cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་གསུམ་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

གསང་ཆེན་རིགས་གཅིག་གི་གསོལ་འདེབས།

༄༅། གསང་ཆེན་རིགས་གཅིག་གི་གསོལ་འདེབས་བཞུགས། ཨེ་མ་ཧོ། གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་སེམས། །དགའ་རབ་ཤྲི་སེང་ཨོ་རྒྱན་ཐོད་ཕྲེང་རྩལ། །རྒྱལ་ཡུམ་མཚོ་རྒྱལ་མངའ་བདག་ཁྲི་སྲོང་རྗེ། །གསོལ་བ་འདེབས་སོ་སྐུ་བཞིའི་དངོས་གྲུབ་སྩོལ། །པདྨའི་རྒྱལ་ཚབ་གཏེར་ཆེན་འགྲོ་འདུལ་རྩལ། །བི་མ་ལ་དངོས་གྲུབ་དབང་ནམ་མཁའི་མཚན། །བཀའ་དྲིན་མཚུངས་མེད་འགྲོ་འདུལ་ཕྲིན་ལས་བཟང་། །གསོལ་བ་འདེབས་སོ་སྒྲིབ་གཉིས་ཡོངས་དག་མཛོད། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་མཁའ་འགྲོ་བཀའ་སྲུང་གཏེར་བདག་ཚོགས། །གསོལ་བ་འདེབས་སོ་སྒྲིབ་སྤྲིན་གྲོལ་བའི་དབྱིངས། །རྡོར་སེམས་རང་ཞལ་མངོན་དུ་མཐོང་བར་ཤོག །ཅེས་པའང་སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉིན་བྱེད་པའི་མིང་ཅན་གྱིས་སྨྲས་པ་དགེ་བར་གྱུར་ཅིག །དགེའོ།།

རྡོར་སེམས་སྒོམ་བཟླས་ཉི་མ་སྤྲིན་བྲལ།

༄༅།། སཾགུཧྱཔདྨསྱམུཁཱགཾབྷྱཿཨབརཎཤྭོདྷནབཛྲསཏྭབྷབནཛཔྶུམེགཔགཏབིཧརཏསྨཿ

༄༅།། སཾགུཧྱཔདྨསྱམུཁཱགཾབྷྱ༔ ཨབརཎཤྭོདྷནབཛྲསཏྭབྷབནཛཔྶུམེགཔགཏབིཧརཏསྨཿ

༄༅།། ཡང་གསང་པདྨའི་ཞལ་ལུང་ལས༔ སྒྲིབ་སྦྱོང་རྡོར་སེམས་སྒོམ་བཟླས་ཉི་མ་སྤྲིན་བྲལ་བཞུགས་སོ༔

ཁྱབ་བདག་སྟོན་པ་རིགས་བརྒྱའི་གཙོ༔ རྡོ་རྗེ་སེམས་དཔའ་ལ་བཏུད་ནས༔ མ་འོངས་ལས་ལྡན་སྒྲིབ་སྦྱང་ཕྱིར༔ ཉི་མ་སྤྲིན་བྲལ་གདམས་པ་བསྟན༔ དམ་ཚིག་ཆོས་ཀྱི་རྩ་བ་ཡིན༔ ཉམས་ཆག་དངོས་གྲུབ་རྒྱུན་གཅོད་ཡིན༔ དེ་ཕྱིར་མཆོག་ལ་རེག་འདོད་ཀྱང་༔ ས་བོན་རུལ་བའི་མྱུ་གུ་འདྲ༔ དེ་བས་སྐལ་ལྡན་བུ་རྣམས་ཀྱིས༔ སྟོབས་བཞིའི་བཤགས་པ་དང་དུ་ལོངས༔ ས་མ་ཡཱ༔ སྤྲོས་མེད་གང་ཟག་ཉམས་ལེན་ཕྱིར༔ རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི༔ ཨཱཿ འཁོར་འདས་ཆོས་ཀུན་སྟོང་པ་ཆེན་པོའི་ངང་༔ མ་རྟོགས་འགྲོ་ལ་དམིགས་མེད་སྙིང་རྗེའི་གདངས༔ ཟུང་འཇུག་རྩལ་ལས་རང་གི་སྤྱི་གཙུག་ཏུ༔ པདྨ་དཀར་པོ་ཟླ་བ་ཉ་གང་དབུས༔ རྒྱལ་ཀུན་གསང་བ་ཧཱུྃ་དཀར་ལས་བྱུང་བའི༔ དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ གངས་རིའི་ཕུང་པོར་ཉི་མ་ཤར་བཞིན་དཀར༔ ཞལ་གཅིག་འཛུམ་མདངས་བརྩེ་བའི་སྤྱན་གྱིས་གཟིགས༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཐུགས་ཀར་གདེངས༔ ཕྱག་གཡོན་དངུལ་དཀར་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ དབུ་རྒྱན་སྙན་ཆ་དོ་ཤལ་སེ་མོ་དོ༔ ཕྱག་ཞབས་དཔུང་གདུབ་ཕྲེང་བ་རིན་པོ་ཆེའི༔ རྒྱན་ཆ་བརྒྱད་དང་དར་ལྗང་སྟོད་གཡོགས་བཀླུབས༔ སྨད་དཀྲིས་ཁྲ་བོ་ཟི་ལྡིར་ཅོད་པན་འཕྱངས༔ སྐ་རགས་གསེར་མདོག་གར་གོས་ན་བཟའ་ལྔ༔ ལོངས་སྐུའི་རྒྱན་ཆ་བཅུ་གསུམ་ཞི་ཚུལ་དགུ༔ མཚན་བཟང་དཔེ་བྱད་ཡོངས་རྫོགས་མཛེས་སྡུག་སྐུ༔ ཡན་ལག་དྲུག་ལྡན་ཐོས་པས་རྣམ་གྲོལ་གསུང་༔ མཁྱེན་གཉིས་དམིགས་མེད་བརྩེ་ཆེན་ཀུན་ཁྱབ་ཐུགས༔ རབ་འབྱམས་རྒྱལ་བ་ཀུན་འདུས་ངོ་བོར་གསལ༔ ཞེས་པ་དེ་ནི་རྟེན་གྱི་སྟོབས་ཡིན་ལ༔ སྡིག་པ་རྣམ་པར་སུན་འབྱིན་སྟོབས་མཆོག་ནི༔ ཀྱཻ་བཅོམ་ལྡན་དཔལ་ལྡན་བླ་མ་རྡོ་རྗེ་སེམས༔ རྒྱལ་ཀུན་མཁྱེན་གཉིས་དམིགས་མེད་བརྩེ་བའི་བདག༔ མཐུ་སྟོབས་ནུས་པས་འགྲོ་ཀུན་སྲིད་ལས་སྒྲོལ༔ བདག་འདྲ་ལས་དང་ཉོན་མོངས་དྲག་པོའི་མཐུས༔ རབ་ཏུ་རྨོངས་པས་ལུས་ངག་ཡིད་གསུམ་གྱིས༔ སྲོག་གཅོད་རྐུ་འཕྲོག་འདོད་ལོག་རྫུན་དུ་སྨྲས༔ ཕྲ་མས་འབྱེད་དང་རྩུབ་ཚིག་གཞན་རྒྱུད་བསྲེགས༔ ངག་འཁྱལ་བརྣབ་སེམས་མནར་སྤྱོད་ལོག་ལྟ་བྱས༔ སོ་ཐར་ཁྲིམས་ཉམས་བྱང་སེམས་བསླབ་བྱ་ཡལ༔ གསང་ཆེན་དམ་ཚིག་འགལ་ཉམས་འདས་དང་རལ༔ ཉམས་ཆག་ཉེས་ལྟུང་མནར་མེད་རྒྱུ་བསགས་པ༔ ཐམས་ཅད་ཁྱོད་ཀྱི་སྤྱན་སྔར་སྙིང་ནས་བཤགས༔ ཁྱོད་ཐུགས་ཙིཏྟ་དྭངས་ཤེལ་ནོར་བུའི་དབྱིབས༔ ཉ་རྒྱས་ཟླ་བ་ཟླུམ་པོར་འཁྱིལ་བའི་དབུས༔ ཡེ་ཤེས་སེམས་དཔའ་ཧཱུྃ་དཀར་གསལ་ལ་འཚེར༔ ཏིང་འཛིན་སེམས་དཔའི་སྔགས་ཕྲེང་གཡས་སུ་འཁོར༔ འོ་རྒྱུན་ལྟ་བུའི་བདུད་རྩི་དཀར་པོ་བབས༔ སྐུ་ཡི་དབྱིབས་བརྒྱུད་ཞབས་ཀྱི་མཐིལ་ནས་བྱུང་༔ བདག་གི་ཚངས་བུག་ནས་བརྒྱུད་ལུས་ཀུན་གང་༔ སྡིག་སྒྲིབ་བག་ཆགས་དུད་ཁུ་སོལ་ཁུ་ལྟར༔ དྲི་ལམ་གཉིས་བརྒྱུད་དབང་ཆེན་ས་གཞིར་ཐིམ༔ འཆི་བདག་ཁར་སོང་དུས་མིན་འཆི་བ་ཟློག༔ རང་ལུས་དྭངས་ཤེལ་ཞོ་ཡིས་གང་བ་ལྟར༔ གསལ་སྟོང་ཡེངས་མེད་གཟུངས་སྔགས་རྒྱལ་པོ་བཟླ༔ ཨོཾ་བཛྲ་ས་ཏྭ་སོགས་ཨཱཿ དེ་ལྟར་སྐུ་བསྒོམ་སྔགས་བཟླས་ཡེངས་མེད་དུ༔ གཉེན་པོའི་སྟོབས་བསྐྱེད་རྟགས་ཐོན་བྱ་བ་གཅེས༔ རྟགས་ནི་གྲངས་མ་ཐོན་ཀྱང་འབྱུང་བ་ཡོད༔ དབང་པོ་རབ་དང་སྡིག་སྒྲིབ་ཤས་ཆུང་བས༔ གྲངས་བསྙེན་འབུམ་ཕྲག་ཐ་མལ་བཤད་པ་ཡང་༔ ཐོག་མེད་བསྒོམ་པའི་བག་ཆགས་དེ་ལ་དགོངས༔ ཐེ་ཚོམ་མེད་དང་དད་གུས་ལྡན་པ་ཡི༔ གཟུངས་འདི་མ་ཡེངས་བརྒྱ་ཕྲག་གཅིག་བཟླས་པས༔ མི་དགེ་བཅུ་སོགས་ལས་སྒྲིབ་འདག་པར་ངེས༔ སྟོང་བཟླས་སོ་ཐར་ལ་སོགས་ཐེག་བརྒྱད་ཀྱི༔ ཁས་བླངས་མཐའ་དག་ཉམས་པ་སོར་རུ་ཆུད༔ ཁྲི་ཡིས་ཉེ་བའི་མཚམས་མེད་ལས་ཀྱང་བྱང་༔ འབུམ་གྱིས་རྩ་བའི་དམ་ཚིག་ཉམས་པ་བཤགས༔ འབུམ་ཕྲག་བདུན་བཟླས་ཚེ་འདིར་སངས་རྒྱས་ཐོབ༔ ས་མ་ཡཱ༔ དེ་ནས་ཉེས་བྱས་སོར་ཆུད་སྟོབས་མཆོག་ནི༔ སླར་ཡང་གདུང་བས་གསོལ་འདེབས་འདི་བཞིན་བྱ༔ ཀྱཻ་མ་ཀྱེ་མ་སྐྱབས་གཅིག་རྡོ་རྗེ་སེམས༔ སྔོན་ཆད་མ་གུས་བག་མེད་ཉོན་མོངས་མང་༔ བསྲུང་སྡོམ་མི་ཤེས་རང་གིས་རང་བསླུས་པས༔ མནར་མེད་མེ་ལྕེའི་ཟེར་དབལ་བཟོད་དཀའ་དང་༔ ལྷན་ཅིག་སྡོད་པ་ད་དུང་མ་རྟོགས་པས༔ སྙིང་རྩ་ཁོང་ནས་རུལ་བ་བདག་ལྟ་བུ༔ དྲིན་ཆེན་བླ་མའི་ཐུགས་རྗེས་ཐོས་ཤིང་རྟོགས༔ ད་ནི་གནོང་འགྱོད་མཆི་མ་འཁྲུགས་པས་བཤགས༔ ཕྱིན་ཆད་མི་བགྱིད་སྙིང་ནས་དམ་བཅའ་འོ༔ ཞེས་པས་གསོལ་བཏབ་སྤྱི་བོའི་བླ་མ་ཡིས༔ བུ་ཁྱོད་ཉེས་ལྟུང་ཐམས་ཅད་དག་གོ་ཞེས༔ རིགས་བདག་དགྱེས་འཛུམ་ཐུགས་རྗེས་འོད་དུ་ཞུ༔ རང་ལ་ཐིམ་པས་རང་ཡང་རྡོ་རྗེ་སེམས༔ ཕྱི་སྣོད་མངོན་པར་དགའ་བའི་ཞིང་དུ་གྱུར༔ ནང་བཅུད་སེམས་ཅན་རྡོར་སེམས་རིགས་ལྔ་ཡི༔ ཞལ་ནས་འབྲུ་དྲུག་འཁོར་འདས་ལྡིར་བ་བཞིན༔ འབྱུང་བཞིའི་རང་སྒྲ་ལྷང་ལྷང་སྒྲོགས་པར་བསམ༔ ཡེངས་མེད་སྒྲ་དག་དབྱངས་གསལ་སྔགས་འདི་བཟླ༔ ཨོཾ་བཛྲ་ས་ཏྭ་ཨཱཿ འབྲུ་འབུམ་མམ་ཡང་ན་ཅི་འགྲུབ་བཟླས༔ བཤགས་བྱ་བཤགས་ཡུལ་དམིགས་པའི་འཕྲོ་འདུ་ཀུན༔ སྐྱེ་འགག་བྲལ་བ་སྟོང་ཆེན་བློ་འདས་ཀྱི༔ བཤགས་པའི་རྒྱལ་པོ་རྡོ་རྗེ་འཆང་གི་བཀའ༔ རྟོགས་ན་ཉམས་ཆག་ཀ་དག་དབྱིངས་སུ་གྲོལ༔ མཐར་ནི་དགེ་བ་ཉམས་ཆག་ཉེས་ལྟུང་གིས༔ མནར་བའི་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ ཨེ་མ་ཡང་ཟབ་ཆོས་ཀྱི་རྣམ་གྲངས་མང་ཡོད་ཀྱང་༔ དམ་ཚིག་ཉམས་པས་གང་ཡང་མི་འགྲུབ་ན༔ བཤགས་པའི་ཐབས་མཆོག་ཉི་མ་སྤྲིན་བྲལ་འདི༔ སྦྱོར་དངོས་རྗེས་གསུམ་གང་གི་སྐབས་སུ་ཡང་༔ ཉམས་སུ་བླངས་པས་འདི་ཕྱིའི་དོན་ཀུན་འགྲུབ༔ རྡོ་རྗེ་སེམས་དཔས་པདྨ་བདག་ལ་གདམས༔ མ་འོངས་ད་ལྟ་ལང་གྲོ་ལོ་ཙཱ་འདི༔ བཻ་རོ་ཆོས་རྒྱལ་བཀའ་ལས་ཅུང་ཟད་འགལ༔ སྐྱེ་བ་བརྒྱུད་ནས་བག་ཆགས་སྟོབས་སྨིན་ན༔ དེ་ལ་ཕན་ཕྱིར་བརྩེ་བས་གདམས་པ་ཡིན༔ བརྡ་ལས་བྱུང་བ་དེ་བཞིན་ཉམས་སུ་ལོངས༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པའི་ཐུགས་གཏེར་རོ༔

རྡོར་སེམས་བསྒོམ་བཟླས་ཉུང་ངུ།

༄༅།། མཆོག་གསུམ་ངོ་བོ་བླ་མ་རྡོ་རྗེ་སེམས༔ ཁྱོད་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ བདག་གཞན་མཁའ་ཁྱབ་འགྲོ་བ་མ་ལུས་པ༔ བླ་མ་རྡོར་སེམས་གོ་འཕང་མྱུར་ཐོབ་བྱ༔ བདག་ཉིད་སྤྱི་བོར་པད་ཟླའི་དབུས་སུ་ཧཱུྃ༔ ཡོངས་གྱུར་རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས༔ ལོངས་སྤྱོད་རྫོགས་སྐུ་དར་སྔོན་སྟོད་གཡོགས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུར་བརྟེན་ཞི་བའི་ཚུལ༔ རྒྱལ་བ་ཀུན་འདུས་ངོ་བོ་རྟེན་གྱི་ལྷ༔ ཉམས་ཆག་སྦྱངས་པའི་སྟོབས་ལྡན་འོད་ཀྱི་སྐུའི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་དཀར་མཐའ་བསྐོར་དུ༔ ཡི་གེ་བརྒྱ་པ་ཤེལ་ཕྲེང་ལྟ་བུར་བསྐོར༔ དམིགས་མེད་བརྩེ་བས་བདག་ལ་དགོངས་བཞིན་བཞུགས༔ ཚེ་རབས་སྔོན་ནས་དེ་རིང་ཡན་ཆད་དུ༔ བདག་གིས་མི་དགེའི་ལས་ངན་ཅི་བསགས་པ༔ འགྱོད་པ་དྲག་པོས་རྣམ་པར་སུན་ནས་ཀྱང་༔ ཉེས་ལྟུང་འབྱིན་ཕྱིར་སྙིང་ནས་བཤགས་པའི་སྟོབས༔ རབ་ཏུ་བསྐྱེད་དེ་མགོན་པོ་ཁྱེད་ལ་བཤགས༔ ཕྱིན་ཆད་མི་དགེའི་ལས་ངན་མི་བགྱིད་ཅིང་༔ ངེས་ཤེས་དྲག་པོས་རྣམ་པར་སོར་ཆུད་སྟོབས༔ རབ་ཏུ་བསྐྱེད་དེ་མགོན་པོ་ཁྱེད་ལ་བཤགས༔ སྡིག་པའི་གཉེན་པོར་ཡི་གེ་བརྒྱ་པའི་གཟུངས༔ ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་མཐོལ་བཤགས་མཐུས༔ བླ་མའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས༔ བདག་ལུས་བཀྲུས་ཏེ་ཤེལ་བུམ་ལྟ་བུར་གྱུར༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ་སོགས་ཡིག་བརྒྱ་དང་། ཨོཾ་བཛྲ་སཏྭ་ཧཱུྃ༔ ཡིག་དྲུག་འབྲུ་འབུམ་སོགས་བཟླའོ༔ མཐར་ནི་བླ་མ་འོད་ཞུ་རང་ལ་བསྟིམས༔ བདག་སོགས་མཁའ་ཁྱབ་འགྲོ་བ་མ་ལུས་པ༔ རིགས་བདག་བླ་མ་རྡོ་རྗེ་སེམས་དཔའ་ཡི༔ གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་ཤོག༔ མཆོག་སྤྲུལ་ལུང་རིག་གླིང་པའི་གསུང་བྱིན་རླབས་ཅན་འདིས་ཀྱང་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ དགེ་བ་འདི་ཡིས་སོགས། འགོད་པར་ཤོག །

གསང་བདག་གཏུམ་པོའི་གསོལ་འདེབས་ཨོ་རྒྱན་ཉི་མས་མཛད་པ།

༄༅། གུཧྱཔཱཏིབཛྲཙནྚཨདྷྱཥཎཱབིཧརཏིསྨ།

༄༅། གུཧྱཔཱཏིབཛྲཙནྚཨདྷྱཥཎཱབིཧརཏིསྨ།

༄༅། གསང་བདག་རྡོ་རྗེ་གཏུམ་པོའི་གསོལ་འདེབས་བཞུགས་སོ།།

༄༅། གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་། །ངེས་པ་ལྔ་ལྡན་ལོངས་སྐུ་སྟོན་མཆོག་ལྔ། །རྒྱལ་ཀུན་ཐུགས་ཀྱི་ངོ་བོ་གསང་བའི་བདག །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །རྒྱལ་ཀུན་འདུས་ཞལ་པདྨ་ཐོད་ཕྲེང་རྩལ། །བདེ་ཆེན་དགའ་བཞིའི་དབང་ཕྱུག་མཁར་ཆེན་བཟའ། །དངོས་གྲུབ་མཆོག་བརྙེས་ཁྲི་སྲོང་ལྡེའུ་བཙན་ལ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །ལྷ་སྲིན་བྲན་ཁོལ་རླངས་ཆེན་དཔལ་སེང་དང་། །བརྟུལ་ཞུགས་མཐར་ཕྱིན་མཁར་ཆེན་དཔལ་དབང་ཕྱུག །སྐད་གཉིས་སྨྲ་བ་ལོ་ཆེན་ཀླུ་དབང་ལ། ། གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །ཟབ་གཏེར་མངའ་བདག་ལུང་རིག་གླིང་པ་རྩལ། །ཆོས་ཀྱི་བདག་པོ་རིག་འཛིན་བཟང་པོའི་མཚན། །སྐྱབས་ཀུན་ཡོངས་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །གདུལ་དཀའི་གཤེད་དུ་ཆེར་ཁྲོས་ཁྲོ་བོའི་རྒྱལ། །གསང་བདག་གཏུམ་པོའི་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་བསྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །གཉིས་འཛིན་ལས་ཀྱི་རང་མདངས་དུག་གསུམ་གདོན། །ཆོས་ཉིད་མཉམ་པ་ཆེན་པོར་རང་གྲོལ་ནས། །རང་རིག་དོན་གྱི་གསང་བདག་ཞལ་མཐོང་ཤོག །ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ལུང་རིག་གླིང་པར་འབོད་པའི་དག་སྣང་དགོངས་གཏེར་འཁྲུལ་མེད་དུ་ཕབ་པའི་གསང་བདག་གཏུམ་པོའི་ཐུགས་སྒྲུབ་ཀྱི་གསོལ་འདེབས་འདི་འདྲ་དགོས་ཞེས་དམ་པ་དེ་ཉིད་ཀྱིས་བསྐུལ་ངོར། རིག་འཛིན་གོང་མའི་བརྒྱུད་འཛིན་ཨོ་རྒྱན་ཉི་མ་ཞེས་པས་སྤེལ་བ་ཛ་ཡནྟུ།

གཏུམ་པོའི་གསོལ་འདེབས་དངོས་གྲུབ་གཏེར་མཛོད།

༄༅། གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་གསོལ་འདེབས་དངོས་གྲུབ་གཏེར་མཛོད་བཞུགས༔ ཨེ་མ་ཧོ༔ ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང༔ ཛྙཱ་ན་སུ་ཏྲ་བི་མ་པད་འབྱུང་དང༔ ཡེ་ཤེས་མཚོ་རྒྱལ་འབངས་རིགས་ཉི་ཤུ་ལྔ༔ གསོལ་བ་འདེབས་སོ་མཆོག་ཐུན་སིདྡྷི་ཧོ༔ ཟབ་གཏེར་ལུང་བསྟན་གྲུབ་དབང་བྱང་ཆུབ་གླིང༔ ཟབ་མོའི་གཏེར་འབྱིན་འགྲོ་འདུལ་ལུང་རིག་གླིང༔ ལུང་ཟིན་སྐལ་ལྡན་ཆོས་ཀྱི་བདག་པོ་སོགས༔ གསོལ་བ་འདེབས་སོ་མཆོག་ཐུན་སིདྡྷི་ཧོ༔ དཀྱིལ་འཁོར་གཙོ་མཆོག་ལག་ན་རྡོ་རྗེ་དང༔ རིགས་བདག་མི་བསྐྱོད་བཅོམ་ལྡན་རྡོ་རྗེ་སེམས༔ ཕྱོགས་སྐྱོང་གདོན་འདུལ་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ ས་བདག་ཀླུ་འདུལ་པཉྩ་ག་རུ་ཊ༔ སྒོ་སྲུང་རིགས་བཞི་གཙང་རིས་མགོན་པོ་དང༔ དབང་ཕྱུག་ཉེར་བརྒྱད་བཀའ་དང་གཏེར་གྱི་བདག༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ༔ གསོལ་བ་འདེབས་སོ་མཆོག་ཐུན་སིདྡྷི་ཧོ༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ གཟའ་ཀླུ་ས་བདག་གདོན་བགེགས་ལོག་འདྲེན་ཚོགས༔ སྔོན་ལས་འཕྲལ་རྐྱེན་གནོད་འཚེ་ཀུན་ཞི་ཞིང༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་གྲུབ་ནས༔ གསང་བདག་རྡོ་རྗེ་འཛིན་དང་དབྱེར་མེད་པར༔ མཐའ་ཡས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧོ༔ ཞེས་པ་འདི་ཡང་བསམ་གཏན་ཡེ་ཤེས་གླིང་པས་སོ༔

གཏུམ་པོའི་ཐུགས་སྒྲུབ་སྙིང་པོ།

༄༅ཿ ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ ཙནྚཙིཏྟབིདྷྱཱཧྲཱིདཡནཱམབིཛཧརཾཿ

ཨྺེཾཿ ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ ཙནྚཙིཏྟབིདྷྱཱཧྲཱིདཡནཱམབིཛཧརཾཿ

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གཏུམ་པོའི་ཐུགས་སྒྲུབ་སྙིང་པོ་བཞུགས༔

གསང་ཆེན་དཀྱིལ་འཁོར་ལྷ་ཡི་གཙོ༔ རྡོ་རྗེ་འཛིན་རྒྱལ་སྐུ་ལ་འདུད༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་ངས༔ སྐྱབས་མཆོག་གུ་རུ་པདྨ་ལ༔ གསང་ཆེན་རྒྱུད་ལུང་མན་ངག་ཞུས༔ ས་གཏེར་དག་སྣང་དགོངས་པའི་གཏེར༔ འཁྲུལ་མེད་བཅོ་བརྒྱད་རྩིས་རྒྱས་གདབ༔ ཁྱད་པར་དག་སྣང་དགོངས་གཏེར་ཆོས༔ གུ་རུ་རྗེ་དང་བདག་ཉིད་ཀྱིས༔ སྤྲུལ་པའི་གང་ཟག་མང་པོ་ལ༔ སྨོན་ལམ་གཏད་རྒྱ་ཡང་ཡང་བྱས༔ རིག་འཛིན་མཁའ་འགྲོ་སྲུང་མར་བཅོལ༔ དུས་བབ་ལས་ཅན་བུ་ལ་གཏོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏུམ་པོའི་ཐུགས་སྒྲུབ་སྙིང་པོ་འདི༔ ཚིག་ཉུང་དོན་ཟབ་བྱིན་རླབས་ཆེ༔ སྤྲོས་མེད་གང་ཟག་རྒྱུན་ཁྱེར་བདེ༔ མྱུར་དུ་རྟགས་མཚན་ཡིད་ཆེས་འབྱུང་༔ དཀྱིལ་འཁོར་རྡུལ་ཚོན་རས་བྲིས་ཚོམ༔ གང་རུང་སྐབས་དང་བསྟུན་པའི་དབུས༔ དྲག་པོའི་གཏོར་མ་ཐོག་མདེལ་དབྱིབས༔ རང་འདྲའི་འཁོར་བཞི་དེ་མཐར་བཅུ༔ ཕྱོགས་བཞིར་བཞི་སྟེ་བཅུ་དགུ་ལ༔ མེ་རི་རྒྱན་ལྡན་དར་ནག་གདུགས༔ གཏུམ་པོའི་སྐུ་དང་བཅས་པ་ནི༔ ལྕགས་སམ་བྷནྡྷའི་སྣོད་དུ་འགོད༔ གཡས་གཡོན་སྨན་རཀ་མཐའ་བསྐོར་དུ༔ ཁྲག་ཆབ་དབང་པོའི་མེ་ཏོག་སོགས༔ ཉེར་སྤྱོད་རྣམ་ལྔའི་རྫས་སུ་བཤམས༔ བཀའ་སྲུང་སྡེ་བརྒྱད་ཀུན་འདུས་པའི༔ གཟའ་གཏོར་གཡས་གཅུས་ལྷ་གྲངས་བཤོས༔ དར་ཚོན་ལིང་ག་མིག་གིས་སྤྲས༔ ཤ་ཁྲག་ཆང་ཕུད་གསེར་སྐྱེམས་སོགས༔ མ་ཚང་མེད་པར་འདུ་བྱས་ལ༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ མདུན་མཁར་གསང་བའི་བདག་པོ་ལ༔ སྐྱབས་ཡུལ་ཀུན་གྱིས་བསྐོར་བར་དམིགས༔ ཁྱེད་ཤེས་དད་པས་གཞི་བཟུང་ནས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་དང་ཁམས་གསུམ་སེམས་ཅན་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ གསང་བདག་སྐྱབས་ཡུལ་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ ཕ་མ་འགྲོ་དྲུག་མ་ལུས་པ༔ རྣམ་མཁྱེན་སངས་རྒྱས་ལ་འགོད་ཕྱིར༔ བཛྲ་པཱ་ཎི་བསྒྲུབ་ནས་ནི༔ ལོག་འདྲེན་འདུལ་བར་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བཅུ་པ་ནི༔ ཧོ༔ སྐྱབས་ཡུལ་ལྷ་ཚོགས་སྤྱན་འདྲེན་གཤེགས༔ མདུན་མཁར་དྲེགས་པའི་ཁྲི་ལ་བཞུགས༔ རྟག་ཏུ་མི་འབྲལ་སྐྱབས་སུ་འཛིན༔ རང་རིག་གསང་བདག་དཔའ་བོ་ལ༔ རང་ཞལ་མཇལ་བས་ཕྱག་འཚལ་ལོ༔ སྣང་སྲིད་འདོད་ཡོན་མཆོད་པར་འབུལ༔ སྡིག་ལྟུང་སྐྱེ་མེད་ཀློང་དུ་བཤགས༔ འཁོར་འདས་མཉམ་བརྡལ་རྗེས་ཡི་རངས༔ ཟབ་གསལ་གཉིས་མེད་ཆོས་འཁོར་བསྐོར༔ གཉུག་མ་འཕོ་མེད་བཞུགས་གསོལ་འདེབས༔ དགེ་རྩ་ཆོས་དབྱིངས་ཀློང་དུ་བསྔོ༔ བཞི་བ་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ་ཧཱུྃ༔ བདག་མེད་བདག་ཏུ་བཟུང་བའི་འདྲེ༔ ཡུལ་མེད་རྟོག་བྲལ་ཀློང་དུ་དེངས༔ ཀུན་བརྟགས་གླུད་དང་གཏོར་མས་བརྔན༔ དམ་ལས་འདའ་ན་རྡུལ་དུ་རློགས༔ ཧཱུྃ་བཞིའི་སྔགས་དང་རོལ་མོས་བསྐྲད༔ ལྔ་བ་ཆོས་ཉིད་སྲུང་འཁོར་ནི༔ ཧཱུྃ་ཧཱུྃ༔ ཡེ་དག་རང་བབ་སྟོང་པའི་ངང་༔ བློ་འདས་ཁྱབ་བརྡལ་འོད་གསལ་སྦུབས༔ རྩོལ་བྲལ་འགྱུར་མེད་རྡོ་རྗེའི་གུར༔ གནས་ལུགས་ལྟ་བའི་མཚམས་བཅད་དོ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དྲུག་པ་བྱིན་ཆེན་དབབ་པ་ནི༔ སྤོས་རོལ་དབྱངས་བཅས་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ སྐུ་གསུམ་དག་པའི་ཕོ་བྲང་ནས༔ རྒྱལ་ཀུན་ཐུགས་ཀྱི་མཛོད་འཛིན་པ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་རྣམས༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ ཨོཾ་བཛྲ་པཱ་ཎི་ཛྙཱ་ན་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཧཱུྃ་གི་སྣང་གླུ་ཡང་ཡང་ལེན༔ བདུན་པ་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ་ཧཱུྃ༔ ཕྱི་ནང་གསང་བའི་མཆོད་པ་རྣམས༔ ངོ་བོ་ཟག་མེད་བདུད་རྩི་ལ༔ རྣམ་པ་ཀུན་བཟང་མཆོད་པའི་སྤྲིན༔ ལྷ་ཚོགས་དགྱེས་སྐོང་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཱུ་ཛ་ཧོ༔ དེ་ཡིས་སྔོན་འགྲོའི་ཆོས་བདུན་རྫོགས༔ ས་མ་ཡཱ༔ དངོས་གཞི་དང་པོ་ལྷ་བསྐྱེད་ནི༔ ཧཱུྃ་ཧཱུྃ༔ བློ་འདས་སྟོང་པ་ཆེན་པོའི་ངང་༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ རང་རིག་གནམ་ལྕགས་རྡོ་རྗེའི་སྦུབས༔ ཧཱུྃ་མཐིང་མེ་རི་འབར་བར་བསྒོམ༔ ཧཱུྃ་ཧཱུྃ༔ ཧཱུྃ་ལས་འོད་ལྔའི་འདུ་འཕྲོ་བསྒྱུར༔ རང་བྱུང་འབྱུང་བ་ཡུམ་ལྔའི་ཀློང་༔ བྷྲུཾ་འཕྲོས་ལྕང་ལོ་ཅན་གྱི་ཞིང་༔ དུར་ཁྲོད་རབ་འཇིགས་ཐོད་པའི་མཁར༔ ཀླུ་བརྒྱད་ཀ་གདན་རུས་སྦལ་བསྣོལ༔ ལྷ་བརྒྱད་ཀ་བ་རྔམས་ཤིང་བརྗིད༔ གཟའ་བརྒྱད་གདུང་མ་རྒྱུ་སྐར་དྲལ༔ མི་རོའི་རྒྱལ་མཚན་ཞིང་ལྤགས་འཕན༔ སྒོ་གྲུ་རྟ་བབས་ཙིཏྟའི་ཏོག༔ མཚན་ཉིད་ཡོངས་རྫོགས་གཞལ་ཡས་དབུས༔ ཧཱུྃ་ཧཱུྃ༔ དབུས་སུ་ཆོས་འབྱུང་དམར་ནག་ཀློང་༔ པདྨ་ཉི་མའི་གདན་གྱི་ཁར༔ གཟའ་ཀླུ་དྲེགས་པ་ཕོ་མོའི་སྟེང་༔ རང་རིག་རྡོ་རྗེ་ཧཱུྃ་དང་བཅས༔ མཁའ་ལས་གནམ་ལྕགས་ཐོག་ལྟར་བབ༔ འོད་ཟེར་འཕྲོ་འདུས་རྒྱལ་བ་མཆོད༔ བྱིན་རླབས་བསྡུས་ཤིང་དྲེགས་ཚོགས་བཏུལ༔ འགྲོ་དྲུག་ལས་ཉོན་སྒྲིབ་པ་སྦྱངས༔ རྒྱལ་ཀུན་ཐུགས་དང་དབྱེར་མེད་ངང་༔ སྐད་ཅིག་གནས་འགྱུར་དྲན་རྫོགས་སུ༔ གསང་བདག་རྡོ་རྗེ་གཏུམ་པོ་མཐིང་༔ ཞལ་གཅིག་ཁྲོ་གཏུམ་བལྟར་མི་བཟོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཡིས༔ ལོག་འདྲེན་བདུད་བཞིའི་མགོ་བོ་འགེམས༔ གཡོན་པས་ལོག་འདྲེན་དུག་སྦྲུལ་གཟུགས༔ ཤིན་ཏུ་རྔམས་པར་ཞལ་དུ་གསོལ༔ ཞབས་གཉིས་དྲག་པོའི་ཚུལ་དུ་བགྲད༔ སྐུ་སྟོད་གླང་ཆེན་ཀོ་རློན་དང་༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ༔ སྐེད་པར་མི་ལྤགས་ཁྲག་འཛགས་དཀྲིས༔ སྦྲུལ་རིགས་ལྔ་ཡིས་ཡན་ལག་བརྒྱན༔ ཐོད་སྐམ་རིགས་ལྔས་དབུ་རྒྱན་མཛེས༔ ཐོད་རློན་ལྔ་བཅུའི་དོ་ཤལ་བརྗིད༔ སྨ་ར་སྨིན་མ་མེ་རུ་འབར༔ དབུ་སྐྲ་ཁམ་སེར་སྦྲུལ་གྱིས་བཅིངས༔ རིགས་བདག་མི་བསྐྱོད་ལོངས་སྐུའི་ཆས༔ ༼ཀ༽ཧཱུྃ་ཧཱུྃ༔ ཕྱི་རོལ་འཁོར་ལོ་རྩིབས་བཞི་ལ༔ གཏུམ་པོ་རིགས་བཞི་ཕྱོགས་ཀྱི་མདོག༔ ཁྲོ་བོའི་ཆས་ཀུན་ཡོངས་སུ་རྫོགས༔ རྡོ་རྗེ་རིན་ཆེན་པདྨ་དང་༔ རྒྱ་གྲམ་རང་རྟགས་མཁའ་ལ་ཕྱར༔ གཡོན་རྣམས་དྲིལ་བུ་དཀུ་ལ་བརྟེན༔ པད་ཉི་དྲེགས་པའི་གདན་ལ་འགྱིང་༔ ཧཱུྃ་ཧཱུྃ༔ དེ་ཡི་ཕྱི་རོལ་རྩིབས་བཅུ་ལ༔ པད་ཉི་ཕྱོགས་སྐྱོང་གདན་གྱི་ཁར༔ མཐིང་ནག་ཧཱུྃ་གི་འཕྲོ་འདུ་ལས༔ རང་བྱུང་སྤྲུལ་པའི་ཁྲོ་རྒྱལ་བཅུ༔ ཤེས་རབ་ཁྲོ་མོ་བཅུ་དང་འཁྲིལ༔ ཀུན་ཀྱང་རྡོ་རྗེ་སྡིགས་མཛུབ་ཅན༔ ཁྲོ་ཆས་ཡོངས་སུ་རྫོགས་པར་བསྐྱེད༔ ཧཱུྃ་ཧཱུྃ༔ སྒོ་བཞིར་ཛཿཧཱུྃ་བཾ་ཧོ་ལས༔ རྣམ་རྒྱལ་གཤིན་རྗེ་རྟ་མཆོག་དཔལ༔ བདུད་རྩི་འཁྱིལ་དང་སྒོ་བ་བཞི༔ ཕྱག་གཡས་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་དབྱུག་པ་ཕྱར༔ ཕྱག་གཡོན་ལྕགས་ཀྱུ་ཞགས་པ་དང་༔ ལྕགས་སྒྲོག་དྲིལ་བུ་ཐུགས་ཀར་བསྣམས༔ ཁྱམས་ལ་དབང་ཕྱུག་ཉེར་བརྒྱད་སོགས༔ སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ༔ ཀུན་ཀྱང་རྒྱལ་ཀུན་ཐུགས་གསང་ལས༔ དུ་མར་འཆར་ཞིང་གཅིག་ཏུ་སྡུད༔ གཙོ་འཁོར་གནས་གསུམ་ཡི་གེ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ གཉིས་པ་ལྷ་ཚོགས་སྤྱན་འདྲེན་ནི༔ ཧཱུྃ་ཧཱུྃ༔ འོག་མིན་ལྕང་ལོ་ཅན་གྱི་གནས༔ གནམ་ལྕགས་འབར་བའི་རྩེ་མོ་ནས༔ གསང་བདག་ཕྱག་ན་རྡོ་རྗེ་ལ༔ གཏུམ་པོ་བཞི་དང་ཁྲོ་བོ་བཅུ༔ དབང་ཕྱུག་ཉེར་བརྒྱད་སྒོ་བ་བཞི༔ བཀའ་ཉན་སྲུང་མ་རྒྱ་མཚོར་བཅས༔ མོས་གུས་གདུང་བས་སྤྱན་འདྲེན་ན༔ ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ གནས་འདིར་དྲག་པོའི་བརྟུལ་ཞུགས་ཀྱིས༔ སྐུ་ལས་བསྐལ་མེ་ལྷབས་སེ་ལྷབ༔ ཧཱུྃ་ཕཊ་དྲག་སྔགས་འུ་རུ་རུ༔ དར་གྱི་ཅོད་པཎ་པུ་རུ་རུ༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ ཁྱུང་གི་གཤོག་སྒྲ་ལྡི་རི་རི༔ བར་ཆད་རྐྱེན་རྣམས་བཟློག་པ་དང་༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་ཕྱིར༔ ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་བསྐྱོད༔ མཐུ་སྟོབས་རྩལ་གྱིས་གཤེགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་ག་རུ་ཊ་ཀྲོ་ཏ་ཛྙཱ་ན་བཛྲ་ས་མ་ཡཱ་ཛཿཛ༔ སྤོས་དང་ཚིལ་ཆེན་དུད་པས་བདུག༔ རོལ་མོའི་སྒྲ་འཁྲོལ་གདུང་ཤུགས་བསྐྱེད༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ དུར་ཁྲོད་དྲག་པོའི་གཞལ་མེད་ཁང་༔ པད་ཉི་སྡེ་བརྒྱད་གདན་སྟེང་དུ༔ གསང་བདག་གཏུམ་པོའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་པཱ་ཎི་ག་རུ་ཊ་ཀྲོ་ཏ་ཛྙཱ་ན་བཛྲ་ས་མ་ཡཱ་ཛཿཧཱུྃ་བཾ་ཧོ༔ བཞི་བ་གུས་ཕྱག་འཚལ་བ་ནི༔ ཧཱུྃ་ཧཱུྃ༔ སྲིད་རྩ་གཏི་མུག་གཟའ་ཀླུ་གདོན༔ འཇོམས་མཛད་གསང་བའི་བདག་པོ་མཆོག༔ གཙོ་འཁོར་སྤྲུལ་བར་བཅས་པ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ ལྔ་བ་མཆོད་པའི་བྱེ་བྲག་ལ༔ གསུམ་སྟེ་དང་པོ་ཕྱི་མཆོད་ནི༔ ཧཱུྃ༔ རྨད་བྱུང་ཐུགས་གསང་འགྱུར་མེད་ལྷ༔ བཛྲ་པཱ་ཎིའི་ལྷ་ཚོགས་ལ༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་རྣམ་རོལ་མཆོད་པའི་སྤྲིན༔ མཛེས་སྡུག་ཡིད་འོང་མེ་ཏོག་བཞད༔ དྲི་ཞིམ་ངད་ལྡན་བདུག་པའི་སྤོས༔ མུན་སེལ་སྣང་གསལ་མར་མེ་འབར༔ ག་བུར་དྲི་བཟང་སྦྱར་བའི་ཆབ༔ ཞིམ་མངར་རོ་བརྒྱ་ལྡན་པའི་ཟས༔ སྙན་འཇེབས་རོལ་མོའི་སྒྲ་དབྱངས་འབུལ༔ བཞེས་ནས་བདག་གཞན་སེམས་ཅན་ཀུན༔ ཡེ་ཤེས་ལྔ་ལྡན་མྱུར་འགྲུབ་ཤོག༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏིཥྩ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་འབུལ་བ་ནི༔ ཧཱུྃ་ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ ཞིང་བཅུའི་དབང་པོའི་མེ་ཏོག་འབུལ༔ ཚིལ་ཆེན་བསྲེགས་པའི་དུད་སྤྲིན་འབུལ༔ ཞུན་ཆེན་སྦྱར་བའི་སྒྲོན་མེ་འབུལ༔ ཁྲག་མཁྲིས་དང་སྦྱར་དྲི་ཆབ་འབུལ༔ ཤ་ཁྲག་རུས་པའི་ཞལ་ཟས་འབུལ༔ རྐང་གླིང་ཐོད་པའི་རོལ་མོ་འབུལ༔ བཞེས་ནས་ཚོགས་དྲུག་ཞེན་པ་ཡིས༔ བཅིངས་པའི་འགྲོ་དྲུག་དབྱིངས་གྲོལ་མཛོད༔ ཤཔྟ་རཱུ་པ་གནྡྷེ་ར་ས་སྤར་ཤེ་དྷརྨ་དྷརྟུ་པཱུ་ཛ་ཧོ༔ གསུམ་པ་གསང་མཆོད་ལ་ཡང་ལྔ༔ དང་པོ་སྨན་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་བྷནྡྷའི་སྣོད་མཆོག་ཏུ༔ རིགས་ལྔ་ཡབ་ཡུམ་སྦྱོར་བའི་བཅུད༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ༔ འབུལ་ལོ་དགྱེས་པར་བཞེས་ནས་ཀྱང་༔ འགྲོ་ཀུན་དུག་ལྔ་གནས་དག་ནས༔ སྐུ་ལྔའི་དཔལ་ཡོན་མངོན་གྱུར་མཛོད༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བརྒྱུད་པའི་ལྷ་ལ་འདི་བཞིན་འབུལ༔ ཨོཾ་ཨཱཿཧཱུྃ༔ སྣང་སྟོང་ཟུང་འཇུག་ཀུན་ཏུ་བཟང་༔ མ་འགགས་རང་རྩལ་རིགས་ལྔའི་གཙོ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཨོ་རྒྱན་མཁས་པ་པདྨ་འབྱུང་༔ འཛམ་གླིང་རྒྱལ་པོ་ཁྲི་སྲོང་རྗེ༔ སྐད་གཉིས་སྨྲ་བ་བཻ་རོའི་ཞབས༔ སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཕུར་པའི་རྣལ་འབྱོར་རླངས་དཔལ་སེང་༔ དབྱངས་ཅན་རྣམ་རོལ་མཚོ་རྒྱལ་མ༔ ཡི་དམ་གསང་བདག་ཌཱཀྐིའི་ཚོགས༔ སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་སྨན་ལས་དངོས་གྲུབ་བླངས༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ གནས་གསུམ་ཐིག་ལེ་ལྕེ་ལ་མྱངས༔ གཉིས་པ་རཀྟའི་མཆོད་པ་ནི༔ ཧཱུྃ་ཧཱུྃ༔ སྲིད་པའི་རྩ་བ་ཆགས་པ་ཆེ༔ མ་སྤང་གནས་དག་དམར་ཆེན་པོ༔ གསང་བདག་དཀྱིལ་འཁོར་ལྷ་ལ་འབུལ༔ ཞིང་བཅུའི་སྙིང་ཁྲག་བཞེས་ནས་ཀྱང་༔ ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གསུམ་པ་གཏོར་མའི་མཆོད་པ་ནི༔ ཧཱུྃ་ཧཱུྃ༔ སྣང་བ་ཀུན་བརྟགས་གཏོར་གཞོང་དུ༔ སྲིད་པ་དུག་གསུམ་གཏོར་མས་བཀང་༔ རྣམ་དག་དཀྱིལ་འཁོར་ལྷ་ལ་འབུལ༔ སྒོ་གསུམ་ཞེན་རྟོག་གནས་དག་མཛོད༔ མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ བཞི་བ་སྦྱོར་མཆོད་འབུལ་བ་ནི༔ ཧཱུྃ་ཧཱུྃ༔ ཡུལ་དྲུག་ལྷ་མོ་སྟོང་པའི་ཡུམ༔ ཚོགས་དྲུག་ཞེན་བྲལ་སྣང་བའི་ཡབ༔ མཉམ་སྦྱོར་ཡེ་གྲོལ་གསང་མཆོད་འདི༔ གསང་བདག་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་མུ་ཏྲ་ཛྙཱ་ན་སུ་ཁ་པཱུ་ཛ་ཧོ༔ ལྔ་བ་སྒྲོལ་བའི་མཆོད་པ་ནི༔ ཧཱུྃ་ཧཱུྃ༔ ལོག་རྟོག་དགྲ་བགེགས་མ་ལུས་པ༔ མཚན་འཛིན་རྟོག་པའི་འཁོར་བར་འཁྱམས༔ བདག་མེད་ལྟ་བའི་ཐུགས་རྗེས་བསྒྲལ༔ ཟབ་གསང་སྒྲོལ་བའི་དམ་ཚིག་འདིས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཏྲཾ་རུ་ཏྲ་པྲ་བན་ཙཀྲ་པྲ་བེ་ཤ་ཡ་ཕཊ་ཁཱ་ཧི༔ དྲུག་པ་བསྟོད་ཅིང་བཤགས་པ་ནི༔ ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་མེད་མཁའ་དབྱིངས་ལས༔ གཟུགས་སྐུ་རྡོ་རྗེ་གཏུམ་པོར་ཤར༔ བདུད་བཞི་འཇོམས་མཛད་ཁྲོ་བོའི་རྒྱལ༔ གསང་བའི་བདག་པོར་ཕྱག་འཚལ་བསྟོད༔ སྐུ་མདོག་མཐིང་ནག་ཁྲོ་ཞིང་གཏུམ༔ ཞལ་གདངས་མཆེ་གཙིགས་རྔམས་ཤིང་བརྗིད༔ དུག་སྦྲུལ་རིགས་ལྔས་སྐུ་ལ་བརྒྱན༔ ཉོན་མོངས་མ་སྤངས་རང་སར་གྲོལ༔ ཕྱག་གཡས་རྩེ་ལྔ་མཁའ་ལ་ཕྱར༔ སྡེ་བརྒྱད་བྲན་དུ་བཀོལ་ལ་བསྟོད༔ གཡོན་པས་དུག་སྦྲུལ་ཞལ་དུ་གསོལ༔ ཀླུ་གདོན་མ་ལུས་ཟས་སུ་ཟ༔ གཟའ་བརྒྱད་ཀླུ་བརྒྱད་གདན་དུ་བཏིང་༔ ཚོགས་བརྒྱད་མ་སྤངས་གནས་སུ་དག༔ ཞབས་གཉིས་གྱད་ཀྱི་སྟབས་སུ་བགྲད༔ སྣང་སྲིད་ཟིལ་གྱིས་གནོན་ལ་བསྟོད༔ དབུ་སྐྲ་དམར་སེར་མཁའ་ལ་གཟེངས༔ ཐོད་སྐམ་རིགས་ལྔའི་ཅོད་པཎ་རྩེར༔ རིགས་བདག་མི་བསྐྱོད་རྡོ་རྗེ་བཞུགས༔ སྙན་ཆ་སྦྲུལ་གྱི་མདུད་པས་སྤྲས༔ དར་སྔོན་སྟོད་གཡོག་གླང་ལྤགས་གསོལ༔ སྐུ་སྨད་སྟག་ཤམ་དཀྲིས་ལ་བསྟོད༔ དམར་ནག་མེ་ཡི་ཀློང་ན་བཞུགས༔ ཧཱུྃ་ཕཊ་ང་རོས་ས་གསུམ་གཡོ༔ སྙིང་རྗེ་ཁྲོས་པས་ཞེ་སྡང་གི༔ སྡང་མིག་ལོག་འདྲེན་སྤ་བཀོང་ཞིང་༔ བསྐལ་བཟང་སངས་རྒྱས་ཐམས་ཅད་ཀྱི༔ ནུས་སྟོབས་གཅིག་བསྡུས་ཁྱེད་ལ་བསྟོད༔ ཧཱུྃ་ཧཱུྃ༔ གཏུམ་པོ་ཉིད་ཀྱི་ཡེ་ཤེས་བཞིའི༔ རྩལ་ལས་ཤར་བས་གདོན་བཞི་འདུལ༔ བཛྲ་རཏྣ་པདྨ་ལས༔ ཞི་རྒྱས་དབང་དྲག་ཆོ་འཕྲུལ་འགྱེད༔ སྐུ་བཞི་ཡེ་ཤེས་མངོན་གྱུར་པའི༔ རིགས་བཞིའི་དཔའ་བོར་ཕྱག་འཚལ་བསྟོད༔ ཁྱུང་གི་བསྐྱེད་པ་དང་འབྲེལ་ན༔ ཧཱུྃ་ཧཱུྃ༔ གཏི་མུག་འཇོམས་མཛད་ཧེ་རུ་ཀ༔ བྷུདྡྷ་ཁྱུང་ཆེན་རྒྱལ་རིགས་འདུལ༔ རྒྱལ་ཀུན་སྐུ་ཡི་བྱིན་རླབས་རྫོགས༔ བདུད་འདུལ་མཁའ་ལྡིང་རྒྱལ་པོར་བསྟོད༔ འདོད་ཆགས་འཇོམས་མཛད་ཧེ་རུ་ཀ༔ པདྨ་ཁྱུང་ཆེན་བྲམ་ཟེ་འདུལ༔ རྒྱལ་ཀུན་གསུང་གི་བྱིན་རླབས་རྫོགས༔ བདུད་འདུལ་མཁའ་ལྡིང་རྒྱལ་པོར་བསྟོད༔ ཞེ་སྡང་འཇོམས་མཛད་ཧེ་རུ་ཀ༔ རྡོ་རྗེ་ཁྱུང་ཆེན་དམངས་རིགས་འདུལ༔ རྒྱལ་ཀུན་ཐུགས་ཀྱི་བྱིན་རླབས་རྫོགས༔ བདུད་འདུལ་མཁའ་ལྡིང་རྒྱལ་པོར་བསྟོད༔ ང་རྒྱལ་འཇོམས་མཛད་ཧེ་རུ་ཀ༔ རཏྣ་ཁྱུང་ཆེན་རྗེ་རིགས་འདུལ༔ རྒྱལ་ཀུན་ཡོན་ཏན་བྱིན་རླབས་རྫོགས༔ བདུད་འདུལ་མཁའ་ལྡིང་རྒྱལ་པོར་བསྟོད༔ ཕྲག་དོག་འཇོམས་མཛད་ཧེ་རུ་ཀ༔ ལས་ཀྱི་ཁྱུང་ཆེན་གདོལ་རིགས་འདུལ༔ རྒྱལ་ཀུན་ཕྲིན་ལས་བྱིན་རླབས་རྫོགས༔ བདུད་འདུལ་མཁའ་ལྡིང་རྒྱལ་པོར་བསྟོད༔ ཧཱུྃ་ཧཱུྃ༔ སྟེང་གདོན་འདུལ་མཛད་ཁྲོ་བོའི་རྒྱལ༔ ཧཱུྃ་ཀར་ཡབ་ཡུམ་སྤྲུལ་བར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ ལྷ་གདོན་ཟིལ་གནོན་དངོས་གྲུབ་སྩོལ༔ དྲི་ཟ་འདུལ་མཛད་ཁྲོ་བོའི་རྒྱལ༔ རྣམ་རྒྱལ་ཡབ་ཡུམ་སྤྲུལ་པར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ འབྱུང་པོ་འདུལ་བའི་ཕྲིན་ལས་མཛོད༔ གཤིན་རྗེ་འདུལ་མཛད་ཁྲོ་བོའི་རྒྱལ༔ ཡ་མནྟ་ཀ་སྤྲུལ་པར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ གཤིན་རྗེའི་གདོན་འདུལ་ཕྲིན་ལས་མཛོད༔ ཀླུ་གདོན་འདུལ་མཛད་ཁྲོ་བོའི་རྒྱལ༔ རྟ་མཆོག་ཡབ་ཡུམ་སྤྲུལ་བར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ ཀླུ་གདོན་འདུལ་བའི་ཕྲིན་ལས་མཛོད༔ གནོད་སྦྱིན་འདུལ་མཛད་ཁྲོ་བོའི་རྒྱལ༔ བདུད་རྩི་ཡབ་ཡུམ་སྤྲུལ་པར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ གནོད་སྦྱིན་འདུལ་བའི་ཕྲིན་ལས་མཛོད༔ མེ་ལྷ་འདུལ་མཛད་ཁྲོ་བོའི་རྒྱལ༔ དབྱུག་སྔོན་ཡབ་ཡུམ་སྤྲུལ་འཁོར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ སྲེག་བྱེད་གདོན་འདུལ་ཕྲིན་ལས་མཛོད༔ སྲིན་པོ་འདུལ་མཛད་ཁྲོ་བོའི་རྒྱལ༔ མི་གཡོ་ཡབ་ཡུམ་སྤྲུལ་འཁོར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ མི་ཟན་གདོན་འདུལ་ཕྲིན་ལས་མཛོད༔ རླུང་ལྷ་འདུལ་མཛད་ཁྲོ་བོའི་རྒྱལ༔ གཞན་གྱིས་མི་ཐུབ་སྤྲུལ་ཡུམ་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ གཡོ་བྱེད་གདོན་འདུལ་ཕྲིན་ལས་མཛོད༔ དབང་ལྡན་འདུལ་མཛད་ཁྲོ་བོའི་རྒྱལ༔ གསུམ་རྒྱལ་ཡབ་ཡུམ་འཁོར་དང་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ དབང་ལྡན་གདོན་འདུལ་ཕྲིན་ལས་མཛོད༔ ས་བདག་འདུལ་མཛད་ཁྲོ་བོའི་རྒྱལ༔ སྟོབས་ཆེན་ཡབ་ཡུམ་སྤྲུལ་པར་བཅས༔ མ་ལུས་འཁོར་དང་བཅས་ལ་བསྟོད༔ འོག་གདོན་གཞོམ་པའི་ཕྲིན་ལས་མཛོད༔ བསྡུས་ན་ཚིག་འདིས་བསྟོད་ཀྱང་རུང་༔ ཧཱུྃ་ཧཱུྃ༔ གདོན་བཅུ་འདུལ་མཛད་ཁྲོ་བོའི་རྒྱལ༔ མི་དགེ་བཅུ་སྤངས་ཕར་ཕྱིན་རྫོགས༔ ཤེས་རབ་ཡུམ་འཁྲིལ་ཕྲ་ཐབས་འགྱེད༔ འཁོར་དང་བཅས་ལ་གུས་པས་བསྟོད༔ སྒོ་སྲུང་བཞི་དང་སྤྲུལ་པའི་འཁོར༔ བྱིན་རླབས་ཆར་འབེབས་དངོས་གྲུབ་སྩོལ༔ རྩ་གསུམ་སྲུང་མ་དཀར་ཕྱོགས་སྐྱོང་༔ ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱ་བརྗོད༔ བདུན་པ་འཛབ་ཀྱི་དམིགས་པ་ནི༔ ཧཱུྃ་ཧཱུྃ༔ བདག་ཉིད་གཏུམ་པོའི་ཐུགས་ཀ་རུ༔ གནམ་ལྕགས་རྩེ་ལྔའི་ལྟེ་བ་ནི༔ སྦུབས་སྟོང་རབ་ཏུ་ཡངས་པའི་ནང་༔ འཇའ་ཚོན་འོད་དུ་འཁྲིགས་པའི་ཀློང་༔ རྩ་གསུམ་ཀུན་འདུས་པདྨ་འབྱུང་༔ པད་ཟླ་ཉི་མའི་གདན་དབུས་སུ༔ རྡོ་རྗེ་འཆང་གི་རྣམ་པར་བཞུགས༔ ཡེ་ཤེས་སེམས་དཔའ་སྐུ་མདོག་མཐིང་༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་བསྣོལ༔ ཀུན་ཏུ་བཟང་མོ་ཡུམ་དང་འཁྲིལ༔ ལོངས་སྐུའི་རྒྱན་རྫོགས་ཐུགས་ཀ་རུ༔ པད་ཉིར་མཐིང་ནག་ཡི་གེ་ཧཱུྃ༔ བཀྲག་མདངས་འོད་དུ་ལམ་མེར་འབར༔ སྔགས་ཕྲེང་བཻ་ཌཱུར་ཞུན་མའི་མདངས༔ བཀླགས་ཕྱོགས་འཁོར་ལ་དམིགས་པ་གཏད༔ ཡེངས་མེད་གསང་སྔགས་རྒྱལ་པོ་བཟླ༔ ཏིང་འཛིན་མེ་ལ་བཟླས་པ་རླུང་༔ དེ་ཕྱིར་རབ་ཏུ་བསྒྲིམ་ལྷོད་འཚམས༔ རྣལ་འབྱོར་ལྡན་པས་རྒྱུད་བཞིན་བྱ༔ ཨོཾ་བཛྲ་པཱ་ཎི་ཙནྟྲ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཕཊ༔ སྔགས་འབྲུ་བཅོ་ལྔ་འབྲུ་འབུམ་བཟླ༔ དེ་ནི་བསྙེན་པའི་དམིགས་པའོ༔ སྒྲུབ་པ་ལྷ་དང་རང་ཉིད་ནི༔ དབྱེར་མེད་ཆུ་ལ་ཆུ་བཞིན་དུ༔ ཉེ་བར་བསྙེན་ཕྱིར་དམིགས་གནད་ནི༔ རང་ཉིད་གཏུམ་པོའི་ཐུགས་ཀའི་ཡེ་ཤེས་སེམས༔ མ་ཧཱ་གུ་རུ་རྡོ་རྗེ་འཆང་ཆེན་ཉིད༔ དགྱེས་པའི་སྐུ་དང་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་དང་བཅས༔ མཆོད་ཅིང་བསྟོད་ནས་ཀུན་གྱི་བྱིན་རླབས་ནི༔ འབྲུ་གསུམ་ཁ་དོག་གསུམ་ལྡན་ཆར་ལྟར་བབས༔ ཁྱད་པར་གནས་མཆོག་ལྕང་ལོ་ཅན་གྱི་ཞིང་༔ དཀྱིལ་འཁོར་གཙོ་བོ་གསང་བའི་བདག་པོ་ཡི༔ མཐུ་སྟོབས་ནུས་པ་སྐུ་དང་སྔགས་ཕྱག་མཚན༔ ཆར་བཞིན་བབས་ནས་རང་ལ་ཐིམ་པ་ཡིས༔ ལྷ་ཉིད་རང་ལ་རང་ཉིད་ལྷ་ཡི་སྐུ༔ ཕྱི་ནང་བརྟན་གཡོ་ལྷ་སྔགས་ཏིང་འཛིན་ངང་༔ གསང་སྔགས་རྒྱལ་པོ་འདི་ཉིད་ཤུབ་བུར་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་པཱ་ཎི་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་གུ་རུ་དྷེ་ཝ་ཌཱཀྐཱི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཁྱུང་དང་འབྲེལ་ན་ག་རུ་ཊ་ཡང་གདགས༔ ས་མ་ཡཱ༔ ལས་སྦྱོར་དྲག་པོའི་དམིགས་པ་ནི༔ རང་ཉིད་ལྷ་ཡི་སྐུ་སྔགས་འཁོར༔ ཡེ་ཤེས་མེ་ཡི་ཚྭ་ཚྭ་འཕྲོས༔ སྡེ་བརྒྱད་ལོག་འདྲེན་བྱད་ཕུར་དཔུང་༔ རྩྭ་སྦུར་མེ་ལ་བསྲེགས་པ་བཞིན༔ ལུས་གདོན་གློ་བུར་གདོན་དང་བཅས༔ མིང་མེད་རྡུལ་དུ་བརླགས་ནས་ཀྱང་༔ ཆོས་ཉིད་སྟོང་པའི་ངང་མདངས་སུ༔ རང་བབས་ཆེན་པོའི་གནས་ལུགས་བསྐྱངས༔ རྩ་སྔགས་ཤམ་བུར་སྤྱི་འདུལ་སྔགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ད་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ འབུམ་ཕྲག་བཟླ་ཞིང་ཁྲོ་བཅུའི་སྔགས༔ ཁྲི་ཕྲག་རེ་རེ་ཁྱུང་སྒྲུབ་དང་༔ འབྲེལ་ཚེ་རིགས་ལྔར་ལྔ་སྟོང་བཟླ༔ སྒོ་སྲུང་ཛཿཧཱུྃ་བཾ་ཧོ་སྟོང་༔ དེ་ཚེ་དངོས་ཉམས་རྨི་ལམ་དུ༔ གསང་བདག་སྐུ་དང་ཕྱག་མཚན་མཐོང་༔ གསུང་ཐོས་ཏིང་འཛིན་ཉམས་རྟོགས་འབར༔ གོ་གྱོན་མཚོན་ཐོགས་ཆུ་ཆེན་བརྒལ༔ རང་ཉིད་མི་མིན་ཀུན་གྱིས་བཀུར༔ ཉི་ཟླ་ཤར་དང་སྒྲུབ་རྫས་ལ༔ བག་རྡུལ་མི་འབྱུང་རྨི་ལམ་ལྟས༔ དགེ་བའི་ཕྱོགས་སུ་འགྱུར་བའི་ཚེ༔ མཚན་མའི་རྟགས་མཚན་བྱུང་བ་ཡིན༔ དེ་ཚེ་མཆོད་བསྟོད་སྔོན་འགྲོ་བས༔ དངོས་གྲུབ་ལེན་པའི་ཚིག་འདི་བརྗོད༔ ཧཱུྃ༔ གསང་བདག་དཔའ་བོ་རྡོ་རྗེ་འཛིན༔ སྔོན་ནས་ལས་ཀྱིས་འབྲེལ་བའི་ལྷ༔ ཐུགས་རྗེ་ཆེན་པོས་དགོངས་སུ་གསོལ༔ དང་པོ་བསྙེན་ནས་བར་དུ་བསྒྲུབས༔ ད་ལྟ་རྟགས་མཚན་དངོས་སུ་བྱུང་༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ སྲ་བརྟན་རྡོ་རྗེ་ཆོས་བདུན་ལྡན༔ བར་ཆད་བགེགས་ཀྱིས་མི་ཚུགས་པའི༔ ལུས་ལ་སྐུ་ཡི་དངོས་གྲུབ་སྩོལ༔ འགགས་མེད་གསུང་གི་དཀྱིལ་འཁོར་ནས༔ མི་ཤིགས་ནཱ་དའི་སྒྲ་དབྱངས་ཀྱིས༔ བར་ཆད་བདུད་རིགས་སྤ་བཀོང་བའི༔ ངག་ལ་གསུང་གི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རང་སྣང་དབང་དུ་འདུ་བ་དང་༔ བར་ཆད་ལོག་འདྲེན་ཟིལ་གྱིས་གནོན༔ ཡིད་ལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར་སྔགས་འདི་གདགས༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱངས༔ ཏིང་འཛིན་དམིགས་པས་དབང་བཞི་བླངས༔ དེ་ལྟར་གཏུམ་པོའི་ཐུགས་སྒྲུབ་འདི༔ ཐེ་ཚོམ་མེད་པའི་སྐལ་ལྡན་གྱིས༔ ལུང་བཞིན་བརྩོན་པས་ཉམས་བླངས་ན༔ བར་ཆད་བདུད་ལས་རྣམ་རྒྱལ་ནས༔ དུས་མིན་འཆི་བའི་གེགས་ལས་ཐར༔ གཟའ་ཀླུ་སྡེ་བརྒྱད་གང་གིས་ཀྱང་༔ བསྐལ་པའི་མེ་ཕུང་ཆེན་པོར་མཐོང་༔ དཔག་ཚད་རྒྱང་གྲགས་ཕྱོགས་མི་ཉེ༔ དུས་བབས་ཚེ་འཕོས་ལྕང་ལོ་ཅན༔ གསང་བདག་དཔའ་བོའི་ཞལ་མཐོང་ནས༔ རྣལ་འབྱོར་བློ་ཡི་རིམ་པ་བཞིན༔ ས་བཅུའི་ཡོན་ཏན་མཐར་ཕྱིན་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

