་རྩོད་ལྡན་དུས༔ རང་བྱུང་མཚོ་སྐྱེས་སྤྲུལ་སྐུ་པདྨ་འབྱུང་༔ འཇམ་དབྱངས་མངའ་བདག་ཚངས་པས་སྤྱན་དྲངས་ཚེ༔ མི་འགྱུར་ལྷུན་འགྲུབ་བསམ་ཡས་དབུ་རྩེ་རུ༔ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་དང་༔ ལག་ན་རྡོ་རྗེ་མུ་རུབ་བཙན་པོ་སོགས༔ སྐལ་ལྡན་སྤྲུལ་པའི་རྗེ་འབངས་ཉེར་ལྔ་དང་༔ ཆོས་བློན་རྣམ་ལྔ་བྲན་དང་བཅས་པ་ལ༔ ཡབ་མེས་སྲོང་བཙན་ཐུགས་དམ་འཕགས་མཆོག་གི༔ སྒྲུབ་ཐབས་དབང་དང་གདམས་ངག་བསྩལ་པའི་ཚེ༔ སྔགས་ཀྱི་སྲུང་མ་ནམ་མཁའི་རལ་ཅན་དང་༔ ལྷ་ལྡན་དཀོར་སྲུང་དཔལ་ལྡན་དུད་སོལ་སོགས༔ གསང་སྔགས་བཀའ་སྲུང་ཆོས་སྐྱོང་མ་ལུས་པས༔ མ་འོངས་སློབ་དཔོན་རྒྱུད་འཛིན་ཐམས་ཅད་དང་༔ ཁྱད་པར་འཕགས་པའི་ཟབ་ཆོས་འཆད་ཉན་དང་༔ སྒྲུབ་ལ་བརྩོན་པའི་རྣལ་འབྱོར་དམ་པ་ཡི༔ སྐུ་ཚེའི་བར་ཆད་སེལ་བར་མ་ཆད་དམ༔ བསྟན་པའི་དམ་སྲི་འདུལ་བར་མ་ཆད་དམ༔ མཐུན་རྐྱེན་དགེ་ལེགས་སྤེལ་བར་མ་ཆད་དམ༔ ཇི་ལྟར་ཁས་བླངས་དམ་བཅའ་དྲན་གྱིས་ལ༔ མཆོད་གཏོར་བཞེས་ལ་རྣམ་བཞིའི་ཕྲིན་ལས་མཛོད༔ དེ་འོག་ལྔ་བདོའི་རྩུབ་འགྱུར་དུས་ཀྱི་ཚེ༔ རང་སྣང་རི་བོ་གྲུ་འཛིན་རྩེ་མོ་རུ༔ ཚེ་རབས་བླ་མ་པདྨ་དྲག་པོ་དང་༔ གངས་ཅན་སྐྱབས་གཅིག་ལོ་ཀི་ཤྭ་ར་དང་༔ ལྷ་སྲས་ཟློས་གར་རྒྱལ་བའི་གདུང་འཚོབ་མཆོག༔ སྤྲུལ་པའི་གང་ཟག་བྱང་ཆུབ་གླིང་པ་ཡིས༔ སྐལ་ལྡན་སློབ་མ་ལུང་རིག་གླིང་པ་ལ༔ སྨོན་ལམ་གཏད་རྒྱ་འཕགས་པའི་སྒྲུབ་ཐབས་ཀྱི༔ སྨིན་གྲོལ་གདམས་པས་རྗེས་སུ་བཟུང་བའི་ཚེ༔ ལྷ་ཀླུའི་དབང་པོ་ཆོས་སྐྱོང་ཐམས་ཅད་དང་༔ ཁྱད་པར་དུད་སོལ་ལྷ་མོ་ཀླུ་རྒྱལ་སོགས༔ ཐུགས་ཐིག་ཟབ་མོའི་སྲུང་མ་ཐམས་ཅད་ཀྱིས༔ ཆོས་འདིའི་རྒྱུད་འཛིན་སྡེ་དང་བཅས་པ་ཡང་༔ སྲུང་སྐྱོབ་མཆོག་ཐུན་དངོས་གྲུབ་སྦྱིན་ནོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ བར་ཆད་སེལ་ལ་ལེགས་ཚོགས་སྤེལ་བ་དང་༔ གདམས་པ་འདིས་ཟིན་འགྲོ་དོན་སྨིན་པར་མཛོད༔ བཤལ་ཆུའི་གཏོར་མས་བསྟན་མར་བྲན༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བརླབས༔ ཧཱུྃ་ཧྲཱིཿ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ གངས་ཅན་ཡུལ་དུ་ཐུབ་བསྟན་རྒྱལ་མཚན་བཙུགས༔ བོད་ཁམས་མཐའ་དབུས་ཀུན་ལ་གནས་པ་ཡི༔ ལྷ་མོ་ཀླུ་མོ་བདུད་མོའི་ཚུལ་འཛིན་པའི༔ བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས༔ འདིར་སྤྱོན་བཤལ་ཆུའི་གཏོར་མ་བཞེས་ནས་ཀྱང་༔ བོད་ཡུལ་རྟག་ཆད་ལྟ་བའི་མུ་སྟེགས་དང་༔ མཐའ་དམག་འཁྲུག་རྩོད་ནད་ཡམས་དལ་ཁ་ཟློག༔ བླ་མཆོད་སྡེ་གཉིས་བསྟན་པ་མཐའ་རྒྱས་མཛོད༔ མ་མ་ལ་ལ་ལེ་ལེ་ཏིང་ཏིང་བྷ་ལིང་ཏ་ཁཱ་ཧི༔ གཏོར་གཞོང་ཁ་སྦུབ་ལྷུན་པོར་བསམ༔ འོག་ཏུ་དམ་སྲི་བཀུག་ནས་མནན༔ ཧཱུྃ་ཧྲཱིཿ མ་རིག་གསུམ་གྱིས་བསྐྲུན་པའི་དམ་སྲིའི་ཚོགས༔ བདག་མེད་རྟོགས་པའི་རི་རབ་འོག་ཏུ་མནན༔ བྱང་ཆུབ་ཐར་པའི་མྱུ་གུ་མ་སྨིན་པར༔ བསྐལ་པའི་མཐར་ཡང་བཏང་བར་མི་བྱའོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ དྲུག་པ་གྲུབ་ནས་དངོས་གྲུབ་ནི༔ མཆོད་གསོ་ལྷ་སྣང་གསལ་བརྟན་ངང་༔ ཧཱུྃ་ཧྲཱིཿ ཚད་མེད་སྙིང་རྗེའི་ལྷ་གཅིག་སྤྱན་རས་གཟིགས༔ འགྲོ་དྲུག་དོང་ནས་སྤྲུགས་པའི་དངོས་གྲུབ་སྩོལ༔ ཐབས་མཆོག་སྲས་ཀྱི་ངོ་བོ་ནོར་བུ་འཛིན༔ ཤེས་བྱའི་ཆོས་ཀུན་མཁྱེན་པའི་དངོས་གྲུབ་སྩོལ༔ ཤེས་རབ་སྲས་མོ་མནྟྲ་གུ་ཧྱ་དྷ༔ སྟོང་ཆེན་བློ་འདས་རྟོགས་པའི་དངོས་གྲུབ་སྩོལ༔ བར་ཆད་བགེགས་འདུལ་དབང་ཆེན་བདུད་རྩི་འཁྱིལ༔ བདུད་བཞིའི་གཡུལ་ལས་རྒྱལ་བའི་དངོས་གྲུབ་སྩོལ༔ དྲི་མེད་སྤྲུལ་སྐུ་གུ་རུ་རིན་པོ་ཆེ༔ ཟག་མེད་འཇའ་ལུས་འགྲུབ་པའི་དངོས་གྲུབ་སྩོལ༔ མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན༔ ཐུན་མོང་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི༔ མདོར་ན་རང་དོན་ཆོས་སྐུའི་དཔལ་ཐོབ་ནས༔ གཞན་དོན་གཟུགས་སྐུ་འགྲུབ་པའི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར་ཀཱ་ཝ་ཙིཏྟ་སིདྡྷི་བཏགས་བཟླས་ཚེ་རྫས་རོལ༔ བདུན་པ་གཤེགས་གསོལ་བསྡུ་རིམ་ངང་༔ རྟེན་ལ་བསྟིམ་སོགས་གཞུང་གཞན་ནམ༔ ཡང་ན༔ ཧཱུྃ་ཧྲཱིཿ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་རྣམས་དང་༔ འཁོར་ཚོགས་གཙོ་བོ་ཡེ་ཤེས་ཏིང་འཛིན་སེམས༔ ཧྲཱིཿཡིག་རིམ་ཡལ་ཐིག་ལེ་ནཱ་ད་དང་༔ དེ་ཡང་མི་དམིགས་སྤྲོས་དང་བྲལ་བར་བཞག༔ ཨ་ཨ༔ ཆད་མཐའ་བསལ་ཕྱིར་རྒྱུན་སྤྱོད་ལྷ༔ སླར་ཡང་གཉུག་མའི་ལྷ་སྐུ་འཕགས་པ་མཆོག༔ ཞལ་གཅིག་ཕྱག་གཉིས་གནས་གསུམ་འབྲུ་གསུམ་མཚན༔ བྱམས་དང་སྙིང་རྗེའི་སེམས་མཆོག་མ་བྲལ་བས༔ དུས་གསུམ་འགྲོ་བ་གདུལ་བར་དམ་བཅའ་འོ༔ བརྒྱད་པ་བསྔོ་བས་རྒྱས་གདབ་པ༔ ཐེག་མཆོག་ལམ་གྱི་ཁྱད་པར་ཆོས༔ ཧཱུྃ་ཧྲཱིཿ བདག་གཞན་དུས་གསུམ་དགེ་བ་མ་ལུས་པ༔ གཅིག་ཏུ་བསྡུས་ཤིང་འགྲོ་བ་མ་ལུས་ཀུན༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པ་དང་༔ རྒྱལ་བསྟན་མི་ནུབ་དར་ཞིང་རྒྱས་ཕྱིར་བསྔོ༔ དགུ་པ་མེ་ཏོག་འཐོར་བ་དང་༔ བཀྲ་ཤིས་མཐའ་རྒྱས་བྱ་བ་ནི༔ ཧཱུྃ་ཧྲཱིཿ འོག་མིན་ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ ཤར་ཕྱོགས་པོ་ཊ་ལ་ཡི་གཞལ་ཡས་ནས༔ འཕགས་མཆོག་ནམ་མཁའི་རྒྱལ་པོའི་བཀྲ་ཤིས་ཤོག༔ ལྷོ་ནུབ་པདྨ་འོད་ཀྱི་ཁང་བཟང་ནས༔ གུ་རུ་མཚོ་སྐྱེས་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས༔ ཆོས་རྒྱལ་ཁྲི་སྲོང་ཡབ་སྲས་བཀྲ་ཤིས་ཤོག༔ སྒྲགས་མདའ་དྷུ་མ་ཐ་ལའི་གྲོང་ཁྱེར་ནས༔ གཟུངས་མ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་ཤོག༔ བསྐལ་བཟང་འདྲེན་པ་སྟོང་རྩ་འཁོར་དང་བཅས༔ འགྲོ་འདུལ་སྐུ་གསུམ་སྟོན་པའི་བཀྲ་ཤིས་ཤོག༔ ཟབ་ཆོས་སྲུང་མ་རྣལ་འབྱོར་བུ་བཞིན་སྐྱོང་༔ དཔལ་ལྡན་སྔགས་ཀྱི་སྲུང་མའི་བཀྲ་ཤིས་ཤོག༔ བརྒྱུད་གསུམ་བླ་མ་ཡི་དམ་མཁའ་འགྲོ་དང་༔ རྣལ་འབྱོར་མཆེད་ལྕམ་ཚོམ་བུ་གཅིག་ཏུ་འདུས༔ མི་འབྲལ་བདེ་གཤེགས་སྙིང་པོའི་རོ་གཅིག་པས༔ སྲིད་ཞི་དཔལ་ཀུན་རྫོགས་པའི་བཀྲ་ཤིས་ཤོག༔ དེ་ལྟར་ཡང་ཟབ་པདྨའི་ཐུགས་བཅུད་མཆོག༔ དབྱངས་ཅན་རྣམ་རོལ་ཡེ་ཤེས་མཚོ་རྒྱལ་ལ༔ ཐུགས་རྗེའི་བདག་ཉིད་མ་ཧཱ་གུ་རུས་གདམས༔ དུས་བབ་ལས་སྐལ་ལྡན་པའི་གང་ཟག་དང་༔ ཟབ་ཆོས་འདི་འཕྲད་ཚུལ་བཞིན་ཉམས་བླངས་ན༔ བསྟན་འགྲོའི་བདེ་སྐྱིད་རེ་ཞིག་གསོ་ཡང་སྲིད༔ དད་ལྡན་ཕོ་མོ་འདི་ཡི་དབང་ལུང་དང་༔ འབྲེལ་དེའི་གནས་སྐབས་ཚེ་ཆོས་གེགས་ཞི་ནས༔ མཐར་ཐུག་ཡང་དག་ལམ་དུ་འགོད་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་ཡི་སྲུང་མ་མགོན་པོ་ཕྱག་དྲུག་དང་༔ དུད་སོལ་ལྷ་མོས་བཀའ་འདི་ཡང་དག་སྲུངས༔ ཆོས་བདག་ལས་སྐལ་ལྡན་པའི་གང་ཟག་རྣམས༔ མཐོང་ཐོས་དྲན་རེག་བྱང་ཆུབ་ལམ་འགོད་ཤོག༔ ༈ ཨེ་མ་སྐལ་ལྡན་ལུང་རིག་གླིང་པ་བདག །རེས་འགའ་རྟོག་གེའི་ཚིག་ལ་གཙོ་བོར་བཟུང་། །བླ་མའི་ཚུལ་བཟུང་དད་ཟས་གཤིན་དཀོར་བསྡུས། །བླུན་རྨོངས་འགྲོ་འགས་གཙུག་ཏུ་བཀུར་ན་ཡང་། །ལས་ངན་རྣམ་སྨིན་བཟོད་པར་དཀའ་སྙམ་སྐྲག །འོན་ཀྱང་སྐལ་བ་མི་དམན་ལས་འཕྲོ་བཟང་། །ཟོལ་མེད་གདམས་པར་འཕྲད་པས་ཉམས་རེ་སྤྲོ། །ཁྱེད་ཅག་མཆོག་དམན་དད་ལྡན་ཐུགས་ཉམས་སུ། །ལེགས་པར་བླངས་ན་འདི་ཕྱི་བདེ་འམ་སྙམ། །ཐེ་ཚོམ་མ་མཛད་ཡང་དག་ལམ་ཐོབ་འགྱུར། །དགེའོ། །དགེའོ། །དགེའོ། །མངྒ་ལཾ། བཀྲ་ཤིས།

ལྷ་བསྐྱེད་ཁ་སྐོང་།

གནས་ལུང་སོགས་དང་འབྲེལ་བ་ན༔ གཙོ་འཁོར་སྔར་ལྟར་བསྒོམས་པ་ཡི༔ ཕྱི་རོལ་ཕྱོགས་བཞི་མཚམས་བརྒྱད་སོ་སོ་རུ༔ ཤར་དུ་ལྷ་ཡི་ཐུབ་པ་སྐུ་མདོག་དཀར༔ སྤྲུལ་སྐུའི་ཆ་ལུགས་མཉམ་པའི་སྟབས་ཀྱིས་བཞེངས༔ ལྷོ་རུ་མི་ཡི་ཐུབ་པ་གསེར་མདོག་མཛེས༔ སྤྲུལ་སྐུའི་ཆ་ལུགས་མཉམ་པའི་སྟབས་ཀྱིས་བཞེངས༔ ནུབ་ཏུ་ཡི་དྭགས་ཐུབ་པ་སྐུ་མདོག་དམར༔ སྤྲུལ་སྐུའི་ཆ་ལུགས་མཉམ་པའི་སྟབས་ཀྱིས་བཞེངས༔ བྱང་དུ་དུད་འགྲོའི་ཐུབ་པ་སྐུ་མདོག་མཐིང༔ སྤྲུལ་སྐུའི་ཆ་ལུགས་མཉམ་པའི་སྟབས་ཀྱིས་བཞེངས༔ ཤར་ལྷོ་ལྷ་མིན་ཐུབ་པ་སྐུ་མདོག་ལྗང༔ སྤྲུལ་སྐུའི་ཆ་ལུགས་མཉམ་པའི་སྟབས་ཀྱིས་བཞེངས༔ བྱང་ཤར་དམྱལ་བའི་ཐུབ་པ་སྐུ་མདོག་ནག༔ སྤྲུལ་སྐུའི་ཆ་ལུགས་མཉམ་པའི་སྟབས་ཀྱིས་བཞེངས༔ ཀུན་ཀྱང་ཕྱག་མཚན་ལྷུང་བཟེད་འཁར་བསིལ་བསྣམས༔ ནུབ་བྱང་སྒྲོལ་མ་ལྗང་མོ་བཞེངས་པའི་སྟབས༔ ལོངས་སྐུའི་རྒྱན་རྫོགས་ཕྱག་གཡས་མཆོག་སྦྱིན་རྒྱ༔ ཕྱག་གཡོན་ཨུཏྤལ་ལྗང་ཁུ་ཐུགས་ཀར་འཛིན༔ ལྷོ་ནུབ་ཁྲོ་གཉེར་ཅན་མ་དཀར་གསལ་འཛུམ༔ བཞེངས་སྟབས་ཕྱག་གཡས་རྔ་ཡབ་གཡོན་ཕྱག་གིས༔ ཉོན་མོངས་འཁྲུད་བྱེད་བུམ་པར་བདུད་རྩིས་བཀང་༔ པདྨ་ཟླ་བའི་གདན་ལ་དགྱེས་ཤིང་སྒེག༔ དེ་ཡི་མཐའ་བསྐོར་སངས་རྒྱས་སྟོང་རྩ་གཉིས༔ སྤྲུལ་པའི་སྐུ་མཆོག་པད་ཟླའི་གདན་གྱི་སྟེང་༔ སོགས་ཀྱིས་རང་གཞུང་ཆོ་གར་སྦྲགས༔

བཟླས་དམིགས་ངན་སོང་དོང་སྤྲུག

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ བཟླས་དམིགས་ངན་སོང་དོང་སྤྲུག་བཞུགས༔

ལོ་་ཀི་ཤྭ་ར་ཛྙཱ་ན་ན་མ༔ རྒྱལ་ཀུན་དགྱེས་པའི་སྙིང་རྗེའི་ལྷ༔ བླ་མ་སྤྱན་རས་གཟིགས་ལ་འདུད༔ ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ཀྱི༔ བཟླས་དམིགས་གུད་དུ་སྦས་པ་བསྟན༔ ཕྱི་ཡི་བཟླས་དམིགས་རང་གཞུང་གི༔ བསྐྱེད་པའི་སྐབས་སུ་ཤེས་པར་བྱ༔ ནང་གི་བཟླས་དམིགས་འདི་ལྟ་སྟེ༔ རང་ཉིད་འཕགས་པར་གསལ་བའི་ཐུགས་ཀ་རུ༔ འཁོར་འདས་དབང་བསྒྱུར་རྟ་མགྲིན་རྒྱལ་པོ་གསལ༔ སྤྱི་བོར་ཆོས་སྐུ་སྣང་བ་མཐའ་ཡས་ནི༔ དམར་པོ་སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་སྤྲས༔ མཉམ་བཞག་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམས༔ དབང་ཆེན་ཐུགས་ཀར་ཨུཏྤལ་དམར་པོའི་དབུས༔ ཉི་ཟླའི་གའུ་ཁ་སྦྱོར་དབུས་སུ་ཧྲཱིཿ དྭངས་གསལ་བྱུ་རུར་ཉི་འོད་ཤར་བཞིན་མཛེས༔ མཐའ་བསྐོར་ཡི་གེ་དྲུག་པ་དཀར་ལ་འཚེར༔ གཡས་སུ་འཁོར་བས་བདག་གཞན་དངོས་འཛིན་སྦྱངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྩ་སྔགས་བྱེ་བ་གྲངས་ཡིན་ནོ༔ སྣང་མཐའི་ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་མཐར༔ སྔགས་ཕྲེང་དམར་པོ་གཡས་སུ་འཁོར་བ་ལས༔ འོད་ཟེར་འཕྲོས་པས་འགྲོ་དྲུག་ལས་ཉོན་སྦྱངས༔ སྣོད་བཅུད་ཚེ་དཔལ་བསྡུས་ནས་དཀྱིལ་འཁོར་ལྷར༔ ཐིམ་པས་བཀྲག་མདངས་གཟི་བརྗིད་འབར་བར་བསམ༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ སྔགས་འདི་འབྲུ་འབུམ་བཟླས་པ་ན༔ དུས་མིན་འཆི་བའི་གེགས་ལས་ཐར༔ འཕོས་ཚེ་བདེ་ཆེན་ཞིང་ཁམས་མཐོང༔ ས་མ་ཡཱ༔ ལས་སྦྱོར་གཟུངས་རིང་དམིགས་པ་ནི༔ ཡེ་ཤེས་སེམས་དཔའ་སྔར་ལྟར་ལ༔ ཡེ་ཤེས་སེམས་དཔའ་རྟ་མགྲིན་གྱི༔ ཐུགས་ཀར་པད་ཉི་ཟླ་བའི་དཀྱིལ༔ ཧྲཱིཿདཀར་མཐའ་ལ་གཟུངས་རིང་སྔགས༔ ཁ་དོག་ལྔ་ལྡན་གཡས་འཁོར་བས༔ འཇིག་རྟེན་ཁམས་ཀུན་སྔགས་ཀྱི་སྒྲ༔ བུང་བས་ཚང་ཚོལ་བཞིན་དུ་ལྡིར༔ རིགས་དྲུག་འཁོར་བའི་སེམས་ཅན་རྣམས༔ ཀུན་ཀྱང་འཕགས་པའི་སྐུ་རུ་གྱུར༔ འབྱུང་བའི་རང་སྒྲ་སེམས་ཅན་སྐད༔ ཀུན་ཀྱང་འཕགས་པའི་གསུང་དུ་དམིགས༔ འཁྲུལ་རྟོག་བཟང་ངན་ཅི་ཤར་ཀུན༔ དམིགས་མེད་བྱམས་བརྩེ་འཕགས་པའི་ཐུགས༔ དེ་ལྟར་བསྒོམས་ནས་ཕྱིའི་བཟླས་དམིགས༔ གཞུང་བཞིན་བཟླ་བ་མན་ངག་གོ༔ སྔགས་ཀྱི་ཕན་ཡོན་འདི་ལྟ་སྟེ༔ མཐའ་ཡས་རྒྱ་མཚོ་ཐིགས་པ་རུ༔ བགྲང་ན་ཟད་པའི་མཐའ་སྲིད་ཀྱང་༔ བཅུ་གཅིག་ཞལ་གྱི་གཟུངས་སྔགས་ཀྱི༔ བསོད་ནམས་གཞལ་དུ་ཡོད་པ་མིན༔ དེ་བཞིན་རི་བོ་ཆེན་པོ་ནི༔ རྡུལ་གྱི་གྲངས་སུ་བགྲངས་ཀྱང་འཛད༔ གཟུངས་འདིའི་ཕན་ཡོན་གཞལ་དུ་མེད༔ ཆུ་འགྲམ་བྱེ་མར་གྲངས་ཆོད་སྲིད༔ གཟུངས་འདིའི་ཕན་ཡོན་དེ་ལྟ་མིན༔ ཉན་ཐོས་པ་ཡི་རྩ་ལྟུང་བཞི༔ གཟུངས་འདིའི་ནུས་པས་བྱང་བར་གྱུར༔ དེ་བཞིན་མི་དགེའི་ལས་གཞན་རྣམས༔ མེ་དང་རྩི་སྦུར་འཕྲད་བཞིན་སེལ༔ བསྙེན་མཚམས་ལས་སྦྱོར་དམིགས་པ་ནི༔ རང་ཉིད་འཕགས་པའི་ཐུགས་ལས་འོད་ཟེར་འཕྲོས༔ ཐུབ་པ་དྲུག་གི་ཐུགས་ཀར་ཕོག་པ་ཡིས༔ ཐུགས་ཀྱི་རྒྱུད་བསྐུལ་འགྲོ་དྲུག་ཐམས་ཅད་དང་༔ གང་དམིགས་བར་དོའི་འགྲོ་བའི་རྣམ་ཤེས་བཀུག༔ ཉོན་མོངས་དྲུག་དང་འབྲས་བུ་སྡུག་བསྔལ་སྦྱངས༔ ལུས་སེམས་བདེ་བ་རྒྱས་ཤིང་བྱང་ཆུབ་ལམ༔ ཐོགས་མེད་མྱུར་བགྲོད་བག་ཆགས་ལུས་ངན་དེ༔ རྨི་ལམ་སད་བཞིན་དབྱིངས་སུ་ཡལ་ནས་ཀྱང་༔ བདེ་ཆེན་ཞིང་དུ་མངོན་པར་སངས་རྒྱས་བསམ༔ རྩ་སྔགས་ཤམ་དུ་འདི་བཏགས་བསྙེན༔ ཨ་བྷྱེ་རྒྱ་ཏཾ་ཀེཾ༔ ཆྒཻ་མོའི་ཚེ་འཁོར་བ་ཐོག་མ་མེད་ནས་བསགས་པའི་ལས་ཉོན་བག་ཆགས་བྱང་ཞིང་དག་ནས་པོ་ཊ་ལ་རུ་སྐྱེས་ནས་འགྲོ་བའི་དེད་དཔོན་དམ་པར་གྱུར་ཅིག༔ གཞན་ཡང་གཟུངས་རིང་ཡི་གེ་བརྒྱ༔ མི་འཁྲུགས་ངན་སོང་སྦྱོང་སྔགས་ནི༔ བརྒྱ་དང་ཉེར་གཅིག་བདུན་ལ་སོགས༔ སྐབས་བསྟུན་ཡེང་མེད་བརྩོན་པ་བསྐྱེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ལུང་རིག་གླིང་པས་དག་སྣང་མཁའ་འགྲོའི་བརྡ་རིས་ལས་ཕབ་པས་བཅོས་བསླད་མི་མཛད་པར་ཞུ༔

བསྐང་བཤགས་ཉམས་ཆག་དབྱིངས་གྲོལ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ བསྐང་བཤགས་ཉམས་ཆག་དབྱིངས་གྲོལ་བཞུགས་སོ༔

འཕགས་པ་མཆོག་ལ་གུས་པས་འདུད༔ འཕགས་པའི་ཐུགས་སྒྲུབ་ཆ་ལག་ཏུ༔ བསྐང་བཤགས་རིམ་པ་འདི་བཞིན་བྱ༔ རྣལ་འབྱོར་དབེན་པར་སྒྲུབ་རྫས་ནི༔ གཞུང་བཞིན་མ་ཚང་མེད་པར་བཀྲམ༔ གཞན་ཡང་སྤྱན་གཟིགས་སྣ་ཚོགས་པ༔ མེ་ཏོག་སྤོས་སོགས་ཉེར་སྤྱོད་ལྔ༔ སྨན་རཀ་གཏོར་མ་མར་མེ་རྣམས༔ ལྷ་གྲངས་ཡང་ན་གང་འབྱོར་བཤམས༔ རྒྱལ་སྲིད་བདུན་དང་རྫས་རྟགས་བརྒྱད༔ རྡོ་རྗེའི་རིག་མ་བཅུ་དྲུག་སོགས༔ བྲིས་འབུར་གང་རུང་སྤྲོས་མེད་ལ༔ དམིགས་པའི་སྤྲོ་བསྡུ་དག་གིས་རུང་༔ ལྷ་བསྐྱེད་མཆོད་གཏོར་ཚོགས་འཁོར་ཕུལ༔ བསྐང་རྫས་བྱིན་བརླབས་བསང་ཆུ་འཐོར༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ སྔགས་དྲུག་ཕྱག་རྒྱས་སྦྱངས་སྤེལ་བསྒྱུར༔ སྤོས་དུད་གཏོང་ཞིང་རོལ་མོ་འཁྲོལ༔ སྙན་པའི་དབྱངས་དང་ལྷག་པའི་ལྷར༔ གདུང་ཤུགས་དྲག་པོས་འདི་སྐད་དོ༔ ཧྲཱིཿ སྤྲོས་བྲལ་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ དགོངས་བརྒྱུད་རིག་འཛིན་བླ་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ལྷུན་གྲུབ་ངེས་པ་ལྔ་ལྡན་ཕོ་བྲང་ནས༔ བརྡ་བརྒྱུད་རིག་འཛིན་བླ་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་མཐུ་ཡིས་བདག་ཅག་ཉམས་ཆག་སོལ༔ གང་འདུལ་སྤྲུལ་བ་སྣ་ཚོགས་ཕོ་བྲང་ནས༔ སྙན་བརྒྱུད་རིག་འཛིན་བླ་མ་འཁོར་དང་བཅས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་དབང་གིས་བདག་ཅག་ཉམས་ཆག་སོལ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཕོ་བྲང་ནས༔ རིགས་བརྒྱའི་ཁྱབ་བདག་བཅོམ་ལྡན་ཚེ་མཐའ་ཡས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ཤར་ཕྱོགས་རི་བོ་ཏ་ལའི་ཕོ་བྲང་ནས༔ བོད་ཁམས་སྐྱབས་གཅིག་འཕགས་པ་སྤྱན་རས་གཟིགས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ལྷོ་ནུབ་ཟངས་མདོག་དཔལ་རིའི་ཕོ་བྲང་ནས༔ རིག་འཛིན་གྲུབ་བརྒྱའི་དབང་ཕྱུག་པདྨ་འབྱུང་༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ གཞན་ཡང་འགྲོ་བའི་ཁམས་དང་རྗེས་མཐུན་པའི༔ སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་ཚོགས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ ཐུགས་རྗེའི་སྟོབས་ཀྱིས་བདག་ཅག་ཉམས་ཆག་སོལ༔ ཧཱུྃ་ཧྲཱིཿ གནས་འདིར་ཐུགས་རྗེའི་མཐུ་ཡིས་གཤེགས་ནས་ཀྱང་༔ ཏིང་འཛིན་རྣམ་རོལ་བཀོད་ལེགས་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་ལྡན་ལ་བསྟོད༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཆུ་སྐྱེས་ཐང་སྐྱེས་ལྷ་ཡི་མན་དྷ་ར༔ རིན་ཆེན་འདབ་སྟོང་དགོད་པའི་གེ་སར་བཞད༔ ལྷན་སྐྱེས་བསུང་ཞིམ་ངད་ལྡན་ཙན་དན་དང་༔ རང་བཞིན་སྦྱར་བྱུང་བདུག་པའི་དུད་སྤྲིན་འཁྲིགས༔ མུན་སེལ་སྒྲོན་མེ་སྣང་བའི་འོད་འབར་ཞིང་༔ དངོས་པོའི་བྱེ་བྲག་སྟོན་པའི་ཨཱ་ལོ་ཀེ༔ ཙན་དན་ག་བུར་བཟང་པོའི་སྨན་སྦྱར་བའི༔ ཡིད་འོང་དྲི་ལྡན་ཟག་མེད་བྱུག་པའི་ཆབ༔ བཀྲེས་སྐོམ་ཉོན་མོངས་གདུང་བ་སེལ་བའི་སྨན༔ འཆི་མེད་བཤོས་གཙང་དཀར་དྭངས་བདུད་རྩིའི་སྐྱེམས༔ བརྡུང་དཀྲོལ་ལས་བྱུང་སྙན་པའི་སྒྲ་སྣ་ཚོགས༔ ངོ་མཚར་གླུ་དང་འཕྲུལ་ལྡན་ལྷ་ཡི་གར༔ ཏིང་འཛིན་རྣམ་པར་འཕྲུལ་དང་དངོས་འབྱོར་རྫས༔ ཉེ་བར་སྤྱོད་པའི་མཆོད་རྫས་འདི་དག་གིས༔ ཚེ་འདིར་དངོས་སུ་ཐུགས་རྗེས་རྗེས་བཟུང་ནས༔ དམ་ཚིག་དབང་གིས་རང་རིག་སྟོན་མཛད་པའི༔ སྨིན་བྱེད་དབང་གི་སློབ་དཔོན་ཐུགས་དམ་བསྐང་༔ ཤེས་བྱའི་ཆོས་ལ་རྨོངས་པའི་མུན་པ་བསལ༔ རྒྱུད་སྡེ་བཞི་ཡི་དོན་ལ་སྦྱོར་མཛད་པ༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་ཐུགས་དམ་བསྐང་༔ རང་རྒྱུད་ཉོན་མོངས་བག་ཆགས་དབྱིངས་སུ་སྦྱོར༔ ས་ལམ་ཡོན་ཏན་རྒྱུད་ལ་སྦྱོར་བར་མཛད༔ མན་ངག་ལུང་གི་སློབ་དཔོན་ཐུགས་དམ་བསྐང་༔ སོ་ཐར་བྱང་སེམས་གསང་སྔགས་དམ་ཚིག་སྡོམ༔ ཉམས་ཤིང་ཉེས་པ་སོར་ཆུད་ནུས་མཐུའི་བདག༔ ཉམས་ཆག་སྐོང་བའི་སློབ་དཔོན་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཉོན་ཤེས་སྒྲིབ་པ་ཀུན་གཞིའི་བག་ཆགས་རྣམས༔ ཆོས་ཉིད་མཉམ་པའི་དབྱིངས་སུ་རང་གྲོལ་ནས༔ ཁྱད་ཆོས་དྲུག་ལྡན་སྟོན་མཆོག་ཀུན་ཏུ་བཟང་༔ མགོན་པོ་འོད་དཔག་མེད་པའི་ཐུགས་དམ་བསྐང་༔ རྒྱལ་ཀུན་སྙིང་རྗེ་ཆེན་པོའི་རང་གཟུགས་ལས༔ གངས་ཅན་བོད་ལ་ལྷག་པར་བཀའ་དྲིན་ཅན༔ སྐུ་བཞིའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས༔ ཕྱག་སྟོང་སྤྱན་སྟོང་ལྡན་པའི་ཐུགས་དམ་བསྐང་༔ ཐབས་ལ་མཁས་པས་འགྲོ་དྲུག་ཐར་ལམ་འདྲེན༔ སྲས་མཆོག་ནོར་བུ་འཛིན་པའི་ཐུགས་དམ་བསྐང་༔ སྟོང་ཉིད་དབྱིངས་སུ་ཁམས་གསུམ་སྡུག་བསྔལ་སྦྱོང་༔ སྲས་མོ་རིག་སྔགས་འཛིན་མའི་ཐུགས་དམ་བསྐང་༔ དབང་གི་རྒྱལ་པོ་སྣང་སྲིད་ཟིལ་གྱིས་གནོན༔ ཁྲོ་ཆེན་རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ དུག་ལྔའི་ནད་སེལ་མཉམ་པའི་དོན་ལ་སྦྱོར༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ང་རྒྱལ་ལ་སོགས་རྩ་བའི་ཉོན་མོངས་འཇོམས༔ བཅོམ་ལྡན་ཐུབ་པ་དྲུག་གི་ཐུགས་དམ་བསྐང་༔ གང་འདུལ་སྤྲུལ་པས་མཁའ་མཉམ་འགྲོ་དོན་མཛད༔ འདྲེན་མཆོག་སངས་རྒྱས་སྟོང་གི་ཐུགས་དམ་བསྐང་༔ ཚད་མེད་རྣམ་བཞི་ཕྲིན་ལས་ལྷུན་གྱིས་གྲུབ༔ སྒོ་སྐྱོང་ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང་༔ ཚོགས་བརྒྱད་གནས་དག་སེམས་མའི་ཚུལ་དུ་སྣང་༔ ཉེ་བའི་སྲས་ཆེན་བརྒྱད་ཀྱི་ཐུགས་དམ་བསྐང་༔ སློབ་པའི་ལམ་ཞུགས་ཚོགས་ཀྱི་ཞིང་མཆོག་དཔལ༔ ཉན་རང་སྤྲུལ་པའི་འཁོར་ཚོགས་ཐུགས་དམ་བསྐང་༔ ཆོས་མཛད་རྣལ་འབྱོར་བུ་བཞིན་སྐྱོང་མཛད་པའི༔ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ ལྷན་སྐྱེས་སྦྱར་བྱུང་རྩི་བཅུད་རཀྟ་དམར༔ རྒྱུ་རྐྱེན་ཕུན་ཚོགས་རོ་ལྡན་ལྷ་ཡི་བཤོས༔ ཉོན་མོངས་གདུང་སེལ་བདེ་དབྱིངས་ཕྱག་རྒྱ་གར༔ གཉིས་རྟོག་མཉམ་པར་སྒྲོལ་བའི་དམ་རྫས་དང་༔ བསོད་ནམས་དཔལ་གྱིས་མངོན་མཐོ་རྒྱལ་སྲིད་བདུན༔ རྒྱལ་བའི་སྐུ་ལས་མངོན་བྱུང་བཀྲ་ཤིས་རྫས༔ གདུལ་བྱའི་དཔལ་ལས་ལེགས་འཁྲུངས་མཆོད་པའི་རྫས༔ སྲིད་དང་ཞི་བའི་ཡོ་བྱད་མ་ཚང་མེད༔ ཏིང་འཛིན་སྔགས་རྒྱས་སྤེལ་ཞིང་ལྷ་རྣམས་ཀྱི༔ དབང་པོ་དྲུག་ལ་བདེ་བའི་དཔལ་སྟེར་བའི༔ ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ཕུང་འདིས༔ དངོས་བརྒྱུད་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང་༔ དངོས་གྲུབ་ཆར་འབེབས་ཡི་དམ་ལྷག་པའི་ལྷ༔ འཕགས་མཆོག་སྤྱན་རས་གཟིགས་དབང་གཙོ་དང་འཁོར༔ སྤྲུལ་བ་ཡང་སྤྲུལ་བཅས་པའི་ཐུགས་དམ་བསྐང་༔ ཆོས་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ རྣལ་འབྱོར་སྡོང་གྲོགས་ཟབ་གཏེར་གཉེར་ཁ་འཛིན༔ དུད་སོལ་ལྷ་མོ་དཔལ་མགོན་ཕྱག་དྲུག་པ༔ སྤྱི་དང་བྱེ་བྲག་སྲུང་མའི་ཐུགས་དམ་བསྐང་༔ དེ་ནས་ཉམས་ཆག་ཡིད་ལ་དྲན་བཞིན་དུ༔ ཐལ་སྦྱར་གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ དགོངས་ཤིག་ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ བདག་ནི་ཚེ་རབས་འཁོར་བ་ཐོག་མེད་ནས༔ རིག་པའི་གནས་ལུགས་ཇི་བཞིན་མ་རྟོགས་པས༔ འདོད་ཆགས་དབང་གིས་ཡུལ་དྲུག་རྗེས་སུ་འབྲང་༔ ཞེ་སྡང་དབང་སོང་སྣང་བ་དགྲ་རུ་ལངས༔ གཏི་མུག་དབང་སོང་སྡུག་བསྔལ་བདེ་བར་རྨོངས༔ ང་རྒྱལ་རྗེས་འབྲང་མཉམ་པའི་དོན་དང་འགལ༔ ཕྲག་དོག་དབང་གིས་བདག་བསྟོད་གཞན་ལ་སྨད༔ ལས་ཉོན་བག་ཆགས་ཕྲ་རགས་དབང་གྱུར་མཐུས༔ སྒོ་གསུམ་མ་ཞི་བག་མེད་ཤུགས་ཆེ་བས༔ མི་དགེའི་ལས་བཅུ་མཚམས་མེད་ཆེན་པོ་ལྔ༔ ཉེ་བ་ལྔ་དང་ལྕི་བཞི་ལོག་བརྒྱད་སོགས༔ ཉམས་ཆག་ཉེས་ལྟུང་ཅི་བསགས་ཐམས་ཅད་ཀུན༔ བདག་གི་མ་རིག་འཁྲུལ་བས་ཆུང་ངུ་ཡང་༔ གཉེན་པོ་མ་བརྟེན་བཤགས་པ་མ་བགྱིས་པས༔ ཡུན་གྱི་སྒྲིབ་གྱུར་དམྱལ་མེས་ངེས་པར་བསྲེག༔ ད་ནི་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་སྙིང་ནས་དམ་བཅའ་འོ༔ དེ་ཕྱིར་བརྩེ་བའི་ཐུགས་རྗེས་ཉེར་དགོངས་ནས༔ འགྱོད་བཤགས་དམ་པ་དང་དུ་བཞེས་ནས་ཀྱང་༔ ཚེ་འདིར་རྐྱེན་དང་བར་ཆད་མི་འབྱུང་ཞིང་༔ ཕྱི་མ་ངན་སོང་ལོག་པར་མི་ལྟུང་བའི༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་བས་ནོངས་པ་བཤགས༔ དེས་ནི་ཉེས་ལྟུང་བག་ཆགས་རྣམས༔ དབྱིངས་སུ་གྲོལ་ནས་དགེ་ལེགས་ཀྱི༔ ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ༔ རྣལ་འབྱོར་གནས་པའི་ས་ཕྱོགས་དེར༔ མི་ཕྱུགས་ནད་རིམས་ངང་གིས་ཞི༔ བཀྲག་མདངས་ལོངས་སྤྱོད་ཕུན་ཚོགས་འགྱུར༔ དེ་བས་འདི་ལ་བརྩོན་པར་གྱིས༔ ས་མ་ཡཱ༔ གུ་ཧྱ༔ རང་བྱུང་རིག་པའི་རང་རྩལ་རྩ་ཁམས་ཡི་གེའི་བརྡ་ལས་ཤར་བ་སྐྱབས་མགོན་བླ་མའི་བཀའ་དང་ཨོ་རྒྱན་སྤྲུལ་པའི་སྐུ་ཡབ་ཡུམ་གྱི་ཐུགས་རྗེའི་མཐུ་ལས་རང་གྲོལ་ཐོགས་མེད་དུ་བབས་པ་དགེ་སྦྱོང་ལུང་རིག་མིང་གིས་བྲིས་པ་ཛ་ཡནྟུ༔ སརྦ་མངྒ་ལཾ༔ དགེའོ༔ དགེའོ༔ དགེའོ༔

བསྐང་བསྡུས་སྙིང་པོའི་བཅུད་དྲིལ་ཧོར་བླས་མཛད་པ།

ཐུགས་ཆེན་ཟླ་གཞོན་སྤྲིན་བྲལ་གྱི་བསྐང་བསྡུས་སྙིང་པོའི་བཅུད་དྲིལ་ཏིཥྛནྟུ༔ ཧྲཱིཿ སྤྲོས་བྲལ་ལྷུན་གྲུབ་གང་འདུལ་སྤྲུལ་ཞིང་ནས༔ དགོངས་བརྡ་སྙན་བརྒྱུད་བླ་མ་འཁོར་དང་བཅས༔ རིགས་ལྔའི་ཞིང་ཁམས་རི་བོ་ཏ་ལ་ནས༔ རིགས་ལྔའི་སངས་རྒྱས་འཕགས་མཆོག་སྤྱན་རས་གཟིགས༔ ཐུགས་སྤྲུལ་པད་འབྱུང་ཐུབ་དྲུག་ཧྱ་གྷྲྀ༔ ལྷ་མོ་རིགས་བཞི་སློབ་དཔོན་རྣམ་བཞི་སོགས༔ འགྲོ་བའི་ཁམས་དང་དབང་པོའི་རྗེས་མཐུན་པའི༔ སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྲུང་ཚོགས༔ ཐུགས་དམ་གཉན་པོ་བསྐང་བའི་གནས་འདིར་གཤེགས༔ བཀོད་ལེགས་གདན་བཞུགས་གུས་པས་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ ལྷན་སྐྱེས་སྦྱར་བྱུང་རྩི་བཅུད་རཀྟ་དམར༔ རྒྱུ་རྐྱེན་ཕུན་ཚོགས་རོ་ལྡན་ལྷ་ཡི་བཤོས༔ ཉོན་མོངས་གདུང་སེལ་བདེ་དབྱིངས་ཕྱག་རྒྱ་གར༔ གཉིས་རྟོག་མཉམ་པར་བསྒྲལ་བའི་དམ་རྫས་དང་༔ བསོད་ནམས་དཔལ་གྱིས་མངོན་མཐོ་རྒྱལ་སྲིད་བདུན༔ རྒྱལ་བའི་སྐུ་ལས་མངོན་བྱུང་བཀྲ་ཤིས་རྫས༔ གདུལ་བྱའི་དཔལ་ལས་ལེགས་འཁྲུངས་མཆོད་པའི་རྫས༔ སྲིད་དང་ཞི་བའི་ཡོ་བྱད་མ་ཚང་མེད༔ ཏིང་འཛིན་སྔགས་རྒྱས་སྤེལ་ཞིང་ལྷ་རྣམས་ཀྱི༔ དབང་པོ་དྲུག་ལ་བདེ་བའི་དཔལ་སྟེར་བའི༔ ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ཕུང་འདིས༔ དངོས་བརྒྱུད་རིག་འཛིན་སློབ་དཔོན་ཐུགས་དམ་བསྐང་༔ དངོས་གྲུབ་ཆར་འབེབས་ཡི་དམ་ལྷག་པའི་ལྷ༔ འཕགས་མཆོག་སྤྱན་རས་གཟིགས་དབང་གཙོ་དང་འཁོར༔ སྤྲུལ་པ་ཡང་སྤྲུལ་བཅས་པའི་ཐུགས་དམ་བསྐང་༔ ཆོས་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པ༔ རྣལ་འབྱོར་སྡོང་གྲོགས་ཟབ་གཏེར་གཉེར་ཁ་འཛིན༔ དུད་སོལ་ལྷ་མོ་དཔལ་མགོན་ཕྱག་དྲུག་པ༔ སྤྱི་དང་བྱེ་བྲག་སྲུང་མའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ དགོངས་ཤིག་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ བདག་ནི་ཚེ་རབས་འཁོར་བ་ཐོག་མེད་ནས༔ རིག་པའི་གནས་ལུགས་ཇི་བཞིན་མ་རྟོགས་པས༔ དུག་ལྔའི་དབང་གྱུར་མི་དགེའི་ལས་བཅུ་དང་༔ མཚམས་མེད་ལྔ་དང་ཉེ་ལྔ་ལྕི་བ་བཞི༔ ལོག་བརྒྱད་ཉམས་ཆག་ཉེས་ལྟུང་ཅི་བསགས་ཀུན༔ ད་ནི་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ ཕྱིན་ཆད་མི་བགྱིད་སྙིང་ནས་དམ་བཅའ་འོ༔ ཕྱི་མ་ངན་སོང་ལོག་པར་མི་ལྟུང་བའི༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ དེས་ནི་ཉེས་ལྟུང་བག་ཆགས་རྣམས༔ དབྱིངས་སུ་གྲོལ་ནས་དགེ་ལེགས་ཀྱི༔ ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ༔ ཅེས་པའང་རིག་འཛིན་ཆེན་པོའི་སྐྱབས་འོག་ཏུ་མཆི་བའི་འབངས་ས་ར་ཧི་ཏས་གཞུང་བསྐང་གི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་ཏེ་རང་ལ་ཉེར་མཁོའི་ཕྱིར་ཉུང་ངུར་བགྱིས་པ་དུས་གསུམ་དུ་དགེ་བར་གྱུར་ཅིག༔

བཀའ་སྲུང་མགོན་པོ་ཕྱག་དྲུག་པའི་གཏོར་འབུལ་ཕྲིན་ལས་ཀུན་འགྲུབ།

འཕགས་མཆོག་ཕྱག་ན་པདྨོར་འདུད༔ ཐུགས་རྗེ་ཆེན་པོའི་སྒྲུབས་ཐབས་ཀྱི༔ བཀའ་སྲུང་མགོན་པོ་ཕྱག་དྲུག་པའི༔ གཏོར་འབུལ་ཕྲིན་ལས་ཀུན་འགྲུབ་བསྟན༔ ས་མ་ཡཱ༔ རིན་ཆེན་སྣོད་དུ་གཙང་ཕྱེ་ལ༔ ཟླུམ་གཏོར་གཙོ་འཁོར་ལྔ་པ་བཤམས༔ དཀར་མངར་ཤ་ཁྲག་ལ་ཕུག་དང་༔ རིན་ཆེན་བརྡར་བའི་གསེར་སྐྱེམས་བྲན༔ རཾ་ཡཾ་ཁཾ་གིས་མི་གཙང་སྦྱངས༔ ཨོཾ་ཨཱཿ ཧཱུྃ་གིས་བདུད་རྩིར་བསྒྱུར༔ རང་ཉིད་འཕགས་པའི་སྐུ་རུ་བསྒོམ༔ ཐུགས་ཀའི་འོད་ཀྱིས་འོག་མིན་དང་༔ རི་རབ་རྩེ་དང་དུར་ཁྲོད་བརྒྱད༔ བོད་ཡུལ་གཙུག་ལག་ཆོས་འཁོར་ནས༔ མགོན་པོ་འཁོར་བཅས་སྤྱན་དྲངས་གྱུར༔ ཧཱུྃ་བྷྱོ༔ འགྲོ་དྲུག་སྙིང་རྗེས་སྒྲོལ་བའི་ཐུགས་རྗེ་ཅན༔ སྤྱན་རས་གཟིགས་དབང་གདུལ་དཀའ་འདུལ་བའི་ཕྱིར༔ དཔལ་མགོན་ནག་པོ་ཆེན་པོའི་སྐུར་བཞེངས་པ༔ དད་པ་དམ་ཚིག་དབང་གིས་གནས་འདིར་གཤེགས༔ བྱི་ན་ཡ་ཀ་ལོག་འདྲེན་ཟླ་ཉིའི་ཁྲིར༔ རབ་གཏུམ་འགྱིང་བའི་གར་གྱིས་བཞུགས་སུ་གསོལ༔ ཁྲག་གི་ཡོན་ཆབ་དབང་པོའི་མེ་ཏོག་བཞད༔ ཚིལ་ཆེན་དུད་སྤྲིན་དུར་ཁྲོད་སྣང་གསལ་འབར༔ ཀླད་མཁྲིས་དྲི་དང་ཤ་རུས་ཞལ་ཟས་སྤུངས༔ དཔའ་གཏུམ་མི་དང་རྟ་ནག་གཡག་རྒོད་ངར༔ འདབ་ཆགས་མི་སྡུག་གཅན་གཟན་ཟློས་གར་བསྒྱུར༔ དར་ནག་བ་དན་འཕན་གདུགས་རྒྱལ་མཚན་གཡོ༔ ཐོད་རྔ་རྐང་གླིང་རྔ་ཆེན་འབྲུག་ལྟར་ལྡིར༔ སྐུ་གསུང་ཐུགས་རྟེན་དམ་རྫས་རྫ་ལྟར་བསྙིལ༔ མཁའ་དབྱིངས་དོག་པོར་བྱེད་པའི་མཆོད་སྤྲིན་འདིས༔ དཔལ་ལྡན་མགོན་པོ་ཕྱག་དྲུག་ཡབ་དང་ཡུམ༔ སྤྲུལ་པ་ལྷ་ཀླུ་གཉན་གསུམ་སྡེ་བརྒྱད་དཔུང་༔ འགོ་བའི་ལྷ་ལྔ་དམ་ཅན་རྒྱ་མཚོའི་ཚོགས༔ མ་ལུས་འཁོར་དང་བཅས་ལ་དགྱེས་མཆོད་འབུལ༔ ཐུགས་དམ་བསྐངས་ཤིང་ཉམས་ཆག་ཉེས་ལྟུང་བཤགས༔ ལོག་འདྲེན་བདུད་ལས་རྒྱལ་ཕྱིར་དབུ་འཕང་བསྟོད༔ རྣལ་འབྱོར་འདོད་དོན་སྒྲུབ་པར་མངའ་གསོལ་ལོ༔ མཐིང་ནག་ཁྲོ་གཏུམ་མི་བཟད་སྲིན་པོའི་གཟུགས༔ གཡས་དཀར་གཡོན་དམར་འཇིགས་པའི་གད་རྒྱངས་སྒྲོག༔ དང་པོའི་ཕྱག་གཉིས་བིང་ཆེན་ཐོད་ཁྲག་དང་༔ བར་བས་ཉི་ཟླ་མཐའ་གཉིས་གླང་གདོང་གི༔ མགོ་དང་མཇུག་མ་རླུང་གི་ཞགས་པ་འཆང་༔ དར་ནག་བེར་གསོལ་ཞབས་གཉིས་འདོར་སྟབས་བསྒྲད༔ ལྷུ་ཚིགས་རུས་རྒྱན་ཁྲལ་ཁྲོལ་སྟག་ཤམ་བརྗིད༔ རྡོ་རྗེ་རོ་ལངས་ཡུམ་དང་རྣམ་པར་བརྩེ༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལྷ་ཀླུ་གཉན༔ སྡེ་བརྒྱད་བྲན་གཡོག་སྤྲུལ་འཁོར་བཅས་ལ་བསྟོད༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞིས༔ ཕན་བདེའི་འབྱུང་གནས་རྒྱལ་བསྟན་བླ་རུ་འདེགས༔ དུས་གསུམ་དྲེགས་ལྡན་འགྲོ་རྣམས་བདེ་སྐྱིད་འཕེལ༔ ཆོས་མཐུན་རྣལ་འབྱོར་ཚེ་བསྲིང་འབྱོར་པ་རྒྱས༔ བསྟན་འགྲོའི་དཔལ་ལ་སྡང་བའི་དགྲ་བགེགས་ཀྱི༔ དོན་སྙིང་ཁོང་ནས་ཕྱུངས་ལ་ཞལ་དུ་གསོལ༔ ཅི་བཅོལ་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་ནས༔ དོན་གཉིས་ཕུན་སུམ་ཚོགས་པའི་རྒྱལ་རྔ་བརྡུང་༔ གང་འདོད་སྨོན་པའི་ལས་ཀུན་འགྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ འདི་ནི་འཇིག་རྟེན་རང་རྒྱུད་པའི༔ དྲེགས་པ་གཞན་ལས་ཁྱད་དུ་འཕགས༔ མཆོད་བསྟོད་བརྟེན་པ་ཙམ་གྱིས་ཀྱང་༔ བར་ཆད་སེལ་ཞིང་བསམ་པ་འགྲུབ༔ ཁྱད་པར་ཟབ་ཆོས་ཉམས་བླངས་པའི༔ གང་ཟག་མཆོག་དམན་སུ་ཡིན་ཀྱང་༔ སྡོང་གྲོགས་བྱེད་པར་གདོན་མི་ཟ༔ དེ་ཕྱིར་གཅེས་པར་ཉམས་སུ་ལོངས༔ ཞེས་ཐུགས་རྗེ་ཆེན་པོའི་བཀའ་སྲུང་རྒྱུན་ཁྱེར་འདི་ཡང་རིག་འཛིན་འཇའ་ཚོན་སྙིང་པོའི་ཆོས་བདག་པདྨའི་མིང་ཅན་གྱི་ཡང་སྲིད་ལུང་ཟིན་སྤྲུལ་པའི་གང་ཟག་གཞན་ཕན་བཟང་པོས་བསྐུལ་ངོར༔ མཁའ་འགྲོའི་དབྱིངས་མཛོད་ཀྱི་བཀའ་བབ་རིག་འཛིན་ལུང་རིག་གླིང་པས་སྤེལ་བ་དམ་ལྡན་ཆོས་རྒྱུད་འཛིན་པའི་གྲོགས་སུ་ཤོག༔ དགེའོ༔ དགེའོ༔ དགེའོ༔

ཡང་སྙིང་ཡིད་བཞིན་ནོར་བུ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ ཡང་སྙིང་ཡིད་བཞིན་ནོར་བུ་བཞུགས༔

རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་མཆོག༔ འཕགས་པ་མཆོག་ལ་ཕྱག་འཚལ་ནས༔ ཐུགས་རྗེ་ཆེན་པོའི་ཐུགས་སྒྲུབ་མཆོག༔ གཅིག་ཆོག་ཡིད་བཞིན་ནོར་བུ་བསྟན༔ ས་མ་ཡཱ༔ ཤིན་ཏུ་དབེན་ཅིང་ཉམས་དགའི་སར༔ དཀྱིལ་འཁོར་དབུས་སུ་ལྔ་ཚོམ་བཀོད༔ རིན་ཆེན་འབར་བའི་མཆོད་གཏོར་དང་༔ སྨན་རཀ་ཉེར་སྤྱོད་མཆོད་པས་བསྐོར༔ སྐུ་གསུང་ཐུགས་རྟེན་ཡིད་འོང་བཀྲམ༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ ངེས་འབྱུང་ཐར་པ་ལ་འདུན་པས༔ སྦྱོར་དངོས་རྗེས་གསུམ་ལྷག་བསམ་གྱིས༔ རྩེ་གཅིག་སྒྲུབ་པ་གལ་ཆེ་ཞིང་༔ སྤྲོས་མེད་རྒྱུན་གྱི་ཉམས་ལེན་ལ༔ སྒྲུབ་རྫས་མི་དགོས་ལུས་དཀྱིལ་དུ༔ དམིགས་པ་ཁོ་ནས་ཆོག་པའོ༔ དང་པོ་སྦྱོར་བའི་ཆོས་ལ་གསུམ༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ འགྲོ་དྲུག་དེང་ནས་བྱང་ཆུབ་བར༔ རྣམ་མཁྱེན་གོ་འཕང་ལ་འགོད་ཕྱིར༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་མཆོག་བསྐྱེད་པ་ནི༔ ཧོ༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ འགྲོ་ཀུན་བདག་གིས་བསྒྲལ་ནས་ཀྱང་༔ འཕགས་མཆོག་གོ་འཕང་ལ་འགོད་ཕྱིར༔ བྱང་ཆུབ་སྙིང་པོར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་བསག་བྱ་བ་ནི༔ ཨེ་མ་ཧོ༔ སྤྱན་རས་གཟིགས་དབང་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་མདུན་མཁར་སྤྱོན༔ བཀོད་ལེགས་སྤྲུལ་པའི་གདན་ལ་བཞུགས༔ བདག་གིས་འགྲོ་དྲུག་སྒྲིབ་སྦྱང་སླད༔ ཉམས་ཆག་སྡིག་པ་སོ་སོར་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང༔ གྲངས་མེད་ལུས་སྤྲུལ་ལྷ་ཕྱག་འཚལ༔ ཀུན་བཟང་རྣམ་རོལ་མཆོད་སྤྲིན་འབུལ༔ མཁའ་བཞིན་འགྲོ་ངོར་བཞུགས་གསོལ་འདེབས༔ ཆོས་ཀུན་གཅིག་བསྡུས་རྒྱལ་སྲས་ཀྱི༔ ལམ་མཆོག་ཆོས་འཁོར་བསྐོར་བར་བསྐུལ༔ དུས་གསུམ་དགེ་རྩ་འགྲོ་ལ་བསྔོ༔ ཕྱམ་གཅིག་སངས་རྒྱས་མྱུར་འགྲུབ་ཤོག༔ དངོས་གཞིར་རྣམ་གྲངས་བདུན་གྱིས་བསྟན༔ དང་པོ་ལྷ་སྣང་གསལ་བ་ནི༔ ཧྲཱིཿ ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་སྣང་སྟོང་རིག་རྩལ་ལས༔ ལྷུན་གྲུབ་བདེ་ཆེན་ཞིང་གི་དབུས༔ རང་བྱུང་ཕོ་བྲང་པོ་ཊ་ལ༔ མཚན་ཉིད་ཡོངས་རྫོགས་ད་ལ་རུ༔ པདྨ་འདབ་དྲུག་ཟླ་སྟེང་ལ༔ ཐ་མལ་མ་བཅོས་རིག་པ་ནི༔ མཆོག་གསུམ་ཀུན་འདུས་སྤྱན་རས་གཟིགས༔ དཀར་གསལ་མཚན་དཔེ་རྫོགས་པའི་སྐུ༔ ཞལ་གཅིག་འཛུམ་པས་འགྲོ་ལ་གཟིགས༔ ཕྱག་བཞིའི་དང་པོ་ཐལ་མོ་སྦྱར༔ འོག་མས་ཤེལ་ཕྲེང་པད་དཀར་འཛིན༔ ཞབས་གཉིས་མཉམ་པའི་སྐྱིལ་མོ་ཀྲུང་༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཀུན་གསོལ༔ འདབ་དྲུག་ཟླ་གདན་ཟླུམ་བསྐོར་བའི༔ མདུན་དུ་ལྷ་ཡི་ཐུབ་པ་དཀར༔ པི་ཝཾ་སྙན་སྒྲོག་ཆོས་གོས་གསོལ༔ ང་རྒྱལ་འཇོམས་པའི་ཆོས་ཚུལ་སྟོན༔ ལྷ་རྣམས་ལྟུང་བའི་འཇིགས་ལས་སྒྲོལ༔ མདུན་གཡས་ལྷ་མིན་ཐུབ་པ་སྔོ༔ གོ་མཚོན་བསྣམས་ཤིང་ཆོས་གོས་གསོལ༔ ཕྲག་དོག་འཇོམས་པའི་ཆོས་ཚུལ་སྟོན༔ ལྷ་མིན་འཐབ་རྩོད་འཇིགས་ལས་སྒྲོལ༔ གཡས་སུ་མི་ཡི་ཐུབ་པ་སེར༔ ལྷུང་བཟེད་འཁར་སིལ་ཆོས་གོས་གསོལ༔ འདོད་ཆགས་འཇོམས་པའི་ཆོས་ཚུལ་སྟོན༔ མི་རྣམས་འཁོར་བའི་འཇིགས་ལས་སྒྲོལ༔ རྒྱབ་ཏུ་ཡི་དྭགས་ཐུབ་པ་དམར༔ ཕྱག་མཚན་སྒྲོམ་བུ་ཆོས་གོས་གསོལ༔ སེར་སྣ་འཇོམས་པའི་ཆོས་ཚུལ་སྟོན༔ ཡི་དྭགས་བཀྲེས་སྐོམ་འཇིགས་ལས་སྒྲོལ༔ གཡོན་དུ་བྱོལ་སོང་ཐུབ་པ་ལྗང་༔ གླེགས་བམ་སྐྱབས་སྦྱིན་ཆོས་གོས་གསོལ༔ གཏི་མུག་འཇོམས་པའི་ཆོས་ཚུལ་སྟོན༔ དུད་འགྲོ་གསོད་གཅོད་འཇིགས་ལས་སྒྲོལ༔ རྒྱབ་གཡོན་དམྱལ་བའི་ཐུབ་པ་ནག༔ མེ་ཆུའི་ཕྱག་རྟགས་ཆོས་གོས་གསོལ༔ ཞེ་སྡང་འཇོམས་པའི་ཆོས་ཚུལ་སྟོན༔ དམྱལ་བ་ཚ་གྲང་འཇིགས་ལས་སྒྲོལ༔ ཀུན་ཀྱང་བཞེངས་པའི་ཚུལ་དུ་བསྐྱེད༔ སྒོ་བཞིར་ཚད་མེད་རྣམ་བཞིའི་འཕྲུལ༔ སྤྲུལ་པའི་ལྷ་མོ་ཆེན་མོ་བཞི༔ ལྷ་ཡི་བུ་མོ་མཛེས་སྡུག་གཟུགས༔ དར་དང་རིན་ཆེན་རྒྱན་ཆས་སྤྲས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡས་རྣམས་རང་རྟགས་མཁའ་ལ་ཕྱར༔ གཡོན་རྣམས་དག་བྱེད་ཁྲུས་བུམ་བསྣམས༔ གཙོ་བོའི་སྤྱི་བོར་པད་ཟླའི་སྟེང་༔ རིགས་བདག་སྣང་བ་མཐའ་ཡས་དམར༔ ཐུགས་ཀར་ཉི་སྟེང་ཡེ་ཤེས་སེམས༔ དཔའ་བོ་རྟ་མགྲིན་ཁྲོ་བོའི་ཆས༔ དམར་གསལ་པད་ཕྲེང་སྡིགས་མཛུབ་གདེངས༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ དམ་ཅན་ཆོས་སྲུང་རང་མོས་ལྷ༔ གཙོ་བོ་གཅིག་པུའི་ཆོ་འཕྲུལ་ཏེ༔ མ་བསྐྱེད་ཡོངས་གྲུབ་ཆེན་པོར་གསལ༔ གཉིས་པ་སྤྱན་འདྲེན་སྤོས་རོལ་དང་༔ དད་མོས་བློ་ཡིས་འདི་སྐད་དོ༔ ཧྲཱིཿ འཁོར་འདས་རོ་མཉམ་རིག་པའི་གཤིས༔ ཚད་མེད་སྙིང་རྗེར་ཤར་བའི་ལྷ༔ ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ ཚོགས་དྲུག་རང་གྲོལ་ཐུབ་པ་དྲུག༔ ཚད་མེད་རྣམ་བཞི་སྒོ་སྲུང་ཚུལ༔ སྐྱབས་ཀུན་གཅིག་འདུས་སྣང་མཐའ་ཡས༔ བར་ཆད་བདུད་འདུལ་རྟ་མཆོག་རྒྱལ༔ སྤྲུལ་བ་ཡང་སྤྲུལ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་མཆོག་སྒོ་གསུམ་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨརྱ་ལོ་ཀི་ཤྭ་ར་བཛྲ་ས་མ་ཡཱ་ཛཿཛ༔ གཉིས་པ་བཞུགས་སུ་གསོལ་བ་ནི༔ ཧྲཱིཿ དམ་ཚིག་བསྐྱེད་པའི་དཀྱིལ་འཁོར་ལ༔ རང་བྱུང་ཡེ་ཤེས་དབྱིངས་ཀྱི་ལྷ༔ འདུ་འབྲལ་མེད་པར་བརྟན་བཞུགས་ནས༔ འགྲོ་དྲུག་དབྱིངས་སུ་གྲོལ་བར་མཛོད༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ གསུམ་པ་བརྡ་ཕྱག་འཚལ་བ་ནི༔ ཧྲཱིཿ ལྷ་ཚོགས་རང་བྱུང་སེམས་ཀྱི་རྩལ༔ རང་ལས་སྤྲུལ་པའི་ལྷ་རྣམས་ཀྱི༔ ལྟ་བའི་རང་ཞལ་མཇལ་བའི་ཕྱིར༔ སྒོ་གསུམ་གུས་པས་བརྡ་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ བཞི་བ་མཆོད་ཚོགས་འབུལ་བ་ནི༔ ཧྲཱིཿ མེ་ཏོག་དྲི་ཞིམ་གསལ་བའི་འོད༔ དྲི་བཟང་བྱུག་པ་བདུད་རྩིའི་ཟས༔ སྒྲ་སྙན་བསྟོད་དབྱངས་རོལ་མོའི་སྒྲ༔ འདོད་ལྔ་ཕྱི་ཡི་མཆོད་པ་འབུལ༔ རང་བྱུང་འཆི་མེད་སྨན་གྱི་མཆོག༔ ཉོན་མོངས་ཆགས་བྲལ་རཀྟ་དམར༔ སྣང་སྟོང་དབྱེར་མེད་བྷ་ལིང་ཏ༔ གསང་སྔགས་ནང་གི་དམ་རྫས་འབུལ༔ ཡུལ་དྲུག་བདེ་སྟོང་ཡེ་ཤེས་རྫོགས༔ བདག་རྟོག་སྐྱེ་མེད་ཀློང་དུ་སྒྲོལ༔ ཐམས་ཅད་རང་བྱུང་སེམས་ཀྱི་འཕྲུལ༔ བློ་འདས་གསང་བའི་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིངྟ་ཏ་ན་ག་ན་མ་ཧཱ་དྷརྨ་དྷརྟུ་པཱུ་ཛ་ཧོ༔ ལྔ་པ་གུས་པས་བསྟོད་པ་ནི༔ ཧྲཱིཿ མཐོང་ན་མི་མཐུན་མེད་པའི་སྐུ༔ ཐོས་པས་རྣམ་གྲོལ་ལེགས་བཤད་གསུང་༔ དྲན་པས་སྲིད་ཞིའི་གདུང་སེལ་ཐུགས༔ འཕགས་པ་མཆོག་ལ་ཕྱག་འཚལ་བསྟོད༔ འཁོར་བ་སྡུག་བསྔལ་རྦ་ཀློང་དུ༔ རྣམ་པར་འཁྱམས་པའི་འགྲོ་བ་དྲུག༔ ཐབས་མཁས་ཐུགས་རྗེས་སྒྲོལ་མཛད་པའི༔ ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ བྱམས་དང་སྙིང་རྗེས་དབང་དུ་སྡུད༔ དགའ་བས་སེམས་ཅན་ཐར་པར་འདྲེན༔ བཏང་སྙོམས་འཁོར་འདས་མཉམ་པར་སྟོན༔ ཚད་མེད་ལྷ་མོ་བཞི་ལ་བསྟོད༔ བྱམས་བརྩེའི་ཐུགས་ཀྱིས་འགྲོ་ཀུན་སྐྱོང་༔ ས་བཅུའི་མཐར་སོན་སྲིད་ལས་གྲོལ༔ སངས་རྒྱས་བྱང་སེམས་རྩ་གསུམ་ལྷ༔ མ་ལུས་ཀུན་ལ་ཕྱག་འཚལ་བསྟོད༔ དྲུག་པ་ཉེས་ཚོགས་བཤགས་པ་ནི༔ ཧྲཱིཿ འཁོར་ཚེ་ཐོག་མ་མེད་པ་ནས༔ ཉེས་ལྟུང་སྒྲིབ་ཚོགས་ཅི་བསགས་པ༔ ཐམས་ཅད་འཕགས་པའི་སྤྱན་སྔར་བཤགས༔ དག་ཚངས་མཆོག་གི་དབུགས་དབྱུང་གསོལ༔ ཡི་གེ་བརྒྱ་བས་ནོངས་པ་བཤགས༔ བདུན་པ་འཛབ་ཀྱི་དམིགས་པ་ནི༔ ཧྲཱིཿ འཕགས་པའི་ཐུགས་ཀར་ཡེ་ཤེས་སེམས༔ དེ་ཡི་ཐུགས་དབུས་པད་ཟླའི་སྟེང༔ ཧྲཱིཿདཀར་ཡིག་དྲུག་སྔགས་ཀྱིས་བསྐོར༔ འོད་འཕྲོས་ཁམས་གསུམ་ལས་ཉོན་སྦྱངས༔ གཟུགས་སྣང་སྐུ་ལ་སྒྲ་གྲགས་སྔགས༔ དྲན་རྟོག་རང་བྱུང་འཕགས་པའི་ཐུགས༔ དམིགས་པ་རྩེ་གཅིག་སྔགས་འདིར་འབད༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྔགས་ཀྱི་རྒྱལ་པོ་ཡི་གེ་དྲུག༔ རྒྱལ་བ་ཀུན་གྱི་གསུང་གི་དབྱིག༔ འགྲོ་དྲུག་ལས་ཉོན་སྦྱང་བའི་མཆོག༔ འདི་ལ་བརྩོན་པའི་སྐལ་ལྡན་དེ༔ རྒྱལ་ཀུན་ཐུགས་ཀྱི་སྲས་སུ་དགོངས༔ དཀར་ཕྱོགས་ལྷ་དང་སྲུང་མས་སྐྱོབས༔ ནག་ཕྱོགས་གདུག་ཞི་བྱམས་སེམས་ལྡན༔ ཚེ་འདིར་གང་སྨོན་ཡིད་བཞིན་འགྲུབ༔ འཕོས་ཚེ་དག་པའི་ཞིང་ཁམས་བགྲོད༔ ས་བཅུའི་ཡོན་ཏན་རིམ་བཞིན་འཕེལ༔ དེ་ཕྱིར་སྔགས་ཀྱི་གྲངས་ཚད་ལ༔ ངེས་མེད་རྒྱུན་དུ་ཉམས་ལེན་མཛོད༔ ས་མ་ཡཱ༔ རྗེས་ཀྱི་རིམ་པ་གསུམ་གྱིས་བསྟན༔ དང་པོ་བསྡུ་རིམ་བྱ་བ་ནི༔ ཧྲཱིཿ སྣང་བའི་ངོ་བོ་གཞལ་ཡས་ཁང་༔ རིམ་ཡལ་འཁོར་རྣམས་གཙོ་བོར་ཐིམ༔ དེ་ཡང་ཡེ་ཤེས་སེམས་དཔའ་དང་༔ ཐུགས་སྲོག་མཁའ་ལ་འཇའ་ཚོན་བཞིན༔ རང་བྱུང་གདོད་མའི་གཤིས་སུ་ཐིམ༔ བློ་འདས་རང་བབ་ཆེན་པོར་བཞག༔ ཨ་ཨཿ ཐུན་སྐབས་སྒྱུ་མའི་ལྷ་རུ་ལྡང་༔ གཉིས་པ་བསྔོ་སྨོན་བྱ་བ་ནི༔ ཧྲཱིཿ དུས་གསུམ་ཀུན་ཏུ་རྣམ་དཀར་དགེ༔ ཅི་བགྱིས་མཐའ་ཡས་འགྲོ་ལ་བསྔོ༔ ཀུན་ཀྱང་ལས་ཉོན་སྒྲིབ་དག་ནས༔ འཕགས་པའི་གོ་འཕང་མྱུར་ཐོབ་ཤོག༔ གསུམ་པ་ཤིས་པ་བརྗོད་པ་ནི༔ ཧྲཱིཿ ཉོན་ཤེས་སྒྲིབ་བྲལ་སངས་རྒྱས་ཀྱང་༔ བྱམས་བརྩེས་གང་འདུལ་སྤྲུལ་སྐུར་སྟོན༔ འཕགས་མཆོག་ཐུགས་རྗེའི་དཀྱིལ་འཁོར་ལྷས༔ དུས་གསུམ་དགེ་བའི་ཤིས་པ་སྩོལ༔ ཅེས་སོགས་ཤིས་བརྗོད་མཐའ་རྒྱས་བྱ༔ དབང་དང་འབྲེལ་ན་ཚོགས་བསྐང་སོགས༔ ཐུགས་སྒྲུབ་རང་གཞུང་ཉིད་དང་བསྟུན༔ ས་མ་ཡཱ༔ ཤིན་ཏུ་བྱིན་རླབས་ཟབ་མྱུར་ཆོས༔ ཚིག་ལ་མི་ལྟོས་དོན་གྱི་གནད༔ མཚོ་རྒྱལ་ཁྱེད་ཀྱི་སྙིང་ལ་སྦོས༔ པདྨ་བདག་གི་ཐུགས་བསྐྱེད་མཐུས༔ མ་འོངས་སྐལ་ལྡན་ཆོས་ཀྱི་བདག༔ འདི་འཕྲད་འཁོར་བ་དོངས་སྤྲུག་ཤོག༔ གུ་ཧྱ༔ བརྡ་ཐིམ༔ དུས་བབས་ཀྱི་གཏེར་འདོན་ལུང་རིག་གླིང་པ་རྩལ་གྱིས་དབྱིངས་རིག་སྟོང་པའི་སྒྲོམ་ནས་བཏོན་པའོ༔ མངྒ་ལཾ༔

དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ནགས་རྟ་མདོ་སྡེས་མཛད་པ།

༄༅།ཟབ་གཏེར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཟླ་གཞོན་སྤྲིན་བྲལ་གྱི་དབང་གི་མཚམས་སྦྱོར་སྐལ་བཟང་རྣ་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །

ན་མོ་ལོ་ཀི་ཤྭ་ར་ཡེཿ རྨད་བྱུང་བརྩེ་ཆེན་ཐུགས་རྗེ་མཆོག་གི་གྲུས། །ཡུན་རིང་སྲིད་མཚོར་དུབ་པའི་འགྲོ་བ་རྣམས། །ཐར་བ་རིན་ཆེན་གླིང་དུ་འདྲེན་མཛད་པའི། །དེད་དཔོན་མཚུངས་མེད་ཕྱག་ན་པདྨོས་སྐྱོངས། །ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །རྔ་ཡབ་རིག་འཛིན་པདྨ་འབྱུང་གནས་དང་། །རྣམ་གསུམ་དབྱེར་མེད་དྲིན་ཆེན་བླ་མ་རྗེ། །བྱང་ཆུབ་བར་དུ་འབྲལ་མེད་སྤྱི་བོས་མཆོད། །རིག་འཛིན་གྲུབ་མཆོག་ལུང་རིག་གླིང་པ་ཡི། །དག་སྣང་ཟབ་ཆོས་འཕགས་མཆོག་ཐུགས་ཆེན་གྱི། །བྱིན་རླབས་དབང་གི་མཚམས་སྦྱོར་ལྷའི་རོལ་མོ། །སྐལ་བཟང་རྣ་བའི་དཔྱིད་དུ་འདི་ན་སྒྲོགས། །དེ་ལ་འདིར་རིག་འཛིན་མཆོག་སྤྲུལ་ལུང་རིག་གླིང་བའི་དག་སྣང་དགོངས་པའི་གཏེར་མཛོད་ཟབ་མོའི་ཆོས་སྡེ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་གི་མཚམས་སྦྱོར་གྱི་རིམ་པ་ནི། ཐོག་མར་བདག་མདུན་བུམ་པ་སོགས་དཀྱིལ་འཁོར་སྒྲུབ་མཆོད་བཟླས་པ་དང་བཅས་པས་ནུས་ལྡན་དུ་བསྒྲུབ་ཅིང་བདག་འཇུག་ལེན་པ་རྣམས་རང་གཞུང་བཞིན་བྱས་ལ། སྐབས་འདིར་ལས་བུམ་བསྒྲུབ་པ་ནི། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་ཐར་བ་ཆེན་པོའི་གཞལ་མེད་ཁང་གི་ནང་དུ་པད་ཉི་བམ་རོའི་གདན་ལ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྒྱལ་པོ་རྟ་མཆོག་ཧེ་རུ་ཀ་དམར་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པདྨ་དཀར་པོ་དང་། གཡོན་ཞགས་པ་འཛིན་པ་ཞབས་གཉིས་དོར་སྟབས་ཀྱིས་འགྱིངས་བ་ཐོད་ཕྲེང་སྦྲུལ་ཆུན་སྟག་ཤམས་སོགས་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པའི་སྐུར་གསལ་བའི་སྐུར་གྱུར་པའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བུམ་ལྷའི་རྣམ་པར་སྤྱན་དྲངས། བཛྲ་ས་མ་ཡཱ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པུ་ཧོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་སྭཱ་ཧཱ༔ས་མཆོད་ཅིང་། ཧཱུྃ༔ ཆགས་མེད་སྐྱོན་བྲལ་སོགས་ཀྱིས་བསྟོད་ནས། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་ནས། །སྔགས་ཕྲེང་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན། །བབས་ཏེ་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་ལས་མི་ཉུང་བར་བཟླས་མཐར། མཆོད་བསྟོད་སྔར་བཞིན་བྱས་ལ། བུམ་ལྷ་འོད་ཞུ་བརྟན་བཞུགས་གང་རུང་བྱ། དེ་ནས་བགེགས་གཏོར་གུལ་ཡུངས་འཐོར་ནས། མིག་རས་མེ་ཏོག་སོགས་འདུ་བྱས་ལ། སློབ་མ་རྣམས་མདུན་དུ་འཁོད་པ་ལ། ཐོག་མར་ཁྲུས་བྱ་བ་ནི། ལས་བུམ་ཐོག་ལ། འོ་ངེད་ཀྱི་ཕྱག་ན་ཐོག་པའི་བུམ་པ་ལས་དག་བྱེད་ཡེ་ཤེས་བདུད་རྩིའི་རྒྱུན་བབས་ཏེ་ཁྱེད་རང་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བཀྲུ་བཤལ་མཁས་པའི་བྱེད་ལས་བཞིན་སངས་ཀྱིས་དག་པའི་མོས་པ་མཛོད། །ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བགྱིའོ། །ཡིག་བརྒྱ་ཚར་གསུམ་དང་། སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པ་པཾ་དཱ་ཧ་ན་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད། དེ་ནས་བགེགས་གཏོར་བྱིན་རླབས་ནི། ལས་ཆུས་འཐོར་དེ། ཨོཾ་བཛྲ་ཀྲོ་ཏ་སོགས་ལས་སྔགས་ཀྱིས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སོགས་སྤྱི་ལྟར་བརླབས་ལ། ཨོཾ་ཨཱ༔ཧཱུྃ། སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛཿ ཨོཾ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་ཡི་དམ་འཕགས་མཆོག་ཐུགས་རྗེ་ཆེན་པོ། སྐྱེས་མཆོག་ཐུབ་པ་དྲུག སྒོ་བསྲུང་ལྷ་མོ་བཞི་སོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། དེང་འདིར་རྡོ་རྗེ་སློབ་མ་འདི་དག་གིས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བ་ལ་བར་དུ་གཅོད་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་གཏོར་མ་འདི་སྦྱིན་པ་ཡིན་པས་མགུ་ཞིང་ཚིམ་པར་གྱིས་ལ་ས་ཡི་ཕྱོགས་འདིར་མ་འདུག་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་མཚོན་མེ་དཔུང་གི་ཚོགས་དཔག་ཏུ་མེད་པས་རྡུལ་ཕྲན་བཞིན་བརླག་པར་གདོན་མི་ཟའོ། །ཧཱུྃ་བཞིའི་དྲག་སྔགས་དང་ཡུངས་ཐུན། རོལ་མོ་སོགས་ཀྱིས་བསྐྲད་པར་བྱའོ། །བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། ཁྲོ་མཚོན་མེ་དཔུང་གི་ཚོགས་རྣམས་ཚུར་འདུས་པ་ལས་བསྲུང་བའི་འཁོར་ལོ་ར་བ་སུམ་རིམ་གྱིས་ཡོངས་སུ་བསྐོར་བས་ཅིས་ཀྱང་མི་ཤིག་པར་གྱུར་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊཿ ལན་གསུམ། ཨོཾ་བཛྲ་རཏྣ་སིདྡྷི་པུཥྤེ་ཏྲཾཿ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་མྱུར་ལམ་སྔགས་ཀྱི་དབང་བསྐུར་ཟབ་མོ་ཞུ་བསམ་པའི་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་སོགས་ཆོས་གསན་པའི་ཀུན་སློང་དང་། ཀུན་སྤྱོད་ཀྱི་རིམ་པ་རྣམས་མདོ་རྒྱུད་བསྟན་བཅོས་རྣམས་ནས་ཇི་སྐད་གསུངས་པ་བཞིན་གསལ་བཏབ་སྟེ། སྤང་བླང་མ་འཛོལ་བའི་ངང་ནས་ལེགས་པར་གསན་འཚལ། དེ་ཡང་རང་ཅག་རྣམས་ཀྱིས་ཆོས་བསྒྲུབ་པ་ལ་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལྟ་བུ་ཐོབ། མཚན་ལྡན་བླ་མ་དམ་པས་རྗེས་སུ་བཟུང་། གདམས་ངག་ཟབ་མོ་ལ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་པ་ནི་སྔོན་བསགས་རྣམ་དཀར་གྱི་བསོད་ནམས་དཔག་ཏུ་མེད་པའི་མཐུས་གྲུབ་པ་ཡིན་པས། ད་རེས་དོན་ཆེན་དམ་པའི་ལྷ་ཆོས་འགྲུབ་རུང་དུ་ཡོད་པའི་དུས་འདིར། མནོག་ཆུང་ཚེ་འདིའི་བྱ་བས་མི་གཡེང་བར། གཏན་གྱི་འདུན་མ་ཐར་བའི་གོ་འཕང་བསྒྲུབ་པ་ལ་མྱུར་དུ་འབད་དགོས་པའི་ཚུལ་ནི། རྒྱལ་སྲས་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཞེས་གསུངས་པ་ལྟར་མྱུར་དུ་ཆོས་ཕྱིར་མ་འབད་ན་ཚེ་འདི་གློ་བུར་བ་ཡིན་པས་དེ་རིང་ཙམ་ནས་མི་འཆི་བའི་གདེངས་ནི་མེད། འཆི་དུས་དམ་པའི་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན། ལས་འབྲས་བསླུ་བ་མེད་པ་ཡིན་པས་དགེ་བསྒྲུབ་སྡིག་སྤང་ལ་བརྩོན་ནས་ཕྱི་མར་སྐྲག་མི་དགོས་པ་རེ་ཅི་ནས་ཀྱང་བྱེད་དགོས། འཁོར་བའི་གནས་འདི་ཐམས་ཅད་ནི་སྡུག་བསྔལ་གྱི་རང་བཞིན། མེ་མ་མུར་གྱི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་གསེབ་ལྟ་བུ་ཡིན་པས་དེ་ལས་ཐར་བའི་ཐབས་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མ་མཆིས། དེ་ལའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་གདུལ་བྱའི་ཁམས་དབང་དང་བསམ་པའི་ཁྱད་པར་དུ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པས། དེ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་ལ། དེ་ལ་ཡང་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་གསང་སྔགས་ཀྱི་ཐེག་པ་ཉིད་ཡིན་ལ། དེ་ལའང་བཀའ་གཏེར་དག་སྣང་གི་སྲོལ་ཁ་གསུམ་ལས་འདི་ནི་ཕྱི་མ་ཉིད་ཡིན་ཏེ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པ་གཅིག་ཏུ་འདུས་པའི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་ཀྱིས་སྔོན་གྱི་དུས་སུ་རྗེ་འབངས་གྲོགས་ཀྱི་ཚོམ་བུ་སོགས་སྐལ་ལྡན་དག་པའི་འཁོར་རྣམས་ལ་སྨིན་གྲོལ་གྱི་རིམ་པ། གདམས་ངག་སྣ་རེས་གང་ཟག་རེ་གྲོལ་བར་ནུས་པའི་ཟབ་ཁྱད་བླ་ན་མེད་པའི་ཆོས་སྡེ་དཔག་ཏུ་མེད་པ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར་གཏད་རྒྱ་དང་བཅས་གནང་སྟེ་རང་སྐལ་དང་འཚམས་པའི་གྲུབ་འབྲས་མངོན་དུ་གྱུར་བར་མཛད། ཁྱད་པར་དུ་ཡང་ཟབ་ཆོས་པདྨའི་ཐུགས་བཅུད་རྣམས་ཌཱཀྐིའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་སོགས་རིག་པ་འཛིན་པ་དེ་དག་གི་དགོངས་པའི་ཀློང་དུ་མི་ཤིག་པའི་རྒྱས་བཏབ་ཏེ། སླར་ཡང་གདུལ་བྱའི་དོན་དུ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པར་བསྟན་པ་ལས་འདིར་ནི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱའམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང༔ ཞེས་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ལམ་བདེ་གཤེགས་ཀུན་འདུས་ཀྱི་ལུང་བསྟན་དུས་གསུམ་གསལ་བྱེད་ལས། མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་འཛིན་པ༔ གཡུ་རོང་ཕྱོགས་སུ་ངེས་འབྱུང་ལྡན་པ་འབྱུང༔ ཅེས་དང་། གྲུབ་དབང་རྫོགས་ཆེན་པའི་ལུང་བསྟན་ལས། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ། །ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན། །རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན། །འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས། །སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང་། །སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར། །མ་རིག་མུན་པའི་སྨག་རུམ་བསལ་བར་བྱས། །ཞེས་དང་། རང་གཞུང་ལས། མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་མས༔ ཟབ་དོན་སྙིང་གི་སྒྲོམ་དུ་སྦས༔ མ་འོངས་ཁྱོད་ཀྱི་སྤྲུལ་པ་འགས༔ སྙིགས་དུས་འགྲོ་བའི་དོན་མཛད་ཚེ༔ ཕྲིན་ལས་སྤྲུལ་པ་རྒྱལ་གྱི་མིང༔ མ་ངེས་སྤྱོད་འཆང་བྱང་ཆུབ་སེམས༔ ལས་ལྡན་དེ་དང་འཕྲད་པ་རུ༔ སྨོན་ལམ་རྒྱས་ཐོབ་སྐལ་ལྡན་དེས༔ བསྟན་འཛིན་སྐུ་ཚེ་བསྲིང་བ་དང༔ འབྲེལ་ཚད་དོན་དང་ལྡན་པའི་ཕྱིར༔ འགྲོ་དོན་ཕྱི་བཤོལ་མེད་པར་ཤོག༔ ཞེས་རྡོ་རྗེའི་ལུང་གིས་གཏེར་ཁ་དུ་མ་ནས་ཡང་ཡང་བསྔགས་པ་ལྟར་རིག་འཛིན་དམ་པ་དེ་ཉིད་དགུང་ལོ་ཉེར་ལྔའི་ལོར་བསྙེན་བསྒྲུབ་ཀྱི་དམ་བཅའ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐབས་སུ་ཉིན་གཅིག་ནམ་ཐོ་རེངས་ཀྱི་ཆར་མཉམ་བཞག་གཉུག་མའི་ཡེ་ཤེས་དང་། རྗེས་ཐོབ་ཉམས་ཀྱི་གསལ་སྣང་གཅིག་ཏུ་འདྲེས་པ་དག་པའི་སྣང་ངོར་ཟངས་མདོག་དཔལ་རིར་ཨོ་རྒྱན་དང་དངོས་སུ་མཇལ་ནས་རྡོ་རྗེ་ཕུར་པའི་ཚོམ་བུ་ཚོགས་སྒྲུབ་དང་འབྲེལ་བར་ཞག་བདུན་ཕྲག་གསུམ་དུ་བཞུགས་ཏེ་དངོས་གྲུབ་ལེན་པའི་སྐབས་སུ། གུ་རུ་རིན་པོ་ཆེས་ཕྱག་གི་བྷནྡྷ་ནས་བདུད་རྩི་དང་། ཤོག་དྲིལ་གསུམ་གནང་ནས་ཟབ་གཏེར་གྱི་བདག་པོར་དབུགས་དབྱུང་། སླར་ཡང་རྡོ་གྲུབ་པའི་དབང་ཕྱུག་སོགས་སྐྱེས་ཆེན་དུ་མའི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་ནས་ཟབ་ཆོས་ཀྱི་ཁ་བྱང་གནང་བ་སོགས་སྔ་ཕྱིར་ངོ་མཚར་རྨད་བྱུང་གི་རྟེན་འབྲེལ་དུ་མས་མཚམས་སྦྱར་ཏེ་རང་གཏེར་འགྱུར་བ་མེད་པའི་བཀའ་བབས་ཤིང་གཉིས་སྣང་མཚན་མའི་ཆོས་ཀུན་དག་པ་རབ་འབྱམས་ཆེན་པོར་འབྱམས་ཀླས་པ་གཉུག་མ་དོན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུའི་སྒྲོམ་ནས་བཏོན་ཏེ། རྗེས་ཐོབ་སྒྱུ་མའི་སྣང་ཆར་ཡི་གེའི་ལམ་དུ་འདུ་བགྱིས་པ་ཡང་རྗོད་བྱེད་དག་གསལ། བརྗོད་བྱ་ཟབ་རྒྱས་སོགས་ཆོས་དང་བདག་པོ་གཉིས་ཀ་ཁྱད་ཆོས་དུ་མ་དང་ལྡན་ཞིང་། ཁྱད་པར་དུ་མཁས་གྲུབ་སྐྱེས་བུ་ཡོངས་ཀྱིས་གཙུག་ཏུ་བཀུར་ནས་བསྔགས་པའི་མེ་ཏོག་འཐོར་བ་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་འཁྲུལ་བ་མེད་པ་རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་འཕགས་པ་ཐུགས་རྗེ་ཆེན་པོ་ཟླ་གཞོན་སྤྲིན་བྲལ་གྱི་དབང་བསྐུར་བའི་སྐབས་སུ་བབས་པ་ལ་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས་སློབ་དཔོན་གྱིས་བྱ་བར་འོས་པའི་ལས་རིམ་རྣམས་སྔོན་དུ་གྲུབ་པར་བྱས་ཟིན། ད་ཁྱེད་རང་སློབ་མའི་ངོ་སྐལ་དུ་གྱུར་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་ཞུ། མིག་རས་མེ་ཏོག་སྤྱི་ལྟར་ལ། དེ་ནས་མོས་གུས་དང་གདུང་བ་དྲག་པོས་ཐལ་མོ་སྦྱར་ཏེ་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀྱེ་ཧོ་འཕགས་མཆོག་སོགས། སླར་ཡང་དད་གུས་འགྱུར་བ་མེད་པའི་དམ་བཅའ་བརྟན་པོ་དང་བཅས་ཏེ་འདི་བཞིན་དུ་རྗེས་ཟློས་གྱིས། ཀྱེ་ཧོ་འགྲོ་མགོན་སོགས། དེ་ནས་འདའ་དཀའ་རྡོ་རྗེའི་དམ་ཆུ་འདི་ཁྱེད་རང་གི་ལྕེ་ལ་བཞག་ཅིང་སྙིང་ཁྲག་དང་དབྱེར་མེད་དུ་འདྲེས་ཏེ་དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔའི་རྟེན་དུ་གྱུར་ནས་ཚེ་འདིར་དངོས་གྲུབ་སྟེར་ཞིང་ཉམས་ན་སྡིག་པ་མགོ་དགུར་གྱུར་ཏེ་སྙིང་ཚལ་བར་བཀས་ནས་རྡོ་རྗེའི་དམྱལ་བར་འཕེན་པར་འགྱུར་བས་དེང་ཕྱིན་ཆད་དམ་ཙིག་རྣམས་སྲོག་དང་བསྡོས་དེ་བསྲུང་དགོས་པ་ཡིན་ནོ། །ཧོ་འདི་ནི་སོགས། དེ་ནས་སྐྱབས་སུ་འགྲོ་བ་ནི་སྡོམ་པ་དང་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་པས་མདུན་གྱི་ནམ་མཁར་སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བྱམས་བརྩེའི་མངའ་བདག་འཕགས་མཆོག་ཕྱག་ན་པདྨ་གངས་ཀྱི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་བཞིན་ལྷམ་མེར་བཞུགས་པའི་སྟེང་འོག་བར་གསུམ་དུ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས་ཕྱོགས་དུས་ཀྱི་སྐྱབས་གྱུར་མ་ལུས་པས་བསྐོར་བའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གནས་རེ་ལྟོས་རྩེ་གཅིག་ཏུ་བྱ་སྙམས་པའི་དམིགས་པ་དུང་དུང་བ་དང་བཅས་ཏེ་འདི་བཞིན་རྗེས་ཟློས་ཀྱིས། ན་མོ་འགྲོ་དྲུག་དེང་ནས་སོགས། དེ་ནས་སེམས་བསྐྱེད་པ་ཡང་ཐེག་ཆེན་ལམ་གྱི་རྩ་བ་ཡིན་པས་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་སྲིད་པའི་སྡུག་བསྔལ་ལས་བསྒྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དགོད་པར་བགྱིའོ་སྙམ་པར་གྱིས་ལ་འདིའི་རྗེས་ཟློས་མཛོད། ཧོ་འཁོར་བའི་སྡུག་བསྔལ་སོགས། དེ་ནས་འགལ་རྐྱེན་སྡིག་སྒྲིབ་དག་ཅིང་མཐུན་རྐྱེན་ཚོགས་གཉིས་རྫོགས་པའི་ཐབས་ཀྱི་ཁྱད་པར་ཡན་ལག་བདུན་པ་ནི། རང་གི་ལུས་གྲངས་མེད་པར་སྤྲུལ་ཏེ་ཕྱག་འཚལ་བ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་འབུལ་བ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བཤགས་པ། སྐྱེ་འཕགས་ཀྱི་དགེ་བ་ལ་རྗེས་སུ་ཡི་རངས་བ། ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། གཞན་དོན་དུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བའི་རྩ་བ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བ་སོགས་ཚིག་གི་རྗེས་སུ་དོན་དྲན་པའི་ངང་ནས་རྗེས་ཟློས་ཀྱིས། ཨེ་མ་ཧོ༔ སྤྱན་རས་གཟིགས་དབང་སོགས། བྱིན་འབེབས་རང་གཞུང་ལྟར་བྱ། དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་འཁོད་པར་མོས་ཏེ་སྒོ་དབྱེ་བའི་ཕྱིར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ཀྱིས། ཀྱེ་ཧོ་རྡོ་རྗེ་སློབ་དཔོན་སོགས། དེ་ནས་ལས་ཀྱི་སློབ་བུས་ཤར་སྒོ་ནས་རིམ་བཞིན་གཡས་སྐོར་དུ་ཁྲིད་ཅིང་ཡི་དམ་ལྷ་ཞལ་མངོན་སུམ་ཉིད་དུ་མཐོང་བའི་སྐལ་ལྡན་དུ་གྱུར་བར་སྒོམས་ཤིག ཨེ་མ་སྐལ་ལྡན་སོགས། དེ་ནས་རིགས་ཀྱི་མཚན་མ་བརྟགས་པའི་ཕྱིར་མེ་ཏོག་དོར་བ་འདི་བཞིན་རྗེས་ཟློས་མཛོད། ཧོ༔ ཚེ་རབས་སོགས། ཞེས་དཀྱིལ་འཁོར་ལ་དོར་བས་དབུས་སུ་བབས་ན་ཐུགས་རྗེའི་དབང་ཕྱུག ཤར་དུ་ཞི་བའི་བློ་གྲོས། ལྷོ་རུ་འཇིགས་མེད་མི་བསྐྱོད། ནུབ་ཏུ་པདྨ་མཐའ་ཡས། བྱང་དུ་ཕྲིན་ལས་ལྷུན་གྲུབ། མཚམས་བཞིར་རིག་པའི་མྱུ་གུ་སོགས་སུ་བཏགས་པ་ཡིན་པས་མ་བརྗེད་པར་འཛིན་འཚལ། དེ་བཞིན་དུ་དབུས་སུ་མཆོག་དང་ཕྱོགས་མཚམས་རྣམས་སུ་ཐུན་མོང་སོགས་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བ་ཡིན་ནོ། ཨེ་མ་བུ་ཁྱོད་སོགས། མ་རིག་སྒྲིབ་པའི་ལིང་ཏོག་མིག་རས་དང་ལྷན་ཅིག་པར་བསལ་ནས་དག་པ་རང་བྱུང་ཡེ་ཤེས་ཀྱི་ལྷ་ཞལ་མངོན་སུམ་མཇལ་བའི་མོས་པ་མཛོད། སླར་ཡང་རིགས་ལྔའི་དབང་དོན་དུ་མཎྚལ་ཕུལ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་ཀྱིས། སྐྱབས་མཆོག་སོགས། ཧཱུྃ་ཧྲཱིཿ བཀྲ་ཤིས་བུམ་པ་སོགས། དེ་ལྟར་སངས་རྒྱས་མི་བསྐྱོད་པའི་ངོ་བོ་བུམ་པའི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག ལྷག་མ་སྤྱི་བོར་འཁྱིལ་བས་རིགས་བདག་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་ཅིང་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་གཟུགས་ཕུང་འཕགས་པའི་སྐུ་རུ་གནས་གྱུར། ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ་པ་ཡིན་ནོ། ཧཱུྃ་ཧྲཱིཿ རྒྱལ་ཀུན་སོགས། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་དབང་ཐོབ་པ་ཡིན་ནོ། །ཧཱུྃ་ཧྲཱིཿ མི་ཤིགས་སོགས། དེ་ལྟར་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། འདོད་ཆགས་སོར་རྟོག་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ་པ་ཡིན་ནོ། ། ཧཱུྃ་ཧྲཱིཿ སྟོང་ཉིད་སོགས། དེ་ལྟར་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བས། སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་དག སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ་པ་ཡིན་ནོ། ། ཧཱུྃ་ཧྲཱིཿ དབྱངས་ཀྱི་སོགས། དེ་ལྟར་རྣམ་སྣང་གི་ངོ་བོ་རྡོ་རྗེ་དྲིལ་བུ་ཟུང་གི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ཀྱི་རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་གྱུར། གཏི་མུག་ཆོས་དབྱིངས་ཡེ་ཤེས་སུ་དག་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ་པ་ཡིན་ནོ། །རིགས་ལྔའི་དབང་གི་མཚམས་སྦྱོར་འདི་ལྟར་བྱེད་ཚེ་རང་གཞུང་གི་དེ་ལྟར་རིགས་ལྔའི་དབང་བསྐུར་བ་ཞེས་པ་མི་དགོས། བསྡུ་ན་དེ་དག་གིས་ཆོག་གོ །དངོས་གཞི་བུམ་པའི་དབང་ཞུ་བའི་ཡོན་དུ་མཎྚལ་ཕུལ། དེ་ནས་བུམ་པ་འདི་ཉིད་ཕྱི་མཚན་བཅས་བུམ་པའི་དབྱིབས་ལ་ནང་མཚན་མེད་ཏིང་ངེ་འཛིན་ལས་གྲུབ་པ་འཕགས་མཆོག་ཐུགས་རྗེ་ཆེན་པོ་རྟེན་དང་བརྟེན་པར་བཅས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བབས་པས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ལྷ་ཚོགས་དེ་དག་གི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ་བྱུང་སྙམས་པའི་མོས་པ་མཛོད་ཅིག ཧཱུྃ་ཧྲཱིཿ འཁོར་འདས་སོགས། དེ་ནས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཀྱིལ་འཁོར་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མ་ཛཿ ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དགོངས་པ་མཛད་པ་དང་། གཙོ་བོའི་ཐུགས་ཀ་ནས་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པའི་ཐ་མལ་གྱི་འཛིན་རྟོག་ཐམས་ཅད་དག་སྟེ་སྣོད་བཅུད་དག་པ་རབ་འབྱམས་ལྷ་ཡི་འཁོར་ལོར་རྫོགས་པའི་མོས་པ་བརྟན་པོ་མཛད་འཚལ། ། ཧཱུྃ་ཧྲཱིཿ འགྲོ་དྲུག་སོགས། ལྷ་དབང་ཡོངས་རྫོགས་བསྐུར་བའི་རྗེས། དཀྱིལ་འཁོར་གྱི་གཙོ་བོའི་མགྲིན་པ་ནས་གཟུངས་སྔགས་ཀྱི་ཡིག་འབྲུ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བར་མེད་དུ་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་གཡོ་བ་རླུང་གི་བྱེད་ལས་ཐ་མལ་གྱི་སྒྲ་སྐད་ཐམས་ཅད་དག་སྟེ་གྲགས་སྟོང་སྔགས་ཀྱི་རང་བཞིན་གསུང་རྡོ་རྗེའི་དབང་ཐོབ་པ་ཡིན་ནོ། ། ཧཱུྃ་ཧྲཱིཿ ཆོས་ཀུན་སྙིང་པོ་སོགས། དེ་ནས་བླ་མ་ཡབ་ཡུམ་སྦྱོར་བ་མཛད་པས་ཐབས་བདེ་བ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་བྱང་སེམས་དཀར་དམར་བདུད་རྩིའི་རང་བཞིན་མཚན་ལྡན་བྷནྡྷའི་ནང་དུ་བསྐྱིལ་བ་ཁྱེད་རང་གི་རོ་འཛིན་གྱི་ལམ་དུ་བཞག་པས་མ་དག་རྩ་ཡི་འཁྲུལ་འཁོར་རང་གྲོལ་བདེ་བ་ཆེན་པོར་དག་སྟེ་རྩ་ཁམས་དོན་གྱི་ཡི་གེའི་འཕྲོ་འདུ་ལྷུན་གྱིས་གྲུབ་པའི་མོས་པ་མཛོད། ༈ དེ་ནས་གསང་ཆེན་བླ་ན་མེད་པའི་ཐབས་ཀྱི་ལམ་རྨད་དུ་བྱུང་བ་མཚན་ལྡན་གྱི་རིག་མ་ལ་བརྟེན་ནས་སྟངས་དཔྱལ་ལྷ་ཡི་རྣམ་པར་བསྒོམ་པས་ཡེ་བབས་ཀྱི་ཐིག་ལེ་འཕོ་མེད་དུ་འཆང་སྟེ་ཐ་མལ་འདོད་སྲེད་ཀྱི་ཞེན་པ་དག དགའ་བཞི་ལུགས་འབྱུང་ལྡོག་གི་རྣམ་པས་ཆགས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་ནོ། །ཧོ༔ གསང་ལས་ཆེས་གསང་སོགས། དེ་ནས་སློབ་བུ་རྣམས་ཀྱིས་ལུས་རྣམ་སྣང་ཆོས་བདུན་བཅས། སེམས་འཁྲུལ་རྟོག་གི་འགྱུ་འཕྲོ་ཆོད་ལ་རང་བབས་སུ་ལྷན་ནེ། རང་ཡན་དུ་ཀློད་དེ་བཞག་པས་སེམས་ཉིད་གཤིས་ཀྱི་གནས་ལུགས་སྐྱེ་འགགས་གནས་གསུམ་དང་བྲལ་བའི་རང་ངོ་ལ་བལྟས་པས་ངོ་བོ་སྟོང་པ། རང་བཞིན་གསལ་བ། རོལ་རྩལ་འགགས་མེད་དུ་འཆར་བ་དེ་ཀ་རིག་སྟོང་ཟུང་འཇུག་ཀུན་ཁྱབ་འཕོ་འགྱུར་དང་བྲལ་བ་སྐུ་གསུམ་གྱི་དགོངས་པ་ཡིན་ནོ། །ཨེ་མ་ཧོ༔ ཆོས་ཀུན་ངོ་བོ་སོགས། དེ་ནས་ཡོངས་རྫོགས་གཏོར་མའི་དབང་ནི། གཏོར་མ་འདི་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་རྩ་གསུམ་རྒྱལ་བ་རབ་འབྱམས་དམ་ཅན་བསྲུང་མའི་ཚོགས་དང་བཅས་པར་གསལ་བ་ཁྱེད་རང་གི་གནས་གསུམ་དུ་གཏུག་པས་རང་གི་སྒོ་གསུམ་ཡི་དམ་གྱི་ལྷ་དང་དབྱེར་མེད་དུ་གྱུར་བའི་མོས་པ་མཛོད། །ཧྲཱིཿ འཁོར་འདས་སོགས། ཥིཉྩ་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དགེ་སློང་ནམ་མཁའི་སྙིང་པོ། འཁོན་ཆེན་ཀླུ་ཡི་དབང་པོ། རིག་འཛིན་ཉི་མ་གྲགས་པ། འཇིགས་མེད་ཕྲིན་ལས་འོད་ཟེར། མི་འགྱུར་ནམ་མཁའི་རྡོ་རྗེ། རིག་འཛིན་ལུང་རིག་གླིང་པ་སོགས་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག སྐུ་གསུང་ཐུགས་ཀྱི་དབང་བསྐུར་དུ་གསོལ། ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་དག་པར་བྱིན་གྱིས་རློབས་ཤིག མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། དེ་ནས་སྒྲུབ་ཡིག་མཐའ་རྟེན་དང་བཅས་པས་དབང་བསྐུར་རྗེས། དེ་ལྟར་དབང་བསྐུར་བའི་གནས་སྐབས་དེ་དག་ཏུ་སྤྱི་དང་བྱེ་བྲག་གི་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྚལ་དང་དགེ་བ་བསྔོ་བ་སོགས་སྤྱི་ལྟར་བྱའོ། །དེ་ལྟར་མཆོག་སྤྲུལ་ལུང་རིག་གླིང་པ་ཡི། །དག་སྣང་ཟབ་ཆོས་ཆུ་གཏེར་རླིངས་པོའི་འགྲམ། །གྱི་ནའི་རླབས་ཕྲེང་ཅ་ཅོ་མི་འཚལ་ཡང་། །དམ་པ་གང་དང་ངེས་ལེགས་མཆོག་སྤྲུལ་བཀའ། །གཙུག་ཏུ་བསྩལ་བ་བཟློག་པར་མ་ནུས་པས། །བློ་རྨོངས་སྡེ་སྣོད་མིང་པས་འཕྲལ་དུ་བྲིས། །བྱིས་བློས་ནོངས་པ་གྱུར་གང་མཁས་ལ་བཤགས། །དགེ་བས་ཟབ་གཏེར་བསྟན་པ་མཐའ་རྒྱས་ཤོག །

དབང་གི་མཚམས་སྦྱོར་ལྷན་ཐབས།

༄༅། ཧོ་མ་རིག་ལོག་རྟོག་སོགས། ལན་གསུམ། དབང་ལྷ་སྤྱན་དྲངས་མཆོད་བསྟོད་བྱ། དེ་ལྟར་མཆོད་ཅིང་བསྟོད་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་མཛོད་ཅིག སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐུལ། དེ་ཡི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚངས་བའི་ལྷ་ཚོགས་དབང་ལྷའི་རྣམ་པར་སྤྱན་དྲངས་པའི་རིགས་ལྔ་ཡབ་རྣམས་དང་། བསྒྲུབ་པའི་དཀྱིལ་འཁོར་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པ་བདུད་རྩིའི་གང་བ་ཐོགས། སེམས་དཔའ་སེམས་མ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་ལ་སོགས་མཆོད་རྫས་རྣམས་བསྒྲེངས་ཤིང་རོལ་མོའི་སྒྲ་སྒྲོགས། བཀྲ་ཤིས་གླུ་གར་དང་བཅས་གུར་གུམ་ལ་སོགས་མེ་ཏོག་གི་ཆར་འབེབས། ཁྲོ་བོ་དང་ཁྲོ་མོ་རྣམས་ཀྱིས་བགེགས་དང་བར་ཆད་བསྐྲད་བཞིན་དབང་བསྐུར་བའི་མོས་པ་མཛོད།།

༈ མི་བསྐྱོད་པའི་ངོ་བོ་བུམ་པའི་དབང་བསྐུར་བས་ཞེ་སྡང་དག རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། མེ་ལོང་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ༧ རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བས་ང་རྒྱལ་དག ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ༧ སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་བསྐུར་བས་འདོད་ཆགས་དག འདུ་ཤེས་ཀྱི་་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ༧ དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བས་ཕྲག་དོག་དག འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ༧ རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོར་དྲིལ་མིང་གི་དབང་བསྐུར་བས་གཏི་མུག་དག གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད།

དབང་ཆོག་འབྲེལ་ཚད་དོན་ལྡན།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་དབང་ཆོག་འབྲེལ་ཚད་དོན་ལྡན་བཞུགས༔