ཡེ་ཤེས་ཁྱུང་གི་གབ་ཐིག།

དག་སྣང་མཚོ་རྒྱལ་དགོངས་མཛོད་ལས༔ ཡེ་ཤེས་ཁྱུང་གི་གབ་ཐིག་ནི༔ བདག་ཉིད་གཞུང་ལྟར་གཏུམ་པོར་བསྐྱེད༔ ༼ཁ༽ཧཱུྃ་ཧཱུྃ༔ སྤྱི་བོར་ཟླ་སྟེང་ཨོཾ་དཀར་ལས༔ བྷུདྡྷ་རིགས་ཀྱི་བྱ་ཁྱུང་དཀར༔ ཕྱག་གཡས་འཁོར་ལོ་རྩིབས་བརྒྱད་བསྐོར༔ གཡོན་པས་རྒྱལ་རིགས་སྦྲུལ་དཀར་གསོལ༔ སྤུ་གྲིའི་སྒྲོ་གཤོག་མེ་སྟག་འཕྲོ༔ ལྕགས་རྭ་གསེར་མིག་མཆུ་སྡེར་ནི༔ ཤིན་ཏུ་རྣོ་ཞིང་དྲག་ཏུ་བགྲད༔ མགྲིན་པར་པདྨའི་ལྟེ་བར་ཨཱ༔ འོད་འཕྲོས་པདྨ་རིགས་ཀྱི་ཁྱུང་༔ དམར་པོ་ཕྱག་གཡས་པདྨ་བསྣམས༔ གཡོན་པས་བྲམ་ཟེ་སྦྲུལ་དམར་གསོལ༔ སྤུ་གྲིའི་སྒྲོ་གཤོག་མེ་སྟག་འཕྲོ༔ ལྕགས་རྭ་གསེར་མིག་མཆུ་སྡེར་ནི༔ ཤིན་ཏུ་རྣོ་ཞིང་དྲག་ཏུ་བགྲད༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔ འོད་ཞུ་རྡོ་རྗེ་རིགས་ཀྱི་ཁྱུང་༔ མཐིང་ནག་ཕྱག་གཡས་རྩེ་ལྔ་ཕྱར༔ གཡོན་པས་དམངས་རིགས་སྦྲུལ་སྔོན་གསོལ༔ སྤུ་གྲིའི་སྒྲོ་གཤོག་མེ་སྟག་འཕྲོ༔ ལྕགས་རྭ་གསེར་མིག་མཆུ་སྡེར་ནི༔ ཤིན་ཏུ་རྣོ་ཞིང་དྲག་ཏུ་བགྲད༔ ལྟེ་བར་རིན་ཆེན་ལྟེ་བར་སྭཱ༔ ཡོངས་གྱུར་རིན་ཆེན་རིགས་ཀྱི་ཁྱུང་༔ སེར་པོ་ཕྱག་གཡས་ནོར་བུ་བསྣམས༔ གཡོན་པས་རྗེ་རིགས་སྦྲུལ་སེར་གསོལ༔ སྤུ་གྲིའི་སྒྲོ་གཤོག་མེ་སྟག་འཕྲོ༔ ལྕགས་རྭ་གསེར་མིག་མཆུ་སྡེར་ནི༔ ཤིན་ཏུ་རྣོ་ཞིང་དྲག་ཏུ་བགྲད༔ གསང་བར་རྒྱ་གྲམ་ལྟེ་བར་ཧཱ༔ འོད་ཞུ་ཀརྨ་རིགས་ཀྱི་ཁྱུང་༔ ལྗང་ཁུ་རལ་གྲི་མེ་འབར་གདངས༔ གཡོན་པས་གདོལ་རིགས་སྦྲུལ་ནག་གསོལ༔ སྤུ་གྲིའི་སྒྲོ་གཤོག་མེ་སྟག་འཕྲོ༔ ལྕགས་རྭ་གསེར་མིག་མཆུ་སྡེར་ནི༔ ཤིན་ཏུ་རྣོ་ཞིང་དྲག་ཏུ་བགྲད༔ ཕྱི་རོལ་ལས་མཁན་ཁྲོ་བཅུ་སོགས༔ གཞུང་ལྟར་བསྐྱེད་པ་མན་ངག་གོ༔ ཤིན་ཏུ་བསྡུས་པར་དགའ་བ་ལ༔ གཙོ་བོ་གཅིག་པུའི་མངོན་རྟོགས་བསྒོམ༔ གཞལ་ཡས་ཟླ་གམ་སྒོ་གཅིག་པ༔ རྣལ་འབྱོར་རིག་པས་འཕྲུལ་བར་བྱ༔ འདི་ནི་ཀླུ་འདུལ་ཟབ་གནད་ཡིན༔ སྔགས་ཀྱི་གབ་ཐིག་གཙོ་སྔགས་ཤམ༔ ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ༔ ཡང་ན་ཁྱུང་ཆེན་རིགས་ལྔའི་སྔགས༔ གཞན་ལས་བྱུང་བཞིན་བཟླ་བར་བྱ༔ དམིགས་པའི་གབ་ཐིག་ཁྱུང་ལྔ་ལ༔ འོད་ཟེར་མེ་དང་དུད་སྤྲིན་འཁྲིགས༔ སྡེ་བརྒྱད་སྤྱི་དང་ཁྱད་པར་དུ༔ གང་གནོད་ཀླུ་འམ་ལུས་གདོན་རྣམས༔ རྩྭ་སྦུར་མེ་དང་འཕྲད་པ་བཞིན༔ རྣམ་སྨིན་ལུས་རྟེན་བུན་བུན་བསྲེགས༔ མཐར་ནི་སྙིང་རྗེ་ཐུན་གཅིག་བསྒོམ༔ མི་དམིགས་ལྟ་བའི་དཔའ་གདེངས་བསྐྱེད༔ འདི་ནི་ཤིན་ཏུ་ཟབ་པའི་ཕྱིར༔ བརྡ་རིས་སྙིང་མཛོད་སྒྲོམ་དུ་སྦོས༔ དུས་བབས་ལས་ལྡན་ལག་ཏུ་སྤྲོད༔ བཀའ་སྲུང་གཟའ་བདུད་ཆེན་པོ་ཡིས༔ རྟག་ཏུ་སྲུངས་ཤིག་ས་མ་ཡཱ༔ གུ་ཧྱ༔ བརྡ་ཐིམ༔ བདག་འདྲ་མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་སྙིང་གི་བུམ་པར་བསྐྱིལ་བའི་སྐལ་ལྡན་ལུང་རིག་གླིང་པས་བྲིས་པ་ཛ་ཡནྟུ༔

ཁྱུང་གི་བཟླས་དམིགས།

༄༅། རྩ་བསྙེན་སྒྲུབ་སྔགས་གང་རུང་གི་གཤམ་དུ་སྦྱར་ཆོག་པའི་ཁྱུང་གི་བཟླས་དམིགས་ནི༔ བདག་ཉིད་གསང་བདག་ཏིང་འཛིན་ངང་༔ གནས་ལྔར་བྱ་ཁྱུང་རིགས་ལྔ་ཡི༔ ཐུགས་ཀར་ཉི་སྟེང་རང་མདོག་གི༔ ཁྲོཾ་མཐར་སྔགས་ཕྲེང་གཡོན་དུ་འཁོར༔ ཐུགས་སྲོག་སྐུ་དང་སྒྲོ་གཤོག་ལས༔ འོད་ཟེར་མེ་དང་དུད་སྤྲིན་འཁྲིགས༔ སྡེ་བརྒྱད་སྤྱི་དང་ཁྱད་པར་དུ༔ གང་གནོད་ཀླུ་འམ་ལུས་གདོན་རྣམས༔ རྩྭ་སྦུར་མེ་དང་འཕྲད་པ་བཞིན༔ རྣམ་སྨིན་ལུས་རྟེན་བུན་བུན་བསྲེགས༔ མ་ཡེངས་དམིགས་པའི་འཕྲོ་འདུ་དང་༔ སྟོང་ཉིད་སྙིང་རྗེའི་ངང་ནས་བཟླ༔ རྩ་སྔགས་གཤམ་དུ༔ ཨོཾ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཁྲོཾ་ག་རུ་ཊཱ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཅི་འགྲུབ་མཐར་སྤྲོ་ན་ཁྱུང་ལྔའི་རང་སྔགས་འདོན༔ ཞེས་པའང་དགོས་པ་ཆེ་ཕྱིར་ཕན་མིང་པས་བྲིས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག་གུ༔

མཚམས་ལྷ་བསྐྱེད་ཆོག་སྲིད་གསུམ་ཟིལ་གནོན།

བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཡི༔ མཚམས་ལྷ་བསྐྱེད་ཆོག་སྲིད་གསུམ་ཟིལ་གནོན་བཞུགས༔ ཨོཾ་སྭཱ་བྷ་ཝས་སྦྱངས་ལ༔ ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པདྨ་ཉི་ཟླ་གཟའ་ཀླུ་ཕོ་མོ་བསྣོལ་བའི་སྟེང་དུ་རིག་རྩལ་འགགས་མེད་ཀྱི་ལྷ་མཆོག་རྒྱལ་ཀུན་ཐུགས་ཀྱི་སྲས་པོ་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ ཕྱག་གཡས་གསེར་རྡོར་རྩེ་དགུ་ནམ་མཁའ་ལ་ཕྱར་བ༔ ཕྱག་གཡོན་སྡིགས་མཛུབ་རྩེ་ལ་མེ་འབར་ཞིང་དུག་སྦྲུལ་འཛིན་པ༔ སྐུ་སྟོད་ལ་སེང་གླང་གི་ཀོ་བ༔ སྐུ་སྨད་ལ་སྟག་གཟིག་གི་ཤམ་ཐབས་གསོལ་བ༔ སྐུ་སྐེད་ལ་ཞིང་ཆེན་གཡང་གཞི་ཀླུབས་པ༔ དབུ་ལ་ཐོད་སྐམ་ལྔ་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་དཔལ་གྱི་ཆས་བཅུ་སྤྲས་པ༔ ཞབས་གཉིས་བརྐྱང་བསྐུམ་དྲེགས་པ་ཕོ་མོའི་རོ་བརྫིས་ནས་སྐུ་ལ་སྒྲོལ་བྱེད་ཀྱི་མཚོན་ཆ་སྣ་ཚོགས་དང་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས་ཅིང་བྱ་ཁྱུང་དང་ལྕགས་སྡིག་རྡུལ་ལྟར་འཚུབས་པ༔ དེ་ལྟ་བུའི་སྲིད་གསུམ་འགྲན་ཟླ་བྲལ་བའི་བདག་ཉིད་ཅན་དུ་གྱུར༔ ཨོཾ་བཛྲ་པཱ་ཎི་ཙནྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཅེས་གསལ་དག་བརྟན་གསུམ་གྱི་ངང་ནས་བགེགས་ལ་བཅོལ་ལོ༔

#div1 བདེན་བརྗོད།

༄༅། གནས་འོག་མིན་དག་པ་སྐུ་གསུམ་གྱི་ཞིང་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སིང་ཧ། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆེན་དཔལ་གྱི་དབང་ཕྱུག ཨ་ཙར་ཡེ་ཤེས་དབྱངས་ཉིད། གྲུབ་དབང་བྱང་ཆུབ་རྡོ་རྗེ། འགྲོ་འདུལ་ལུང་རིག་གླིང་པ། གཏེར་ཆེན་བསམ་གཏན་གླིང་པ། བརྒྱུད་འཛིན་ཆོས་ཀྱི་བདག་པོ་ལ་སོགས་པའི་རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་དུར་ཁྲོད་གསང་ཆེན་རོལ་བའི་དཀྱིལ་འཁོར་ཆེན་པོ་ནས། གསང་བདག་ཕྱག་ན་རྡོ་རྗེ། སྤྲུལ་བའི་བྱ་ཁྱུང་རིགས་ལྔ། རིགས་བདག་མི་བསྐྱོད་རྡོ་རྗེ། བདུད་འདུལ་ཁྲོ་བཅུ་ཡབ་ཡུམ། ཁྲོ་བོ་བཞི། སྒོ་མ་བཞི། གཙང་རིས་དཔལ་མགོན་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང། ལྷ་ལས་ལྷག་པའི་གསང་སྔགས་བཀའ་ཡི་སྲུང་མ་དྲང་སྲོང་སྨུག་ནག་འོད་འཕྲོ། གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། དྲེགས་པ་ལྷ་སྲིན་སྡེ་བརྒྱད། ཡང་སྤྲུལ་གྲངས་ལས་འདས་པ། གཏེར་སྲུང་ཡིད་བཞིན་ནོར་བདག་ལ་སོགས་པའི་བཀའ་གཏེར་གྱི་བསྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས་དེང་འདིར་བདག་དང་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་འབྱུང་པོའི་ཚོགས་སྤྱི་དང་། བྱེ་བྲག་ཏུ་ཡང་གསང་བའི་དཀྱིལ་འཁོར་གཉན་པོ་ཞལ་ཕྱེས། མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་འདོད་ཡོན་ལྔ་དང་ལྡན་པའི་གཏོར་མ་འདིས་མགུ་ཞིང་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་འདུག་པའི་ཚེ་ན་བདག་ཉིད་དྲེགས་པ་ཀུན་འདུལ་ཀྱི་སྤྲུལ་པའི་ཁྲོ་ཚོགས་མཚོན་ཆ་མེ་དཔུང་གི་ཚྭ་ཚྭ་ཐོ་རོ་རོ་འཕྲོས་པས་གནོད་བྱེད་ཨ་མུ་ཀའི་ཚོགས་རྣམས་རྡུལ་དུ་བརླག་པར་འགྱུར་ཏ་རེ། ཧཱུྃ་བཞིའི་སྔགས་དང་གུལ་ཡུངས་བདུག་བྲབ་བྱས་ལ་བསྲུང་བའི་འཁོར་ལོ་ལ་འཇུག་གོ།

མཚམས་ལྷ་བསྐྱེད་བསྡུས་པ།

༄༅། སྭ་བྷ་ཝས་སྦྱངས། རང་ཉིད་སྐད་ཅིག་གིས་གསང་བདག་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་མཁའ་ལ་ཕྱར་བ། གཡོན་པས་དུག་སྦྲུལ་ཞལ་དུ་གསོལ་བ། ཞབས་གཉིས་དྲག་པོའི་འདོར་སྟབས་སུ་བགྲད་པ་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་ཡོངས་སུ་བརྒྱན་པའི་སྐུར་གྱུར། ཨོཾ་བཛྲ་པཱ་ཎི་ཙནྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཕཊ༔

ཚོགས་མཆོད་ཡིད་བཞིན་ཆར་འབེབས།

གསང་བདག་ཐུགས་ཀྱི་སྒྲུབ་པ་ལས༔ ཚོགས་མཆོད་ཡིད་བཞིན་ཆར་འབེབས་བཞུགས༔

གསང་བདག་དཔའ་བོའི་སྐུ་ལ་འདུད༔ རྣལ་འབྱོར་ཉམས་ཆགས་བསྐང་བ་དང་༔ བར་ཆད་སེལ་དང་ཚོགས་རྫོགས་ཕྱིར༔ ཚོགས་མཆོད་འདི་བཞིན་འབད་པ་གཅེས༔ ཚོགས་རྫས་ཤ་ཆང་བཤོས་ཁུར་བ༔ ཇ་ཆང་ལ་སོགས་ཅི་འབྱོར་བཤམས༔ ནང་མཆོད་ཆུ་གཙང་བདུད་རྩི་འཁྱིལ༔ སྔགས་ཀྱིས་བསངས་ཤིང་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ཚོགས་ཀྱི་དངོས་འཛིན་བག་ཆགས་མ་ལུས་པ༔ བདག་ཉིད་གསང་བདག་ཐུགས་ལས་འཕྲོས་པ་ཡི༔ རཾ་ཡཾ་ཁཾ་གིས་མ་དག་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔གསུམ། ཨོཾ་ཨཱཿཧཱུྃ་གསུམ། ཚོགས་ཞིང་སྤྱན་འདྲེན་ནི༔ ཨེ་མ་ཧོ༔ དག་པ་སྐུ་གསུམ་ཞིང་ཁམས་སོ་སོ་ནས༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་བརྒྱུད་པར་བཅས༔ ཐུགས་རྗེས་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ལྕང་ལོ་ཅན་དང་མེ་རི་འབར་བ་ནས༔ གསང་བདག་རྡོ་རྗེ་གཏུམ་པོ་དཀྱིལ་འཁོར་གཙོ༔ སྤྲུལ་པའི་ཁྱུང་ལྔ་ཁྲོ་བཅུ་ཡབ་ཡུམ་དང་༔ ཕྲ་ཐབས་སྤྲུལ་བར་བཅས་པ་ཐམས་ཅད་ཀུན༔ ཚོགས་ཀྱི་མཆོད་པ་འབུལ་ཕྱིར་སྤྱན་འདྲེན་གཤེགས༔ གནས་གསུམ་མཁའ་འགྲོ་བཀའ་གཏེར་སྲུང་མའི་ཚོགས༔ དགྱེས་ཤིང་བརྩེ་བའི་ཐུགས་ཀྱིས་ཉེར་དགོངས་ལ༔ ཚོགས་ཀྱི་མཆོད་པ་བཞེས་ཕྱིར་སྤྱན་འདྲེན་གཤེགས༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ཏེ༔ ཚོགས་རྫས་མཆོད་པའི་ལྷ་མོས་གནམ་ས་བར་སྣང་གང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པ་འབུལ་བར་དམིགས་ཏེ༔ ཧཱུྃ༔ རྩ་གསུམ་ཡོངས་རྫོགས་གསང་བདག་གཏུམ་པོའི་ལྷ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔ འདོད་ཡོན་དྲུག་ལྡན་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ན་ཙཀྲ་པུ་ཛ་ཁ་ཧཱི༔ བར་བ་བཤགས་པ་ནི༔ ཧཱུྃ༔ ཕྱག་རྡོར་དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ བདག་སོགས་གསང་སྔགས་སྒོར་ཞུགས་ཐམས་ཅད་ཀྱིས༔ རྩ་བ་ཡན་ལག་ཉམས་ཆག་ཉེས་ལྟུང་ཀུན༔ མི་འཆབ་མི་སྦེད་ཚོགས་ཀྱི་མཆོད་པས་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་དམ་པ་སྩོལ༔ ཡི་གེ་བརྒྱ་པས་ནོངས་བཤགས་སྡོམ་སེམས་བྱ༔ གཞན་ཡང་སྐབས་འདིར་བསྐང་བཤགས་ཅི་རིགས་འབུལ༔ ཐ་མ་འགུགས་བསྟིམས་ཚོགས་རྫས་དགྲ་བགེགས་དམིགས༔ ཕུར་བུ་གདེངས་ཤིང་ཚིག་འདིས་བསྒྲལ་བར་བྱ༔ ཧཱུྃ་ཧཱུྃ༔ དུས་གསུམ་སངས་རྒྱས་སྟོང་རྩའི་སྐུ་བསྲུང་བ༔ བདག་ཉིད་གསང་བདག་གཏུམ་པོ་ཁྲོས་པའི་རྩལ༔ སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡས༔ དགྲ་བགེགས་དུག་ལྔའི་ཕུང་པོ་རྡུལ་དུ་རློག༔ རྣམ་ཤེས་རིག་པ་ཆོས་ཀྱི་དབྱིངས་སུ་སྤར༔ ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་བཛྲ་པཱ་ཎི་སརྦ་ཤ་ཏྲུཾ་དགྲ་བགེགས་འབྱུང་པོ་ཐམས་ཅད་མ་ར་ཡ་ཧཱུྃ་ཕཊ༔ གཏུབ་ཅིང་བདུད་རྩིར་དམིགས་ཏེ་གཏོར་མ་ལྷར་གསལ་བའི༔ དབང་པོ་དྲུག་ལ་ཟག་མེད་བདེ་བསྐྱེད་དམིགས༔ ཧཱུྃ་ཧཱུྃ༔ དགྲ་བགེགས་བསྒྲལ་བའི་ཕུང་པོ་ཚོགས་ཀྱི་རྫས༔ དུག་གསུམ་ཤ་ཁྲག་རུས་པ་མ་ལུས་ཀུན༔ སྐུ་གསུམ་བདག་ཉིད་ལྷ་ཚོགས་ཞལ་དུ་བསྟབས༔ དུག་གསུམ་དབྱིངས་གྲོལ་བདེ་ཆེན་མཆོག་ཐོབ་ཤོག༔ རུ་ཏྲ་ཧ་ལ་པཉྩ་མ་ཧཱ་མཾ་ས་ཙིཏྟ་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ དམིགས་མེད་བསྒྲལ་མཐའ་སྐྱེ་འགག་བྲལ་བར་བཞག༔ སློབ་བུས་ཚོགས་རྫས་བརྡ་ཡིས་འབུལ་ཞིང་བླངས༔ དཀྱིལ་འཁོར་བདག་པོས་མཉམ་པའི་ངང་དུ་རོལ༔ དེ་ནས་ཚོགས་ཀྱི་ལྷག་མ་ཁ་ཕྲུ་བཏབ༔ ལྷག་མགྲོན་སྤྱན་འདྲེན་ཚིག་འདིས་འབུལ་བར་བྱ༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་དཀྱིལ་འཁོར་མུ་རན་ལ༔ གནས་པར་དམ་བཅས་ཕྱི་མཚམས་བར་ཆད་སྲུང་༔ དབང་ཕྱུག་གིང་ལང་མ་སྲིང་བྲན་དང་བཅས༔ འདོད་ཡོན་ཚོགས་ཀྱི་ལྷག་མ་འདི་བཞེས་ལ༔ ཕྱི་ནང་ཉེར་འཚེ་མ་ལུས་ཞི་བར་མཛོད༔ ཨུ་ཙུཥྚ་བྷ་ལིང་ཏ་ཁཱ་ཧི༔ བསྐུལ་གཏོར་རཀྟས་བྲན་ཅིང་འདི་བཞིན་བསྐུལ༔ ཧཱུྃ་ཧཱུྃ༔ སྐྱེ་མེད་ཆོས་སྐུའི་མཁའ་དབྱིངས་སྟོང་པ་ལས༔ འགགས་མེད་གསལ་སྣང་སྙིང་རྗེས་ཁྲོས་པའི་ཉམས༔ བདུད་བཞིའི་གཡུལ་ངོར་དཔའ་བའི་ཧེ་རུ་ཀ༔ གསང་བདག་རྡོ་རྗེ་འཛིན་པའི་ལྷ་ཚོགས་རྣམས༔ བཞེངས་བཞུད་གཉིས་འཛིན་རྟོག་པ་མི་མངའ་ཡང་༔ ལོག་རྟོག་འཁྲུལ་བའི་དབང་ཤོར་ཞིང་བཅུའི་དགྲ༔ བསྟན་དང་འགྲོ་ལ་འཚེ་བའི་བགེགས་ཀྱི་སྡེ༔ དོན་དམ་རིག་པའི་ཀློང་དུ་སྒྲོལ་བའི་ཕྱིར༔ བཞེངས་ཤིག་དམིགས་མེད་ཐུགས་རྗེའི་ཀློང་ནས་བཞེངས་༔ བསྐུལ་ལོ་མྱུར་མགྱོགས་མཐུ་སྟོབས་རྩལ་དང་བཅས༔ མཛོད་ཅིག་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས༔ ད་ལྟ་ཉིད་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ་དྲག་སྔགས་ཟོར་དུ་བརྡེག༔ ཆད་མདོའི་ཐ་ཚིག་བསྒྲག་པ་ནི༔ གཏོར་མ་སྨན་རཀ་བསངས་ཆུས་བྲན༔ ཧཱུྃ་ཧཱུྃ༔ སྔོན་ཚེ་འདས་དུས་བསྐལ་པ་ཐོག་མའི་དུས༔ རང་རིག་རང་གྲོལ་ཆོས་སྐུའི་སྟོན་པ་ཡིས༔ ཡེ་ཤེས་རང་སྣང་རིགས་ལྔའི་འཁོར་ཚོགས་ལ༔ བརྗོད་བྲལ་འོད་གསལ་དགོངས་པས་ཆོས་བསྟན་ཚེ༔ རིག་རྩལ་འགགས་མེད་འགྱུ་བ་རང་གྲོལ་བའི༔ ཉམས་རྟོགས་དམ་བཅས་ཇི་ལྟར་ཕུལ་བ་བཞིན༔ རྣམ་རྟོག་འགྱུ་བ་རང་གྲོལ་གཏོར་མ་བཞེས༔ འཁོར་འདས་མཉམ་བརྡལ་མཆོག་གི་ཕྲིན་ལས་མཛོད༔ ཧཱུྃ་ཧཱུྃ༔ དེ་འོག་དུར་ཁྲོད་མེ་རི་འབར་བ་རུ༔ བདག་མེད་རྟོགས་པའི་དཔལ་ཆེན་ཧེ་རུ་ཀས༔ སྤྲུལ་པ་བདག་རྟོག་རུ་ཏྲ་སྡེ་གསུམ་བསྒྲལ༔ རིག་འཛིན་མཁའ་འགྲོ་རྣལ་འབྱོར་ཕོ་མོ་ཡིས༔ གསང་ཆེན་རྒྱུད་སྡེ་བཤད་སྒྲུབ་བཀའ་བསྡུ་ཚེ༔ དབང་ཕྱུག་ཉེར་བརྒྱད་སྔགས་སྲུང་རྒྱ་མཚོ་ཡིས༔ གསང་ཆེན་བསྟན་པ་འཛིན་སྐྱོང་སྤེལ་བ་དང་༔ རྣལ་འབྱོར་སྒྲུབ་པོའི་བར་ཆད་བསལ་ལོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅའ་དེ་བཞིན་དུ༔ གཏོར་མ་བཞེས་ལ་ལས་བཞིའི་ཕྲིན་ལས་མཛོད༔ ཧཱུྃ་ཧཱུྃ༔ དེ་འོག་རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ༔ འཇམ་དབྱངས་ཆོས་རྒྱལ་ཚངས་པའི་མེ་ཏོག་གིས༔ རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ༔ གདོང་དམར་བོད་ཀྱི་ཡུལ་དུ་སྤྱན་དྲངས་ནས༔ ཟབ་ཆོས་སྨིན་གྲོལ་གདམས་པ་དཔག་མེད་ཀྱིས༔ ཆོས་རྒྱལ་རྗེ་དང་ཇོ་མོ་མཁར་ཆེན་བཟའ༔ རླངས་ཆེན་དཔལ་སེང་རྡོ་རྗེ་བདུད་འཇོམས་དང་༔ ནམ་མཁའི་སྙིང་པོ་ལང་གྲོ་མཁས་པ་སོགས༔ སྐལ་ལྡན་མང་པོ་ཐར་ལམ་མཆོག་ལ་བཀོད༔ ཁྱད་པར་གསང་བ་ཐུགས་སྒྲུབ་གཏུམ་པོའི་ཆོས༔ མཚོ་རྒྱལ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ བཀའ་གཏད་སྨོན་ལམ་གཏད་རྒྱས་བཏབ་པའི་ཚེ༔ སྡེ་བརྒྱད་གཙོ་བོ་ཁྱབ་འཇུག་ཆེན་པོ་སོགས༔ སྔགས་སྲུང་དམ་ཅན་རྒྱ་མཚོ་མ་ལུས་པས༔ རྣལ་འབྱོར་བར་ཆད་སེལ་བར་མ་ཆད་དམ༔ ཟབ་ཆོས་བརྒྱུད་འཛིན་སྲུང་བར་མ་ཆད་དམ༔ དུས་འཁྲུགས་རྒུད་པ་བསལ་བར་མ་ཆད་དམ༔ ཞིང་བཅུའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཐ་ཚིག་བཞིན་དུ་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དང་༔ ཧཱུྃ༔ དེ་འོག་དུས་སྙིགས་སུམ་ཅུའི་ཁ་རལ་ལ༔ ཨོ་རྒྱན་ཐུགས་སྤྲུལ་ཇོ་མོ་མཚོ་རྒྱལ་མའི༔ ཕྲིན་ལས་རྣམ་རོལ་ལུང་རིག་གླིང་པ་ལ༔ རང་སྣང་རྔ་ཡབ་དཔལ་རིའི་ཕོ་བྲང་དུ༔ དབང་ཆེན་རྟ་མཆོག་དཀྱིལ་འཁོར་ཞལ་ཕྱེ་ནས༔ པད་འབྱུང་རྡོ་རྗེ་སྲིན་པོའི་སྒྱུ་འཕྲུལ་གྱིས༔ དབང་བསྐུར་ལུང་བསྟན་གསང་བའི་མིང་བཏགས་ནས༔ དགོངས་གཏེར་ཟབ་མོས་དབུགས་དབྱུང་མཛད་པའི་ཚེ༔ དུད་སོལ་ལྷ་མོ་དྲང་སྲོང་ཆེན་པོ་སོགས༔ སྲུང་མ་དམ་ཅན་མ་ལུས་ཀུན་འདུས་ནས༔ རྣལ་འབྱོར་སྒྲུབ་པོར་སྡོང་གྲོགས་མཛད་དོ་ཞེས༔ ཇི་ལྟར་ཞལ་བཞེས་དམ་བཅས་དེ་བཞིན་དུ༔ ཐ་ཚིག་རྗེས་བསྐུལ་གཏོར་མ་འདི་བཞེས་ལ༔ འགལ་རྐྱེན་སོལ་ལ་མཐུན་རྐྱེན་འགྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ བསྟན་མ་སྐྱོང་མའི་གཏོར་མ་ལ༔ བདུད་རྩིས་བྲན་ཅིང་འབྲུ་གསུམ་སྔགས༔ བརྗོད་པས་བྱིན་གྱིས་བརླབས་བྱས་ནས༔ ཧཱུྃ་ཧཱུྃ༔ སྔོན་ཚེ་བདག་ཉིད་ཨོ་རྒྱན་མཁན་པོ་ལ༔ བར་ཆད་བརྩམས་ཤིང་དམ་འོག་ཟིལ་མནན་ཚེ༔ བོད་དུ་རྟག་ཆད་ལོག་རྟོག་བསྲུང་བ་དང་༔ ཐུབ་བསྟན་བསྲུང་ཞིང་རྣལ་འབྱོར་སྐྱོང་ངོ་ཞེས༔ རྡོ་རྗེ་གཡུ་བུན་ཚེ་རིང་དྲག་མོ་རྒྱལ༔ བསྟན་མ་བཅུ་གཉིས་སྤྲུལ་པར་བཅས་པ་ཡིས༔ གཙང་ལྡན་གསེར་སྐྱེམས་བཤོས་བུ་བཤལ་ཆུ་བཞེས༔ ཐ་ཚིག་བཞིན་དུ་ཅི་བཅོལ་འགྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ གཏོར་མ་གཤེགས་ཤིང་བཤལ་ཆུ་ཕྱོགས་བཅུར་གཏོར༔ གཏོར་གཞོང་འོག་ཏུ་དམ་སྲི་འགུགས་ཤིང་གནོན༔ ཧཱུྃ་ཧཱུྃ༔ བདག་ཉིད་གསང་བདག་དཔའ་བོའི་བརྟུལ་ཞུགས་ཀྱིས༔ རྒབ་འདྲེ་འབྱུང་པོ་ཞབས་ཀྱི་འོག་ཏུ་མནན༔ རི་རབ་གླིང་བཞི་འབར་བའི་ཟོམ་དུ་སྦ༔ མཐའ་མེད་རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བསྲེག༔ ཇི་སྲིད་བྱང་ཆུབ་ལམ་མཆོག་མ་རྙེད་བར༔ ནམ་ཡང་ཁྱོད་ལ་གཏོང་བའི་སྐལ་བ་མེད༔ དེ་བས་བྱང་ཆུབ་མྱུ་གུ་བསྐྱེད་པར་བགྱིས༔ ཨོཾ་ལཾ༔ ཨཱ་ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ མཆོད་བསྟོད་བྱ་ཞིང་ཚེ་འགུགས་རྒྱས་གདབ་བྱ༔ ནོངས་བཤགས་ཚིག་འདིས་ཉེས་པ་ཡང་ཡང་བཤགས༔ ཧཱུྃ་ཧཱུྃ༔ བདག་གི་ཚེ་རབས་འཁོར་བ་ཐོག་མེད་ནས༔ ལུས་ངག་ཡིད་ཀྱིས་མ་རིག་ཅི་བསགས་པ༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔར་བཤགས་ཤིང་སྡོམ༔ ཉམས་ཆག་མ་ལུས་དབྱིངས་སུ་བསྐང་བ་དང་༔ ཚེ་འདིར་རྡོ་རྗེ་འཆང་གི་གྲལ་འཁོད་ནས༔ ཉམས་པ་རྣམས་ཀྱི་སྐྱབས་སུ་བདག་མཛོད་ཅིག༔ ཡི་གེ་བརྒྱ་བ་ཅི་མང་གནོང་འགྱོད་བྱ༔ ལྷ་ཚོགས་རྟེན་ལ་བསྟིམ་མམ་གཤེགས་གསོལ་བྱ༔ བདག་བསྐྱེད་ལྷ་ཡི་བསྡུ་རིམ་བྱ་བ་ནི༔ ཧཱུྃ༔ ཕྱི་སྣོད་འོད་ཞུ་གཞལ་ཡས་ལྷ་ལ་བསྟིམས༔ ལྷ་ཡང་འོད་དུ་ཡལ་ནས་ཐུགས་སྲོག་དང་༔ གཙོ་མཆོག་ཏིང་ངེ་འཛིན་གྱི་སེམས་དཔར་བསྟིམས༔ རིམ་ཡལ་ཐིག་ལེ་ནཱ་ད་ཕྲ་བའི་དབྱིངས༔ སྟོང་གསལ་སྤྲོས་པ་བྲལ་བའི་དབྱིངས་སུ་བཞག༔ ཨ་ཨ༔ དེ་ནས་རྒྱུན་སྤྱོད་གསང་བདག་སྐུར་གསལ་བའི༔ གནས་གསུམ་ཡི་གེས་ རྗེས་ཐོབ་བར་ཆད་བསྲུང་༔ ཨོཾ་ཨཱཿཧཱུྃ༔ དགེ་བའི་རྩ་བ་ཡོངས་བསྔོ་འདི་བཞིན་བྱ༔ ཧཱུྃ་ཧཱུྃ༔ དགེ་བའི་རྩ་བ་འདིས་མཚོན་དུས་གསུམ་གྱི༔ ལེགས་ཚོགས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩིས༔ གཅིག་ཏུ་བསྡུས་ནས་རྣམ་མཁྱེན་རྒྱུ་རུ་བསྔོ༔ བདག་གཞན་གསང་བདག་དཔའ་བོའི་གོ་འཕང་མཆོག༔ ད་ལྟ་མྱུར་འགྲུབ་དོན་གཉིས་ལྷུན་གྲུབ་ཤོག༔ བཀྲ་ཤིས་ཚིགས་སུ་བཅད་པ་འདི་བཞིན་དུ༔ མེ་ཏོག་སིལ་མས་ཕྱོགས་ཀུན་དགེ་ལེགས་ཀྱི༔ སྣང་བ་ཆེན་པོས་དགའ་སྟོན་ཁྱབ་པར་བསམ༔ ཧཱུྃ་ཧཱུྃ༔ མཆོག་གསུམ་བླ་མ་ཡི་དམ་གསང་བདག་གི༔ སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ༔ གསང་སྔགས་ལམ་ཞུགས་རྣལ་འབྱོར་མ་ལུས་པ༔ ཚེ་འདིར་བྱང་ཆུབ་འགྲུབ་པའི་བཀྲ་ཤིས་ཤོག༔ གནས་སྐབས་བར་ཆད་རྐྱེན་ལས་གྲོལ་བ་དང་༔ ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས༔ ཆོས་མཐུན་བསམ་པ་མ་ལུས་མྱུར་འགྲུབ་ནས༔ བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་བཀྲ་ཤིས་ཤོག༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཐའ་རུ་ཕྱིན༔ བསྟན་པ་འཛིན་སྐྱོང་སྤེལ་བའི་ཐུགས་བཞེད་འགྲུབ༔ ཟབ་གཏེར་ཉམས་བླངས་གྲུབ་འབྲས་མངོན་གྱུར་ནས༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་གཏུམ་པོའི་ཐུགས་སྒྲུབ་འདི༔ ཨོ་རྒྱན་མཁས་པ་བདག་ཉིད་ཀྱིས༔ ཐུགས་ཀྱིས་བརྣག་པའི་ཟབ་ཆོས་དེ༔ མཚོ་རྒྱལ་སྙིང་གི་སྒྲོམ་དུ་སྦོས༔ དུས་བབས་བྱི་བའི་ལོ་ཤར་ཚེ༔ ཁྱོད་སྤྲུལ་དམ་པར་ཉམས་གྲིབ་དང་༔ ཀླུ་གཉན་གློ་བུར་རྐྱེན་བྱུང་བ༔ སེལ་བའི་ཐབས་སུ་ཉམས་སྣང་དུ༔ དག་སྣང་གདམས་པ་མང་དུ་འབྱུང་༔ མ་སྤེལ་ཆུ་སྲིན་ཁ་བཞིན་སྡོམས༔ འཕགས་མཆོག་སྤྲུལ་པའི་སྐྱེས་བུ་ལ༔ སྨོན་ལམ་རྟེན་འབྲེལ་དུས་འཛོམས་ཚེ༔ དྲན་པའི་རྣམ་རོལ་ལུང་གསལ་དང་༔ ལྷན་དུ་སྤེལ་བས་གེགས་ཞི་ནས༔ རང་གཞནབདེ་ལ་འགོད་པར་ངེས༔ དུས་བབས་ཆོས་ཡིན་ཉམས་ལོངས་དང་༔ བྱིན་རླབས་མི་བསླུ་ཨོ་རྒྱན་བཀའ༔ དེ་ཚོམ་ཅན་ལ་གུ་ཧྱ་རྒྱ༔ ས་མ་ཡཱ༔ བདག་འདྲ་ཚེ་རབས་ཀུན་ཏུ་པདྨ་ཀཱ་རས་བྱིན་གྱིས་བརླབས་ཤིང་ཁྱད་པར་བྱི་བའི་ལོར་གྲུབ་དབང་དང་དབྱེར་མེད་པ་མཚོ་སྐྱེས་རྡོ་རྗེ་རྨི་ལམ་འོད་གསལ་གྱི་སྣང་བར་མཇལ་བའི་དགེ་མཚན་རང་ལ་ཡིད་ཆེས་སུ་བྱུང་བ་ལ་ཐོག་མའི་རྟེན་འབྲེལ་གྱི་དགའ་སྟོན་དུ་སྒྲོལ་མའི་ཆོ་ག་དབང་ཆོག་དང་བཅས་པ་གཅིག་ཏུ་ཕབ་སྟེ་གཞན་རང་གི་སྙིང་ལ་སྦས་ནས་ཡོད་པ་ཕྱིས་སྒྲ་རྒྱལ་འབྲུག་གི་ལོར་རང་གི་སྐྱབས་མཆོག་བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་ལྐོག་གྱུར་མངོན་དུ་གཟིགས་པའི་བཀའ་ཕེབས་ལ་བརྟེན་ནས་དགེ་སྦྱོང་ལུང་རྟོགས་བསྟན་པའི་ཉི་མས་སུག་བྲིས་སུ་བགྱིས་ནས་ཕུལ་བས་འགྲོ་ཀུན་གསང་བདག་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བྱས་ནས་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག སརྦ་དཱ་ཀ་ལ་ཎཾ་བྷ་ཝནྟུ།།

གསང་བདག་བསྐང་བ་མགོ་སྤྲུལ་གྱིས་མཛད་པ།

༄༅། གསང་བདག་གཏུམ་པོའི་ཐུགས་སྒྲུབ་སྙིང་པོའི་བསྐང་བ་བཞུགས། བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། །གདུང་དབྱངས་རོལ་མོ་བཅས་པས་འདི་བཞིན་བྱའོ། །ཧཱུྃ་ཧཱུྃ། ཆོས་དབྱིངས་སྐྱེ་མེད་སྤྲོས་བྲལ་ངང་ཉིད་ལས། །འགགས་མེད་སྒྱུ་འཕྲུལ་གར་གྱིས་རྣམ་རོལ་བའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །རང་བཞིན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས། །ཚོགས་ཁང་གཞལ་ཡས་འདི་ལ་བརྟན་པར་བཞུགས། །ཕྱི་ནང་གསང་གསུམ་བསྐང་རྟེན་རྫས་ཀྱིས་མཆོད། །ལུས་ངག་ཡིད་གསུམ་དད་གུས་ལྡན་པས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཧཱུྃ། སྐུ་གསུམ་ཞིང་ནས་འགྲོ་དོན་སྐུར་སྣང་བ། །ཀུན་བཟང་རིགས་ལྔ་གསང་བདག་པདྨ་འབྱུང་། །མཚོ་རྒྱལ་མངའ་བདག་རླངས་ཆེན་དཔལ་སེང་དང་། །དཔལ་གྱི་དབང་ཕྱུག་ཀླུ་དབང་ལུང་རིག་གླིང་། །རིག་འཛིན་བཟང་པོ་མ་ཏིའི་མཚན་ཅན་སོགས། །དྲིན་ཆེན་རྩ་རྒྱུད་བླ་མའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་ཚོགས། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྣ་ཚོགས་དང་། །བདུད་རྩི་སྨན་དང་རཀྟ་བྷ་ལིང་ཏ། །འདོད་ཡོན་ལོངས་སྤྱོད་བཟའ་བཏུང་ཚོགས་འཁོར་སོགས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་བའི། །རྨད་བྱུང་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པའི། །གསང་སྔགས་རིགས་སྔགས་ཀུན་གྱི་མངའ་བདག་རྗེ། །བདུད་སྡེ་དཔུང་འཇོམས་ལོག་འདྲེན་ཚར་གཅོད་པའི། །བཅོམ་ལྡན་དཔལ་ཆེན་ཁྲོ་བོ་ཡོངས་ཀྱི་རྒྱལ། །གསང་བདག་རྡོ་རྗེ་འཛིན་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཁྲོ་རྒྱལ་ཆེན་པོའི་སྐུ་ཡི་གནས་ལྔ་ནས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པའི་ཁྱུང་། །དཀར་སེར་དམར་ལྗང་མཐིང་མདོག་ཀླུ་རིགས་གསོལ། །ས་བདག་ཀླུ་གཉན་དྲེགས་པའི་སྲོག་སྙིང་འདྲེན། །དུག་ལྔའི་གདོན་ཚོགས་ཡེ་ཤེས་ལྔར་སྒྲོལ་བའི། །བྱ་ཁྱུང་རིགས་ལྔའི་ཚོགས་ཀྱི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་ཐུགས་ཀྱི་སྤྲུལ་པ་ལས། །ཕྱོགས་བཞིའི་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་ཁར། །ཉོན་མོངས་བདུད་བཞི་འཇོམས་མཛད་ཡེ་ཤེས་སྐུ། །ཁྲོ་བོའི་ཆས་རྫོགས་རང་རྟགས་ཕྱག་རྒྱ་བསྣམས། །གསང་བདག་གཏུམ་པོ་རིགས་བཞིའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཕྱོགས་བཅུའི་དྲེགས་པ་ཕོ་མོའི་གདན་སྟེང་ནས། །བདུད་དཔུང་འཇོམས་མཛད་ཡེ་ཤེས་ཁྲོ་བོའི་སྐུ། །ཧཱུྃ་དཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ནས། །བདུད་བཞི་འདུལ་མཛད་ཏ་ཀྲྀཏ་སྒོ་བ་བཞི༔ ཁྲོ་བོའི་ཆ་ལུགས་དཀར་སེར་དམར་ལྗང་མདོག །རིགས་རྒྱ་གཡས་དང་རང་རྟགས་གཡོན་ན་བསྣམས། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་པའི་ལྷ། །རང་རང་སྤྲུལ་འཁོར་བཅས་པའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དཀྱིལ་འཁོར་ཕྱི་རིམ་འཁོར་ཡུག་ལ་གནས་པའི། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ནོར་སྲུང་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི། །གཙང་རིས་དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། རྒྱལ་བསྟན་དྲི་མེད་སྐྱོང་བར་ཞལ་བཞེས་པའི། །དཔལ་མགོན་ཕྱག་དྲུག་སྔགས་སྲུང་རལ་གཅིག་མ། །དུད་སོལ་ལྷ་མོ་གཟའ་བདུད་རཱ་ཧུ་ལ། །དམ་ཅན་རྡོར་ལེགས་བཙན་རྒོད་དྲག་པོ་རྩལ། །ཚེ་རིང་མཆེད་ལྔ་གནོད་སྦྱིན་མི་ཐུང་སོགས། །གཙོ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། བདེ་སྟོང་ཡེ་ཤེས་ཆེན་པོའི་རོལ་པ་ལས། །རང་བྱུང་རང་ཤར་མཆོད་པའི་སྤྲིན་ཆེན་པོ། །བླ་མེད་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས། །ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་འགེང་བ་འདིས། །རྩ་རྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །བསྐང་དུ་མེད་དེ་སྐྱེ་མེད་དབྱིངས་སུ་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་ཀློང་དུ་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་གི་ཉམས་ཆགས་སྡིག་སྒྲིབ་ཀུན་དག་ནས། །ནད་གདོན་བར་ཆད་རྐྱེན་རྣམས་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་བསོད་ནམས་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་མ་ལུས་དབང་དུ་སྡུས། །གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །མདོར་ན་ཡིད་ལ་གང་ལྟར་འདོད་པའི་དོན། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རྡོ་རྗེ་འཛིན་གྱི་གོ་འཕང་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཞེས་བརྗོད་ཅིང་སྡོམ་གསུམ་ཉམས་ཆགས་བཤགས་པ་ཟག་མེད་བདུད་རྩིའི་ཁྲུས་བུམ་དང་ཡིག་བརྒྱ་བཟླའོ། །ཡིག་རྙིང་གཞིར་བཞག་ལ་མགོ་སྤྲུལ་པས་ཁ་བསྐང་བྱས་པ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།

གསང་བདག་བརྒྱུད་འདེབས་ཆར་རྒྱུན་ཨ་ཡུའི་མིང་གིས་མཛད་པ།

༄༅།། གསང་བདག་ཐུགས་སྒྲུབ་རྒྱུན་ཁྱེར་གྱི་བརྒྱུད་འདེབས་ཉུང་བསྡུས་བྱིན་རླབས་ཆར་རྒྱུན་བཞུགས་སོ།། ཨོཾ་ཨཿཧཱུྃ། ཁྱབ་བདག་སྟོན་མཆོག་ཀུན་བཟང་གདོད་མའི་མགོན། །ངེས་པ་ལྔ་ལྡན་ལོངས་སྐུ་རྡོ་རྗེ་སེམས། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །གྲུབ་བརྒྱའི་སྤྱི་མེས་པདྨ་ཀཱ་ར་དང་། །ལྔ་བདོའི་མུན་སེལ་གྲུབ་དབང་བྱང་ཆུབ་གླིང་། །སྙིགས་དུས་སྐྱབས་གཅིག་ལུང་རིག་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །སྒྲིབ་པ་བཞི་དག་དབང་བཞིས་རྒྱུད་སྨིན་ནས། །སངས་རྒྱས་སྐུ་བཞིའི་འབྲས་བུ་མྱུར་ཐོབ་སྟེ། །མཐའ་ཡས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག ཅེས་པའང་ཆོས་ལ་དབང་བའི་གང་ཟག་ཨ་ཡུའི་མིང་བས་བྲིས་པའོ།། སརྦ་མངྒ་ལཾ།

གསང་བདག་ཐུགས་སྒྲུབ་རྒྱུན་ཁྱེར།

༄༅། པྲབྷཱདྷརྨསརྒཤུདྡྷདེསཱབྷྱཿ ཙིཏྟསདྷདྷྲྀཀྲཱགུཧྱཔཏིབིཧརཏིསྨ།།

༄༅། པྲབྷཱདྷརྨསརྒཤུདྡྷདེསཱབྷྱཿ ཙིཏྟསདྷདྷྲྀཀྲཱགུཧྱཔཏིབིཧརཏིསྨ།།

དག་སྣང་གསལ་བའི་ཆོས་སྡེ་ལས༔ གསང་བདག་ཐུགས་སྒྲུབ་རྒྱུན་ཁྱེར་ནི༔ ན་མོ་བཛྲ་པཱ་ཎི་ཡེ༔ གསང་བའི་བདག་པོའི་རྒྱུན་ཁྱེར་ལ༔ རྫས་དང་ཡོ་བྱད་དུས་མ་ངེས༔ རང་སེམས་གཉུག་མར་ལྷོད་དེའི་ངང་༔ འདོན་སྒོམ་སྦྲགས་ཏེ་འདི་བཞིན་ནོ༔ ས་མ་ཡཱ༔ སྐུ་གསུམ་བདག་ཉིད་གཉུག་མའི་ལྷ༔ རང་རིག་གསང་བའི་བདག་པོ་ལ༔ རང་ཞལ་མཇལ་བས་སྐྱབས་སུ་མཆི༔ འགྲོ་དོན་བྱང་ཆུབ་སེམས་བསྐྱེད་དོ༔ དམིགས་མེད་ངང་ལས་དྲན་རྫོགས་སུ༔ ཕྱི་སྣོད་ཕོ་བྲང་ལྕང་ལོ་ཅན༔ པད་ཉི་གཟའ་ཀླུ་རྒྱལ་བསེན་སྟེང་༔ རང་སེམས་འགྱུར་མེད་གསང་བའི་བདག༔ ལྗང་ནག་ཁྲོ་གཏུམ་སྲིན་པོའི་གཟུགས༔ ཞལ་རྔམས་སྤྱན་གསུམ་དམར་ཟླུམ་བསྒྲད༔ མཆེ་གཙིགས་སྐྲ་ཁམ་ཐོད་སྦྲུལ་བརྒྱན༔ ཞལ་གདངས་ལྗགས་འདྲིལ་ཧཱུྃ་སྒྲ་སྒྲོག༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར༔ རྒྱལ་གདོན་འབྱུང་པོའི་ཀླད་པ་འགེམས༔ ཕྱག་གཡོན་ཡེ་ཤེས་ཁྱུང་ཁྲ་འགྱེད༔ བ་སྤུ་མེ་སྟག་ཀླུ་གཉན་སྲེག༔ ཞབས་གཉིས་འདོར་སྟབས་འགྱིང་ཚུལ་ཅན༔ སྐུ་སྟོད་དར་སྔོན་སྟོད་གཡོགས་ལ༔ རྡོ་རྗེའི་ཕྲེང་བས་གོང་ཤམ་མཛེས༔ སྐུ་སྨད་སྟག་ཤམ་ཁྲག་ཞག་རིས༔ རྣ་རྒྱན་སྦྲུལ་སེར་མགུལ་ཆུན་དམར༔ གདོལ་ནག་སྐུ་རགས་དཀར་ལྗང་གཉིས༔ ཕྱག་ཞབས་རྒྱན་གསོལ་མེ་ཡི་ཀློང་༔ ཁྲོ་ཆས་ཡོངས་རྫོགས་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ མཐིང་གསལ་རྡོར་དྲིལ་ཐུགས་ཀར་བསྣོལ༔ ལྔ་ལྡན་ལོངས་སྐུ་རྫོགས་པའི་ཆས༔ ཐུགས་ཀར་མུ་མེན་རྩེ་ལྔའི་ལྟོར༔ ཉི་མའི་གདན་ལ་ཧཱུྃ་མཐིང་མཐར༔ རྩ་སྔགས་ཁ་དོག་ལྔ་ལྡན་པ༔ འོད་མཐིང་ཟེར་ཐིག་གཡས་བསྐོར་བས༔ འཕགས་མཆོད་འགྲོ་བའི་ལས་སྒྲིབ་སྦྱངས༔ གླགས་ལྟ་འབྱུང་པོ་ཕྱེ་མར་བརླག༔ ཡེངས་མེད་མི་དམིགས་ལྟ་བའི་ངང་༔ གྲགས་སྟོང་ཤུབ་བུར་སྔགས་འདི་བཟླ༔ ཨོཾ་བཛྲ་ས་ཏྭ་ཙནྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ འབུམ་ཕྲག་བཅུ་གསུམ་གྲངས་འཁྱོལ་ན༔ དེས་ནི་གསང་བའི་བདག་པོ་ཉིད༔ རབ་དངོས་འབྲིང་ཉམས་ཐ་མ་ཡང་༔ རྨི་ལམ་ངོས་ནས་གྲུབ་རྟགས་འབྱུང་༔ རྗེས་བསྡུ་ལྷར་ལྡང་དགེ་བསྔོ་སོགས༔ སྤྱོད་ལམ་གཞན་དང་མཐུན་པར་བྱ༔ བཀའ་སྲུང་ཁྱབ་འཇུག་མེལ་ཚེ་གྱིས༔ བསྟན་འགྲོར་སྨན་པའི་གསོས་སུ་ཤོག༔ གུ་ཧྱ༔ ལུང་རིག་གླིང་པས་དགོངས་གཏེར་ལས་དག་པར་ཕབ་པའོ།།