ན་མོ་ཨརྱཱ་པ་ལོ་ཡེ། རྒྱལ་ཀུན་བྱམས་བརྩེའི་རང་གཟུགས་མཆོག༔ བླ་མ་སྤྱན་རས་གཟིགས་ལ་འདུད༔ འགྲོ་བའི་དོན་དུ་པདྨ་ངས༔ ཟབ་རྒྱས་དམ་ཆོས་དཔག་མེད་དང༔ ཁྱད་པར་འཕགས་པའི་སྒྲུབ་ཐབས་ནི༔ བྱེ་མའི་གྲངས་དང་མཉམ་པ་བརྩམས༔ འགའ་ཞིག་དངོས་གཏེར་གབ་རྒྱས་གདབ༔ འདི་ནི་མུ་རུབ་བཙན་པོ་དང༔ ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ༔ དགེ་སློང་ནམ་མཁའི་སྙིང་པོ་སོགས༔ སྐལ་ལྡན་ཉི་ཤུ་རྩ་ལྔ་ལ༔ ཡབ་མེས་སྲོང་བཙན་སྒམ་པོའི་ལུགས༔ འཕགས་མཆོག་ཕྱག་སྟོང་སྤྱན་སྟོང་གི༔ སྒྲུབ་ཐབས་དབང་དང་ལས་ཚོགས་སོགས༔ ཤིན་ཏུ་ཡང་ཟབ་སྙིང་གི་ཁྲག༔ སྤེལ་བར་ཕངས་པའི་ཆོས་ཡིན་ཀྱང༔ བདག་ལ་འགྲོ་བའི་དོན་ལས་མེད༔ བསམ་ཡས་བར་ཁང་གཡུ་ཞལ་དུ༔ དགའ་སྟོན་ཆོས་ཀྱི་སྐྱེས་སུ་བྱིན༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་མས༔ ཟབ་དོན་སྙིང་གི་སྒྲོམ་དུ་སྦོས༔ མ་འོངས་ཁྱོད་ཀྱི་སྤྲུལ་པ་འགས༔ སྙིགས་དུས་འགྲོ་བའི་དོན་མཛད་ཚེ༔ ཕྲིན་ལས་སྤྲུལ་པ་རྒྱལ་གྱི་མིང༔ མ་ངེས་སྤྱོད་འཆང་བྱང་ཆུབ་སེམས༔ ལས་ལྡན་དེ་དང་འཕྲད་པ་རུ༔ སྨོན་ལམ་རྒྱས་ཐོབ་སྐལ་ལྡན་དེས༔ བསྟན་འཛིན་སྐུ་ཚེ་བསྲིང་བ་དང༔ འབྲེལ་ཚད་དོན་དང་ལྡན་པའི་ཕྱིར༔ འགྲོ་དོན་ཕྱི་བཤོལ་མེད་པར་མཛོད༔ ས་མ་ཡཱ༔ དབང་ཆོག་ཟབ་མོ་སྒྲུབ་པ་ལ༔ རྫས་རྣམས་རང་གཞུང་དག་ཏུ་ཤེས༔ དབང་གཏོར་རིན་ཆེན་འབར་བའི་དབྱིབས༔ རྩེ་ཟླུམ་ལྟོ་ལྡིར་རྩ་བ་བརྟན༔ ལྷུན་ཆགས་པདྨའི་ཕྲ་ཚོམ་ཅན༔ རྒྱན་ལྡན་དེ་ཡི་མཐའ་མ་རུ༔ གཡས་གཡོན་མདུན་རྒྱབ་བཤོས་བུ་བཞི༔ ཤིན་ཏུ་མཛེས་པའི་དཀར་ཚོན་བསྒྱུར༔ རིལ་བུ་ཅི་མང་དར་གུར་ཕུབ༔ བདག་ཉིད་པདྨའི་སྐུ་བརྙན་འཛུགས༔ སྨན་རཀ་ཉེར་སྤྱོད་མཐའ་ནས་བསྐོར༔ བསྲུང་མའི་མཆོད་གཏོར་ཚོགས་ཀྱི་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ ཆོ་གའི་གཞུང་བསྲང་བསྙེན་མཚམས་སུ༔ བུམ་པ་སོ་ལྔའི་རྫས་ལྡན་པ༔ མ་ཧཱ་ཤུ་ནྱའི་སྔགས་ཀྱིས་བསང༔ སྟོང་གསལ་རང་བྱུང་ཆོས་དབྱིངས་བུམ་པ་ཆེ༔ འགགས་མེད་ཚད་དང་མཚན་ཉིད་ཡོངས་རྫོགས་པའི༔ ནང་ནི་སྤྲུལ་པའི་ཞིང་ཁམས་པོ་ཊ་ལ༔ རིན་ཆེན་སྣ་ཚོགས་ལས་གྲུབ་བཀོད་མཛེས་དབུས༔ ཧྲཱིཿཡིག་དཀར་པོ་ཟླ་བ་ཞུན་མ་ལྟར༔ གསལ་འཚེར་འོད་ཀྱི་ཕུང་པོར་འབར་བ་ལས༔ སྐད་ཅིག་དྲན་རྫོགས་འཕགས་མཆོག་སྤྱན་རས་གཟིགས༔ ཕྱག་སྟོང་སྤྱན་སྟོང་འཁོར་དང་སྤྲུལ་པར་བཅས༔ དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན༔ གསལ་བརྟན་ཏིང་འཛིན་ཡེང་མེད་དེའི་ཐུགས་ཀར༔ ཧྲཱིཿདཀར་མཐའ་མར་གཟུངས་སྔགས་གཡས་བསྐོར་ལས༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་ཚུར་འདུས་པས༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན་བབས་ཏེ༔ བུམ་པ་གང་ཞིང་སླར་ཡང་འོད་འཕྲོས་པས༔ འགྲོ་དྲུག་སྒྲིབ་སྦྱང་འཕགས་པའི་སྐུ་རུ་གྱུར༔ ཅེས་བསམ་གཟུངས་བཟླས་གཟུངས་ཐག་བུམ་པར་གདགས༔ མཐར་ནི་མཆོད་བསྟོད་ལྷ་ཉིད་འོད་ཞུ་བས༔ བུམ་པའི་ཆུ་དང་དབྱེར་མེད་འདྲེས་པར་བསམ༔ ལས་བུམ་རྟ་མགྲིན་པདྨ་འཛིན་པར་བསྐྱེད༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མཆོད་བསྟོད་མཆོད་ཡོན་ཕུལ་བས་ཡེ་ཤེས་གཤེགས༔ དམ་ཚིག་འོད་ཞུ་བདུད་རྩིའི་རྒྱུན་དུ་དམིགས༔ བསྲུང་མ་གསོལ་ཞིང་ཚོགས་ཀྱིས་ཐུགས་དམ་བསྐང༔ ཉམ་ཆགས་བཤགས་ཤིང་སྙན་གསན་འདི་བཞིན་དབབ༔ ཀྱེ་ཧོ༔ འཕགས་མཆོག་ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས༔ བདག་གིས་ཁྱེད་ལ་རྩེ་གཅིག་གསོལ་འདེབས་ཤིང༔ བསྙེན་སྒྲུབ་ལས་སྦྱོར་རྡོ་རྗེའི་སློབ་མ་ལ༔ དངོས་གྲུབ་དབང་གིས་སྨིན་ཅིང་གྲོལ་འདོད་ན༔ རྗེས་སུ་བརྩེ་བའི་ཞུགས་ཀྱིས་ཉེར་དགོངས་ནས༔ ཚད་མེད་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ༔ བདུད་བགེགས་བར་ཆད་དབྱིངས་སུ་བསལ་དུ་གསོལ༔ ཚེ་འདིར་སྐུ་བཞིའི་འབྲས་བུ་སྩལ་དུ་གསོལ༔ འབྲེལ་ཚད་དོན་དང་ལྡན་པར་མཛད་དུ་གསོལ༔ དབང་འདིས་རྒྱུད་སྨིན་གྲོལ་བར་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བཏབ་རྗེས༔ དབང་ལེན་སློབ་མ་སྨིན་པའི་ཕྱིར༔ བདག་དང་འཕགས་པ་དབྱེར་མེད་བསམ༔ དེ་ནས་དབང་ཞུ་མདུན་དུ་འཁོད༔ ཁྲུས་བྱ་བགེགས་ལ་གཏོར་མ་སྦྱིན༔ བཀའ་བསྒོ་མཚམས་གཅོད་བསྲུང་འཁོར་བསྒོམ༔ སྤྱི་དང་བྱེ་བྲག་ཆོས་བཤད་ཀྱིས༔ བློ་བཅོས་རྡོ་རྗེ་སློབ་དཔོན་ལ༔ ཕྱི་ནང་རིན་ཆེན་མཎྚལ་འབུལ༔ སྙན་པས་གསོལ་འདེབས་འདི་བཞིན་བྱ༔ ཀྱེ་ཧོ༔ འཕགས་མཆོག་སྟོན་པ་རྡོ་རྗེ་རྒྱལ་པོ་ལགས༔ གསང་སྔགས་རྩ་བ་སྨིན་བྱེད་དབང་གིས་ནི༔ བདག་རྒྱུད་སྒྲིབ་བཞིའི་དྲི་མ་སྦྱང་པ་དང༔ སྐུ་བཞིའི་ས་བོན་ཐེབ་པར་མཛད་དུ་གསོལ༔ ཅེས་པས་གསོལ་འདེབས་ལན་དུ་བླ་མ་ཡིས༔ ཀྱེ་ཀྱེ་གསང་བ་བས་ཀྱང་ཆེས་གསང་བ༔ ཡང་ཟབ་མཁའ་འགྲོའི་ཐུགས་བཅུད་ཟབ་མོ་ཡི༔ འཕགས་པའི་དབང་གིས་དབང་གིས་སྨིན་ཅིང་གྲོལ་འདོད་ན༔ གང་སྨྲས་དམ་ཚིག་སྡོམ་ལ་གནས་ནུས་སམ༔ སླར་ཡང་སློབ་མས་མོས་གུས་དང་བཅས་ཏེ༔ གདུང་བའི་དབྱངས་ཀྱིས་དམ་བཅའ་འདི་ལྟར་ཕུལ༔ ཀྱེ་ཧོ༔ འགྲོ་མགོན་འཕགས་མཆོག་སྙིང་རྗེའི་ལྷའི༔ དབང་བསྐུར་ཟབ་མོས་བདག་རྒྱུད་སྨིན་མཛད་ན༔ བླ་མས་ཇི་ལྟར་བསྒོ་བ་དེ་བཞིན་དུ༔ ནམ་ཡང་ཡལ་བར་མི་འདོར་བདག་སྒྲུབ་བོ༔ ཅེས་པའི་ལན་དུ་འདི་བཞིན་བརྡ་སྤྲོད་བྱ༔ ཨེ་མ་ངོ་མཚར་དམ་བསྲུང་སྐྱེས་བུའི་མཆོག༔ འཕགས་པ་མཆོག་འདི་ཡི་དམ་ལྷ་རུ་ཟུངས༔ སྲོག་བཞིན་སྨོན་འཇུག་སེམས་བསྐྱེད་འདོར་མི་རུང༔ རྟེན་བཞེངས་སྲོག་བསླུ་བསྙུང་གནས་སྐུ་གསལ་ཐོབ༔ གཟུངས་སྔགས་རྒྱུན་ཟློས་གཞན་ལ་ཕན་པ་སྒྲུབ༔ དེས་ནི་དབང་གི་འབྲས་བུ་ཆུད་མི་ཟ༔ དེ་བས་རྟག་ཏུ་ནན་ཏན་མཛད་འཚལ་ལོ༔ དེ་ནས་དམ་ཆུ་བླུད་པ་ནི༔ ནང་མཆོད་བསྲེས་པའི་བསང་ཆུ་སྦྱིན༔ ཧོ་འདི་ནི་ཤིན་ཏུ་བསྲེག་བྱེད་དམ་ཚིག་ཆུ༔ བསྲུང་ན་མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ༔ ཉམས་ན་སྙིང་འགས་མནར་མེད་སྡུག་བསྔལ་མྱོང༔ དེ་བས་རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང༔ མ་ཉམས་སྙིང་གི་དཀྱིལ་དུ་དམ་བཅའ་ཟུངས༔ བཛྲ་ས་མ་ཡཱ་ཡཀྴ་ཀྲོ་ཏ་སིདྡྷི་ཧཱུྃ༔ གདོང་གཡོག་དགབ་ཅིང་མེ་ཏོག་ཐོགས༔ སྡོམ་དང་དམ་ཚིག་དབང་གི་གཞི༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་བླངས༔ རྒྱུན་བཤགས་ཡན་ལག་བདུན་པ་འབུལ༔ དངོས་གཞི་དབང་གི་བྱིན་རླབས་མཆོག༔ འབེབས་ཕྱིར་དམིགས་པ་འདི་བཞིན་འབོག༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཕྱི་སྣོད་ཀྱི་འཇིག་རྟེན་ཕོ་བྲང་རི་བོ་ཏ་ལའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་དབུས་སུ༔ པདྨ་དང་ཉི་ཟླའི་གདན་ལ་ཁྱེད་རང་གི་རིག་པ་དྭངས་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཧྲཱིཿཡིག་དཀར་པོ་མར་མེ་ལྟར་འབར་བ་ལས་འོད་ཟེར་ཁ་ཏོག་ལྔ་ལྡན་ཕྱོགས་བཅུར་འཕྲོས་པས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས༔ རིགས་དྲུག་གི་སེམས་ཅན་ཐམས་ཅད་འཕགས་པའི་གོ་འཕང་ལ་བཀོད༔ ཚུར་འདུས་པ་ལས་འཕགས་མཆོག་སྙིང་རྗེའི་གཏེར་མཛོད་སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་སྐུར་གསལ་བའི་གནས་གསུམ་ལས་འཕྲོས་པའི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཚོགས་མ་ལུས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་མདུན་གྱི་མཁའ་ལ་འོད་དང་གཟི་བརྗིད་ཆོས་ཀྱི་སྒྲ་དབྱངས་མཁྱེན་བརྩེའི་བྱིན་ནུས་དང་བཅས་ཏེ་བཛྲ་ས་མཱ་ཛ༔ སྤྱན་འདྲེན་ཚིག་གམ་ཡང་ན་འདི་ཡིས་དབབ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་འོད་གསལ་འདུས་མ་བྱས༔ ཀུན་ཁྱབ་རྟག་པ་རྒྱུན་གྱི་ཕོ་བྲང་ནས༔ དུས་གསུམ་རྒྱལ་བའི་ཡབ་གཅིག་སྤྱན་རས་གཟིགས༔ ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ལ༔ སྐལ་ལྡན་ལུས་ངག་ཡིད་ལ་བྱིན་ཆེན་ཕོབ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཨ་ཨཱ༔ ཅེས་བརྗོད་སྤྱན་དྲངས་ལྷ་རྣམས་སློབ་མར་བསྟིམས༔ ཏིཥྛ་བཛྲ༔ ཅེས་བརྗོད་རྒྱས་གདབ་བྱ༔ དེ་ནས་དཀྱིལ་འཁོར་ཤར་སྒོ་རུ༔ འཁོད་པའི་མོས་པས་སྒོ་དབྱེའི་ཕྱིར༔ བླ་མར་གསོལ་འདེབས་འདི་བཞིན་ཞུ༔ ཀྱེ་ཧོ་རྡོ་རྗེ་སློབ་དཔོན་དགོངས་མཛོད་ཅིག༔ མ་རིག་སྒྲིབ་པས་རྨོངས་པ་བདག་ཉིད་ལ༔ ཡང་དག་དོན་གྱི་ལྷ་ཞལ་སྟོན་པའི་ཕྱིར༔ ཚད་མེད་སྙིང་རྗེ་ཆེན་པོའི་སྒོ་དབྱེ་གསོལ༔ ཞེས་ཞུས་བླ་མས་གནང་བ་སྦྱིན་པ་དང༔ ཕྱག་མཚན་རྡོ་རྗེས་ནང་དུ་ཁྲིད་པར་བསམ༔ ཨེ་མ་སྐལ་ལྡན་དད་པའི་མྱུ་གུ་མཆོག༔ སྙིང་རྗེ་ཆེན་པོའི་ཤར་སྒོ་ནས་ཞུགས་ཏེ༔ རང་རིག་འདུ་འབྲལ་མེད་པའི་ཡི་དམ་ལྷ༔ ད་ལྟ་ཉིད་དུ་ཡང་དག་བལྟ་བར་གྱིས༔ དེ་ནས་རིགས་ཀྱི་མཚན་མ་བརྟགས་པའི་ཕྱིར༔ དཀྱིལ་འཁོར་ལྷ་ལ་མེ་ཏོག་འབུལ་བ་ནི༔ ཧོ༔ ཚེ་རབས་སྔོན་ནས་འབྲེལ་བའི་ཡི་དམ་ལྷ༔ གང་ཡིན་དེ་ལ་རིག་པའི་མེ་ཏོག་འབུལ༔ ད་ལྟ་མ་འོངས་བྱང་ཆུབ་སྙིང་པོའི་བར༔ དེ་དང་མི་འབྲལ་དངོས་གྲུབ་མཆོག་འགྲུབ་ཤོག༔ བཛྲ་པུཥྤེ་པྲ་ཏིཥྩ་ཧོ༔ ཞེས་དོར་དབུས་དང་ཕྱོགས་བཞིར་བབས་པ་བརྟགས་བྱས་ཏེ༔ རིགས་ཀྱི་མིང་བཏགས་མཆོག་དང་ལས་བཞི་ལ༔ དབང་ངོ་ཞེས་བརྗོད་མིག་དར་བསལ་བ་ནི༔ ཨེ་མ་བུ་ཁྱོད་མ་རིག་ལིང་ཏོག་གིས༔ ཐོག་མེད་ནས་སྒྲིབ་གདོད་མའི་ཞལ་མ་མཇལ༔ དེ་ཕྱིར་མིག་དར་གཉིས་འཛིན་མཚོན་འདི་བསལ༔ ཐོགས་མེད་ཀུན་གཟིགས་ཡེ་ཤེས་སྤྱན་ཐོབ་ཤོག༔ དེ་ནས་མཎྚལ་འབུལ་ཞིང་གསོལ་འདེབས་ནི༔ སྐྱབས་མཆོག་སྤྱན་རས་གཟིགས་དང་དབྱེར་མེད་པའི༔ དྲིན་ཆེན་རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ གསང་སྔགས་ཕྱི་ནང་དབང་གི་ཐོག་མ་རུ༔ རིགས་ལྔའི་དབང་གི་རྗེས་གནང་སྩལ་དུ་གསོལ༔ ཞེས་ཞུས་དང་པོ་ཆུ་ཡི་དབང་སྦྱིན་ཅིང༔ ཆུ་ལྷག་རིགས་བདག་སྣང་མཐའི་ངོ་བོར་མོས༔ ཧཱུྃ་ཧྲཱིཿ བཀྲ་ཤིས་བུམ་པ་སྟོང་གསལ་གཞལ་ཡས་ཁང༔ རང་བྱུང་ལྷུན་གྲུབ་འཕགས་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ཞེ་སྡང་སྒྲིབ་དག་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་དབུ་རྒྱན་མགོ་བོར་བསྐོན་བྱས་ཏེ༔ ཧཱུྃ་ཧྲཱིཿ རྒྱལ་ཀུན་འགྲོ་དོན་མཛད་ཕྱིར་རྒྱལ་ཚབ་ཀྱི༔ དབང་རྟགས་ཅོད་པཎ་རིན་ཆེན་པྲོག་ཞུ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་མངའ་གསོལ་བས༔ ང་རྒྱལ་སྒྲིབ་དག་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་རྡོ་རྗེ་ལག་གཡས་གཏད་བྱས་ནས༔ ཧཱུྃ་ཧྲཱིཿ མི་ཤིག་འགྱུར་མེད་རང་བྱུང་རིག་པའི་གཤིས༔ ཡེ་ཤེས་ལྔ་ལྡན་རྡོ་རྗེ་རྩེ་ལྔ་བས༔ སྐལ་ལྡན་སློབ་བུ་མཆོག་ལ་དབང་བསྐུར་བས༔ འདོད་ཆགས་སྒྲིབ་དག་གསུང་གི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀ་རུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་དྲིལ་བུ་ལག་པ་གཡོན་དུ་གཏད༔ ཧཱུྃ་ཧྲཱིཿ སྟོང་ཉིད་ཀུན་ལ་ཁྱབ་པའི་ཆོས་ཀྱི་དབྱིངས༔ མ་འགགས་ཤེས་བྱ་ཀུན་སྒྲོག་དྲིལ་བུ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཕྲག་ཏོག་སྒྲིབ་དག་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་གཎྚེ་པྲཛྙཱ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་རྡོར་དྲིལ་བསྣོལ་མ་ལག་ཏུ་གཏད༔ གསང་བའི་མིང་བཏགས་ཡིད་ལ་དྲན་བྱས་ཏེ༔ ཧཱུྃ་ཧྲཱིཿ དབྱངས་ཀྱི་ཡི་གེ་ཤེས་རབ་སྟོང་པ་ཉིད༔ གསལ་བྱེད་ཡི་གེ་ཐབས་མཆོག་བདེ་བ་ཆེ༔ ཟུང་འཇུག་གསང་བའི་མིང་གི་དབང་བསྐུར་བས༔ གཏི་མུག་སྒྲིབ་དག་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་ན་མཿདྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རིགས་ལྔའི་དབང་བསྐུར་བས་ཉོན་མོངས་དུག་ལྔ་གནས་སུ་དག་ནས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་དབང་འབྱོར་ཞིང་དབང་བཞིའི་སྣོད་དུ་འགྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དངོས་གཞི་བུམ་པའི་དབང་དོན་དུ༔ མཎྚལ་འབུལ་ཞིང་གསོལ་གདབ་ནི༔ ན་མོ༔ སྐུ་བཞིའི་བདག་ཉིད་སློབ་དཔོན་གྱིས༔ ལུས་སྒྲིབ་སྦྱང་བྱེད་བུམ་པའི་དབང༔ བདག་ལ་མྱུར་དུ་སྩལ་ནས་ཀྱང༔ སྤྲུལ་པའི་སྐུ་མཆོག་འགྲུབ་པར་མཛོད༔ ཞེས་པས་གསོལ་བཏབ་བུམ་དབང་ནི༔ ཧཱུྃ་ཧྲཱིཿ འཁོར་འདས་མཐའ་བྲལ་ཀུན་ཟླུམ་བུམ་པ་རུ༔ འདུས་མ་བྱས་པའི་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ བརྡ་རྟགས་རྫོགས་པའི་དབང་མཆོག་འདི་ཕུལ་བས༔ ལུས་ཀྱི་སྒྲིབ་དག་སྤྲུལ་པའི་སྐུ་འགྲུབ་ཤོག༔ རྩ་སྔགས་ཤམ་བུར་འདི་ཉིད་བཏགས༔ ཨོཾ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་བར་བྱ༔ དེ་ནས་མདུན་མཁར་དཀྱིལ་འཁོར་ལྷ་ཡི་ཚོགས༔ རང་ཤར་སྤྲུལ་པའི་ལྷ་རྣམས་ཉི་མ་ལས༔ འོད་བཞིན་འཕྲོས་ནས་བྱིན་རླབས་ཞུགས་པར་བསམ༔ དང་པོ་གཙོ་བོའི་སྐུ་སྤྱི་བོར་བཞག་ཏེ༔ ཧཱུྃ་ཧྲཱིཿ འགྲོ་དྲུག་སེམས་ཅན་སྡུག་བསྔལ་སེལ་མཛད་པ༔ རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ་པར་ཤོག༔ གཟུངས་རིང་མཇུག་ཏུ། ཨཱརྱ་ལོ་ཀི་ཤྭ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་བདག་སྣང་མཐའི་སྐུ་སྤྱི་བོར་བཞག་ཏེ༔ ཧཱུྃ་ཧྲཱིཿ ཆགས་མེད་སྐྱོན་བྲལ་རྒྱལ་ཀུན་རིགས་ཀྱི་བདག༔ བླ་མ་སྣང་མཐའ་ཡས་པའི་དབང་བསྐུར་བས༔ ཤེས་བྱའི་སྒྲིབ་དག་ཆོས་སྐུའི་རང་ཞལ་མཐོང༔ བརྗོད་བྲལ་གདོད་མའི་མགོན་དང་དབྱེར་མེད་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཐབས་ཀྱི་ངོ་བོ་སྲས་མཆོག་ནོར་བུ་འཛིན་པའི་སྐུ་སྤྱི་བོར་བཞག་ཏེ༔ ཧཱུྃ་ཧྲཱིཿ ཐབས་ཀྱི་ངོ་བོ་སྲས་ཀྱི་ཚུལ༔ ནོར་བུ་འཛིན་པའི་དབང་བསྐུར་བས༔ གཞན་ཕན་སྨོན་འཇུག་མཐར་ཕྱིན་ནས༔ སྙིང་རྗེ་ཆེན་པོར་དབང་འབྱོར་ཤོག༔ ཨོཾ་མ་ཎི་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཤེས་རབ་ངོ་བོ་སྲས་མོ་རིགས་སྔགས་འཛིན་མའི་སྐུ་སྤྱི་བོར་བཞག་ཏེ༔ ཧཱུྃ་ཧྲཱིཿ ཤེས་རབ་རང་བཞིན་བུ་མོའི་གཟུགས༔ རིགས་སྔགས་འཛིན་མའི་དབང་བསྐུར་བས༔ ཆོས་ཀུན་སྒྱུ་མར་རྟོགས་པ་ཡི༔ ཤེས་རབ་ཆེན་པོར་དབང་འབྱོར་ཤོག༔ ཨོཾ་བིདྱཱ་གུ་ཧྱ་དྷ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲོ་ཆེན་རྟ་མཆོག་རྒྱལ་པོའི་སྐུ་སྙིང་ཀར་བཞག་ཏེ༔ ཧཱུྃ་ཧྲཱིཿ དབང་གི་ལྷ་མཆོག་སྲིད་གསུམ་ཟིལ་གྱིས་གནོན༔ ཁམས་གསུམ་དབང་མཛད་རྟ་མགྲིན་རྒྱལ་པོ་ཡིས༔ སྐལ་ལྡན་དམ་པ་ཁྱོད་ལ་དབང་བསྐུར་བས༔ བདག་ཏུ་ལྟ་བའི་འཛིན་པ་དབྱིངས་གྲོལ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བའི་སྐུ་ལྟག་པར་བཞག་ཏེ༔ ཧཱུྃ་ཧྲཱིཿ དུག་ཆེན་ཉོན་མོངས་རྟོག་པ་ལྔ་པོ་རྣམས༔ ཡེ་ཤེས་རང་བྱུང་བདུད་རྩིར་བསྒྱུར་མཛད་པ༔ ཁྲོ་རྒྱལ་དཔའ་བོ་མཆོག་གི་དབང་བསྐུར་བས༔ བདུད་བཞིའི་གཡུལ་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་བྷི་ཥིཉྩ་ཧཱུྃ༔ ཐུགས་སྤྲུལ་པདྨ་འབྱུང་གནས་དབང་བསྐུར་ཏེ༔ ཧཱུྃ་ཧྲཱིཿ རབ་འབྱམས་རྒྱལ་བ་སྲས་བཅས་མ་ལུས་པའི༔ སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེའི་དབང་བསྐུར་བས༔ ལྷ་སྲིན་དྲེགས་པ་མ་ལུས་ཚར་བཅད་ནས༔ གང་བསམ་ཆོས་བཞིན་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་ཨཱ༔མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྩ་བའི་ལྷ་ཡི་དབང་བསྐུར་ཏེ༔ འཁོར་གྱི་ལྷ་རྣམས་སྒྲུབ་གཞུང་གཞན་ལས་ཤེས༔ གསང་དབང་གཟུངས་སྔགས་ཡི་གེ་མགྲིན་པར་བཞག༔ ཧཱུྃ་ཧྲཱིཿ ཆོས་ཀུན་སྙིང་པོ་ཡི་གེའི་གཟུགས་སུ་ཤར༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པར་དབང་བསྐུར་བས༔ ཐ་མལ་ལས་རླུང་སྔགས་སུ་གནས་དག་ནས༔ གྲགས་སྟོང་གསུང་གིས་འགྲོ་བ་འདུལ་བར་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྩ་སྔགས་མཇུག་ཏུ་གཟུངས་རིང་ཤམ་བུ་རུ༔ ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་གསོལ་བ་འདེབས་པ་འདི་བཞིན་མཛོད༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་གསང་བ་སྔགས་ཀྱི་ལམ༔ མྱོང་བས་གྲོལ་བ་བདེ་སྟོང་བྱང་ཆུབ་སེམས༔ སྐལ་ལྡན་བདག་གི་རྩ་ཡི་སྒྲིབ་དག་ནས༔ རླུང་སྔགས་ལོངས་སྐུར་འགྲུབ་པའི་དབང་བསྐུར་སྩོལ༔ ཅེས་པས་གསོལ་བ་བཏབ་རྗེས་ཐོད་པ་ཡི༔ བདུད་རྩི་ཡབ་ཡུམ་བྱང་སེམས་ལྕེ་ལ་བཞག༔ ཧཱུྃ་ཧྲཱིཿ རང་བྱུང་མ་བཅོས་ཆོས་དབྱིངས་ཀ་པཱ་ལར༔ དུག་ལྔ་རང་གྲོལ་བདུད་རྩིའི་བཅུད་ཀྱིས་གཏམས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པར་དབང་བསྐུར་བས༔ རྩ་ཁམས་དོན་གྱི་ཡི་གེར་མྱུར་སྨིན་ཤོག༔ རྩ་སྔགས་ཤམ་བུར། ཨ་མྲི་ཏ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དུག་ལྔ་ལམ་ཁྱེར་ཤེར་དབང་ཞུ་བའི་ཕྱིར༔ གསོལ་བ་གདབ་པའི་ཚིག་འདིས་མཎྚལ་འབུལ༔ ཀྱེ་ཧོ༔ ཚོགས་དྲུག་དཔའ་བོ་ཡུལ་དྲུག་ཕྱག་རྒྱར་སྦྱོར༔ དངོས་འཛིན་དུག་ལྔའི་སྐྱོན་སྤངས་སྔགས་ཀྱི་ལམ༔ རྩ་རླུང་ཐིག་ལེ་བདེ་སྟོང་ལམ་ཁྱེར་དབང༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ དེ་ནས་བླ་མས་མུ་ཏྲའི་གཟུགས་བསྟན་ཏེ༔ ཧོ་གསང་ལས་ཆེས་གསང་ཡང་ཟབ་རྡོ་རྗེའི་ཐེག༔ འབད་རྩོལ་བྲལ་བར་ཐབས་དང་བརྡ་ཙམ་གྱིས༔ ཆོས་ཀུན་ཕྱག་རྒྱ་ཆེན་པོར་ངོ་སྤྲོད་པའི༔ བདེ་སྟོང་ཟུང་འཇུག་བརྗོད་བྲལ་དོན་ལ་ལྟོས༔ མ་ཧཱ་མུ་ཏྲ་སུ་ཁ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་པས་བརྡ་སྤྲད་ཡུམ་དོན་མཉམ་བཞག་བྱ༔ དེ་ནས་ཡང་དག་ཚིག་གི་དབང་མཆོག་ནི༔ མན་ཤེལ་མེ་ལོང་བརྡས་མཚོན་སྙིང་ཀར་གཏུགས༔ ཨེ་མ་ཧོ༔ ཆོས་ཀུན་ངོ་བོ་སྤྲོས་བྲལ་ཀ་ནས་དག༔ རང་བཞིན་ལྷུན་གྲུབ་འོད་གསལ་འདུས་མ་བྱས༔ སྟོང་པའི་རང་རྩལ་རོལ་བ་འགགས་པ་མེད༔ སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པའོ༔ དྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོངས་རྫོགས་གཏོར་མའི་དབང་བསྐུར་ཞིང༔ གནས་གསུམ་གཏུག་ཅིང་ལག་ཏུ་གཏད༔ ཧྲཱིཿ འཁོར་འདས་དངོས་འཛིན་བརྗོད་བྲལ་དབྱིངས་སུ་གཏོར༔ ཀུན་ཁྱབ་འགགས་མེད་རྟེན་འབྲེལ་བདེན་པའི་མཐུ༔ ཤེས་པ་དྲུག་ལྡན་གཏོར་མའི་དབང་བསྐུར་བས༔ མཆོད་བསྟོད་གཞན་དོན་ཕྲིན་ལས་མྱུར་འགྲུབ་ཤོག༔ བྷ་ལིངྟ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བརྒྱུད་པའི་མཚན་བརྗོད་སྨོན་ལམ་གདབ༔ སྒྲུབ་ཡིག་ཕྱག་ཏུ་ཕུལ་བྱས་ཏེ༔ ཨེ་མ་ཟབ་ཆོས་བརྒྱུད་པ་འཛིན་པའི་སྐལ་ལྡན་དམ་པ་ཁྱོད་ཀྱིས༔ འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་ལྷ་སྐུ་བསྒོམ་པ་དང་༔ སྔགས་རྒྱུན་དུ་བཟླ་བ་དང༔ ཏིང་འཛིན་གསལ་སྟོང་དབྱེར་མེད་ཀྱི་དོན་ལ་རྟག་ཏུ་གོམས་པར་མཛོད་ཅིག༔ ཟབ་ཆོས་འདིའི་སྒོ་ནས་གཞན་ལ་ཕན་པ་ལྷུར་བླངས་ཏེ༔ དབང་ལུང་དང་བསྔགས་པ་བརྗོད་པ་དང༔ ཡི་གེ་དྲུག་པའི་གཟུངས་ཀྱི་ཕན་ཡོན༔ སྙིང་རྗེ་ཆེན་པོའི་སྒོ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྤྱོད་བཅུ་ལ་འབད་ཅིང་དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བས་དེ་བཞིན་དུ་མཛོད་ཅིག༔ ཅེས་བརྗོད་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད༔ མེ་ཏོག་དོར་ཞིང་མཐའ་རྟེན་རིམ་བཞིན་གཏད༔ ཤིས་བརྗོད་ཁས་བླངས་མཎྚལ་དགའ་སྟོན་བྱ༔ ས་མ་ཡཱ༔ ཨེ་མ་ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེར༔ བདག་ཉིད་མཁས་པ་པདྨ་འབྱུང་གནས་ཀྱིས༔ འཕགས་པ་མཆོག་ལ་ལུང་ཞུས་རྒྱུད་དོན་བསྡུས༔ གཞན་དོན་ལྷུར་བླངས་སྒྲུབ་ཐབས་གྲངས་མང་བརྩམས༔ མ་འོངས་མཚོ་རྒྱལ་ཀླུ་དབང་སྨོན་ལམ་མཐུས༔ འགྲོ་མང་དོན་འགྲུབ་བསྟན་འཛིན་ཚེ་གེགས་བསལ༔ གང་འབྲེལ་ཡང་དག་ལམ་འགོད་གདོན་མི་ཟ༔ གུ་ཧྱ༔ ཅེས་པའང་བདག་འདྲ་ཤཱཀྱའི་དགེ་སྦྱོང་ལུང་རིག་གླིང་པས་ཁ་བྱང་དུ་གསལ་བ་ལྟར་བསྟན་འཛིན་ཆོས་ཀྱི་བདག་པོའི་བཞེད་སྐོང་དང་། རིག་འཛིན་འཕུར་འགྲོའི་བསྐུལ་བྱང་བྱུང་བ་བཞིན། དབྱིངས་རིག་སྟོང་གསལ་འགགས་པ་མེད་པའི་སྒྲོམ་ནས་བཏོན་ཏེ་སྤེལ་བའི་དགེ་བས་འགྲོ་ཀུན་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།

འཁོར་གྱི་ལྷ་དབང་།

༄༅། འཁོར་གྱི་ལྷ་རྣམས་ཀྱི་དབང་བསྐུར་ཞེས་གསུངས་པའི་དང་པོ་ཉེ་བའི་སྲས་བརྒྱད་ལས། ས་ཡི་སྙིང་པོའི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ མིག་གི་རྣམ་ཤེས་གནས་དག་བྱང་ཆུབ་སེམས། ། ས་སྙིང་དཀར་པོ་ལོངས་སྐུའི་རྒྱན་ཆས་སྤྲས། །ཕྱག་གཉིས་གཡས་གཡོན་མྱུ་གུ་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བྷོ་དྷི་ས་ཏྭ་ཀྵི་ཧི་ར་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། །བྱམས་པ་མགོན་པོའི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ རྣ་བའི་རྣམ་ཤེས་གནས་དག་བྱང་ཆུབ་སེམས། །བྱམས་པ་དཀར་གསལ་ལོངས་སྐུའི་རྒྱན་ཆས་སྤྲས། །ཕྱག་གཉིས་གཡས་གཡོན་ཀླུ་ཤིང་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཨོཾ་མཻ་ཏྲི་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ། །ཀུན་ཏུ་བཟང་པོའི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ སྣ་ཡི་རྣམ་ཤེས་གནས་དག་བྱང་ཆུབ་སེམས། །ཀུན་ཏུ་བཟང་པོ་དམར་སེར་ལོངས་སྐུའི་ཚུལ། །ཕྱག་གཉིས་གཡས་གཡོན་སྙེ་མ་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཧཱུྃ་སྭ་ར་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ། །ནམ་མཁའི་སྙིང་པོའི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ རོ་འཛིན་རྣམ་ཤེས་གནས་དག་བྱང་ཆུབ་སེམས། །ནམ་སྙིང་གསེར་མདོག་ལོངས་སྐུའི་རྒྱན་ཆས་སྤྲས། །ཕྱག་གཉིས་གཡས་གཡོན་རལ་གྲི་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཏྲཾ་ཨ་གརྦྷ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ། སྤྱན་རས་གཟིགས་ཀྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ ལུས་ཀྱི་རྣམ་ཤེས་གནས་དག་བྱང་ཆུབ་སེམས། །སྤྱན་རས་གཟིགས་དབང་དམར་པོ་ལོངས་སྐུའི་ཆས། །ཕྱག་གཉིས་གཡས་གཡོན་པདྨ་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་ཨ་བྷི་ཥིཉྩ་ཧཱུྃ། ། འཇམ་དཔལ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཡིད་ཀྱི་རྣམ་ཤེས་གནས་དག་བྱང་ཆུབ་སེམས། །འཇམ་དཔལ་དམར་སེར་ལོངས་སྐུའི་རྒྱན་ཆས་སྤྲས། །ཕྱག་གཉིས་གཡས་གཡོན་ཨུཏྤལ་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །མཱུཾ་ཤྲཱི་ཨ་རཾ་ག་ཡ་ཨ་བྷི་ཥིཉྩ་ཧཱུྃ། །སྒྲིབ་པ་རྣམ་སེལ་གྱི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཀུན་གཞིའི་རྣམ་ཤེས་གནས་དག་བྱང་ཆུབ་སེམས། །སྒྲིབ་སེལ་དཀར་དམར་ལོངས་སྐུའི་རྒྱན་ཆས་སྤྲས། །ཕྱག་གཉིས་གཡས་གཡོན་པོ་ཏི་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཐླྷིཾ་ནི་ས་རཾ་པ་ཡ་ཨ་བྷི་ཥིཉྩ་ཧཱུྃ། །ཕྱག་ན་རྡོ་རྗེའི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཉོན་ཡིད་རྣམ་ཤེས་གནས་དག་བྱང་ཆུབ་སེམས། ། ཕྱག་རྡོར་ལྗང་ཀུ་ལོངས་སྐུའི་རྒྱན་རྣམས་རྫོགས། །ཕྱག་གཉིས་གཡས་གཡོན་རྡོ་རྗེ་དྲིལ་བུ་འཛིན། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཛྷིཾ་ཀུ་རུ་པཱ་ཎི་ཨ་བྷི་ཥིཉྩ་ཧཱུྃ། །གཉིས་པ་ཐུབ་པ་དྲུག་ལས། དང་པོ་དམྱལ་བའི་ཐུབ་པའི་སྐུ་ཐོགས་ཏེ། ཧཱུྃ་ཧྲཱིཿ ཞེ་སྡང་ཁོང་ཁྲོའི་རྒྱུ་རྐྱེན་ལས་བྱུང་བའི། །ཚ་གྲང་བཟོད་དཀའ་དམྱལ་བའི་སྡུག་བསྔལ་ལས། །བྱམས་པ་ཆེན་པོས་དབུགས་དབྱུང་མཛད་པ་པོ། །དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཡིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ཤོག །ཨོཾ་མུ་ནེ་ཡེ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུྃ། དེ་བཞིན་གཉིས་པ་ཡི་དྭགས་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ་ཧྲཱིཿ སེར་སྣ་བརྐམ་ཆགས་རྒྱུ་རྐྱེན་ལས་བྱུང་བའི། །བཀྲེས་སྐོམ་བཟོད་དཀའ་ཡི་དྭགས་སྡུག་བསྔལ་ལས། །སྦྱིན་པ་ཆེན་པོས་དབུགས་དབྱུང་མཛད་པ་པོ། །ཡི་དྭགས་ཐུབ་པ་ཁ་འབར་རྒྱལ་པོ་ཡིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ལས་གྲོལ་ཤོག །ཨོཾ་མུ་ནེ་སྲུཾ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་བྱོལ་སོང་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ་ཧྲཱིཿ བླུན་རྨོངས་གཏི་མུག་རྒྱུ་རྐྱེན་ལས་བྱུང་བའི། །བཀོལ་སྤྱོད་བཟོད་དཀའ་དུད་འགྲོའི་སྡུག་བསྔལ་ལས། །ཤེས་རབ་ཆེན་པོས་དབུགས་དབྱུང་མཛད་པ་པོ། །བྱོལ་སོང་ཐུབ་པ་སེང་གེ་རབ་བརྟན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་ལས་གྲོལ་ཤོག །ཨོཾ་མུ་ནེ་ཀྵིཾ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུྃ། བཞི་པ་མི་ཡི་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ་ཧྲཱིཿ འཆིང་ཞེན་འདོད་ཆགས་རྒྱུ་རྐྱེན་ལས་བྱུང་བའི། །སྐྱེ་འཆི་བཟོད་དཀའ་མི་ཡི་སྡུག་བསྔལ་ལས། །བརྩོན་འགྲུས་ཆེན་པོས་དབུགས་དབྱུང་མཛད་པ་པོ། །མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ་ཡིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །བྲེལ་ཕོངས་མི་ཡི་སྡུག་བསྔལ་ལས་གྲོལ་ཤོག །ཨོཾ་མུ་ནེ་ཏྲུཾ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུྃ། ལྔ་པ་ལྷ་མིན་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ་ཧྲཱིཿ ཕྲག་ཏོག་བསམ་སྦྱོར་རྒྱུ་རྐྱེན་ལས་བྱུང་བའི། །འཐབ་རྩོད་བཟོད་དཀའ་ལྷ་མིན་སྡུག་བསྔལ་ལས། །དགའ་བ་ཆེན་པོས་དབུགས་དབྱུང་མཛད་པ་པོ། །ལྷ་མིན་ཐུབ་པ་ཐག་བཟང་རིས་མཆོག་གིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །འཐབ་རྩོད་ལྷ་མིན་སྡུག་བསྔལ་ལས་གྲོལ་ཤོག །ཨོཾ་མུ་ནེ་བྲེཾ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུྃ། དྲུག་པ་ལྷ་ཡི་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ་ཧྲཱིཿ ང་རྒྱལ་ཁོང་ཁྲོའི་རྒྱུ་རྐྱེན་ལས་བྱུང་བའི། །འཕོ་ལྟུང་བཟོད་དཀའ་ལྷ་ཡི་སྡུག་བསྔལ་ལས། །བསམ་གཏནཆེན་པོས་དབུགས་དབྱུང་མཛད་པ་པོ། །ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་གྱིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །འཕོ་ལྟུང་ལྷ་ཡི་སྡུག་བསྔལ་ལས་གྲོལ་ཤོག །ཨོཾ་མུ་ནེ་ཀྲེཾ་སྭཱཧཱ་ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་སྒོ་མ་བཞི་ལས། དང་པོ་ལྕགས་ཀྱུ་མའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ སྙིང་རྗེ་ཆེན་པོའི་རང་གཟུགས་ཕྱིར་ཤར་བ། །སྒོ་མ་དཀར་མོ་ལྕགས་ཀྱུའི་ཕྱག་རྒྱ་ཅན། །ཁྲོ་མོའི་ཆས་རྫོགས་པད་ཉིའི་གདན་ལ་འགྱིང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །བཛྲ་ཨངྐུ་ཤ་ཡ་ཛ་ཨ་བྷི་ཥིཉྩ་ཧཱུྃ། གཉིས་པ་ཞགས་པ་མའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ བྱམས་པ་ཆེན་པོའི་རང་གཟུགས་ཕྱིར་ཤར་བ། །སྒོ་མ་སེར་མོ་ཞགས་པའི་ཕྱག་རྒྱ་ཅན། །ཁྲོ་མོའི་ཆས་རྫོགས་པད་ཉིའི་གདན་ལ་འགྱིང་། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །བཛྲ་པ་ཤ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། གསུམ་པ་ལྕགས་སྒྲོག་མའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ དགའ་བ་ཆེན་པོའི་རང་གཟུགས་ཕྱིར་ཤར་བ། །སྒོ་མ་དམར་མོ་ལྕགས་སྒྲོག་ཕྱག་རྒྱ་ཅན། །ཁྲོ་མོའི་ཆས་རྫོགས་པད་ཉིའི་གདན་ལ་འགྱིང་། ། སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་ཧཱུྃ། བཞི་པ་དྲིལ་བུ་མའི་སྐུ་ཐོགས་ལ། ཧཱུྃ་ཧྲཱིཿ བཏང་སྙོམས་ཆེན་པོའི་རང་གཟུགས་ཕྱིར་ཤར་བ། །སྒོ་མ་ལྗང་མོ་དྲིལ་བུའི་ཕྱག་རྒྱ་ཅན། །ཁྲོ་མོའི་ཆས་རྫོགས་པད་ཉིའི་གདན་ལ་འགྱིང་། ། སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །བཛྲ་གཎྚེ་ཧོ་ཨ་བྷི་ཥིཉྩ་ཧཱུྃ། ཚིག་ཕྲད་བསྒྱུར་བས་འཐད་པར་སེམས་སོ། །ཚུལ་འདི་རྩ་བའི་བླ་མ་བིདྱཱ་དྷ་ར་བྷ་ཏྲ་ཁུ་དབོན་གྱིས་འདི་ལྟར་གྱིས་ཞེས་པའི་བཀའ་ཕེབས་བཞིན། ཆོས་གཟུགས་འཛིན་པ་ཙི་ནའི་སྤྲུལ་མིང་པས་སུག་བྲིས་སུ་བགྱིས་པས་འགྲོ་ཀུན་ཕྱག་ན་པདྨོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

དབང་གི་མཚམས་སྦྱོར།

༄༅། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་རྟོགས་པའི་ཕྱིར་ཡི་དམ་ཐུགས་རྗེ་ཆེན་པོའི་དབང་བསྐུར་ཟབ་མོ་ཞུ་བར་བྱ་བསམ་པའི་སེམས་བསྐྱེད་རྣམ་པར་དག་པས་གསན་པར་ཞུ། དེ་ཡང་རང་ཅག་གི་སྟོན་པ་ཐབས་ལ་མཁས་པ་ཐུགས་རྗེ་ཆེན་པོ་དེ་ཉིད་ཀྱིས་གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་དབང་པོ་དང་མཐུན་པའི་ཆོས་བསམ་གྱིས་མི་ཁྱབ་པ་བསྟན་པ་དེ་ཡང་མདོར་བསྡུ་ན། རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ལས། འདིར་རྒྱུ་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་པའི་ལམ་ལ་ཐག་རིང་བ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི་ཁྱད་པར་དུ་འཕགས་པ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། གསང་སྔགས་ལའང་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པའི་རྙིང་མ་ཡིན་ལ། རྙིང་མ་ལའང་བཀའ་གཏེར་དག་སྣང་གི་སྐོར་ཚོ་གསུམ་ལས། འདིར་ཟབ་མོ་དགོངས་པའི་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན་ཏེ། དེ་ཡང་འདིར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྐྱེ་བའི་ཕྲེང་བ་དུ་མ་བརྒྱུད་པ་ནས་གཏེར་སྟོན་རཏྣ་གླིང་པའི་ཡང་སྤྲུལ་དུ་བསྔགས་པའི་གཏེར་སྟོན་ལུང་རིག་གླིང་པ་དེ་ཉིད་ཀྱིས་དབྱིངས་རིག་སྟོང་གསལ་འགགས་པ་མེད་པའི་སྒྲོམ་ནས་བཏོན་པའི་ཐུགས་རྗེ་ཆེན་པོ་ཟླ་གཞོན་སྤྲིན་བྲལ་འདི་ཉིད་ཀྱི་ལོ་རྒྱུས། སྤྱིར་ཐུགས་རྗེ་ཆེན་པོའི་ལོ་རྒྱུས་སྤྱིར་བཏང་ལྟར་ཡིན་ལ། ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བྱས་ན། རང་གཞུང་ལས། ལང་གྲོ་དཀོན་མཆོག་འབྱུང་གནས་དང༔ བདག་ཉིད་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ གཅིག་བསྡུས་འགྲོ་ཕན་སེམས་དཔའི་རིགས༔ དཔལ་གྱི་མིང་ཅན་རྣལ་འབྱོར་དེར༔ དག་སྣང་ཆོས་ཀྱི་གཏེར་ཁ་རྡོལ༔ ཞེས་དང་། འགྲོ་བའི་དོན་དུ་པདྨ་ངས༔ ཟབ་རྒྱས་དམ་ཆོས་དཔག་མེད་དང༔ ཁྱད་པར་འཕགས་པའི་སྒྲུབ་ཐབས་ནི༔ བྱེ་མའི་གྲངས་དང་མཉམ་པ་བརྩམས༔ འགའ་ཞིག་དངོས་གཏེར་གབ་རྒྱས་གདབ༔ འདི་ནི་མུ་རུབ་བཙན་པོ་དང༔ ཐུགས་ཀྱི་གཟུངས་མ་མཁར་ཆེན་བཟའ༔ དགེ་སློང་ནམ་མཁའི་སྙིང་པོ་སོགས༔ སྐལ་ལྡན་ཉི་ཤུ་རྩ་ལྔ་ལ༔ ཡབ་མེས་སྲོང་བཙན་སྒམ་པོའི་ལུགས༔ འཕགས་མཆོག་ཕྱག་སྟོང་སྤྱན་སྟོང་གི༔ སྒྲུབ་ཐབས་དབང་དང་ལས་ཚོགས་སོགས༔ ཤིན་ཏུ་ཡང་ཟབ་སྙིང་གི་ཁྲག༔ སྤེལ་བར་ཕངས་པའི་ཆོས་ཡིན་ཀྱང༔ བདག་ལ་འགྲོ་བའི་དོན་ལས་མེད༔ བསམ་ཡས་བར་ཁང་གཡུ་ཞལ་དུ༔ དགའ་སྟོན་ཆོས་ཀྱི་སྐྱེས་སུ་བྱིན༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་མས༔ ཟབ་དོན་སྙིང་གི་སྒྲོམ་དུ་སྦོས༔ མ་འོངས་ཁྱོད་ཀྱི་སྤྲུལ་པ་འགས༔ སྙིགས་དུས་འགྲོ་བའི་དོན་མཛད་ཚེ༔ ཕྲིན་ལས་སྤྲུལ་པ་རྒྱལ་གྱི་མིང༔ མ་ངེས་སྤྱོད་འཆང་བྱང་ཆུབ་སེམས༔ ལས་ལྡན་དེ་དང་འཕྲད་པ་རུ༔ སྨོན་ལམ་རྒྱས་ཐོབ་སྐལ་ལྡན་དེས༔ བསྟན་འཛིན་སྐུ་ཚེ་བསྲིང་བ་དང༔ འབྲེལ་ཚད་དོན་དང་ལྡན་པའི་ཕྱིར༔ འགྲོ་དོན་ཕྱི་བཤོལ་མེད་པར་མཛོད༔ ཞེས་གསུངས་པས་རྡོ་རྗེའི་ལུང་གིས་བསྔགས་པའི་ཆོས་ཟབ་མོ་འདི་ཉིད་ནི་བྱིན་རླབས་ཀྱི་ན་བུན་མ་ཡལ་བ། དངོས་གྲུབ་ཀྱི་དྲོད་མ་ཉམས་པ། རྒྱུད་པ་ལ་སེལ་མེད་པ། མཁའ་འགྲོའི་ཞལ་དྲོད་མ་ཉམས། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་འཕགས་པ་འདི་ཉིད་ཀྱི་དབང་བསྐུར་ཟབ་མོ་བྱེད་པ་ལ་བདག་གིས་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་བཞེས་བཞིན་སྔོན་དུ་སོང་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་ཞུ། ཅེས་པ་འདི་བླ་མ་རིག་འཛིན་བཟང་པོས་མཛད་པ་དགེའོ།། སརྦ་མངྒ་ལཾ།།

དབང་ཆོག་སྐལ་ལྡན་མྱུར་གྲོལ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ དབང་ཆོག་སྐལ་ལྡན་མྱུར་གྲོལ་བཞུགས༔

རྒྱལ་སྲས་ཚུལ་འཛིན་སྤྱན་རས་གཟིགས༔ རྒྱལ་བ་ཀུན་གྱི་ཡབ་ལ་འདུད༔ སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཡི༔ དབང་ཆོག་སྐལ་ལྡན་མྱུར་གྲོལ་བསྟན༔ དབེན་པར་དཀྱིལ་འཁོར་བཀོད་ལེགས་དབུས༔ བུམ་པ་ཉེར་ལྔའི་བཅུད་ལྡན་བཤམས༔ འཕགས་པའི་སྐུ་དང་ཡི་གེ་དྲུག༔ མེ་ལོང་གཏོར་མ་ལྷ་གྲངས་བཀོད༔ ལས་ཀྱི་གཞུང་བསྲང་བུམ་པ་བསྒྲུབ༔ མཆོད་བསྟོད་དངོས་གྲུབ་སྤྱི་ལྟར་བླངས༔ སློབ་མ་ཁྲུས་བྱས་བགེགས་སྡིག་སྦྱངས༔ མཎྚལ་ཕུལ་ཞིང་དབང་དོན་དུ༔ ཐལ་སྦྱར་གུས་པས་གསོལ་འདེབས་ནི༔ ཀྱེ་ཧོ་བླ་མ་འགྲོ་བའི་མགོན༔ བདག་ལ་འཕགས་མཆོག་སྤྱན་རས་གཟིགས༔ ལྷག་པའི་ལྷ་ཡི་རྗེས་གནང་དབང༔ ད་ལྟ་མྱུར་དུ་རྩལ་དུ་གསོལ༔ དེ་ནས་བླ་མས་ལན་འདི་སྦྱིན༔ ཀྱེ་མ་སྐལ་ལྡན་སྙིང་གི་བུ༔ རྒྱལ་ཀུན་ཡབ་གཅིག་འཕགས་པ་ཡི༔ རྗེས་གནང་ལྷ་རུ་བརྟེན་པ་ལ༔ བྱང་ཆུབ་སེམས་མཆོག་མི་གཏོང་འཚལ༔ དེ་ནས་སློབ་མའི་རྒྱུད་སྦྱངས་ཕྱིར༔ སྐྱབས་སུ་འགྲོ་ཞིང་སྨོན་འཇུག་གི༔ སྡོམ་པ་རྒྱུད་ལ་གནས་པ་ཡང༔ མི་ཉམས་གོང་དུ་འཕེལ་བྱའི་ཕྱིར༔ སེམས་བསྐྱེད་སྡོམ་བཟུང་འདི་སྐད་ཟློས༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༔ ཁྱད་པར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་བྱང་ཆུབ་སེམས་དཔའ་འམ་སེམས་མ་མིང་ཆེ་གེ་མོ་ཞེས་བགྱི་བས་དུས་འདི་ནས་ནམ་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ༔ མཐའ་ཡས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་ཆེན་པོ་རྒྱ་མཚོ་ལས་བསྒྲལ་ནས༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ལ་འགོད་པར་བྱའོ༔ དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་དམ་གྱི་ལྷ་རུ་བརྟེན་ནས་བསྙེན་སྒྲུབ་མཆོད་བསྟོད་དུས་རྟག་ཏུ་བགྱི་བར་དམ་བཅའ་ལགས་སོ༔ ཞེས་པ་ལན་གསུམ་དང་པོ་ཡིས༔ སྨོན་དང་གཉིས་པས་འཇུག་པའི་སེམས༔ གསུམ་པས་བརྟན་པར་བྱས་པའོ༔ དེ་ནས་བླ་མས་རྩེ་ལྔ་པ༔ སྙིང་ཀར་བཞག་ནས་དམིགས་པ་འབོགས༔ སློབ་མ་ཁྱེད་རྣམས་སྙིང་ཀ་རུ༔ ཟླ་བའི་དཀྱིལ་འཁོར་ཟླུམ་པོའི་དབུས༔ རྡོ་རྗེ་དཀར་པོ་རྩེ་ལྔ་པ༔ དོན་དམ་སེམས་བསྐྱེད་ངོ་བོ་ཉིད༔ རྟག་ཏུ་འབྲལ་མེད་གནས་པར་བསྒོམ༔ དེ་ནས་སྔགས་འདི་རྗེས་ཟློས་བྱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་ཛྙཱ་ན་ས་ཏྭ་ཨ༔ ཅེས་པ་ལན་གསུམ་དེ་རྗེས་སུ་རྗེས་གནང་ཆེད་དུ་བྱིན་དབབ་ནི༔ བསང་སྦྱངས་ཤུ་ནྱ་ཏ་བརྗོད་པས༔ འཁོར་འདས་མི་དམིགས་སྟོང་པ་ཆེན་པོར་གྱུར༔ སྟོང་པའི་ངང་ལས་པདྨ་ཟླ་གདན་ལ༔ སློབ་མ་གདོས་བཅས་ཕུང་ཁམས་དྲན་རྫོགས་སུ༔ རྒྱུ་རྐྱེན་ལས་འདས་འཕགས་པ་སྤྱན་རས་གཟིགས༔ དུང་ལ་ཉི་མ་ཤར་བཞིན་དཀར་གསལ་བཞད༔ ཕྱག་བཞི་ཐལ་སྦྱར་ཤེལ་ཕྲེང་པདྨ་བསྣམས༔ རྡོ་རྗེའི་ཕྱེད་དཀྱིལ་ལོངས་སྐུའི་རྒྱན་ཆས་མཛེས༔ འཁོར་དུ་ཐུབ་དྲུག་སྒོ་མ་རྣམ་བཞི་དང༔ ཡེ་ཤེས་སེམས་དཔའ་རྟ་མཆོག་ཐུགས་ཀ་རུ༔ གུ་རུ་པདྨ་པཎྚི་ཏ་ཡི་ཆས༔ གཙོ་འཁོར་ཀུན་གྱི་གནས་གསུམ་ཡིག་འབྲུ་ལས༔ འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པ་ཡིས༔ རྒྱལ་བ་སྲས་བཅས་སྤྱན་རས་གཟིགས་དབང་གི༔ སྐུ་ཡིག་ཕྱག་མཚན་རྣམ་པར་སྤྱན་དྲངས་བསྟིམས༔ སྤྱན་འདྲེན་ཚིག་བརྗོད་སྤོས་རོལ་དབྱངས་བཅས་ལ༔ ཛཿཧཱུྃ་བཾ་ཧོ༔ཕྱག་རྒྱ་བཞི་ཡིས་གདབ༔ དེ་ནས་སློབ་དཔོན་དྲུང་དུ་མཎྚལ་འབུལ༔ གསོལ་བ་འདེབས་པ་འདི་བཞིན་བརྗོད་པར་བྱ༔ ཀྱེ་ཧོ༔ འགྲོ་མགོན་བླ་མ་འཕགས་པ་སྙིང་རྗེའི་ལྷ༔ ཐུགས་རྗེ་ཆེན་པོས་ཉེ་བར་དགོངས་ནས་ཀྱང༔ རིན་ཆེན་བུམ་པ་སྐུ་གསུང་ཐུགས་ཀྱི་དབང༔ དེང་འདིར་བདག་ལ་ཡོངས་རྫོགས་རྗེས་གནང་སྩོལ༔ ལན་གསུམ་དེ་རྗེས་བུམ་པ་སྤྱི་བོར་བཞག༔ བུམ་ཆུ་བླུག་ཅིང་༔ ཧྲཱིཿ སྣང་བའི་ངོ་བོ་བུམ་པ་གཞལ་ཡས་ཁང༔ སྟོང་པའི་རང་རྩལ་བཅུད་མཆོག་ཡི་དམ་ལྷ༔ ཟུང་འཇུག་སྙིང་པོ་བདུད་རྩིའི་དབང་བསྐུར་བས༔ དབང་བཞིའི་དོན་རྟོགས་ལྷག་པའི་ལྷར་འགྲུབ་ཤོག༔ རྩ་སྔགས་ཤམ་དུ་ཨ་བྷི་ཥིཉྩ་གདགས༔ མེ་ཏོག་འཐོར་ཞིང་ཤིས་བརྗོད་མཐའ་རྒྱས་བྱ༔ དང་པོ་སྐུ་རྟེན་སྤྱི་བོར་བཞག༔ ཧྲཱིཿ རྒྱལ་ཀུན་མཁྱེན་བརྩེའི་བདག་ཉིད་མཆོག༔ གངས་ཅན་ལྷ་སྐལ་ཐུགས་རྗེའི་གཏེར༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཚད་མེད་སྙིང་རྗེས་འགྲོ་སྒྲོལ་ཤོག༔ རྩ་སྔགས་ཤམ་དུ་ཀཱ་ཡ་ཨ་བྷི་གདགས༔ འཁོར་གྱི་ཐུབ་དྲུག་སྤྱི་བོར་བཞག༔ ཧྲཱིཿ ཉོན་མོང་དྲུག་པོ་གནས་གྱུར་ནས༔ ཐུབ་པ་དྲུག་གི་སྐུར་བཞེངས་པས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་མྱུར་རྫོགས་ཤོག༔ རྩ་སྔགས་ཤམ་དུ་ཨ་བྷི་གདགས༔ སྒོ་མ་བཞི་ཡི་དབང་བསྐུར་ཏེ༔ ཧྲཱིཿ ཚད་མེད་རྣམ་བཞིའི་ཡེ་ཤེས་རྩལ༔ སྒོ་སྐྱོང་ལྷ་མོར་ཡོངས་ཤར་བ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲིན་ལས་རྣམ་བཞི་མྱུར་འགྲུབ་ཤོག༔ ཛཿཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་ཡིག་དྲུག་མགྲིན་པར་བཞག༔ ཨོཾ་འཆི་འཕོ་ལྟུང་བའི་ལས་སྒྲིབ་སྦྱངས༔ མ་ལྷ་མིན་འཐབ་རྩོད་སྡུག་བསྔལ་སྦྱོང༔ ཎི་སྐྱེ་རྒ་ན་འཆིའི་ཉོན་མོངས་སྐྱོབས༔ པད་དུད་འགྲོ་བཀོལ་སྤྱོད་བག་ཆགས་སྒྲོལ༔ མེ་ཡི་དྭགས་བཀྲེས་སྐོམ་འཇིགས་ལས་སྒྲོལ༔ ཧཱུྃ་ཚ་གྲང་དམྱལ་བའི་སྡུག་བསྔལ་སྐྱོབས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིགས་དྲུག་ལས་ཉོན་སྒྲོལ་ནུས་ཤོག༔ རྩ་སྔགས་ཤམ་དུ་ཝཀྐ་གདགས༔ གསུམ་པ་མེ་ལོང་དྭངས་པ་ལ༔ གཙོ་བོའི་སྐུ་བརྙན་འཆར་བ་ལ༔ སློབ་མས་རིག་པ་གཏད་པར་གསུངས་ཏེ༔ ཧྲཱིཿ རང་སེམས་མེ་ལོང་དྭངས་པ་ལ༔ རྙོག་མེད་ལྷ་ཡི་སྐུ་བརྙན་ཤར༔ ཕྱི་རོལ་མ་ཡིན་རང་གི་རྩལ༔ སེམས་ཉིད་ལྷག་པའི་ལྷ་རུ་སྟོན༔ རྩ་སྔགས་ཤམ་དུ་ཙིཏྟ་གདགས༔ ཡོངས་རྫོགས་གཏོར་མ་དབང་གི་མཆོག༔ གནས་བཞིར་གཏུགས་ཏེ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ གཏོར་མ་སྐྱེ་འགགས་ཀུན་བྲལ་ཆོས་སྐུའི་གདངས༔ འཕགས་པའི་ཐུགས་སྲས་གུ་རུ་པདྨ་འབྱུང༔ སྐུ་གསུམ་དབྱེར་མེད་དཔལ་ལྡན་བླ་མའི་དབང༔ སྐལ་ལྡན་ཁྱོད་ཀྱི་གནས་བཞིར་དབང་བསྐུར་བས༔ ལུས་ངག་ཡིད་གསུམ་ཀུན་གཞིའི་བག་ཆགས་ཀུན༔ སྐུ་བཞིའི་ངོ་བོར་ལྷུན་གྱིས་འགྲུབ་པར་ཤོག༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་ཀྱི་རིམ་པ་སྤྱི་ལྟར་བྱ༔ ས་མ་ཡཱ༔ ཤིན་ཏུ་ཟབ་པའི་དབང་བསྐུར་འདི༔ མཚོ་རྒྱལ་ལྕམ་དྲལ་སྙིང་ལ་ཆོངས༔ དུས་བབས་སྐལ་ལྡན་ཆོས་བདག་ལ༔ སྨོན་ལམ་གཏད་རྒྱས་འཕྲད་པར་གྱིས༔ དུད་སོལ་ལྷ་མོས་མེལ་ཙེ་གྱིས༔ དྲུག་ལྡན་དཔལ་མགོན་བཀའ་འདི་སྲུང༔ གུ་ཧྱ༔ བརྡ་ཐིམ༔ ཅེས་འགྲོ་མགོན་ལུང་རིག་གླིང་པས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་པ་ཛ་ཡནྟུ།

ཐུགས་རྗེ་ཆེན་པོའི་གསོལ་འདེབས་བྱིན་རླབས་མྱུར་འཇུག

༄༅། འཕགས་པ་ཐུགས་རྗེ་ཆེན་པོའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས། ཁྱབ་བདག་སྟོན་མཆོག་འོད་སྣང་ཚེ་མཐའ་ཡས། །ལོངས་སྤྱོད་རྫོགས་པ་འཕགས་མཆོག་སྙིང་རྗེའི་གཏེར། །བརྫུས་སྐྱེས་སྤྲུལ་སྐུ་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གངས་ཅན་མུན་སེལ་ཆོས་རྒྱལ་ཁྲི་སྲོང་རྗེ། །གསང་ཆེན་རྒྱུད་སྡེའི་མཛོད་འཛིན་མཁར་ཆེན་བཟའ། །ཕུར་པའི་གྲུབ་བརྙེས་དཔལ་གྱི་དབང་ཕྱུག་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དག་སྣང་ལུང་སྟོན་ཀུན་བཟང་གཞན་ཕན་པ། །དགོངས་གཏེར་ཆོས་ཀྱི་མཛོད་འཛིན་ལུང་རིག་གླིང་། །བཀའ་བབས་བླ་མ་རིག་འཛིན་མཚན་ཅན་ལ། ། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དཀྱིལ་འཁོར་གཙོ་བོ་འཕགས་མཆོག་སྤྱན་རས་གཟིགས། །གང་འདུལ་སྤྲུལ་པ་དཀྱིལ་འཁོར་འཁོར་ལོའི་ལྷ། །རྩ་གསུམ་ཆོས་སྐྱོང་དམ་ཅན་བསྲུང་མ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་ལ་བརྟེན་འཕགས་མཆོག་སྙིང་རྗེའི་གཏེར། །མཚན་དཔེའི་བརྒྱན་པའི་སྐུ་མཆོག་ཐོབ་པར་ཤོག །གསང་བའི་དབང་གིས་ངག་གི་སྒྲིབ་པ་དག །བཟླས་པ་མཐར་སོན་ལས་རླུང་སྔགས་སུ་གྲོལ། །ཚངས་དབྱངས་དྲུག་ཅུའི་གསུང་གིས་ཟབ་རྒྱས་ཆོས། །མཐའ་ཡས་འགྲོ་ལ་ཐོགས་མེད་སྟོན་ནུས་ཤོག །ཤེས་རབ་རྟེན་ལས་རྩ་ཁམས་བྱང་ཆུབ་སེམས། །སྒྲ་གཅན་དབྱིངས་ཆུད་ཡིད་ཀྱི་སྒྲིབ་པ་དག །སྟོང་ཉིད་སྙིང་རྗེ་ཟུང་འཇུག་འཕགས་པའི་ཐུགས། །མངོན་གྱུར་གདུལ་བྱ་རྗེས་སུ་འཛིན་པར་ཤོག །ཚིག་གིས་མཚོན་པ་དོན་དམ་དབང་མཆོག་གིས། །ཀུན་གཞིའི་སྒྲིབ་དག་ཆོས་སྐུ་མངོན་དུ་གྱུར། །མཐའ་ཡས་སྤྲུལ་བས་རྡུལ་སྙེད་འགྲོ་བ་ཀུན། །ཕྱག་ན་པདྨོའི་གོ་སར་དབུགས་དབྱུང་ཤིག །ཅེས་པའང་སྤྲུལ་མིང་པ་རང་ཉིད་ཀྱིས་སུག་བྲིས་སུ་བགྱིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །དགེའོ།།

བཅུ་གཅིག་ཞལ་གྱི་རྒྱུན་ཁྱེར་ནོར་བུའི་གཙུག་རྒྱན།

ཐུགས་སྒྲུབ་ཟླ་གཞོན་སྤྲིན་བྲལ་ལས༔ བཅུ་གཅིག་ཞལ་གྱི་རྒྱུན་ཁྱེར་ནོར་བུའི་གཙུག་རྒྱན་བཞུགས༔

ན་མོ་ལོ་ཀི་ཤྭ་ར་ཡ༔ རབ་འབྱམས་རྒྱལ་བའི་ཡབ་གཅིག་པུ༔ གངས་ཅན་མུན་སེལ་ལྷ་ཡི་མཆོག༔ འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ ཐུགས་སྒྲུབ་ཡང་སྙིང་འདི་རུ་སྟོན༔ ས་མ་ཡཱ༔ གང་ཟག་སྤྲོས་མེད་རྣལ་འབྱོར་བས༔ འགྲོ་ཀུན་ངན་སོང་སྒོ་གཅོད་ཅིང༔ ཐར་པའི་གོ་འཕང་ལ་དམིགས་ནས༔ སྦྱོར་དངོས་རྗེས་གསུམ་རྩ་བ་ནི༔ ཉམས་ལེན་དམིགས་པ་འདི་ཁོ་ན༔ སྒྲུབ་རྫས་མི་དགོས་སྣོད་བཅུད་ཀུན༔ ལྷ་ཡི་སྒྲུབ་ཁང་ཡོ་བྱད་ལ༔ ཐོག་མར་འཁོར་བར་ངེས་འབྱུང་བློས༔ ཕ་མ་འགྲོ་དྲུག་མ་ལུས་པ༔ སངས་རྒྱས་གོ་འཕང་ལ་འགོད་ཕྱིར༔ ཚོགས་ཞིང་མཁའ་ཁྱབ་རྒྱལ་བ་ལ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ཅིང༔ བདུན་གྱི་ཚོགས་བསགས་ངག་འདོན་ནི༔ དམིགས་འདོན་ཡ་བྲལ་མ་སོང་བར༔ ན་མོ༔ བདག་སོགས་འགྲོ་བ་སེམས་ཅན་མ་ལུས་པ༔ དཀོན་མཆོག་ཀུན་འདུས་བླ་མ་སྤྱན་རས་གཟིགས༔ མི་འབྲལ་གུས་པས་བྱང་ཆུབ་སྙིང་པོའི་བར༔ ཁྱེད་ཤེས་དད་པས་སྙིང་ནས་སྐྱབས་སུ་མཆི༔ སྡུག་བསྔལ་གསུམ་གྱི་རྦ་ཀློང་རབ་འཁྲུགས་པའི༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས༔ མཐའ་ཡས་འགྲོ་ཀུན་སངས་རྒྱས་གོ་འཕང་ལ༔ འགོད་ཕྱིར་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ གདོད་ནས་རང་རིག་རྫོགས་སངས་རྒྱས་ཉིད་ཀྱང༔ གློ་བུར་འཁྲུལ་བས་ལས་ཉོན་སྒྲིབ་བསལ་ཕྱིར༔ རང་ལུས་གྲངས་མེད་སྤྲུལ་ཏེ་ཚོགས་ཞིང་ལྷར༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང༔ ལུས་དང་ལོངས་སྤྱོད་དགེ་ཚོགས་མཆོད་སྤྲིན་འབུལ༔ རང་གཞན་སྒྲིབ་ཀུན་སྟོབས་བཞིས་བཤགས་ཤིང་སྦྱངས༔ སྐྱེས་འཕགས་དགེ་ལ་སྤྲོ་བས་རྗེས་ཡི་རང༔ དུས་གསུམ་སྟོན་པར་རྟག་ཏུ་ཆོས་གསུང་བསྐུལ༔ འཆི་མེད་ཀློང་ནས་འགྲོ་ངོར་རྟག་བཞུགས་གསོལ༔ བདག་གི་དགེ་ཚོགས་ཆོས་དབྱིངས་ཀློང་དུ་བསྔོ༔ བདག་གཞན་མ་ལུས་གདོད་མའི་བྱང་ཆུབ་སེམས༔ རང་རིག་འཕགས་པའི་གོ་འཕང་མངོན་འགྱུར་ཤོག༔ ས་མ་ཡཱ༔ དངོས་གཞི་རང་དང་ལྷ་དབྱེར་མེད༔ གཞན་ནས་བཙལ་ཏེ་སྒྲུབ་མེད་ཀྱང༔ རང་བཞིན་ཤེས་པས་རང་གསལ་གདབ༔ མ་ཡེངས་དམིགས་པ་འདི་ལྟར་བསྒོམ༔ ཧྲཱིཿ སྣོད་ཀྱི་འཇིག་རྟེན་ཐ་མལ་འཁྲུལ་སྣང་དག༔ འཕགས་པའི་བཞུགས་གནས་ཕོ་བྲང་པོ་ཏ་ལ༔ བདེ་ཆེན་ཞིང་གི་དཔལ་དང་ཡོན་ཏན་རྫོགས༔ བཅུད་ཀྱི་སེམས་ཅན་ཕོ་མོར་སྣང་བ་ཀུན༔ ཡེ་ནས་སེམས་དཔའ་སེམས་མའི་རྣམ་པར་བལྟ༔ རང་ཉིད་ཐ་མལ་སྒོ་གསུམ་དྲན་རྫོགས་སུ༔ སྣ་ཚོགས་པདྨ་ཉི་ཟླའི་གདན་དབུས་སུ༔ ཧྲཱིཿདཀར་ལས་བྱུང་འཕགས་པ་སྤྱན་རས་གཟིགས༔ བཅུ་གཅིག་ཞལ་ཅན་སྟོན་ཟླ་ལྟ་བུར་དཀར༔ རྩ་ཞལ་རང་མདོག་གཡས་ལྗང་གཡོན་དམར་བ༔ དེ་སྟེང་ཞལ་གསུམ་གསེར་མདོག་རྒྱས་པའི་ཚུལ༔ དེ་སྟེང་དབང་དྲག་ཞལ་གསུམ་དབུས་སྨུག་ནག༔ གཡས་གཡོན་དམར་པོ་རྗེས་སུ་ཆགས་པའི་ཉམས༔ དེ་སྟེང་ཁྲོ་ཞལ་ནག་པོ་རྔམ་པའི་གཟུགས༔ དེ་སྟེང་རིགས་བདག་ཨ་མི་དྷེ་ཝའི་ཞལ༔ གཙུག་ཏོར་དང་བཅས་མགུལ་བ་ཡན་མཛེས་འཛུམ༔ རྩ་བའི་ཕྱག་བརྒྱད་དང་པོ་གཉིས་ཐལ་སྦྱར༔ སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་མཚོན༔ དེ་འོག་གཡས་གཡོན་ཤེལ་ཕྲེང་པདྨ་དཀར༔ འགྲོ་དྲུག་འདྲེན་དང་ཆགས་མེད་སྐྱོན་བྲལ་བརྡ༔ དེ་འོག་ཕྱག་གཉིས་མཆོག་སྦྱིན་སྤྱི་བླུགས་སྦྲེངས༔ ཕན་བདེའི་ཆུ་ཡིས་དམྱལ་མེ་ཆིལ་ཆིལ་གསོད༔ དེ་འོག་གཡས་གཡོན་འཁོར་ལོ་མདའ་གཞུ་བསྣམས༔ ཆོས་ཀྱི་འཁོར་ལོ་ཐབས་ཤེས་ཟུང་འཇུག་སྟོན༔ ཞབས་གཉིས་མཉམ་བཞེངས་འགྲོ་བའི་དོན་ལ་དགོངས༔ ཡན་ལག་ཕྱག་སྟོང་མཆོག་སྦྱིན་སྤྱན་རས་མཚན༔ ཉིན་མཚན་རྟག་པར་འགྲོ་ལ་གཟིགས་པའི་བརྡ༔ འདོད་ཡོན་མ་སྤངས་ནོར་བུ་རིན་པོ་ཆེའི༔ དབུ་རྒྱན་སྙན་ཆ་དོ་ཤལ་སེ་མོ་དོ༔ ཕྱག་ཞབས་གདུ་བུ་དཔུང་རྒྱན་མགུལ་རྒྱན་དང༔ སྣ་ཚོགས་དར་གྱི་སྟོད་གཡོག་སྨད་དཀྲིས་དང༔ ཅོད་པཎ་ཟི་ལྡིར་སྐྲ་ཆིངས་ཕུ་དུང་སྒེག༔ མཚན་དཔེ་ཡོངས་རྫོགས་འོད་ཀྱི་ཕུང་པོར་འབར༔ དབུ་གཙུག་རིགས་བདག་སངས་རྒྱས་སྣང་མཐའ་ཡས༔ གཡས་གཡོན་འགྲོ་དོན་གྲོགས་བགྱིད་རྗེ་བཙུན་མ༔ སྒྲོལ་མ་དཀར་ལྗང་གཡས་གཡོན་མདུན་རྒྱབ་ཏུ༔ རྟ་མགྲིན་བདུད་རྩི་འཁྱིལ་དང་སངས་རྒྱས་སྟོང༔ གདུལ་བྱའི་བློ་འཚམས་རྡུལ་སྙེད་འཁོར་གྱིས་བསྐོར༔ གནས་གསུམ་ཡི་གེ་དཀར་དམར་མཐིང་གསུམ་ལས༔ འོད་ཟེར་འཇའ་ཚོན་ལྟ་བུ་ཕྱོགས་བཅུར་འཕྲོས༔ རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་ཀུན༔ ཐུགས་ཀྱི་རྒྱུད་བསྐུལ་འཕགས་པའི་རྣམ་པར་བྱོན༔ རང་གི་བསྐྱེད་པའི་སྐུ་དང་དབྱེར་མེད་གྱུར༔ ཧྲཱིཿ དུས་གསུམ་རྒྱལ་བ་སྲས་བཅས་མ་ལུས་ཀུན༔ སྐྱེ་མེད་ཀློང་བཞུགས་གཤེགས་བཞུད་མི་མངའ་ཡང༔ འགགས་མེད་དབྱིངས་ནས་སྤྱན་འདྲེན་གནས་འདིར་གཤེགས༔ ཡེ་ནས་འབྲལ་མེད་ངང་དེར་རྟག་བཞུགས་གསོལ༔ ལྷ་དང་རང་ཞེས་སོ་སོར་མི་འཛིན་པར༔ རང་བབས་རོ་མཉམ་ལྟ་བའི་ཀློང་ཕྱག་འཚལ༔ ཡུལ་དྲུག་འདོད་པའི་ཡོན་ཏན་མ་ལུས་པ༔ རང་ཤར་མཆོད་པའི་ཕྱག་རྒྱས་མཉེས་པར་བགྱི༔ འདོད་ཡོན་མ་སྤངས་ཞེན་པ་མེད་བཞིན་དུ༔ བདེ་སྟོང་ཟག་མེད་ཀློང་དུ་བཞེས་སུ་གསོལ༔ གཟུགས་སྣང་ཐམས་ཅད་སྣང་སྟོང་འཕགས་པའི་སྐུ༔ སྒྲ་གྲགས་མ་ལུས་གྲགས་སྟོང་རྒྱལ་བའི་གསུང༔ དྲན་རྟོག་ཀུན་ཀྱང་ཤར་གྲོལ་ཆོས་སྐུའི་ཐུགས༔ གསང་གསུམ་དག་པ་དྲན་པས་བསྟོད་པར་བགྱི༔ སྒྲིབ་སྦྱང་སྔགས་ཀྱི་རིམ་པ་ནི༔ ཐུགས་ཀར་ཟླ་བའི་གདན་ལ་ཧྲཱིཿདཀར་པོ༔ མར་མེ་འབར་བཞིན་དྭངས་གསལ་ལམ་མེར་བསྒོམ༔ དེ་མཐར་གཟུངས་སྔགས་ཤེལ་དཀར་ཕྲེང་བ་ལ༔ ཉི་ཟེར་ཕོག་ལྟར་འོད་ལྔའི་རང་མདངས་ཅན༔ སྔགས་ལས་སྒྲ་དབྱངས་དྲིལ་བུ་སྙན་འཁྲོལ་བཞིན༔ བར་མ་ཆད་པར་སྒྲོག་བསམ་དེ་ཡི་ངང༔ ན་མོ་རཏྣ་དྲ་ཡཱ་ཡ། ན་མཿཨཱརྱ་ཛྙཱ་ན་སཱ་ག་ར། བཻ་རོ་ཙ་ན། བ་ཡུ་ཧ་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱ། ཨརྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མཿཨརྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་དི། དྷུ་རུ་དྷུ་རུ། ཨིཊྚེ་ཝཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་ར། ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭ་ཧཱ། དེ་ཡི་ངང་ལས་ཡེངས་མེད་བཟླས་པར་འབད༔ སྐབས་སུ་ལས་སྦྱོར་དམིགས་པ་ནི༔ སྔགས་ཀྱི་འོད་ཟེར་གཟུངས་ཀྱི་རང་སྒྲར་བཅས༔ དམྱལ་བ་ཡི་དྭགས་དུད་འགྲོའི་ཡུལ་དུ་འཕྲོས༔ དེ་རུ་སྡུག་བསྔལ་སྤྱོད་པའི་སེམས་ཅན་གྱི༔ ཚ་གྲང་བཀྲེས་སྐོམ་ཟ་གསོད་བཀོལ་སྤྱོད་སྦྱངས༔ ཀུན་ཀྱང་པོ་ཊ་ལ་ཡི་ཞིང་ཁམས་སུ༔ འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་རུ་གྱུར༔ སྔགས་ཀྱི་འུར་སྒྲས་སྟོང་གསུམ་གང་བར་བསམ༔ དེ་ཡི་ངང་ནས་མ་ཡེངས་བཟླས་པར་བྱ༔ དེ་བཞིན་ལྷ་མ་ཡིན་དང་ལྷ་དང་མིའི༔ འཐབ་རྩོད་འཕོ་ལྟུང་སྐྱེ་འཆིའི་སྡུག་བསྔལ་སྦྱངས༔ ཀུན་ཀྱང་འཕགས་པའི་སྐུ་གསུང་ཐུགས་ཀྱི་ངང༔ ཟག་མེད་བདེ་བ་ཆེན་པོའི་སྔགས་སྒྲ་སྒྲོག༔ དེ་ལྟར་དམིགས་པ་རེས་མོས་ཀྱི༔ འཁྲུལ་སྣང་མ་ལུས་གནས་དག་ནས༔ དོན་གྱི་ལྷ་དང་མཇལ་ནས་ནི༔ འགྲོ་ཀུན་ཕན་བདེའི་གཞི་རུ་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྔགས་ཀྱི་ཕན་ཡོན་བསྟན་པ་ནི༔ ཐེ་ཚོམ་མེད་པའི་གང་ཟག་གིས༔ སྔགས་འདི་འབུམ་ཕྲག་གཅིག་བཟླས་ན༔ ཤིན་ཏུ་ལྕི་ཞིང་བྱང་དཀའ་བའི༔ ཉན་ཐོས་པ་ཡི་རྩ་ལྟུང་བཞི༔ བྱང་ཞིང་དག་པར་འགྱུར་ཞེས་ན༔ ལྟུང་བ་གཞན་ལ་སྨོས་ཅི་དགོས༔ ཞེ་སྡང་དྲག་པོས་སྲོག་བཅད་པའི༔ སེམས་ཅན་དེ་ལ་རབ་དམིགས་ནས༔ བྱམས་པའི་སེམས་ཀྱིས་སྔགས་འདི་འབུམ༔ བཟླས་པས་ལས་སྒྲིབ་བྱང་གྱུར་ནས༔ གཉིས་ཀ་མཐོ་རིས་ཐོབ་འགྱུར་ན༔ ཀུན་སློང་ཕལ་པ་སྨོས་ཅི་དགོས༔ གསང་སྔགས་རྩ་བ་བླ་མ་ལ༔ འགལ་འཁྲུལ་སོང་བར་མ་གྱུར་བས༔ ཡན་ལག་དམ་ཚིག་གང་ཉམས་ཀྱང༔ སྔགས་འདི་གནོང་འགྱོད་དང་བཅས་པས༔ འབུམ་དུ་བཟླས་ན་བྱང་བར་འགྱུར༔ གནས་སྐབས་གཟུགས་མཛེས་ལོངས་སྤྱོད་འཕེལ༔ རིགས་རྒྱུད་དར་ཞིང་སྙན་གྲགས་སོགས༔ འདོད་དོན་གང་འདོད་ལ་དམིགས་ནས༔ སྔགས་འདི་གང་བཟླས་དེས་འགྲུབ་འགྱུར༔ མཛེ་ལ་སོགས་པའི་ནད་ཀྱི་རིགས༔ ཀུན་ཀྱང་སྔགས་འདིས་བྱང་བར་འགྱུར༔ གཟུངས་འདི་བྱེ་བའི་གྲངས་ཐེམས་ན༔ གང་ཟག་དབང་པོ་རབ་འབྲིང་ཐ༔ འདི་འམ་འཆི་ཁ་བར་དོ་རུ༔ འཕགས་པ་མཆོག་དང་ཞལ་མཇལ་ནས༔ ཐེ་ཚོམ་མེད་པར་གྲོལ་ངེས་སོ༔ རྗེས་སུ་སྤྱོད་ལམ་ལམ་ཁྱེར་དང༔ ཤིས་བརྗོད་བསྡུ་རིམ་དགེ་བསྔོ་རྣམས༔ དྲན་པས་ཟིན་བཞིན་ངག་འདོན་ནི༔ ཧྲཱིཿ སྤྱོད་ལམ་རྣམ་བཞི་གང་དང་གང་དུའང༔ འགྲོ་བ་གཞན་ལ་གནོད་སེམས་སྤུ་ཙམ་སྤངས༔ བདག་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང༔ བྲལ་ཏེ་གནས་སྐབས་མཐོ་རིས་ཡོན་ཏན་དང༔ མཐར་ཐུག་སངས་རྒྱས་ཐོབ་པར་བྱའོ་ཞེས༔ དམ་བཅའ་ཡིད་ལ་བཟུང་ཞིང་ངག་ཏུ་སྨྲ༔ དེ་བཞིན་མཆོག་གསུམ་བདེན་པས་འགྲུབ་གྱུར་ཅིག༔ སེམས་ཅན་ཀུན་གྱི་ལུས་ཀྱི་སྒྲིབ་དག་ནས༔ འཕགས་པའི་སྐུ་རུ་འགྲུབ་པའི་བཀྲ་ཤིས་ཤོག༔ སེམས་ཅན་ཀུན་གྱི་ངག་གི་སྒྲིབ་དག་ནས༔ འཕགས་པའི་གསུང་དུ་འགྲུབ་པའི་བཀྲ་ཤིས་ཤོག༔ སེམས་ཅན་ཀུན་གྱི་ཡིད་ཀྱི་སྒྲིབ་དག་ནས༔ འཕགས་པའི་ཐུགས་སུ་འགྲུབ་པའི་བཀྲ་ཤིས་ཤོག༔ སྣོད་བཅུད་ལྷར་འཛིན་མི་དམིགས་སྟོང་པའི་ངང༔ རང་བབས་ཀློང་དུ་རང་གྲོལ་ཆེན་པོར་བལྟ༔ དུས་གསུམ་རྣམ་དཀར་རང་གཞན་སུས་བགྱིས་པ༔ ཀུན་ཀྱང་བདག་གཞན་འགྲོ་བ་མ་ལུས་རྣམས༔ རིགས་བདག་སྤྱན་རས་གཟིགས་དང་དབྱེར་མེད་པར༔ ཕྱམ་གཅིག་རྫོགས་སངས་རྒྱས་པའི་རྒྱུར་བསྔོ་འོ༔ ས་མ་ཡཱ༔ ཨེ་མ་ཡང་ཟབ་ཐུགས་ཀྱི་གཏེར༔ པདྨས་ཇོ་མོ་མཚོ་རྒྱལ་ལ༔ ཕྱི་རབས་སྐལ་ལྡན་དོན་དུ་གདམས༔ དབྱིངས་ཀྱི་སྒྲོམ་གཅིག་སྦས་པའི་ཆོས༔ དུས་བབས་རིག་རྩལ་ཌཱཀྐིའི་བརྡ༔ རྗེས་འཇུག་དོན་དང་ལྡན་ཕྱིར་བཀོད༔ བཀའ་འདི་ཕྱག་དྲུག་མགོན་པོས་སྲུངས༔ གཏེར་འདི་དུད་སོལ་ལྷ་མོས་འཚོས༔ བཀའ་རྐུན་ལོག་སྲེད་སྙིང་ཁྲག་འཕོས༔ ལས་ཅན་ཉམས་ལེན་སྲུངས་ཤིག་རྒྱ༔ གུ་ཧྱ༔ པདྨས་ལུང་ཟིན་དག་སྣང་གི་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་ཉམས་སྣང་གསང་བ་མཁའ་འགྲོའི་ཆོས་མཛོད་ལས་ཕབ་པ་དགེ་བར་གྱུར་ཅིག

བསྙུང་བར་གནས་པའི་གནས་པའི་ཆོ་ག་སྒྲིབ་གཉིས་མྱུར་གྲོལ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ བསྙུང་བར་གནས་པའི་གནས་པའི་ཆོ་ག་སྒྲིབ་གཉིས་མྱུར་གྲོལ་ཞེས་བྱ་བཞུགས༔འཕགས་མཆོག་སྙིང་རྗེའི་ལྷ་ལ་འདུད༔ བསྙུང་གནས་ཆོ་ག་ཟབ་མོ་འདི༔ ཉམས་སུ་ལེན་འདོད་སྐལ་ལྡན་དེས༔ དབེན་པར་རས་བྲིས་དཀྱིལ་འཁོར་རམ༔ ཡང་ན་འབྲུ་ཡི་ཚོམ་བུ་བཀོད༔ བུམ་པ་ཉེར་ལྔའི་བཅུད་ལྡན་ལ༔ དཔག་བསམ་བདུད་རྩིའི་ཤིང་བཙུགས་ཤིང༔ སྣ་ལྔའི་གཟུངས་ཐག་མགུལ་དར་དཀྲིས༔ གཡས་སུ་འཕགས་པའི་སྐུ་བྲིས་འབུར༔ གཡོན་དུ་གཟུངས་རིང་དངུལ་བྲིས་དང༔ རྒྱབ་ཏུ་མེ་ལོང་ཤེལ་རྡོ་དང༔ མདུན་དུ་བཤོས་ཟླུམ་གཙང་མ་ནི༔ དཀར་མངར་རྒྱན་ལྡན་འཁོར་དྲུག་བསྐོར༔ བུར་སྦྲང་ཤིང་ཏོག་སྨན་སྣས་བརྒྱན༔ མཐའ་བསྐོར་བདུག་སྤོས་སྔོན་འགྲོ་བའི༔ ཉེར་སྤྱོད་མཆོད་པས་མཛེས་པར་བྱ༔ དེ་ནས་རྣལ་འབྱོར་བདེ་བའི་ངང༔ སེམས་བསྐྱེད་ལྡན་པས་སྟན་ལ་འདུག༔ ས་ག་ཟླ་བ་དེ་ལས་གཞན༔ གང་ཡང་རུང་བའི་ཚེས་བདུན་ནམ༔ ཉེར་དགུ་བཅུ་བཞིར་མགོ་བརྩམས་ནས༔ བརྩམས་པ་དེ་ཉིད་མཐར་ཕྱིན་ཕྱིར༔ གཞི་བདག་མགྲོན་ལ་བསང་བརྔན་དང༔ སྡེ་བརྒྱད་བཤོས་བུས་བརྔན་པར་བྱ༔ སྐྱ་རེངས་དང་པོ་ཤར་བའི་ཚེ༔ རྣམ་པར་འཇོམས་པའི་ཁྲུས་ནས་ཕྱུང༔ ཡན་ལག་ལྔ་ལྡན་ཕྱག་གསུམ་འཚལ༔ བླ་མ་འམ་ནི་རྟེན་གསུམ་ལ༔ ཐུགས་རྗེ་ཆེན་པོའི་འདུ་ཤེས་བསྐྱེད༔ འབྲུ་དང་རཏྣའི་མཎྚལ་འབུལ༔ ཕྱོགས་བཅུ་ན་བཞུགས་པའི་རྐང་གཉིས་ཀྱི་མཆོག་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང༔ འཁོར་བ་དང་ཞི་བའི་མཐའ་ལས་སྒྲོལ་བར་བྱེད་པ་འདོད་ཆགས་དང་བྲལ་བའི་མཆོག་དམ་པའི་ཆོས་རྣམས་དང༔ རང་ཉིད་ཀྱི་རྒྱུད་ལེགས་པར་གྲོལ་ནས་གཞན་ཐར་བའི་ལམ་ལ་འགོད་པར་མཛད་པ་ཚོགས་ཀྱི་མཆོག་དགེ་འདུན་འདུས་པའི་སྡེ་རྣམས་དང༔ མཆོག་གསུམ་ཀུན་འདུས་ཀྱི་བདག་ཉིད་བླ་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཙོ་འཁོར་སྤྲུལ་བར་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འགྲོ་བ་རྣམས་བླ་ན་མེད་པའི་ས་ལ་འགོད་པར་མཛད་པའི་ཆེད་དུ༔ དགེ་སྡིག་གི་གསོ་སྦྱོང་ཇི་ལྟར་མཛད་པ་དེ་བཞིན་དུ༔ བདག་ཆེ་གེ་མོ་ཞེས་བགྱི་བས་ཀྱང༔ དུས་ད་ནང་ནས་བཟུང་སྟེ་སང་ཉི་མའི་སྐྱ་རེངས་དང་པོ་མ་ཤར་གྱི་བར་དུ༔ འགྲོ་བ་རྣམས་ཀྱི་ལས་ཉོན་བག་ཆགས་དང་བཅས་པ་ཡོངས་སུ་བྱང་ཞིང་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་རྒྱུད་ལ་འཐོབ་པར་བྱ་བའི་ཕྱིར༔ གསོ་སྦྱོང་ཡན་ལག་བརྒྱད་པ་ཡང་དག་པར་བགྱིའོ༔ དེའང་མི་དང་དུད་འགྲོའི་བྱེ་བྲག་རྣམས་ཀྱི་སྲོག་དངོས་སམ་བརྒྱུད་ནས་གཅོད་པ་ལས་སླར་ལྡོག་པར་བགྱིའོ༔ དེ་བཞིན་དུ་གཞན་གྱི་ནོར་རྫས་དངོས་སུ་རྐུ་བའམ་ཐབས་ཀྱིས་ལེན་པ་ལས་སླར་ལྡོག་པར་བགྱིའོ༔ བུད་མེད་ལ་དངོས་སུ་དངོས་སུ་སྤྱོད་པའམ་གཞན་ཚངས་པར་སྤྱོད་པའི་ཚུལ་ལས་ཉམས་པ་འཁྲིག་པའི་ཆོས་ཐམས་ཅད་ལས་སླར་ལྡོག་པར་བགྱིའོ༔ མིའི་ཆོས་ལས་བླ་མར་གྱུར་པའི་རྫུན་ཆེན་པོ་དང་གཞན་གྱི་རྒྱུད་ཆུད་འཛའ་བར་བྱེད་པའི་རྫུན་གྱི་ཚིག་ཐམས་ཅད་དང་གཞན་འབྱེད་པར་བྱེད་པ་སོགས་ངག་གི་མི་དགེ་བ་མཐའ་དག་ལས་སླར་ལྡོག་པར་བགྱིའོ༔ དེ་བཞིན་དུ་ཆང་གི་བྱེ་བྲག་དང་ཐ་མ་ཁ་སོགས་ཆོས་དང་འགལ་བའི་ཁ་ཟས་ཐམས་ཅད་དང༔ གླུའི་བྱེ་བྲག་དང་རིན་པོ་ཆེ་དང་སྨན་ལ་སོགས་པའི་རྒྱན་སྣ་ཚོགས་གདག་པ་དང༔ དྲི་ཞིམ་པོས་ལུས་དང་དབང་པོའི་སྒོར་བྱུག་པ་འགྱེད་པ་དང༔ ཁྲི་དང་སྟན་མཐོན་པོ་རིན་ཐང་ཅན་ལ་འདུག་པ་དང༔ ཉི་མ་ཕྱེད་ཡོལ་བ་སོགས་དུས་མ་ཡིན་པར་ཁ་ཟས་བཟའ་བ་ཚུལ་མ་ཡིན་པ་རྣམས་ལས་སླར་ལྡོག་པར་བགྱིའོ༔ རྒྱུ་ཆུང་ངུའི་བསླབ་པ་དེ་ལྟ་བུའང་སེམས་བསྐྱེད་ཁྱད་པར་ཅན་དང་འབྲེལ་བའི་མཐུས༔ ནམ་བྱང་ཆུབ་སྙིང་པོའི་གོ་འཕང་མངོན་དུ་མ་བྱས་ཀྱི་བར་དུ་མི་ཟད་ཅིང་དགེ་རྩ་ཐམས་ཅད་གོང་འཕེལ་དུ་གསོ་བ་དང༔ སྡིག་པའི་བྱེ་བྲག་ཐམས་ཅད་མིང་མེད་དུ་སྦྱོང་བ་ལ་ཐབས་ཀྱི་མཆོག་ཡང་དག་པར་བླང་བར་བགྱིའོ༔ ལན་གསུམ་བརྗོད་ཅིང་དོན་ཞགས་ཀྱི༔ ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས༔ ཉི་ཤུ་རྩ་གཅིག་དག་པར་བཟླ༔ དེ་རྗེས་ཁྲུས་དང་གོས་གསར་བགོ༔ པུས་མོ་སར་བཙུགས་འདི་བཞིན་དམིགས༔ ངག་ཏུ་ཚིག་གིས་གསལ་གདབ་ནི༔ ཨེ་མ་ཧོ༔ མདུན་གྱི་མཁའ་ལ་ཕོ་བྲང་པོ་ཊ་ལ༔ གཞལ་མེད་ཁང་དབུས་པདྨ་ཟླ་གདན་སྟེང༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་༔ དབྱེར་མེད་སྐྱབས་ཀུན་བདག་ཉིད་སྤྱན་རས་གཟིགས༔ སངས་རྒྱས་བྱང་སེམས་གསུང་རབ་དམ་པའི་ཆོས༔ ཉན་རང་སྤྲུལ་པ་ཆོས་སྐྱོང་དང་བཅས་གསལ༔ དེ་ནས་ཐོག་མར་སྐྱབས་འགྲོ་ནི༔ ཁྱེད་ཤེས་རེ་ལྟོས་བློ་གཏད་དེ༔ ཀྱཻ༔ མཐའ་མེད་འཁོར་བ་སྡུག་བསྔལ་རྦ་ཀློང་དུ༔ སྐྱེ་ཤིའི་སྣང་བ་རྨི་ལམ་ལྟར་བརྒྱུད་ཀྱང༔ སྡུག་བསྔལ་བདེ་བར་འཁྲུལ་བའི་བདག་སོགས་འགྲོ༔ སྐྱབས་ཀྱི་དམ་པ་དཀོན་མཆོག་རྩ་བ་གསུམ༔ ཀུན་འདུས་བླ་མ་སྤྱན་རས་གཟིགས་དབང་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོ༔ བདག་ཉིད་ཐར་བར་འདོད་པ་བློ་དམན་ལས༔ རྣམ་པར་ལོག་ཏེ་མཐའ་ཡས་མ་རྒན་འགྲོ༔ གནས་སྐབས་བདེ་དང་མཐར་ཐུག་རྫོགས་སངས་རྒྱས༔ དོན་དུ་གཉེར་ནས་ཕ་རོལ་ཕྱིན་དྲུག་ལམ༔ རྒྱལ་བའི་སྲས་ཀྱི་སྤྱོད་ལ་འཇུག་པར་བགྱི༔ གསུམ་པ་ཡན་ལག་བདུན་པ་ནི༔ ཕལ་བོ་ཆེ་ལས་བྱུང་བཞིན་དུ༔ ཚིག་རྗེས་དོན་ལ་གཞོལ་དེ་བྱ༔ རིན་ཆེན་མཎྚལ་བཀོད་ལེགས་ལ༔ སྨན་དང་འབྲུ་ཡི་ཚོམ་བུ་བཀོད༔ ཏྲཾ༔ ཕྱི་སྣོད་རི་རབ་གླིང་བཞི་གླིང་ཕྲན་དང༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས་རྫས་བརྒྱད༔ སྒེག་མོ་གླུ་གར་མེ་ཏོག་བདུག་སྤོས་མ༔ སྣང་གསལ་དྲི་ཡི་བྱུག་པ་འགྱེད་མཁས་པའི༔ མཆོད་པའི་ལྷ་མོ་ཞལ་ཟས་བདུད་རྩིའི་ཚོགས༔ ངོ་མཚར་གོས་རྒྱན་ཁང་བཟང་རིན་ཆེན་ཁྲི༔ མེ་ཏོག་སྐྱེད་ཚལ་འདོད་འཇོའི་བ་མོ་དང༔ སྟོབས་ལྡན་གླང་པོ་ཅང་ཤེས་མྱུར་བའི་ཤུགས༔ བསིལ་གྲིབ་འབབས་སྟེགས་མཆོད་པའི་ཡོ་བྱད་ཀུན༔ ཀུན་བཟང་རྣམ་རོལ་བླ་མ་མཆོག་གསུམ་ལྷར༔ གུས་པས་འབུལ་ལོ་བདག་ལུས་ལོངས་སྤྱོད་བཅས༔ དགྱེས་པ་ཆེན་པོའི་ཐུགས་ཀྱིས་ཡོངས་བཞེས་ནས༔ འགྲོ་ཀུན་བླ་མ་ལོངས་སྐུའི་དཔལ་ཡོན་ལ༔ མྱུར་དུ་འགོད་པའི་དངོས་གྲུབ་སྩལ་དུ་གསོལ༔ གུ་རུ་རཏྣ་མཎྚ་ལ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ༔ སླར་ཡང་སོ་བྱང་སྔགས་གསུམ་གྱི༔ ཉེས་ལྟུང་སྡིག་པ་སྦྱོང་བའི་ཕྱིར༔ ཕུང་པོ་གསུམ་པ་ཚར་གསུམ་དང༔ སྤྱི་བཤགས་ཡིག་བརྒྱ་ཉེར་གཅིག་བརྗོད༔ རྗེས་སུ་སྡིག་པའི་རང་བཞིན་ནི༔ སྐྱེ་འགགས་གནས་པ་མེད་པའི་ཕྱིར༔ ཆོས་ཀྱི་དབྱིངས་དང་མཉམ་པར་བལྟ༔ ཚོགས་ཞིང་རང་བཞིན་མི་དམིགས་བཞག༔ ས་མ་ཡཱ༔ དེ་ཡིས་སྦྱོར་བའི་ཆོས་རྣམས་རྫོགས༔ དངོས་གཞིའི་ཐོག་མར་རང་ཉིད་ནི༔ ལྷག་པའི་ལྷ་ཡི་ཏིང་འཛིན་གསལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ༔ འཁོར་འདས་གཉིས་ཀྱི་ཆོས་རྣམས་ཀུན༔ གདོད་ནས་མ་སྐྱེས་རང་བཞིན་སྟོང༔ གང་དུ་མི་གནས་གར་མི་འགྲོ༔ རང་བབས་མ་བཅོས་རང་མདངས་བསྐྱང༔ མ་ཧཱ་ཀ་རུ་ཎི་ཀ་ས་མ་ཏཱི་ཧཱུྃ༔ སྟོང་ཉིད་བློ་འདས་མ་རྟོགས་པས༔ ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོར༔ དམིགས་མེད་སྙིང་རྗེ་ཆེན་ཆེན་པོའི་གདངས༔ སྲིད་གསུམ་ཡོངས་ལ་ཁྱབ་པར་བསྒོམ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང༔ བརྗོད་པ་སྔགས་ཀྱི་རྐྱེན་བྱས་ཏེ༔ ཕྱི་སྣོད་རི་བོ་ཏ་ལའི་ཞིང༔ རིན་ཆེན་སྣ་བདུན་གཞལ་ཡས་ཁང༔ པདྨ་དཀར་པོ་ཟླ་གདན་ལ༔ རང་སེམས་འཕགས་པ་སྤྱན་རས་གཟིགས༔ པདྨ་རིགས་ཀྱི་སེམས་དཔའ་དམར༔ ཞལ་གཅིག་ཕྱག་བཞི་འཛུམ་མདངས་རྒྱས༔ ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར༔ ཨུཏྤལ་དམར་པོའི་སྡོང་བུ་འཛིན༔ འགྱུར་མེད་ཡི་གེ་ཧྲཱིཿཡིག་མཚན༔ གཡས་འོག་པདྨའི་ཕྲེང་བ་འཛིན༔ གཡོན་འོག་པདྨ་དཀར་པོ་བསྣམས༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་ཚུལ༔ རོལ་པའི་སྟབས་ཀྱིས་དགྱེས་པར་བཞུགས༔ རིགས་བདག་སྣང་བ་མཐའ་ཡས་དམར༔ སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆས༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་ནང༔ འཆི་མེད་བདུད་རྩིས་བཀང་བ་བསྣམས༔ འཁོར་དུ་སངས་རྒྱས་བྱང་སེམས་དང༔ ཉན་རང་ཆོས་སྲུང་སྤྲིན་ལྟར་འཐིབ༔ གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཀུན༔ འོད་དཔག་མེད་དང་སྤྱན་རས་གཟིགས༔ རང་མོས་ལྷག་པའི་ལྷ་རུ་གྱུར༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན༔ རང་དང་དབྱེར་མེད་གཅིག་པར་གྱུར༔ དེ་ནས་ཀུན་བརྟག་བསྐྱེད་པའི་ལྷར༔ ཡོངས་གྲུབ་ཡེ་ཤེས་རྒྱས་གདབ་ནི༔ ཧཱུྃ་ཧྲཱིཿ ཀུན་བརྟགས་བློ་ཡིས་བསྐྱེད་པའི་ལྷ་རྣམས་ཀྱི༔ གནས་གསུམ་འོད་ཟེར་དཀར་དམར་མཐིང་འཕྲོས་པས༔ རང་བཞིན་དབྱིངས་ནས་དོན་དམ་ཡེ་ཤེས་ལྷ༔ རིགས་ལྔའི་རྣམ་པར་སྤྱན་དྲངས་ཡུམ་རྣམས་ཀྱིས༔ རིན་ཆེན་བུམ་བཟང་བདུད་རྩིས་ཁྲུས་བྱས་པས༔ ཉོན་ཤེས་སྒྲིབ་དག་རིགས་བདག་སྣང་མཐའ་ཡས༔ གཙོར་གྱུར་རིགས་ལྔའི་ལྷ་ཡིས་དབུ་བརྒྱན་གྱུར༔ རིགས་ལྔ་ཡུམ་བཅས་རང་གི་གནས་ལྔར་ཐིམ༔ ཨོཾ་པདྨ་དྷ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཆོད་སོགས་ཡན་ལག་བདུན༔ བཟང་སྤྱོད་སྨོན་ལམ་ཇི་བཞིན་བྱ༔ མཎྚལ་རྒྱས་བསྡུས་གང་རུང་འབུལ༔ ཚིག་འདིས་གུས་པའི་བློ་ཡིས་བསྟོད༔ ཧྲཱིཿ སྔོན་ཚེ་ཐོག་མའི་བསྐལ་པ་དང་པོ་ལ༔ དྭངས་པའི་རྒྱ་མཚོར་པདྨའི་སྦུབས་སུ་བལྟམས༔ བཟང་པོ་མཆོག་གི་བླ་མར་ཐུགས་བསྐྱེད་ནས༔ འགྲོ་དྲུག་དོན་དུ་སྤྱན་རས་མི་ཟུམ་པར༔ རྟག་པར་གཟིགས་ནས་རླབས་ཆེན་སྤྱོད་པ་ལས༔ ཐུགས་བསྐྱེད་དམ་བཅའ་མཛད་ལ་ཕྱག་འཚལ་བསྟོད༔ ངན་སོང་འཁོར་བ་ལན་གསུམ་དོང་སྤྲུགས་ཀྱང༔ ལས་སྣང་གློ་བུར་སེམས་ཅན་མཐའ་མེད་ལ༔ ཅུང་ཟད་ཞུམ་པས་དམན་སེམས་བསྐྱེད་ཚུལ་བསྟན༔ དབུ་དང་སྐུ་ལུས་ཚལ་བར་གས་པ་ཡང༔ བླ་མ་སྣང་མཐའ་རང་གིས་ཐུགས་བསྐྱེད་མཐུས༔ ཕྱག་སྟོང་སྤྱན་སྟོང་སྐལ་བཟང་འདྲེན་པ་སྟོང༔ ངོ་མཚར་མཛད་པ་བསྟན་ལ་ཕྱག་འཚལ་བསྟོད༔ རྒྱལ་ཀུན་གསུང་གི་ཆོས་ཕུང་བསམ་ཡས་པ༔ འགྲོ་དྲུག་སྒྲིབ་སྦྱོང་ཡི་གེ་དྲུག་པ་ཞེས༔ མཐོང་ཐོས་དྲན་པས་འགྲོ་བའི་སྡུག་བསྔལ་ཀུན༔ སེལ་མཛད་སྙིང་པོ་མཆོག་ཏུ་ཡོངས་བསྡུས་པ༔ རིགས་སྔགས་རྒྱལ་པོ་ཡེ་ཤེས་དྲུག་སྦྱིན་པའི༔ གཟུངས་མཆོག་སྒྲིབ་པ་སྦྱོང་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་བྱ་བ་ནི༔ རང་ཉིད་འཕགས་པའི་ཐུགས་ཀར་འདབ་དྲུག་དཀྱིལ༔ ཟླ་བའི་གདན་ལ་སྙིང་པོ་ཧྲཱིཿདཀར་དམར༔ མཐའ་སྐོར་ཡི་གེ་དྲུག་པ་གཡས་སུ་འཁོར༔ སྔགས་ཀྱི་སྒྲ་དང་འོད་ཟེར་དཀར་པོ་འཕྲོས༔ འགྲོ་དྲུག་སྒྲིབ་སྦྱོང་འཕགས་པའི་གོ་འཕང་བཀོད༔ ཚུར་འདུས་ཧྲཱིཿར་ཐིམ་ཡེངས་མེད་ཏིང་འཛིན་ངང༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྩ་སྔགས་སྟོང་རྩ་ལྔ་རུ་བཟླ༔ དེ་ནས་མདུན་བསྐྱེད་གསལ་གདབ་ནི༔ ཧྲཱིཿ མདུན་བསྐྱེད་དཀྱིལ་འཁོར་མི་དམིགས་སྟོང་པའི་ངང༔ བྷྲུཾ༔ཡིག་ལས་བྱུང་སྤྲུལ་པའི་གཞལ་མེད་ཁང༔ སྒོ་གྲུ་རྟ་བབས་འདོད་སྣམ་ཕ་གུ་དང༔ དྲྭ་ཕྱེད་མདའ་ཡབ་ཆོས་འཁོར་རི་དྭགས་གདུགས༔ རྒྱལ་མཚན་བ་དན་དྲིལ་གཡེར་རྡོ་རྗེའི་ཕྲེང༔ ཁྲུས་རྗིང་རིན་ཆེན་རི་བོ་པད་ཕྲེང་སོགས༔ མཚན་ཉིད་ཡོངས་རྫོགས་པད་ཟླའི་གདན་གྱི་ཁར༔ རང་སྲོག་ཧྲཱིཿལས་ཧྲཱིཿཡིག་ཟླ་བའི་མདོག༔ ཡིག་དྲུག་སྔགས་ཀྱི་སྒྲ་དང་བཅས་ཏེ་བབས༔ འོད་ཟེར་འཕྲོ་འདུས་འཕགས་མཆོད་བྱིན་རླབས་བསྡུས༔ ཚུར་ཐིམ་སླར་ཡང་འགྲོ་དྲུག་འོད་ཀྱིས་ཁྱབ༔ གསེར་མདོག་འདབ་དྲུག་ཧྲཱིཿམཚན་ཡིག་དྲུག་སྔགས༔ འོད་ཟེར་ཕུང་པོར་ཡོངས་འདུས་སྤྱན་རས་གཟིགས༔ བཅུ་གཅིག་ཞལ་ཅན་འཛུམ་མདངས་ཟླ་ལྟར་དཀར༔ རྩ་བའི་ཞལ་ནི་དུང་མདོག་འོད་སྟོང་འབར༔ གཡས་ལྗང་གཡོན་དམར་དེ་སྟེང་རྩ་ཞལ་ལྗང༔ གཡས་དམར་གཡོན་དཀར་དེ་སྟེང་རྩ་ཞལ་སྔོ༔ གཡས་སེར་གཡོན་མཐིང་དེ་སྟེང་ཁྲོ་ཞལ་ནག༔ སྤྱན་གསུམ་ཁྲོ་གཉེར་སྨ་ར་མེ་སྟག་འཕྲོ༔ ཞལ་གདངས་མཆེ་གཙིགས་རྔམ་པའི་ང་རོ་རྒོད༔ དེ་སྟེང་ཆོས་སྐུ་ཞི་ཞལ་དམར་གསལ་བཞད༔ རྩ་ཕྱག་བརྒྱད་ཀྱི་དང་པོ་གཉིས་ཐལ་སྦྱར༔ གཡས་གསུམ་ཤེལ་ཕྲེང་འཁོར་ལོ་མཆོག་སྦྱིན་གྱིས༔ སྤྱི་བླུགས་བདུད་རྩིའི་རྒྱུན་འབེབས་གཡོན་པ་གསུམ༔ པད་དཀར་སྡོང་བུ་མདའ་གཞུ་སྐྱབས་སྦྱིན་མཛད༔ ཐབས་ཤེས་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ རིན་ཆེན་དབུ་རྒྱན་སྙན་མགུལ་ཕྱག་ཞབས་བརྒྱན༔ ནོར་བུའི་དོ་ཤལ་གསེར་གྱི་སྐ་རགས་མཛེས༔ དར་དམར་ཤམ་ཐབས་ལྗང་གུའི་སྟོད་གཡོགས་དང༔ དཀར་པོའི་གར་གོས་རི་དྭགས་ལྤགས་པས་བཀབ༔ པདྨའི་རྒྱན་ཕྲེང་རཏྣའི་ཕྲ་ཚོམ་སྤྲས༔ མཚན་དཔེ་ཡོངས་རྫོགས་སྣང་མཐས་དབུ་གཙུག་བརྒྱན༔ ཕྱོགས་བཞིར་པད་ཟླའི་གདན་ལ་ས་བོན་ལས༔ ཤར་དུ་མི་བསྐྱོད་སྔོན་པོ་ས་གནོན་མཛད༔ ལྷོ་རུ་རིན་འབྱུང་སེར་པོ་མཆོག་སྦྱིན་རྒྱ༔ ནུབ་ཏུ་སྣང་མཛད་དཀར་པོ་ཆོས་འཆད་ཚུལ༔ བྱང་དུ་དོན་གྲུབ་ལྗང་གུ་སྐྱབས་སྦྱིན་ཕྱག༔ སྤྲུལ་སྐུའི་ཚུལ་འཆང་གཞན་ཡང་སངས་རྒྱས་དང༔ བྱང་སེམས་ཉན་རང་ཆོས་སྲུང་སྤྲིན་ལྟར་འཐིབ༔ གནས་གསུམ་ཡི་གེའི་འོད་ཀྱིས་དབང་གི་ལྷ༔ སྤྱན་དྲངས་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་བས༔ སྐུ་གང་སྒྲིབ་དག་ཆུ་ལྷག་ཡར་ལུད་པས༔ སྣང་མཐའ་གཙོར་གྱུར་རིགས་ལྔས་དབུ་བརྒྱན་གྱུར༔ དེ་ནས་སྤྱན་འདྲེན་སྤོས་རོལ་བཅས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧྲཱིཿ བདེ་གཤེགས་ཐམས་ཅད་མཉམ་ཉིད་ཐུགས་རྗེའི་རྩལ༔ གདུལ་བྱའི་འགྲོ་ལ་ལྷག་པར་བརྩེ་བའི་ཉམས༔ སྤྱན་རས་གཟིགས་དབང་སྤྲུལ་འཁོར་བཅས་པ་རྣམས༔ གདུང་བའི་དབྱངས་ཀྱིས་ཐུགས་དམ་རྒྱུད་བསྐུལ་ན༔ སྨོན་ལམ་སྟོབས་དང་ཚད་མེད་སྙིང་རྗེའི་མཐུས༔ རྣལ་འབྱོར་མོས་པའི་གནས་འདིར་གཤེགས་སུ་གསོལ༔ བདག་ཅག་ལས་ཉོན་བག་ཆགས་ཤུགས་དྲག་པོས༔ བཟོད་དཀའ་འཁོར་བའི་རྒྱ་མཚོར་ལྷུང་བ་རྣམས༔ མྱུར་མགྱོགས་ཐུགས་རྗེའི་ཕྱག་གིས་ཉེར་དྲངས་ནས༔ ས་ལམ་ཡོན་ཏན་འཐོབ་ཕྱིར་གཤེགས་སུ་གསོལ༔ ལས་ཉོན་རྒྱུ་ལས་བསྐྱེད་པའི་ནད་མཚོན་དང༔ ལོ་དང་ཕྱུགས་ཉེས་མི་འདོད་ཆར་འབེབ་ཚེ༔ རྫོགས་ལྡན་བདེ་བས་འགྲོ་ཀུན་དབུགས་དབྱུང་ནས༔ སྙིགས་མའི་རྒུད་པ་འཇོམས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་མ་ཧཱ་ཀ་རུ་ཎི་ཀ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ སྤྱན་དྲངས་ལྷ་དེ་བཞུགས་གསོལ་ནི༔ ཧཱུྃ་ཧྲཱིཿ ཕྱོགས་བཅུ་ཀུན་ན་ལེགས་བཞུགས་བཅོམ་ལྡན་འདས༔ ལྷ་ཡི་ལྷ་མཆོག་རྒྱལ་བ་སྲས་དང་བཅས༔ ཀུན་འདུས་སྤྱན་རས་གཟིགས་དབང་སྙིང་རྗེའི་ལྷ༔ བསྐྱེད་པའི་རྟེན་དང་དབྱེར་མེད་བརྟན་བཞུགས་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་མཛོད༔ ཨོཾ་ཤྲི་བཛྲ་ཛྙཱ་ན་ལོ་ཀི་ཤྭ་ར་ཛཿཧཱུྃ་བཾ་ཧོ༔ དེ་ནས་དག་བྱེད་ཁྲུས་གསོལ་ནི༔ སྐུ་རྟེན་གཟུགས་བརྙན་མེ་ལོང་ལ༔ ཤར་བ་ཁྲུས་བུམ་བདུད་རྩིས་འཁྲུ༔ ཧྲཱིཿ ཡོན་ཏན་འབུམ་ཕྲག་དུ་མའི་གཏེར་འཆང་བའི༔ མཚན་དཔེའི་དཔལ་འབར་རྒྱལ་བའི་སྐུ་མཆོག་ལ༔ ཉོན་མོངས་དྲི་མའི་སྐྱོན་གྱིས་གོས་མིན་ཀྱང༔ དག་བྱེད་བཟང་པོའི་ཁྲུས་ཆབ་འདི་གསོལ་བས༔ འགྲོ་ཀུན་ལས་ཉོན་དྲི་མ་ཡོངས་དག་ནས༔ དྲི་བྲལ་མཚན་དཔེའི་གཟི་བརྗིད་ཕུན་ཚོགས་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ༔ གཞན་ཡང་ཁྲུས་གསོལ་ཅི་རིགས་ཚིག༔ བརྗོད་རྗེས་ཁྲུས་ཆུས་བདག་གཞན་བཀྲུ༔ ཧྲཱིཿ རྒྱལ་ཀུན་སྦྱིན་སོགས་ཕྱིན་དྲུག་ཡོན་ཏན་དྲིས༔ ལེགས་བསྒོས་ཁྲུས་ཆབ་ཡོན་ཏན་བདུད་རྩིས་ཆུས༔ བདག་གཞན་ཉོན་དྲུག་སྒྲིབ་པ་ཀུན་དག་ནས༔ ཡེ་ཤེས་དྲུག་གི་དཔལ་ཡོན་ཐོབ་པར་ཤོག༔ དེ་ནས་ལྷ་ལ་གོས་འབུལ་ནི༔ མདངས་ལྡན་དར་གྱི་ན་བཟའ་ཐོགས༔ ཧྲཱིཿ ཀུན་མཁྱེན་རྒྱལ་བ་བཟོད་པའི་གོས་མཆོག་གིས༔ ཀུན་ནས་མཛེས་ཤིང་བསོད་ནམས་བརྒྱ་ཕྲག་ལྡན༔ འཆི་མེད་པཉྩ་ལི་ཀས་ཉེར་བཀླུབས་ཀྱང༔ བདག་ཅག་བཀྲེན་ལྡན་ལོངས་སྤྱོད་མཆོག་ཐོབ་ཕྱིར༔ ཁ་ཏོག་ལྔ་ལྡན་ན་བཟའ་གསོལ་བར་བགྱི༔ ཨོཾ་བཛྲ་ཝསྟྲ་པཱུ་ཛི་ཏེ་ཨ་ཧཱུྃ༔ དེ་ནས་གཙང་ལྡན་དཀར་མངར་གྱི༔ བཤོས་གཙང་འབུལ་བ་འབྲུ་གསུམ་གྱི༔ བྱིན་རླབས་སྔོན་སོང་འདི་བཞིན་ཕུལ༔ ཧྲཱིཿ རོ་བརྒྱ་ལྡན་པ་འཆི་མེད་ཟས་ལྟ་བུའི༔ བྲོ་བ་མཆོག་གིས་རྟག་ཏུ་འཚོ་གཞེས་ཤིང༔ ཏིང་འཛིན་ཟག་མེད་བཟའ་བས་དགྱེས་གྱུར་པ༔ རྒྱལ་མཆོག་ལྗགས་ལ་བཀྲེས་སྐོམ་མི་སྲིད་ཀྱང༔ འགྲོ་ཀུན་དབུལ་བས་ཉམས་ཐག་བསལ་སླད་དུ༔ བཤོས་གཙང་ལྷ་ཡི་ཞལ་ཟས་འབུལ་བར་བགྱི༔ ཨོཾ་བཛྲ་ནེ་ཝི་ཏྱེ་པཱུ་ཛ་ཨཱ༔ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་འབུལ་བ་ནི༔ ཧྲཱིཿ མཁའ་ལ་འགྲོ་ཞིང་རྩིབས་ལྡན་གསེར་འཁོར་མཆོག༔ མཆོག་ཏུ་མཛེས་སྡུག་བག་ཡོད་བཙུན་མོའི་རྒྱལ༔ རྒྱལ་པོའི་བཀའ་མཐུན་བློ་མཆོག་ཁྱིམ་བདག་དཔལ༔ དཔལ་ལྡན་མྱུར་བའི་ཤུགས་འཆང་ཅང་ཤེས་རྟ༔ སྟོབས་ལྡན་ལྷུན་ཆགས་བརྟན་བརྗིད་གླང་པོ་ཆེ༔ བདུད་དགྲའི་གཡུལ་ལས་རྣམ་རྒྱལ་དམག་དཔོན་མཆོག༔ ཡིད་བཞིན་འདོད་རྒུའི་དཔལ་སྟེར་རིན་པོ་ཆེ༔ མཚུངས་མེད་རྒྱལ་བ་ཆོས་ཀྱི་འཁོར་ལོས་བསྒྱུར༔ སྲིད་ཞིའི་བདེ་ལེགས་འབྱུང་གནས་འཕགས་མཆོག་ལ༔ འགྲོ་ཀུན་བསོད་ནམས་རྒྱ་མཚོར་དབང་བསྒྱུར་ཕྱིར༔ གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ༔ ཨོཾ་སཔྟ་མ་ཧཱ་རཏྣ་པཱུ་ཛི་ཏེ་ཨཱ༔ཧཱུྃ༔ རྟགས་མཆོག་བརྒྱད་ཀྱི་མངའ་དབུལ་ནི༔ ཧྲཱིཿ བཀྲ་ཤིས་གདུགས་མཆོག་ཚ་བའི་གདུང་བ་སེལ༔ བཀྲ་ཤིས་གསེར་ཉ་སྒྲིབ་བྲལ་མིག་དང་ལྡན༔ བཀྲ་ཤིས་གཏེར་བུམ་དགོས་འདོད་ཀུན་འབྱུང་དཔལ༔ བཀྲ་ཤིས་པདྨ་བསུང་ཞིམ་འདབ་སྟོང་རྒྱས༔ བཀྲ་ཤིས་དུང་དཀར་སྙན་པའི་སྒྲ་དབྱངས་སྒྲོགས༔ བཀྲ་ཤིས་དཔལ་བེའུ་ཟབ་གསང་གཏེར་གྱི་མཛོད༔ བཀྲ་ཤིས་རྒྱལ་མཚན་མི་ནུབ་བསྟན་པའི་བརྡ༔ བཀྲ་ཤིས་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ལྡན༔ དུས་གསུམ་བཀྲ་ཤིས་ཀུན་འབྱུང་འཕགས་མཆོག་ལ༔ འགྲོ་ཀུན་མི་ཤིས་མཚན་མ་ཉེར་ཞིའི་ཕྱིར༔ བསོད་ནམས་བསགས་སླད་འབུལ་ལོ་བཞེས་སུ་གསོལ༔ ཨོཾ་མངྒ་ལ་བྷ་ག་ཨཥྚ་པཱུ་ཛི་ཏེ་ཨཱ༔ཧཱུྃ༔ རྫས་མཆོག་བརྒྱད་པོ་དབུལ་བ་ནི༔ ཧྲཱིཿ ཡུངས་དཀར་བགེགས་འཇོམས་གསང་སྔགས་རྒྱལ་བའི་རྫས༔ ཤིང་མཆོག་བི་ཛ་བིལ་བ་དཔལ་འབྱུང་རྫས༔ སྔོ་ལྗང་ཡིད་འོང་ཀུ་ཤ་དག་བྱེད་རྫས༔ ལི་ཁྲི་དམར་པོ་དབང་སྡུད་དབང་གི་རྫས༔ ཁྱུ་མཆོག་མགྲིན་པའི་བདུད་རྩི་གྷི་ཝཾ་རྫས༔ མདོག་ལྡན་བཀྲེས་སྐོམ་ཀུན་སེལ་ཞོ་ཡི་རྫས༔ མུན་སེལ་གཟུགས་སྟོན་མཐོང་བྱེད་མེ་ལོང་རྫས༔ གཡས་འཁྱིལ་རིམ་ནད་ཀུན་འཇོམས་དུང་དཀར་རྫས༔ སྲིད་ན་མཚུངས་མེད་བསོད་ནམས་གཏེར་མཆོག་ལ༔ གུས་པས་ཚོགས་གཉིས་རྫོགས་སླད་དབུལ་བར་བགྱི༔ ཨོཾ་མངྒ་ལ་ཤྲཱི་པཱུ་ཛི་ཏེ་ཨཱ༔ཧཱུྃ༔ གཞན་ཡང་རིན་ཆེན་རྒྱན་རྣམས་དང༔ ཉེར་སྤྱོད་རྣམ་ལྔ་འབུལ་བ་ནི༔ ཧྲཱིཿ ནོར་བུའི་པྲོག་ཞུ་གསེར་གཡུའི་སྙན་རྒྱན་མཛེས༔ རིན་ཆེན་གདུ་བུ་སྣ་ཚོགས་སེ་མོ་དོ༔ མགུལ་རྒྱན་དོ་ཤལ་རིན་ཐང་མཐའ་ཡས་པ༔ ལྷ་ཀླུའི་དབང་པོས་འགྲན་དུ་མེད་པ་ཡི༔ ཡོན་ཏན་ཀུན་རྫོགས་འཕགས་པ་མཆོག་ལ་འབུལ༔ འཕགས་ནོར་བདུན་སོགས་ལེགས་རྒུའི་དཔལ་ཐོབ་ཤོག༔ ཨོཾ་རཏྣ་ཨ་ལངྐ་ར་པཱུ་ཛི་ཏེ་ཨཱ༔ཧཱུྃ༔ ཧྲཱིཿ ངོ་མཚར་མཛེས་སྡུག་ཡིད་འོང་འདབ་སྟོང་བཞད༔ བསུང་ཞིམ་དྲི་སོགས་མཁོ་བའི་ཡོ་བྱད་རྫས༔ དབང་པོའི་སྐྱོན་སྤངས་སྤྱན་ལྔའི་བདག་ཉིད་ལ༔ གུས་པས་འབུལ་ལོ་བརྩེ་བས་དགྱེས་བཞེས་ནས༔ བདག་སོགས་མངོན་ཤེས་དྲུག་པའི་དཔལ་ཐོབ་ཤོག༔ ཨོཾ་བཛྲ་པུཥྤེ་དྷུཔྤེ་སོགས་ནས། ཤཔྟ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ༔ གླིང་བཞི་བཀོད་ལེགས་མཎྚལ་དབུལ་བ་ནི༔ ཧྲཱིཿ གསེར་གྱི་ས་གཞི་གཙང་བྱེད་སྤོས་ཆུས་བྱུགས༔ གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ༔ ལྷ་མིའི་དཔལ་འབྱོར་སྲིད་པའི་ཡོ་བྱད་རྫས༔ མ་ལུས་ཐུགས་རྗེ་ཆེན་པོའི་ལྷ་ལ་འབུལ༔ འགྲོ་ཀུན་ཁམས་གསུམ་རྒྱལ་པོ་མྱུར་ཐོབ་ཤོག༔ ཨོཾ་མཎྚལ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ༔ཧཱུྃ༔ དེ་ནས་བཟླས་པ་བྱ་བ་ནི༔ ཐོག་མར་བགྲང་ཕྲེང་བྱིན་རླབས་ནི༔ ཨོཾ་ཨཱ༔ཧཱུྃ༔ བགྲང་ཕྲེང་མི་དམིགས་སྟོང་པའི་ངང༔ ཕྲེང་ཐག་ལུང་རྟོགས་དམ་པའི་ཆོས༔ ཕྲེང་བ་འཕགས་ཚོགས་འདུས་པའི་སྡེ༔ མདོ་འཛིན་འཕགས་པའི་ལྷ་ཚོགས་ལ༔ སངས་རྒྱས་བྱང་སེམས་བྱིན་རླབས་རྫོགས༔ མེ་ཏོག་འཐོར་ཞིང་དབྱངས་གསལ་དང༔ ཡིག་དྲུག་ཉེར་གཅིག་དེ་བཞིན་དུ༔ ཨོཾ་རུ་ཙི་ར་མ་ཎ་པྲ་ཝརྟ་ན་ཡེ་སྭཱཧཱ༔ མཐར་ནི་ཡེ་དྷར་ལན་བདུན་བརྗོད༔ དཀོན་མཆོག་གསུམ་དང་དབྱེར་མེད་བསམ༔ མོས་གུས་བསྐྱེད་ཅིང་བཟླས་དམིགས་ནི༔ མདུན་བསྐྱེད་བཅུ་གཅིག་ཞལ་གྱི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་འཕགས་མཆོག་ནམ་མཁའི་རྒྱལ༔ རྒྱན་སྤང་དམར་གསལ་ཞལ་གཅིག་ཕྱག་གཉིས་པ༔ མཆོག་སྦྱིན་པད་དཀར་ཡུ་བ་ཐུགས་ཀར་འཛིན༔ དེ་ཡི་ཐུགས་ཀར་པདྨ་དཀར་པོའི་དཀྱིལ༔ ཟླ་སྟེང་དམ་ཚིག་སེམས་དཔའ་ཧྲཱིཿདཀར་མཐར༔ ཆོས་བསྐོར་ཚུལ་དུ་གཟུངས་རིང་ཁ་ཏོག་ལྔ༔ འོད་ཟེར་འཕྲོ་འདུས་སེམས་ཅན་ལས་ཉོན་སྦྱངས༔ ཀུན་ཀྱང་འཕགས་པའི་གསང་གསུམ་མངོན་གྱུར་བསམ༔ ཐོག་མར་ཡིག་དྲུག་སྟོང་རྩ་བཟླ༔ དེ་ནས་གཟུངས་རིང་སུམ་བརྒྱ་དང༔ ཉེར་བདུན་བཟླ་ཞིང་ཐུན་གྱི་མཐར༔ དེ་ནས་བདག་མདུན་ཕྱག་སོར་ལས༔ བདུད་རྩིའི་རྒྱུན་བབས་ཁྲུས་བུམ་གང༔ སླར་ཡང་ཡིག་དྲུག་གཟུངས་རིང་ཐུང༔ ཨ་བྷི་ཥིཉྩ་སྔགས་ཤམ་བཏགས༔ ཅི་མང་བཟླ་ཞིང་བདག་བསྐྱེད་ནི༔ ཧྲཱིཿར་གྱུར་མདུན་བསྐྱེད་ཐུགས་ཀར་བསྟིམས༔ འཕགས་པའི་བསྟོད་པ་རྒྱས་བསྡུས་ནི༔ ཉི་ཤུ་རྩ་གཅིག་བརྗོད་པར་བྱ༔ དེ་ནས་འདོད་དོན་གསོལ་གདབ་ནི༔ ཧྲཱིཿ ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས༔ འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ༔ བདག་དང་འགྲོ་ཀུན་བྱང་ཆུབ་མ་ཐོབ་པར༔ ཁྱེད་ཀྱི་བརྩེ་ཆེན་ཐུགས་ཀྱིས་རྗེས་བཟུང་ནས༔ སྡུག་བསྔལ་ཉམས་ཐག་གནས་སྐབས་ཐམས་ཅད་དུ༔ མགོན་སྐྱབས་དཔུང་གཉེན་དམ་པ་མཛད་དུ་གསོལ༔ ལས་དང་ཉོན་མོངས་བག་ཆགས་བཙོན་ར་རུ༔ དབང་མེད་བདག་ལྟས་རྟག་ཏུ་ཞུགས་པའི་ཚེ༔ ཐབས་མཁས་ཐུགས་རྗེའི་ཕྱག་གིས་ཉེར་དྲངས་ནས༔ ས་བཅུའི་རྒྱལ་སར་དབུགས་དབྱུང་མཛད་དུ་གསོལ༔ སྙིགས་དུས་འདྲེ་གདོན་མི་ཡི་ཁོག་ཞུགས་ནས༔ ཆོས་མིན་སྡིག་པའི་ལས་ལ་རྒྱུན་དུ་སྤྱོད༔ ནད་མུག་མཚོན་འཁྲུགས་འཇིགས་པས་ཉེར་གདུང་ཚེ༔ རྒྱུ་འབྲས་དགེ་བའི་ལམ་ལ་བསྒྱུར་དུ་གསོལ༔ རྒྱལ་བའི་བསྟན་དང་བསྟན་འཛིན་འདུས་པའི་སྡེ༔ མི་ཉམས་ཐུགས་མཐུན་ཡོན་སྦྱོར་ལྟོས་བཅས་ཀུན༔ འདི་ཕྱིར་བདེ་སྐྱིད་ཕུན་ཚོགས་དཔལ་ཡོན་ལ༔ མགོན་པོ་ཁྱོད་ཀྱིས་སྤྱོད་པར་མཛད་དུ་གསོལ༔ ཅེས་པས་གསོལ་བ་ལན་གསུམ་གདབ༔ གཏོར་མ་ཆ་ལྔ་བདུད་རྩིར་དམིགས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དང་པོ་དཀོན་མཆོག་གསུམ་ལ་འབུལ༔ གཉིས་པ་གཟུངས་རིང་ལན་གསུམ་ཤམ༔ བྷ་ལིངྟ་བཏགས་འཕགས་པར་འབུལ༔ གསུམ་པ་ཆོས་སྐྱོང་བཞི་པ་ནི༔ གཞི་བདག་ལྔ་པ་བགེགས་རིགས་ལ༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ ཚིག་ཕྲད་བསྒྱུར་བ་རིག་པས་འཕྲུལ༔ རྗེས་ནི་ལྷ་ལ་ཁྲུས་གསོལ་ཞིང༔ དེ་ཡི་བུམ་ཆུ་བདག་གིས་བཏུང༔ ཧྲཱིཿ ཐུགས་རྗེའི་བདག་ཉིད་འཕགས་པའི་ཕྱག་སོར་ལས༔ ཟག་མེད་བདུད་རྩིའི་རྒྱུན་བབས་སྒྲིབ་གཉིས་སྦྱངས༔ སྐུ་གཉིས་དཔལ་ཐོབ་སྒོ་གསུམ་གནས་སུ་དག༔ མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པར་ཤོག༔ ཡིག་དྲུག་སྔགས་ཀྱིས་ཁྲུས་བྱ་ཞིང༔ སྤྲོ་ན་ཕྱིན་དྲུག་ཁྲུས་སྔགས་སྦྱར༔ དེ་ནས་བསྐྱེད་པའི་མདུན་བསྐྱེད་ལྷ༔ རྟེན་ལ་བསྟིམས་སམ་གཤེགས་གསོལ་ནི༔ ཧྲཱིཿ ཇི་ལྟར་ནོར་བུ་རྒྱ་མཚོར་གཤེགས་བཞིན་དུ༔ བདག་ཅག་བསམ་པ་མཐར་ཕྱིན་ལྷག་པའི་ལྷ༔ རྫུ་འཕྲུལ་སྟོབས་ཀྱིས་རི་བོ་ཏ་ལར་གཤེགས༔ འགྲོ་བའི་དོན་དུ་སླར་ཡང་འབྱོན་པར་གསོལ༔ བཛྲ་མཱུཾ༔ དེ་ནས་བསྔོ་བས་རྒྱས་གདབ་ནི༔ ཧྲཱིཿ འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་དང༔ བདག་ཅག་རྣམ་དཀར་བསགས་དང་གསོག་འགྱུར་ཀུན༔ འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ༔ མ་ལུས་ཕྱམ་གཅིག་གདོད་མའི་སར་འགོད་ཤོག༔ བཀྲ་ཤིས་གླུ་དབྱངས་བརྗོད་བཞིན་དུ༔ མེ་ཏོག་སིལ་མ་ཕྱོགས་ཀུན་འཐོར༔ ཧྲཱིཿ དྭངས་པའི་མཁའ་ལ་སྐྱོན་བྲལ་ཟླ་བ་ལྟར༔ དྲི་མེད་ཡོན་ཏན་ཀུན་ལྡན་སྤྱན་རས་གཟིགས༔ གང་གི་ཐུགས་བསྐྱེད་སྨོན་ལམ་ནུས་པའི་མཐུས༔ རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག༔ འགྲོ་ཀུན་སྨིན་ཅིང་གྲོལ་བའི་བཀྲ་ཤིས་ཤོག༔ ནད་མུག་མཚོན་འཁྲུགས་ཞི་བའི་བཀྲ་ཤིས་ཤོག༔ འབྲེལ་ཚད་འགྲོ་ལ་ཕན་པའི་བཀྲ་ཤིས་ཤོག༔ དགེ་བཅུའི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ ཕྱོགས་རྣམས་ཀུན་ཏུ་ཕྱག་ན་པདྨོ་ཡི༔ མཚན་ཙམ་འཛིན་པའི་འགྲོ་བ་མ་ལུས་ཀུན༔ གནས་སྐབས་ཉེས་སྐྱོན་ཀུན་ལས་གྲོལ་བ་དང༔ མཐར་ཐུག་དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་སྒྲིབ་སྦྱོང་ཟས་སྐོམ་རྒྱུན་བཅད་ནས༔ ཡེངས་མེད་སྒོ་གསུམ་བསྙུང་བར་གནས་པའི་ཐབས༔ དོན་ཡོད་ཞགས་པའི་རྒྱུད་ཀྱི་དགོངས་དོན་བཞིན༔ བདག་ཉིད་རྒྱ་གར་མཁས་པ་ཨོ་རྒྱན་རྗེས༔ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་སོགས༔ སྐལ་ལྡན་རྗེ་འབངས་གུས་ལྡན་ཡོངས་ལ་གདམས༔ ད་ལྟ་རྒྱ་བོད་མཁས་གྲུབ་རྒྱ་མཚོ་ཡིས༔ ཟབ་ཆོས་མདོ་སྔགས་ཉི་མ་བོད་དུ་ཤར༔ མ་འོངས་སྙིགས་དུས་སྡིག་པའི་རྒྱུན་འབྱམས་ནས༔ ལས་ཉོན་མུན་པའི་སྨག་ལ་འཁྱམས་པའི་ཚེ༔ ང་སྤྲུལ་འགའ་ཡིས་ཟབ་ཆོས་གཏེར་ཁ་འདོན༔ ལ་ལས་མི་འབྱིན་བཀའ་རྙིང་བསྟན་རྒྱུན་སྤེལ༔ ཁྱད་པར་མཚོ་རྒྱལ་ཁྱོད་ཀྱི་ཕྲིན་ལས་སྤྲུལ༔ དམན་པའི་ཚུལ་འཛིན་སྦས་པའི་གང་ཟག་གིས༔ དག་སྣང་གཏེར་ཁ་རྡོལ་བའི་ཆ་རྐྱེན་དུ༔ གདམས་པ་འདི་ཉིད་མི་བརྗེད་སྙིང་སྒྲོམ་སྦོས༔ དུས་བབས་འཕགས་པའི་སྤྲུལ་པས་ཉེར་བསྐུལ་ཚེ༔ འདི་འཕྲད་སྐྱེས་བུའི་ཚེ་འཕྲང་གེགས་བསལ་ནས༔ འགྲོ་མང་ཐར་བའི་ལམ་ལ་འགོད་པར་ཤོག༔ གུ་ཧྱ༔ བརྡ་ཐིམ༔

བསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ བསྙེན་པར་གནས་པའི་ཆོ་ག་ཐར་བའི་ཐེམ་སྐས་བཞུགས༔

མཐའ་ཡས་རྒྱལ་ཀུན་ཐུགས་རྗེའི་གཏེར༔ འཕགས་པ་སྤྱན་རས་གཟིགས་ལ་འདུད༔ འགྲོ་བའི་ལས་ཉོན་སྦྱོང་བའི་ཐབས༔ བསྙེན་གནས་ཐར་བའི་ཐེམ་སྐས་སྟོན༔ ས་མ་ཡཱ༔ དྲི་མེད་པདྨའི་སྡོང་པོ་ལ༔ ལས་ཉོན་རྒྱུ་རྐྱེན་མ་ཡིན་པར༔ རང་བྱུང་ཐུགས་རྗེའི་རང་གཟུགས་ལས༔ བདག་འདྲ་རྡོ་རྗེ་ཐོད་ཕྲེང་རྩལ༔ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུར་བལྟམས༔ རི་བོ་ཏ་ལའི་དབང་ཕུག་ཏུ༔ ཐུགས་རྗེ་ཆེན་པོ་བླ་མར་བསྙེན༔ དགོངས་པ་གཅིག་དང་དབྱངས་གཅིག་གྱུར༔ འཕགས་པའི་ཆོས་སྐོར་གྲངས་མེད་བརྩམས༔ ཕལ་ཆེར་རིན་ཆེན་ས་འོག་སྦས༔ ལ་ལ་ཐུགས་སྲས་མཆོག་རྣམས་ལ༔ དགོངས་གཏད་སྨོན་ལམ་མཐར་ཕྱིན་བྱས༔ ཁྱད་པར་པདྨའི་ཐུགས་ཐིག་དང༔ མཚོ་རྒྱལ་དགོངས་པའི་གསང་མཛོད་སོགས༔ ཟབ་པའི་སྙིང་བཅུད་མན་ངག་རྣམས༔ ད་ལྟ་ཐུགས་ཀྱི་གཟུངས་མ་མཆོག༔ ཡེ་ཤེས་ཌཱཀྐི་མཁར་ཆེན་བཟའ༔ མིང་སྲིང་ལས་ཅན་ཉེར་ལྔ་ལ༔ རང་བྱུང་དགོངས་པའི་གཏེར་དུ་སྦས༔ ཁྱད་པར་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ ལས་ཀྱི་རིགས་རྟགས་འཆང་བ་ནི༔ དམན་པ་བྱིས་པའི་ཟོལ་འཛིན་པ༔ དཔག་དཀའ་དེ་འདྲའི་ཆོས་སྐལ་དུ༔ ཐུགས་སྒྲུབ་སྤྲིན་བྲལ་ཟླ་བ་ཡི༔ ཆ་ལག་བསྙེན་པར་གནས་པའི་ཐབས༔ མི་དགེའི་ལས་ཉོན་སྦྱངས་བའི་ཆོས༔ བྱ་སླ་ཚེགས་ཆུང་བྱིན་རླབས་ཆེ༔ འདི་ཡང་སྨོན་ལམ་གཏད་རྒྱ་བྱས༔ དུས་བབས་ལས་སྐལ་ལྡན་པ་དེས༔ མཆོག་དམན་ཡོངས་ལ་ལེགས་པར་སྤེལ༔ མཐོང་ཐོས་ཐར་བའི་ལམ་ལ་འགྲོ༔ ཀུན་གྱིས་ཉམས་ལེན་བརྩོན་པར་གྱིས༔ དེ་ཡང་སྦྱོར་དངོས་རྗེས་གསུམ་སྟེ༔ སྦྱོར་བ་གཙང་མའི་ཆོས་ལྔ་བཤད༔ གནས་ཁང་གཙང་མར་བྱ་བ་ལ༔ རྡུལ་ཕྱགས་སྤོས་ཆུས་ལེགས་པར་བྱུགས༔ འཕགས་པའི་སྐུ་གསུང་ཐུགས་རྟེན་བཀྲམ༔ དྲི་ཞིམ་དུད་པས་ཡིད་འོང་བྱ༔ རང་ལུས་གཙང་མར་བྱ་བ་ནི༔ ཐོ་རངས་ཤ་ཆང་སྒོག་ཙོང་སོགས༔ ཁ་ཟས་བཟའ་བཏུང་ཐམས་ཅད་སྤངས༔ ཁྲུས་བྱ་གོས་གཙང་བགོས་བྱས་ཏེ༔ རྟེན་ལ་ཕྱག་འཚལ་དགུ་སྤྲུགས་བྱ༔ རང་རྒྱུད་གཙང་མར་བྱ་བའི་ཕྱིར༔ བླ་མ་ལ་ནི་རྗེས་ཟློས་དང༔ རྟེན་ལ་རང་གིས་སྒྲ་དག་བརྗོད༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༔ བྱང་སེམས་ཉན་ཐོས་རང་རྒྱལ་དང༔ འཕགས་པ་སྤྱན་རས་གཟིགས་དབང་ལ༔ དུས་འདི་ནས་བཟུང་བྱང་ཆུབ་བར༔ བདག་ནི་གུས་པས་སྐྱབས་སུ་མཆི༔ དེང་ནས་སང་ཉིན་ཉི་ཤར་བར༔ བདག་གིས་གཞན་གྱི་སྲོག་མི་གཅོད༔ དེ་བཞིན་མ་བྱིན་ལེན་པ་སྤང༔ འདོད་ལོག་ཉེས་པའི་ཆ་རྣམས་དོར༔ བླ་མའི་རྫུན་སོགས་རྫུན་རིགས་སྤང༔ དེ་ཡི་ཡན་ལག་བག་མེད་པའི༔ མྱོས་བྱེད་ཆང་དང་ཐ་མ་ཁ༔ སྡིག་ཟས་ཤ་དང་སྒོག་ཙོང་སྤང༔ ལུས་ལ་དྲི་དང་བསྐུ་མཉེ་སྤང༔ རིན་པོ་ཆེ་ཡི་རྒྱན་མི་གདག༔ དུས་མིན་ཁ་ཟས་བཟའ་མི་བྱ༔ ཁྲི་དང་སྟན་མཐོར་མི་སྡོད་ཅིང༔ གླུ་གར་རོལ་མོའི་བྱེ་བྲག་སྤང༔ ཡན་ལག་བརྒྱད་ཀྱི་སྡོམ་པ་ལ༔ དྲན་ཤེས་ལྡན་པས་གནས་པར་བྱ༔ བདག་གིས་དགེ་རྩ་རྣམས་གསོ་ཞིང༔ སྡིག་པ་ཆ་བཅས་སྦྱོང་བར་བྱ༔ ཚུལ་ཁྲིམས་མཆོག་ལ་བདག་གནས་ཤིང༔ ཐར་བའི་གྲོང་དུ་མྱུར་འཇུག་ཤོག༔ ཚུལ་ཁྲིམས་རྣམ་པར་དག་པའི་གཟུངས༔ བདུན་ནམ་ཉི་ཤུ་རྩ་གཅིག་བཟླ༔ དེ་ནས་མེ་ཏོག་ལག་ཏུ་ཐོགས༔ རྟེན་ལ་གཏོར་ཞིང་འདི་སྐད་དོ༔ ཨེ་མ་ཧོ༔ སྐྱབས་ཀྱི་མཆོག་གྱུར་འཕགས་པ་སྤྱན་རས་གཟིགས༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བདག་གི་བླ་མ་དགེ་བའི་བཤེས་མཛད་ནས༔ མ་ནོར་ཐར་བའི་ལམ་ལ་བཞག་ཏུ་གསོལ༔ གསོ་སྦྱོང་ཡན་ལག་བརྒྱད་པའི་སྡོམ་ཁྲིམས་འདིས༔ ཁྲིམས་འཆལ་ཀུན་གྱི་ཉེས་པ་སོར་ཆུད་ནས༔ ཚུལ་ཁྲིམས་གཙང་མ་ཐར་པའི་མྱུ་གུ་མཆོག༔ མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ༔ དྲན་པ་དང་ནི་ཤེས་བཞིན་ཉམས་པའི་ཚེ༔ ཁྱེད་ཀྱི་ཐུགས་རྗེས་བདག་རྒྱུད་ལེགས་བསྡམས་ནས༔ བསླབ་པ་གསུམ་གྱི་ཡོན་ཏན་མྱུར་རྫོགས་ཏེ༔ རིང་མིན་འཕགས་པའི་གོ་འཕང་ཐོབ་པར་མཛོད༔ ལན་གསུམ་བརྗོད་རྗེས་སྔགས་འདི་བརྗོད༔ ཨོཾ་པདྨ་ཨུཏ་བྷ་ཝ་སྭཱ་ཧཱ༔ ཐེག་ཆེན་ལམ་ཞུགས་ཉེས་ལྟུང་དག༔ སྦྱངས་ནས་བྱང་ཆུབ་སེམས་མཆོག་གིས༔ གཙང་མར་བྱ་ཕྱིར་སྡོམ་བཟུང་ནི༔ ཧོ༔ བདག་གིས་འགྲོ་རྣམས་འཁོར་མཚོ་ལས་བསྒྲལ་ནས༔ ཐམས་ཅད་རྣམ་མཁྱེན་གོ་འཕང་ལ་འགོད་བྱ༔ དེ་ཕྱིར་ཚུལ་ཁྲིམས་གསུམ་སོགས་དགེ་བའི་ཆོས༔ རྒྱུད་དང་འཚམས་པར་རྟག་ཏུ་ཉམས་ལེན་བྱ༔ དེ་ཕྱིར་ངག་སྒྲིབ་ལྷག་ཆད་སོགས༔ སོར་ཆུད་བཟླས་པ་གཙང་བྱའི་ཕྱིར༔ ཁྲུས་བདུན་སྔགས་འདི་ཉེར་གཅིག་བརྗོད༔ ཨོཾ་ཨཱ༔ཧཱུྃ༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཨ་ཨ་སྭཱ་ཧཱ༔ དེ་བཞིན་རྡོ་རྗེ་རྣམ་འཇོམས་ཀྱི༔ གཟུངས་རིང་ལྔ་གསུམ་བདུན་སོགས་བརྗོད༔ དེ་ཡིས་སྦྱོར་བའི་ཆོས་ལྔ་རྫོགས༔ ས་མ་ཡཱ༔ དངོས་གཞིའི་རིམ་པ་ལྔ་ཡིན་ཏེ༔ དང་པོ་མདུན་བསྐྱེད་གསལ་གདབ་ནི༔ ཧྲཱིཿ འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པའི་ངང༔ མདུན་གྱི་མཁའ་ལ་ཡི་གེ་ཧྲཱིཿདཀར་པོ༔ འོད་ཟེར་འཕྲོས་པས་རྒྱལ་ཀུན་མཆོད་ཅིང་བསྟོད༔ ཐུགས་རྗེ་ནུས་མཐུ་མ་ལུས་ཚུར་འདུས་ཐིམ༔ འགྲོ་བ་དྲུག་གི་ལས་ཉོན་བག་ཆགས་སྦྱངས༔ ཕྱི་སྣོད་དངོས་འཛིན་འཁྲུལ་བའི་བག་ཆགས་དག༔ ཕོ་བྲང་རི་བོ་ཏ་ལའི་དཔལ་ཡོན་རྫོགས༔ དཀྱིལ་འཁོར་དབུས་སུ་པདྨ་འདབ་སྟོང་དཀྱིལ༔ ཟླ་བའི་གདན་ལ་ཡིག་འབྲུ་སྒྲ་གདངས་བཅས༔ དལ་དབུས་བབས་ཏེ་འཕགས་པའི་སྐུ་རུ་གྱུར༔ སྐུ་མདོག་དཀར་པོ་ཞལ་འཛུམ་དགྱེས་པའི་ཉམས༔ ཕྱག་གཉིས་གཡས་པས་མཆོད་སྦྱིན་ཕྱག་རྒྱ་ལས༔ དཀར་དྭངས་བསུང་ཞིམ་བདུད་རྩིའི་རྒྱུན་བཟང་འབེབས༔ གཡོན་པས་མཐེབ་སྲིན་ཐུགས་ཀར་གདེངས་བའི་ཚུལ༔ པདྨ་དཀར་པོ་འདབ་རྒྱས་ཡུ་བ་བསྣམས༔ དར་ལྗང་སྟོད་གཡོག་རི་དྭགས་པགས་པ་ཡིས༔ ནུ་གཡོན་དགབ་ཅིང་དར་དམར་ཤམ་ཐབས་མཛེས༔ དབུ་སྐྲ་མཐོན་མཐིང་གཙུག་ཏོར་ནོར་བུས་སྤྲས༔ རིན་ཆེན་སྣ་ཚོགས་དབུ་རྒྱན་སྙན་རྒྱན་སོགས༔ འཁོར་ལོས་བསྒྱུར་བའི་རྒྱན་ཆས་ཡོངས་སུ་རྫོགས༔ མཉམ་པའི་སྟབས་ཀྱིས་བཞེངས་པའི་ཚུལ་དུ་བཞུགས༔ མཐའ་སྐོར་སྐལ་བཟང་སྟོན་པ་ཤཱཀྱ་ཐུབ༔ འདྲེན་མཆོག་སྟོང་རྩ་ཐེག་ཆེན་ཉན་རང་དང༔ སེམས་དཔའ་ཆེན་པོ་བརྒྱད་སོགས་སྐྱབས་ཀྱི་ཡུལ༔ མ་ཚངས་མེད་པ་ཉི་ཟེར་རྡུལ་ལྟར་འཁྲིགས༔ དེ་མདུན་བདག་དང་ཕ་མ་དགྲ་བགེགས་གཙོས༔ དུས་གསུམ་མར་གྱུར་འགྲོ་ཀུན་གདུང་བའི་བློས༔ རྩེ་གཅིག་གུས་པའི་བློ་ཡིས་གནས་པར་བསམ༔ གཉིས་པ་ཚོགས་ཞིང་སྤྱན་སྔ་རུ༔ ཡན་ལག་བདུན་གྱིས་རྒྱུད་སྦྱངས་ཕྱིར༔ ཕྱག་འཚལ་རིམ་པ་ཅི་རིགས་དང༔ ལྟུང་བཤགས་ཚར་གསུམ་རྫོགས་སངས་རྒྱས༔ རབ་བདུན་བདེ་གཤེགས་མཆེད་བརྒྱད་དང༔ ཕྱོགས་བཅུའི་སངས་རྒྱས་སྐལ་བཟང་གི༔ སེམས་དཔའ་བཅུ་དྲུག་མཚན་རྣམས་ལ༔ ཕྱག་འཚལ་གདག་ནས་ལྷ་ཕྱག་འཚལ༔ དེ་རྗེས་ཚིག་འདིས་ཕྱག་འཚལ་ཞིང༔ ཧྲཱིཿ སྔོན་ཚེ་བསྐལ་པ་མང་པོར་ཚོགས་གཉིས་བསགས༔ ཐུགས་བསྐྱེད་སྟོབས་ཀྱིས་རྒྱལ་ཀུན་དགྱེས་པ་བསྐྱེད༔ སྨོན་ལམ་སྟོབས་ཀྱིས་འགྲོ་ཀུན་སྲིད་ལས་སྒྲོལ༔ འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ༔ ཅེས་པ་བདུན་ནམ་ཉེར་གཅིག་བསོགས༔ ཡན་ལག་བདུན་པ་ཀུན་ཏུ་བཟང༔ སྨོན་ལམ་བཏབ་པ་བཞིན་དུ་བྱ༔ མཎྚལ་རྒྱས་བསྡུས་གསུམ་བདུན་དང༔ སྤྱི་བཤགས་སྔགས་ཀྱི་བཤགས་ཚིག་བརྗོད༔ གསུམ་པ་འཕགས་མ་དཔལ་མོ་ཡི༔ པོ་བསྟོད་བདུན་ནམ་ཉེར་གཅིག་འདོན༔ བཞི་པ་ཁྲུས་བུམ་བྱིན་རླབས་ནི༔ མདུན་བསྐྱེད་འཕགས་པའི་ཕྱག་སོར་ལས༔ ཡེ་ཤེས་བདུད་རྩིའི་རྒྱུན་བབས་པས༔ ཁྲུས་བུམ་གང་ཞིང་འོད་ཟེར་གྱིས༔ འགྲོ་དྲུག་ལས་ཉོན་བྱང་བར་མོས༔ ཡི་གེ་དྲུག་པའི་སྔགས་ཤམ་དུ༔ ཁྲུས་སྔགས་བཏགས་པ་བརྒྱ་རྩ་བཟླ༔ ལྔ་པ་གཟུངས་སྔགས་བཟླ་བ་ནི༔ མདུན་གྱི་འཕགས་པའི་ཐུགས་ཀར་པད་དཀར་སྟེང༔ ཟླ་བའི་གདན་ལ་ཧྲཱིཿདཀར་གཟུངས་ཀྱིས་བསྐོར༔ འོད་ཟེར་ཁ་ཏོག་རྣམ་ལྔ་ཕྱོགས་བཅུར་འཕྲོས༔ བདག་སོགས་འགྲོ་བའི་ལས་ཉོན་བག་ཆགས་སྦྱངས༔ ཐམས་ཅད་འཕགས་པའི་གསང་བ་གསུམ་དུ་བསྒྱུར༔ ལྷ་སྔགས་ཏིང་འཛིན་ཡེངས་མེད་ངང་ཉིད་ནས༔ ཕྱག་སྟོང་གཟུངས་རིང་བརྒྱ་དང་ཉེར་བརྒྱད་བཟླ༔ གཟུངས་ཐུང་ཡི་གེ་དྲུག་པ་ཅི་ནུས་འབད༔ ས་མ་ཡཱ༔ རྗེས་ཀྱི་རིམ་པ་ཆོས་སྤྱོད་ལྔ༔ དང་པོ་རང་གི་སྒྲིབ་སྦྱང་ཕྱིར༔ ལྷ་ལ་སྐུ་ཁྲུས་གསོལ་བ་ནི༔ ཁྲུས་དལ་པདྨ་འདབ་བརྒྱད་སྟེང༔ སྟེགས་ཁར་འཕགས་པའི་སྐུ་རྟེན་བཀོད༔ ཁ་ཏོག་བཀྲ་བའི་ན་བཟའ་གསོལ༔ སྤོས་དང་རོལ་མོ་དང་བཅས་ཏེ༔ ཁྲུས་ཁང་བསྐྱེད་ཅིང་སྙན་གསན་དབབ༔ ཁྲུས་བུམ་བདུད་རྩི་ལག་ཏུ་ཐོགས༔ མེ་ལོང་གཟུགས་བརྙན་ཤར་ལ་འཁྲུ༔ ཧྲཱིཿ མ་རིག་འཁྲུལ་བའི་མཁའ་ཁྱབ་སེམས་ཅན་ལ༔ བརྩེ་ཆེན་ཐུགས་རྗེའི་གཟིགས་པ་ལྷུར་བླངས་ཏེ༔ དམྱལ་མེ་པདྨའི་མཚོ་ལྟར་དགྱེས་སྤྱོད་པའི༔ སྡུག་བསྔལ་ཀུན་སེལ་སྤྱན་རས་གཟིགས་དབང་ལ༔ དྲི་མེད་བདུད་རྩིའི་རྒྱུན་བཟང་འདི་ཕུལ་བས༔ རྒྱལ་བའི་སྐུ་ལ་སྒྲིབ་སྐྱོན་མི་མངའ་ཡང༔ བདག་ཅག་ལས་ཉོན་དྲི་མ་ཡོངས་དག་ནས༔ སྐྱོན་བྲལ་འཕགས་པའི་གསང་གསུམ་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ༔ གཞན་ཡང་སངས་རྒྱས་བྱང་སེམས་ལ༔ རྒྱས་བསྡུས་འཚམས་པའི་ཁྲུས་གསོལ་བྱ༔ གཉིས་པ་གོས་རྒྱན་འབུལ་བ་ནི༔ ཧྲཱིཿ ཉོན་མོངས་ཀུན་སྤངས་མཚན་དཔེའི་གཟི་འོད་འབར༔ འཕགས་པའི་སྐུ་ལ་ཚ་གྲང་མི་ལྡན་ཀྱང༔ བདག་ཅག་ཕར་ཕྱིན་དྲུག་གི་གོས་རྒྱན་ལ༔ བྱང་ཆུབ་བར་དུ་ཉེ་བར་ལོངས་སྤྱོད་ཕྱིར༔ དར་གྱི་ན་བཟའ་རིན་ཆེན་རྒྱན་ཕྲེང་འབུལ༔ ཚེ་རབས་ཀུན་ཏུ་ལོངས་སྤྱོད་ཕུན་ཚོགས་ནས༔ རྟག་ཏུ་སེམས་ཅན་དབུལ་བ་སེལ་བར་ཤོག༔ ཨོཾ་བཛྲ་ཝསྟྲ་རཏྣ་མ་ལེ་པཱུ་ཛི་ཏེ་ཨ་ཧཱུྃ༔ གསུམ་པ་གཏོར་མ་འབུལ་བ་ནི༔ དཀར་གསུམ་མངར་གྱི་གཏོར་མ་ནི༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བསྒྱུར༔ ཧྲཱིཿ ཡན་ལག་དྲུག་ཅུའི་དབྱངས་ལྡན་འཕགས་པའི་གསུང༔ ཡོན་ཏན་ཀུན་རྫོགས་ལྗགས་ཀྱི་དབང་པོ་ལ༔ བཀྲེས་སྐོམ་ཉོན་མོངས་ཚོར་བ་མི་མངའ་ཡང༔ བདག་ཅག་ཏིང་འཛིན་ཟས་ལ་ལོངས་སྤྱོད་ཕྱིར༔ དཀར་གསུམ་མངར་དང་སྦྱར་བའི་བཤོས་གཙང་འབུལ༔ ཚེ་རབས་ཀུན་ཏུ་ཡི་དྭགས་སྡུག་བསྔལ་ལས༔ རྣམ་གྲོལ་འཆི་མེད་བདུད་རྩི་ཐོབ་པར་ཤོག༔ ཨོཾ་གུ་རུ་ནྱཻ་ཝེ་ཏྱ་པཱུ་ཛ་ཨ་ཧཱུྃ་སྭཱ་ཧཱ༔ བཞི་པ་གཤེགས་སུ་གསོལ་བ་ནི༔ ཧྲཱིཿ ཆོས་དབྱིངས་མཁའ་ལྟར་དག་པའི་ཐུགས་མངའ་བས༔ འགྲོ་བའི་དོན་དུ་གཤེགས་བཞུད་མི་དམིགས་ཀྱང༔ བདག་ཅག་བསོད་ནམས་ཞིང་གི་མགྲོན་གྱི་མཆོག༔ དག་པའི་ཞིང་དུ་རྫུ་འཕྲུལ་ཤུགས་ཀྱིས་གཤེགས༔ སླར་ཡང་བརྩེ་བའི་ཐུགས་ཀྱིས་འབྱོན་པར་མཛོད༔ བཛྲ་མཱུ༔ ལྔ་པ་དགེ་རྩ་བསྔོ་བ་ནི༔ ཧྲཱིཿ དུས་གསུམ་བསགས་པའི་ཚོགས་གཉིས་མ་ལུས་པ༔ མཁའ་མཉམ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་མཐུས་རྒྱལ་བསྟན་དར་ཞིང་རྒྱས་པ་དང༔ ཕྱི་སྣོད་ནང་བཅུད་ཉེས་པའི་སྐྱོན་ཀུན་ཞི༔ མཐར་ཐུག་བདག་གཞན་འགྲོ་བ་ཐམས་ཅད་ཀུན༔ འཕགས་པ་མཆོག་དང་དབྱེར་མེད་གཅིག་ཏུ་འགྲུབ༔ དོན་གཉིས་དཔལ་ལ་སྤྱོད་པའི་མཐུ་ལྡན་ཤོག༔ གཞན་ཡང་ཤིས་བརྗོད་མཐའ་རྒྱས་བྱ༔ ཐུན་སྐབས་ཡི་དྭགས་ཆུ་སྦྱིན་དང༔ ས་ཚ་གདབ་ཅིང་ཕྱོགས་སྐྱོང་ལ༔ གཏོར་མ་བསྔོ་བ་དེ་བཞིན་དུ༔ ཕྱག་མཆོད་མཎྚལ་བསྐོར་བར་འབད༔ དེས་ནི་ཚེ་རབས་བརྒྱ་ཕྲག་ཏུ༔ བསགས་པའི་སྡིག་པ་འདག་ངེས་ན༔ ཚེ་འདིའི་ལས་སྒྲིབ་སྨོས་ཅི་དགོས༔ ཟབ་པའི་མཐར་ཐུག་སྙིང་པོའི་ཆོས༔ ཉམས་སུ་ལོངས་ཤིག་གུ་ཧྱ་རྒྱ༔ བཀའ་ཡི་སྲུང་མ་ཕྱག་དྲུག་པས༔ ཆོས་འདིར་གཡེལ་མེད་མེལ་ཚེ་གྱིས༔ ས་མ་ཡཱ༔ བརྡ་ཐིམ༔ ཅེས་པའང་སྐྱབས་རྗེ་འཁོར་ལོ་མགོན་པོ་རིག་འཛིན་མཚན་ཅན་དང༔ མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་པར་མཐོ་བ་པདྨ་བློ་གསལ། འཕགས་པ་སྤྱན་རས་གཟིགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་པའི་དགེ་སྦྱོང་ཨ་བྷ་ཡ་ཤི་ལ་སོགས་ཀྱིས་བསྐུལ་ངོར་དག་སྣང་དགོངས་མཛོད་ཟབ་མོའི་བདག་པོ་སྤྲུལ་མིང་ལུང་རིག་གླིང་པས་དབྱིངས་རིག་གསང་བའི་སྒྲོམ་ནས་བཏོན་པ་འདིས་ཀྱང་འགྲོ་ཀུན་འཕགས་པའི་གོ་སར་འགོད་པའི་རྒྱུར་གྱུར་ཅིག མངྒ་ལཾ།

དགེ་སློང་མ་དཔལ་མོས་མཛད་པའི་པོ་བསྟོད།

༄༅། དེ་ནས་པོ་བསྟོད་བྱ་བ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་། །དགེ་སློང་དཔལ་མོ་བྱོན་ནས་ནི། །ངོ་ཆེན་བྱེད་པར་ལེགས་བསམ་སྟེ། །ཨོཾ་འཇིག་རྟེན་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ། །བདེ་གཤེགས་སྣང་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་བ་པོ། །ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ། །དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཁྱུགས་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ། །དྲི་མེད་འོད་ཟེར་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨའི་མཆོག་ལ་གནས་པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །ལྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ། །ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ། །འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན། །དེ་ནི་སྐྱེས་པ་འམ་ནི་བུད་མེད་ཡིན་ཀྱང་རུང་། །འཇིག་རྟེན་འདི་འམ་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། །ཞེས་པའི་བསྟོད་པ་ཉེར་གཅིག་བྱ། པོ་བསྟོད་འདི་དགེ་སློང་མ་དཔལ་མོས་མཛད་པའོ།།

#div1 བསྙེན་གནས་ཐར་བའི་ཐེམ་སྐས་ཀྱི་ཁ་སྐོང་ཕྱག་འཚལ་རྒྱས་པ་མགོ་སྤྲུལ་གྱིས་མཛད་པ།

༄༅། བསྙེན་གནས་ཐར་བའི་ཐེམ་སྐས་ཀྱི་ཁ་བསྐང་དུ་ཕྱག་འཚལ་བའི་རིམ་པ་ལ་རྒྱས་བསྡུས་གཉིས་ལས། སྤྲོས་པ་ལ་དགའ་བ་རྣམས་ཀྱིས་ཕྱག་འཚལ་རྒྱས་པའི་རིམ་པ་འདི་བཞིན་ནོ། ཨེ་མ་ཧོ། རབ་བདུན་བདེར་གཤེགས་མཆེད་བརྒྱད་ཕྱོགས་བཅུ་ཡི། །སངས་རྒྱས་རྣམས་དང་སྐལ་བཟང་སེམས་དཔའི་ཚོགས། །འདིར་གཤེགས་གདན་བཞུགས་ཀུན་བཟང་མཆོད་སྤྲིན་འབུལ། །བདག་གཞན་འགྲོ་རྣམས་གུས་པས་ཕྱག་འཚལ་ལོ། །སྔོན་ཚེ་བསྐལ་བ་བརྒྱད་ཁྲིའི་དུས་དག་ཏུ། །གྲོང་ཁྱེར་གཉེན་དྲུང་རྒྱལ་རིགས་ལ་འཁྲུངས་ནས། །པོ་ཏ་ལ་ཡི་ཤིང་དྲུང་སངས་རྒྱས་པའི། །བཅོམ་ལྡན་རྣམ་པར་གཟིགས་ལ་ཕྱག་འཚལ་ལོ། །ཚེ་ལོ་བདུན་ཁྲིར་ཀ་ནིའི་གྲོང་ཁྱེར་དུ། །རྒྱལ་རིགས་རྫུ་འཕྲུལ་ཅན་དུ་སྐུ་འཁྲུངས་ནས། །པུཎྚ་རི་ཀའི་ཤིང་དྲུང་སངས་རྒྱས་པའི། །བདེ་གཤེགས་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །ཚེ་ལོ་དྲུག་ཁྲིའི་དུས་ན་མཉན་ཡོད་དུ། །རྒྱལ་རིགས་བློ་གྲོས་ཅན་དུ་སྐུ་འཁྲུངས་ཏེ། །སཱ་ལའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །རྒྱལ་བ་ཐམས་ཅད་སྐྱོབས་ལ་ཕྱག་འཚལ་ལོ། །ཚེ་ལོ་བཞི་ཁྲིའི་དུས་ན་བདེ་ལྡན་དུ། །སྟོབས་ལྡན་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཏེ། །ཤི་རི་ཤ་ཡི་ཚལ་དུ་སངས་རྒྱས་པའི། །ཐུབ་པ་འཁོར་བ་འཇིག་ལ་ཕྱག་འཚལ་ལོ། །ཚེ་ལོ་སུམ་ཁྲིར་གྲོང་ཁྱེར་མཛེས་ལྡན་དུ། །མཆོག་ལྡན་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཏེ། །ཨུ་དུམ་ཝ་རའི་ཤིང་དྲུང་སངས་རྒྱས་པའི། །བཅོམ་ལྡན་གསེར་ཐུབ་ཞབས་ལ་ཕྱག་འཚལ་ལོ། །ཚེ་ལོ་ཉི་ཁྲིར་ཝ་ར་ཎ་སི་རུ། །བྲམ་ཟེ་ཡོན་ཏན་ཅན་དུ་སྐུ་འཁྲུངས་ནས། །ནྱ་གྲོ་ཏ་ཡི་ཤིང་དྲུང་སངས་རྒྱས་པའི། །བཅོམ་ལྡན་འོད་སྲུང་ཞབས་ལ་ཕྱག་འཚལ་ལོ། །ཚེ་ལོ་བརྒྱ་པའི་དུས་སུ་སེར་སྐྱ་རུ། །རྒྱལ་རིགས་བརྩོན་འགྲུས་ཅན་དུ་སྐུ་འཁྲུངས་ཏེ། །ཨ་ཤཏྠ་ཡི་ཤིང་དྲུང་སངས་རྒྱས་པའི། །བཅོམ་ལྡན་ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ།། ༧ གསེར་གྱི་མདོག་ཅན་སྐྱབས་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །གཞན་གྱིས་མི་ཐུབ་ཞིང་གི་དཔལ་གྱུར་པའི། །མཚན་ལེགས་ཡོངས་བསྒྲགས་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་སེར་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །སྨོན་ལམ་བརྒྱད་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་ལྡན་པའི་ཞིང་གི་དཔལ་གྱུར་པའི། །རིན་ཆེན་ཟླ་བའི་ཞབས་ལ་ཕྱག་འཚལ་ལོ། །འཛམ་བུའི་གསེར་འདྲ་ཆོས་སྟོན་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །སྤོས་ཀྱིས་ཡོངས་གང་ཞིང་གི་དཔལ་གྱུར་པའི། །གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །སྐུ་མདོག་དམར་སྐྱ་མཉམ་བཞག་ཕྱག་རྒྱ་ཅན། །སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །མྱ་ངན་མེད་པའི་ཞིང་གི་དཔལ་གྱུར་པའི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་དཀར་དམར་ཆོས་སྟོན་ཕྱག་རྒྱ་ཅན། ། སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །ཆོས་ཀྱི་རྒྱལ་མཚན་ཞིང་གི་དཔལ་གྱུར་པའི། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །བྱུ་རུའི་མདོག་ཅན་མཆོག་སྦྱིན་ཕྱག་རྒྱ་ཅན། ། སྨོན་ལམ་བཞི་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །རིན་ཆེན་རྒྱ་མཚོའི་ཞིང་གི་དཔལ་གྱུར་པའི། །མངོན་མཁྱེན་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་མཆོག་སྦྱིན་ཕྱག་རྒྱ་ཅན། །བཅུ་གཉིས་སྨོན་གྲུབ་ཚོགས་གཉིས་དཔལ་གྱིས་བརྗིད། །བཻ་ཌཱུརྱ་སྣང་ཞིང་གི་དཔལ་གྱུར་པའི། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །གསེར་གྱི་མདོག་ཅན་ས་གནོན་ཕྱག་རྒྱ་ཅན། །རྨད་བྱུང་ཐུགས་རྗེ་བརྩོན་འགྲུས་ཆེན་པོའི་མཐུས། །མི་མཇེད་འཇིག་རྟེན་ཁམས་ཀྱི་དཔལ་གྱུར་པའི། །འདྲེན་མཆོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། ། ༧ སྐུ་མདོག་དཀར་པོ་ཤེལ་འོད་གསལ་བའི་མདངས། །ཕྱག་གཡས་མཆོག་སྦྱིན་གཡོན་པ་མཉམ་བཞག་མཛད། །ཤར་ཕྱོགས་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ལ་ཕྱག་འཚལ། །བཻཌཱུར་མདོག་འདྲ་གཟི་འོད་ཕྱོགས་བཅུར་འཕྲོ། །ཕྱག་གཡས་འཁོར་ལོ་གཡོན་པ་མཉམ་བཞག་མཛད། །ལྷོ་ཕྱོགས་སེམས་དཔའ་གྲངས་ལས་འདས་པས་བསྐོར། །མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ། །དམར་གསལ་བྱེ་རུར་ཉི་འོད་འཁྱུད་འདྲའི་མདོག ། ཕྱག་གཡས་མཆེ་བ་གཡོན་པ་མཉམ་བཞག་མཛད། །ནུབ་ཕྱོགས་བྱང་སེམས་འཁོར་གྱི་དབུས་ན་བཞུགས། །བདེ་གཤེགས་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ། །མར་གད་ལྗང་གུའི་མདོག་ཅན་རབ་ཏུ་མཛེས། ། ཕྱག་གཡས་པད་དཀར་གཡོན་པ་མཉམ་བཞག་མཛད། །བྱང་ཕྱོགས་སེམས་དཔའ་མང་པོའི་འཁོར་གྱིས་བསྐོར། །བདེ་གཤེགས་རྒྱལ་བའི་དབང་པོར་ཕྱག་འཚལ་ལོ། །སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་པདྨ་གཡོན་པ་མཉམ་བཞག་མཛད། །ཤར་ལྷོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར། །བདེ་གཤེགས་པདྨའི་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ཉི་མ་གཡོན་པ་མཉམ་བཞག་མཛད། །ལྷོ་ནུབ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར། །ཉི་མ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ། ཕྱག་གཡས་སྣ་ཚོགས་རྡོ་རྗེ་གཡོན་མཉམ་བཞག །ནུབ་བྱང་སེམས་དཔའ་རྣམས་ཀྱིས་བསྐོར་མཛད་པ། །གདུགས་ཆེན་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་ཆོས་འཆད་གཡོན་པས་ཆོས་གོས་བསྣམས། །བྱང་ཤར་སེམས་དཔའི་ཚོགས་ཀྱིས་ཀུན་ནས་བསྐོར། །གླང་པོ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་སྔོ་ནག་ཞལ་གཅིག་ཕྱག་གཉིས་པ། ། ཕྱག་གཡས་བུམ་པ་གཡོན་ཕྱག་དཀུ་ལ་བརྟེན། །སྟེང་ཕྱོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར། །བདེ་གཤེགས་དགའ་བའི་དཔལ་ལ་ཕྱག་འཚལ་ལོ། །སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་པདྨ་གཡོན་པ་མཉམ་བཞག་མཛད། །འོག་ཕྱོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར། །སངས་རྒྱས་པདྨོའི་དཔལ་ལ་ཕྱག་འཚལ་ལོ། །༧ བྱམས་པ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མཐོང་བ་དོན་ཡོད་དཀར་པོ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ངན་སོང་ཀུན་འདྲེན་དཀར་པོ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །མྱ་ངན་མུན་པ་འཇོམས་པའི་བློ་གྲོས་དཀར། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྤོས་ཀྱི་གླང་པོ་སེར་གསལ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དཔའ་བར་འགྲོ་བ་སེར་པོ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ནམ་མཁའ་མཛོད་ནི་གསེར་མདོག་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཡེ་ཤེས་ཏོག་ཆེན་སེར་པོ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །འོད་དཔག་མེད་པ་དམར་གསལ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཟླ་འོད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བཟང་སྐྱོང་དམར་པོ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དྲྭ་བ་ཅན་གྱི་འོད་ཟེར་སྐུ་མདོག་དམར། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །རྡོ་རྗེའི་སྙིང་པོ་ལྗང་གསལ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བློ་གྲོས་མི་ཟད་ལྗང་གུ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །སྤོབས་པ་བརྩེགས་པ་ལྗང་གུ་ཞལ་གཅིག་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཀུན་བཟང་ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་རྡོ་རྗེ་གཡོན་པ་དྲིལ་བུ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་སེམས་དཔའི་རྒྱན་ཆས་སྤྲས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་སོགས་བརྗོད། འདི་ཡང་མགོ་སྤྲུལ་རྒན་པོས་ཁ་བསྐང་དུ་བྲིས་པའོ།།

གཤིན་ཆོག་ཐར་ལམ་ཐེམ་སྐས།

༄༅། བྲགམབྷཱིརཱརྱསྱཙིཏྟབིདྷིཥུཿ ཨཱཛཿཀལྤམོཀྵཔརིསོཔཱནཾབིཧརཏིསྨཿ

༄༅། བྲ ག མ བྷཱི རཱ རྱ སྱ ཙི ཏྟ བི དྷི ཥུཿ ཨཱ ཛཿ ཀལྤ མོཀྵ པརི སོཔཱ ནཾབི ཧ ར ཏིསྨཿ

༄༅། ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ གཤིན་ཆོག་ཐར་ལམ་ཐེམ་སྐས་བཞུགས༔

མཐའ་ཡས་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་རྗེའི་གཏེར་མཛོད་འགྲོ་བའི་མགོན༔ བླ་མ་འཕགས་པ་སྤྱན་རས་གཟིགས༔ ཐུགས་དམ་ལྷ་ལ་ཕྱག་འཚལ་ལོ༔ གང་དེའི་ཕྲིན་ལས་ཆོ་ག་ཡི༔ གཤིན་ཆོག་ཐར་ལམ་ཐེམ་སྐས་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སེམས་བསྐྱེད་ལྡན་པས་དང་དུ་ལོངས༔ ས་མ་ཡཱ༔ དང་པོ་དཀྱིལ་འཁོར་གཞུང་བཞིན་ལ༔ གཤིན་པོ་རྗེས་སུ་འཛིན་པའི་ཐབས༔ ཚེ་འདས་གཟུགས་དང་མིང་བྱང་ལ༔ བླ་གཡུ་མེ་ལོང་དར་གོས་བརྒྱན༔ བགེགས་སྦྱངས་ལན་ཆགས་གཏོར་མ་དང༔ སྡིག་སྦྱངས་ཏིལ་དང་ཁྲུས་ཆབ་བཤམས༔ གཞུང་གི་བཟླས་པ་ཚུལ་བཞིན་བྱ༔ ལས་བུམ་བསྒྲུབ་ཅིང་མཆོད་བསྟོད་དང༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར༔ བཀའ་གཏེར་སྲུང་མར་གཏོར་འབུལ་སོགས༔ བདག་འཇུག་རྒྱས་བསྡུས་སྔོན་དུ་སོང༔ གཉིས་པ་དངོས་གཞིར་འཇུག་པ་ལ༔ ཕྱི་ནང་སྣོད་བཅུད་འཁོར་འདས་ཆོས༔ སྭ་བྷ་ཝ་ཡི་སྔགས་ཀྱིས་སྦྱངས༔ རང་ཉིད་ཐུགས་རྗེ་ཆེན་པོར་བསྐྱེད༔ ཚེ་ལས་འདས་པའི་མིང་བྱང་ནི༔ བསྐྱེད་འགུག་ལ་སོགས་འདི་བཞིན་བརྗོད༔ ཧྲཱིཿ མི་དམིགས་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས༔ པད་ཟླའི་སྟེང་དུ་ནྲྀ་ལས་ཚེ་འདས་ཀྱི༔ མིང་བྱང་དངོས་གཟུགས་ཇི་ལྟ་བ་བཞིན་ལས༔ དད་གུས་ཐལ་མོ་སྦྱར་ཏེ་འདིར་འཁོད་གྱུར༔ ༧ བདག་ཉིད་འཕགས་པའི་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་ཟེར་དཀར་པོ་ཟླ་བ་ཞུན་མ་ལྟར། །འཕྲོས་པས་འགྲོ་དྲུག་གནས་ནས་ཚེ་འདས་ཀྱི། །རྣམ་ཤེས་བཀུགས་ནས་རྟེན་དང་གཉིས་མེད་གྱུར། །ཅེས་བསམ་བདེན་བརྗོད་འགུག་གཞུག་འདི་ལྟར་རོ༔ ན་མོ༔ རྐང་གཉིས་གཙོ་བོ་རྫོགས་པའི་སངས་རྒྱས་དང༔ འདོད་ཆགས་བྲལ་བ་ཞི་གྱུར་དམ་པའི་ཆོས༔ ཚོགས་གཉིས་མཐར་སོན་འཕགས་པའི་དགེ་འདུན་དེ༔ དཀོན་མཆོག་གསུམ་དང་རྩ་བརྒྱུད་བླ་མའི་ཚོགས༔ ཡི་དམ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་དང༔ ཆོས་ཉིད་རྣམ་དག་ལྷག་བསམ་དགེ་བའི་སྟོབས༔ བསླུ་མེད་རྒྱུ་འབྲས་ནུས་པའི་བདེན་པའི་བདེན་མཐུ་ཡིས༔ འཇིག་རྟེན་འདི་ནས་བར་དོར་འཁྱམ་པའི་འགྲོ༔ མིང་བྱང་གཟུགས་ལ་བཀོད་པའི་ཚེ་འདས་ཀྱི༔ རྣམ་ཤེས་འཇིག་རྟེན་བདུན་པོ་གར་གནས་ཀྱང༔ དམིགས་རྟེན་མཚན་བྱང་འདི་ལ་གཉིས་མེད་ཁུག༔ བསླུ་མེད་དཀོན་མཆོག་ཐུགས་རྗེའི་བདེན་པའི་མཐུས༔ རྒྱུ་འབྲས་ཆོས་ལ་ཉན་པའི་སྐལ་ལྡན་གྱུར༔ ནྲྀ་ཨ་ཀརྴ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཅེས་པ་ལན་བདུན་ལྔ་གསུམ་སྐབས་བསྟུན་བརྗོད༔ ཚེ་འདས་ཉིད་ཀྱིས་བག་ཕེབ་ཉན་པར་བསམ༔ དེ་ནས་བདེན་བཞིའི་ཆོས་བཤད་འདི་ལྟར་བརྗོད༔ ཀྱཻ་མ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཛམ་གླིང་འདིར་སྐྱེས་དལ་འབྱོར་མི་ལུས་ཐོབ༔ རྒྱུ་འབྲས་ཆོས་ཀྱི་མཚན་ཉིད་ཐོས་ལགས་ཀྱང༔ ཚུལ་བཞིན་མ་བསྒྲུབ་གློ་བུར་འཆི་བས་བཅོམ༔ འཇིགས་རུང་ཆ་མེད་བར་དོའི་གནས་སུ་འཁྱམས༔ རྣམ་ཤེས་རྟེན་མེད་བྱ་སྒྲོ་རླུང་ཁྱེར་བཞིན༔ མི་བཟད་གཏུམ་པ་གཤིན་རྗེའི་གྲོགས་དང་འགྲོགས༔ དགེ་སྡིག་རྒྱུ་འབྲས་མེ་ལོང་གཟུགས་བཞིན་གསལ༔ ལས་ཀྱི་རྣམ་སྨིན་རང་ཉིད་གཅིག་པུས་མྱོང་༔ སྐྱབས་མགོན་ཟླ་གྲོགས་གཅིག་ཀྱང་མ་མཆིས་པས༔ གཅེས་པའི་རྒྱུ་ལུས་བརྩེ་བའི་གཉེན་དང་གྲོགས༔ བསགས་པའི་ནོར་རྫས་ཐམས་ཅད་ཤུལ་དུ་ལུས༔ བག་ཆགས་ངན་པའི་དབང་གིས་ཞེན་ཅིང་ཆགས༔ སྡུག་བསྔལ་དྲག་པོས་མནར་བའི་ཉམས་ཐག་ཁྱོད༔ བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༔ མི་ཡུལ་དབང་ཆོས་འབྲེལ་བའི་བླ་མ་དང༔ ད་ལྟའི་འདྲེན་པ་སངས་རྒྱས་དངོས་སུ་བསྒོམ༔ སྐྱོན་མཐོང་ལོག་ལྟ་སྤུ་རྩེ་ཙམ་ཡང་སྤོངས༔ སྔོན་གྱི་འབྲེལ་བའི་ཡི་དམ་ལྷ་མཆོག་དང༔ དགེ་བའི་བྱ་བ་གང་བསགས་དྲན་པར་གྱིས༔ སྔར་བྱས་སྡིག་རྣམས་འགྱོད་པ་དྲག་པོས་བཤགས༔ ཕྱིན་ཆད་སྡོམ་སེམས་བརྟན་པོ་ཡིད་ལ་ཟུངས༔ བར་དོའི་སྐབས་འདིར་སྐྱེ་གནས་ངན་པ་རུ༔ དབང་མེད་ལས་ཀྱི་རླུང་གིས་བདས་པ་ནའང༔ ཕ་མའི་འདུ་འཕྲོད་བླ་མ་ཡབ་ཡུམ་བསྒོམ༔ རང་ཉིད་འཕགས་པའི་ཐུགས་སྲོག་ཡི་གེ་ཧྲཱིཿ མངོན་བྱང་ལྔ་དང་ལྡན་པའི་ཏིང་འཛིན་གྱིས༔ བསྟན་འགྲོའི་དོན་ལ་སེམས་བསྐྱེད་ཞུམ་མེད་ངང༔ དོན་གཉིས་འགྲུབ་པའི་སྤྲུལ་པའི་སྐུ་མཆོག་ཏུ༔ ངེས་པར་བྱ་སྙམ་ཡིད་ཀྱི་འདུན་པས་ཟུངས༔ ཅེས་པས་རྒྱུ་འབྲས་ཆོས་ཚུལ་མདོར་བསྡུས་བཤད༔ འོན་ཀྱང་གཤེད་མའི་དབང་དུ་གྱུར་པ་ལ༔ ཆོས་ལ་ཉན་དང་དད་འདུན་དགེ་བའི་ལས༔ བརྗེད་དང་ལོག་ལྟས་བསླད་པའི་བར་ཆད་འབྱུང༔ དེ་ཕྱིར་བགེགས་ལ་གཏོར་མ་འདི་བཞིན་བསྔོ༔ བདེ་གཤེགས་རྒྱལ་བ་རྣམས་ཀྱི༴སོགས། རཾ་ཡཾ་ཁཾ་གིས་གླུད་གཏོར་བསྲེགས་ཤིང་བཀྲུས༔ འབྲུ་གསུམ་སྔགས་དང་ནམ་མཁའ་མཛོད་ཀྱི་རྒྱ༔ སྔགས་དང་བཅས་པས་འདོད་ལྔའི་ལོངས་སྤྱོད་ཀྱིས༔ ལན་ཆགས་མགྲོན་ཀུན་དགྱེས་ཤིང་ཚིམ་པར་བསམ༔ དེ་ནས་བཀའ་བསྒོ་བགེགས་བསྐྲད་འདི་བཞིན་ནོ༔ ཧཱུྃ་ཧྲཱིཿ ང་ནི་བྱམས་མགོན་ཐུགས་རྗེའི་བདག་ཉིད་ཅན༔ ཚེ་ལས་འདས་པའི་ཐར་བའི་ལམ་སྟོན་ལ༔ བར་ཆད་བྱེད་པའི་གཤེད་མ་བགེགས་ཀྱི་རིགས༔ ཐམས་ཅད་གནས་འདིར་འདུས་ལ་གཏོར་མ་ལོངས༔ ཚེ་འདས་འདི་ཡི་ལུས་ངག་ཡིད་གསུམ་དང༔ ཡང་དག་ལམ་ལ་གནོད་འཚེའི་བསམ་སྦྱོར་སྤོངས༔ འདི་རུ་མ་འདུག་རྒྱ་མཚོའི་ཕ་མཐར་དེངས༔ གལ་ཏེ་བཀའ་ལས་འདས་ཤིང་འདིར་འཁོད་ན༔ བདག་ཉིད་ཐུགས་ལས་དབང་ཆེན་ཁྲོ་བོའི་རྒྱལ༔ ཁྲོ་མཚོན་མེ་དཔུང་དྲག་སྔགས་སྒྲ་དང་བཅས༔ ཁྱེད་རྣམས་རྡུལ་དུ་བརླག་པར་གདོན་མི་ཟ༔ གནོད་མཛེས་སྔགས་དང་དྲག་སྔགས་ཡུངས་ཐུན་བརྡེག༔ ལྟ་བ་སྟོང་ཉིད་རྟོགས་པའི་གདེངས་དང་བཅས༔ བསྲུང་བའི་འཁོར་ལོས་གོ་བསྒོ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ལོག་རྟོག་བགེགས་རིགས་རྒྱ་མཚོའི་ཕ་མཐར་བསྐྲད༔ ཚེ་འདས་སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱི༔ བསྲུང་བའི་གོ་ཆ་གཞོམ་བྲལ་རྡོ་རྗེའི་ཆོས༔ འགྱུར་མེད་ནམ་མཁའི་རང་བཞིན་ཉིད་དུ་གྱུར༔ ཨོཾ་བྷྲུཾ་བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་མདུན་དུ་སྡིག་པ་སྦྱངས་བའི་ཆས༔ ཏིལ་དང་མེ་ཆུ་བཤམས་ལ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཚེ་ལས་འདས་པའི་འཁོར་བ་ཐོག་མེད་ནས༔ ལུས་ངག་ཡིད་ཀྱིས་བསགས་པའི་སྡིག་པ་རྣམས༔ སྙིང་ཀར་ཡི་གེ་ཀཾ་ཡིག་ནག་པོར་གྱུར༔ བདག་ཉིད་འཕགས་པའི་ཐུགས་ལས་འོད་ཟེར་ནི༔ གློག་ཞགས་ལྟ་བུར་མྱུར་བའི་ཤུགས་འཕྲོས་ཏེ༔ སྦུར་མ་རླུང་གིས་དེད་པ་ཇི་བཞིན་དུ༔ སྣ་བུག་གཡོན་ནས་མདུན་གྱི་ཏིལ་ལ་ཐིམ༔ མདུན་གྱི་མེ་ཉིད་རྡོ་རྗེ་མཁའ་འགྲོ་མ༔ སྔོན་མོ་ཤིན་ཏུ་ཁྲོས་པའི་ཞལ་གདང་བའི༔ ལྗགས་ལས་མེ་ཡི་ཚྭ་ཚྭ་རབ་ཏུ་འཁྲུགས༔ ཏིལ་རྣམས་སྲོག་ཆགས་སྡིག་པའི་གཟུགས་གྱུར་ནས༔ ཞལ་དུ་གསོལ་བས་བསྲེགས་ཤིང་སྟོང་པར་སྦྱངས༔ མེ་ཡི་མཁའ་འགྲོ་འོད་དུ་ཞུ་བ་ལས༔ དག་བྱེད་ཆུ་ཡི་ལྷ་མོའི་དབྱིངས་སུ་ཐིམ༔ དེ་ཡང་དམིགས་མེད་སྟོང་པ་ཆེན་པོར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པ་པཾ་ཛྭ་ལ་རཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཅེས་པ་ཡིག་དྲུག་དང་བཅས་བཟླས༔ དེ་ནས་ཁྲུས་ཀྱིས་སྦྱངས་པ་ལ༔ ཐོག་མར་རྟེན་གྱི་གཟུགས་བརྙན་ནི༔ མེ་ལོང་ངོས་ལ་འཆར་བཅུག་ཏེ༔ ཁྲུས་ཁང་བསྐྱེད་པ་སྔོན་སོང་ནས༔ ལྷ་ལ་ཁྲུས་གསོལ་འདི་བཞིན་བརྗོད༔ ཧྲཱིཿ མཉམ་མེད་སྟོན་པ་རྫོགས་པའི་སངས་རྒྱས་ལ༔ ཚངས་དང་དབང་པོས་ཡན་ལག་བརྒྱད་ལྡན་ཆུས༔ འགྲོ་བའི་སྒྲིབ་གཉིས་སྦྱང་ཕྱིར་ཁྲུས་གསོལ་ལྟར༔ གཙང་དྭངས་སྔགས་ཀྱིས་བྱིན་རླབས་ཁྲུས་ཆབ་འདིས༔ འཕགས་པ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༔ མཆོད་འོས་དཀོན་མཆོག་དངོས་དང་གཟུགས་བརྙན་ལ༔ དད་དང་གུས་པས་ཁྲུས་གསོལ་བགྱིས་པ་ཡིས༔ ཚེ་འདས་སྒོ་གསུམ་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ༔ དེ་ནས་ན་བཟའ་འབུལ་བ་སོགས༔ གཞན་ལས་བྱུང་བ་བཞིན་དུ་བྱ༔ ལྷ་རྣམས་ཕ་རོལ་ཕྱིན་དྲུག་གིས༔ དྲི་ཡིས་བགོས་པའི་ཁྲུས་ཆབ་དེས༔ ཚེ་འདས་མིང་བྱང་གཟུགས་བརྙན་ལ༔ བཀྲུ་བཞིན་བདེན་པའི་ཚིག་འདི་བརྗོད༔ ཧྲཱིཿ རྫོགས་སངས་རྒྱས་དང་ཞི་གྱུར་དམ་པའི་ཆོས༔ བསླུ་མེད་འཕགས་པའི་དགེ་འདུན་རྣམ་པ་གསུམ༔ སེར་སྣའི་སྐྱོན་བྲལ་སྦྱིན་པའི་ཕ་རོལ་ཕྱིན༔ འཆལ་བའི་སྒྲིབ་བྲལ་ཚུལ་ཁྲིམས་ཕ་རོལ་ཕྱིན༔ མི་འཁྲུགས་དགེ་བ་བཟོད་པའི་ནུས་མཐུ་ལྡན༔ ལེ་ལོའི་སྐྱོན་སྤང་བརྩོན་འགྲུས་ཤུགས་ཀྱིས་སྤྱོད༔ ཏིང་འཛིན་རྩེ་གཅིག་སེམས་ལ་རང་དབང་ཐོབ༔ མཐའ་གཉིས་སྤངས་པའི་ཤེས་རབ་མཐར་སོན་པས༔ ཇི་ལྟར་ས་ལམ་བསྒྲོད་པ་དེ་བཞིན་དུ༔ ཚེ་འདས་ཁྱོད་ཀྱང་ཐར་བའི་ལམ་མཆོག་དེར༔ ཉོན་མོངས་དྲུག་སྤངས་ཕ་རོལ་ཕྱིན་དྲུག་རྫོགས༔ རྟག་ཏུ་དགེ་བཅུའི་དཔལ་ལ་ལོངས་སྤྱོད་ཕྱིར༔ ཟག་མེད་གཙང་མའི་ཁྲུས་ཆབ་འདི་གསོལ་བས༔ སྒྲིབ་དག་དབང་བཞིའི་སྣོད་དུ་འགྱུར་བར་ཤོག༔ དེ་རྗེས་ཡི་གེ་བརྒྱ་པ་དང༔ རང་སྔགས་ཡིག་དྲུག་གཟུངས་རིང་སོགས༔ དག་པར་བརྗོད་བཞིན་ཁྲུས་ཀྱིས་བཀྲུ༔ དེ་ནས་ས་ཆུ་མེ་རླུང་གིས༔ བྲབ་བཞིན་སྦྱངས་བའི་ཚིག་འདི་བརྗོད༔ ཧྲཱིཿ ངན་སོང་རྒྱུ་རྐྱེན་ཉོན་མོངས་ཞེ་སྡང་ལས༔ རྣམ་པར་བསྐྱེད་པའི་ཚེ་འདས་སྒྲིབ་སྦྱངས་ཕྱིར༔ ཁོང་ཁྲོའི་རྟོག་ཚོགས་འབྱུང་བ་ས་ལ་ཐིམ༔ སངས་རྒྱས་སྤྱན་མའི་ནུས་མཐུས་དུག་མེད་ཤོག༔ ལཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཡི་གེ་དྲུག་མའི་གཤམ་དུ་གདག༔ ཧྲཱིཿ ཡི་དྭགས་བཀྲེས་སྐོམ་རྒྱུ་རྐྱེན་སེར་སྣའི་མཐུས༔ ཚེ་འདས་སྒོ་གསུམ་བསྡམས་པའི་ཉེས་སྐྱོན་ཀུན༔ དག་བྱེད་འབྱུང་བ་ཆུ་ཡི་ཀློང་དུ་ཐིམ༔ མ་མ་ཀི་ཡི་བདེན་པས་དུག་མེད་ཤོག༔ བཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཡི་གེ་དྲུག་མའི་གཤམ་དུ་གདག༔ ཧྲཱིཿ གཏི་མུག་རྨོངས་པས་དུད་འགྲོར་འཁྱམས་པའི་རྒྱུ༔ ལས་དང་བག་ཆགས་ཚེ་འདས་སྒོ་གསུམ་སྒྲིབ༔ མི་བཟད་བྱིན་ཟ་མེ་ཡི་ཀློང་དུ་ཐིམ༔ གོས་དཀར་ལྷ་མོའི་ནུས་མཐུས་དུག་མེད་ཤོག༔ རཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཡི་གེ་དྲུག་མའི་གཤམ་དུ་གདག༔ ཧྲཱིཿ འདོད་པའི་ལྷ་དང་ལྷ་མིན་མི་ལ་སོགས༔ འཁོར་བའི་རྒྱུ་རྐྱེན་ང་རྒྱལ་ཕྲག་ཏོག་གིས༔ ཚེ་འདས་བསླུས་པའི་ལས་སྒྲིབ་རླུང་ལ་ཐིམ༔ དམ་ཚིག་སྒྲོལ་མའི་བདེན་མཐུས་དུག་མེད་ཤོག༔ ཡཾ་ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཡི་གེ་དྲུག་མའི་གཤམ་དུ་གདག༔ ཧྲཱིཿ ལྷན་སྐྱེས་མ་རིག་གསུམ་གྱི་བག་ཆགས་མཐུས༔ ལས་དང་ཉོན་མོངས་འཁོར་བའི་རྒྱུ་རྐྱེན་ཀུན༔ རང་བཞིན་དམིགས་མེད་ནམ་མཁའི་ཀློང་དུ་ཐིམ༔ དབྱིངས་ཕྱུག་ཀུན་ཏུ་བཟང་མོའི་ནུས་མཐུ་ཡིས༔ ཚེ་འདས་སྒོ་གསུམ་དུག་ལྔའི་སྒྲིབ་བྲལ་ཤོག༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཡི་གེ་དྲུག་མའི་གཤམ་དུ་གདག༔ དེ་ནས་ཚེ་ལས་འདས་པ་དེས༔ བླ་མ་དཀྱིལ་འཁོར་ལྷ་ཚོགས་ལ༔ གསོལ་བ་འདི་བཞིན་གདབ་པར་བསམ༔ ༧ དེ་ནས་ཁྱེད་རང་གི་མདུན་གྱི་ནམ་མཁར་འཇའ་འོད་འཁྱིལ་བའི་དབུས་ན་འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་ལ་སངས་རྒྱས་བྱང་སེམས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་ནས་ཡོད་པའི་སྤྱན་སྔར་བདག་དང་འགྲོ་བ་རྣམས་འཁོར་བ་དང་ངན་སོང་གི་གནས་ནས་འདྲེན་པའི་ཆེད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱཻ་མ་དགོངས་ཤིག་འཕགས་པ་སྤྱན་རས་གཟིགས༔ སྐྱབས་མེད་བདག་འདྲ་ལས་དང་ཉོན་མོངས་མཐུས༔ བཟོད་དཀའ་རིགས་དྲུག་གནས་སུ་འཁྱམས་ལགས་ན༔ བརྩེ་ཆེན་ཐུགས་རྗེས་ཉེ་བར་དྲང་དུ་གསོལ༔ ལན་གསུམ་གསོལ་བ་བཏབ་རྗེས་སློབ་དཔོན་གྱིས༔ ཐུགས་བསྐྱེད་ཡེངས་མེད་ངང་ནས་འདི་བཞིན་བརྗོད༔ ཀྱཻ་ཧོ་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ༔ རྩེ་གཅིག་ཐར་པའི་ལམ་ལ་བགྲོད་འདོད་ན༔ ཡེངས་མེད་གདམས་པ་འདི་ལྟར་ཉམས་སུ་ལོངས༔ ཡ་ཀི་སྲིད་པའི་རྩེ་མོ་མན་ཆད་ནས༔ མ་ཀི་མནར་མེད་དམྱལ་བ་ཡན་ཆད་ཀྱི༔ ཁམས་གསུམ་འཁོར་བའི་གནས་རིས་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱིས་མནར་བའི་མེ་འོབ་འདྲ༔ དེ་ལས་ཐར་འདོད་ངེས་འབྱུང་དྲག་པོའི་བློས༔ འཁོར་བའི་བདེ་སྐྱིད་དུག་ལྡན་ཟས་བཞིན་དུ༔ འཇོགས་ཤིང་སྐྲག་པས་བློ་སྣ་ལྡོག་པར་གྱིས༔ དེ་བཞིན་རང་ཉིད་གཅིག་པུ་མ་ཡིན་པར༔ ཐོག་མེད་དུས་ནས་དྲིན་གྱིས་བསྐྱེད་པའི་མ༔ ཚེ་རབས་བརྗེ་བས་ངོ་མ་ཤེས་པའི་འགྲོ༔ རྣམ་མཁྱེན་སངས་རྒྱས་གོ་འཕང་ལ་འགོད་ཕྱིར༔ བྱམས་དང་སྙིང་རྗེའི་སེམས་དང་འབྲལ་མེད་ཀྱིས༔ འདིར་སྣང་འཁོར་བ་མྱང་འདས་ཆོས་རྣམས་ཀུན༔ རང་བཞིན་སྟོང་ཉིད་ཆོས་སྐུའི་ཀློང་དུ་གཅིག༔ རྩལ་སྣང་འགགས་མེད་ལྷ་སྔགས་ཏིང་འཛིན་གྱིས༔ མ་དག་འཁྲུལ་བའི་སྣང་གྲགས་རྟོག་པ་སྦྱོངས༔ དེ་ལྟར་བརྩོན་པས་རིགས་དྲུག་གནས་ངན་ལས༔ ཐར་པའི་ལམ་དུ་ཕྱིན་པར་གདོན་མི་ཟ༔ དེ་ལྟར་བརྗོད་ཅིང་རིགས་དྲུག་གི༔ ཐོག་མར་དམྱལ་བའི་ལན་ཆགས་སྦྱང༔ གཏོར་མ་སྦྱིན་ཅིང་ཚིག་འདི་བརྗོད༔ ཧྲཱིཿ འདོད་པའི་ཡོན་ཏན་ལྔ་ལྡན་བྷ་ལིང་ཏ༔ ཚེ་འདས་འདི་ཡི་ཚེ་རབས་ཐོག་མེད་ནས༔ བསད་བཅད་བཤས་གཏུབ་ལན་ཆགས་སྦྱངས་ཕྱིར་བསྔོ༔ ཞེ་སྡང་གནོད་འཚེའི་བག་ཆགས་དག་གྱུར་ཅིག༔ ཁ་འབར་མ་ཡི་སྔགས་ཀྱང་བརྗོད༔ དམྱལ་བའི་ཐུབ་པའི་དབང་བསྐུར་དེ༔ ཧྲཱིཿ ཞེ་སྡང་དབང་གིས་གཞན་གྱི་སྲོག་བཅད་པས༔ ཚ་གྲང་སྡུག་བསྔལ་སྦྱངས་མཛད་འགྲོ་བའི་མགོན༔ དམྱལ་བའི་ཐུབ་པ་མེ་ཆུའི་ཕྱག་མཚན་ཅན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཟོད་དཀའ་དམྱལ་བའི་གནས་ངན་ལས་ཐར་ཏེ༔ མངོན་དགའི་ཞིང་དུ་དབུགས་དབྱུང་ཐོབ་པར་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ སླར་ཡང་ཆོས་བཤད་འདི་བཞིན་བརྗོད༔ ཀྱཻ་ཧོ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཉོན་མོངས་འཁྲུལ་བའི་ཡིད་ཀྱིས་བསླུས་པ་ལས༔ བདག་གཞན་གཉིས་བཟུང་ཞེ་སྡང་དགྲ་རུ་ལངས༔ གནོད་སེམས་ཚིག་རྩུབ་གཤེ་བའི་ངག་གིས་བསྒྲགས༔ མཚོན་ཆས་བརྡེགས་ཤིང་སྲོག་བཅད་རྣམ་སྨིན་གྱིས༔ ཚ་གྲང་དམྱལ་བའི་གནས་སུ་སྡུག་བསྔལ་ཀྱང༔ ཚད་མེད་བྱམས་པ་ཆེན་པོའི་ཁྲུས་ཀྱིས་སྦྱངས༔ ཡེ་ཤེས་ལྔ་རུ་རྟོགས་པའི་མཚོན་བྱེད་རྫས༔ ཁ་ཏོག་སྣ་ལྔ་བཀྲ་བའི་སྒྲོ་ཡིས་བྱབ༔ ཞེ་སྡང་རྒྱུ་རྐྱེན་བག་ཆགས་ཡོངས་དག་ནས༔ འཕགས་མཆོག་གསང་བ་གསུམ་དང་དབྱེར་མེད་ཤོག༔ ༈ ཁྱོད་རང་གི་རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་ཡིག་གི་རྣམ་པ་དེ་ཉིད་ཡེ་ཤེས་ལྔ་ལྡན་གྱི་སྒྲོས་བྱབ། ནུས་ལྡན་གྱི་བྱེ་མས་བྲབ་ཅིང་བསྲེག་གཏོར་སྦྱངས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ། དམྱལ་བའི་ས་བོན་རྐང་མཐིལ་དུ༔ དུ་ཡིག་ཡེ་ཤེས་མེ་ཡིས་བསྲེགས༔ སྔགས་ལྡན་བྱེ་མས་མིང་བྱང་བྲབ༔ རྩ་སྔགས་མི་འཁྲུགས་གཟུངས་ཀྱང་བརྗོད༔ གཉིས་པ་ཡི་དྭགས་གནས་དྲངས་ཕྱིར༔ བགེགས་གཏོར་བསྔོ་བ་འདི་སྐད་དོ༔ ཧྲཱིཿ ཚེ་ལས་འདས་པའི་ཚེ་རབས་ཐོག་མེད་ནས༔ སེར་སྣའི་དབང་གིས་གཞན་ནོར་བརྐུས་ཤིང་འཕྲོག༔ མཆོད་སྦྱིན་སྒོ་བཀག་བག་མེད་དཀོར་ལ་སྤྱོད༔ ཡི་དྭགས་རྒྱུ་རྐྱེན་ལན་ཆགས་གཏོར་མས་སྦྱངས༔ སེར་སྣའི་ལས་དང་བག་ཆགས་སྒྲིབ་དག་ཤོག༔ ཁ་འབར་མ་ཡི་སྔགས་ཀྱང་བརྗོད༔ ཡི་དྭགས་ཐུབ་པའི་དབང་བསྐུར་དེ༔ ཧྲཱིཿ སེར་སྣའི་དབང་གིས་མཆོད་སྦྱིན་བསྡམ་པའི་འབྲས༔ བཀྲེས་སྐོམ་བཟོད་དཀའ་གཤིན་རྗེའི་འཇིག་རྟེན་ལས༔ སྒྲོལ་མཛད་ཡི་དྭགས་ཐུབ་པ་སྐུ་མདོག་དམར༔ ནམ་མཁའ་མཛོད་མངའ་སྒྲོམ་བུའི་ཕྱག་མཚན་ཅན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཉམ་ང་ཡི་དྭགས་གནས་ངན་ལས་ཐར་ཏེ༔ བདེ་ཆེན་དག་པའི་ཞིང་དུ་དབུགས་དབྱུང་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ སླར་ཡང་ཆོས་བཤད་འདི་བཞིན་བརྗོད༔ ཀྱཻ་ཧོ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཀུན་བརྟགས་མ་རིག་གདོན་གྱིས་བརླབས་པ་ལས༔ སྒྱུ་མའི་ནོར་རྫས་གཅེས་པར་བདག་ཏུ་བཟུང༔ མཆོད་སྦྱིན་གཏན་གྱི་རྒྱགས་ཕྱེ་མ་བསགས་ཤིང༔ རྐུས་འཕྲོག་ཚོང་དང་གཡོ་ཁྲམ་རང་ཉིད་བསླུས༔ རྣམ་སྨིན་ཡི་དྭགས་བཀྲེས་སྐོམ་བཟོད་དཀའ་ཡང་༔ གཏོང་སེམས་སྦྱིན་པའི་ཆུ་ཡིས་ལེགས་བཀྲུས་ཤིང༔ དུག་ལྔ་ཡེ་ཤེས་ལྔ་རུ་ལམ་འཁྱེར་རྫས༔ མདངས་ལྡན་རྨ་བྱའི་སྒྲོ་ཡིས་བག་རྡུལ་བྱབ༔ གློ་བུར་སེར་སྣའི་སྒྲིབ་ཚོགས་ཡོངས་དག་ནས༔ འཕགས་མཆོག་གསང་བ་གསུམ་དང་དབྱེར་མེད་ཤོག༔ ༈ ཁྱོད་རང་གི་གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ཡིག་གི་རྣམ་པ་དེ་ཉིད་ཡེ་ཤེས་ལྔ་ལྡན་གྱི་སྒྲོས་བྱབ། ནུས་ལྡན་གྱི་བྱེ་མས་བྲབ་ཅིང་བསྲེག་གཏོར་སྦྱངས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ། རྩ་སྔགས་སྣང་མཐའི་གཟུངས་རིང་བརྗོད༔ ཁྲུས་ཀྱིས་བཀྲུ་ཞིང་སྒྲོ་ཡིས་བྱབ༔ གསང་གནས་ཡི་དྭགས་ས་བོན་པྲེ༔ བསྲེགས་སྦྱང་མིང་བྱང་བྱེ་མས་བྲབ༔ གསུམ་པ་དུད་འགྲོའི་གནས་སྦྱོངས་ཕྱིར༔ གླུད་གཏོར་བསྔོ་བའི་ཚིག་འདི་བརྗོད༔ ཧཱུྃ༔ ཡང་དག་ལམ་དུ་ལྟ་བའི་ཐོས་བསམ་མིག༔ རྣམ་པར་ལྡོང་བས་རྒྱུ་འབྲས་འཆོལ་བར་སྤྱོད༔ གཏི་མུག་རྨོངས་པའི་ལན་ཆགས་ཤ་འཁོན་རིགས༔ འདོད་ཡོན་ལྔ་ལྡན་གཏོར་མས་ཚིམ་པར་སྦྱངས༔ རྨོངས་འཐིབ་བརྒྱལ་དང་བརྗེད་ངས་དྲན་མི་གསལ༔ ཉོན་མོངས་འཐིབ་པོའི་སྒྲིབ་ཚོགས་དག་གྱུར་ཅིག༔ ཁ་འབར་མ་ཡི་སྔགས་ཀྱང་བརྗོད༔ དུད་འགྲོའི་ཐུབ་པའི་དབང་བསྐུར་དེ༔ ཧྲཱིཿ ཐོག་མ་མེད་ནས་ལྷན་སྐྱེས་མ་རིག་པས༔ ཟིལ་གྱིས་མནན་ནས་བདག་མེད་དོན་མ་རྟོགས༔ བདག་ལྟའི་རི་བོ་ཉི་ཤུས་ཆེས་ཆེར་ནོན༔ མ་རིག་གཏི་མུག་སྦྱོངས་མཛད་འགྲོ་བའི་མགོན༔ བྱོལ་སོང་ཐུབ་པ་པོ་ཏིའི་ཕྱག་མཚན་ཅན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ བདག་ཏུ་ལྟ་བའི་བཀོལ་སྤྱོད་སྡུག་བསྔལ་ལས༔ རྣམ་པར་གྲོལ་ནས་འཐུག་པོ་བཀོད་པ་རུ༔ རྣམ་སྣང་རྒྱལ་པོས་ལུང་བསྟན་དབུགས་དབྱུང་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ ཏྲི་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊ༔ སླར་ཡང་ཆོས་བཤད་འདི་བཞིན་བརྗོད༔ ཀྱཻ་ཧོ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ མ་རིག་གསུམ་གྱི་གདོན་དང་འགྲོགས་པ་ལས༔ ཚོགས་བརྒྱད་དྷ་དྷུ་ར་ཡིས་ཆེར་མྱོས་པས༔ དབང་མེད་དུད་འགྲོའི་ཚོགས་རྣམས་བདག་ཏུ་བཟུང༔ ཤ་ཁྲག་ལས་ལ་སྤྱོད་ཅིང་པགས་པ་བཤུས༔ སྤུ་དང་གཤོག་པ་རུས་པའི་ཉེར་སྤྱོད་ལ༔ བདག་གིར་བྱེད་པའི་རྣམ་སྨིན་བྱོལ་སོང་དུ༔ ཟ་གསོད་བཀོལ་སྤྱོད་སྡུག་བསྔལ་ཕ་མཐའ་ཡས༔ དེ་ཡང་བདེན་མེད་རྨི་ལམ་སྒྱུ་མ་བཞིན༔ རང་བཞིན་ཤེས་པས་ངན་སོང་སྡུག་བསྔལ་ལས༔ རྣམ་གྲོལ་འཕགས་པའི་གསང་གསུམ་མངོན་གྱུར་ཕྱིར༔ བདག་མེད་རྟོགས་པའི་ཤེས་རབ་ཁྲུས་ཀྱིས་སྦྱངས༔ སྐུ་ལྔའི་དོན་སྟོན་རྨ་བྱའི་སྒྲོ་ཡིས་བྱབ༔ དབང་མེད་དུད་འགྲོའི་གནས་ངན་ལས་ཐར་ནས༔ ཆོས་དབྱིངས་ཡེ་ཤེས་རང་རིག་དོན་རྟོགས་ཤོག༔ ༈ ཁྱོད་རང་གི་ལྟེ་བར་དུད་འགྲོའི་ས་བོན་ཏྲི་ཡིག་གི་རྣམ་པ་དེ་ཉིད་ཡེ་ཤེས་ལྔ་ལྡན་གྱི་སྒྲོ་ཡིས་བྱབ། ནུས་ལྡན་གྱི་བྱེ་མས་བྲབ་ཅིང་བསྲེག་གཏོར་སྦྱངས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ། ཁྲུས་ཀྱིས་བཀྲུ་ཞིང་སྒྲོ་ཡིས་བྱབ༔ བྱེ་མས་བྲབ་ཅིང་ཚེ་འདས་ཀྱི༔ ལྟེ་བར་དུད་འགྲོའི་ས་བོན་ཏྲི༔ ཡེ་ཤེས་མེ་ཡིས་བསྲེག་པར་བསམ༔ རྩ་སྔགས་ཡི་གེ་དྲུག་པའི་གཤམ༔ རྣམ་སྣང་རྒྱལ་པོའི་གཟུངས་རིང་བརྗོད༔ བཞི་པ་ལྷ་མིན་གནས་སྦྱོངས་ཕྱིར༔ ལན་ཆགས་གླུད་གཏོར་བསྔོ་བ་ནི༔ ཧྲཱིཿ ལོངས་སྤྱོད་ལྔ་ལྡན་གླུད་གཏོར་བཟང་པོ་འདི༔ ཚེ་འདས་འདི་ཡི་ཕྲག་ཏོག་རྒྱུ་རྐྱེན་ལས༔ རང་ཉིད་གྲགས་འདོད་གཞན་ལ་སྨོད་ཅིང་རྩོད༔ ཕན་ཚུན་མཚོན་གྱིས་བརྡེག་སོགས་ལས་ངན་པའི༔ བུ་ལོན་ལན་ཆགས་དོན་དུ་གཉེར་ལ་བསྔོ༔ ཕྲག་ཏོག་འཐབ་རྩོད་ལས་ཉོན་དག་གྱུར་ཅིག༔ ཁ་འབར་མ་ཡི་སྔགས་ཀྱང་བརྗོད༔ ལྷ་མིན་ཐུབ་པའི་དབང་བསྐུར་དེ༔ ཧྲཱིཿ རྟོག་མེད་ཀུན་གཞིའི་རྣམ་ཤེས་དྭངས་པ་ལ༔ བདག་ཏུ་རྟོག་པའི་ཉོན་ཡིད་དྲི་ཡིས་བསླད༔ བདག་བསྟོད་གཞན་སྨོད་ཕྲག་ཏོག་སྦྱངས་བའི་ལྷ༔ ལྷ་མིན་ཐུབ་པ་རལ་གྲི་གོ་མཚོན་ཅན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཐབ་རྩོད་ལྷ་མིན་གནས་ངན་ལས་ཐར་ཏེ༔ ཕྲིན་ལས་ཡོངས་རྫོགས་ཞིང་དུ་དབུགས་དབྱུང་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ སུ་པཱ་ར་མི་ཏ་ཁད་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སླར་ཡང་ཆོས་བཤད་འདི་བཞིན་བརྗོད༔ ཀྱཻ་ཧོ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཡེ་ནས་རང་རིག་སྤྲོས་པའི་མཐའ་བྲལ་ཡང༔ ཡེ་ཤེས་འོད་ལྔ་བདག་ཏུ་བཟུང་སྐྱོན་གྱིས༔ ཀུན་ཏུ་བརྟག་པའི་གློ་བུར་གྲོགས་ཀྱིས་བསླུས༔ རང་གཞན་གཉིས་བཟུང་འགྲན་སེམས་འཐབ་ཅིང་རྩོད༔ ལས་ཀྱི་རྣམ་སྨིན་ལྷ་མིན་ཡུལ་དུ་སྐྱེས༔ གཡུལ་དང་འཐབ་རྩོད་སྡུག་བསྔལ་དོས་དྲག་ཀྱང༔ རང་གཞན་བདེན་མེད་སྟོང་པའི་རང་གཟུགས་ལ༔ དངོས་པོར་འཛིན་པའི་རྣམ་རྟོག་གཏན་ནས་སྤོངས༔ རྣམ་གྲོལ་ས་ལ་དབུགས་ཆེན་འབྱིན་པའི་ཕྱིར༔ ཟག་མེད་ཚུལ་ཁྲིམས་དྲི་ཡིས་ལེགས་བགོས་ཆུས༔ འཆལ་བའི་ཉེས་སྐྱོན་དྲི་མ་ཡོངས་སུ་སྦྱངས༔ ཕུང་ལྔའི་བདག་རྟོག་སྐུ་ལྔའི་ཀློང་གྲོལ་བའི༔ མཚོན་བྱེད་རྟགས་ཀྱིས་ཆེ་བའི་སྒྲོ་ཡིས་བྱབ༔ རིགས་སྔགས་ནུས་པས་དཔུང་བསྐྱེད་བྱེ་མས་བྲབ༔ ཕྲག་ཏོག་རྒྱུ་རྐྱེན་ལས་ངན་ཡོངས་དག་ནས༔ འཕགས་པའི་གསང་བ་གསུམ་དང་དབྱེར་མེད་ཤོག༔ ༈ ཁྱོད་རང་གི་ལྟག་པར་ལྷ་མིན་གྱི་ས་བོན་སུ་ཡིག་གི་རྣམ་པ་དེ་ཉིད་ཡེ་ཤེས་ལྔ་ལྡན་གྱི་སྒྲོ་ཡིས་བྱབ། ནུས་ལྡན་གྱི་བྱེ་མས་བྲབ་ཅིང་བསྲེག་གཏོར་སྦྱངས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ། རྩ་སྔགས་ཡི་གེ་དྲུག་པའི་གཤམ༔ དོན་གྲུབ་ཡི་གེ་བརྒྱ་པས་སྦྱངས༔ ཚེ་འདས་ལྟག་པར་ལྷ་མིན་གྱི༔ ཡི་གེ་སུ་ཡིག་སེར་སྐྱ་ནི༔ ཡེ་ཤེས་མེ་ཡིས་བསྲེག་པར་བསམ༔ ལྔ་པ་ལྷ་ཡི་གནས་ནས་དྲངས་པའི་ཕྱིར༔ ཐོག་མར་ལན་ཆགས་གླུད་གཏོར་བསྔོ་བ་ནི༔ ཧྲཱིཿ ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི༔ འདོད་ཡོན་ལོངས་སྤྱོད་ལྔ་ལྡན་བྷ་ལིང་ཏ༔ ཚེ་འདས་བག་མེད་ལེ་ལོའི་དབང་གྱུར་ཏེ༔ ང་རྒྱལ་དྲག་པོས་མཆོག་དམན་ཁྱད་གསོད་མཐུས༔ བུ་ལོན་ལན་ཆགས་ཤ་འཁོན་གཉེར་ལ་བསྔོ༔ ང་རྒྱལ་སྒྲིབ་དག་བདེ་བའི་དཔལ་ཐོབ་ཤོག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ ལྷ་ཡི་ཐུབ་པའི་དབང་བསྐུར་དེ༔ ཧྲཱིཿ ང་རྒྱལ་བག་མེད་ལེ་ལོ་གཡེང་བའི་མཐུས༔ འཆི་འཕོ་ལྟུང་བྱེད་འདོད་གཟུགས་ལྷ་ཡུལ་དུ༔ འགྱུར་བའི་སྡུག་བསྔལ་དྲག་པོས་མནར་བ་ཡི༔ གནས་ངན་འཁོར་བའི་འཇིགས་སྐྱོབས་འགྲོ་བའི་མགོན༔ ལྷ་ཡི་ཐུབ་པ་བརྒྱ་བྱིན་དཀར་གསལ་འཛུམ༔ ཟག་མེད་ཆོས་སྟོན་པི་ཝཾ་ཕྱག་མཚན་ཅན༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཟག་བཅས་ལྟུང་བའི་སྡུག་བསྔལ་ལས་གྲོལ་ནས༔ དཔལ་ལྡན་ཞིང་དུ་ས་བཅུ་མཐར་ཕྱིན་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ ཨ་པཱ་ར་མི་ཏ་ཁད་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སླར་ཡང་ཆོས་བཤད་འདི་བཞིན་བརྗོད༔ ཀྱཻ་ཧོ་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ལུང་མ་བསྟན་ལས་ཡིད་གཡོས་གཟུང་འཛིན་གྱི༔ བག་ཆགས་འཐུག་པོའི་རང་གཟུགས་ངོམས་པ་ལས༔ སྨིག་སྒྱུ་ཆུ་རུ་འཁྲུལ་བཞིན་འདོད་ཁམས་ལྷའི༔ བདེ་སྐྱིད་ལོངས་སྤྱོད་དུག་ལྡན་ཟས་ཟོས་ལྟར༔ གནས་སྐབས་བདེ་ཡང་འགྱུར་བའི་རང་བཞིན་ལ༔ སྟོང་པར་ཤེས་ནས་རང་ངོ་འཕྲོད་པར་གྱིས༔ འཇིག་རྟེན་བསམ་གཏན་ཟག་བཅས་ཉོན་མོངས་དྲི༔ རྣམ་གྲོལ་ཏིང་འཛིན་ཡེ་ཤེས་ཆུ་ཡིས་བཀྲུ༔ དུག་ལྔ་མ་སྤངས་ཡེ་ཤེས་ལྔར་གྲོལ་བའི༔ གསང་སྔགས་ཐབས་ཀྱི་རྫས་མཆོག་སྒྲོ་ཡིས་བྱབ༔ སྣ་ཚོགས་རྟོག་པའི་བག་ཆགས་དབྱིངས་གྲོལ་ནས༔ སྙིང་རྗེའི་གཏེར་མཆོག་འཕགས་པའི་གསང་གསུམ་དང༔ དབྱེར་མེད་དོན་གཉིས་འགྲུབ་པའི་དཔལ་ཐོབ་ཤོག༔ ༈ ཁྱོད་རང་གི་དཔྲལ་བར་ལྷ་ཡི་ས་བོན་ཨ་ཡིག་གི་རྣམ་པ་དེ་ཉིད་ཡེ་ཤེས་ལྔ་ལྡན་གྱི་སྒྲོ་ཡིས་བྱབ། ནུས་ལྡན་གྱི་བྱེ་མས་བྲབ་ཅིང་བསྲེག་གཏོར་སྦྱངས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ། ཚེ་ལས་འདས་པའི་དཔྲལ་བ་རུ༔ ལྷ་ཡི་ས་བོན་ཨཿདཀར་པོ༔ ཡེ་ཤེས་མེ་ཡིས་བསྲེག་པར་བསམ༔ ཁྲུས་ཀྱིས་བཀྲུ་ཞིང་སྒྲོ་ཡིས་བྱབ༔ བྱེ་མས་བྲབ་ནས་རྩ་སྔགས་མཐར༔ རིན་ཆེན་འབྱུང་ལྡན་ཡིག་བརྒྱ་བརྗོད༔ དྲུག་པ་མི་ཡི་གནས་ནས་དྲངས་པའི་ཕྱིར༔ ཐོག་མར་མཚན་བྱང་རྟེན་ལ་རྣམ་ཤེས་ནི༔ རྒྱུན་དུ་སྡོད་དཀའ་སླར་ཡང་འདི་བཞིན་དགུག༔ ཀྱེ་མ་རྟེན་མེད་བར་དོར་འཁྱམས་པ་ཡི༔ ཚེ་ལས་འདས་པ་མིང་བཞིའི་ཕུང་པོ་ཅན༔ མཆོག་གསུམ་ཀུན་འདུས་སྤྱན་རས་གཟིགས་དབང་གི༔ ཟག་མེད་ཐུགས་རྗེ་ཆེན་པོའི་ནུས་མཐུ་དང༔ ལྷག་བསམ་རྣམ་དག་དུས་གསུམ་དགེ་བའི་མཐུས༔ གཤེད་དབང་གྱུར་རམ་ལས་རླུང་བག་ཆགས་ཀྱིས༔ གང་དུ་བདས་ཀྱང་མིང་བྱང་རྟེན་འདི་ལ༔ རྩེ་གཅིག་ཚུལ་གྱིས་བཀུགས་ནས་གནས་གྱུར་ཅིག༔ རྩ་སྔགས་ཤམ་བུར་འདི་བཞིན་བརྗོད༔ ནྲྀ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་གླུད་གཏོར་བསྔོ་བ་ནི༔ ཧྲཱིཿ ཚེ་ལས་འདས་པའི་འཁོར་བ་ཐོག་མེད་ནས༔ དུག་ལྔའི་མཚུངས་ལྡན་ལས་ལ་སྤྱད་པ་དང༔ ཁྱད་པར་མི་ཡི་སྐྱེས་སྲིད་འདིར་བཟུང་ཚེ༔ ལྷན་སྐྱེས་འདྲེ་སོགས་ཤ་འཁོན་གཉེར་བའི་རིགས༔ འདོད་ཡོན་བླ་གླུད་ཆང་བུ་འདི་ཁྱེར་ལ༔ བར་དོའི་སྐབས་འདིར་དགེ་བའི་ཆོས་བཤད་དང༔ ཐར་བའི་ལམ་ལ་བར་ཆད་མ་བྱེད་པར༔ བརྔན་སྦྱིན་ལོངས་ལ་གླིང་བཞིའི་ཕ་མཐར་དེངས༔ སརྦ་བྷུ་ཏ་བྷ་ལིང་ཏ་ཁ་ཧཱི༔ དེ་ནས་ཚེ་ལས་འདས་པ་དེས༔ འདྲེན་མཆོག་མི་ཡི་ཐུབ་པ་ལ༔ རྩེ་གཅིག་གསོལ་བ་འདེབས་པར་བསམ༔ ཉེ་དྲུང་བརྩེ་བས་རྗེས་ཟློས་བྱ༔ ཀྱཻ་མ་རྣམ་འདྲེན་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ༔ ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བ་འདེབས༔ ལས་ངན་བདག་འདྲ་ཁམས་གསུམ་འཁོར་བ་འདིར༔ སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཟོད་བརླག་མེད༔ འཆི་མེད་བདུད་རྩི་རྣམ་མཁྱེན་གོ་འཕང་གིས༔ ད་ལྟ་ཉིད་དུ་དབུགས་དབྱུང་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་འདེབས༔ རྣམ་མཁྱེན་སྟོན་པ་ཤཱཀ་ཐུབ་ཀྱིས༔ བརྩེ་བ་ཆེན་པོས་རབ་དགོངས་ནས༔ ལན་ལ་འདི་བཞིན་གསུང་བར་བསྒོམ༔ ཀྱཻ་མ་རྙེད་དཀའ་མི་ཡི་ལུས་ཐོབ་ཚེ༔ ཐར་བ་སྒྲུབ་པ་རང་ལ་རག་ལས་ཀྱང་༔ འབྲེལ་བའི་གཉེན་འདུན་བུ་དང་ཆུང་མར་ཆགས༔ མི་གཙང་སྒྱུ་མའི་ལུས་ལ་གཙང་བར་སེམས༔ མི་རྟག་སྒྱུ་མའི་ནོར་ལ་གསོག་འཇོག་བྱས༔ དེད་དཔོན་དམ་པ་དགེ་བའི་གྲོགས་པོ་དོར༔ ངན་སོང་གཏིང་རྡོ་སྡིག་པའི་གྲོགས་དང་འགྲོགས༔ རང་གིས་རང་ཕུང་བསམ་བརླག་སྙིང་རེ་རྗེ༔ གློ་བུར་འཆི་བས་བཅོམ་པ་ཡ་རེ་ཆ༔ ལས་ངན་བར་དོའི་སྣང་ཚུལ་ཞེ་རེ་འཇིགས༔ ཆ་མེད་གཤིན་རྗེའི་ཕོ་ཉ་ངོ་རེ་གནག༔ ངན་སོང་གསུམ་གྱི་སྡུག་བསྔལ་དོས་རེ་དྲག༔ མཐའ་མེད་འཁོར་བའི་རྒྱ་མཚོ་གཏིང་རེ་ཟབ༔ འདི་ལ་ཐར་ཐབས་དམ་པའི་ཆོས་མ་གཏོགས༔ བརྩེ་བའི་གཉེན་དང་བསགས་པའི་ནོར་རྫས་དང༔ མཛེས་པའི་གཟུགས་དང་འཕྱོར་པོའི་གོས་དང་རྒྱན༔ མཛངས་མའི་གཡོ་སྒྱུ་དཔའ་བའི་དཔུང་ལ་སོགས༔ ཚེ་འདིའི་བྱ་བས་རྡུལ་ཙམ་མི་ཕན་ན༔ བར་དོའི་སྐབས་འདིར་འཁྲུལ་སྣང་ཅི་ཤར་ཀྱང༔ ཐམས་ཅད་བདེན་མེད་སྒྱུ་མའི་དཔེ་བརྒྱད་སོམས༔ གཏན་གྱི་སྐྱབས་གནས་དཀོན་མཆོག་རྣམ་གསུམ་ལ༔ ཡིད་གཉིས་མེད་པར་གསོལ་བ་སྙིང་ནས་ཐོབ༔ སྔར་བྱས་སྡིག་རྣམས་འགྱོད་པས་བཤགས་སྦྱངས་དང༔ ཚེ་རབས་གཞན་དུ་མི་དགེའི་སྡིག་པའི་ལས༔ སྲོག་ལ་བབས་ཀྱང་མི་བགྱིད་དམ་བཅའ་ཟུངས༔ ཁྱད་པར་གསང་སྔགས་སྨིན་གྲོལ་ལམ་འདི་ལ༔ ཐེ་ཚོམ་མེད་པར་དབང་དང་གདམས་ཁྲིད་ཞུས༔ དེ་ནས་ངེས་པར་གྲོལ་འགྱུར་གདོན་མི་ཟ༔ ཅེས་གསུངས་དེ་ཡིས་དམིགས་ཡུལ་རྒྱུད༔ ངེས་འབྱུང་བློ་དང་ལྡན་པར་བསམ༔ མི་ཡི་ཐུབ་པའི་དབང་བསྐུར་དེ༔ ཧྲཱིཿ ངན་འགྲོ་མཐའ་མེད་འཁོར་བའི་གྲོང་ཁྱེར་ལས༔ སྒྲོལ་མཛད་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ ཀུན་གྱི་གཙོ་བོ་ལྷ་མིའི་སྟོན་པ་མཆོག༔ ཤཱཀྱ་ཐུབ་པ་གསེར་མདོག་ཚངས་སྤྱོད་ཚུལ༔ ཟག་མེད་ཁྲིམས་ལྡན་ལྷུང་བཟེད་མཁར་སིལ་བསྣམས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ གནས་ངན་མི་ཡི་སྐྱེ་སྒོ་ལས་ཐར་ནས༔ རྣམ་གྲོལ་གླིང་དུ་དོན་གཉིས་དཔལ་ཐོབ་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ ནྲྀ་པ་ར་མི་ཏ་ཁད་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དེ་ནས་ཁྲུས་ཀྱིས་སྦྱངས་བ་ནི༔ ཧྲཱིཿ ཡེ་ནས་རྣམ་དག་ཀུན་གཞིའི་མེ་ལོང་ངོགས༔ གློ་བུར་ལས་ཉོན་དྲི་མས་གོས་པ་རྣམས༔ དག་བྱེད་གཙང་ཆབ་ཕ་རོལ་ཕྱིན་དྲུག་ཆུས༔ དུག་ལྔ་སེར་སྣའི་བག་ཆགས་ཀུན་དག་ནས༔ སྤངས་རྟོགས་ཡོན་ཏན་གཟི་བརྗིད་ཕུན་ཚོགས་ཤོག༔ རྩ་སྔགས་ཤམ་དུ་ཡིག་བརྒྱ་དང༔ ཕྱག་སྟོང་འཕགས་པའི་གཟུངས་རིང་བརྗོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡཱ་ཤྲཱི་ཡེ་ཧཱུྃ༔ རྨ་བྱའི་སྒྲོ་ཡིས་བྱབ་བཞིན་དུ༔ ཨེ་མ་ཧོ༔ སྡུག་བསྔལ་ཀུན་གྱི་རྩ་བ་ལས་ཉོན་དང༔ ཁྱད་པར་འདོད་ཆགས་བདག་ཏུ་ལྟ་ལས་བྱུང༔ བདག་གཞན་གཉིས་བཟུང་ཞེ་སྡང་ཞེ་སྡང་དྲག་པོས་མནར༔ གཏི་མུག་མ་རིག་མུན་པའི་སྨག་ཏུ་ཚུད༔ ང་མེད་ངར་བཟུང་ང་རྒྱལ་རི་བོས་ནོན༔ ཀུན་ཏུ་འཆིང་བྱེད་སེར་སྣའི་སྒྲོག་གིས་བསྡམས༔ བདག་བསྟོད་གཞན་སྨོད་ཕྲག་ཏོག་ཟུག་རྔུས་གདུངས༔ དུག་གི་གོང་བུ་བྱིས་པ་སོ་སྐྱེས་རྣམས༔ དུག་ལྔས་མནར་བས་ངན་འགྲོའི་གཡང་སར་ལྷུང༔ ངོ་མཚར་རྨད་བྱུང་རྫོགས་པའི་སངས་རྒྱས་རྣམས༔ དུག་ལྔའི་ཉེས་པ་ཀུན་བྲལ་ཡོན་ཏན་ཚངས༔ ཞི་གྱུར་ཆོས་དང་དེ་བཞིན་འཕགས་པའི་སྡེ༔ ཉེས་པ་ཀུན་བྲལ་ཡོན་ཏན་ཀུན་དང་ལྡན༔ བདེན་སྟོབས་མངའ་བས་འཇིག་རྟེན་གསུམ་ལས་རྒྱལ༔ དེ་དག་རྣམས་ཀྱི་ཐུགས་རྗེ་ནུས་མཐུ་ཡིས༔ ཚེ་འདས་ཁྱོད་ལ་ནམ་ཡང་དུག་མེད་ཤོག༔ རྒྱལ་བའི་རྣམ་རོལ་རིགས་ལྔའི་སངས་རྒྱས་དང༔ རིགས་རྣམས་ཀུན་འདུས་འཕགས་མཆོག་ཐུགས་རྗེའི་ལྷ༔ མ་ལུས་འཁོར་དང་བཅས་པའི་ནུས་མཐུ་ཡིས༔ ཚེ་འདས་ཁྱོད་ཀྱི་སྒོ་གསུམ་དུག་བཅོམ་མོ༔ དེ་བཞིན་ཕྱི་རོལ་འབྱུང་བ་ཆེན་པོ་ལྔ༔ ནང་དུ་དུག་ལྔ་གཞན་དུ་ཕུང་པོ་ལྔ༔ ཕྱི་ནང་གཞན་གསུམ་དུག་གི་ནུས་པ་ཀུན༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་འཇོམས་གྱུར་ཅིག༔ ཅེས་བརྗོད་རྨ་བྱའི་སྒྲོ་ཡིས་བྱབ༔ དེ་ནས་བྱེ་མ་གཙང་མ་ནི༔ སྔགས་ཀྱིས་ངར་བཏབ་མིང་བྱང་བྲབ༔ ཧྲཱིཿ དུག་ལྔའི་དབང་གིས་ཚ་གྲང་བཀྲེས་སྐོམ་དང༔ རྨོངས་འཐིབས་བཀོལ་སྤྱོད་འཐབ་རྩོད་ལེ་ལོས་གཡེངས༔ རྐྱེ་རྒ་ན་འཆི་བྲེལ་ཕོང་སྡུག་བསྔལ་ཀུན༔ ལྷ་སྔགས་ཏིང་འཛིན་ནུས་པས་དབྱིངས་སུ་སྦྱངས༔ ཕྱིན་ཆད་འཁོར་བའི་གནས་ངན་ལས་ཐར་ནས༔ བདེ་ཆེན་ཞིང་དུ་མགོན་པོ་འོད་དཔག་མེད༔ སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས༔ སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ཡིས༔ བརྩེ་བའི་ཐུགས་རྗེས་ཚེ་འདས་རྗེས་བཟུང་ནས༔ ཕྱིར་མི་ལྡོག་པའི་ས་མཆོག་ཐོབ་པར་ཤོག༔ ༈ ཁྱོད་རང་གི་སྙིང་གར་མི་ཡི་ས་བོན་ནྲྀ་ཡིག་གི་རྣམ་པ་དེ་ཉིད་ཡེ་ཤེས་ལྔ་ལྡན་གྱི་སྒྲོ་ཡིས་བྱབ། ནུས་ལྡན་གྱི་བྱེ་མས་བྲབ་ཅིང་བསྲེག་གཏོར་སྦྱངས་ནས་མི་དམིགས་སྟོང་པ་ཉིད་ཀྱི་ངང་དུ་ཡལ་བར་བསམ། ཚེ་ལས་འདས་པའི་སྙིང་ཀ་རུ༔ ནྲྀ་ཡིག་དུག་གསུམ་འདུས་པའི་རྟེན༔ ཡེ་ཤེས་མེ་ཡིས་བསྲེགས་ཤིང་སྦྱང༔ དོན་གྱི་ཀུན་གཞི་ཆོས་སྐུའི་ཀློང༔ རྣམ་པར་གྲོལ་བའི་མཐུ་ལྡན་བསམ༔ ས་མ་ཡཱ༔ དེ་ཡན་རིགས་དྲུག་གནས་འདྲེན་དབང༔ དངོས་གཞིའི་སྣོད་རུང་བསྒྲུབ་པའོ༔ དངོས་གཞི་སྐུ་གསུང་ཐུགས་ཀྱི་དབང༔ ཤིན་ཏུ་བསྡུས་པའི་ལུགས་སུ་བསྐུར༔ ཐོག་མར་ཚེ་འདས་དེ་ཉིད་ཀྱི༔ མདུན་མཁར་འཕགས་པ་གཙོ་འཁོར་སོགས༔ སྐྱབས་ཡུལ་མ་ལུས་གསལ་གདབ་ལ༔ རྒྱུན་གྱི་ཚོགས་བསགས་འདི་བཞིན་བྱ༔ ཚེ་འདས་རྗེས་ཟློས་བྱེད་པར་དམིགས༔ ཨེ་མ་ཧོ༔ དཀོན་མཆོག་ཀུན་འདུས་འཕགས་པ་སྤྱན་རས་གཟིགས༔ བདག་ནི་ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ ཁྱེད་ལ་སྙིང་ནས་གུས་པས་སྐྱབས་སུ་མཆི༔ འགྲོ་ཀུན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད༔ ལུས་དང་ལོངས་སྤྱོད་མ་ལུས་མཆོད་པར་འབུལ༔ གུས་པས་ཕྱག་འཚལ་སྡིག་ཀུན་བཤགས་ཤིང་སྡོམ༔ འཁོར་འདས་དགེ་ལ་ཡི་རང་འགྲོ་དོན་དུ༔ ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར༔ རྒྱལ་རྣམས་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་དེས་འཕགས་མཆོག་གོ་འཕང་ཐོབ་ཕྱིར་བསྔོ༔ ཅེས་པས་ཚོགས་བསགས་སྔོན་སོང་ནས༔ ཁྱད་པར་དབང་གི་སྣོད་མཆོག་ཏུ༔ འགྱུར་ཕྱིར་སྡོམ་བཟུང་འདི་བཞིན་བྱ༔ ཚེ་འདས་གསོལ་བ་བཏབ་པར་བསམ༔ ཉེ་དྲུང་བརྩེ་བས་རྗེས་ཟློས་བྱ༔ ཧོ༔ བླ་མ་འཕགས་པ་འཁོར་བཅས་སྤྱན་སྔ་རུ༔ གཞན་གནོད་སྤོངས་ལ་གཞན་ཕན་མཐའ་དག་སྒྲུབ༔ འཁོར་འདས་བདེ་གཤེགས་སྙིང་པོ་རོ་གཅིག་པས༔ ཐམས་ཅད་དག་མཉམ་ཡེ་ཤེས་ངང་དུ་སྦྱངས༔ ཕྱི་ནང་གསང་བའི་དམ་ཚིག་སྡོམ་པ་ཀུན༔ མི་འདའ་རྡོ་རྗེའི་སེམས་སུ་བསྒྲུབ་པར་བགྱི༔ མིང་བྱང་མིག་དར་དམར་པོས་དགབ༔ ལྷ་དང་མཇལ་རྟེན་མེ་ཏོག་གཏད༔ སྒོ་གསུམ་ལྕགས་ཁམས་ལྷ་སྔགས་སུ༔ གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན༔ ཡེ་ཤེས་བྱིན་འབེབས་འདི་བཞིན་བྱ༔ མིང་བྱང་སྭ་བྷ་ཝ་ཡིས་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ༔ པད་ཟླའི་གདན་ལ་ཚེ་ལས་འདས་པ་ཉིད༔ ཐུགས་རྗེ་ཆེན་པོ་དཀར་གསལ་གངས་རིའི་མདོག༔ ཞལ་གཅིག་ཕྱག་བཞི་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཐལ་སྦྱར་པད་ཕྲེང་འཛིན་ཅིང་སྐྱིལ་ཀྲུང་བཞུགས༔ གནས་གསུམ་ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་མཚན༔ ཧ་ཁོག་ནང་དུ་ཐུགས་སྲོག་ཧྲཱིཿདཀར་པོ༔ ཟླ་འོད་ལྟར་འཚེར་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྐུ་གསུམ་ཞིང་གི་རྒྱལ་བ་རྒྱ་མཚོའི་ཚོགས༔ ཐུགས་རྗེ་ཆེན་པོའི་སྐུ་ཡིག་ཕྱག་མཚན་དང༔ འོད་ལྔའི་རྣམ་པས་དམ་ཚིག་པ་ལ་བསྟིམ༔ སྤོས་རོལ་དབྱངས་བཅས་འདི་སྐད་དོ༔ ཧྲཱིཿ བདེ་ལྡན་ཞིང་གི་མགོན་པོ་འོད་དཔག་མེད༔ གྲུ་འཛིན་སྤོ་ནས་འཕགས་མཆོག་པད་དཀར་འཆང༔ དཔལ་རིའི་རྒྱན་གཅིག་རིག་འཛིན་པདྨ་འབྱུང༔ རྡུལ་སྙེད་ཞིང་གི་རྒྱལ་བ་སྲས་དང་བཅས༔ བརྩེ་ཆེན་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་པའི་མཐུས༔ ཚེ་འདས་སྒོ་གསུམ་རྟེན་ལ་དབབ་ཏུ་གསོལ༔ གང་དུ་སྡོད་གནས་འཕགས་པའི་ཞིང་ཁམས་དང༔ སྣང་ཚད་ཐུགས་རྗེ་ཆེན་པོའི་སྐུ་རུ་གྱུར༔ སྒྲ་གྲགས་ཡི་གེ་དྲུག་པའི་རང་སྒྲ་དང༔ དྲན་རྟོག་ཅི་ཤར་སྟོང་ཉིད་སྙིང་རྗེའི་ངང༔ སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ རྩ་སྔགས་ཡི་གེ་བཅུ་པའི་མཐར༔ ཛྙཱ་ན་བཛྲ་ཨཱ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཇི་སྲིད་བྱང་ཆུབ་སྙིང་པོའི་བར༔ ཡེ་ཤེས་ལྷ་དེ་བརྟན་པར་བསམ༔ ཏིཥྛ་བཛྲ༔ ཞེས་ཀྱང་བརྗོད༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ༔ མེ་ཏོག་དོར་བ་འདི་བཞིན་བྱ༔ ཧོ༔ ཁ་ཏོག་ལྔ་ལྡན་ཡིད་འོང་མེ་ཏོག་འདི༔ དཀྱིལ་འཁོར་ལྷག་པའི་ལྷ་ལ་འབུལ་ལགས་ན༔ སྐུ་གསུང་ཐུགས་ཀྱི་རིགས་མཆོག་གང་ཡིན་པ༔ བདག་གི་ཡི་དམ་ལྷ་ལ་འབབ་པར་ཤོག༔ བཛྲ་པུཥྤེ་པྲ་ཏི་ཛ་ཧོ༔ རིགས་ཀྱི་མིང་བཏགས་ཅོད་པཎ་བསྩལ༔ གསེར་གྱི་ཐུར་མས་མིག་དར་བསལ༔ ཧོ༔ རང་བྱུང་རིག་པ་བདེ་གཤེགས་སྙིང་པོའི་ཞལ༔ འཕགས་མཆོག་ཐུགས་རྗེའི་ལྷ་དང་དབྱེར་མེད་ཀྱང༔ གློ་བུར་འཁྲུལ་བའི་ལིང་ཏོག་གིས་ལྡོང་པས༔ ཇི་བཞིན་མ་མཇལ་རབ་རིབ་གཉིས་འཛིན་སྐྱོན༔ གདམས་ངག་གསེར་གྱི་ཐུར་མས་བསལ་བར་བྱ༔ རང་གནས་ཡེ་ཤེས་ཆོས་སྐུའི་ཞལ་མཐོང་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་མཐོང་བ་བསྟན་པ་ནི༔ བླ་མས་ངོ་སྤྲོད་འདི་བཞིན་བྱ༔ ཨེ་མ་ཧོ༔ ལེགས་པར་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཕྱི་ལྟར་གཟུགས་བརྙན་རྣམ་དག་ལྷ་ཡི་དལ༔ ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ཡི་དམ་དཀྱིལ་འཁོར་ལྷ་དང་གཉིས་སུ་མེད༔ གསང་བ་རང་གི་སེམས་ཉིད་སྟོང་པའི་གཤིས༔ སྐྱེ་བ་མེད་པ་སངས་རྒྱས་ཆོས་ཀྱི་སྐུ༔ རང་བཞིན་རྩལ་སྣང་འགགས་མེད་ལོངས་སྤྱོད་རྫོགས༔ སྣ་ཚོགས་ཅིར་ཡང་འཆར་བ་སྤྲུལ་བའི་གར༔ ཡིད་བཞིན་ནོར་དང་དཔག་བསམ་ལྗོན་ཤིང་ལྟར༔ འཁོར་འདས་ཀུན་གྱི་དགོས་འདོད་འདི་ལས་འབྱུང༔ ལྟོས་ཤིག་རང་གི་སེམས་ཉིད་ཡི་དམ་ལྷ༔ རང་ཞལ་མཇལ་བའི་ངང་དུ་མཉམ་པར་ཞོག༔ ཨ་ཨ་ཨ༔ དེ་ནས་སྐུ་ཡི་དབང་བསྐུར་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ ཧྲཱིཿ བུམ་པའི་རང་བཞིན་ཡེ་ནས་གཞལ་ཡས་ཁང༔ ནང་བཅུད་འཕགས་པའི་སྐུ་དང་གཉིས་སུ་མེད༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་སྒྲིབ་དག་ནས་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་བསྩལ་ཞིང་ཤིས་པ་བརྗོད༔ ཡིག་དྲུག་སྔགས་བྱང་མགྲིན་པར་བཞག༔ ཧྲཱིཿ ཕྱོགས་བཅུའི་ཞིང་གི་སྲས་བཅས་རྒྱལ་ཀུན་གྱི༔ གསུང་གི་དབྱིག་ཀུན་ཡི་གེ་དྲུག་པར་འདུས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ངག་སྒྲིབ་དག་ནས་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར་ཝཀྐ་ཨ་བྷི་ཥིཉྩ་ཨཱ༔ ཐུགས་རྟེན་མན་ཤེལ་སྙིང་ཁར་བཞག༔ ཧྲཱིཿ སེམས་ཀྱི་རང་བཞིན་ངོ་བོ་ཀ་ནས་དག༔ རྩལ་སྣང་འགགས་མེད་ཡེ་ཤེས་ལྔ་རུ་འཆར༔ མཚོན་བྱེད་རྟེན་འབྲེལ་རྫས་མཆོག་མན་ཤེལ་འདིས༔ ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྟག་ཆད་གཉིས་འཛིན་ཡིད་ཀྱི་སྒྲིབ་པ་དག༔ སྟོང་གསལ་འཕགས་པའི་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཡི་གེ་དྲུག་པའི་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་ལྷ་དབང་ཡོངས་རྫོགས་བསྐུར༔ ཤིས་བརྗོད་དམ་ཚིག་ཁས་བླངས་དང༔ དགེ་བསྔོ་གསང་སྔགས་སྤྱི་དང་མཐུན༔ ས་མ་ཡཱ༔