གསང་བདག་རྗེས་ཆོག་རྒྱ་ལྷས་མཛད་པ།

༄༅། རྗེས་སུ་མཆོད་བསྟོད་བྱ་བ་ནི། ཧྲཱིཿ རྨད་བྱུང་ཐུགས་གསང་འགྱུར་མེད་ལྷ། །བཛྲ་པཱ་ཎིའི་ལྷ་ཚོགས་ལ། །དངོས་འབྱོར་ཡིད་ལས་བྱུང་བ་ཡི། །ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨ་ཧཱུྃ་ཧཱུྃ། །ཆོས་སྐུ་སྤྲོས་མེད་མཁའ་དབྱིངས་ལས། །གཟུགས་སྐུ་རྡོ་རྗེ་གཏུམ་པོར་ཤར། །བདུད་བཞི་འཇོམས་མཛད་ཁྲོ་བོའི་རྒྱལ། །གསང་བའི་བདག་པོར་ཕྱག་འཚལ་བསྟོད།། དངོས་གྲུབ་རིམ་པ་འདི་བཞིན་བསྐུལ།། ཧཱུྃ༔ བདེ་གཤེགས་ཀུན་འདུས་གསང་བདག་དཔའ་བོ་ལ། །བསྙེན་སྒྲུབ་མཆོད་བསྟོད་ཕུལ་བའི་མཐུ་བྱིན་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་ཡོངས་རྫོགས་བསྩལ་དུ་གསོལ། །རྩ་སྔགས་ཤམ་བུར་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ། །བསྐྱེད་པའི་ལྷ་སྣང་བསྡུ་བ་ནི། །ཧཱུྃ༔ སྣང་བའི་རང་རྩལ་བསྐྱེད་པའི་ལྷ། །དོན་དམ་སྟོང་པའི་དབྱིངས་སུ་བསྡུ། །སླར་ཡང་རྗེས་ཐོབ་སྒྱུ་མའི་ལྷ། །ཆུ་ཟླ་ལྟ་བུའི་སྐུ་རུ་གསལ༔ བཛྲ་རཀྵ་རཀྵ་བྷྲཱུཾ། །ཞེས་བརྗོད་བསྔོ་སྨོན་རྒྱས་གདབ་ནི། །ཧཱུྃ༔ འདིས་མཚོན་དུས་གསུམ་དགེ་བའི་དངོས་པོ་ཀུན། །འགྲོ་རྣམས་གསང་བདག་གོ་འཕང་ཐོབ་ཕྱིར་བསྔོ། །དེ་མཐུས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས། །འགྲོ་རྣམས་གདོད་མའི་གཞི་ལ་གྲོལ་བར་ཤོག །ཅེས་དང་ཤིས་པ་བརྗོད་པའི་མཐའ་རྒྱན་ནི། །ཨེ་མ་ཧོ། །རབ་འབྱམས་རྒྱལ་བའི་ཕྲིན་ལས་མ་ལུས་པ། །གཅིག་བསྡུས་གཟའ་ཀླུ་མ་རུངས་དྲེགས་པའི་གཤེད། །འཇིགས་བྱེད་འཇིགས་མཛད་དཔལ་ཆེན་ཁྲོ་བོའི་རྒྱལ། །གསང་བདག་རྡོ་རྗེ་གཏུམ་པོའི་བཀྲ་ཤིས་ཤོག །དེ་ལྟར་གསང་བདག་ལུས་དཀྱིལ་རྒྱུན་ཁྱེར་ལ། །ཉེར་མཁོའི་མཇུག་ཆོག་གང་དགོས་འདི་ཉིད་ནི། །ཟབ་ཆོས་དྲི་བྲལ་དངུལ་དཀར་མེ་ལོང་ལ། །མི་སྡུག་རེ་བའི་ཅོད་པཎ་མི་འཚལ་ཡང་། །རྡོ་རྗེ་མཆེད་ཀྱི་གསུང་གནད་མ་ལྕོགས་པས། །རྨོངས་པ་དེ་ཝི་ཨ་ཡུའི་མིང་གིས་བྲིས། །དགེ་བས་འགྲོ་ཀུན་རྣམ་མཁྱེན་ཐོབ་པར་ཤོག །

གསང་བདག་གཏུམ་པོའི་ཐུགས་སྒྲུབ་ཀྱི་སྨད་ལས་མགོ་སྤྲུལ་གྱིས་མཛད་པ།

༄༅། གུཧྱཔཱཏིབཛྲཙཎྚཥྨཱརརཽདྲསྱཀརྨཙཱརཔཱལིབཾཧིཏཾཀྲོདྷརཱཛབལསཾཀྵིབྟནཱམཱསྟི།

༄༅། གུཧྱཔཱཏིབཛྲཙཎྚཥྨཱརརཽདྲསྱཀརྨཙཱརཔཱལིབཾཧིཏཾཀྲོདྷརཱཛབལསཾཀྵིབྟནཱམཱསྟི།

༄༅། གསང་བདག་རྡོ་རྗེ་གཏུམ་པོའི་སྒྲོལ་བ་དྲག་པོའི་ལས་རིམ་ཁྲིགས་སུ་བསྡེབས་པ་ཁྲོ་རྒྱལ་སྟོབས་འདུས་ཞེས་བྱ་བ་བཞུགས་སོ།།