གཤིན་པོ་ཐར་བའི་ལམ་བགྲོད་པའི་ལམ་གྱི་རྒྱགས་ཕྱེ་ཟག་མེད་གཏེར་གྱི་བུམ་པ།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ གཤིན་པོ་ཐར་བའི་ལམ་བགྲོད་པའི༔ ལམ་གྱི་རྒྱགས་ཕྱེ་ནམ་མཁའ་མཛོད༔ ཟག་མེད་གཏེར་གྱི་བུམ་པ་བཞུགས༔ འཇིག་རྟེན་འདི་ཡི་བཟའ་བཏུང་རིགས༔ གང་ཡང་མ་ཚང་མེད་པ་བཤམས༔ འབྱོར་བ་དབུལ་ན་གང་ཡོད་ཀྱི༔ དམིགས་རྟེན་དངོས་རྫས་ཉི་ཚེས་རུང་༔ རང་ཉིད་ལྷ་ཡི་ཏིང་འཛིན་གྱིས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ སྙན་པའི་དབྱངས་ཀྱིས་འདི་བཞིན་བརྗོད༔ ཀྱཻ་གསོན་ཅིག་དགོངས་ཤིག་ཚེ་འདས་རིགས་ཀྱི་བུ༔ ཤུལ་དུ་མཆིས་པའི་ཉེ་དུ་བརྩེ་བ་ཡི༔ གདུང་སེམས་ཆེ་ཡང་འབྲལ་མི་ཕོད་པའི་ངང༔ ཟས་དང་གོས་དང་ནོར་རྫས་ལ་སོགས་ཀུན༔ བྱིན་ཡང་ཁྱོད་ལ་ཕན་པའི་སྐལ་བ་བྲལ༔ ལོངས་སྤྱོད་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ གང་ལ་ཆགས་ཀྱང་སྤྱོད་པའི་རང་དབང་མེད༔ དེ་ཕྱིར་ལྷ་སྔགས་ཏིང་འཛིན་ནུས་པའི་མཐུས༔ དམིགས་ཡུལ་ཁྱོད་ལ་རྩེ་གཅིག་སེམས་ཀྱིས་བསྔོ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་མཐུ་ཆེ་བས༔ བར་དོའི་ཡིད་ལུས་གཏད་མེད་འཁྱམས་པ་ལ༔ སྡོད་པའི་གནས་ཁང་གཞལ་ཡས་ཁང་དུ་བསྔོ༔ བཟའ་བའི་ཟས་ཀུན་ལྷ་ཡི་ཞལ་ཟས་དང༔ བཀྲེས་སྐོམ་ཚ་གྲང་སེལ་བའི་བདུད་རྩིར་བསྔོ༔ ཡོ་བྱད་རྐང་འགྲོས་ལོངས་སྤྱོད་ཐམས་ཅད་ཀུན༔ ཟད་མེད་ནམ་མཁའ་མཛོད་ཀྱི་དཔལ་དུ་བསྔོ༔ དེ་ལྟར་བསྔོས་པས་ཚེ་འདས་ཁྱོད་ཉིད་ཀྱི༔ སྲིད་པ་བར་དོར་བཀྲེས་སྐོམ་ཚ་གྲང་དང༔ སྡུག་བསྔལ་མ་ལུས་གང་དང་ཅི་བྱུང་ཡང༔ ཐམས་ཅད་བདེ་སྐྱིད་སྣང་བར་འཆར་བར་ཤོག༔ སེམས་ཀྱི་འཁྲུལ་སྣང་འཇིག་སྐྲག་ཅི་ཤར་ཡང༔ ཐམས་ཅད་ལྷ་དང་བླ་མའི་སྣང་བར་གྱུར༔ འཁོར་བའི་གནས་འདིར་ཞེན་པ་དང་བྲལ་ཏེ༔ བདེ་ཆེན་ཞིང་དུ་གཏན་སྲིད་ཟིན་པར་ཤོག༔ དེ་ནས་ཟས་སྐོམ་གསུར་དུད་གཏོང༔ གང་ཟག་དབང་པོའི་རིམ་པ་བཞིན༔ ཕན་པར་འགྱུར་བ་གདོན་མི་ཟ༔ གསང་སྔགས་ཐབས་ཀྱི་ཆེ་བ་ལ༔ ལོག་པར་རྟོག་པ་ངན་འགྲོའི་རྒྱུ༔ དེ་ཕྱིར་ཡིད་གཉིས་ཐེ་ཚོམ་སྤོངས༔ ཕུང་པོ་ཡོན་དུ་འབུལ་བ་ནི༔ ཨེ་མ་ཧོ༔ ཚེ་ལས་འདས་པའི་མ་དག་ཕུང་པོ་ལྔ༔ རིགས་ལྔ་རྒྱལ་བའི་ཚོགས་ལ་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་རིགས་ལྔའི་ཞིང་ཁམས་སུ༔ ལམ་སྟོན་གནས་སྤོར་དབུགས་དབྱུང་མཛད་དུ་གསོལ༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ༔ ཚེ་འདས་མ་དག་སྒོ་གསུམ་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་སྐུ་གསུམ་ཞིང་ཁམས་སུ༔ འདྲེན་པའི་དེད་དཔོན་བཤེས་གཉེན་མཛད་དུ་གསོལ༔ བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ༔ ཚེ་འདས་རྣམ་ཤེས་ཚོགས་བརྒྱད་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་བདེ་ཆེན་ཞིང་ཁམས་སུ༔ ལམ་སྟོན་གནས་སྤོར་དབུགས་དབྱུང་མཛད་དུ་གསོལ༔ འདྲེན་པའི་བླ་མ་འོད་དཔག་མེད་པ་ལ༔ ཚེ་འདས་ལུས་དང་ལོངས་སྤྱོད་ཡོན་དུ་འབུལ༔ ཡོན་དུ་བཞེས་ལ་པདྨ་བཀོད་ཞིང་དུ༔ གདམས་ངག་ཆོས་བསྟན་ས་བཅུའི་རྒྱུན་མཐའ་དེར༔ འོད་ཟེར་ཆེན་པོའི་དབང་བསྐུར་མཆོག་བསྩལ་ནས༔ ཉིད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར༔ དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ༔ དེ་ནས་ལམ་སྟོན་གནས་སྤར་ནི༔ སྙན་པའི་དབྱངས་ཀྱིས་འདི་བཞིན་བརྗོད༔ ཨེ་མ་ཧོ༔ ལེགས་པར་གསོན་ཅིག་ཚེ་འདས་རིགས་ཀྱི་བུ༔ སྲིད་པའི་རྩེ་ནས་ན་རཀ་དམྱལ་བ་ཡན༔ འཁོར་བའི་གནས་རིས་མཆོག་དམན་གར་སྐྱེས་ཀྱང༔ སྡུག་བསྔལ་གསུམ་གྱི་རང་བཞིན་མ་གཏོགས་པ༔ གཏན་གྱི་བདེ་བ་ཅུང་ཟད་ཙམ་ཡང་མེད༔ དེ་ཕྱིར་འཁོར་བའི་གནས་འདིར་ཞེན་པ་སྤོངས༔ ཞིང་ཁམས་འདི་ནས་ནུབ་ཀྱི་ཕྱོགས་རོལ་ན༔ འཆི་མེད་རྔ་སྒྲའི་ཞིང་ཁམས་ཞེས་བྱ་ཡོད༔ ཞིང་ཁམས་དེ་རུ་ལྷ་མིའི་སྟོན་པ་ནི༔ འདྲེན་པའི་གཙོ་བོ་འོད་དཔག་མེད་མགོན་བཞུགས༔ རྒྱལ་སྲས་ཐུ་བོ་སྤྱན་རས་གཟིགས་དབང་དང༔ མཐུ་ཆེན་ཐོབ་དང་རྗེ་བཙུན་འཇམ་པའི་དབྱངས༔ གཞན་ཡང་བདེ་གཤེགས་མཆེད་བརྒྱད་ཉན་རང་དང༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ ཞིང་ཁམས་དེ་ཉིད་ཡིད་ཀྱི་འདུན་པས་ཟུངས༔ མ་ཡེངས་མི་བརྗེད་རྩེ་གཅིག་དྲན་པའི་ངང༔ ཁྱོད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿདཀར་པོ༔ མིང་བྱང་རྟེན་ལས་དཔག་ཆེན་མདའ་བཞིན་དུ༔ ཤར་གྱིས་ཐོན་ཏེ་རྒྱངས་གྱིས་མཁའ་ལ་སོང༔ འོད་དཔག་མེད་ཀྱི་ཐུགས་དང་དབྱེར་མེད་འདྲེས༔ སླར་ལ་ལྡོག་མེད་སྐུ་ལྔས་རྒྱས་གདབ་བོ༔ དམིགས་པ་སྲང་ལ་རབ་གཞུར་ནས༔ ཡི་གེ་ཧྲཱིཿཡིག་ལྔ་ཚར་བརྗོད༔ མཐར་ནི་ཕཊ་སྒྲ་ལན་གསུམ་གྱིས༔ དབྱིངས་སུ་བསྐྱལ་བ་མན་ངག་གོ༔ མིང་བྱང་བག་ཆགས་ཀུན་གཞིའི་རྟེན༔ མེ་ལ་བསྲེགས་ཤིང་འདི་སྐད་དོ༔ ཧོ༔ དམིགས་ཡུལ་ཚེ་ལས་འདས་པ་དེ་ཉིད་ཀྱི༔ གློ་བུར་བག་ཆགས་སྣ་ཚོགས་བསགས་པའི་རྟེན༔ ཀུན་གཞིའི་རྣམ་ཤེས་ལས་ཉོན་སྒོ་ལྔར་བཅས༔ སྐྱེ་འགགས་བྲལ་བའི་ཡེ་ཤེས་མེ་ལ་བསྲེག༔ ཡེ་ཐོག་གདོད་མའི་གྲོལ་གཞི་མངོན་གྱུར་ཏེ༔ མཐའ་ཡས་འགྲོ་བའི་དཔལ་དུ་གཟུགས་ཀྱི་སྐུ༔ འགགས་མེད་ཆུ་ཟླའི་རོལ་གར་ཇི་བཞིན་དུ༔ འཁོར་བ་མ་སྟོང་བར་དུ་འབྱུང་བར་ཤོག༔ ཅེས་བརྗོད་མིང་བྱང་མེ་ལ་བསྲེགས༔ དམིགས་མེད་ངང་དུ་མཉམ་པར་བཞག༔ སྤྱོད་ལམ་ལྷ་སྔགས་ཏིང་འཛིན་ངང་༔ དུས་རྣམས་ཀུན་ཏུ་དོན་ཡོད་བྱ༔ ཨེ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ་ལས༔ མ་ཚང་ཁ་སྐོང་གདམས་པའི་གནད༔ གཤིན་ཆོག་ཐར་ལམ་ཐེམ་སྐས་འདི༔ ལྷ་དང་བླ་མའི་བྱིན་རླབས་མཐུས༔ དུས་བབ་ངན་འགྲོར་འཁྱམས་པ་ཡི༔ གཟུགས་ཅན་གཟུགས་མེད་འགྲོ་བ་ལ༔ སེམས་བསྐྱེད་ལྡན་པས་སྤེལ་ནུས་ན༔ འཕྲང་རིང་བར་དོའི་སྡུག་བསྔལ་དང༔ རིགས་དྲུག་བཟོད་དཀའི་གཡང་ས་ལས༔ ཐར་བར་འགྱུར་བ་གདོན་མི་ཟ༔ སྔོན་དུས་སྨོན་ལམ་དག་པའི་མཐུས༔ པདྨའི་བྱིན་རླབས་དབང་བསྐུར་ཐོབ༔ དག་སྣང་ཟབ་མོའི་གཏེར་ཁ་ཕྱེ༔ སྐལ་བ་ལྡན་པའི་སྤྱོད་ཡུལ་ལས༔ སྐལ་མེད་ལོག་ལྟ་ཅན་ལ་གསང༔ བཀའ་ཡི་སྲུང་མ་དུད་སོལ་མས༔ རྟག་ཏུ་མེལ་ཚེ་བྱ་ར་གྱིས༔ རྟོག་གེ་ཅན་གྱིས་བཅོས་བསླད་དང༔ ཟུར་ཟའི་གཤེ་སྐུར་འདེབས་པ་རྣམས༔ སོས་དལ་ངང་དུ་ཅི་བདེར་སྡོད༔ རང་སེམས་དག་པའི་དཔང་པོ་ཡོད༔ བསླུས་ན་ལྷ་དང་བླ་མ་ཞན༔ དེ་ཕྱིར་གུས་པས་དང་དུ་ལོངས༔ གུ་ཧྱ༔

ལོ་ཆེན་སྨྱུང་གནས་ཆོ་གའི་ཟིན་བསྡུས་དང་སྨྱུང་གནས་ཆོ་གའི་སྡོམ།

༄༅། ལོ་ཆེན་སྨྱུང་གནས་ཆོ་གའི་འདོན་སྲོལ་མང་ཡང་། ནང་སྔ་བར་གནས་ཁང་ཕྱགས་དར་དང་མཆོད་བཤམས་སོགས་ལེགས་པར་བགྱིས་ནས། སྐྱབས་སེམས་དང་སྡེ་བརྒྱད་ལ་དཀར་གཏོར་བསྔོ། དེ་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ལན་བདུན་དང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་བརྗོད་བཞིན་ཡན་ལག་ལྔ་ཁྲུས་བྱ། དེ་ནས་ཡན་ལག་བདུན་པ་དང་མཎྚལ་རྒྱས་པ་ཕུལ་ལ་གསོ་སྦྱོང་བླང་ནས་ཇ་གསོལ། དེ་ནས་ཆོ་ག་རྒྱས་པ་ཚར་གཅིག་གསུངས་ནས་ཉི་དྲོས་ཀྱི་ཇ་གསོལ། དེ་ནས་སྐྱབས་སེམས་ནས་བཟུང་ཆོ་ག་ཚར་གཅིག་གསུངས་ནས་གུང་ཚིགས་གསོལ། དེ་ནས་ཆོ་ག་ཚར་གཅིག་དང་རང་ལུགས་ཀྱི་གསོལ་ཁའི་རྗེས། བཀྲ་ཤིས་ཚར་ནས་མཆོད་པ་གཤེགས། ནུབ་ཇ་གསོལ། ནུབ་མོ་གཉིད་ཕན་ཆད་སྨྲ་བཅད་བྱ། ཕྱི་ནང་སྔར་ལྟར་མཆོད་བཤམས་སོགས་དང་སྨྲ་བཅད་ཟས་སྐོམ་སྤང་བར་བྱ་བ་གལ་ཆེ་འོ། དེའི་ཕྱི་ཉིན་སྐྱ་རེངས་དང་པོ་ཤར་ནས་སྐྱབས་སེམས་ལྟུང་བཤགས་ཚར་གསུམ། རང་ཉིད་སྐད་ཅིག་གིས་སོགས། མ་ཎི་སུམ་བརྒྱ་ཙམ། གཟུངས་ཚར་ཉེར་གཅིག པོ་བསྟོད་ཚར་གསུམ། ཁྲུས་དང་བུམ་ཆུ་བཏུང་། རྒྱ་སྤྲུལ་གྱིས་བྲིས་པའོ།། ༧ སྨྱུང་གནས་ཆོ་གའི་སྡོམ་ནི། ཐོག་མར་ཁྲུས་བྱ་གསོ་སྦྱོང་ལེན། །ཚོགས་ཞིང་སྤྱན་དྲངས་ཕྱག་སོགས་བྱ། །སྡིག་བཤགས་ཚུལ་ཁྲིམས་རྣམ་དག་འདོན། །འདི་ལྔ་སྦྱོར་བའི་ཆོས་ལྔ་ཡིན། །བདག་བསྐྱེད་བསྒོམ་ཞིང་སྙིང་པོ་བཟླ། །མདུན་བསྐྱེད་བསྒྲུབ་ཏེ་གཟུངས་རིང་འདོན། །མཆོད་བསྟོད་བྱ་ཞིང་གཏོར་མ་འབུལ། །འདི་རྣམས་དངོས་གཞིའི་ཆོས་དྲུག་ཡིན། །བསྔོ་བ་བཟོད་གསོལ་ཁྲུས་གཉིས་བྱ། །བརྟན་བཞུགས་གཤེགས་གསོལ་སྐབས་དང་བསྟུན། །བྱ་བ་གྲུབ་ནས་དཀྱིལ་འཁོར་བསྡུ། །འདི་འདྲ་རྗེས་ཀྱི་བྱ་བ་ཡིན། །ཞེས་པ་ལྟར་དོན་གྱིས་བཅུ་དྲུག་གོ། །བསྡུ་ན་གསུམ། སྦྱོར་བའི་ཆོ་ག དངོས་གཞིའི་ཆོ་ག མཇུག་གི་ཆོ་ག་དང་གསུམ་མོ།།

ཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ།

༄༅། ཡིག་དྲུག་སྐུལ་འདེབས་དད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།། ཁམས་གསུམ་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །འགྲོ་རྣམས་བསྒྲལ་ནས་རྣམ་མཁྱེན་སར་འགོད་ཕྱིར། །དཀོན་མཆོག་གསུམ་གྱི་རང་བཞིན་སྤྱན་རས་གཟིགས། །མི་འབྲལ་གུས་པའི་ཡིད་ཀྱིས་སྐྱབས་སུ་མཆི། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་རབས་དྲིན་གྱིས་བསྐྱངས་བའི་མར་གྱུར་འགྲོ། །འཁྲུལ་སྣང་རྨི་ལམ་ལྟ་བུའི་རིགས་དྲུག་པོའི། །ལས་སྣང་སོ་སོར་སྣང་བ་འཕགས་མཆོག་གི། །གསང་གསུམ་ངོ་བོར་དག་ཕྱིར་སེམས་བསྐྱེད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གདོད་ནས་དག་པ་སེམས་ཉིད་དབང་ཆེན་གཞི། །བྱང་ཆུབ་སྨོན་འཇུག་ཚད་མེད་རྣམ་པ་བཞིའི། །རི་རབ་གླིང་བཞི་ཉི་ཟླའི་ཚོམ་བུར་བཅས། །སྐྱབས་ཀུན་འདུས་པ་ཐུགས་རྗེའི་ལྷ་ལ་འབུལ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐུ་ནི་འཕགས་ཚོགས་ཀུན་འདུས་དགེ་འདུན་སྡེ། །གསུང་མཆོག་ཟབ་དང་རྒྱ་ཆེ་དམ་པའི་ཆོས། །གང་ཐུགས་རྣམ་མཁྱེན་ཡང་དག་རྫོགས་སངས་རྒྱས། །འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་མཆོག་གིས། །རང་གཞན་རྒྱུད་གྲོལ་རྩ་རྒྱུད་བླ་མ་དང་། །ཡི་དམ་ལྷ་མཆོག་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཀུན་འདུས་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ལྟར་གསོལ་བཏབ་ནུས་པས་བདག་སོགས་འགྲོའི། །ཐ་མལ་འཁྲུལ་སྣང་སྒོ་གསུམ་ཉེས་པའི་སྤྲིན། །ཡོངས་གྲུབ་འཕགས་པའི་གསང་གསུམ་མཁའ་དབྱིངས་སུ། །རྣམ་པར་གྲོལ་ཕྱིར་གསུང་མཆོག་འཛབ་དབྱངས་སྒྲོགས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༈ ལེགས་པར་གསོན་དང་སྐལ་བཟང་སྐྱེ་བོའི་ཚོགས། །འཁོར་བའི་སྡུག་བསྔལ་རྟག་པར་འཛིན་ལས་བྱུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐར་བའི་ཡོན་ཏན་མི་རྟག་བསྒོམ་ལས་བྱུང་། །རྟག་པའི་བློ་སྣ་སྟུངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐྱེས་པའི་སྒྱུ་ལུས་ལྷ་ཡི་བུ་འདྲ་ཡང་། །མི་གཙང་རང་བཞིན་ཤུལ་དུ་བསྐྱུར་ནས་འགྲོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཆི་མེད་གདོད་མའི་བཙན་ས་འཛིན་འདོད་ན། །རྟག་འཛིན་བློ་སྣ་སྟུངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བསགས་པའི་ནོར་རྫས་རྨི་ལམ་ལོངས་སྤྱོད་བཞིན། །ཅི་ཙམ་འབྱོར་ཡང་འཆི་ཚེ་ཤུལ་དུ་ལུས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕན་ངེས་འཕགས་པའི་ནོར་གྱིས་ཕྱུག་འདོད་ན། །བསགས་བསྲུང་སྡུག་བསྔལ་སྤོངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཛའ་བཤེས་གཉེན་འདུན་མང་པོས་མཐའ་བསྐོར་ཡང་། །གྲོགས་མེད་གཅིག་པུར་རང་ཉིད་འཆི་བར་ངེས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཏན་གྲོགས་འཕགས་པའི་གྲོགས་དང་འགྲོགས་འདོད་ན། །བསླབ་གསུམ་དང་དུ་ལོངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདོད་པའི་ལོངས་སྤྱོད་ཆུ་ཡི་ལྦུ་བ་ལྟར། །ཅི་ཙམ་སྤྱད་ཀྱང་སྙིང་པོ་འགའ་མེད་པས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཡུལ་ལྔའི་བདེ་བ་དུག་ཅན་ཟས་བཞིན་དུ། །སྤྲོ་དགའི་ཞེན་པ་སྤོངས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཁོར་བ་མཐོ་དམན་གང་དུ་སྐྱེས་གྱུར་ཀྱང་། །མེ་ཡི་འོབས་ལྟར་བདེ་བའི་གོ་སྐབས་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞི་བདེ་བསིལ་བ་ཐར་བའི་གྲོང་མཆོག་ཏུ། །འཇུག་ཐབས་མཆོག་གྱུར་སྙིང་པོ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཟབ་རྒྱས་ཆོས་ཀུན་གཅིག་བསྡུས་ཡི་གེ་དྲུག །དུས་གསུམ་རྒྱལ་བའི་གཤེགས་ཤུལ་རྨད་དུ་བྱུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འདི་ཉིད་ཁོ་ནར་ཡིད་ཆེས་གདེངས་རྙེད་པས། །ལྟ་སྒོམ་སྤྱོད་གསུམ་ལྡན་པས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྐྱབས་ཀུན་འདུས་ཞལ་འཕགས་མཆོག་དགོངས་སུ་གསོལ། །བདག་ཅག་རྣམས་ཀྱི་དུས་གསུམ་དགེ་བའི་ཚོགས། །དུས་གསུམ་ཀུན་ཏུ་བགྱིས་དང་བགྱིད་འགྱུར་ཀུན། །འགྲོ་ཀུན་རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམིགས་པ་དང་བཅས་དགེ་རྩ་ཅི་བསགས་ཀྱང་། །ཟག་བཅས་འཁོར་བའི་རྒྱུ་ལས་མ་འདས་པས། །སྟོང་ཉིད་སྙིང་རྗེ་ཟབ་མོས་རྣམ་དཀར་ཀུན། །མི་གནས་མྱ་ངན་འདས་པའི་རྒྱུ་རུ་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་དམ་པའི་མཛད་ཕྲིན་ཆོས་བཞིན་འགྲུབ། །སྦྱིན་བདག་འཁོར་བཅས་ཚེ་རིང་ནད་མེད་ཅིང་། །མཐར་ཐུག་སངས་རྒྱས་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དམིགས་ཡུལ་འདིས་མཚོན་དུས་གསུམ་འབྲེལ་ཐོག་ཀུན། །མགོན་པོ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས། །སྲིད་པའི་འཇིགས་བྲལ་ཞི་བའི་ཕ་མཐར་སོན། །ས་བཅུ་ལམ་ལྔའི་དཔལ་ཡོན་མཐར་ཕྱིན་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐེག་གསུམ་དམ་པའི་ཆོས་ལ་ཞུགས་པའི་མཐུས། །སྒོ་གསུམ་ཐ་མལ་སྐྱོན་ལས་རབ་གྲོལ་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་འགྲུབ་ཕྱིར། །གསུང་མཆོག་ཡིག་དྲུག་ལན་གསུམ་གསུང་བར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྨད་བྱུང་ཐོས་བསམ་འབྲས་བུས་རྒྱུད་གྲོལ་ནས། །དམ་པའི་ཡོན་ཏན་མ་ལུས་མཐར་ཕྱིན་པའི། །ལྷ་གྲོགས་དམ་པ་ཟུང་གིས་བསྐུལ་བའི་ངོར། །ཆོས་གཟུགས་སྤྲུལ་མིང་འཛིན་པས་སྨྲས་པ་དགེ།། བཀྲ་ཤིས། དགེའོ།།

ཡིག་དྲུག་བསྐུལ་འདེབས་ཐར་པའི་ལམ་སྟོན།

༄༅། ཡིག་དྲུག་བསྐུལ་འདེབས་ཐར་པའི་ལམ་སྟོན་བཞུགས་སོ།། སྐྱབས་གནས་ཀུན་འདུས་སྤྱན་རས་གཟིགས་དབང་ལ། །བདག་ཅག་སྒོ་གསུམ་གུས་པས་སྐྱབས་སུ་མཆི། །ཁམས་གསུམ་སེམས་ཅན་སངས་རྒྱས་ཐོབ་བྱའི་ཕྱིར། །འཕགས་པའི་སྒོམ་བཟླས་ཡང་དག་བསྒྲུབ་པར་བགྱི། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྐང་གཉིས་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས། །ཞི་བ་ཆགས་བྲལ་བདེན་བཞི་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་རྣམ་གསུམ་སྟེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཐོང་ཐོས་དྲན་རེག་སློབ་དཔོན་རྣམ་པ་བཞི། །གསང་སྔགས་ཕྱི་ནང་རྒྱུད་སྡེ་དྲུག་གི་ལྷ། །ཡེ་ཤེས་འཇིག་རྟེན་དཔའ་བོ་མཁའ་འགྲོའི་ཚོགས། །བསླུ་མེད་རྩ་བ་གསུམ་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རང་རིག་ངོ་བོ་ཀ་དག་ཆོས་ཀྱི་སྐུ། །རང་སྣང་ལྷུན་གྲུབ་རྩལ་སྣང་ལོངས་སྤྱོད་རྫོགས། །རང་བྱུང་ཐུགས་རྗེ་སྣ་ཚོགས་སྤྲུལ་པའི་སྐུས། །རང་བཞིན་ཤེས་པའི་ངང་ནས་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ། །སྤྱན་རས་གཟིགས་ལ་རྩེ་གཅིག་གསོལ་བཏབ་མཐུས། །ཐ་མལ་སྒོ་གསུམ་ལྷ་སྔགས་ཏིང་འཛིན་དུ། །གནས་འགྱུར་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༈ ལེགས་པར་གསན་མཛོད་དང་སྐལ་ལྡན་གྲོགས་པོ་དག །དལ་འབྱོར་མི་ལུས་ནི་ཤིན་ཏུ་རྙེད་དཀའ་ཡང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མི་ཚེ་ཕལ་ཆེར་ནི་རྣམ་གཡེང་ཁོ་ནར་ཟད། །ནམ་འཆི་ཆ་མེད་དུ་ངེས་སོ་ཡིག་དྲུག་བཟླས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཟས་ནོར་ལོངས་སྤྱོད་ཀུན་གནས་སྐབས་བསླུ་བྲིད་རྒྱུ། །འབད་རྩོལ་ཅི་ཙམ་ཞིག་བྱས་ཀྱང་ཤུལ་དུ་ལུས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རང་ཉིད་གཅིག་པུ་རུ་བར་དོར་འཁྱམས་པའི་ཚེ། །ཕན་ངེས་བསླུ་མེད་ཀྱི་དམ་ཆོས་ཡིག་དྲུག་གསུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཛའ་གྲོགས་གཉེན་བཤེས་ཀུན་ཚོང་འདུས་མགྲོན་པོ་འདྲ། །རིགས་དྲུག་སོ་སོ་རུ་སོ་སོར་འཁྱམ་སྟེ་འགྲོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕན་ངེས་གཏན་འདུན་གྱི་གྲོགས་པོ་དགེ་བའི་བཤེས། །མི་འབྲལ་སྤྱི་གཙུག་ཏུ་སྒོམ་ལ་ཡིག་དྲུག་གསུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ རྣམ་རྟོག་སྣ་ཚོགས་ཀྱི་རྦ་རླབས་གཡོ་བ་འདི། །དོན་མེད་རྨི་ལམ་གྱི་རྗེས་སུ་སྙོག་པ་འདྲ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སེམས་ཉིད་གདོད་མ་ནས་རང་བཞིན་མ་གྲུབ་པས། །རྟག་ཆད་འཁྲུལ་རྗེས་སུ་མ་འབྲང་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༈ མདུན་མཁར་ཚོགས་ཞིང་བཞུགས་རྣམས་བསྔོ་བའི་དཔང་། །མ་གྱུར་ཁམས་གསུམ་སེམས་ཅན་ཀུན་དོན་དུ། །དུས་གསུམ་བསགས་པའི་དགེ་ཚོགས་མ་ལུས་པ། །རྣམ་མཁྱེན་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གང་ཞིག་བདག་ལ་དད་དམ་སྨོན་ཀྱང་རུང་། །དེ་དག་སྡིག་ཟད་ཉེས་པའི་མཚོ་ལས་གྲོལ། །ཡང་དག་ཐར་ལམ་མཆོག་བགྲོད་བྱང་ཆུབ་ཐོབ། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བདག་ཀྱང་ཚེ་རབས་ཀུན་ཏུ་ཐུགས་རྗེའི་གཏེར། །འཕགས་པས་རྗེས་བཟུང་སྨོན་འཇུག་བྱང་སེམས་དང་། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་བཞིན་དུ། །འགྲོ་ཀུན་ཕན་བདེའི་བྱེད་པོ་མཆོག་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དང་པོ་བཀྲ་ཤིས་བྱང་ཆུབ་སེམས་གཉིས་འབྱོངས། །བར་དུ་བཀྲ་ཤིས་ཚོགས་གཉིས་རྒྱ་ཆེར་བསགས། །ཐ་མར་བཀྲ་ཤིས་དོན་གཉིས་ལྷུན་གྱིས་གྲུབ། །བཀྲ་ཤིས་མ་ཎི་ལན་གསུམ་གསུང་བར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་མ་ཧཱ་ཙི་ནའི་སྤྲུལ་མིང་པས་སོ།། སརྦ་མངྒ་ལམ། དགེའོ།། དགེའོ།། དགེའོ།།

ཡི་གེ་དྲུག་པའི་བསྐུལ་འདེབས་ཐར་ལམ་སྣང་བྱེད།

༄༅། ཡི་གེ་དྲུག་པའི་བསྐུལ་འདེབས་ཐར་ལམ་སྣང་བྱེད་བཞུགས། དམིགས་ཡུལ་འདིའི་གཙོས་མཁའ་ཁྱབ་སེམས་ཅན་ཀུན། །སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་རྣམས་བདག་གིས་སྲིད་མཚོ་ལས་བསྒྲལ་ནས། །བྱང་ཆུབ་མཆོག་ལ་འགོད་ཕྱིར་སེམས་བསྐྱེད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དུས་གསུམ་འགྲོ་ལ་བརྩེ་བའི་སྤྱན་ཡངས་ཤིང་། །རླབས་ཆེན་སྤྱོད་པའི་ཞལ་རས་འཛུམ་དཀར་ཅན། །ཤེས་བྱའི་དེ་ཉིད་གཟིགས་ལ་ཐོགས་ཆགས་སྤངས། །སྐུ་གསུམ་ཀུན་འདུས་བླ་མར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཕགས་པ་མཆོག་གི་ཐུགས་བསྐྱེད་མཁའ་དབྱིངས་སུ། །སྐལ་བཟང་འདྲེན་པ་སྟོང་རྩའི་རྒྱུ་སྐར་དབུས། །སྙིགས་མའི་སྨག་རུམ་སེལ་ལ་ཆེས་དཔའ་བའི། །ཐུབ་དབང་ཟླ་བ་མཆོག་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འོད་སྲུང་ལ་སོགས་བསྟན་པའི་གཏད་རབས་བདུན། །འདུལ་འཛིན་འགྲོ་བའི་སྐྱབས་གནས་ཉན་རང་དང་། །ཀླུ་སྒྲུབ་ལ་སོགས་རྒྱན་དྲུག་མཆོག་གཉིས་ཏེ། །ཐེག་ཆེན་མདོ་སྡེ་འཛིན་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དབྱིག་གཉེན་སློབ་མར་རང་དང་མཉམ་པ་བཞི། །མངོན་པའི་བསྟན་པ་གསལ་མཛད་འཕགས་ཡུལ་གྱི། །སྡེ་སྣོད་གསུམ་ལ་ག་དར་མཛད་པ་ཡི། །སྐྱེ་འཕགས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཕགས་པའི་ཐུགས་སྤྲུལ་པདྨ་སཾ་བྷ་ཝ། །གངས་ཅན་བསྟན་པའི་རྩ་ལག་ཁྲི་སྲོང་རྗེ། །འདུལ་བསྟན་གསལ་མཛད་ཞི་འཚོ་སད་མི་བདུན། །རྗེ་འབངས་ཉེར་ལྔར་བཅས་ལ་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གསང་ཆེན་ལམ་གྱི་གྲུབ་བརྙེས་འཕགས་བོད་ཀྱི། །རིག་འཛིན་བརྒྱད་དང་གྲུབ་ཐོབ་བརྒྱད་ཅུ་དང་། །སོ་ཟུར་གནུབས་གཉགས་གཏེར་ཆེན་བརྒྱ་རྩ་སོགས། །ཀུན་འདུས་རྩ་བའི་བླ་མར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཐེག་པ་རིམ་དགུ་རྒྱུད་སྡེ་དྲུག་གི་ལྷ། །ངོ་བོ་གཅིག་ལ་ཆུ་ཟླའི་རོལ་བ་བཞིན། །གང་འདུལ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷར་བཅས། །རྩ་གསུམ་ཀུན་འདུས་འཕགས་པར་གསོལ་བ་འདེབས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཟུགས་ཡུལ་སྣང་སྟོང་འཕགས་པའི་སྐུ་རུ་ཤེས། །སྒྲ་གྲགས་སྟོང་པ་ཡིག་དྲུག་རྡོ་རྗེའི་གླུ། །དྲན་རྟོག་སྟོང་ཉིད་སྙིང་རྗེ་འཕགས་པའི་ཐུགས། །དབྱེར་མེད་བསྐྱེད་རྫོགས་ངང་ནས་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༈ འདིར་འཚོགས་སྐལ་ལྡན་དད་གུས་ལྡན་པ་ཀུན། །ཆོས་ཀུན་རྩ་བ་མི་རྟག་སྙིང་རྗེ་སྒོམས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕྱི་སྣོད་སྲ་བརྟན་རི་རབ་གླིང་བཞི་ཀུན། །མེ་ཡིས་བསྲེག་ནས་ཐལ་བའི་ཕུང་པོར་འགྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ནང་བཅུད་སེམས་ཅན་སྐྱེ་མཐར་ངེས་པར་འཇིག །ནམ་འཆི་ཆ་མེད་ཡིན་ནོ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ གཞོན་ནུའི་སྒྱུ་ལུས་ནམ་མཁའི་འཇའ་འདྲ་ཡང་། །རུས་པའི་ཕུང་པོར་ནམ་འགྲོ་ངེས་པ་མེད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ མཛའ་བཤེས་ལྕང་ཁའི་བྱེའུ་ཆུང་གྱེས་པ་བཞིན། །ནམ་འབྲལ་ངེས་པ་མེད་དོ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལོངས་སྤྱོད་སེར་སྣས་བསགས་པ་ཤུལ་དུ་ལུས། །དཀར་ནག་ལས་དང་འགྲོགས་ནས་གཅིག་པུར་འགྲོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ཚེ་སྐྱབས་གནས་ཆོས་ལས་གཞན་མེད་པས། །ཆོས་ཀུན་སྙིང་པོ་གསུང་མཆོག་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འཆི་བའི་ཚེ་ན་དཔའ་བོའི་སྒྱུ་རྩལ་དང་། །སྡར་མ་བྲོས་ས་གཡོ་སྒྱུས་བསླུ་མི་ནུས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འབྱོར་བས་མི་སྐྱོབས་གཉེན་དང་འགྲོགས་དབང་མེད། །གཤིན་རྗེའི་ཁྲིམས་རར་འཇིགས་སོ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དད་པ་མེད་ན་བྱིན་རླབས་མི་འབྱུང་བས། །ཁྱེད་ཤེས་མོས་གུས་བླ་མ་མཆོག་ལ་མཛོད། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྡིག་པ་བསགས་པས་རང་ལ་སྡུག་བསྔལ་ཡོང་། །བཤགས་སྡོམ་སྙིང་ནས་གྱིས་ལ་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྡིག་དང་འདྲེས་ན་དུག་ཅན་ཟས་བཞིན་དུ། །རང་གཞན་དགེ་བས་གཤིན་པོར་ཕན་པ་ཆུང་། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དད་དང་སྙིང་རྗེ་སེམས་བསྐྱེད་སྟོང་ཉིད་སོགས། །རང་སེམས་དཔང་པོར་ཞོག་ལ་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བསླབ་སྡོམ་བསྲུང་ན་དཀར་པོའི་ཆོས་ཀུན་འཕེལ། །ཏིང་འཛིན་བསྒོམ་པས་ཉེས་ལྟུང་བག་ཆགས་འདག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཤེས་རབ་གསུམ་གྱིས་ཆོས་དང་ཆོས་མིན་འབྱེད། །བསླབ་གསུམ་གཅེས་སྤྲས་བྱེད་བཞིན་ཡིག་དྲུག་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༈ མཆོག་གསུམ་འཕགས་པ་འཁོར་བཅས་འདིར་དགོངས་ཤིག །འདིས་མཚོན་བདག་གཞན་དུས་གསུམ་བསགས་པའི་དགེ། །རང་བཞིན་མེད་པར་ཤེས་པའི་རང་རྩལ་ལས། །སྙིང་རྗེ་ཆེན་པོས་བྱང་ཆུབ་རྒྱུ་རུ་བསྔོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་མཐུས་ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པ་དང་། །མཁའ་ཁྱབ་འགྲོ་ཀུན་གློ་བུར་སྒྲིབ་ལས་གྲོལ། །ཆོས་དབྱིངས་གདོད་མའི་གཞི་ལ་འཚང་རྒྱ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཁྱད་པར་དམིགས་ཡུལ་འདིས་མཚོན་བར་དོའི་འགྲོ། །འཆི་ཁའི་བར་དོར་གཞི་ཡི་རང་ངོ་འཕྲོད། །ཆོས་ཉིད་བར་དོར་སྒྲ་འོད་ཟེར་གསུམ་དང་། །ཞི་ཁྲོའི་ལྷ་ཚོགས་རང་ངོ་ཤེས་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སྲིད་པ་བར་དོར་ལས་འཕྲོ་བཟང་པོ་ཡིས། །ལྷ་དང་བླ་མ་ལྟ་བ་རྗེས་དྲན་ཞིང་། །སྐྱེ་གནས་བཟང་པོར་དགེ་བས་མཚམས་སྦྱར་ནས། །ལུས་རྟེན་ཁྱད་པར་མྱུར་དུ་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ཚེ་བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །དགེ་བའི་གྲོགས་དང་རྒྱུན་དུ་འགྲོགས་པ་ཡི། །ས་བཅུའི་དཔལ་ཡོན་མྱུར་དུ་བགྲོད་ནས་ཀྱང་། །རྟེན་དེར་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བདག་ཀྱང་ཚེ་རབས་ཀུན་དུ་ཐུགས་རྗེའི་གཏེར། །འཕགས་པས་རྗེས་བཟུང་སྨོན་འཇུག་བྱང་སེམས་དང་། །སྐད་ཅིག་ཙམ་ཡང་འབྲལ་བ་མེད་བཞིན་དུ། །འགྲོ་ཀུན་ཕན་བདེའི་བྱེད་པོ་མཆོག་ཐོབ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དང་པོ་བཀྲ་ཤིས་བྱང་ཆུབ་སེམས་གཉིས་འབྱོངས། །བར་དུ་བཀྲ་ཤིས་ཚོགས་གཉིས་རྒྱ་ཆེར་བསགས། །ཐ་མར་བཀྲ་ཤིས་དོན་གཉིས་ལྷུན་གྱིས་གྲུབ། །བཀྲ་ཤིས་མ་ཎི་ལན་གསུམ་གསུངས་བར་ཞུ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཅེས་པ་འདི་ཡང་མ་ཧཱ་ཙི་ནའི་སྤྲུལ་མིང་པས་སོ།།

ཚེ་སྒྲུབ་གསོལ་འདེབས་འཆི་བདག་དཔུང་འཇོམས།

༄༅༔ ཚེ་སྒྲུབ་འཆི་མེད་མཆོག་སྟེར་ལས༔ གསོལ་འདེབས་འཆི་བདག་དཔུང་འཇོམས་བཞུགས་སོ༔

ཨོཾ་ཨཱཿཧཱུྃ༔ འཆི་མེད་གཉུག་མའི་མགོན་པོ་ཚེ་མཐའ་ཡས༔ ལུས་ཅན་སྐྱེ་དགུའི་སྐྱབས་གཅིག་པད་དཀར་འཆང་༔ བདེ་སྟོང་སྒྱུ་མའི་གར་མཁན་ཙནྡྷ་ལི༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ འཛམ་གླིང་བསྟན་པའི་ཉི་མ་ཨོ་རྒྱན་རྗེ༔ གངས་ཅན་སྙིང་གི་མུན་སེལ་ལྷའི་མེ་ཏོག༔ ཟབ་གཏེར་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ཕྲིན་ལས་གྲུབ་པ་མཁར་ཆེན་རྒྱལ་པོའི་སྲས༔ ཟབ་ཆོས་བརྡའ་སྟོན་གྲུབ་དབང་བྱང་ཆུབ་གླིང་༔ སྨིན་གྲོལ་མཆོག་སྩོལ་ལུང་རིག་མྱུ་གུ་རྩལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ ཕུང་ལྔའི་བདུད་འཇོམས་ཚེ་བདག་རྒྱལ་བ་ལྔ༔ འབྱུང་ལྔ་དབྱིངས་གྲོལ་བདེ་སྟོང་རིགས་ཀྱི་ཡུམ༔ ཚེ་ཡི་ལྷ་མོ་སྒོ་སྐྱོང་སྲུང་མར་བཅས༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས༔ རྙེད་དཀའི་རྟེན་འདིར་སྙིང་པོའི་དོན་འགྲུབ་ཅིང་༔ དུས་མིན་འཆི་བའི་བར་ཆད་ཚེ་འཕྲང་གྲོལ༔ སྒོ་གསུམ་གཞན་ལ་ཕན་པ་ལྷུར་ལེན་ཤོག༔ ཕུང་པོ་ལྔ་ལ་བདག་གིར་འཛིན་པའི་སེམས༔ གློ་བུར་འཁྲུལ་བས་བསླུས་པའི་ལས་ཉོན་སྒྲིབ༔ བདག་མེད་རྟོགས་པས་ཤེས་རབ་ཀྱིས་སྦྱངས་ཤིང་༔ ཚེ་ལ་དབང་བའི་རིག་འཛིན་མཆོག་འགྲུབ་ཤོག༔ དག་ཆེན་ཡེ་ཤེས་སྒྱུ་མའི་ལྷ་སྐུ་ཡིས༔ མཁའ་མཉམ་ཞིང་དུ་སྤྲུལ་པའི་གཟུགས་སྣ་ཚོགས༔ པད་འབྱུང་རྗེ་དང་བི་མ་མི་ཏྲ་ལྟར༔ སྲིད་མཐའི་བར་དུ་འགྲོ་དོན་མཐར་ཕྱིན་ཤོག༔ དེ་ལྟར་དགོངས་གཏེར་ཚེ་སྒྲུབ་ཀྱི༔ གསོལ་འདེབས་འཆི་བདག་དཔུང་འཇོམས་ཉིད༔ ལུང་རྟོགས་བསྟན་འཛིན་གྱིས་བསྐུལ་ངོར༔ ལུང་རིག་གླིང་པས་ཤར་མར་བྲིས༔ དགེའོ༔ དགེའོ༔ དགེའོ༔

ཚེ་སྒྲུབ་འཆི་མེད་མཆོག་སྟེར།

༄༅།། བྲགམྦྷཱིརཱརྱསྱཙིཏྟབིདྷིབྷྱཿཔྲཕལོཨཡུབིདྷྱམརཎམབིཧརཏིསྨ །།

༄༅།།བྲགམྦྷཱིརཱརྱསྱཙིཏྟབིདྷིབྷྱ༔པྲཕལོཨཡུབིདྷྱམརཎམབིཧརཏིསྨ།།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ ཚེ་སྒྲུབ་འཆི་མེད་མཆོག་སྟེར་ཞེས་བྱ་བ་བཞུགས་སོ༔

གུ་རུ་ཨ་ཡུར་ཛྙཱ་ན་ཧྲཱིཿ ཡེ་ཤེས་ལུས་ཅན་རྡོ་རྗེའི་སྐུ༔ རིགས་བདག་འཆི་མེད་ལྷ་ལ་འདུད༔ རྣལ་འབྱོར་གཞན་དོན་ལྷུར་ལེན་པའི༔ ཚེ་ཡི་བར་ཆད་བསལ་བའི་ཕྱིར༔ ཡང་ཟབ་སྒྲུབ་ཐབས་ཟབ་མོ་བསྟན༔ ས་མ་ཡཱ༔ སྤྲོས་མེད་གང་ཟག་མཆོག་རྣམས་ཀྱིས༔ ཉི་ཟླ་རི་བོ་ལྷུན་ཆགས་དང་༔ གཏན་འཁྱིལ་མཚོ་ལ་བརྟེན་པ་འམ༔ བློ་གྲོས་དབང་པོ་འབྲིང་ཐ་ཡི༔ དཀྱིལ་འཁོར་མཎྜལ་བཀོད་ལེགས་དབུས༔ བུམ་པ་ཉེར་ལྔའི་བཅུད་ཀྱིས་གཏམས༔ ཁ་རྒྱན་སྐུ་དང་བཅས་པ་གཟུགས༔ སྤོས་སྨན་ཕྱེ་ལ་རིན་ཆེན་བརྡལ༔ མངར་གསུམ་སྦྱར་བའི་རིལ་བུ་ཤར༔ འབྲུ་སྨན་ལྔ་ཡི་ཚེ་ཆང་ལྷོ༔ མདའ་སྨྱུག་དར་ཚོན་ལྔ་ལྡན་ནུབ༔ བཤོས་ཟླུམ་འཁོར་ལྔའི་ཚོམ་བུ་བྱང་༔ སྨན་རཀ་མཆོད་རྫས་རོལ་མོས་བསྐོར༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ ཚེ་སྩོལ་བླ་མ་རྩ་བ་གསུམ༔ མདུན་མཁར་གསལ་གདབ་སྐྱབས་འགྲོ་ནི༔ ༈ རང་གི་སྙིང་ག་ནས་འཕྲོས་པའི་འོད་ཟེར་གྱི་ཚེ་ལྷ་རྒྱལ་བ་རིགས་ལྔ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མ་ཡཱ་ཛ༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ མཆོག་གསུམ་འཆི་མེད་ཚེ་ཡི་ལྷར༔ འཆི་བདག་བདུད་ལས་སྐྱོབ་པའི་ཕྱིར༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ སེམས་བསྐྱེད་སྨོན་འཇུག་ཟུང་འཇུག་ངང་༔ ཧོ༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ༔ སྐྱེ་འཆིའི་རྦ་ཀློང་བཟོད་དཀའ་ལས༔ བདག་གཞན་རྣམ་མཁྱེན་མཆོག་ཐོབ་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ཡན་ལག་བདུན་གྱིས་ཚོགས་བསག་ནི༔ ཨེ་མ་ཧོ༔ སྐྱབས་ཡུལ་བླ་མ་མཆོག་གསུམ་ལྷར༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང་༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ ཉེས་བྱས་མ་ལུས་བཤགས་ཤིང་སྡོམ༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ འཆི་མེད་གཉུག་མའི་ཆོས་འཁོར་བསྐུལ༔ རྒྱལ་ཀུན་སྲིད་མཐར་བཞུགས་པར་གསོལ༔ དགེ་དེས་རྣམ་མཁྱེན་མཆོག་འགྲུབ་ཤོག༔ ཕྱག་རྒྱ་བཞི་ཡིས་ཚོགས་ཞིང་རྣམས༔ རང་ལ་བསྡུ་ཞིང་སྐད་ཅིག་གིས༔ འཁོར་འདས་དབང་བསྒྱུར་རྟ་མཆོག་ལྷར༔ རང་ཉིད་གསལ་ཞིང་གཞི་བདག་དང་༔ ལོག་འདྲེན་གཏོར་མ་སྔགས་ཀྱིས་བརླབས༔ ཧཱུྃ་ཧྲཱིཿ རང་བྱུང་རིག་པ་ཆོས་ཀྱི་སྐུ༔ མ་རྟོགས་གཉིས་འཛིན་རང་རྩལ་ལས༔ བྱུང་བའི་ལོག་འདྲེན་བགེགས་ཀྱི་ཚོགས༔ ལན་ཆགས་གཏོར་མས་ཚིམས་གྱིས་ལ༔ རང་ལ་དཔེ་ལོངས་གཞན་གནོད་སྤོངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ ལྷ་སྔགས་ཆོས་ཉིད་བདེན་མཐུ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དྲག་སྔགས་གུ་གུལ་ཐུན་བཅས་བསྐྲད༔ སྲུང་བའི་འཁོར་ལོས་མཚམས་གཅོད་ནི༔ ཧཱུྃ་ཧྲཱིཿ མ་བཅོས་རིག་པ་གཉུག་མའི་གཤིས༔ འཕོ་མེད་ཆོས་སྐུའི་མཚམས་འདི་ལ༔ གློ་བུར་རྣམ་རྟོག་ལོག་འདྲེན་བགེགས༔ ནམ་ཡང་འདའ་བའི་གོ་སྐབས་མེད༔ བཛྲ་རཀྵ་རཀྵ་བྷྲུཾ༔ བདག་གནས་ཡོ་བྱད་སྒྲུབ་རྫས་ལ༔ བྱིན་ཆེན་འབེབས་ཕྱིར་དབྱངས་རོལ་བྱ༔ ཧཱུྃ་ཧྲཱིཿ ཀ་དག་གཉུག་མའི་ཕོ་བྲང་ནས༔ རང་བྱུང་གདོད་མའི་མགོན་པོ་ལ༔ ཡེ་ཤེས་རང་རྩལ་སྤྲུལ་འཁོར་བཅས༔ ཆོས་སྐུའི་ལྷ་ཚོགས་བྱིན་ཆེན་ཕོབ༔ མ་འགགས་རང་རྩལ་འོད་ལྔའི་ཞིང་༔ ཀུན་ཁྱབ་ཚེ་ཡི་བདག་པོ་ལ༔ རིགས་ལྔ་ཡབ་ཡུམ་འཆི་མེད་ལྷ༔ ལོངས་སྐུའི་ལྷ་ཚོགས་བྱིན་ཆེན་ཕོབ༔ གང་འདུལ་སྤྲུལ་པའི་ཕོ་བྲང་ནས༔ སྙིང་རྗེའི་ལྷ་མཆོག་པདྨ་འབྱུང་༔ རིག་འཛིན་མཁའ་འགྲོའི་ཚོགས་ཀྱིས་བསྐོར༔ སྤྲུལ་སྐུའི་ལྷ་ཚོགས་བྱིན་ཆེན་ཕོབ༔ སྒྲུབ་རྫས་འདི་ལ་ཚེ་བཅུད་སྡུས༔ རྣལ་འབྱོར་བདག་ལ་ཚེ་དབང་སྩོལ༔ སྒྲུབ་གནས་དག་པའི་ཞིང་དུ་བསྒྱུར༔ ཉམས་རྟོགས་ཚེ་ཡི་དཔའ་རྩལ་སྟོན༔ འཆི་བདག་ལོག་འདྲེན་ཆམ་ལ་ཕོབ༔ ལུང་རྟོགས་ཡོན་ཏན་རྩལ་ཁ་ཕྱེ༔ བརྒྱུད་འཛིན་ཚེ་ཡི་འཕེལ་གཡང་ཁུག༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ གུ་རུ་དྷེ་ཝ་ཌཀྐི་ནི་མ་ཎི་པདྨེ་ཨ་ཡུརྫྙཱ་ན་སརྦ་ས་མ་ཡཱ་ཨ་བེ་ཤ་ཡ་ཨ་ཨ༔ཕེཾ་ཕེཾ༔ ཕྱི་ནང་མཆོད་རྫས་བྱིན་བརླབ་ནི༔ ཧོ༔ བརྟན་གཡོའི་དངོས་པོ་ཐམས་ཅད་ཀུན༔ ཀུན་བཟང་མཆོད་པའི་སྤྲིན་བཞིན་དུ༔ དུ་མ་རོ་གཅིག་བདུད་རྩིར་སྤེལ༔ དཀྱིལ་འཁོར་མཉེས་བྱེད་རྫས་སུ་གྱུར༔ སརྦ་པཱུ་ཛ་ས་མ་ཡཱ་ཧོ༔ དེ་ཡིས་སྔོན་འགྲོའི་ལས་རིམ་རྫོགས༔ ས་མ་ཡཱ༔ དངོས་གཞི་ལྷ་ཡི་བསྐྱེད་རིམ་ནི༔ ཤུ་ནྱ་ཏ་ཡི་སྔགས་ཀྱང་བརྗོད༔ འཁོར་འདས་མི་དམིགས་སྟོང་པའི་ངང་༔ ལོག་རྟོག་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་རིག་པ་ཡི་གེ་ཧྲཱིཿ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས༔ འབྱུང་ལྔ་རྣམ་དག་ཡུམ་ལྔའི་ཀློང་༔ རང་སྣང་རི་བོ་པོ་ཊ་ལ༔ ངོ་མཚར་རྨད་བྱུང་གཞལ་མེད་ཁང་༔ རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་དབུས༔ འདབ་བཞི་ཉི་ཟླའི་གདན་ལ་བབ༔ འཕགས་མཆོག་ཚེ་ཡི་དངོས་གྲུབ་བསྡུས༔ འགྲོ་ཀུན་འཆི་བའི་བར་ཆད་བསལ༔ ཡོངས་གྱུར་འཕགས་མཆོག་སྤྱན་རས་གཟིགས༔ ཚེ་དཔག་མེད་མགོན་སྐུ་མདོག་དམར༔ ཞལ་གཅིག་འཛུམ་མདངས་འོད་དུ་འཚེར༔ ཕྱག་བཞིའི་དང་པོ་གཉིས་ཐལ་སྦྱར༔ མི་ཤིགས་རྡོ་རྗེ་རྩེ་ལྔ་བསྣམས༔ གཡས་འོག་ཨུཏྤལ་ཕྲེང་བ་འདྲེན༔ གཡོན་འོག་ཚེ་བུམ་བདུད་རྩིས་བཀང་༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་མཛད༔ ལྷ་ཡི་གོས་དང་རིན་ཆེན་རྒྱན༔ གཞོན་ཚུལ་འཁོར་ལོས་སྒྱུར་བའི་ཆས༔ གསང་ཡུམ་ལྷ་མོ་ཙནྚ་ལི༔ བཅུ་དྲུག་ལང་ཚོ་བདེ་བའི་ཉམས༔ དམར་གསལ་མདའ་དར་ཚེ་བུམ་འཁྱུད༔ པདྨའི་སྐྱིལ་ཀྲུང་ལོངས་སྤྱོད་རྫོགས༔ འཁོར་འདས་ཚེ་ཡི་བདག་པོར་བསྒོམ༔ ཕྱོགས་བཞིར་འདབ་བཞིར་ཟླ་གདན་ལ༔ ཧྲཱིཿཡིག་དཀར་སེར་མཐིང་ལྗང་ལས༔ ཤར་དུ་རྡོ་རྗེ་ཚེ་དཔག་མེད༔ དཀར་པོ་སངས་རྒྱས་སྤྱན་མ་འཁྲིལ༔ ལྷོ་རུ་རིན་ཆེན་ཚེ་དཔག་མེད༔ སེར་པོ་མ་མ་ཀཱི་དང་སྦྱོར༔ ནུབ་ཏུ་བུདྡྷ་ཚེ་དཔག་མེད༔ མཐིང་ག་དབྱིངས་ཕྱུག་ཡུམ་ལ་འཁྲིལ༔ བྱང་དུ་ལས་རབ་ཚེ་དཔག་མེད༔ ལྗང་ཁུ་དམ་ཚིག་སྒྲོལ་མར་སྦྱོར༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ གཞོན་ཚུལ་ལོངས་སྤྱོད་རྫོགས་སྐུའི་ཆས༔ མདའ་དར་གཡས་ལ་ཚེ་བུམ་གཡོན༔ སྐྱིལ་ཀྲུང་ཡུམ་རྣམས་པད་ཕྲེང་དང་༔ བྷནྡྷ་ཚེ་བཅུད་བདུད་རྩི་སྟོབ༔ གཙོ་བོའི་དབུ་གཙུག་རིགས་ཀྱི་བདག༔ པདྨ་རིགས་ཀྱི་ཚེ་དཔག་མེད༔ དམར་གསལ་གོས་དཀར་ཡུམ་ལ་འཁྱུད༔ མདའ་དར་ཚེ་བུམ་བཅུད་གང་བསྣམས༔ ཐུགས་ཀར་དཔའ་བོ་རྟ་མཆོག་དཔལ༔ དམར་པོ་ཨུཏྤལ་སྡིགས་མཛུབ་བསྒྲེང་༔ ཁྲོ་བོའི་ཆས་རྫོགས་བདུད་བཞི་འདུལ༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོ་ལས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ དཀར་སེར་དམར་ལྗང་ཁྲོ་མོའི་ཆས༔ གཡས་རྣམས་རང་རྟགས་གཡོན་ཚེ་བུམ༔ གཞན་ཡང་དཀྱིལ་འཁོར་ཕྱོགས་མཚམས་སུ༔ འཇའ་ཟེར་ཐིག་ལེ་འཁྲིགས་པའི་ཀློང་༔ འཆི་མེད་སྤྲུལ་སྐུ་མཚོ་སྐྱེས་རྗེ༔ དྲང་སྲོང་རིག་འཛིན་མཁའ་འགྲོའི་ཚོགས༔ ཀུན་ཀྱང་མ་ངེས་སྒྱུ་འཕྲུལ་གར༔ མ་འདྲེས་ཏིལ་གོང་ཁ་ཕྱེ་བཞིན༔ ཚེ་ཡི་བར་ཆད་བསལ་བ་དང་༔ མཆོག་གི་དངོས་གྲུབ་སྩོལ་བར་བསམ༔ གནས་གསུམ་ཡི་གེའི་འོད་ཟེར་གྱིས༔ བདེ་ཆེན་པད་མོ་བཀོད་པ་དང་༔ པོ་ཊ་ལ་དང་རྔ་ཡབ་གླིང་༔ མ་ངེས་ཐུགས་རྗེས་གདུལ་ཞིང་ནས༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་དྲངས་གྱུར༔ སྤྱན་དྲངས་སྤོས་དུད་རོལ་མོ་བཅས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་རང་རྩལ་ལས༔ མ་འགགས་སྤྲུལ་པའི་ཕོ་བྲང་ནས༔ ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས༔ འཆི་མེད་མཆོག་སྩོལ་ཚེ་ཡི་ལྷ༔ གདུང་བའི་དབྱངས་ཀྱིས་སྤྱན་འདྲེན་ན༔ ཐུགས་རྗེ་ཆེན་པོས་ཉེར་དགོངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཞེ་སྡང་ཚེ་བདུད་འཇོམས་པའི་ཕྱིར༔ རྡོ་རྗེ་རིགས་ཀྱི་ཚེ་ཡི་ལྷ༔ མེ་ལོང་ཡེ་ཤེས་ཀློང་ནས་བཞེངས༔ ཐུགས་ཀྱི་ཚེ་བཅུད་སྩལ་དུ་གསོལ༔ ང་རྒྱལ་ཚེ་བདུད་འཇོམས་པའི་ཕྱིར༔ རིན་ཆེན་རིགས་ཀྱི་ཚེ་ཡི་ལྷ༔ མཉམ་ཉིད་ཡེ་ཤེས་ཀློང་ནས་བཞེངས༔ ཡོན་ཏན་ཚེ་བཅུད་སྩལ་དུ་གསོལ༔ གཏི་མུག་ཚེ་བདུད་འཇོམས་པའི་ཕྱིར༔ བུདྡྷ་རིགས་ཀྱི་ཚེ་ཡི་ལྷ༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་བཞེངས༔ སྐུ་ཡི་ཚེ་བཅུད་སྩལ་དུ་གསོལ༔ ཕྲག་དོག་ཚེ་བདུད་འཇོམས་པའི་ཕྱིར༔ ཀརྨ་རིགས་ཀྱི་ཚེ་ཡི་ལྷ༔ བྱ་གྲུབ་ཡེ་ཤེས་ཀློང་ནས་བཞེངས༔ ཕྲིན་ལས་ཚེ་བཅུད་སྩལ་དུ་གསོལ༔ འདོད་ཆགས་ཚེ་བདུད་འཇོམས་པའི་ཕྱིར༔ པདྨ་རིགས་མཆོག་ཚེ་ཡི་ལྷ༔ སོར་རྟོག་ཡེ་ཤེས་ཀློང་ནས་བཞེངས༔ གསུང་གི་ཚེ་བཅུད་སྩལ་དུ་གསོལ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ༔ བདུད་བཞི་ཚར་གཅོད་དབང་ཆེན་ལྷ༔ རྟ་མཆོག་རྒྱལ་པོ་ཚེ་ཡི་བདག༔ བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ གཞན་ཡང་ལྷ་དང་དྲང་སྲོང་དང་༔ རིག་འཛིན་མཁའ་འགྲོ་སྒོ་སྲུང་སོགས༔ ཚེ་ཡི་ལྷ་ཚོགས་མ་ལུས་ཀུན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཡུརྫྙཱ་ན་བཛྲ་ས་མ་ཡཱ་ཛ་ཛ༔ དབྱེར་མེད་བརྟན་བཞུགས་གསོལ་བ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་ཡེ་ཤེས་དབྱིངས་ཀྱི་ལྷ༔ བློས་བྱས་བསྐྱེད་པའི་དམ་ཚིག་ལྷར༔ ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་བཛྲ་ཏིཥྛ་ལྷན༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ རྣམ་རྟོག་བློ་ལས་འདས་པའི་ལྷ༔ གཉུག་མ་འཆི་མེད་མཆོག་སྩོལ་བའི༔ རང་ཤར་སྤྲུལ་པའི་འཁོར་ལོ་ལ༔ རང་ཞལ་ལྟ་བའི་ཕྱག་བགྱི་འོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཕྱི་ནང་གསང་མཆོད་འབུལ་བ་ལ༔ དང་པོ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཉེར་སྤྱོད་ལྔ༔ འཆི་མེད་ཚེ་ཡི་ལྷ་ལ་འབུལ༔ བཞེས་ནས་བདག་སོགས་འགྲོ་བ་ཀུན༔ ཡུལ་ལྔར་བདག་ཏུ་བལྟས་སྐྱོན་གྱིས༔ དུས་མིན་འཆི་བ་བསལ་དུ་གསོལ༔ ཨོཾ་བཛྲ་པུཥྤེ་དྷུཔྤེ་དི་བཾ་གྷནྡྷེ་ནཻ་ཝི་དྱ་ཤཔྟ་མ་ཧཱ་པཱུ་ཛ་མེ་གྷཱ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡཱ་ཨཱ༔ཧཱུྃ༔ གཉིས་པ་ནང་གི་མཆོད་འབུལ་ནི༔ ཧཱུྃ་ཧྲཱིཿ དུག་ལྔ་དབྱིངས་གྲོལ་བདུད་རྩི་སྨན༔ ཉོན་མོངས་གནས་དག་སིནྡྷུ་ར༔ སྣང་སྲིད་གཞིར་བཞེངས་བྷ་ལིང་ཏ༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ བཞེས་ནས་བདག་སོགས་འགྲོ་ཀུན་གྱི༔ རྩ་རླུང་ཐིག་ལེ་ཉམས་པ་གསོས༔ ཚེ་ཡི་དངོས་གྲུབ་བཅུད་དུ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཱུ་ཛ་ཨ་ཧཱུྃ༔ གསུམ་པ་གསང་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ དབང་པོ་ལྔ་ཡི་དཔའ་བོ་ཆེ༔ ཡུལ་ལྔའི་དཔའ་མོར་མཉམ་སྦྱོར་བས༔ སྣང་སྟོང་བདེ་བའི་ཡེ་ཤེས་མཆོག༔ དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་མུ་ཏྲ་པུ་ཛ་ཧོ༔ འཁོར་བ་སྡུག་བསྔལ་བྲུབ་ཁུང་དུ༔ བདག་ཏུ་ལྟ་བའི་འཆི་བདག་བདུད༔ བརྗོད་མེད་དོན་དམ་རྟོགས་པས་བསྒྲལ༔ དཀྱིལ་འཁོར་ལྷ་ལ་མཉེས་མཆོད་འབུལ༔ མ་ཏྲཾ་རུ་ཊ་པྲ་ཝེ་ཤ་ཡ་ཕཊ༔ ལྷ་ཚོགས་ཀུན་ལ་གདུང་བའི་བློས༔ རྩེ་གཅིག་བསྟོད་པ་འདི་བཞིན་བྱ༔ ཧཱུྃ་ཧྲཱིཿ ཀ་དག་ཆོས་སྐུ་ཚེ་ཡི་ལྷ༔ རྟག་པ་རྒྱུན་གྱི་འཁོར་ལོ་རུ༔ མི་ཤིགས་རྡོ་རྗེའི་རང་བཞིན་གྱི༔ འཁོར་འདས་མཉམ་པར་བཞུགས་ལ་བསྟོད༔ ནང་དབྱིངས་གདོད་མའི་རང་རྩལ་ལས༔ ལྷུན་གྲུབ་ལོངས་སྐུ་ཚེ་ཡི་ལྷ༔ འགྲོ་ཀུན་ཁྱབ་པའི་ཐུགས་རྗེའི་འཕྲུལ༔ གཞོམ་མེད་ཀློང་ཡངས་ཆེན་པོར་བསྟོད༔ མ་འགགས་སྙིང་རྗེ་ཆེན་པོའི་གདངས༔ སྤྱན་རས་གཟིགས་དབང་ཚེ་ཡི་ལྷ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད༔ མཚན་དཔེའི་རང་བཞིན་རྡོ་རྗེའི་སྐུ༔ སྐྱེ་རྒ་ན་འཆིའི་སྐྱོན་ལས་གྲོལ༔ མཉེན་ལྕུག་འཁྲིལ་ལྡེམ་གསལ་འཚེར་བརྗིད༔ འགྱུར་མེད་སྐུ་ལ་ཕྱག་འཚལ་བསྟོད༔ བརྗོད་བྲལ་གདངས་ལས་ནཱ་དའི་དབྱངས༔ ཐ་མལ་རླུང་ལྔའི་འཛིན་པ་བྲལ༔ ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག༔ འགགས་མེད་གསུང་ལ་ཕྱག་འཚལ་བསྟོད༔ མ་འདྲེས་ཆོས་རྣམས་སོ་སོར་མཁྱེན༔ དམིགས་མེད་བརྩེ་བས་འགྲོ་ཀུན་སྐྱོང་༔ སྨོན་ལམ་སྟོབས་ཀྱིས་བདུད་ལས་རྒྱལ༔ འཁྲུལ་མེད་ཐུགས་ལ་ཕྱག་འཚལ་བསྟོད༔ ཏིང་འཛིན་ཛཔ་ཀྱི་དགོངས་པ་ནི༔ བདག་ཉིད་འཕགས་པའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་རྟ་མཆོག་རྒྱལ༔ སྐུ་མདོག་དམར་པོ་རྟ་དབུ་འཚེར༔ ཕྱག་གཡས་ཨུཏྤལ་དམར་པོ་བསྣམས༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་བསྒྲེང་༔ ཞབས་གཉིས་པད་ཉིའི་གདན་ལ་འགྱིང༔ ཁྲོ་བོའི་ཆས་རྫོགས་ཐུགས་ཀྱི་དབུས༔ པདྨ་རཱ་གའི་རྡོ་རྗེ་ནི༔ རྩེ་ལྔ་འོད་འབར་ལྟེ་བ་རུ༔ པདྨ་དཀར་པོ་ཉི་མའི་སྟེང་༔ ཚེ་ཡི་སྙིང་པོ་ཧྲཱིཿདམར་གསལ༔ མཐའ་མར་སྔགས་ཕྲེང་སྤུ་ཤད་ལྟར༔ འོད་ཟེར་སྔགས་ཀྱི་སྒྲ་གདངས་ནི༔ བུང་བ་ཚང་ཞུགས་ལྟ་བུར་བསམ༔ རྩ་སྔགས་འདི་ནི་འབྲུ་འབུམ་བཟླ༔ ཨོཾ་མ་ཎི་པདྨེ་ཨ་ཡུ་སིདྡྷི་ཧཱུྃ་ཧྲཱིཿ གཟུངས་འདིའི་ཡོན་ཏན་འདི་ལྟར་ཏེ༔ འབུམ་གཅིག་བཟླས་པས་ཚེ་གེགས་ཞི༔ གཉིས་བཟླས་རྩ་རླུང་འཁྲུགས་པ་སེལ༔ གསུམ་བཟླས་དུས་མིན་འཆི་བ་འཇོམས༔ བཞི་བཟླས་བདུད་སྲིན་བྱམས་སེམས་ལྡན༔ ལྔ་བཟླས་འགོ་བའི་ནད་མི་འབྱུང་༔ དྲུག་བཟླས་ལུས་ཀྱི་བཀྲག་མདངས་འཕེལ༔ བདུན་བཟླས་ངག་ལ་ནུས་པ་འབྱུང་༔ བརྒྱད་བཟླས་སེམས་ལ་ཉམས་རྟོགས་རྒྱས༔ དགུ་བཟླས་ཞལ་མཇལ་ལུང་སྟོན་འགྱུར༔ བཅུ་བཟླས་ལུས་ཀྱི་འབུ་སྲིན་དེངས༔ བཅུ་གཅིག་བཟླས་པས་ཚེ་ཟད་ཀྱང་༔ ལོ་གསུམ་བསྲིང་བར་གདོན་མི་ཟ༔ རྒྱབ་ཆོས་སྲོག་བསླུ་ཉེའུ་འདོན༔ ལམ་འཕྲང་བསལ་དང་ཆུ་ཟམ་འཛུགས༔ ཡར་ལ་མཆོད་ཅིང་དམན་པར་སྦྱིན༔ འཆི་བསླུའི་ཆོ་ག་ཚོགས་བསག་བྱ༔ དེ་ཡིས་ངེས་པར་ཕན་པ་ནི༔ བསླུ་མེད་པདྨ་བདག་གི་ཚིག༔ མཚོ་རྒྱལ་རྗེ་འབངས་སེམས་ལ་ཆོངས༔ བསླུས་ན་རྒྱལ་བ་སྲས་བཅས་ལ༔ སྐྱབས་སུ་འཚོལ་བའི་གནས་མ་མཆིས༔ ཐེ་ཚོམ་ཅན་ལ་གུ་ཧྱ་རྒྱ༔ དེ་ནས་ལས་སྦྱོར་དམིགས་པ་ནི༔ ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས༔ འོད་ཟེར་མཆོད་པའི་སྤྲིན་དུ་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་མཁྱེན་བརྩེ་ནུས་གསུམ་གྱི༔ ཚེ་ཡི་དངོས་གྲུབ་མ་ལུས་པ༔ རང་ལ་ཐིམ་པས་བདུད་བཞི་ལས༔ རྣམ་པར་རྒྱལ་བའི་དཔའ་བོར་གྱུར༔ ཅེས་བསམ་སླར་ཡང་རང་སྔགས་ལས༔ འོད་ཟེར་སྣ་ལྔ་མར་འཕྲོས་པས༔ འགྲོ་བ་དྲུག་གི་སྡུག་བསྔལ་བསལ༔ ཀུན་ཀྱང་འཆི་མེད་མགོན་པོ་ཡི༔ གོ་འཕང་མཆོག་ལ་འགོད་པར་མོས༔ གཟུངས་རིང་མདོ་ཡི་ཚིག་བཞིན་དུ༔ དམིགས་པ་གསལ་བས་འབུམ་ཕྲག་བཟླ༔ ཕན་ཡོན་གཞུང་བཞིན་ཐོབ་པར་འགྱུར༔ འཁོར་གྱི་བཟླས་པ་བྱ་བ་ནི༔ འཁོར་གྱི་ལྷ་རྣམས་ཐམས་ཅད་ཀྱི༔ ཐུགས་ཀར་པད་ཉི་ཟླ་བའི་སྟེང་༔ ཚེ་ཡི་སྙིང་པོ་རང་མདོག་ཧྲཱིཿ མར་མེ་འབར་བ་ལྟ་བུར་གསལ༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་འབྱུང་བ་བཞི་ཡི་བཅུད༔ ལྷ་སྲིན་བན་བོན་སྡེ་བརྒྱད་ཀྱིས༔ བདག་གི་ཚེ་སྲོག་བརྐུས་དང་ཕྲོག༔ འཐོར་དང་གཞིག་པ་བསྡུས་ཤིང་གསོས༔ རྡོ་རྗེའི་སྲོག་ལ་དབང་ཐོབ་བསམ༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿབྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཧྱ་གྷྲྀ་ཝ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྃ༔ཨཱ༔ ཛཿཧཱུྃ་བཾཾ་ཧོ༔ཨ་ཡུ་སིདྡྷི་ཕ་ལ་ཧཱུྃ་བྷྲུཾ་ནྲྀ་ཛ༔ གཞན་བསྲུང་ཐུགས་སྲོག་ཧ་ཁོག་ཏུ༔ རྣམ་ཤེས་ནྲི་ལ་ཚེ་བཅུད་བསྡུས༔ སྔགས་དེ་ཁྲི་གསུམ་སྐབས་བསྟུན་བཟླ༔ སྐབས་སུ་མཆོད་ཅིང་བསྟོད་པ་བྱ༔ ས་མ་ཡཱ༔ ཚེ་བསྐུལ་མདའ་དར་ཕྱོགས་བཅུར་གཡབ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་འཕྲོས་ཚེ་ཡི་དཔལ་ཡོན་ཀུན༔ སྤུར་མ་རླུང་གིས་བསྡུས་པ་བཞིན༔ རང་ལ་བསྟིམས་ཤིང་ཚིག་འདི་བརྗོད༔ ཧྲཱིཿ རང་སྣང་དག་པ་པོ་ཊ་ལ་ཡི་ཞིང་༔ ཚད་མེད་སྙིང་རྗེའི་ལྷ་མཆོག་ཚེ་ཡི་བདག༔ མཁྱེན་བརྩེ་ནུས་གསུམ་ཐུགས་བསྐྱེད་སྨོན་ལམ་མཐུས༔ འཆི་མེད་རིག་འཛིན་ཚེ་ཡི་དངོས་གྲུབ་ཀུན༔ དེང་འདིར་རྣལ་འབྱོར་བདག་ལ་བསྩལ་དུ་གསོལ༔ ལུས་ངག་ཡིད་གསུམ་གཞོམ་བྲལ་ཚེ་དབང་བསྐུར༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ རྩ་སྔགས་བཟླས༔ ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཚེ་ཡི་ལྷ༔ ཞེ་སྡང་རྒྱལ་པོའི་ལག་ནས་ཚེ་སྲོག་ཁུག༔ སྲ་བརྟན་འབྱུང་བ་ས་ཡི་བཅུད་བསྡུས་ལ༔ ཤ་ཡི་ཁམས་ནས་བླ་ཚེ་ཉམས་པ་གསོས༔ ཡུམ་མཆོག་སངས་རྒྱས་སྤྱན་མའི་ཀློང་དུ་བསྟིམས༔ རྣལ་འབྱོར་བདག་ལ་གཞོམ་བྲལ་ཚེ་དབང་བསྐུར༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ ཚེ་གཟུངས་བཟླ༔ ཏྲཾ༔ ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཚེ་ཡི་ལྷ༔ ང་རྒྱལ་གཤིན་རྗེའི་ལག་ནས་ཚེ་སྲོག་ཁུག༔ མཉེན་ལྕུག་འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ ཁྲག་གི་ཁམས་ནས་བླ་ཚེ་ཉམས་པ་གསོས༔ ཡུམ་མཆོག་མ་མཱ་ཀཱི་ཡི་ཀློང་དུ་བསྟིམས༔ རྣལ་འབྱོར་བདག་ལ་གཞོམ་བྲལ་ཚེ་དབང་བསྐུར༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ ཚེ་གཟུངས་བཟླ༔ ཨོཾ༔ ནུབ་ཕྱོགས་བྷུདྡྷ་རིགས་ཀྱི་ཚེ་ཡི་ལྷ༔ གཏི་མུག་ཀླུ་གདོན་ལག་ནས་ཚེ་སྲོག་ཁུག༔ ཀུན་ཁྱབ་འབྱུང་བ་ནམ་མཁའི་བཅུད་བསྡུས་ལ༔ སེམས་ཀྱི་ཁམས་ནས་བླ་ཚེ་ཉམས་པ་གསོས༔ ཡུམ་མཆོག་དབང་ཕྱུག་མ་ཡི་ཀློང་དུ་བསྟིམས༔ རྣལ་འབྱོར་བདག་ལ་གཞོམ་བྲལ་ཚེ་དབང་བསྐུར༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ ཚེ་གཟུངས་བཟླ༔ ཨཱཿ བྱང་ཕྱོགས་ཀརྨ་རིགས་ཀྱི་ཚེ་ཡི་ལྷ༔ ཕྲག་དོག་བདུད་ཀྱི་ལག་ནས་ཚེ་སྲོག་ཁུག༔ གཡོ་བྱེད་འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དབུགས་ཀྱི་ཁམས་ནས་བླ་ཚེ་ཉམས་པ་གསོས༔ ཡུམ་མཆོག་དམ་ཚིག་སྒྲོལ་མའི་ཀློང་དུ་བསྟིམས༔ རྣལ་འབྱོར་བདག་ལ་གཞོམ་བྲལ་ཚེ་དབང་བསྐུར༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ ཚེ་གཟུངས་བཟླ༔ ཧྲཱིཿ དབུས་ཕྱོགས་པདྨ་རིགས་ཀྱི་ཚེ་ཡི་ལྷ༔ འདོད་ཆགས་བསེན་མོའི་ལག་ནས་ཚེ་སྲོག་ཁུག༔ དྲོད་བསྐྱེད་འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ ཡུམ་མཆོག་གོས་དཀར་ལྷ་མོའི་ཀློང་དུ་བསྟིམས༔ དྲོད་ཀྱི་ཁམས་ནས་བླ་ཚེ་ཉམས་པ་གསོས༔ རྣལ་འབྱོར་བདག་ལ་གཞོམ་བྲལ་ཚེ་དབང་བསྐུར༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ ཚེ་གཟུངས་བཟླ༔ ཧཱུྃ་ཧྲཱིཿ ཙིཏྟ་རིན་ཆེན་སྒོ་སྲུང་དབང་གི་ལྷ༔ འཁོར་འདས་ཆེ་བཙན་རྟ་མཆོག་ཁྲོ་བོའི་རྒྱལ༔ བར་ཆད་བདུད་བཞིའི་ལག་ནས་ཚེ་སྲོག་ཁུག༔ སྒོ་གསུམ་ཀུན་གཞི་བག་ཉལ་ཚེ་བཅུད་སྡུས༔ ཤ་ཁྲག་དྲོད་དབུགས་ཉམས་པ་སོར་ཆུད་ནས༔ རྣལ་འབྱོར་བདག་ལ་འཆི་མེད་ཚེ་མཆོག་སྩོལ༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བྱིན་གྱིས་རློབས༔ འཁོར་སྔགས་ལན་གསུམ་བཟླས་རྗེས་སུ༔ ཧྲཱིཿ སྣང་བའི་ངོ་བོ་འཕགས་མཆོག་ཚེ་ཡི་ལྷ༔ སྟོང་ཉིད་ཤེས་རབ་ལྷ་མོ་ཙན་དྷ་ལི༔ ཡབ་ཡུམ་གཉིས་མེད་སྤྲུལ་པའི་འཕྲོ་འདུ་ལས༔ རིགས་ལྔ་ཡབ་ཡུམ་ཚེ་ཡི་སྒོ་སྲུང་དང་༔ ལྷ་དང་དྲང་སྲོང་རིག་འཛིན་མཁའ་འགྲོ་བཅས༔ ཐུགས་བསྐྱེད་དམ་བཅའ་ནུས་པའི་སྟོབས་བསྐྱེད་ལ༔ རྣལ་འབྱོར་སྒོ་གསུམ་ཕྱི་ནང་ཚེ་ཉམས་ན༔ བརྟན་གཡོ་སྣང་སྲིད་ཀུན་གྱི་ཚེ་བཅུད་ཁུག༔ ལུས་ལ་འགྱུར་མེད་སྐུ་ཡི་ཚེ་དཔལ་སྩོལ༔ ངག་ལ་གཞོམ་མེད་གསུང་གི་ཚེ་གཡང་སྩོལ༔ སེམས་ལ་མཁྱེན་བརྩེ་ནུས་པའི་ཚེ་དཔལ་སྩོལ༔ འཕོ་མེད་བརྗོད་བྲལ་དགོངས་པས་རྒྱས་ཐོབ་ལ༔ འཆི་མེད་མགོན་པོའི་གོ་སར་དབུགས་དབྱུང་མཛོད༔ ཚེ་གཟུངས་བཟླ་ཞིང་རྒྱས་གདབ་བྱ༔ མི་དམིགས་བློ་འདས་རང་ངོར་ལྟོས༔ ཡང་དག་དོན་དམ་ཚེ་སྒྲུབ་མཆོག༔ ཡང་ཟབ་གནད་ཀྱི་ཏི་ཀའོ༔ ༈ རྗེས་ལ་ཚོགས་ཀྱི་ཡོ་བྱད་ནི༔ དཀར་གསུམ་མངར་གསུམ་ཤ་ཆང་ཟན༔ ཤིང་ཏོག་སྨན་འབྲུ་འབྱོར་ཚད་དང་༔ སྤྱན་གཟིགས་མར་མེ་དྲི་ཞིམ་སྤོས༔ མ་ཚང་མེད་པར་འདུ་བྱས་ལ༔ བདུད་རྩིས་བྲན་ནས་སྔགས་འདིས་སྦྱངས༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ཧཱུྃ་ཕཊ༔ ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གསུམ་ཡི་གེ་སྤྲོས༔ མཚན་མའི་རྣམ་རྟོག་བསྲེགས་གཏོར་བཀྲུས༔ སླར་ཡང་ཨོཾ་དཀར་སྤྲོས་པ་ལས༔ སྣོད་རྣམས་རིན་ཆེན་སྣ་ལྔར་གྱུར༔ ཨཱཿདམར་འོད་ཀྱིས་བཅུད་རྣམས་ཀུན༔ ལྷ་ཡི་བདུད་རྩི་རྒྱ་མཚོར་དམིགས༔ ཧཱུྃ་མཐིང་ལས་བྱུང་མཆོད་པའི་རྫས༔ ཀུན་ཏུ་བཟང་པོའི་རྣམ་རོལ་བཞིན༔ འཛིན་མེད་ནམ་མཁའ་མཛོད་དུ་གྱུར༔ རཾ་ཡཾ་ཁཾ༔དང་ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབས༔ ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ བློ་འདས་ཆོས་སྐུའི་ཕོ་བྲང་ནས༔ དགོངས་བརྒྱུད་བླ་མ་ཚེ་ཡི་བདག༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ སྐྱེ་མེད་ཀློང་ནས་གནས་འདིར་གཤེགས༔ འོད་གསལ་ལོངས་སྐུའི་ཕོ་བྲང་ནས༔ བརྡའ་བརྒྱུད་བླ་མ་ཚེ་ཡི་བདག༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ འགགས་མེད་ཀློང་ནས་གནས་འདིར་གཤེགས༔ གང་འདུལ་སྤྲུལ་སྐུའི་ཕོ་བྲང་ནས༔ སྙན་བརྒྱུད་བླ་མ་ཚེ་ཡི་བདག༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ རྩོལ་མེད་ཀློང་ནས་གནས་འདིར་གཤེགས༔ སྐུ་གསུམ་ཀུན་འདུས་བྱིན་རླབས་གཏེར༔ དྲིན་ཆེན་བླ་མ་ཚེ་ཡི་བདག༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ མོས་གུས་ཀློང་ནས་གནས་འདིར་གཤེགས༔ མཆོག་ཐུན་དངོས་གྲུབ་འདོད་རྒུའི་མཛོད༔ ཡི་དམ་ལྷ་ཚོགས་ཚེ་ཡི་བདག༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ བསྙེན་སྒྲུབ་ཀློང་ནས་གནས་འདིར་གཤེགས༔ བདེ་སྟོང་ཡེ་ཤེས་དགའ་བཞིའི་དཔལ༔ གནས་གསུམ་མཁའ་འགྲོ་ཚེ་ཡི་བདག༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ བརྩེ་གདུང་ཀློང་ནས་གནས་འདིར་གཤེགས༔ བཀའ་དང་དམ་ཚིག་གཞལ་ཡས་ན༔ དམ་ཅན་རྒྱ་མཚོ་གནས་འདིར་གཤེགས༔ ལོངས་སྤྱོད་ཚོགས་ལ་སྤྱན་འདྲེན་ན༔ མཆོད་བསྟོད་ཀློང་ནས་གནས་འདིར་གཤེགས༔ ཁྱད་པར་ཀུན་འདུས་རིགས་ཀྱི་བདག༔ འཕགས་མཆོག་སྤྱན་རས་གཟིགས་དབང་དང་༔ དཀྱིལ་འཁོར་ལྷ་ཚོགས་སྲུང་མར་བཅས༔ ཀུན་ཀྱང་འཆི་མེད་ཚེ་ཡི་ལྷ༔ རྣལ་འབྱོར་བར་ཆད་སེལ་བའི་སྐྱབས༔ འཆི་བདག་བདུད་ལས་བསྲུང་བའི་མགོན༔ གང་འདོད་དངོས་གྲུབ་སྩོལ་བའི་གྲོགས༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐཱི་ནི་ཛྙཱ་ན་བཛྲ་ས་མ་ཡཱ་ཛ་ཛཿས་སྤྱན་འདྲེན་ཚོགས་ཕུད་དང་པོ་འབུལ༔ ཧྲཱིཿ རྩ་གསུམ་ཚེ་ཡི་ལྷ་ཚོགས་ལ༔ འཆི་མེད་བདུད་རྩིའི་ཚེ་རྫས་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང་༔ ཚེ་མཆོག་འགྲུབ་པའི་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བཤགས་འབུལ་བ་འགྱོད་པའི་བློ་དང་བཅས༔ ཧཱུྃ་ཧྲཱིཿ ཚེ་རབས་ཐོག་མེད་ནས་བསགས་ཉེས་པའི་རིགས༔ ཁྱད་པར་སྲོག་གཅོད་གཞན་གནོད་དམ་སྡོམ་འགལ༔ སྒོ་གསུམ་མི་དགེའི་ལས་བསགས་ཅི་མཆིས་པ༔ དེ་དག་ཐམས་ཅད་མི་འཆབ་མཐོལ་ལོ་བཤགས༔ ཉམས་པའི་སྐྱོན་རྣམས་དབྱིངས་སུ་བསྐང་བ་དང་༔ དགེ་བ་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་བས་ནོངས་པ་སྦྱངས༔ ཚོགས་ཀྱི་ཐ་མར་དགྲ་བགེགས་འགུགས༔ བསྒྲལ་ཞིང་བསྟབས་པ་འདི་བཞིན་བྱ༔ ཧཱུྃ་ཧྲཱིཿ ཁྲོ་བོའི་རྒྱལ་པོ་དབང་ཆེན་ལྷར༔ བདག་ཉིད་གསལ་བའི་ཏིང་འཛིན་གྱིས༔ དམིགས་བྱ་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་དྭངས་མའི་བདུད་རྩིར་སྦྱར༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་༔ ཚེ་བདུད་ལོག་འདྲེན་བསྒྲལ་བ་དང་༔ ཚེ་མཆོག་འགྲུབ་པར་མཛད་དུ་གསོལ༔ ནྲྀ་ཏྲི་ཤ་ཏྲུན་མ་ར་ཡ་ཧཱུྃ་ཕཊཿཁཱ་ཧི༔ ལས་ཀྱི་རྡོ་རྗེས་ཚོགས་རྫས་ཕུལ༔ དབང་བཞིའི་བཟའ་བའི་དམ་ཚིག་ལྟར༔ དཀྱིལ་འཁོར་གཙོ་མཆོག་སློབ་དཔོན་གྱིས༔ ཐ་མལ་རྟོག་པ་སྤངས་ཏེ་རོལ༔ བྱིན་བརླབས་ཁ་ཕྲུ་གདབ་པ་རྣམས༔ སྔོན་སོང་ལྷག་གཏོར་བསྔོ་བ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ རུ་ཏྲ་སྡེ་གསུམ་བསྒྲལ་བའི་ཚེ༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ བྲན་དུ་ཁས་བླངས་དཀྱིལ་འཁོར་གྱི༔ ཕྱི་ཉུལ་ལྷག་གཏོར་དབང་བ་རྣམས༔ འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨུ་ཙུཥྚ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ ཆད་མདོའི་གཏོར་མ་སྨན་རཀ་བྲན༔ འབྲུ་གསུམ་སྔགས་ཀྱིས་བྱིན་བརླབས་ནས༔ ཧཱུྃ་ཧྲཱིཿ སྔོན་ཚེ་བདེ་ཆེན་ཞིང་ཁམས་སུ༔ མགོན་པོ་ཚེ་དཔག་མེད་པ་ཡིས༔ རྒྱལ་སྲས་སྙིང་རྗེའི་མངའ་བདག་ལ༔ དབང་བཅུའི་ཡོན་ཏན་མངའ་གསོལ་ཚེ༔ འཆི་མེད་རྡོ་རྗེའི་སྐུ་མཆོག་བརྙེས༔ འཇིག་རྟེན་མེས་པོ་ཚངས་པ་དང་༔ ལྷ་ཀླུ་དྲང་སྲོང་ཐམས་ཅད་ཀྱིས༔ འཕགས་པའི་མཚན་ཙམ་འཛིན་པ་ལ༔ ཚེ་དབང་དངོས་གྲུབ་སྩོལ་བ་དང་༔ རྐྱེན་ངན་ཚེ་འཕྲང་བསལ་བ་སོགས༔ གང་འདོད་ཕྲིན་ལས་སྒྲུབ་བོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ གང་འདོད་ཕྲིན་ལས་འགྲུབ་པར་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ མགོན་པོ་སྤྱན་རས་གཟིགས་དབང་གིས༔ རིག་འཛིན་པདྨ་ཐོད་ཕྲེང་ལ༔ རི་བོ་ཏ་ལའི་བྱང་ཤར་མཚམས༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ ཚེ་སྒྲུབ་རྒྱུད་དང་གདམས་པ་བསྟན༔ བསྙེན་སྒྲུབ་མཐར་ཕྱིན་རིགས་བདག་དང་༔ དབྱེར་མེད་དོན་གཉིས་མཐར་ཕྱིན་ཚེ༔ སྔགས་བདག་དམ་ཅན་རྒྱ་མཚོ་ཡིས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་༔ དམ་ཆོས་སྒྲུབ་ལ་བར་ཆད་ཞི༔ མཐུན་རྐྱེན་ལྷུན་གྱིས་འགྲུབ་པར་མཛོད༔ དེ་འོག་སྙིགས་མའི་དུས་ཀྱི་ཚེ༔ གངས་ཅན་བོད་ཀྱི་རྒྱལ་ཁམས་སུ༔ རིག་འཛིན་མཚོ་སྐྱེས་རྡོ་རྗེ་ཡིས༔ ཆོས་རྒྱལ་ཡབ་སྲས་མཚོ་རྒྱལ་སོགས༔ རྗེ་འབངས་བློན་དང་བཅས་པ་ལ༔ གདམས་ཟབ་སྨིན་གྲོལ་རྒྱས་གདབ་པའི༔ སྨོན་ལམ་ལུང་བསྟན་མཛད་པའི་ཚེ༔ ལྷ་སྲིན་དྲེགས་པའི་ཚོགས་རྣམས་དང་༔ སྔགས་བདག་ནམ་མཁའི་རལ་ཅན་མས༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ བསྟན་མར་བདུད་རྩིས་བྲན་བྱས་ཏེ༔ ཧཱུྃ་ཧྲཱིཿ གངས་ཅན་བོད་ཀྱི་རྒྱལ་ཁམས་སུ༔ མུ་སྟེགས་རྒོལ་བ་འཇོམས་པའི་ཕྱིར༔ རྒྱལ་དབང་པདྨ་འབྱུང་གནས་ཀྱིས༔ བཀའ་བསྒོས་གཉེར་གཏད་སྲུང་མར་བསྐོས༔ མ་མོ་བསྟན་མ་བཅུ་གཉིས་རྣམས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ ཤཱཀྱའི་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་བར་ཆད་སེལ་བར་མཛོད༔ མ་མ་སྲིང་འགྲོ་སརྦ་པཱུ་ཛ་བྷ་ལིངྟ་ཁཱ་ཧི༔ གཏོར་གཞོང་ཁ་སྦུབ་རི་རབ་འོག༔ དམ་སྲི་སྲིད་མཐར་ལྡང་མེད་བསམ༔ དགུག་གཞུག་དང་བཅས་དམིགས་པས་གཟིར༔ ཧཱུྃ་ཧྲཱིཿ ཆོས་སྲིད་བར་ཆད་རྒབ་འདྲེའི་ཚོགས༔ རི་རབ་གླིང་བཞིའི་འོག་ཏུ་མནན༔ ནམ་ཡང་ལྡང་མེད་བྲོ་རྒྱས་གདབ༔ སྲིད་གསུམ་འབྱུང་པོ་རྡུལ་དུ་རློགས༔ སརྦ་དམ་སྲི་རྒབ་འདྲེ་འབྱུང་པོ་མ་ར་ཡ་ནན༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ གཏོར་སྣོད་འབྲུས་བཀང་ཚེ་འགུགས་བྱ༔ དེ་ནས་ལྷར་སྣང་བསྡུ་བ་ནི༔ ཧཱུྃ་ཧྲཱིཿ སྣོད་བཅུད་གཞལ་ཡས་འོད་དུ་ཞུ༔ འཁོར་རྣམས་གཙོ་བོ་ཡབ་དང་ཡུམ༔ རིམ་ཡལ་ཐུགས་སྲོག་ཧྲཱིཿལ་བསྡུ༔ མི་དམིགས་སྟོང་གསལ་ངང་དུ་བཞག༔ རྗེས་ཐོབ་རང་ཉིད་སྤྱན་རས་གཟིགས༔ ཕྱག་རྒྱ་གཅིག་པའི་གནས་གསུམ་དུ༔ འབྲུ་གསུམ་བསྒོམ་ལས་འོད་འཕྲོས་པས༔ རྡོ་རྗེའི་གོ་ཆས་རྒྱས་གདབ་གྱུར༔ བཛྲ་རཀྵ་རཀྵ་བྷྲུཾ༔ དགེ་ཚོགས་འགྲོ་ལ་ཕངས་མེད་བསྔོ༔ ཧཱུྃ་ཧྲཱིཿ དུས་གསུམ་བསགས་པའི་རྣམ་དཀར་དགེ༔ གཅིག་བསྡུས་འགྲོ་ཀུན་དོན་དུ་བསྔོ༔ ཀུན་ཀྱང་འཆི་མེད་མགོན་པོ་ཡི༔ གསང་གསུམ་དཔལ་ཡོན་མངོན་གྱུར་ཤོག༔ སྨོན་ལམ་བདེན་ཚིག་འདི་བཞིན་བརྗོད༔ ཧཱུྃ་ཧྲཱིཿ དགེ་རྩ་འདིས་མཐུས་མཐའ་ཡས་འགྲོ༔ ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ བསྟན་འཛིན་སྐྱེས་བུའི་ཞབས་པད་བརྟན༔ རྒྱལ་བསྟན་དར་ཞིང་རྒྱས་པར་ཤོག༔ ཤིས་བརྗོད་མེ་ཏོག་སིལ་མ་འཐོར༔ ཧཱུྃ་ཧྲཱིཿ ཆོས་སྐུའི་མགོན་པོ་ཚེ་དཔག་མེད༔ ལོངས་སྐུ་འཕགས་མཆོག་སྤྱན་རས་གཟིགས༔ སྤྲུལ་སྐུ་རིག་འཛིན་པདྨ་འབྱུང་༔ སྐུ་གསུམ་བླ་མའི་བཀྲ་ཤིས་ཤོག༔ གཞན་ཡང་ཤིས་བརྗོད་མཐའ་རྒྱས་བྱ༔ ཨེ་མ་ཡང་ཟབ་འཕགས་པའི་ཆ་ལག་ཏུ༔ ཚེ་སྒྲུབ་རྡོ་རྗེའི་སྙིང་པོ་འདི༔ ད་ལྟ་པདྨ་བདག་ཉིད་ཀྱིས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་དང་༔ འབངས་རིགས་སྐལ་ལྡན་ཉི་ཤུ་གཅིག༔ མཚོ་རྒྱལ་སྐུ་ཚེ་མཐར་ཕྱིན་ཕྱིར༔ མོས་གུས་བསྐུལ་མ་བྱུང་བར་བརྟེན༔ སྨིན་གྲོལ་གཏད་རྒྱ་སྨོན་ལམ་བྱས༔ མ་འོངས་ཨོ་རྒྱན་བདག་ཉིད་དང་༔ མཚོ་རྒྱལ་ཀླུ་ཡི་དབང་པོ་ཡི༔ བྱིན་རླབས་སྙིང་ལ་ཞུགས་པའི་བུ༔ ལས་སྐལ་ལྡན་པའི་གང་ཟག་དེར༔ དག་སྣང་གཏེར་ཁ་རྡོལ་བའི་ཚེ༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་བཞིན༔ སྐལ་ལྡན་ཆོས་ཀྱི་བདག་པོ་ལ༔ འཕྱུག་མེད་རྟེན་འབྲེལ་ལེགས་འགྲིགས་ན༔ གེགས་ཞི་འགྲོ་དོན་མཐར་ཕྱིན་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ལུང་རིག་གླིང་པའི་གཏེར་མའོ༔

མཚམས་ལྷ་བསྐྱེད་དང་བདེན་བརྗོད།

༄༅། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་དམར་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་པད་ཕྲེང་། གཡོན་སྡིགས་མཛུབ་བསྒྲེང་བ། ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་དྲེགས་པ་ཕོ་མོའི་གདན་ལ་རོལ་བ། སྤྱི་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་དྲག་པོ་ཕྱོགས་བཅུར་བསྒྲགས་པས་དམ་མེད་དྲེགས་པ་སྡེ་བརྒྱད་དམ་སྲི་འབྱུང་པོ་ཐམས་ཅད་བརྒྱལ་ཞིང་འབོག་པ། དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བ་བསྐལ་བའི་མེ་ལྟར་འབར་བར་གྱུར། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ༈ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ། ལང་གྲོ་དཀོན་མཆོག་འབྱུང་གནས། འཁོན་ཆེན་ཀླུ་ཡི་དབང་པོ། མཁར་ཆེན་དཔལ་གྱི་དབང་ཕྱུག གྲུབ་དབང་བྱང་ཆུབ་རྡོ་རྗེ། གཏེར་སྟོན་ལུང་རིག་གླིང་པ། བརྒྱུད་འཛིན་ཆོས་ཀྱི་བདག་པོ། དྲིན་ཆེན་རྩ་བརྒྱུད་ཀྱི་བླ་མ་སོགས་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡ་ཡི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ། ཤོག་སེར་ཚིག་གི་བརྒྱུད་པ་སྟེ། རྫོགས་ཆེན་བརྒྱུད་པ་དྲུག་ལྡན། རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་དང་། ཁྱད་པར་དུ་འཕགས་མཆོག་ཚེ་ལྷ་ཡབ་ཡུམ། བཅོམ་ལྡན་ཚེ་ལྷ་རིགས་ལྔ་ཡབ་ཡུམ། ཚེ་འཛིན་སྒོ་སྲུང་རིགས་བཞི་ལ་སོགས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་མཐུས། དེང་འདིར་བསྲུང་བྱའི་མི་ནོར་འཁོར་དང་བཅས་པ༴སོགས།

བསྐང་བསྡུས་དོན་གཉིས་ལྷུན་གྲུབ།

༄༅༔ ཚེ་སྒྲུབ་འཆི་མེད་མཆོག་སྟེར་ལས༔ བསྐང་བསྡུས་དོན་གཉིས་ལྷུན་གྲུབ་བཞུགས༔

བསྐང་རྫས་བྱིན་བརླབས་སྤྱི་ལྟར་བྱས༔ ཧྲཱིཿ རང་བཞིན་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་༔ ཚེ་བདག་རྒྱལ་བ་རིགས་ལྔའི་ལྷ་ཡི་ཚོགས༔ ཐུགས་དམ་དབང་གིས་བསྐང་བའི་གནས་འདིར་གཤེགས༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཁྱད་པར་ཐུགས་དམ་བསྐང་བའི་དམ་རྫས་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ ཉོན་མོངས་རྒྱུ་དྲུག་དབྱིངས་སུ་བསྒྲལ་བའི་ཁྲག༔ འབྲུ་སྨན་རྩི་བཅུད་སྦྱར་བའི་བྷ་ལིང་ཏ༔ ཕྱག་རྒྱ་གར་དང་གླུ་དབྱངས་སྙན་འཇེབས་སྒྲས༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ གཏི་མུག་གནས་དག་ཆོས་དབྱིངས་ཡེ་ཤེས་ངང་༔ བྷུདྡྷ་རིགས་ཀྱི་ཚེ་ལྷ་གཙོ་དང་འཁོར༔ ཚེ་ཡི་ལྷ་མོ་སྒོ་སྐྱོང་མགྱོགས་མར་བཅས༔ རབ་འབྱམས་དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ ཞེ་སྡང་དབྱིངས་གྲོལ་མེ་ལོང་ཡེ་ཤེས་ངང་༔ རྡོ་རྗེ་རིགས་ཀྱི་ཚེ་ལྷའི་ཐུགས་དམ་བསྐང་༔ ང་རྒྱལ་གནས་དག་མཉམ་ཉིད་ཡེ་ཤེས་ངང་༔ རིན་ཆེན་རིགས་ཀྱི་ཚེ་ལྷའི་ཐུགས་དམ་བསྐང་༔ འདོད་ཆགས་གནས་དག་སོར་རྟོག་ཡེ་ཤེས་ངང་༔ པདྨ་རིགས་ཀྱི་ཚེ་ལྷའི་ཐུགས་དམ་བསྐང་༔ ཕྲག་དོག་དབྱིངས་གྲོལ་བྱ་གྲུབ་ཡེ་ཤེས་ངང་༔ ཀརྨ་རིགས་ཀྱི་ཚེ་ལྷའི་ཐུགས་དམ་བསྐང་༔ རྟོག་ཚོགས་གནས་དག་སྐུ་གསུམ་ཡེ་ཤེས་ངང་༔ ལྷ་དང་དྲང་སྲོང་རིག་འཛིན་ཐུགས་དམ་བསྐང་༔ ཚེ་ཡི་བར་ཆད་དབྱིངས་སུ་སྒྲོལ་མཛད་པ༔ བཀའ་གཏེར་དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ ཚེ་རབས་སྔོན་ནས་ད་ལྟའི་བར་དག་ཏུ༔ སྲོག་གཅོད་ལ་སོགས་དུས་མིན་འཆི་བའི་རྒྱུ༔ མི་དགེའི་ལས་རྣམས་ཅི་བགྱིས་བྱང་གྱུར་ཅིག༔ དུག་ལྔའི་རང་གཟུགས་བགེགས་དང་ལོག་འདྲེན་གྱིས༔ ཚེ་སྲོག་བརྐུས་དང་ཕྲོག་པ་སོར་ཆུད་ནས༔ འཆི་མེད་ཚེ་དང་རྒས་མེད་ལང་ཚོར་ལྡན༔ ཚེ་ཡི་རིག་འཛིན་རྡོ་རྗེའི་སྐུ་འགྲུབ་ཤོག༔ ཕ་རོལ་རིག་སྔགས་མཁན་གྱི་བྱད་ཕུར་གྱིས༔ བླ་ཚེ་སྲོག་དབུགས་གཏད་དུ་བཅུག་པ་སོགས༔ ཉ་གང་ཟླ་བ་གཟའ་ལས་ཐར་བ་ལྟར༔ ཉེས་པའི་སྐྱོན་བྲལ་ལེགས་ཚོགས་གོང་འཕེལ་ཤོག༔ མཚན་དཔེས་བརྒྱན་པ་རྡོ་རྗེའི་སྐུ་འགྲུབ་ཅིང་༔ ཡན་ལག་དྲུག་ཅུ་ཚངས་པའི་དབྱངས་དང་ལྡན༔ འཕོ་མེད་བདེ་སྟོང་རྒྱལ་བའི་ཐུགས་ཀློང་དང་༔ གསང་གསུམ་འཆི་མེད་མགོན་པོ་མཆོག་འགྲུབ་ཤོག༔ ཅེས་པའང་བསྐང་བཤགས་ཉུང་བསྡུས་སྨོན་ལམ་དང་འབྲེལ་བ་འདི་ཉིད་བཙུན་ཆུང་ལུང་རྟོགས་བསྟན་འཛིན་གྱིས་ངོར༔ ཆོས་ཀྱི་བདག་པོ་རང་ཉིད་ཀྱིས་ཤར་མར་སྤེལ་བ་ཀུན་ནས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ དགེའོ༔ དགེའོ༔ དགེའོ༔ བཀྲ་ཤིས་སོ༔

ཚེ་འགུགས་མཚམས་སྦྱོར།

༄༅།། བདག་གི་ཐུགས་ཀའི་སྔགས་འཁོར་དང་མདའ་དར་ལས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྒྱལ་བ་རིག་འཛིན་དྲང་སྲོང་ཚེ་དང་སྲོག་ལ་མངའ་མཛད་འཇིག་རྟེན་གྱི་ལྷ་ཀླུ་དྲེགས་བྱེད་རྣམས་ཀྱི་སྟོབས་འབྱོར་མངའ་ཐང་ལོངས་སྤྱོད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡུལ་གྱིས་ཉི་ཟེར་ཞོན་པ་བཞིན་ཨ་ནྲྀ་ཧཱུྃ་གསུམ་གྱི་རྣམ་པར་ཤིག་ཤིག་ཡོམ་ཡོམ་བསྡུས་ནས། བདག་དང་བསྲུང་བྱའི་སྤྱི་བོ་ནས་ཞུགས་ཏེ་ཚེ་དཔལ་གཟི་བརྗིད་ཐམས་ཅད་ཟླ་བ་ཡར་ངོ་བཞིན་འཕེལ་ཏེ་འཆི་མེད་མགོན་པོའི་སྲོག་ལ་དབང་ཐོབ་པར་བསམ་ལ་གཞུང་བཞིན་ཚེ་འགུགས་ལ་འཇུག་པར་བྱའོ༔

ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་ཧོར་བླས་མཛད་པ།

༄༅། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་བཞུགས། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་མི་སློབ་པའི་ཟུང་འཇུག་འཕགས་མཆོག་ཚེ་ལྷ་ཡབ་ཡུམ་དེ་ཉིད་ཀྱི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་རྣམས་ཀྱང་རྡོ་རྗེ་ཐེག་པའི་གཞུང་ལུགས་རིན་པོ་ཆེ་རྣམས་ལས་ཇི་སྐད་གསུངས་པ་བཞིན་དུ་སྤང་བླང་མ་ནོར་པའི་ཚུལ་གྱིས་གསལ་བཏབ་ཏེ་ཉན་པར་མཛོད། དེ་ལ་སྤྱིར་མཐོ་རིས་ཀྱི་རྟེན་བཟང་ཐོབ་ནས་དེའི་ཡོན་ཏན་གྱི་ཁྱད་པར་བདུན་ལས་གཙོ་བོར་གྱུར་པ་ཚེ་རིང་བ་ཁོ་ན་ཡིན་ཀྱང་། ཁྱད་པར་མི་ལུས་ཆོས་ལྡན་གྱི་ཚེ་རིང་དུ་གནས་པ་ནི་འཕྲལ་ཡུན་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་གྱུར་པས་འཇིག་རྟེན་གྱི་ཁམས་འདིར་དོན་དུ་གཉེར་བྱའི་མཆོག་ཡིན་ཅིང་། སྙིགས་མའི་དུས་འདིར་རྒྱུ་ལས་ངན་ལ་སྤྱོད་པའི་དབང་གིས་ཚེ་ཐུང་ཞིང་དུས་མ་ཡིན་པར་འཆི་བའི་བར་ཆད་མང་བས་ཚེ་སྲོག་རིང་པོར་མི་འཚོ་ཞིང་ཚེ་ལ་གནོད་པའི་གློ་བུར་གྱི་ཉེར་འཚེ་མང་སྟེ། སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང་། །ཞེས་དང་། དགོས་སུ་ཆོས་སྒྲུབ་པ་ལ་བར་ཆད་དང་དུས་མ་ཡིན་པར་འཆི་རྐྱེན་མང་བ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པོའི་རྐྱེན་ནི་ཉུང་ཟད་ཅིག །ཅེས་གསུངས་པས། དུས་མིན་པར་འཆི་བའི་རྐྱེན་མཐའ་དག་ཞི་བ་དང་། ཚེ་འཕེལ་བའི་ཐབས་ཐུན་མོང་དང་ཐུན་མོང་མ་ཡིན་པ་མཐའ་ཡས་པ་ཞིག་མཆིས་པ་ལས། མཆོག་གམ་ཕུལ་དུ་གྱུར་པ་ནི་རྡོ་རྗེ་ཐེག་པའི་སྨིན་གྲོལ་བསྐྱེད་རྫོགས་ལ་བརྟེན་པ་རྣམས་ཡིན། ཇི་སྐད་དུ། ཚེ་རིང་འདོད་ན་བླ་མ་ལོངས་སྐུ་སྒྲུབ། །ཅེས་ཆེད་དུ་གདམས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཚེ་ལྷ་ཡབ་ཡུམ་གྱི་ཚུལ་དུ་སྣང་བའི་འཁོར་དུ་བཅོམ་ལྡན་རྒྱལ་བ་རིགས་ལྔ་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཚེ་ཡི་ལྷ་ཚོགས་ཀྱི་རྣམ་པར་བཞེངས་ནས། སྒྲུབ་བྱའི་བླ་སྲོག་རྣམ་ཤེས་འབྱུང་ལྔའི་དབྱིངས་སུ་འཁྱམས་པ་ཡུམ་ལྔའི་ཀློང་དུ་བསྟིམ་ནས་ཡེ་ཤེས་ལྔས་རྒྱས་གདབ་པར་མཛད་པའི་ཚེ་ཡི་སྒྲུབ་པ་ཟབ་ཅིང་བྱིན་རླབས་ཀྱི་སྒོ་ཁྱད་པར་ཅན་དང་ལྡན་པ་འདི་ཉིད་བསྒྲུབ་པའི་བཀའ་སྲོལ་ནི། དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་གྱི་མཁན་པོ་པདྨ་ཀ་རས་ལས་ཅན་གྱི་རྗེ་འབངས་རྣམས་དང་། མ་འོངས་སྙིགས་མའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། བླ་མ་ལོངས་སྐུའི་ཚེ་ཆོག་ཟབ་ལམ་གྱི་གདམས་པ་བྱིན་ཅན་འདི་ཐུགས་ཀྱི་གཟུངས་མ་འཕུར་འགྲོའི་གཙོ་མོ་མཁར་ཆེན་མཚོ་རྒྱལ་ལ་མི་བརྗེད་པའི་རྒྱས་བཏབ་ཏེ་མཆོང་མཛོད་སྨུག་པོའི་སྒྲོམ་དུ་སྦ་བར་མཛད་པ་འབྱུང་འགྱུར་གྱི་ཆ་ལུང་བསྟན་པ་ནི༔ རང་གཞུང་ལས། ཨེ་མ་ཡང་ཟབ་འཕགས་པའི་ཆ་ལག་ཏུ༔ ཚེ་སྒྲུབ་རྡོ་རྗེ་སྙིང་པོ་འདི༔ ད་ལྟར་པདྨ་བདག་ཉིད་ཀྱིས༔ མངའ་བདག་ཆོས་ཀྱི་རྒྱལ་པོ་དང༔ འབངས་རིགས་སྐལ་ལྡན་ཉི་ཤུ་གཅིག༔ མཚོ་རྒྱལ་སྐུ་ཚེ་མཐར་ཕྱིན་ཕྱིར༔ མོས་གུས་བསྐུལ་མ་བྱུང་བར་བརྟེན༔ སྨིན་གྲོལ་གཏད་རྒྱ་སྨོན་ལམ་བྱས༔ མ་འོངས་ཨོ་རྒྱན་བདག་ཉིད་དང༔ མཚོ་རྒྱལ་ཀླུ་ཡི་དབང་པོ་ཡི༔ བྱིན་རླབས་སྙིང་ལ་ཞུགས་པའི་བུ༔ ལས་སྐལ་ལྡན་པའི་གང་ཟག་དེར༔ དག་སྣང་གཏེར་ཁ་རྡོལ་བའི་ཚེ༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་བཞིན༔ སྐལ་ལྡན་ཆོས་ཀྱི་བདག་པོ་ལ༔ འཕྱུག་མེད་རྟེན་འབྲེལ་ལེགས་འགྲིག་ན༔ གེགས་ཞི་འགྲོ་དོན་མཐར་ཕྱིན་འགྱུར༔ ཞེས་གསུངས་པ་དང་། གཏེར་འདོན་པ་པོ་ཡང་དག་སྣང་གི་ཆོས་སྡེ་ལ་ཡིད་ཆེས་པའི་རྡོ་རྗེའི་ལུང་གིས་དཔང་པོར་བསྔགས་ཚུལ་ནི། འཕགས་པའི་སྒྲུབ་ཐབས་ཟླ་གཞོན་སྤྲིན་བྲལ་ལས། ལང་གྲོ་དཀོན་མཆོག་འབྱུང་གནས་དང་༔ བདག་ཉིད་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ གཅིག་བསྡུས་འགྲོ་ཕན་སེམས་དཔའི་རིགས༔ དཔལ་གྱི་མིང་ཅན་རྣལ་འབྱོར་དེར༔ དག་སྣང་ཆོས་ཀྱི་གཏེར་ཁ་རྡོལ༔ ཅེས་དང་། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྐལ་ལྡན་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང་༔ ཞེས་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ལམ་བདེ་གཤེགས་འདུས་པའི་ལུང་བསྟན་དུས་གསུམ་གསལ་བྱེད་ལས། མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་འཛིན་པ༔ གཡུ་རོང་ཕྱོགས་སུ་ངེས་འབྱུང་ལྡན་པ་འབྱུང༔ ཅེས་དང་། གྲུབ་དབང་རྫོགས་ཆེན་བཞི་པའི་ལུང་བསྟན་ལས། འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས༔ སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང༔ སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར༔ མ་རིག་མུན་པའི་སྨག་རུམ་བསལ་བར་བྱས༔ བྱི་བའི་ཚངས་ཁང་ཀུ་ཤ་སྔོ་ལྗང་སྟེང༔ ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས༔ དགེ་ལེགས་འདོད་འཇོ་ཙན་ཏན་ལྗོན་པའི་ཁྲོད༔ དྲི་བསུང་མེ་ཏོག་དམར་ལ་བུང་བ་འདུ༔ ཞེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ནི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། རིག་འཛིན་གསང་སྔགས་གླིང་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་རང་གཞན་གྱི་གཏེར་ལུང་དུ་མ་ནས་གསལ་བའི་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པ་རྩལ་གྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་འཆི་མེད་བདེ་སྟེར་ཞེས་བྱིན་རླབས་ཀྱི་དྲོད་མ་ཡལ། དངོས་གྲུབ་ཀྱི་ཆར་རྒྱུན་མ་ཉམས། བརྒྱུད་པ་ལ་སེལ་མ་ཞུགས་པའི་གདམས་པ་ཟབ་མོ་འདིའི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱི་བྱ་བ་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་སྔོན་དུ་གྲུབ་ཟིན། ད་སློབ་མ་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་བ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་སྨིན་བྱེད་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་འབུལ་བར་མཛོད། ༧ དེ་ལྟར་མཎྚལ་ཕུལ༴སོགས། ཅེས་ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་ལོ་རྒྱུས་སམ་ཆོས་བཤད་བསྡུས་པ་བདག་འདྲའི་ཐོས་དམན་རྣམས་ཀྱི་བློ་རྟེན་འབོལ་རྩོམ་འདི་རིག་འཛིན་ལུང་རིག་གླིང་པ་དང་། ཨོ་རྒྱན་ཆེན་པོ་དབྱེར་མེད་ཀྱིས་རྗེས་སུ་བསྐྱངས་པའི་ཧོར་བན་གཞན་ཕན་བཟང་པོ་ཞེས་ལུགས་གཉིས་བྱ་བས་དབེན་པའི་དཱ་རུ་ཏྲ་དེས་སྨྲས་པ་དུས་གསུམ་དུ་དགེའོ༎

ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་མཚམས་སྦྱོར་བུང་བའི་བཅུད་སྡུད་ཧོར་བླས་མཛད་པ།

༄༅། ཚེ་སྒྲུབ་འཆི་མེད་བདེ་སྟེར་གྱི་མཚམས་སྦྱོར་བུང་བའི་བཅུད་སྡུད་ཞེས་བྱ་བ་བཞུགས། ཇི་ལྟར་བལྟམས་པ་ཙམ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས། ཤྲཱི་ཡེ་སྭཱ་ཧཱ༔ ཞེས་ཡིག་བརྒྱ་བརྗོད། དེ་ནས་ལས་བུམ་གྱི་ཆུས་བགེགས་གཏོར་སྦྱང་བ་ནི། རཾ་ཡཾ་ཁཾ་དང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་གདོན་བགེགས་འབྱུང་པོའི་ཤེས་རྒྱུད་ཚིམ་པར་ནུས་པའི་གཏོར་མ་ཁ་ཏོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱ༔ཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀརྴ་ཡ་ཛས་མགྲོན་བཀུག ཨོཾ་སརྦ་བིགྷྣན་སོགས་ཀྱིས་སློབ་བུའི་མགོར་བསྐོར་ཞིང་ལན་གསུམ་གྱིས་ཚིམ་པར་བསྔོས་ལ། ཧྲཱིཿ ཐུགས་རྗེ་ཆེན་པོ་དབང་གི༴སོགས། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོང་ཞིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཕགས་པ་ཐུགས་རྗེ་ཆེན་པོ་ཚེ་དཔག་ཏུ་མེད་པ་དང་། བཅོམ་ལྡན་འདས་ཚེ་ལྷ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་ལ་ཚེ་ཡི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་ལ་གཏོར་མ་བྱིན་པ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་ཁྲོ་ཆུང་དང་མེ་དཔུང་རབ་ཏུ་འཕྲོས་པས་བགེགས་ཁྱེད་རང་རྣམས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་དང་དྲག་སྔགས་རོལ་མོ་གུལ་ཡུངས་དང་བཅས་བགེགས་བསྐྲད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། འདིར་ལོ་རྒྱུས་བརྗོད་མཎྚལ་ཕུལ། དེ་ལྟར་མཎྚལ་ཕུལ་བའི་རིམ་པ་སོང་ནས་ཚེ་ཡི་དབང་བསྐུར་ཟབ་མོ་ཞུ་བའི་ཆེད་དུ་མི་ཕྱེད་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ་འཆི་མེད་མགོན་པོ༴སོགས། དེ་ནས་བླ་མས། ཀྱཻ་ཧོ། ལེགས་པར༴སོགས། འཛིན་པར་བྱ། སྐྱབས་འགྲོའི་དམིགས་པ་ནི། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་གི་མདུན་གྱི་ནམ་མཁར་པད་ཉི་ཟླ་བའི་སྟེང་དུ་བླ་མ་དང་གཉིས་སུ་མེད་པ་འཕགས་མཆོག་ཕྱག་ན་པདྨ་ཚེ་དཔག་ཏུ་མེད་པ་ལ་ཚེ་ལྷ་རྒྱལ་བ་རིགས་ལྔ་དང་རྩ་གསུམ་དྲང་སྲོང་རིག་འཛིན་ཚེ་དང་སྲོག་ལ་དབང་བ་རྣམས་མངོན་སུམ་དུ་གསལ་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་དུཿཁ་དང་། དུས་མིན་འཆི་བའི་འཇིགས་པ་ལས་སྐྱོབས་པའི་སླད་དུ་ཅི་མཛད་ཁྱེད་ཤེས་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ་བདག་སོགས་འགྲོ་ཀུན་བྱང་ཆུབ་པར༔ མཆོག་གསུམ་འཆི་མེད་ཚེ་ཡི་ལྷར༔ འཆི་བདག་བདུད་ལས་སྐྱོབས་པའི་ཕྱིར༔ སྒོ་གསུམ་དད་པས་སྐྱབས་སུ་མཆི༔ ལན་གསུམ། དེ་ནས་ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཁའ་མཉམ་ཡིད་ཅན་གྱི་འགྲོ་བ་འཁོར་བ་དང་ངན་སོང་གི་གནས་ནས་བསྒྲལ་ཏེ་རྣམ་གྲོལ་མཐར་ཐུག་གི་བདེ་བ་ལ་འགོད་པའི་ཆེད་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱའོ་སྙམ་པའི་ངང་ནས་འདིའི་རྗེས་ཟློས་མཛོད༔ ཧོ༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ༔ སྐྱེ་འཆིའི་རྦ་ཀློང་བཟོད་དཀའ་ལས༔ བདག་གཞན་རྣམ་མཁྱེན་མཆོག་ཐོབ་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། སླར་ཡང་ཚེ་གསོ་བ་དང་བསོད་ནམས་བསྐྱེད་པའི་ཐབས་མཆོག་བླ་ན་མེད་པའི་ཚོགས་བསགས་ཡན་ལག་བདུན་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྐྱབས་ཡུལ་བླ་མ་མཆོག་གསུམ་ལྷར༔ རྡུལ་སྙེད་ལུས་སྤྲུལ་ཕྱག་འཚལ་ཞིང༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ ཉེས་བྱས་མ་ལུས་བཤགས་ཤིང་ལྡོག༔ བསོད་ནམས་ཀུན་ལ་རྗེས་ཡི་རང༔ འཆི་མེད་གཉུག་མའི་ཆོས་འཁོར་བསྐུལ༔ རྒྱལ་ཀུན་སྲིད་མཐར་བཞུགས་པར་གསོལ༔ དགེ་འདིས་རྣམ་མཁྱེན་མཆོག་འགྲུབ་ཤོག༔ ལན་གསུམ། དེ་ཡན་གྱིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཚོགས་བསགས་པའི་རིམ་པ་སྔོན་དུ་གྲུབ་ནས་བྱིན་རླབས་ཐམས་ཅད་ཀྱི་གཞི་ཡེ་ཤེས་དབབ་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག སློབ་དཔོན་ཐུགས་རྗེའི་མངའ་བདག་ཚེ་དཔག་ཏུ་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པར་སྒོམས་ཤིག ཨོཾ་སྭ་བྷ་ཝ༴སོགས། ཆོས་ཀུན་མི་དམིགས་སྟོང༴སོགས། རང་གཞུང་བྱིན་འབེབ་འདོན་རྗེས། དེ་ནས་བྱིན་དབབ་པའི་ཡེ་ཤེས་པ་རྣམས་བྱང་ཆུབ་སྙིང་པོའི་བར་ཁྱེད་རང་རྣམས་ལ་བརྟན་པར་གྱུར་པའི་མོས་པ་མཛོད། ཏིཥྛ་བཛྲ་སྭཱ་ཧཱ༔ དེ་ནས་ཚེ་འགུགས་ཤིང་དབང་བསྐུར་བའི་སླད་དུ་ཁྱེད་རྣམས་ཇོ་བོ་ཐུགས་རྗེ་ཆེན་པོ་ཚེ་ལྷ་ཡབ་ཡུམ་གྱི་རྣམ་པར་གསལ་བའི་གནས་ལྔའི་ཡིག་འབྲུ་ལྔ་ལས་འོད་ཟེར་བ་ཐག་གཟེངས་བ་ལྟར་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་རིག་འཛིན་དྲང་སྲོང་ཐམས་ཅད་ཀྱི་ཚེ་བཅུད་བཀྲག་དང་གཟི་མདངས་ཕྱི་སྣོད་འབྱུང་ལྔའི་དངས་མ། ནང་བཅུད་སྐྱེ་འགྲོའི་ཚེ་དཔལ་ནུས་སྟོབས། གསང་བཅུད་ཐམས་ཅད་འོད་ཟེར་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བའི་རྣམ་པར་བསྡུས་ཏེ་ལུས་ངག་ཡིད་གསུམ་ལ་ཐིམ་པས་འཆི་མེད་ཚེའི་དཔལ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར། མདའ་དར་གཡབ་ཅིང་ཚེ་འགུགས་པ་ནི། ཧྲཱིཿ རང་སྣང༴སོགས། གཞུང་བཞིན་ཚེ་འགུགས་བྱའོ། །དེ་ནས་ཁྱེད་རང་གི་མདུན་གྱི་ནམ་མཁར་བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས་ཀྱིས་ཕྱག་ན་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་བསྣམས་ནས་བདུད་རྩིའི་རྒྱུན་བབ་པས་ལུས་ལ་རེག་པ་ཙམ་གྱིས་བགྲེས་རྒུད་མེད་པའི་ལང་ཚོ། གཞོམ་གཞིག་བྲལ་བའི་ཚེ། འཆི་མེད་བརྙེས་པའི་སྲོག མི་འགྱུར་རྡོ་རྗེའི་ཚེ་ལ་དབང་འབྱོར། བཅོམ་ལྡན་ཚེ་ལྷ་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་དང་བྱིན་རླབས་ཅིག་ཆར་དུ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ༴སོགས། སླར་ཡང་བུམ་པ་སྤྱི་བོར་བཞག་པས་ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག བུམ་པའི་དབང་ཐོབ། རྣམ་སྨིན་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཨོཾ་འཕགས་མཆོག༴སོགས། བུམ་པ་མགྲིན་པར་བཞག་པས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་དབང་ཐོབ། ཚེ་ལ་དབང་བའི་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཨཱ༔ འཕགས་མཆོག༴སོགས། བུམ་པ་སྙིང་ཀར་གཏུག་པས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཕྱག་རྒྱའི་་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཧཱུྃ༔ འཕགས་མཆོག༴སོགས། བུམ་པ་ལྟེ་བར་བཞག་པས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག ཚིག་གི་དབང་ཐོབ། ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་ས་བོན་རྒྱུད་ལ་བཞག འཕགས་མཆོག་ཚེ་ལྷ་རིགས་ལྔའི་ཡོན་ཏན་དང་ཕྲིན་ལས་མངོན་དུ་བྱེད་པའི་མོས་པ་མཛོད། ཧྲཱིཿ འཕགས་མཆོག༴སོགས། འོ་བུམ་པ་གནས་ལྔར་གཏུག་པའི་མོད་ལ་ཐུགས་རྗེ་ཆེན་པོ་ཚེ་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་རྣམས་ཐོབ་ནས་ཚེ་ལྷ་རིགས་ལྔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བརྟན་པོ་གྱིས་ཤིག ༈ དེ་ནས་ལག་གཡས་སུ་ཐབས་བདེ་བ་ཆེན་པོའི་ངོ་བོ་ཚེའི་རིལ་བུ་འདི་གཏད་པས་དམ་རྫས་བཅུད་ལེན་གྱི་སྙིང་པོར་ལོངས་སྤྱོད་ཅིང་ཚེའི་དཔལ་ལ་དབང་འབྱོར་བའི་མོས་པ་མཛོད། ཧྲཱིཿ འགྱུར་མེད་ཚེ༴སོགས། ལག་གཡོན་དུ་ཤེས་རབ་སྟོང་པ་ཉིད་ཀྱི་ངོ་བོ་ཚེ་རྫས་བདུད་རྩི་འདི་གཏད་པས་ཕྱི་ནང་བྱང་སེམས་ཀྱི་ཁམས་འཕེལ་ཞིང་རྒྱས་ཏེ་བདེ་དྲོད་རང་འབར་ཚེ་ཡི་དཔལ་ལ་ལོངས་སྤྱོད་པའི་མོས་པ་མཛོད། ཧྲཱིཿ ཚེ་བདག་ཡབ་ཡུམ༴སོགས། གཏོར་དབང་ནི། གཏོར་མ་འདི་ཉིད་འཕགས་མཆོག་ཐུགས་རྗེའི་མངའ་བདག་ཚེ་དཔག་ཏུ་མེད་པའི་འཁོར་དུ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བྱོན་པའི་སྐུ་ལས་བདུད་རྩིའི་རྒྱུན་ཐོ་རོ་རོ་བྱུང་བས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ལུས་ཀྱི་ནང་ཐམས་ཅད་མེར་མེར་ཁྲིག་ཁྲིག་གང་བས་འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཨོཾ་ཨཱ༔ཧཱུྃ༔༴སོགས་བརྗོད། དེ་ནས་བརྟེན་པར་བྱ་བའི་ཕྱིར་རྒྱས་གདབ་པ་ནི། དེ་ནས་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལུས་ཀྱི་ཆ་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོག་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད། ཧྲཱིཿ དང་པོ་ཆོས་ཀྱི༴སོགས། རྒྱས་གདབ་བོ༔ ཨོཾ་བུདྡྷ་རཀྵ༔ བཛྲ་རཀྵ༔ རཏྣ་རཀྵ༔ པདྨ་རཀྵ༔ ཀརྨ་རཀྵ༔ ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག ཚེ་སྲོག་རྡོ་རྗེ་བྲག་རི་ལྟར་བརྟན་པར་གྱུར་ཅིག མཐའ་རྟེན་གཞན་ལྟར་བྱ། སྟོང་པ་རང་བཞིན་ཡུམ་གྱི་བྷ་གའི་ཀློང་། །གསལ་སྣང་དྲི་བྲལ་བདེ་བའི་ཤོག་གུ་ལ། །འགགས་མེད་རང་བྱུང་ཐུགས་རྗེའི་དཔེ་འུ་རིས། །སྐུ་གསུམ་ལྷུན་གྲུབ་མི་འགྱུར་མིག་སྨན་མས། །སོར་རྩེར་གར་མཁན་གཡོ་བའི་རྒྱུ་རྩལ་ངོམ། །བདག་འདྲའི་དབང་རྟུལ་འགའ་ཡི་བློ་བསྒྱུར་ཙམ། །འདིར་བརྩོན་རྣམ་དཀར་དགེ་བས་ཡིད་ཅན་འགྲོ། །འཆི་མེད་རིག་འཛིན་རྒྱལ་སྲིད་འབྱོར་བར་ཤོག །ཅེས་ཨོ་རྒྱན་རྡོ་རྗེ་འཆང་གི་རྒྱལ་ཚབ་འགྲོ་མགོན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་འཆི་མེད་དཔལ་སྟེར་གྱི་མཚམས་སྦྱོར་ཁ་སྐོང་འདི་ཆོས་བདག་མིང་ཐོབ་ཧོར་བན་འདུ་ཤེས་གསུམ་པ་ཕན་པའི་མིང་གིས་བྲིས་པ་དགེའོ། །

ཚེ་དབང་འཆི་བདག་གཡུལ་འཇོམས།

ཡང་ཟབ་འཕགས་པའི་ཐུགས་སྒྲུབ་ལས༔ ཚེ་དབང་འཆི་བདག་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ༔ ཨི་ཐི༔

རང་བྱུང་འཆི་མེད་རྡོ་རྗེའི་སྐུ༔ ཚེ་མཐའ་ཡས་པའི་ཞབས་ལ་འདུད༔ བརྒྱུད་འཛིན་སྐལ་ལྡན་ཆོས་བདག་ལ༔ ཚེ་འཕྲང་བར་ཆད་སེལ་བའི་ཐབས༔ བདག་ཉིད་ཨོ་རྒྱན་མཁས་པ་ཡིས༔ དབྱངས་ཅན་སྤྲུལ་པ་མཚོ་རྒྱལ་དང༔ ལྷ་སྲས་མུ་རུབ་བཙད་པོ་སོགས༔ ལས་ལྡན་རྗེ་འབངས་གྲོགས་བདུན་ལ༔ འཕགས་པའི་བཀའ་བཞིན་གཏད་རྒྱ་བྱ༔ མ་འོངས་དུས་ལ་བབ་པའི་ཚེ༔ ལས་སྐལ་ལྡན་པའི་གསོས་སུ་ཤོག༔ ས་མ་ཡཱ༔ དབེན་པའི་གནས་སུ་དཀྱིལ་འཁོར་དབུས༔ སྒྲུབ་རྫས་རང་གཞུང་བཞིན་དུ་བྱ༔ ལས་ཀྱི་གཞུང་བསྲང་བསྙེན་པ་གཏོང༔ བུམ་པར་ལྷ་བསྐྱེད་མཆོད་བསྟོད་བྱ༔ ཚེ་འགུགས་དངོས་གྲུབ་འདི་བཞིན་བླངས༔ ཧཱུྃ་ཧྲཱིཿ མ་བཅོས་རང་བྱུང་ཚེ་ཡི་ལྷ༔ དོན་དམ་བརྗོད་བྲལ་རང་རྩལ་ལས༔ ཀུན་རྫོབ་མཚན་མའི་རྫས་ལ་བརྟེན༔ དམིགས་པས་གསལ་ཞིང་སྔགས་ཀྱིས་བསྐུལ༔ ད་ལྟ་བསྙེན་སྒྲུབ་མཐའ་རུ་ཕྱིན༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ གཞོམ་བྲལ་ཚེ་ཡི་དངོས་གྲུབ་སྩོལ༔ མ་འགགས་གསུང་གི་དཀྱིལ་འཁོར་ནས༔ མི་ཤིགས་རྡོ་རྗེའི་ཚེ་དབང་སྐུར༔ སྟོང་གསལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྤྲོས་བྲལ་མཁྱེན་བརྩེའི་དཔལ་ཡོན་སྩོལ༔ ལུས་ལ་སྐུ་ཡི་དངོས་གྲུབ་སྩོལ༔ ངག་ལ་གསུང་གི་དངོས་གྲུབ་སྩོལ༔ ཡིད་ལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཨ་ཡུར་ཛྙཱ་ན་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ལྷ་ཉིད་འོད་ཞུ་བདུད་རྩིར་གྱུར༔ ཡི་གེ་བརྒྱ་པས་བརྟན་པར་བྱ༔ དེ་ནས་སློབ་མ་མདུན་དུ་འཁོད༔ བདུད་རྩི་འཁྱིལ་བའི་ལྷ་སྔགས་ཀྱིས༔ ཁྲུས་བྱ་བགེགས་བསྐྲད་བསྲུང་འཁོར་བསྒོམ༔ སྤྱི་དང་བྱེ་བྲག་ལོ་རྒྱུས་བརྗོད༔ མཎྚལ་འབུལ་ཞིང་དབང་དོན་དུ༔ གསོལ་འདེབས་འདི་བཞིན་རྗེས་ཟློས་བྱ༔ ཀྱཻ༔ འཆི་མེད་འཕགས་མཆོག་ཚེ་ཡི་ལྷ༔ བརྩེ་བའི་ཐུགས་ཀྱིས་དགོངས་སུ་གསོལ༔ ཚེ་སྲོག་ཆད་ཉམས་གསོ་བའི་ཕྱིར༔ ཚེ་ཡི་དབང་མཆོག་བསྐུར་དུ་གསོལ༔ དེ་ནས་བླ་མས་ལན་འདི་བརྗོད༔ ཀྱཻ་ཧོ༔ ལེགས་པར་གསོན་དང་སྐལ་ལྡན་རྣམས༔ རྣམ་མཁྱེན་སངས་རྒྱས་སྒྲུབ་པ་ལ༔ ལུས་རྟེན་རྙེད་དཀའ་འཆི་རྐྱེན་མང༔ དེ་ཕྱིར་ཚེ་ལ་དབང་བསྒྱུར་ཕྱིར༔ འཕགས་མཆོག་སྤྱན་རས་གཟིགས་དབང་གི༔ ཚེ་ཡི་དབང་བསྐུར་ཟབ་མོ་ཡིས༔ ཁྱེད་རྣམས་རྗེས་སུ་འཛིན་པར་བྱ༔ དབང་བསྐུར་དམ་སྡོམ་ཀུན་གྱི་གཞི༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ ཡན་ལག་བདུན་གྱི་ཚོགས་བསགས་བྱ༔ དངོས་གཞི་བྱིན་འབེབས་བྱ་བ་ནི༔ སྭ་བྷ་ཝ་ཡི་སྔགས་བརྗོད་པས༔ ཆོས་ཀུན་མི་དམིགས་སྟོང་པའི་ངང༔ པདྨ་ཟླ་བའི་དཀྱིལ་འཁོར་དབུས༔ མདུན་བསྐྱེད་གཙོ་བོ་ཡབ་ཡུམ་གྱི༔ སྦྱོར་མཚམས་སློབ་མའི་རྣམ་ཤེས་ནི༔ ཡི་གེ་ཧྲཱིཿཡིག་དམར་པོ་ཉིད༔ ཞུ་བདེ་སྔགས་ཀྱི་སྒྲ་དང་བཅས༔ ཐོག་བབས་ཚུལ་གྱིས་བྱུང་བ་ལས༔ འཕགས་མཆོག་ཚེ་ལྷ་ཡབ་ཡུམ་བསྐྱེད༔ སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔར༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་གསལ༔ ཐུགས་སྲོག་ས་བོན་འབྲུ་ལྔ་ལས༔ འོད་འཕྲོས་ཡེ་ཤེས་སེམས་དཔའ་ནི༔ སྐུ་གསུམ་ཞིང་ནས་སྐུ་ཡིག་ཐུགས༔ ཕྱག་མཚན་རྣམ་པར་ཆར་ལྟར་ཕབ༔ ས་གསུམ་མེར་མེར་ཁྲིག་ཁྲིག་བསྒོམ༔ སྤྱན་འདྲེན་སྔགས་རོལ་དམིགས་པ་གཏད༔ ཕེབ་རྟགས་ལུས་རྔུལ་འདར་འཁྲབ་པ༔ སཾ་སྐྲྀ་ཏ་དང་བརྡ་སྐད་སྒྲོག༔ བདེ་གསལ་མི་རྟོག་ངེས་འབྱུང་ཉམས༔ བྱུང་ཚེ་སྔགས་འདིས་བརྟན་པར་བྱ༔ ཏིཥྛ་བཛྲ་སྭཱ་ཧཱ་བརྗོད༔ སློབ་མ་ཚེ་བདག་ཡབ་ཡུམ་གྱི༔ གནས་ལྔར་བྱུང་བའི་འོད་ཟེར་གྱིས༔ འབྱུང་ལྔའི་བཅུད་བསྡུས་ལོག་འདྲེན་ལྔའི༔ ལག་ནས་ཚེ་སྲོག་བརྐུས་པ་ཕྲོག༔ སློབ་མར་བསྟིམས་ཤིང་རྒྱས་གདབ་བྱ༔ དེ་ནས་དབུས་ཀྱི་བུམ་པ་ཡི༔ དབང་བསྐུར་མཆོག་ཐོབ་གྱུར་བསམ་ཏེ༔ ཧཱུྃ་ཧྲཱིཿ བུམ་པའི་ངོ་བོ་སྟོང་དབྱིངས་སུ༔ བཅུད་མཆོག་ཚེ་ཡི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང༔ སྐལ་ལྡན་བུ་ལ་སྩལ་བ་ཡིས༔ ཚེ་ཡི་བར་ཆད་ཀུན་ཞི་ནས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ རྩ་སྔགས་ཤམ་དུ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་གནས་བཞིར་གཏུགས་བྱས་ཏེ༔ ཨོཾ་འཕགས་མཆོག་ཚེ་ཡི་ལྷ་ཚོགས་ཀྱི༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ལུས་ནི་སྲ་བརྟན་ཆོས་བདུན་ལྡན༔ འཕགས་མཆོག་སྐུ་དང་དབྱེར་མེད་ཤོག༔ རྩ་སྔགས་ཤམ་དུ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྤྱི་བོའི་གཙུག་ཏུ་བླུགས༔ ཨཱ༔ འཕགས་མཆོག་ཚེ་ཡི་ལྷ་ཚོགས་ཀྱི༔ སྔགས་དབང་ངག་ལ་ཐོབ་པར་ཤོག༔ ངག་ནི་གཞོམ་བྲལ་ན་དཱའི་དབྱངས༔ འཕགས་མཆོག་གསུང་དང་དབྱེར་མེད་ཤོག༔ རྩ་སྔགས་ཤམ་དུ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་མགྲིན་པར་འཐོར་ཞིང་བླུད༔ ཧཱུྃ་འཕགས་མཆོག་ཚེ་ཡི་ལྷ་ཚོགས་ཀྱི༔ ཆོས་དབང་སེམས་ལ་ཐོབ་པར་ཤོག༔ སེམས་ནི་སྟོང་ཉིད་སྙིང་རྗེའི་ངང༔ འཕགས་མཆོག་ཐུགས་དང་དབྱེར་མེད་ཤོག༔ རྩ་སྔགས་ཤམ་དུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་ཀར་གཏུགས་ནས་ངོ་སྤྲོད་གདབ༔ ཧྲཱིཿ འཕགས་མཆོག་ཚེ་ཡི་ལྷ་ཚོགས་ཀྱི༔ ཡོན་ཏན་ཕྲིན་ལས་དབང་ཐོབ་ཤོག༔ ཀུན་གཞིའི་བག་ཆགས་ཆོས་སྐུར་དག༔ འཕགས་མཆོག་ཡོན་ཏན་དབྱེར་མེད་ཤོག༔ རྩ་སྔགས་ཤམ་དུ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྲིད་རྩ་ལྟེ་བའི་ཐད་ཀར་བཞག༔ སྤྲོ་ན་ཚིག་ཕྲད་སྦྱར་བྱས་ཏེ༔ ལྷ་དབང་མ་ལུས་བསྐུར་ཀྱང་རུང༔ ལག་གཡས་ཚེ་ཡི་རིལ་བུ་བྱིན༔ ཧྲཱིཿ འགྱུར་མེད་ཚེ་ཡི་རིལ་བུ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྲིད་ཚེ་ཡི་བཅུད་ཐོབ་ནས༔ དུས་མིན་འཆི་བ་ལས་གྲོལ་ཤོག༔ རྩ་སྔགས་ཤམ་དུ་ཨ་ཡུ་དྷ་ར་ཨ་བྷི་ཥིཉྩ་བྷྲུཾ༔ ལག་གཡོན་བདུད་རྩིའི་བཏུང་བ་བྱིན༔ ཧྲཱིཿ ཚེ་བདག་ཡབ་ཡུམ་དངས་མའི་བཅུད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྩ་ཁམས་ཐིག་ལེ་ཉམས་པ་སོས༔ འབྱུང་འཁྲུགས་ནད་ལས་རྒྱལ་བར་ཤོག༔ རྩ་སྔགས་ཤམ་དུ་ཨ་ཡུ་དྷ་རི་ཨ་བྷི་ཥིཉྩ་བྷྲུཾ༔ དེ་ནས་ཚེ་གཏོར་སྤྱི་བོར་བཞག༔ བརྒྱུད་པའི་མཚན་བརྗོད་བྱིན་རླབས་ཞུ༔ ཞེས་པས། ཨོཾ་ཨཱ༔ཧཱུྃ༔ ཆོས་སྐུ་འཆི་མེད་ཚེ་མཐའ་ཡས་པ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ལོངས་སྐུ་འཆི་མེད་ཕྱག་ན་པདྨོ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ སྤྲུལ་སྐུ་འཆི་མེད་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ལྷ་སྲས་མཆོག་གྱུར་མུ་རུབ་བཙད་པོ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ཐུགས་སྲས་མཁར་ཆེན་དཔལ་གྱི་དབང་ཕྱུག་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ སྤྲུལ་པའི་གང་ཟག་ལུང་རིག་གླིང་པ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ཆོས་བདག་བསྟན་འཛིན་སྐྱེས་མཆོག་དམ་པ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ དཀྱིལ་འཁོར་གཙོ་མཆོག་གངས་ཅན་ལྷ་གཅིག་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ཤེས་རབ་སྟོང་དབྱིངས་ལྷ་མོ་ཙནྟྲ་ལི༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ཕུང་ལྔའི་བདུད་འཇོམས་ཚེ་བདག་རིགས་ལྔ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ འབྱུང་ལྔའི་བཅུད་འདུས་རིགས་ཀྱི་ཡུམ་ལྔ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ བར་ཆད་བགེགས་འདུལ་དབང་ཆེན་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ ལྷ་དང་དྲང་སྲོང་དམ་ཅན་སྲུང་མ་ལ༔ གསོལ་བ་འདེབས་སོ་ཚེ་ཡི་དངོས་གྲུབ་སྩོལ༔ སྐལ་ལྡན་བུ་ཡི་སྒོ་གསུམ་བྱིན་གྱིས་རློབས༔ རྩ་སྔགས་བརྗོད་ཅིང་ཚེ་རྫས་བྱིན༔ མཐའ་རྟེན་ཚེ་འགུགས་རྒྱས་གདབ་བྱ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ དམ་ཚིག་ཁས་བླངས་གཏང་རག་གཏོང༔ དགེ་བ་བསྔོ་ཞིང་དགའ་སྟོན་བྱ༔ དེས་ནི་དུས་ཟད་མི་ཡིན་ཀྱང༔ ལོ་གསུམ་ཚེ་ཡི་གེགས་ལས་གྲོལ༔ བསླུ་མེད་རྒྱལ་བའི་བཀའ་དང་བསྟུན༔ རྣོ་ནུས་ཐོན་པ་གཏེར་གྱི་རྟགས༔ དགོངས་གསང་ཟབ་མོའི་ཆོས་འདི་ཡི༔ བརྒྱུད་འཛིན་སྲོག་མཐུད་ཤི་སོས་སྨན༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ གུ་ཧྱ༔ ལུང་རིག་གླིང་པའི་དགོངས་གཏེར་རོ༎

དབང་ཆེན་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཆོས་བདག་དོན་གྲུབ་རྒྱལ་མཚན་གྱིས་མཛད་པ།

༄༅༔ དབང་ཆེན་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ༔ ཧྲཱིཿ རྣམ་ཀུན་མཆོག་ལྡན་ཆོས་ཉིད་བཟང་མོའི་ཀློང་༔ གདོད་ནས་རང་ཤར་སོར་རྟོག་ཡེ་ཤེས་མདངས༔ དམར་གསལ་མཚན་དཔེའི་གཟི་འབར་ཆོས་ཀྱི་སྐུ༔ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས༔ བདེ་ལྡན་གྲུ་འཛིན་ཞིང་གི་ཐུགས་རྗེའི་གཏེར༔ མ་ལུས་འགྲོ་དྲུག་སྡུག་བསྔལ་མཇིངས་ཟབ་ལས༔ སྒྲོལ་མཛད་དེད་དཔོན་འཕགས་མཆོག་པད་དཀར་འཆང་༔ ལོངས་སྐུ་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ སྣང་སྲིད་རབ་འབྱམས་རྒྱལ་ཀུན་འདུས་པའི་བཅུད༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་འོད་སྟོང་གཟི༔ བསྟན་འགྲོའི་རྨོངས་མུན་སེལ་མཛད་སྐྱེ་དགུའི་གཉེན༔ ཨོ་རྒྱན་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ རྗེ་འབངས་སྤྱི་དང་རྒྱལ་ཡུམ་མཁར་ཆེན་བཟའ༔ ལམ་འདིའི་བཀའ་བབས་རྒྱལ་བ་མཆོག་དབྱངས་དང་༔ དབང་ཆེན་ཕྱི་ནང་གསང་བ་ཡང་གསང་གི༔ གདམས་པའི་བཅུད་འཛིན་རྣམས་ལ་གསོལ་བ་འདེབས༔ དམ་པ་དེ་དག་དངོས་ཉམས་རྨི་ལམ་དུ༔ མཇལ་ནས་རབ་འབྱམས་ལྷག་པའི་ལྷ་རྣམས་ཀྱི༔ དབང་བསྐུར་ལུང་བསྟན་རྗེས་གནང་མཐར་ཕྱིན་པ༔ ལུང་རིག་གླིང་པའི་ཞབས་ལ་གསོལ་བ་འདེབས༔ བཅོམ་ལྡན་ཁྲག་འཐུང་བདེ་ཆེན་རྟ་མཆོག་དཔལ༔ གཉིས་མེད་སྦྱོར་བའི་ཡུམ་མཆོག་ཨེ་ཀ་ཛ༔ དབང་ཆེན་རིགས་བཞི་སྒྲུབ་སྡེ་བརྒྱད་དང་བཅས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ༔ བླ་མ་ཡི་དམ་དབྱེར་མེད་དབང་ཆེན་ལྷའི༔ ཟབ་རྒྱའི་རྣལ་འབྱོར་སྒྲུབ་ལ་གཞོལ་བར་ཤོག༔ སྒྲུབ་ཆེན་བཀའ་བརྒྱད་སྙིང་པོ་པདྨ་དབང་༔ རྒྱ་བོད་པཎ་གྲུབ་ཐུགས་ཀྱི་ཉིང་ཁུའི་བཅུད༔ ཞལ་གྱི་གདམས་པ་ཇི་བཞིན་ལེགས་རྟོགས་ནས༔ རིམ་གཉིས་རྣལ་འབྱོར་མངོན་དུ་འགྱུར་བར་ཤོག༔ གྲྭ་ཡི་རྩེ་མོ་ཡེ་ཤེས་བཞོན་པ་ཡི༔ རེག་པའི་མོད་ལ་ཀུན་འདར་ཙཀྲའི་དབྱིངས༔ མེ་ལྕེས་གང་ནས་བདེ་ཆེན་ནམ་མཁའི་བ༔ འདོད་པ་འཇོ་བའི་དཔལ་ལ་སྤྱོད་པར་ཤོག༔ དེ་ལྟར་སྣང་བའི་བསྐྱེད་རིམ་ཐམས་ཅད་ཀུན༔ ལེགས་པར་བརྟགས་ན་སེམས་ཉིད་རིག་པའི་རྩལ༔ སྐྱེ་འགག་གནས་གསུམ་གདོད་ནས་བྲལ་བའི་གཤིས༔ རང་བཞིན་ལྷུམས་ཞུགས་རྫོགས་རིམ་རྟོགས་པར་ཤོག༔ སྣང་སྲིད་འཁོར་འདས་གཉིས་བསྡུས་ཆོས་རྣམས་ཀུན༔ སྟོང་ཞིང་སྣང་བ་མི་འགག་སྤྲོས་བྲལ་ཀློང་༔ ཟུང་འཇུག་ངང་ལས་སྐུ་གཉིས་མངོན་གྱུར་ཏེ༔ འགྲོ་ཀུན་བདེ་ལྡན་ཞིང་དུ་དབུགས་དབྱུང་ཤོག༔ དེ་ལྟར་དབང་ཆེན་སྣང་སྲིད་ཟིལ་གནོན་གྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་བཀའ་དྲིན་གཞལ་དུ་མེད་པ་སྐྱབས་མགོན་རིན་པོ་ཆེའི་ཆོས་འདི་ཉིད་ཀྱི་བདག་པོར་དབུགས་དབྱུང་བ་དོན་གྲུབ་རྒྱལ་མཚན་གྱིས་དབང་ཆེན་སེང་གེ་གནམ་རྫོང་ནས་བྲིས་པ་སརྦ་དཱ་མངྒ་ལཾ༔

དབང་ཆེན་ཐུགས་ཀྱི་སྒྲུབ་པ་སྣང་སྲིད་ཟིལ་གནོན།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ དབང་ཆེན་ཐུགས་ཀྱི་སྒྲུབ་པ་སྣང་སྲིད་ཟིལ་གནོན་བཞུགས༔

ཨེ་མ་ཧོ༔ སྐྱེ་མེད་དབྱིངས་ལས་རོལ་བའི་གར༔ གདུལ་བྱའི་དབང་གིས་ཞི་ཆགས་ཁྲོ༔ སྣ་ཚོགས་ཅིར་ཡང་སྟོན་མཛད་པ༔ དབང་ཆེན་རྒྱལ་པོའི་སྐུ་ལ་འདུད༔ དེ་ཉིད་སྒྲུབ་པའི་ཐབས་ཟབ་མོ༔ རྔམ་པ་དབང་གི་ཏནྟྲ་ཡི༔ བཅུད་ཕྱུང་འགྲོ་ལ་ཕན་པའི་ཕྱིར༔ བདག་ཉིད་རིག་འཛིན་པདྨས་བསྟན༔ མཚོ་རྒྱལ་རྗེ་འབངས་སྙིང་ལ་སྦོས༔ མ་འོངས་བསྟན་འགྲོའི་གསོས་སུ་གྱུར༔ གང་འབྲེལ་དོན་དང་ལྡན་པའི་ཆོས༔ སྐལ་བ་ལྡན་པའི་གྲོགས་སུ་ཤོག༔ ས་མ་ཡཱ༔ ཤིན་ཏུ་དབེན་ཅིང་དྭངས་པའི་གནས༔ མདོག་དམར་ནུབ་ནས་རྒྱུན་འབེབས་ཤིང་༔ མཚན་ཉིད་ལྡན་པའི་གྲོགས་དང་འབྲེལ༔ ཚེས་བརྒྱད་ལ་སོགས་དུས་དང་བསྟུན༔ དཀྱིལ་འཁོར་བློ་དང་འཚམས་པ་ལ༔ ཁྱམས་དང་གྲུ་ཆད་འདོད་སྣམ་དང་༔ ལྷ་གནས་རང་གཞུང་མཐར་དུར་ཁྲོད༔ མེ་རི་རྡོ་རྗེའི་ཕྲེང་བས་བསྐོར༔ སྐུ་གསུང་ཐུགས་ཀྱི་རྟེན་མཆོག་ནི༔ བུམ་པ་དར་དམར་མགུལ་ཆིངས་སྤྲས༔ བླ་མེད་དམ་ཚིག་རྫས་བཅུད་ལྡན༔ སྔགས་བྱང་གསེར་བྲིས་དྭངས་ཤེལ་གསལ༔ སྒྲུབ་ཕུར་ཙན་དན་དམར་པོ་ཡི༔ ཁྲོ་ཞལ་ལྡན་པ་སོར་བཅུ་དྲུག༔ ཡང་ན་ལྕགས་སམ་གང་རུང་ནང་༔ གཏོར་མ་ཟླ་གམ་ལྷ་གྲངས་བཀོད༔ སྨན་རཀ་ཉེར་སྤྱད་འཚོ་བའི་རྫས༔ མ་ཚང་མེད་པར་འདུ་བྱས་ལ༔ རང་ཉིད་བདེ་བའི་སྟན་ལ་འདུག༔ གཉུག་མའི་སེམས་ཀྱི་རང་མདངས་ལས༔ མདུན་མཁར་བླ་མ་དབང་ཆེན་ལྷ༔ དབྱེར་མེད་སྐྱབས་ཡུལ་གསལ་གདབ་ལ༔ ཧྲཱིཿ གདོད་ནས་སྤྲོས་བྲལ་སྲིད་ཞི་མཉམ་ཉིད་ཀློང་༔ ལྷུན་གྲུབ་རང་རྩལ་མཆོག་གསུམ་དབང་ཆེན་ལྷ༔ འགྲོ་ཀུན་རྣམ་མཁྱེན་གོ་སར་དབུགས་དབྱུང་ཕྱིར༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ བྱང་ཆུབ་སེམས་བསྐྱེད་ནི༔ ཧྲཱིཿ ཡེ་དག་ཆོས་དབྱིངས་རང་ཞལ་མ་མཇལ་བས༔ གློ་བུར་རྐྱེན་སྣང་གཟུང་འཛིན་དགྲ་གདོན་བགེགས༔ བདེ་ཆེན་དག་པའི་དབྱིངས་སུ་སྒྲོལ་བའི་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ༔ ཚོགས་བསག་རིམ་པ་ནི༔ ཧྲཱིཿ རང་མདངས་བདེ་སྟོང་དབྱེར་མེད་དབྱིངས་ཀྱི་ལྷ༔ འདིར་གཤེགས་འགྲོ་རྣམས་ཡོངས་སུ་སྒྲོལ་ཕྱིར་དུ༔ རྩེ་གཅིག་སྒྲུབ་པའི་དམ་བཅའ་འདི་བཞེས་ལ༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པར་བགྱི༔ དེ་ནས་གཉུག་གནས་ལྷ་འདྲེ་ལ༔ གཏོར་མ་སྔགས་ཀྱིས་ཚིམས་པར་བསྔོ༔ བགེགས་ལ་བཀའ་བསྒོའི་ཐོག་མ་རུ༔ ཧྲཱིཿ བརྗོད་པ་སྔགས་ཀྱི་སྒྲ་གདངས་ལས༔ རང་ཉིད་ལྷ་ཡི་ང་རྒྱལ་བསྒོམས༔ ཧྲཱིཿ ཐོག་མར་འཁྲུལ་བའི་གཞི་བཟུང་བདག་ལྟའི་བགེགས༔ ཚེ་ཆོས་སྲིད་ནོར་ཐར་པའི་ལམ་ལ་རྒོལ༔ བདེན་པའི་ཚིག་ཉོན་གཏོར་མས་ཚིམས་པར་གྱིས༔འདི་རུ་མ་གནོད་ཕན་པའི་སེམས་ཀྱིས་དེངས༔ གལ་ཏེ་བཀའ་ལས་འདས་ཤིང་བར་གཅོད་ན༔ ང་ནི་དབང་ཆེན་ཁྲོ་བོའི་རྒྱལ་པོ་ཆེ༔ འཁོར་འདས་ཆེ་བཙན་དྲེགས་པའི་གཤེད་དུ་རྔམ༔ སྤྲུལ་པ་ཁྲོ་མཚོན་མེ་ཡི་ཕུང་པོར་འབར༔ ཐལ་བའི་རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ༔བཞིའི་སྔགས་དང་ཐུན་གྱིས་བརྡེག༔ སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧཱུྃ་ཧྲཱིཿ སྟེང་འོག་ཕྱོགས་མཚམས་རིགས་ལྔ་མཚོན་ཆའི་གུར༔ བར་གཅོད་འབྱུང་པོའི་གདོན་ཚོགས་ཐལ་བར་བྱེད༔ སྲིད་པའི་རླུང་ཡང་རྒྱུ་བའི་སྐབས་དང་བྲལ༔ གཞོམ་བྲལ་མི་ཤིགས་སྟོང་པས་རྒྱས་གདབ་བོ༔ བཛྲ་རཀྵ་རཀྵ་བྷྲུཾ༔ སྒོ་གསུམ་བྱིན་བརླབས་རྩལ་བསྐྱེད་དེ༔ ཧྲཱིཿ དབང་ཆེན་ཟླ་གམ་འབར་བའི་ད་ལ་འདིར༔ དབང་མཛད་པདྨ་གར་གྱི་ལྷ་ཡི་ཚོགས༔ སྐུ་ཡི་མདངས་ཕྱུངས་གསུང་གི་རྔམ་སྒྲ་སྒྲོགས༔ བདེ་ཆེན་སྟོང་དབྱིངས་ཐུགས་ཀྱི་བྱིན་ཆེན་ཕོབ༔ མ་དག་སྣང་བ་སྣང་གྲགས་བདེ་སྡུག་ཆོས༔ ལྷ་སྔགས་ཏིང་འཛིན་ནུས་པར་རབ་སྦྱངས་ནས༔ བདག་གཞན་སྒོ་གསུམ་རྟེན་དང་བརྟེན་པར་བཅས༔ དབང་ཆེན་ལྷ་ཡི་རོལ་པར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཔདྨ་ཀྲོ་ཏ་ཧྱཱ་གྷྲཱི་བ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ མཆོད་རྫས་བསངས་ཤིང་བྱིན་བརླབ་ནི༔ ཧྲཱིཿ མ་དག་འཁྲུལ་བའི་རྟེན་གཞི་རྩ་ཐིག་རླུང༔ སྨན་རཀ་གཏོར་མ་མཚོན་བྱེད་མཆོད་པའི་རྫས༔ ཡོངས་གྲུབ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ༔ ཟག་མེད་ཡེ་ཤེས་བསྐྱེད་ནུས་རྫས་སུ་གྱུར༔ སྨན་རཀ་གཏོར་མའི་སྔགས་རྣམས་དང་༔ ཨོཾ་བཛྲ་ཤྲྀ་ཧེ་རུ་ཀ་པདྨ་ཀྲོ་ཏ་ས་པ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་ཨཱ༔ཧཱུྃ༔ དེ་ཡིས་སྔོན་འགྲོའི་ཆོས་རྣམས་རྫོགས༔ དངོས་གཞི་ཁམས་གསུམ་ཀུན་བརྟགས་ཆོས༔ གཞན་དབང་ལྷ་ཡི་རོལ་བ་རུ༔ ཡོངས་གྲུབ་སེམས་ཀྱི་རང་མདངས་རྩལ༔ བསྐྱེད་པའི་རིམ་པ་འདི་ལྟར་བསྒོམ༔ ཧྲཱིཿ འཁོར་འདས་གཉིས་ཀྱི་ཆོས་རྣམས་ཀུན༔ རང་བཞིན་སྤྲོས་བྲལ་ཆོས་ཀྱི་སྐུ༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས༔ གདོད་མ་གཞི་ཡི་དབང་ཆེན་ནོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ དེ་ལྟར་མ་རྟོགས་སེམས་ཅན་རྣམས༔ ཁམས་གསུམ་འཁོར་བའི་འཁྲུལ་སྣང་ལས༔ བདེ་སྡུག་དངོས་འཛིན་རྟོག་པས་བསླུས༔ བརྩེ་བའི་སྙིང་རྗེ་ཆེན་པོ་ཤར༔ སྟོང་ཉིད་རང་མདངས་ཟུང་འཇུག་ལས༔ རང་རིག་ཧྲཱིཿཡིག་དམར་པོ་ནི༔ འོད་ཟེར་སྟོང་ཁམས་གང་བར་བསྒོམ༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྩ་བའི་སྔགས་ཀྱིས་རབ་བསྐུལ་ཏེ༔ ཧྲཱིཿ ཨེ་ཡཾ་རཾ་ཁཾ་སུམ་ཀེཾ་བྷྲུཾ༔ ལྔ་ལྡན་འོད་ཀྱི་འཕྲོ་འདུ་ལས༔ ཨེ་ལས་ནམ་མཁའ་མཐའ་དབུས་བྲལ༔ ཡཾ་ལས་སྲ་བརྟན་རྔམ་མཁྲེགས་རླུང༔ རཾ་ལས་མེ་དཀྱིལ་ཟུར་གསུམ་འབར༔ ཁཾ་ལས་ཁྲག་མཚོ་སྟོང་ཁམས་འཁྱིལ༔ སཾ་ལས་ཤ་ཆེན་ས་གཞི་བརྡལ༔ བདེ་ཆེན་ཡུམ་ལྔའི་མཁའ་ཀློང་དུ༔ ཀེཾ་ལས་རུས་པའི་རི་རབ་བརྗིད༔ རྩ་བ་འདོད་ཆགས་ཁྲག་མཚོར་ཟུག༔ རྩེ་མོ་མི་མངོན་དབྱིངས་སུ་མཐོ༔ བྷྲུཾ་ལས་དབང་གི་གཞལ་ཡས་ཁང༔ ཕྱི་ནི་པདྨ་དམར་པོར་འབར༔ ནང་ནི་དུག་གསུམ་ཐོད་པའི་མཁར༔ ཕྱོགས་བཞིར་ཟླ་གམ་དབང་གི་སྒོ༔ རྟ་བབས་བང་རིམ་བཞི་དང་ལྡན༔ པདྨ་ཆོས་འཁོར་གདུགས་རི་དྭགས༔ རཱུ་ཏྲའི་བམ་གྱི་རྒྱལ་མཚན་ལ༔ བདག་ལྟ་དབྱིངས་སྒྲོལ་ཙིཏྟའི་ཏོག༔ ཚོགས་བརྒྱད་ལྷ་ཀླུའི་ཀ་བ་རྔམ༔ ཉེ་ཉོན་རྒྱུ་སྐར་དྲལ་ཕྱམ་བརྡལ༔ ཕྱི་རོལ་པདྨའི་རྭ་བ་དང་༔ ཡུལ་བརྒྱད་གནས་དག་དུར་ཁྲོད་བརྗིད༔ རྡོ་རྗེའི་ཕྲེང་མཛེས་མེ་རི་འཁྲིགས༔ དེ་དབུས་འཁོར་ལོ་རྩིབས་བརྒྱད་འབར༔ དབུས་སུ་ཆོས་འབྱུང་ཟླ་གམ་དམར༔ ཁྱམས་ལ་པད་ཉི་སོ་གཉིས་གདན༔ བཾ་རུ་ཏྲ་ཀྲོ་ཏི་ཏི་ར༔ ཨ་ཙནྟྲ་མ་སུརྱ༔ པཾ་པདྨ་མཎྜལ་བྷྲུཾ༔ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལ༔ འདོད་ཆགས་པདྨ་ཞེ་སྡང་ཟླ༔ གཏི་མུག་ཉི་མའི་གདན་གྱི་ཁར༔ གཟུང་འཛིན་རུ་ཏྲ་ཕོ་མོ་དང་༔ ཚེ་བདུད་བཞི་བསྣོལ་ཁྲི་ཡི་སྟེང་༔ རང་རིག་མཁའ་ལས་ཐོག་མདའ་ལྟར༔ རྩ་བའི་ཡི་གེའི་རྣམ་པར་བབས༔ ཧྲཱིཿ ཧྲཱིཿཡིག་པདྨ་འདབ་བརྒྱད་པ༔ འོད་ཞུ་སྐད་ཅིག་དྲན་རྫོགས་སུ༔ རང་ཉིད་པདྨ་དབང་ཆེན་ལྷ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ སྐུ་མདོག་བསྐལ་པའི་མེ་ལྟར་འབར༔ ཞལ་གསུམ་གཡས་དཀར་བཞད་པའི་ཉམས༔ གཡོན་སྔོ་ཨམ་གཙིགས་འཇིགས་པར་བསྡམས༔ རྩ་ཞལ་དམར་ནག་རབ་ཏུ་རྔམ༔ ཕྱག་དྲུག་གྲི་གུག་ཙིཏྟ་གཡས༔ ཐོད་ཁྲག་སྦྲུལ་གྱི་ཞགས་པ་གཡོན༔ ཐ་གཉིས་དབང་གི་ཕྱག་རྒྱ་ཡིས༔ སྦྱོར་ཡུམ་གར་གྱི་དབང་མོར་འཁྱུད༔ དབུ་སྐྲ་ཁམ་སེར་སྤྲིན་ལྟར་གཏིབས༔ སྐྲ་གསེབ་དབང་གི་རྟ་ཞལ་གསུམ༔ ཧ་ཧེའི་སྒྲ་ཡིས་སྟོང་གསུམ་གཡོ༔ ཐོད་སྐམ་རིགས་ལྔའི་རྩེ་ཕྲན་འབར༔ རིགས་བདག་འོད་དཔག་མེད་པས་མཚན༔ སྐུ་སྟོད་གླང་ཆེན་སྟོད་གཡོགས་གསོལ༔ སྨད་དཀྲིས་སྟག་གི་ཤམ་ཐབས་བྱས༔ ཞིང་ལྤགས་སྦྲུལ་ཆུན་རིགས་ལྔ་དང་༔ བསེ་ཁྲབ་དབང་གི་གོ་ཆས་སྤྲས༔ རྡོ་རྗེའི་གཤོག་པ་གཡས་གཡོན་གདེངས་༔ ཞབས་གཉིས་བརྐྱང་བསྐུམ་རོལ་བའི་པང༔ ཡུམ་ཆེན་རལ་གཅིག་སྔོ་སྐྱའི་མདངས༔ ཁྲག་སྐྱོགས་ཙིཏྟའི་ཕྱག་རྒྱ་བསྒྱུར༔ ཞབས་གཉིས་གར་སྟབས་ཚུལ་དུ་སྦྱོར༔ པདྨའི་ཕྲེང་བ་གཟིག་ཤམ་དང་༔ རུས་པའི་རྒྱན་ཆ་ལྔ་དང་ལྡན༔ རལ་པ་མཐུར་འཕྱང་ཕག་ཞལ་མཐིང་༔ ཡབ་ཡུམ་ཤིན་ཏུ་ཁྲོས་པའི་ཉམས༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྤྱན་གསུམ་ཁྲག་མཚོ་ལྟ་བུར་ཁོལ༔ ཡེ་ཤེས་མེ་ཡི་ཀློང་དུ་བཞུགས༔ ཧྲཱིཿ ཡབ་ཡུམ་མཁའ་གསང་མཉམ་པར་སྦྱོར༔ དགའ་བཞིའི་ཡེ་ཤེས་རང་རྩལ་ལས༔ འཁོར་གྱི་ལྷ་ཚོགས་བསྐྱེད་པ་ནི༔ ཆོས་འབྱུང་ཕྱོགས་བཞིར་པད་ཉི་དང་༔ དྲི་ཟ་གཤིན་རྗེ་ཀླུ་གནོད་སྦྱིན༔ དྲེགས་པ་ཁྱོ་ཤུག་བསྣོལ་བའི་སྟེང༔ ཧཱུྃ་ཡིག་ཕྱོགས་མདོག་སྤྲོས་པ་ལས༔ ཤར་དུ་རྡོ་རྗེ་དབང་ཆེན་དཀར༔ བཛྲ་ཀྲོ་ཏི་ཤྭ་རི་ཡུམ༔ ལྷོ་རུ་རིན་ཆེན་དབང་ཆེན་སེར༔ རཏྣ་ཀྲོ་ཏི་ཤྭ་རི་ཡུམ༔ ནུབ་ཏུ་པདྨ་དབང་ཆེན་དམར༔ པདྨ་ཀྲོ་ཏི་ཤྭ་རི་ཡུམ༔ བྱང་དུ་ཀརྨ་དབང་ཆེན་ལྗང་༔ ཀརྨ་ཀྲོ་ཏི་ཤྭ་རི་ཡུམ༔ གྲི་ཐོད་ཕྱག་རྟགས་ཁྲོ་ཆས་རྫོགས༔ ཡུམ་རྣམས་ཁྲག་སྐྱོགས་སྙིང་སྟེང་བསྣམས༔ རྩིབས་བརྒྱད་པད་ཉི་བམ་རོའི་སྟེང་༔ དཔལ་ཆེན་རོལ་པའི་ཧེ་རུ་ཀ༔ ཤར་དུ་ཡང་དག་ལྷོར་གཤིན་རྗེ༔ ནུབ་ཏུ་རྟ་མཆོག་བྱང་ཕྲིན་ལས༔ ཤར་ལྷོར་རྦོད་གཏོང་ལྷོ་ནུབ་ཏུ༔ རིག་འཛིན་རྒྱལ་པོ་ནུབ་བྱང་མཚམས༔ གསང་བདག་བྱང་ཤར་སྟོབས་ལྡན་ནག༔ མ་ངེས་སྤྲུལ་པའི་སྒྱུ་འཕྲུལ་ངོམ༔ ཁྱམས་ལ་མཁའ་འགྲོ་སུམ་ཅུ་གཉིས༔ དཀར་སེར་དམར་ལྗང་མཁའ་འགྲོའི་ཆས༔ རུས་རྒྱན་གཡེར་ཁ་མེ་ལོང་སྤྲས༔ ཅང་ཏེའུ་གྲི་ཐོད་གསང་བའི་རྔ༔ ཕྱག་མཚན་སྣ་ཚོགས་གར་སྟབས་བསྒྱུར༔ སྒོ་བཞིར་ཞིང་དང་ཉི་གདན་ལ༔ སྒོ་སྲུང་རིགས་བཞི་ཡུམ་དང་བཅས༔ ཕྲིན་ལས་བཞི་ཡི་མངའ་དབང་བསྒྱུར༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མ་འདྲེས་མཁའ་ལ་འཇའ་ཚོན་བཞིན༔ རང་སེམས་སྟོང་པའི་ཆོ་འཕྲུལ་ལས༔ ཡོངས་གྲུབ་དཀྱིལ་འཁོར་ཆེན་པོར་གསལ༔ ཨོཾ་ཨཱཿཧཱུྃ༔ ཞེས་པ་ལན་བདུན་བརྗོད་པའི་མཐུས༔ རང་གི་ཐུགས་ཀར་འདབ་བརྒྱད་དམར༔ ལྟེ་བར་ཧྲཱིཿཡིག་དམར་པོའི་མཐར༔ སྔགས་ཕྲེང་རྒྱུ་སྐར་ལྟ་བུར་བཀྲ༔ གཡས་སུ་འཁོར་བའི་འོད་ཟེར་གྱིས༔ དབང་ལྷ་རིགས་ལྔ་སྤྱན་དྲངས་པས༔ བདུད་རྩིའི་ཆུ་ཡིས་དུག་ལྔ་སྦྱངས༔ ཡེ་ཤེས་ལྔ་ཡི་དབང་ཐོབ་བརྡར༔ འོད་དཔག་མེད་པ་སྐུ་མདོག་དམར༔ པད་ཕྲེང་འཛིན་པས་རྒྱས་གདབ་གྱུར༔ རིགས་ཀྱི་དབང་ལྷ་རང་ལ་བསྟིམ༔ དེ་ནས་སྤྱན་འདྲེན་སྤོས་རོལ་དང་༔ གདུང་དབྱངས་དྲག་པོས་འདི་ལྟར་བསྐུལ༔ ཧྲཱིཿ བདེ་ཆེན་པདྨ་འོད་ཀྱི་ཕོ་བྲང་ནས༔ རབ་འབྱམས་རྒྱལ་བའི་སྤྱི་གཟུགས་པདྨ་དབང༔ གདུལ་བྱ་མ་རུངས་གདུག་པ་འདུལ་བའི་ཕྱིར༔ ཞི་བ་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་༔ ཐུགས་རྗེ་དྲག་ཤུལ་རྔམ་སྟབས་རོལ་པའི་གར༔ ཅིར་ཡང་བསྒྱུར་བས་གནས་འདིར་གཤེགས་སུ་གསོལ༔ རྣལ་འབྱོར་བདག་གི་ཚེ་སྔོན་ཡི་དམ་ལྷ༔ ད་ལྟ་ཁྱེད་ལ་རྩེ་གཅིག་གསོལ་འདེབས་ན༔ དབང་ཆེན་ཁྲོས་པའི་རྟ་སྐད་འཚེར་བཞིན་དུ༔ དབང་དྲག་རོལ་པའི་གནས་འདིར་གཤེགས་སུ་གསོལ༔ གངས་ཅན་ལྷ་གཅིག་བྱམས་མགོན་ཐུགས་རྗེའི་བདག༔ སྙིགས་དུས་བདུད་དང་དམ་སྲི་ཁ་དར་བས༔ རིས་མེད་འགྲོ་རྣམས་སྡུག་བསྔལ་ཉམ་ཐག་ཚེ༔ འཇིགས་མཛད་དཔའ་བའི་ཚུལ་གྱིས་གཤེགས་སུ་གསོལ༔ ཡེ་ཤེས་ལྔ་ཡི་རང་རྩལ་ཕྱིར་ཤར་བ༔ དབང་ཆེན་རྟ་མཆོག་རིགས་བཞི་གཤེགས་སུ་གསོལ༔ ཚོགས་བརྒྱད་གདུག་པའི་དགྲ་གདོན་འཇོམས་མཛད་པ༔ སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་གཤེགས་སུ་གསོལ༔ དབང་ཡུལ་རྟོག་ཚོགས་ཉོན་མོངས་གནས་དག་པའི༔ སྤྲུལ་པའི་མཁའ་འགྲོ་སོ་གཉིས་གཤེགས་སུ་གསོལ༔ རྣམ་བཞིའི་ཕྲིན་ལས་མ་ལུས་སྒྲུབ་མཛད་པའི༔ སྒོ་སྲུང་རིགས་བཞིའི་ཚོགས་རྣམས་གཤེགས་སུ་གསོལ༔ ཧྲཱིཿཔདྨ་ཀྲོ་ཏ་ཧྱ་གྷྲི་ཝ་ས་པ་རི་ཝ་ར་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ས་མ་ཡཱ་ཛ་ཛཿ ཡེ་ཤེས་ལྷ་ཚོགས་བཞུགས་སུ་གསོལ་བ་ནི༔ ཧྲཱིཿ དམ་ཚིག་ལྷ་ཚོགས་བསྐྱེད་པའི་དཀྱིལ་འཁོར་ལ༔ ཡེ་ཤེས་རང་བྱུང་རང་བབས་དབྱིངས་ཀྱི་ལྷ༔ དབང་ཆེན་རོལ་པ་རྟ་གདོང་ཁྲོ་བོའི་རྒྱལ༔ འཁོར་བཅས་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡཱ་ཏིཥྛ་ལྷན༔ འཕྲུལ་དགའི་ཚུལ་གྱིས་བརྡའ་ཕྱག་འཚལ༔ ཧྲཱིཿ ཡེ་ནས་རང་དང་ལྷ་ཚོགས་དབྱེར་མེད་ཀྱང་༔ རང་ཞལ་མ་མཇལ་གཉིས་འཛིན་སྐྱོན་སྦྱང་ཕྱིར༔ དམ་ཚིག་བསྐྱེད་པ་རྒྱུ་ཡི་ཧེ་རུ་ཀས༔ བརྡ་རྟགས་དྲན་པའི་ཀློང་དུ་ཕྱག་བགྱི་འོ༔ ཤྲཱི་པདྨ་ཀྲོ་ཏ་ཧྱ་གྷྲི་ཝ་ན་མོ་པཱུ་ཛ་ཧོ༔ མཆོད་པའི་བྱེ་བྲག་འབུལ་བ་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ ཧྲཱིཿ དབང་ལྔའི་ལོངས་སྤྱོད་མཆོད་པའི་རྫས༔ མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ དབང་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཤྲཱི་པདྨ་ཀྲོ་ཏ་ས་པ་རི་ཝ་ར་ཨརྒྷཾ་ནས་པྲ་ཏིཥྩ་ཡེ་སྭཱ་ཧཱ༔ ནང་མཆོད་བྱེ་བྲག་བདུད་རྩི་སྨན༔ ཧྲཱིཿ གདོད་ནས་རང་བྱུང་བདེ་སྟོང་སྣོད་མཆོག་ཏུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ ཉོན་མོངས་ཡེ་ཤེས་ལྔ་རུ་གནས་འགྱུར་ཕྱིར༔ དབང་ཆེན་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བདེ་ཆེན་རིགས་མཆོག་ཆོས་སྐུ་སྣང་མཐའ་ཡས༔ བརྩེ་ཆེན་འགྲོ་ལ་རྗེས་ཆགས་པདྨ་དབང་༔ མཐུ་ཆེན་བདུད་ལས་རྣམ་རྒྱལ་ཐོད་ཕྲེང་རྩལ༔ སྐུ་གསུམ་བརྒྱུད་པའི་བླ་མར་སྨན་མཆོད་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ གངས་ཅན་བསྟན་པའི་རྒྱལ་མཚན་ཁྲི་སྲོང་རྗེ༔ དབང་ཆེན་གསུང་གི་བཀའ་བབས་རྒྱལ་མཆོག་དབྱངས༔ བདེ་སྟོང་ཐུགས་ཀྱི་ཕྱག་རྒྱ་མཁར་ཆེན་བཟའ༔ རྗེ་འབངས་གྲོགས་གསུམ་བརྒྱུད་པར་སྨན་མཆོད་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དཀྱིལ་འཁོར་གཙོ་མཆོག་པདྨ་གར་དབང་ཕྱུག༔ ཤེས་རབ་བསྐྱེད་ཡུམ་དབང་གི་རྣལ་འབྱོར་མ༔ ཡེ་ཤེས་སྒྱུ་མ་སྤྲུལ་པའི་འཁོར་གྱི་ལྷ༔ རྩ་གསུམ་དཀྱིལ་འཁོར་འཁོར་ལོར་སྨན་མཆོད་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ འབྲུ་གསུམ་སྔགས་ཀྱིས་དངོས་གྲུབ་བླངས༔ དམར་ཆེན་རཀྟའི་མཆོད་འབུལ་ནི༔ ཧྲཱིཿ ཆོས་ཅན་བློ་ཡིས་འཁྲུལ་བའི་སེམས་ཅན་ལ༔ ཆོས་ཉིད་རྗེས་ཆགས་དབང་གི་ཁ་དོག་དམར༔ ཞིང་བཅུ་གདུག་ཅན་བསྒྲལ་བའི་རཀྟ་མཆོག༔ དབང་མཛད་དཀྱིལ་འཁོར་ལྷ་ལ་མཆོད་པར་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ དམ་རྫས་གཏོར་མའི་མཆོད་པ་ནི༔ ཧྲཱིཿ དུག་གསུམ་ཤ་ཁྲག་རུས་པའི་བ་ལིང་ཏ༔ ལྕང་ལོར་བཅས་པའི་བྷནྡྷའི་སྣོད་དུ་གཏམས༔ ཉོན་དྲུག་དགྲ་བགེགས་དབང་ཤེས་ཚར་གཅོད་ཕྱིར༔ ཁྲག་འཐུང་དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ གསང་བའི་མཆོད་པ་འབུལ་བ་ནི༔ ཧྲཱིཿ སྣང་བ་སྙིང་རྗེ་ཆེན་པོ་བདེ་བའི་ཡབ༔ སྟོང་པ་ཤེས་རབ་གསལ་བ་དབྱིངས་ཀྱི་ཡུམ༔ ཟུང་འཇུག་བཅུ་དྲུག་དགའ་བ་མཆོད་པའི་མཆོག༔ བདེ་ཆེན་དབང་གི་ལྷ་ལ་མཆོད་པ་འབུལ༔ མ་ཧཱ་མུ་ཏྲ་སུ་ཁ་པུ་ཛ་ཧོ༔ ཀུན་འདུས་དོན་གྱི་མཆོད་འབུལ་ནི༔ ཧྲཱིཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་སེམས་ཀྱི་རྩལ༔ དེ་ཡང་རང་བཞིན་བྲལ་བ་གདོད་མའི་གཤིས༔ འགྱུ་གྲོལ་གཉིས་མེད་ཕྱག་རྒྱ་ཆེན་པོའི་ངང༔ རང་རིག་དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ཛྙཱ་ན་དྷརྨ་དྷརྟུ་པཱུ་ཛ་སྤ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ བསྟོད་པ་ལའང་ཀུན་རྫོབ་བརྡ༔ དོན་དམ་ལྟ་བའི་ཀློང་དུའོ༔ ཧྲཱིཿ ཐུགས་རྗེའི་མངའ་བདག་གསུང་མཆོག་སྙིང་རྗེའི་ལྷ༔ གདུལ་བྱའི་དབང་གིས་ཁྲོ་བོའི་སྐུར་བཞེངས་ནས༔ ཁམས་གསུམ་དབང་སྡུད་དྲེགས་པ་ཚར་གཅོད་པ༔ དབང་དྲག་རོལ་པའི་ལྷ་ལ་ཕྱག་འཚལ་བསྟོད༔ བསྐལ་པའི་མེ་དབུས་དུར་ཁྲོད་ཕོ་བྲང་ཆེ༔ རབ་འཇིགས་བདུད་སྲིན་འབྱུང་པོ་བརྫིས་པའི་ཁྲིར༔ ཁམས་གསུམ་བླ་ཡིད་འགུགས་པའི་བརྡ་རྟགས་ཀྱིས༔ ལེབ་བརྒན་དབང་གི་མདངས་འོད་འཕྲོ་ལ་བསྟོད༔ སྐུ་གསུམ་ཡོན་ཏན་རྫོགས་པའི་ཞལ་མངའ་ཞིང་༔ ས་གསུམ་གཡུལ་ལས་རྒྱལ་བའི་རྟ་སྐད་འཚེར༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་ཡན་ལག་ཅན༔ བདེན་གཉིས་རྐང་པའི་ཡོན་ཏན་ལྡན་ལ་བསྟོད༔ ཞིང་བཅུ་སྒྲོལ་བ་གྲི་གུག་དཔའ་བོའི་མཚོན༔ གཉིས་སྣང་དབྱིངས་སུ་རྔུབ་པའི་དུང་ཁྲག་དམར༔ ཆོས་ཀུན་གཅིག་བསྡུམ་དབང་རྒྱལ་ཡུམ་ལ་འཁྱུད༔ ཟུང་འཇུག་ཤེས་རབ་ཡུམ་དང་སྦྱོར་ལ་བསྟོད༔ གཙོ་དང་འཁོར་གྱི་རོལ་པ་ཅིར་སྣང་ཡང་༔ དངོས་གྲུབ་སྒྲུབ་ལ་བསླུ་མེད་ཡི་དམ་ལྷ༔ གང་འདུལ་སྤྲུལ་པའི་རོལ་པར་ཡོངས་ཤར་བ༔ ཡོངས་རྫོགས་དོན་གྱི་ལྷ་ལ་བསྟོད་པར་བགྱི༔ དེ་ནས་བཤགས་པ་འབུལ་བ་ནི༔ ཧྲཱིཿ དབང་ཆེན་རྒྱལ་པོ་རྟ་མཆོག་ཁྲོ་བོའི་རྒྱལ༔ ཡེ་ནས་རང་དང་འདུ་འབྲལ་མེད་པ་ལ༔ བདག་རྟོག་དབང་གིས་བཟང་ངན་སོ་སོར་བཟུང་༔ ཐམས་ཅད་ཆོས་སྐུ་མཉམ་ཉིད་ཀློང་དུ་བཤགས༔ ཡི་གེ་བརྒྱ་བས་ནོངས་པ་བཤགས༔ དངོས་གཞིའི་རྩ་བ་བསྙེན་སྒྲུབ་ཀྱི༔ དམ་བཅའ་བརྟན་པོར་སྙིང་ནས་བཟུང་༔ ཧོ༔ རྩ་གསུམ་དབང་གི་ལྷ་ཚོགས་དགོངས་སུ་གསོལ༔ དེང་བཟུང་རྫོགས་པའི་བྱང་ཆུབ་མ་ཐོབ་བར༔ དངོས་གྲུབ་རྩ་བ་པདྨ་གར་དབང་ལྷ༔ འགྲོ་དྲུག་སེམས་ཅན་ཀུན་ལ་ཕན་གདགས་ཕྱིར༔ བསྙེན་སྒྲུབ་སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ༔ བཛྲ་ས་མ་ཡཱ་ཙིཏྟ་ཧཱུྃ༔ ས་མ་ཡཱ༔ དཀྱིལ་འཁོར་སྤྲོས་པའི་སྤྲོ་བསྡུ་ཡིས༔ སུན་ན་གཙོ་བོ་རྐྱང་པར་བསྒོམ༔ དེ་ནས་བཟླས་པའི་དམིགས་པ་ལ༔ དང་པོ་བསྙེན་པ་བྱ་བ་ནི༔ ཧྲཱིཿ བདག་གི་ཐུགས་ཀར་པདྨ་འདབ་བརྒྱད་དམར༔ ལྟེ་བར་ཉི་མའི་དཀྱིལ་འཁོར་སྲན་མ་ཙམ༔ དེ་དབུས་ཧྲཱིཿཡིག་རིང་ཆ་ཚེག་དྲག་བཅས༔ བྱུ་རུའི་མདོག་ཅན་འོད་ཟེར་བཀྲག་མདངས་འབར༔ སྔགས་ཕྲེང་ཡིག་འབྲུ་བཅོ་ལྔ་གཡས་སུ་འཁོར༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་བྱིན་ནུས་བསྡུས༔ འཁོར་འདས་སྣོད་བཅུད་ཚེ་དཔལ་ཡོན་ཏན་ཀུན༔ རང་ལ་ཐིམ་པས་ལྷ་དང་གཉིས་མེད་བསམ༔ གསང་སྔགས་རྒྱལ་པོ་ཤུབ་བུར་བཟླ༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱཱ་གྷྲི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ དེ་ནས་སྒྲུབ་པའི་རིམ་པ་ནི༔ སྔགས་ལས་འོད་ཟེར་མར་འཕྲོས་འགྲོ་སྒྲིབ་སྦྱངས༔ ཀུན་འདུས་ཡི་དམ་ལྷ་ཡི་ངོ་བོར་གྱུར༔ སྔགས་སྒྲ་བུང་བས་ཚང་ཚོལ་བཞིན་དུ་ལྡིར༔ ཕར་འཕྲོས་སྡེ་བརྒྱད་དྲེགས་པའི་སྲོག་ནས་དྲངས༔ བདག་ཉིད་དབང་ཆེན་བཀའ་ཉན་གསུང་སྡོད་ཅིང་༔ བར་ཆད་བདུད་དགྲ་ཆོས་ཉིད་ཀློང་དུ་ཐིམ༔ གཙོ་བོ་འབྲུ་འབུམ་ལས་རུང་ཞིང་༔ མཚམས་ཀྱི་བསྙེན་པ་སྔགས་དང་སྦྱར༔ རབ་འབྲིང་དངོས་ཉམས་རྨི་ལམ་དུ༔ དབང་ཆེན་ཞལ་མཐོང་གསུང་ཐོས་ཤིང་༔ སྡེར་སོ་བཅོམ་དང་སྲོག་ཆགས་གསོད༔ ཆུ་ཆེན་བརྒལ་དང་ཉི་ཟླ་འབར༔ རི་བོའི་རྩེར་ཕྱིན་གཡུལ་ལས་རྒྱལ༔ སྒྲུབ་པ་ཡུམ་སྔགས་ཤམ་དུ་སྦྲེལ༔ ཤྲཱི་ཌཀྐི་ཛྙཱ་ན་ཨེ་ཀ་ཛ་ཊི་རཱུ་ལུ་ཧཱུྃ་ཕཊ༔ ཧྱཱ་གྷྲི་ཝའི་མཇུག་ཏུ་གདགས༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱཱ་གྷྲཱི་ཝ་ཤྲི་ཌཀྐི་ཛྙཱ་ན་ཨེ་ཀ་ཛ་ཊི་རུ་ལུ་ཧཱུྃ་ཕཊ༔ དེ་ནས་འཁོར་སྔགས་འདི་བཞིན་ནོ༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ༔ དེ་བཞིན་དུ་རཏྣ་པདྨ་དང་༔ ཀརྨ་ཞེས་བརྗོད་དེ་བཞིན་དུ༔ དཔལ་བརྒྱད་སོ་སོའི་བསྙེན་པའམ༔ ཡང་ན་སྤྱི་དྲིལ་ཁྲོ་བོའི་སྔགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཌཀྐི་ས་མ་ཡཱ་ཧཱུྃ་ཕཊ༔ ཕྲིན་ལས་ཤམ་བུ་ཁ་བསྒྱུར་ནི༔ ཤནྟིཾ་པུཥྚིཾ་ཝ་ཤང་མ་ར་ཡ་ཛཿཧཱུྃ་བཾ་ཧོ༔ དེ་ནས་ལས་སྦྱོར་དམིགས་པ་ནི༔ ཧྲཱིཿ བདག་མདུན་ཕོ་བྲང་ཕྱི་རོལ་དུར་ཁྲོད་བརྒྱད༔ དེ་ཕྱིར་རྡོར་ཕྲེང་མེ་རི་དམར་ནག་འཁྲུགས༔ སྟེང་འོག་ཟངས་ལྕགས་འཁོར་ལོ་རྩིབས་སྟོང་འབར༔ རྩེ་བསྣོལ་བར་དུ་དམ་སྲི་ཐལ་བར་བརླགས༔ གཙོ་འཁོར་ཞལ་ནས་དྲག་སྔགས་འབྲུག་སྟོང་ལྡིར༔ དགྲ་གདོན་ཆོས་ཉིད་གདོད་མའི་དབྱིངས་སུ་བསྒྲལ༔ བློ་འདས་སྟོང་ཉིད་སྤྲོས་བྲལ་ངང་དུ་བཞག༔ དྲག་སྔགས་མེ་དཔུང་རྩུབ་དྲག་བཟླ༔ གཞན་ཡང་དབང་སྡུད་དམིགས་པ་ནི༔ ཧྲཱིཿ བདག་གི་ཐུགས་ལས་འོད་དམར་གློག་ལྟར་འཕྲོས༔ སྣང་སྲིད་ཕོ་རྒྱུད་མོ་རྒྱུད་དྲེགས་ཚོགས་ཀྱི༔ སྙིང་གར་ཕོག་པས་རང་དབང་བརྟན་པ་ཕྲོག༔ ཡིད་ཆགས་མྱོས་ཏེ་རང་ལ་འདུད་པར་གྱུར༔ འཇིག་རྟེན་ནོར་རྫས་མཁོ་དགུའི་ཡོ་བྱད་ཀུན༔ སྦུར་མ་རླུང་གིས་དེད་པ་བཞིན་ཏུ་བསྡུས༔ དཀོན་མཆོག་མཆོད་དང་དབུལ་བ་སེལ་ཕྱིར་དུ༔ ཉམ་ཐག་སྐྱོང་སོགས་ཚོགས་གཉིས་གྲོགས་སུ་འགྱུར༔ རྩ་སྔགས་ཤམ་བུར༔ ལོ་ཀ་ཨ་ནྲི་ཏྲི་ཕོ་རྒྱུད་མོ་རྒྱུད་པ་ཤང་ཀུ་རུ་སྡུས་སྡུས་བ་སུ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ སྲུང་ཟློག་གུད་དུ་སྦས་ལས་ཤེས༔ གཞན་ཡང་ལས་ཚོགས་ཉེར་གཅིག་ནི༔ མན་ངག་གབ་བྱང་དག་ལས་གསལ༔ ཐུན་སྐབས་མཆོད་བསྟོད་ནོངས་པ་བཤགས༔ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ བཟའ་བཅའ་བཏུང་བའི་ཡོ་བྱད་དང་༔ སྤྱན་གཟིགས་གསལ་བའི་མར་མེ་དང་༔ དྲི་ཞིམ་སྤོས་ཀྱི་དུད་པ་སོགས༔ མ་ཚང་མེད་པར་འདུ་བྱས་ལ༔ རཾ་ཡཾ་ཁཾ༔ ཞེས་པའི་སྔགས་ཀྱི་འཕྲོ་འདུ་ལས༔ ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཞལ་ཟས་ཚོགས་ཀྱི་ཡོ་བྱད་རྣམས༔ རཾ་གྱི་མེས་བསྲེགས་ཡཾ་ལས་རླུང་བྱུང་གཏོར༔ ཁཾ་ལས་ཆུ་བྱུང་དངོས་འཛིན་དྲི་མ་བཀྲུས༔ ཆབ་ཀྱིས་གཏོར་ཞིང་བདུད་རྩིས་བྲན༔ སླར་ཡང་འབྲུ་གསུམ་སྔགས་ཀྱི་འཕྲོ་འདུ་ལས༔ ཨོཾ་གྱིས་ཟབ་ཡངས་རིན་ཆེན་སྣོད་མཆོག་ཏུ༔ ཨཿཡིས་ཟག་མེད་བདུད་རྩི་རོ་བརྒྱ་ལྡན༔ ཧཱུྃ་གིས་ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ཅིང་ཚོགས་ཞིང་རྣམས༔ སྤྱན་དྲངས་གདུང་དབྱངས་སྤོས་རོལ་བཅས༔ ཧྲཱིཿ ཀུན་བཟང་མཉམ་བརྡལ་འོག་མིན་སྐུ་གསུམ་ཞིང༔ རང་བྱུང་བདེ་ཆེན་དག་པའི་མཁའ་དབྱིངས་ནས༔ རྩ་གསུམ་ཀུན་འདུས་ཡི་དམ་དབང་ཆེན་ལྷ༔ སྐྱབས་མཆོག་ཚོགས་ཞིང་དཀྱིལ་འཁོར་སྤྱན་འདྲེན་ནོ༔ རྡོ་རྗེའི་སྐུ་མཆོག་མཚན་དཔེའི་གཟི་མདངས་ངོམ༔ འགགས་མེད་གསུང་གི་རྔམ་སྒྲས་ས་གསུམ་གཡོ༔ བརྩེ་ཆེན་ཐུགས་རྗེས་མཁའ་ཁྱབ་རྗེས་སུ་སྐྱོང་༔ རྟ་མཆོག་རོལ་པའི་ལྷ་ཚོགས་འདིར་གཤེགས་ལ༔ རྣལ་འབྱོར་སྒྲུབ་པོའི་སྒོ་གསུམ་བྱིན་གྱིས་རློབས༔ མཆོད་རྫས་ཡོ་བྱད་ཟག་མེད་བདུད་རྩིར་བསྒྱུར༔ སྣང་གྲགས་ལྷ་སྔགས་བདེ་ཆེན་རོལ་པར་གྱུར༔ ཛྙཱ་ན་བཛྲ་ས་མ་ཡཱ་ཕེཾ་ཛཿཧཱུྃ་བཾ་ཧོ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ འདོད་ཡོན་དྲུག་གི་ལྷ་མོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བསམ༔ ཧྲཱིཿ ཞལ་ཟས་ཚོགས་ཀྱི་ཡོ་བྱད་མཆོད་པའི་རྫས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་བྱེད་བདུད་རྩིར་གྱུར༔ དབང་ཆེན་དབང་གི་ལྷ་ལ་འབུལ་ལགས་ན༔ བརྩེ་བའི་ཐུགས་ཀྱི་དགྱེས་པར་བཞེས་སུ་གསོལ༔ མ་ཧཱ་ག་ན་ཙཀྲ་པུ་ཛ་ཁཱ་ཧི༔ སྡོམ་གསུམ་ཉམས་ཆག་བཤགས་པ་ནི༔ ཧོ༔ རྩ་གསུམ་དབང་གི་ལྷ་ཚོགས་དགོངས་སུ་གསོལ༔ བདག་དང་གསང་སྔགས་སྒོར་ཞུགས་ཐམས་ཅད་ཀྱི༔ སྡོམ་གསུམ་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་པ༔ སྙིང་ནས་བཤགས་སོ་ཉམས་པ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡིག་བརྒྱས་ནོངས་པ་ཐམས་ཅད་བཤགས༔ ཚོགས་རྫས་ཐ་མ་དགྲ་བགེགས་སུ༔ དམིགས་ནས་འགུག་གཞུག་ལན་གསུམ་བྱ༔ ཕྱག་རྒྱ་བཞི་ཡིས་འཆིང་ཞིང་སྡོམ༔ ཧྲཱིཿ དབང་ཆེན་ཁྲོས་པ་རྟ་མཆོག་རྒྱལ་པོའི་སྐུར༔ བདག་ཉིད་གསལ་བ་གསུམ་ལྡན་ཏིང་འཛིན་གྱིས༔ དགྲ་བགེགས་ཞིང་བཅུ་ཚང་བ་དམ་སྲིའི་རིགས༔ སྐྱེ་མེད་ཡངས་པ་ཆོས་སྐུའི་ཀློང་དུ་སྤོར༔ ཤ་ཁྲག་དྭངས་མ་བདུད་རྩིར་སྦྱངས་སྤེལ་བསྒྱུར༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ ཧ་ལ་པཉྩ་མཾ་ས་ཙིཏྟ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་དང་༔ དབྱེར་མེད་རྣལ་འབྱོར་ཚོགས་ལ་རོལ༔ ལྷག་མར་ཁ་ཕྲུ་བདུད་རྩི་གདབ༔ འབྲུ་གསུམ་སྔགས་ཀྱིས་སྦྱངས་སྤེལ་བསྒྱུར༔ ཧྲཱིཿ དབང་ཆེན་བཀའ་འཁོར་སྐྱོང་བའི་ལྷག་སྡུད་མ༔ རྡོ་རྗེ་རིགས་ཀྱི་ཕྲ་མེན་སྐུ་མདོག་དཀར༔ རིན་ཆེན་རིགས་ཀྱི་ཕྲ་མེན་གསེར་མདོག་འཛུམ༔ པདྨ་རིགས་ཀྱི་ཕྲ་མེན་དམར་མདངས་བཞད༔ ལས་ཀྱི་རིགས་ཀྱི་ཕྲ་མེན་ལྗང་ནག་ཁྲོ༔ མ་ངེས་སྤྲུལ་བསྒྱུར་བྱེ་བ་འབུམ་འབུམ་འཕྲོ༔ འཁོར་བཅས་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཕྲིན་ལས་རྣམ་བཞིའི་ལས་ཀུན་ཐོགས་མེད་སྒྲུབ༔ ཨོཾ་ཨུ་ཙུཥྚ་བྷ་ལིངྟ་ཁཱ་ཧི༔ ཐུགས་དམ་དབྱིངས་ནས་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ སྐྱེ་བ་མེད་པ་ཆོས་སྐུའི་རང་མདངས་ལས༔ འགགས་པ་མེད་པ་ལོངས་སྐུའི་རྣམ་རོལ་བསྒྱུར༔ ཐུགས་རྗེ་ཆེན་པོ་ཁྲོས་པའི་ཚུལ་སྟོན་པ༔ དབང་ཆེན་རྟ་མཆོག་རྒྱལ་པོ་ཡབ་དང་ཡུམ༔ སྒྲུབ་པ་སྡེ་བརྒྱད་རྟ་མགྲིན་རིགས་བཞི་དང་༔ མཁའ་འགྲོ་སོ་གཉིས་བཀའ་སྡོད་སྲུང་མར་བཅས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བསྐུལ་ལོ་འགྲོ་བའི་དོན་དུ་ཐུགས་དམ་བསྐུལ༔ མཛོད་ཅིག་དྲག་པོའི་ཕྲིན་ལས་དུས་ལ་བབས༔ བསྟན་ལ་སྡང་བའི་དམ་སྲི་རྨིང་ནས་རློགས༔ རྣལ་འབྱོར་ཚེ་གེགས་བར་ཆད་བསུན་མ་ཟློག༔ འགྲོ་བའི་བདེ་སྐྱིད་ཕྲོག་པའི་མཐའ་དམག་དང་༔ རྒྱ་འདྲེ་འགོང་པོ་ལོག་འདྲེན་ཆམ་ལ་ཕོབ༔ བར་ཆད་འཚེ་བའི་བདུད་བཞི་དབྱིངས་སུ་སོལ༔ རྣལ་འབྱོར་སྒྲུབ་པའི་ལས་འབྲས་མཆིས་པར་མཛོད༔ ཆད་མདོའི་གཏོར་མར་སྨན་དང་རཀྟས་བྲན༔ ཐ་ཚིག་བསྒྲགས་པ་འདི་བཞིན་ནོ༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་རྣམ་གསུམ་རིགས་ལྔའི་ཞིང་ཁམས་སུ༔ ཡིད་ཆོས་གནས་དག་ཆོས་སྐུའི་སྟོན་པ་ཡིས༔ ཕུང་ལྔ་དབྱིངས་གྲོལ་སྟོན་མཆོག་རིགས་ལྔ་ལ༔ དགོངས་བརྒྱུད་བརྗོད་བྲལ་གདམས་པ་བསྟན་པའི་ཚེ༔ རིགས་དྲུག་སེམས་ཅན་གནས་སུ་སྤོར་བ་དང་༔ གང་འདུལ་སྤྲུལ་བ་སྒྱུ་མའི་ཆོ་འཕྲུལ་གྱི༔ རྟོག་པ་མེད་བཞིན་བདེ་ལེགས་ཕུན་ཚོགས་གྱིས༔ བསྟན་འགྲོའི་གསོས་སུ་འགྱུར་བར་ཞལ་བཞེས་བཞིན༔ མཁའ་ཁྱབ་འགྲོ་ཀུན་ཐུགས་རྗེས་སྐྱོང་བར་མཛོད༔ ཧྲཱིཿ དེ་འོག་བསྐལ་པ་རྫོགས་ལྡན་དུས་ཀྱི་ཚེ༔ སྨོན་ལམ་ལོག་པའི་རཱུ་དྲ་སྡེ་གསུམ་གྱིས༔ འགྲོ་ཀུན་མི་དགེའི་སྡུག་བསྔལ་སྦྱོར་བའི་ཚེ༔ ཕྱོགས་དུས་རྒྱལ་བ་སྲས་བཅས་བཀའ་བགྲོས་ནས༔ མཐུ་སྟོབས་རྩལ་ལྡན་པདྨ་དབང་ཆེན་དང་༔ རྒྱལ་ཡུམ་དཔའ་མོ་རྡོ་རྗེ་རྣལ་འབྱོར་མས༔ བདུད་པོ་མ་ཏྲཾ་རུ་ཏྲ་སྡེ་དང་བཅས༔ དྲག་ཤུལ་འབར་བའི་སྟོབས་ཀྱིས་བཏུལ་བའི་ཚེ༔ ལྷ་སྲིན་དྲེགས་པའི་དཔུང་དང་བཅས་པ་ཡིས༔ སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་བཞིན༔ བསྟན་དང་འགྲོ་བའི་ཉེར་འཚེ་ཕྱིར་བཟློག་ནས༔ འགྲོ་རྣམས་བདེ་ལ་འགོད་པའི་ཕྲིན་ལས་མཛོད༔ ཧྲཱིཿ དེ་འོག་རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ༔ འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས༔ རང་བྱུང་པདྨ་རྒྱལ་པོ་སྤྱན་དྲངས་ནས༔ ལོ་པཎ་ཆོས་བསྒྱུར་ཐུབ་པའི་བསྟན་པ་སྤེལ༔ འོག་མིན་སྤྲུལ་པའི་བསམ་ཡས་དབུ་རྩེ་རུ༔ ཨོ་རྒྱན་ཆེན་པོས་གསང་ཆེན་སྤྱན་དྲངས་ནས༔ རྗེ་འབངས་སྤྱི་དང་རྒྱལ་ཡུམ་མཚོ་རྒྱལ་མ༔ དབང་ཆེན་བཀའ་བབས་རྒྱལ་བ་མཆོག་དབྱངས་ལ༔ རྟ་མགྲིན་རོལ་པ་ཕྱི་ནང་གསང་གསུམ་གྱི༔ སྨིན་གྲོལ་གདམས་པས་གཏད་རྒྱ་མཛད་པའི་ཚེ༔ པདྨའི་རིགས་ཀྱི་སྲུང་མ་ཐམས་ཅད་དང་༔ ཁྱད་པར་གནོད་སྦྱིན་བསེ་ཁྲབ་དམར་པོ་ཡིས༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ བཅོལ་བའི་ལས་རྣམས་བསྒྲུབ་པར་མ་ཆད་དམ༔ སངས་རྒྱས་བསྟན་པ་སྤེལ་བར་མ་ཆད་དམ༔ ཇི་ལྟར་ཞལ་བཞེས་དམ་བཅས་མ་གཡེལ་བར༔ མཆོད་གཏོར་བཞེས་ལ་ཕྲིན་ལས་སྒྲུབ་པར་མཛོད༔ ཧྲཱིཿ དེ་འོག་རྩོད་ལྡན་བསྐལ་པའི་ཡང་མཐའ་འདིར༔ རང་སྣང་རྣམ་དག་རྔ་ཡབ་གླིང་མཆོག་ཏུ༔ ཨོ་རྒྱན་སློབ་དཔོན་པདྨ་ཐོད་ཕྲེང་དང་༔ རྒྱལ་ཡུམ་དཔའ་མོ་ཇོ་མོ་མཁར་ཆེན་བཟའ༔ ལྷ་སྲས་རྣམ་རོལ་གྲུབ་དབང་བླ་མ་ཡིས༔ སྐལ་ལྡན་སློབ་མ་ལུང་རིག་གླིང་པ་ལ༔ དབང་ཆེན་འབར་བའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ རབ་འབྱམས་ལྷག་པའི་ལྷ་ཚོགས་ཐམས་ཅད་དང་༔ རང་སྐལ་སྨིན་གྲོལ་གདམས་པས་དབུགས་དབྱུང་ཚེ༔ མ་གཟའ་དམ་ཅན་གནོད་སྦྱིན་སྡེ་བདུན་གྱི༔ ཟབ་གཏེར་ཉམས་སུ་ལེན་པའི་སྐལ་ལྡན་ལ༔ ཚེ་ཆོས་སྲིད་ནོར་དངོས་གྲུབ་སྦྱིན་པ་དང་༔ བར་ཆད་བདུད་སྡེའི་འཕྲང་ལས་སྒྲོལ་ལོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ གཏོར་མ་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཤུ་ལ་རཀྴ་བྷ་ལིང་ཏ་ཁཱ་ཧི༔ བཤལ་ཆུ་གཏོར་མ་བྱིན་གྱིས་བརླབས༔ བསྟན་མ་སྐྱོང་བ་འདི་བཞིན་ནོ༔ ཧྲཱིཿ རྒྱལ་དབང་པདྨ་ཀཱ་ར་ཡིས༔ བལ་ཡུལ་རྒྱ་བོད་ས་མཚམས་སུ༔ དབང་ཆེན་འབར་བའི་སྐུར་བཞེངས་ནས༔ དམ་ལ་བཞག་པའི་བསྟན་མ་རྣམས༔ བཤལ་ཆུའི་གཏོར་མ་འདི་བཞེས་ལ༔ བོད་ཡུལ་བསྟན་པའི་གཞི་མ་འདིར༔ མུ་སྟེགས་རྒོལ་ངན་སྲུང་བ་དང་༔ མཐའ་དམག་འཁྲུག་རྩོད་ནད་མུག་མཚོན༔ ཆག་ཆེ་ཉམ་ང་ཞི་བ་དང་༔ གངས་ཅན་བསྟན་པའི་མངའ་བདག་དང་༔ གཙུག་ལག་ཆོས་འཁོར་སྐྱོང་བར་མཛོད༔ མ་མ་ཧྲིང་ཧྲིང་བ་ལིང་ཏ་ཁཱ་ཧི༔ གཏོར་གཞོང་ཁ་སྦུབ་དམ་སྲི་བཀུག༔ རྡོ་རྗེའི་བྲོ་བརྡུང་ཚིག་འདིས་གནོན༔ ཧཱུྃ་ཧྲཱིཿ དབང་ཆེན་རྟ་མཆོག་རྔམ་པའི་ཏིང་འཛིན་གྱིས༔ གཏོར་གཞོང་རི་རབ་གླིང་བཞིའི་འོག་རོལ་དུ༔ རྒབ་འདྲེ་དམ་སྲི་བར་གཅོད་འབྱུང་པོ་གནོན༔ ཇི་སྲིད་བྱང་ཆུབ་སེམས་མཆོག་མ་སྐྱེ་བར༔ ནམ་ཡང་ལྡང་མེད་རྡོ་རྗེའི་བྲོ་རྒྱས་གདབ༔ ལྟ་བ་བློ་བྲལ་སྟོང་གསལ་དབྱེར་མེད་བྲོ༔ སྒོམ་པ་ཡེངས་འཁྲུལ་རང་གྲོལ་གོམས་པའི་བྲོ༔ སྤྱོད་པ་རང་བབས་མ་འདྲེས་ཤུགས་འབྱུང་བྲོ༔ འབྲས་བུ་རེ་དོགས་ཐོབ་ཤོར་མེད་པར་བརྡུང༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ དེ་ནས་རྗེས་ཀྱི་ལས་རིམ་ལ༔ མཆོད་བསྟོད་དངོས་གྲུབ་ཚིག་འདིས་བསྐུལ༔ ཧྲཱིཿ ཐོག་མེད་དུས་ནས་ལས་ཀྱིས་འབྲེལ་བ་ཡི༔ ཡི་དམ་རྟ་མཆོག་རྒྱལ་པོའི་ལྷ་ཡི་ཚོགས༔ དང་པོ་བསྙེན་ནས་བར་དུ་རྩེ་གཅིག་སྒྲུབ༔ ད་ལྟ་རང་དང་དབྱེར་མེད་གདེང་དང་ལྡན༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་དུས་ལགས་ན༔ ཐུན་མོང་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི༔ མཆོག་ཏུ་མི་འགྱུར་གདོད་མའི་སར་བགྲོད་ནས༔ རང་གཞན་དོན་གཉིས་འགྲུབ་པའི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ནོངས་བཤགས་བྱ་ཞིང་སྒྲུབ་པའི་རྫས༔ གནས་གསུམ་གཏུག་ཅིང་ཚེ་འགུགས་བྱ༔ དེ་ནས་ལྷར་སྣང་བསྡུ་བ་ནི༔ ཧྲཱིཿ སྐྱེ་བའི་བག་ཆགས་བསྐྱེད་པའི་རིམ་པས་སྦྱངས༔ དབང་ཆེན་ལྷ་ཡི་ཕོ་བྲང་རྟེན་པར་བཅས༔ གཙོ་བོ་ཡབ་ཡུམ་སྦྱོར་བའི་འོད་ཀྱིས་བསྡུས༔ འཁོར་རྣམས་གཙོ་བོ་དེ་ཡང་དྭངས་མའི་སྲོག༔ ཧྲཱིཿཡིག་གྱེན་རྫོགས་དམིགས་མེད་མཁའ་དང་འདྲེས༔ ཨ་ཨ༔ སྒྱུ་མའི་ལྷར་ལྡང་རང་ཉིད་ཀྱི༔ གནས་གསུམ་ཡི་གེའི་མཚན་པས་བསྲུང་༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཀ་ཝ་ཙི་རཀྵ་རཀྵ་བྷྲུཾ༔ དགེ་རྩ་འགྲོ་ལ་བསྔོ་བ་ནི༔ ཧྲཱིཿབདག་གིས་དུས་གསུམ་དགེ་བའི་དངོས་པོ་དང་༔ ཁྱད་པར་བསྙེན་སྒྲུབ་ཟབ་མོའི་ཚོགས་གཉིས་ཀུན༔ མཐའ་ཡས་འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཀུན་ཀྱང་གདོད་མའི་གྲོལ་གཞི་མངོན་གྱུར་ཤོག༔ སླར་ཡང་སྨོན་ལམ་གདབ་པ་ནི༔ ཧྲཱིཿ དབང་ལ་མངའ་མཛད་རྟ་མཆོག་རྒྱལ་པོ་ཡི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོའི་མཐུས༔ བདག་དང་གསང་ཆེན་སྒོར་ཞུགས་མཆེད་ལྕམ་ཀུན༔ བར་ཆད་ཚེ་འཕྲང་གེགས་ལས་གྲོལ་བ་དང་༔ འབྲས་བུ་ལམ་བྱེད་རིམ་གཉིས་སྦྱངས་གོམས་མཐུས༔ རབ་འབྱམས་ལས་ལ་རང་བྱན་ཆུད་པ་ཡི༔ བསྟན་འགྲོའི་དཔལ་དང་མགོན་དུ་འགྱུར་བར་ཤོག༔ མཐར་ཕྱིན་བཀྲ་ཤིས་ཚིག་འདི་བརྗོད༔ ཧྲཱིཿ སྐུ་གསུམ་རྒྱལ་བ་ཡོངས་ཀྱི་གསུང་གི་མཆོག༔ རིགས་ཀྱི་བདག་པོ་པདྨ་དབང་གི་ལྷ༔ ཡབ་ཡུམ་སྤྲུལ་འཁོར་དམ་ཅན་སྲུང་མར་བཅས༔ རྩ་གསུམ་རབ་འབྱམས་རྒྱ་མཚོའི་བཀྲ་ཤིས་ཤོག༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་སོགས༔ མི་འབྲལ་ཚོམ་བུ་གཅིག་ཏུ་འགྲོགས་ནས་ཀྱང་༔ ལྟ་སྒོམ་སྤྱོད་པ་བླ་མེད་ཐེག་པའི་རྩེ༔ མི་ནུབ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག༔ དེ་ལྟར་ཤིན་ཏུ་ཡང་ཟབ་པའི༔ དབང་ཆེན་སྒྲུབ་པ་ཟབ་མོ་འདི༔ ལྷ་དང་བླ་མའི་བྱིན་རླབས་ཀྱིས༔ དགོངས་གཏེར་ཆོས་ཀྱི་རྩ་བར་ཕབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་ལ༔ མཚོ་སྐྱེས་བླ་མའི་བཀའ་དྲིན་གྱིས༔ ཡང་ཟབ་གདམས་པའི་སྙིང་པོ་འདི༔ ཤིན་ཏུ་གསང་བའི་ཕུལ་དུ་གདམས༔ མ་འོངས་ལས་སྐལ་ལྡན་པ་ཡི༔ རིག་འཛིན་སྐྱེས་བུ་ལས་འཕྲོ་ཅན༔ མཆོག་དབྱངས་སྤྲུལ་པའི་གང་ཟག་ལ༔ བདག་ཉིད་ཕྲིན་ལས་སྤྲུལ་བ་དེའི༔ ཚེ་འཕྲང་གེགས་ལས་གྲོལ་བའི་ཕྱིར༔ ཚུལ་བཞིན་སྟོན་གཅིག་གུ་ཧྱ་རྒྱ༔ བཀའ་སྲུང་གནོད་སྦྱིན་སྡེ་བདུན་དང་༔ དུད་སོལ་ལྷ་མོས་མེལ་ཚེ་མཛོད༔