༄༅། ཨོཾ་སྭ་སྟི། རབ་འབྱམས་རྒྱལ་བ་མ་ལུས་པའི། །མཐུ་སྟོབས་ནུས་བྱིན་འདུས་པའི་དཔལ། །གསང་བ་ཀུན་བདག་དཔའ་བོ་ཆེར། །མི་ལྡོག་དད་པས་ལེགས་བཏུད་ནས། །ལུང་རིག་གླིང་པའི་དགོངས་མཛོད་ལས། །ལེགས་འོང་གསང་འཛིན་སྒྲུབ་ཐབས་ཀྱི། །སྒྲོལ་བ་དྲག་པོའི་ལས་རིམ་རྣམས། །ལེགས་བཤད་རྣམས་ནས་བསྡུས་ཏེ་འབྲི། །དེ་ལ་འདིར་གཏུམ་པོའི་ཐུགས་སྒྲུབ་ལ་བརྟེན་ནས་དྲག་པོའི་ཕྲིན་ལས་ལ་འཇུག་པར་འདོད་པས། དབང་ཐོབ་བསྙེན་བསྒྲུབ་ཐེམས་ཤིང་དམ་ཚིག་དང་ལྡན་པས་ཚུལ་འདི་ལྟར་འཇུག་པར་བྱ་སྟེ། དེ་ཡང་ཡོ་བྱད་ཀྱི་བཤམས་ཚུལ་དང་། ཆོ་ག་དངོས་གཉིས་ལས། དང་པོ་ནི། དྲག་པོའི་ལས་མཐུན་པའི་གནས་སུ། ལྕགས་སླང་སོགས་དྲག་པོར་འོས་པའི་སྣོད་གས་ཆག་མེད་པར་སྲིད་པའི་བྱེ་མའམ། ས་གཙང་མས་ལེགས་པར་བཀང་ཞིང་འདག་འཇལ་བྱས་པ་ལ་རོ་སོལ་གྱིས་བྱུགས་པའི་སྟེང་། མ་ཊཾ་རྒྱས་པའམ་ཆོས་འབྱུང་མཐིང་ནག་ནྲྀ་ཏྲིས་མཚན་པ་ཐོད་ར་དང་མེ་རི་བྲིས་པའི་སྟེང་དུ་འབྲུ་ནག་གི་བག་ཕྱེ་ཞིབ་པར་བཏག་པ་ལས། དབུས་སུ་དམར་གཏོར་གྲུ་གང་བ་ཞལ་དང་མེ་རིས་མཛེས་་པ་བྱ། དེའི་མཐའ་སྐོར་དུ་དམར་གཏོར་ཆུང་ངུ་བཞི་དང་། དེ་མཐར་བཅུ་དང་། དེའི་ཕྱོགས་བཞིར་བཞི་སྟེ་ལྷ་གྲངས་ཀྱིས་བསྐོར། ཁྲག་ཕོར་སྐྱུ་གུ་མཚེ་ཡུངས་མཚེ་ཡུངས་རྩང་སོགས་དང་། སྐུ་རྟེན་གྱི་ཙཀ་ལི། དར་རས་ནག་པོའི་ལྡིང་གུར་གྱིས་བརྒྱན་པ་བཤམས། དེ་མཐར་ཁྲག་གི་མཆོད་ཡོན་དང་ཞབས་བསིལ། དབང་པོ་ལྔའི་མེ་ཏོག ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་དང་ཐོད་པའི་རོལ་མོ་རྣམས་ཀྱིས་གཡོན་དུ་བསྐོར་ཞིང་། གཞན་ཡང་ཇི་ལྟར་བདེ་བའི་སྟེགས་ཀྱི་ཁར་རྩ་གསུམ་བསྲུང་མར་བཅས་པའི་གཏོར་ཚོགས་སྨན་རཀ་ཉེར་སྤྱོད་དང་བཅས་པ་རང་གཞུང་གི་བཅའ་ཤོམ་སྤྱི་དང་། བྲུབ་ཁུང་ལིང་ཀ་ཅན་དང་། ཕུར་བ་ཐུན་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ཆོ་ག་དངོས་ལ། སྦྱོར་བ་དངོས་གཞི། རྗེས་དང་གསུམ། དང་པོ་སྦྱོར་བའི་རིམ་པ་ནི། བླ་མ་བརྒྱུད་པའི་གསོལ་འདེབས་ནས་མཆོད་རྫས་བྱིན་གྱིས་བརླབས་པའི་བར་རོ། །གཉིས་པ་དངོས་གཞི་ལ་སྒྲུབ་པའི་ལས་རིམ་དང་། ལས་ལ་སྦྱོར་བ་གཉིས་ལས། དང་པོ་ལ་བདག་བསྐྱེད་ཏིང་འཛིན་རྣམ་གསུམ་ནས་སྤྱན་འདྲེན་ལ་ཐུག་གི་བར་དང་། མདུན་བསྐྱེད་ལ་དམིགས་ནས། ཨོཾ་སྭ་བྷ་ཝ་ཤུདྡྷ༴སོགས་ནས། ཤུདྡྷོ྅ཧཾ། ཆོས་ཐམས་ཅད་སྟོང་ཆེན་བློ་འདས་ཀ་དག་དོན་གྱི་དབྱིངས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བར་གྱུར། །བཛྲ་མ་ཧཱ་ཀཱ་རུ་ཎི་ཀ་བོ་དྷི་ཙིཏྟ་ཛྙ་ན་ས་མ་ཏི་ཨཱ༔ ཞེས་བརྗོད་པས། ངོ་བོ་སྐྱེ་འགགས་མཐའ་དབུས་དང་བྲལ་བ་སྟོང་ཆེན་གཉུག་མའི་མཁའ་དབྱིངས་ལ། རང་བཞིན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་ཕྱོགས་དང་རིས་མེད་པར་སྙོམས་པར་བརྡལ་བར་གྱུར། མ་ཧཱ་ཙིཏྟ་བཛྲ་ཛྙཱ་ན་ཨེ་ཀ་ཏི་ལ་ས་མ་ཡཱ་ཧཱུྃ༔ རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་དང་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་རང་མདངས་ལས། རང་བྱུང་རིག་པའི་ངོ་བོ་ཧཱུྃ་ཡིག་སྔོན་པོ་ཡེ་ཤེས་ལྔའི་བདག་ཉིད་ཅན་གསལ་ལ་འཚེར་བ་ནམ་མཁའི་ཁམས་སུ་གནས་པར་གྱུར། དེ་ལས་ཨེཿཡཾཿརཾཿརཿསུཾཿཀེཾཿརྣམས་རིམ་པར་སྤྲོས་པ་སོ་སོར་ཡོངས་སུ་གྱུར་པ་ལས། ཨེཿལས་ནམ་མཁའི་དཀྱིལ་འཁོར་མཐིང་ནག་མཐའ་དབུས་མེད་པ། ཡཾཿལས་རླུང་གི་དཀྱིལ་འཁོར་ནག་པོ་སྲ་ཞིང་འཐས་པ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ཚ་ཟེར་འབར་བ། རཿལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྱིལ་བ། སུཾ་ལས་བམ་ཆེན་གསར་རྙིང་གི་ས་གཞི་སྙོམ་པར་བརྡལ་བ་རྣམས་རིམ་པར་བརྩེགས་པ། དེའི་སྟེང་དུ་ཀེཾ་ལས་རུས་པའི་རི་རབ་གྲུ་བཞི་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་སྟེང་དུ། ཧཱུྃ་ལས་སླར་ཡང་པཾ་འཕྲོས་ལས་པདྨ་འདབ་མ་སྟོང་ལྡན་གྱི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་བྷྲུཾཿའཕྲོས་པ་ལས་གནས་མཆོག་ལྗང་ལོ་ཅན་གྱི་ཕོ་བྲང་ཆེན་པོ་ཡངས་ཤིང་རྒྱ་ཆེ་ལ་དཔང་མཐོ་བ། ཕྱི་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས་ཁང་གྲུ་བཞི། སྒོ་བཞི་བ། རྒྱན་རྟ་བབས་ཆོས་འཁོར་རི་དྭགས་གདུགས་དང་རྒྱལ་མཚན་ཉི་ཟླ་ནོར་བུའི་ཏོག་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་དུར་ཁྲོད་འབར་བའི་གཞལ་ཡས་ཁང་ཆེན་པོ་ཐོད་པ་སྐམ་རློན་གྱི་རྩིགས་པ་ལ་གནམ་ལྕགས་ཀྱི་གཟེར་ཆེན་བཏབ་པ། རུས་སྦལ་གྱི་ཀ་གདན། ལྷ་བརྒྱད་ཀྱི་ཀ་བ། ཀླུ་བརྒྱད་ཀྱི་གདུང་མ། གཟའ་བརྒྱད་ཀྱི་ཀ་ཞུ། རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་ཕྱམ། ཞིང་ཆེན་གྱི་ཐོག་ཕེབ། ཐོད་སྐམ་ཀྱི་ཁ་པད། མི་རོའི་རྒྱལ་མཚན། ཀེང་རུས་ཀྱི་འཕན་གདུགས། རྒྱུ་མའི་དྲྭ་བ་དང་དྲྭ་ཕྱེད། ཙིཏྟའི་ཕོ་ལུང་། རྡོ་རྗེའི་ཡ་ཐེམ་དང་མ་ཐེམ། གནམ་ལྕགས་འབར་བའི་སྒོ་ལེབ། ཉི་ཟླའི་ཡག་ཤིང་། རྡོ་རྗེ་སྔོན་པོའི་ཏོག་དང་བཅས་པའི་ནང་དབུས་སུ། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་སླར་ཡང་རྡོ་རྗེའི་རང་བཞིན་འཁོར་ལོ་སྔོན་པོ་རྩིབས་བཞི་པ། དེའི་ལྟེ་བར་མཐིང་ནག་གྲུ་གསུམ་འབར་བའི་དབུས་སུ། པཾ་ལས་པདྨ་དང་། ཨ་ལས་ཟླ་བ། མ་ལས་ཉི་མའི་དཀྱིལ་འཁོར་རྣམས་རིམ་པར་བརྩེགས་པའི་གདན་ལ། དྲེགས་པ་ཕོ་མོ་བསྣོལ་བའི་སྟེང་དུ་ནམ་མཁར་གནས་པའི་ཧཱུྃ་ཡིག་དེ་ཉིད། ཨོཾ་བཛྲ་པཱ་ཎི་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཕཊཿཅེས་སྔགས་ཀྱི་སྒྲ་གདངས་དང་བཅས་ཏེ་བབས་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད་ཅིང་ཐུགས་དམ་གྱི་རྒྱུད་བསྐུལ། མཐུ་སྟོབས་ནུས་བྱིན་མ་ལུས་པ་འོད་ཟེར་སྔོན་པོའི་རྣམ་པ་བསྡུས་ཏེ་ཧཱུྃ་ལ་ཐིམ། སླར་ཡང་འོད་ཟེར་དང་ཁྲོ་མཚོན་མེ་དཔུང་གི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། དངོས་གྲུབ་ལ་བར་དུ་གཅོད་པའི་དགྲ་བགེགས་ཐམས་ཅད་ཚར་བཅད། སེམས་ཅན་མ་ལུས་པའི་སྡིག་སྒྲིབ་སྦྱངས། ཐམས་ཅད་གསང་བའི་བདག་པོའི་གོ་འཕང་ལ་བཀོད། འོད་ཟེར་ཚུར་འདུས་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་མ་ལུས་པའི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་འབར་ཞིང་། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་སྦྲུལ་གྱིས་བཅིངས་པ། རིགས་བདག་མི་བསྐྱོད་པ་སྔོན་པོ་ལོངས་སྐུའི་ཆ་བྱད་ཅན་གྱིས་དབུ་ལ་བརྒྱན་པ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁའ་ལ་ཕྱར་ཞིང་། གཡོན་པས་སྡིག་མཛུབ་ཀྱིས་ལོག་འདྲེན་དུག་སྦྲུལ་གྱི་གཟུགས་བཟུང་ནས་ཞལ་དུ་གསོལ་བ། སྒེག་པ་ལ་སོགས་པ་འབར་བའི་གར་དགུ་དང་ལྡན་པ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གླང་ཆེན་གྱི་ཀོ་རློན། སྟག་ལྤགས་ཀྱི་ཤམས་ཐབས། ཞིང་ལྤགས་ཀྱི་སྐེད་དཀྲིས། ཐོད་སྐམ་གྱི་དབུ་རྒྱན། ཐོད་རློན་གྱི་དོ་ཤལ། སྦྲུལ་རིགས་ལྔའི་ཡན་ལག་གི་རྒྱན་སོགས་ཤིན་ཏུ་འཇིགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་ཞབས་གཉིས་གཡས་བསྐུམ་པའི་སྟབས་ཀྱིས་བཞུགས་པ། ཁམས་གསུམ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། འཇིག་རྟེན་གསུམ་པོས་བལྟ་བར་ཡང་མི་བཟོད་པའི་སྐུ་ཅན་དུ་གྱུར། དེའི་སྤྱི་བོར་ཟླ་བ་ལ་གནས་པའི་ཨོཾ་ཡིག་དཀར་པོ་ལས་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་སྐུའི་སྤྲུལ་པ་བུདྡྷ་རིགས་ཀྱི་བྱ་ཁྱུང་དཀར་པོ། མགྲིན་པར་པདྨ་དམར་པོ་ཨཱཿས་མཚན་པ་ལས་གསུང་གི་སྤྲུལ་པ་པདྨ་རིགས་ཀྱི་བྱ་ཁྱུང་དམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་རིགས་ཀྱི་བྱ་ཁྱུང་མཐིང་ནག ལྟེ་བར་རིན་པོ་ཆེ་སྭཱ་ཡིག་གིས་མཚན་པ་ལས་ཡོན་ཏན་གྱི་སྤྲུལ་པ་རིན་ཆེན་རིགས་ཀྱི་བྱ་ཁྱུང་སེར་པོ། གསང་བར་སྣ་ཚོགས་རྡོ་རྗེ་ཧས་མཚན་པ་ལས་ཕྲིན་ལས་ཀྱི་སྤྲུལ་པ་ལས་ཀྱི་རིགས་ཀྱི་བྱ་ཁྱུང་ལྗང་གུ། ཀུན་ཀྱང་གནམ་ལྕགས་རྡོ་རྗེའི་རྭ་དང་མཆུ་སྡེར་རྣོ་ཞིང་མེ་ཡི་ཚ་ཚྭ་འཕྲོ་བ། གཡས་རྣམས་འཁོར་ལོ། པདྨ། རྡོ་རྗེ། རིན་ཆེན། རལ་གྲི་རྣམས་བསྣམས་ཤིང་། གཡོན་རྣམས་ཀླུ་རིགས་ལྔའི་ངོ་བོ་སྦྲུལ་ཆེན་ལྔ་བཟུང་ནས་ཞལ་དུ་གསོལ་བ། སྐུ་ལས་རང་དང་འདྲ་བའི་བྱ་ཁྱུང་རིགས་ལྔ་གྲངས་མེད་འཕྲོ་ཞིང་དྲེགས་པ་མ་ལུས་འཇོམས་ཤིང་འཇིགས་པར་མཛད་པའོ། །དེའི་ཕྱི་རོལ་ཕྱོགས་བཞིར་འཁོར་ལོའི་རྩིབས་ལ་གཙོ་བོའི་ཐུགས་ཀ་ནས་ཧཱུྃ་ཡིག་དཀར་སེར་དམར་ལྗང་བཞི་འཕྲོས་པ་ཡོངས་སུ་གྱུར་པ་ལས། ཤར་དུ་རྡོ་རྗེ་གཏུམ་པོ། ལྷོར་རིན་ཆེན་གཏུམ་པོ། ནུབ་ཏུ་པདྨ་གཏུམ་པོ། བྱང་དུ་ཀརྨ་གཏུམ་པོ་རྣམས་ཕྱོགས་ཀྱི་མདོག་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་རྣམས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ། གཡོན་རྣམས་རང་རྟགས་ཀྱིས་ཡུ་བ་བྱས་པའི་དྲིལ་བུ་བསྣམས་པ། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་ཤིང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན། པད་ཉི་དྲེགས་པའི་གདན་ལ་ཞབས་གཉིས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པའོ། དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུར་པད་ཉི་ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་གདན་ལ། གཙོ་བོའི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་བཅུ་འཕྲོས་པ་སོ་སོར་ཡོངས་སུ་གྱུར་པ་ལས། ཤར་སྟོད་དུ་ཁྲོ་བོ་ཆེན་པོ་ཧཱུྃ་ཀ་ར། ཤར་སྨད་དུ་རྣམ་པར་རྒྱལ་བ། ཤར་ལྷོར་དབྱུག་སྔོན་ཅན། ལྷོར་གཤིན་རྗེ་གཤེད་པོ། ལྷོ་ནུབ་ཏུ་མི་གཡོ་མགོན་པོ། ནུབ་སྟོད་དུ་རྟ་མགྲིན། ནུབ་སྨད་དུ་སྟོབས་པོ་ཆེ་། ནུབ་བྱང་དུ་གཞན་གྱིས་མི་ཐུབ་པ། བྱང་དུ་བདུད་རྩི་འཁྱིལ་བ། བྱང་ཤར་དུ་ཁམས་གསུམ་རྣམ་རྒྱལ། ཐམས་ཅད་ཀྱང་སྐུ་མདོག་མཐིང་ནག ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཕྱག་གཡས་རྡོ་རྗེ་དང་གཡོན་སྡིག་མཛུབ་མཛད་པ། སྟག་ཤམས་དང་སྦྲུལ་ཆུན་ལ་སོགས་ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་གཉིས་འདོར་སྟབས་ཀྱིས་མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ། །སླར་ཡང་གཙོ་བོའི་ཐུགས་ཀ་ནས་ཛཿཧཱུྃ་བཾ་ཧོཿབཞི་འཕྲོས་པ་ལས་གཞལ་ཡས་ཁང་གི་སྒོ་བཞིར་པད་ཉིའི་གདན་ལ། ཤར་སྒོར་རྣམ་པར་རྒྱལ་བ། ལྷོ་སྒོར་གཤིན་རྗེ་གཤེད། ནུབ་སྒོར་རྟ་མགྲིན། བྱང་སྒོར་བདུད་རྩི་འཁྱིལ་བ་རྣམས་ཕྱོགས་ཀྱི་མདོག་ཅན། གཡས་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རྣམས་ཀྱིས་མཚན་པའི་དབྱུག་པ་ཕྱར་ཞིང་། གཡོན་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་འཛིན་པ། ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས་པའོ། །གཞལ་ཡས་ཁང་གི་ཁྱམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་སྤྲུལ་པ་དང་ཡང་སྤྲུལ་གྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཕྲིན་ལས་རྣམ་པ་བཞི་སྒྲུབ་པ་ལ་མངའ་བརྙེས་པའི་ཚུལ་ཅན་ནོ། །བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ༔དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་དཔལ་གསང་བའི་བདག་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་སྤྱན་དྲངས་བར་བསམ་ལ། ཨོཾ་བཛྲ་པཱ་ཎི་ས་པཱ་རི་ཝ་ར་བཛྲ་ས་མཱ་ཡ་ཛ་ཛཿ ཞེས་བརྗོད། སྤོས་རོལ་དབྱངས་དང་བཅས་ཏེ་གཞུང་གི་སྤྱན་འདྲེན་ནས་བཟུང་སྟེ། བསྙེན་སྒྲུབ་ཀྱི་བཟླས་དམིགས་བར་བྱས་ལ། ལས་སྦྱོར་གྱི་སྐབས་སུ་རང་ཉིད་ཅེས་པར། བདག་མདུན་ལྷ་ཡི་སོགས་སྦྱོར་ལ། རྩ་སྔགས་སྤྱི་འདུལ་གྱི་ཤམ་བུ་ཅན་དང་། ཁྲོ་བཅུ། ཁྱུང་ལྔ། སྒོ་སྲུང་གི་སྔགས་རྣམས་རིམ་པར་བཟླ་བའམ། སྤྲོས་པ་ལ་དགའ་ན་བཟླས་དམིགས་བྱེ་བྲག་ཏུ་བྱ་བ་ནི། བདག་མདུན་གསང་བདག་རྡོ་རྗེ་འཆང་། །གཏུམ་པོ་རིགས་ལྔའི་ཐུགས་ཀ་རུ། །རྡོ་རྗེ་མཐིང་ནག་ཚོན་གང་བའི། །ལྟེ་བར་ཉི་མའི་དལ་གྱི་སྟེང་། །ཧཱུྃ་ཡིག་མཐིང་གའི་མཐའ་བསྐོར་དུ། །སྔགས་ཕྲེང་སྤུ་ཤད་ཙམ་གྱིས་བསྐོར། །བཟླས་པས་འོད་ཟེར་ཁྲོ་ཆུང་མཚོན། །ཡེ་ཤེས་མེ་ཡི་ཚ་ཚྭ་འཕྲོས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །སྡེ་བརྒྱད་ལོག་འདྲེན་བྱད་ཕུར་དཔུང་། །བསྟན་དང་འགྲོ་ལ་གནོད་པའི་རིགས། །ལུས་གདོན་གློ་བུར་གདོན་དང་བཅས། །རྩྭ་སྦུར་མེ་ལ་བསྲེགས་པ་བཞིན། །མིང་མེད་རྡུལ་དུ་བརླག་ནས་ཀྱང་། །ཆོས་ཉིད་སྟོང་པའི་ངང་མདངས་སུ། །རང་བབས་ཆེན་པོའི་གནས་ལུགས་བསྐྱངས། །ཨཱོྃ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཨཱོྃ་བཛྲ་ཙཎྚ་སརྦ་དུཥྚཾ་ད་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླའོ། །དེ་ནས། བདག་མདུན་གསང་བདག་ཐུགས་ཀ་ནས། །འོད་ཟེར་མཐིང་ནག་ཕྱོགས་བཅུར་འཕྲོས། །ཁྲོ་རྒྱལ་བཅུ་ཡི་ཐུགས་རྒྱུད་བསྐུལ། །སོ་སོའི་ཐུགས་ལས་འོད་འཕྲོས་པས། །བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ། །བཀུགས་ཤིང་ཞབས་ཀྱི་འོག་ཏུ་མནན། །ཕྱོགས་བཅུའི་དགྲ་བགེགས་དམ་སྲིའི་དཔུང་། །གནོད་ཅིང་གདུག་པའི་བསམ་སྦྱོར་ཅན། །མ་ལུས་ལྷག་མེད་མཐར་བྱས་ནས། །ཆོས་དབྱིངས་ཀློང་དུ་བསྒྲལ་བར་བསམ། ། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བཱི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྟྲ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྚ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བྷ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཞེས་པ་རྣམས་རེ་རེར་ལྔ་བཅུ་སོགས་བཟླས་ལ། དཔལ་ཆེན་ཡང་དག་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལས། །གདུག་པ་འདུལ་ཕྱིར་སྤྲུལ་པའི་སྐུ། །ཡེ་ཤེས་ཁྱུང་ཆེན་རིགས་ལྔ་ཡི། །ཐུགས་ཀར་རང་སྲོག་ས་བོན་མཐར། །སོ་སོའི་སྔགས་ཀྱིས་བསྐོར་བ་ལས། །འོད་ཟེར་ཁྱུང་དང་མཚོན་ཆ་མེ། །དཔག་མེད་སྟོང་གསུམ་གང་བར་འཕྲོས། །གནོད་ཅིང་འཚེ་བའི་དགྲ་བགེགས་སྤྱི། །ཁྱད་པར་ཀླུ་གཉན་ས་བདག་ལས། །བྱུང་བའི་ནད་གདོན་བར་གཅོད་རྣམས། །ན་བུན་རླུང་གིས་གཏོར་བ་བཞིན། །སྟོང་ཆེན་ཡུམ་ལྔའི་ཀློང་དུ་བཅོམ། །ཞེས་བསམ་ལ། ཨཱོྃ་བུདྡྷ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ ཅེས་དང་། དེ་བཞིན་དུ། བཛྲ། རཏྣ། པདྨ། ཀརྨ་སོགས་ནས་ཧཱུྃ་ཕཊ༔ ཅེས་སོ་སོར་ཅི་ནུས་བཟླས། སླར་ཡང་དཔལ་ཆེན་ཐུགས་ཀ་ནས། །འོད་ཟེར་དཀར་སེར་དམར་མཐིང་བཞི། །འཕྲོས་པས་སྒོ་སྐྱོང་ཐུགས་རྒྱུད་བསྐུལ། །སོ་སོའི་སྔོན་གྱི་དམ་བཅས་ལྟར། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །ཇི་ལྟར་རེ་ཞིང་སྨོན་པའི་དོན། །གེགས་མེད་ཡིད་བཞིན་བསྒྲུབ་པར་དམིགས། །ཛཿཧཱུྃ་བཾ་ཧོ༔ །ཉེར་གཅིག་སོགས་བཟླའོ། །གཞན་ཡང་གཉན་སྔགས་སྲོག་གི་སྤུ་གྲི་དང་། ལས་སྔགས་མེ་དཔུང་མ་སོགས་ཀྱང་སྤྲོ་ན་འདིར་བྱ། བཟླས་པའི་མཇུག་ཏུ་ལས་བཞིའི་སྔགས་ཤམ་དང་། དབྱངས་གསལ། ཡིག་བརྒྱ། རྟེན་འབྲེལ་སྙིང་པོ་རྣམས་ལན་གསུམ་གསུམ་སོགས་བཟླས་མཐར། མཆོད་པ་ཉུང་བསྡུས་སུ་བྱ་བ་ནི། ཧཱུྃ་ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་ལ། །འདོད་ཡོན་མ་སྤངས་ཕྱི་མཆོད་འབུལ། །ཉོན་མོངས་མ་སྤངས་ནང་མཆོད་འབུལ། །འདུ་འབྲལ་མེད་པའི་གསང་མཆོད་འབུལ། །དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག །ཨཱོྃ་བཛྲ་པཱ་ཎི་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་མ་ཧཱ་པུཙྪ་ཧོ། བསྟོད་པ་ནི། ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་མེད་མཁའ་དབྱིངས་ལས། །གཟུགས་སྐུ་རྡོ་རྗེ་གཏུམ་པོར་ཤར། །བདུད་བཞི་འདུལ་མཛད་ཁྲོ་བོའི་རྒྱལ། །གསང་བའི་བདག་པོར་ཕྱག་འཚལ་བསྟོད། །གཏུམ་པོ་རིགས་བཞི་ཁྱུང་ཆེན་ལྔ། །ཁྲོ་བཅུ་ཡབ་ཡུམ་སྒོ་སྐྱོང་བཞི། །དབང་ཕྱུག་དམ་ཅན་བསྲུང་མར་བཅས། །ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་བསྟོད། །ཅེས་སོགས་ཀྱིས་བསྟོད་ཅིང་དཀྱུས་བཞིན་དངོས་གྲུབ་བླངས། དེ་ནས་སྤྱི་དང་སྒོས་ཀྱི་བཀའ་གཏེར་སྲུང་མ་རྣམས་ཀྱི་གཏོར་ཆོག་ལག་ལེན་བཞིན་ཕུལ་ལ། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་འདུ་བར་བྱས་ནས་གཞུང་བཞིན་བྱིན་རླབས་ནས་བཟུང་། ཚོགས་བར་བ་ཡན་གྲུབ་པར་བྱས་ལ། དེ་ནས་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་སྐོང་བའི་ལས་རིམས་ལ་བརྩོན་པར་བྱ་སྟེ། དེ་ཡང་བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། གདུངས་དབྱངས་རོལ་མོ་བཅས་པས་འདི་བཞིན་བྱའོ།། ཧཱུྃ་ཧཱུྃ། ཆོས་དབྱིངས་སྐྱེ་མེད་སྤྲོས་བྲལ་ངང་ཉིད་ལས། །འགགས་མེད་སྒྱུ་འཕྲུལ་གར་གྱིས་རྣམ་རོལ་བའི། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས། །རང་བཞིན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས། །ཚོགས་ཁང་གཞལ་ཡས་འདི་ལ་བརྟན་པར་བཞུགས། །ཕྱི་ནང་གསང་གསུམ་བསྐང་རྟེན་རྫས་ཀྱིས་མཆོད། །ལུས་ངག་ཡིད་གསུམ་དད་གུས་ལྡན་པས་བསྟོད། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཧཱུྃ། སྐུ་གསུམ་ཞིང་ནས་འགྲོ་དོན་སྐུར་སྣང་བ། །ཀུན་བཟང་རིགས་ལྔ་གསང་བདག་པདྨ་འབྱུང་། །མཚོ་རྒྱལ་མངའ་བདག་རླངས་ཆེན་དཔལ་སེང་དང་། །དཔལ་གྱི་དབང་ཕྱུག་ཀླུ་དབང་ལུང་རིག་གླིང་། །རིག་འཛིན་བཟང་པོ་མ་ཏིའི་མཚན་ཅན་སོགས། །དྲིན་ཆེན་རྩ་རྒྱུད་བླ་མའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་གསང་མཆོད་ཚོགས། །བསྐང་རྫས་སྒྲུབ་རྫས་རྟེན་རྫས་སྣ་ཚོགས་དང་། །བདུད་རྩི་སྨན་དང་རཀྟ་བྷ་ལིང་ཏ། །འདོད་ཡོན་ལོངས་སྤྱོད་བཟའ་བཏུང་ཚོགས་འཁོར་སོགས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་ཡོངས་བཀང་བའི། །རྨད་བྱུང་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། གནས་མཆོག་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པའི། །གསང་སྔགས་རིགས་སྔགས་ཀུན་གྱི་མངའ་བདག་རྗེ། །བདུད་སྡེ་དཔུང་འཇོམས་ལོག་འདྲེན་ཚར་གཅོད་པའི། །བཅོམ་ལྡན་དཔལ་ཆེན་ཁྲོ་བོ་ཡོངས་ཀྱི་རྒྱལ། །གསང་བདག་རྡོ་རྗེ་འཛིན་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཁྲོ་རྒྱལ་ཆེན་པོའི་སྐུ་ཡི་གནས་ལྔ་ནས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ་པའི་ཁྱུང་། །དཀར་སེར་དམར་ལྗང་མཐིང་མདོག་ཀླུ་རིགས་གསོལ། །ས་བདག་ཀླུ་གཉན་དྲེགས་པའི་སྲོག་སྙིང་འདྲེན། །དུག་ལྔའི་གདོན་ཚོགས་ཡེ་ཤེས་ལྔར་སྒྲོལ་བའི། །བྱ་ཁྱུང་རིགས་ལྔའི་ཚོགས་ཀྱི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དཔལ་ཆེན་ཁྲོ་རྒྱལ་ཐུགས་ཀྱི་སྤྲུལ་པ་ལས། །ཕྱོགས་བཞིའི་འཁོར་ལོ་འབར་བའི་རྩིབས་སྟེང་དུ། །པད་ཉི་དྲེགས་པ་ཕོ་མོ་བསྣོལ་བའི་ཁར། །ཉོན་མོངས་བདུད་བཞི་འཇོམས་མཛད་ཡེ་ཤེས་སྐུ། །ཁྲོ་བོ་ཆས་རྫོགས་རང་རྟགས་ཕྱག་རྒྱ་བསྣམས། །གསང་བདག་གཏུམ་པོ་རིགས་བཞིའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། ཕྱོགས་བཅུའི་དྲེགས་པ་ཕོ་མོའི་གདན་སྟེང་ནས། །བདུད་དཔུང་འཇོམས་མཛད་ཡེ་ཤེས་ཁྲོ་བོའི་སྐུ། །ཧཱུྃ་དཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །ཁམས་གསུམ་རྣམ་རྒྱལ་སྟོབས་ཆེན་ཁྲོ་བོ་བཅུ། །མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། གཞལ་ཡས་ཆེན་པོའི་ཕྱོགས་བཞིའི་སྒོ་བཞི་ནས། །བདུད་བཞི་འདུལ་མཛད་ཏ་ཀྲྀཏ་སྒོ་བ་བཞི། །ཁྲོ་བོའི་ཆ་ལུགས་དཀར་སེར་དམར་ལྗང་མདོག །རིགས་རྒྱ་གཡས་དང་རང་རྟགས་གཡོན་ན་བསྣམས། །ཞི་རྒྱས་དབང་དྲག་ཕྲིན་ལས་སྒྲུབ་པའི་ལྷ། །རང་རང་སྤྲུལ་འཁོར་བཅས་པའི་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། དཀྱིལ་འཁོར་ཕྱི་རིམ་ཁོར་ཡུག་ལ་གནས་པའི། །དབང་ཕྱུག་ཆེན་མོ་ཉི་ཤུ་རྩ་བརྒྱད་དང་། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ནོར་སྲུང་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པའི། །གཙང་རིས་དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་། ། ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། རྒྱལ་བསྟན་དྲི་མེད་སྐྱོང་བར་ཞལ་བཞེས་པའི། །དཔལ་མགོན་ཕྱག་དྲུག་སྔགས་སྲུང་རལ་གཅིག་མ། །དུད་སོལ་ལྷ་མོ་གཟའ་བདུད་རཱ་ཧུ་ལ། །དམ་ཅན་རྡོར་ལེགས་བཙན་རྒོད་དྲག་པོ་རྩལ། །ཚེ་རིང་མཆེད་ལྔ་གནོད་སྦྱིན་མི་ཐུང་སོགས། །གཙོ་འཁོར་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་། །ཁྱེད་རྣམས་ཐུགས་དམ་བསྐང་བའི༴སོགས་ནས། དངོས་གྲུབ་སྩོལ། །ཧཱུྃ་ཧཱུྃ། བདེ་སྟོང་ཡེ་ཤེས་ཆེན་པོའི་རོལ་པ་ལས། །རང་བྱུང་རང་ཤར་མཆོད་པའི་སྤྲིན་ཆེན་པོ། །བླ་མེད་ལྷ་ཚོགས་དགྱེས་པ་སྐོང་བའི་རྫས། །ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་འགེང་བ་འདིས། །རྩ་རྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །ཡི་དམ་ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང་། །མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་། །དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་། །བསྐང་དུ་མེད་དེ་སྐྱེ་མེད་དབྱིངས་སུ་བསྐང་། །སྦྱོར་དུ་མེད་དེ་ཟུང་འཇུག་ཆེན་པོར་སྦྱོར། །སྒྲོལ་དུ་མེད་དེ་མཉམ་ཉིད་ཀློང་དུ་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །བདག་གི་ཉམས་ཆགས་སྡིག་སྒྲིབ་ཀུན་དག་ནས། །ནད་གདོན་བར་ཆད་རྐྱེན་རྣམས་ཞི་བ་དང་། །ཚེ་དབང་ལོངས་སྤྱོད་བསོད་ནམས་རྒྱས་པར་མཛོད། །ཁམས་གསུམ་སྲིད་གསུམ་མ་ལུས་དབང་དུ་སྡུས། །གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །མདོར་ན་ཡིད་ལ་གང་ལྟར་འདོད་པའི་དོན། །རྩོལ་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རྡོ་རྗེ་འཛིན་གྱི་གོ་འཕང་མྱུར་ཐོབ་ནས། །མཁའ་ཁྱབ་འགྲོ་བའི་མགོན་དུ་འགྱུར་བར་ཤོག །ཞེས་བརྗོད་ཅིང་སྡོམ་གསུམ་ཉམས་ཆགས་བཤགས་པ་ཟག་མེད་བདུད་རྩིའི་ཁྲུས་བུམ་དང་ཡིག་བརྒྱ་བཟླའོ། །དེ་ཡན་ཆད་ཀྱིས་སྒྲུབ་པའི་ལས་རིམ་རྣམས་རེ་ཞིག་གྲུབ་ནས། ༧ གཉིས་པ་ལས་སྦྱོར་དངོས་ལ་འཇུག་པ་ལ། བསྐུལ་བ། བསྒྲལ་ལས། བཟློག་པའི་ལས་རིམ་གསུམ་གྱི། དང་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མངོན་སྤྱོད་ཀྱི་ལས་ལ་དྲག་ཏུ་བསྐུལ་བ་ནི། དམར་གཏོར་བཤམས་ཤིང་དགུག་གཞུག་བྱས་ལ། སྤོས་བསྲེག །རྐང་གླིང་འབུད། དར་ནག་གཡབ་ཅིང་རྔ་རོལ་དབྱངས་དང་བཅས་ཏེ་འདི་སྐད་གྱེར་རོ། །ཧཱུྃ་ཧཱུྃ༔ ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཆེན་པོས་གདུག་པའི་ཚོགས་འདུལ་ཕྱིར། །ཐབས་ཀྱི་གཟུགས་མཆོག་འཆོལ་བའི་ཁྲོ་རྒྱལ་སྐུར། །སྟོན་མཛད་དཔལ་ཆེན་ཡང་དག་ཧེ་རུ་ཀཿ གཏུམ་པོ་རིགས་བཞི་ཁྲོ་བཅུ་སྒོ་མར་བཅས། །མངོན་སྤྱོད་རོལ་བ་དྲག་པོའི་ཕྲིན་ལས་ཀྱིས། །ཉོན་མོངས་དགྲ་བགེགས་དབྱིངས་སུ་གཞོམ་པའི་ཕྱིར། །དབྱིངས་ནས་སྤྱན་འདྲེན་འདིར་གཤེགས་བརྟན་པར་བཞུགས། །དབྱེར་མེད་ངང་ནས་ཕྱག་བགྱིད་མཆོད་པ་འབུལ། །གུས་པས་བསྟོད་དོ་དབང་དང་དངོས་གྲུབ་སྩོལ། །ཐུགས་རྗེས་ཁྲོས་པ་གཏུམ་ཆེན་ཧེ་རུ་ཀའི། །དམ་ཚིག་ཐུགས་དམ་ཆེན་པོ་བདག་བསྐུལ་ན། །ཁྱེད་ཀྱི་དབང་དྲག་ཐུགས་དམ་དུས་ལ་བབས། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །དྲག་ཤུལ་མཐུ་སྟོབས་ནུས་པའི་རྩལ་ཕྱུངས་ནས། །ཐུགས་དམ་ཐུགས་རྗེས་དགྲ་བགེགས་མྱུར་དུ་སྒྲོལ། །ཧཱུྃ་ཧཱུྃཿ དུས་གསུམ་ཕྱོགས་བཅུའི་རྒྱལ་བ་མ་ལུས་པའི། །མཐུ་སྟོབས་འདུས་པ་གསང་བདག་རྡོ་རྗེ་འཆང་། །བདུད་འདུལ་ཁྲོ་རྒྱལ་གཏུམ་པོ་ཁྲོས་པའི་སྐུ། །སྐུ་མདོག་མཐིང་ནག་ནམ་མཁའི་མདོག་ལྟར་གསལ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བསྐྱང་བསྐུམ་བཞུགས། །སྤྱན་གསུམ་སྡང་མིག་ཁྲོ་གཉེར་མཆེ་བ་གཙིགས། །རལ་བ་ཁམ་ནག་ཨག་ཚོམ་སྨིན་མ་སེར། །ཕྱག་གཡས་རྡོ་རྗེས་དྲེགས་པ་མ་ལུས་འཇོམས། །གཡོན་པས་སྡིགས་མཛུབ་སྦྲུལ་གྱིས་ཀླུ་གཉན་འདུལ། །གཏུམ་ཆེན་བསྐལ་པ་དུས་མཐའི་མེ་ལྟར་འབར། །དུར་ཁྲོད་ཆས་བརྒྱད་སྐུ་ཡི་རྒྱན་དུ་རྫོགས། །སྙན་ནས་འབྲུག་སྒྲས་དྲེགས་པ་ཐམས་ཅད་བརྒྱལ། །སྤྱན་ནས་མེ་འབར་ཁམས་གསུམ་བསྲེགས་པར་བྱེད། །ཤངས་ནས་རླུང་འབྱུང་སྣང་སྲིད་ཐལ་བར་གཏོར། །ཞལ་ནས་སྔགས་སྒྲས་ཉོན་མོངས་ཐམས་ཅད་སྒྲོལ། །བ་སྤུ་ཀུན་ལས་བྱ་ཁྱུང་སྤྲུལ་པ་འགྱེད། །བཀའ་ལས་འདའ་བྱེད་ཀླུ་གཉན་ཟས་སུ་ཟ། །སྐུ་ལས་ཁྲོ་ཆུང་མཚོན་ཐོགས་དཔག་མེད་འཕྲོས། །ལྷ་སྲིན་སྡེ་བརྒྱད་མ་ལུས་བྲན་དུ་བཀོལ། །རབ་འཇིགས་དཔའ་བོ་ཆེན་པོ་ཁྱོད་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །སྡང་བའི་དགྲ་དང་གནོད་བྱེད་བགེགས་རིགས་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །མ་ལུས་ན་བུན་རླུང་གིས་གཏོར་བ་བཞིན། །ལྷག་མེད་རྡུལ་དུ་རློག་པའི་ཕྲིན་ལས་མཛོད། །ཧཱུྃ་ཧཱུྃཿ བཅོམ་ལྡན་གསང་བདག་ཐུགས་ལས་སྤྲུལ་པའི་སྲས། །རྣམ་བཞིའི་ཕྲིན་ལས་སྒྲུབ་མཛད་ཡེ་ཤེས་ལྷ། །བདུད་བཞིའི་དཔུང་འཇོམས་ཁྲོ་རྒྱལ་གཏུམ་པོ་བཞི། །ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་ལས་ལ་དགོངས། །ཤར་རྩིབས་པད་ཉི་ལྷ་བདུད་དྲེགས་པའི་སྟེང་། །ཞེ་སྡང་གནས་གྱུར་མེ་ལོང་ཡེ་ཤེས་སྐུ། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ཁྲོ་ཆས་རྫོགས། །ཞི་མཛད་རྡོ་རྗེ་གཏུམ་པོ་ཁྱོད་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་ཕྱོགས། །མ་ལུས་ཆོས་ཀྱི་དབྱིངས་སུ་ཞི་བར་མཛོད། །ལྷོ་རྩིབས་པད་ཉི་ཕུང་བདུད་དྲེགས་པའི་སྟེང་། །ང་རྒྱལ་གནས་གྱུར་མཉམ་ཉིད་ཡེ་ཤེས་སྐུ། །སེར་གསལ་རིན་ཆེན་དྲིལ་འཛིན་ཁྲོ་ཆས་རྫོགས། །རྒྱས་མཛད་རིན་ཆེན་གཏུམ་པོ་ཁྱོད་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ཚེ་བསོད་དཔལ་འབྱོར་ཆོས་སྲིད་ཡོན་ཏན་ཀུན། །འབད་མེད་དབྱར་མཚོ་ལྟ་བུར་རྒྱས་པར་མཛོད། །ནུབ་རྩིབས་པད་ཉི་ཉོན་བདུད་དྲེགས་པའི་སྟེང་། །འདོད་ཆགས་གནས་གྱུར་སོར་རྟོག་ཡེ་ཤེས་སྐུ། །དམར་གསལ་པདྨ་དྲིལ་འཛིན་ཁྲོ་ཆས་རྫོགས། །དབང་མཛད་པདྨ་གཏུམ་པོ་ཁྱོད་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ཁམས་གསུམ་སྲིད་གསུམ་མོས་པ་བཞི་ལ་སོགས། །རྩོལ་མེད་དབང་དུ་འདུ་བའི་ཕྲིན་ལས་མཛོད། །བྱང་རྩིབས་པད་ཉི་འཆི་བདག་དྲེགས་པའི་སྟེང་། །ཕྲག་དོག་གནས་གྱུར་བྱ་གྲུབ་ཡེ་ཤེས་སྐུ། །ལྗང་གསལ་རྒྱ་གྲམ་དྲིལ་འཛིན་ཁྲོ་ཆས་རྫོགས། །དྲག་པོའི་ལས་མཛད་ཀརྨ་གཏུམ་པོར་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །དགྲ་བགེགས་དམ་སྲི་བསམ་སྦྱོར་གནག་པའི་ཚོགས། །ལྷག་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཧཱུྃ་ཧཱུྃཿ དཔལ་ཆེན་ཐུགས་སྤྲུལ་ཕྱོགས་བཅུའི་གདོན་འདུལ་བ། །གཏུམ་དྲག་རབ་འཇིགས་ཁྲོ་རྒྱལ་ཆེན་པོ་བཅུ། །ཐུགས་དམ་བསྐུལ་ལོ་དབྱིངས་ནས་སྐུར་བཞེངས་ལ། །གང་བཅོལ་ཕྲིན་ལས་མཛད་པའི་དུས་ལ་བབས། །ཕྱི་རིམ་འཁོར་ལོ་རྩིབས་བཅུར་པད་ཉི་དང་། །ཕྱོགས་སྐྱོང་གདན་ལ་རང་བྱུང་གྲུབ་པའི་ལྷ། །ཧཱུྃ་དཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེ་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །གསུམ་རྒྱལ་སྟོབས་པོ་ཆེ་རྣམས་སྐུ་མདོག་མཐིང་། །གཡས་རྣམས་རྡོ་རྗེ་གཡོན་ཕྱག་སྡིག་མཛུབ་མཛད། །ཁྲོ་ཆས་ཡོངས་རྫོགས་ཐབས་ཤེས་གཉིས་མེད་རོལ། །མི་དགེ་གནས་གྱུར་ཁྲོ་རྒྱལ་བཅུ་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ཕྱོགས་བཅུའི་དགྲ་གདོན་བགེགས་རྣམས་མ་ལུས་ཀུན། །མིང་ལྷག་མེད་པར་ཐལ་བ་རྡུལ་དུ་རློགས། །ཧཱུྃ་ཧཱུྃཿ དཔལ་ཆེན་ཐུགས་སྤྲུལ་སྒོ་སྐྱོང་ཁྲོ་བོ་བཞི། །རྣམ་རྒྱལ་གཤིན་རྗེ་དབང་ཆེན་བདུད་རྩི་འཁྱིལ། །ཕྱོགས་མདོག་རིགས་དང་རྟགས་ཀྱི་ཕྱག་རྒྱ་ཅན། །ཁྲོ་ཆས་ཡོངས་རྫོགས་སྒོ་སྲུང་བཞི་ལ་བསྟོད། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །དངོས་གྲུབ་འཕྲོག་ཅིང་འཚེ་བའི་དགྲ་བགེགས་རྣམས། །རྣམ་བཞིའི་ལས་ཀྱིས་ཚར་ཆོད་དབྱིངས་སུ་སྒྲོལ། །གཞན་ཡང་ཁྱམས་ཀྱི་དབང་མོ་ཉེར་བརྒྱད་སོགས། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ་པའི་ཚོགས། །དུ་མ་རོ་གཅིག་ཆུ་ཟླ་ལྟ་བུའི་འཁོར། །མ་ལུས་བསྟོད་ཅིང་བསྐུལ་ལོ་ལས་ལ་དགོངས། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །གང་བཅོལ་ཡིད་བཞིན་འགྲུབ་པའི་ཕྲིན་ལས་ཀྱིས། །རྣལ་འབྱོར་བསྒྲུབ་པའི་འབྲས་བུ་མཆིས་པར་མཛོད། །ཧཱུྃ་ཧཱུྃཿ ཁྲོ་རྒྱལ་ཆེན་པོའི་སྐུ་ཡི་གནས་ལྔ་ནས། །རྒྱལ་ཀུན་ཡེ་ཤེས་ལྔ་ཡི་རང་མདངས་ལས། །རང་བྱུང་སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་ཡང་། །ཐུགས་དམ་བསྐུལ་ལོ་ཕྲིན་ལས་དུས་ལ་བབས། །སྐུ་སྤྲུལ་བུདྡྷ་རིགས་ཀྱི་ཁྱུང་ཆེན་དཀར། །གཏི་མུག་འཇོམས་པའི་ཁྲོ་རྒྱལ་བསྟོད་ཅིང་བསྐུལ། །མཆོད་གཏོར་འདི་བཞེས་བསམ་སྦྱོར་ངན་རྩོམ་པའི། །རྒྱལ་རིགས་ས་བདག་ཀླུ་གཉན་རྡུལ་དུ་རློགས། །གསུང་སྤྲུལ་པདྨ་རིགས་ཀྱི་ཁྱུང་ཆེན་དམར། །འདོད་ཆགས་འཇོམས་པའི་ཁྲོ་རྒྱལ་བསྟོད་ཅིང་བསྐུལ། །མཆོད་གཏོར་འདི་བཞེས་བསམ་སྦྱོར་ངན་རྩོམ་པའི། །བྲམ་ཟེ་ས་བདག་ཀླུ་གཉན་རྡུལ་དུ་རློགས། །ཐུགས་སྤྲུལ་རྡོ་རྗེ་རིགས་ཀྱི་ཁྱུང་ཆེན་མཐིང་། །ཞེ་སྡང་འཇོམས་པའི་ཁྲོ་རྒྱལ་བསྟོད་ཅིང་བསྐུལ། །མཆོད་གཏོར་འདི་བཞེས་བསམ་སྦྱོར་ངན་རྩོམ་པའི། །དམངས་རིགས་ས་བདག་ཀླུ་གཉན་རྡུལ་དུ་རློགས། །ཡོན་ཏན་རིན་ཆེན་རིགས་ཀྱི་ཁྱུང་ཆེན་སེར། །ང་རྒྱལ་འཇོམས་པའི་ཁྲོ་རྒྱལ་བསྟོད་ཅིང་བསྐུལ། །མཆོད་གཏོར་འདི་བཞེས་བསམ་སྦྱོར་ངན་རྩོམ་པའི། །རྗེ་རིགས་ས་བདག་ཀླུ་གཉན་རྡུལ་དུ་རློགས། །ཕྲིན་ལས་སྤྲུལ་པ་ཀརྨ་ཁྱུང་ཆེན་ལྗང་། །ཕྲག་དོག་འཇོམས་པའི་ཁྲོ་རྒྱལ་བསྟོད་ཅིང་བསྐུལ། །མཆོད་གཏོར་འདི་བཞེས་བསམ་སྦྱོར་ངན་རྩོམ་པའི། །གདོལ་རིགས་ས་བདག་ཀླུ་གཉན་རྡུལ་དུ་རློགས། །གསང་བདག་སྤྲུལ་པ་ཡེ་ཤེས་ཁྱུང་ཆེན་ལྔ། །རང་རྟགས་གཡས་ལ་ཀླུ་སྦྲུལ་རིགས་ལྔ་གཡོན། །གནམ་ལྕགས་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན། །ཉི་ཟླས་དབུ་བརྒྱན་གསེར་མིག་འཁྱིལ་ཞིང་གསལ། །སྤུ་གྲིའི་སྒྲོ་གཤོག་མེ་མཚོན་ཐོག་སེར་འབེབས། །ཡང་སྤྲུལ་ཁྱུང་ཆེན་རིགས་ལྔ་གྲངས་མེད་འགྱེད། །བཀའ་ལས་འདའ་བྱེད་ཀླུ་གཉན་ཟས་སུ་ཟ། །ཁྱེད་རྣམས་ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས། །འོག་ཕྱོགས་ས་བདག་ཀླུ་གཉན་ལས་བྱུང་བའི། །ནད་གདོན་རྐྱེན་བགེགས་བར་ཆད་མི་མཐུན་ཕྱོགས། །མངོན་སྤྱོད་རོལ་བ་དྲག་པོའི་ཕྲིན་ལས་ཀྱིས། །ཚར་ཆོད་ཡེ་ཤེས་ལྔ་ཡི་དབྱིངས་སུ་སྒྲོལ། །ཧཱུྃ་ཧཱུྃཿ གསང་བདག་ཐུགས་རྗེའི་ཀློང་ནས་སྐུར་སྤྲུལ་པ། །མཚོ་རྒྱལ་དགོངས་མཛོད་སྐྱོངས་བའི་བསྲུང་མའི་ཚོགས། །ཕྱག་དྲུག་ཡེ་ཤེས་མགོན་པོ་བཀའ་ཉན་བཅས། །སྔགས་སྲུང་རལ་གཅིག་དཔལ་ལྡན་དུད་སོལ་མ། །དྲང་སྲོང་ཁྱབ་འཇུག་གནོད་སྦྱིན་ཙིའུ་དམར། །དམ་ཅན་སྐྱེས་བུ་བཙན་རྒོད་དྲག་པོ་རྩལ། །སྨན་བཙུན་མཆེད་ལྔ་མི་ཐུང་ནོར་བདག་སོགས། །ཕོ་རྒྱུད་མོ་རྒྱུད་བཀའ་གཏེར་བསྲུང་མ་རྣམས། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །དམ་ཚིག་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །ངེས་པའི་དོན་ལ་སྨོད་པའི་སྡིག་ཅན་དང་། །བླ་མའི་ཐུགས་རྒྱུད་དཀྲུགས་པའི་དམ་ཉམས་མཁན། །གསང་སྔགས་རྡོ་རྗེའི་ཐེག་པ་འཕྱ་བྱེད་དང་། །ཉེས་མེད་མར་གྱུར་འགྲོ་ལ་འཚེ་བ་དང་། །བྱང་ཆུབ་སྒྲུབ་ལ་བར་དུ་གཅོད་པ་སོགས། །ཞིང་བཅུ་ཉམས་པ་བདུན་ལ་གཏོགས་པ་རྣམས། །སྔོན་ཚེ་རྡོ་རྗེ་འཆང་གི་བཀའ་བཞིན་དུ། །དམ་ཅན་དྲེགས་པའི་དམག་ཚོགས་ཁྱེད་རྣམས་ཀྱིས། །སྟག་སྤྱང་འཕར་བ་ཤ་ལ་རྔམ་པ་ལྟར། །ཞལ་གདངས་མཆེ་གཙིགས་ཁྲོས་པའི་རྔམ་སྟབས་ཀྱིས། །དོན་སྙིང་དམར་པོ་སྲུང་མའི་ཞལ་དུ་གསོལ། །ཁྲག་རྒྱུན་དྲོན་མོ་སྲུང་མའི་སྐོམ་དུ་བཞེས། །ཞིང་ཆེན་གཡང་གཞི་སྲུང་མའི་རྒྱན་དུ་ཀླུབས། །མིང་བརྡ་ཙམ་ཡང་མེད་པར་བརླག་པར་མཛོད། །བསྐུལ་ཡང་མི་དགོངས་བཅོལ་ཀྱང་མ་མཛད་ན། །དམ་ཚིག་གཉན་པོར་འགལ་བར་མི་འགྱུར་རམ། །ནུས་སྟོབས་ཅི་འདུག་བལྟའོ་བསྲུང་མའི་ཚོགས། །ཐུགས་དམ་དུས་ལ་བབ་པོ་དམ་ཅན་རྣམས། །རྣལ་འབྱོར་བདག་གིས་ཇི་ལྟར་བཅོལ་པའི་ལས། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བསྐུལ་བས་ལྷ་ཚོགས་རྣམས་དགྲ་བགེགས་སྒྲོལ་བའི་ལས་ལ་དགོངས་ཤིང་བཞུགས་པར་བསམ། གཉིས་པ་བསྒྲལ་བའི་ལས་རིམ་ལ། དང་པོ་གསེར་སྐྱེམས་བཤམས་ལ་བསང་ཆུས་འཐོར་ཏེ། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ༔ཧཱུྃ།ཞེས་བྱིན་གྱིས་བརླབས་ལ། བདུད་བཞིའི་དཔུང་འཇོམས་སྟོན་པ་རྫོགས་སངས་རྒྱས། །སྲིད་ཞིའི་སྡུག་བསྔལ་ལས་སྐྱོབས་དམ་པའི་ཆོས། །ཡང་དག་ཐར་བའི་ལམ་སྟོན་དགེ་འདུན་སྡེ། །གསེར་སྐྱེམས་འདི་བཞེས་བདེན་རྫུན་དཔང་པོ་མཛོད། །བྱིན་རླབས་རྩ་བ་བརྒྱུད་ལྡན་བླ་མ་དང་། །དངོས་གྲུབ་གཏེར་མཛོད་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སེལ་གནས་གསུམ་མཁའ་འགྲོའི་ཚོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། །ཁྱད་པར་དཔལ་ཆེན་ཡང་དག་ཡང་དག་ཧེ་རུ་ཀཿ གཏུམ་པོ་རིགས་བཞི་ཁྲོ་བཅུ་ཡུམ་དང་བཅས། །སྒོ་སྐྱོང་བཞི་དང་དབང་མོ་ཉེར་བརྒྱད་སོགས། །གསེར་སྐྱེམས་འདི་བཞེས་ཞིང་བཅུའི་དགྲ་བགེགས་སྒྲོལ། །སྔགས་བསྲུང་ཁྲོ་མོ་མ་མོ་རལ་གཅིག་མ། །བཀའ་བསྲུང་དུད་སོལ་ལྷ་མོ་གཟའ་བདུད་སོགས། །མཚོ་རྒྱལ་དགོངས་མཛོད་སྐྱོང་བའི་བསྲུང་མ་རྣམས། །གསེར་སྐྱེམས་འདི་བཞེས་དམ་ཉམས་དགྲ་བགེགས་སྒྲོལ། །ཞེས་ཕུད་ཕྱོགས་བཅུར་གཏོར་རོ། ། གཉིས་པ་གཟུ་དཔང་ནི། ཧཱུྃ་ཧཱུྃཿ ངོ་བོ་སྟོང་ཆེན་འགྱུར་མེད་ཆོས་ཀྱི་སྐུ། །རང་བཞིན་གསལ་དག་བདེ་ཆེན་ལོངས་སྤྱོད་རྫོགས། །ཐུགས་རྗེ་ཀུན་ཁྱབ་རྨད་བྱུང་སྤྲུལ་པའི་སྐུ། །སྐུ་གསུམ་རྒྱལ་བ་མ་ལུས་གཟུ་དང་དཔང་། །དོན་གཉིས་མཐར་ཕྱིན་རྫོགས་སངས་རྒྱས་རྣམས་དང་། །བདེན་གཉིས་ཟུང་འཇུག་ལུང་དང་རྟོགས་པའི་ཆོས། །ཚོགས་གཉིས་ཉམས་ལེན་འཕགས་པའི་དགེ་འདུན་ཏེ། །བསླུ་མེད་དཀོན་མཆོག་རྣམ་གསུམ་གཟུ་དང་དཔང་། །བྱིན་རླབས་མཆོག་སྩོལ་རྩ་རྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །དམ་ལྡན་བུ་བཞིན་སྐྱོང་བའི་མཁའ་འགྲོའི་ཚོགས། །རྩ་གསུམ་རྒྱ་མཚོས་གཟུ་དང་དཔང་མཛོད་ཅིག །ཁྱད་པར་དུས་གསུམ་རྒྱལ་བ་མ་ལུས་པའི། །མཐུ་སྟོབས་འདུས་པ་ཡང་དག་ཧེ་རུ་ཀཿ གཏུམ་པོ་རིགས་བཞི་ཁྲོ་བཅུ་སྒོ་བར་བཅས། །མངོན་སྤྱོད་དྲག་པོའི་ལས་ཀྱིས་གཟུ་དཔང་མཛོད། །གསང་སྔགས་ཕྱི་ནང་བཀའ་གཏེར་སྲུང་མའི་ཚོགས། །གཙང་རིགས་དཔལ་མགོན་ཡུལ་ལྷ་གཞི་བདག་སོགས། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་ཐམས་ཅད་ཀྱིས། །དམ་ལྡན་བདག་གི་གཟུ་དང་དཔང་མཛོད་ཅིག །འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ལ། །དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་མ་དམིགས་ཀྱང་། །གཟུང་འཛིན་གདོན་གྱིས་བརླམས་པའི་ཉམས་པ་བདུན། །བྱང་ཆུབ་སེམས་གཉིས་བསྒོམ་པའི་དགྲ་རུ་ལངས། །དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙས། །བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསད། །དོན་ལས་ཉམས་པས་བདེན་གཉིས་ཆད་པར་བལྟ། །ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཇུག །མཚན་མས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུང་། །འདོད་པས་ཉམས་པས་ཉེས་མེད་འཕྲོག་བཅོམ་བྱས། །ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོར། །དང་པོ་སངས་རྒྱས་བསྟན་པ་གཉན་པོ་བཤིགས། །བར་དུ་དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །ཐ་མ་གསང་སྔགས་དྲལ་ཞིང་ལོག་ལྟ་བྱས། །བླ་མའི་སྐུར་བསྡོས་གསུང་བཅག་ཐུགས་རྒྱུད་དཀྲུགས། །རྡོ་རྗེའི་མཆེད་དང་ལྕམ་དྲལ་བརྙས་ཤིང་སྨད། །ཉེས་མེད་སེམས་ཅན་ཡོངས་ལ་གནོད་ཅིང་འཚེ། །དགེ་བཅུ་ཁྱད་བསད་མི་དགེ་དང་དུ་བླངས། །བསྲུང་སྡོམ་བསླབ་བྱ་དམ་ཚིག་ཀུན་དང་འགལ། །མཚམས་མེད་ལྔ་ཡི་ལས་ཀྱང་འདི་ཡིས་བྱས། །དེ་འབྲས་ངན་སོང་སྡུག་བསྔལ་མྱོང་ངེས་པས། །འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་ན། །མཐར་གྱིས་འཆི་བ་སེམས་ཅན་ཀུན་ལ་ཡོད། །དུས་ལ་བབས་ན་དཔག་བསམ་ཤིང་ཡང་འགྱེལ། །བསམ་སྦྱོར་ངན་པའི་འབྲས་བུ་མཐར་ཕྱིན་ན། །ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྫུན་དུ་ཟད། །ཆོས་ཉིད་བདེན་པ་བསླུ་བ་མེད་པ་དང་། །སྔགས་ཀྱིས་སྒྲོལ་བ་སངས་རྒྱས་རྣམས་ཀྱི་མཐུས། །ཨ་བྷི་ཙརྱའི་དུས་ལ་ད་བབ་ན། །བརྣག་པའི་ལས་ལ་བཏང་སྙོམ་མ་མཛད་ཅིག །དུས་གསུམ་སངས་རྒྱས་རྣམས་ཀྱང་དབྱིངས་ནས་གཟིགས། །བདེན་གཉིས་རྒྱུ་འབྲས་བསླུ་མེད་གཟུ་དང་དཔང་། །དཔལ་མགོན་ཆོས་སྐྱོང་རྣམས་ནི་མཐུ་རྩལ་བསྐྱེད། །ཉེས་ཅན་འདི་ལ་མངོན་སྤྱོད་ཕྲིན་ལས་མཛོད། །གསང་བདག་ཕྱག་རྡོར་ལྷ་ཚོགས་འཁོར་བཅས་རྣམས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་དྲག་པོའི་སྐུར་བཞེངས་ལ། །དགྲ་བགེགས་མ་ལུས་སྒྲོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་པས་འགྲོ་ཀུན་ཐུགས་རྗེས་མི་གཏོང་བའི་ཕྱིར་ཚར་གཅོད་དབྱིངས་སྒྲོལ་གྱི་ཕྲིན་ལས་ལ་ཆེས་ཆེར་དགོངས་པར་བསམ་མོ། །གསུམ་པ་དམིགས་བྱ་གསལ་བ་ནི། བདག་ཉིད་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་ཨེ་ནག་པོ་གཅིག་མདུན་དུ་འཕྲོས་པ་ལས། དམ་ཉམས་པའི་དགྲ་བགེགས་ཀྱི་ལས་ངན་པའི་རྣམ་སྨིན་ལས་གྲུབ་པའི་གནམ་ལྕགས་ཀྱི་ཁང་སྒྲོམ་ནག་པོ་ཟུར་གསུམ་པ། མཚན་ཉིད་དང་ལྡན་པར་གྱུར་པའི་ནང་དུ་ནྲྀ་ཏྲི་ལས། དམ་ཉམས་པའི་དགྲ་བགེགས་གང་ཡིན་པ་དེ་ཉིད་ཤིན་ཏུ་ཉམས་ཐག་པའི་གཟུགས་ཅན། མྱ་ངན་གྱི་ཕྱག་རྒྱ་བྱེད་ཅིང་འོ་དོད་ཀྱི་སྨྲེ་སྔགས་འདོན་པ། མགོན་སྐྱབས་ཀྱི་ལྷ་དང་བྲལ་ཞིང་འདར་ཡེད་ཡེད་གནས་པ་ཞིག་ཏུ་གྱུར་བར་བསམ་མོ། བཞི་པ་རྣམ་ཤེས་དགུག་གཞུག་བྱ་བ་ནི། བདག་མདུན་གྱི་ཐུགས་ཀ་ནས་སྤྲུལ་པའི་ཕོ་ཉ་འགུགས་པར་བྱེད་པའི་ལྕགས་ཀྱུ་ཅན་དང་། རིང་ནས་འཛིན་བྱེད་ཞགས་པ་ཅན་དང་། ཡན་ལག་སྡོམ་བྱེད་ལྕག་སྒྲོག་ཅན་དང་། མྱོས་ཤིང་བརྒྱལ་བྱེད་དྲིལ་བུ་མ་དང་། ལས་རླུང་བསྐུལ་ནས་སྐྱོད་བྱེད་མ་དང་། སྟོབས་ནུས་འཇོམས་པའི་ཐོ་བ་ཅན་དང་། འདེད་པར་བྱེད་པའི་དབྱུག་པ་ཅན་དང་། ལྷ་དང་འབྱེད་པའི་ཕྲ་མ་མཁན་དང་། ལྷ་སྲུང་སྐྲོད་པའི་རྫུ་འཕྲུལ་ཅན་ལ་སོགས་པ་གཟུགས་དང་ཁ་ཏོག་སྣ་ཚོགས་པ། རྣམ་པར་འགྱུར་བའི་སྤྲུལ་བསྒྱུར་ཅིར་ཡང་སྟོན་པ་གྲངས་མེད་འཕྲོས་པས་དགྲ་བགེགས་གང་ཡིན་པ་དེ་ཉིད་རང་དབང་མེད་པར་བཀུགས་ནས་ལིང་ཀ་ལ་ཐིམ་པར་གྱུར་བར་བསམ་ལ། ན་མོ་རིག་འཛིན་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ། དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བསླུ་བ་མེད་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་བདག་ཉིད་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་ཆོས་ཉིད་དེ་བཞིན་ཉིད་རྒྱུ་འབྲས་བསླུ་བ་མེད་པ་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བསྒྲལ་བའི་ཞིང་བཅུ་དང་། ཉམས་པ་བདུན་ལ་གཏོགས་པའི་དགྲ་བགེགས་སྤྱི་དང་། ཁྱད་པར་དུ་སངས་རྒྱས་ཀྱི་བསྟན་པ་བཤིགས་པ། བླ་མ་དམ་པའི་སྐུ་ལ་བསྡོ་བ། མཚམས་མེད་པ་ལྔ་བྱེད་པ་རྣམས་དང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་རྣམས་སྲིད་པ་གསུམ་གྱི་ཁོངས་གར་གནས་གང་དུ་བྲོས་ཀྱང་མགོན་སྐྱབས་ཀྱི་ལྷ་དང་། ཚེ་དང་དབང་ཐང་བསོད་ནམས་དང་དུས་ཀྱི་དབང་དུ་མི་བཏང་བར་དུས་ད་ལྟ་ཉིད་དུ་དམིགས་པའི་རྟེན་གཟུགས་ལིང་ག་འདི་ལ་ཁུག་ཅིག རྩ་སྔགས་ཀྱི་གཤམ་དུ། ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛཿ ཛཿཧཱུྃ་བཾ་ཧོ། ཨ་ཝེ་ཤ་ཡ་ཨ་ཨཿ ཞེས་རོལ་མོའི་སྒྲ་དྲག་པོ་དང་བཅས་འགུགས་གཞུག་ལན་མང་དུ་བྱའོ། །ལྔ་པ་བསྐུལ་ཞིང་ཕོ་ཉ་ལས་ལ་འགྱེད་པ་ནི། ཧཱུྃ་ཧཱུྃཿ རྒྱལ་ཀུན་མཐུ་སྟོབས་འདུས་པའི་སྐུ། །གསང་བདག་དཀྱིལ་འཁོར་ལྷ་ཚོགས་རྣམས། །བསྟན་པ་གཉན་ལ་དགྲ་དར་ན། །མི་མངོན་དབྱིངས་ནས་སྐུར་བཞེངས་ལ། །རྣལ་འབྱོར་བདག་གི་ར་མདའ་རློག །གནས་འདིར་དྲག་པོའི་ལས་ལ་ཡ། །ཡིད་ལ་བརྣག་པའི་དགྲ་བགེགས་རྣམས། །དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ། །སླས་དང་བྱན་མོ་བྲན་གྱི་ཚོགས། །གནས་འདིར་དྲག་པོའི་ལས་ལ་དགོངས། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ །ཤིན་ཏུ་གདུག་ཅིང་གཏུམ་བག་ཅན། །ཐམས་ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་ཁས་བླངས་དམ་བཅས་པ། །མ་ཐོགས་མྱུར་བར་མངོན་དུ་ཕྱུང་། །དམ་བཅའ་བཞིན་དུ་མ་བྱས་ན། །མགོ་ལུས་སྙིང་ཡང་ཚལ་བ་བདུན། །ཡཀྴ་ཁྲོ་བོས་གཏུབ་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གིས། །ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་མངོན་དུ་མ་བྱས་ན། །རང་གིས་ཁས་བླངས་མནའ་བོར་བཞིན། །རུས་མྱགས་ཚིགས་ནས་དམྱལ་བར་འགྲོ། །དེ་བས་རང་གིས་མནའ་བོར་བའི། །སྡོམ་བྱས་དེ་ལས་མ་འདའ་བར། །རྣལ་འབྱོར་དམ་ལ་གནས་གྱུར་བའི། །ལས་རྣམས་ཡོངས་སུ་བྱ་བ་དང་། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས། །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་པའི་ལས་རྣམས་མངོན་དུ་བྱོས། །ཞིང་བཅུ་ཉམས་པ་བདུན་ཚངས་པའི། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ཞི་བའི་ཐབས་ཀྱིས་གདུལ་དཀའ་བས། །དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ། །གྲངས་མེད་སྤྲུལ་པ་ཡང་སྤྲུལ་ཚོགས། །ཁྱེད་རྣམས་དཔལ་གྱི་ཕོ་ཉ་སྟེ། །རྦད་ཅིང་བཏང་བ་ང་ཡིས་བྱེད། །འགུགས་ཤིང་སྒྲོལ་བ་ཁྱེད་ཀྱིས་གྱིས། །རྣལ་འབྱོར་མངོན་ཤེས་མི་ལྡན་པས། །སྒྲོལ་ཞིང་གང་ལགས་མ་རྟོགས་ཀྱང་། །ཁྱེད་རྣམས་ཐུགས་རྗེས་ཉེར་དགོངས་ལ། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །བསྒྲལ་བར་འོས་པའི་དགྲ་བགེགས་རྣམས། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམ། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུགས། །རང་དབང་མེད་པར་འདིར་ཁུག་ལ། །གཟུགས་བྱང་འདི་དང་གཉིས་མེད་མཛོད། །རྩ་སྔགས་ཀྱི་ཤམ་དུ། གནོད་བྱེད་དགྲ་བགེགས་ཐམས་ཅད་བཛྲ་ཨངྐུ་ཤ་ཡ་ཛ༔ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾཿ ཀརྨ་གྷནྚེ་ཧོཿ ཞེས་བརྗོད་པས། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་དགྲ་བགེགས་འགུགས་འཆིང་སྡོམ་མྱོས་ཀྱི་ལས་མཛད་ཅིང་། ལས་རླུང་གིས་བཏེགས་ནས་རང་དབང་མེད་པར་བྱེ་ཚན་ལ་མར་ཐིམ་པ་བཞིན་ལིང་ག་ལ་ཐིམ་ནས་རེངས་ཤིང་འགུལ་མི་ནུས་པར་བསམ་མོ། །དྲུག་པ་ལྷ་དང་དབྱེ་བ་ནི། ལིང་གར་དབྱེ་རྫས་ཀྱིས་བདུག་ཅིང་། བྱ་འུག་གི་སྒྲོ་བཅས་དབྱེ་བའི་ཕྱག་རྒྱ་བྱས་ལ། ཧཱུྃ་ཧཱུྃཿ དཀྱིལ་འཁོར་ལྷ་དང་རྣལ་འབྱོར་བའི། །ཐུགས་ལ་བརྣག་པའི་དགྲ་བགེགས་རྣམས། །སྲུང་སྐྱོབས་བྱེད་པའི་ལྷ་ཁྱོད་ཉོན། །གདུག་པའི་སེམས་ལྡན་དགྲ་བགེགས་འདིས། །རྒྱལ་བསྟན་བསྣུབས་ཤིང་རྟེན་གསུམ་བཤིགས། །དཀོན་མཆོག་གསུམ་སྨོད་བླ་མར་བསྐུར། །གསང་སྔགས་བྲལ་ཞིང་མཆེད་ལྕམ་བརྙས། །རྣལ་འབྱོར་ལ་སྡང་སེམས་ཅན་འཚེ། །མཚམས་མེད་ལྔ་དང་མི་དགེ་བཅུ། །སྤྱད་ཅིང་རྒྱུ་འབྲས་ཁྱད་བསད་ནས། །དཔག་ཚད་སྟོང་དུ་ལྷུང་བ་ཡི། །དམྱལ་བའི་སྡུག་བསྔལ་མྱོང་འགྱུར་བས། །བདག་གིས་མྱུར་དུ་བསྒྲལ་ནས་ནི། །གཟུགས་ཀྱིས་ལྷ་རྣམས་མཆོད་པ་ཡིན། །ཁྱེད་ཀྱིས་སྲུང་བར་མ་བྱེད་པར། །སྡིག་ཅན་འདི་ནི་མྱུར་དུ་སྤོངས། །རྣམ་པར་མི་རྟོག་ཐུགས་ཀྱི་བདག །ལས་ངན་འདི་ལ་མ་ཞུགས་ཅིག །སྤྲོས་བྲལ་ཆོས་སྐུའི་མཁའ་དབྱིངས་སུ། །ཡེ་ཤེས་ལྷར་བཅས་གཤེགས་སུ་གསོལ། །ལས་ཀྱིས་བསྐྱེད་པའི་འཇིག་རྟེན་ལྷ། །དམ་ཚིག་ནུས་སྟོབས་ཉམས་སྲིད་པས། །འདི་ཡི་མགོན་སྐྱབས་མ་མཛད་པར། །རང་རང་གནས་སུ་མྱུར་དུ་དེངས། །རྩ་སྔགས་མཐར། ནྲྀ་ཏྲི་སརྦ་ཧ་ས་ན་ཡ་ཧ་ས་ན་ཡ་ཧཱུྃ་ཕཊ༔ དམ་ཉམས་པའི་དགྲ་བགེགས་འདི་རྣམས་ལ་སྲུང་སྐྱོབ་བྱེད་པའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿ ཅེས་བརྗོད་པ་ཙམ་གྱིས་མགོན་སྐྱབས་བྱེད་པའི་ལྷ་དང་སྲུང་མ་ཐམས་ཅད་ཀྱིས་རིང་དུ་སྤངས་བར་བསམ་མོ། །བདུན་པ་གནད་ལ་དབབ་པ་ལ་བཞི་ལས། དང་པོ་བསད་པ་ནི། ཧཱུྃ་ཧཱུྃཿ དམ་ཚིག་ཆེན་པོའི་དུས་ལ་བབས། །སྤྲུལ་པ་ཆེན་པོའི་དུས་ལ་བབས། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས། །ཁྱེད་ཀྱི་དམ་ཚིག་དུས་ལ་བབས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་གདུང་གསོབ་པའི། །རིག་འཛིན་བདག་ཅག་དཔོན་སློབ་ལ། །གནོད་ཅིང་གདུག་པའི་དགྲ་དང་བགེགས། །བདུད་དང་བར་དུ་གཅོད་པའི་ཚོགས། །དངོས་གྲུབ་འཕྲོག་ཅིང་འཚེ་བ་རྣམས། །ལྷ་འམ་འོན་དེ་བདུད་ཀྱང་རུང་། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ཁུག་ལ། །མཐུ་དང་རྫུ་འཕྲུལ་མེད་པར་གྱིས། །ཟུངས་ཤིག་རྒྱོབས་ཤིག་རྣམ་པར་ཆིངས་། །གཏོགས་ཤིག་གྲོགས་དང་བྲལ་བར་གྱིས། །སྨྱོ་ཞིང་འབོག་དང་བརྒྱལ་དུ་ཆུགས། །ཕོབ་ཅིག་རྣམ་པར་གཟིར་བར་གྱིས། །ང་ཡི་དབང་དུ་གྱུར་ནས་ཀྱང་། །བསྒོ་བའི་བཀའ་ལ་ཉན་པར་གྱིས། །སྔོན་ཆད་ཁས་བླངས་དམ་བཅས་ལྟར། །མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་། །ལུས་ངག་རྡུལ་དུ་བཤིགས་ནས་ཀྱང་། །སྡུག་བསྔལ་ཉམས་སུ་མྱོང་བར་མཛོད། །ཅེས་དང་། གང་ཞིག་དཀོན་མཆོག་གསུམ་སོགས་དང་། །སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མ་སྨོད་བརྩོན་མ་རུང་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཆོས་མིན་ལྡན་དང་སྡིག་སྤྱོད་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་དང་། །དམ་ཚིག་སྡང་རྣམས་སྙིང་བརྩེ་བས། །སྔགས་པས་སྔགས་ཀྱིས་གཞོམ་པར་བྱ། །རྩ་སྔགས་མཐར། ཨོཾ་མཱ་ར་ན་སོད་སོད། མཱ་ར་ན་བྱིང་བྱིང་། མཱ་ར་ན་རྨུགས་རྨུགས། མཱ་ར་ན་ཧལ་ཧལ། མཱ་ར་ན་དུན་དུན། མཱ་ར་ན་མྱོགས་མྱོགས། བྱིང་བྱིང་། ཐུཾ་རི་ལི་ལི་རྦད་ཛ་ཛ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཨེ་ཧུར་ཐུམ་ཛ༔ མ་ར་ཡ་རྦད་རྦད། ཅེས་བཟླས་པས། ཁོའི་སྙིང་ནང་དུ་ངན་སེམས་གདུག་པའི་རྣམ་སྨིན་དེ་ཉིད་ལྕགས་བསྲེགས་ཀྱི་འཁོར་ལོ་རྩིབས་དྲུག་པ། དྲག་སྔགས་དང་བཅས་པའི་རྣམ་པས་གཡོན་དུ་འཁོར་བས་སྙིང་ཁྲག་དམར་ཐོ་རོ་རོ་གཏོར་ཞིང་སྲོག་རྩ་རྦད་རྦད་བཅད། རྣམ་ཤེས་མར་མེ་བསད་པ་ལྟར་ནག་སྐེམ་སྐེམ་སོང་བར་བསམ་ལ། བསད་སྔགས་མང་དུ་བཟླའོ། །གཉིས་པ་མནན་པ་ནི། ཧཱུྃ་ཧཱུྃ༔ གསང་བདག་དཀྱིལ་འཁོར་ལྷ་ཚོགས་རྣམས། །ཐུགས་རྗེའི་ཀློང་ནས་སྐུར་བཞེངས་ལ། །མ་རིག་གཉིས་འཛིན་རྟོག་ཚོགས་ཀྱིས། །བསྐྱེད་པའི་དགྲ་བགེགས་དམ་སྲིའི་དཔུང་། །ཚད་མེད་རྣམ་བཞིའི་ཕྱག་རྒྱ་ཡིས། །དགུག་གཞུག་བཅིངས་དང་མྱོས་བྱས་ནས། །སྐྱེ་མེད་ཆོས་སྐུའི་ཀློང་ཆེན་པོར། །ལྡོག་མེད་མནན་པའི་ལས་མཛོད་ཅིག །རྩ་སྔགས་མཐར། ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛ༔ མཱ་ར་ཡ་བྷྱོ་རྦད་ཐུམ་རིལ་ནན། ཨོཾ་སརྦ་ཛི་ན་ཧཱུྃ་ཛ༔ ཏྲི་ཛ་དྲིག་ནན། ནྲྀ་ཏྲི་མུ་ཏྲི་ལཾ་ནན། ཤན་ཏྲི་གན་ཏྲི་ནན། ཕུང་སྲི་གུཾ་གུཾ་སྟྭཾ་བྷ་ཡ་ནན། ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཀཱ་ཡ་ཝཀྐ་ཙིཏྟ་སྟྭཾ་བྷ་ཡ་ནན། མ་ར་ཡ་ནན། ན་ཤ་ཡ་ནན། ཆིངས་ཤིག ཅེས་བརྗོད་པས། བདག་མདུན་གྱི་ལྷ་ཚོགས་རྣམས་དགྲ་བགེགས་མནན་པའི་ལས་ལ་དགོངས་པ་ཙམ་གྱིས་མདུན་གྱི་ལིང་ག་དགྲ་བགེགས་དངོས་སུ་གསལ་བའི་གནས་ལྔར་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་ལྟེ་བར་སྣ་ཚོགས་རྡོ་རྗེའི་མཚན་པ་རེ་རེས་མནན་ཅིང་། ཡན་ལག་དང་ཚིགས་བཞི་ཐམས་ཅད་རྡོ་རྗེ་རྒྱ་གྲམ་རེ་རེས་གཟིར་བས་ཉམས་ཐག་ཅིང་གཡོ་འགུལ་མི་ཤེས་པར་གྱུར་བར་བསམ། མནན་སྔགས་མང་དུ་བཟླའོ། །གསུམ་པ་ཐུན་བརྡེག་པ་ནི། ཧཱུྃ་ཧཱུྃཿ ཁྲག་འཐུང་ཁྲོས་པ་དྲག་པོའི་མཚོན། །གཏུམ་དྲག་ཕོ་ཉ་འབར་བའི་ཐུན། །ལྕགས་ཕྱེ་རྡོ་ཕྱེ་དུག་སྣ་དང་། །ཡུངས་དཀར་ཡུངས་ནག་སྐེ་ཚེ་ཏིལ། གཟེ་མ་སྐྱེར་མ་སེ་བའི་ཚེར། །རྣོ་མྱུར་ཤུགས་དྲག་རྡོ་རྗེའི་མེ། །མི་བཟད་མཚོན་ཆའི་འཁྲུལ་འཁོར་ནི། །གནམ་ས་འཁྲུགས་པའི་ཐོག་སེར་བཞིན། །རྫས་སྔགས་ཏིང་འཛིན་ལྡན་པས་བྲབ། །དགྲ་བགེགས་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རྣམ་ཤེས་ཆོས་དབྱིངས་ཀློང་དུ་སྒྲོལ། །རྩ་སྔགས་མཐར། །དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་ཧུར་ཐུཾ་ཛཿ ནྲྀ་ཏྲི་མ་ར་ཡ་རྦད་རྦདཿ ཅེས་བརྗོད་པས། ཐུན་རྫས་དྲེགས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོས་དམིགས་བྱ་རྣམས་གཟིར་ཞིང་བརྡེག་པས་གཟུགས་ཕུང་ཕྱེ་མར་བརླག་ནས་རྣམ་པར་ཤེས་པའི་ངོ་བོ་ཏྲི་དམར་སེར་ནྲྀ་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམ་གྱིས་བསད་པར་བསམ་མོ། །བཞི་པ་དེ་ལྟར་གནད་ལ་དབབ་པའི་དོན་བསྟན་པ་ནི། ཧཱུྃ་ཧཱུྃཿ ཞེ་སྡང་རྡོ་རྗེ་འཁོར་བཅས་པས། །འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །ཁྲོས་པས་སྐད་ཅིག་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །སྙིང་རྗེའི་སེམས་ཀྱིས་རབ་བཅིངས་ནས། །དྲག་པོའི་ལས་ཀྱིས་བསྒྲལ་བ་རྣམས། །འཁོར་བ་ལས་ནི་ཕ་རོལ་བྱས། །སངས་རྒྱས་རྣམས་ཀྱི་ཞིང་དུ་འགྲོ། །ཀྱེ་མ་གསད་བྱ་ལེགས་པར་བྱས། །གསད་པར་བྱ་བ་མ་བསད་དོ། །ཇི་སྲིད་སྡིག་རྣམས་གྲོལ་བར་བྱས། །ཤི་བ་དེ་ཡང་མ་ཤི་སྟེ། །སྡིག་པ་སྟོང་ཕྲག་བྱས་པ་སྤངས། །མནར་མེད་ལ་སོགས་མི་སྐྱེའོ། །ཨེ་མ་བདག་ཉིད་ཆེན་པོ་སྟེ། །བསད་པས་སངས་རྒྱས་བྱང་ཆུབ་ཐོབ། །སླར་ཡང་བརྩེ་བས་སེམས་ཅན་རྣམས། །བསད་པར་བྱ་བས་གསད་པར་བྱ། །ཨེ་མ་སྙིང་རྗེའི་སྟོབས་ཀྱིས་ཏེ། །སྙིང་རྗེ་དམན་པས་འགྲུབ་མི་འགྱུར། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེས་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་བརྗོད། བརྒྱད་པ་ཕུར་བུ་གདབ་པ་ལ་གསུམ་ལས། དང་པོ་ཕུར་བུ་ལྷར་བསྐྱེད་ཅིང་བསྐུལ་བ་ནི། ཕུར་བུ་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ། བདག་ཉིད་དཔལ་ཆེན་པོ་ཡང་དག་ཧེ་རུ་ཀར་གསལ་བའི་གཡས་ཀྱི་སོར་མོ་ལྔ་ལ་ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱ༔ལས་རིགས་ཀྱི་ཡབ་ལྔ་དང་། གཡོན་གྱི་སོར་མོ་ལྔ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ལས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔ་ཡབ་ཡུམ་བཅུར་གྱུར་པ་རྣམས་ཀྱིས་ས་མ་ཡཱ་སྟྭཾ། ཞེས་བརྗོད་ཅིང་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་ལ་སྲས་མཆོག་བཛྲ་ཀཱི་ལ་ཡ་སྐུ་སྟོད་ཁྲོ་བོ་མཐིང་ནག་ཕུར་བུ་འདྲིལ་བ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ་ཤིན་ཏུ་རྣོ་བའི་དབལ་དང་ལྡན་པ་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་སྐྱུགས་པ། ཕྱི་ཕུར་བུའི་རྣམ་པ་ཅན་ལ་ནང་དུ་གསང་བའི་བདག་པོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། རྩེ་མོར་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་འོད་དང་མེ་ཡི་ཚ་ཚྭ་འཕྲོ་བ་ཞིག་ཏུ་གྱུར། ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་མཾ། ཞེས་བརྗོད་པས། ཕུར་བུའི་གནས་གསུམ་དུ་ཨོཾ་ཨཱ༔ཧཱུྃ་གསུམ་གསལ་བ་ལས་འོད་ཟེར་འཕྲོས། ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་མ་ལུས་པ་མཆོད་ཅིང་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་ཕུར་པ་ལ་ཐིམ་པས་སྲིད་ཁམས་རྒྱ་མཚོ་དུས་གཅིག་ལ་སྒྲོལ་བར་ནུས་པའི་དབང་ཐོབ་པར་གྱུར་བར་བསམ་ལ། ཧཱུྃ་ཧཱུྃཿ ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡི། །སྲས་མཆོག་བཛྲ་ཀཱི་ལ་ཡ། །བསྒྲིལ་བས་ལྷ་ཡང་སྐྲག་བྱེད་ཅིང་། །ཕྱར་བས་ཁམས་གསུམ་སྔངས་བྱེད་ན། །བཏབ་པས་དགྲ་བགེགས་སྨོས་ཅི་དགོས། །ཡེ་ནས་མ་བྱུང་མ་སྐྱེས་པའི། །ཆོས་ཉིད་དོན་གྱི་སྙིང་པོ་ནི། །གཟུང་འཛིན་མཐའ་བྲལ་དོན་རྟོགས་ཏེ། །ང་བདག་འཛིན་པའི་རྣམ་རྟོག་གིས། །དྲེགས་ཤིང་གཟིར་བའི་རུ་ཏྲ་དེ། །མ་བསྒྲལ་བ་ནི་ཉེས་པ་སྟེ། །ཐབས་དང་ཤེས་རབ་སྙིང་རྗེ་གསུམ། །མཐུན་ཞིང་མཚུངས་ལྡན་སྲས་ཀྱིས་བསྒྲལ། །དམ་པའི་དོན་དེ་མ་རྟོགས་པར། །དངོས་པོར་སྤྱད་པས་འཁོར་བར་ལྟུང་། །མཁས་རྟོགས་ལྡན་པས་སྤྱད་པ་ཡིས། །འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལ། །ཚོགས་གཉིས་རྫོགས་ཏེ་སྐུ་གསུམ་ཐོབ། །དེ་ཕྱིར་སྙིང་རྗེའི་ཡུལ་གྱུར་པའི། །ཞིང་བཅུ་ཚངས་པའི་ལོག་འདྲེན་རྣམས། །གཟུང་འཛིན་བག་ཆགས་རྒྱུན་གཅོད་ཕྱིར། །ཐུགས་རྗེས་ཡེ་ཤེས་ཀློང་དུ་སྒྲོལ། །ཞེས་དང་། ཆོ་ག་ལྷག་ཆད་དུ་མི་འགྲོ་ཕྱིར་ཚོགས་ཐ་མ་བསྒྲལ་བསྟབས་ཀྱང་སྦྱོར་བ་ལེགས་པར་བཤད་པས་འདིར་ཡང་། ཧཱུྃ་ཧཱུྃཿ དུས་གསུམ་སངས་རྒྱས་སྟོང་རྩའི་སྐུ་བསྲུང་བ༔ བདག་ཉིད་གསང་བདག་གཏུམ་པོའི་ཁྲོས་པའི་རྩལ༔ སྤྲུལ་པའི་སྲས་མཆོག་བཛྲ་ཀཱི་ལ་ཡས༔ དགྲ་བགེགས་དུག་ལྔའི་ཕུང་པོ་རྡུལ་དུ་བརླགས༔ རྣམ་ཤེས་རིག་པ་ཆོས་ཀྱི་དབྱིངས་སུ་སྤར༔ ཨཱོྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་བཛྲ་པཱ་ཎི་སརྦ་ཤ་ཏྲུཾ་དགྲ་བགེགས་འབྱུང་པོ་མ་ར་ཡ་ཧཱུྃ་ཕཊ༔ ཅེས་སོ། གཉིས་པ་རྫོང་འཕྲང་སྲོག་གསུམ་གྱི་གནད་དང་ལྡན་པས་བརྟེན་པ་དབྱིངས་སུ་བསྒྲལ་བ་ནི། གསལ་བ་གསུམ་གྱི་ང་རྒྱལ་བརྟན་པོའི་ངང་ནས་དྲག་སྔགས་སོ་ལྔ་པ་ཕུར་སྐོར་དང་སྦྱར་ཏེ། ཕུར་བུ་སྙིང་གར་གདབ་པས་སྲས་མཆོག་གི་འོད་ཟེར་གྱིས་ཁོ་ལ་ལྷན་སྐྱེས་སུ་གནས་པའི་བདུད་བཞི་རང་གཤེད་དུ་བབ་ནས་འཁོར་ལོ་བཞིའི་རྩ་རྣམས་བཅད། གཟུགས་ཕུང་གི་འབྱུང་ལྔའི་དངས་མ་རྣམས་རིམ་བཞིན་དུ་འདུས་ནས་ཡལ། ཁོའི་ཚེ་བསོད་བཀྲག་མདངས་ཐམས་ཅད་ཡི་གེ་ཨའི་རྣམ་པར་བསྡུས་ནས་རང་ལ་བསྟིམ་པས་གཉིས་མེད་བྱང་ཆུབ་ཀྱི་སེམས་སུ་གྱུར་པས་བདག་ཉིད་བཀྲག་མདངས་གཟི་བྱིན་དང་ལྡན་པར་གྱུར་བར་བསམ་པ་ནི་ཚེ་ལུང་དང་། ཀུན་གཞི་ནྲྀ་ཡི་རྣམ་པར་གནས་པ་དེ་ཉིད་ཕུར་རྩེའི་ཧཱུྃ་གིས་བླངས་ཏེ་ཕུར་པའི་ཁོང་སེང་ནས་བརྒྱུད་པས་ལས་ཉོན་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་ལྷག་མེད་དུ་སྦྱངས་ནས་རྣམ་ཤེས་དྭངས་མའི་ཐིག་ལེ་ཧཱུྃ་སྔོན་པོར་གྱུར་པ་རྒྱ་མདུད་ཀྱི་དབུས་ནས་ཐོན་ཏེ། འོག་མིན་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཐིམ་པར་གྱུར་བར་བསམ་པ་ནི་ཁྲུས་ལུང་སྟེ། དམིགས་པ་དེ་དག་དང་ལྡན་པས་སླར་ཡང་། ཧཱུྃ་ཧཱུྃ༔ ཆོས་ཀུན་སྒྱུ་མ་ལྟ་བུ་ལ། །བསྒྲལ་བྱ་སྒྲོལ་བྱེད་བསྒྲལ་བའི་ལས། །ཡང་དག་ཉིད་དུ་མི་དམིགས་ཀྱང་། །ལས་ཉོན་བགས་ཆགས་གཞོམ་པའི་ཕྱིར། །ཀུན་ཁྱབ་ཐུགས་རྗེའི་རང་མདངས་ལས། །ལོག་རྟོག་འཁོར་བར་འཁྱམས་པའི་འགྲོ། །མ་ལུས་དབྱིངས་སུ་སྒྲོལ་བྱེད་པའི། །རང་བྱུང་ཡེ་ཤེས་ཕུར་པ་འདིས། །ཐོག་མར་རྟོག་གོམ་བདག་ཉིད་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །གསལ་བ་གསུམ་ལྡན་ཏིང་འཛིན་གྱིས། །ཐུགས་རྗེའི་ཀློང་ནས་སྤྲུལ་པའི་སྲས། །བསྒྲིལ་ཞིང་གདབ་པས་ཞིང་བཅུ་ཡི། །ཚེ་བསོད་བསྡུས་ཏེ་རང་ལ་བསྟིམ། །ལས་སྒྲིབ་བག་ཆགས་དྲུང་ཕྱུངས་ཤིང་། །འཁོར་བའི་ལམ་ལྔ་སྒོ་བཅད་ནས། །རྣམ་ཤེས་ཧཱུྃ་གིས་བསྡུས་གཏུབ་ཏེ། །བླ་མེད་འོག་མིན་གནས་མཆོག་ཏུ། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །སེམས་དཔའ་དང་ནི་སེམས་མ་དང་། །ཁྲོ་བོ་དང་ནི་ཁྲོ་མོ་རྣམས། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་། །ཞེས་པས་སྐྱེ་མེད་དབྱིངས་སུ་སྤར་ནས། དམིགས་མེད་ཀྱི་ངང་ལ་དར་ཅིག་མཉམ་པར་བཞག་གོ །གསུམ་པ་རྟེན་གཞི་སྙིགས་མའི་ལུས་དབྱིངས་སུ་བསྒྲལ་བ་ནི། གདབ་ཕུར་དམིགས་བྱའི་གནས་སོ་སོར་གདབ་ཅིང་། ཧཱུྃ་ཧཱུྃཿ ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ལོགས་ལ་དྲག་པོའི་ལྷ་བཀོད་དེ། །ཞེ་སྡང་རྡོ་རྗེར་གསལ་བར་གདབ། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །ཆོ་ག་སྔགས་དང་རྫས་ལྡན་པས། །ཆོས་སྐུ་རྡོ་རྗེའང་འཇིག་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རྣོ་མྱུར་ཤུགས་དྲག་ཕུར་པ་འདིས། །ཞིང་བཅུའི་སྤྱི་བོ་མགྲིན་པ་དང་། །སྙིང་ག་ལྟེ་བ་གསང་གནས་ལྔར། །གཟིར་ཅིག་བཛྲ་ཀཱི་ལ་ཡ། །མིག་དང་རྣ་བ་སྣ་དང་ལྕེ། །དོན་ལྔ་སྣོད་དྲུག་ཡན་ལག་ལྔ། །ཤ་རུས་པགས་པ་རྩ་རྒྱུས་ལ། །གཟིར་ཅིག་བཛྲ་ཀཱི་ལ་ཡ། །གཞན་ཡང་མཛའ་བཤེས་གཉེན་འཁོར་དཔུང་། །ཡུལ་མཁར་དབང་ཐང་ལོངས་སྤྱོད་སོགས། །བརྣག་པའི་ཡུལ་དུ་གྱུར་རྣམས་ལ། །གཟིར་ཅིག་བཛྲ་ཀཱི་ལ་ཡ། །ཞེས་བརྗོད་ཅིང་གདབ་པས། ཕུར་བའི་དབལ་སོ་ནས་མེ་དང་མཚོན་ཆའི་ཆར་བབས་པས་ལས་ཉོན་འདུས་པའི་གཟུགས་ཕུང་དེ་ཉིད་དུམ་བུར་གཏུབ་པར་བསམ་མོ། །དགུ་པ་མཚོན་ཆས་བསྒྲལ་བ་ནི། །སྒྲོལ་གྲི་ཐོགས་ལ། ཧཱུྃ་ཧཱུྃཿ གནམ་ལྕགས་རལ་གྲི་གདུག་པའི་དབལ། །རེག་གཅོད་ཡེ་ཤེས་མཚོན་ཆེན་པོས། །ཞིང་བཅུ་ཚངས་བའི་དགྲ་བགེགས་ཀྱི། །ཕུང་ཁམས་སྐྱེ་མཆེད་ལས་ཉོན་སྒྲིབ། །ཐལ་བའི་རྡུལ་བཞིན་བརླག་ནས་ནི། །ལོག་རྟོག་འཁོར་བ་རྒྱུན་བཅད་དེ། །ཐར་མཆོག་གཉུག་མའི་གཏན་སྲིད་ལ། །མངའ་དབང་བསྒྱུར་བའི་མཐུ་ལྡན་ཤོག །རྩ་སྔགས་མཐར། དགྲ་བགེགས་གནོད་བྱེད་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛཿ ནྲྀ་ཏྲི་མ་ར་ཡ་རྦད༔ ཅེས་བརྗོད་ཅིང་། རྣམ་ཤེས་སྤར་ཤུལ་གྱི་ལས་ཉོན་སྒྲིབ་ཚོགས་ཕུང་པོའི་རྣམ་པར་གནས་པ་དེ་ཉིད་ཕྱེ་མར་འཐག་པར་བསམ་ལ་སྒྲོལ་གྲིས་དུམ་བུར་གཏུབ་བོ། བཅུ་པ་གཏུན་དུ་བརྡུང་བ་ནི། ཧཱུྃ་ཧཱུྃཿ སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁར། །ཐབས་མཆོག་བདེ་ཆེན་རྡོ་རྗེ་ཡིས། །ཞིང་བཅུ་བསྒྲལ་བའི་ཤ་ཁྲག་རུས། །བརྡུངས་ཤིག་ཆོམས་ཤིག་རྡུལ་དུ་རློགས། །ཁྲོ་མོ་འབར་བའི་ཧོམ་ཁུང་དུ། །རྡོ་རྗེ་ཐོ་བས་བརྡུང་བྱས་པས། །ལྷ་ཡང་རུང་སྟེ་བརླག་བྱེད་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །རྩ་སྔགས་དང་། ཨཱོྃ་བཛྲ་པདྨ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ་ཧཱུྃ་ཕཊཿ ཅེས་བརྡུངས་པས་ངོ་བོ་ཞིང་བཅུའི་ལས་ཉོན་བག་ཆགས་ཀྱི་ཕུང་པོ་ལ་རྣམ་པ་ཤ་ཁྲག་རུས་གསུམ་གཅིག་ཏུ་འདྲེས་པའི་རྒྱ་མཚོ་ཆེན་པོ་ཟག་མེད་ཀྱི་བདུད་རྩི་དང་གཉིས་སུ་མེད་པ་རྒྱ་ཁྱོན་བསམ་གྱིས་མི་ཁྱབ་པ་ལྷ་ཚོགས་རྣམས་ཀྱི་དགྱེས་པ་སྐོང་བར་བྱེད་པའི་རང་བཞིན་ཅན་དུ་གྱུར་བར་བསམ་མོ། །བཅུ་གཅིག་པ་ཞལ་དུ་བསྟབས་པ་ནི། ཧཱུྃ་ཧཱུྃཿ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག །གསང་བདག་དཀྱིལ་འཁོར་ལྷ་ཚོགས་རྣམས། །གནམ་ས་ཙམ་གྱི་ཞལ་གདངས་ཤིང་། །རི་རབ་ཙམ་གྱི་མཆེ་བ་གཙིགས། །བར་སྣང་ཙམ་གྱི་ལྗགས་རྐྱོངས་ལ། །སྟོང་གསུམ་ཙམ་གྱི་མྱིད་པ་རུ། །ཞིང་བཅུའི་དགྲ་བགེགས་མ་ལུས་པའི། །ཟག་བཅས་ཕུང་པོ་ཁམས་སྐྱེ་མཆེད། །སེམས་དང་སེམས་བྱུང་འཁྲུལ་རྟོག་ཚོགས། །ལས་ཉོན་རྒྱུ་དང་འབྲས་བུར་བཅས། །ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི། །མགུལ་དུ་བསྒྲེང་ངོ་ཨ་ར་ལི། །དབྱིངས་སུ་བསྟིམ་མོ་ས་མ་ཡཱ། །བཞེས་ཤིག་ལྷག་མ་མེད་པར་མཛོད། །ཞེས་དང་ཆད་ལྷག་བསྐང་ཕྱིར་སླར་ཡང་། ཧཱུྃ་ཧཱུྃཿ དགྲ་བགེགས་བསྒྲལ་བའི་ཕུང་པོ་ཚོགས་ཀྱི་རྫས༔ དུག་གསུམ་ཤ་ཁྲག་རུས་པ་མ་ལུས་ཀུན༔ སྐུ་གསུམ་བདག་ཉིད་ལྷ་ཚོགས་ཞལ་དུ་བསྟབས༔ དུག་གསུམ་དབྱིངས་གྲོལ་བདེ་ཆེན་མཆོག་ཐོབ་ཤོག༔ རུ་ཏྲ་ཧ་ལ་པཉྩ་མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཞེས་བརྗོད་ཅིང་བསྟབས་པས། ལྷ་ཚོགས་རྣམས་ཀྱིས་རྐན་སྒྲ་དང་བཅས་ཏེ་གསོལ་བས་མཉེས་ཤིང་ཚིམས་ནས་ཅི་བཅོལ་བའི་ཕྲིན་ལས་མཛད་པར་བསམ་ལ་ལིང་རོ་སྒྲུབ་གཏོར་སོགས་ལ་བྲན་ནོ། །དེ་ནས་ཚོགས་ལ་རོལ་ཅིང་སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་ཤེས་བཞིན་པའི་ངང་ནས་སྤྱོད་ལམ་ལ་འཇུག་པའོ། ། ༧ གསུམ་པ་བཟློག་པའི་ལས་རིམ་ལ་ལྔ་ལས། ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་བཟློག་པའི་ཕྲིན་ལས་བཅོལ་བ་ནི། གཏོར་ཆུང་ལྷ་གྲངས་སོགས་བཤམས་ཤིང་། འགུགས་གཞུག་དང་བྱིན་རླབས་སྤྱི་ལྟར་བྱས་ལ། རོལ་མོའི་སྒྲ་དང་བཅས་ཏེ་འདི་བཞིན་དུ་གྱེར་རོ། །ཧཱུྃ་ཧཱུྃཿ སྐུ་གསུམ་རྒྱལ་བ་མ་ལུས་པའི། །མཐུ་སྟོབས་ཡེ་ཤེས་འདུས་པའི་དཔལ། །གསང་བ་ཀུན་བདག་ཧེ་རུ་ཀཿ བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཏེ། །ཐུགས་རྗེ་ཕྲིན་ལས་དཔག་མེད་པས། །གཉིས་འཛིན་གློ་བུར་འཁྲུལ་སྣང་ཀུན། །སྐྱེ་འགགས་མེད་པའི་དབྱིངས་སུ་ཟློག །ཆོས་ཉིད་འགྱུར་བ་མེད་པའི་ཕྱིར། །སྐུ་མདོག་མཐིང་ནག་རབ་ཏུ་འབར། །ཀུན་རྫོབ་སྣང་ཆའི་ཉེས་ཚོགས་ཀུན། །འཕོ་འགྱུར་མེད་པའི་ངང་དུ་ཟློག །ཉག་གཅིག་ཆོས་གཅིག་མི་གཉིས་ཕྱིར། །ཞལ་གཅིག་ནམ་མཁའི་མདོག་ལྟར་གསལ། །གཉིས་སྣང་དངོས་པོར་ཞེན་པ་རྣམས། །གཉིས་མེད་ཆོས་སྐུའི་ཀློང་དུ་ཟློག །བདེ་སྟོང་ཟུང་དུ་འཇུག་པའི་ཕྱིར། །དཔའ་བོ་ཆེན་པོའི་ཕྱག་གཉིས་ཀྱིས། །ཟག་བཅས་འཕོ་བའི་འཛིན་ཞེན་ཀུན། །ལྷན་སྐྱེས་ཡེ་ཤེས་ཆེན་པོར་ཟློག །ལོག་རྟོག་དྲེགས་པ་འདུལ་བའི་ཕྱིར། །གནམ་ལྕགས་རྡོ་རྗེ་ཕྱར་བ་ཡིས། །གནོད་ཅིང་གདུག་པའི་བསམ་སྦྱོར་ཀུན། །དམིགས་མེད་ཐུགས་རྗེའི་ཀློང་དུ་ཟློག །ཉོན་མོངས་གདོན་ཚོགས་འཆིང་བའི་ཕྱིར། །སྦྲུལ་ཞགས་ཐོགས་པའི་སྡིགས་མཛུབ་ཀྱིས། །མ་རིག་ལས་བྱུང་དགྲ་གདོན་བགེགས། །རང་བྱུང་རིག་པའི་ངང་དུ་ཟློག །ཁམས་གསུམ་མ་ལུས་དབང་སྡུད་ཕྱིར། །གློག་ལྟར་གཡོ་བའི་སྤྱན་གསུམ་གྱིས། །ཁམས་གསུམ་ལ་གནས་རྒྱུ་འབྲས་ཀུན། །སྐུ་གསུམ་དགོངས་པའི་ཀློང་དུ་ཟློག །སྲིད་གསུམ་ཟིལ་གྱིས་གནོན་བྱེད་པའི། །སྨིན་མ་སྨ་ར་ཨག་ཚོམ་འབར། །དུག་གསུམ་ལས་ཉོན་རྣམ་སྨིན་བཅས། །གསང་བ་གསུམ་གྱི་ངང་དུ་ཟློག །བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱིར། །རྣོ་དཀར་མཆེ་བ་བཞི་གཙིགས་པས། །བདུད་བཞིས་གནོད་ཅིང་འཚེ་བ་རྣམས། །ཚད་མེད་རྣམ་བཞིའི་ངང་དུ་ཟློག །རིགས་སྔགས་རྦོད་གཏོང་བཟློག་པའི་ཕྱིར། །གློག་ལྟར་མྱུར་བའི་ལྗགས་འདྲིལ་བས། །དམོད་སྔགས་མཐུ་གཏད་ཧོམ་སྦྱོར་སོགས། །བསམ་བརྗོད་བྲལ་བའི་དབྱིངས་སུ་ཟློག །དྲེགས་ཚོགས་བྲན་དུ་ཁོལ་བའི་ཕྱིར། །ཁམ་ནག་དབུ་སྐྲ་བརྫེས་པ་ཡིས། །དྲེགས་པ་ཡོངས་ཀྱི་གདུག་པའི་སེམས། །དམིགས་པ་མེད་པའི་དབྱིངས་སུ་ཟློག །རིགས་ལྔའི་སངས་རྒྱས་རྫོགས་པའི་ཕྱིར། །ཐོད་སྐམ་ལྔ་ཡིས་དབུ་བརྒྱན་པས། །ཉོན་མོངས་དུག་ལྔའི་རྟོག་སྒྲིབ་ཀུན། །ཡེ་ཤེས་ལྔ་ཡི་ངང་དུ་ཟློག །སེམས་བྱུང་ལྔ་བཅུ་གནས་དག་པའི། །ཐོད་རློན་ཕྲེང་བའི་དོ་ཤལ་གྱིས། །བརྒྱད་ཁྲི་བཞི་སྟོང་རྟོག་པའི་ཚོགས། །གསལ་སྟོང་འཛིན་མེད་ངང་དུ་ཟློག །ལོག་རྟོག་མ་སྤང་གནས་དག་ཕྱིར། །བཀོད་པ་ཐལ་ཆེན་ཚོམ་བུ་ཡིས། །ལོག་པར་ལྟ་བའི་དགྲ་གདོན་བགེགས། །རང་གྲོལ་ཡེ་ཤེས་ཆེན་པོར་ཟློག །ང་རྒྱལ་མ་སྤང་གནས་དག་ཕྱིར། །བྱུག་པ་ཞག་གི་ཟོ་རིས་ཀྱིས། །ང་རྒྱལ་ལས་བྱུང་དགྲ་གདོན་བགེགས། །མཉམ་ཉིད་ཡེ་ཤེས་ཀློང་དུ་ཟློག །འདོད་ཆགས་མ་སྤང་གནས་དག་ཕྱིར། །བྲིས་པ་རཀྟའི་ཐིག་ལེ་ཡིས། །འདོད་ཆགས་ལས་བྱུང་དགྲ་གདོན་བགེགས། །སོར་རྟོག་ཡེ་ཤེས་ཀློང་དུ་ཟློག །གཏི་མུག་མ་སྤང་གནས་དག་པའི། །སྟོད་གཡོག་གླང་ཆེན་ཀོ་རློན་གྱིས། །གཏི་མུག་ལས་བྱུང་དགྲ་གདོན་བགེགས། །ཆོས་དབྱིངས་ཡེ་ཤེས་ཀློང་དུ་ཟློག །ཞེ་སྡང་མ་སྤང་གནས་དག་པའི། །སྨད་དཀྲིས་སྟག་གི་པགས་པ་ཡིས། །ཞེ་སྡང་ལས་བྱུང་དགྲ་གདོན་བགེགས། །མེ་ལོང་ཡེ་ཤེས་ཀློང་དུ་ཟློག །ཕྲག་ཏོག་མ་སྤང་གནས་དག་པའི། །སྐེད་དཀྲིས་ཞིང་ཆེན་གཡང་གཞི་ཡིས། །ཕྲག་ཏོག་ལས་བྱུང་དགྲ་གདོན་བགེགས། །ནན་ཏན་ཡེ་ཤེས་ཀློང་དུ་ཟློག །རྒྱལ་རིགས་ཀླུ་གཉན་འདུལ་བའི་ཕྱིར། །མགུལ་རྒྱན་དུང་སྦྲུལ་དཀར་པོ་ཡིས། །རྒྱལ་རིགས་ས་བདག་ཀླུ་གཉན་གྱི། །གནོད་པའི་བསམ་སྦྱོར་དབྱིངས་སུ་ཟློག །བྲམ་ཟེ་ཀླུ་གཉན་འདུལ་བའི་ཕྱིར། །དབུ་རྒྱན་སྦྲུལ་ཆེན་དབང་མདོག་གིས། །བྲམ་ཟེའི་ས་བདག་ཀླུ་གཉན་གྱི། །གནོད་པའི་བསམ་སྦྱོར་དབྱིངས་སུ་ཟློག །རྗེ་རིགས་ཀླུ་གཉན་འདུལ་བའི་ཕྱིར། །ཕྱག་གདུབ་གསེར་སྦྲུལ་སེར་པོ་ཡིས། །རྗེ་རིགས་ས་བདག་ཀླུ་གཉན་གྱི། །གནོད་པའི་བསམ་སྦྱོར་དབྱིངས་སུ་ཟློག །དམངས་རིགས་ཀླུ་གཉན་འདུལ་བའི་ཕྱིར། །སྐ་རགས་གཡུ་སྦྲུལ་ལྗང་ཀུ་ཡིས། །དམངས་རིགས་ས་བདག་ཀླུ་གཉན་གྱི། །གནོད་པའི་བསམ་སྦྱོར་དབྱིངས་སུ་ཟློག །གདོལ་བའི་ཀླུ་གཉན་འདུལ་བའི་ཕྱིར། །དུག་སྦྲུལ་ནག་པོའི་ཞབས་གདུབ་ཀྱིས། །གདོལ་རིགས་ས་བདག་ཀླུ་གཉན་གྱི། །གནོད་པའི་བསམ་སྦྱོར་དབྱིངས་སུ་ཟློག །མ་ལུས་ཟིལ་གནོན་དབང་སྡུད་ཕྱིར། །ཞབས་གཉིས་བརྐྱང་བསྐུམ་བགྲད་པ་ཡིས། །དྲེགས་པ་ཕོ་མོ་མ་ལུས་པའི། །གནོད་པའི་བསམ་སྦྱོར་དབྱིངས་སུ་ཟློག །གཟའ་ཀླུའི་གདུག་པ་འདུལ་བའི་ཕྱིར། །གཟའ་བརྒྱད་ཀླུ་བརྒྱད་བཏིང་བ་ཡིས། །གཟའ་ཀླུའི་གདུག་པའི་བསམ་སྦྱོར་རྣམས། །དམིགས་མེད་སྟོང་པའི་དབྱིངས་སུ་ཟློག །སྲིད་ཞིའི་ཁམས་ལ་དབང་བསྒྱུར་རྟགས། །པད་ཉིའི་གདན་ལ་བཞུགས་པ་ཡིས། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་ཀུན། །མི་གནས་ཡེ་ཤེས་ཆེན་པོར་ཟློག །ལས་ཉོན་བག་ཆགས་སྲེག་པའི་ཕྱིར། །ཡེ་ཤེས་མེ་དཔུང་ཀློང་བཞུགས་པས། །སྔོན་ལས་འཕྲལ་རྐྱེན་ངན་པའི་ཚོགས། །རང་བཞིན་རྣམ་དག་དབྱིངས་སུ་ཟློག །རྒྱལ་ཀུན་གསང་བའི་མཛོད་འཛིན་རྟགས། །རིགས་བདག་མི་བསྐྱོད་རྒྱལ་པོ་ཡིས། །རྟེན་འབྱུང་སྒྱུ་མའི་འཁྲུལ་སྣང་ཀུན། །བདལ་ཁྱབ་ཀ་དག་ཀློང་དུ་ཟློག །ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་པ། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཡང་དག་དཔལ་ཆེན་ཧེ་རུ་ཀས། །ལོག་རྟོག་རུ་ཏྲའི་དུག་གསུམ་གྱི། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །བླ་མའི་ཐུགས་དང་འགལ་བ་སོགས། །བྱང་ཆུབ་སྒྲུབ་པའི་བར་ཆད་ཟློག །ཡེ་ཤེས་ལྷ་ཡི་བཀའ་ཆད་དང་། །མ་མོ་མཁའ་འགྲོའི་བསུན་མ་ཟློག ། ༧ གསོད་གཅོད་རྐུ་འཕྲོག་འཐབ་རྩོད་སོགས། །སྡང་བ་དགྲ་ཡི་གནོད་པ་ཟློག ཧོར་སོག་མཐའ་བཞིའི་དམག་དཔུང་དང་། །དུས་འཁྲུགས་མཚོན་ཁ་དར་བ་ཟློག །དལ་ཡམས་འགོ་བའི་ནད་རིམ་སོགས། །མི་ལ་ན་ཚ་བྱུང་བ་ཟློག །གློ་གོར་ཧོན་གསུམ་སྐེ་འགགས་སོགས། །ཕྱུག་ལ་གོད་ཁ་བྱུང་བ་ཟློག །བཙའ་སད་སེར་བ་འབུ་སྲིན་སོགས། །མི་འདོད་ལོ་ཉེས་སྣ་ཚོགས་ཟློག །ཐུན་ཟོར་གཏད་མནན་སྦྱིན་སྲེག་སོགས། །བན་བོན་བྱད་ཕུར་རྦོད་གཏོང་ཟློག །ལུང་བསྟན་རྩིས་དང་མོ་ལྟས་པྲ། །རྨི་ལམ་མཚན་མ་ངན་པ་ཟློག །ཉམ་ང་ཁུ་འཕྲིག་བག་གྲང་བའི། །རྟགས་དང་རྟེན་འབྲེལ་ངན་པ་ཟློག །མིག་འཕྲུལ་ཐོག་དང་གཅན་གཟན་སོགས། །སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་ཟློག །ས་གཡོ་ཆུ་ལུད་རི་ཉིལ་སོགས། །འབྱུང་བཞིའི་གཡོ་འཁྲུགས་མ་ལུས་ཟློག །མེ་ཆུ་དུག་མཚོན་ཟ་བྱེད་སོགས། །འཇིགས་དང་དུས་མིན་འཆི་བ་ཟློག །གཞན་ཡང་ཡིད་ལ་མི་འདོད་པའི། །རྐྱེན་དང་བར་གཅོད་མ་ལུས་ཟློག །མདོར་ན་སྔོན་ལས་འཕྲལ་རྐྱེན་གྱིས། །བསྐྱེད་པའི་ནད་གདོན་བར་ཆད་སོགས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན། །སྤྲོས་བྲལ་བློ་འདས་དབྱིངས་སུ་ཟློག ཧཱུྃ་ཧཱུྃཿ ཁྲོ་རྒྱལ་གསང་བའི་བདག་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པ་བྱ་ཁྱུང་རིགས་ལྔ་པོ། །ཀུན་ཀྱང་ཁྲོ་ཆུ་ཞུན་མའི་ལུས། །ལྕགས་ཀྱི་རྭ་དང་མཆུ་སྡེར་ཅན། །མེ་གཤོག་རྡེབ་ཅིང་ཀླུ་རིགས་ཟ། །སྤྱི་གཙུག་རིགས་ལྔའི་ཕྱག་རྒྱས་བརྒྱན། །རལ་གྲིའི་མཇུག་སྒྲོར་མེ་མཚོན་འཕྲོ། །བ་སྤུའི་ཀློང་ནས་ཐོག་སེར་འཁྲིགས། །རང་འདྲའི་ཡང་སྤྲུལ་གྲངས་མེད་འགྱེད། །ཁྱེད་རྣམས་དཔལ་གྱི་བཀའ་ལུང་བཞིན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །སྐུ་སྤྲུལ་བུདྡྷ་ག་རུ་ཡིས། །རྒྱལ་རིགས་ས་བདག་ཀླུ་གཉན་གྱི། །གནོད་ཅིང་གདུག་པའི་བསམ་སྦྱོར་དང་། །གསོད་གཅོད་རྐུ་འཕྲོག་ལོག་གཡེམ་སོགས། །ལུས་ཀྱི་ལས་ཉོན་རྒྱུ་འབྲས་ཀུན། །སྣང་སྟོང་སྐུ་ཡི་ངང་དུ་ཟློག །གསུང་སྤྲུལ་པདྨ་ག་རུ་ཊ། །བྲམ་ཟེ་ས་བདག་ཀླུ་གཉན་གྱི། །གནོད་ཅིང་གདུག་པའི་བསམ་སྦྱོར་དང་། །རྫུན་དང་ཚིག་རྩུབ་ངག་འཁྱལ་དབྱེན། །ངག་གི་ལས་ཉོན་རྒྱུ་འབྲས་ཀུན། །གྲགས་སྟོང་གསུང་གི་དབྱིངས་སུ་ཟློག །ཐུགས་སྤྲུལ་བཛྲ་ག་རུ་ཊ། །དམངས་རིགས་ས་བདག་ཀླུ་གཉན་གྱི། །གནོད་ཅིང་གདུག་པའི་བསམ་སྦྱོར་དང་། །བརྣབ་སེམས་གནོད་སེམས་ལོག་ལྟ་སོགས། །ཡིད་ཀྱི་ལས་ཉོན་རྒྱུ་འབྲས་ཀུན། །གསལ་སྟོང་ཐུགས་ཀྱི་ངང་དུ་ཟློག །ཡོན་ཏན་རཏྣ་ག་རུ་ཊས། །རྗེ་རིགས་ས་བདག་ཀླུ་གཉན་གྱི། །གནོད་ཅིང་གདུག་པའི་བསམ་སྦྱོར་དང་། །བག་མེད་རྣམ་གཡེང་ལེ་སོགས། །ཀུན་གཞིའི་ལས་ཉོན་རྒྱུ་འབྲས་རྣམས། །རིག་སྟོང་ཡོན་ཏན་ཀློང་དུ་ཟློག །ཕྲིན་ལས་ཀརྨ་ག་རུ་ཊས། །གདོལ་རིགས་ས་བདག་ཀླུ་གཉན་གྱི། །གནོད་ཅིང་གདུག་པའི་བསམ་སྦྱོར་དང་། །མཚམས་མེད་ལྔ་དང་དེར་ཉེ་སོགས། །སྒོ་ལྔའི་ལས་ཉོན་རྒྱུ་འབྲས་ཀུན། །བདེ་སྟོང་ཕྲིན་ལས་ཀློང་དུ་ཟློག །ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་ཚོགས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །འོག་གདོན་ཀླུ་གཉན་ས་བདག་དང་། །ས་སྲིན་ས་འདྲེའི་གདུག་རྩུབ་ཟློག །འབྲས་འབྲུམ་མེ་དབལ་དྲེག་གྲུམ་དང་། །རྨ་སྐྲང་ཤུ་ཐོར་གཉན་གཟེར་ཟློག །གག་ལྷོག་གཟེར་གསུམ་ཚད་རིམ་དང་། །མཛེ་རིགས་བཅོ་བརྒྱད་ནད་རྣམས་ཟློག །གསོད་གཅོད་རྐུ་འཕྲོག༴སོགས་ཀུན་ལ་འགྲེས་སོ། །ཧཱུྃ་ཧཱུྃཿ གསང་བདག་ཐུགས་ལས་སྤྲུལ་པའི་སྲས། །དྲེགས་པ་ཀུན་འདུལ་གཏུམ་པོ་བཞི། །ཕྱོགས་མདོག་རང་རྟགས་ཕྱག་རྒྱ་བསྣམས། །ཁྲོ་བོའི་རྒྱན་དང་ཆ་ལུགས་རྫོགས། །སྐུ་ལས་ཁྲོ་མཚོན་མེ་ཁྱུང་འཕྲོ། །སྡེ་བརྒྱད་དྲེགས་ཚོགས་ལས་ལ་འགྱེད། །གཏུམ་དྲག་མཐུ་ལྡན་ཁྲོ་བོའི་རྒྱལ། །ཁྱེད་རྣམས་ཐུགས་དམ་དབྱིངས་ནས་བསྐུལ། །ཁྲོ་རྒྱལ་རྡོ་རྗེ་གཏུམ་པོ་ཡིས། །ལྷ་བདུད་ལས་བྱུང་དགྲ་གདོན་བགེགས། །ཞེ་སྡང་ལས་ཉོན་རྒྱུ་འབྲས་ཀུན། །མེ་ལོང་ལྟ་བུའི་དབྱིངས་སུ་ཟློག ། ཁྲོ་རྒྱལ་རཏྣ་གཏུམ་པོ་ཡིས། །ཕུང་བདུད་ལས་བྱུང་དགྲ་གདོན་བགེགས། །ང་རྒྱལ་ལས་ཉོན་རྒྱུ་འབྲས་ཀུན། །མཉམ་པ་ཉིད་ཀྱི་དབྱིངས་སུ་ཟློག ། ཁྲོ་རྒྱལ་པདྨ་གཏུམ་པོ་ཡིས། །ཉོན་བདུད་ལས་བྱུང་དགྲ་གདོན་བགེགས། །འདོད་ཆགས་ལས་ཉོན་རྒྱུ་འབྲས་ཀུན། །སོ་སོར་རྟོག་པའི་དབྱིངས་སུ་ཟློག ། ཁྲོ་རྒྱལ་ཀརྨ་གཏུམ་པོ་ཡིས། །འཆི་བདུད་ལས་བྱུང་དགྲ་གདོན་བགེགས། །ཕྲག་དོག་ལས་ཉོན་རྒྱུ་འབྲས་ཀུན། །བྱ་བ་གྲུབ་པའི་དབྱིངས་སུ་ཟློག །བདུད་ཚོགས་ཀུན་འདུལ་ཁྲོ་བོ་བཞིས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཕྱོགས་བཞིའི་དགྲ་བགེགས་དམ་སྲི་དང་། །བདུད་བཞིའི་གནོད་པའི་བསམ་སྦྱོར་ཟློག །གསོད་གཅོད་རྐུ་འཕྲོག༴སོགས་ཀུན་ལ་འགྲེས་སོ། །ཧཱུྃ་ཧཱུྃཿ དཔལ་ཆེན་ཕྲིན་ལས་སྤྲུལ་པ་ལས། །རང་བྱུང་ཁྲོ་རྒྱལ་ཆེན་པོ་བཅུ། །མཐིང་ནག་རྡོ་རྗེ་སྡིག་མཛུབ་ཀྱིས། །དགྲ་དཔུང་འཇོམས་ཤིང་བགེགས་ཚོགས་བསྲེགས། །ཡང་སྤྲུལ་ཁྲོ་བོས་སྟོང་ཁམས་འགེངས། །ཧཱུྃ་ཕཊ་རྔམ་པའི་སྒྲ་སྒྲོགས་པས། །སྣང་སྲིད་དབང་བསྡུད་ཟིལ་གྱིས་གནོན། །ཁྱེད་རྣམས་ཐུགས་དམ་གནད་ནས་བསྐུལ། །ཁྲོ་ཆེན་རྣམ་པར་རྒྱལ་བ་ཡིས། །ལྷ་དང་དྲི་ཟ་ལ་སོགས་པའི། །ཤར་ཕྱོགས་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡིས། །གྲུལ་བུམ་འཆི་བདག་གཤིན་རྗེ་སོགས། །ལྷོ་ཕྱོགས་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་ཆེན་རྟ་མགྲིན་རྒྱལ་པོ་ཡིས། །གཉན་དང་ཆུ་བདག་ཀླུ་རིགས་སོགས། །ནུབ་ཕྱོགས་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡིས། །ཟ་བྱེད་ནོར་བདག་གནོད་སྦྱིན་སོགས། །བྱང་ཕྱོགས་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡིས། །རྒྱལ་བཙན་ཐེའུ་རིང་མེ་ལྷ་སོགས། །ཤར་ལྷོའི་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་མི་གཡོ་མགོན་པོ་ཡིས། །དྲང་སྲོང་གཟའ་དང་སྲིན་པོ་སོགས། །ལྷོ་ནུབ་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པས། །བདུད་དང་འབྱུང་པོ་རླུང་ལྷ་སོགས། །ནུབ་བྱང་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱིས། །སྲོག་འཕྲོག་མ་མོ་དབང་བདག་སོགས། །བྱང་ཤར་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་རྒྱལ་ཧཱུྃ་ཆེན་ཀཱ་ར་ཡིས། །མཁའ་སྤྱོད་གཟའ་དང་སྒྱུ་སྐར་སོགས། །སྟེང་ཕྱོགས་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་མཆོག་སྟོབས་ཆེན་རྒྱལ་པོ་ཡིས། །ས་བདག་ཀླུ་གཉན་གཏོད་ལ་སོགས། །འོག་ཕྱོགས་གདོན་དང་དགྲ་བགེགས་ཀྱི། །དྲག་ཤུལ་གདུག་པའི་བསམ་སྦྱོར་ཟློག །ཁྲོ་བཅུ་ཡབ་ཡུམ་སྤྲུལ་པར་བཅས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཕྱོགས་བཅུའི་དགྲ་བགེགས་དམ་སྲི་སོགས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག །གསོད་གཅོད་རྐུ་འཕྲོག༴སོགས་འགྲེས་སོ། ། ཧཱུྃ་ཧཱུྃཿ གསང་བདག་ཐུགས་རྗེའི་རང་རྩལ་ལས། །སྤྲུལ་པའི་སྒོ་སྐྱོང་ཁྲོ་བོ་བཞི། །ཕྱོགས་མདོག་རང་རྟགས་བེ་ཅོན་གཡས། །ལས་བཞི་སྒྲུབ་པའི་ཕྱག་རྒྱ་གཡོན། །རྔམ་བརྗིད་ཁྲོ་བོའི་ཆས་ཀྱིས་བརྒྱན། །འགུགས་འཆིང་སྡོམ་མྱོས་ལས་མཛད་པའི། །སྤྲུལ་པ་སྟོང་གསུམ་ཁྱབ་པར་འགྱེད། །ཁྱེད་རྣམས་ཐུགས་དམ་གནད་ནས་བསྐུལ། །ཁྲོ་ཆེན་ཤེས་རབ་མཐར་བྱེད་ཀྱིས། །ཤར་ཕྱོགས་དགྲ་བགེགས་གནོད་པའི་ཚོགས། །ནད་གདོན་འཇིགས་བརྒྱད་མི་མཐུན་ཕྱོགས། །ཞི་བའི་ཐབས་ཀྱིས་བཟློག་ཏུ་གསོལ། །ཁྲོ་རྒྱལ་གཤིན་རྗེ་མཐར་བྱེད་ཀྱིས། །ལྷོ་ཕྱོགས་དགྲ་དང་བགེགས་ཀྱི་ཚོགས། །ཆོས་སྲིད་འདོད་དོན་སྒྲུབ་པའི་གེགས། །རྒྱས་པའི་ལས་ཀྱིས་བཟློག་ཏུ་གསོལ། །ཁྲོ་རྒྱལ་པདྨ་མཐར་བྱེད་ཀྱིས། །ནུབ་ཕྱོགས་དགྲ་དང་བགེགས་ཀྱི་ཚོགས། །རྣམ་བཞི་དབང་དུ་འདུ་བའི་གེགས། །དབང་གི་ལས་ཀྱིས་བཟློག་ཏུ་གསོལ། །ཁྲོ་རྒྱལ་བགེགས་རྣམས་མཐར་བྱེད་ཀྱིས། །བྱང་ཕྱོགས་དགྲ་དང་བགེགས་ཀྱི་ཚོགས། །ཞིང་བཅུ་ཚང་བའི་ལོག་འདྲེན་རྣམས། །དྲག་པོའི་ལས་ཀྱིས་བཟློག་ཏུ་གསོལ། །བདུད་འདུལ་ཁྲག་འཐུང་སྒོ་བ་བཞིས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །ཐོགས་མེད་ལས་བཞིའི་ཕྲིན་ལས་ཀྱིས། །མི་མཐུན་གནོད་པའི་ཕྱོགས་རྣམས་ཟློག །གསོད་གཅོད་རྐུ་འཕྲོག༴སོགས་འགྲེས་སོ། །ཧཱུྃ་ཧཱུྃཿ གསང་བ་ཀུན་བདག་ཧེ་རུ་ཀའི། །དཀྱིལ་འཁོར་མུ་རན་སྐྱོང་མཛད་པའི། །མ་ཚོགས་དབང་ཕྱུག་ཉེར་བརྒྱད་དང་། །ཚངས་པ་བརྒྱ་བྱིན་རྒྱལ་ཆེན་བཞི། །ཕྱོགས་སྐྱོང་ལྷ་ཀླུ་གནོད་སྦྱིན་དང་། །འཇིགས་བྱེད་གཟའ་དང་སྒྱུ་སྐར་སོགས། །མགུར་ལྷ་དགེ་བསྙེན་བསྟན་མའི་ཚོགས། །སོ་སོའི་བྲན་གཡོག་དཔུང་དང་བཅས། །སྐུ་མདོག་ཕྱག་མཚན་ཅིར་ཡང་བསྒྱུར། །ཀུན་ཀྱང་དཀར་ཕྱོགས་སྐྱོང་ལ་དགྱེས། །སངས་རྒྱས་བསྟན་སྲུང་མཐུ་སྟོབས་ཅན། །ཁྱེད་རྣམས་ཐུགས་དམ་དབྱིངས་ནས་བསྐུལ། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །མ་མོ་འཁྲུགས་པའི་ཆོ་འཕྲུལ་ཟློག །ཆོས་སྐྱོང་སྲུང་མའི་བཀའ་ཆད་དང་། །སྣང་སྲིད་ལྷ་འདྲེའི་གདུག་རྩུབ་ཟློག །གསོད་གཅོད་རྐུ་འཕྲོག༴སོགས་ནས་དབྱིངས་སུ་ཟློག །ཧཱུྃ་ཧཱུྃཿ གསང་བདག་བཀའ་ཡི་སྲུང་མ་ཆེ། །ཡེ་ཤེས་མགོན་པོ་བཀའ་ཉན་བཅས། །སྔགས་སྲུང་ཁྲོ་མོ་རལ་གཅིག་མ། །དུད་སོལ་ལྷ་མོ་སྤྲུལ་འཁོར་བཅས། །གཟའ་མཆོག་ཆེན་པོ་རཱ་ཧུ་ལ། །དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །རྒྱལ་ཆེན་སྐུ་ལྔ་ཡང་ལེ་བེར། །བཙན་རྒོད་རྡོ་རྗེ་དྲག་པོ་རྩལ། །ཁྱེད་རྣམས་སྤྲུལ་པ་ཡང་སྤྲུལ་བཅས། །ཤ་ཁྲག་མཆོད་པ་འདི་བཞེས་ལ། །སྔོན་ཚེ་ཁས་བླངས་དམ་བཅས་ལྟར། །བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་མཛོད། །སྨན་བཙུན་ཚེ་རིང་མཆེད་ལྔ་དང་། །ཚེ་འཛིན་རིགས་བཞི་སྨན་གྱི་ལྷ། །འཛམ་གླིང་མི་ཐུང་ནོར་གྱི་བདག། །རྒྱལ་ཆེན་རྣམ་མང་ཐོས་སྲས་སོགས། །སོ་སོའི་གཡོག་འཁོར་སྤྲུལ་པར་བཅས། །དམ་རྫས་གཏོར་མ་འདི་བཞེས་ལ། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །མཚོ་རྒྱལ་དགོངས་པའི་གསང་མཛོད་སོགས། །ཡང་ཟབ་དག་སྣང་སྐོར་གསུམ་གྱི། །བསྟན་བསྲུང་མ་ལུས་ཁྱེད་རྣམས་ལ། །བཟློག་པའི་ཕྲིན་ལས་བཅོལ་བ་ནི། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །ལྷ་ཡིས་བཀའ་ཆད་འབེབས་པ་ཟློག ། བདུད་ཀྱིས་ཞགས་པ་འདེབས་པ་ཟློག །རྒྱལ་པོས་སྨྱོ་འབོགས་གཏོང་བ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །འཆི་བདག་ཁྲམ་ལ་བཏབ་པ་ཟློག །བཙན་གྱིས་ཇག་པ་རྒྱུག་པ་ཟློག །གནོད་སྦྱིན་རྩིས་ལ་འདེབས་པ་ཟློག །མ་མོས་ཁྲག་ཟོར་འཕེན་པ་ཟློག །གཟའ་ཡིས་དུག་རླངས་གཏོང་བ་ཟློག །ཀླུ་ཡིས་བྱད་དུ་བཅུག་པ་ཟློག །ཐེའུ་རིང་སྲི་ལ་རྐུ་བ་ཟློག །མུ་སྟེགས་ངན་སྔགས་བྱེད་པ་ཟློག །བནྡྷེས་སྔགས་ཟོར་འཕེན་པ་ཟློག །བོན་པོས་སྟྭ་ཟོར་འཕེན་པ་ཟློག །ཞང་ཞུང་བཙོ་ཟོར་འཕེན་པ་ཟློག །སུམ་པའི་གླང་ཟོར་འཕེན་པ་ཟློག །རྒྱ་གར་ཆོས་ཀྱི་མཐུ་བྱེད་ཟློག །རྒྱ་ནག་གཙུག་ལག་ཙང་ཀུན་ཟློག །བོད་ཀྱི་རྦོད་གཏོང་དམོད་མོ་ཟློག །བྲམ་ཟེ་དྲང་སྲོང་དམོད་པ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །གློ་བུར་ཉི་ཁྲི་ཆིག་སྟོང་ཟློག །ཆགས་ཆེ་ཉམ་ང་ཐམས་ཅད་ཟློག །རྒན་སྲི་གཞོན་སྲི་ཆུང་སྲི་ཟློག །ལོ་ཀེགས་ཟླ་ཀེགས་ཞག་ཀེགས་ཟློག །མི་ནད་ཕྱུགས་ནད་ཐམས་ཅད་ཟློག །རིམས་ནད་ཡམས་ནད་ཐམས་ཅད་ཟློག །ཚེ་ལ་བར་ཆད་བྱེད་པ་ཟློག །སྲོག་ལ་ཧུར་ཐུམ་འབྱུང་བ་ཟློག །མདོར་ན་རྣལ་འབྱོར་འཁོར་བཅས་ཀྱི། །འབྱུང་བཞིའི་གཡོ་འཁྲུགས་ཕྱི་ཡི་དགྲ། །ན་ཚ་སྡུག་བསྔལ་ནང་གི་བགེགས། །བར་ཆད་འཁྲུལ་རྟོག་གསང་བའི་གདོན། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཟློག །བཟློག་གོ་བྱད་ཕུར་རྦོད་གཏོང་བཟློག །བསྒྱུར་རོ་ལྟས་ངན་མཚེར་རྩུབ་སྒྱུར། །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབས། །དུས་ལ་བབ་པོ་ས་མ་ཡཱཿ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །རྩ་སྔགས་དང་། ས་མ་ཡཱཿ བྷྱོ་བྷྱོ་བྷྱོཿ བཟློག་བཟློག་བཟློགཿ ཞེས་བརྗོད་པས། རྩ་བ་གསུམ་གྱི་ལྷ་ཚོགས་བཀའ་སྲུང་དང་བཅས་པ་ཐམས་ཅད་རྔམ་ཤིང་ཁྲོས་པའི་ཚུལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་དམིགས་མེད་ཆོས་ཀྱི་དབྱིངས་སུ་བཟློག་པར་བསམ་ལ། བྷྱོ་བཟློག་གི་དྲག་སྔགས་བརྗོད། དུལ་མོ་བརྡབ་ཅིང་། ཞིང་ལྤགས་དང་དར་ནག་གཡབ་པ་སོགས་བྱའོ། །གཉིས་པ་ཡེ་ཤེས་ཁྱུང་གི་བཟློག་པ་བྱ་བ་ནི། ཧཱུྃ་ཧཱུྃཿ ཁྲོ་རྒྱལ་གསང་བའི་བདག་པོ་ཡི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པ་ཡེ་ཤེས་ཁྱུང་ཆེན་ལྔ། །ཡང་སྤྲུལ་ཁྱུང་ཆེན་གྲངས་མེད་བཅས། །བཞེངས་ཤིག་སྐུ་ལྔའི་ཀློང་ནས་བཞེངས། །རོལ་ཅིག་ཤ་ཁྲག་མཆོད་གཏོར་བཞེས། །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །མཛོད་ཅིག་བཟློག་བསྒྱུར་ཕྲིན་ལས་མཛོད། །ཕྱག་ན་རྡོ་རྗེའི་སྤྲུལ་པ་ནི། །ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་ཚོགས། །བཞུགས་པ་འབྱུང་ལྔའི་དབྱིངས་ན་བཞུགས། །ཕྲིན་ལས་སྤྲུལ་པ་ཕྱོགས་བཅུར་འཕྲོས། །དབུ་ལ་རང་རྟགས་ཉི་ཟླས་བརྒྱན། །གཤོག་པས་ནམ་མཁའ་ཁྱབ་པར་མཛད། །རྡོ་རྗེ་རལ་གྲིའི་གཤོག་པ་ལས། །ཁྲོ་ཁྱུང་མེ་མཚོན་ཐོག་སེར་འབེབས། །མཆུ་ནི་གནམ་ལྕགས་རྡོ་རྗེའི་མཆུ། །ས་བདག་ཀླུ་གཉན་འདུལ་ཞིང་ཟ། །གནམ་ལྕགས་ངར་མའི་མཆེ་བ་ཡིས། །གནོད་བྱེད་མ་ལུས་ཚལ་བར་གཤག །ལྕགས་ཀྱི་སྡེར་མོ་བགྲད་པ་ཡིས། །ཀླུ་གཉན་གདུག་པའི་སྙིང་ཁྲག་འབྱིན། །རལ་བ་དྲག་ཏུ་བསིག་པ་ལས། །ཡུལ་གྱི་མ་མོ་བཅུ་གསུམ་འགྱེད། །གཡས་གཤོག་བརྡབ་ཅིང་སྤྲུག་པ་ལས། །ཁྲོ་བོ་ལྔ་བཅུ་རྩ་དྲུག་འཕྲོ། །གཡོན་གཤོག་བརྡབ་ཅིང་སྤྲུག་པ་ལས། །ལྔ་བཅུ་རྩ་དྲུག་མ་མོ་བྱུང་། །མཇུག་སྒྲོ་སྤྲུག་ཅིང་བརྡབ་པ་ལས། །རྒྱལ་མོ་བཞི་དང་གདོང་བཞི་འགྱེད། །ཁྱེད་རྣམས་སྤྲུལ་པ་ཡང་སྤྲུལ་བཅས། །ཤ་ཁྲག་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །འགལ་རྐྱེན་སྤྱི་དང་ཁྱད་པར་དུ། །ནམ་མཁའ་སྨུག་ནག་འཐིབ་པ་དང་། །དྲེད་མོ་རལ་འཛིང་བཟློག་ཏུ་གསོལ། །སེང་གེ་འབྲུག་སྔོན་འཐབ་པ་དང་། །གནམ་ལྕགས་འབར་བ་བཟློག་ཏུ་གསོལ། །གླང་ཆེན་རྦ་ལ་འཕྱོ་བ་དང་། །སྟག་སེང་འཛིང་བ་བཟློག་ཏུ་གསོལ། །གནམ་ས་སྤྲིན་དམར་མཆེད་པ་དང་། །བུད་མེད་རལ་འཛིང་བཟློག་ཏུ་གསོལ། །སྐར་མདའ་ས་ལ་ལྟུང་བ་དང་། །དབྱིག་གི་ནོར་བུ་བཟློག་ཏུ་གསོལ། །རི་རབ་མེ་ཆེན་མཆེད་པ་དང་། །ལྕི་བ་ཟས་སུ་སྤྱོད་པ་ཟློག །རྒྱ་མཚོར་དུག་སྦྲུལ་འཁྱིལ་བ་དང་། །མེ་ཏོག་བཅུད་ཉམས་བཟློག་ཏུ་གསོལ། །མཁའ་ལ་སྟག་མོ་འཕྱོ་བ་དང་། །རྫི་བས་སྤྱོད་པ་བཟློག་ཏུ་གསོལ། །ནམ་མཁར་བྱ་རྒོད་སྡེར་འཛིང་དང་། །གཏེར་གྱི་བཅུད་ཉམས་བཟློག་ཏུ་གསོལ། །གཡུ་ཤ་དཀར་མོ་འཛིང་བ་དང་། །སེང་གེ་ངུ་འབོད་བཟློག་ཏུ་གསོལ། །རྣོ་དབལ་ངར་གྱི་ལྟས་ངན་དང་། །རྨ་བྱ་གཡེང་བ་བཟློག་ཏུ་གསོལ། །གཡུ་སྒོང་སྔོན་པོ་ཡར་བ་དང་། །ལྕགས་ཀྱི་སེར་བ་འབེབས་པ་ཟློག །ཤེལ་སྒོང་སྣོད་དུ་དུག་གཡོས་དང་། །ཟངས་སྒོང་དམར་པོ་འདྲིལ་བ་ཟློག །མི་བཟད་འབར་བ་ཀླད་ལ་བསྐོར། །ཉི་མ་སྤྲིན་གྱིས་འཁྲིགས་པ་ཟློག །འཚུབ་མ་མང་པོའི་སྙིང་རྟགས་དང་། །སེང་གེ་གངས་ནས་ལྟུང་བ་ཟློག །ཤེལ་གྱི་སྒོ་ང་ཡར་བ་དང་། །སྤྲིན་ཆེན་རལ་བའི་རྟགས་བསྟན་ཟློག །བོང་བུའི་བཅུད་ཆེན་ཟག་པ་དང་། །འོད་ཀྱི་ཕྲེང་བ་ཤར་བ་ཟློག །གསེར་སྒོང་ཁྲ་བོ་ཟུར་བསྟན་ཏེ། །ལྕུགས་ཕྲན་ཟོར་བས་འདེབས་པ་ཟློག །ཟོར་བརྒྱད་རྩེ་ལ་སྦུད་པ་ཆགས། །གཟའ་སྐར་འཁྲིགས་པ་བཟློག་ཏུ་གསོལ། །མདོར་ན་མི་མཐུན་ཕྱོགས་རྣམས་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་དང་། ཨཱོྃ་བཛྲ་པཱ་ཎི་ཀརྨ་མ་ཧཱ་པཉྩ་ག་རུ་ཊ་ཧཱུྃ་ཕཊ། སརྦ་དུཥྚན་ས་མ་ཡཱ་བྷྱོ་བྷྱོ་བཟློག་བཟློག །ཅེས་བརྗོད་དོ། །གསུམ་པ་དྲག་པོའི་རྩང་གི་བཟློག་པ་བྱ་བ་ནི། ཧཱུྃ་ཧཱུྃ༔ གསང་བ་ཀུན་བདག་ཧེ་རུ་ཀ །དྲག་པོའི་གཏོར་ཆེན་ལྕགས་རི་ལ། །དམར་ནག་རྩང་ཕུར་ཟུར་གསུམ་པ། །བསྣོལ་ཐབས་སྲིན་མོའི་འགྲོས་སུ་བཙུགས། །མི་མཐུན་བཟློག་པའི་བྱང་བུ་བཀོད། །རྩེ་ལ་ཤ་ཆེན་ལིང་གས་བརྒྱན། །ཁ་ཏོག་ལྔ་ལྡན་སྲད་བུས་དཀྲིས། །ལས་མཁན་ཕོ་ཉའི་སྐུར་བསྒོམ་ཏེ། །ཉོན་མོངས་དགྲ་བགེགས་འདུལ་བའི་ཕྱིར། །བསྐུལ་ཞིང་ལས་ལ་མངག་པའི་ཚེ། །ཡེ་ཤེས་རྩང་གི་ཕུར་བུ་རྣམས། །ཆོས་ཀྱི་དབྱིངས་ནས་ད་བཞེངས་ཤིག །ཐུགས་དམ་བསྐུལ་ལོ་ལས་ལ་བསྐྱོད། །བཟློག་བསྒྱུར་ཕྲིན་ལས་དུས་ལ་བབས། །དགྲ་བགེགས་ཤ་ཁྲག་ཚོགས་སུ་རོལ། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །ཞི་བའི་རྩང་ཕུར་ཟུར་གསུམ་པ། །སྐེད་པ་ཟླུམ་པོ་གཞལ་ཡས་ཁང་། །ཞི་མཛད་ཧེ་རུ་ཀར་བསྒོམ་ནས། །གཏོར་ཆེན་ཤར་ཕྱོགས་ལྕགས་རི་ལ། །བཙུགས་པས་ཐམས་ཅད་ཞི་བར་འགྱུར། །ཐུགས་རྗེ་ཞི་བའི་ཕྲིན་ལས་ཀྱིས། །ཞི་བར་མ་གྱུར་གང་ཡང་མེད། །གནོད་བྱེད་དགྲ་བགེགས་བྱད་མ་ཡི། །རིགས་སྔགས་རྦོད་གཏོང་ཞི་བར་མཛོད། །ནད་གདོན་རྐྱེན་དང་བར་ཆད་ཀུན། །བྱམས་པ་ཚད་མེད་དབྱིངས་སུ་ཟློག །གསེར་རམ་སེར་པོའི་ཤིང་རྣམས་ལ། །རྒྱས་པའི་རྩང་ཕུར་ཟུར་གསུམ་པ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །རྒྱས་མཛད་ཧེ་རུ་ཀར་བསྒོམ་ནས། །གཏོར་ཆེན་ལྷོ་ཕྱོགས་ལྕགས་རི་ལ། །བཙུགས་པས་ཐམས་ཅད་རྒྱས་པར་འགྱུར། །ཐུགས་རྗེ་རྒྱས་པའི་ཕྲིན་ལས་ཀྱིས། །རྒྱས་པར་མ་གྱུར་གང་ཡང་མེད། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །ཚེ་དང་བསོད་ནམས་རྒྱས་པར་མཛོད། །མི་མཐུན་རྐྱེན་དང་བར་ཆད་ཀུན། །སྙིང་རྗེ་ཚད་མེད་ཀློང་དུ་ཟློག །ཟངས་སམ་དམར་པོའི་ཤིང་རྣམས་ལ། །དབང་གི་རྩང་ཕུར་ཟུར་གསུམ་པ། །སྐེད་པ་ཟླ་གམ་གཞལ་ཡས་ཁང་། །དབང་མཛད་ཧེ་རུ་ཀར་བསྒོམ་ནས། །གཏོར་ཆེན་ནུབ་ཕྱོགས་ལྕགས་རི་ལ། །བཙུགས་པས་ཐམས་ཅད་དབང་དུ་བསྡུད། །ཐུགས་རྗེ་དབང་གི་ཕྲིན་ལས་ཀྱིས། །དབང་དུ་མ་འདུས་གང་ཡང་མེད། །རྒྱལ་བློན་རྗེ་འབངས་འབྲུ་བཅུད་དང་། །དམིགས་བྱ་དབང་དུ་འདུ་བར་མཛོད། །མི་མཐུན་རྐྱེན་དང་བར་ཆད་ཀུན། །དགའ་བ་ཚད་མེད་དབྱིངས་སུ་ཟློག །ལྕགས་སམ་གདུག་པའི་ཤིང་རྣམས་ལ། །དྲག་པོའི་རྩང་ཕུར་ཟུར་གསུམ་པ། །སྐེད་པ་ཆོས་འབྱུང་གཞལ་ཡས་ཁང་། །མཐར་མཛད་ཧེ་རུ་ཀར་བསྒོམ་ནས། །གཏོར་ཆེན་བྱང་ཕྱོགས་ལྕགས་རི་ལ། །བཙུགས་པས་དགྲ་བགེགས་བརླག་པར་འགྱུར། །ཐུགས་རྗེ་དྲག་པོའི་ཕྲིན་ལས་ཀྱིས། །བརླག་པར་མ་གྱུར་གང་ཡང་མེད། །སྡིག་ཅན་དགྲ་བགེགས་བྱད་མ་རྣམས། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །མི་མཐུན་རྐྱེན་དང་བར་ཆད་ཀུན། །བཏང་སྙོམས་ཚད་མེད་དབྱིངས་སུ་ཟློག །ཐུགས་རྗེའི་ཀློང་ནས་རང་བྱུང་བ། །འདུལ་བྱེད་དྲག་པོའི་རྩང་ཕུར་འདི། །ཡར་གྱི་རྩེ་མོ་ཟུར་གསུམ་ལྡན། །འོག་མིན་ཆོས་དབྱིངས་ཞིང་དུ་སླེབས། །མ་རིག་ལས་ཉོན་གྱིས་བསྐྱེད་པའི། །དགྲ་གདོན་བགེགས་ཚོགས་དབྱིངས་སུ་ཟློག །མར་གྱི་རྩེ་མོ་དབལ་དང་ལྡན། །ངན་སོང་གསུམ་གྱི་གནས་སུ་ཟུག །གཟུང་འཛིན་འཁྲུལ་བའི་དགྲ་གདོན་བགེགས། །རང་གྲོལ་ཡེ་ཤེས་དབྱིངས་སུ་ཟློག །སྐེད་པ་རྒྱ་མདུད་ཕོ་ཉའི་གྲོང་། །སྟོང་གསུམ་ཀུན་དང་གཉིས་སུ་མེད། །སྡུག་བསྔལ་གསུམ་དང་ཆུ་བོ་བཞི། །བདེ་སྟོང་གཉིས་མེད་ཀློང་དུ་ཟློག །ཟུར་གསུམ་སྐུ་གསུང་ཐུགས་སུ་གྲུབ། །ངོས་ལ་རྩ་གསུམ་ལྷ་ཚོགས་བཞུགས། །དུག་གསུམ་དགྲ་བགེགས་ལོག་འདྲེན་རྣམས། །སྐུ་གསུམ་དགོངས་པའི་ཀློང་དུ་ཟློག །རྩེ་ལ་འདབ་ཆགས་སྣ་ཚོགས་ལྡིང་། །མཁའ་ལྡིང་བྱ་ཡི་ལྟས་ངན་ཟློག །སྐེད་པར་སྟག་སེང་དོམ་དྲེད་ངར། །སྡེར་ཆགས་ཡོངས་ཀྱི་ལྟས་ངན་ཟློག །རྩ་བར་སྦལ་སྦྲུལ་སྡོམ་སྡིག་འཕྱོ། །ཀླུ་དང་དུད་འགྲོའི་ལྟས་ངན་ཟློག །རྩེ་ལ་ཡེ་ཤེས་མེ་དཔུང་འབར། །བསྲེག་པ་ཧོམ་གྱི་ལས་སྦྱོར་ཟློག །སྐེད་པར་རླུང་ནག་འཚུབ་ཤིང་འཁྱིལ། །འབོད་རྦད་གསོད་པའི་ངན་སྔགས་ཟློག །རྩ་བར་དུག་གི་རྒྱ་མཚོ་ཁོལ། །མནན་གཏད་བཅིང་བའི་མཐུ་ནུས་ཟློག །རྩེ་ལ་གློག་འཁྱུག་འབྲུག་སྟོང་ལྡིར། །དྲག་སྔགས་དམོད་པའི་རྦོད་གཏོང་ཟློག །རྐེད་པར་དུག་ཁྲག་སེར་ཆེན་འབེབ། །བྲབ་པ་ཐུན་གྱི་རྦོད་གཏོང་ཟློག །རྩ་བར་གནམ་ལྕགས་ཐོག་རྒོད་འདྲིལ། །འཕེན་པ་ཟོར་གྱི་རྦོད་གཏོང་ཟློག །རྩེ་ལ་ཤ་ཆེན་ལིང་གས་བརྒྱན། །སྡང་བྱེད་དགྲ་ཡི་གནོད་པ་ཟློག །སྐེད་པར་བཟློག་པའི་བྱང་བུས་བརྒྱན། །ལོག་འདྲེན་བགེགས་ཀྱི་གནོད་པ་ཟློག། །རྩ་བར་དུར་འཇིམ་ལྕགས་རིས་བསྐོར། །བར་གཅོད་དམ་སྲིའི་གནོད་པ་ཟློག །གདུག་རྩུབ་ལས་ཀྱི་རྩང་ཕུར་གྱིས། །ཆོ་འཕྲུལ་ཐན་ལྟས་མཁའ་ལ་སྒྱུར། །མི་མཐུན་ཕྱོགས་ཀུན་དབྱིངས་སུ་ཟློག །བཟློག་གོ་བསྒྱུར་རོ་མཱ་ར་ཡ། །དྲག་པོའི་རྩང་གི་དྲྭ་མིག་ནས། །ལས་བྱེད་ཕོ་ཉའི་ཚོགས་འཕྲོས་པས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་ཟློག །བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །གསོན་གྱི་བདུད་དུ་གཡོས་པ་ཟློག །གཤིན་གྱི་དུར་སྲི་ལང་པ་ཟློག །གེགས་དང་ཡེ་འདྲོགས་ཐམས་ཅད་ཟློག །ཆགས་ཆེ་ཉམས་ང་ཐམས་ཅད་ཟློག །བྱད་ཕུར་རྦོད་གཏོང་ཐམས་ཅད་ཟློག །ཆོ་འཕྲུལ་ལྟས་ངན་ཐམས་ཅད་ཟློག །ནད་མཚོན་མུ་གེ་དུས་འཁྲུགས་ཟློག །མི་ཕྱུགས་ནོར་གྱི་གོད་ཁ་ཟློག །དགྲ་གདོན་བགེགས་ཀྱི་བསམ་སྦྱོར་ཟློག །ཧོར་སོགས་མཐའ་བཞིའི་དམག་དཔུང་ཟློག །འཇིགས་དང་སྡུག་བསྔལ་ཐམས་ཅད་ཟློག །རྐྱེན་དང་བར་ཆད་ཐམས་ཅད་ཟློག །མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་སོ། །བཞི་པ་ལྟས་ངན་དམིགས་ཀྱིས་བཟློག་པ་བྱ་བ་ནི། །ཧཱུྃ་ཧཱུྃ༔ ཁྲོ་རྒྱལ་ཁམས་གསུམ་ཧཱུྃ་སྒྲ་ཅན། །སྐུ་ལ་ཟངས་ཁྲབ་འོད་ཀྱིས་མཛེས། །ཕྱག་ན་མདུང་དམར་ཆེམས་སེ་ཆེམས། །བ་དན་རྩེ་གསུམ་གཡབ་མོས་འདེབས། །གཡས་ནས་བསྐོར་བས་ལྷ་སྲིན་སྡུད། །གཡོན་ནས་བསྐོར་བས་ཀླུ་སྲིན་འཇོམས། །ཀླད་ལ་བསྐོར་བས་བདུད་དཔུང་འཇོམས། །སྲོག་ལ་དབང་བྱེད་དྲོད་ལ་ཁྱབ། །ཤ་ཁྲག་མཆོད་པ་འདི་བཞེས་ལ། །ལྟས་ངན་དམིགས་ཀྱིས་བཟློག་ཏུ་གསོལ། །ལྟས་ངན་ཀུན་གྱི་ཕ་སྨོས་པ། །གནམ་གྱི་བྱ་དཀར་མཆེ་བ་ཅན། །ལྟས་ངན་ཀུན་གྱི་མ་སྨོས་པ། །ས་ལ་བྱི་དཀར་གཤོག་པ་ཅན། །དེ་གཉིས་སྲིད་ཅིང་བསྡེབས་པ་ལས། །བྱུང་བའི་ལྟས་ངན་སྣ་ཚོགས་ཟློག །ཉི་ཟླ་ཤི་བ་མ་བདུད་ལྟས། །གནམ་ནས་ལྟས་ངན་བྱུང་བ་ཟློག །བྱ་དང་རྒོད་སོགས་སྲོག་བདག་ཐན། །བར་སྣང་ནས་བྱུང་ལྟས་ངན་ཟློག །དབྱིངས་དང་མཐའ་ཡས་ལྷ་བདུད་ལྟས། །གངས་ནས་བྱུང་བའི་ཐན་ལྟས་ཟློག །ཤ་ལྒོ་སྨན་དང་གཟའ་ཡི་ཐན། །སྤང་ནས་བྱུང་བའི་ཐན་ལྟས་ཟློག །གླ་འུག་བྲག་བཙན་གཉན་གྱི་ཐན། །བྲག་ནས་ཐན་ལྟས་བྱུང་བ་ཟློག། །དོམ་དྲེད་མ་བདུད་གཉན་གྱི་ཐན། །ནགས་ནས་ཐན་ལྟས་བྱུང་བ་ཟློག །འབྲོང་བུ་གཡག་སོགས་དམུ་བདུད་ཐན། །གཡའ་སྔོན་ནས་བྱུང་ཐན་ལྟས་ཟློག །རྒོད་པོ་སྡེར་འཛིང་ལྷ་གཉན་ལྟས། །མཁའ་དབྱིངས་ནས་བྱུང་ཐན་ལྟས་ཟློག །སྦལ་སྦྲུལ་ཉ་སོགས་ཀླུ་གཉན་ལྟས། །རྒྱ་མཚོ་ནས་བྱུང་ཐན་ལྟས་ཟློག །མཛེ་ཤུ་གཡན་པ་ས་བདག་ཐན། །ས་གཞི་ནས་བྱུང་ཐན་ལྟས་ཟློག །སྲིན་བྱ་ཁུས་འདེབས་འདྲེ་མོའི་ཐན། །དུར་དང་འཆད་པའི་ཐན་ལྟས་ཟློག །གོང་སྲེག་གླུ་ལེན་འདྲེ་སྲིན་ཐན། །བྲག་དང་ནགས་ཀྱི་ཐན་ལྟས་ཟློག །ཤ་ཕོ་རུ་འཛིང་གཉན་བདུད་ཐན། །ཕུ་ནས་ཐན་ལྟས་བྱུང་བ་ཟློག །ཉ་མོ་མངལ་འཛིང་ཀླུ་སྲིན་ཐན། །མདའ་ནས་ཐན་ལྟས་བྱུང་བ་ཟློག །ཝ་བརྒྱལ་ཝ་རོ་དུར་སྲིའི་ཐན། །དུར་ནས་བྱུང་བའི་ཐན་ལྟས་ཟློག །དྲུག་གྲུམ་གདོང་གས་གཟི་མིག་སོགས། །རྟ་ལ་བྱུང་བའི་ཐན་ལྟས་ཟློག །མིག་གསུམ་ཡན་ལག་མཚེ་མ་སོགས། །ཕྱུགས་ལ་བྱུང་བའི་ཐན་ལྟས་ཟློག །རོ་རྒལ་སྐེད་འཁོར་ནག་པོ་སོགས། །ལུག་ལ་བྱུང་བའི་ཐན་ལྟས་ཟློག །ཟངས་ལྡན་སྤུ་རྟགས་དམར་པོ་སོགས། །ར་ལ་བྱུང་བའི་ཐན་ལྟས་ཟློག །འཚེ་བ་བྱུང་དང་ཐོ་རེངས་ངུ། །ཁྱི་ལ་བྱུང་བའི་ཐན་ལྟས་ཟློག །སྲོད་ལ་བྱ་ཕོ་འཚེར་བ་སོགས། །རྒྱལ་འགོང་འདྲེ་ཡི་ཐན་ལྟས་ཟློག །བྱ་རོག་འུག་པ་སྡེར་འཛིང་བྱེད། །དམེ་འཁོན་བདུད་ཀྱི་ཐན་ལྟས་ཟློག །གཤིན་རྗེའི་སེང་གེ་ངུ་འབོད་དང་། །འཇའ་འཁྱིལ་ལྷ་ཡི་ཐན་ལྟས་ཟློག །གཅན་གཟན་འཐབ་དང་ནང་དམེ་བྱེད། །སྲིད་པ་མ་མོའི་ལྟས་ངན་ཟློག །ཤ་རྐྱང་བཙན་གྱི་ལྟས་ངན་དང་། །གླ་བ་སྨན་གྱི་ཐན་ལྟས་ཟློག །སྦྲུལ་ནག་འཁྱིལ་བ་ཀླུ་ཡི་ལྟས། །དོམ་ནག་བདུད་ཀྱི་ཐན་ལྟས་ཟློག །བྱ་རྒོད་རྒྱལ་པོའི་ལྟས་ངན་དང་། །ཁྲུང་ཁྲུང་འདྲེ་ཡི་ཐན་ལྟས་ཟློག །འཕར་སྤྱང་སྟག་གཟིག་མི་རྒོད་སོགས། །དགེ་བསྙེན་ཟོ་དོར་ཐན་ལྟས་ཟློག །བྱ་ནག་སྡེར་འཛིང་བྱེད་པ་སོགས། །བདུད་ཀྱི་ཐན་ལྟས་བྱུང་བ་ཟློག །ཁྲ་གསུམ་ཁ་ནས་སྦྲུལ་ཁྱེར་བ། །ཀླུ་དང་རྒྱལ་པོའི་ཆོ་འཕྲུལ་ཟློག །དུར་བྱའི་ཁ་ནས་ཉ་ཁྱེར་བ། །ཀླུ་དང་མ་མོའི་ཆོ་འཕྲུལ་ཟློག །བྱ་གསུམ་སྡེར་འཛིང་བྱེད་པ་སོགས། །ཕུང་སྲི་ལངས་པའི་ལྟས་ངན་ཟློག །རྒོད་བཞི་གཤོག་འཛིང་བྱེད་པ་སོགས། །གནམ་ལྷ་དཀར་པོའི་ལྟས་ངན་ཟློག །རྨ་བྱ་མི་རོ་ཟ་བ་སོགས། །སྲིད་པའི་རྒྱལ་མོའི་ཐན་ལྟས་ཟློག །བྱ་གསུམ་གནམ་ལ་ཤ་འབྲད་པ། །བདུད་ཀྱི་ཕྱག་བརྙན་ལྟས་ངན་ཟློག །འདབ་ཆགས་གཅིག་ལ་གཅིག་ཞོན་པ། །སྲི་ཁ་ལྡང་བའི་ཐན་ལྟས་ཟློག །དོམ་གསུམ་ཁ་ནས་མི་རོ་ཁྱེར། །དབྱིངས་ཀྱི་མ་མོའི་ལྟས་ངན་ཟློག །སྦྲུལ་ནག་ཐུར་དུ་རྒྱུག་པ་སོགས། །ཀླུ་དང་མ་མོའི་ལྟས་ངན་ཟློག །དུར་སར་ཝ་མོ་བརྒྱལ་བ་སོགས། །དུར་སྲི་ཕུང་སྲི་ལྡང་བ་ཟློག །སྲེ་མོང་བྱི་རོ་ཁྱེར་བ་སོགས། །མོ་རྒྱུད་ཆུང་སྲིའི་ཐན་ལྟས་ཟློག །སྤྱང་གསུམ་འོ་དོད་འབོད་པ་སོགས། །རྒྱལ་པོ་བཙན་གྱི་ཆོ་འཕྲུལ་ཟློག ། ཁྱི་སྤྱང་ཁ་ནས་སྙིང་ཁྱེར་བ། །ལྷ་བདུད་ཁྲོས་པའི་ཐན་ལྟས་ཟློག །ཐོ་རེངས་སྒོ་ཁྱི་ངུ་ཟུག་བྱེད། །ཡ་བདུད་ལངས་པའི་ཐན་ལྟས་ཟློག །བྱི་བས་སྐྲ་ལ་ཟ་བ་སོགས། །གནམ་ས་འཁྲུགས་པའི་ལྟས་ངན་ཟློག །ཅང་ཤེས་དྲུག་གྲུམ་ཤེལ་མིག་སོགས། །ཡ་བདུད་རྒྱལ་པོའི་ཐན་ལྟས་ཟློག །དྲེལ་ཕྲུག་བླང་དོར་བྱུང་བ་སོགས། །ཀླུ་བཙན་འཁྲུགས་པའི་ཐན་ལྟས་ཟློག །རྔ་མོང་མི་རོ་ཁུར་བ་སོགས། །ཕུང་གསུམ་ལངས་པའི་ཐན་ལྟས་ཟློག །རྨིག་ཟླུམ་ཕྲུ་གུར་མགོ་བརྙན་བྱུང་། །དགྲ་སྲི་ལངས་པའི་ཐན་ལྟས་ཟློག །དྲེའུའི་སྟེང་དུ་འདབ་ཆགས་ཞོན། །མ་མོ་དམ་སྲིའི་ལྟས་ངན་ཟློག །མི་སྲིད་པ་ཡི་བུ་བྱུང་བ། །གདག་སྲིབ་ལོགས་པའི་ལྟས་ངན་ཟློག །བོང་བུ་སྦྲུལ་གྱི་མཐུར་ཐག་ཅན། །མ་བདུད་ཁྲོས་པའི་ཐན་ལྟས་ཟློག །བོང་དོར་མགོ་གསུམ་བྱུང་བ་སོགས། །མ་ཡམས་བསྟན་མའི་ལྟས་ངན་ཟློག །སྤྲེལ་གསུམ་ལག་ན་ཁྲམ་བམ་ཁྱེར། །ཐེའུ་རིང་སྤུན་གསུམ་ཐན་ལྟས་ཟློག །སྤྲེལ་གསུམ་སྟག་ལ་ཞོན་པ་སོགས། །ཕུང་སྲི་ལངས་པའི་ཐན་ལྟས་ཟློག །འདབ་ཆགས་དྲེད་ལ་ཞོན་པ་སོགས། །རྒྱལ་བློན་བྲན་གསུམ་ལྟས་ངན་ཟློག །སྤྱང་གསུམ་མི་རོ་ཟ་བ་སོགས། །མ་ཡམས་བསྟན་མའི་ཐན་ལྟས་ཟློག །སྦལ་བའི་ལག་ན་སྦྲུལ་ཁྱེར་བ། །ཀླུ་དང་ས་བདག་ཐན་ལྟས་ཟློག །བུད་མེད་འཐབ་ཅིང་རལ་འཛིང་བྱེད། །མ་ཡམས་དམ་སྲིའི་ཐན་ལྟས་ཟློག །དྲེད་མོས་སྐྲ་འབལ་བྲང་བརྡུང་བ། །ལྷ་མོ་བདུད་མོའི་ཐན་ལྟས་ཟློག །ཕོ་མོས་ལྷ་སར་མནོལ་བྱེད་པ། །ལྷ་ཀླུ་འཕངས་པའི་ཐན་ལྟས་ཟློག །མཛོ་ལ་དུར་བྱ་ཞོན་པ་ནི། །བདེ་ཆེན་རྒྱལ་མོའི་ཐན་ལྟས་ཟློག །ནམ་གུང་རྟ་ཕོ་འཚེར་བ་དང་། །སྲོད་ལ་མཛོ་ཕོ་ངུར་བ་ཟློག །ཁང་ཁྱིམ་འུག་པ་རྒོད་པ་དང་། །སྲིན་བྱས་ཉིན་པར་ཀུས་འདེབས་ཟློག །དྲེལ་རྟའི་རྔ་རྔོག་ཆད་པ་དང་། །ཆོན་ཐག་རྟ་རྒྱུག་བྱེད་པ་ཟློག །ཁྱིམ་བྱས་རོ་བྱུང་ཟེར་བ་དང་། །མི་ནག་འོ་དོད་འབོད་པ་ཟློག །སྒོ་ཁྱི་ངུ་ཟུག་བྱེད་པ་དང་། །འོག་རྟ་སྲབ་འགྲོས་བྱེད་པ་ཟློག །མདོར་ན་སྣང་ཞིང་སྲིད་པ་ལ། །མི་རུང་མི་སྲིད་མི་འདོད་པའི། །ཆོ་འཕྲུལ་ཐན་ལྟས་མ་ལུས་ཀུན། །དམིགས་མེད་སྟོང་པའི་དབྱིངས་སུ་ཟློག །བཟློག་གོ་དགྲ་བགེགས་དབྱིངས་སུ་ཟློག །བསྒྱུར་རོ་ཐན་ལྟས་དབྱིངས་སུ་སྒྱུར། །བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད། །དུས་ལ་བབ་པོ་ས་མ་ཡཱ༔ ཞེས་བརྗོད་དོ། ལྔ་པ་ཐུན་གཏོར་འབུལ་བ་ནི། དམར་གཏོར་རཀྟས་བྲན་ཏེ། དགུག་གཞུག་ལན་གསུམ་བྱ་ཞིང་། བདུད་རྩིས་བྲན་ལ། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་བྷཉྫའི་སྣོད་དུ་དམར་གཏོར་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་ནང་ཁྲོལ་གྱི་རྣམ་པ་ལྷུན་པོར་སྤུངས་པ་ངོ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱ༔ཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ནས། རྩ་སྔགས་མཐར། ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ། བཛྲ་པུཥྤེ་དྷུཔྤེ༴སོགས་ནས། ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་སརྦ་པུ་ཙ་ས་མ་ཡཱ་ཁཱ་ཧི་ཁཱ་ཧི། ཞེས་པས་མཆོད་ཅིང་བསྟོད་པ་ནི། ཧཱུྃ་ཧཱུྃཿ རབ་འབྱམས་རྒྱལ་ཀུན་ཕྲིན་ལས་འདུས་པའི་དཔལ། །གསང་བ་ཀུན་བདག་ཁྲོ་རྒྱལ་རྡོ་རྗེ་འཆང་། །གཏུམ་པོ་རིགས་བཞི་ཁྲོ་བཅུ་སྒོ་བར་བཅས། །ཡོངས་རྫོགས་དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧཱུྃ༔ གསང་བདག་ཕྱག་རྡོར་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བྷ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། །ནད་གདོན་ཀུན་གཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་བསྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་ལྟེམ་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །མནན་པའི་སྐབས་ཡིན་ན། ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ལས་མཛོད་ཅིག །ཅེས་དང་། གང་ལྟར་ཡང་། མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་བཟློག་སྔགས་དང་། ཐུན་གཏོར་གཏོར་ཆེན་དུ་འབུལ་ལོ། ། གསུམ་པ་རྗེས་ཀྱི་ལས་རིམ་ནི། ཉིན་སྔ་མ་རྣམས་ལ་ལྷག་གཏོར། ཆད་བརྟན། བྲོ་བརྡུང་། མཆོད་བསྟོད། བཟོད་གསོལ། བརྟན་བཞུགས། བསྡུ་ལྡང་། བསྔོ་སྨོན། ཤིས་བརྗོད་རྣམས་བྱའོ།། ཉིན་རྗེས་མར་ཐུན་གཏོར་ཡན་གྲུབ་ནས། ཟོར་གྱི་ལས་རིམ་ལའང་དྲུག་ལས། དང་པོ་ཕྱི་སྒོ་དབྱེ་བ་ནི། གསེར་སྐྱེམས་བསང་སྦྱངས་བྱིན་གྱིས་བརླབས་ལ། ཧཱུྃ་ཧཱུྃ༔ བདེ་གཤེགས་སྙིང་པོ་གདོད་མའི་དབྱིངས། །ཀུན་ཁྱབ་ལྷུན་གྲུབ་འདུས་མ་བྱས། །འཁོར་འདས་དག་མཉམ་ཆོས་སྐུའི་ཞིང་། །སྐྱེ་འགག་མེད་པའི་གཞལ་ཡས་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མཆོག་གསུམ་བཀའ་གཏེར་བསྲུང་མར་བཅས། །བདུད་རྩི་གསེར་སྐྱེམས་འདི་གསོལ་ལ། །དྲག་པོའི་ལས་ཀྱི་གཟུ་དཔང་མཛོད། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱད། །དགའ་བོ་ལ་སོགས་ཀླུ་ཆེན་བརྒྱད། །ཉི་ཟླ་ལ་སོགས་གཟའ་ཆེན་བརྒྱད། །དབང་པོ་ལ་སོགས་ཕྱོགས་སྐྱོང་བཅུ། །རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ། །རྒྱལ་ཆེན་བཞི་སོགས་དཔལ་མགོན་ཚོགས། །སྣང་སྲིད་ལྷ་སྲིད་སྡེ་བརྒྱད་དང་། །ལོ་ཟླ་ཞག་དུས་ཚེས་ཀྱི་ལྷ། །ས་བདག་གཞི་བདག་གནས་ཀྱི་བདག །དཀར་ཕྱོགས་སྐྱོང་རྣམས་མ་ལུས་ཀུན། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །ཀོ་ལོང་རུ་ང་མ་མཛད་པར། །ཟོར་གྱི་ལམ་ཕྱེས་དམག་དཔུང་བསྐྱེད། །དགྲ་གདོན་བགེགས་ཚོགས་རྡུལ་དུ་རློགས། །སྟེང་འོག་ཕྱོགས་བཅུར་གནས་པ་ཡི། །ལྷ་ཀླུ་གཞི་བདག་དྲེགས་ཚོགས་ཀུན། །དམ་རྫས་གསེར་སྐྱེམས་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་བསྐུམ་ལ། །དམའ་བ་ཐམས་ཅད་དབུ་ཁུག་ཅིག །ཐད་ན་འདུག་པ་སྐུ་ཟུར་ལ། །དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག །གཏོར་ཟོར་གཉན་པོར་འོད་འཕྲོས་ནས། །ཁྱེད་རྣམས་སྐུ་ལ་ཕོག་པར་མཆིས། །དེ་བས་ཐམས་ཅད་སྐུ་བསྐྱོད་ལ། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །རྣལ་འབྱོར་མགོན་དང་གྲོགས་མཛོད་ཅིག །ཞེས་བརྗོད་ཅིང་གསེར་སྐྱེམས་མཆོད། གཉིས་པ་ཟོར་སྒྲུབ་པ་ནི། གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་བཟོད་གསོལ་བྱ། ཁྱུང་སྐུ་དང་ཙཀ་ལི་སོགས་ལས་དབང་བཞི་བླངས། ཨོཾ་བཛྲ་ཨུ་ཊིཥྛཿ ཞེས་པས། གཏོར་ཆེན་གྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་བཏེགས་པའམ། ཙཀ་ལི་སོགས་ལ་བསྟིམ། དམ་ཚིག་པ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ་ནས། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སྐད་ཅིག་གིས་གསང་བདག་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་བསྲུང་དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་བསམ་གྱིས་མི་ཁྱབ་པ་དང་བཅས་པ་ཐམས་ཅད་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན་སྲིད་གསུམ་གང་བ། ནད་མཚོན་དུག་གི་ཆར་བ་འབེབས་པ་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམ་པའི་སྐུར་བཞེངས་པར་གྱུར་བར་བསམ་ཞིང་། ཧཱུྃ་ཧཱུྃཿ ཁྲོ་རྒྱལ་ཡོངས་ཀྱི་སྟོབས་འདུས་པ། །གསང་བདག་ལྷ་ཚོགས་མ་ལུས་དང་། །རྩ་རྒྱུད་བླ་མ་ཡི་དམ་ལྷ། །མཆོག་གསུམ་མཁའ་འགྲོ་ཆོས་སྐྱོང་དགོངས། །ད་དུས་བསྐལ་པའི་ཡང་མཐའ་འདིར། །སངས་རྒྱས་བསྟན་པ་ལྷག་ལ་ཉེ། །དགྲ་གདོན་བུ་ཡུག་རླུང་ལྟར་འཚུབ། །ནད་མཚོན་མུ་གེའི་བསྐལ་པ་དང་། །མཆོག་གསུམ་བསྟན་པའི་དབུ་འཕང་དམའ། །ཆོས་མཛད་རྣལ་འབྱོར་སྐྱབས་མགོན་བྲལ། །ཀྱེ་མ་བསྟན་པའི་གཞུག་གཉེར་འདི། །དབྱིངས་ན་བཞུགས་པའི་རྒྱལ་བ་རྣམས། །ཐུགས་རྗེ་མ་གཡེལ་ཐུགས་བསྐྱེད་དགོངས། །བརྟེན་ཅིང་བསྒྲུབ་པའི་རྩ་བ་གསུམ། །མོས་འདུན་གཏད་པ་སུན་མ་ཕྱུངས། །བསྙེན་སྒྲུབ་བརྩམ་པའི་ཡིད་མ་གཅོད། །མཆོད་གཏོར་ཕུལ་བའི་ཆོས་སྐྱོངས་རྣམས། །གསོལ་མཆོད་བྱས་པ་ཆུད་མ་གསོན། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་རྣམས། །རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་ལྟར། །དམ་ཚིག་ལྡན་པའི་ཕྲིན་ལས་མཛོད། །མངོན་སྤྱོད་དྲག་པོའི་དུས་ལ་བབས། །ཉམས་པའི་བྱད་མ་དགྲ་བགེགས་འདིས། །བླ་མའི་སྐུ་དང་བསྟན་ལ་བསྡོས། །སྡིག་ལྟུང་མི་དགེ་མཚམས་མེད་སྤྱད། །ད་ལྟ་བདག་གི་དགྲ་རུ་ལངས། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར། །རྩ་གསུམ་བསྲུང་མར་མཐུ་མེད་ཟེར། །དེ་ཕྱིར་བསྒྲལ་བའི་ཞིང་བཅུ་འདི། །མཐུ་སྟོབས་དྲག་པོས་མ་བསྒྲལ་ན། །རྗེས་འཇུག་རྣལ་འབྱོར་སུ་ལ་རེ། །སངས་རྒྱས་བསྟན་པ་མི་འཇིག་གམ། །དེ་ཕྱིར་ཐུགས་རྗེའི་ཤུགས་ཕྱུངས་ཤིག །དེ་ཕྱིར་ནུས་པའི་སྟོབས་བསྐྱེད་ཅིག །ཅེས་བརྗོད་ཅིང་བསད་ཟློག་གི་སྔགས་བཟླས་པས་ཟོར་ནུས་ལྡན་དུ་བསྒྲུབ། དམར་གཏོར་ཁྲག་སྐྱེམས་བཅས་བཤམས་ལ། གོང་བཞིན་འགུགས་གཞུག་དང་བྱིན་རླབས་བྱ་ཞིང་། དམག་ལྟོའི་ཚུལ་དུ་ཕུལ་ལ་ཕྲིན་བཅོལ་བྱ། གོང་དུ་ཚོགས་ལྷག་བཙོན་འཛིན་བྱས་ན་མཚམས་འདིར་གཏོང་། གསུམ་པ་ནང་སྒོ་དབྱེ་བ་ནི། གསེར་སྐྱེམས་འབྲུ་གསུམ་གྱིས་སྤེལ་ལ། ཧཱུྃ་ཧཱུྃཿ རང་བྱུང་སྤྲུལ་པའི་སྒོ་བཞི་ནས། །སྤྲུལ་པའི་ཁྲོ་རྒྱལ་སྒོ་བ་བཞི། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཡེ་ཤེས་བཞི་ཡི་སྒོ་ཕྱེས་ཤིག ། རབ་འཇིགས་དྲག་པོའི་དུར་ཁྲོད་ནས། །ལས་བྱེད་ཕོ་ཉ་སྒོ་མའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དྲག་པོ་དཔལ་གྱི་ཟོར་ལམ་ཕྱེས། །བཀའ་གཏེར་སྤྱི་དང་བྱེ་བྲག་གི། །བསྲུང་མ་དམ་ཅན་རྒྱ་མཚོའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དྲག་པོའི་ཟོར་གྱི་དཔུང་ལ་གཤེགས། །སྡེ་བརྒྱད་ལྷ་ཀླུ་དྲེགས་པའི་ཚོགས། །ལས་དང་གྲོགས་ལ་མ་བྱོན་ན། །དྲག་པོའི་ཟོར་གྱི་འོད་འཕྲོས་པས། །ཕོག་ན་རྡུལ་དུ་བརླག་པར་འགྱུར། །དེ་བས་སྔོན་གྱི་དམ་དགོངས་ལ། །གསེར་སྐྱེམས་འདི་བཞེས་ཕྲིན་ལས་མཛོད། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །ཟོར་སྣ་དྲོངས་ལ་དགྲ་བགེགས་སྒྲོལ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །དམ་ཅན་ཆོས་སྐྱོང་སྲུང་མ་རྣམས། ། གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མངོན་སྤྱོད་ལས་ཆེན་བཅུ་གཉིས་ཀྱིས། །དགྲ་གདོན་བགེགས་ཚོགས་མ་ལུས་པའི། །དྲག་ཤུལ་གདུག་པའི་བསམ་སྦྱོར་རྣམས། །ཀུན་བཟང་དགོངས་པའི་ཀློང་ཆེན་པོར། །རྡུལ་དུ་རློག་ཅིང་གཞོམ་པར་མཛོད། །ཅེས་བརྗོད་ཅིང་སྒོ་བཞི་དབྱེའོ། །དེ་ནས་ཟོར་ལམ་འཐེན་ཞིང་། ཟོར་རྣམས་འགྲོ་ཕྱོགས་སུ་དཔག་ལ། སྨན་རཀ་བྲན་ཅིང་ཞུན་ཆེན་གྱི་མར་མེ་དང་། ཚིལ་ཆེན་གྱི་དཔལ་འབར་བཙུགས། བསྐུལ་བ་དང་ཆད་མདོ་བསྒྲགས་ཤིང་ཆད་གཏོར་གཏོར་ཆེན་དུ་འབུལ་ལོ། །བཞི་པ་སྲིན་མོ་ཟ་ལམ་ནི། གཟུགས་སམ་ཞལ་གཏོར་ཟོར་ཀོང་བཅས་བཤམས་ལ། རཀྟ་སྦྲེང་། རྐང་གླིང་འབུད། ཞིང་ལྤགས་བརྡབ་ཅིང་འདི་བཞིན་བྱའོ། །ཧཱུྃ་བྷྱོཿ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན། །འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན། །ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉར་སྟོན། །དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་ལྕམ་སྲིང་ཚུལ། །ཕྱོགས་མཚམས་སྟེང་འོག་དྲེགས་པའི་བཀའ་བསྒྱུར་ནས། །བདག་དང་བསྲུང་བྱ་འཁོར་དང་བཅས་པ་ལ། །སྡེ་བརྒྱད་དྲེགས་པའི་བཀའ་ཆད་ཕོག་ཏ་རེ། །བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག །བསྒྱུར་རོ་རྐྱེན་ངན་བར་ཆད་མ་ལུས་པ། །དམ་ཉམས་སྡང་དགྲ་གནོད་པའི་བགེགས་ལ་བསྒྱུར། །བཟློག་གོ་སྔོན་ལས་འཕྲལ་རྐྱེན་མི་མཐུན་ཕྱོགས། །བསྟན་འགྲོར་གནོད་པའི་ཞིང་བཅུའི་སྟེང་དུ་ཟློག །རྣལ་འབྱོར་བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །ས་མ་ཡཱཿ བྷྱོ་བྷྱོ་བཟློག་བཟློགཿ ཞེས་སོ། ལྔ་པ་ཟོར་འཕེན་པ་ནི། ཟོར་རྣམས་རིམ་བཞིན་ཁྱེར་བའི་ཕྱི་ནས་སྒྲུབ་པ་པོ་རྣམས་ལྟ་སྒོམ་གྱི་གདེངས་དང་ལྡན་པས་རིག་པ་ཧུར་ཕྱུངས་ཏེ། རྩ་སྔགས་དང་། ཨོཾ་བཛྲ་ཙཎྚ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུྃ་ཕཊ། ཅེས་བཟླ་ཞིང་འཕེན་པའི་ས་དེར་སོང་ལ་ཟོར་རྣམས་སྟེགས་ལ་བཀོད། རྒྱས་པར་དཀར་གཏོར་དང་གསེར་སྐྱེམས་མཆོད་ཅིང་རྒྱབ་ཡིག་བསྒྲགས། བསྡུ་ན། ཧཱུྃ་ཧཱུྃཿ ཕྱོགས་མཚམས་སྟེང་འོག་ལ་གནས་པའི། །སྣང་སྲིད་ལྷ་འདྲེ་དྲེགས་པའི་ཚོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །རིག་འཛིན་བདག་གི་བཀའ་ལ་ཉོན། །དམར་ཆེན་དྲག་པོའི་གཏོར་ཟོར་འདི། །དགྲ་གདོན་བགེགས་ཀྱི་སྟེང་དུ་འཕེན། །ཕྱོགས་འདིར་གནས་པའི་གཞི་བདག་རྣམས། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། ། གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཞིང་བཅུ་ཉམས་པ་བདུན་ལྡན་པའི། །དགྲ་གདོན་བགེགས་རྣམས་མ་ལུས་ཀུན། །ལྷག་མེད་རྡུལ་དུ་རློག་པར་མཛོད། །ཅེས་ཕུད་གཏོར་རོ། །འཕེན་པ་དངོས་ནི། །འགུགས་གཞུག་བྱ་ཞིང་དམིགས་བྱ་འབེན་དུ་བཙུགས་ནས། ཧཱུྃ་ཧཱུྃཿ ང་ནི་ཁྲོ་རྒྱལ་ཡོངས་ཀྱི་རྗེ། །ང་ནི་གསང་བ་ཀུན་གྱི་བདག །འཁོར་འདས་སྐྱེ་འགྲོ་ང་ཡི་དབང་། །དྲེགས་པ་མ་ལུས་ང་ཡི་བྲན། །སྤྲུལ་པ་ཡང་སྤྲུལ་ཕོ་ཉའི་ཚོགས། །གྲངས་མེད་ཞིང་གི་རྡུལ་སྙེད་འཕྲོས། །གདུག་ཅིང་སྡང་སེམས་ལྡན་པ་རྣམས། །ལྷ་ཡང་རུང་སྟེ་བརླག་པར་བྱེད། །འཇིག་རྟེན་འདས་དང་མ་འདས་པའི། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཀུན། །རང་རང་ཕོ་ཉའི་དམག་བསྡུས་ལ། །དེ་རིང་དགྲ་བགེགས་སྟེང་དུ་དྲོངས། །རྦད་དོ་བསྐུལ་ལོ་དྲེགས་པའི་ཚོགས། །དྲག་རྩལ་མཐུ་དང་དཔུང་བསྐྱེད་ལ། །མེ་ཆུ་ས་རླུང་རྡོ་ཟོར་མཚོན། །ཁྲག་མདའ་མཚེ་ཡུངས་ནམ་མཁའི་ཟོར། །ཐོག་སེར་བུ་ཡུག་འཚུབ་ལྟ་བུས། །གནོད་ཅིང་འཚེ་བའི་སེམས་ལྡན་པའི། །ཞིང་གྱུར་དགྲ་བགེགས་མ་ལུས་པའི། །གཟུགས་ཕུང་ཐལ་བའི་རྡུལ་བཞིན་ཤིགས། །རྣམ་ཤེས་ཚངས་པའི་ལམ་ནས་དྲོངས། །རིག་པ་སྐྱེ་མེད་དབྱིངས་སུ་སྤོར། །ཚར་གཅོད་དབྱིངས་སྒྲོལ་མངོན་སྤྱོད་ཀྱི། །དུས་ལ་བབ་བོ་མཐུ་རྩལ་བསྐྱེད། །ཅེས་དང་། རྦད་ཐུམ་རི་ལི་ལི། །ཨཱོྃ་བཛྲ་པཱ་ཎི་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཧཱུྃ་ཕཊཿ ཏྲིལ་ཤག་སྲོག་ཁྱེར་བྷྱོ་ཏྲིག་མྱག་ཀ་པ་ཡེ་དགྲ་བགེགས་ཐུན་བྷྱོ་བཟློག ཞེས་བཟླའོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ཏེ་ཚུར་ལོག རྡོ་རྗེའི་གུར་ཁང་གི་ནང་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམ་ལ། བསྲུང་འཁོར་བསྒོམ། རྩ་སྔགས་མཐར་བཟློག་ཤམ་དང་། ཧཱུྃ་ཧཱུྃ་ཧཱུྃཿ བདུད་པྲ་མ་ར་ཡ་རྦད་ནན་ནན༔ སོགས་བདུན་ནམ་ཉེར་གཅིག་བཟླས། སྒོ་དྲུང་དུ་བསྟན་མའི་གཏོར་མ་སྐྱོངས། བྲོ་བརྡུང་བྱ་ཞིང་རྒྱལ་དབྱངས་གྱེར། ནང་དུ་འོང་ནས་ཚེ་འགུགས་བྱ་ཞིང་སྒྲུབ་གཏོར་ལྷར་གསལ་བ་ལ་དབང་བཞི་བླངས། གཏང་རག་མཆོད་བསྟོད་དང་བཟོད་གསོལ་བྱ། ནམ་མཁར་བཏེགས་པའི་ཡེ་ཤེས་པ་རྣམས་གཤེགས་གསོལ་བྱ་བའམ། བྲིས་སྐུ་སོགས་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་རྣམས་རང་ལ་བསྡུ་ཞིང་རྒྱུན་སྤྱོད་བསྔོ་སྨོན་ཤིས་བརྗོད་རྣམས་རིམ་པར་དཀྱུས་བཞིན་བྱ་བ་ཁོ་ནའོ། །འདིར་སྨྲས་པ། གཞན་ཕན་བྱང་སེམས་རྩི་ཡིས་མ་ཐེབས་པའི། །རང་དོན་ལོག་པའི་དྲག་ལས་ངན་འགྲོའི་རྒྱུན། །མི་དགེ་ཕལ་དང་ཐུན་མོང་མིན་ཞེ་ན། །དྲག་པོའི་ཕྲིན་ལས་ཡིན་འདོད་གད་མོའི་གནས། །རང་འདོད་འཁྲི་བ་མེད་པའི་ལྷག་བསམ་གྱིས། །བསྒྲལ་བྱའི་ལས་ཉོན་རྒྱུ་འབྲས་གཞོམ་པའི་བློས། །དྲག་པོའི་ལས་ཀྱིས་འགྲོ་བ་ཀུན་བསྒྲལ་ནས། །ཚོགས་རྫོགས་རྒྱལ་བ་དགྱེས་པའི་ལམ་དུ་འགྱུར། །ཐུགས་རྗེ་ཕྱོགས་རིས་མེད་པའི་རྣལ་འབྱོར་བས། །ཐབས་ཀྱིས་གདུལ་དཀའི་འགྲོ་དོན་མཛད་པ་ལ། །ཚར་གཅོད་དབྱིངས་སྒྲོལ་མངོན་སྤྱོད་ཕྲིན་ལས་ཉིད། །འདྲེན་མཆོག་ལྗགས་ལས་བསྔགས་པ་དང་བཅས་བསྩལ། །རྣམ་དཔྱོད་ལྷ་བུ་གཞོན་ནུས་དོན་གཉེར་གྱིས། །བསྒྲལ་བའི་ལས་རིམ་རྡོ་རྗེའི་མཚོན་འཁོར་འདི། །བཀའ་གཏེར་འཆི་མེད་དབང་པོའི་འདུན་ཁང་ནས། །བླངས་ཏེ་ལེགས་བཤད་གཉིས་འཐུང་སྣ་རྩེར་བཀོད། །འདི་སྦྱར་དགེ་བས་བསྟན་འགྲོའི་ལེགས་ཚོགས་ལ། །བར་གཅོད་རྩོམ་པའི་ལོག་འདྲེན་ལྷ་མིན་དཔུང་། །ཆོས་དབྱིངས་ཀློང་དུ་སྨག་མེད་མཐར་བྱས་ནས། །བསྟན་འཛིན་ལྷ་དབང་སྡེར་བཅས་རྒྱལ་གྱུར་ཅིག ། ཅེས་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་ལུང་རིག་གླིང་པའི་ཟབ་གཏེར་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ། གསང་བདག་གཏུམ་པོའི་ཐུགས་སྒྲུབ་ཀྱི་སྨད་ལས་སྒྲོལ་བ་དྲག་པོའི་ལས་རིམ་ཁྲོ་རྒྱལ་སྟོབས་འདུས་ཞེས་བྱ་བ་འདི་ཡང་། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་གི་རིགས་དབོན་བླ་མ་རིན་པོ་ཆེའི་བཀའ་ལུང་ལྷ་རེག་བཅས་བསྩལ་བ་སྤྱི་བོར་བླངས་ནས་ཟབ་ཆོས་འདི་ཉིད་ལ་དད་པ་ཅུང་ཟད་ཐོབ་པའི་སྤྲུལ་མིང་པ་མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོས་བཀའ་གཏེར་དུ་མ་ནས་བསྡུས་ཏེ་ཁྲིགས་སུ་བསྡེབ་པ་ཡི་གེའི་རིས་སུ་འབེབས་པ་པོ་ནི་གོས་དཀར་འཆང་བ་རྡོ་རྗེ་དཔལ་འཛིན་སྟེ། ཉེས་འགལ་གང་མཆིས་རྩ་བ་གསུམ་ལ་བཤགས་ཤིང་དགེ་བས་བསྟན་འགྲོའི་རྒུད་པ་མཐའ་དག་ལྷག་མེད་དུ་བཅོམ་ནས་གསང་སྔགས་རྡོ་རྗེ་ཐེག་པའི་འོད་སྟོང་ཕྱོགས་ཀུན་ཏུ་རྒྱས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