བསྐང་བ་འདོད་དགུའི་ཆར་འབེབས་རྒྱ་ལྷས་མཛད་པ།

༄༅། དབང་ཆེན་སྣང་སྲིད་ཟིལ་གནོན་གྱི། །བསྐང་བ་འདོད་དགུའི་ཆར་འབེབས་བཞུགས། །དབང་ཆེན་སྣང་སྲིད་ཟིལ་གནོན་གྱི། །ཐུགས་དམ་བསྐང་བའི་རིམ་པ་ནི། །བསྐང་རྫས་ཡོ་བྱད་འདུ་བྱས་ལ། །པདྨ་དབང་གི་ཏིང་འཛིན་གྱིས། །ཧྲཱིཿབཛྲ་ཀྲོ་དྷས་བསངས། སྭ་བྷ་ཝས་སྦྱངས། བྷྲུཾ་ལས་གནས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་སྲོག་ཆགས་གོ་མཚོན་སོགས་ཕྱི་ནང་གསང་བའི་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པ་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱི་དང་། ཁྱད་པར་པདྨ་དབང་ཆེན་ཁམས་གསུམ་ཟིལ་གནོན་དཀྱིལ་འཁོར་གྱི་ལྷ་ཚོགས་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་ཐུགས་དམ་མ་ལུས་པ་སྐོང་བར་ནུས་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པར་གྱུར། །ཨོཾ་སརྦ་བིད་པུ་ར་པུ་ར་སུ་ར་སུ་ར་ཨ་ཝརྟ་ཡ་ཨ་ཝརྟ་ཡ་ཧོ། བཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས། ཧྲཱིཿ སྐྱེ་མེད་ཆོས་སྐུའི་ཀློང་ལས་ལྷུན་གྲུབ་གདངས། །ལོངས་སྐུ་ཁམས་གསུམ་ཟིལ་གནོན་དབང་ཆེན་ལྷ། །སྤྲུལ་སྐུ་སྒྱུ་འཕྲུལ་རོལ་པ་བསམ་ཡས་འགྱེད། །གང་ལ་གང་འདུལ་རྩ་གསུམ་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱི་དགྱེས་པ་བསྐྱེད་ནུས་པའི། །ངོ་མཚར་རྨད་བྱུང་ཀུན་བཟང་མཆོད་པའི་སྤྲིན། །དངོས་སུ་བཤམས་དང་བླ་མེད་ཡིད་ཀྱིས་སྤྲུལ། །ས་གསུམ་གནས་ཀུན་ཡོངས་སུ་བཀང་བྱས་ཏེ། །དབང་ཆེན་ཁམས་གསུམ་ཟིལ་གནོན་ལྷ་ལ་འབུལ། །དུག་གསུམ་རྣམ་དག་སྨན་རཀ་གཏོར་མ་དང་། །བཟའ་བཅའ་བཏུང་བ་ལྡག་གཞིབ་ཚོགས་ཀྱི་རྫས། །ཛ་གད་གསེར་སྐྱེམས་མྱོང་གྲོལ་སྨན་ཕུད་སྦྱར། །བདེ་ཆེན་ཡེ་ཤེས་བསྐྱེད་པའི་རྫས་མཆོག་འདི། །པདྨ་དབང་ཆེན་ཐུགས་དམ་བསྐང་ཕྱིར་བཤམས། །ཁྲག་གི་ཡོན་ཆབ་དབང་ལྔའི་པུཥྤེ་ཀ །ཤ་ཆེན་དུད་སྤྲིན་ཚིལ་ཆེན་ཨ་ལོ་ཀེ། །ཁྲག་ཞག་དྲི་ཆབ་ཤ་རུས་ཞལ་ཟས་དང་། །མཆོག་ཆེན་རྐང་གླིང་ཐོད་རྔ་སིལ་སྙན་དུང་། །དབང་ཆེན་ལྷ་ཚོགས་དགྱེས་པའི་རྫས་སུ་བསྟར། །རླུང་གི་ཤུགས་ལྡན་ཅང་ཤེས་མྱུར་མགྱོགས་རྟ། །རིན་ཆེན་རྭ་རྨིག་ལྡན་པའི་གཡག་རྒོད་དང་། །རེག་འཇམ་བལ་ལྡན་ཡིད་འོང་ལུག་གི་ཁྱུ། །འདོད་འཇོའི་བ་དང་ར་སྐྱེས་སྤུ་སྡུག་མཛེས། །བྱ་རོག་རྒོད་དང་ཁྲ་གླག་མང་པོ་འཕྱོ། །སེང་སྟག་དོམ་དྲེད་ལྕེ་སྤྱང་ཁྱི་ནག་ཚོགས། །རྟ་མགྲིན་ལྷ་ཚོགས་མཉེས་པའི་རྫས་སུ་བཀོད། །རྟག་གཏོར་རྒྱུན་གཏོར་དུས་ཀྱི་གཏོར་མ་དང་། །གླིང་བཞི་གླིང་ཕྲན་རི་རབ་ཉི་ཟླར་བཅས། །མཚོན་བྱེད་བསྐང་མདོས་རྟེན་མདོས་ངོ་མཚར་ལྡན། །སྣ་ཚོགས་དར་དང་རལ་གུ་སག་ལྷྭམ་དང་། ཁྲབ་རྨོག་གོ་བེར་ལྕགས་ཞུ་ལུག་རྒྱུད་གོས། །མདའ་གཞུ་མདུང་གྲི་དགྲ་སྟྭ་ཁྲམ་ཤིང་ཞགས། །ཕུར་པ་རྡོ་རྗེ་ཆུ་སྲིན་རྒྱལ་མཚན་བཅས། །དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་རྫས་སུ་འབུལ། །དཔལ་གྱི་ཆས་བཅུ་དུར་ཁྲོད་ཆས་བརྒྱད་དང་། །རིན་ཆེན་རྒྱན་དང་བླ་བྲེ་འཕན་གདུགས་དར། །བླ་རྡོ་སྲོག་འཁོར་སྦ་སྨྱུག་རྩེ་རྒྱལ་སོགས། །ཕྱི་ནང་གསང་རྟེན་མ་ཚང་མེད་པ་རྣམས། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐྱེད་ཕྱིར་འབུལ། །དེ་ལྟར་ལེགས་བཤམས་མཆོད་རྫས་བསྐང་རྫས་དང་། །བསྒྲུབ་རྫས་རྟེན་རྫས་དཔག་མེད་ཕུལ་བྱུང་འདིས། །དགུ་ལྡན་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །བདེ་གཤེགས་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་། །འབར་བ་ཁྲག་འཐུང་ལྔ་བཅུའི་ཐུགས་དམ་བསྐང་། །དབང་ཆེན་ཁམས་གསུམ་ཟིལ་གནོན་ཐུགས་དམ་བསྐང་། །ཡུམ་ཆེན་པདྨ་གར་དབང་ཐུགས་དམ་བསྐང་། །རིགས་བདག་ཨ་མི་དྷེ་ཝའི་ཐུགས་དམ་བསྐང་། །ཡེ་ཤེས་བྱ་ཁྱུང་རྒྱལ་པོའི་ཐུགས་དམ་བསྐང་། །དབང་ཆེན་རིགས་བཞིའི་ལྷ་ཚོགས་ཐུགས་དམ་བསྐང་། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐུགས་དམ་བསྐང་། །པདྨ་གསུང་གི་ལྷ་ཚོགས་ཐུགས་དམ་བསྐང་། །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །ཆེ་མཆོག་ཡོན་ཏན་ལྷ་ཚོགས་ཐུགས་དམ་བསྐང་། །ཕུར་པ་ཕྲིན་ལས་ལྷ་ཚོགས་ཐུགས་དམ་བསྐང་། །མ་མོ་རྦོད་གཏོང་ལྷ་ཚོགས་ཐུགས་དམ་བསྐང་། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐུགས་དམ་བསྐང་། །དམོད་པ་དྲག་སྔགས་ལྷ་ཚོགས་ཐུགས་དམ་བསྐང་། །འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་ཐུགས་དམ་བསྐང་། །དཔལ་གྱི་བཀའ་སྲུང་ལྷ་ཚོགས་ཐུགས་དམ་བསྐང་། །སྒོ་སྲུང་ཁྲོ་བོ་བཞི་ཡི་ཐུགས་དམ་བསྐང་། །སྔགས་སྲུང་ཨེ་ཀ་ཙ་ཊིའི་ཐུགས་དམ་བསྐང་། །མ་ཅིག་དུད་སོལ་ལྷ་མོའི་ཐུགས་དམ་བསྐང་། །ལྷ་ཆེན་དབང་ཕྱུག་ཆེན་པོའི་ཐུགས་དམ་བསྐང་། །གནོད་སྦྱིན་ཙི་དྲ་དམར་པོའི་ཐུགས་དམ་བསྐང་། །དཔལ་མགོན་བདུན་ཅུ་རྩ་ལྔའི་ཐུགས་དམ་བསྐང་། །དམ་ཅན་དྲེགས་པ་ལྷ་ལྔའི་ཐུགས་དམ་བསྐང་། །དྲང་སྲོང་གཟའ་གདོང་ལྕམ་དྲལ་ཐུགས་དམ་བསྐང་། །བཀའ་སྡོད་བེག་ཙེ་ལྕམ་དྲལ་ ཐུགས་དམ་བསྐང་། །ལས་མཁན་སྲོག་བདག་དམར་པོའི་ཐུགས་དམ་བསྐང་། །གྲི་ཐོགས་བཤན་པའི་ཚོགས་ཀྱི་ཐུགས་དམ་བསྐང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་གྱུར་ནས། །སྐུ་གསུང་ཐུགས་དང་འགལ་བའི་ཉེས་ཚོགས་བཤགས། །ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་བཞི་སོགས། །རབ་འབྱམས་ཕྲིན་ལས་གང་བརྩམས་མྱུར་འགྲུབ་ཅིང་། །འཕྲལ་ཕུག་བདེ་སྐྱིད་དཔལ་ཡོན་ཡོངས་ཚང་བཞིན། །སྲིད་འདིའི་བླ་ན་མངོན་པར་མཐོ་བ་དང་། །ངེས་པར་ལེགས་པའི་དཔལ་ལ་ལོངས་སྤྱོད་མཛོད། །ཅེས་བསྐང་བའི་ཆོ་གས་བསྐྱེད་རྫོགས་ཀྱི་ཆག་ཉམས་དག་པར་བྱས་ནས་ཚོགས་ལ་རོལ་བར་བྱའོ། །དེ་ལྟར་བསྐང་བའི་ལས་རིམ་འདི། །གྲུབ་དབང་བྱང་ཆུབ་རྡོ་རྗེའི་གསུངས། །ཕ་ཆོས་བུ་ཡི་ཁ་བསྐང་དུ། །རྨོངས་པ་རྒྱ་ལྷས་བཞག་པའོ། །ཉེས་ཚོགས་མ་ལུས་དག་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། །

རྟ་མགྲིན་གསོལ་འདེབས་བསྡུས་པ་རྒྱ་ལྷས་མཛད་པ།

༄༅། རྟ་མགྲིན་གསོལ་འདེབས་བསྡུས་པ་ནི། ཧྲཱིཿ སྣང་མཐའ་སྤྱན་གཟིགས་གུ་རུ་རིན་པོ་ཆེ། །མཚོ་རྒྱལ་གྲུབ་དབང་ལུང་རིག་གླིང་པ་རྩལ། །པདྨ་དབང་ཆེན་སྣང་སྲིད་ཟིལ་གནོན་གྱི། །ལྷ་ཚོགས་འཁོར་དང་བཅས་ལ་གསོལ་བ་འདེབས། །མོས་གུས་གདུང་བས་རྩེ་གཅིག་གསོལ་བཏབ་མཐུས། །མ་རུང་བདུད་སྡེའི་གཡུལ་ངོ་ཕམ་བྱས་ཏེ། །མཐའ་ཡས་འགྲོ་རྣམས་རྟ་མཆོག་རྒྱལ་པོ་ཡི། །གོ་འཕང་དཀའ་བ་མེད་པར་མྱུར་ཐོབ་ཤོག །ཅེས་པ་འདི་འང་ཆོས་ལ་དབང་བའི་གང་ཟག་པདྨ་དབང་ཆེན་དགའ་བཞི་བཞད་པ་རྩལ་༼རྒྱ་ལྷ༽གྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག་གུ །

རྟ་མགྲིན་རྒྱུན་ཁྱེར་དབང་གི་ཞགས་པ།

༄༅༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་རྒྱུན་ཁྱེར་དབང་གི་ཞགས་པ་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ རྩ་གསུམ་བདག་ཉིད་པདྨ་ཧེ་རུ་ཀར༔ བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་མཆི༔ མཐའ་ཡས་འགྲོ་ཀུན་འཁོར་མཚོ་ལས་བསྒྲལ་ཕྱིར༔ ཡང་དག་དོན་གྱི་དཔལ་ཆེན་སྒྲུབ་པར་བགྱི༔ སྣང་གྲགས་ཆོས་ཀུན་ཀ་དག་སྟོང་པའི་ངང་༔ ལྷུན་གྲུབ་རང་མདངས་བསྲུང་བའི་འཁོར་ལོ་དང་༔ དུར་ཁྲོད་གཞལ་ཡས་པད་ཉི་དྲེགས་པའི་སྟེང་༔ རང་སེམས་ཧྲཱིཿཡིག་དམར་པོའི་འཕྲོ་འདུ་ལས༔ དགྲ་བགེགས་ཚར་བཅད་འཕགས་མཆོད་བྱིན་རླབས་བསྡུས༔ ཡོངས་གྱུར་རྟ་མཆོག་རྒྱལ་པོ་དབང་གི་ལྷ༔ པདྨ་རཱ་གའི་མདོག་ཅན་ཁྲོ་འཛུམ་བཞད༔ ཁྲོ་ཆས་ཡོངས་རྫོགས་ཕྱག་གཡས་པདྨ་ཡིས༔ རྣམ་པར་མཛེས་པའི་གྲི་གུག་ནམ་མཁར་གདེངས༔ གཡོན་པས་ཐོད་ཁྲག་ཆོས་ཀྱི་འཁོར་ལོ་བསྣམས༔ ཞབས་གཉིས་འགྱིང་སྟབས་ཤེས་རབ་ཝ་ར་ཧཱི༔ པདྨའི་ཕྲེང་བ་མགུལ་འཁྱུད་ཐོད་ཁྲག་སྟོབ༔ རུས་རྒྱན་གཟིག་ཤམ་ཡེ་ཤེས་མེ་ཀློང་བཞུགས༔ རྩ་གསུམ་ཀུན་འདུས་བདག་ཉིད་ཆེན་པོར་གསལ༔ ཡེ་ནས་རང་རྩལ་དབྱིངས་ནས་སྤྱན་འདྲེན་གཤེགས༔ དབྱེར་མེད་སྣང་སྟོང་ངང་དུ་བརྟན་པར་བཞུགས༔ འཕྲུལ་དགའི་རྣམ་པར་ཕྱག་འཚལ་མཆོད་ཅིང་བསྟོད༔ ཐུགས་དབུས་པད་ཉིར་ཧྲཱིཿམཐར་སྔགས་གཡས་བསྐོར༔ འོད་དམར་ཟེར་ཕྲེང་དྲེགས་ཚོགས་བྲན་དུ་བཀོལ༔ མཐོང་ཐོས་དྲན་རེག་རྣམ་མཁྱེན་སར་བཀོད་ནས༔ རྒྱལ་ཀུན་ཕྲིན་ལས་སྒྲུབ་པའི་བྱེད་པོར་དམིགས༔ ཡེངས་མེད་ངང་ནས་བཅུ་དྲུག་སྔགས་འདི་བགྲངས༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ མཐར་ནི་མཆོད་བསྟོད་དངོས་གྲུབ་ལེན་བྱ་ཞིང་༔ཞེས་གསུངས་པ་ལྟར༔ བཛྲ་ཨརྒྷཾ་སོགས་ཤཔྟའི་བར་གྱི་མཆོད་ཅིང་༔ ཆགས་མེད་སྐྱོན་བྲལ་གྱིས་བསྟོད་ལ༔ རྩ་སྔགས་མཐར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ཞེས་དང་༔ གཞན་ཡང་ལྷར་བསྡུ་བསྔོ་སྨོན་དང་༔ ཤིས་པ་བརྗོད་པས་མཐའ་བརྒྱན་བྱ་བ་ནི༔ ཧྲཱིཿ བསྐྱེད་པའི་ལྷ་སྣང་མི་དམིགས་དབྱིངས་སུ་བསྡུ༔ སྟོང་པའི་རྩལ་ལས་འགགས་མེད་གཟུགས་སྐུར་ལྡང་༔ དགེ་རྩ་འདིས་མཚོན་དུས་གསུམ་དགེ་ཚོགས་རྣམས༔ འགྲོ་རྣམས་གདོད་མའི་རྒྱལ་སྲིད་ཐོབ་ཕྱིར་བསྔོ༔ ཞེས་དང་ཤིས་པ་བརྗོད་པའི་རིམ་པ་ནི༔ ཧྲཱིཿ སོར་རྟོག་ཡེ་ཤེས་གསུང་གི་རོལ་རྩལ་ལས༔ འོད་དཔག་མེད་པ་ དྲག་པོའི་སྐུར་བཞེངས་ནས༔ ལོག་རྟོག་དགྲ་བགེགས་རྨིང་མེད་བརླག་མཛད་པ༔ དབང་ཆེན་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་པའང་གྲུབ་རིགས་གསེར་སྲས་རྣམ་གྲོལ་གྱིས་བཀས་བསྐུལ་ངོར་སྤྲུལ་མིང་ལུང་རིག་གླིང་པས་བྲིས་པ་དགེ༔

རྟ་མགྲིན་དབང་གི་མཚམས་སྦྱོར་ལས་ཅན་སྙིང་ གི་དགའ་སྟོན་ལྕམ་སྤྲུལ་གྱིས་མཛད་པ།

༄༅། རྟ་མགྲིན་སྣང་སྲིད་ཟིལ་གནོན་གྱི་དབང་གི་མཚམས་སྦྱོར་ལས་ཅན་སྙིང་ གི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

༄༅། བླ་མ་དང་དབྱེར་མེད་པའི་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྒོ་གསུམ་རྡོ་རྗེ་གསུམ་དུ་འགྲུབ་པར་མཛད་དུ་གསོལ། དེ་ལ་འདིར་འགྲོ་འདུལ་ལུང་རིག་གླིང་པའི་དགོངས་གཏེར་དབང་ཆེན་སྣང་སྲིད་ཟིལ་གནོན་གྱི་དབང་གི་མཚམས་སྦྱོར་ནི། ཐོག་མར་ལས་བྱང་གཞུང་བཞིན་བཟླས་པ་ཡན་ཆད་གྲུབ་རྗེས། གཙོ་བུམ་བསྒྲུབ་པ་ནི། ཧྲཱིཿ བྷྲུཾ་ཡིག་ལས་བྱུང་རིན་ཆེན་སྣ་ཚོགས་ཀྱི། །ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང་། །མཚན་ཉིད་ཡོངས་རྫོགས་དབུས་དང་ཕྱོགས་མཚམས་སུ། །དཔལ་ཆེན་ཁྲག་འཐུང་ཧྱ་གྷྲི་ཝ་ཡི། །གཙོ་འཁོར་ཡོངས་རྫོགས་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའི་རྣམ་པར་གསལ། །བདག་བསྐྱེད་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས། །གཟུངས་ཐག་ལ་འཁྲིལ་བུམ་པའི་ནང་དུ་ཞུགས། །ཐུགས་རྒྱུད་བསྐུལ་ནས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་ལྷ་ཚོགས་སྙོམས་འཇུག་དགའ་བཞི་ཡི། །བདུད་རྩིའི་རྒྱུན་བབས་བུམ་པ་གང་བར་གྱུར། །བསྙེན་པ་སྟོང་རྩ་ལས་མི་ཉུང་བར་བཏང་རྗེས། མཆོད་བསྟོད་ཀྱི་མཐར། ཨོཾ་ཨཱཿཧཱུྃ། ལྷ་ཚོགས་འོད་དུ་ཞུ་ནས་བུམ་ཆུ་དང་གཉིས་མེད་དུ་འདྲེས་པར་གྱུར། ཡི་གེ་བརྒྱ་བས་བརྟན་པར་བྱས་ནས། ལས་བུམ་ལ་དམིགས་ནས། ཨོཾ་སྭ་བྷ་ཝ་སོགས། ཧཾ། སྟོང་པའི་རང་རྩལ་བྷྲུཾ་ལས་སྐད་ཅིག་གིས། །ལས་བུམ་ཚད་དང་མཚན་ཉིད་ཡོངས་རྫོགས་པ། །དཔག་བསམ་ཁ་རྒྱན་ཡན་ལག་བརྒྱད་ལྡན་ཆུས། །སུམ་གཉིས་གང་བའི་དབུས་སུ་པད་སྡོང་སྟེང་། །ཉི་ཟླའི་གདན་ཁར་ཧྲཱིཿཡིག་འཕྲོ་འདུ་ལས། །ཁྲོ་རྒྱལ་ལས་རབ་དབང་ཆེན་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་རལ་གྲི་རྩེ་གསུམ་འཛིན། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་ན་བཞུགས། །ཐུགས་ཀར་ཉི་སྟེང་ཧྲཱིཿལས་སྔགས་ཕྲེང་འཁོར། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །བུམ་ལྷའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན། །བབས་ནས་ལས་ཀུན་འགྲུབ་པའི་ནུས་ལྡན་གྱུར། །ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཅི་ནུས་བཟླས་མཐར་ལས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་བརྟན་པར་བཞུགས་པར་བསམ། དེ་ནས་སླར་བདག་འཇུག་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་དངོས་གྲུབ་ཀྱི་ཚུལ་དུ་བདག་གི་གནས་བཞིར་ཐིམ་པས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་གྱུར།ཧྲཱིཿ ཁྲོ་རྒྱལ་རྔམ་པ་རྟ་མཆོག་དཔལ། །དཔལ་གྱི་སྐུ་གསུང་ཐུགས་མཆོག་ལས། །མཆོག་གི་དངོས་གྲུབ་ཡེ་ཤེས་དབྱིག །དུས་འདིར་རྣལ་འབྱོར་བདག་ལ་སྩོལ། ། ཨོཾ་པདྨ་ཀྲོ་ཏ་ཀཱ་ཡ་ཝཀྐ་ཙིཏྟ་ཨ་ལ་ལ་ཧོ། ཞེས་དབང་རྫས་གནས་བཞིར་གཏུག། །དེ་ནས་བཀའ་གཏེར་སྲུང་མའི་གསོལ་མཆོད་དང་། །ཚོགས་བསྐང་བཅས་རྫོགས་འཕྲལ། དྲངས་བའི་མགོ་དེར་དབང་དངོས་ལ་འཇུག་པ་ནི། །གཏེར་གཞུང་ལས། །རང་དང་མདུན་རྟེན་བུམ་པར་བཅས༔ ལྷར་གསལ་བསྙེན་ཅིང་དབང་བཞི་བླངས༔ སྐལ་ལྡན་ཁྲུས་ཕྱུང་བགེགས་སྡིག་སྦྱོང༔ བློ་སྦྱངས་དབང་མདོག་མཎྜལ་འབུལ༔ ཞེས་གསུངས་པ་ལྟར་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། སློབ་བུ་རྣམས་མདུན་དུ་འཁོད་དེ། ཁྲུས་བྱ་བ་ནི། ཧཱུྃ༔ བདེ་གཤེགས་རྒྱལ་བ་སོགས་ཡི་གེ་བརྒྱ་པ་བཟླས་རྗེས། བགེགས་གཏོར་ལ་དམིགས་ཏེ། ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་དགྱེས་པར་བྱེད་པའི་གཏོར་མ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ༔ཧོ༔ ལན་གསུམ་ ཨོཾ་སརྦ་བྷུ་ཏ་སོགས་ལན་གསུམ་དང་། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་བསྔོས་མཐར། བགེགས་ལ་བཀའ་བསྒོ་བ་ནི། ཧྲཱིཿ ང་ནི་པདྨ་ཧེ་རུ་ཀ། །ཁྲག་འཐུང་སྐུ་ཡི་དཀྱིལ་འཁོར་ནས། །སྤྲུལ་པའི་ཁྲོ་ཆུང་སྣང་སྲིད་གང་། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །རབ་ཁྲོས་བསྐལ་པའི་མེ་དཔུང་འབར། །བགེགས་དང་ལོག་འདྲེན་བར་ཆད་རྣམས། །རྡུལ་དུ་བརླག་པར་གདོན་མི་ཟ། །ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་ཁྲག་འཐུང་ཧྱ་གྷྲི་ཝའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། དེང་འདིར་རྡོ་རྗེ་སློབ་མ་འདི་རྣམས་གསང་སྔགས་ཐེག་པའི་སྒོར་བཅུག་ནས་དབང་བསྐུར་ཟབ་མོ་བསྐུར་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་རང་རང་གི་སྤྱོད་ཡུལ་དུ་མཐུན་པའི་བརྔན་སྦྱིན་ཆེན་པོ་འདི་ཡིས་ཚིམ་པར་གྱིས་ལ་རང་གནས་སུ་དེངས་ཤིག འདྲེ་འཇིགས་ཀྱི་དུད་པས་བདུག་ཅིང་། རྩ་སྔགས་དང་ཧཱུྃ་བཞིའི་སྔགས་ཀྱིས་ཐུན་བྲབ། རོལ་མོའི་སྒྲ་འཁྲོལ་བ་དང་བཅས་བསྐྲད་མཐར། རང་གཞུང་གི་སྲུང་འཁོར་བསྒོམ། དེ་ནས་མེ་ཏོག་བཀྱེ་བསྡུ་བྱས་ཤིང་། འོ། ད་ལམ་ཁྱེད་རྣམས་ཀྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་དྲི་མ་མཐའ་དག་བསལ་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་མྱུར་དུ་འགོད་པར་བགྱིའོ་སྙམ་པའི་ཐུགས་འདུན་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་ཀུན་སློང་དང་ཀུན་སྤྱོད་མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་བཞིན་གསལ་གདབ་སྟེ་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི་བདག་ཅག་གི་སྟོན་པ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་གདུལ་བྱའི་དབང་པོ་དང་ཁམས་དང་བསམ་པ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཅིང་བརྗོད་པའི་མཐའ་དང་བྲལ་ཡང་། མདོར་བསྡུས་ན། རྒྱུ་ཕར་ཕྱིན་གྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ད་ལམ་འདིར་ནི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་དེ་ལའང་གསར་རྙིང་གཉིས་ལས། འདིར་གཞན་ལས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཞེས་བཀའ་གཏེར་དག་སྣང་གསུམ་གྱི་ནང་ཚན། གདུལ་བྱ་དུས་བབས་ཀྱི་ཆོས་འདི་ཁོ་ནའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན། རིག་འཛིན་ཉི་མ་གྲགས་པའི་གཏེར་བྱོན་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བསྟན་ལས། བྱ་འམ་ཁྱི་ཡི་ལོ་བ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་ཅན་འབྱུང་༔ ཞེས་གསུངས་པ་ལྟར་གསུམ་ལྡན་ངུར་སྨྲིག་གར་གྱི་རྣམ་རོལ་འཆང་ཞིང་རྒྱུད་དོན་མཐའ་ཡས་པ་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་ནས་རྣམ་དག་དབང་གི་ཆུ་བོ་ཆེན་པོ་བཞི་ཡི་བདུད་རྩིས་སྙིགས་དུས་ཀྱི་སྐལ་བཟང་རྣམས་ཀྱི་རེ་བ་སྐོང་བར་མཛད་པ། མཉམ་མེད་ལུང་རིག་གླིང་པ་དེ་ཉིད་མ་དག་འཁྲུལ་ངོར་གློ་བུར་དུ་ཤར་བའི་རྟོག་ཚོགས་ཐམས་ཅད་དག་པ་རང་རིག་ཡེ་ཤེས་ཆོས་ཉིད་ཀྱི་ངང་དུ་འབྱམས་ཀླས་པའི་སྐབས་སུ་རྗེས་ཐོབ་སྒྱུ་མ་ལྟ་བུའི་ངང་ཉིད་ལས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཡབ་ཡུམ་དང་། རིག་འཛིན་འཇིགས་མེད་ཕྲིན་ལས་འོད་ཟེར་སོགས་རྒྱ་བོད་ཀྱི་པཎ་གྲུབ་དུ་མའི་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ནས། རབ་འབྱམས་ལྷག་པའི་ལྷ་མ་ལུས་པའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཞིང་ཐུགས་ཉམས་སུ་བཞེས་པའི་ནང་ཚན། ད་ལམ་འདིར་ནི་རང་གཞུང་ལས། རྔམ་པ་དབང་གི་ཏནྟྲ་ཡི༔ བཅུད་ཕྱུང་འགྲོ་ལ་ཕན་པའི་ཕྱིར༔ ཞེས་གསུངས་པ་ལྟར། དབང་ཆེན་ཐུགས་ཀྱི་སྒྲུབ་པ་སྣང་སྲིད་ཟིལ་གནོན་གྱི་དབང་མཆོག་ཟབ་མོ་བར་ཆད་ཀུན་སེལ་ཞེས་བྱ་བ་དེ་བསྐུར་བའི་སྐབས་སུ་བབ་པ་ལ། རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་རྣམས་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱིས་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། ༈ དེ་ལྟར་མཎྜལ་འབུལ་བའི་རིམ་པ་སྔོན་དུ་སོང་ནས་ད་ཁྱེད་རང་རྣམས་ཀྱིས་སྔགས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས་དབང་བཞི་ཡོངས་སུ་རྫོགས་པ་ཞུས་ནས་ལམ་བསྐྱེད་རྫོགས་ཟབ་མོ་ཐུན་བཞི་ལ་སོགས་པ་ཐུགས་ཉམས་སུ་བཞེས་ཤིང་། ཚེ་འདི་ལ་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབས་ནས་སེམས་ཅན་ཐམས་ཅད་ཡང་དག་པའི་ལམ་ལ་དཀྲི་བར་བྱའོ་སྙམ་པའི་དགའ་སྤྲོ་དང་བཅས་པས་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་དབང་གི་རྒྱལ་༔ སོགས་ཅིག༔ དེ་ནས་བླ་མས་དྲི་བ་དང་སློབ་མ་དྲིས་ལན་དབུགས་དབྱུང་བཅས་རྫོགས་མཐར། རང་གཞུང་ལས། དེ་ནས་མདུན་མཁར་ཚོགས་ཞིང་བསྒོམ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་དང་༔ སེམས་བསྐྱེད་ལན་གསུམ་རྗེས་ཟློས་བྱ༔ དེ་ནས་རྒྱུད་སྦྱངས་ཚོགས་བསགས་ཕྱིར༔ ཡན་ལག་བདུན་གྱི་རྗེས་ཟློས་ནི༔ ཞེས་གསུངས་པ་ལྟར། ཁྱེད་རང་རྣམས་ཀྱིས་དམིགས་པ་འདི་བཞིན་ཏུ་མཛད་འཚལ། མདུན་གྱི་ནམ་མཁར་འཇའ་འོད་མེ་དཔུང་ཐིག་ལེ་རབ་ཏུ་འཁྲིགས་པའི་ཀློང་དུ་བླ་མ་དང་གཉིས་སུ་མེད་པ་དཔལ་ཁྲག་འཐུང་རྟ་མཆོག་རོལ་པ་ལ་འཁོར་ཡི་དམ་རྒྱུད་སྡེ་བཞི་དྲུག་སོགས་སྐྱབས་གྱུར་མ་ལུས་པ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་མངོན་གསུམ་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཧྲཱིཿ གདོད་ནས་སྤྲོས་བྲལ་སྲིད་ཞི་མཉམ་ཉིད་ཀློང་༔ ལྷུན་གྲུབ་རང་རྩལ་མཆོག་གསུམ་དབང་ཆེན་ལྷ༔ འགྲོ་ཀུན་རྣམ་མཁྱེན་གོ་སར་དབུགས་དབྱུང་ཕྱིར༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ། དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱའི་རིམ་པ་རྣམས་མདོ་རྒྱུད་ནས་ཇི་སྐད་གསུངས་པ་ལྟར་རང་རྒྱུད་ལ་ལེགས་པར་སྦྱར་ནས་སྲོག་གི་ཕྱིར་དུ་ཡང་དཀོན་མཆོག་གསུམ་མི་སྤང་བ་དང་། དུས་རྟག་ཏུ་དད་གུས་ཀྱིས་རྗེས་སུ་དྲན་པ་དང་མི་འབྲལ་བ་གལ་ཆེའོ། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ཡང་། མདོ་ལས། སྐྱབས་གསོལ་བསོད་ནམས་འདི་ལ་གཟུགས་ཡོད་ན། །ནམ་མཁའ་བར་སྣང་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་པས་དེ་ལྟར་སྐྱབས་སྡོམ་དེ་ཉིད་སྡོམ་པ་ཐམས་ཅད་ཀྱི་རྟེན་རྩིག་པའི་རྨིང་རྡོ་ལྟ་བུ་གཞི་བཞག་ནས། སླར་ཡང་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་མདུན་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། འདི་ལྟར་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཕ་མར་མ་བྱས་པ་གཅིག་ཀྱང་མེད། དེ་དག་ཐམས་ཅད་སེམས་འཁྲུལ་བའི་དབང་དང་། ལས་དང་ཉོན་མོངས་པས་དཔག་ཏུ་མེད་པ་བསགས་པའི་དབང་གིས་འཁོར་བ་མྱ་ངན་གྱི་འབྲོག་ཆེན་པོ་ན་འཁྱམས་ཏེ་ཐབས་དང་ཤེས་རབ་ཀྱི་མིག་ནི་ལོང་། དགེ་བའི་བཤེས་གཉེན་ལོང་ཁྲིད་ལྟ་བུ་དང་བྲལ། སྦྱིན་པའི་རྒྱགས་ཕྱེ་ནི་མེད། ཚུལ་ཁྲིམས་ཀྱི་གཡང་ལུགས་ནི་བཤུས། མྱང་འདས་ཀྱི་གྲོང་ཁྱེར་དང་ནི་བྲལ། ངན་སོང་གི་འཇིགས་པ་དང་ནི་བཅས། ཉོན་མོངས་པ་དྲག་པོས་ནི་གཟིར། ལས་ཀྱི་རླུང་གིས་ནི་བདས་ཏེ་མ་རྣམས་ལ་ལ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད། ལ་ལ་སྡུག་བསྔལ་གྱི་འབྲས་བུ་ལ་སྤྱོད། ལ་ལ་ངན་སོང་ན་སྡུག་བསྔལ། ལ་ལ་མཐོ་རིས་ན་སྡུག་བསྔལ། ལ་ལ་བར་དོ་ན་སྡུག་བསྔལ་བའི་སེམས་ཅན་དེ་དག་ལ་བུ་གཅིག་པོ་དོང་ནང་དུ་ལྷུང་ན་མ་ཡིས་རང་གི་ལུས་སྲོག་ལ་མི་བལྟ་བར་དོང་ནང་དུ་ཞུགས་ནས་བུ་འདྲེན་པ་ལྟར། སེམས་ཅན་དེ་རྣམས་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ་གཏན་གྱི་བདེ་བ་ལ་འགོད་པར་བགྱིའོ་སྙམ་པས་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། ཧྲཱིཿ ཡེ་དག་ཆོས་དབྱིངས་རང་ཞལ་མ་མཇལ་བས༔ གློ་བུར་རྐྱེན་སྣང་གཟུང་འཛིན་དགྲ་གདོན་བགེགས༔ བདེ་ཆེན་དག་པའི་དབྱིངས་སུ་སྒྲོལ་བའི་ཕྱིར༔ དཀྱིལ་འཁོར་ལྷ་ཚོགས་སྒྲུབ་པར་སེམས་བསྐྱེད་དོ༔ ལན་གསུམ། དེ་ལྟར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྨོན་འཇུག་གི་བསླབ་བྱ་ལ་བསླབས་ཏེ་མ་ཉམས་པར་བསྲུང་ན་ཕན་ཡོན་ནི། མགོན་པོ་བྱམས་པས། བྱང་ཆུབ་ཀྱི་སེམས་ནི་སངས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།།དཀར་པོའི་ཆོས་ཐམས་ཅད་འཕེལ་བའི་ཞིང་ས་ལྟ་བུའོ། །ཞེས་དང་། ད་ལྟ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་ཡོད་དོ་ཅོག་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས། དེ་ལྟ་བུའི་སེམས་བསྐྱེད་པའི་རྗེས་སུ་སླར་ཡང་རྒྱུད་དག་པར་བྱ་བའི་ཕྱིར་དུ་ཚོགས་བསགས་ཡན་ལག་བདུན་པ་འདི་ཡི་རྗེས་ཟློས་མཛོད༔ ཧོ༔ བླ་མ་དབང་ཆེན་ཡི་དམ་དཀྱིལ་འཁོར་ལྷ༔ སོགས། སྩོལ་ཕྱིར་བསྔོ༔ དེ་ལྟར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་ཡན་ལག་བདུན་གྱི་ཚོགས་བསགས་པ་རྣམས་ཀྱིས་ཁྱེད་རྣམས་དབང་བཞི་བསྐུར་བའི་སྣོད་དུ་རུང་བར་བྱས་པ་ཡིན་ནོ། །རང་གཞུང་ལས། བྱིན་རླབས་ཉེ་རྒྱུ་རིགས་བརྟག་ཕྱིར༔ མེ་ཏོག་གཏད་ཅིང་མིག་རས་གཡོགས༔ སློབ་མའི་སྒོ་གསུམ་སྟོང་པར་སྦྱངས༔ དམིགས་མེད་ངང་ནས་རིག་པ་ཧྲཱིཿ དམར་པོ་ཚེག་དྲག་ལྡན་པར་བསྒོམ༔ འོད་ཟེར་འཕྲོ་འདུ་དོན་གཉིས་བྱས༔ ལྷ་རུ་བསྐྱེད་ཅིང་ཡེ་ཤེས་དབབས༔ ཏིཥྛའི་སྔགས་ཀྱིས་བརྟན་པར་བྱ༔ རིགས་བརྟག་མེ་ཏོག་ལྷ་ལ་འབུལ༔ གདོང་གཡོགས་བཀྲོལ་ཞིང་གསང་མཚན་བཏགས༔ དཀྱིལ་འཁོར་རྣམ་དག་བཤད་པར་བྱ༔ ས་མ་ཡཱ༔ ཞེས་གསུངས་པ་ལྟར། སྔོན་ཆད་ཁྱེད་རྣམས་གཉིས་འཛིན་གྱི་དབང་གིས་དཀྱིལ་འཁོར་མཐོང་བ་རེ་ཞིག་བསྒྲིབས་པ་དང་མ་རིག་པས་ལྡོངས་པ་ཉིད་མཚོན་ཕྱིར་གདོང་གཡོགས་དམར་པོས་བཅིང་བའི་མོས་པ་མཛོད། ཧཱུྃ༔ ཞེས་པའི་སྔགས་ཀྱི་མིག་རས་གཏད༔ སླར་ཡང་སྣང་མཐའ་གཙོ་བོར་བྱས་པའི་རིགས་ལྔའི་སྔགས་ཀྱི་ས་བོན་ལས་སྐྱེས་པའི་མེ་ཏོག་ཕྲེང་བ་རང་རང་སྐྱེད་བྱེད་ཀྱི་ཡིག་འབྲུས་མཚན་པ་རེ་ལག་ཏུ་ཐོགས་པའི་འདུན་པ་མཛོད༔ ཨ་ཁཾ་བཱི་ར་ཧཱུྃ༔ རིན་པོ་ཆེ་སོགས་ཀྱི་མེ་ཏོག་ལག་ཏུ་གཏད་ལ། ཡེ་ཤེས་དབབ་པ་ནི། ལས་བུམ་གྱི་ཆུས་སློབ་མ་རྣམས་ལ་བྲན་ལ། ཨོཾ་ཀརྨ་ཀྲོ་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པད་ཟླ་ཉི་མ་རུ་ཏྲའི་གདན་གྱི་ཁར་སློབ་མ་ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དམར་པོ་ཚེག་དྲག་བཅས་པ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས་ཚུར་འདུས། ས་བོན་ཡོངས་སུ་གྱུར་པ་ལས། སྐད་ཅིག་དྲན་རྫོགས་སུ་ཁྲོ་རྒྱལ་པདྨ་ཧེ་རུ་ཀ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱི་འོད་ཟེར་འཁྱུད་པ་ལྟ་བུ། ཐུགས་རྔམ་ཞི་སྙིང་རྗེ་ཆེན་པོའི་ངང་ལས་མ་གཡོས་ཀྱང་། དག་པ་གཞན་དབང་གི་སྐུ་མཆོག་སྒེག་པ་དཔའ་བ་འཇིགས་སུ་རུང་བའི་རྣམ་འགྱུར་ཅན་གཡས་དཀར་གཡོན་སྔོ་དབུས་དམར་ནག་ཏུ་འབར་བའི་ཞལ་ནས་དགོད་གཤེ་དྲག་ཤུལ་གསུང་གི་ང་རོས་སྲིད་པ་གསུམ་པོ་སྐྱི་བུང་བྱེད་པ། ལོག་རྟོག་ཟིལ་གྱིས་གནོན་པའི་ཕྱིར་རལ་པ་ཁམ་ནག་གྱེན་དུ་འཁྲིགས་པའི་ཀློང་ན༔ ཡེ་ཤེས་བཞི་ལྡན་གྱི་རྟ་ཞལ་ལྗང་གུ་གསུམ་རྔོག་མ་དམར་པོ། ཕུམ་ཕུམ་སེར་པོ། ཞུར་དཀར་པོ་བཞད་པ་བརྒྱད་ལྡན་གྱི་འཚེར་སྒྲས་སྣང་སྲིད་མ་ལུས་དབང་དུ་སྡུད་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་འགྲོ་དྲུག་གནས་ནས་འདྲེན་པའི་བརྡར་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག བར་མ་གཉིས་སྙིང་དང་སྦྲུལ་ཞགས། ཐ་ཕྱག་ཟུང་གིས་དབང་གི་ཕྱག་རྒྱ་མཛད་པ། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཕྱིར་ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་སུ་བསྒྲད་པ། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་ལས་དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་ཡོངས་སུ་རྫོགས་པའི་པང་དུ་ཡུམ་ཆེན་རལ་གཅིག་མ་སྐུ་མདོག་སྔོ་སྐྱ་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་ཐོད་ཁྲག་དང་། གཡོན་པས་ཙིཏྟ་བཟུང་ནས་མགུལ་དུ་འཁྱུད་ཅིང་། ཞབས་གཉིས་གར་སྟབས་ཀྱིས་དགའ་བཞི་བདེ་བ་ཆེན་པོ་སྟོང་པར་རྒྱས་གདབ་པའི་རྣམ་འགྱུར་གྱི་སྦྱོར་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའི་ཐུགས་ཀར་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་ཟླའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿཡིག་དམར་པོ་ལས་འོད་ཟེར་སྤྲིན་གྱི་ལྕུག་མ་ལྟ་བུ་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་ནས་དུས་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཁྲག་འཐུང་ཧྱ་གྷྲཱི་ཝའི་གཟུགས་ཀྱི་སྐུ་རུ་བཞེངས་ཏེ། སྟེང་ནས་བྱོན་པ་ཐམས་ཅད་སྐྱིན་ཐང་དྲག་པོ་འཐོར་རླུང་གིས་བསྐྱོད་པ་ལྟ་བུ། བར་ནས་བྱོན་པ་ཐམས་ཅད་དུས་མཐའི་མེ་ལྕེ་བར་སྣང་ལ་འཕྲོ་བ་ལྟ་བུ། འོག་ནས་བྱོན་པ་ཐམས་ཅད་དབྱར་གྱི་སྨུག་པ་ཆར་རླུང་གིས་གཡེང་བ་བཞིན་བྱོན་ནས་ཁྱེད་རང་གི་སྒོ་གསུམ་དུ་རྡོ་ཚན་ལ་ཁ་བ་བབས་པ་བཞིན་སིབ་སིབ་ཐིམ་པའི་མོས་པ་མཛོད། ལུས་འཚོང་གི་འདོམས་དཀྲིས་དང་ཤ་ལྔ་བདུད་རྩི་ལྔ་བྱི་ལ་ནག་མོའི་བྲུན་གུ་གུལ་རྣམས་བསྲེས་ལ་ཐོད་ཆེན་གྱི་ནང་དུ་སོལ་ཆེན་གྱི་མེ་ལ་བསྲེགས་པའི་དུད་པ་དང་རོལ་མོའི་སྒྲ་དང་བཅས༔ རང་གཞུང་གི་སྤྱན་འདྲེན་མཐར། རྩ་སྔགས་ཀྱི་རྗེས་སུ། ཨོཾ་ཏིཥྛ་མ་ཧཱ་ཀྲོ་ཏ་ཨ་བེ་ཤ་ཡ་ཨ་ཧ་ཛྷེཾ༔ ཞེས་པའི་སྔགས་ཀྱིས་དབབས་མཐར། སྤྱན་དྲངས་པའི་ཡེ་ཤེས་པ་དེ་བྱང་ཆུབ་ཀྱི་བར་དུ་བརྟན་པར་གྱུར་ཅིག༔ ཨོཾ་སུ་པྲ་སོགས་སྭཱ་ཧཱ༔ དེ་ནས་ལྷག་པའི་ལྷ་དང་སྐལ་བ་མཐུན་པ་དེ་དངོས་གྲུབ་མྱུར་བའི་ཕྱིར་དེ་དང་ལས་འབྲེལ་བརྟག་ཅིང་སྐལ་བ་མཉམ་པར་བྱེད་པའི་དོན་དུ་ཁྱེད་རང་རྣམས་ཀྱི་ཕྱག་ཏུ་བཟུང་བའི་མེ་ཏོག་དེ་དཀྱིལ་འཁོར་དུ་དོར་བ་དང་མཉམ་དུ་སྔགས་འདིའི་རྗེས་ཟློས་མཛད་པར་ཞུ༔ པྲ་ཏིཙྪ་བཛྲ་ཧོ༔ ཞེས་མེ་ཏོག་དོར་ལ་རིགས་དང་མཐུན་པའི་མིང་གདག་གོ། །དེ་ནས་སློབ་དཔོན་གྱིས་གསེར་ཐུར་ཐོགས་ཏེ། ཁྱེད་རང་རྣམས་ཀྱི་མ་རིག་པ་མཚོན་པའི་གདོང་གཡོགས་དེ་ཉིད་རྡོ་རྗེ་གསེར་གྱི་ཐུར་མས་བསལ་ནས་གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པ་རྡོ་རྗེའི་མིག་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བས་སངས་རྒྱས་ཀྱི་སྤྱན་བླ་ན་མེད་པ་ཐོབ་པར་གྱུར་ཅིག བཛྲ་ཙཀྵུ་པྲ་བེ་ཤ་ཕཊ༔ ཞེས་པས་སྤྱན་དབྱེ་མཐར། དཀྱིལ་འཁོར་བསྟན་པ་ནི། ཧེ་བཛྲ་པཱ་ཤྱ༔ སྐལ་བཟང་ལས་དང་ལྡན་པ་ཁྱེད་རྣམས་ཀྱིས་གསང་སྔགས་དཀྱིལ་འཁོར་གཉན་པོ་མཐོང་བ་ཤིན་ཏུ་ལེགས་ཏེ། འདི་ལྟར་རྟེན་གཞལ་ཡས་ཁང་དངོས་ནི་ཡེ་ཤེས་ལྔ་མཚོན་པའི་ཕྱིར་ཕྱི་ནང་མེད་པར་མེ་དཔུང་འབར་བའི་ཀློང་། ཕོ་བྲང་གི་འོག་གཞི་ལྟེ་བ་མུ་ཁྱུད་དང་བཅས་པའི་འཁོར་ལོ་རྩིབས་བཞི་བ་ནི་རིགས་ལྔའི་རང་བཞིན་གྱི་བརྡ་རྟགས་དང་། ཚད་མེད་བཞི་ཡི་མཚོན་བྱེད་གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན་པའོ། །དེ་ཡི་སྟེང་དུ་ཡེ་ཤེས་ཀྱི་གཞལ་ཡས་ཁང་ཡོན་ཏན་ཡོངས་སུ་རྒྱས་པའི་བརྡར་གྲུ་བཞི་བ་རྣམ་ཐར་བཞི་མཚོན་བྱེད་སྒོ་ཁྱུད་དང་ལྡན་པ། དབུས་སུ་རྣམ་པར་ཐར་པ་བརྒྱད་མཚོན་ཕྱིར་འཁོར་ལོ་རྩིབས་བརྒྱད་པ། བདེན་པ་བཞི་ཡི་མཚོན་བྱེད་རྟ་བབས་བང་རིམ་བཞི་བ། ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིག་པ་ལ་གནམ་ལྕགས་ཀྱིས་གཟེར་གདབ་པ། སྦྲུལ་གྱི་ཟར་ཚག ཉི་ཟླའི་མཐོངས་ཁུང་། ཚངས་པའི་གདུང་། མཆོག་ཆེན་གྱི་ཀ་བ། རུས་སྦལ་གྱི་ཀ་གདན། ཞིང་གི་ལྕམ་དང་མཆོག་ཕྲན་གྱི་དྲལ་བ་གཡང་གཞིའི་ཐོག་གཡམ་དང་རྒྱུ་མའི་དྲྭ་བ་དོན་སྙིང་གི་དྲྭ་ཕྱེད་རྣམས་ཀྱིས་མཛེས་པ། སྒོ་བཞི་རུས་སྦལ་གྱི་མ་ཐེམ། ཆུ་སྲིན་གྱི་ཡ་ཐེམ་སྦྲུལ་ནག་གི་སྐྱེས་བུ། ཞིང་ཆེན་གྱི་སྒོ་གླེགས། གཟའ་སྐར་གྱི་ཁ་པད་སོགས་མདོར་ན་རྔམ་བརྗིད་མཛེས་པའི་རྒྱན་གྱིས་མ་ཚང་བ་མེད་པས་རབ་ཏུ་སྤུད་ཅིང་དབུས་ཕྱུར་བུར་མཐོ་བའི་རྩེ་ལ་བདག་ལྟ་དབྱིངས་སུ་སྒྲོལ་བའི་མཚོན་བྱེད་ཙིཏྟའི་ཏོག་གིས་བརྒྱན་པ། དེ་ཡི་ཕྱི་རོལ་ཏུ་འཁོར་བའི་སྐྱོན་གྱི་མ་གོས་པའི་བརྡར་པདྨའི་རྭ་བ་དང་། ཡུལ་བརྒྱད་གནས་སུ་དག་པའི་དུར་ཁྲོད་ཆེན་པོ་བརྒྱད། སྲ་བརྟན་རྡོ་རྗེའི་ཕྲེང་བ་དང་། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བས་བསྐོར་བའོ། །དེ་ལྟར་རྟེན་གཞལ་ཡས་ཁང་གི་ནང་དུ་བརྟེན་པའི་ལྷ་ནི། ཆོས་འབྱུང་གི་དབུས་སུ་དུག་གསུམ་གནས་སུ་དག་པའི་བརྡར་པད་ཟླ་ཉི་མའི་གདན་ཁར་གཟུང་འཛིན་རུ་ཏྲ་ཕོ་མོ་དང་བདུད་བཞི་བསྣོལ་བའི་ཁྲི་སྟེང་དུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་གསུང་གི་དབང་ཕྱུག་དཔལ་ཆེན་པདྨ་ཧེ་རུ་ཀ་གདོད་ནས་སོར་རྟོག་ཡེ་ཤེས་ཀྱི་རང་མདངས་སྐུ་མདོག་དུས་མཐའི་མེ་ལྟར་དམར་བ། རྣམ་པར་ཐར་པ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་བརྡ་རྟགས། དབུ་གསུམ་ཕྱག་དྲུག་པ། སྣང་སྲིད་དབང་དུ་སྡུད་པའི་བརྡ་རྟགས་སུ་རྟ་ཞལ་གསུམ་དང་ལྡན་པ། རྒྱུད་ལྔ་གནས་ནས་འཆིང་བར་མཛད་པའི་བརྡར་མཚོན་ཆ་སྣ་ཚོགས་བསྣམས་པ། མི་དགེ་བཅུ་ཚར་གཅོད་པའི་བརྡར་དཔལ་གྱི་ཆས་བཅུ་དང་། ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་ཀྱི་ཆས་བརྒྱད། ས་ལམ་དུས་གཅིག་ཏུ་གཅོད་པའི་བརྡར་འབར་བའི་གར་དགུ་དང་ལྡན་པ། ཤེས་པས་སྲིད་པ་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི་གནས་པའི་བརྡར་ཞབས་གཉིས་བརྐྱང་བསྐུམ་གྱི་འདོར་སྟབས་སུ་བསྒྲད་པ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེའི་གཤོག་ཟུང་མཁའ་ལ་གདེངས་པ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡར་ཡུམ་དང་གཉིས་མེད་དུ་འཁྲིལ་བ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའོ། །ཆོས་འབྱུང་གི་ཕྱོགས་བཞིར་དབང་ཆེན་རིགས་བཞི། འཁོར་ལོ་རྩིབས་བརྒྱད་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད། ཁྱམས་ལ་མཁའ་འགྲོ་སུམ་ཅུ་རྩ་གཉིས། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པ་མདོར་ན་པདྨ་གསུང་གི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མ་ཚང་མེད་པ་སྣང་ལ་རང་བཞིན་མེད་པ་བཀྲ་ལམ་གྱིས་མཐོང་བ་དེ་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་བསྟན་པ་ཡིན་ནོ། །ད་མཚོན་བྱ་དོན་དམ་པའི་དཀྱིལ་འཁོར་ནི། རང་གི་ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་ཐམས་ཅད་ཡེ་གདོད་མ་ནས་ལྷ་ཡི་དཀྱིལ་འཁོར་དུ་རང་ཆས་སུ་ཡོད་པ་དེ་ཉིད་རྟོགས་པའི་རྣལ་འབྱོར་པས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་སྤང་བླང་དང་་དགག་སྒྲུབ་མེད་པར་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་ལྷུན་གྱིས་གྲུབ་པ་མངོན་སུམ་དུ་མཐོང་བ་ཡིན་པས་དད་གུས་དང་སྤྲོ་བ་སྐྱེད་ཅིག དེ་ཡན་ཆད་ནི་འཇུག་པའི་ཆོ་ག་སྟེ་ནང་གསེས་ཀྱིས་ཕྱེ་ན། མེ་ཏོག་དོར་བ་ཡན་ཆད་དཀྱིལ་འཁོར་དུ་འཇུག་པ་སྟེ་ཕྱི་འཇུག་དང་། ཡེ་ཤེས་དབབ་པ། མིག་དབྱེ་བ། དཀྱིལ་འཁོར་བསྟན་པ་རྣམས་ནི་ནང་འཇུག་སྟེ་འཇུག་པའི་ཆོ་ག་རྣམས་གྲུབ་ཟིན་ནས། དངོས་གཞིའི་དབང་གི་དོན་དུ་མཎྜལ་ཕུལ༔ ༈ དེ་ལྟར་མཎྜལ་ཕུལ་ནས་དབང་བཞི་ཡོངས་རྫོགས་ཞུ་བའི་ཆེད་དུ་གསོལ་བ་གདབ་པ་འདི་ཡི་རྗེས་ཟློས་མཛོད། ཧོ༔ བླ་མ་སློབ་དཔོན་མགོན་པོ་ཡི༔ སོགས་ དུ་གསོལ༔ དེ་ནས་དབང་བཞི་གཏོར་མ་དང་བཅས་པ་བསྐུར་འཕྲལ་དུ་གཏེར་གཞུང་ལས། དེ་ནས་ལྷན་སྐྱེས་འདྲེ་ཡི་འཕྲུལ༔ བར་ཆད་དགྲ་འདྲེ་གཟུགས་ལ་བཀུག༔ ཕྱག་རྒྱ་བཞི་ཡི་རྒྱ་ཡིས་གདབ༔ རང་དང་སློབ་མ་ལྷ་རུ་གསལ༔ ལིངྒ་རང་གནོད་དགྲ་འདྲེར་གསལ༔ ཕུར་བུ་སྲས་མཆོག་དགྲ་བགེགས་གཤེད༔ རྡོ་རྗེ་གཞོན་ནུའི་སྐུ་རུ་གསལ༔ བསྒྲལ་ཞིང་ཤ་རུས་བདུད་རྩིར་དམིགས༔ རང་དང་སློབ་མས་རོལ་བྱས་ནས༔ མི་དམིགས་སྟོང་པའི་ངང་མདངས་བསྐྱངས༔ ཞེས་གསུངས་པ་ལྟར། བསྒྲལ་དབང་དངོས་ལ་འཇུག་པ་ནི། སློབ་དཔོན་གྱི་མདུན་དེར་དར་ནག ཕུར་པ། སྒྲོལ་གྲི། ལྕགས་སྣོད་དུ་ཉ་བོ་སྐྱེ་མཆེད་དོད་པ་རྣམས་འདུ་བྱས་ལ། གསལ་བ་གསུམ་ལྡན་གྱི་ལྟ་དགོངས་དང་ལྡན་པའི་ངང་ནས། ཨེ་རཾ༔ ཕཊ་རཾ༔ ཛྭ་ལ་རཾ༔ ནྲི་ཛ་ཏྲི་ཛ༔ མདུན་དུ་དུག་གསུམ་ལས་གྲུབ་པའི་བྲུབ་ཁུང་དམར་ནག་ཁ་དོག་ཅིང་མཐིལ་ཡངས་པ། གཤིན་རྗེའི་བཤའ་ཁང་ནག་པོ་རྔམ་འཐུག་ལ་དཔང་མཐོ་ཞིང་ལོགས་གཟར་བ། དེ་ཡི་ནང་དུ་ནྲྀ་དང་ཏྲི་ལས་བསྒྲལ་བའི་ཡུལ་དུ་གྱུར་པ་དེ་ཉིད་ཉམ་ཐག་པའི་རྣམ་པ་ཅན་དུ་གནས་པར་གྱུར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་པདྨ་དབང་ཆེན་ཁྲག་འཐུང་ལྷ་དགུ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་བདུན་ཉེར་ལྔའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། སེམས་ཅན་ཡོངས་ལ་འཚེ་བར་བྱེད་པའི་དགྲ་བགེགས་ཀྱི་རིགས་སུ་གྱུར་པ་སྤྱི་དང་། ཁྱད་པར་དུ་སློབ་བུ་དམ་ལོག ཤག་རོགས་མནའ་ཟན། ཉེ་བ་ཕྱིར་གྱུ། མགོ་རྨོངས་སེམས་ཅན་ལམ་ལོག་ཏུ་ཁྲིད་པའི་མིག་འཕྲུལ་མཁན་སོགས་སངས་རྒྱས་བསྟན་པའི་དགྲ་བོ་ཐམས་ཅད་ཀྱི་རྣམ་པར་ཤེས་པ་རི་རབ་ཀྱི་ཁོང་གསེང་། ནམ་མཁའི་མཐོངས། ནུས་ལྡན་གྱི་གུར་ཁང་། གླིང་བཞི་གླིང་ཕྲན་གང་ན་འདུག་ཀྱང་རུང་སྟེ་སྐྱོབ་པར་བྱེད་པའི་ལྷ་དང་ཁྲོལ་ལ་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག ཅེས་དར་ནག་འགུགས་རོལ་བཅས་ལན་གསུམ་གྱི་རྗེས་སུ། ཛཿཧཱུྃ་བཾ་ཧོ༔ པྲ་བེ་ཤ་ཡ་ཕཊ༔ ཨ་བེ་ཤ་ཡ་ཨ༔ དེ་ནས་ཕུར་པ་སྐྱེད་ཅིང་གདབ་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་སོགས་ཧཾ༔ པཾ་པདྨ་མཎྜ་ལ༔ མ་སུརྱ་མཎྜལ༔ སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ སྟོང་པའི་ངང་ལས་ཕུར་པ་སྐད་ཅིག་གིས། །དབང་ཆེན་ཁྲག་འཐུང་པདྨ་ཀཱི་ལ་ཡ། །དམར་དཀར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི། །དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་འཛིན། །བར་མ་གཉིས་ཀྱིས་ཙིཏྟ་སྦྲུལ་ཞགས་འཛིན། །ཐ་མ་གཉིས་ཀྱིས་རི་རབ་ཕུར་པ་བསྒྲིལ། །དུར་ཁྲོད་ཆས་བརྒྱད་སྐུ་སྟོད་ཁྲོ་བོའི་གཟུགས། །སྐུ་སྨད་ཟུར་གསུམ་རྣོ་བའི་དབལ་དང་ལྡན། །སྐུ་ལ་བསྐལ་པའི་མེ་དཔུང་རབ་ཏུ་འབར། །ཨོཾ་ཨཱཿཧཱུྃ་གི་ཡི་གེས་གནས་གསུམ་མཚན། །ཡེ་ཤེས་ཛ་ཧཱུྃ༔བཾ་ཧོས་གཉིས་མེད་བསྟིམ། །ཨོཾ་ཏིབ་ཏ་ཙཀྲ་ཧ་ན་ཧ་ན་ཨོཾ་ཧྲཱིཿ ཨོཾ་བཛྲ་ས་ཏྭ་ཧཱུྃ༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་ཝཀྐཱ་ཙིཏྟ་ཏིཥྛ་བཛྲ༔ བདག་དང་ཕུར་པའི་གནས་གསུམ་ཡི་གེ་ལས། །འོད་འཕྲོས་བདེ་གཤེགས་ཀུན་གྱི་བྱིན་རླབས་བསྡུས། །སྐུ་གསུང་ཐུགས་ཀྱི་ཁམས་གསུམ་མ་ལུས་པ། །དུས་གཅིག་སྒྲོལ་བའི་ནུས་པ་ཐོབ་པར་གྱུར། །ཨོཾ་པདྨ་ཀཱི་ལ་ཡ་བེ་ཏ་ལི་མཎྜ་ལ་རཀྴ་ཧཱུྃ་ཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛ་ཧཱུྃ་བཾ་ཧོ༔ སརྦ་བིག་ནན་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བདག་དང་དཀྱིལ་འཁོར་ཕུར་པའི་གནས་གསུམ་ལས། །ཨ་ཡིག་ཕྲ་མོ་གྲངས་མེད་འཕྲོས་པ་ཡིས། །དུས་གསུམ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། །ཨ་ཡིག་རྣམ་པར་འོད་ཞུ་ཚུར་འདུས་ཐིམ། །སྒྲིབ་སྦྱངས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། །ཡར་འཕྲོས་འཕགས་མཆོད་སེམས་ཅན་སྡིག་སྒྲིབ་སྦྱངས། །སྲིད་གསུམ་ཐམས་ཅད་ཨ་ཡིག་རྣམ་པར་ཞུ། །དངུལ་ཆུ་ལྟར་གྱུར་གཟས་པོ་ལ་ཐིམ་པས། །རྣམ་ཤེས་ཨ་ཡིག་དཀར་པོའི་རྣམ་པར་གྱུར། །ཚེ་ལྷག་ཚུར་བསྡུས་རྣམ་ཤེས་ཞལ་དུ་ཞུགས། །ཧཱུྃ་གྱུར་འོག་མིན་གནས་སུ་རིགས་ལྔ་ཡི། །མཉམ་སྦྱོར་མཁར་བསྐྲུན་རིགས་ཀྱི་སྲས་སུ་གྱུར། །ཅེས་ཕུར་པ་སྙིང་གར་གདབ་ལ། །དེ་ནས་རལ་གྲི་གཤིན་རྗེ་གཤེད་དུ་བསྐྱེད་པ་ནི། ཨོཾ་ཤུ་ནྱ་ཏ་ཛྙཱ་སོགས། པཾཾ་པདྨ་མཎྜ་ལ༔ མ་སུརྱ་མཎྜ་ལ་ཧཱུྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ༔ སྐད་ཅིག་སྟོང་པའི་ངང་ལས་རལ་གྲི་ནི། །གཤིན་རྗེ་གཤེད་ནག་ཞལ་གཅིག་ཕྱག་གཉིས་པ། །གྲི་ཐོད་འཛིན་ཅིང་དུར་ཁྲོད་ཆས་ཀྱིས་བརྒྱན། །མེ་དཔུང་དབུས་བཞུགས་གནས་གསུམ་ཡི་གེས་མཚན། །ཡེ་ཤེས་ཛཿཧཱུྃ་བཾ་ཧོས་གཉིས་མེད་བསྟིམ། །དབང་བསྐུར་རིགས་ཀྱི་བདག་པོས་དབུ་བརྒྱན་གྱུར། །གཤིན་རྗེ་གཤེད་པོ་འོད་དུ་ཞུ་བ་ལས། །གནམ་ལྕགས་རལ་གྲི་རྣོ་ངར་ལྡན་པར་གྱུར། ཨོཾ་ཧྲིཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ༔ དགྲ་བགེགས་ཐམས་ཅད་མཱ་ར་ཡ༔ ན་ཤ་ཡ་སྟམ་བྷ་ཡ་ཧཱུྃ་ཕཊ༔ དབང་ཆེན་རྔམ་པ་ཐུགས་རྗེའི་དཀྱིལ་འཁོར་ནས། །ཡེ་ཤེས་མཚོན་ཆ་ལྔ་ཡི་ཆར་བབས་པས། །དུག་ལྔ་བདུད་རྩི་ལྔ་རུ་དག་བྱས་ཏེ། །ཡེ་ཤེས་ལྔ་ཡི་ལྷ་ཚོགས་མཉེས་པར་བྱ། །ཨོཾ་བྷྲཱུཾ་ཏྲཾ་བྷྲུཾ་ཧྲཱི་བྷྲུཾ༔ཨཱཿབྷྲུཾ༔ ཞེས་པས་ཉ་བོ་གཏུབས་ཏེ་རོལ་བར་བྱས་རྗེས་སྟོང་ཉིད་ངང་ལ་མཉམ་པར་བཞག གཏེར་གཞུང་ལས། རྗེས་སུ་དམ་ཚིག་ཁས་བླངས་དང་༔ མཎྜལ་གཏང་རག་དགའ་སྟོན་བྱ༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ ཅེས་གསུངས་པ་ལྟར། དེ་ལྟར་དབང་བཞི་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་ཟིན་ནས་དེ་དག་སོ་སོའི་དབང་གི་དམ་ཚིག་མི་ཉམས་པར་ཚུལ་བཞིན་དུ་བསྲུངས་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་བསྒྲུབ་པར་བགྱིའོ་སྙམ་པས་འདི་ཡི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། དེ་ལྟར་དབང་ཆོག་ཟབ་མོ་ལེགས་པར་ཐོབ་པ་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་ཡིན་པ་རྗེས་སུ་དྲན་པའི་ངང་ནས་གཏང་རག་གི་མཎྜལ་ཕུལ། ས་གཞི་སྤོས་སོགས། སླར་ཡང་བདག་པོས་ཡོངས་སུ་བཟུང་བའི་མཁོ་དགུའི་ལོངས་སྤྱོད་བུ་དང་བུ་མོ་བྱམས་པའི་ཕ་མ་མཐུན་པའི་གཉེན་གྲོགས་གཅེས་པར་བསྐྱངས་པའི་སྒྱུ་ལུས་དང་བཅས་པ་འདི་རྣམས། ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་དམིགས་ནས་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་སྤྱན་སྔར་འབུལ་བར་བགྱིའོ་སྙམ་པས་འདི་ཡི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་ལྟ་བུའི་དགེ་ཚོགས་ཐམས་ཅད་སེམས་ཅན་ཡོངས་ལ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས། ཞེས་བསྔོས་མཐར་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱས་ནས་དགའ་སྟོན་གྱི་ཚོགས་ལ་རོལ་ནས་རྗེས་ཀྱི་བྱ་བ་རྣམས་དཀྱུས་བཞིན་དུ་བྱའོ། །དེ་ལྟར་རྟ་མགྲིན་སྣང་སྲིད་ཟིལ་གནོན་གྱི་དབང་གི་མཚམས་སྦྱོར་གཏེར་གཞུང་གི་དགོངས་པའི་ཚིག་མན་ངག་གཞན་གྱི་ཁ་བསྐང་དང་བཅས་པ་བྷུ་སུ་ཀུ་པ་ལྕམ་སྤྲུལ་པས་བསྒྲིགས་པ་དགེའོ། མངྒ་ལཾཾ།

དབང་ཆོག་བར་ཆད་ཀུན་སེལ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ དབང་ཆོག་བར་ཆད་ཀུན་སེལ་བཞུགས༔

ཧྱ་གྷྲི་ཝ་ཏནྟྲ་ན་མ༔ སྐལ་བ་ལྡན་པའི་གང་ཟག་ལ༔ དབང་ཆེན་སྒྲུབ་པ་ཟབ་མོ་ཡི༔ སྨིན་བྱེད་གདམས་པས་དབུགས་དབྱུང་ཕྱིར༔ ཐོག་མར་ཡོ་བྱད་གྲོགས་དུས་བསྟུན༔ དེ་ཡང་གསང་ཆེན་ལྷག་པའི་ལྷ༔ ཚུལ་བཞིན་སྒྲུབ་པའི་གང་ཟག་ལ༔ དབང་གིས་སྨིན་པར་མ་བྱས་པར༔ བསྙེན་སྒྲུབ་ཕྲིན་ལས་སྟོན་མི་རུང་༔ དཔེར་ན་རྫ་སོ་མ་བཏང་བར༔ བབ་ཅོལ་ཆུ་བླུགས་བཞིན་ཏུ་འཇིག༔ དེ་བས་འདི་ཉིད་ཤིན་ཏུ་གཅེས༔ ས་མ་ཡཱ༔ ཤིན་ཏུ་དབེན་པའི་གནས་དག་ཏུ༔ དཀྱིལ་འཁོར་བློ་དང་འཚམས་པའི་དབུས༔ འབྲུ་ཚོམ་ལྔ་བཀོད་དེ་ཡི་སྟེང་༔ བུམ་པ་བཅུད་ལྡན་སྐུ་དང་བཅས༔ དབུས་ཡིན་ཤར་དུ་བདུད་རྩི་ཐོད༔ ལྷོ་རུ་རིག་རྟེན་མུ་དྲའི་གཟུགས༔ ནུབ་ཏུ་དྭངས་ཤེལ་བྱང་ཕུར་བུ༔ དེ་མདུན་དབང་གི་གཏོར་མ་དང་༔ སྨན་རཀ་ཉེར་སྤྱོད་སྲུང་མ་ཡི༔ མཆོད་གཏོར་ལ་སོགས་འདུ་བྱས་ལ༔ བུམ་པ་ལྷ་ཡི་དལ་དུ་བསྒོམས༔ ལྷ་ཚོགས་སྐུ་ལས་བདུད་རྩི་བབས༔ འོད་དམར་འཕྲོ་འདུས་བརྟན་གཡོ་ཡི༔ དྭངས་བཅུད་བསྡུས་ནས་འོད་དུ་ཞུ༔ རང་དང་མདུན་རྟེན་བུམ་པར་བཅས༔ ལྷར་གསལ་བསྙེན་ཞིང་དབང་བཞི་བླངས༔ སྐལ་ལྡན་ཁྲུས་ཕྱུང་བགེགས་སྡིག་སྦྱངས༔ བློ་སྦྱངས་དབང་མདོག་མཎྜལ་འབུལ༔ གསོལ་བ་འདེབས་པ་འདི་བཞིན་བྱ༔ ཀྱེ་ཧོ་བླ་མ་དབང་གི་རྒྱལ༔ རང་གཞན་དོན་གཉིས་ལྷུན་གྲུབ་ཕྱིར༔ དབང་ཆེན་དཀྱིལ་འཁོར་འདིར་འཇུག་ན༔ སྨིན་བྱེད་དབང་མཆོག་དེང་སྩོལ་ཅིག༔ དེ་ནས་བླ་མས་ལན་འདི་བྱིན༔ ཀྱེ་ཧོ༔ སྐལ་ལྡན་རྣམ་མཁྱེན་གོ་འཕང་འདོད་པའི་ཕྱིར༔ ལྷག་པའི་ལྷ་འདིར་བསྙེན་སྒྲུབ་རྩོམ་པ་ལེགས༔ བླ་མ་ལ་གུས་སྣང་སྲིད་ལྷ་རུ་ཤེས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྒྲུབ་ནུས་སམ༔ ཞེས་པའི་ལན་དུ་འདི་བཞིན་ཞུ༔ ཀྱེ་བླ་མ་འགྲོ་མགོན་ཡི་དམ་ལྷ༔ བདག་གིས་རྩེ་གཅིག་སྒྲུབ་པ་ལ༔ གསང་ཆེན་ཉེ་ལམ་ཇི་བཞིན་དུ༔ རིམ་གཉིས་ཟབ་མོར་འབད་པར་བྱ༔ དེ་ནས་བླ་མས་དབུགས་དབྱུང་ནི༔ ཀྱེ་ཧོ་ཚེ་རབས་མང་པོའི་སྔོན་རོལ་ནས༔ ལྷག་པའི་ལྷ་དང་ལས་འཕྲོ་མཐུན་པ་ཡི༔ སྐལ་བ་ལྡན་པའི་གང་ཟག་དམ་པ་ཁྱེད༔ དབང་ཆོག་སྨིན་བྱེད་གདམས་པས་རྒྱུད་གྲོལ་ནས༔ ཡང་དག་ལམ་ལ་ཤིན་ཏུ་སྤྲོ་བར་གྱིས༔ ཅི་ཡི་ཕྱིར་ན་འཁོར་མཚོ་གཏིང་ཟབ་ལས༔ སྒྲོལ་བའི་གྲུ་བོ་རྩ་གསུམ་ལྷག་པའི་ལྷ༔ ད་རེས་སེལ་མེད་བརྒྱུད་པ་འགྲུབ་ཐག་ཉེ༔ འདི་འཕྲད་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར༔ དེ་ནས་མདུན་མཁར་ཚོགས་ཞིང་བསྒོམ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་དང་༔ སེམས་བསྐྱེད་ལན་གསུམ་རྗེས་ཟློས་བྱ༔ དེ་ནས་རྒྱུད་སྦྱངས་ཚོགས་བསགས་ཕྱིར༔ ཡན་ལག་བདུན་གྱི་རྗེས་ཟློས་ནི༔ ཧོ༔ བླ་མ་དབང་ཆེན་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་དམ་ཅན་སྐྱབས་ཡུལ་ཐམས་ཅད་ལ༔ དེང་ནས་རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ སྒོ་གསུམ་བསྙེན་སྒྲུབ་ཟབ་མོའི་མཆོད་པ་འབུལ༔ སྡོམ་གསུམ་ཁས་བླངས་ཉམས་ཆག་དམིགས་མེད་བཤགས༔ ཟབ་གསང་གདམས་པའི་ཆོས་འཁོར་བསྐོར་བར་བསྐུལ༔ གསང་སྔགས་རིམ་གཉིས་མཐར་ཕྱིན་རྗེས་ཡི་རང་༔ བླ་མ་ལྷ་མཆོག་དབྱེར་མེད་བརྟན་བཞུགས་གསོལ༔ དགེ་ཚོགས་སེམས་ཅན་མ་ལུས་སྒྲོལ་ཕྱིར་བསྔོ༔ བྱིན་རླབས་ཉེ་རྒྱུ་རིགས་བརྟགས་ཕྱིར༔ མེ་ཏོག་གཏད་ཅིང་མིག་རས་གཡོགས༔ སློབ་མའི་སྒོ་གསུམ་སྟོང་པར་སྦྱངས༔ དམིགས་མེད་ངང་ལས་རིག་པ་ཧྲཱིཿ དམར་པོ་ཚེག་དྲག་ལྡན་པར་བསྒོམས༔ འོད་ཟེར་འཕྲོ་འདུ་དོན་གཉིས་བྱས༔ ལྷ་རུ་བསྐྱེད་ཅིང་ཡེ་ཤེས་དབབ༔ ཏིཥྛའི་སྔགས་ཀྱིས་བརྟན་པར་བྱ༔ རིགས་བརྟགས་མེ་ཏོག་ལྷ་ལ་འབུལ༔ གདོང་གཡོགས་བཀྲོལ་ཞིང་གསང་མཚན་བཏགས༔ དཀྱིལ་འཁོར་རྣམ་དག་བཤད་པར་བྱ༔ ས་མ་ཡཱ༔ དེ་ནས་དབང་བཞི་ཞུ་བའི་སླད༔ གསོལ་བ་འདེབས་པ་འདི་བཞིན་བྱ༔ ཧོ༔ བླ་མ་སློབ་དཔོན་མགོན་པོ་ཁྱེད་ཉིད་ཀྱིས༔ ཉོན་མོངས་སྒྲིབ་པ་རྣམ་བཞིའི་ཚོགས་སྦྱངས་ནས༔ སྐུ་བཞིའི་གོ་འཕང་ཚེ་འདིར་མྱུར་ཐོབ་ཕྱིར༔ དབང་བཞིའི་བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ བུམ་པ་སྤྱི་བོར་བཞག་བྱས་ཏེ༔ ཧྲཱིཿ མཚན་ཉིད་ཡོངས་རྫོགས་བུམ་པའི་གཞལ་ཡས་སུ༔ པདྨ་དབང་ཆེན་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྐལ་ལྡན་སྐྱེས་བུ་ཁྱེད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་དག་སྤྲུལ་པའི་སྐུ་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པས་བདུད་རྩི་བུམ་ཆུ་ལྕེ་ལ་བཞག༔ ཐོད་པའི་བདུད་རྩི་མགྲིན་པར་བླུགས༔ ཧྲཱིཿ རང་བྱུང་བདེ་བ་ཆེན་པོའི་ཀ་པཱ་ལར༔ ཡབ་ཡུམ་མཉམ་སྦྱོར་བྱང་སེམས་བདུད་རྩིའི་བཅུད༔ སྐལ་ལྡན་ཁྱེད་ཀྱི་མགྲིན་པར་བླུད་པ་ཡིས༔ ངག་གི་སྒྲིབ་དག་ལོངས་སྐུའི་དཔལ་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཝཀྐཱ་ཨ་བྷི་ཥིཉྩ་ཧཱུྃ༔ མུ་དྲའི་གཟུགས་བརྙན་སྙིང་གར་གཏུགས༔ཧྲཱིཿ སྐལ་ལྡན་དཔའ་བོ་པདྨ་དབང་ཆེན་བསྒོམས༔ དངོས་གཟུགས་ཕྱག་རྒྱ་གར་གྱི་དབང་མོའི་མཁར༔ མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་དབང་བསྐུར་བས༔ ས་བཅུའི་དཔལ་ཡོན་ཚེ་འདིར་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དྭངས་ཤེལ་སྲིད་རྩ་ལྟེ་བར་བཞག་བྱས་ཏེ༔ ཧྲཱིཿ ཡེ་ནས་རང་སེམས་ཀ་དག་དྭངས་ཤེལ་ལ༔ སྐུ་གསུམ་ཡེ་ཤེས་འཇའ་ཚོན་དཔེ་ཡིས་མཚོན༔ ཟུང་འཇུག་སྣང་སྟོང་ཡེ་ཤེས་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་དག་ཆོས་སྐུའི་ཀློང་གྲོལ་ཤོག༔ རྩ་སྔགས་ཤམ་བུར༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་གནས་བཞིར་གཏུགས་བྱས་ཏེ༔ ཧྲཱིཿ སྒོ་གསུམ་དངོས་འཛིན་དྲི་མའི་བག་ཆགས་གཏོར༔ དངོས་གྲུབ་ཀུན་འགྲུབ་མཚན་མ་རྫས་ཀྱི་རྟེན༔ སྐལ་ལྡན་དམ་པ་ཁྱེད་ལ་དབང་བསྐུར་བས༔ ཤེས་པ་དྲུག་ལྡན་ལས་ཀུན་མྱུར་འགྲུབ་ཤོག༔ རྩ་སྔགས་ཤམ་བུར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷན་སྐྱེས་འདྲེ་ཡི་འཕྲུལ༔ བར་ཆད་དགྲ་འདྲེ་གཟུགས་ལ་བཀུག༔ ཕྱག་རྒྱ་བཞི་ཡི་རྒྱ་ཡིས་གདབ༔ རང་དང་སློབ་མ་ལྷ་རུ་གསལ༔ ལིངྒ་རང་གནོད་དགྲ་འདྲེར་གསལ༔ ཕུར་བུ་སྲས་མཆོག་དགྲ་བགེགས་གཤེད༔ རྡོ་རྗེ་གཞོན་ནུའི་སྐུ་རུ་གསལ༔ བསྒྲལ་ཞིང་ཤ་རུས་བདུད་རྩིར་དམིགས༔ རང་དང་སློབ་མས་རོལ་བྱས་ནས༔ མི་དམིགས་སྟོང་པའི་ངང་མདངས་བསྐྱངས༔ རྗེས་སུ་དམ་ཚིག་ཁས་བླངས་དང་༔ མཎྜལ་གཏང་རག་དགའ་སྟོན་བྱ༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ ལྷ་དང་བླ་མར་མོས་གུས་དང་༔ བསྙེན་སྒྲུབ་ལྷར་འབུལ་སྤྱོད་ལམ་གྱི༔ ལམ་ཁྱེར་དུས་ཀུན་དོན་ཡོད་བྱོས༔ ས་མ་ཡཱ༔ ཤིན་ཏུ་ཟབ་པའི་དབང་ཆོག་འདི༔ མ་འོངས་སྐལ་ལྡན་བུ་ལ་གཏད༔ ཚེ་འཕྲེང་བར་ཆད་བདུད་ལས་རྒྱལ༔ དབང་ཆེན་རྒྱལ་པོའི་སྐུ་གསུང་ཐུགས༔ མྱུར་འགྲུབ་ལས་བཞི་མཐར་ཕྱིན་འགྱུར༔ ཞེས་པའང་དག་སྣང་ཟབ་མོའི་ཆོས་སྡེ་ལས་བྱུང་བའི་དབང་ཆོག་འདི་སྤྲང་བན་ལུང་རིག་གླིང་པ་བདག་གིས་ལུང་ཟིན་ལྟར་དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་ཀྱི་རྣམ་རོལ་སྤྲུལ་པའི་སྐུ་གྲུབ་པའི་ས་མཐོན་པོར་གཤེགས་པ་གཞན་ཕན་དོན་གྲུབ་རྒྱལ་མཚན་རིན་པོ་ཆེས་བཀའ་ཕེབས་པ་བཞིན་རྩ་གསུམ་སྒྲུབ་ཁང་དུ་སྦྱར་བ་དུས་ཀུན་ཏུ་དགེ་བར་གྱུར་ཅིག༔ ཛ་ཡནྟུ༔

པདྨ་དབང་ཆེན་སྒྲུབ་པའི་ཟབ་ཏིག་རྟ་མཆོག་དགོངས་རྒྱན།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ པདྨ་དབང་ཆེན་སྒྲུབ་པའི་ཟབ་ཏིག་རྟ་མཆོག་དགོངས་རྒྱན་བཞུགས༔

ཧྱ་གྷྲཱི་ཝ་རྒྱལ་ཀུན་གསུང་༔ འཁོར་འདས་དབང་བསྒྱུར་ཧེ་རུ་ཀ༔ བླ་མ་ཡི་དམ་དབྱེར་མེད་པའི༔ ཟབ་ཏིག་དབང་ཆེན་དགོངས་རྒྱན་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲོས་མེད་སྒྲུབ་པ་རྒྱུན་ཁྱེར་ལ༔ སྦྱོར་བ་སྐྱབས་སེམས་ཡན་ལག་བདུན༔ ན་མོ༔ བླ་མ་བདེ་གཤེགས་ཡོངས་རྫོགས་དཔལ༔ རྟ་མཆོག་རྒྱལ་པོ་ཐུགས་རྗེའི་གཏེར༔ བདག་གཞན་བྱང་ཆུབ་མ་ཐོབ་བར༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ མཁའ་ཁྱབ་འགྲོ་ཀུན་འཁོར་བ་ལས༔ རབ་བསྒྲལ་བྱང་ཆུབ་མཆོག་ཐོབ་ཕྱིར༔ ལྷག་པའི་ལྷ་མཆོག་དབང་ཆེན་རྒྱལ༔ རྩེ་གཅིག་བསྒྲུབ་པར་དམ་བཅའ་འོ༔ རྩ་གསུམ་ཡོངས་རྫོགས་དབང་ཆེན་ལྷར༔ ཐ་མི་དད་པའི་ལྟ་བས་འདུད༔ ཚོགས་དྲུག་འདོད་ཡོན་རྒྱན་དུ་རོལ༔ གཉིས་འཛིན་རྟོག་པས་བསླུས་པ་བཤགས༔ རང་བབས་དགེ་ལ་རྗེས་ཡི་རངས༔ ཟག་མེད་རྒྱུན་ཏུ་ཆོས་འཁོར་བསྐོར༔ འགྲོ་དོན་རྟག་པར་བཞུགས་གསོལ་འདེབས༔ དགེ་ཚོགས་དམིགས་མེད་ཆོས་དབྱིངས་བསྔོ༔ དངོས་གཞི་དྲན་རྫོགས་ས་མ་དྷི༔ ཨ༔ འཁོར་འདས་སྟོང་ཆེན་མ་རྟོགས་པའི༔ ཁམས་གསུམ་འགྲོ་ལ་སྙིང་རྗེའི་གདངས༔ རང་རིག་ཧྲཱིཿདམར་འོད་འཕྲོས་པས༔ མ་དག་ཞིང་ཀུན་དབང་དྲག་ལྷའི༔ རྟེན་དང་བརྟེན་པར་གནས་འགྱུར་དབུས༔ དྲན་རྫོགས་པདྨ་ཧེ་རུ་ཀ༔ རྟ་མགྲིན་དབང་ཆེན་ཞལ་གསུམ་པ༔ ཕྱག་དྲུག་ཞབས་བཞི་པད་ཉི་དང་༔ རུ་ཏྲ་ཕོ་མོའི་གདན་ལ་འགྱིངས༔ དམར་ནག་བསྐལ་མེའི་གཟི་བརྗིད་འབར༔ གཡས་དཀར་གཡོན་ལྗང་ཕྱག་དྲུག་གིས༔ པདྨ་གྲི་ཁུག་བེ་ཅོན་གཡས༔ ཐོད་ཁྲག་སྙིང་ཞགས་མེ་དཔུང་གཡོན༔ ཡུམ་ཆེན་པདྨ་གཟི་ལྡན་སྔོ༔ གཡས་པས་ཙིཏྟ་ཡབ་མགུལ་འཁྱུད༔ གཡོན་པས་དུང་དམར་སྟོབ་པའི་ཚུལ༔ ཞབས་གཉིས་བདེ་སྦྱོར་དགའ་བཞིའི་ངང་༔ ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས༔ མ་ཚང་མེད་པས་འཇིགས་པར་སྤྲས༔ སྤྲུལ་དང་ཡང་སྤྲུལ་སྒྲུབ་སྡེ་བརྒྱད༔ ཡེ་ཤེས་མེ་ཡི་ཀློང་ན་བཞུགས༔ རང་རིག་རྩལ་ལས་ཤར་བའི་ལྷ༔ རང་བཞིན་དབྱིངས་ནས་སྤྱན་འདྲེན་གཤེགས༔ པད་ཉི་རུ་ཏྲའི་གདན་ལ་བཞུགས༔ འདུ་འབྲལ་མེད་ཕྱིར་བརྡ་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ སྲིད་པའི་འདོད་ཡོན་མཆོད་པར་འབུལ༔ ཨོཾ་བདེ་གཤེགས་སྐུ་དང་ཐ་མི་དད༔ ཨཱཿརྒྱལ་ཀུན་གསུང་སྒྲས་ལོག་འདྲེན་འདུལ༔ ཧཱུྃ༔མཁྱེན་བརྩེ་ནུས་མཐུའི་གཟི་འོད་འབར༔ དབང་ཆེན་ལྷ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ རང་གི་ཐུགས་ཀར་པད་ཉིའི་སྟེང་༔ ཡེ་ཤེས་སེམས་དཔའ་ཧྲཱིཿདམར་མཐར༔ རྩ་བའི་སྔགས་ཀྱིས་གཡས་སུ་བསྐོར༔ འོད་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ དགྲ་བགེགས་ཚར་གཅོད་རང་ཉིད་ཀྱིས༔ འཁོར་འདས་དབང་བསྡུས་ཟིལ་གནོན་བསམ༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ འབྲུ་འབུམ་ལ་སོགས་རྟགས་མཐོང་བཟླ༔ རྗེས་ལ་མཆོད་བསྟོད་རྩ་སྔགས་མཐར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱིས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་གྱུར༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ དགེ་བའི་རྩ་བ་འགྲོ་ལ་བསྔོ༔ ཧཱུྃ་གིས་བསྡུ་ཞིང་ཕཊ་ཀྱིས་ལྡང་༔ ཤིས་བརྗོད་རིམ་པ་འདི་ལྟར་བྱ༔ སྲིད་ཁམས་བདེ་ཆེན་ཞིང་ལྟར་གྱུར༔ འགྲོ་རྣམས་རྒྱལ་བའི་གོ་འཕང་བརྙེས༔ གསང་སྔགས་ལམ་གྱི་གྲུབ་པའི་འབྲས༔ རང་གཞན་དོན་གྲུབ་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཞེས་པའང་གཞན་ཕན་དོན་གྲུབ་རྒྱལ་མཚན་གྱིས་བསྐུལ་བ་ལྟར་བདག་སྤྲུལ་མིངཔ་ལུང་རིག་གླིང་པར་འབོད་པས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་ཕབ་ཏེ་ཕུལ་བ་དགེ་ལེགས་འཕེལ

པདྨ་དབང་ཆེན་རྟ་མཆོག་རོལ་པའི་སྒྲུབ་ཐབས་བདེ་གཤེགས་ཀུན་འགྲུབ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ པདྨ་དབང་ཆེན་རྟ་མཆོག་རོལ་པའི་སྒྲུབས་ཐབས་བདེ་གཤེགས་ཀུན་འགྲུབ་བཞུགས་སོ༔

ཨེ་མ་ཧོ༔ སྲིད་པའི་མཐའ་ལས་མི་འདའ་སེམས་ཅན་འདུལ༔ ཞི་བ་ཆེན་པོར་མི་གནས་ཆོས་ཀུན་མཉམ༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ཧེ་རུ་ཀ༔ བདེ་གཤེགས་ཀུན་འདུས་དབང་ཆེན་ལྷ་ལ་འདུད༔ དེ་ཡི་སྒྲུབ་ཐབས་རྟ་མཆོག་རོལ་པའི་རྒྱུད༔ གབ་པ་མངོན་ཕྱུང་སྒྲུབ་ཐབས་ཟབ་མོ་འདི༔ ལས་དང་སྐལ་བར་ལྡན་པའི་གང་ཟག་རྣམས༔ ཚེ་གཅིག་བྱང་ཆུབ་བསྒྲུབ་ཕྱིར་བསྟན་པར་བྱ༔ ས་མ་ཡཱ༔ དེ་ཡང་སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ སྒྲུབ་པའི་གནས་ནི་གྲུབ་ཐོབ་ཞབས་བཅགས་སམ༔ ཡང་ན་དབེན་གནས་ཆུ་བོ་ནུབ་ནས་འབབས༔ ས་མདོག་དམར་ལ་ཤིན་ཏུ་དྭངས་པའི་སར༔ སྒྲུབ་རྫས་ཡོ་བྱད་མ་ཚང་མེད་པར་བཤམས༔ རྟེན་གྱི་གང་ཟག་འཁོར་བར་ཞེན་པ་ལོག༔ གཞན་དོན་བྱང་ཆུབ་སྒྲུབ་པའི་བློ་ལྡན་པ༔ པདྨ་རིགས་ཀྱི་དབང་ནོས་དམ་ཚིག་ལྡན༔ ལུས་སེམས་ལས་སུ་རུང་བའི་གྲོགས་དང་བཅས༔ མི་དགེའི་ལས་སྤངས་དགེ་བཅུའི་རྒྱབ་དཔུང་བསྐྱེད༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་གྲུ་བཞི་པ༔ གཞོན་ནུ་གཉིས་འཛོམས་རྡུལ་དང་ལི་ཁྲི་སྦགས༔ རྐྱང་ནུལ་སྲབ་འཐུག་སྙོམས་པར་མཚན་ལྡན་གྱི༔ ལས་ཀྱི་ཕྱག་རྒྱར་རྡོ་རྗེ་སློབ་དཔོན་གྱིས༔ ཐིག་གཏད་རྩ་བའི་ཐིག་བརྒྱད་གྲུ་ཆད་དང་༔ ལྷ་རྣམས་ཕྱི་ནང་དུར་ཁྲོད་རྡོ་རྗེ་མེ༔ དབུས་སུ་ཆོས་འབྱུང་བསྣོལ་དབུས་ཟླ་གམ་དམར༔ རྩིབས་བཞི་རྩིབས་བརྒྱད་དེ་ཕྱིར་བཅུ་དྲུག་རྩིབས༔ སྒོ་བཞི་ཟླ་ཕྱེད་ཕྱོགས་བཞིར་འོད་ཀྱི་ཐིག༔ ལྷ་ཡི་ས་བོན་ཕྱག་མཚན་ཚོམ་བུ་བཀོད༔ སྤྲོས་བཅས་སྤྲོས་མེད་རྣལ་འབྱོར་རིགས་པས་དཔྱད༔ བདེ་བའི་སྟན་ལ་འགྲོ་དོན་རྗེས་ཆགས་བློས༔ ཐོག་མར་སྔོན་ཏུ་འགྲོ་བའི་ལས་རིམ་བདུན༔ དང་པོ་སྐྱབས་སུ་འགྲོ་བའི་རིམ་པ་ནི༔ མདུན་མཁར་ཚོགས་ཞིང་གསལ་གདབ་འདི་སྐད་དོ༔ ཧྲཱིཿ བདེ་གཤེགས་ཡོངས་རྫོགས་རང་རིག་བྱང་ཆུབ་སེམས༔ པདྨ་དབང་ཆེན་ལྷ་རུ་ཡོངས་ཤར་བར༔ ཇི་སྲིད་རྫོགས་པའི་སངས་རྒྱས་མངོན་གྱུར་ཕྱིར༔ བདག་གཞན་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧཱུྃ་ཧྲཱིཿ ཐོག་མ་མེད་ནས་སྲིད་པའི་གྲོང་ཁྱེར་དུ༔ རང་བྱུང་ཡེ་ཤེས་རང་ངོ་མ་འཕྲོད་པར༔ སྡུག་བསྔལ་གསུམ་གྱིས་མནར་བའི་སྲིད་ཁམས་འགྲོ༔ བྱང་ཆུབ་སྙིང་པོར་འགོད་ཕྱིར་འདིར་བརྩོན་བྱ༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ ཧཱུྃ་ཧྲཱིཿ རྩ་གསུམ་ཀུན་འདུས་རྟ་མཆོག་དབང་གི་ལྷར༔ རང་བབས་ལྟ་བའི་ཀློང་ནས་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་སྣང་སྲིད་མཆོད་སྤྲིན་འབུལ༔ སྒོ་གསུམ་ཉེས་ཚོགས་ཉམས་ཆག་སྡིག་སྒྲིབ་བཤགས༔ དུས་གསུམ་འགྲོ་བའི་དགེ་ལ་རྗེས་ཡི་རངས༔ ཟག་མེད་གསང་སྔགས་ཆོས་འཁོར་བསྐོར་བར་བསྐུལ༔ མཁའ་ཁྱབ་འགྲོ་ངོར་རྟག་བཞུགས་གསོལ་བ་འདེབས༔ དགེ་རྩ་འགྲོ་རྣམས་ཡི་དམ་ལྷ་མཆོག་དང་༔ དབྱེར་མེད་གཅིག་ཏུ་འགྲུབ་ཕྱིར་བསྔོ་བར་བྱ༔ བཞི་བ་བགེགས་ལ་གཏོར་མ་འབྲུ་གསུམ་གྱིས༔ བསྔོ་ཞིང་རང་ཉིད་ལས་ཀྱི་ལྷར་གསལ་བའི༔ བཀའ་ཡིས་དྲག་ཏུ་བསྒོ་བ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཐོག་མར་གཞི་ནས་འཁྲུལ་བྱེད་བདག་ལྟའི་བགེགས༔ བར་དུ་ལོངས་སྤྱོད་ལོག་ཞུགས་སྒོ་ལྔའི་གདོན༔ ཐ་མ་བྱང་ཆུབ་ལམ་གཅོད་ཕྱི་ནང་འདྲེ༔ རང་བྱུང་སྟོང་ཆེན་གདོད་མའི་ཧེ་རུ་ཀས༔ གློ་བུར་སྒྲིབ་བསལ་གཏོར་མས་ཚིམ་གྱིས་ལ༔ འདི་རུ་མ་འདུག་སྟོང་གསུམ་ཕ་མཐར་དེངས༔ བཀའ་ལས་འདས་ན་བདག་འཛིན་ལུས་ངག་ཡིད༔ ཐལ་བའི་རྡུལ་བཞིན་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་དྲག་སྔགས་དང་བཅས་ཡུངས་ཐུན་བརྡེག༔ ལྔ་བ་སྲུང་འཁོར་བརྟན་པར་རྒྱས་འདེབས་ནི༔ ཧཱུྃ་ཧྲཱིཿ ཡེ་ནས་འཁོར་འདས་མི་དམིགས་ཆོས་སྐུའི་ཀློང་༔ རང་རྩལ་ལྷ་སྔགས་གཞོམ་བྲལ་སྲུང་བའི་གུར༔ འོད་ཟེར་ཁ་དོག་སྣ་ལྔའི་འཕྲོ་འདུ་ལས༔ རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མེ༔ གླགས་ལྟའི་བགེགས་ཀྱིས་མི་ཤིགས་རྡོ་རྗེའི་རྫོང་༔ དབང་ཆེན་དབང་གི་ཕྲེང་བ་ཡོངས་སུ་བརྡལ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་རཾ་རཾ་རཀྵ་བྷྲུཾ༔ དྲུག་པ་ཡེ་ཤེས་དབྱིངས་ནས་བྱིན་འབེབས་ནི༔ ཧཱུྃ་ཧྲཱིཿ སྤྲོས་ཀུན་ཉེར་ཞི་དབུ་མའི་ཕོ་བྲང་ནས༔ མཚན་འཛིན་སྒྲིབ་བྲལ་ཆོས་སྐུ་གདོད་མའི་མགོན༔ རང་བྱུང་ཡེ་ཤེས་པདྨ་དབང་གི་ལྷས༔ རྣལ་འབྱོར་སྒོ་གསུམ་ལྷ་སྔགས་ཏིང་ངེ་འཛིན༔ སྒྲུབ་རྫས་ཡོ་བྱད་རང་སྣང་རོལ་པའི་རྒྱན༔ འཁོར་བའི་སྡུག་བསྔལ་ལས་སྣང་བདེ་བ་ཆེ༔ སྐུ་གསུམ་ཞིང་དང་བརྟེན་པར་བྱིན་ཆེན་ཕོབ༔ འགྱུར་མེད་སྐུ་ཡི་བྱིན་ཆེན་ལུས་ལ་སྩོལ༔ མཚན་དཔེ་ལོངས་སྐུའི་ངོ་མཚར་དངོས་ཞལ་སྟོན༔ འགགས་མེད་གསུང་གི་བྱིན་ཆེན་ངག་ལ་ཕོབ༔ ཐ་མལ་ངག་རླུང་གྲག་སྟོང་ཆོས་སྐུར་སྒྱུར༔ འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཡིད་ལ་ཕོབ༔ མཁྱེན་བརྩེ་དམིགས་མཐའ་བྲལ་བའི་དཔའ་གདེང་བསྐྱེད༔ རང་སྣང་ཡེ་ཤེས་རྒྱན་གྱི་བྱིན་ཆེན་ཕོབ༔ སྒྲུབ་རྫས་འདི་ལ་ཟག་མེད་བཅུད་ཅིག་སྩོལ༔ མཚན་མའི་དཀྱིལ་འཁོར་འདི་ལ་བཀྲག་མདངས་ཕྱུངས༔ སྣང་སྲིད་ཐབས་ཤེས་བདེ་ཆེན་ཡེ་ཤེས་ཀློང་༔ འཁྲུལ་སྣང་སྐུ་དང་ཞིང་ཁམས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཀྐཱི་ནི་ཧྱ་གྲཱྀ་ཝ་སརྦ་ས་མ་ཡཱ་ཛྙཱ་ན་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ བདུན་པ་མཆོད་རྫས་ཡོ་བྱད་བྱིན་བརླབ་ནི༔ ཧཱུྃ་ཧྲཱིཿ སྒྲུབ་གཞི་དཀྱིལ་འཁོར་གདོད་མའི་སྟོང་ཆེན་ངང་༔ ལོག་རྟོག་དབྱིངས་སྒྲོལ་དུར་ཁྲོད་གཞལ་ཡས་ཁང་༔ མདའ་དར་མེ་ལོང་ཚད་མེད་ཡེ་ཤེས་གཞི༔ བདུད་བཞི་ཚར་གཅོད་ཤེས་རབ་རྣོ་དབལ་གྲི༔ སྐུ་བཞིའི་རང་གདངས་མཛེས་པའི་རྒྱལ་མཚན་འཕན༔ འཁོར་འདས་དབྱིངས་གཅིག་དར་གྱི་མཐའ་དཀྲིས་རྔམ༔ རིག་རྩལ་ས་ལམ་མུ་ཏིག་རྒྱན་ཕྲེང་འཕྲུལ༔ ཡི་དམ་གསང་གསུམ་སྐུ་གསུང་ཐུགས་རྟེན་བཀྲམ༔ འདོད་ཡོན་མ་སྤངས་ཕྱི་ནང་གསང་མཆོད་མཛེས༔ ཐབས་ཤེས་ཟུང་འབྲེལ་སྣང་སྟོང་བདེ་བའི་གྲོགས༔ རང་བྱུང་གཞི་གྲོལ་ཆོས་སྐུའི་གདུགས་ཆེན་པོ༔ གང་ཡང་མ་འགགས་མཆོད་པའི་དངོས་པོ་ཀུན༔ ཡེ་ཤེས་ཟག་མེད་ཀུན་བཟང་རྣམ་རོལ་ལྟར༔ མི་ཟད་ནམ་མཁའ་མཛོད་དུ་བྱིན་གྱིས་རློབས༔ མ་ཧཱ་སརྦ་པཱུ་ཙ་སྥ་ར་ཎ་ཕཊ༔ དེ་ལས་ནང་མཆོད་སྨན་གཏོར་རཀྟ་རྣམས༔ བྱིན་རླབས་ཐོག་མ་བདུད་རྩི་བསངས་སྦྱངས་ཏེ༔ ཧཱུྃ་ཧྲཱིཿ བྷནྡྷའི་སྣོད་དུ་རྩ་བརྒྱད་ཡན་ལག་སྟོང་༔ རིགས་ལྔ་ཡབ་ཡུམ་སྦྱོར་བའི་འཆི་མེད་སྨན༔ གཙང་སྨེའི་དངོས་འཛིན་བདུད་འཇོམས་ཡེ་ཤེས་རྩི༔ ལྷ་རྣམས་ཟག་མེད་དགྱེས་བསྐྱེད་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐ༔ ལན་གསུམ་བརྗོད་ཅིང་རཀྟ་བསངས་སྦྱངས་ཏེ༔ ཧཱུྃ་ཧྲཱིཿ བདུད་བགེགས་བསྒྲལ་བའི་སྙིང་ཁྲག་རཀྟ་དམར༔ ཐབས་ཤེས་བདེ་སྦྱོར་བཅུ་དྲུག་སིནྡྷུ་ར༔ དུག་ལྔ་དབྱིངས་སུ་རང་གྲོལ་རྩ་བའི་རྫས༔ དྲག་པོའི་ཕྲིན་ལས་ཀུན་འགྲུབ་རྫས་སུ་བསྒྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྚལ་ཧཱུྃ་ཧྲཱིཿཋ༔ ལན་གསུམ་གཏོར་མ་སྨན་རཀ་ཟེགས་མས་བྲན༔ ཧཱུྃ་ཧྲཱིཿ རིན་ཆེན་བཀོད་ལེགས་ཡུལ་ལྔའི་གཞོང་པ་རུ༔ བདེ་ཆེན་སྟོང་གསལ་དབང་པོའི་བྷ་ལིང་ཏ༔ ཤ་ལྔ་བདུད་རྩི་མཚོན་པ་དམ་ཚིག་རྫས༔ ལས་བཞི་ཀུན་འགྲུབ་མཆོད་པའི་གཏོར་མར་གྱུར༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིངྟ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡཱ་ཧཱུྃ་ཧྲཱིཿཋ༔ ལན་གསུམ་བརྗོད་ནས་དམིགས་པས་བྱིན་གྱིས་བརླབས༔ དེ་ཡིs་སྔོན་འགྲོའི་ཆོས་རྣམས་རྫོགས་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཉིས་པ་དངོས་གཞིའི་ཆོས་ལ་བཅུ་གཉིས་ཏེ༔ དང་པོ་ཀུན་རྫོབ་སྣང་བ་ལྷར་ལྟ་བའི༔ བསྐྱེད་རིམ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ནས༔ མངོན་བྱང་ལྔ་ཡིས་མངལ་སྐྱེས་བག་ཆགས་སྦྱངས༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ་པ་ནི༔ ཧཱུྃ་ཧྲཱིཿ འཁོར་འདས་ཆོས་ཀུན་ངོ་བོ་ཉིད་ཀྱིས་སྟོང་༔ རྒྱུ་རྐྱེན་ལས་འདས་སྤྲོས་པའི་མཐའ་བརྒྱད་བྲལ༔ སྒྲིབ་གཉིས་ཡེ་དག་ཀ་དག་བྱང་ཆུབ་སེམས༔ རང་རིག་ཡེ་ཤེས་ཆོས་སྐུའི་ངོ་བོ་འོ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཀུན་ཏུ་སྣང་བའི་ཏིང་འཛིན་བསྒོམ་པ་ནི༔ ཧཱུྃ་ཧྲཱིཿ དེ་ལྟར་འཁོར་འདས་ཆོས་སྐུའི་རང་བཞིན་དུ༔ མ་རྟོགས་འཁོར་བའི་རྒྱུ་འབྲས་ལ་སྤྱོད་པའི༔ འགྲོ་རྣམས་སྡུག་བསྔལ་ཆུ་བོ་ལས་སྒྲོལ་ཕྱིར༔ དམིགས་མེད་སྙིང་རྗེ་ཆེན་པོའི་ཏིང་འཛིན་བསྒོམ༔ ཨོཾ་ཨཱཿམ་ཧཱ་ཀ་རུ་ཎི་ཀ་ཛྙཱ་ན་དྷརྨ་དྷརྟུ་ཨ༔ རྒྱུ་ཡི་ཏིང་འཛིན་གསལ་བར་བསྒོམ་པ་ནི༔ ཧཱུྃ་ཧྲཱིཿ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རང་གི་སེམས༔ རྒྱལ་ཀུན་ཐུགས་སྲོག་པདྨ་ཧྲཱིཿདམར་པོ༔ འོད་ཟེར་སྟོང་གསུམ་འཇིག་རྟེན་གང་བར་འཕྲོས༔ གནོད་བྱེད་དགྲ་བགེགས་གདུག་ཅན་མ་ལུས་པ༔ ཚར་བཅད་དམིགས་མེད་སྟོང་ཉིད་དབྱིངས་སུ་བསྒྲལ༔ སྐུ་གསུམ་རྒྱལ་བ་ཀུན་མཆོད་བྱིན་རླབས་བསྡུས༔ དེ་ལས་ཡི་གེ་ཨེ་ཡཾ་རཾ་བཾ་ལཾ༔ སུཾ་ཡིག་རྣམས་ནི་རིམ་པར་སྤྲོས་ཏེ་བབས༔ ཨེ་ཡིག་ནམ་མཁའ་མཐིང་གསལ་ཀུན་བཟང་ཀློང་༔ ཡཾ་འཕྲོས་རླུང་དཀྱིལ་ལྗང་ནག་འབྱམས་ཀླས་དབྱིངས༔ རཾ་ཡིག་དམར་གསལ་མེ་འབར་གོས་དཀར་མཁའ༔ བཾ་ལས་ཆུ་དཀྱིལ་སྣ་ཚོགས་མ་མ་ཀཱི༔ ལཾ་ཡིག་སེར་པོ་གསེར་གྱི་ས་གཞིར་བརྡལ༔ སུཾ་འཕྲོས་ཤ་ཆེན་ཁྲག་ཞག་འཇམ་འཇིམ་ནི༔ སྟོང་གསུམ་ཁྱོན་མཉམ་ཀེང་ཡིག་དཀར་པོ་ལས༔ རུས་པའི་རི་རབ་བརྟན་བརྗིད་འཇིགས་རུང་དབུས༔ བྷྲུཾཿཡིག་ཁ་དོག་ལྔ་ལྡན་ཡོངས་གྱུར་པ༔ ཕྱི་ནི་རིན་ཆེན་སྣ་ལྔའི་རྩིག་པ་ལ༔ ནང་ནི་ཐོད་པ་ཚར་གསུམ་གཞལ་ཡས་ཁང་༔ དུར་ཁྲོད་ཆེན་པོའི་མཚན་ཉིད་ཡོངས་སུ་རྫོགས༔ དེ་དབུས་ཆོས་འབྱུང་ཟླ་གམ་དེ་ཡི་ཕྱིར༔ རྩིབས་བཞི་རྩིབས་བརྒྱད་བཅུ་དྲུག་སྒོ་བཞིར་བཅས༔ དབུས་སུ་ལྷ་ཀླུ་བཅུ་དྲུག་བསྣོལ་བའི་སྟེང་༔ སེང་སྟག་ཆུ་སྲིན་སྦྲུལ་གདུག་དོམ་ལ་སོགས༔ བྱོལ་སོང་གཙོ་བརྒྱད་པད་ཉི་དེ་ཡི་སྟེང་༔ མ་ཧཱ་དེ་ཝ་རུ་ཏྲ་ཏི་ར་བཾ༔ ཨུ་མ་དེ་ཝཱི་རུ་ཏྲཱི་ཏི་ར་བཾ༔ དེ་དག་ཡོངས་གྱུར་ལྷ་ཆེན་ཁྱོ་ཤུག་ཟུང་༔ ཁ་སྦུབས་གན་རྐྱལ་བསྣོལ་མའི་གདན་སྟེང་དུ༔ རང་རིག་ཧྲཱིཿདམར་པདྨའི་གྲི་གུག་ལས༔ ཆེ་མཆོག་པདྨ་དབང་ཆེན་སྐུ་མདོག་དམར༔ བསྐལ་པའི་མེ་ལྟར་བཟོད་དཀའི་ཉམས་ཀྱིས་སྒེག༔ དབུ་དགུ་གཡས་གསུམ་ཞི་ཞལ་དཀར་འཛུམ་བཞད༔ གཡོན་གསུམ་ལྗང་གུ་སྒེག་ཅིང་གཏུམ་རྔམ་ཁྲོ༔ རྩ་བའི་ཞལ་གསུམ་དམར་གསལ་རྗེས་ཆགས་ཉམས༔ བཅོ་བརྒྱད་ཕྱག་ལྡན་གཡས་དགུའི་རྩ་བའི་ཕྱག༔ པདྨ་དུང་ཁྲག་ཤེས་རབ་ཡུམ་ལ་འཁྱུད༔ དེ་འོག་གཡས་བརྒྱད་རྡོ་རྗེ་གྲི་གུག་གྲི༔ མེ་དཔུང་ཟླ་བ་ཐོད་དབྱུག་ཁ་ཊྭཱཾ་ཀ༔ ལྕགས་ཀྱུ་གཡོན་བརྒྱད་དྲིལ་བུ་ཐོད་པའི་རྔ༔ ཨུཏྤལ་ཕྲེང་མཛེས་ཉི་མ་བདུད་སྙིང་དམར༔ ཞགས་པ་ལྕགས་སྒྲོག་གནམ་ལྕགས་སྡིག་པ་འཛིན༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས༔ རལ་པ་དམར་སེར་གྱེན་བརྫེས་ཐོད་པས་བརྒྱན༔ སྐུ་གསུམ་དོན་སྟོན་རྟ་དབུ་དཀར་དམར་ལྗང་༔ རྟ་སྐད་ཐེག་གསུམ་ཆོས་སྒྲས་སྲིད་གསུམ་འདུལ༔ དེ་ཡི་གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ རྒྱལ་ཀུན་བསྐྱེད་ཡུམ་པདྨ་གཟི་ལྡན་སྔོ༔ གཡས་པས་ཐོད་ཁྲག་གཡོན་པས་ཙིཏྟ་སྟོབ༔ ཡབ་ཀྱི་ཞབས་བརྒྱད་དྲེགས་པ་མ་ལུས་བརྫིས༔ ཤེས་རབ་ཞབས་གཉིས་བརྐྱང་བསྐུམ་བདེ་སྟོང་སྦྱོར༔ ཡབ་ཡུམ་སྐུ་ལ་བགོ་བའི་གོས་གསུམ་དང་༔ གདགས་པའི་རྒྱན་གཉིས་བྱུག་པའི་རྫས་གསུམ་སོགས༔ དུར་ཁྲོད་ཆས་བརྒྱད་བསེ་ཁྲབ་དབང་གི་ཆས༔ དཔལ་ཆས་ཡོངས་རྫོགས་མེ་དཔུང་ཀློང་ན་བཞུགས༔ ཡབ་ཡུམ་མཉམ་སྦྱོར་མཁའ་ལས་འོད་འཕྲོས་པས༔ རྒྱལ་བ་སྲས་བཅས་མཆོད་ནས་བྱིན་རླབས་བསྡུས༔ ཧྲཱིཿཡིག་དཀར་སེར་དམར་ལྗང་ཕྱོགས་བཞིའི་རྩིབས༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་ཁྲིར༔ རྡོ་རྗེ་རིན་ཆེན་པདྨ་ལས་རབ་རྩལ༔ དབང་ཆེན་རིགས་བཞི་ཞལ་གསུམ་ཕྱག་དྲུག་པ༔ ཞབས་བཞི་འདོར་སྟབས་གནོད་བྱེད་ཕོ་མོ་བརྫིས༔ ཤར་དུ་རྡོ་རྗེ་དབང་ཆེན་ཧེ་རུ་ཀ༔ སྐུ་མདོག་དཀར་པོ་གཡས་དམར་གཡོན་ལྗང་འཛུམ༔ གཡས་གསུམ་རྡོ་རྗེ་གྲི་གུག་ཐོད་པའི་རྔ༔ གཡོན་གསུམ་དྲིལ་བུ་དུང་ཁྲག་པདྨའི་ཕྲེང་༔ བཛྲ་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད༔ ལྷོ་རུ་རིན་ཆེན་དབང་ཆེན་ཧེ་རུ་ཀ༔ སེར་ནག་གཡས་དམར་གཡོན་དཀར་སྒེག་པའི་ཚུལ༔ གཡས་གསུམ་རིན་ཆེན་གྲི་ཁུག་གནམ་ལྕགས་གྲི༔ གཡོན་གསུམ་གཏེར་བུམ་དུང་དམར་པདྨའི་ཕྲེང་༔ རིན་ཆེན་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད༔ ནུབ་ཏུ་པདྨ་དབང་ཆེན་ཧེ་རུ་ཀ༔ གཡས་དཀར་གཡོན་སྔོ་ཆགས་ཤིང་བརྩེ་བའི་ཉམས༔ གཡས་གསུམ་པདྨའི་བེ་ཅོན་མེ་རྩེ་གསུམ༔ གཡོན་གསུམ་དབང་གི་ཞགས་པ་ཁྲག་མཚོ་དང་༔ པདྨའི་ཕྲེང་བ་པདྨ་ཀྲོ་ཏི་ཡུམ༔ སྔོ་སྐྱ་རང་རྟགས་གྲི་ཐོད་མགུལ་ནས་འཁྱུད༔ བྱང་དུ་ཀརྨ་དབང་ཆེན་ཧེ་རུ་ཀ༔ ལྗང་ནག་གཡས་དཀར་གཡོན་དམར་གཏུམ་ཞིང་ཁྲོ༔ གཡས་གསུམ་རལ་གྲི་རྒྱ་གྲམ་ཕུར་བུ་འདྲིལ༔ གཡོན་གསུམ་མི་སྙིང་ཞིང་དབྱུག་པདྨའི་ཕྲེང་༔ ཀརྨ་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད༔ ཡབ་རྣམས་ཞིང་གི་སྟོད་གཡོགས་གླང་ཆེན་ལྤགས༔ སྟག་ཤམ་མགོ་ཕྲེང་སྦྲུལ་རིགས་ལྔ་ཡིས་བརྒྱན༔ སྤྱི་གཙུག་རང་མདོག་རྟ་སྐད་མཁའ་ལ་འཚེར༔ ཡུམ་རྣམས་རུས་པའི་རྒྱན་དྲུག་གཟིག་ཤམ་དང་༔ དྲིལ་བུ་གཡེར་ཁ་ཨུཏྤལ་དམར་པོའི་ཕྲེང་༔ མཉམ་སྦྱོར་ཡེ་ཤེས་བཞི་ཡི་རང་བཞིན་ཅན༔ བདུད་བཞི་དབྱིངས་སྒྲོལ་གླིང་བཞིའི་འགྲོ་བ་འདུལ༔ ཉོན་མོངས་སྲེག་བྱེད་ཡེ་ཤེས་མེ་ཀློང་བཞུགས༔ གཙོ་བོའི་སྤྱི་བོར་ཡེ་ཤེས་བྱ་ཁྱུང་དམར༔ གནམ་ལྕགས་རྭ་སྡེར་སྤུ་གྲིའི་གཤོག་པ་གདེངས༔ ཀླུ་སྦྲུལ་ཞལ་གསོལ་གཏི་མུག་གདོན་ཚོགས་འཇོམས༔ ནོར་བུའི་གཙུག་སྟེང་པད་ཟླའི་གདན་གྱི་སྟེང་༔ སྣང་མཐའ་དམར་པོ་མཉམ་བཞག་སྤྲུལ་སྐུའི་ཆས༔ ཚེ་བུམ་ཕྱག་མཚན་འཆི་མེད་དངོས་གྲུབ་བདག༔ སླར་ཡང་གཙོ་བོ་ཡབ་ཡུམ་མཁའ་གསང་ལས༔ རང་བྱུང་ཡི་གེ་ཧཱུྃ་ཡིག་དམར་ནག་བརྒྱད༔ ཡོངས་གྱུར་པད་ཉི་རུ་ཏྲ་ཆུ་གླང་དང་༔ ཀླུ་དབང་ལྷ་ཆེན་མ་མོ་དར་ཟབ་གདན༔ དྲེགས་པ་དགྲ་བགེགས་བསྣོལ་ཞིང་བརྫིས་པའི་སྟེང་༔ ཤར་དུ་དཔལ་ཆེན་ཡང་དག་མཐིང་ནག་རྔམ༔ ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དུང་ཁྲག་ཅན༔ ཞབས་གཉིས་བརྐྱང་བསྐུམ་བཛྲ་ཀྲོ་ཏི་ཡུམ༔ རྡོ་རྗེའི་རིགས་ཀུན་འདུས་པའི་ཧེ་རུ་ཀ༔ ལྷོ་རུ་འཇམ་དཔལ་སེར་ནག་ཁྲོ་གཏུམ་སྒེག༔ ཞལ་གཅིག་ཕྱག་གཉིས་བེ་ཅོན་འཁོར་ལོ་གདེངས༔ བརྐྱང་བསྐུམ་རོ་ལངས་ནག་མོ་དགྱེས་སྦྱོར་ཡུམ༔ རིན་ཆེན་རིགས་ཀུན་འདུས་པའི་བདག་ཉིད་ཅན༔ ནུབ་ཏུ་པདྨ་རྟ་མཆོག་དམར་གསལ་འཛུམ༔ ཞལ་གཅིག་ཕྱག་གཉིས་པདྨ་ཁ་ཊྭཱཾ་ཀ༔ ཞབས་གཉིས་འདོར་སྟབས་པདྨ་གཟི་ལྡན་ཡུམ༔ པདྨ་དབང་གི་རིགས་ཀུན་འདུས་པར་བསམ༔ བྱང་དུ་རྡོ་རྗེ་གཞོན་ནུ་ལྗང་ནག་གཏུམ༔ ཞལ་གཅིག་ཕྱག་གཉིས་རི་རབ་ཕུར་བུ་འདྲིལ༔ བརྐྱང་བསྐུམ་འཁོར་ལོ་རྒྱས་འདེབས་ཤེས་རབ་ཡུམ༔ ཕྲིན་ལས་རིགས་འདུས་སྒྲོལ་བྱེད་དཔའ་བོ་ཆེ༔ ཤར་ལྷོ་བླ་མེད་ཧེ་རུ་མཐིང་གསལ་མདོག༔ ཞལ་གཅིག་ཕྱག་གཉིས་བྱ་ཁྱུང་ཞིང་དབྱུག་བསྣམས༔ བརྐྱང་བསྐུམ་ཀུན་བཟང་ཉིད་ཞི་ཁྲོ་མོ་ཡུམ༔ མ་མོ་རྦོད་གཏོང་ལྷ་ཡི་གཙོ་བོར་བཞུགས༔ ལྷོ་ནུབ་རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ དཀར་དམར་མདངས་ལྡན་རྡོ་རྗེ་དྲིལ་བུ་བསྣོལ༔ གཡས་གཡོན་བརྐྱང་བསྐུམ་མན་དྷ་ར་བ་ཡུམ༔ བླ་མེད་རིག་འཛིན་ཀུན་འདུས་ངོ་བོར་གསལ༔ ནུབ་བྱང་དྲེགས་པ་ཀུན་འདུལ་སྨུག་ནག་མདོག༔ ཞལ་གཅིག་ཕྱག་གཉིས་ལྷ་ཀླུའི་མགོ་ཕྲེང་བསྣམས༔ བརྐྱང་བསྐུམ་ཁམས་གསུམ་སྤྱི་འདུལ་ཡུམ་དང་སྦྱོར༔ འཇིག་རྟེན་དྲེགས་པ་ཡོངས་ཀྱི་སྤྱི་རྗེ་ཆེ༔ བྱང་ཤར་སྟོབས་ལྡན་ནག་པོ་མིག་སྨན་མདོག༔ ཞལ་གཅིག་ཕྱག་གཉིས་སྙིང་ཕྲེང་ཐོད་ཁྲག་གསོལ༔ འབྱུང་ལྔའི་བདག་མོ་མཉམ་སྦྱོར་སྲིད་ཁམས་གནོན༔ དགྲ་བགེགས་ལོག་འདྲེན་ཀུན་གྱི་གཤེད་མར་བསམ༔ ཀུན་ཀྱང་ཁྲོ་ཆས་ཡོངས་རྫོགས་མེ་ཀློང་འགྱིང་༔ཡུམ་རྣམས་རང་གི་ཡབ་ཀྱི་མདངས་དང་ལྡན༔ གྲི་གུག་ཐོད་ཁྲག་འཁྱུད་ཅིང་ཁྲོ་མོའི་ཆས༔ རུས་རྒྱན་དྲིལ་བུ་པད་ཕྲེང་གཟིག་ཤམ་བཀླུབས༔ ཕྱི་རོལ་རྩིབས་ལས་པད་ཉི་ཞིང་རྐྱང་སྟེང་༔ གནས་ཡུལ་ཕྲ་མེན་ཆེན་མོ་བཅུ་དྲུག་པོ༔ གཽ་རི་སྔོན་མོ་ཞིང་དབྱུག་དུང་ཁྲག་བསྣམས༔ རྐུན་མོ་སེར་མོ་ཐབས་ཤེས་མདའ་གཞུ་འགེང་༔ པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན་ཕྱར༔ བེ་ཏ་ནག་མོ་རྡོ་རྗེས་ཐོད་ཁྲག་དཀྲུགས༔ པུསྐ་དམར་སེར་རྒྱུ་མ་འདྲེན་ཅིང་གསོལ༔ ཀསྨ་ལྗང་ནག་རྡོ་རྗེ་དུང་དམར་གསོལ༔ ཙནྡྷ་སེར་ནག་ཞིང་གི་རྒྱུ་མ་འདྲེན༔ སྨེ་ཤ་མཐིང་ནག་རོ་ཟ་སྡང་མིག་ལྟ༔ སེང་ཧ་སྨུག་ནག་ཞིང་བཅུའི་རོ་ལ་ཟ༔ བྱ་ཀྲྀ་དམར་མོ་སྟག་གདོང་ལག་གཉིས་བསྣོལ༔ སྲི་ལ་ནག་མོ་ཝ་གདོང་སྤུ་གྲི་གདེངས༔ ཤྭ་ན་མཐིང་ནག་སྤྱང་གདོང་བམ་རོ་གསོལ༔ ཀྲི་ཏ་དཀར་སེར་བྱ་རྒོད་རྒྱུ་འདྲེན་འཇིགས༔ ཀངྐ་དམར་མོ་ཞིང་ཆུང་ཕྲག་ལ་གཟར༔ ཁ་ཁ་བྱ་རོག་གདོང་ནག་བྷན་གྲི་གདེངས༔ ཨུ་ལུ་འུག་གདོང་མཐིང་ནག་ལྕགས་ཀྱུ་ཕྱར༔ མཆེ་གཤོག་ཞིང་ལྤགས་རུས་རྒྱན་བརྐྱང་བསྐུམ་བསྒྲད༔ སྒོ་བཞིར་ཞིང་རྐྱང་གདན་ལ་སྒོ་མ་བཞི༔ དཀར་སེར་དམར་ལྗང་ཁྲོ་ཆས་འདོར་ཐབས་བསྒྲད༔ ཕྱག་མཚན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ བདུད་འདུལ་རིགས་བཞི་ཁྱམས་ཀྱི་ཕྱི་རོལ་ཏུ༔ ཡེ་ཤེས་ལྷ་མིག་སྒྲིབ་བྲལ་ཁོང་ནས་གསལ༔ དམུས་ལོང་བཅུ་དྲུག་མེ་རླུང་ཆུ་འབྲུག་ཆིབས༔ གཞན་ཡང་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་རྣམས༔ མ་འདྲེས་ཡོངས་རྫོགས་དབང་པོའི་ཚོན་རིས་ཀྱི༔ འཆི་མེད་ལམ་ལ་བཀླུབས་བཞིན་གསལ་བར་གྱུར༔ གནས་གསུམ་རྒྱལ་ཀུན་གསང་གསུམ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་ཀ་དྭངས་གསལ་འོད་ཟེར་འཕྲོས༔ དབང་ལྷ་སྤྱན་དྲངས་དབང་བསྐུར་བྱིན་བརླབས་མཐུས༔ སྣང་མཐའ་གཙོར་གྱུར་རིགས་ལྔས་དབུ་བརྒྱན་གྱུར༔ གཉིས་པ་སྙན་གསན་དབབ་ཅིང་གསོལ་བ་ནི༔ ཧཱུྃ་ཧྲཱིཿ དགོངས་ཤིག་མཁྱེན་བརྩེའི་བདག་ཉིད་བཅོམ་ལྡན་འདས༔ ལྷ་ཡི་ལྷ་མཆོག་རྒྱལ་བ་ཐུགས་རྗེ་ཅན༔ སྒྲིབ་མེད་མཁྱེན་པའི་སྤྱན་གྱིས་འདིར་གཟིགས་ལ༔ ཐོགས་བྲལ་ཆགས་པ་ཆེན་པོས་སྙན་གསོན་ཅིག༔ བདག་ཅག་ཐོག་མ་མེད་ནས་མ་རིག་མཐུས༔ རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ ཐ་དད་མེད་ཀྱང་བདག་རྟོག་སོ་སོར་བཟུང་༔ དེ་ཕྱིར་ཀུན་རྫོབ་ལྷ་རུ་སྒྲུབ་ལགས་ན༔ རྟག་པ་རྒྱུན་གྱི་ཐུགས་བརྩེའི་ཤུགས་བསྐྱེད་ལ༔ གདུལ་བྱའི་བློ་དང་འཚམས་པར་སྐུར་བཞེངས་ནས༔ ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷས༔ གསང་གསུམ་དབྱེར་མེད་གཅིག་ཏུ་འགྲུབ་པར་མཛོད༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲི་ཝ་པདྨ་ཏེ་ཛྭ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་ས་མ་ཡཱ་ཛ༔ གསུམ་པ་སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ མ་བྱམས་བུ་ཡི་གདུང་གླུས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ དབྱིངས་ཀྱི་ཧེ་རུ་ཀ་དཔལ་ཀུན་ཏུ་བཟང་༔ བདག་འཛིན་རུ་ཏྲའི་གཤེད་དུ་སྐུར་བཞེངས་པ༔ དབང་ཆེན་རྟ་མཆོག་འཁོར་བཅས་གཤེགས་སུ་གསོལ༔ ཆགས་མེད་དབང་དྲག་རོལ་པའི་དུར་ཁྲོད་ནས༔ པདྨ་གར་གྱི་དབང་ཕྱུག་གཤེགས་སུ་གསོལ༔ ཤེས་རབ་སྟོང་ཉིད་དབྱིངས་ཀྱི་ཀློང་ཡངས་ནས༔ པདྨ་གཟི་ལྡན་རྒྱལ་མོ་གཤེགས་སུ་གསོལ༔ ཀླུ་བདུད་དྲེགས་པ་འདུལ་བའི་མཁའ་དབྱིངས་ནས༔ སྤྲུལ་པའི་བྱ་ཁྱུང་རྒྱལ་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་ཆེན་པདྨོ་བཀོད་པ་ནས༔ རིགས་བདག་ཨ་མི་དྷེ་ཝ་གཤེགས་སུ་གསོལ༔ ཤར་ཕྱོགས་རྡོ་རྗེ་འབར་བའི་དུར་ཁྲོད་ནས༔ བཛྲ་དབང་ཆེན་ཡབ་ཡུམ་གཤེགས་སུ་གསོལ༔ ལྷོ་ཕྱོགས་རིན་ཆེན་འོད་འཕྲོའི་དུར་ཁྲོད་ནས༔ རཏྣ་དབང་ཆེན་ཡབ་ཡུམ་གཤེགས་སུ་གསོལ༔ ནུབ་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་ནས༔ པདྨ་དབང་ཆེན་ཡབ་ཡུམ་གཤེགས་སུ་གསོལ༔ བྱང་ཕྱོགས་གཏུམ་དྲག་འབར་བའི་དུར་ཁྲོད་ནས༔ ཀརྨ་དབང་ཆེན་ཡབ་ཡུམ་གཤེགས་སུ་གསོལ༔ མེ་ལོང་ཡེ་ཤེས་ཀུན་གསལ་ཀློང་ཡངས་ནས༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་གཤེགས་སུ་གསོལ༔ མཉམ་ཉིད་ཡེ་ཤེས་ཁྱབ་བརྡལ་ཕོ་བྲང་ནས༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་གཤེགས་སུ་གསོལ༔ སོར་རྟོག་ཡེ་ཤེས་མ་འདྲེས་ཕོ་བྲང་ནས༔ པདྨ་གསུང་གི་ལྷ་ཚོགས་གཤེགས་སུ་གསོལ༔ བྱ་གྲུབ་ཡེ་ཤེས་ཕྲིན་ལས་ཀུན་འགྲུབ་ནས༔ ཕུར་པ་ཕྲིན་ལས་ལྷ་ཚོགས་གཤེགས་སུ་གསོལ༔ བདེ་ཆེན་དགའ་བཞིའི་སྙོམས་པའི་ཕོ་བྲང་ནས༔ མ་མོ་རྦོད་གཏོང་ལྷ་ཚོགས་གཤེགས་སུ་གསོལ༔ བྱིན་རླབས་ཀུན་འབྱུང་དབང་བཞིའི་ཕོ་བྲང་ནས༔ རིག་འཛིན་སློབ་དཔོན་ལྷ་ཚོགས་གཤེགས་སུ་གསོལ༔ དྲེགས་པ་ལས་ལ་བཀོལ་བའི་ཕོ་བྲང་ནས༔ འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་གཤེགས་སུ་གསོལ༔ བདུད་དང་དམ་སྲི་ཚར་གཅོད་ཕོ་བྲང་ནས༔ དམོད་པ་དྲག་སྔགས་ལྷ་ཚོགས་གཤེགས་སུ་གསོལ༔ གནས་ཡུལ་དབྱིངས་དག་སྤྲུལ་པའི་དུར་ཁྲོད་ནས༔ མ་མོ་ཕྲ་མེན་བཅུ་དྲུག་གཤེགས་སུ་གསོལ༔ ལས་བཞིའི་ཕྲིན་ལས་ཐོགས་མེད་སྒོ་བཞི་ནས༔ སྒོ་བ་ཆེན་པོ་རྣམ་བཞི་གཤེགས་སུ་གསོལ༔ ཡེ་ཤེས་སྒྲིབ་མེད་སྤྲུལ་པའི་གནས་རྣམས་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ གཞན་ཡང་བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་རྣམས༔ སྙིགས་དུས་སྡུག་བསྔལ་བསལ་ཕྱིར་གཤེགས་སུ་གསོལ༔ རྣལ་འབྱོར་བར་ཆད་སེལ་ཕྱིར་གཤེགས་སུ་གསོལ༔ ཐུན་མོང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ མཆོག་གི་དངོས་གྲུབ་འགྲུབ་ཕྱིར་གཤེགས་སུ་གསོལ༔ སྣང་བ་དབང་དུ་སྡུད་ཕྱིར་གཤེགས་སུ་གསོལ༔ དྲེགས་པ་ལས་ལ་འཁོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཧྱ་གྷྲི་ཝ་པདྨ་ཏེ་ཛྭ་ཨ་མི་དྷེ་ཝ་བཛྲ་རཏྣ་པདྨ་ཀརྨ་སརྦ་ཀྲོ་ཏ་ཛྙཱ་ན་ས་མ་ཡཱ་ཛ་ཛ༔ ཞེས་པས་སྤྱན་དྲངས་རོལ་མོ་དྲག་ཏུ་དཀྲོལ༔ བཞི་བ་དམ་ཡེ་དབྱེར་མེད་བཞུགས་གསོལ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་ལྷུན་གྲུབ་དུར་ཁྲོད་གཞལ་ཡས་འདིར༔ རྣམ་ཤེས་ཚོགས་བརྒྱད་དབྱིངས་སུ་གནས་དག་ཕྱིར༔ དྲེགས་པ་ཆགས་བྲལ་པད་ཉི་ཟླ་གདན་ལ༔ དབང་ཆེན་ཁྲོ་རྒྱལ་རྟ་མཆོག་ཡབ་དང་ཡུམ༔ རིགས་ཀྱི་བདག་པོ་དབང་ཆེན་ཡབ་ཡུམ་བརྒྱད༔ གནས་ཡུལ་མ་མོ་སྒོ་སྐྱོང་སྤྲུལ་པར་བཅས༔ ཐབས་ཤེས་དབྱེར་མེད་རྟེན་ལ་བརྟན་པར་བཞུགས༔ བྱང་ཆུབ་བར་དུ་མི་འབྲལ་ཏིཥྛ་ལྷན༔ བཛྲ་ས་མ་ཡཱ་ཛྙཱ་ན་ཏིཥྛ་ལྷན༔ ལྔ་བ་བརྡའ་ཕྱག་འཚལ་ཞིང་འདུད་པ་ནི༔ ཧཱུྃ་ཧྲཱིཿ ཡེ་ནས་རང་དང་པདྨ་དབང་ཆེན་ལྷ༔ འདུ་འབྲལ་མེད་པའི་ཀློང་དུ་རོ་གཅིག་ཀྱང་༔ མ་རྟོགས་སྣང་ངོར་རྟེན་འབྱུང་བསླུ་མེད་འབྲས༔ ཡི་དམ་སྤྲུལ་པའི་ལྷ་ལ་གུས་ཕྱག་འཚལ༔ ཚོགས་གཉིས་རྫོགས་ནས་ཚེ་འདིར་རྟ་མཆོག་དཔལ༔ སྐུ་གསུམ་མཉམ་པའི་ཡོན་ཏན་མངོན་གྱུར་ཤོག༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ དྲུག་པ་ཕྱི་ཡི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རྙོག་མེད་དྭངས་བསིལ་ཡན་ལག་བརྒྱད་ལྡན་ཆབ༔ མཚར་སྡུག་ཡིད་འོང་འདབ་སྟོང་པདྨའི་ཚལ༔ ལྷན་སྐྱེས་སྦྱར་བྱུང་ཟག་མེད་བསུང་ཞིམ་དྲི༔ གསལ་བའི་མར་མེ་ཀུན་སྣང་ནོར་བུའི་འོད༔ ག་བུར་ལ་སོགས་བཟང་དྲུག་སྦྱར་བའི་སྐྱེམས༔ རོ་བཅུད་ནུས་པ་བརྒྱ་ལྡན་ལྷ་ཡི་ཟས༔ སྙན་འཇེབས་ངོ་མཚར་སྣ་ཚོགས་རོལ་མོའི་སྒྲ༔ གཟུང་འཛིན་སྐྱོན་བྲལ་ལྷག་པའི་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏི་ཙ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡཱ་ཨཱ༔ཧཱུྃ༔ བདུན་པ་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རྒྱལ་ཀུན་གསུང་གི་དབང་ཕྱུག་ཧེ་རུ་ཀ༔ དབང་ཆེན་རྟ་མཆོག་རྒྱལ་པོའི་ལྷ་ཚོགས་ལ༔ ཞིང་བཅུ་བསྒྲལ་བའི་དབང་པོའི་མེ་ཏོག་དང་༔ མི་རོའི་ཤ་ཚིལ་བསྲེགས་པའི་དུད་པ་དང་༔ ཞུན་ཆེན་རོ་སྐྲ་ལ་སྦྱར་མེ་འབར་འོད༔ ཁྲག་མཁྲིས་ཟུང་དུ་སྦྱར་བའི་དྲི་ཡི་ཆབ༔ ཤ་ཁྲག་རུས་གསུམ་ལྷུན་པོར་སྤུངས་པའི་ཟས༔ ཐོད་རྔ་རྐང་གི་གླིང་བུའི་རྔམ་སྒྲ་སྒྲོག༔ དབང་པོ་དྲུག་ལ་ཟག་མེད་བདེ་སྟེར་བའི༔ ནང་གི་མཆོད་བཞེས་ཞིང་བཅུའི་དགྲ་དང་བགེགས༔ ཚར་གཅོད་དྲག་པོའི་དངོས་གྲུབ་མཆོག་སྩོལ་ཅིག༔ ཨོཾ་མ་ཧཱ་ཤ་མ་ཤ་ན་ས་པ་རི་ཝ་ར་རཱུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་པྲ་ཏིཙྩ་ཧོ༔ བརྒྱད་པ་གསང་བ་དང་པོ་སྨན་མཆོད་ནི༔ ཧཱུྃ་ཧྲཱིཿ རང་བྱུང་ཀ་པཱ་ལ་ཡི་སྣོད་མཆོག་ཏུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ གཉིས་འཛིན་རྟོག་བྲལ་པདྨ་དབང་ཆེན་ལྷར༔ གུས་པས་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཆོས་དབྱིངས་སྤྲོས་བྲལ་ཀུན་བཟང་ཡབ་དང་ཡུམ༔ ལོངས་སྤྱོད་རྫོགས་སྐུ་པདྨ་ཧེ་རུ་ཀ༔ སྐྱོན་བྲལ་པདྨའི་རིགས་འཁྲུངས་ཐོད་ཕྲེང་རྩལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རྒྱལ་ཡུམ་མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟའ༔ པདྨ་གསུང་གི་བཀའ་བབས་རྒྱལ་མཆོག་དབྱངས༔ གངས་ཅན་བོད་ཀྱི་མུན་སེལ་ཁྲི་སྲོང་རྗེར༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཕུར་པའི་བཀའ་བབས་དཔལ་གྱི་དབང་ཕྱུག་ཞབས༔ སེལ་མེད་བརྒྱུད་པ་རྩ་བརྒྱུད་བླ་མ་དང་༔ དབང་ཆེན་ཡབ་ཡུམ་རིགས་བདག་སྲས་མཆོག་བཞི༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྦོད་གཏོང་དང་༔ རིག་འཛིན་སློབ་དཔོན་འཇིག་རྟེན་མཆོད་བསྟོད་ལྷ༔ དམོད་པ་དྲག་སྔགས་བཀའ་སྡོད་དམ་ཅན་ལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་དངོས་གྲུབ་ལེགས་པར་ལེན་པ་ནི༔ བདུད་རྩིའི་དབུས་སུ་ཨོཾ་ཨཱཿཧཱུྃ་གསུམ་ལས༔ རྒྱལ་ཀུན་གསང་གསུམ་བདུད་རྩི་དཀར་དམར་མཐིང་༔ བདག་གི་སྤྱི་མགྲིན་སྙིང་གར་རེག་པའི་མོད༔ བདེ་གཤེགས་སྐུ་གསུམ་དངོས་གྲུབ་མཆོག་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ བདུད་རྩིའི་ཐིགས་པ་ལྕེ་ལ་མྱང་༔ དགུ་བ་རཀྟའི་མཆོད་འབུལ་ནི༔ ཧཱུྃ་ཧྲཱིཿ ལྕང་ལོར་བཅས་པའི་བདེ་སྐྱོང་དུང་ཕོར་དུ༔ དམ་ཉམས་སྙིང་ཁྲག་མཚན་ལྡན་པདྨའི་བཅུད༔ བརྒྱ་རྩའི་དམར་ཆེན་སྦྱོར་བའི་མཆོད་པ་འདི༔ ཁམས་གསུམ་དབང་སྡུད་རྟ་མཆོག་ལྷ་ཚོགས་ལ༔ རྗེས་ཆགས་སེམས་ཀྱིས་འབུལ་ལོ་བདེར་བཞེས་ནས༔ ཚད་མེད་ཐུགས་རྗེས་ཁམས་གསུམ་འཁོར་བ་ལས༔ རྒྱུད་དྲུག་དབྱིངས་སུ་སྒྲོལ་བའི་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁཱ་རཾ་ཁཱ་ཧི༔ བཅུ་བ་ལའང་གསུམ་སྟེ་དང་པོ་ནི༔ གཏོར་མ་སྨན་རཀ་བྲན་ཏེ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ རིན་ཆེན་བྷནྡྷ་ཡངས་པའི་གཏོར་སྣོད་དུ༔ འབྱུང་བའི་རྩི་བཅུད་བསྡུས་པའི་དཔལ་བཤོས་ལ༔ ཞིང་བཅུའི་ཤ་ཁྲག་བརྒྱན་པའི་གཏོར་མ་འདི༔ སྣང་སྲིད་ཟིལ་གནོན་ལྷག་པའི་ལྷ་ལ་འབུལ༔ ཐུགས་རྗེས་མཆོག་ཐུན་ཡིད་བཞིན་མྱུར་འགྲུབ་ནས༔ སྲིད་ལས་འགྲོ་ཀུན་སྒྲོལ་བའི་དངོས་གྲུབ་སྩོལ༔ བཛྲ་མ་ཧཱ་ཀྲོ་ཏ་ཧྱཱ་གྲྀ་ཝ་སརྦ་བྷཱ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཉིས་པ་ཐབས་ཤེས་སྦྱོར་སྒྲོལ་མཆོད་པ་ནི༔ ཧཱུྃ་ཧྲཱིཿ ཨེ་ཡིག་སྟོང་ཆེན་ཤེས་རབ་རིག་མའི་མཁར༔ ཝཾ་ལས་ཐབས་མཆོག་བདེ་བའི་རྡོ་རྗེ་ཡིས༔ མཉམ་སྦྱོར་དགའ་བཞིའི་དྲངས་པའི་ཐབས་ཤེས་རྫས༔ བདེ་ཆེན་བདེ་བའི་དཀྱིལ་འཁོར་ལྷ་ལ་འབུལ༔ སྡུག་བསྔལ་བདེ་བར་སྦྱོར་བའི་དངོས་གྲུབ་སྩོལ༔ ཆོས་ཉིད་སྟོང་པའི་བྲུབ་ཁུང་ཡངས་པ་རུ༔ ཆོས་ཅན་མཚན་འཛིན་ཀུན་རྟོག་དགྲ་བགེགས་བྲུབ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཕུར་པས་བསྒྲལ༔ ལོག་རྟོག་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་སྟ་ན་ག་ན་སརྦ་པཱུ་ཙ་ཧོ༔ གསུམ་པ་དོན་དམ་དེ་ཉིད་མཆོད་པ་ནི༔ ཧཱུྃ་ཧྲཱིཿ མཆོད་ཡུལ་ལྷ་ཚོགས་སྣང་སྟོང་སྒྱུ་མའི་གར༔ མཆོད་རྫས་ཡོ་བྱད་ཏིང་འཛིན་སྒྱུ་མའི་འཕྲུལ༔ མཆོད་བྱེད་རྣལ་འབྱོར་གློ་བུར་སྒྱུ་མའི་ངང་༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཆོས་སྐུའི་ཀློང་༔ སྨྲ་བསམ་བརྗོད་མེད་སྟོང་ཆེན་ཨེ་མ་ཧོ༔ མ་ཧཱ་དྷརྨ་དྷརྟུ་པཱུ་ཛ་ཨཱཿཧཱུྃ༔ བཅུ་གཅིག་བསྟོད་པ་ལའང་རྣམ་གྲངས་གཉིས་ལས༔ དང་པོ་སྐུ་གསུང་ཐུགས་ལ་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ ངོ་བོ་སྟོང་ཉིད་སྤྲོས་བྲལ་ཆོས་ཀྱི་སྐུ༔ རང་བཞིན་ལྷུན་གྲུབ་མཚན་དཔེ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་རྩོལ་བྲལ་ཞི་ཁྲོ་ཉམས་བརྒྱའི་འཕྲུལ༔ རྒྱལ་ཀུན་སྐུ་ཡི་ཡོན་ཏན་རྫོགས་ལ་བསྟོད༔ སྟོང་ཉིད་བརྗོད་བྲལ་ན་དཱའི་རང་གདངས་ལས༔ གདུལ་བྱའི་བློ་དང་འཚམས་པའི་ཐེག་གསུམ་ཆོས༔ དྲག་ཤུལ་རྔམས་པའི་གད་མོས་ས་གསུམ་འདུལ༔ བདེ་གཤེགས་གསུང་གི་ཡོན་ཏན་རྫོགས་ལ་བསྟོད༔ གདོད་ནས་སྟོང་ཆེན་ཆོས་དབྱིངས་ཡེ་ཤེས་རྩལ༔ དག་པ་སྐུ་ལྔའི་རང་གཟུགས་འགགས་མེད་འཆར༔ དམིགས་མེད་མཁྱེན་བརྩེ་ནུས་པའི་དཔལ་འབར་བ༔ རྣམ་ཀུན་ཐུགས་ཀྱི་ཡོན་ཏན་རྫོགས་ལ་བསྟོད༔ ཁམས་གསུམ་དབང་སྡུད་རྟ་མཆོག་ཧེ་རུ་ཀ༔ སྐུ་མདོག་དམར་ནག་བསྐལ་མེའི་གཟི་བརྗིད་འབར༔ དབུ་གསུམ་ཁམས་གསུམ་ས་དགུའི་གདུག་པ་འདུལ༔ བཅོ་བརྒྱད་སྟོང་ཉིད་ཕྱག་དང་ལྡན་ལ་བསྟོད༔ རྟ་དབུས་བདག་མེད་ཆོས་སྒྲས་ལོག་རྟོག་འདུལ༔ ཕྱག་མཚན་སྣ་ཚོགས་བྱང་ཆུབ་ཕྱོགས་ཆོས་མཚོན༔ ཞབས་བརྒྱད་ཚོགས་བརྒྱད་ལྷ་ཀླུའི་གདུག་པ་འདུལ༔ བརྡ་རྟགས་ཡོན་ཏན་མ་ལུས་རྫོགས་ལ་བསྟོད༔ ཤེས་རབ་ཆེན་པོས་མཚན་མའི་རྟོག་ཚོགས་འཇོམས༔ བདེ་ཆེན་དགའ་བཞིའི་ཡེ་ཤེས་ཡུམ་དང་སྦྱོར༔ པདྨ་གཟི་ལྡན་རྒྱལ་ཀུན་དབྱིངས་ནས་བསྐྱེད༔ དུར་ཁྲོད་ཆས་རྫོགས་འགྲོ་དྲུག་འདུལ་ལ་བསྟོད༔ གཉིས་པ་འཁོར་གྱི་ལྷ་ཚོགས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ རིགས་ཀྱི་བདག་པོ་ཀུན་བཟང་ཆོས་ཀྱི་སྐུ༔ མཚན་དཔེའི་ངོ་མཚར་པདྨ་རིགས་ཀྱི་གཙོ༔ འཆི་མེད་མཆོག་སྩོལ་སངས་རྒྱས་སྣང་མཐའ་ཡས༔ མཐོང་ཐོས་དྲན་རེག་སྒྲོལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ ཤར་ནས་མེ་ལོང་ཡེ་ཤེས་རང་རྩལ་ལས༔ དྲི་ཟའི་གདོན་འདུལ་རྡོ་རྗེ་ཧེ་རུ་ཀ༔ དབང་ཆེན་སྲས་མཆོག་ཞི་བའི་ཕྲིན་ལས་བདག༔ ཉོན་མོངས་ཉེས་པའི་སྐྱོན་ཚོགས་འཇོམས་ལ་བསྟོད༔ ཧཱུྃ་ཧྲཱིཿ ལྷོ་ནས་མཉམ་ཉིད་ཡེ་ཤེས་རང་རྩལ་ལས༔ གཤིན་རྗེའི་གདོན་འདུལ་རཏྣ་ཧེ་རུ་ཀ༔ དབང་ཆེན་སྲས་མཆོག་རྒྱས་པའི་ཕྲིན་ལས་བདག༔ ཚེ་དཔལ་ལོངས་སྤྱོད་སྤེལ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ ནུབ་ནས་སོར་རྟོག་ཡེ་ཤེས་རང་རྩལ་ལས༔ ཀླུ་བདུད་གདོན་འདུལ་པདྨ་ཧེ་རུ་ཀ༔ དབང་ཆེན་སྲས་མཆོག་དབང་གི་ཕྲིན་ལས་བདག༔ ཁམས་གསུམ་སྣང་སྲིད་དབང་དུ་སྡུད་ལ་བསྟོད༔ ཧཱུྃ་ཧྲཱིཿ བྱང་ནས་བྱ་གྲུབ་ཡེ་ཤེས་རང་རྩལ་ལས༔ གནོད་སྦྱིན་གདོན་འདུལ་ཀརྨ་ཧེ་རུ་ཀ༔ དབང་ཆེན་སྲས་མཆོག་དྲག་པོའི་ཕྲིན་ལས་བདག༔ ལོག་འདྲེན་བརླག་པར་མཛད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ བདེ་གཤེགས་སྐུ་གསུང་ཐུགས་ཡོན་ཕྲིན་ལས་འཕྲུལ༔ ཡང་དག་འཇམ་དཔལ་པདྨ་ཀཱི་ལ་ཡ༔ བླ་མེད་ཧེ་རུ་རིག་འཛིན་དྲེགས་པ་འདུལ༔ སྟོབས་ལྡན་སྒྲུབ་སྡེ་བརྒྱད་ཀྱི་ལྷ་ལ་བསྟོད༔ ཞི་རྒྱས་དབང་དྲག་ལས་བཞིའི་ཕྲིན་ལས་ཀྱི༔ ཐུན་མོང་གྲུབ་པ་བརྒྱད་སོགས་དངོས་གྲུབ་སྟེར༔ ལོག་འདྲེན་ཀུན་འདུལ་རྣལ་འབྱོར་སྒྲུབ་པོའི་མགོན༔ བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་ལ་བསྟོད༔ མདོར་ན་འགྲོ་བ་ཡོངས་ཀྱི་དཔལ་གྱུར་ཅིང་༔ གདུལ་བྱའི་བློ་བཞིན་ཕན་བདེའི་དངོས་གྲུབ་ཀུན༔ རང་བྱུང་རིག་པ་འདུ་འབྲལ་མེད་པའི་ལྷ༔ དཀྱིལ་འཁོར་ཡོངས་རྫོགས་བདག་གིས་བསྟོད་པར་བགྱི༔ བཅུ་གཉིས་ཛབ་དགོངས་ལའང་རྣམ་པ་བཞི༔ དང་པོ་བསྙེན་པ་བར་དུ་སྒྲུབ་པ་དང་༔ ཐ་མ་ལས་སྦྱོར་གཙོ་འཁོར་ཡོངས་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་བསྙེན་པའི་དམིགས་པ་འདི་ལྟ་སྟེ༔ ཧཱུྃ་ཧྲཱིཿ རང་ཉིད་དབང་ཆེན་རྒྱལ་པོའི་ཐུགས་ཀ་རུ༔ པདྨ་དམར་པོ་འདབ་སྟོང་རྒྱས་པའི་ཁར༔ ཉི་དཀྱིལ་སྟེང་དུ་རཱ་ག་ལས་གྲུབ་པའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཉི་ཟླ་ཡི༔ ག་འུ་ཁ་སྦྱོར་དབུས་སུ་ཡི་གེ་ཧྲཱིཿ དམར་གསལ་བྱུ་རུའི་མདངས་འདྲ་འོད་སྟོང་འབར༔ རྒྱལ་བ་མཆོད་ཅིང་བྱིན་རླབས་དངོས་གྲུབ་བསྡུས༔ རྩ་བའི་སྔགས་ལ་སེམས་བཟུང་སྔགས་འདི་བཟླ༔ ཧྲཱིཿ ཞེས་པ་འབྱུང་འཇུག་རྡོ་རྗེའི་བཟླས་པར་བྱ༔ དེ་མཐར་ཡིག་འབྲུ་བཅུ་དྲུག་གཡས་བསྐོར་ལས༔ འོད་ཟེར་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་དང་༔ བྱང་སེམས་ཉན་རང་སྒྲུབ་པའི་ལྷ་ཀླུ་ཡི༔ སྐུ་ཡི་བྱིན་རླབས་ཨོཾ་དཀར་རྣམ་པར་བསྡུས༔ གསུང་གི་བྱིན་རླབས་ཨཱཿདམར་རྣམ་པར་བསྡུས༔ ཐུགས་ཀྱི་བྱིན་རླབས་ཧཱུྃ་མཐིང་རྣམ་པར་བསྡུས༔ བདག་དང་སྔགས་ཕྲེང་རྣམས་ལ་ཐིམ་པ་ཡིས༔ བདེ་གཤེགས་རྒྱལ་བ་ཀུན་དང་དབྱེར་མེད་བསམ༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ རྩ་སྔགས་ཡིག་འབྲུ་བཅོ་ལྔ་འབྲུ་འབུམ་བཟླ༔ དེ་ནི་ལས་རུང་ཙམ་ཡིན་དུས་བསྙེན་ནི༔ སྙིགས་དུས་བཞི་འགྱུར་དུས་བསྙེན་ཟླ་བ་དྲུག༔ མཚན་མའི་བསྙེན་པ་གང་ཟག་དབང་རབ་ཀྱིས༔ ལྷ་ཡི་ཞལ་མཇལ་གསུང་ཐོས་དོན་དམ་པར༔ རང་དང་ལྷ་ཉིད་དབྱེར་མེད་རོ་གཅིག་ཏུ༔ རྟོགས་ན་ལྟ་བའི་ཐག་ཆོད་རྟགས་མཆོག་གོ༔ འབྲིང་ནི་ཉམས་སྣང་ལྷག་ལྷའི་ཞལ་མཇལ་དང་༔ ཡིག་འབྲུ་ཕྱག་མཚན་མཐོང་དང་མ་བསླབས་པའི༔ ཆོས་ཀྱི་ཚིག་དོན་ཤེས་ཤིང་སྡིག་ལས་ལྡོག༔ དགེ་ལ་སྤྲོ་ཞིང་ཐར་པའི་ལམ་མཆོག་ལས༔ ཕྱིར་མི་ལྡོག་པའི་ལྟས་བཟང་ཚེ་འདིར་འབྱུང༔ རྨི་ལམ་ཉི་མ་ཤར་དང་ཕྱག་མཚན་རྙེད༔ མཁའ་ལ་འཕུར་དང་བཙན་པོའི་རྫོང་བཟུང་དང་༔ ཤྭོ་དང་རྒྱན་ལ་བདག་ཉིད་རྒྱལ་བ་དང་༔ ཁྲོམ་བསྡུས་དབང་བསྐུར་གཞན་ལ་བདག་ཉིད་ཀྱི༔ ཆད་པ་གཅོད་སོགས་གདོན་ཐུལ་རྟགས་འབྱུང་བ༔ གང་ཟག་དབང་པོ་ཐ་མའི་ཚོགས་ཡིན་ནོ༔ སྤྱིར་ནི་བདེ་གཤེགས་ཀུན་གྱི་ཐུགས་བཅུད་བསྡུས༔ དབང་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་སྲོག་སྔགས༔ བསྙེན་པ་འབྲུ་འབུམ་གཅིག་གི་གྲངས་ཐེམས་པས༔ སྡིག་སྒྲིབ་བྱང་ཞིང་ལེགས་པའི་དཔལ་ཀུན་འདུ༔ གཉིས་ཀྱི་གྲངས་ཐེམས་གློ་བུར་ཚེ་འཕྲང་སེལ༔ གསུམ་ཀྱི་གྲངས་ཐེམས་གཞན་སྣང་ཕལ་ཆེར་གནོན༔ བཞི་ཡིས་ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན༔ ལྔ་ཡིས་མི་བསྲུན་ལྷ་འདྲེ་འདུལ་བར་ནུས༔ དྲུག་གིས་གཞན་ལ་དབང་བསྐུར་རྐྱེན་ལས་གྲོལ༔ བདུན་གྱིས་སྒོ་གསུམ་འགྱུར་མེད་རྡོ་རྗེའི་རྫོང་༔ བརྒྱད་ཀྱིས་མཆོག་གི་ལྷ་ལ་ངེས་པར་ཉེ༔ དེ་བས་གྲངས་མང་ཐེམས་ནས་ལེགས་བསྙེན་ནི༔ འཁོར་འདས་དབང་བསྒྱུར་ལྷ་དང་གཉིས་མེད་གྱུར༔ གཉིས་པ་སྒྲུབ་པའི་རྫས་དང་ཡོ་བྱད་དང་༔ ཡེ་ཤེས་སེམས་དཔའི་ཡན་ལག་མཆོད་རྫས་ཏེ༔ དམར་བྱང་སྙིང་པོའི་བཅུད་བསྡུས་ལས་བྱུང་སྟེ༔ དང་པོ་སྒྲུབ་རྫས་སྐུ་གསུང་ཐུགས་རྟེན་ལ༔ སྐུ་རྟེན་ལུགས་སུ་བླུགས་སམ་རིས་སུ་བྲིས༔ མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས༔ བགེགས་བསྐྲད་ཡེ་ཤེས་དབབ་ཅིང་བརྟན་པར་བྱས༔ ཤིས་པ་བརྗོད་ཅིང་དགའ་སྟོན་ལེགས་པར་བྱས༔ གསུང་རྟེན་གླེགས་བམ་ཡང་ན་རྒྱུད་ཉིད་ནི༔ གསང་བའི་ཡི་གེ་ཆག་ཚད་སོར་བརྒྱད་དོ༔ ཐུགས་རྟེན་ཕྱག་མཚན་བྲིས་འབུར་གང་རུང་དང་༔ དར་དམར་ངོས་ལ་རང་སྔགས་ཕྱག་མཚན་བྲིས༔ རབ་ཏུ་གནས་ཤིང་ལུས་ལ་བཅིངས་པའམ༔ ཡང་ན་སྒྲུབ་པའི་དཀྱིལ་འཁོར་དབུས་སུ་བཀོད༔ ཟངས་སམ་བསེ་སྡེར་སྣོད་དུ་འབྲུ་གཙང་མར༔ སུམ་བརྩེགས་གདན་ཁར་ཆོས་འབྱུང་བསྣོལ་མའི་དབུས༔ ཟླ་གམ་དེ་སྟེང་ཉི་ཟླ་དེ་ཡི་སྟེང་༔ དབང་གི་གཏོར་མ་ཟླ་གམ་དབྱིབས་སུ་བྱ༔ བང་རིམ་དང་པོར་རིགས་བཞི་ཡབ་ཡུམ་བརྒྱད༔ བར་མ་བཅུ་དྲུག་དེ་མཐར་སུམ་ཅུ་གཉིས༔ རིགས་བདག་བྱ་ཁྱུང་ཡུམ་གཏོར་སྒོ་སྐྱོང་བཞི༔ ཉི་ཟླ་ནོར་བུ་པདྨས་བརྒྱན་པའི་དབུས༔ ཕྱག་མཚན་ཡིག་འབྲུ་སྐུ་གཟུགས་གང་རུང་བྱ༔ བཀའ་སྲུང་སྡེ་བརྒྱད་གཏེར་སྲུང་ཙི་ཏྲ་ཡི༔ གཏོར་མ་རང་གཞུང་ཉིད་ལས་ཤེས་བྱ་ཞིང་༔ གཡས་སུ་སྨན་དང་གཡོན་དུ་རཀྟ་དམར༔ ཞི་དྲག་མཆོད་པ་མདུང་དར་ཁྲབ་རྨོག་གོ༔ ཡོལ་བ་བླ་བྲེ་མདའ་དར་ཕུར་པ་གྲི༔ འཕན་གདུགས་རྒྱལ་མཚན་འཕུར་མ་མུ་ཏིག་ཕྲེང་༔ རྒབ་དཀྲིས་ཚོགས་ཀྱི་ཡོ་བྱད་རྒྱས་པར་བཤམས༔ རང་ཉིད་དབང་ཆེན་རྒྱལ་པོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་འཕགས་པ་སྤྱན་རས་གཟིགས༔ སྐུ་མདོག་དམར་པོ་ཕྱག་གཡས་པད་ཕྲེང་བསྣམས༔ གཡོན་པས་ཚེ་བུམ་གསང་བ་ཡེ་ཤེས་ཡུམ༔ དམར་མོ་ཚེ་བུམ་མདའ་དར་ཡབ་ལ་འཁྱུད༔ ཐུགས་ཀར་པད་སྟེང་ཧྲཱིཿཡིག་མཐའ་མ་རུ༔ སྒྲུབ་སྔགས་ཡི་གེ་གཡས་སུ་འཁོར་བར་བསམ༔ ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་མ་ཎི་པདྨེ་བྷུདྡྷ་ཛྙཱ་ན་པདྨ་ཌཀྐི་ཏེ་ཛྭ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་འབུམ་ཕྲག་བཟླས་པས་རྟགས་མཐོང་འགྱུར༔ ལས་སྦྱོར་སྐབས་སུ་དང་པོ་འཁོར་རྣམས་ཀྱི༔ བསྙེན་པ་སོ་སོར་བཟླ་བ་འདི་བཞིན་ནོ༔ གཙོ་བོའི་ཐུགས་ལས་འོད་འཕྲོས་དབང་ཆེན་བཞིའི༔ ཐུགས་ཀའི་ས་བོན་ཧཱུྃ་ཡིག་དཀར་སེར་དམར༔ ལྗང་ཁུ་རྣམས་ལ་ཕོག་པས་རང་མདོག་གི༔ འོད་ཀྱིས་འཇིགས་བརྒྱད་ཞི་ཞིང་ཚེ་བསོད་རྒྱས༔ སྣང་སྲིད་དབང་འདུས་དགྲ་བགེགས་ཚར་བཅད་ནས༔ ལས་བཞིའི་ཕྲིན་ལས་མ་ལུས་འགྲུབ་པར་བསམ༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿརཏྣ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཔདྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿཀརྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊ༔ རིགས་བཞིའི་བསྙེན་གྲངས་ཁྲི་ཚོ་ལྔ་ཡིན་ནོ༔ དཔལ་ཆེན་ཡང་དག་ལ་སོགས་བརྒྱད་པོ་ཡི༔ ཐུགས་ཀར་ཉི་མའི་གདན་ལ་རང་མདོག་གི༔ ཧཱུྃ་མཐར་རང་སྔགས་གཡས་སུ་འཁོར་བ་ལས༔ འོད་འཕྲོས་ལོག་འདྲེན་མ་ལུས་ཚར་བཅད་ནས༔ འགྲོ་ཀུན་རྒྱུད་སྨིན་སྣང་སྲིད་མ་ལུས་པ༔ ཡེ་ཤེས་ལྷ་ཡི་དཀྱིལ་འཁོར་འཁོར་ལོར་གྱུར༔ བཀའ་བརྒྱད་གཙོ་བོའི་རང་སྔགས་རྣམས༔ སྨྲ་བ་བཅད་དེ་ཁྲི་གཅིག་བཟླ༔ གཞན་ཡང་གནས་ཡུལ་ཕྲ་མེན་སྒོ་སྲུང་གི༔ སྔགས་རྣམས་བཟླས་དམིགས་རིག་པས་འཕྲུལ་བར་བྱ༔ ཐུན་སྐབས་རྣམས་སུ་མཆོད་དང་བསྟོད་པ་དང་༔ གསང་བར་བྱ་ཞིང་སྨྲ་བཅད་བྱེད་པ་སོགས༔ གསང་བ་སྔགས་ཀྱི་དམ་ཚིག་ཡིན་པས་གཟབ༔ དེ་ནས་དམ་རྫས་རྟེན་གསུམ་གནས་གསུམ་ལ༔ ལེགས་པར་གཏུགས་ཏེ་དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱིཿ དགོངས་ཤིག་བདེ་གཤེགས་རིག་འཛིན་གྲུབ་པའི་ཚོགས༔ ཁྱད་པར་དབང་གི་རྒྱལ་པོ་རྟ་མཆོག་དཔལ༔ ཡབ་ཡུམ་སྲས་དང་སྒྲུབ་སྡེ་བཀའ་བརྒྱད་ལྷ༔ རྩ་གསུམ་ཡོངས་རྫོགས་བསྙེན་སྒྲུབ་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོའི་ནམ་ལངས་ནས༔ རྡོ་རྗེ་སྲིན་པོའི་ལྷ་ཚོགས་འགྲུབ་ལ་ཉེ༔ མ་རིག་མུན་སེལ་ཡེ་ཤེས་ཉི་མ་ཤར༔ དབང་ཆེན་རྒྱལ་པོའི་སྐུ་གསུང་ཐུགས་ཡོན་གྱི༔ དངོས་གྲུབ་དམ་པ་དེང་འདིར་བསྩལ་དུ་གསོལ༔ ཕྲིན་ལས་རྣམ་བཞིས་མཐའ་ཡས་འགྲོ་བ་རྣམས༔ རྣམ་མཁྱེན་ལྷག་པའི་ལྷ་ཡི་གོ་འཕང་མཆོག༔ དཀའ་བ་མེད་པར་སྒྲུབ་པའི་ནུས་མཐུ་ལྡན༔ དོན་གཉིས་ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར་འདི་བཞིན་བརྗོད་པར་བྱ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ས་མ་ཡཱ༔ ༈ རྗེས་ཀྱི་རིམ་པ་ལ་རིམ་པ་བཅུ་གསུམ་སྟེ༔ དང་པོ་ཤ་ཆང་བདུད་རྩི་ཐབས་ཤེས་རྫས༔ ཟན་བཤོས་ཁུར་བ་ཟླ་རྒྱས་ཟླ་ཕྲོམ་དང་༔ ཤ་མོང་ཤིང་ཏོག་སྔོ་ཡི་བྱེ་བྲག་རྣམས༔ གཅན་གཟན་པགས་པའི་སྟེང་དུ་ལེགས་པར་བཀྲམ༔ གཉིས་པ་བྱིན་གྱིས་བརླབས་པ་སྨན་རཀ་དང་༔ བསངས་ཆུས་བྲན་ཏེ་རང་ཉིད་ལྷར་གསལ་བའི༔ ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་གསུམ་གྱིས༔ མ་དག་དངོས་འཛིན་བསྲེགས་གཏོར་བཀྲུས་བསམས་ཏེ༔ རོལ་མོ་རྐང་གླིང་སྤོས་ཀྱི་དུད་པ་གཏོང་༔ ལྷ་སྔགས་ཏིང་འཛིན་ངང་ནས་འདི་སྐད་བརྗོད༔ ཧཱུྃ་ཧྲཱིཿ བདག་ཉིད་ལྷར་གསལ་ཐུགས་ལས་རཾ་འཕྲོས་པས༔ མ་དག་དངོས་འཛིན་བསྲེགས་ཤིང་ཡཾ་འཕྲོས་པས༔ ལོག་རྟོག་བག་ཆགས་གཏོར་ནས་ཁཾ་ཡིག་གིས༔ ལེགས་པར་བཀྲུས་ནས་ཚོགས་ཀྱི་ཡོ་བྱད་རྣམས༔ ཨོཾ་ཡིག་དཀར་པོས་སྣོད་རྣམས་རིན་པོ་ཆེ༔ ཨཱཿཡིག་དམར་པོས་བཅུད་རྣམས་འདོད་ཡོན་ལྔ༔ ཧཱུྃ་ཡིག་སྔོན་པོས་ཟག་མེད་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔གསུམ༔ ཨོཾ་ཨཱཿཧཱུྃ༔ གསུམ༔ གསུམ་པ་ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ འོག་མིན་བདེ་ཆེན་པདྨོ་བཀོད་པ་ནས༔ རིགས་ཀྱི་བདག་པོ་བཅོམ་ལྡན་འོད་དཔག་མེད༔ གང་འདུལ་གདོན་གཤེད་བྱ་ཁྱུང་ག་རུ་ཊ༔ འཁོར་འདས་དབང་བསྒྱུར་རྟ་མཆོག་ཧེ་རུ་ཀ༔ ཤེས་རབ་ཡུམ་མཆོག་པདྨ་གཟི་ལྡན་མ༔ དབང་ཆེན་རིགས་བཞི་སྒྲུབ་སྡེ་ཆེན་པོ་བརྒྱད༔ གནས་ཡུལ་མ་མོ་ཕྲ་མེན་སྒོ་སྐྱོང་བཞི༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀུན༔ འདོད་ཡོན་ཚོགས་ཀྱི་མཆོད་པ་བཞེས་སླད་དུ༔ ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཀྐི་ནི་དྷརྨ་པ་ལ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་སརྦ་ས་མ་ཡཱ་ཛ་ཛ༔ བཞི་བ་ཚོགས་ཕུད་རིམ་པ་གསུམ་བཅད་དེ༔ འབུལ་ཚིག་གསུམ་ལས་དང་པོ་ཚོགས་ཕུད་ནི༔ ཧཱུྃ་ཧྲཱིཿ ཚོགས་ཕུད་དང་པོ་འདོད་ཡོན་ལྷ་མོའི་ཚོགས༔ གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་སྤྲིན་གྱིས༔ དཀྱིལ་འཁོར་ལྷ་ཚོགས་དབང་པོའི་སྐྱོན་བྲལ་ཡང་༔ བདག་ཅག་ཚོགས་གཉིས་རྫོགས་ཕྱིར་འབུལ་བར་བགྱི༔ མ་ཧཱ་གྷ་ན་ཙཀྲ་པཱུ་ཙ་ཧོ༔ གཉིས་པ་ཚོགས་ཀྱི་རིམ་པ་དང་འབྲེལ་ཏེ༔ སྡིག་པ་བཤགས་ཚིག་དང་བཅས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ བདག་གི་ཚེ་རབས་ཐོག་མ་མེད་པ་ནས༔ ཇི་སྲིད་རྫོགས་བྱང་མངོན་དུ་མ་གྱུར་བར༔ ལས་ཉོན་བག་ཆགས་མི་དགེ་ཅི་བསགས་པ༔ ཐམས་ཅད་བྱང་ཞིང་དག་པར་མཛད་པ་དང་༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བའི་ཕྱིར༔ གྷ་ན་རྫས་ཀྱི་ལོངས་སྤྱོད་ལ་བརྟེན་ནས༔ མི་འཆབ་འགྱོད་པས་བྱང་ཞིང་དག་གྱུར་ཅིག༔ ཡི་གེ་བརྒྱ་པ་ཅི་ནུས་བཟླས་པའི་མཐར༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨཱ༔ གསུམ་པ་ཚོགས་ཀྱི་བཅད་ཁམ་ཐ་མ་ལ༔ ལོག་འདྲེན་དགྲ་བགེགས་འགུག་གཞུག་ལན་གསུམ་བྱ༔ ཧཱུྃ་ཧྲཱིཿ དགྲ་བགེགས་ལོག་འདྲེན་གདུག་ཅན་མ་ལུས་པ༔ དབང་ཆེན་རྟ་མཆོག་ཐུགས་རྗེའི་ལྕགས་ཀྱུས་བཀུག༔ བྱམས་པའི་ཞགས་པས་འཆིང་ཞིང་དགའ་བ་ཆེའི༔ ལྕགས་སྒྲོག་གིས་བསྡམས་བཏང་སྙོམས་དྲིལ་བུས་མྱོས༔ སྲས་མཆོག་རྡོ་རྗེ་གཞོན་ནུའི་དྲག་རྩལ་གྱིས༔ ཚེ་བསོད་རང་ལ་བསྡུས་ཤིང་རྣམ་ཤེས་སྤར༔ རྒྱལ་བའི་སྲས་གྱུར་བདག་ལྟ་སྙིགས་མའི་ལུས༔ བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབས༔ ཤ་ཁྲག་བདུད་རྩིའི་དཀྱིལ་འཁོར་ལྷ་ཚོགས་མཆོད༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧཱི་ཁ་ཧཱི༔ ལྔ་བ་རྡོ་རྗེ་སློབ་དཔོན་ལ༔ ཕྱག་རྒྱས་ཐབས་ཤེས་རྫས་མཆོག་བསྣོལ་མར་དྲངས༔ ཨེ་མ་ཧོ༔ ཕྱི་རོལ་སྣང་བའི་རྫས་ཀུན་སྟོང་པ་ཉིད༔ ནང་གི་འཛིན་རྟོག་རང་བྱུང་རིག་པའི་གཤིས༔ འདོད་ཡོན་མ་སྤང་གཙང་སྨེ་ཀུན་བྲལ་བས༔ ཐབས་ཤེས་རྫས་ལ་རོལ་ཅིག་རྡོ་རྗེ་འཛིན༔ ཞེས་ཕུལ་བླ་མས་བླངས་ཏེ་འདི་སྐད་གསུང༔ ཨ་ལ་ལ་ཧོ༔ འཁོར་འདས་བཟང་ངན་ཆོས་སྐུའི་ཀློང་མཉམ་ཡང་༔ ཐེག་པ་དམན་རྣམས་སྤང་བླང་འཆིང་བར་བཅིང་༔ ཐེག་མཆོག་རྡོ་རྗེ་སྙིང་པོའི་ལམ་གྱི་མཆོག༔ འདོད་ཡོན་མ་སྤངས་རང་གྲོལ་རྒྱན་དུ་བཞེས༔ དྲུག་པ་ཚོགས་ཀྱི་ལྷག་མ་ཀུན་བསྡུས་ནས༔ རྡོ་རྗེ་སློབ་དཔོན་ལྷ་ཡི་ཏིང་འཛིན་གྱིས༔ ཞལ་ཆབ་བྲན་ལ་ཨོཾ་ཨཱཿཧཱུྃ༔བརྗོད་དེ༔ ཟག་མེད་བདེ་ཆེན་བདུད་རྩིར་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ དབང་ཆེན་དཀྱིལ་འཁོར་ཚོགས་ཀྱི་ལྷག་སྡུད་མ༔ དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅུ་དྲུག་སོགས༔ དཀྱིལ་འཁོར་དབུས་ལ་མི་དབང་མཐའ་གྲལ་སྐྱོང་༔ ཞལ་ཟས་ཕུད་ལ་མི་དབང་ལྷག་མའི་བདག༔ རྣལ་འབྱོར་བདག་དང་མི་འབྲལ་གཡར་དམ་ཅན༔ སྣ་ཚོགས་དར་གྱི་གཡབ་མོས་ལེགས་མཚོན་ནས༔ འདིར་གཤེགས་གྷ་ན་ཙཀྲའི་ལྷག་མ་ལོངས༔ བདུད་རྩི་སྨན་དང་རཀྟའི་ཟིལ་དངར་གྱིས༔ འདའ་དཀའི་དམ་ཚིག་དགོངས་བཞིན་ལྷག་གཏོར་ལོངས༔ རྐང་གླིང་བཤུག་གླུ་དབྱངས་རོལ་གྱིས་བོས་བཞིན༔ འདིར་བྱོན་ལས་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུ་ཙིཥྚ་བྷ་ལིང་ཏ་ཁ་ཧཱི༔ བདུན་པ་ཐུགས་དམ་དབྱིངས་ནས་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ སྤྲོས་བྲལ་དབྱིངས་ན་བཞུགས་པའི་བདེ་གཤེགས་དང་༔ སར་གནས་བྱང་སེམས་རིག་འཛིན་གྲུབ་པའི་ཚོགས༔ ཁྱད་པར་པདྨ་དབང་ཆེན་སྒྲུབ་སྡེ་བརྒྱད༔ བསྐུལ་ལོ་དད་གུས་གདུང་བས་ཐུགས་དམ་བསྐུལ༔ དགོངས་ཤིག་གཟིགས་ཤིག་སྙིགས་མའི་འགྲོ་ལ་དགོངས༔ མཛོད་ཅིག་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ འགྱུར་མེད་སྐུ་ཡི་གཟི་བརྗིད་དཔའ་ཉམས་ཀྱིས༔ ལོག་འདྲེན་ཞིང་བཅུའི་ཕུང་ཁམས་རྨིང་མེད་རློགས༔ འགགས་མེད་དྲག་ཤུལ་རྔམས་པའི་གད་རྒྱངས་ཀྱིས༔ ལོག་སྨྲ་འཁྲུལ་བའི་ལས་རླུང་རྩད་ནས་ཆོད༔ བདག་མེད་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གྱིས༔ རྟག་ཆད་ལྟ་བའི་རི་བོ་རྩེ་ནས་སྙིལ༔ ཉམས་པ་བདུན་ལྡན་དགྲ་བགེགས་མ་ལུས་པའི༔ ལོག་སྤྱོད་སྡིག་པའི་འཁྲུལ་འཁོར་དབྱིངས་སུ་ཆོམ༔ བསྟན་ལ་སྡང་བའི་བདུད་སྡེའི་དཔུང་ཚོགས་རློགས༔ འགྲོ་རྣམས་སྡུག་བསྔལ་ལ་སྦྱོར་དམ་སྲིའི་རིགས༔ ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་དགྲ་བགེགས་ཕྱོགས་སུ་འཕངས༔ བརྒྱད་པ་ཆད་མདོ་བསྒྲག་ཕྱིར་གཏོར་མ་ལ༔ སྨན་རཀ་སྦྲན་ནས་འབྲུ་གསུམ་གཏོར་མ་བདུད་རྩིར་བསམ༔ ཧཱུྃ་ཧྲཱིཿ ཡེ་གཞི་འཁོར་འདས་གཉིས་མེད་ཐོག་མའི་དུས༔ ཡེ་གྲོལ་སྟོན་པ་རང་བྱུང་ཀུན་བཟང་གིས༔ ཡེ་བབས་རིག་རྩལ་ཕྲ་མོའི་འཁོར་རྣམས་ལ༔ ཡེ་གནས་བརྗོད་མེད་རྩོལ་བྲལ་ཆོས་བསྟན་ཚེ༔ ཆོས་ཀུན་དབྱིངས་གཅིག་རང་དམ་བཅས་པ་བཞིན༔ ལྷུན་རྫོགས་དབྱིངས་ཀྱི་གཏོར་མ་འདི་ལོངས་ལ༔ འཁྲུལ་མེད་ཀ་དག་ཀློང་གྲོལ་ཕྲིན་ལས་མཛོད༔ ཧཱུྃ༔ དེ་འོག་བདག་རྟོག་མ་ཊཾ་རཱུ་ཏྲ་ཡིས༔ བདག་མེད་བདག་བཟུང་ལས་སྤྱོད་ལོག་ཞུགས་མཐུས༔ འགྲོ་རྣམས་སྡུག་བསྔལ་ཤུགས་ཀྱིས་དྲག་གཟིར་ནས༔ མ་རུངས་རྒྱུ་འབྲས་ངན་འགྲོར་འཁྱམས་པའི་ཚེ༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བ་བཀའ་བགྲོས་ཤིང་༔ བྱམས་བརྩེའི་རང་གཟུགས་སྤྱན་རས་གཟིགས་དབང་དང་༔ འཇིགས་པ་བརྒྱད་སྐྱོབ་འཕགས་མ་སྒྲོལ་མ་ལ༔ གདུལ་དཀའི་ལས་ངན་ཐུལ་ཅེས་བཀའ་བགོས་ལྟར༔ ཁྲོ་རྒྱལ་ཁྲོས་པ་རྟ་མཆོག་རྒྱལ་པོ་དང༔ རྒྱལ་ཡུམ་ཁྲོས་མ་རྡོ་རྗེ་ཕག་མོ་ཡིས༔ རཱུ་ཏྲ་ཕོ་མོ་གནས་ནས་སྤར་བའི་ཚེ༔ གནས་ཡུལ་དུར་ཁྲོད་སྐྱོང་བའི་སྲུང་མ་ཡིས༔ སངས་རྒྱས་བསྟན་པ་སྲུང་ཞིང་སྤེལ་བ་དང་༔ ལོག་འདྲེན་བདུད་སྡེ་འདུལ་ཞིང་སྤ་བཀོང་ནས༔ འགྲོ་བའི་བདེ་སྐྱིད་སྤེལ་བར་དམ་བཅས་བཞིན༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་ཞིང་སྤེལ་བ་དང་༔ ལོག་འདྲེན་དགྲ་བགེགས་མ་ལུས་སྒྲོལ་བ་དང་༔ སྙིགས་མའི་རྒུད་པ་མཐའ་དག་མཐར་བསྐྲད་ནས༔ བདེ་སྐྱིད་ཕུན་སུམ་ཚོགས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་རྒྱལ་བའི་དབང་པོ་ཐུབ་དབང་གི༔ རྒྱལ་ཚབ་དམ་པ་པདྨ་ཐོད་ཕྲེང་དང་༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམ་བརྒྱད་ལ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེས༔ བཀའ་བརྒྱད་རྒྱུད་གཏད་སློབ་དཔོན་རྣམ་བརྒྱད་ཀྱིས༔ རྒྱུད་དོན་མན་ངག་ཟབ་གནད་ལ་བསྡེབ་ཚེ༔ སྒྲུབ་སྡེ་བརྒྱད་ཀྱི་བཀའ་སྲུང་ཐམས་ཅད་ཀྱིས༔ གསང་སྔགས་རྒྱུད་སྡེ་སྲུངས་ཤིང་སྤེལ་བ་དང་༔ བརྒྱུད་འཛིན་རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་༔ བསྟན་འགྲོའི་དགྲ་གདོན་རྡུལ་དུ་བརླག་གོ་ཞེས༔ ཇི་ལྟར་ཞལ་བཞེས་ཁས་བླངས་དམ་བཅས་བཞིན༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གསང་ཆེན་བསྟན་པ་དར་ཞིང་རྒྱས་པ་དང་༔ བསྟན་འཛིན་རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་༔ སྤྱི་དགོས་བསྟན་དགྲ་རྨིང་མེད་བརླག་པ་སོགས༔ ཅི་བཅོལ་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་གངས་ཅན་བོད་ཀྱི་ཡུལ་ལྗོངས་འཛིན༔ འཇམ་དཔལ་དངོས་སྤྲུལ་ལྷ་སྲས་ཁྲི་སྲོང་གིས༔ སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ༔ སྤྱན་དྲངས་སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་དུ༔ ཚངས་པའི་མེ་ཏོག་མཁར་ཆེན་མཚོ་རྒྱལ་དང་༔ རྒྱལ་བ་མཆོག་དབྱངས་ནམ་མཁའི་སྙིང་པོ་སོགས༔ བཀའ་བབས་མི་དགུ་སྨིན་གྲོལ་ལམ་བཀོད་ནས༔ རང་རང་ཡི་དམ་བསྙེན་ཅིང་སྒྲུབ་པའི་ཚེ༔ བཀའ་གཏེར་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ ཇི་ལྟར་ཞལ་བཞེས་དམ་ལས་མ་འདའ་བར༔ མཆོད་གཏོར་འདི་བཞེས་གང་བཅོལ་ཕྲིན་ལས་ཀུན༔ ཐོགས་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཅེས་བརྗོད་ཐ་ཚིག་གཏོར་མ་གཙང་སར་གཤེགས༔ དགུ་བ་བསྟན་གཏོར་སྨན་དང་རཀྟས་བྲན༔ ཧཱུྃ་ཧྲཱིཿ གངས་ཅན་བོད་འདིར་རྟག་ཆད་ལྟ་བ་ཡིས༔ རྒྱལ་བསྟན་དམོད་པའི་མུ་སྟེགས་གདུག་པ་ཅན༔ ནམ་ཡང་མི་གཏོང་སྲུང་བར་དམ་བཅས་པའི༔ རྡོ་རྗེ་འཆང་གི་བཀའ་ཉན་བསྟན་མའི་ཚོགས༔ འདི་གཤེགས་གཙང་ལྡན་བཤོས་བུ་འདི་ལོངས་ལ༔ ཡང་དག་འཆད་ཉན་རྒྱུན་གཅོད་དམ་སྲི་དང་༔ རྟག་ཆད་མཐའ་ལ་སྐལ་དམན་བློ་བསྒྱུར་བའི༔ བསྟན་དགྲ་མ་ལུས་རྩད་ནས་གཅོད་པ་དང་༔ དམ་ཆོས་སྒྲུབ་པའི་རྣལ་འབྱོར་འཁོར་བཅས་ལ༔ ཟས་ནོར་ལོངས་སྤྱོད་མཐུན་གྲོགས་འདུ་བ་སོགས༔ ལེགས་པའི་དཔལ་ཀུན་འགྲུབ་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་སྤོས་དང་འབྲུ་སྨན་ཆུ་གཙང་བཅས༔ གཙང་སར་གཤེགས་ཤིང་གང་བཅོལ་སྒྲུབ་པར་བསམ༔ བཅུ་པ་གཏོར་གཞོང་ཁ་སྦུབས་དམ་སྲི་འགུགས༔ ནམ་ཡང་ལྡང་བ་མེད་པར་རྒྱས་གདབ་བྱ༔ ཧཱུྃ་ཧྲཱིཿ ཡ་མ་བྱ་བའི་དམ་སྲི་འབྱུང་པོ་ཁྱོད༔ འགྲོ་བ་ཡོངས་ཀྱི་བདེ་སྐྱིད་མ་ལུས་ཕྲོག༔ བསྟན་འཛིན་སྐྱེས་བུའི་ཚེ་བསོད་དཔལ་ལ་སྡང་༔ རིགས་ལྡན་མི་ཡི་རྒྱུད་ཕྲོག་སྲི་ལ་རྐུ༔ དེ་ཕྱིར་གཏོར་གཞོང་རི་རབ་འོག་ཏུ་མནན༔ བྱང་ཆུབ་སེམས་མཆོག་དམ་པ་མ་སྐྱེས་བར༔ ནམ་ཡང་ལྡང་བ་མེད་པར་རྒྱས་གདབ་བོ༔ ཧཱུྃ་བཞིའི་སྔགས་མཐར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ་སྟྭཾ་བྷ་ཡ་ནན་ནན༔ བཅུ་གཅིག་པ་ལ་ནོངས་བཤགས་བསྡུ་རིམ་དང་༔ ལྷར་ལྡང་བ་དང་རྣམ་པ་གསུམ་ཡིན་ལ༔ དང་པོ་མཆོད་བསྟོད་ནོངས་པ་བཤགས་པ་ནི༔ ཧཱུྃ་ཧྲཱིཿ འཁྲུལ་བའི་དབང་གིས་ལྷར་སྣང་གཟུགས་སུ་གོལ༔ ལས་རླུང་གིས་གཡེང་གསང་སྔགས་འཆལ་བར་སོང་༔ བྱིང་རྒོད་རྟོག་པས་ཏིང་འཛིན་ཕྱལ་བར་བཏང་༔ ལྷག་པའི་ལྷ་དང་རྒྱང་རིང་འཁོར་བར་འཁྱམས༔ བདག་ལྟའི་དབང་གྱུར་མི་དགེ་ཅི་བསགས་པ༔ མཐོལ་ལོ་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ ཡི་གེ་བརྒྱ་བ་བརྗོད་ཅིང་འཁོར་འདས་ཆོས༔ རང་བཞིན་བྲལ་བ་སེམས་ཀྱི་གཤིས་སུ་བཞག༔ གཉིས་པ་ལྷར་སྣང་བསྡུ་རིམ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཀུན་རྫོབ་རྟོག་པས་བསྒོམས་པའི་བསྐྱེད་རིམ་ལྷ༔ དོན་དམ་སྟོང་ཉིད་སྤྲོས་བྲལ་ཀློང་ཡངས་སུ༔ འཁོར་རྣམས་གཙོ་བོ་སྟོབས་ལྡན་ཡབ་ཡུམ་ནས༔ རིམ་བཞིན་ཡང་དག་རིགས་བཞི་ཡབ་དང་ཡུམ༔ པདྨ་གཟི་ལྡན་དབང་ཆེན་ཡེ་ཤེས་སེམས༔ ཧཱུྃ་ཡིག་ཞབས་ཀྱུ་ཧ་ཁོག་ཐིག་ལེ་དང་༔ ཟླ་ཚེས་ན་དཱའི་བར་དུ་རིམ་གྱིས་ཡལ༔ དེ་ཡང་མི་དམིགས་སྟོང་ཆེན་དོན་དམ་ལྷ༔ གདོད་མའི་མགོན་པོའི་ཐུགས་ཀློང་ཨེ་མ་ཧོ༔ དར་ཅིག་མཉམ་བཞག་གསུམ་པ་ལྷར་ལྡང་ནི༔ ཧཱུྃ་ཧྲཱིཿ རྗེས་ཐོབ་སྒྱུ་མའི་དབང་ཆེན་ཧེ་རུ་ཀ༔ པདྨ་དུང་ཁྲག་འཛིན་པའི་གནས་གསུམ་དུ༔ ཡི་གེ་གསུམ་གྱིས་མཚན་པས་རྣམ་རྟོག་སྲུང་༔ རྡོ་རྗེའི་གོ་ཁྲབ་མི་ཤིགས་རཀྵ་ཧཾ༔ བཅུ་གཉིས་དགེ་རྩ་ཐར་ལམ་རྒྱུར་བསྔོ་ནི༔ ཧཱུྃ་ཧྲཱིཿ འདིས་བརྩོན་བསྐལ་པ་དཔག་ཏུ་མེད་པ་ནས༔ ད་ལྟའི་བར་དུ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྐུ་གསུང་ཐུགས་ཀྱི་རྟེན༔ བྲིས་བཀླགས་བསྙེན་བསྒྲུབ་བསྒོམས་པའི་དགེ་རྩ་ཀུན༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ པདྨ་དབང་ཆེན་ཡི་དམ་ལྷག་པའི་ལྷའི༔ གོ་འཕང་བདག་གཞན་འགྲོ་བ་མ་ལུས་པས༔ ད་ལྟ་ཉིད་དུ་འཐོབ་པར་བྱ་ཕྱིར་བསྔོ༔ བཅུ་གསུམ་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཕྱོགས་བཅུ་ཀུན་ཏུ་དགེ་ལེགས་རྒྱས་པར་བྱ༔ ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ནས་ཚད་མེད་ཐུགས་རྗེའི་མཐུས༔ གདུལ་བྱའི་དབང་གིས་དྲག་པོའི་སྐུར་སྤྲུལ་ནས༔ ཁམས་གསུམ་དབང་སྡུད་སྣང་སྲིད་ཟིལ་གྱིས་གནོན༔ བདུད་འདུལ་རྟ་མཆོག་རྒྱལ་པོའི་བཀྲ་ཤིས་ཤོག༔ འགྲོ་ཀུན་དུས་མིན་འཆི་བའི་འཇིགས་ལས་སྒྲོལ༔ དྲན་པ་ཙམ་གྱིས་བདེ་ཆེན་ཞིང་དུ་འདྲེན༔ གསུང་མཆོག་པདྨ་རིགས་ཀྱི་བདག་པོ་སྟེ༔ བཅོམ་ལྡན་སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ གཙོ་བོའི་སྐུ་གསུང་ཐུགས་ཀྱི་རྣམ་རོལ་ལས༔ དུག་ལྔའི་གདོན་གྱི་གཤེད་གྱུར་ཧེ་རུ་ཀ༔ ལས་བཞིའི་ཕྲིན་ལས་རབ་འབྱམས་མཛོད་འཆང་བ༔ དབང་ཆེན་དྲག་པོ་རིགས་བཞིའི་བཀྲ་ཤིས་ཤོག༔ རྒྱལ་ཀུན་ཡེ་ཤེས་འཁོར་ལོའི་སྒྱུ་འཕྲུལ་ལས༔ ཡང་དག་ཐུགས་དང་འཇམ་དཔལ་སྐུ་ཡི་ལྷ༔ པདྨ་གསུང་མཆོག་ཕྲིན་ལས་ཀུ་མཱ་ར༔ དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀྲ་ཤིས་ཤོག༔ མ་མོ་རྦོད་གཏོང་རིག་འཛིན་གཙོ་དང་འཁོར༔ འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་དང་༔ བཀའ་སྡོད་དམ་ཅན་དབང་གི་སྲུང་མའི་ཚོགས༔ སྒོ་སྐྱོང་སྤྲུལ་པར་བཅས་པའི་བཀྲ་ཤིས་ཤོག༔ འཁྲུལ་བའི་སེམས་ཅན་རྣམ་མཁྱེན་གཞི་ལ་གྲོལ༔ གང་སྣང་སྐུ་དང་ཞིང་ཁམས་སྒྱུ་འཕྲུལ་ལྷ༔ འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པའི་མཆོག༔ མི་ནུབ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་སྤྱོད་ལམ་དགེ་བས་དུས་འདའ་ཞིང་༔ གཞན་ཕན་ལྷག་བསམ་བློ་དང་མི་འབྲལ་བྱ༔ ས་མ་ཡཱ༔ རིགས་ཀུན་ཁྱབ་བདག་སྣང་བ་མཐའ་ཡས་ཀྱིས༔ རིགས་ཀྱི་སེམས་དཔའ་སེམས་མའི་ཚོགས་རྣམས་ལ༔ རིགས་ཀུན་འདུས་པའི་རྒྱུད་མཆོག་གསུངས་པ་ལས༔ རིགས་མཆོག་པདྨ་རྒྱལ་པོའི་ཕྲིན་སྒྲུབ་བླངས༔ མ་འོངས་སྐལ་ལྡན་སྤྱི་དང་ཁྱད་པར་དུ༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་ཌཀྐིའི་གཙོ༔ ངན་ལམ་རྒྱལ་མཆོག་དབྱངས་ལ་ལེགས་པར་གདམས༔ དྲན་ཤེས་བསླུ་མེད་དགོངས་པའི་སྒྲོམ་དུ་སྦོས༔ དུས་བབས་མཁའ་འགྲོས་བྱིན་བརླབས་སྐལ་ལྡན་གྱིས༔ ཟོལ་མེད་ཡི་གེའི་རིས་སུ་བབ་པའི་ཚེ༔ གཡར་དམ་ཅན་གྱི་སྲུང་མ་ཙི་ཏྲ་དམར༔ དབྱིངས་ཀྱི་སྔགས་སྲུང་མ་མོས་ཐུབ་པར་སྲུངས༔ གུ་ཧྱ༔

མཚམས་ལྷ་བསྐྱེད་མགོ་སྤྲུལ་གྱིས་མཛད་པ།

༄༅། དེ་ནས་མཚམས་ལྷ་བསྐྱེད་པ་ནི། ངག་ཏུ་ ཧྲཱིཿཧྲཱིཿཧྲཱིཿ ཞེས་བརྗོད་པས། སྐད་ཅིག་གིས་སྐྱེ་མེད་ཆོས་སྐུའི་མཁའ་ལ། འགགས་མེད་གཟུགས་སྐུའི་རྣམ་པར་སྣང་བ་ནི། བསྲུང་འཁོར་དུར་ཁྲོད་གཞལ་ཡས་ཁང་དང་བཅས་པའི་དབུས་སུ། པདྨ་ཉི་ཟླ་དྲེགས་པ་ཕོ་མོའི་གདན་ལ། རང་བྱུང་རིག་པའི་ངོ་བོ་ཧྲཱིཿཡིག་དམར་པོ་གསལ་བ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། དབང་ཆེན་ཧེ་རུ་ཀཿསྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར་བ། ཕྱག་གཡས་པདྨའི་གྲི་གུག་ནམ་མཁར་གདེངས་པ། གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། སྤྱན་གསུམ་མཆེ་གཙིགས་སྨ་ར་སྨིན་མ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཡོངས་སུ་རྫོགས་པ། ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། ཞབས་གཉིས་འགྱིང་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་ཡེ་ནས་བཞུགས་པ་དེ་ཉིད་ཡོངས་སུ་གསལ་བར་གྱུར་བར་བསམ་ལ། ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཅེས་བརྗོད། མགོ་སྤྲུལ་པས་སོ།།

ལྷ་གྲངས་ཡོངས་རྫོགས་སྔགས་བྱང་རྒྱ་ལྷས་མཛད་པ།

༄༅། དེ་ནས་ལྷ་སྔགས་ཡོངས་རྫོགས་ལས། དང་པོ་ཡེ་ཤེས་ཁྱུང་གི་སྔགས། ཨོཾ་ཁྲཱོྃ་ག་རུ་ཎ་ཧཱུྃ་ཕཊ༔ རིགས་བདག་སྣང་མཐའི་བསྙེན་སྔགས་ནི། ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཧཱུྃ༔ ༧ བཀའ་བརྒྱད་སོ་སོའི་རང་སྔགས་ནི། ཡང་དག་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ འཇམ་དཔལ་གཤིན་རྗེ་ལ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ པདྨ་དབང་ཆེན་ལ། ཨོཾ་པདྨ་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ༔ ཕུར་པ་ལ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ཕཊ༔ བླ་མེད་ལ། ཨོཾ་གུ་ཡ་ཛྙཱ་ན་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊ༔ རིག་འཛིན་ལ། ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ༔ དྲེགས་འདུལ་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ དྲག་སྔགས་ལ། ཨོཾ་བཛྲ་སརྦ་དུཥྚན་ཧཱུྃ་ཕཊ༔ བཀའ་སྲུང་ལ། ཨོཾ་དྷརྨ་པཱ་ལ་ཝ་དྷུ་ཏེ་སརྦ་ཧཱུྃ་ཕཊ༔ ཀོའུ་རི་བརྒྱད་ལ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ སེང་ཧ་མ་བརྒྱད་ལ། ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ༔ སྒོ་སྐྱོང་མ་བཞི་ལ། ཛ༔ཧཱུྃ་བཾ་ཧོ༔ ཞེས་སོགས་སོ་སོར་ཁྲི་ལྔ་དང་། གསུམ་གཅིག་སྟོང་རྩ་རེ་བཞིན་བཟླ། །ལྷ་གྲངས་ཡོངས་རྫོགས་སྔགས་བྱང་འདི། །འགྱུར་མེད་བློ་གྲོས་མཐའ་ཡས་བྲིས།