དབང་ཆོག་རྡོ་རྗེའི་ཕྲེང་བ།

ཧཱུྃཿ གུཧྱཔཱཏིཙནྚཙཱིཏྟསདྷབྷྱཿ ཨབྷིཥིཉྩདྷིཧིབཛྲཱེམལྱནཱམཱསྟིཿ

ཧཱུྃཿ གུཧྱཔཱཏིཙནྚཙཱིཏྟསདྷབྷྱཿ ཨབྷིཥིཉྩདྷིཧིབཛྲཱེམལྱནཱམཱསྟི།

གསང་བདག་གཏུམ་པོའི་ཐུགས་སྒྲུབ་ལས༔ དབང་ཆོག་རྡོ་རྗེའི་ཕྲེང་བ་ཞེས་བྱ་བ་བཞུགས༔

ཐུགས་ཀྱི་ལྷ་མཆོག་ཧེ་རུ་ཀ༔ རྡོ་རྗེ་གཏུམ་པོའི་ཞབས་ལ་འདུད༔ སྐྱེ་རྒུ་ཡོངས་ལ་ཕན་གདགས་པའི༔ རིག་འཛིན་རྒྱལ་པོ་ཨོ་རྒྱན་ངས༔ མངའ་བདག་ནད་ལས་གྲོལ་ཕྱིར་དང་༔ མཚོ་རྒྱལ་བར་ཆད་སེལ་བའི་ཕྱིར༔ ཕྱག་རྡོར་སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ མ་ངེས་སྣ་ཚོགས་དཔག་མེད་བརྩམས༔ ཡང་སྙིང་བུམ་ཐང་བྲག་ལ་སྦས༔ ཟབ་གནད་རྒྱ་བོད་མཚམས་ཀྱི་བྲག༔ རུས་སྦལ་འདྲ་བའི་ཕ་ཝོང་ལ༔ དེ་བཞིན་ལ་ལ་ས་གཏེར་དང་༔ གང་ཟག་དབང་རབ་ཆོས་སྐལ་དུ༔ དགོངས་གཏེར་སྙིང་སྒྲོམ་སྦུབས་སུ་སྦས༔ སྔ་མ་ཕལ་ཆེར་དམ་སེལ་གྱིས༔ བསླད་པ་བྱིན་རླབས་སེལ་དང་བཅས༔ ལ་ལ་བྱིན་རླབས་ཚན་ཆེ་ཡང་༔ བརྒྱུད་པ་རིང་བས་སྒྲུབ་པ་བུལ༔ ད་ལྟའི་ལང་གྲོའི་ཕྲིན་ལས་སྤྲུལ༔ ལྷོ་གཏེར་དབང་བའི་གང་ཟག་དེར༔ བདག་དང་མཚོ་རྒྱལ་བྱིན་བརླབས་ཤིང་༔ ལྷ་སྲས་སྤྲུལ་པས་ལུང་བྱང་སྦྱིན༔ དེ་ཚེ་དེ་ཡི་དག་སྣང་དུ༔ གཏུམ་པོའི་སྒྲུབ་ཐབས་བྱུང་ན་ཡང་༔ སྐལ་ལྡན་སྐྱེས་བུ་མ་གཏོགས་པ༔ ཀུན་ལ་མ་སྟོན་གུ་ཧྱ་རྒྱ༔ ས་མ་ཡཱ༔ རྩ་བ་དབང་ཆོག་ཟབ་མོ་ལ༔ དཀྱིལ་འཁོར་བློ་མཐུན་ལྔ་ཚོམ་དབུས༔ བུམ་པ་ལྷ་ཙཀ་སྐུ་ཡི་རྟེན༔ བདུད་རྩི་བགྲང་ཕྲེང་གསུང་གི་རྟེན༔ མན་ཤེལ་མེ་ལོང་ཐུགས་ཀྱི་རྟེན༔ སྒྲུབ་གཏོར་དཔལ་བཤོས་ཡོན་ཏན་རྟེན༔ སྒྲུབ་ཕུར་ཅོད་པན་ཕྲིན་ལས་རྟེན༔ བཀོད་ལེགས་བཤམས་ནས་གཞུང་བསྲངས་ཏེ༔ བསྙེན་པ་བརྒྱ་སྟོང་བུམ་པ་བསྒྲུབ༔ མཆོད་བསྟོད་འོད་ཞུ་དབང་བཞི་ལེན༔ དེ་ནས་སྐལ་ལྡན་གསུམ་ལྔ་བདུན༔ དམ་ཚིག་ལྡན་པ་མདུན་དུ་འཁོད༔ ལས་བུམ་ཁྲོ་བོ་བདུད་རྩི་འཁྱིལ༔ ལྗང་སེར་ཕྱག་གཡས་རྒྱ་གྲམ་ཕྱར༔ གཡོན་པས་སྡིགས་མཛུབ་ཐུགས་ཀར་གདེངས༔ ཞབས་གཉིས་པད་ཉིའི་གདན་ལ་འགྱིང་༔ ཁྲོ་ཆས་ཡོངས་རྫོགས་ཐུགས་ཀ་རུ༔ ཉི་སྟེང་ཧཱུྃ་མཐིང་སྔགས་གཡོན་འཁོར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་ཧཱུྃ་ཕཊ༔ བརྒྱ་དང་རྩ་བརྒྱད་བཟླས་པའི་མཐར༔ མཆོད་བསྟོད་འོད་ཞུ་བུམ་ཆུར་དམིགས༔ དེ་ནས་སློབ་མ་མདུན་དུ་འཁོད༔ ཁྲུས་བྱས་བགེགས་བསྐྲད་བསྲུང་མཚམས་བྱ༔ ལོ་རྒྱུས་སྤྱི་ཡིས་ཁོག་དབུབ་ནས༔ ཁྱད་པར་ཆོས་འདིའི་བྱུང་ཚུལ་ནི༔ སྔོན་རྒྱལ་བ་ཀུན་གྱི་བྱིན་རླབས་གཅིག་ཏུ་བསྡུས་པ་མགོན་པོ་ཚེ་དཔག་མེད་པ་ནམ་མཁའ་ནས་བྱ་བབས་པ་ལྟར་སྤྲུལ་བ་དང་སྤྲུལ་གཞི་ཐ་མི་དད་པར་ཡི་གེ་ཧྲཱིཿཡིག་དམར་པོའི་རྣམ་པར་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སིནྡྷུ་རྒྱ་མཚོ་རོལ་པའི་ཀློང་དུ་མེ་ཏོག་པདྨ་དམར་པོའི་སྦུབས་སུ་ཞུགས་ནས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉི་མ་ཤར་བ་དང་མཉམ་དུ་སྤྲུལ་པའི་སྐུ་མཚོ་སྐྱེས་རྡོ་རྗེ་ཞེས་བྱ་བར་འཁྲུངས་ནས་རྒྱལ་པོ་ཨིནྡྲ་བྷུ་ཏིའི་སྲས་མེད་པ་ལ་དགོངས་ནས་རྒྱལ་སྲིད་བཟུང་༔ བཙུན་མོ་ཁབ་ཏུ་བཞེས་ཤིང་རོལ་རྩེད་མཛད་པ་ན༔ རེ་ཞིག་དུར་ཁྲོད་རུས་པའི་རྒྱན་དང་བཅས་ཏེ་དྲག་པོའི་བརྟུལ་ཞུགས་མཛད་ནས་བདུད་ཀྱི་བློན་པོ་ཕུང་བྱེད་ནག་པོའི་དབང་རབ་ཐོབ་པ་ཞེས་པའི་སྲས་མོ་དང་ཆུང་མ་ལ་ཁ་ཊཱཾ་འཕངས་པའི་རྐྱེན་གྱིས་གཉིས་ཀ་བསད་པས་རྒྱལ་ཁྲིམས་ལ་གནོད་པ་བསྐྱལ་ལོ་ཞེས་གྲོང་ཁྱེར་ཀུན་ཏུ་དྲིལ་བསྒྲགས་ནས་གསོད་པ་དང་སྤྱུགས་པ་འདམ་ཀ་ཅན་དུ་བྱས་པ་ལ༔ རྒྱལ་སྲས་རང་ཉིད་ཀྱང་འགྲོ་དོན་དུས་ལ་བབས་པ་དང་འཁོར་བ་ལ་སྐྱོ་བའི་ཚུལ་མཛད་ཅིང་ཕྱོགས་ངེས་མེད་དུ་སྤྱུགས་པ་ལེགས་སོ་ཞེས་གསུངས་པའི་ཚེ༔ དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་མི་མ་ཡིན་གྱིས་གསོན་པོར་ཟ་བའི་གནས་དེར་སྤྱུགས༔ བམ་རོ་ལ་བརྟེན་ནས་གཙང་རྨེ་གཉིས་འཛིན་དང་བྲལ་བས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ཁྲོ་བོ་བདེ་གཤེགས་འདུས་པའི་བམ་གྱི་སྒྲུབ་པ་མཛད༔ ཞིང་སྐྱོང་གི་མཁའ་འགྲོ་ཐམས་ཅད་བྲན་དུ་ཁོལ་ནས་དབང་དུ་བསྡུས༔ གཞན་ཡང་སོ་ས་གླིང་དང་ཧེ་ཆེན་བརྡལ་བ་ལ་སོགས་པའི་དུར་ཁྲོད་བརྒྱད་དུ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་སྒྲུབ་པའི་ཚུལ་བསྟན༔ བྲག་ཕུག་མཱ་ར་ཏི་ཀར་མགོན་པོ་ཚེ་དཔག་མེད་པར་ཚེ་ཡི་དངོས་གྲུབ་ཞུ་བའི་རྟེན་དུ་ཟ་ཧོར་གྱི་སྲས་མོ་མནྡྷ་ར་བ་གསང་བ་ཡེ་ཤེས་ཀྱི་སྒྲུབ་རྟེན་མཛད་པ་ན་གཞི་དང་སྤྲུལ་བ་ཐ་མི་དད་པར་གྱུར་ཏེ་ཞིང་ཁམས་རྡུལ་སྙེད་ཀྱི་གྲངས་མཉམ་པར་ཚེ་ཡི་རིག་པ་འཛིན་པ་རེ་རེའི་སྐུར་བཞེངས་ནས༔ རྒྱ་གར་དང་བོད་ཡུལ་གྱི་ལྷ་སྲིན་གདུག་པ་ཅན་མང་པོ་དམ་ལ་བཏགས་ནས༔ བོད་དུ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་མཆོད་གནས་སུ་བྱོན་ནས་བསམ་ཡས་སོགས་མཐའ་དབུས་ཀྱི་གཙུག་ལག་ཁང་དུ་མ་བཞེངས་ཤིང་༔ ཐུགས་ཀྱི་གཟུངས་མ་ཇོ་མོ་མཚོ་རྒྱལ་དང་༔ རླངས་ལྷ་རིགས་དཔལ་གྱི་སེང་གེ༔ གནུབས་ཀྱི་མཁས་པ་ནམ་མཁའི་སྙིང་པོ༔ ལང་གྲོ་ལོ་ཙཱ་བ་སོགས་སྐལ་བ་དང་ལྡན་པའི་གང་ཟག་མང་པོ་ལ་གདམས་པ་ཟབ་མོ་དཔག་ཏུ་མེད་པ་གནང་བའི་སྐབས་ཤིག༔ མངའ་བདག་གིས་ཀླུ་ལ་གྲོགས་པོ་བཅོལ་བའི་རྐྱེན་གྱིས་མཛེ་ནད་ཀྱིས་བསྙུན་ཚུལ་བསྟན་པའི་སྐབས་སུ༔ མངའ་བདག་ཉིད་བཙུན་མོ་མཁར་ཆེན་བཟའ་སྐུ་སྲུང་གི་ཚུལ་རྒྱུན་དུ་བཞུགས་པས༔ དཔལ་གྱི་སེང་གེ་སོགས་རྗེ་བཙུན་བློན་འབངས་མང་པོས་མགྲིན་གཅིག་ཏུ་སློབ་དཔོན་ལ་རཏྣའི་མཎྜལ་དང་བཅས་ཏེ་ཞུས་པ༔ ཀྱེ་མ་ཡབ་གཅིག་གུ་རུ་རིན་པོ་ཆེ༔ དུས་གསུམ་རྒྱལ་བ་ཀུན་ལས་སྐུ་དྲིན་ཅན༔ དེང་དུས་བདག་ཅག་ལས་སྐལ་ལྡན་པ་ཡིས༔ སངས་རྒྱས་ཀུན་དངོས་ཁྱེད་འདྲས་རྗེས་བཟུང་ཀྱང་༔ སྔོན་ལས་དྲག་པོས་འགའ་ཞིག་གཟའ་ཀླུ་ཡིས༔ སྲོག་ལ་ཉེན་པའི་ནད་ཀྱིས་གདུང་གྱུར་ན༔ འདི་ལས་སྐྱོབས་པའི་གདམས་པ་ཡོད་དམ་མེད༔ གལ་ཏེ་འདུག་ན་མྱུར་དུ་བསྩལ་དུ་གསོལ༔ ཞེས་ཞུས་པ་དང་༔ ཨོ་རྒྱན་ཆེན་པོ་ཉིད་སྐྱེས་བུའི་ལག་པ་བརྐྱང་བསྐུམ་གྱི་ཡུན་མ་འགྱང་བར་ཕོ་བྲང་ལྕང་ལོ་ཅན་དུ་གཤེགས་ནས་དེའི་བར་དུ་ཏིང་ངེ་འཛིན་ལ་བཞུགས་པའི་ཚུལ་མཛད་ནས་དཔལ་གསང་བའི་བདག་པོ་ལ་མི་དང་མི་གཏམ་ལབ་པའི་ཚུལ་གྱིས་རྒྱུད་དང་སྨིན་གྲོལ་དུག་སྦྱོང་སྲུང་ཟློག་གི་ཐབས་མཐའ་ཡས་པ་གསན་ནས་སླར་བཀའ་བསྩལ་པ༔ ཀྱེ་ཧོ༔ གསོན་དང་མངའ་བདག་མཚོ་རྒྱལ་དཔལ་སེང་སོགས༔ གཟའ་ཀླུ་རྒྱལ་པོ་ལ་སོགས་སྡེ་བརྒྱད་ཀྱི༔ སྲོག་སྙིང་དམར་འབྱིན་སྲུང་བ་རྡོ་རྗེའི་མཁར༔ ཟློག་བྱེད་སྟོབས་ལྡན་གནམ་ལྕགས་འཕྲུལ་འཁོར་བཞིན༔ ཁྱད་པར་འཕགས་པའི་གསང་བདག་སྒྲུབ་ཐབས་ནི༔ མཐུ་ཆེན་ཕྱག་ན་རྡོ་རྗེའི་ཐུགས་བཅུད་ཕྱུང་༔ གསང་བདག་གོས་སྔོན་ཀླུ་འདུལ་རྒྱུད་དོན་བསྡུས༔ ཁྱོད་ཅག་རྣམས་ལ་སྒྲུབ་ཐབས་བརྒྱ་རྩ་བརྒྱད༔ ཁྱད་པར་འཕགས་པའི་ཐུགས་སྒྲུབ་ལྔ་དང་བཅས༔ རང་རང་སོ་སོར་སྨིན་གྲོལ་གཏད་རྒྱ་འདེབས༔ སྤྲུལ་པའི་གང་ཟག་རེ་རེ་དང་འཕྲད་ནས༔ དུས་བབས་འགྲོ་དོན་ཕ་མཐའ་ཡས་པར་ཤོག༔ ཁྱད་པར་མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་བ་ནི༔ མ་ངེས་སྣ་ཚོགས་ཉི་ཟེར་རྡུལ་བཞིན་དུ༔ སྣ་ཚོགས་གཟུགས་ཀྱིས་འགྲོ་མང་དོན་བྱེད་འགྱུར༔ མ་འོངས་སུམ་ཅུ་ཁ་རལ་དུས་དེ་རུ༔ དམངས་རིགས་ཐ་ཤལ་བྱིས་པའི་ཚུལ་འཆང་བ༔ ཤིན་ཏུ་བློ་མྱུར་འཇམ་རྩུབ་མཐར་མ་ངེས༔ ལས་ཀྱི་རིགས་འཆང་དཔལ་ལམ་ཀརྨའི་མིང་༔ དག་སྣང་ཆོས་ཀྱི་གཏེར་ཁ་བརྡོལ་བའི་དུས༔ ད་ལྟའི་ཐུགས་སྒྲུབ་དཔའ་བོ་གཅིག་པ་འམ༔ ཡང་ན་ཚོམ་བུ་ཁྱུང་གི་སྒྲུབ་ཐབས་བཅས༔ ང་སྤྲུལ་སྐྱེས་བུ་ཞིག་གིས་བསྐུལ་བའི་ཚེ༔ ཐེ་ཚོམ་མི་དགོས་དབྱིངས་རིག་སྒྲོམ་ནས་ཐོན༔ ཞུམ་པ་སྤོངས་ལ་འགྲོ་མང་དོན་དུ་སྤེལ༔ དེ་ཉིད་ཉམས་སུ་ལེན་པའི་སྐལ་ལྡན་ལ༔ པདྨ་ང་ཡིས་བྱིན་རླབས་ཆར་རྒྱུན་འབེབས༔ གསང་བདག་དཔའ་བོས་རྗེས་འཛིན་ལུང་སྟོན་ཅིང་༔ གནོད་བྱེད་གཟའ་ཀླུ་དྲེགས་པའི་ཁ་གནོན་ཅིང་༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་ངེས་སོ༔ ཞེས་གསུངས་པ་དེ་ལྟ་བུའི་གདམས་པ་ཟབ་མོ་འདི་ཉིད་སོགས༔ མཎྜལ་ཕུལ་རྗེས་གསོལ་འདེབས་ནི༔ ཀྱེ་བླ་མ་དཔལ་ལྡན་གསང་བའི་བདག༔ རྒྱལ་ཀུན་ཐུགས་སྒྲུབ་གཏུམ་པོའི་ལྷ༔ ཐུགས་རྗེས་ཉེ་བར་འགོ་བའི་ཕྱིར༔ དབང་གི་རིམ་པ་བསྩལ་དུ་གསོལ༔ ཅེས་པའི་གསོལ་འདེབས་ལན་གསུམ་མཐར༔ མདུན་མཁར་མཐུ་ཆེན་ཕྱག་རྡོར་ལྷ༔ འཁོར་བཅས་སྐྱབས་ཀྱི་ཡུལ་དུ་དམིགས༔ སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བཅུ༔ སྔོན་དུ་བཏང་རྗེས་སློབ་མ་ཡི༔ གདོང་གཡོགས་རིགས་བརྟགས་མེ་ཏོག་གཏད༔ དངོས་གཞིར་དམ་ཆུ་བླུད་པ་ནི༔ ནང་མཆོད་བསྲེས་པ་ངག་ཏུ་བླུད༔ ཧཱུྃ་ཧཱུྃ༔ རྩ་གསུམ་སྤྱན་སྔར་དམ་བཅས་པ༔ ཉམས་ན་མནར་མེད་མེ་ཡིས་ཚིག༔ རྟག་ཏུ་བསྲུང་ན་བདུད་རྩིའི་ཆུ༔ ཡེ་ཤེས་སེམས་དཔའི་སྐུར་གྱུར་ནས༔ འདི་ཕྱིའི་ལེགས་ཚོགས་འགྲུབ་འགྱུར་བས༔ དེ་བས་དམ་ཆུ་འདི་འཐུངས་ཤིག༔ བཛྲ་ས་མ་ཡཱ་ན་ར་ཀན༔ དེ་ནས་སློབ་མས་བླ་མར་དྲི་བ་ཞུ༔ ཀྱེ་བླ་མ་གསང་བདག་འགྲོ་བའི་མགོན༔ རྩ་བ་གསུམ་གྱི་དམ་ཚིག་ལ༔ བསྲུང་ཚུལ་མ་ལུས་ཇི་ལྟར་བསྲུང་༔ ཉམས་ན་གསོ་བའི་ཐབས་ཡོད་དམ༔ དེ་ནས་རྡོ་རྗེ་བླ་མས་ལན་འདི་གདབ༔ ཀྱེ་དམ་ཚིག་བསྲུང་ཡུལ་བླ་མ་དེ༔ རང་གི་མིག་བཞིན་འཚོ་ཤེས་བྱ༔ ཡི་དམ་ཁོག་པའི་སྙིང་ལྟར་སྒོམས༔ བཟླས་བརྗོད་འབྲལ་མེད་རྒྱུན་ཏུ་ཟློས༔ མཁའ་འགྲོ་ཆོས་སྐྱོང་ལུས་གྲིབ་བཞིན༔ རྟག་ཏུ་མི་འབྲལ་དམ་བཅའ་མཛོད༔ དངོས་གཞི་བྱིན་དབབས་དམིགས་པ་འབོག༔ སྤྱན་འདྲེན་སྔགས་རོལ་སྤོས་དུད་གཏོང་༔ ཏིཥྛའི་སྔགས་ཀྱིས་བརྟན་པར་བྱ༔ རིགས་བརྟགས་མེ་ཏོག་འཐོར་བྱས་ཏེ༔ འབུལ་བའི་ཚིག་འདིས་རྗེས་ཟློས་བྱ༔ ཀྱེ་བླ་མ་རིག་འཛིན་འགྲོ་བའི་མགོན༔ ཚེ་རབས་སྔོན་ནས་འབྲེལ་བའི་ལྷ༔ ཡི་དམ་ལྷག་པའི་ལྷ་མཆོག་ལ༔ བདག་གི་རིག་པའི་མེ་ཏོག་འབུལ༔ དགྱེས་པ་ཆེན་པོས་བཞེས་སུ་གསོལ༔ པུཥྤེ་པྲ་ཏིཙྪ་པཱུ་ཛ་ཧོ༔ རིགས་དང་མཐུན་པའི་གསང་མཚན་ནི༔ རྡོ་རྗེ་འདུས་པ་རྩལ་དུ་བཏགས༔ དེ་བཞིན་ཕྱོགས་བཞིར་བཞད་པ་རྩལ༔ ལྷག་པའི་ལྷ་ཡིས་མེ་ཏོག་དེ༔ དབང་རྟགས་ཚུལ་དུ་སྦྱིན་པར་བསམ༔ དེ་ནས་གདོང་གཡོགས་བསལ་བ་ནི༔ ཧོ༔ ཁྱོད་ཀྱི་མ་རིག་ལྡོངས་པའི་མིག༔ རིག་པའི་གསེར་ཐུར་གྱིས་བསལ་བས༔ དཀྱིལ་འཁོར་ལྷ་ཞལ་མཐོང་ནས་ཀྱང་༔ ཡེ་ཤེས་རང་གནས་ཐོབ་པར་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་དཀྱིལ་འཁོར་གྱི་དག་པ་བཤད་ཕྱིར་བླ་མས་ཕྱག་ཤིང་རྡོ་རྗེའི་ཡུ་བ་དང་ཐོད་པའི་ཏོག་གིས་མཚན་པ་བསྣམས་ཏེ༔ ཀྱེ༔ ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་གསོན་ཅིག༔ དཀྱིལ་འཁོར་རྣམ་པ་གསུམ་ཡོད་དེ༔ ཕྱི་རྡུལ་ཚོན་དང་རིས་སུ་བྲིས་པ་དང་ཚོམ་བུའི་དཀྱིལ་འཁོར༔ ནང་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར༔ གསང་བ་རིག་པ་འདུ་འབྲལ་མེད་པའི་རང་གདངས་ཀུན་གཞི་རྣམ་ཤེས་ཚོགས་བརྒྱད་དུག་ལྔ་ཕྲ་བའི་རྟོག་པ་དང་བཅས་པ་ཡིན་ཏེ༔ དེ་ཡང་ཕྱི་ལྟར་དང་ནང་ལྟར༔ གསང་བ་ལྟར་དུ་བཤད་པ་མང་ཡང་༔ མདོར་ན་རང་གི་ལུས་གྲུ་བཞི་འདོམ་གང་དུ་ཡོད་པ་ནི་གཞལ་ཡས་ཁང་པ་ཡིན་ལ༔ དེར་བརྟེན་པའི་རིག་པ་ཡེ་ཤེས་ནི་གསང་བདག་རྡོ་རྗེ་གཏུམ་པོ༔ རིག་རྩལ་ཡེ་ཤེས་ལྔའི་རོལ་བ་དུག་ལྔར་སྣང་བ་ནི་བྱ་ཁྱུང་རིགས་ལྔ༔ དགེ་མི་དགེའི་ལས་བཅུར་སྣང་བ་ནི་ཁྲོ་བོ་བཅུ༔ གཞན་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་དཀྱིལ་འཁོར་གྱི་རྟེན་དང་བརྟེན་པར་བཅས་པ་ཡིན་པས་ཅིར་སྣང་ལྷག་པའི་ལྷའི་དཀྱིལ་འཁོར་གསུམ་དང་འབྲལ་མེད་དུ་མཛོད་ཅིག༔ དེ་ནས་མཎྜལ་ཕུལ་བའི་རྗེས༔ བུམ་དབང་གསོལ་བ་འདི་བཞིན་གདབ༔ ཀྱཻ་སྤྲུལ་པའི་སྐུ་ཡི་ངོ་བོ་ཉིད༔ བླ་མ་སྐྱབས་གསུམ་ཀུན་འདུས་པས༔ སྐུ་ཡི་དབང་མཆོག་བསྩལ་ནས་ཀྱང་༔ ལུས་སྒྲིབ་དག་པར་མཛད་དུ་གསོལ༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ་ཧཱུྃ༔ སྣང་བ་ཀུན་བརྟགས་བུམ་པ་རུ༔ སྟོང་གསལ་གཞན་དབང་ལྷ་ཡི་བཅུད༔ ཡོངས་གྲུབ་ཆོས་དབྱིངས་བདུད་རྩི་ཡི༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ བསྐྱེད་རིམ་མཐར་ཕྱིན་གསང་བདག་གི༔ གསང་བ་གསུམ་དང་དབྱེར་མེད་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ལྷ་དབང་བསྐུར་བ་ལ༔ ཐོག་མར་གཙོ་བོའི་སྐུ་ཐོགས་ཏེ༔ ཧཱུྃ་ཧཱུྃ༔ རྒྱལ་ཀུན་ཐུགས་གསང་རྡོ་རྗེའི་དབྱིངས༔ གསང་བདག་རྡོ་རྗེ་གཏུམ་པོ་ཡི༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མ་རིག་གཟུང་འཛིན་དབྱིངས་གྲོལ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཏུམ་པོ་བཞིའི་ཐོག་མར་ཤར་གྱི་རྡོ་རྗེ་གཏུམ་པོའི་སྐུ་ཐོགས་ཏེ༔ ཧཱུྃ༔ ཞེ་སྡང་རྟོག་པ་གནས་དག་ནས༔ མེ་ལོང་ཡེ་ཤེས་མངོན་གྱུར་མཐུས༔ ནད་གདོན་སྡིག་སྒྲིབ་ཞི་མཛད་པ༔ རྡོ་རྗེ་གཏུམ་པོའི་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཡི་རཏྣ་གཏུམ་པོའི་སྐུ་ཐོགས་ཏེ༔ ཧཱུྃ༔ ང་རྒྱལ་རྟོག་པ་གནས་དག་ནས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་མཐུས༔ ཚེ་དཔལ་ཡོན་ཏན་རྒྱས་མཛད་པ༔ རཏྣ་གཏུམ་པོའི་དབང་བསྐུར་རོ༔ ཨོཾ་རཏྣ་ཀྲོ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་པདྨ་གཏུམ་པོའི་སྐུ་ཐོགས་ཏེ༔ ཧཱུྃ༔ འདོད་ཆགས་རྟོག་པ་གནས་དག་ནས༔ སོར་རྟོག་ཡེ་ཤེས་མངོན་གྱུར་མཐུས༔ སྣང་སྲིད་དབང་དུ་སྡུད་མཛད་པ༔ པདྨ་གཏུམ་པོའི་དབང་བསྐུར་རོ༔ ཨོཾ་པདྨ་ཀྲོ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་ཀརྨ་གཏུམ་པོའི་སྐུ་ཐོགས་ཏེ༔ ཧཱུྃ༔ ཕྲག་དོག་རྟོག་པ་གནས་དག་ནས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་མཐུས༔ དགྲ་བགེགས་དྲག་པོས་ཚར་གཅོད་པ༔ ཀརྨ་གཏུམ་པོའི་དབང་བསྐུར་རོ༔ ཨོཾ་ཀརྨ་ཀྲོ་ཏ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྱུང་དང་སྦྲེལ་ན་ཁྱུང་ལྔའི་སྐུ་གནས་སོ་སོར་གཏུགས་ཏེ༔ ཨོཾ་ཁྲོཾ༔ རྒྱལ་རིགས་ཀླུ་གཉན་འདུལ་མཛད་པ༔ བྷུདྡྷ་རིགས་ཀྱི་བྱ་ཁྱུང་དཀར༔ གཏི་མུག་འཇོམས་མཛད་ཁྲོ་བོའི་རྒྱལ༔ སྐལ་ལྡན་དཔྲལ་བར་དབང་བསྐུར་རོ༔ ཨོཾ་བྷུདྡྷ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཨཱཿཁྲོཾ༔ བྲམ་ཟེ་ཀླུ་གཉན་འདུལ་མཛད་པ༔ པདྨ་རིགས་ཀྱི་བྱ་ཁྱུང་དམར༔ འདོད་ཆགས་འཇོམས་མཛད་ཁྲོ་བོ་རྒྱལ༔ སྐལ་ལྡན་མགྲིན་པར་དབང་བསྐུར་རོ༔ ཨཱཿཔདྨ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཁྲོཾ༔ དམངས་རིགས་ཀླུ་གཉན་འདུལ་མཛད་པ༔ རྡོ་རྗེ་རིགས་ཀྱི་བྱ་ཁྱུང་མཐིང་༔ ཞེ་སྡང་འཇོམས་མཛད་ཁྲོ་བོའི་རྒྱལ༔ སྐལ་ལྡན་སྙིང་གར་དབང་བསྐུར་རོ༔ ཧཱུྃ་བཛྲ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཏྲཾ་ཁྲོཾ༔ རྗེ་རིགས་ཀླུ་གཉན་འདུལ་མཛད་པ༔ རིན་ཆེན་རིགས་ཀྱི་བྱ་ཁྱུང་སེར༔ ང་རྒྱལ་འཇོམས་མཛད་ཁྲོ་བོའི་རྒྱལ༔ སྐལ་ལྡན་ལྟེ་བར་དབང་བསྐུར་རོ༔ ཏྲཾ་རཏྣ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཧཱ༔ཁྲོཾ༔ གདོལ་རིགས་ཀླུ་གཉན་འདུལ་མཛད་པ༔ ཀརྨ་རིགས་ཀྱི་བྱ་ཁྱུང་ལྗང་༔ ཕྲག་དོག་འཇོམས་མཛད་ཁྲོ་བོའི་རྒྱལ༔ སྐལ་ལྡན་གསང་བར་དབང་བསྐུར་རོ༔ ཧ་ཀརྨ་ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ དེ་ནས་ཁྲོ་བོ་བཅུའི་སྐུ་གནས་སོ་སོར་གཏུགས་ཏེ༔ ཧཱུྃ༔ སྟེང་གདོན་གཟའ་བརྒྱད་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀ་ར༔ ཁྱོད་ཀྱི་དཔྲལ་བར་དབང་བསྐུར་བས༔ གཟའ་སྐར་གདུག་པ་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་ཟའི་ཚོགས་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་རྣམ་པར་རྒྱལ༔ དཔུང་པ་གཡས་པར་དབང་བསྐུར་བས༔ ཤར་ཕྱོགས་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མེ་ལྷའི་ཚོགས་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་དབྱུག་སྔོན་ཅན༔ དཔུང་པ་གཡོན་པར་དབང་བསྐུར་བས༔ ཤར་ལྷོའི་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་ཏནྡྲ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཧཱུྃ༔ ཆུ་ལྷའི་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ ཁྱེད་ཀྱི་མགྲིན་པར་དབང་བསྐུར་བས༔ ནུབ་ཕྱོགས་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འཆི་བདག་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ ཁྱེད་ཀྱི་སྙིང་གར་དབང་བསྐུར་བས༔ ལྷོ་ཕྱོགས་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གནོད་སྦྱིན་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཁྱོད་ཀྱི་ལྟག་པར་དབང་བསྐུར་བས༔ བྱང་ཕྱོགས་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཧཱུྃ༔ སྲིན་པོའི་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་མི་གཡོ་མགོན༔ ཁྱོད་ཀྱི་ལྟེ་བར་དབང་བསྐུར་བས༔ ལྷོ་ནུབ་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རླུང་ལྷའི་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་འདོད་པའི་རྒྱལ༔ ཁྱོད་ཀྱི་བརླ་གཡས་དབང་བསྐུར་བས༔ ནུབ་བྱང་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབང་ལྡན་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི༔ ཁྱོད་ཀྱི་བརླ་གཡོན་དབང་བསྐུར་བས༔ བྱང་ཤར་གདོན་རྣམས་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ས་བདག་གདོན་རྣམས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེའི༔ ཁྱོད་ཀྱི་གསང་བར་དབང་བསྐུར་བས༔ འོག་གདོན་གདུག་པ་ཚར་གཅོད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བྷ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སྒོ་བ་བཞི་ཡན་ལག་བཞི་ལ་བསྐུར་ཏེ༔ ཧཱུྃ༔ སེམས་ཅན་འཁྲུལ་རྟོག་ལས་བྱུང་བའི༔ གདོན་བཞི་ཚར་གཅོད་ཁྲོ་བོ་བཞིའི༔ ཡན་ལག་བཞི་ལ་དབང་བསྐུར་བས༔ ཚད་མེད་བཞི་ལ་དབང་འབྱོར་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གསུང་གི་དབང་བསྐུར་ལ༔ བཟླས་ལུང་བྱ་ཞིང་ཐོད་ཆང་བླུད་༔ དང་པོ་སྔགས་ཕྲེང་རུ་རཀྵ༔ ཁྱད་པར་ལུང་ཐང་མཆོག་ཡིན་ནོ༔ ཧཱུྃ༔ རང་ཉིད་དཔལ་ཆེན་རྡོ་རྗེ་འཛིན༔ བསྒྲུབ་བྱ་དེ་བཞིན་ལྷ་རུ་གསལ༔ གཉིས་ཀའི་ཐུགས་ཀར་ཉི་སྟེང་ཧཱུྃ༔ བཟླས་བྱའི་རྩ་སྔགས་མཐིང་ནག་འཁོར༔ འོད་ཟེར་ལུ་གུ་རྒྱུད་དུ་སྦྲེལ༔ དགྲ་བགེགས་ཚར་བཅད་ལུས་གདོན་བསྲེགས༔ དམིགས་པ་འབོགས་ཤིང་རྗེས་ཟློས་ནི༔ བདུན་ལྔ་གསུམ་སོགས་ཤམ་བཅས་བཟླ༔ བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི༔ འདི་ལ་འགོ་བར་མཛད་དུ་གསོལ༔ མེ་ཏོག་འཐོར་ཞིང་དབྱངས་གསལ་བརྗོད༔ སྔགས་དོན་ངོ་སྤྲོད་ཚིག་འདི་བརྗོད༔ ཧཱུྃ༔ སྔགས་ནི་རྒྱལ་བས་བསྔགས་ཕྱིར་སྔགས༔ ལྷ་ལ་བོས་ཤིང་ཉེ་བའི་སྔགས༔ གཞན་ལ་གསང་ཞིང་སྦས་པའི་སྔགས༔ མཆོག་ཐུན་དངོས་གྲུབ་ཐོབ་ཕྱིར་སྔགས༔ སྔགས་དོན་བསམ་མི་ཁྱབ་པའི་སྔགས༔ རྒྱལ་ཀུན་འདུས་པའི་རིག་སྔགས་འདིས༔ དྲེགས་ཚོགས་ཚར་གཅོད་མཐུ་ནུས་འབར༔ དེ་ཕྱིར་སྔགས་དོན་ཐོགས་མེད་སྒྲུབ༔ དེ་ནས་ཐོད་ཆང་མགྲིན་པར་བྱིན༔ ཧཱུྃ༔ སྟོང་གསལ་བྷནྡྷ་ཡངས་པའི་ནང་༔ ཟག་མེད་ཡེ་ཤེས་བདུད་རྩིས་བཀང་༔ རྩ་ཁམས་བདེ་བས་ཡོངས་གང་ཞིང་༔ རླུང་ལྔ་དབྱིངས་སུ་གྲོལ་བར་ཤོག༔ རྩ་སྔགས་མཐར༔ ཝཀྐཱ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་གསུང་གི་དབང་བསྐུར་རྫོགས༔ ས་མ་ཡཱ༔ གསུམ་པ་ཐུགས་ཀྱི་དབང་བསྐུར་ནི༔ མེ་ལོང་ཤེལ་རྡོས་མཚོན་བྱས་ཏེ༔ ཧཱུྃ་ཧཱུྃ༔ རང་སེམས་ངོ་བོ་ཀ་དག་མེ་ལོང་ངོས༔ ལྷུན་གྲུབ་འོད་གསལ་མན་ཤེལ་གསལ་ལ་དྭངས༔ རིག་རྩལ་འགགས་མེད་འཇའ་ཚོན་ཟེར་དུ་འཚེར༔ སྐལ་ལྡན་སྐྱེས་བུ་ཁྱེད་ལ་དབང་བསྐུར་བས༔ རང་སེམས་སྐུ་གསུམ་འབྲལ་མེད་དོན་རྟོགས་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་གཏོར་མ་གནས་གསུམ་གཏུགས༔ ཧཱུྃ་ཧཱུྃ༔ གཏོར་སྣོད་བྷནྡྷ་དུམ་གསུམ་པར༔ དཔལ་བཤོས་ཤ་ཁྲག་དམར་གྱིས་བརྒྱན༔ ལྷ་རུ་གསལ་ཞིང་གནས་གསུམ་གཏུགས༔ སྒོ་གསུམ་སྒྲིབ་དག་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ བྷ་ལིང་ཏ་ཀཱ་ཡ་ཝཀྐཱ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་སྒྲུབ་ཕུར་ལག་ཏུ་གཏད༔ ཧཱུྃ༔ ཆོས་ཀུན་བདག་རྟོག་དགྲ་དང་བགེགས༔ བདག་མེད་དབྱིངས་སུ་སྒྲོལ་བྱེད་པའི༔ མཚན་མ་རྫས་ཀྱི་ཕུར་པ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དོན་དམ་བྱང་ཆུབ་སེམས་མཆོག་གི༔ ཕུར་པས་འཁྲུལ་རྟོག་དབྱིངས་སྒྲོལ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བསྒྲལ་ཡུལ་ལིང་གར་དགྲ་བགེགས་འགུགས༔ ཕྱག་རྒྱས་རྒྱས་བཏབ་ཕུར་བུ་ནི༔ སྲས་མཆོག་རྡོ་རྗེ་གཞོན་ནུར་བསྐྱེད༔ སྙིང་གར་བཏབ་ནས་རྣམ་ཤེས་སྤར༔ དོན་དམ་ལྟ་བའི་ངང་མདངས་བསྐྱེད༔ རྗེས་འབྲེལ་གདན་དང་ཕྱག་མཚན་སོགས༔ བརྡ་རྟགས་ངོ་སྤྲོད་འདི་བཞིན་བྱ༔ ཧཱུྃ་ཧཱུྃ༔ གསང་བདག་རྡོ་རྗེ་གཏུམ་པོ་ཡིས༔ ཞབས་འོག་ལྷ་བརྒྱད་ཀླུ་བརྒྱད་པོ༔ རྣམ་ཤེས་ཚོགས་བརྒྱད་ཡུལ་བརྒྱད་རྣམས༔ གནས་དག་བརྡའ་སྟོན་དབང་འབྱོར་ཤོག༔ རྩ་སྔགས་ཤམ་བུར༔ དྷེ་ཝ་ནཱ་ག་ཙཀྲ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲོ་བོའི་ཆས་རྣམས་འདི་བཞིན་གཏད༔ ཧཱུྃ་ཧཱུྃ༔ གླང་ཆེན་ཀོ་རློན་གཏི་མུག་འཇོམས༔ མི་ལྤགས་འདོད་ཆགས་དབྱིངས་སུ་གྲོལ༔ སྟག་ལྤགས་ང་རྒྱལ་རང་སར་དག༔ བགོ་བའི་གོས་གསུམ་དབང་བསྐུར་རོ༔ རྩ་སྔགས་ཤམ་བུར༔ ཧསྟི་ན་ར་བྱ་གྷྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྦྲུལ་ཆུན་ཞེ་སྡང་ཟིལ་གྱིས་གནོན༔ འདུ་བྱེད་གནས་དག་ཐོད་རློན་འཕྱང་༔ ཐོད་སྐམ་ཕུང་ལྔའི་བདུད་འཇོམས་པའི༔ དབང་འདིས་བདུད་སྲིན་མཐར་བྱེད་དོ༔ རྩ་སྔགས་ཤམ་བུར༔ ཨ་ལངྒ་ར་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་དཔལ་ཆས་མ་ལུས་བྱིན༔ ས་མ་ཡཱ༔ དབང་ཆོག་ཟབ་པའི་ཡང་བཅུད་འདིའི༔ རྗེས་ནི་གཞན་དང་མཐུན་པར་བྱ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ ལོག་སྨོན་བར་ཆད་རྐྱེན་གྲོལ་ངེས༔ ཤིན་ཏུ་ཟབ་པའི་མཐར་ཐུག་སྟེ༔ མཚོ་རྒྱལ་སྙིང་གི་སྒྲོམ་དུ་སྦོས༔ དུས་བབས་ཁྱེད་ཀྱི་སྤྲུལ་བ་ཞིག༔ ཤར་ཕྱོགས་ཙི་ནའི་ཡུལ་ཉེ་བའི༔ རྩུབ་འགྱུར་གདུག་པའི་ཡུལ་གྱི་མཚམས༔ མེ་ཁམས་སྐྱེ་མཆེད་དྭངས་པ་འབྱུང་༔ ཐོག་བབས་སྔོན་གྱི་ལས་འཕྲོ་སད༔ ཉམས་སྣང་པདྨ་ང་ཉིད་དང་༔ རྒྱལ་ཡུམ་དཔའ་མོར་ཡང་ཡང་མཇལ༔ བར་ཆད་འཚེ་བ་གསུམ་འབྱུང་བའི༔ ངན་གྲིབ་ནད་རྐྱེན་སངས་པ་ན༔ འཕགས་པའི་སྤྲུལ་བས་བསྐུལ་མ་མཛད༔ དེ་ཚེ་ཐོགས་མེད་ཚིག་རིས་རྣམས༔ སྤར་ལ་ཐེབས་བཞིན་བློ་ངོ་རུ༔ ཤར་བ་རྟོག་གེའི་སྤྱོད་ཡུལ་མིན༔ ལེགས་ཚོགས་རྟེན་འབྲེལ་མ་ཉམས་ན༔ འགྲོ་དོན་ཕ་མཐའ་ཡས་པར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པའང་ཆོས་ཀྱི་བདག་པོ་འཕགས་པ་སྤྱན་རས་གཟིགས་དང་ཡང་དག་གྲུབ་པ་ཐུགས་མཆོག་ནམ་མཁའི་སྙིང་པོའི་སྤྲུལ་པའི་འོད་ཟེར་ལས་བྱུང་བའི་སྐྱབས་རྗེ་འཁོར་ལོའི་མགོན་པོ་རིག་འཛིན་བཟང་པོའི་བཀའ་ཕེབས་གསེར་གྱི་ཅོད་པཎ་སྤྱི་བོས་མཆོད་དེ་སྐྱབས་འོག་ཏུ་འཁོད་པ་ཤཱཀྱའི་དགེ་སྦྱོང་རིག་པ་འཛིན་པ་ལུང་རིག་གླིང་པས་མཁས་པ་དང་གྲུབ་པའི་སྐྱེས་བུས་ཡོངས་སུ་གང་བའི་ཆོས་གྲྭ་ཆེན་པོ་འོག་མིན་བཤད་སྒྲུབ་རྟག་བརྟན་གླིང་དུ་སྤེལ་བ་ཛ་ཡནྟུ།