མདུན་བསྐྱེད་དང་བསྐུལ་བ་མགོ་སྤྲུལ་གྱིས་མཛད་པ།

༄༅། མདུན་བསྐྱེད་ལ་དམིགས་ནས། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་བསྲུང་བའི་འཁོར་ལོ་རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པར་གྲུབ་པའི་དབུས་སུ་ཨེ་ལས་ནམ་མཁའ་མཐིང་གསལ་མཐའ་དབུས་བྲལ་བའི་ཀློང་དུ། ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་ནག་གཞུའི་དབྱིབས་ཅན། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྣམས་མས་ནས་རིམ་པར་བརྩེགས་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། དེའི་སྟེང་དུ་རཾ་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲིགས་པ། སུཾ་ལས་ཤ་ཆེན་གྱི་ཕུང་པོ་བརྡལ་བ། ཀེཾ་ལས་རུས་པའི་རུས་པའི་རི་རབ་དང་བཅས་པའི་སྟེང་དུ། བྷྲུཾ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་ཡས་ཁང་ཆེན་པོ་ཕྱི་རིན་པོ་ཆེ་སྣ་ལྔའི་རྩིག་པ་ལ། ནང་ཐོད་པ་ཚར་གསུམ་གྱི་མཁར་དུ་ཡོད་པ། གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་བཞི་དང་ལྡན་པ། པདྨ་ཆོས་འཁོར་གདུགས་རི་དྭགས་ཞིང་གི་རྒྱལ་མཚན། ཙིཏྟའི་ཏོག་དང་བཅས་པ། ལྷ་བརྒྱད་ཀྱི་ཀ་བ། ཀླུ་བརྒྱད་གདུང་མ། རྒྱུ་སྐར་གྱི་དྲལ་ཕྱམ། དུར་ཁྲོད་བརྒྱད་ཀྱི་ཁོར་ཡུག པདྨའི་ར་བ། རྡོ་རྗེ་དང་མེ་དཔུང་གི་གུར་ཁང་སོགས་འཇིགས་སུ་རུང་བའི་རྒྱན་དང་ཆས་ཐམས་ཅད་ཀྱིས་བརྒྱན་པ། དེའི་དབུས་སུ་ཆོས་འབྱུང་ཟླ་གམ་དམར་པོས་མཚན་པ་ལ་ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད་གཡས་དང་གཡོན་དུ་བསྣོལ་བའི་ཁར། སེང་གེ་གླང་ཆེན་ཆུ་སྲིན་མ་ཧེ་སྟག་གཟིག་དོམ་དང་སྦྲུལ་གདུག་རྣམས་ཀྱིས་བཏེགས་པའི་ཁྲིར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ། ལྷ་ཆེན་ཁ་བུབ་དང་། ཨུ་མ་གན་རྐྱལ་དུ་བསྒྱེལ་བའི་སྟེང་དུ་ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། དཔལ་ཆེན་པོ་ཆེ་མཆོག་པདྨ་དབང་ཆེན་ཧེ་རུ་ཀ་སྐུ་མདོག་དམར་པོ་བསྐལ་པའི་མེ་ལྟར་འབར་བ། ཞལ་དགུའི་རྩ་བའི་ཞལ་གསུམ་དམར་པོ་ཆགས་པའི་ཉམས་དང་ལྡན་པ། གཡས་ཀྱི་ཞལ་གསུམ་དཀར་པོ་འཛུམ་ཞིང་བཞད་པ། གཡོན་གྱི་ཞལ་གསུམ་ལྗང་གུ་ཆེས་ཆེར་ཁྲོས་པ། ཞལ་རེ་རེ་ལ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཕྱག་བཅོ་བརྒྱད་ཀྱི་རྩ་བའི་ཕྱག་གཉིས་ཀྱིས་པདྨ་དང་དུང་ཁྲག་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་བརྒྱད་ཀྱིས་རྡོ་རྗེ། གྲི་གུག རལ་གྲི། མེ་དཔུང་། ཟླ་བ། ཐོད་དབྱུག ཁ་ཊཱཾ་ཀ ལྕགས་ཀྱུ་རྣམས་འཛིན་པ། གཡོན་བརྒྱད་ཀྱིས་དྲིལ་བུ། ཐོད་རྔ། ཨུཏྤ་ལའི་ཕྲེང་བ། ཉི་མ། བདུད་ཀྱི་ཙིཏྟ། ཞགས་པ། ལྕགས་སྒྲོག གནམ་ལྕགས་ཀྱི་སྡིག་པ་རྣམས་འཛིན་པ། སྤྱིགཙུག་ཏུ་རྟ་དབུ་དཀར་སེར་དམར་ལྗང་གསུམ་རྟ་སྐད་དྲག་པོ་ལྷང་ལྷང་འཚེར་བ། ཞབས་བརྒྱད་ཀྱི་གཡས་བསྐུམ་ཞིང་གཡོན་བརྐྱངས་པས་དྲེགས་པ་མ་ལུས་བརྫིས་པ། ཐོད་སྐམ་གྱི་དབུ་རྒྱན། རློན་པའི་དོ་ཤལ། སྟག་ལྤགས་ཀྱི་ཤམ་ཐབས། མི་ལྤགས་ཀྱི་གཡང་གཞི། གླང་ཆེན་གྱི་གོ་རློན། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་དང་། སྒེག་པ་ལ་སོགས་པའི་གར་དགུ་དང་། རྡོ་རྗེའི་གཤོག་པ་ལ་སོགས་པའི་དཔལ་གྱི་ཆས་བཅུས་བརྒྱན་པ། དེའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མ་པདྨ་གཟི་ལྡན་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་དྲག་མོ་ཆེན་མོ། དབུ་སྐྲ་ཁམ་ནག་ཕྱལ་བ། ཕྱག་གཡས་ཐོད་ཁྲག་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཙིཏྟ་ཡབ་ལ་སྟོབས་པ། ཞབས་གཉིས་གཡས་བརྐྱང་ཞིང་གཡོན་བསྐུམ་པས་ཡབ་དང་མཉམ་པར་སྦྱོར་བ། ཁྲོ་མོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། ཡབ་ཡུམ་གཉིས་ཀའང་བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པ། ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་འཇིག་རྟེན་གསུམ་པོས་བལྟ་བར་ཡང་མི་བཟོད་པའི་སྐུ་ཅན་དུ་གྱུར། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཞིའི་མདུན་གྱི་རྩིབས་ལ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཡོངས་སུ་གྱུར་པ་ལས། པདྨ་ཉི་མ་དྲི་ཟ་ཕོ་མོ་བསྣོལ་བའི་གདན་ལ་རྡོ་རྗེ་དབང་ཆེན་དཀར་པོ། དཀར་དམར་ལྗང་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་གྲི་གུག་དང་ཐོད་རྔ་། གཡོན་གཉིས་དུང་ཁྲག་དང་པདྨའི་ཕྲེང་བ་འཛིན་པ། ཡུམ་བཛྲ་ཀྲོ་ཏི་སྔོ་སྐྱ་གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་སྟོབས་པ། ཡབ་ཀྱི་སྤྱི་གཙུག་ན་རྟ་མགོ་དཀར་པོ་འཚེར་སྐད་སྒྲོགས་པས་དགའ་བྲོད་ལྷའི་བུའི་བདུད་ཚོགས་འཇོམས་པར་མཛད་པའོ། ། གཡས་ཀྱི་རྩིབས་ལ། ཨོཾ་ཧྲཱིཿརཏྣ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཡོངས་སུ་གྱུར་པ་ལས། པདྨ་ཉི་མ་གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་ལ་རིན་ཆེན་དབང་ཆེན་སེར་པོ། སེར་དམར་དཀར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་གཏེར་བུམ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་གྲི་གུག་དང་རལ་གྲི། གཡོན་གཉིས་དུང་ཁྲག་དང་པདྨའི་ཕྲེང་བ་འཛིན་པ། ཡུམ་རཏྣ་ཀྲོ་ཏི་སྔོ་སྐྱ་གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་སྟོབས་པ། ཡབ་ཀྱི་སྤྱི་གཙུག་ན་རྟ་མགོ་སེར་པོ་འཚེར་སྐད་སྒྲོགས་པས་ཐོགས་བཅས་ཕུང་པོའི་བདུད་ཚོགས་འཇོམས་པར་མཛད་པའོ། །རྒྱབ་ཀྱི་རྩིབས་ལ། ཨོཾ་ཧྲཱིཿཔདྨ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཡོངས་སུ་གྱུར་པ་ལས། པདྨ་ཉི་མ་ཀླུ་དབང་ཕོ་མོ་བསྣོལ་བའི་གདན་ལ་པདྨ་དབང་ཆེན་དམར་པོ། དམར་དཀར་སྔོ་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་པདྨའི་བེ་ཅོན་དང་དབང་གི་ཞགས་པ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་མེ་དཔུང་དང་རྩེ་གསུམ། གཡོན་གཉིས་དུང་ཁྲག་དང་པདྨའི་ཕྲེང་བ་འཛིན་པ། ཡུམ་པདྨ་ཀྲོ་ཏི་སྔོ་སྐྱ་གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་སྟོབས་པ། ཡབ་ཀྱི་སྤྱི་གཙུག་ན་རྟ་མགོ་དམར་པོ་འཚེར་སྐད་སྒྲོགས་པས་ཐོགས་མེད་ཉོན་མོངས་པའི་བདུད་ཚོགས་འཇོམས་པར་མཛད་པའོ། །གཡོན་གྱི་རྩིབས་ལ། ཨོཾ་ཧྲཱིཿཀརྨ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཡོངས་སུ་གྱུར་པ་ལས། པདྨ་ཉི་མ་གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་ལ་ལས་ཀྱི་དབང་ཆེན་ལྗང་གུ། ལྗང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་པོ་གཉིས་ཀྱིས་རལ་གྲི་དང་ཙིཏྟ་འཛིན་པས་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རྒྱ་གྲམ་དང་ཕུར་བུ། གཡོན་གཉིས་ཞིང་དབྱུག་དང་པདྨའི་ཕྲེང་བ་འཛིན་པ། ཡུམ་ཀརྨ་ཀྲོ་ཏི་སྔོ་སྐྱ་གཡས་པས་གྲི་གུག་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པས་ཐོད་ཁྲག་སྟོབས་པ། ཡབ་ཀྱི་སྤྱི་གཙུག་ན་རྟ་མགོ་ལྗང་གུ་འཚེར་སྐད་སྒྲོགས་པས་སྙེམས་བྱེད་འཆི་བདག་གི་བདུད་ཚོགས་འཇོམས་པར་མཛད་པའོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ཀྱི། ཤར་གྱི་རྩིབས་སྟེང་དུ་ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་རུ་ཀ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿཡོངས་སུ་གྱུར་པ་ལས། པད་ཉི་རུ་ཏྲའི་གདན་ལ། ཡང་དག་དབང་ཆེན་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དུང་ཁྲག་ཅན། ཡུམ་བཛྲ་ཀྲོ་ཏི་སྔོ་སྐྱ་དང་མཉམ་པར་རོལ་བ། རྡོ་རྗེའི་རིགས་ཀུན་འདུས་པའི་ངོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། ལྷོ་ཡི་རྩིབས་ལ། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་ཆུ་གླང་བསྣོལ་བའི་གདན་ལ། གཤིན་རྗེ་དབང་ཆེན་སེར་ནག་བེ་ཅོན་དང་འཁོར་ལོ་འཛིན་པ། ཡུམ་རོ་ལང་ནག་མོ་དང་མཉམ་པར་རོལ་བ། རིན་ཆེན་རིགས་ཀུན་འདུས་པའི་ངོ་བོ་རང་སྣང་གི་འཁོར་ཚོགས་དང་བཅས་པ། ནུབ་ཀྱི་རྩིབས་ལ། ཨོཾ་ཧྲཱིཿཔདྨན་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་ཀླུ་དབང་ཕོ་མོའི་གདན་ལ། རྟ་མགྲིན་དབང་ཆེན་དམར་པོ་པདྨ་དང་ཁ་ཊཱཾ་ཀ་བསྣམས་པ། ཡུམ་པདྨ་གཟི་ལྡན་དམར་སྐྱ་དང་མཉམ་པར་རོལ་བ། པདྨའི་རིགས་ཀུན་འདུས་པའི་ངོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། བྱང་གི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྣཾ་བཾ་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་ལྷ་ཆེན་ཕོ་མོའི་གདན་ལ། ཕྲིན་ལས་དབང་ཆེན་རྡོ་རྗེ་གཞོན་ནུ་ལྗང་ནག་ཕུར་བུ་འདྲིལ་བ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་རོལ་བ། ལས་ཀྱི་རིགས་ཀུན་འདུས་་པའི་ངོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། ཤར་ལྷོའི་རྩིབས་ལ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲི་ཧེ་རུ་ཀ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་མ་མོ་བསྣོལ་བའི་གདན་ལ། བླ་མེད་དབང་ཆེན་བྱ་ཁྱུང་དང་ཞིང་དབྱུག་བསྣམས་པ། ཡུམ་ཆེན་ཉིད་ཞི་མུ་ཁ་ལེ་སྔོ་སྐྱ་དང་མཉམ་པར་རོལ་བ། མ་མོ་རྦོད་གཏོང་གི་རིགས་ཀུན་འདུས་པའི་ངོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། ལྷོ་ནུབ་ཀྱི་རྩིབས་ལ། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་བིདྱ་དྷ་ར་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་དར་ཟབ་བརྩེགས་པའི་གདན་ལ། རིག་འཛིན་དབང་ཆེན་རྡོ་རྗེ་ཆོས་དཀར་དམར་རྡོར་དྲིལ་འཛིན་པ། ཡུམ་མནྡྷ་ར་བ་དཀར་མོ་དང་མཉམ་པར་རོལ་བ། རིག་འཛིན་རྒྱ་མཚོ་འདུས་པའི་ངོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། ནུབ་བྱང་གི་རྩིབས་ལ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་གདན་ལ། མཆོད་བསྟོད་དབང་ཆེན་དྲེགས་པ་ཀུན་འདུལ་སྨུག་ནག་ཕྱག་གཉིས་ལྷ་ཀླུའི་མགོ་ཕྲེང་བསྣམས་པ། ཡུམ་ཁམས་གསུམ་སྤྱི་འདུལ་དམར་སྐྱ་དང་མཉམ་པར་རོལ་བ། མཆོད་བསྟོད་ལྷ་ཚོགས་འདུས་པའི་ངོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། བྱང་ཤར་གྱི་རྩིབས་ལ། ཨོཾ་བཛྲ་མནྟྲ་ཀྲོ་དྷ་ཀ་སརྦ་དུཥྚན་ཧཱུྃ་ཕཊ༔ ཡོངས་སུ་གྱུར་པ་ལས། པད་ཉི་དགྲ་བགེགས་བསྣོལ་བའི་གདན་ལ། དྲག་སྔགས་དབང་ཆེན་སྟོབས་ལྡན་ནག་པོ་སྙིང་ཕྲེང་དང་ཐོད་ཁྲག་བསྣམས་པ། ཡུམ་འབྱུང་ལྔའི་བདག་མོ་སྔོན་མོ་དང་མཉམ་པར་རོལ་བ། དྲེགས་ཚོགས་ཡོངས་ཀྱི་གཙོ་བོ་རང་འོད་ཀྱི་འཁོར་ཚོགས་དང་བཅས་པ། རྡོ་རྗེ་དབང་ཆེན་ལ་སོགས་པའི་ཁྲོ་བོ་དེ་རྣམས་ཐམས་ཅད་ཀྱང་གར་དགུའི་ཉམས་དང་ལྡན་ཞིང་། དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ་མེ་དཔུང་འབར་བའི་ཀློང་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པའོ། །ཡུམ་རྣམས་ཀྱང་པདྨའི་ཕྲེང་བ་དང་རུས་རྒྱན་གཟིག་ཤམ་ལ་སོགས་ཁྲོ་མོའི་ཆས་ཀྱིས་བརྒྱན་ཞིང་གཡོན་བསྐུམ་པས་ཐབས་ལ་འཁྲིལ་བ། ཡབ་ཡུམ་གཉིས་ཀའང་སྣང་སྟོང་གཉིས་སུ་མེད་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་སྟོང་ཆེན་རྣམ་པ་ཀུན་ལྡན་ཟུང་དུ་འཇུག་པའི་བདག་ཉིད་ཅན་ནོ། །དེའི་ཕྱི་རོལ་དུ་གནས་ཀྱི་མ་མོ་བརྒྱད་དང་། ཡུལ་གྱི་ཕྲ་མེན་བརྒྱད་དང་། ལས་བཞིའི་ཕྲིན་ལས་སྒྲུབ་པའི་སྒོ་མ་ཆེན་མོ་བཞི་ལ་སོགས་པ་དབང་ཆེན་བཀའ་བརྒྱད་ཀྱི་ལྷ་ཚོགས་བདུན་བརྒྱ་དང་ཉེར་ལྔ། གཞན་ཡང་རྩ་བ་གསུམ་གྱི་ལྷ་ཚོགས་དམ་ཅན་རྒྱ་མཚོ་སྤྲུལ་པ་དང་ཡང་སྤྲུལ་གྱི་ཚོགས་དང་བཅས་པ་ཏིལ་གྱི་གོང་བུ་ཁ་ཕྱེས་པ་ལྟར་བཞུགས་པའོ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ༔དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དཔལ་ཆེན་པོ་པདྨ་དབང་ཆེན་སྒྲུབ་སྡེ་དགུའི་ལྷ་ཚོགས་ཀྱི་རྣམ་པར་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་བདག་མདུན་གྱི་ལྷ་ཚོགས་རྣམས་ལ་གཉིས་མེད་དུ་ཐིམ་པར་གྱུར་བར་བསམ་ལ། སྤྱན་འདྲེན་ནས་བཟུང་ཛཔ་བསྙེན་བར་དཀྱུས་བཞིན་བྱ། བཟླས་པ་ལོང་སྐབས་དང་སྦྱར་བས་རྒྱས་བསྡུས་ཅི་རིགས་གཞུང་དང་མན་ངག་གིས་བརྒྱན་པའི་དམིགས་པའི་འཕྲོ་འདུ་བཅས་བྱ་ཞིང་། དེ་ནས་མདུན་བསྐྱེད་ཀྱི་བཟླས་དམིགས་ནི། རང་ཉིད་དཔལ་ཆེན་གསལ་བའི་ཐུགས་ཀ་ཡི། །ཧྲཱིཿལས་འོད་འཕྲོས་མདུན་བསྐྱེད་ལྷ་ཚོགས་ཀྱི། །ཐུགས་ཀར་ཕོག་ནས་རྒྱུད་བསྐུལ་འོད་འཕྲོས་པས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད་པས་མཉེས། །ཀུན་ཀྱང་དབང་ཆེན་ཁྲོ་བོའི་རྣམ་པར་བཞེངས། །འོད་ཟེར་མར་འཕྲོས་འགྲོ་དྲུག་ཀུན་ལ་ཕོག །ལས་ཉོན་སྡིག་ལྟུང་བག་ཆགས་ཀུན་བྱང་ནས། །རྟ་མཆོག་རོལ་བའི་གོ་འཕང་མཆོག་ལ་བཀོད། །ཁྱད་པར་འོད་ཟེར་མེ་མཚོན་འབར་བ་འཕྲོས། །གཟུགས་ཅན་དགྲ་དང་གཟུགས་མེད་གནོད་བྱེད་བགེགས། །བར་གཅོད་དམ་སྲི་བྱད་མ་རྦོད་གཏོང་སོགས། །སྦུར་མ་ཞུགས་དང་འཕྲད་བཞིན་བརླག་ནས་ཀྱང་། །རྣམ་ཤེས་གཟི་ལྡན་ཡུམ་གྱི་མཁའ་ལ་སྤར། །སྒྲིབ་ཚོགས་ཀུན་དག་རྒྱལ་བའི་སྲས་སུ་བསྐྱེད། །ལྷ་སྔགས་ཡེ་ཤེས་ཆེན་པོའི་རོལ་བར་གྱུར། །ཞེས་ཡང་ཡང་གསལ་བཏབ་ལ། ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཨོཾ་ཧྲཱིཿརཏྣ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཨོཾ་ཧྲཱིཿཔདྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཨོཾ་ཧྲཱིཿཀརྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊཿ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་རུ་ཀ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊཿ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ༔ ཨོཾ་ཧྲཱི༔པདྨན་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིགྣཾ་བཾ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲི་ཧེ་རུ་ཀ་མ་མ་ཡོ་གི་ནི་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་བིདྱ་དྷ་ར་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུྃ་ཕཊ༔ ཨོཾ་བཛྲ་མནྟྲ་ཀྲོ་དྷ་ཀ་སརྦ་དུཥྚན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨཥྚ་ཊཱཀྐི་ནི་ཡེ་ཧཱུྃ་ཕཊ༔ ཨོྃ་བཛྲ་ཨཥྚ་མུ་ཁ་ཡེ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཨང་ཀུ་ཤ་ཛ༔ ཨོཾ་བཛྲ་པ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གྷནྚེ་ཧོ༔ ཨོཾ་དྷརྨ་པཱ་ལ་ཝ་དྷུ་ཏེ་སརྦ་ཧཱུྃ་ཕཊ༔ ཅེས་པ་རྣམས་ཅི་ནུས་སུ་བཟླའོ། །དེ་ནས་བཟློག་པའི་དམིགས་པ་ནི། རང་ཉིད་དབང་ཆེན་གསལ་བའི་ཐུགས་ཀ་ཡི། །ཧྲཱིཿལས་འོད་འཕྲོས་མདུན་བསྐྱེད་ལྷ་ཚོགས་ཀྱི། །ཐུགས་ཀར་ཕོག་ནས་རྒྱུད་བསྐུལ་བ་སྤུ་ཡི། །བུ་ག་ཀུན་ནས་ཁྲོ་ཆུང་ཉི་ཟེར་གྱི། །རྡུལ་ལྟར་འཕྲོས་པས་བདག་ཅག་འཁོར་བཅས་ལ། །གནོད་བྱེད་ཕ་རོལ་རྦོད་གཏོང་མཁན་པོ་དང་། །དུག་མཚོན་གཡུལ་སོགས་བསམ་སྦྱོར་ངན་བརྩོམ་པའི། །གཟུགས་ཅན་དགྲ་དང་རྦད་འདྲེ་ལྷ་མ་སྲིན། །སྡེ་བརྒྱད་འབྱུང་པོ་སྤྱི་དང་བྱེ་བྲག་སོགས། །ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གཏོང་། །བསམ་པར་བར་གཅོད་ཆགས་ཆེ་ཉམ་ང་གཡོ། །མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས་བརྩོམ་པའི། །གཟུགས་མེད་བགེགས་རྣམས་ཐལ་བའི་རྡུལ་བཞིན་རློགས། །རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་རྣམས། །དམིགས་རྟེན་གཟུགས་ཀྱི་ཉ་བོ་འདི་ཉིད་ལ། །རང་དབང་མེད་པར་བཀུག་ནས་ཐིམ་པར་གྱུར། །ཨཱོཾ་མ་ཧཱ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་བན་བོན་སྔགས་པས་བཏང་བའི་མཐུ་བྱད་རྦད་འདྲེ་དང་། སྡེ་བརྒྱད་འབྱུང་པོའི་གནོད་པ་ཐམས་ཅད་ཨ་པ་ན་ཡ་བཟློག་བྷྱོ༔ ཞེས་དམིགས་པ་དང་བཅས་ཅི་ནུས་སུ་བཟླས་མཐར་ཐུན་རྫས་ལ་ཕུས་བཏབ་སྟེ་བཟློག་གཏོར་ལ་བྲབ་ཅིང་བསྐུལ། ཞེས་བཟློག་གཏོར་གྱི་བཟླས་དམིགས་འདི་རྟ་མགྲིན་ཡང་གསང་དང་ཁམ་གསུམ་ཟིལ་གནོན་གྱི་སྨད་ལས་ནས་སོ། །སྤྲོ་ཞིང་ཡོད་ན་ཟོར་རྫས་རྣམས་ལ་དམིགས་ཏེ། རང་ཉིད་དབང་ཆེན་ཐུགས་ཀའི་ཡིག་ལས། །འོད་འཕྲོས་ཟོར་རྫས་རྣམས་ལ་ཕོག་པ་ཡིས། །དབང་ཆེན་རོལ་པའི་ཁྲོ་བོ་སྐར་ལྟར་འཁྲིགས། །མཚོན་ཆ་སྣ་ཚོགས་བུ་ཡུག་ལྟ་བུ་རུ། །འཚུབ་ཅིང་འཕྲོས་པས་བདག་ཅག་འཁོར་བཅས་ལ། །གནོད་བྱེད་ཕ་རོལ་རྦོད་གཏོང་མཁན་པོ་དང་། །དུག་མཚོན་གཡུལ་སོགས་བསམ་སྦྱོར་བན་བརྩོམ་པའི། །གཟུགས་ཅན་དགྲ་དང་རྦད་འདྲེ་ལྷ་མ་སྲིན། །སྡེ་བརྒྱད་འབྱུང་པོ་སྤྱི་དང་བྱེ་བྲག་སོགས། །ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གཏོང་། །བསམ་པར་བར་གཅོད་ཆགས་ཆེ་ཉམ་ང་གཡོ། །མདོར་ན་འགལ་རྐྱེན་མི་མཐུན་ཕྱོགས་བརྩོམ་པའི། །ཕྱིན་ཆད་འཁོར་བར་སྐྱེ་བའི་ལམ་བཅད་དེ། །དགྲ་བགེགས་རྗེས་ཤུལ་མེད་པར་བརླག་པར་གྱུར། །ཞེས་དམིགས་པ་དང་བསྒྲགས་ཏེ་ཞེས་དམིགས་པ་དང་བསྒྲགས་ཏེ་གཏོར་ཟོར་ལ་རྩ་སྔགས་དང་། སརྦ་པཱ་པཾ་སརྦ་དུ་ཏྲི་མཱ་ར་ཡ་བཟློག་བཟློག་བྷྱོ་བྷྱོ༔ ཞེས་དང་། ཁྲག་ཟོར་ལ་དམིགས་ཏེ་རྩ་སྔགས་དང་། མ་མ་ཏྲག་རཀྴ་མ་རུ་རུ་ཏྲ་སྙིང་ཁ་རག་ཐུན་བྷྱོ་བྷྱོ་བཟློག་བཟློག༔ ཅེས་དང་། ཡུངས་ཟོར་ལ་དམིགས་ཏེ། རྩ་སྔགས་དང་། ཤིག་ཤིག་དུམ་དུམ་ཉིལ་ཉིལ་རྒྱོབ། དུམ་བུ་རིལ་རྦད། དུམ་བུ་ཉིལ་རྦད། ཐུམ་རིལ་ཐུམ་རིལ་བྷྱོ་བྷྱོཿ ཐིབས་ཡ་ཐིབས་ཡ་བྷྱོ་བྷྱོཿ ཧུ་ཡ་ཧུ་ཡ་སྲོག་སྲོག་བྷྱོ་བྷྱོ༔ ཞེས་དང་། ཟོར་རྫས་ཀུན་ལ་དམིགས་ཏེ་རྩ་སྔགས་མཐར། ཧྲཱིཿཧྱ་གྷྲྀ་ཝ་རཀྴ་རྦད་ཐུན་སོད། པདྨནྟ་ཀྲྀཏ་དགྲ་བོའི་སྙིང་ལ་ཐུན་རྦད། མ་མ་ཏྲག་རཀྴ་དགྲ་བོའི་སྙིང་ལ་ཐུན་རྦད་མ་མ་རཀྴ་དགྲ་བོའི་སྙིང་ལ་ཐུན་རྦད། རག་མོ་ཚལ་དུན་སྙིང་ལ་ཁས་རྦད། ཀྲོ་ཏ་རཀྴ་དགྲ་བོའི་སྙིང་ལ་རྦད། ཐུམ་མ་མ་ར་ཡ་རྦད། ཐུམ་རིལ་ཧ་ན་ཧ་ན་བྷྱོ་བྷྱོ༔ ཞེས་པ་རྣམས་མང་དུ་བཟླས་ལ་ཟོར་རྫས་རྣམས་ལ་ཐུན་བྲབ། དེ་ནས་ལས་སྦྱོར་དམིགས་པ་ནི། ཧྲཱིཿ བདག་མདུན་ཕོ་བྲང་ཕྱི་རོལ་དུར་ཁྲོད་བརྒྱད༔ དེ་ཕྱིར་རྡོར་ཕྲེང་མེ་རི་དམར་ནག་འཁྲུགས༔ སྟེང་འོག་ཟངས་ལྕགས་འཁོར་ལོ་རྩིབས་སྟོང་འབར༔ རྩེ་བསྣོལ་བར་དུ་དམ་སྲི་ཐལ་བར་བརླག༔ གཙོ་འཁོར་ཞལ་ནས་དྲག་སྔགས་འབྲུག་སྟོང་ལྡིར༔ དགྲ་གདོན་ཆོས་ཉིད་གདོད་མའི་དབྱིངས་སུ་བསྒྲལ༔ བློ་འདས་སྟོང་ཉིད་སྤྲོས་བྲལ་ངང་དུ་བཞག༔ དྲག་སྔགས་མེ་དཔུང་རྩུབ་དྲག་བཟླ༔ ཞེས་གཏེར་གཞུང་ནས་སོ།། དེ་ནས་བསྙེན་བསྟོད་ནས་བཟུང་ཚོགས་བར་བ་ཡན་ཆད་སྤྱི་ལྟར་བཏང་རྗེས། ཚོགས་ཐ་མ་བསྒྲལ་བསྟབས་རྒྱས་པ་ཉིད་ལ་འཐུས་པས། ༧ བསྒྲལ་ལས་དངོས་ལ་འཇུག་པ་ནི། ཐོག་མར་བསྐུལ་གཏོར་བཤམས་ཤིང་འགུགས་གཞུག་བྱས་ལ། དཔལ་པདྨ་དབང་ཆེན་རྟ་མཆོག་རོལ་བ་ཁྲག་འཐུང་ཚོམ་བུ་དགུའི་ལྷ་ཚོགས་བདུན་བརྒྱ་ཉེར་ལྔའི་ཐུགས་ཀ་ནས་སོ་སོའི་སྤྲུལ་པ་དང་ཡང་སྤྲུལ། ཞལ་ཕྱག་སྐུ་མདོག་ཆ་ལུགས་ཅིར་ཡང་བསྒྱུར་བ་བསམ་གྱིས་མི་ཁྱབ་པ་སྤྲོ་ཞིང་རྣམ་བཞིའི་ཕྲིན་ལས་སྤྱི་དང་། ཁྱད་པར་སྒྲོལ་བ་དྲག་པོའི་ལས་ལ་འུར་དིར་གྱིས་ཆས་པར་བསམ་ལ། ལྷ་ཚོགས་སྤྱིར་བསྐུལ་བ་ནི། ཧཱུྃ༔ མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ། །ཁྱད་པར་དབང་ཆེན་རྟ་མགྲིན་གཙོ་འཁོར་རྣམས། །ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས། །རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། །མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། །སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་བ་ལས། །རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། །ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ། །ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་། །ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས། །ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། །རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད། །ཅེས་ཡིག་རྙིང་ནས་སོ། །སླར་ཡང་སྒོས་སུ་བསྐུལ་བ་ནི། ཧྲཱིཿ རང་བཞིན་ཆོས་ཀྱི་སྐུ་ལས་རང་བྱུང་བ། །དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །པདྨ་འཁྱིལ་བ་དབང་ཆེན་ཁྲོ་བོའི་སྐུ། །ཐུགས་རྗེའི་ཐབས་ཀྱིས་སྤྲུལ་སྐུ་བཞེངས་སུ་གསོལ། །ལྷ་ཀླུ་གཙོ་བརྒྱད་ཁྲི་རྐང་པད་ཉིའི་སྟེང་། །བདུད་ཕོ་བདུད་མོ་སྤྱི་ཆིངས་བསྣོལ་བའི་ཁར། །དུས་གསུམ་དབང་བསྒྱུར་ཡེ་ཤེས་ལྷ་ཡི་ལྷ། །དབང་ཆེན་ཁྲག་འཐུང་ཧྱཱ་གྷྲྀ་ཝའི་སྐུ། །ཆེ་མཆོག་པདྨ་དབང་ཆེན་སྐུ་མདོག་དམར། །བསྐལ་པའི་མེ་ལྟར་བཟོད་དཀའི་ཉམས་ཀྱིས་སྒེགས། །དབུ་དགུ་གཡས་གསུམ་ཞི་ཞལ་དཀར་འཛུམ་བཞད། །གཡོན་གསུམ་ལྗང་གུ་སྒེགས་ཤིང་གཏུམ་རྔམས་ཁྲོ། །རྩ་བའི་ཞལ་གསུམ་དམར་གསལ་རྗེས་ཆགས་ཉམས། །བཅོ་བརྒྱད་ཕྱག་ལྡན་རྩ་བའི་ཕྱག་གཉིས་ཀྱིས། །པདྨ་དུང་ཁྲག་ཤེས་རབ་ཡུམ་ལ་འཁྱུད། །དེ་འོག་གཡས་བརྒྱད་རྡོ་རྗེ་གྲི་གུག་གྲི། །མེ་དཔུང་ཟླ་བ་ཐོད་དབྱུག་ཁ་ཊཱཾ་ཀ །ལྕགས་ཀྱུ་གཡོན་བརྒྱད་དྲིལ་བུ་ཐོད་པའི་རྔ། །ཨུཏྤལ་ཕྲེང་མཛེས་ཉི་མ་བདུད་སྙིང་དམར། །ཞགས་པ་ལྕགས་སྒྲོག་གནམ་ལྕགས་སྡིག་པ་འཛིན། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་ཏུ་གཙིགས། །རལ་པ་དམར་སེར་གྱེན་བརྫེས་ཐོད་པ་འཛིན། །སྐུ་གསུམ་དོན་མཚོན་རྟ་དབུ་དཀར་དམར་ལྗང་། །རྟ་སྐད་ཐེག་གསུམ་ཆོས་སྒྲས་སྲིད་གསུམ་འདུལ། །དཔལ་གྱི་སྐུ་ལ་བགོ་བའི་གོས་གསུམ་དང་། །གདགས་པའི་རྒྱན་གཉིས་བྱུགས་པའི་རྫས་གསུམ་སོགས། །དུར་ཁྲོད་བརྒྱད་བསེ་ཁྲབ་དབང་གི་ཆས། །དཔལ་ཆས་ཡོངས་རྫོགས་མེ་དཔུང་ཀློང་ན་བཞུགས། །དབང་ཆེན་གདུག་པའི་སྤྱན་རྩ་ལྡོག་པ་ཡིས། །སྣང་སྲིད་དྲེགས་པ་ཐམས་ཅད་དབང་དུ་བསྡུས། །ཤངས་ནས་རླུང་ནག་འཚུབ་པའི་བསྐལ་པ་འབྱུང། །སྣང་སྲིད་ཀུན་འདར་མཐུ་ཆེན་དྲག་རྩལ་འདུལ། །སྙན་ནས་བསྐལ་པའི་འབྲུག་སྟོང་ལྡིར་བ་ཡིས། །སྲིད་པའི་ཆེ་བཙན་ཐམས་ཅད་ཟིལ་གྱིས་གནོན། །ཚེམས་ལ་དྲག་པོའི་ཐོག་ཆེན་ཕབ་པ་ཡིས། །སྡང་དགྲ་གདོན་བགེགས་ཐལ་བ་རྡུལ་དུ་རློགས། །ཞལ་ནས་རཀྟའི་རྒྱ་མཚོ་འཁྲུག་ཅིང་འཁྱིལ། །བསྟན་པ་བཤིག་པའི་དགྲ་ལ་སྐྱིན་ཐང་ཕོབ། །ཁྲོ་རྒྱལ་དབང་གི་རྟ་སྐད་འཚེར་རེ་རེ། །ཐུགས་རྗེ་དབང་ཆེན་ཆེ་བཙན་དབང་དུ་སྡུད། །པདྨ་དབང་ཆེན་ཁྲག་འཐུང་མི་བཟད་པ། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབ། །སྡང་དགྲ་གནོད་བྱེད་ཐལ་བ་རྡུལ་དུ་རློག །ཧྲཱིཿ ཁྲོ་རྒྱལ་དབང་ཆེན་སྐུ་ཡི་གཡོན་ཕྱོགས་ནས། །གནམ་ཞལ་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ། །རྒྱལ་ཀུན་བསྐྱེད་ཡུམ་པདྨ་གཟི་ལྡན་སྔོ། །སྤྱན་གསུམ་ཞལ་བགྲད་མཆེ་བ་རབ་ཏུ་གཙིགས། །གཡས་པས་ཐོད་ཁྲག་གཡོན་པས་ཙིཏྟ་སྟོབས། །ཞབས་གཉིས་བརྐྱང་བསྐུམ་བདེ་སྟོང་ཡབ་དང་སྦྱོར། །སྐུ་ལ་དུར་ཁྲོད་ཆས་བརྒྱད་ལེགས་པར་ལྡན། །ཁྲོ་མོ་ཀུན་གྱི་དབང་ཕྱུག་ཆེན་མོ་ཁྱོད། །རྔམས་པའི་ང་རོས་ཐམས་ཅད་ཟིལ་གྱིས་གནོན། །སྤྱན་ནས་ཁྲག་འཛག་ཞལ་ནས་མི་རོ་འབྲུལ། །སྙན་ནས་འབྲུག་སྒྲོག་ཤངས་ནས་རླུང་ནག་འཚུབ། །ཁྱོད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། །ཧྲཱིཿ ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །དྲི་ཟ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་དབང་ཆེན་རཀྴ་ཧེ་རུ་ཀཿ སྐུ་མདོག་དཀར་པོ་གཡས་དམར་གཡོན་ལྗང་འཛུམ། །གཡས་གསུམ་རྡོ་རྗེ་གྲི་གུག་ཐོད་པའི་རྔ་། །གཡོན་གསུམ་དྲིལ་བུ་དུང་ཁྲག་པདྨའི་ཕྲེང་། །བཛྲ་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད། །དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་ནས་འགྱིང་། །རྔམ་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱེད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། །ཧྲཱིཿ ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །གཤིན་རྗེ་ཕོ་མོ་བསྣོལ་བའི་གདན་སྟེང་ན། །རིན་ཆེན་དབང་ཆེན་ས་ནུ་ཧེ་རུ་ཀཿ སེར་ནག་གཡས་དམར་གཡོན་དཀར་སྒེགས་པའི་ཚུལ། །གཡས་གསུམ་རིན་ཆེན་གྲི་གུག་གནམ་ལྕགས་གྲི། །གཡོན་གསུམ་གཏེར་བུམ་དུང་དམར་པདྨའི་ཕྲེང་། །རིན་ཆེན་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད། །དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་ནས་འགྱིང་། །རྔམ་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱེད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། ། ཧྲཱིཿ ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས༔ ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །ནུབ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ཀླུ་དབང་ཕོ་མོ་བསྣོལ་བའི་གདན་སྟེང་ན། །པདྨ་དབང་ཆེན་གུ་ཧྱ་ཧེ་རུ་ཀཿ གཡས་དཀར་གཡོན་སྔོ་ཆགས་ཤིང་བརྩེ་བའི་ཉམས། །གཡས་གསུམ་པདྨའི་བེ་ཅོན་མེ་རྩེ་གསུམ། །གཡོན་གསུམ་ཞགས་པ་ཁྲག་མཚོ་པདྨའི་ཕྲེང་། །པདྨ་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད། །དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་ནས་འགྱིང་། །རྔམ་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱེད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། ། ཧྲཱིཿ ཡབ་ཡུམ་ཐབས་དང་ཤེས་རབ་རོལ་པ་ལས། །ཐུགས་ཀྱི་སྤྲུལ་པ་དབང་ཆེན་ཁྲོ་བོའི་སྐུ། །བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །གནོད་སྦྱིན་ཕོ་མོ་བསྣོལ་བའི་གདན་སྟེང་ན། །ཕྲིན་ལས་དབང་ཆེན་ཡཀྴ་ཧེ་རུ་ཀ །ལྗང་ནག་གཡས་དཀར་གཡོན་དམར་གཏུམ་ཞིང་ཁྲོ། །གཡས་གསུམ་རལ་གྲི་རྒྱ་གྲམ་ཕུར་བུ་འདྲིལ། །གཡོན་གསུམ་མི་སྙིང་ཞིང་དབྱུག་པདྨའི་ཕྲེང་། །ཀརྨ་ཀྲོ་ཏི་སྔོ་སྐྱ་གྲི་ཐོད་འཁྱུད། །དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་ནས་འགྱིང་། །རྔམ་པའི་ང་རོ་འབྲུག་སྟོང་ལྡི་རི་རི། །ཐུགས་ཀྱི་སྤྲུལ་པས་སྟོང་གསུམ་ཁྱབ་པར་བྱེད། །ཁྱེད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། །ཧྲཱིཿ དབང་ཆེན་སྤྲུལ་པ་ཡེ་ཤེས་བྱ་ཁྱུང་དམར། །གནམ་ལྕགས་རྭ་སྡེར་སྤུ་གྲི་གཤོག་པ་གདེངས། །ཀླུ་སྦྲུལ་ཞལ་གསོལ་གཏི་མུག་གདོན་ཚོགས་འཇོམས། །ནོར་བུ་རིན་ཆེན་འབར་བས་དབུ་ལ་བརྒྱན། །ཁྱེད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། །དབང་ཆེན་ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ལས། །ཕྱོགས་སྐྱོང་འདུལ་བྱེད་ཁྲོ་བོ་ཆེན་པོ་བཅུ། །ཏ་ཀྲྀཏ་སྒོ་བཞི་ལྕེ་སྤྱང་མ་བརྒྱད་སོགས། །དཀྱིལ་འཁོར་དབུས་ཀྱི་ལྷ་ཚོགས་ཐུགས་དམ་ཅན། །ཁྱེད་ཀྱི་དབང་དྲག་ཕྲིན་ལས་དུས་ལ་བབས། །སྡང་དགྲ་གནོད་བྱེད་ཐལ་བའི་རྡུལ་དུ་རློགས། །ཡང་དག་གཤིན་རྗེ་དབང་ཆེན་ཕུར་པའི་ལྷ། །རྦོད་གཏོང་རིག་འཛིན་མཆོད་བསྟོད་དྲག་སྔགས་རྣམས། །སོ་སོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །དབང་ཆེན་བཀའ་བརྒྱད་ལྷ་ཚོགས་མ་ལུས་རྣམས། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས་མཛོད་ལ། །ཚར་གཅོད་དབྱིངས་སྒྲོལ་དབང་དྲག་ཕྲིན་ལས་ཀྱིས། །གཟུགས་ཅན་གཟུགས་མེད་དམ་སྲིའི་དཔུང་ཚོགས་རྣམས། །ལྷག་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཧཱུྃ། དུས་གསུམ་བདེ་གཤེགས་རྒྱལ་བ་ཡོངས་རྫོགས་ཀྱི། །བསྟན་སྲུང་སྔགས་བདག་དྲེགས་པ་མཐུ་རྩལ་ཅན། །དུས་གསུམ་རྒྱལ་བ་ཡོངས་རྪོགས་བཀའ་བྱུང་གི། །དམར་ཆེན་གཏོར་མ་ལོངས་ལ་ཕྲིན་ལས་མཛོད། །དམ་ཚིག་དུས་ལ་བབ་པོ་ས་མ་ཡ། །གནོ་བྱེད་དགྲ་བགེགས་ཁུག་ལ་མྱུར་དུ་སྒྲོལ། །ཡེ་ཤུའི་བསྟན་ལོག་སྤེལ་དང་ཆབ་གཅིག་པར། །མཐའ་འཁོབ་ཀླ་ཀློའི་འཁྲུགས་རྩོད་དར་བའི་ཚེ། །མངོན་སྤྱོད་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས། །མཐུ་ནུས་ཤིགས་ལ་རང་གཤེད་རང་ལ་ཕོབས། །སྙིང་ཁྲག་ཧུབ་འཐུང་སྲོག་རྩ་དམར་པོ་ཆོད། །ཐལ་བའི་རྡུལ་དུ་རློག་པའི་ཕྲིན་ལས་མཛོད། །མཐའ་དམག་དམ་སྲི་བསམ་སྦྱོར་གནག་པའི་ཚོགས། །ཞེ་སྡང་འབར་བའི་ཐུགས་ཀྱིས་ད་དགོངས་ལ། །འཇིགས་པའི་མུན་ནག་འབར་བས་མདུན་ནས་བསུས། །དྲག་པོའི་རླུང་ནག་འཚུབ་མས་རྒྱབ་ནས་ཕུལ། །གནམ་གྱི་འཇུ་ཐག་དཀར་པོ་ཆོད་ལ་ཤོག །ས་ཡི་རྟེན་ཕུར་ནག་པོ་ཆོད་ལ་ཤོག །ལུས་སྲོག་དོན་སྙིང་ཚལ་བར་གཏུབ་ལ་ཤོག །མགོ་དང་ཡན་ལག་བྲེག་ཏེ་ཁྱེར་ལ་ཤོག །ཀླད་པ་དཀར་པོ་ཞོ་ལྟར་དཀྲུགས་ལ་ཤོག །སྲོག་རྩ་དམར་པོ་མདའ་ལྟར་ཆོད་ལ་ཤོག །འབྱུང་བཞི་འདུས་པའི་ཕུང་པོ་གཞིག་ལ་ཤོག །རྣམ་ཤེས་གསལ་བའི་སྒྲོན་མེ་སོད་ལ་ཤོག །རྟགས་དང་མཚན་མ་མྱུར་དུ་ཁྱེར་ལ་ཤོག །རྫས་དང་ཀ་ཆ་མྱུར་དུ་ལོངས་ལ་ཤོག །བཅོལ་པའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་བསྐུལ། འདི་ནི་དབང་ཆེན་རྒྱུད་ཀྱི་ལེའུ་བཅུ་གཉིས་པ་ནས་བྱུང་བ་དང་། རང་ཤར་དང་། གཏེར་གཞུང་ནས་བྱུང་བའི་ཚིག་རྣམས་ལེགས་པར་བསྒྲིགས་ཤིང་འཐད་འོས་ཀྱི་ཚིག་ཁ་ཤས་བསྣན་ནས་མགོ་སྤྲུལ་བས་བཀོད་པ་ལགས་སོ།།

རྟ་མགྲིན་གྱི་དབང་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས་མགོ་སྤྲུལ་གྱིས་མཛད་པ།

༄༅། རྟ་མགྲིན་གྱི་དབང་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།

༄༅། ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྔོན་དུ་སོང་ནས། འོ་ད་ལམ་ཁྱེད་རྣམས་ཀྱིས་འགྲོ་བ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱ་བའི་ཆེད་དུ་སྨིན་བྱེད་དབང་གི་རིམ་པ་འདི་ཉིད་ཚུལ་བཞིན་དུ་ཞུས་ནས་སྒོམ་སྒྲུབ་མཐར་ཕྱིན་པར་བགྱིའོ་སྙམ་པའི་དམ་བཅའ་བརྟན་པོ་ཡིད་ལ་བཞག་ནས་གསན་འཚལ། དེ་ལ་གང་གསན་པར་བྱ་བ་ལ་བཅུད་བཟང་པོ་བདུད་རྩི་ལྟ་བུ་བླུག་སའི་སྣོད་དེ་ཉིད་སྔོན་དུ་བཀྲུ་བཤལ་བྱེད་དགོས་པ་བཞིན། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་དང་བཅས་པ་སྤང་དགོས་པས། དང་པོ་ནི། རྣ་བ་མི་གཏོད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་དང་། དྲི་མ་དྲུག་ནི་སློབ་དཔོན་དབྱིག་གཉེན་གྱིས་གསུངས་པའི་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་དང་། གཞན་ཡང་ཉན་པ་པོ་རྣམས་ལ་ཆོས་མི་འཛིན་པའི་སྐྱོན་ལྔ་བྱ་བ་ཡོད་དེ། དེ་གང་ཡིན་ཞེ་ན། ཚིག་མི་འཛིན་པ་དང་། དོན་མི་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་དང་། ལོག་པར་འཛིན་པ་དང་། མ་ལུས་པར་མི་འཛིན་པའོ། །དང་པོ་ཚིག་མི་འཛིན་པ་སྟེ། ཚིག་འདྲ་བ་ཅི་ཞིག་བཏགས་ཀྱང་ཆོག་ཟེར་ནས་གསུང་སྒྲོས་ལ་ནན་ཏན་མི་བྱེད་པར་དོན་གཅིག་པུ་ལ་ནན་ཏན་བྱེད་དེ་ཚིག་ནོར་ན་དོན་ཡང་ནོར་ནས་འགྲོ་ལ། དང་པོ་ཚིག་མ་ནོར་བ་རེ་བཟུང་ནས་བསམ་ན་དོན་མ་ནོར་བ་ཞིག་སྐྱེ་བ་ཡིན། གཉིས་པ་དོན་མི་འཛིན་པ་ནི། ཚིག་གཅིག་པུ་ལ་ནན་ཏན་བྱེད་ལ། དོན་ལ་ནན་ཏན་མི་བྱེད་ཙ་ན། ཆོས་མང་པོ་བློ་ལ་ཟིན་ཀྱང་། ནེ་ཙོའི་ཁ་ཏོན་དུ་འགྲོ། གསུམ་པ་བརྡ་མ་འཕྲོད་པར་འཛིན་པ་ནི། ཆོས་དེའི་དགོས་དོན་དང་། བསྡུས་དོན་དང་། ཚིག་དོན་གང་ཡིན་ཆ་མེད་པར་འཛིན་པ་ལ་ཟེར་ཏེ། དེའི་ཆོས་ཀྱིས་རང་གཞན་ལ་ཕན་མི་ཐོགས། བཞི་པ་ལོག་པར་འཛིན་པ་ནི། བླ་མས་དྲང་པོར་བཤད་ཀྱང་། ཆོས་གཤའ་མ་དེ་སྐད་བྱ་བ་མེད་ཟེར་ནས་ལོག་པར་འཛིན་པའོ།། ལྔ་པ་མ་ལུས་པར་མི་འཛིན་པ་ནི། གལ་ཆེ་ཆེ་འཛིན། ཆུང་ཆུང་མི་འཛིན་པ་སྟེ། དེ་ལྟར་བྱས་ན་ཆོས་མགོ་མེད་གཞུག་མེད་དུ་སོང་ནས་ཕྱིས་གཞན་ལ་ཕན་མི་ཐོགས། དང་པོ་ཉན་པའི་དུས་ན་རང་གི་བློས་འཆུན་ཚད་ཀྱིས་མཐར་ཆགས་སུ་འཛིན་དགོས། དེ་ལྟར་ཆོས་ཉན་པའི་དྲི་མ་དེ་དག་སྤང་ལ། ཚུལ་ཅི་ལྟ་བུས་ཉན་སྙམ་ན། འདུ་ཤེས་དད་གུས་དང་ལྡན་པས་ཆོས་ཉན་པ་ནི་མཆོག་ཡིན་ཏེ། ཆོས་དང་གང་ཟག་དམ་པ་རྣམས་ཀྱི་སྤྱོད་ཡུལ་མཐོང་བས། དེ་ལ་དགའ་སྤྲོ་དྭངས་བ་ཁྱད་པར་ཅན་སྐྱེ་བ་ནི་དྭངས་བའི་དད་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་ཆོས་དང་བླ་མ་རྟག་ཏུ་ཡིད་ལ་མི་འབྲལ་བ་ནི་འདོད་པའི་དད་པ་དང་། བླ་མ་དང་མཇལ་ནས་ཆོས་ཐོས་པའི་ཚེ་ན་ཆོས་དང་བླ་མ་ལ་ཡིད་གཉིས་ཐེ་ཚོམ་མེད་པ་ཡིད་ཆེས་པའི་དད་པ་དང་། དམ་པའི་ཆོས་ཐོས་བསམ་སྒོམ་སྒྲུབ་གང་བྱེད་ཀྱང་། ན་ཚ་སྡུག་བསྔལ་དགྲ་བགེགས་སོགས་རྐྱེན་གང་གིས་ཀྱང་བར་དུ་མི་ཆོད་པ་ཕྱིར་མི་ལྡོག་པའི་དད་པ་སྟེ། འདི་བཞི་པོ་ནི་ཐེག་པ་རིམ་པ་དགུ་ཡི་ཆོས་སྒོ་གང་ལ་འཇུག་ཀྱང་མེད་ཐབས་མེད་པས་ལྡེའུ་མིག་ལྟ་བུ་ཡིན་པས་ལུས་ངག་ཡིད་གསུམ་ཞི་དུལ་དད་གུས་ཀྱི་སྤྱོད་ལམ་མདོ་རྒྱུད་རྣམས་ནས་ཇི་སྐད་གསུངས་པ་བཞིན། སྦྱོར་བ་སེམས་བསྐྱེད་དམ་པའི་ཐབས་ཀྱིས་ཟིན་པར་བྱས་ནས། དེ་ཡང་འདི་ལྟར་ལུས་རྟེན་རྙེད་པར་དཀའ་བའི་ཚུལ་ལ་བསམས་ནས་དལ་ཁོམ་རེས་འཇོག་མེད་པར་ཆོས་ལ་སྦྱང་བ། འཇིག་ངེས་པའི་རྒྱུ་མཚན་བསམས་ནས་རྟག་ཏུ་ངེས་འབྱུང་དང་སྐྱོ་ཤས་སྐྱེ་བ། འཆི་ངེས་པའི་དཔེ་ལ་བསམས་ནས་དགོས་དུས་སྟོང་པའི་ཟབ་དོན་བསྒོམ་པའོ། །དང་པོ་ནི། སྐྱེ་བར་དཀའ་བ་འཛམ་བུའི་གླིང་ཆོས་སྤྱོད་པའི་ཡུལ་དུ་སྐྱེས། རྙེད་པར་དཀའ་བ་དལ་འབྱོར་ཕུན་སུམ་ཚོགས་པ་རྙེད། འཕྲད་པར་དཀའ་བ་བླ་མ་དགེ་བའི་བཤེས་གཉེན་དང་འཕྲད། ཞུགས་པར་དཀའ་བ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཤེས་པར་དཀའ་བ་བླ་ན་མེད་པའི་མན་ངག་ཕྱིན་ཅི་མ་ལོག་པར་ཤེས། སྤང་བར་དཀའ་བ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྤངས་ནས་ཐར་པ་བྱང་ཆུབ་ཀྱི་གླིང་དུ་འགྲོ་བའི་དུས་ད་རེས་བརྩོན་འགྲུས་དང་སྙིང་རུས་བསྐྱེད་ནས་མ་བསྒྲུབ་ན། ཕྱིས་ནས་འདི་ལྟ་བུའི་མཐུན་རྐྱེན་ཚང་བ་མི་སྲིད་པས་ཚེ་འདིའི་བྱ་བཞག་སྦྲུལ་གྱི་ཤུན་པ་བཞིན་དོར་ནས་ཟབ་མོའི་དོན་བསྒོམ་པར་རིགས་ཏེ། མན་ངག་རིན་པོ་ཆེའི་མཛོད་ལས། རྐྱེན་ངན་བསྟུད་ལས་མི་རྟག་རྒྱུད་ལ་སྐྱེས། །རྒྱུ་འབྲས་ཤེས་ནས་ལས་ངན་དུག་བཞིན་སྤོང་། །མོས་གུས་ཚུད་པས་བླ་མ་སངས་རྒྱས་མཐོང་། །ཆོས་ལ་ངེས་པས་དགེ་སྦྱོར་བྲོད་པ་སྐྱེས། །དགེ་འདུན་དད་པས་ཡར་འདྲེན་སྐྱེལ་མ་ཞུ། །སངས་རྒྱས་འདོད་པས་བརྩོན་པས་ཅི་ཐོབ་བྱེད། །སྐལ་བཟང་དམ་པ་རྣམས་ཀྱི་ལུགས་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིད་ལ་འདྲོང་ངེས་པར་བྱས་ནས། གསན་བྱའི་ཆོས་ཀྱི་ངོ་བོ་ནི། འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན་པ་གདུལ་བྱ་འདུལ་བའི་ཐབས་ལ་མཁས་པ། སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་རྣམ་འདྲེན་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས་འཁོར་དགེ་སློང་གི་དགེ་འདུན་རབ་ཏུ་བྱུང་བ་དག་ལ་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཡོངས་སུ་གྲགས་པ་རྩོད་པ་མེད་པའི་གཞུང་སྡེ་སྣོད་རིན་པོ་ཆེ་གསུམ་དང་། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་བ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷོ་དྷི་དང་། རིགས་ཅན་དྲ་མ་ལ་ལྔ། ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ལ་སྟོན་པ་ཉིད་དཀྱིལ་འཁོར་གྱི་བདག་པོར་བཞེངས་པའམ། ཆགས་བྲལ་གྱི་རྣམ་པ་ཅི་རིགས་པས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྣམས་བསྟན་ཏེ། དམ་པ་དང་པོའི་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུང་དུ། །དེ་བཞིན་གསང་སྔགས་ཚུལ་རབ་གསུངས། །ཞེས་གསུངས་པ་ལྟར་སྤྱིར་ཆོས་ཀྱི་རྣམ་གྲངས་བརྗོད་དུ་མེད་པའི་མཐའ་དང་བྲལ་ཡང་བསྡུ་ན་རྒྱུ་ཕར་ཕྱིན་གྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུས་ཏེ། ད་ལམ་འདིར་ནི་ཐབས་ཁྱད་པར་ཅན་གྱི་སྒོ་ནས་སྤང་བྱ་ཉོན་མོངས་པ་དང་འདོད་པའི་ཡོན་ཏན་དེ་ཉིད་ལམ་དུ་བྱས་ཏེ་བསྒོམས་པས་དེ་དག་སླར་རྣལ་འབྱོར་པའི་གྲོགས་སུ་འཆར་ཞིང་། ལམ་མྱུར་དུ་རྫོགས་པར་བྱེད་པའི་མན་ངག་ཟབ་མོ་ཡིན་ཀྱང་། རྟེན་གྱི་གང་ཟག་གསང་སྔགས་རང་ཚོད་དང་ལྡན་མི་ལྡན་གལ་ཤིན་ཏུ་ཆེ་བས། སྔགས་ཀྱི་སྤྱད་བསྲུང་གི་དམ་ཚིག་ས་མ་ཡཱ་འབུམ་སྡེ་ཉམས་འོག་ཏུ་ཚུད་ངེས་བྱེད་དགོས་ཏེ། སྔགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བའི་དུས་ན་ཡང་། ཐིག་བག་ཙམ་ཞིག་འགྲིས་ཀྱང་། ཉན་ཐོས་ཀྱི་ཕས་ཕམ་གྱིས་དོ་མ་ཡིན་གསུངས་ན་དམ་ཚིག་གཞན་ལྟ་ཅི་སྨོས། གསང་སྔགས་ལམ་ཉེ་གསུངས་པ་ལ་ཐམས་ཅད་ཀྱིས་རྣ་བ་ཀྲོང་ངེ་ཉན་འདུག་ཀྱང་། བློ་གྲོས་དང་མི་ལྡན་ཞིང་སྙིང་སྟོབས་མེད་པས་སྔགས་ལ་འཇུས་ན་ཁེ་ཉེན་ཤིན་ཏུ་ཆེ་བས་གླང་པོ་ཆེ་ལ་མྱོས་རྫས་བླུད་ནས་སྣ་རྩེ་རུ་མཚོན་ཆའི་འཁོར་ལོ་བཏགས་ཏེ་དགྲ་ཡུལ་དུ་གཏོང་བ་ལེགས་ན་དགྲ་དཔུང་ཐམས་ཅད་དུས་གཅིག་ཏུ་བརླག་པར་བྱེད་ལ། གལ་ཏེ་རྟེན་འབྲེལ་མ་འགྲིག་ནས་ཚུར་འཁོར་ན་སྐད་ཅིག་གིས་རང་ལུས་དུམ་བུར་གཏུབ་པ་ལྟར་གསང་སྔགས་ཀྱི་ཐབས་དང་གཉེན་པོའི་རྟེན་འབྲེལ་འགྲིག་ན་ཚེ་གཅིག་གིས་སངས་རྒྱས་ཐོབ་ལ། ལྷ་དང་བླ་མ་མཆེད་གྲོགས་ཐ་ན་ཤོ་ལོ་ཀ་གཅིག་གི་བཀླག་ལུང་ཐོབ་པ་ཚུན་ཆད་ལ་རྩེད་མོའི་ཞོར་ཙམ་དུའང་ཅུང་ཟད་འགལ་ནས་སོར་མ་ཆུད་ན་རྡོ་རྗེ་དམྱལ་བར་འགྲོ་བར་གདོན་མི་ཟ་བས་དེས་ན་བློ་གྲོས་དང་སྙིང་སྟོབས་དང་། སྐྱེ་བ་སྔ་མ་ནས་སྦྱངས་སྟོབས་དང་ལྡན་པ་གལ་ཆེ། དེ་ལྟར་རྟོག་དཔྱོད་ཞིབ་པར་བཏང་ནས་སྨོན་འཇུག་གཉིས་ཀྱི་བློ་ཚོད་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཞིག་གསང་སྔགས་ཀྱི་སྒོར་འཇུག་པར་འདོད་པ་ལ། དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གིས་སློབ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་དབང་བཞི་རྫོགས་པར་བསྐུར་ནས། ལམ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་ཐུན་བཞི་ལ་སོགས་པས་ཉམས་སུ་བླངས་ནས་དམ་ཚིག་རང་གི་སྲོག་ལས་ཕང་བར་བསྲུང་ནས་ཐེ་ཚོམ་ཡིད་གཉིས་མེད་ན་བསྐལ་པ་གྲངས་མེད་གསུམ་ཚེ་གཅིག་གིས་བསྒྲོད་པ་ལ་ཚེགས་མེད་དེ། ཡེ་ཤེས་རོལ་པ་ལས། བསྐྱེད་དང་རྫོགས་པའི་རིམ་པ་ལས། །ཡེ་ཤེས་རླུང་གིས་ལས་བྱེད་ཅིང་། །ནམ་མཁའི་འཇོ་བ་རབ་རྫོགས་པའི། །ཚེ་གཅིག་གིས་ནི་རབ་གྲོལ་ལོ། །ཞེས་གསུངས་པས་དེ་ལྟ་བུའི་སྔགས་ལའང་། གསར་མ་དང་རྙིང་མ་གཉིས། རྙིང་མ་ལའང་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་རིམ་པ་གསུམ་དུ་ཡོད་པའི་ནང་ཚན་ད་ལམ་ཉེ་བརྒྱུད་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན་ཏེ། དེ་ལའང་ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། བསྡུས་དོན་དང་ལྔ་ལས། དང་པོ་ངོ་བོ་ནི། རང་བྱུང་རིག་པ་བྱང་ཆུབ་ཀྱི་སེམས་སོ། ངེས་ཚིག་ནི། གབ་པས་གཏེར། སྦས་པས་གཏེར། ཟད་མི་ཤེས་པས་གཏེར། དགོས་འདོད་ཀུན་འབྱུང་བས་གཏེར་དང་བཞིའོ། མཚན་ཉིད་ནི། ལས་དང་སྐལ་ལྡན་སྨོན་ལམ་གནས་དུས་འཛོམས་པ། ཚོགས་གཉིས་ཀྱི་འབྲས་བུ་རྒྱས་པ། སྣོད་དང་བཅུད་འཛོམས་པས་སྐལ་བཟང་ལས་འཕྲོ་ཅན་ཀྱི་སྤྱོད་ཡུལ། དད་མེད་ལོག་ལྟ་ཅན་ལ་གསང་བ། དབྱེ་བ་ནི་ཕྱི་འབྱུང་བཞི། ནང་སྐུ་གསུང་ཐུགས། གསང་བ་རང་བྱུང་རང་བབས་རང་གིས་རྟོགས་པའི་གཏེར། བྱེ་བྲག་སྨན་རྩིས་སྒྱུ་འཕྲུལ་བཟོ་ལ་སོགས་པ་རྣམས་སོ། བསྡུས་དོན་ནི། གང་འདོད་ཀྱི་གདུལ་བྱའི་རེ་བ་སྐོང་ནུས་པའོ། །དེ་ཡང་འདི་ལྟར་རྒྱུད་ཡེ་ཤེས་གསང་བ་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ། །གཏེར་དང་ལྡན་ནོ་ཁྱད་པར་ཆེ། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། རྒྱུད་དོན་གབ་པའི་གཏེར་སྒོ་ཕྱེ། །ནམ་མཁའ་མཛོད་གཏེར་ཉིད་ལོངས་སྤྱོད། །ཅེས་གསུངས་པ་དང་། མདོ་རྣམ་རོལ་ལས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འཇམ་དཔལ། འབྱུང་བ་ཆེན་པོ་བཞི་ནི་ནམ་མཁའི་གཏེར་ལས་འབྱུང་། དེ་བཞིན་ཏུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་བྱུང་བས། དོན་གཏེར་ལ་ལོངས་སྤྱོད་པར་གྱིས་ཤིག །ཅེས་གསུངས་པ་ལྟར་དེ་ཡང་ཤེས་རབ་ཀྱི་མིག་རྟུལ་བ་ལོག་ལྟའི་དྲ་བར་ཚུད་པ་ཁ་ཅིག་གིས་གཏེར་ཟེར་བ་ཨོ་རྒྱན་པདྨ་དང་རྙིང་མ་བ་ཁོ་ན་ལ་ཆ་བཞག་སྟེ་བླ་བརྡོལ་དུ་སྨྲ་ཡང་མ་ཡིན་ཏེ། ཆོས་སྐུ་ཀུན་ཏུ་བཟང་པོས། རང་ཤར་དག་པའི་འཁོར་ལ། དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་པོ། སྟོན་འཁོར་དགོངས་པ་མཉམ་པའི་ཚུལ་དུ་བསྟན་པ་ཆོས་སྐུའི་གཏེར་དང་། སྟོན་པ་རྣམ་པར་སྣང་མཛད་ཀྱིས་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་བརྡའི་ཚུལ་དུ་བསྟན་པ་ལོངས་སྐུའི་གཏེར་དང་། མཉམ་མེད་བུ་རམ་ཤིང་པས་འཁོར་ལྔ་སྡེ་བཟང་པོ་སོགས་ལྷ་ཀླུ་མི་གསུམ་ལས་དང་སྐལ་ལྡན་མང་པོའི་བསོད་ནམས་ལ་བརྟེན་ནས་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་པོ་ཚངས་པའི་དབྱངས་ཀྱིས་གསུངས་པ་སྤྲུལ་པའི་སྐུ་ཡི་གཏེར་ཕྱུང་བའོ། །དེ་ལྟར་ངེས་པའི་ལུང་ནི། སྒྱུ་འཕྲུལ་བརྒྱད་ཅུའི་ལེའུ་བཅུ་པ་ལས། ཆོས་སྐུ་དཔག་མེད་བརྗོད་དུ་མེད། །ལོངས་སྐུ་ཟད་མེད་རིན་ཆེན་གཏེར། །སྤྲུལ་སྐུ་སྐྱེ་བ་བསམ་མི་ཁྱབ། །དེ་ལ་སོགས་པ་བསམ་ཡས་མཆོག །ཟད་མི་ཤེས་པའི་གཏེར་དུ་འགྱུར། །ཞེས་གསུངས་སོ། །དེ་ལྟར་ན་ཐེག་པ་རིམ་པ་དགུ་པོ་སྐུ་གསུམ་སྟོན་པའི་ཐུགས་ལ་གབ་པའི་གཏེར་དེ་ཉིད། གདུལ་བྱ་དུས་བབས་ཀྱི་དབང་གིས་སོ་སོའི་སྣང་ངོར་འབྱུང་བ་དང་། རང་རང་གིས་ཞུ་དོན་གསོལ་བ་ནི། ཁ་བྱང་ཡང་བྱང་ལ་བརྟེན་ནས་གཏེར་འདོན་པའི་དུས་ཡིན་པས་བློ་དང་བསྟུན་ནས་བཀའ་བསྩལ་པ་ནི་ཐུགས་གཏེར་ཕྱུང་བ་དེ་དག་སླར་ཡང་གཏེར་དུ་སྦས་པ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་དགྲ་བཅོམ་རྣམས་ཀྱིས་བཀའ་བསྡུ་ལན་གསུམ་མཛད་ནས་གཏེར་དུ་སྦས་པ་ནི། ཀུན་དགའ་བོས། གནས་ལ་མ་འཆམས་ལྷ་ཀླུས་ཐོབ་ཤ་བྱས༔ དེ་ལ་གཏེར་དུ་མ་སྦས་ཐབས་མ་མཆིས༔ མུ་སྟེགས་ངན་པས་མེར་བསྲེག་དཀྲུག་པ་བྱུང་༔ དེ་ལ་བརྟེན་ནས་གཏེར་དུ་སྦས་པའོ༔ ཞེས་གསུངས་པ་ལྟར་དམ་ཆོས་ཐམས་ཅད་གཏེར་དུ་སྦས་ནས་སླར་འདོན་པའི་དུས་ནི་སངས་རྒྱས་ཀྱི་ཞལ་ནས། ཐུབ་པ་མྱ་ངན་འདས་འོག་ཏུ། །ལོ་ནི་ཉི་ཤུ་རྩ་བརྒྱད་ནས། །རྒྱལ་པོ་ཛ་ཞེས་བྱ་བ་འབྱུང་། །དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བརྒྱད་བཅུ་ལོན་པ་ན། །ནུབ་ཕྱོགས་ཨོ་རྒྱན་ཡུལ་ཞེས་པར། །དེ་བ་བཟང་སྐྱོང་བྱ་བ་འབྱུང་༔ ཡོ་ག་རྣམ་གསུམ་སྟོན་པར་བྱེད། །ང་ནི་མི་གནས་འདས་འོག་ཏུ། །སྔོན་གྱི་ལས་ཀྱིས་རབ་བསྐུལ་ནས། །ཨོ་རྒྱན་ཡུལ་གྱི་ལྷོ་ནུབ་ཏུ། །མངལ་སྐྱེས་སྤང་བའི་རྫུས་སྐྱེས་ཉིད། །པདྨ་འབྱུང་གནས་རྫུ་འཕྲུལ་ཅན། །ང་ལས་ལྷག་པའི་སྐྱེས་བུ་འབྱུང་། ཞེས་དང་། རྟག་ལྟ་སུན་འབྱིན་ང་ནི་མྱ་ངན་འདའ། །ཆད་ལྟ་སུན་འབྱིན་ཀོ་ཤའི་མཚོ་ལས་འཁྲུངས། །ཞེས་གསུངས་པ་ལྟར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད་སྤྲེལ་ལོ་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་དྷ་ན་ཀོ་ཤར་པདྨའི་སྦུབས་ལས་བརྫུས་སྐྱེས་ཀྱི་སྐུ་འཁྲུངས་ཏེ། རྒྱལ་པོ་ཨིནྡྲ་བྷོ་དྷིའི་སྲས་ཀྱི་སྐལ་བ་མཛད། རྒྱལ་སྲིད་ཐབས་ཀྱིས་སྤངས་ནས་དུར་ཁྲོད་བསིལ་བ་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་མཁའ་འགྲོ་ཐམས་ཅད་དབང་དུ་བསྡུས། དེ་ནས་དགའ་བའི་ཚལ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་མས་དབང་བསྐུར་ཞིང་བྱིན་གྱིས་བརླབས། སོ་ས་གླིང་དུ་ཞི་བ་འཚོས་དབང་བསྐུར། རྒྱ་མཚོའི་གླིང་དུ་མཁའ་འགྲོ་བཞི་དབང་དུ་བསྡུས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཐམས་ཅད་བསྒྲུབ་ཅིང་དབང་དུ་མཛད། མཆོག་གི་དངོས་གྲུབ་བརྙེས་པའི་སྤྲུལ་པའི་སྐུར་བཞུགས་ཀྱང་། འགྲོ་བའི་ཁམས་དང་མོས་པ་སྣ་ཚོགས་དེ་དག་སློབ་དཔོན་མེད་པ་ལ་མི་དད་པ་ལྡོག་པའི་ཕྱིར་སློབ་དཔོན་པྲ་བྷ་ཧསྟིའི་དྲུང་དུ་རབ་ཏུ་བྱུང་བས་ཤཱཀྱ་སེང་གེ་ཞེས་མཚན་གསོལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་གཟིགས་ནས་ཚེ་ཡི་རིག་འཛིན་ལ་མངའ་བརྙེས། རྒྱ་གར་ལྷོ་ཕྱོགས་སུ་ཀླུ་སྒྲུབ་སྙིང་པོ་ལ་སྒྲ་དང་ཚད་མ་སོགས་རྒྱུ་འབྲས་ཀྱི་ཐེག་པ་མ་ལུས་པར་གསན་ནས་ཕྱི་རོལ་མུ་སྟེགས་པའི་སྡེ་ཚོགས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། དགེ་སློང་ཀུན་དགའ་མོ་ལ་པདྨ་གསུང་གི་སྒྲུབ་སྡེ་གསན་ཅིང་གྲུབ་པ་བརྙེས། རིག་འཛིན་བརྒྱད་ཀྱི་དྲུང་དུ་སྒྲུབ་སྡེ་བརྒྱད་དང་གཞན་ཡང་རྒྱུད་སྡེ་མཐའ་དག་མ་ལུས་པ་གསན་པར་མཛད་ནས་དེ་དག་སོ་སོའི་ལྷ་ཡི་དཀྱིལ་འཁོར་དཔག་ཏུ་མེད་པས་ཞལ་གཟིགས། དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་ལྷ་ལྕམ་མན་དྷ་ར་བ་དབང་དུ་མཛད་ནས་ཡུལ་ཁམས་དེ་ཉིད་ཆོས་ལ་བཙུད། སླར་ཨོ་རྒྱན་ཡུལ་དུ་བྱོན་ནས་རྒྱལ་པོ་ཨིནྡྲ་བྷོ་དྷི་འཁོར་ཚོམ་བུ་འབུམ་དང་བཅས་པ་གསང་སྔགས་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ནས་ཐམས་ཅད་གྲུབ་པ་ཐོབ་ནས་མཁའ་སྤྱོད་དུ་གཤེགས། དེ་ནས་རྡོ་རྗེ་ཕག་མོས་ལུང་བསྟན་ནས་རྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ་བྱོན་ནས་སློབ་དཔོན་ཆེན་པོ་ཤྲཱི་སིང་ཧ་ལ་མཐར་ཐུག་བླ་ན་མེད་པའི་ཉེ་ལམ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའི་རྒྱུད་སྡེ་མ་ལུས་པ་གསན་ཅིང་བསྟན་པ་གཏད་པས་ཐུགས་ཉམས་སུ་བཞེས་ནས་སྐྱེ་ཤི་གཉིས་སྤངས་ཆུ་ཡི་ཟླ་བ་ལྟ་བུའི་སྐུར་གྲུབ་ནས་རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་པའི་འགྲོ་བ་མང་པོ་ཐར་ལམ་ལ་བཀོད་ཅིང་མཁའ་འགྲོ་འབར་བའི་སྤྲིན་ཕུང་དང་ལྷན་ཅིག་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པས་གནས་པར་མཛད་དོ། །དེ་ཡི་ཚེ་བོད་གངས་ཅན་གྱི་ལྗོངས་འདིར་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་གནམ་ལྷ་བབས་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག འགྲེང་མགོ་ནག་ཡོངས་ཀྱི་རྒྱལ་པོ། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་བཞེངས་པའི་དུས་སུ། སྤྲུལ་པའི་རྒྱལ་པོའི་ཐུགས་བསྐྱེད་སྐྱ་རེངས་དང་པོས་བསྟན་འགྲོའི་རྒུད་མུན་སེལ་བའི་ཉིན་བྱེད་ལྷ་གཅིག་པདྨ་འབྱུང་གནས་སྤྱན་དྲངས་ནས་བོད་ཁམས་མུན་པའི་གླིང་འདིར་རྒྱལ་བསྟན་བཤད་སྒྲུབ་ཀྱི་བསྟན་པ་འོད་སྟོང་མཁའ་ལ་ཤར་བ་ལྟར་མཛད་ནས་གཏེར་གྱི་རིགས་བསམ་གྱིས་མི་ཁྱབ་པ་བརྗོད་པའི་མཐའ་དང་བྲལ་བ་ས་འོག་ས་སྟེང་ས་བླ་ཐམས་ཅད་ཁྱབ་པར་སྦས་ཏེ། གཏེར་འདོན་པའི་གང་ཟག་ཀྱང་། གཏེར་སྟོན་བརྒྱ་རྩ། གཏེར་ཕྲན་སྟོང་དང་རྩ་གཉིས། ཡང་གཏེར་གྲངས་ལས་འདས་པ། དེ་དག་སོ་སོའི་ཆོས་བདག་སྐྱེས་བུ་དང་བཅས་པ་ལུང་བསྟན་པའི་ནང་ཚན། ད་ལམ་འདིར་ནི། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བསྟན་ལས། བྱ་འམ་ཁྱི་ཡི་ལོ་བ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་ཅན་འབྱུང་༔ ཞེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ཡི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་གསུངས་པ་ལྟར། རིག་འཛིན་ཉི་མ་གྲགས་པ་དེ་ཉིད་སླར་ཡང་འགྲོ་སེམས་དད་པའི་ཆུ་མཚོར་རྒྱལ་བའི་ཐུགས་རྗེའི་ཟླ་གཟུགས་ཅིར་ཡང་འཆར་བ་སྤྲུལ་པའི་ཟློས་གར་རིག་པའི་གནས་ལྔ་ལ་ཐོགས་པ་མེད་པ། བླ་མ་བརྒྱུད་པའི་གདམས་ངག་ཐུན་མོང་མ་ཡིན་པ་མངའ་བ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་ཐུགས་ཀྱིས་གཞན་དོན་གཙོ་བོར་མཛད་པ། ངུར་སྨྲིག་གར་གྱི་རྣམ་རོལ་འཆང་བ་འགྲོ་འདུལ་ལུང་རིག་གླིང་པ་དེ་ཉིད་ལ་རྒྱ་བོད་ཀྱི་པཎ་གྲུབ་རྣམས་དང་། རབ་འབྱམས་ལྷག་པའི་ལྷ་ཐམས་ཅད་ཀྱིས་ཞལ་གཟིགས་ཤིང་། ལུང་བསྟན་དབུགས་དབྱུང་། གཟེངས་བསྟོད་ནས་དེ་དག་གི་སྒྲུབ་ཐབས་ལག་ལེན་དང་བཅས་པ་དགོངས་གཏེར་དུ་བབས་པ་གྲངས་ལས་འདས་ཀྱང་། ཆ་ཤས་འགྱུར་མེད་ཀྱི་གྲངས་སུ་ཐེབས་པའི་ནང་ཚན། ད་ལམ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྙིང་པོ་རྒྱ་བོད་པཎ་གྲུབ་ཡོངས་ཀྱི་ཐུགས་ཀྱི་ཉིང་ཁུ། དཔལ་ཆེན་རྟ་མཆོག་རོལ་པའི་སྨིན་བྱེད་དབང་གི་རིམ་པ་བསམ་འཕེལ་ནོར་བུ་ཞེས་བྱ་བ་བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ་བ། གདམས་ངག་གི་སྣ་ཁ་མ་ལོག་པ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག་པ། བར་ན་དཀྱིལ་འཁོར་གྱི་བཀྲག་མདངས་མ་ཡལ་བ། འོག་ན་རྡོ་རྗེའི་ཟམ་མ་ཆད་པ། མཐའ་ན་ཆོས་སྐྱོང་གི་ཁ་རླངས་མ་ཡལ་བ། བྱིན་རླབས་ཀྱི་སོ་མ་ཉམས་ཤིང་། མ་དང་མཁའ་འགྲོའི་ཁ་རླངས་ཟིལ་བ་ཁྲོམ་མེ་ཡོད་པ། འདི་ལྟ་བུའི་ཡིད་ཆེས་ཤིང་ཁུངས་བཙུན་པའི་དབང་ཟབ་མོ་བསྐུར་བར་བྱེད་པ་ལ་སློབ་དཔོན་གྱི་བྱ་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་དཔལ་ཆེན་རྟ་མཆོག་རོལ་པའི་དབང་གི་རྣམ་བཤད་སྐལ་བཟང་ཐར་ལམ་འདྲེན་པའི་ཐེམ་སྐས་ཞེས་བྱ་བ་འདི་ཉིད། སྐྱབས་རྗེ་རིན་པོ་ཆེ་ཉིད་ནས་བཀའ་ཕེབས་ལྟར་ཆོས་བདག་དྷརྨ་དྷརྟུའི་མིང་གིས་དབང་ཆེན་སེང་གེ་གནམ་རྫོང་ནས་བྲིས་པ་དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

གསང་མཚན་ལྡེབ་ཤར།

༄༅།། ཅེས་ལྟོས་པ་མེད་པར་དཀྱིལ་འཁོར་ལ་དོར་བས་དབུས་སུ་བབས་ན་མཆོག་གི་དངོས་གྲུབ་ཐོབ། ཕྱོགས་བཞིར་བབས་ན་ལས་བཞི་ལྷུན་གྱིས་གྲུབ། མཚམས་བཞིར་བབས་ན་ལས་ཕྲན་ཚེགས་རེ་འགྲུབ། དེ་དང་རིགས་མཐུན་གྱི་མིང་བཏགས་པ་ནི། དབུས་སུ་ཆོས་དབྱིངས་རང་གྲོལ། མོ་ལ་ཆོས་དབྱིངས་དབང་མོ། ཕྱོགས་བཞིར་ཤར་དུ་བཛྲ་མྱུ་གུ་རྩལ། ལྷོ་རུ་རཏྣ་མྱུ་གུ་རྩལ། ནུབ་ཏུ་པདྨ་མྱུ་གུ་རྩལ། བྱང་དུ་ཀརྨ་མྱུ་གུ་རྩལ། མོ་ལ་ཡང་དེ་བཞིན་མྱུ་གུ་དབང་མོ་ཞེས་དང་། མཚམས་བཞིར་རིག་རྩལ་བཞད་པ་སོགས་བཏགས་པ་ཡིན་པས་མ་བརྗེད་པར་གྱིས་དང་འཇིགས་པའི་དུས་དང་བར་དོ་སོགས་སུ་དྲན་པ་ཙམ་གྱིས་ཕན་ཡོན་མང་དུ་འབྱུང་བས་འཛིན་འཚལ།

སྨིན་བྱེད་དབང་ཆོག་བསམ་འཕེལ་ནོར་བུ།

དབང་ཆེན་རྟ་མཆོག་ཐུགས་སྒྲུབ་ཡང་ཟབ་ལས༔ སྨིན་བྱེད་དབང་ཆོག་བསམ་འཕེལ་ནོར་བུ་བཞུགས༔

ཡེ་ཤེས་ལྔ་ཡི་རང་མདངས་ལས༔ སོ་སོར་རྟོགས་པའི་གཟི་འབར་བས༔ འཁོར་འདས་དབང་བསྒྱུར་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོའི་སྐུ་ལ་འདུད༔ དེ་ཡི་བསྙེན་སྒྲུབ་ཟབ་མོ་ལ༔ འཇུག་འདོད་སྐལ་ལྡན་སྨིན་བྱེད་ཐབས༔ དབང་ཆོག་བསམ་འཕེལ་ནོར་བུ་འདི༔ མ་འོངས་ལས་ཅན་དོན་དུ་གདམས༔ ས་མ་ཡཱ༔ དེ་ལ་སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ དང་པོ་དུར་ཁྲོད་ལ་སོགས་དབེན་གནས་སུ༔ དབང་གི་ས་ལ་བདུད་རྩིས་ཆག་ཆག་གདབ༔ ཐིག་བརྒྱད་གདབ་ཅིང་རྡུལ་ཚོན་རས་བྲིས་དང༔ ཚོམ་བུ་ལ་སོགས་སྐབས་དང་སྦྱར་ལ་བྱ༔ བུམ་པ་བདུད་རྩི་སོ་ལྔའི་བཅུད་ཀྱིས་གཏམས༔ ཁ་རྒྱན་སྐུ་རྟེན་གཟུངས་ཐག་རྡོ་རྗེས་བརྒྱན༔ པདྨས་སྤྲས་པའི་གོས་ཀྱིས་བཀླུབ་པར་བྱ༔ ཐོད་པ་དུམ་གཅིག་བདུད་རྩི་བྱང་སེམས་བླུགས༔ དམར་པོའི་དར་གྱིས་ཁ་དགབ་དེ་ཡི་སྟེང་༔ ཐུགས་རྟེན་མེ་ལོང་དྭངས་མའི་ཤེལ་ཟུར་དྲུག༔ ལྷ་ཚོགས་སྐུ་གཟུགས་ཡོན་ཏན་སྒྲུབ་གཏོར་དང་༔ དབང་གི་ཕུར་པ་རྟ་ཞལ་དར་དམར་བརྒྱན༔ བཀའ་གཏེར་སྲུང་མའི་གཏོར་མ་སྨན་རཀྟ༔ གཞན་ཡང་དབུ་རྒྱན་རྡོར་དྲིལ་མཚན་ལྡན་དང་༔ གདུགས་འཕན་རྒྱལ་མཚན་རྔ་གླིང་དུང་སིལ་སོགས༔ མ་ཚང་མེད་པར་འདུ་བྱས་ཉེར་སྤྱོད་བཀྲམ༔ རྣལ་འབྱོར་བདེ་བའི་སྟན་ལ་བག་ཕབས་ནས༔ ཐུན་མོང་སྔོན་འགྲོས་རྒྱུད་སྦྱངས་གཞི་བདག་ལ༔ གཏོར་མ་གསེར་སྐྱེམས་ཕུལ་ནས་བཀའ་བསྒོ་ཞིང་༔ ལས་ཀྱི་གཞུང་བསྲང་བསྙེན་སྒྲུབ་སྔོན་སོང་ནས༔ སྐབས་སུ་བུམ་པ་མི་དམིགས་སྟོང་པའི་ངང་༔ ཁྲོ་བོའི་གཞལ་ཡས་མཚན་ཉིད་ཡོངས་རྫོགས་དབུས༔ དབང་ཆེན་རྒྱལ་པོ་ཡབ་ཡུམ་སྲས་འཁོར་བཅས༔ བདག་བསྐྱེད་ལྷ་ཡི་ཐུགས་ལས་འོད་འཕྲོས་པས༔ སྐུ་ཡི་གནས་རྣམས་ཀུན་ནས་བདུད་རྩིའི་རྒྱུན༔ ཆར་ལྟར་བབས་པས་བུམ་པ་གང་བར་བསམ༔ རྩ་བའི་སྔགས་ལ་གྲངས་བཟུང་ཅི་ནུས་མཐར༔ དབྱངས་གསལ་ཡི་གེ་བརྒྱ་བ་འབྲུ་འབུམ་བཅས༔ ཡེ་དྷར་བཟླ་ཞིང་མཆོད་བསྟོད་དངོས་གྲུབ་བླངས༔ ལས་བུམ་ནང་དུ་རང་མོས་ལྷ་བསྐྱེད་ནས༔ སྔགས་བཟླས་འོད་ཞུ་སློབ་མ་མདུན་དུ་འགོད༔ ཁྲུས་བྱས་བགེགས་བསྐྲད་ཆོས་བཤད་གོ་མཚོན་སོགས༔ མཎྜལ་ཕུལ་ནས་གསོལ་བ་འདི་ལྟར་གདབ༔ ཀྱཻ་ཧོ༔ བདེ་གཤེགས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ དབང་ཆེན་ལྷ་དང་དབྱེར་མེད་བླ་མ་རྗེ༔ གསང་སྔགས་ཟབ་ཁྱད་སྨིན་བྱེད་གདམས་པ་ཡིས༔ བདག་རྒྱུད་སྐུ་བཞིའི་ཡེ་ཤེས་རྒྱས་པར་མཛོད༔ ཅེས་པས་ལན་གསུམ་གསོལ་བ་བཏབ་པའི་རྗེས༔ བླ་མ་དགྱེས་ཤིང་བརྩེ་བས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ རྒྱལ་ཀུན་གསུང་ལ་དབང་བསྒྱུར་ཧེ་རུ་ཀ༔ པདྨ་དབང་གི་དཀྱིལ་འཁོར་ཆེན་པོ་འདིར༔ དད་གུས་གདུང་བས་ངེས་པར་འཇུག་འདོད་ན༔ སྨིན་བྱེད་དབང་གི་བརྡ་སྒོ་དབྱེ་བར་བྱ༔ ཞེས་བརྗོད་དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་༔ ཡན་ལག་བདུན་པའི་རྗེས་ཟློས་སྔོན་བཏང་ནས༔ སྟ་གོན་དང་པོ་དམ་ཆུ་བླུད་བྱས་ཏེ༔ ཀྱཻ་ཧོ༔ ལས་དང་སྐལ་བར་ལྡན་པའི་གང་ཟག་རྣམས༔ གསང་སྔགས་དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ༔ ཉམས་ན་མནར་མེད་མེ་ཡིས་འཚིག་པར་ངེས༔ དེ་ཕྱིར་བདུད་རྩི་འདི་འཐུང་བག་ཟོན་བྱོས༔ འདི་ཡི་རྗེས་ཟློས་གདུང་ཤུགས་དང་བཅས་པས༔ བཛྲ་ས་མ་ཡཱ་ན་ར་ཀན༔ རཀྵནྟུ༔ མིག་དར་དམར་པོ་དགབ་ཅིང་མེ་ཏོག་གཏད༔ སོ་ཤིང་སྤྱི་མཐུན་སོ་འཁྲུ་དཀྱིལ་འཁོར་དོར༔ ཧཱུྃ་ཧྲཱིཿ ངག་སྒྲིབ་བཟླས་པའི་སྐྱོན་རྣམས་སྦྱང་བའི་ཕྱིར༔ སོ་ཤིང་དཀྱིལ་འཁོར་དབུས་སུ་འདོར་བར་བྱ༔ ལས་སྒྲིབ་བག་ཆགས་མ་ལུས་སྦྱངས་པ་དང་༔ རིགས་ཀྱི་དངོས་གྲུབ་གང་ཐོབ་དེར་དབབ་ཤོག༔ ཨོཾ་བཛྲ་ཧ་ས་ཧ༔ དཔུང་སྐུད་ཁ་དོག་ལྔའམ་དཀར་དམར་མཐིང་༔ རྩ་བའི་སྔགས་ཀྱིས་བདུན་ལྔ་གསུམ་མདུད་གདབ༔ ཕོ་ཡི་དཔུང་གཡོན་མོ་ཡི་གཡས་སུ་གདགས༔ ཧཱུྃ་ཧྲཱིཿ རང་བྱུང་ཡེ་ཤེས་ལྔ་ལྡན་དཔུང་སྐུད་འདི༔ ལུས་གནས་རྩ་ཡི་བག་ཆགས་སྦྱངས་པ་དང་༔ སྒྲུབ་རྟགས་རྨི་ལམ་བར་ཆད་བསྲུང་བའི་ཕྱིར༔ ཁྱོད་ཀྱི་དཔུང་པར་འཆིང་ཞིང་གནས་པར་གྱིས༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿཨོཾ་ཨཱཿཧཱུྃ༔ ལས་ཆུ་དང་རྡོ་རྗེ་རྒྱ་གྲམ་གདབ༔ ཀུ་ཤ་གཙང་མ་དྷཱི༔དང་འབྲུ་གསུམ་གྱིས༔ རྨི་ལམ་གསལ་བའི་རྗེས་སུ་བྱིན་བརླབས་ཏེ༔ ཧཱུྃ་ཧྲཱིཿ སྔོན་ཚེ་ཐུབ་དབང་མངོན་པར་བྱང་ཆུབ་ཚེ༔ ཀུ་ཤ་གཙང་མའི་གདན་ལ་དམ་བཅས་ལྟར༔ རྟགས་ཚད་རྨི་ལམ་བཟང་ངན་གསལ་བའི་ཕྱིར༔ དོ་ནུབ་སྔས་དང་གདན་དུ་འདིང་བར་གྱིས༔ དྷི་མམ༔ ཁྱོར་ཆུ་ལག་ཏུ་བླུགས་ཏེ་ཉེ་རེག་བྱ༔ ཧཱུྃ་ཧྲཱིཿ རབ་འབྱམས་སྐྱེ་བའི་ཕྲེང་བར་སྒྲིབ་གསུམ་གྱི༔ བག་ཆགས་སྦྱངས་ནས་སྒོ་གསུམ་ལྷར་འགྱུར་ཕྱིར༔ དག་བྱེད་ཆུ་ཡིས་མི་གཙང་སྦྱང་པ་དང་༔ རྣམ་དག་གཙང་མའི་ཡོན་ཏན་མངོན་གྱུར་ཤོག༔ བཛྲ་ས་མ་ཡཱ་ཤུདྡྷེ་ཨ༔ དེ་ཡིས་སྟ་གོན་ཆོས་རྣམས་ལེགས་པར་གྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བྱིན་དབབ་བྱ་བའི་རིམ་པ་ནི༔ རང་ཉིད་དབང་ཆེན་ཡབ་ཡུམ་གཞུང་བཞིན་བསྒོམས༔ གནས་གསུམ་འབྲུ་གསུམ་ཁྱད་པར་སྙིང་ག་རུ༔ ཕག་མོ་གཅེར་བུ་ཕྲ་ལ་ནས་འབྲས་ཙམ༔ དམར་ལ་འོད་འབར་དེ་ཡི་སྙིང་ག་རུ༔ གཡུང་དྲུང་གཡོན་འཁོར་རླུང་གིས་དྲག་ཏུ་བསྐྱོད་༔ གར་སྟབས་མཛད་པས་སྣང་སྲིད་གཡོ་བར་གྱུར༔ ཁྱད་པར་གནས་གསུམ་འོད་ཟེར་དཀར་དམར་མཐིང་༔ སྤོས་དུད་ལྟར་འཕྲོས་སངས་རྒྱས་བྱང་སེམས་དང་༔ ཁྱད་པར་དབང་ཆེན་རྟ་མགྲིན་ལྷ་ཚོགས་ཀྱི༔ སྐུ་ནི་ཆེ་ཕྲ་དཔག་མེད་ཆར་ལྟར་བབས༔ རྩ་སྔགས་དབྱངས་གསལ་ཡིག་འབྲུ་ཁ་དོག་ལྔ༔ ཞི་དྲག་ཕྱག་མཚན་རིགས་ལྔའི་སྐུ་གསུང་ཐུགས༔ ས་དང་བར་སྣང་དབྱིངས་ནས་བུ་ཡུག་འཚུབས༔ རང་ལ་ཐིམ་བསམ་བྱིན་འབེབས་ཚིག་འདི་བརྗོད༔ སྤོས་དུད་གཏོང་ཞིང་ཐོད་པའི་རྔ་དང་བཅས༔ ཧཱུྃ་ཧྲཱིཿ འོག་མིན་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ པདྨ་རིགས་ཀྱི་གཙོ་བོ་སྣང་མཐའ་ཡས༔ ལོག་འདྲེན་བདུད་བཞི་འདུལ་མཛད་ཧེ་རུ་ཀ༔ རྟ་མཆོག་དབང་གི་རྒྱལ་པོ་ཡབ་དང་ཡུམ༔ སྒྲུབ་པ་བཀའ་བརྒྱད་རྩ་གསུམ་ཡོངས་རྫོགས་ལྷ༔ སྐུ་ཡི་བྱིན་ཆེན་ཉི་མ་འབུམ་ལྟར་འབར༔ རྣལ་འབྱོར་ལུས་ལ་གཟི་མདངས་བསྐྱེད་དུ་གསོལ༔ གསུང་གི་བྱིན་ཆེན་འབྲུག་སྟོང་སྒྲ་བཞིན་ལྡིར༔ རྣལ་འབྱོར་ངག་ལ་ནུས་མཐུ་བསྐྱེད་དུ་གསོལ༔ ཐུགས་ཀྱི་བྱིན་ཆེན་མཁའ་ལྟར་ཡོངས་ལ་ཁྱབ༔ རྣལ་འབྱོར་སེམས་ལ་ཉམས་རྟོགས་བསྐྱེད་དུ་གསོལ༔ ཉིད་དང་དབྱེར་མེད་དུས་འདིར་མཛད་དུ་གསོལ༔ རྩ་བའི་སྔགས་མཐར༔ ཨ་བེ་ཤ་ཡ་ཛྙཱ་ན་ཨ་ཨི་ཨུ་ཨེ་ཨོ་ཨཾ་ཨེ་ཝཾ་ཕེཾ་ཕེཾ༔ རོལ་མོ་དྲག་ཏུ་འཁྲོལ་ཞིང་བྱིན་ཕེབས་རྟགས༔ ལུས་ལ་བྱིན་འབབས་འདར་འཁྲབ་གཟི་འོད་འབར༔ ངག་ལ་བྱིན་ཕེབས་བརྡ་སྐད་ངེས་མེད་སྨྲ༔ ཡིད་ལ་བྱིན་ཕེབས་ཉམས་རྟོགས་སྐྱོ་ཤས་འཕེལ༔ དེ་ནས་རྒྱ་གྲམ་སློབ་བུའི་སྤྱིར་བོར་བཞག༔ ཏིཥྛ་བཛྲ༔ཞེས་བརྗོད་མཉམ་པར་བཞག༔ དེ་ནས་སློབ་བུས་སྒོ་དབྱེ་གསོལ་གདབ་ནི༔ ཀྱཻ༔ དཀྱིལ་འཁོར་ཀུན་གྱི་གཙོ་བོ་རིགས་བདག་རྗེ༔ ཚད་མེད་སྒོ་བཞི་རྟག་ཆད་མུ་བཞིས་བསྒྲིབས༔ ཡེ་ཤེས་བཞི་ཡི་རང་གདངས་སྒོ་བཞི་ཡིས༔ མཁྱེན་བརྩེའི་ཐུགས་ཀྱིས་སྒོ་བཞི་དབྱེ་རུ་གསོལ༔ བཛྲ་པྲ་བེ་ཤ་ཡ་ཨཱ༔ དེ་ནས་སྒོ་བཞི་དབྱེ་ཞིང་གནང་བ་ནི༔ ཀྱཻ་ཧོ༔ སྐལ་ལྡན་ཁྱོད་ཀྱི་དད་དང་གུས་པའི་བློས༔ དཀྱིལ་འཁོར་ཤར་སྒོ་ནས་ཞུགས་ནང་དུ་ཤོག༔ སྒོ་བཞིར་བརྡ་དང་བརྡ་ཡིས་ཕྱག་འཚལ་ལོ༔ ལྷ་མཆོག་བརྟག་ཕྱིར་རིག་མེ་དོར་བར་གྱིས༔ ལས་ཀྱི་རྡོ་རྗེའི་ཕྱག་མཚན་ལ་འཇུས་ཏེ༔ འཛིན་མའི་ཕྱག་རྒྱས་མེ་ཏོག་བཟུང་སྟེ་དོར༔ ཧཱུྃ་ཧྲཱིཿ བདག་གི་ཚེ་རབས་སྔོན་ནས་འབྲེལ་བ་ཡི༔ ལས་ཀྱི་ལྷག་པའི་ལྷ་མཆོག་གང་ཡིན་ལ༔ བདག་གིས་རིག་པའི་མེ་ཏོག་འདི་ཕུལ་བས༔ དགྱེས་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ བཛྲ་པུཥྤེ་པྲ་ཏིཥྩ་པུ་ཛ་ཧོ༔ བླ་མས་གསེར་ཐུར་ཐོགས་ནས་སྤྱན་དབྱེ་ནི༔ ཧཱུྃ་ཧྲཱིཿ མ་རིག་ལིང་ཐོག་གིས་སྒྲིབ་ཡེ་ཤེས་མིག༔ གསང་སྔགས་རིག་པའི་གསེར་གྱི་ཐུར་མས་བསལ༔ བདེ་གཤེགས་སྙིང་པོ་སྟོབས་སོགས་ཡོན་ཏན་ཀུན༔ རང་ལ་ཡེ་ནས་གནས་པ་བསྟན་པར་གྱིས༔ དེ་ནས་དཀྱིལ་འཁོར་མཐོང་བ་བསྟན་པ་ནི༔ ཕྱག་ཤིང་ཐོགས་ཏེ་དཀྱིལ་འཁོར་ལེགས་བསྟན་ནས༔ ཀྱཻ་ཧོ༔ ལེགས་པར་གསོན་དང་སྐལ་ལྡན་རིགས་ཀྱི་བུ༔ ཕྱི་ལྟར་རྡུལ་ཚོན་དཀྱིལ་འཁོར་གཟུགས་བརྙན་ཏེ༔ གཞི་དམར་ཐུགས་རྗེས་འགྲོ་ལ་ཆགས་པའི་བརྡ༔ ཟླ་གམ་ཆོས་འབྱུང་སོར་རྟོག་ཡེ་ཤེས་མདངས༔ འཁོར་ལོ་རྩིབས་བཞི་ཡེ་ཤེས་བཞི་ཡི་མདངས༔ རྩིབས་བརྒྱད་ཚོགས་བརྒྱད་རྟོག་པ་གནས་སུ་དག༔ བཅུ་དྲུག་གནས་ཡུལ་འཛིན་པ་རང་སར་གྲོལ༔ སྒོ་བཞི་ཚད་མེད་བཞི་ཡིས་འགྲོ་བ་འདུལ༔ ཉི་ཟླའི་གདན་བརྩེགས་ཐབས་ཤེས་ཟུང་དུ་འབྲེལ༔ ཕྱི་ནང་ཉོན་མོངས་བརྒྱད་ཁྲི་གནས་འཇོམས་བརྡའ༔ དུར་ཁྲོད་བརྒྱད་སོགས་འཇིགས་རུང་རྔམ་པའི་ཞིང་༔ བརྟེན་པའི་གཙོ་བོ་དབང་ཆེན་ཧེ་རུ་ཀ༔ སྤྱན་རས་གཟིགས་དབང་རྒྱུད་དྲུག་འགྲོ་བའི་མགོན༔ རྟ་མགྲིན་རྒྱལ་པོའི་རྣམ་རོལ་གདུག་པ་འདུལ༔ དབུ་དགུས་ཁམས་གསུམ་ས་དགུའི་རྟོག་པ་འཇོམས༔ ཕྱག་མཚན་བཅོ་བརྒྱད་སྟོང་ཉིད་བདེན་དོན་སྟོན༔ ཤེས་རབ་ཡུམ་ཆེན་སྟོང་ཉིད་དབྱིངས་དང་སྦྱོར༔ ཐུགས་རྗེ་འགགས་མེད་ཡེ་ཤེས་སྤྲུལ་པའི་འཁོར༔ གདུལ་བྱའི་ཁམས་བཞིན་སྐུ་མདོག་མ་ངེས་ཤིང་༔ འཁོར་བ་མྱང་འདས་དབྱིངས་སུ་སྒྲོལ་བའི་བརྡར༔ འགགས་མེད་ཅིར་ཡང་འཆར་བའི་ཚུལ་ལ་ལྟོས༔ ནང་ལྟར་རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་དུ༔ འབྱུང་ལྔ་རྣམ་དག་ཡུམ་ཆེན་ལྔ་ཡི་ཀློང་༔ ཕུང་ལྔ་གནས་དག་བཅོམ་ལྡན་རིགས་ལྔ་ཡབ༔ ཀུན་གཞི་ཡིད་ཆོས་གནས་དག་རྟ་མཆོག་དཔལ༔ ཡེ་ཤེས་བཞི་ཡི་རང་མདངས་དབང་ཆེན་ལྷ༔ འཕགས་ལམ་ཡན་ལག་བརྒྱད་ལྡན་སྒྲུབ་སྡེ་བརྒྱད༔ སྟོབས་བཅུ་མི་འཇིགས་མ་འདྲེས་བྱང་ཆུབ་ཆོས༔ མ་ལུས་ཡོངས་རྫོགས་དཀྱིལ་འཁོར་ཆེན་པོར་ལྟོས༔ གསང་བ་རང་སེམས་མ་སྐྱེས་སྤྲོས་དང་བྲལ༔ ཆོས་སྐུ་དབང་ཆེན་འཁོར་འདས་ཀུན་ལ་ཁྱབ༔ འགགས་མེད་གསལ་མདངས་ལོངས་སྐུ་དབང་ཆེན་ལྷ༔ རྩལ་སྣང་སྣ་ཚོགས་ཅིར་ཡང་འཆར་བ་ནི༔ སྤྲུལ་པའི་སྐུ་རུ་ཤེས་པར་གྱིས་ཤིག་བུ༔ གཉིས་པ་དངོས་གཞི་སྐལ་ལྡན་སློབ་བུ་ལ༔ ཕྱི་རྒྱུད་གསུམ་ལ་ཐུན་མོང་རིག་པའི་དབང་༔ ནང་རྒྱུད་གསུམ་གྱི་ཐོག་མར་སློབ་དཔོན་དབང་༔ སྤྲོས་བཅས་བསྐྱེད་རིམ་བསྒོམ་པ་བུམ་པ་དང་༔ རླུང་སྔགས་བཟླས་པར་བརྩོན་ལ་གསང་བའི་རྫས༔ ཆགས་ཅན་ལམ་དུ་སློང་ཕྱིར་ཤེས་རབ་མ༔ རྫོགས་རིམ་ཤིན་ཏུ་སྤྲོས་མེད་ཤེལ་གྱི་བརྡ༔ ཀུན་ལ་ཐུན་མོང་སྒྲོལ་ལས་དྲག་པོའི་དབང་༔ རྣམ་གྲངས་བདུན་གྱི་སྒོ་ནས་ལག་ཏུ་ལོངས༔ ས་མ་ཡཱ༔ དང་པོ་ཐུན་མོང་རིག་ལྔ་ཞུ་བའི་ཕྱིར༔ གསོལ་བ་གདབ་པའི་རིམ་པ་འདི་བཞིན་ནོ༔ ཀྱཻ་ཧོ༔ གསང་ཆེན་ཟབ་མོའི་དཀྱིལ་འཁོར་འཁོར་ལོའི་བདག༔ ལས་སྒྲིབ་ཉོན་མོངས་དབྱིངས་སུ་གཏོར་བ་དང་༔ སྐུ་གསུམ་བྱིན་རླབས་རྒྱུད་ལ་བླུགས་པའི་ཕྱིར༔ ཐུན་མོང་དབང་གི་བརྡ་སྒོ་དབྱེ་རུ་གསོལ༔ ལན་གསུམ་ཐོག་མར་ལས་བུམ་ཆུས་བཀྲུས་ཏེ༔ ཧཱུྃ༔ ཐ་མལ་གཟུགས་ཀྱི་ཕུང་པོ་གནས་བསྒྱུར་ནས༔ རང་གནས་མེ་ལོང་ཡེ་ཤེས་མངོན་གྱུར་ཕྱིར༔ མི་བསྐྱོད་ཐུགས་ཀྱི་རང་བཞིན་བདུད་རྩིའི་ཆུས༔ བུ་ཁྱོད་ལས་ཉོན་སྒྲིབ་ཚོགས་དག་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨཱ་དར་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་བུམ་ཆུ་སྤྱི་བོར་བླུགས་པར་བྱ༔ རིན་པོ་ཆེ་ཡི་དབུ་རྒྱན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ སྡུག་བསྔལ་ཚོར་བའི་ལོག་རྟོག་རྒྱུན་བཅད་ནས༔ རང་བྱུང་མཉམ་ཉིད་ཡེ་ཤེས་མངོན་གསལ་ཕྱིར༔ རིན་ཆེན་ཡོན་ཏན་དོན་མཚོན་དབུ་རྒྱན་འདིས༔ རྒྱལ་བའི་རྒྱལ་ཚབ་དམ་པ་ཐོབ་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་དབུ་རྒྱན་སྤྱི་བོར་འཇོག་པར་བྱ༔ དེ་ནས་ཐབས་ཀྱི་རྡོ་རྗེ་ལག་གཡས་གཏད༔ ཧཱུྃ་ཧྲཱིཿ སྣ་ཚོགས་འཁྲུལ་བའི་འདུ་ཤེས་རང་གྲོལ་ནས༔ རང་རྩལ་སོར་རྟོག་ཡེ་ཤེས་མངོན་འཆར་ཕྱིར༔ མཐའ་ཡས་གསུང་གི་དོན་མཚོན་རྡོ་རྗེ་ཡིས༔ ལོག་རྟོག་རི་བོ་རྩེ་ནས་བསྙིལ་བར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏི་བྷེ་ཀྵ་ན་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་རྡོ་རྗེ་ལག་པ་གཡས་སུ་བྱིན༔ ཤེས་རབ་རང་བཞིན་དྲིལ་བུ་ལག་གཡོན་གཏད༔ ཧཱུྃ་ཧྲཱིཿ དགེ་སྡིག་དཀར་ནག་འདུ་བྱེད་དབྱིངས་བསྒྲལ་ནས༔ རང་གདངས་བྱ་གྲུབ་ཡེ་ཤེས་ལྷུན་གྲུབ་ཕྱིར༔ དོན་ཡོད་རྒྱལ་པོའི་ཕྲིན་ལས་དྲིལ་བུའི་དབང་༔ སྐལ་ལྡན་ཁྱོད་ཀྱིས་མྱུར་ཐོབ་ལས་འགྲུབ་ཤོག༔ ཨོཾ་སརྦ་ཏཱ་ཐཱ་ག་ཏ་མ་ཧཱ་ཀྲི་ཏྱ་ནུཥྛ་ན་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་ལག་གཡོན་གཏད་ནས་ལན་གསུམ་དཀྲོལ༔ དེ་ནས་མ་རིག་མུན་སེལ་མིང་དབང་ནི༔ རྡོར་དྲིལ་བསྣོལ་མ་སྤྱི་བོར་བཞག་བྱས་ཏེ༔ ཧཱུྃ་ཧྲཱིཿ སྲིད་པའི་བདག་འཛིན་རྣམ་ཤེས་དབྱིངས་གྲོལ་ནས༔ རང་དབང་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཕྱིར༔ རྣམ་པར་སྣང་མཛད་མུན་སེལ་མིང་གི་དབང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ཀྱིས་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤཱུ་ནྱ་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྔོན་གྱི་མེ་ཏོག་དོར་བའི་སྐབས་དེ་རུ༔ དཀྱིལ་འཁོར་དབུས་སུ་བབས་པའི་གསང་བའི་མིང་༔ ཆེ་མཆོག་པདྨ་དབང་ཆེན་བཞད་པ་རྩལ༔ ཤར་དུ་རྡོ་རྗེ་དབང་ཆེན་དགྱེས་པ་རྩལ༔ ལྷོ་རུ་རཏྣ་དབང་ཆེན་རྔམས་བཞད་རྩལ༔ ནུབ་ཏུ་པདྨ་དབང་ཆེན་དབྱངས་སྙན་རྩལ༔ བྱང་དུ་ཀརྨ་དབང་ཆེན་ལས་རབ་རྩལ༔ དེ་བཞིན་ཤར་དུ་ཐུགས་མཆོག་རྡོ་རྗེ་དང་༔ ལྷོ་རུ་ཡོན་ཏན་རིན་ཆེན་ཀུན་འབྱུང་དཔལ༔ ནུབ་ཏུ་པདྨ་ཁམས་གསུམ་དབང་སྡུད་རྩལ༔ བྱང་དུ་ཕྲིན་ལས་བདུད་འདུལ་དྲག་པོ་རྩལ༔ ཤར་ལྷོར་བདེ་ཆེན་དགའ་བཞི་དགྱེས་རབ་དང་༔ ལྷོ་ནུབ་རིག་འཛིན་རྡོ་རྗེ་འཆང་དབང་དང་༔ ནུབ་བྱང་བསྟན་སྲུང་དགྲ་བགེགས་ཀུན་འདུལ་རྩལ༔ བྱང་ཤར་སྟོབས་ལྡན་དམོད་པ་ཀུན་འགྲུབ་སོགས་སྐབས་སུ་གང་བབས་མིང་བཏགས་སྔགས་ཤམ་དུ༔ བྷུདྡྷ་ཀྲོ་ཏ་ན་མ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སློབ་མའི་ལག་གཡས་རྡོ་རྗེ་དང་༔ གཡོན་དུ་དྲིལ་བུ་ཐབས་ཤེས་བརྡ་དོན་སྤྲད༔ ཟུང་འཇུག་དོན་ཕྱིར་བསྣོལ་ཞིང་འཁྱུད་ཚུལ་བྱ༔ ཧཱུྃ་ཧྲཱིཿ སྣང་བ་ཐབས་ཀྱི་རང་བཞིན་རྡོ་རྗེ་དང་༔ སྟོང་པ་ཤེས་རབ་རང་བཞིན་དྲིལ་བུ་དང་༔ ཟུང་འཇུག་བདེ་སྟོང་ཡེ་ཤེས་མངོན་གྱུར་ནས༔ རྡོ་རྗེ་སློབ་དཔོན་དབང་མཆོག་མངོན་གྱུར་ཤོག༔ ཨོཾ་བཛྲ་དྷ་ར་ནཱ་མ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་དང་༔ རྡོ་རྗེ་སློབ་དཔོན་དབང་རྣམས་རྫོགས་པའི་མཐར༔ བུམ་དབང་ཆེད་དུ་མཎྜལ་ཕུལ་བྱས་ཏེ༔ གསོལ་བ་གདབ་པའི་རིམ་པ་འདི་བཞིན་ནོ༔ ཀྱཻ་ཧོ༔ དགོངས་ཤིག་ཐུགས་རྗེའི་བདག་ཉིད་རྡོ་རྗེ་འཛིན༔ མ་དག་ལུས་ཀྱི་བག་ཆགས་གནས་དག་ནས༔ བསྐྱེད་རིམ་བསྒོམས་ཤིང་སྤྲུལ་པའི་སྐུ་འགྲུབ་ཕྱིར༔ སྤྲོས་བཅས་བུམ་པའི་དབང་མཆོག་བདག་ལ་སྩོལ༔ ལན་གསུམ་བརྗོད་ཅིང་བུམ་པའི་གཞལ་ཡས་སུ༔ དབང་ཆེན་ལྷ་ཚོགས་གསལ་བའི་སྐུའི་ཆ་ལས༔ བདུད་རྩིའི་རྒྱུན་དང་ལྷ་ཡི་སྐུ་འཕྲོས་པས༔ ཕུང་ཁམས་ལ་ཕོག་དབང་ཆེན་སྐུར་གྱུར་བསམ༔ ཧཱུྃ་ཧྲཱིཿ བུམ་པ་རང་བྱུང་ལྷ་ཡི་གཞལ་ཡས་ཁང་༔ བཅུད་མཆོག་ཟག་མེད་དབང་ཆེན་ལྷ་ཡི་སྐུ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྐུ་ཡི་དབང་མཆོག་ལུས་ལ་བསྩལ་དུ་གསོལ༔ རྩ་སྔགས་ཤམ་དུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ནི་ལུས་ཀྱི་སྒྲིབ་པ་མ་ལུས་དག༔ གནས་སྐབས་ལྷ་ཡི་བསྐྱེད་རིམ་བསྒོམ་ལ་དབང་༔ འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་བྱ༔ དེ་ནས་རྗེས་འབྲེལ་ལྷ་དབང་བསྐུར་བ་ནི༔ ཐོག་མར་གཙོ་བོའི་སྐུ་ཙཀ་མེ་ལོང་ལ༔ ལེགས་པར་བསྟན་ཏེ་དབང་བསྐུར་ཚིག་དོན་བརྗོད༔ རྡོ་རྗེ་སློབ་མའི་སྤྱི་བོར་བཞག་བྱས་ཏེ༔ ཧཱུྃ་ཧྲཱིཿ རང་སེམས་སྟོང་པ་ཆོས་སྐུའི་མེ་ལོང་ངོགས༔ འགགས་མེད་གསལ་མདངས་ལྷ་ཡི་བསྐྱེད་རིམ་ཤར༔ དབྱེར་མེད་སྣང་སྟོང་གཟུགས་སྐུའི་དབང་བསྐུར་བས༔ རང་རིག་དོན་དམ་ལྷ་ཞལ་མཇལ་བར་ཤོག༔ རྩ་སྔགས་ཤམ་བུར༔ ཧྱཱ་གྷྲྀ་ཝཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིགས་བཞིའི་ལྷ་དབང་བསྐུར་བ་ལ༔ རྡོ་རྗེ་དབང་ཆེན་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ ཤར་ཕྱོགས་དྲི་ཟའི་གདོན་ཚོགས་འདུལ་བ་དང་༔ ནད་གདོན་བར་ཆད་མ་ལུས་ཞི་མཛད་པ༔ རྡོ་རྗེ་དབང་ཆེན་ཡབ་ཡུམ་དབང་བསྐུར་བས༔ རྟ་མཆོག་རྒྱལ་པོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་དབང་ཆེན་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་འདུལ་བ་དང་༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས་མཛད་པ༔ རཏྣ་དབང་ཆེན་ཡབ་ཡུམ་དབང་བསྐུར་བས༔ རྟ་མཆོག་རྒྱལ་པོའི་ཡོན་ཏན་དབང་ཐོབ་ཤོག༔ ཨོཾ་རཏྣ་ཀྲོ་ཏ་ཧྱ་གྷྲི་ཝ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་དབང་ཆེན་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ ནུབ་ཕྱོགས་ཆུ་བདག་གདོན་ཚོགས་འདུལ་བ་དང་༔ སྐྱེ་རྒུའི་བླ་ཡིད་དབང་དུ་སྡུད་མཛད་པ༔ པདྨ་དབང་ཆེན་ཡབ་ཡུམ་དབང་བསྐུར་བས༔ རྟ་མཆོག་རྒྱལ་པོའི་གསུང་གི་དབང་ཐོབ་ཤོག༔ ཨོཾ་པདྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཝཀྐཱ་ཨ་བྷི་ཥིཉྩ་ཧཱུྃ༔ ཀརྨ་དབང་ཆེན་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ བྱང་ཕྱོགས་གནོད་སྦྱིན་ཚོགས་རྣམས་འདུལ་བ་དང་༔ དྲག་པོའི་ལས་ཀྱིས་དགྲ་བགེགས་ཚར་གཅོད་པ༔ ལས་རབ་དབང་ཆེན་ཡབ་ཡུམ་དབང་བསྐུར་བས༔ རྟ་མཆོག་རྒྱལ་པོའི་ཕྲིན་ལས་དབང་ཐོབ་ཤོག༔ ཨོཾ་ཀརྨ་ཀྲོ་ཏ་ཧྱ་གྷྲི་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱི༔ དབང་བསྐུར་དང་པོ་ཡང་དག་སྐུ་ཐོགས་ཏེ༔ སློབ་མའི་སྤྱི་བོར་བཞག་ནས་འདི་སྐད་དོ༔ ཧཱུྃ་ཧྲཱིཿ གྲངས་མེད་རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིངས༔ འགྲོ་བའི་ཞེ་སྡང་རྟོག་པ་འཇོམས་མཛད་པ༔ ཡང་དག་ཐུགས་ཀྱི་ལྷ་ཚོགས་དབང་བསྐུར་བས༔ མེ་ལོང་ལྟ་བུའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ཨ་བྷི་ཥིཉྩ་ཧཱུྃ༔ འཇམ་དཔལ་གཤིན་རྗེའི་སྐུ་གཟུགས་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ མཚན་དཔེའི་འོད་འབར་བདེ་གཤེགས་ཡོངས་རྫོགས་ཀྱི༔ རང་གཟུགས་ང་རྒྱལ་རྟོག་ཚོགས་ཟིལ་གནོན་པ༔ འཇམ་དཔལ་གཤིན་རྗེ་གཤེད་པོའི་དབང་བསྐུར་བས༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨ་དབང་གི་སྐུ་གཟུགས་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ གསུང་དབྱངས་ཡན་ལག་དྲུག་ཅུའི་རང་གཟུགས་གར༔ ཉོན་མོངས་འདོད་ཆགས་མ་ལུས་འཇོམས་མཛད་པ༔ བཅོམ་ལྡན་རྟ་མཆོག་རྒྱལ་པོའི་དབང་བསྐུར་བས༔ སོ་སོར་རྟོག་པའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་པདྨ་ཏ་ཀྲི་ཏ་ཧྱ་གྷྲྀ་ཝ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཕུར་པ་ཕྲིན་ལས་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ རབ་འབྱམས་རྒྱལ་བའི་ཕྲིན་ལས་དབང་འབྱོར་བ༔ ཕྲག་དོག་དམ་སྲི་རྡུལ་དུ་བརླག་མཛད་པ༔ ཁྲོ་རྒྱལ་རྡོ་རྗེ་གཞོན་ནུའི་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བླ་མེད་ཧེ་རུ་ཀའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ སྣང་སྲིད་བདེ་བ་ཆེན་པོའི་ཡུམ་གྱི་མཁར༔ བཅུ་དྲུག་དགའ་བཞིའི་སྒེག་པའི་གཞོན་ནུ་ཆེ༔ ལེགས་ཉེས་སྟངས་འཛིན་རྣལ་འབྱོར་གྲོགས་མཛད་པ༔ བླ་མེད་ཧེ་རུ་ཀ་ཡི་དབང་བསྐུར་རོ༔ ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ རིག་འཛིན་སློབ་དཔོན་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ བདེ་གཤེགས་ཡོངས་རྫོགས་བླ་མ་རིག་འཛིན་གཙོ༔ དམ་ཚིག་གཉན་པོའི་དཔང་བཞུགས་ཧེ་རུ་ཀ༔ སློབ་དཔོན་རྡོ་རྗེ་འཛིན་པའི་དབང་བསྐུར་བས༔ སྣང་བཞིའི་ཡེ་ཤེས་ཟད་སར་འཁྱོལ་བར་ཤོག༔ ཨོཾ་མ་ཧཱ་གུ་རུ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དྲེགས་པ་ཀུན་འདུལ་སྐུ་གཟུགས་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ རྒྱལ་ཀུན་ཡོན་ཏན་རྣམ་རོལ་སྣ་ཚོགས་གཟུགས༔ རྣལ་འབྱོར་མི་མཐུན་ཀུན་སེལ་ལེགས་ཚོགས་སྤེལ༔ འཇིག་རྟེན་མཆོད་བསྟོད་ལྷ་ཡི་དབང་བསྐུར་བས༔ འགོ་བའི་ལྷ་ལྔས་རྟག་ཏུ་སྲུང་བར་ཤོག༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཨ་བྷི་ཥིཉྩ་ཧཱུྃ༔ སྟོབས་ལྡན་ནག་པོའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ་ཧྲཱིཿ རྦད་པ་ཙམ་གྱིས་དགྲ་བགེགས་ལོག་འདྲེན་རྣམས༔ མ་ལུས་རྡུལ་དུ་བརླག་ནུས་དྲག་རྩལ་ཅན༔ ཆེ་བཙན་སྟོབས་ལྡན་ནག་པོའི་དབང་བསྐུར་བས༔ བསྟན་དགྲ་ཚར་གཅོད་དྲག་པོའི་དབང་ཐོབ་ཤོག༔ ཨོཾ་བཛྲ་སརྦ་དུཥྚན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བཀའ་སྲུང་ནག་པོ་ཡི༔ སྐུ་གཟུགས་གནས་ལྔར་བཞག་སྟེ་འདི་སྐད་དོ༔ ཧཱུྃ་བྷྱོ༔ བཀའ་ཡི་བསྟན་སྲུང་ཕོ་རྒྱུད་མོ་རྒྱུད་དང་༔ ཕྱི་ནང་དྲེགས་པ་ཡོངས་ཀྱི་གཙོ་བོ་མཆོག༔ དཔལ་མགོན་མ་ནིང་ནག་པོའི་དབང་བསྐུར་བས༔ དམ་ཅན་རྒྱ་མཚོའི་སྲོག་ལ་དབང་འབྱོར་ཤོག༔ དྷརྨ་པཱ་ལ་ཝ་དྷུ་ཏི་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསང་བའི་དབང་བསྐུར་ནི༔ མཚན་ལྡན་བདེ་སྐྱོང་གཞལ་ཡས་སུ༔ ལྷ་ཚོགས་རིགས་ལྔ་ཡབ་ཡུམ་གྱུར༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་རྒྱུན༔ སློབ་མའི་ལྕེ་ལ་བཞག་པར་བྱ༔ ཧཱུྃ་ཧྲཱིཿ གསང་བ་བདེ་སྟོང་དགའ་བཞིའི་ཡེ་ཤེས་ཀྱི༔ དཀར་དམར་བདུད་རྩི་འདྲེས་པ་གསང་བའི་རྫས༔ དམ་ལྡན་སྐྱེས་བུའི་ལྕེ་ལ་དབང་བསྐུར་བས༔ ངག་སྒྲིབ་དག་ནས་བཟླས་པ་མཐར་ཕྱིན་ཤོག༔ རྩ་སྔགས་ཤམ་བུར༔ བྷོ་དྷི་ཙིཏྟ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ངག་གི་སྒྲིབ་པ་མ་ལུས་དག་ནས་ཀྱང་༔ གསང་སྔགས་ཕྱི་ནང་བཟླས་པ་བྱེད་ལ་དབང་༔ འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་བྱས༔ ཆགས་ཅན་རྣམས་ལ་ཤེར་དབང་བསྐུར་བ་ནི༔ དངོས་སམ་རི་མོའི་ཕྱག་རྒྱ་ལག་གཡོན་གཏད༔ མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་ངོས་བཟུང་སྟེ༔ ཧཱུྃ་ཧྲཱིཿ ལུས་ངག་ཡིད་གསུམ་སྐྱོན་བྲལ་པདྨ་ཅན༔ བདེ་བའི་བདེ་བ་ཀུན་སྟེར་ཕྱག་རྒྱ་མོ༔ འདུ་ཤེས་གསུམ་ལྡན་ཐ་མལ་འཛིན་རྟོག་སྤོངས༔ རང་བྱུང་བདེ་བ་ཆེན་པོའི་དབང་ཐོབ་ཤོག༔ ཨོཾ་ཨཱ་མ་ཧཱ་མུ་ཏྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ཡིད་ཀྱི་ཐ་མལ་འཛིན་སྒྲིབ་དག༔ བདེ་བ་ཆེན་པོའི་ཡེ་ཤེས་བསྒོམ་ལ་དབང་༔ རྣམ་ཀུན་མཆོག་ལྡན་སངས་རྒྱས་ཆོས་ཀྱི་སྐུ༔ ཚེ་འདིར་བསྒྲུབ་པའི་སྐལ་བ་ཅན་དུ་བྱས༔ ཚིག་གི་དབང་ལ་སྒྲིབ་བྲལ་མེ་ལོང་ངོས༔ དྭངས་ཤེལ་ཟུར་དྲུག་བསྟན་ཅིང་སྙིང་གར་བཞག༔ ཧཱུྃ་ཧྲཱིཿ ཀ་དག་སྟོང་པ་དྭངས་མའི་ཤེལ་གོང་ལ༔ ལྷུན་གྲུབ་ཡེ་ཤེས་ལྔ་ཡི་འཇའ་ཚོན་ཤར༔ རང་བཞིན་མ་འགགས་སྟོང་གསལ་ཆོས་ཀྱི་སྐུའི༔ གོ་འཕང་ཚེ་འདིར་འགྲུབ་པའི་དབང་ཐོབ་ཤོག༔ ཨོཾ་དྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་ཀུན་གཞིའི་བག་ཆགས་སྒྲིབ་པ་དག༔ བརྗོད་བྲལ་མཚན་མེད་རྫོགས་རིམ་བསྒོམ་ལ་དབང་༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་བསམ༔ བསྒྲལ་བའི་དབང་ནི་རྣལ་འབྱོར་རབ་འབྲིང་ཐ༔ ཀུན་གྱི་སྤྱོད་ཡུལ་དབང་ཆོག་གཞན་ལས་ཤེས༔ དེ་ནས་པོ་ཏི་མགོར་བཞག་ལག་ཏུ་གཏད༔ ཧཱུྃ་ཧྲཱིཿ རྒྱལ་བ་སྲས་བཅས་ཐུགས་ཀྱི་ཏི་ཀ་མཆོག༔ ཟབ་གསང་རྒྱུད་སྡེའི་བཅུད་བསྡུས་གདམས་པའི་ཕུལ༔ དབང་ཆེན་རྟ་མཆོག་འཁོར་འདས་ཡོངས་ཀྱི་རྗེ༔ ཉེ་བརྒྱུད་དགོངས་པའི་གཏེར་ལས་ལེགས་བབས་ཆོས༔ མན་ངག་ཟབ་གསང་བསམ་འཕེལ་ནོར་བུ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ རང་དང་གཞན་ལ་ཕན་འདོད་ལྷག་བསམ་གྱིས༔ རྟག་ཏུ་བསྙེན་ཅིང་སྒྲུབ་འབྲས་མཐར་ཕྱིན་ནས༔ ཚེ་འདིར་རྫོགས་པའི་བྱང་ཆུབ་མཐར་ཕྱིན་མཛོད༔ དབྱངས་གསལ་ཡེ་དྷར་བརྗོད་ཅིང་སྨོན་ལམ་གདབ༔ སྤྲོ་ན་རྫས་རྟགས་བཀྲ་ཤིས་དབང་རྣམས་སྦྱིན༔ དེ་ནས་དགའ་སྟོན་ཚོགས་ཀྱི་འཁོར་ལོར་རོལ༔ ས་མ་ཡཱ༔ ཨེ་མ་ཟབ་ལས་ཆེས་ཟབ་མན་ངག་དབང་གི་རྒྱལ༔ རིག་འཛིན་བརྒྱུད་པའི་ཞལ་ལུང་བླ་ན་མེད༔ མཚོ་རྒྱལ་ཌཱཀྐིའི་དགོངས་པའི་གསང་མཛོད་ལས༔ དུས་བབས་སྐལ་ལྡན་ཆོས་ཀྱི་བདག་པོར་སྤྲོད༔ བཀའ་ཡི་སྲུང་མ་དཔལ་མགོན་མ་ནིང་དང་༔ གཏེར་གྱི་རྫི་བོ་ཙི་ཏྲ་དམར་པོས་སྲུངས༔ འཛིན་སྤེལ་རྒྱུད་འཛིན་ཚེ་ཡི་བར་ཆད་སོལ༔ མཐུན་རྐྱེན་སྲིད་ཆོས་ཚེ་ཡི་ལེགས་ཚོགས་སྤེལ༔ ཤིན་ཏུ་ཟབ་བོ་སྣོད་མིན་གསང་བའི་རྒྱ༔ འགྱུར་མེད་ཡི་གེ་སྤྲུལ་པའི་སྐུ་ཡི་རྒྱ༔ འགགས་མེད་རང་བབས་ཚིག་དོན་གསུང་གི་རྒྱ༔ འཁྲུལ་མེད་སྟོང་གསལ་དགོངས་ཀློང་ཐུགས་ཀྱི་རྒྱ༔ གུ་ཧྱ༔ སྤྲང་བན་ལུང་རིག་གླིང་པས་དག་པར་ཕབ་པའོ༔ དགེའོ