སྨན་རྒྱལ་ཐུགས་ཀྱི་སྒྲུབ་པ་བདུད་རྩིའི་རྒྱུན་བཟང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྨན་རྒྱལ་ཐུགས་ཀྱི་སྒྲུབ་པ་བདུད་རྩིའི་རྒྱུན་བཟང་བཞུགས༔

ཡང་ཟབ་ཆོས་ཀྱི་རྒྱ་མཚོ་ལས༔ ལས་ཉོན་རྒྱུ་རྐྱེན་གྱིས་བསྐྱེད་པའི༔ བཞི་བརྒྱ་རྩ་བཞིའི་ནད་དང་གདོན༔ འཇོམས་བྱེད་སྨན་ལྷའི་སྒྲུབ་པ་བསྟན༔ ས་མ་ཡཱ༔ འདི་ནི་སྤྲོས་མེད་རྒྱུན་ཁྱེར་ཏེ༔ རྫས་དང་ཡོ་བྱད་སྤྲོས་པ་བསྐྱུང་༔ དམིགས་པ་ངག་འདོན་འདི་བཞིན་ནོ༔ ཨེ་མ་ཧོ༔ དཀོན་མཆོག་གསུམ་གྱི་བདག་ཉིད་བཅོམ་ལྡན་འདས༔ སྨན་གྱི་བླ་མའི་སྐུ་ལ་སྐྱབས་སུ་མཆི༔ མཐའ་ཡས་འགྲོ་བའི་ལས་ཉོན་ནད་སེལ་ཕྱིར༔ བདེ་གཤེགས་སྨན་རྒྱལ་བསྙེན་ཅིང་བསྒྲུབ་པར་བགྱི༔ ཐ་མལ་དངོས་འཛིན་མ་དག་སྣང་སྲིད་ཆོས༔ སྟོང་གསལ་ཆུ་ཟླའི་རོལ་རྩལ་འགག་མེད་ངང་༔ གནས་ཡུལ་བཀོད་པ་བཻ་ཌཱུརྱ་ཡི་ཞིང་༔ རིན་ཆེན་སྣ་ཚོགས་ལས་གྲུབ་ལྟ་ན་སྡུག༔ དཔག་བསམ་ལྗོན་ཤིང་འདོད་འབྱུང་ཡིད་བཞིན་མཚོ༔ ལྷ་དང་དྲང་སྲོང་སྤྲུལ་པའི་འདབ་ཆགས་ཚོགས༔ བདག་མེད་མི་རྟག་སྟོང་པའི་ཆོས་སྒྲ་སྒྲོག༔ དེར་ནི་ཡོན་ཏན་མཐའ་ཡས་གཞལ་མེད་དབུས༔ རང་ཉིད་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས༔ མདུན་མཁར་སྣ་ཚོགས་རིན་ཆེན་སེང་ཁྲིའི་སྟེང་༔ པད་ཟླའི་གདན་ལ་རྩ་བའི་བླ་མ་ནི༔ རྒྱལ་ཀུན་ཐུགས་སྲོག་ཡི་གེ་ཧཱུྃ་མཐིང་ལས༔ བདེ་གཤེགས་སྨན་རྒྱལ་བཻ་ཌཱུརྱ་ཡི་འོད༔ སྐུ་མདོག་མཐིང་ཀ་འོད་ཟེར་བལྟར་མི་བཟོད༔ མཚན་བཟང་དཔེ་བྱད་རྫོགས་པའི་མཛེས་འཛུམ་ཞལ༔ ཕྱག་གཉིས་གཡས་པས་མཆོག་སྦྱིན་ཨ་རུ་རའི༔ སྡོང་པོ་ལོ་འདབ་དང་བཅས་གཡོན་ཕྱག་གིས༔ མཉམ་བཞག་ལྷུང་བཟེད་ནད་འཇོམས་སྨན་གྱིས་བཀང་༔ ཞབས་གཉིས་སྐྱིལ་ཀྲུང་ཆོས་གོས་རྣམ་གསུམ་གསོལ༔ མདུན་ནས་གཡས་བསྐོར་པད་ཟླ་སེང་ཁྲིའི་སྟེང་༔ བཅོམ་ལྡན་མཚན་ལེགས་རིན་ཆེན་ཟླ་བ་དང་༔ གསེར་བཟང་དྲི་མེད་མྱ་ངན་མེད་པའི་དཔལ༔ ཆོས་བསྒྲགས་རྒྱ་མཚོ་ཆོས་བློ་ཤཱཀྱ་ཐུབ༔ ཀུན་ཀྱང་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆས༔ སྐུ་མདོག་སྣ་ཚོགས་རང་རྟགས་ཕྱག་རྒྱ་ཅན༔ གཞན་ཡང་འཇམ་དཔལ་སྐྱབས་གྲོལ་རྡོ་རྗེ་འཛིན༔ ཉི་ཟླ་ལྟར་སྣང་གསལ་བྱེད་སེམས་དཔའི་ཚོགས༔ སྤྲུལ་པའི་ཉན་རང་ཞིང་རྡུལ་མཉམ་པས་བསྐོར༔ ཁྱེད་ཤེས་བློ་ཡིས་གསོལ་བ་འདེབས་ལགས་ན༔ འདིར་གཤེགས་བརྩེ་ཆེན་ཐུགས་རྗེས་ཉེར་གཟིགས་ནས༔ བསོད་ནམས་ཚོགས་ཆེན་ཞིང་དུ་རྟག་པར་བཞུགས༔ བདག་ལུས་ཞིང་རྡུལ་གྲངས་སྤྲུལ་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་ཕྱི་ནང་མཆོད་སྤྲིན་འབུལ༔ ལས་ཉོན་དབང་གྱུར་ཉམས་ཆག་ཉེས་ལྟུང་བཤགས༔ ཚད་མེད་རྒྱལ་བའི་མཛད་པར་རྗེས་ཡི་རངས༔ ཐེག་གསུམ་ཆོས་འཁོར་རྟག་ཏུ་བསྐོར་བར་བསྐུལ༔ མཁའ་བཞིན་འགྲོ་ངོར་གཡོ་མེད་བཞུགས་གསོལ་འདེབས༔ དུས་གསུམ་དགེ་ཚོགས་མཐའ་ཡས་འགྲོ་བ་ཀུན༔ སྨན་པའི་རྒྱལ་པོའི་གོ་འཕང་ཐོབ་ཕྱིར་བསྔོ༔ གསོལ་འདེབས་ཚུལ་དུ་སྨན་པའི་རྒྱལ་པོ་ཡི༔ རྣམ་གསུམ་གཟུངས་སྔགས་རྟག་ཏུ་བཟླ་བར་བྱ༔ ཏདྱ་ཐཱ༔ སིདྡྷི་སིདྡྷི༔སོགས། གྷུ་མེ་གྷུ་མེ་སོགས། བྷཻ་ཥ་ཛྱཻ༔སོགས་ཉེར་གཅིག་རེའི་མཐར༔ མཚན་ཀྱང་སོ་སོར་བདུན་བདུན་བརྗོད༔ མཐར་ནི་སྐུ་དང་ཞིང་ཁམས་སོགས༔ མི་དམིགས་སྤྲོས་བྲལ་སྟོང་པའི་ངང་༔ རང་སེམས་སྐྱེ་མེད་ངང་མདངས་བསྐྱངས༔ ཐུན་མཚམས་དགེ་རྩ་འགྲོ་ལ་བསྔོ༔ དུས་གསུམ་དགེ་བའི་ཤིས་པ་བརྗོད༔ ས་མ་ཡཱ༔ དེ་ནས་རྗེས་ཀྱི་ལས་རིམ་ནི༔ ཧཱུྃ༔ དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་སྤྲིན༔ ཉེར་སྤྱོད་འདོད་ཡོན་ལྔ་དང་རིན་ཆེན་བདུན༔ བཀྲ་ཤིས་རྫས་རྟགས་བཅུ་དྲུག་ལ་སོགས་པ༔ བདེ་གཤེགས་མཆེད་བརྒྱད་སྤྲུལ་འཁོར་བཅས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་མ་ཧཱ་རཏྣ་མངྒ་ལཾ་པཱུ་ཛི་ཏེ་ཨཱཿཧཱུྃ༔ བསྟོད་པ་ནི། ཧཱུྃ༔ སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་རྒྱ་ཆེ་བས༔ མཚན་ཙམ་ཐོས་སམ་དྲན་པས་ནད་གདོན་འཇོམས༔ བཅོམ་ལྡན་སྨན་ལྷ་བདེ་བར་གཤེགས་པ་བརྒྱད༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ སྐུ་དང་ཞིང་ཁམས་བསྐྱེད་རིམ་སྟོང་པར་བསྡུས༔ དགེ་འདིའི་འགྲོ་ཀུན་ནད་རིགས་ཀུན་ལས་གྲོལ༔ མཐར་ཐུག་སངས་རྒྱས་འགྲུབ་པའི་རྒྱུ་རུ་བསྔོ༔ བསླུ་མེད་དཀོན་མཆོག་རྣམ་གསུམ་བདེན་པའི་མཐུས༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག༔ སྤྲུལ་མིང་པ་ལུང་རིག་གླིང་པས་རང་བྱུང་རིག་པའི་སྒྲོམ་ནས་སྤེལ་བ་ཛ་ཡནྟུ།།

རྡོ་རྗེ་ཕུར་པའི་རྒྱུད་གནམ་ལྕགས་འབར་བའི་སྤུ་གྲི།

༄༅། ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ བཛྲཀཱིལཡཏནྟྲམཱརབམུདྷཏུབིམཐནཀཱརཎཱཤནཱིཛྭལཤཀྟིནཱམབིཧརཏིསྨ།།

ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ བཛྲཀཱིལཡཏནྟྲམཱརབམུདྷཏུབིམཐནཀཱརཎཱཤནཱིཛྭལཤཀྟིནཱམབིཧརཏིསྨ།།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྡོ་རྗེ་ཕུར་པའི་རྒྱུད་བདུད་སྡེ་དབྱིངས་སུ་འཇོམས་བྱེད་གནམ་ལྕགས་འབར་བའི་སྤུ་གྲི་ཞེས་བྱ་བ་བཞུགས༔

རྒྱ་གར་སྐད་དུ༔ ཤྲཱི་བཛྲ་ཀྲོ་ཏ་མ་ཧཱ་ཀཱི་ལི་ཀཱི་ལ་ཡ་ཏནྟྲ་མཱ་ར་ཡ་ཏ་ན་ཤཀྟི་ན་མ༔ བོད་སྐད་དུ༔ དཔལ་རྡོ་རྗེ་ཁྲོ་བོ་ཆེན་པོ་ཕུར་པའི་རྒྱུད་བདུད་སྡེ་དབྱིངས་སུ་འཇོམས་བྱེད་གནམ་ལྕགས་འབར་བའི་སྤུ་གྲི་ཞེས་བྱ་བ༔ བཅོམ་ལྡན་འདས་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པའི་དུས་ཆེན་པོ་འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་དུ་གྲུབ་པ་མེད་པ་ན༔ སྟོན་པ་ཀུན་ཏུ་བཟང་པོ་སྲིད་པ་དང་ཞི་བའི་དབྱིངས་ཀུན་ལ་མཉམ་པར་བརྡལ་བའི་རང་ཤེས་རིག་པའི་རྒྱལ་པོ་ཆེན་པོ་ཉིད་སྐུ་འགྱུར་བ་མེད་པ་དང༔ གསུང་འགགས་པ་མེད་པ༔ ཐུགས་འཁྲུལ་བ་མེད་པའི་ངང་ལས་གཡོས་པ་མེད་བཞིན་དུ་གདུལ་བྱ་མ་རུང་བ་བདུད་དང་རུ་ཏྲ་དམ་སྲི་མཐའ་དག་འཇོམས་པའི་ཕྱིར་དུ་སྐུ་འབར་བ་ཆེན་པོ་སྒེག་པ་དང༔ དཔའ་བ་དང་༔ འཇིགས་སུ་རུང་བའི་གར་སྟབས་དྲག་ཤུལ་དུ་སྟོན་ཅིང་གསུང་འགགས་པ་མེད་ཀྱང་མ་དག་ལོག་པར་རྟོག་པ་མཐའ་དག་སྒྲོལ་བའི་གད་རྒྱངས་ཧ་ཧ་དང་ཧཱུྃ་ཕཊ་བྷྱོ་རྦད་བཟློག་སོད་ཀྱི་རྔམ་པའི་ང་རོ་དྲག་པོ་རྒོད་པ༔ གཤེ་བ་དང༔ དྲག་ཤུལ་གྱི་སྒྲ་ཆེན་པོ་ཀུན་ཏུ་སྒྲོག་པར་མཛད་ཅིང་ཐུགས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་འགྲོ་བ་མཐའ་དག་གི་དབྱིངས་སུ་ཁྱབ་པ་ལ་རྩོལ་བ་མེད་པར་གཟུགས་ཀྱི་སྐུ་མཐའ་ཡས་པ་སྤྲོ་བ་དང་སྡུད་པའི་བྱེད་པོ་དེ་ཉིད་གནས་ཕུན་སུམ་ཚོགས་པ་ཆོས་ཀྱི་དབྱིངས་སུ༔ བསྒྲལ་བའི་ཤ་ཆེན་གྱི་ས་གཞི༔ ཁྲག་ཞག་གི་རྒྱ་མཚོ༔ ཀེང་རུས་ཀྱི་རི་རབཿ བྱ་གཅན་དུར་མེ་རླུང་མཚོ་གྲུབ་ཐོབ་གནས་བདག་མཆོད་རྟེན༔ མཆོད་པའི་ལྷ་མོ་ལྷ་ཀླུ་སྲིན་པོ་སོགས་དུར་ཁྲོད་ཆེན་པོ༔ ཉན་རང་སོགས་གང་ཟག་རང་རྒྱུད་པ་རྣམས་ཀྱི་སྤྱོད་ཡུལ་ལས་འདས་པའི་ཞིང་ཁམས་དེར༔ ང་རྒྱལ་གྱི་སེང་གེ་གདུག་པའི་སྟག་དང་གཟིག་དང་དོམ་དང་སྦྲུལ་སོགས་བྱོལ་སོང་མ་རུང་བ་རྣམས་ཀྱི་སྤར་བས་བཏེགས་པའི་ཁྲི་ལ་ལྷ་བརྒྱད་དང་ཀླུ་བརྒྱད་བདུད་བཞི་བསྣོལ་བའི་ཁྲི་རྒྱ་ཚད་དང་བཀོད་པ་བསམ་གྱིས་མི་ཁྱབ་པའི་གདན་ལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ༔ ཡུམ་སྲིད་པའི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་རྒྱས་འདེབས་པར་མཛད་མ་དང་མཉམ་པར་སྦྱོར་ཞིང་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་ཀློང་དུ་མི་དམིགས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ དེ་ཡི་རང་རྩལ་ལས་བྷུདྡྷ་རིགས་ཀྱི་ཁྲོ་བོ་དང་ཁྲོ་མོ་དང་རྡོ་རྗེ་དང་རིན་ཆེན་པདྨ་ལས་རབ་རྣམས་ཀྱི་ཁྲོ་བོ་དང་ཁྲོ་མོའི་ཚོགས་དང་དུས་གསུམ་གྱི་སྟོན་པ་ས་ཆེན་པོ་ལ་གནས་པའི་སེམས་དཔའ་སེམས་མའི་ཚོགས་བསམ་གྱིས་མི་ཁྱབ་པའི་ཚོགས་སྟོན་འཁོར་གྱི་རྣམ་པར་བཞུགས་སོ༔ ཨེ་ཝཾ་མ་ཡ༔ རྡོ་རྗེ་ཕུར་པའི་རྒྱུད་གནམ་ལྕགས་སྤུ་གྲི་ལས༔ གླེང་བསླང་བའི་ལེའུ་སྟེ་དང་པོའོ༔ དེ་ནས་ཡང་དག་བཤད་བྱ་བ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མས༔ དཔལ་ཆེན་ཡབ་ཀྱི་སྐུ་ལ་འཁྲིལ༔ དབྱིངས་རིག་གཉིས་མེད་རྡོ་རྗེའི་གླུས༔ རྒྱུད་ཀྱི་དོན་ལ་འདི་ལྟར་བསྐུལ༔ རྡོ་རྗེའི་གླུ་ཡི་རང་སྒྲ་ལས༔ ཨེ་མ་ཧོ༔ ཨ་ལ་ལ་ཧོ༔ ཆོས་རྣམས་དབྱིངས་ལས་མ་གཡོས་པས༔ རིག་དང་མ་རིག་གཉིས་སུ་མེད༔ གཉིས་མེད་རྩལ་ལས་གཉིས་སུ་སྣང༔ འཁྲུལ་བ་མེད་ཀྱང་འཁྲུལ་བར་སྣངཿ དེ་དག་རང་སར་གྲོལ་བྱེད་པའི༔ ལམ་གྱི་རྒྱུད་ཆེན་གསུང་དུ་གསོལ༔ དེ་སྐད་ཆོས་ཉིད་རྡོ་རྗེའི་གླུས༔ ཏིང་ངེ་འཛིན་ལས་བཞེངས་པར་གསོལ༔ དེ་ནས་དཔལ་ཆེན་ཧེ་རུ་ཀས༔ རང་བྱུང་རྡོ་རྗེའི་སྒྲ་གདངས་ལས༔ རང་ཤར་ཆེན་པོའི་ལན་གསུངས་པ༔ ཨེ་མ་ཧོ༔ ཆོས་རྣམས་མི་དམིགས་སྤྲོས་དང་བྲལ༔ ནམ་མཁའ་ལྟ་བུའི་ངང་ཉིད་ལས༔ མཐའ་དང་དབུས་མེད་ངོ་བོ་སྟོང༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ རྒྱུད་གསུམ་དབྱེར་མེད་དེ་བཞིན་ནོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ༔ ཅེས་པས་ཆོས་དབྱིངས་ཕུར་བ་ནི༔ སྨྲ་རུ་མི་བསམ་བརྗོད་དུ་མེད༔ གང་དུའང་གནས་པ་མེད་པར་བསྟན༔ དེ་སྐད་གསུངས་ནས་ལན་གདབ་པའོ༔ སླར་ཡང་ཡུམ་ཆེན་དཔལ་འབར་མའི༔ ཐུགས་ལས་འོད་ཟེར་མཁའ་ཁྱབ་སྤྲོས༔ རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག༔ གསང་བའི་པདྨོར་བསྡུས་ནས་སླརཿ ཡབ་ཡུམ་སྦྱོར་བའི་མཁའ་གསང་ནས༔ བདེ་བ་ཆེན་པོའི་སྒྲ་དང་བཅས༔ སླར་ཡང་གུས་པས་གསོལ་བ་ནི༔ ཨེ་མ་ཧོ༔ རྒྱུད་གསུམ་རང་བཞིན་བརྗོད་མེད་པ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན༔ ཆོས་ཀྱི་དབྱིངས་ཀྱི་ཕུར་བའི་རྒྱུད༔ གཞི་རུ་བསྟན་པ་ངོ་མཚར་ཡང༔ མ་རིག་མ་རྟོག་ལོག་པར་རྟོག༔ ཕྱོགས་རྟོག་མཐའ་དག་འདུལ་བའི་ཕྱིར༔ ལམ་གྱི་རྒྱུད་ཆེན་གསུང་བར་ཞུ༔ དེ་སྐད་ཞུས་པ་གསན་ནས་ཀྱང༔ རྡོ་རྗེ་གཞོན་ནུས་བཀའ་སྩལ་པ༔ དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང༔ རང་བཞིན་ཀུན་ཏུ་འོད་གསལ་གདངས༔ དམིགས་པ་མེད་པའི་སྙིང་རྗེའི་རྩལ༔ འགྲོ་བ་མ་རྟོག་ལོག་རྟོག་དང༔ ཕྱོགས་རྟོག་སེམས་ཅན་དབྱིངས་སྒྲོལ་བའི༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མཚོན་ཆ་སྔོན་པོ་འབར་བ་ཡི༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ སྲོག་གི་གོ་རུ་ཤར་བ་དང༔ སྙིང་གི་དཀྱིལ་དུ་ས་མ་དྷི༔ དེ་སྐད་གསུངས་བས་ལན་གདབ་པ༔ ཚད་མེད་སྙིང་རྗེའི་ཕུར་བའོ༔ རྡོ་རྗེ་ཕུར་བའི་རྒྱུད་སྤུ་གྲི་འབར་བ་ལས༔ རྒྱུད་ཀྱི་སྤྱི་ཆིངས་ཆེན་པོ་གཉིས་ཞུས་ཤིང་གསུངས་པའི་ལེའུ་སྟེ་གཉིས་པའོ༔ དེ་ནས་དཔལ་ཆེན་ཧེ་རུ་ཀ༔ སྐུ་ཡི་གནས་བཅུའི་འོད་ཟེར་གྱིས༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན༔ ཁྲོ་བོ་བཅུ་སོགས་དཀྱིལ་འཁོར་ལྷ༔ སྤྲོས་ཤིང་ཀུན་ཏུ་སྣང་བར་བྱས༔ ཐུགས་ལས་སྤྲུལ་པའི་གསང་བདག་གིས༔ རྣལ་འབྱོར་ལུགས་སུ་ཕྱག་བྱས་ཏེཿ རྒྱུད་ཀྱི་སྒྲུབ་པ་འདི་ལྟར་ཞུས༔ ཀྱཻ་བཅོམ་ལྡན་གསང་བའི་རྒྱལ་པོ་སོགས༔ རྡོ་རྗེ་ཁྲོས་པ་དགོངས་མཛོད་ཅིག༔ གང་ཟག་དབང་པོའི་རིམ་པ་ལྟར༔ ཕུར་བ་སྒྲུབ་པའི་རྣལ་འབྱོར་བས༔ དང་པོའི་འཇུག་སྒོ་ཇི་ལྟར་ལགས༔ བར་དུ་ཉམས་སུ་ཇི་ལྟ་བུ༔ ཐ་མ་གྲུབ་འབྲས་ཇི་ལྟ་བུ༔ མ་གྲུབ་སྐྱོན་དང་འགྲུབ་པ་ཡི༔ གནས་སྐབས་ཡོན་ཏན་ཇི་ལྟ་བུ༔ དཔའ་བོ་མཆོག་གིས་བཀའ་སྩོལ་ཅིག༔ རྡོ་རྗེ་གཞོན་ནུས་བཀའ་སྩལ་པ༔ ལེགས་སོ་དཔལ་ལྡན་རྡོ་རྗེ་འཛིན༔ རྒྱུད་ཀྱི་རྒྱལ་པོ་བསམ་ཡས་ཀྱི༔ སྤྱི་ཆིངས་རྣམ་པ་བཅུ་རུ་བསྟན༔ དང་པོ་འཇུག་སྒོ་དབང་གིས་ཕྱེ༔ བར་དུ་ཉམས་ལེན་བསྐྱེད་རྫོགས་ལ༔ ཐ་མ་གྲུབ་འབྲས་མངོན་འཚང་རྒྱ༔ མ་གྲུབ་སྐྱོན་གྱིས་འཁོར་བར་འཁྱམས༔ ལས་དང་ཉོན་མོངས་སྡུག་བསྔལ་སྤྱོད༔ གནས་སྐབས་གྲུབ་པའི་ཡོན་ཏན་བརྒྱད༔ རྡོ་རྗེ་ཕུར་བའི་རྒྱུད་སྤུ་གྲི་འབར་བ་ལས༔ སྒྲུབ་ཐབས་ཀྱི་སྤྱི་ཆིངས་ཞུས་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་སླར་ཡང་འདི་སྐད་གསུངས༔ འཇུག་སྒོའི་དབང་ལ་རྣམ་པ་བཞི༔ བུམ་པ་གསང་བ་ཤེས་རབ་ཚིག༔ སྒྲོལ་བའི་ལས་ཀྱི་མཐའ་རྟེན་བཅས༔ དང་པོ་རྫས་དང་ཡོ་བྱད་བསགས༔ གཉིས་པ་སློབ་མའི་འཇུག་སྒོ་བསྒྲིགས༔ གསུམ་པ་ལས་གཞུང་བསྙེན་སྒྲུབ་བསྐྱལ༔ བཞི་པ་དབང་བླང་སློབ་མར་བསྐུར༔ ལྔ་པ་ཡོན་འབུལ་དགའ་སྟོན་བྱ༔ དྲུག་པ་དམ་བཅའ་སྙིང་ལ་གདབ༔ ཅེས་གསུངས་སླར་ཡང་གསང་བདག་གིས༔ ཁྲོ་བོའི་རྒྱལ་ལ་ཡང་གསོལ་བཿ བར་དུ་བསྙེན་སྒྲུབ་བསྐྱེད་རྫོགས་གང༔ རིམ་པ་ཚུལ་བཞིན་གསུང་དུ་གསོལ༔ དེ་ནས་དཔལ་ཆེན་ཧེ་རུ་ཀས༔ འདི་སྒྲུབ་གང་ཟག་དབང་པོ་ལྟར༔ དང་པོ་དཀྱིལ་འཁོར་རྡུལ་ཚོན་རས༔ ཚོམ་བུ་ལ་བརྟེན་རྫས་ཕུར་ནི༔ ཤིང་ལྕགས་རིན་ཆེན་རིགས་རྣམས་ལ༔ སོར་མོ་བཅུ་དྲུག་ཡང་ན་བརྒྱད༔ ཞལ་ཕྱག་ལྡན་པའི་ལྷ་གྲངས་སམ༔ ཡང་ན་གཙོ་ཕུར་ཙམ་ལ་བརྟེན༔ སྐུ་དང་སྒྲུབ་སྔགས་ཤེལ་མེ་ལོང༔ དཔལ་གཏོར་ལྷ་གྲངས་སྨན་རཀ་དང༔ མཆོད་པ་ཕྱི་ནང་གསང་བ་དང༔ ཚོགས་ཀྱི་ཡོ་བྱད་རྒྱན་རྣམས་བཀྲམ༔ སྐྱབས་སུ་འགྲོ་ཞིང་སེམས་ཡང་བསྐྱེད༔ ཚོགས་བསགས་ལྷ་ཀླུ་གཞི་བགེགས་ལ༔ གཏོར་མ་བསྔོ་ཞིང་བགེགས་རྣམས་བསྐྲད༔ བསྲུང་འཁོར་བསྒོམ་ཞིང་ཁྲོ་བོ་བཅུས༔ ཕྱོགས་བཅུའི་གདོན་རྣམས་བསྲུང་བྱ་ཞིང༔ བྱིན་རླབས་དབབ་བཟུང་བརྡ་སྒོ་དབྱེ༔ སྟོང་ཉིད་དབྱིངས་ཀྱི་ཕུར་པ་ལས༔ ཚད་མེད་སྙིང་རྗེའི་ཕུར་པ་དང༔ ཟུང་འཇུག་རང་སེམས་གནམ་ལྕགས་ཀྱི༔ རྡོ་རྗེ་ཧཱུྃ་སྔོན་ལས་འཕྲོས་པས༔ འབྱུང་ལྔའི་དབྱིངས་ལས་རི་རབ་སྟེང༔ དུར་ཁྲོད་གཞལ་ཡས་རྩིབས་བཞི་བཅུ༔ སྒོ་བཞི་ཁྱམས་དང་མུ་རན་ལ༔ གཙོ་འཁོར་ཡོངས་རྫོགས་བསྐྱེད་པའམ༔ ཡང་ན་ལུས་དཀྱིལ་གནས་སུ་བསྒོམ༔ སྤྱན་འདྲེན་སྔགས་ཀྱི་ཚིག་འདི་བརྗོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཅེས་བརྗོད་བཞུགས་གསོལ་ཕྱི་ནང་གསང༔ མཆོད་པ་འབུལ་ཞིང་བསྟོད་འཛབ་བསྐུལ༔ བསྙེན་བསྒྲུབ་ལས་སྦྱོར་གཞུང་བསྲང་ནས༔ ལྷ་དང་རང་དང་གཞན་ཕྱི་སྣོད༔ ལྷ་སྔགས་ཏིང་འཛིན་ཕུར་བ་གདབ༔ རྡོ་རྗེ་ཕུར་བའི་རྒྱུད་སྤུ་གྲི་འབར་བ་ལས༔ ལྷ་བསྐྱེད་པའི་རིམ་པ་བསྟན་པ་སྟེ་ལེའུ་བཞི་པའོ༔ སླར་ཡང་གསང་བའི་བདག་པོ་ཡིས༔ ཁྲོ་རྒྱལ་མཆོག་ལ་ཡང་ཞུས་པ༔ སྔགས་ཀྱི་རིམ་པ་བསྟན་ཏུ་གསོལ༔ ཅེས་གསོལ་སླར་ཡང་རྡོ་རྗེའི་སྒྲས༔ སྲིད་ཞིའི་ཀློང་ནས་ཁྱབ་པའི་དབྱངས༔ སྔགས་ཀྱི་རིམ་པ་འདི་གསུངས་སོ༔ བདེ་གཤེགས་ཕྲིན་ལས་ཕུར་པ་ཡི༔ རྩ་སྔགས་ཡི་གེ་དགུ་པ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཡིག་འབྲུ་བཅོ་ལྔ་འདི་ལྟར་རོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཾ་བཾ་ཧཱུྃ་ཕཊ༔ རྩ་སྔགས་བསྙེན་སྒྲུབ་ཐུན་མོང་བཟུང༔ དེ་ནས་སྟེང་འོག་ཕྱོགས་མཚམས་ཀྱི༔ ཁྲོ་བོ་ཡབ་ཡུམ་སྲས་བཞི་དང༔ ཕྱག་བརྙན་རྣམས་ཀྱིས་ཕྱག་བྱས་ཏེ༔ གསང་བའི་བདག་པོ་ཆེན་པོ་ལ༔ མ་འོངས་སེམས་ཅན་དོན་སླད་དུ༔ ངེད་ཅག་རྣམས་ཀྱི་སྔགས་སྟོན་ཅེས༔ དཔལ་ཆེན་ཉིད་ལ་གསོལ་བར་བསྐུལ༔ གསང་བདག་གིས་ཞུས་ཁྲོ་རྒྱལ་གྱིས༔ སྔགས་རིམ་འདི་དག་བཀའ་རྩལ་ཏེ༔ ཧཱུྃ་ཀཱ་ར་བི་ཛ་ཡ་ནི་ལ་ཏནྟྲ་ཡ་མནྟ་ཀ་ཨཱརྱ་ཨ་ཙ་ལ་ཧྱ་གྷྲྀ་ཝ་ཨ་པ་ར་ཛི་ཏ་ཨ་མྲྀ་ཏ་ཀུཎྚ་ལི་ཏྲཻ་ལོ་ཀྱ་བི་ཛ་ཡ་མ་ཧཱ་བ་ལ༔ ཀུན་ལ་ཨོཾ་དང་ཧཱུྃ་བཞག་ཏེ༔ བཛྲ་ཀྲོ་ཏ་ཅེས་བརྗོད་ཅིང༔ ཕྲ་ཐབས་རྣམས་ལ་རང་རང་གི༔ ཁྲོ་རྒྱལ་ཡབ་ཡུམ་སྔགས་ཀྱི་མཐར༔ གརྫ་ཧ་ན་ད་ཧ་དང༔ པ་ཙ་བྷནྡྷ་ཧུ་ལུ་དང༔ ཏིཥྛ་ཚིནྡྷ་བྷིནྡྷ་ཧཱུྃ༔ སྥོ་ཊ་ཞེས་ཧཱུྃ་ཕཊ་གདགས༔ བཛྲ་རཏྣ་པདྨ་དང༔ ཀརྨ་ཀཱི་ལ་ཡ་བརྗོད་སྲས༔ སྒོ་མ་རང་གི་སྲོག་ཡིག་ནི༔ ཛཿཧཱུྃ་བཾ་ཧོ་དེ་བཞིན་དུ༔ གཞུང་སྙིང་གཅིག་དྲིལ་འདི་ཉིད་དོ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ༔ ཨ་ཙི་ཏེ་ཨ་པ་ར་ཙི་ཏེ་མ་ར་ས་ན་པྲ་མརྡྷ་ན་ཡ་ཧཱུྃ་ཕཊ༔ ཧཱུྃ་བྷྱོ༔རྦད་བཟློག་མཱ་ར་ཡ་ཕཊ༔ ཅེས་གསུངས་སོ༔ རྡོ་རྗེ་ཕུར་བའི་རྒྱུད་སྤུ་གྲི་འབར་བ་ལས༔ བསྙེན་སྒྲུབ་ལས་སྦྱོར་ཞུས་ཤིང་གསུངས་པའི་ལེའུ་སྟེ་ལྔ་པའོ༔ དེ་ནས་གསང་བའི་བདག་པོ་ཡིས༔ རྡོ་རྗེ་གཞོན་ནུར་ཡང་གསོལ་བ༔ བསྙེན་སྒྲུབ་རྩོམ་པའི་གང་ཟག་གིས༔ ལྟ་སྒོམ་སྤྱོད་ཚུལ་ཇི་ལྟར་བྱ༔ ཁྱད་པར་དཔལ་ཆེན་ཕྲིན་ལས་ཀྱི༔ གནས་དུས་ཡོ་བྱད་བསྙེན་པའི་གྲངས༔ ཇི་ལྟར་ཉམས་སུ་ལེན་པའི་ཚུལ༔ སྤྱི་དཔལ་ཆེན་པོས་བཀའ་སྩོལ་ཅིག༔ དེ་སྐད་གསོལ་བ་གསན་ནས་ཀྱང༔ དཔལ་ཆེན་གཞོན་ནུས་བཀའ་བསྩལ་པ༔ ལྟ་བ་མིག་ལ་བསྒོམ་པ་སྙིང༔ སྤྱོད་པ་ལུས་ཀྱི་ཚུལ་ལ་ལྟོས༔ འཁོར་འདས་མཉམ་ཉིད་བདེན་པ་གཉིས༔ དབྱེར་མེད་དབྱིངས་ནས་སངས་རྒྱས་པ༔ འདི་ནི་ལྟ་བ་རྫོགས་ཆེན་ཏེ༔ ཆོས་ཀྱི་དབྱིངས་ཀྱི་ཕུར་པ་འོ༔ དེ་ལྟར་མ་རྟོག་ལོག་རྟོག་དང༔ ཕྱོགས་རྟོག་སེམས་ཅན་ཚད་མེད་ཀྱི༔ སྙིང་རྗེས་ཀུན་བསླངས་ཡི་དམ་ལྷའི༔ གསང་གསུམ་དབྱེར་མེད་ཏིང་འཛིན་ངང༔ ཁྲོས་པའི་བརྟུལ་ཞུགས་ཀྱིས་སྒྲོལ་བ༔ ཡེངས་མེད་འཛིན་མེད་བསྒོམ་པའི་འཕྲང༔ ཚད་མེད་སྙིང་རྗེའི་ཕུར་བའོ༔ བུམ་གསང་ཤེས་རབ་ཚིག་དབང་གིས༔ དམ་ཚིག་ལྷར་བསྒོམ་བཟླས་བརྗོད་བརྩོན༔ དམིགས་བཅས་དམིགས་མེད་རྫོགས་རིམ་གྱི༔ རྩ་བ་སྔགས་ཀྱི་ཕུར་པའོ༔ ཕྲིན་ལས་དབང་བསྐུར་ཞུ་བའི་ཡུལ༔ བླ་མ་ལྟ་སྒོམ་སྤྱོད་པ་དག༔ དྲག་ཤུལ་སྒྲོལ་བའི་ལས་ལ་མཁས༔ སློབ་མ་དད་བརྩོན་ཤེས་རབ་ཆེ༔ བསྟན་འགྲོའི་དོན་ལ་སྲོག་གཏོང་ནུས༔ རང་འདོད་སྤངས་པའི་སྒྲོལ་ལས་བརྩོན༔ སྒྲུབ་དུས་གནས་ནི་རིག་འཛིན་དང༔ གྲུབ་ཐོབ་ཞབས་བཅག་དུར་ཁྲོད་དམ༔ ལུང་སྟོང་དབེན་གནས་དགྲ་འདྲེ་རྣམས༔ ཤིན་ཏུ་རྒོད་ཅིང་རྩུབས་པའི་སར༔ མཚན་མ་རྫས་ཀྱི་ཕུར་པ་ནི༔ བྱུག་བདུག་བྲབ་པས་བགེགས་བསྐྲད་དེ༔ ལྷ་བསྒོམ་སྨྲ་བཅད་བསྙེན་པའི་གྲངས༔ འབྲུ་འབུམ་ལྔ་བདུན་དགུ་སོགས་འབད༔ ཟླ་དྲུག་རྟགས་མཐོང་གནད་དུ་བསྣུན༔ ཏིང་འཛིན་མ་ཡེངས་གནད་དུ་ཆེ༔ གལ་ཏེ་ཡེངས་ན་བསྐལ་པ་རུ༔ བཟླས་ཀྱང་འབྲས་བུ་ཆེར་མི་འབྱིན༔ དེ་ཕྱིར་རབ་ཏུ་བསྒྲིམ་པར་བྱ༔ རྡོ་རྗེ་ཕུར་བའི་རྒྱུད་གནམ་ལྕགས་སྤུ་གྲི་ལས༔ ལྟ་སྤྱོད་བཟླས་པའི་ཞུས་ལན་ཏེ་ལེའུ་དྲུག་པའོ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ རྡོ་རྗེ་འཆང་ལ་ཡང་ཞུས་པ༔ ཨེ་མ་དཔལ་ཆེན་ཧེ་རུ་ཀ༔ དེ་ལྟར་བསྐྱེད་པའི་རིམ་པ་རྣམས༔ སྤྲོས་ཅན་སེམས་ཅན་ལ་གསུངས་ཀྱང༔ སྤྲོས་མེད་རྫོགས་རིམ་ཇི་ལྟར་བསྒོམ༔ དེ་ནས་འཁོར་ལོ་རྒྱས་འདེབས་མས༔ ཤེས་རབ་ལ་བརྟེན་རྫོགས་རིམ་དང༔ ཆགས་བྲལ་རྫོགས་རིམ་གསུང་དུ་གསོལ༔ ཞེས་ཞུས་ཡབ་ཡུམ་གཉིས་ཀ་དང༔ སྲིད་ཞི་དབྱིངས་སུ་མཉམ་སྦྱོར་ནས༔ ཆེན་པོ་དགྱེས་པའི་ཚུལ་བཞིན་དུ༔ རྡོ་རྗེ་གླུ་ཡིས་བཀའ་སྩལ་པ༔ ཨེ་མ་ཧོ༔ངོ་མཚར་ཨ་ལ་ལ༔ རྣལ་འབྱོར་ཆགས་པ་ལམ་སློང་བྱ༔ མཚན་ལྡན་རིག་མ་བརྟགས་འགུག་སྨིན༔ དབབ་བཟུང་བཟློག་དགྲམ་དགའ་བ་བཞིས༔ ཡེ་ཤེས་རང་སེམས་དབྱེར་མེད་བསྲེས༔ བླ་མའི་ཐུགས་དང་རང་སེམས་དང༔ གཟུངས་མའི་ཆགས་སེམས་སྟོང་པའི་ངང༔ ཉམས་སུ་ལེན་པ་གལ་ཆེའོ༔ ཆགས་བྲལ་གང་ཟག་བྱ་བ་བཏང༔ དབེན་པར་དྲང་སྲོང་ཆོས་བདུན་ལུས༔ འོག་རླུང་བསྡམས་ཤིང་རླུང་རོ་བསལ༔ སྟེང་རླུང་ཅུང་ཟད་མནན་བྱས་ནས༔ གང་ཤར་རྟོག་པ་གཞན་མི་བསླད༔ རང་བབ་ཐོག་ཏུ་ཁྲིག་གེར་བཞག༔ སེམས་དང་ཡིད་དང་ཀུན་གཞི་ལས༔ འདས་པའི་སྟོང་གསལ་རིག་པའི་གདངས༔ རང་རྩལ་དྲན་པ་བཅོས་མེད་པ༔ ཀ་དག་ལྟ་བས་ཐེ་ཚོམ་བསལ༔ ཡིད་དཔྱོད་བློ་འདས་གནད་དུ་ཆེ༔ ཁྱད་པར་ཚེ་འདིར་འོད་སྐུ་རུ༔ གྲོལ་བའི་གནད་ཟབ་ཐོད་རྒལ་ནི༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ༔ མི་འགུལ་གསུམ་གྱི་ནང་དབྱིངས་ལས༔ རྒྱངས་ཞགས་ཐག་པས་དབྱིངས་སྒྲོན་རྒྱན༔ ཉི་ཟླ་མར་མེ་འབེན་ལ་མདའ༔ ལུག་རྒྱུད་ཨར་གཏད་རིམ་བཞིན་དུ༔ ཐིག་ལེ་ཆུང་ཆེ་ཕྱེད་ཚང་འཁོར༔ ཞི་ཁྲོའི་ལྷ་ཤར་རྩིབས་ཤར་དང༔ གྱེན་འགྲེང་འཁར་གཞོང་རེ་ལྡེ་ཙམ༔ ཚོན་སྣ་ལྔ་ཡིས་ཡུལ་ཁམས་འགེང༔ ལུས་ངག་ཡིད་གསུམ་སྡོད་པ་གསུམ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས༔ བར་དོ་གསུམ་ལ་མངོན་འཚང་རྒྱ༔ དམིགས་པ་སྤྲོས་མེད་གཉིས་ཀ་ལ༔ ལས་རླུང་སྦྱོང་བའི་ཟབ་གནད་གཅེས༔ རྫོགས་རིམ་ཀུན་གྱི་བཅུད་ཐིག་གོ༔ རྡོ་རྗེ་ཕུར་བའི་རྒྱུད་གནམ་ལྕགས་སྤུ་གྲི་ལས༔ རིམ་པ་གཉིས་པའི་ལམ་ཞུས་ཤིང་ཡབ་ཡུམ་གཉིས་ཀྱིས་བསྟན་པ་སྟེ་ལེའུ་བདུན་པའོ༔ དེ་ནས་གསང་བའི་བདག་པོ་ཡིས༔ གྲུབ་པའི་འབྲས་བུ་ཇི་ལྟར་ལགས༔ ཕུར་བ་གྲུབ་པའི་གདབ་ཡུལ་གང༔ ཐེབས་པའི་རྟགས་དང་མ་ཐེབས་པའི༔ སྐྱོན་གང་གནས་སྐབས་ཡོན་ཏན་བརྒྱད༔ མདོར་བསྟན་རྒྱས་པར་དགྲོལ་དུ་གསོལ༔ ཞེས་ཞུས་དཔལ་ཆེན་དགྱེས་པ་ཡིས༔ ལེགས་སོ་ངས་བསྟན་དད་པས་ཉོན༔ གྲུབ་པའི་འབྲས་བུ་འཁོར་འདས་ཆོས༔ བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིག༔ ཇི་བཞིན་མངོན་གྱུར་ལུས་ངག་ཡིད༔ རྡོ་རྗེ་གསུམ་དུ་ལྷུན་གྲུབ་ནས༔ དཔལ་ཆེན་ཚེ་འདིར་མངོན་གྲུབ་པོ༔ ཕུར་པའི་གདབ་ཡུལ་དགྲ་བགེགས་ཏེ༔ ལྟ་བ་ཆོས་དབྱིངས་ཕུར་པ་ནི༔ བདག་རྟོག་རུ་ཏྲའི་སྙིང་ལ་གདབ༔ ཐེབས་རྟགས་བདག་མེད་ཀློང་དུ་གྲོལ༔ འཁོར་བའི་གྲོང་ལ་སླར་མི་ལྡོག༔ མ་ཐེབས་རྟག་ཆད་གཡང་སར་ལྷུང༔ སྒོམ་པ་སྙིང་རྗེའི་ཕུར་པ་ནི༔ འགྲོ་དྲུག་སེམས་ཅན་ཡོངས་ལ་གདབ༔ ཐེབས་རྟགས་རིགས་དྲུག་གཡང་སར་འདོན༔ མ་ཐེབས་དུག་ལྔས་རང་གནས་འཁྱམས༔ སྤྱོད་པ་བྱང་ཆུབ་སེམས་ཕུར་བ༔ རང་འདོད་ངོས་འཛིན་ཞེན་པར་གདབ༔ ཐེབས་རྟགས་རང་བས་གཞན་གཅེས་པས༔ རྒྱལ་བའི་སྲས་ཀྱི་ཐུ་བོར་འགྱུར༔ མ་ཐེབས་ཐེག་དམན་གོལ་སར་ལྟུང༔ མཚན་མ་རྫས་ཀྱི་ཕུར་བ་ནི༔ ཐེབས་པས་གང་དམིགས་རྨིང་མེད་བརླག༔ མ་ཐེབས་དགྲ་འདྲེ་ཡན་པར་ཤོར༔ དེ་ཕྱིར་ཕུར་ཐེབས་གནད་དུ་ཆེ༔ གནས་སྐབས་དཔལ་ཆེན་ཕུར་བ་ནི༔ ལྷ་རྣམས་ཀུན་གྱི་ཕྲིན་ལས་པ༔ ཁྱད་པར་སྒྲུབ་སྡེ་ཆེན་པོ་བརྒྱད༔ ཀུན་གྱི་བར་ཆད་སེལ་བ་ནི༔ ཚོང་པ་དཔའ་བོའི་སྐྱེལ་མ་འདྲ༔ ཀུན་གྱི་བསྲུང་མར་གཅེས་པ་ཡིན༔ ཕུར་བའི་མཁན་པོས་ཚེ་བདུད་སྒྲོལ༔ ཚེ་རིང་ཡོན་ཏན་བསམ་ལས་འདས༔ དབུལ་འདྲེ་བསལ་བས་ལོངས་སྤྱོད་ཆེ༔ ཆུང་འདྲེ་འདུལ་བས་རིགས་རྒྱུད་འཕེལ༔ མཐོ་གནོན་དགྲ་གསོད་མཐུ་ཆེར་གྲགས༔ གཞན་སྣང་བསྒྱུར་བས་འཁོར་སློབ་འཕེལ༔ ཆོས་སྲིད་སྒྲོལ་ནུས་ཆོས་རྒྱུད་རིང༔ དཀར་ཕྱོགས་ལྷ་འདུ་སྙན་གྲགས་ཆེ༔ བར་ཆད་ཀུན་སེལ་བཀྲ་ཤིས་འབྱུང༔ ནང་རྟགས་ཕྱིར་ཤར་དཔའ་ཟིལ་ལྡན༔ དེ་ཕྱིར་ཚེ་འདིར་རྡོ་རྗེ་འཆང༔ གྲུབ་པར་འདོད་པས་འདིར་འབད་བྱ༔ རྡོ་རྗེ་ཕུར་བའི་རྒྱུད་གནམ་ལྕགས་སྤུ་གྲི་ལས༔ ཇི་ལྟར་སྒྲུབ་ཚུལ་གྲུབ་པའི་སྐྱོན་ཡོན་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ དེ་ལྟར་རྡོ་རྗེ་ཆོས་མཆོག་གིས༔ དེ་ལྟར་གྲུབ་པའི་གང་ཟག་གིས༔ སྒྲོལ་བའི་ལས་སྦྱོར་ཇི་ལྟར་བགྱི༔ དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག༔ ཞེས་ཞུས་སླར་ཡང་བཀའ་སྩལ་པ༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་བས༔ དུར་ཁྲོད་གནས་སུ་ཡོ་བྱད་བསགས༔ དགྲ་འདྲེ་གང་དམིགས་རཱུ་པ་ནི༔ ཧོམ་གཞུག་ལྷ་སྲུང་སྐྱེམས་ཀྱིས་བརྔན༔ གཟུ་དཔང་བསྐྱེད་འགུགས་རྟག་ཐོན་མཐར༔ ཚེ་ཁྲུས་དགོངས་པས་རྫས་ཕུར་གདབ༔ མཚོན་ཆས་བསྒྲལ་ནས་ལྷ་ལ་འབུལ༔ ཐམས་ཅད་སྟོང་པའི་མཉམ་ཉིད་བལྟ༔ སླར་ཡང་གསང་བའི་བདག་པོ་ཡིས༔ ལྟས་ངན་བྱད་ཕུར་དགྲ་འདྲེ་ཡིས༔ འཚེ་ན་བཟློག་ཐབས་བསྟན་གསོལ་བས༔ གཙོ་བོའི་བཟློག་ཐབས་འདི་ལྟར་རོ༔ རུ་ཏྲའི་གཟུགས་ཀྱི་ལྟེ་བ་ལཿ ཁྲིའུར་དཔལ་གཏོར་ལྷ་གྲངས་བཤམས༔ ལྟས་ངན་བཟློག་པའི་ཁྱུང་གཟུགས་དང༔ ཤ་ཁྲག་རྒྱུ་མ་མཚེ་ཡུངས་མཚོན༔ རུ་མཚོན་ཚོན་སྐུད་དར་གུར་བརྒྱན༔ སྒྲུབ་ཅིང་ལྷར་བསྐྱེད་བསྙེན་སྒྲུབ་བསྐྱལ༔ ཚོགས་ཀྱི་འཁོར་ལོས་ལྷ་ཚོགས་མཆོད༔ ཉམས་ཆགས་བཤགས་ཤིང་སྒྲོལ་ལས་བརྩམས༔ བཟློག་པའི་སྨྲེང་གྱེར་སྔགས་འདི་འོ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བྷྱོ་བཟློག༔ ག་རུ་ཊ་ལྟས་ངན་བྷྱོ་བཟློག༔ དཔའ་བོ་དཔའ་མོའི་དགའ་སྟོན་བྱ༔ མུ་རན་འཁོར་ལ་ལྷག་མ་བསྔོ༔ ཆད་བསྐུལ་མ་མོ་བསྟན་གཏོར་གཏོང༔ རྒབ་འདྲེ་བྲོ་བརྡུང་ཚེ་ཆོག་བྱ༔ དཀྱིལ་འཁོར་ལྷ་ལ་གཏང་རག་འབུལ༔ དམིགས་མེད་དབྱིངས་ལ་དགེ་བ་བསྔོ༔ ཤིས་པ་བརྗོད་ཅིང་སྤྱོད་ལམ་བྱ༔ སྒྲོལ་ལས་ཟབ་པའི་མཐར་ཐུག་གོ༔ དེས་ནི་དགྲ་འདྲེ་གང་དམིགས་བཟློག༔ ཀུན་ལ་ལྟ་བའི་གདེངས་ལྡན་གཅེས༔ རྡོ་རྗེ་ཕུར་བའི་རྒྱུད་སྤུ་གྲི་འབར་བ་ལས༔ སྒྲོལ་ལས་བསྟན་པའི་ལེའུ་སྟེ་དགུ་པའོ༔ གཞན་ཡང་ནད་གདོན་ཞི་བ་དང༔ ཚེ་བསོད་རྒྱས་དང་དམིགས་བྱ་སྡུད༔ གནས་སྐབས་ཕན་གནོད་རིམ་པ་རྣམས༔ རིག་འཛིན་དགོངས་བརྡའི་ཚོགས་ཀྱིས་སྤེལ༔ རྩེ་གཅིག་སྒྲུབ་པས་གང་འགྲུབ་པ༔ རྡོ་རྗེ་ཕུར་བའི་རྒྱུད་གནམ་ལྕགས་སྤུ་གྲི་ལས༔ ལས་ཚོགས་བཀའ་ཡིས་གནང་བ་སྟེ་ལེའུ་བཅུ་པའོ༔ དེ་ནས་གསང་བདག་རྡོ་རྗེ་འཛིན༔ གུས་པས་སླར་ཡང་འདི་སྐད་གསོལ༔ རྒྱུད་འདི་གཏད་པའི་སྲུང་མ་གང༔ འདི་བཅངས་ཀློག་བྲིས་ཡོན་ཏན་གང༔ གདུལ་བྱའི་ཡུལ་ལ་ཇི་ལྟར་སྣང༔ རྡོ་རྗེ་གཞོན་ནུས་བཀའ་སྩལ་པ༔ མ་འོངས་དོན་དུ་ཞུས་པ་ལེགས༔ གང་ཟག་རང་རྒྱུད་མ་ཡིན་པའི༔ རིག་འཛིན་རྣམས་ལ་རྒྱུད་འདི་གཏད༔ དཀྱིལ་འཁོར་གྲལ་ཞུགས་མཐུ་རྩལ་ཅན༔ དྲེགས་པ་ཅན་ལ་རྒྱུད་འདི་གཏད༔ བསྟན་འགྲོའི་དོན་ལ་ཕན་སེམས་ཅན༔ ལས་ཅན་བུ་ལ་རྒྱུད་འདི་གཏད༔ སེམས་བསྐྱེད་ལྡན་པས་གསེར་དངུལ་གཡུ༔ རྡོ་དང་ས་ཡི་ཁུ་བ་ལ༔ སེལ་མེད་བདུད་རྩི་སྨན་འབྲས་ཏེ༔ དར་རས་ཤིང་ཤུན་ལེབ་ཤོག་ནི༔ བཅུ་དྲུག་སོར་ཚད་གླེགས་བམ་ནི༔ ལུས་ལ་བཅངས་བས་ནད་ཀུན་སེལ༔ ཁྱིམ་དུ་བཞུགས་མཆོད་འདྲེ་གདོན་གནོན༔ བཀླག་པས་གནས་སྐབས་དགྲ་འདྲེ་འདུལ༔ དོན་བསམ་དཔལ་ཆེན་སྐུ་རུ་འགྲུབ༔ ཅེས་གསུངས་པས་རིགས་ལྔ་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དཔལ་ཕྱག་ན་རྡོ་རྗེ་གཙོ་འཁོར་ལ་མངོན་པར་བསྟོད་དོ༔ ཆོས་དབྱིངས་སྤྲོས་པ་མེད་པའི་དབྱིངས་སུ་མངོན་པར་བསྡུའོ༔ རྡོ་རྗེ་ཕུར་བའི་རྒྱུད་གནམ་ལྕགས་སྤུ་གྲི་ལས༔ རྒྱུད་གཏད་པའི་ཕན་ཡོན་མཇུག་སྟེ་ལེའུ་བཅུ་གཅིག་རྫོགས་སོ༔ ཨེ་མ་ཕྲིན་ལས་རྒྱུད་ཆེན་འདིཿ མ་ལ་ཡ་ཡི་གནས་མཆོག་ཏུ༔ གསང་བའི་བདག་པོ་དྲ་མ་ལྔས༔ པད་འབྱུང་རྗེ་ལ་བརྡ་རུ་བསྟན༔ སེང་གེ་རྫོང་གི་གནས་ཞོལ་དུ༔ མཁར་ཆེན་བུ་མོ་བདག་ལ་གནང༔ ཕུར་བའི་རྒྱུད་ཆེན་ས་གཏེར་སྦས༔ ཚིག་དོན་བློར་བཟུང་དབྱིངས་ཀྱི་རྒྱ༔ མ་འོངས་ང་ཡི་ཕྲིན་ལས་སྤྲུལ༔ གང་ཟག་ཕལ་བའི་གཟུགས་ཀྱིས་འགྲོལ༔ སྐལ་ལྡན་ཆོས་ཀྱི་སྐྱེས་བུས་སྤེལ༔ སྟོད་སྨད་མཁས་པའི་གྲལ་དུ་འགྲིམས༔ གང་འབྲེལ་དོན་ལྡན་བར་ཆད་སེལ༔ གུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་སྤྲང་བན་ལུང་རིག་གླིང་པ་ལ་སྐྱབས་རྗེ་གྲུབ་དབང་བླ་མས་ཉམས་སྣང་དུ་ཤོག་སེར་བྱིན་ནས་སླར་ཨོ་རྒྱན་ཆེན་པོར་གནས་འགྱུར་ནས་རྟ་མགྲིན་བདུད་སྡེ་ཟིལ་གནོན་ཞེས་པའི་དབང་བསྐུར་བའི་དུས་སུ་གང་བབས་ཀྱི་ཡི་གེར་འདྲི་བ་མཁའ་སྤྱོད་ཀྱི་དབང་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཀྱང་བཀས་གནང་བ་ལྟར་ཆོས་ལ་དབང་བའི་སྐྱེས་མཆོག་དམ་པའི་བཀས་ཡང་ཡང་བསྐུལ་ངོར་དགོངས་གཏེར་དུ་བབས་པའི་ལོ་བཅུ་ཕྲག་འདས་པའི་ནོར་སྐྱོང་གི་ལོར་གཏེར་ཆེན་རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་བཀླག་ལུང་གི་སྐབས་སུ་སྤེལ་བའི་དགེ་བས་འགྲོ་ཀུན་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདིར་ཐོབ་ནས་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱུར་གྱུར་ཅིག སརྦ་ཛ་ཡནྟུ།

གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས།

༄༅།། གསོལ་འདེབས་རྡོ་རྗེའི་སྒྲ་དབྱངས་བཞུགས། ཨོཾ་ཨཱ༔ཧཱུྃ། ཆོས་སྐུ་ཀུན་བཟང་རྡོར་འཆང་རྡོ་རྗེ་སེམས། །རྡོ་རྗེ་ཆོས་དང་ཌཱཀྐི་ལས་ཀྱི་དབང་། །པྲ་བྷ་ཧསྟི་རྡོ་རྗེ་གྲོ་ལོད་རྩལ། །གསོལ་བ་འདེབས་སོ་དམ་སྲི་བདུད་དཔུང་ཆོམས། །བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ། །མཁར་ཆེན་མཚོ་རྒྱལ་དཔལ་གྱི་དབང་ཕྱུག་ཞབས། །རིག་འཛིན་སར་བཞུགས་སྐལ་ལྡན་ལུང་རིག་གླིང་། །རྩ་བརྒྱུད་བླ་མ་ཡི་དམ་ཕུར་པའི་ལྷ། །མ་སྲིང་ཌཱཀྐི་བཀའ་གཏེར་སྲུང་མ་ལ། །གསོལ་བ་འདེབས་སོ་དམ་སྲི་བདུད་དཔུང་ཆོམས། །བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ། །རང་རིག་བྱང་ཆུབ་སེམས་ཀྱི་སྒྲོམ་བུ་ནས། །རང་བྱུང་བཅོས་མེད་ཆོས་དབྱིངས་མཁའ་འགྲོའི་བརྡ། །རང་བབས་རྩོལ་བྲལ་དགོངས་གཏེར་དག་སྣང་ཆོས། །ཚད་མ་གསུམ་ལྡན་གསང་ཆེན་མན་ངག་ལ། །གསོལ་བ་འདེབས་སོ་དམ་སྲི་བདུད་དཔུང་ཆོམས། །བྱང་ཆུབ་སྒྲུབ་པའི་བར་ཆད་དབྱིངས་སུ་སོལ། །མ་དག་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར། །བསྲུང་བཟློག་དྲག་པོའི་ལས་ལ་རང་བྱན་ཆུད། །བསྟན་འགྲོའི་བགེགས་བསལ་ལེགས་ཚོགས་སྤེལ་ལ་དབང་། །དོན་གཉིས་མཐར་ཕྱིན་དཔལ་ཆེན་མངོན་གྱུར་ཤོག །ཅེས་པ་འདི་ཡང་སྔོན་གྱི་བག་ཆགས་བཟང་པོའི་ལས་འཕྲོ་ཡོད་པའི་བཙུན་པ་སྨོན་ལམ་གྱིས་བསྐུལ་ངོར། དག་སྣང་གི་ཆོས་སྡེ་ལ་ཡིད་ཆེས་པར་དགོངས་ནས་སྤྲུལ་པའི་གཏེར་ཆེན་ལུང་རིག་གླིང་པས་བྲིས་པ་དགེ་ལེགས་འཕེལ།།

ཕུར་པ་བདུད་དཔུང་ཚར་གཅོད།

༄༅། ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ ཀཱིལཡམཱརཙམཱུསྠཱམཱཙྪེདཀནཱམབིཧརཏིསྨ།

༄༅། ཤུདྡྷལོཀསྶརསྫཡཱམནསྱགུཧྱཀོཥེབྷྱཿ ཀཱིལཡམཱརཙམཱུསྠཱམཱཙྪེདཀནཱམབིཧརཏིསྨ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཕུར་པ་བདུད་དཔུང་ཚར་གཅོད་ཅེས་བྱ་བ་བཞུགས་སོ༔

དབྱིངས་ཀྱི་ངང་ལས་མ་གཡོས་ཀྱང་༔ དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཡི་དམ་ལྷག་པའི་ལྷ་ལ་འདུད༔ དེ་ཉིད་སྒྲུབ་པའི་ཐབས་ཟབ་མོ༔ བོད་ཡུལ་གཏེར་ཆེན་གཏེར་ཕྲན་དང་༔ ཡང་གཏེར་བསམ་ལས་འདས་པ་སྦས༔ དེ་ཡི་ནང་ནས་སྙིགས་དུས་འདིར༔ འགྲུབ་སླ་བརྒྱུད་ཐག་ཉེ་བའི་ཆོས༔ དགོངས་པའི་གཏེར་རྒྱ་ལེགས་བཀྲོལ་ཏེ༔ དུས་བབས་སྐལ་ལྡན་སྐྱེས་བུ་དང་༔ དབྱིངས་ཀྱི་རང་རྩལ་ཌཱཀྐི་མས༔ བསྐུལ་བྱང་བྱུང་བ་ལ་བརྟེན་ནས༔ གསང་ཆེན་གཅིག་བརྒྱུད་ཚུལ་དུ་སྤེལ༔ བཀའ་གཏེར་ཕུར་སྲུང་བཅུ་དྲུག་གིས༔ དམ་ཉམས་ལག་ཏུ་ཤོར་སྲིད་ན༔ སྲོག་ལ་རྦོད་གཏོང་ས་མ་ཡཱ༔ སྔོན་འགྲོ་དངོས་གཞི་རྗེས་ལས་ཁྲིད༔ ཤིན་ཏུ་དབེན་ཞིང་རྩུབ་པའི་སར༔ མཚམས་གཅོད་གཡེལ་ཞུད་འབྱམས་མི་རུང་༔ དུས་ཚེས་ཡར་ངོ་རྒྱལ་ཕུར་རམ༔ འཕྲོད་སྦྱོར་བཟང་པོར་བསྟུན་པ་གནད༔ དཀྱིལ་འཁོར་རས་བྲིས་རྡུལ་ཚོམ་བུ༔ སྤྲོས་པ་ཆེ་ཆུང་རང་མོས་བྱ༔ འཁོར་ལོ་རྩིབས་བཅུ་རྩིབས་བཞིའི་ནང་༔ ཐོད་ར་གྲུ་གསུམ་བསྣོལ་དབུས་སུ༔ ཕྱག་མཚན་ས་བོན་གང་རུང་དང་༔ ཕྱི་རོལ་སྒོ་རྫོགས་ཁྱམས་ཉིས་རིམ༔ ཐོད་ཕྲེང་རྡོ་ར་རླུང་མེ་དང་༔ དུར་ཁྲོད་ལ་སོགས་སྤྱི་དང་མཚུངས༔ ལྕགས་སམ་མཚན་ལྡན་ཐོད་པ་རུ༔ འབྲུ་སྨན་བཤོས་ལ་བང་རིམ་གསུམ༔ དྲག་པོའི་གཏོར་མ་ཕུར་བུའི་དབལ༔ གྱེན་བསླངས་དབྱིབས་འདྲ་མེ་ཐོད་རྒྱན༔ སྲས་བཞི་ཁྲོ་བཅུ་སྒོ་མ་བཞི༔ ལྷ་གྲངས་བཤོས་ལ་སྐུ་རྟེན་འཛུགས༔ སེང་ལྡིང་ཁྲོ་ལྕགས་ཕུར་པ་ནི༔ ཞལ་ཕྱག་རྫོགས་སམ་རྒྱ་མདུད་ཅན༔ སྔོ་ལྗང་དར་གྱི་ཅོད་པཎ་འཕུར༔ ཕུར་སྲུང་གཏོར་མ་རང་གཞུང་ལྟར༔ དྲག་པོའི་ཉེར་སྤྱོད་སྨན་རཀ་དང་༔ ཚོགས་ཀྱི་དམ་རྫས་ཤ་ཆང་ཟན༔ གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན༔ སྤྱན་གཟིགས་དགོས་པའི་ཡོ་བྱད་རྣམས༔ མ་ཚང་མེད་པར་འདུ་བྱས་ལ༔ ཐོད་རྔ་རྐང་གླིང་རོལ་མོའི་ཚོགས༔ མཚམས་སུ་འབུད་དཀྲོལ་སྤོས་ཚིལ་ཆེན༔ གུ་གུལ་ལ་སོགས་དུད་པས་བདུག༔ བྱང་ཆུབ་བར་དུ་འགྲོ་བ་ལ༔ ལས་བཞིས་ཕན་པར་བྱ་བའི་བློས༔ མདུན་མཁར་མཆོག་གསུམ་ཀུན་འདུས་པ༔ བླ་མ་ལྷ་དང་དབྱེར་མེད་པར༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ སྐུ་གསུམ་ཀུན་འདུས་དྲིན་ཆེན་བླ་མ་དང་༔ བདུད་དཔུང་ཚར་གཅོད་ཡི་དམ་ཕུར་པའི་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ་གཉིས་པ་སེམས་བསྐྱེད་ནི༔ ཧོཿ ཁམས་གསུམ་རྒྱུད་ལྔར་འཁྱམས་པའི་ཕ་མ་ཀུན༔ རང་རིག་ལྷག་པའི་ལྷ་ཡི་གོ་འཕང་མཆོག༔ ཐོགས་མེད་མྱུར་དུ་འཐོབ་པར་བྱ་བའི་ཕྱིར༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ་གསུམ་པ་ཚོགས་བསག་ནི༔ གཞན་ནས་བྱུང་ལྟར་ཡང་ཡང་བྱ༔ ཞེས། ཧཱུྃ༔ བླ་མ་ཡི་དམ་འདིར་གཤེགས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་ཚོགས་འབུལ༔ ཉམས་ཆག་སྡིག་བཤགས་དགེ་ལ་རྗེས་ཡི་རང་༔ ཆོས་འཁོར་བསྐོར་བསྐུལ་མཁའ་བཞིན་བརྟན་བཞུགས་གསོལ༔ དགེ་དེས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ་ཚོགས་ཞིང་བསྡུས་ནས་རང་ལ་བསྟིམས༔ བཞི་པ་བགེགས་ལ་གཏོར་མ་ནི༔ བསངས་སྦྱངས་འབྲུ་གསུམ་སྔགས་དང་རྒྱས༔ ཟག་མེད་བདུད་རྩིར་བྱིན་བརླབས་ཏེ༔ ཧཱུྃ་ཧཱུྃ༔ ང་ནི་རབ་འཇིགས་དཔལ་ཆེན་ཁྲོ་བོའི་རྒྱལ༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་སྟེ༔ དངོས་གྲུབ་སྒྲུབ་ལ་བར་ཆད་ལོག་འདྲེན་བགེགས༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི་བཞེས་ལ༔ སྒྲུབ་པའི་གནས་འདིར་མ་འདུག་གཞན་དུ་དེངས༔ བསྟན་འགྲོའི་བདེ་སྐྱིད་འཕྲོག་པའི་ཞིང་བཅུའི་དགྲ༔ ལྷག་མེད་མཛོད་ལ་བྱང་ཆུབ་སེམས་མཆོག་བསྐྱེད༔ གལ་ཏེ་བཀའ་ལས་འདའ་ཞིང་བར་གཅོད་ན༔ ཁྲོ་མཚོན་མེ་ཡིས་ལུས་སེམས་རྡུལ་དུ་བརླག༔ དེ་བས་མ་སྡོད་བསྒོ་བའི་ལས་སྒྲུབས་ཤིག༔ རྩ་སྔགས་ཁྲོ་བཅུ་ཧཱུྃ་བཞིས་སྔགས་དང་བཅས༔ ཡུངས་ཐུན་བྲབ་ཅིང་འདྲེ་འཇིགས་དུད་པས་བདུག༔ ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ་ཧཱུྃ༔ རང་བྱུང་ཆོས་དབྱིངས་རིག་པའི་རང་རྩལ་ལས༔ སྲ་བརྟན་རྡོ་རྗེ་རྒྱ་གྲམ་རླུང་མེ་དང་༔ གནམ་ལྕགས་ཕུར་པ་རྣོ་དབལ་ཚྭ་ཚྭ་འཕྲོས༔ མི་མིན་འཚེ་བའི་བགེགས་རིགས་སུ་ཡང་རུང་༔ བསྲུང་བའི་མཚམས་འདིར་འཇུག་པའི་གནས་མ་མཆིས༔ རྒྱལ་ཀུན་མཐུ་བྱིན་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྲིད་པའི་རླུང་ཡང་ཐར་བའི་གོ་སྐབས་མེད༔ བཛྲ་རཀྵ་ཛྭ་ལ་བྷྲུཾ༔ ཁྲོ་བཅུའི་ཕུར་པ་དཀྱིལ་འཁོར་གྱི༔ ཕྱོགས་བཅུར་འཛུགས་ལ་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་ཏུ༔ དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་དང་༔ མེ་ལྷ་སྲིན་པོ་རླུང་ལྷ་དབང་ལྡན་ཚོགས༔ ཉི་ཟླ་གཟའ་སྐར་ས་བདག་གདུག་པ་ཅན༔ ཕོ་མོ་ཁ་སྦུབ་གན་རྐྱལ་བསྣོལ་བའི་སྟེང་༔ མཐིང་ནག་ཧཱུྃ་ལས་ཡེ་ཤེས་ཁྲོ་བོ་བཅུ༔ ཞལ་གསུམ་ཕྱག་དྲུག་འཇིགས་པའི་མཚོན་ཆ་གདེངས༔ སྐུ་སྨད་ལྕགས་ཕུར་རྡོ་དབལ་ལོག་འདྲེན་འདུལ༔ ཕྱོགས་བཞིའི་གདོན་དང་འབྱུང་པོ་ཚར་ཆོད་ཅིག༔ ཁྲོ་བཅུའི་སྔགས་མཐར་ཕྱོགས་སྐྱོང་བཅུའི༔ མིང་ལ་ལོག་འདྲེན་གཞོམ་པའི་ཕྱིར༔ ལོག་འདྲེན་དྲི་ཟ་ཕོ་མོའི་གདོན༔ ཐམས་ཅད་ཧ་ན་ཧ་ན་ཧཱུྃ༔ ཕཊ་སོགས་རིག་པས་འཕྲུལ་ཤེས་བྱ༔ ཞེས་ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ༔ ལོག་འདྲེན་ལྷ་གདོན་ཕོ་མོའི་གདོན་ཐམས་ཅད་གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བྷི་ཛ་ཡ་ཧཱུྃ༔ ལོག་འདྲེན་དྲི་ཟ་ཕོ་མོའི་གདོན་ཐམས་ཅད་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྚ་ཧཱུྃ༔ ལོག་འདྲེན་མེ་ལྷ་ཕོ་མོའི་གདོན་ཐམས་ཅད་ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀཱ་ཧཱུྃ༔ ལོག་འདྲེན་གཤིན་རྗེ་ཕོ་མོའི་གདོན་ཐམས་ཅད་པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ ལོག་འདྲེན་སྲིན་པོ་ཕོ་མོའི་གདོན་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ༔ ལོག་འདྲེན་ཀླུ་གདོན་ཕོ་མོའི་གདོན་ཐམས་ཅད་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ལོག་འདྲེན་རླུང་ལྷ་ཕོ་མོའི་གདོན་ཐམས་ཅད་ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨམྲྀ་ཏ་ཀུནྚ་ལི་ཧཱུྃ༔ ལོག་འདྲེན་གནོད་སྦྱིན་ཕོ་མོའི་གདོན་ཐམས་ཅད་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ ལོག་འདྲེན་དབང་ལྡན་ཕོ་མོའི་གདོན་ཐམས་ཅད་བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བཱ་ལ་ཧཱུྃ༔ ལོག་འདྲེན་ས་བདག་ཕོ་མོའི་གདོན་ཐམས་ཅད་སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ དྲུག་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ༔ བདག་གི་ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ དཔལ་ཆེན་ཀུན་འདུས་རྡོ་རྗེ་གཞོན་ནུ་ཆེ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ མི་འབྲལ་རྩེ་གཅིག་སྒྲུབ་པར་དམ་བཅའ་འོ༔ བཛྲ་ཙིཏྟ་ས་མ་ཡཱ་ཧཱུྃ༔ བདུན་པ་ཉམས་ཆག་བཤགས་པ་ནི༔ ཧཱུྃཿ རང་བྱུང་རིག་པའི་ལྷ་དང་མ་མཇལ་བས༔ ཐོག་མེད་དུས་ནས་ལས་ཉོན་བག་ཆགས་མཐུས༔ དངོས་གྲུབ་བར་གཅོད་ཉམས་ཆག་མི་དགེའི་ལས༔ མ་ལུས་སྙིང་ནས་བཤགས་སོ་ལྷག་པའི་ལྷ༔ དག་ཚངས་མཆོག་གི་དབུགས་དབྱུང་མཛད་དུ་གསོལ༔ བཛྲ་ས་མ་ཡཱ་ཤུདྡྷེ་སྭཱ་ཧཱ༔ བརྒྱད་པ་སྤྲོ་བས་འཇུག་པ་ནི༔ ཨེ་མ་ཧོ༔ གྲངས་མེད་ལུས་ཀུན་ཆུད་ཟོས་འཁོར་བར་འཁྱམས༔ ད་ལྟ་ཡི་དམ་ལྷ་དང་དབྱེར་མེད་པར༔ སྒྲུབ་པའི་ཉེ་ལམ་ལྷག་པའི་དཀྱིལ་འཁོར་འདིར༔ ཕྱི་བཤོལ་བདུད་དབང་གཡེལ་དང་མ་ཞུད་པར༔ དགའ་ཞིང་སྤྲོ་བས་མྱུར་དུ་འཇུག་པར་བྱ༔ ཚེ་འདིར་དོན་འབྲས་འབྱུང་བར་གསོལ་བ་འདེབས༔ ཐུགས་རྗེས་ཟུངས་ཤིག་དཔལ་ཆེན་དཀྱིལ་འཁོར་ལྷ༔ ཡེ་ཤེས་རང་ཞལ་མངོན་དུ་སྟོན་པ་དང་༔ དངོས་གྲུབ་རྣམ་གཉིས་འགྲུབ་པའི་བརྡ་སྒོ་ཕྱེ༔ དགུ་པ་བྱིན་ཆེན་དབབ་པའི་ཕྱིར༔ དྲི་བཟང་བདུག་ཅིང་རོལ་མོ་དཀྲོལ༔ སྙན་ཅིང་གདུང་བའི་དབྱངས་དང་བཅས༔ ཧཱུྃ་ཧཱུྃ༔ འོག་མིན་ཆོས་དབྱིངས་སྤྲོས་བྲལ་ཕོ་བྲང་ནས༔ བཞེངས་བཞུད་མཚན་མའི་སྐྱོན་བྲལ་ཡེ་ཤེས་ལྷ༔ མ་རིག་གཉིས་སྣང་ཀུན་རྫོབ་སྒྲིབ་བསལ་ཕྱིར༔ གནས་དང་ཡོ་བྱད་མཚན་མའི་དཀྱིལ་འཁོར་དང་༔ རྣལ་འབྱོར་བདག་གི་སྒོ་གསུམ་བྱིན་གྱིས་རློབས༔ ལུས་ལ་འགྱུར་མེད་སྐུ་ཡི་གཟི་བྱིན་ཕོབ༔ ངག་ལ་འགགས་མེད་གསུང་གི་ནུས་མཐུ་བསྐྱེད༔ སེམས་ལ་འཁྲུལ་མེད་རྟོགས་པའི་རྩལ་ཤུགས་ཕྱུངས༔ བྱིན་ཆེན་བྱིན་ཕོབ་རྡོ་རྗེ་ཕུར་པའི་ལྷ༔ དབང་ཆེན་དབང་བསྐུར་རྩ་བརྒྱུད་བླ་མ་རྣམས༔ གསང་སྔགས་ལས་འབྲས་མྱུར་དུ་མཆིས་པར་མཛོད༔ ཨ་ལ་ལ་ཧོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཞེས་བརྗོད་རོལ་མོ་དྲག་ཏུ་དཀྲོལ༔ ལུས་རྔུལ་སྤུ་ཟིང་ཉམས་རྩལ་འབར༔ བཅུ་པ་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱ༔ཧཱུྃ་དང་སོ་སོའི་སྔགས༔ བརྗོད་ལ་དམིགས་པས་ཀུན་བཟང་གི༔ རྣམ་རོལ་ས་གསུམ་གང་བར་བསམ༔ ཞེས་རཾ་ཡཾ་ཁཾ༔ དངོས་འཛིན་དྲི་མའི་བག་ཆགས་བསྲེགས་གཏོར་བཀྲུས༔ རང་བྱུང་བདུད་རྩི་ཟག་མེད་མྱོང་གྲོལ་སྨན༔ དུག་ལྔ་དབྱིངས་བསྒྲལ་རཀྟའི་རྦ་ཀློང་འཁྲུགས༔ བྷ་ལིང་དམ་རྫས་བདེ་སྟོང་མཉམ་པར་སྦྱོར༔ ཉེར་སྤྱོད་རྣམ་ལྔ་ཡུལ་དྲུག་རང་གྲོལ་རྫས༔ ཀུན་བཟང་མཆོད་པའི་རྣམ་འཕྲུལ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་པཱུ་ཛ་ཨཱ་ཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋཱ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡཱ་ཧཱུྃ་ཧྲཱི་ཋཱ༔ ཞེས་བརྗོད་དེ་ཡན་སྔོན་འགྲོའི་ཆོས༔ རིམ་པ་བཅུ་ཡིས་ཉམས་སུ་བསྟར༔ ས་མ་ཡཱ༔ དངོས་གཞི་དང་པོ་ལྷ་བསྐྱེད་ལ༔ བག་ཆགས་རྣམ་གསུམ་སྦྱང་བྱ་ལ༔ ཏིང་འཛིན་རྣམ་གསུམ་སྦྱོང་བྱེད་ལ༔ སྐུ་གསུམ་ཡེ་ཤེས་སྦྱངས་འབྲས་སོ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཧཱུྃཿ འཁོར་འདས་གཉིས་བསྡུས་འཁྲུལ་གྲོལ་ཆོས༔ ཡེ་ནས་མ་སྐྱེས་སྤྲོས་དང་བྲལ༔ འདི་ཞེས་སྨྲ་བསམ་ཡུལ་ལས་འདས༔ གདོད་མའི་དེ་ཉིད་སེམས་ཀྱི་གཤིས༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ གཉིས་པ་ཀུན་ཏུ་སྣང་བའི་ཏིང་འཛིན་ནི༔ ཧཱུྃ༔ གདོད་མའི་སྟོང་པ་ཆེན་པོ་ལ༔ བདེན་འཛིན་གཉིས་སུ་བཟུང་བའི་མཐུས༔ རིགས་དྲུག་འཁོར་བར་འཁྱམས་པའི་འགྲོ༔ ཡང་དག་ས་ལ་འགོད་བྱའི་ཕྱིར༔ ཚད་མེད་སྙིང་རྗེ་ཆེན་པོའི་བློས༔ ལོག་རྟོག་བདུད་དཔུང་གཞོམ་པར་བྱ༔ མ་ཧཱ་ཀ་རུ་ཎི་ཀ་ཛྙཱ་ན་དྷརྨ་དྷརྟུ་ཨཱ༔ གསུམ་པ་རྒྱུ་ཡི་ཏིང་འཛིན་ནི༔ ཧཱུྃ༔ ཀ་དག་སྟོང་པ་ཆེན་པོའི་མཁའ་དབྱིངས་སུ༔ ལྷུན་གྲུབ་སྙིང་རྗེ་ཆེན་པོ་ཟུང་འཇུག་རྩལ༔ རྣམ་གྲོལ་རྒྱུ་ཡི་སེམས་ཉིད་ཡི་གེ་ཧཱུྃ༔ གནམ་ལྕགས་འབར་བའི་ཕུར་བུའི་ལྟོ་བ་རུ༔ མཐིང་ནག་འོད་ཟེར་བསྐལ་མེའི་གཟི་བྱིན་འཁྲིགས༔ ཧཱུྃ་ཧཱུྃ༔བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་ཙིཏྟ་ས་མ་ཡཱ་ཧྲཱིང་ཧྲཱིང་༔ དེ་ནས་ཕྱི་སྣོད་འཁྲུལ་བའི་གཞི༔ སྦྱང་ཕྱིར་ཡི་གེའི་སྤྲོས་པ་ནི༔ ཧཱུྃ་ཧཱུྃ༔ རང་རིག་གནམ་ལྕགས་ཕུར་པ་ཧཱུྃ༔ཡིག་མཚན༔ སྟོང་པའི་དབྱིངས་སུ་མཁའ་ལས་འཇའ་ལྟར་ཤར༔ ཧཱུྃ་ལས་ཨེ་ཡཾ་ར་སུཾ་རཾ་ཡིག་འཕྲོས༔ ཨེ་ལས་ནམ་མཁའ་མཐིང་ནག་བསམ་འདས་དབྱིངས༔ ཡཾ་ལས་རླུང་དཀྱིལ་ལྗང་དམར་སྲ་ཞིང་བརྟན༔ ར་ལས་དམར་ནག་རཀྟའི་རྦ་ཀློང་གཡོ༔ སུཾ་ལས་བཻཌཱུར་ས་གཞི་བཀྲག་མདངས་འཚེར༔ རཾ་ལས་བསྐལ་མེ་སྲིད་གསུམ་ཁྱབ་ཅིང་འཚེག༔ ཀེཾ་ཡིག་འཕྲོས་པས་རུས་པའི་རི་རབ་ནི༔ བང་རིམ་བཞི་བ་ལྷུན་པོའི་དཔལ་ལས་རྔམས༔ རྩེ་མོ་གཟུགས་མེད་སྐེད་པར་ཉི་ཟླ་འཆར༔ རྩ་བ་རབ་བརྗིད་འདོད་ཆགས་ཁྲག་མཚོར་ནུབ༔ དུར་ཁྲོད་བརྒྱད་ལྡན་བྱ་གཅན་རོ་ལངས་དང་༔ ཀེཾ་རུས་འཇིགས་རུང་མི་སྡུག་རྒྱུག་ཅིང་རྒོད༔ ཧཱུྃ་ལས་བྷྲཱུཾ་འཕྲོས་རུས་པའི་རི་རབ་སྟེང་༔ ཡེ་ཤེས་ལྔ་ལྡན་རང་སྣང་གཞལ་ཡས་ཁང་༔ ཐོད་པ་སྐམ་རློན་རྙིད་པའི་རྩིག་པ་ལ༔ ཕྱི་ནི་རིན་ཆེན་སྣ་ལྔའི་འོད་ཟེར་འབར༔ ཁྲག་ཞག་འདམ་ཞལ་གྲུ་བཞི་སྒོ་བཞི་པ༔ རྒྱུ་འབྲས་རྟ་བབས་གསེར་དང་ཁྲག་ཁྱམས་བསྒྲིགས༔ ཕྱི་རོལ་འདོད་སྣམ་གཟུགས་སོགས་ཕྱག་རྒྱ་མོ༔ སྒེག་བཞད་གཡོ་བའི་རྣམ་འགྱུར་མཆོད་སྤྲིན་སྤྲོ༔ ཐོད་པའི་ཕ་གུ་རཱུ་ཏྲའི་རྐང་ལག་དང་༔ སྒལ་རུས་ཤར་བུ་སྦྲུལ་གྱི་དྲྭ་ཕྱེད་ལ༔ གློ་སྙིང་ཏོ་ར་རོ་ཡི་རྒྱལ་མཚན་རྔམས༔ ཙིཏྟའི་ཏོག་དང་གནམ་ལྕགས་མདུང་གི་རྩེར༔ ཞིང་ཆེན་ལྤགས་པའི་བ་དན་སྟག་གཟིག་འཕན༔ ལྷ་བརྒྱད་ཀ་བ་གཟའ་བརྒྱད་གདུང་མར་བྲེས༔ ཀླུ་བརྒྱད་ཀ་གདན་རྒྱུ་སྐར་དྲལ་ཕྱམ་དང་༔ བགེགས་སྲིན་བསྒྲལ་བའི་དོན་སྣོད་གཅལ་དུ་བཀྲམ༔ མ་རིག་གཉིས་སྣང་དབྱིངས་སུ་གྲོལ་བའི་གནས༔ མེ་རི་འབར་བའི་དུར་ཁྲོད་ཆེན་པོའི་དབུས༔ རྡོ་རྗེ་རྒྱ་གྲམ་གྲུ་གསུམ་བསྣོལ་བའི་དབུས༔ སྲིད་པའི་གཟུང་འཛིན་ལྷ་ཆེན་ཕོ་མོ་ཟུང་༔ ཁ་སྦུབ་གན་རྐྱལ་ཆགས་བྲལ་པད་ཉིའི་སྟེང་༔ རང་རིག་ཕྱག་མཚན་ཧཱུྃ་མཐིང་ཕྲ་ཐབས་བབས༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་བྱིན་རླབས་བསྡུས༔ མར་འཕྲོས་ཁམས་གསུམ་སྣོད་བཅུད་གཉིས་འཛིན་སྦྱངས༔ བདུད་བཞི་ལ་སོགས་ལོག་འདྲེན་དམ་སྲིའི་དཔུང་༔ སྡེ་དང་བཅས་པ་མ་ལུས་ཚར་བཅད་ནས༔ འོད་ཀྱི་གོང་བུར་ཧྲིལ་གྱིས་ཞུ་བ་ལས༔ བདག་ཉིད་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ མཐིང་ནག་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ བདུད་བཞིའི་མགོ་ལ་སྒེག་པའི་ཉམས་ཀྱིས་རོལ༔ གཡས་དཀར་བཞད་པས་སྟེང་གདོན་ལྷ་རྣམས་འདུལ༔ གཡོན་དམར་གཤེ་བས་འོག་གདོན་ཀླུ་སྲིན་གཞོམ༔ དབུས་མཐིང་རྔམ་བརྗིད་སྡེ་བརྒྱད་དམ་སྲི་གནོན༔ ཕྱག་དྲུག་གཡས་གཉིས་གསེར་རྡོར་རྩེ་དགུ་དང་༔ གནམ་ལྕགས་གྲི་གུག་གཡོན་གཉིས་མེ་དཔུང་འབར༔ དུང་ཁྲག་གསོལ་ཞིང་མཐའ་གཉིས་རྣོ་དབལ་གྱི༔ རི་རབ་ཕུར་བུ་གདོན་བགེགས་སྙིང་ལ་གཟིར༔ ཤེས་རབ་ཡུམ་མཆོག་ཁམས་གསུམ་སྒྲོལ་མཛད་མ༔ འཁོར་ལོ་རྒྱས་འདེབས་ལྗང་སྐྱ་ཁྲོ་མོའི་ཆས༔ ཡབ་དང་ཞལ་སྦྱོར་ཕྱག་གཡས་ཨུཏྤལ་དང་༔ དྲིལ་བུ་སྙན་འཁྲོལ་གཙོ་བོའི་མགུལ་ནས་འཁྱུད༔ གཡོན་པས་དུང་ཁྲག་ཡབ་ཀྱི་ཞལ་དུ་སྟོབ༔ ཡབ་ཡུམ་སྐུ་ལ་དུར་ཁྲོད་ཆས་བརྒྱད་དང་༔ རྡོ་རྗེའི་གོ་ཁྲབ་གནམ་ལྕགས་ཐོག་ཟེར་འཕྲོ༔ དབུ་སྐྲ་དམར་སེར་ཐོད་སྐམ་ཅོད་པཎ་རྩེར༔ དར་མཐིང་ཟི་ལྡིར་རྡོ་རྗེ་རྩེ་ལྔའི་ཏོག༔ རིགས་བདག་དོན་ཡོད་གྲུབ་པའི་གཙུག་རྒྱན་ཅན༔ གཙོ་བོའི་ཕྱི་རོལ་འཁོར་ལོ་རྩིབས་བཞིའི་སྟེང་༔ པད་ཉིའི་གདན་ལ་རིགས་བཞིའི་གདོན་གྱི་ཁར༔ ཧཱུྃ༔ཡིག་དཀར་སེར་དམར་ལྗང་ཡོངས་གྱུར་ལས༔ སྲས་མཆོག་ཁྲོ་བོ་ཀཱི་ལ་རིགས་བཞི་ནི༔ སྐུ་སྟོད་སྲིན་པོ་ཕྱག་གཉིས་ལྕགས་ཕུར་འདྲིལ༔ གར་གྱི་ཉམས་དགུ་བལྟར་མི་བཟོད་པའི་ཚུལ༔ སྐུ་སྨད་ཕུར་དབལ་གདོན་བཞིའི་སྙིང་ལ་གཟིར༔ དེ་ཡི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་ལ༔ མཐིང་ནག་ཧཱུྃ༔བཅུ་ཡབ་ཡུམ་སྦྱོར་མཚམས་ནས༔ མཁའ་གསང་བྱང་སེམས་འོད་ཀྱི་འཕྲོ་འདུ་ལས༔ པདྨ་ཟླ་ཉི་ཕྱོགས་སྐྱོང་གདོན་རྣམས་ཀྱི༔ གདན་ལ་བགེགས་འདུལ་ཁྲོ་བོ་ཆེན་པོ་བཅུ༔ དེ་ནས་རིམ་བཞིན་འཁོར་གྱི་ལྷ༔ བསྐྱེད་པའི་དམིགས་པ་འདི་ལྟར་རོ༔ ཤར་ཕྱོགས་དྲི་ཟ་ཕོ་མོ་བསྣོལ་བའི་སྟེང་༔ རྣམ་རྒྱལ་སྙེམས་མ་ཡབ་ཡུམ་མཐིང་གསལ་རྔམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དཀར་གཡོན་དམར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་རྩེ་ལྔ་ཞིང་དབྱུག་གཡོན་ཕྱག་གཉིས༔ ཁ་ཊཱཾ་མེ་དཔུང་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ སྟག་དང་བྱ་རྒོད་བམ་དང་རྒྱུ་ཞགས་གསོལ༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་༔ གཤིན་རྗེ་དུར་ཁྲོད་བདག་མོ་སེར་ནག་ཁྲོ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་མཐིང་གཡོན་དམར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་འཁོར་ལོ་གྲི་གུག་གཡོན་ཕྱག་གཉིས༔ རྒྱལ་མཚན་དུང་ཁྲག་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ ཤ་བ་འུག་གདོང་སྙིང་དང་རྒྱུ་ཞགས་འདྲེན༔ ནུབ་ཕྱོགས་ཀླུ་དབང་ཕོ་མོ་བསྣོལ་བའི་སྟེང་༔ རྟ་མགྲིན་གཏུམ་མོ་ཡབ་ཡུམ་དམར་ལ་སྒེག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དཀར་གཡོན་སྔོ་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་པདྨ་བེ་ཅོན་གཡོན་ཕྱག་གཉིས༔ རི་རབ་སྦྲུལ་ཞགས་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ བྱི་ལ་པུ་ཤུད་གློ་སྙིང་མཆིན་ཁྲག་གསོལ༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོ་བསྣོལ་བའི་སྟེང་༔ བདུད་རྩི་རླུང་འབྱིན་ཡབ་ཡུམ་ལྗང་སྔོན་གཏུམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དམར་གཡོན་སེར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་རྒྱ་གྲམ་སྨན་ཐོད་གཡོན་ཕྱག་གཉིས༔ རྔ་ཡབ་གཏུན་ཤིང་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ གདོང་ལྔ་ཕ་ཝཾ་ཁྲག་ཞག་དཀྲུག་ཅིང་གསོལ༔ ཤར་ལྷོ་མེ་ལྷ་ཕོ་མོ་བསྣོལ་བའི་སྟེང་༔ དབྱུག་སྔོན་སྡེར་མོ་ཡབ་ཡུམ་སྔོ་མདངས་འཚེར༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དཀར་གཡོན་ལྗང་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་རྡོར་དབྱུག་ཞིང་བམ་གཡོན་ཕྱག་གཉིས༔ རལ་གྲི་ཐོ་བ་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ གཡག་དང་བྱ་རོག་རྒྱུ་མ་དུང་དམར་གསོལ༔ ལྷོ་ནུབ་སྲིན་པོ་ཕོ་མོ་བསྣོལ་བའི་སྟེང་༔ མི་གཡོ་གཏུན་ཁུང་ཡབ་ཡུམ་དམར་ནག་བཞད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་སེར་གཡོན་སྨུག་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་བེ་ཅོན་རྔེའུ་ཆུང་གཡོན་ཕྱག་གཉིས༔ གཤོལ་མདའ་དྲིལ་བུ་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ གཟིག་དང་ཁྭ་ཏ་ཙིཏྟ་རྒྱུ་ཞགས་འདྲེན༔ ནུབ་བྱང་རླུང་ལྷ་ཕོ་མོ་བསྣོལ་བའི་སྟེང་༔ འདོད་རྒྱལ་མདའ་སྙེམས་ཡབ་ཡུམ་སྨུག་ནག་འཇིགས༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དཀར་གཡོན་དམར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་རྡོ་རྗེ་མདའ་དང་གཡོན་ཕྱག་གཉིས༔ དུང་ཁྲག་གཞུ་འགེངས་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ སྤྱང་ཀི་ཁྲ་གདོང་ཤ་ཆེན་རྐང་ལག་གསོལ༔ བྱང་ཤར་དབང་ལྡན་ཕོ་མོ་བསྣོལ་བའི་སྟེང་༔ གསུམ་རྒྱལ་གསོད་བྱེད་ཡབ་ཡུམ་མཐིང་ནག་དཔའ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དམར་གཡོན་སེར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་སྡིགས་འཛུབ་གདེངས་གནོན་གཡོན་ཕྱག་གཉིས༔ སྟོང་གི་འཇིག་རྟེན་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ དོམ་དང་སྲེ་མོང་མི་སྙིང་གློ་རྩ་གསོལ༔ ཤར་སྟོད་སྟེང་གདོན་ཕོ་མོ་བསྣོལ་བའི་སྟེང་༔ ཧཱུྃ་དཀར་སྒྲ་འབྱིན་ཡབ་ཡུམ་དཀར་གསལ་འཛུམ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་སྔོ་གཡོན་དམར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་ཉི་མ་ཟླ་ཚེས་གཡོན་ཕྱག་གཉིས༔ མགོ་ཕྲེང་རྩེ་གསུམ་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་བྱེད་འགྱེད༔ ཕག་དང་འབྲུག་གདོང་གར་གྱི་ཕྱག་རྒྱ་བསྒྱུར༔ ནུབ་སྨད་ས་བདག་ཕོ་མོ་བསྣོལ་བའི་སྟེང༔ སྟོབས་ཆེན་སྐུལ་བྱེད་ཡབ་ཡུམ་སྟང་ཟིལ་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་འབྱུང་པོ་གནོན༔ གཡས་དཀར་གཡོན་དམར་རྩ་ཞལ་སྐུ་མདོག་མཚུངས༔ གཡས་གཉིས་རླུང་དཀྱིལ་མེ་དཔུང་གཡོན་ཕྱག་གཉིས༔ མེ་ཡི་སྤུ་གྲི་མཐའ་གཉིས་ལྕགས་ཕུར་འདྲིལ༔ ཁྲོ་བོའི་ཆས་རྫོགས་གཡས་གཡོན་ཟ་གསོད་འགྱེད༔ དྲེད་དང་བྱི་བ་དགྲ་ལུས་སྦར་ཅིང་གནོན༔ ཡུམ་རྣམས་གྲི་ཐོད་སྐུ་མདོག་ཡབ་ཀྱི་མདངས༔ སྒོ་བཞིར་སྒོ་བ་ཆེན་པོ་རིགས་བཞི་ནི༔ ཞིང་རྐྱང་གདན་ལ་པུ་ཤུད་སྲིན་བྱ་ཁྲ༔ སྐྱ་ཀའི་གདོང་ཅན་ལྕགས་ཀྱུ་ཞགས་པ་སྒྲོག༔ དྲིལ་བུ་གཡོན་རྣམས་ཐོད་ཁྲག་ཞལ་དུ་གསོལ༔ དང་པོའི་ཁྱམས་ལ་ཞིང་གི་གདན་རེ་ལ༔ གཙོ་བོའི་ཐུགས་ལས་བྷྱོ་ཡིག་ཕྱོགས་མདོག་འཕྲོས༔ ཤར་སྟོད་ནས་བཟུང་སྲིན་མོ་གཡག་གདོང་སོགས༔ དབང་ཕྱུག་ཉེར་བརྒྱད་ཕྱི་མའི་ཕྱོགས་བཞི་རུ༔ མུ་ཁ་མཆེད་བཞི་རེ་ཏི་སྤུན་བཞི་དང་༔ བསེ་མོ་བཞི་དང་གིང་ཆེན་སྡེ་བཞི་སྟེ༔ ཕུར་སྲུང་བཅུ་དྲུག་ལ་སོགས་ཡང་གཡོག་བྲན༔ ཉི་ལས་ཟེར་བཞིན་མ་འདྲེས་ཡོངས་རྫོགས་བསྐྱེད༔ ༧ གཙོ་བོའི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ དབང་ལྷ་སྤྱན་དྲངས་རིགས་ལྔ་ཡུམ་རྣམས་ཀྱིས༔ བུམ་ཆུས་ཁྲུས་བྱས་སྐུ་གང་དྲི་མ་དག༔ འོད་ཟེར་ཆེན་པོའི་དབང་ཐོབ་འབྲས་དུས་ཀྱི༔ སྐུ་བཞི་ཐོབ་ཅིང་ཀརྨ་ཧེ་རུ་ཀ༔ གཙོ་བོར་གྱུར་པའི་ཁྲག་འཐུང་རིགས་ལྔ་ཡིས༔ གཙོ་བོ་ཡབ་ཡུམ་ཀཱི་ལ་རིགས་བཞི་ལ༔ དབང་རྟགས་ཅོད་པན་ཁྲོ་བཅུར་རང་རིགས་དང་༔ གཞན་ལ་གཙོ་བོ་ཕྱག་རྒྱ་གཅིག་པ་ཡི༔ དབང་རྟགས་རིགས་ཀྱི་བདག་པོར་མངའ་གསོལ་བས༔ ཀུན་ཏུ་བརྟག་པ་སྣོད་བཅུད་འཁྲུལ་བའི་ཆས༔ གཞན་དབང་ལྷ་ཡི་སྐུ་གསུང་ཐུགས་བྱིན་བརླབས༔ ཡོངས་གྲུབ་བདེ་སྟོང་སྤྲོས་བྲལ་ཆོས་ཀྱི་སྐུ༔ བརྗོད་བྲལ་གཉུག་མ་བབས་ཀྱི་ལྷ་རུ་གསལ༔ གཉིས་པ་སྤྱན་འདྲེན་སྤོས་རོལ་དང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་བསྐུལ༔ ཧཱུྃ༔ འོག་མིན་མཐའ་བྲལ་དབྱིངས་ཀྱི་དུར་ཁྲོད་ནས༔ རྒྱལ་ཀུན་ཕྲིན་ལས་རྡོ་རྗེ་ཕུར་པའི་ལྷ༔ ཐབས་ཤེས་ཡབ་ཡུམ་དབྱིངས་རིག་བདེ་སྟོང་ངང་༔ སྐྱེ་མེད་ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་༔ འགགས་མེད་གཟུགས་སྐུ་སྒྱུ་མའི་རོལ་གར་གྱིས༔ ཐོགས་མེད་སྤྲུལ་བསྒྱུར་སྤྱན་འདྲེན་གཤེགས་སུ་གསོལ༔ སྲས་མཆོག་ཀཱི་ལ་རིགས་བཞི་གཤེགས་སུ་གསོལ༔ འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ་གཤེགས་སུ་གསོལ༔ ཟ་གསོད་ཕྲ་ཐབས་ཉི་ཤུ་གཤེགས་སུ་གསོལ༔ སྒོ་སྐྱོང་ཁྲོ་རྒྱལ་རྣམ་བཞི་གཤེགས་སུ་གསོལ༔ ཕོ་ཉ་དབང་མོ་ཉེར་བརྒྱད་གཤེགས་སུ་གསོལ༔ ཕུར་སྲུང་དམ་ཅན་བཅུ་དྲུག་གཤེགས་སུ་གསོལ༔ གཞན་ཡང་ཕྲིན་ལས་གྲུབ་པའི་རིག་པ་འཛིན༔ བདག་ཉིད་པདྨ་ཡབ་ཡུམ་པྲ་ཧསྟི༔ དྲི་མེད་བཤེས་གཉེན་བལ་པོ་མཉྫུ་དང་༔ ཤཱཀྱ་དྷེ་ཝ་ལ་སོགས་དགུ་ལྡན་གྱི༔ བརྒྱུད་པའི་བླ་མ་རྒྱུད་སྡེ་བཞི་ཡི་ལྷ༔ ཉེར་བཞིའི་མཁའ་འགྲོ་ཡབ་ཡུམ་བརྒྱུད་གསུམ་གྱི༔ བཀའ་གཏེར་སྲུང་མ་མ་ལུས་གཤེགས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀྲོ་ཏ་ཀྲོ་དྷི་ཤྭ་རི་ཀིང་ཀ་ར་ཨེ་ཨ་ར་ལི་བཛྲ་ས་མ་ཡཱ་ཛ་ཛ༔ སྔགས་བརྗོད་དབྱིངས་ནས་སྤྱན་དྲངས་ལྷ༔ བསྐྱེད་པའི་ལྷ་དང་དབྱེར་མེད་བསམ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ གདོད་ནས་སྣོད་བཅུད་ལྷ་རུ་གྲུབ་པ་ཡང་༔ མ་རིག་དབང་གིས་བདག་རྟོག་སོ་སོར་བཟུང་༔ དམ་ཚིག་བསྐྱེད་པ་ཀུན་རྫོབ་རྒྱུ་མའི་ལྷར༔ དོན་དམ་ཡེ་ཤེས་རང་བྱུང་དབྱིངས་ཀྱི་ལྷ༔ འདུ་འབྲལ་མེད་པར་ཆུ་ལ་ཆུ་བཞག་ལྟར༔ གཉིས་མེད་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ བཛྲ་ཛྙཱ་ན་མུ་དྲ་ཏིཥྛ་ལྷན༔ བཞི་པ་འཕྲུལ་དགའི་ཚུལ་བཞིན་དུ༔ གུས་པས་བརྡ་ཕྱག་འཚལ་བ་ནི༔ ཧོ༔ གདོད་ནས་དག་པ་ཡེ་ཤེས་དབྱིངས་ཀྱི་ལྷ༔ རང་ལུས་རང་བྱུང་སྲི་ཞུ་མི་འཚལ་ཡང་༔ མ་དག་ཐ་མལ་བརྙས་པ་སྤང་བའི་ཕྱིར༔ རང་རྩལ་སྤྲུལ་པའི་ལྷ་དང་ལྷ་མོ་ཡིས༔ རང་བྱུང་དཀྱིལ་འཁོར་ལྷ་ལ་བརྡ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ ལྔ་པ་མཆོད་པའི་བྱེ་བྲག་ལ༔ དང་པོ་ཕྱི་མཆོད་ཉེར་སྤྱོད་ནི༔ ཧཱུྃ༔ རབ་འབྱམས་ཞིང་གི་འཇིག་རྟེན་ཁམས་རྣམས་ལས༔ རྣམ་པར་བྱུང་བའི་མཆོད་རྫས་དཔག་མེད་པ༔ བློ་ཡིས་བླངས་ཏེ་དཀྱིལ་འཁོར་ལྷག་པའི་ལྷ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ གསང་བའི་རིག་མ་འཁོར་ལོ་རྒྱས་འདེབས་མ༔ གཉིས་མེད་སྤྲུལ་པའི་རིགས་བཞི་ཀཱི་ལ་ཡ༔ ཕྱོགས་བཅུའི་གདོན་འདུལ་ཁྲོ་བཅུ་ཡབ་ཡུམ་སྲས༔ སྒོ་སྐྱོང་དབང་མོ་ཕུར་སྲུང་དམ་ཅན་ལ༔ གུས་པས་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ དྲི་བཟང་སྤོས་ཆབ་ཁྲག་ཞག་མཆོད་ཡོན་དང་༔ མདངས་ལྡན་འདབ་སྟོང་ཞིང་བཅུའི་དབང་པོ་ལྔ༔ ལྷན་སྐྱེས་སྦྱར་བྱུང་དྲི་བསུང་ཚིལ་ཆེན་སྤོས༔ ཉི་ཟླ་ནོར་བུ་གློག་ཕྲེང་ཚིལ་ཆེན་སྒྲོན༔ ཁྲག་མཁྲིས་ག་བུར་བཟང་དྲུག་སྦྱར་བའི་སྐྱེམས༔ ལྷ་ཡི་བདུད་རྩི་ཤ་རུས་རྐང་མར་བཅུད༔ སྲབ་འཇམ་ལྷ་གོས་སྟག་གཟིག་ཞིང་ལྤགས་གོས༔ འབུད་དཀྲོལ་སྙན་འཇེབས་བསྟོད་དབྱངས་གླུ་གར་དང་༔ ཐོད་པ་གསང་བའི་རྔེའུ་ཆུང་རྔམས་བརྗིད་སྒྲ༔ འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན༔ བཀྲ་ཤིས་རྟགས་རྫས་དར་དང་ཞིང་གི་འཕན༔ ཡོལ་བ་བླ་བྲེ་ལྡིང་གུར་སྤྱན་གཟིགས་ཚོགས༔ མ་ལུས་འཕགས་པ་ཀུན་བཟང་རྣམ་འཕྲུལ་ལྟར༔ བརྩེ་ཆེན་སྙིང་རྗེས་ཁྲོས་པའི་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་རྣམ་པ་གཉིས༔ མ་ཐོགས་མྱུར་དུ་རྟེན་འདིར་བསྩལ་དུ་གསོལ༔ ཨོཾ་ཤྲཱི་བཛྲ་ཀུ་མ་ར་ཀཱི་ལི་ཀཱི་ལ་ཡ་ཨརྒྷཾ་སོགས་ནས།ཤཔྟ་པཉྩ་ཀ་མ་གུ་ཎ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡཱ་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་ནང་གི་མཆོད་པ་ལ༔ བདུད་རྩི་སྨན་དང་རཀྟ་ཁྲག༔ དམ་རྫས་གཏོར་མཆོད་རྣམ་གསུམ་ལས༔ དང་པོ་སྨན་གྱི་མཆོད་པ་ནི༔ ཧཱུྃ༔ རང་བྱུང་སྣོད་མཆོག་མཚན་ལྡན་ཐོད་པ་རུ༔ ཡབ་ཡུམ་རྒྱུ་རྐྱེན་སྦྱར་དང་ཙནྡན་གྱི༔ རྩ་བ་སྙིང་པོ་མེ་ཏོག་འབྲས་བུ་དང་༔ ལོ་འདབ་ལ་སོགས་རྩ་བརྒྱད་ཡན་ལག་སྟོང་༔ དུག་ལྔ་སེལ་དང་རིགས་ལྔ་སྒྲུབ་པའི་རྫས༔ སྐུ་ལྔ་མངོན་སྩོལ་འཆི་མེད་ཨ་མྲྀ་ཏ༔ དཔལ་ཆེན་ཡབ་ཡུམ་སྲས་དང་སྤྲུལ་འཁོར་བཅས༔ འབུལ་ལོ་མཐུ་དབང་སྲིད་ནོར་ཚེ་དང་ཆོས༔ དངོས་གྲུབ་གང་འདོད་མྱུར་བར་བསྩལ་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྨན་ཐོད་བདུད་རྩི་མཐེབ་སྲིན་གྱིས༔ བླངས་ཏེ་བརྒྱུད་པའི་བླ་མ་ལ༔ མཚན་དོན་སྦྱར་ཏེ་འདི་བཞིན་འབུལ༔ ཨོཾ་ཨཱ༔ཧཱུྃ༔ རིགས་བདག་སྟོན་པ་ཀུན་བཟང་ཆེ་བའི་མཆོག༔ རིགས་བརྒྱའི་སྤྱི་མྱེས་རྡོར་འཆང་རྡོ་རྗེ་སེམས༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེར༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རིག་འཛིན་བརྒྱད་དང་པདྨ་ཐོད་ཕྲེང་རྩལ༔ བཀའ་བབས་མི་བརྒྱད་གཟུངས་མ་མཁར་ཆེན་བཟའ༔ བརྡ་འགྲོལ་བླ་མ་བྱང་ཆུབ་གླིང་པའི་ཞབས༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ༈ བརྒྱུད་པའི་སྨན་མཆོད་ནི། ཌཱཀྐི་མཚོ་རྒྱལ་རྣམ་རོལ་ལུང་རིག་གླིང་། ཨ་ཙར་ས་ལེ་དངོས་སྤྲུལ་ཕན་པའི་མཚན། །ཕུར་པའི་བཀའ་བབས་གཏེར་སྟོན་ཆོས་བདག་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧཱི༔ སྤྲུལ་པའི་སྐུའི་ཞལ་གསུངས་དངོས་སོ། མཆན། ཆོས་བློན་དཔལ་བརྩེགས་ཟློས་གར་ཨ་ཡུརྟ། །རྒྱལ་བའི་བློ་གྲོས་རྣམ་རོལ་ཨོ་ཌི་ཡན། །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཞེས་པའང་ཕན་མིང་པས་སོ། །དཔལ་ཆེན་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་པ༔ རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མ༔ སྲས་མཆོག་རིགས་བཞི་ཁྲོ་བཅུ་སྒོ་སྐྱོང་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་བཅུ་དྲུག་དང་༔ ཕུར་པ་གྲུབ་པའི་རིག་འཛིན་བརྒྱུད་པའི་ཚོགས༔ རྩ་གསུམ་སྲུང་མ་དམ་ཅན་གཏེར་བདག་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དངོས་གྲུབ་ལེན་པ་ནི། ཟག་མེད་བདུད་རྩི་ཐབས་ཀྱི་ཨ་མྲྀ་ཏ༔ ཤེས་རབ་རྨ་མེད་པདྨའི་སྣོད་དུ་བསྐྱིལ༔ མཐེབ་སྲིན་ཧཱུྃ་མུཾ་དམ་ཚིག་ལྕེ་ཡིས་བླངས༔ སྣང་སྲིད་བདེ་སྟོང་གསང་གསུམ་དངོས་གྲུབ་སྩོལ༔ རང་གི་གནས་གསུམ་བདུད་རྩི་མྱང་༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གཉིས་པ་རཀྟ་ཚར་གསུམ་ལས༔ གདབ་ཕུར་ཕྱོག་བཅུར་འདྲིལ་ལ་གདེངས༔ ཕྱོགས་བཅུའི་དགྲ་བགེགས་མ་ལུས་ཀུན༔ ཕུར་རྩེར་ཁྲག་གི་གྲོད་པ་རུ༔ དྲིལ་ཏེ་གདབ་པར་སྟོང་ཁམས་ཀུན༔ རཀྟའི་རྦ་ཀློང་འཁྲུགས་པར་བསམ༔ ཧཱུྃ་ཧཱུྃ༔ བདག་ཉིད་དཔལ་ཆེན་སྤྲུལ་པ་ལས༔ ཧཱུྃ་དཀར་ལ་སོགས་ཁྲོ་བོ་བཅུས༔ ཕྱོགས་བཅུའི་གནོད་བྱེད་དགྲ་གདོན་བགེགས༔ བསྒྲལ་བའི་རཀྟ་ཁྲག་མཚོར་འཁྱིལ༔ འཁོར་བ་དོང་ནས་སྤྲུག་སྟོང་ཕྱིར༔ རཀྟའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧཱི༔ གཉིས་པ་བྱེ་བྲག་དགོས་དགྲ་ནི༔ བསྒྲལ་ཕྱིར་རཀྟའི་ཐིགས་པ་སྦྲེངས༔ ཧཱུྃ༔ ཁྲོ་ཆེན་འབར་བ་རྡོ་རྗེ་གཞོན་ནུ་ཆེ༔ ཞིང་བཅུ་མི་བསྲུན་བདག་ལ་སྡང་བའི་དགྲ༔ བྱད་མ་རྦོད་གཏོང་དམ་སྲི་གནོད་བྱེད་བགེགས༔ སོད་ཅིག་སྲས་མཆོག་ཀཱི་ལ་རིགས་བཞིའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་གཉེན་པོའི་དུས་ལ་བབས༔ རཀྟའི་མཆོད་པ་གཙོ་འཁོར་ཡོངས་རྫོགས་ཀྱིས༔ བཞེས་ནས་རྣལ་འབྱོར་མཐུ་དཔུང་བསྐྱེད་དུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གསུམ་པ་བདེ་སྟོང་རཀྟ་ཡིས༔ འཁོར་འདས་རོ་མཉམ་མཆོད་པ་ནི༔ ཧཱུྃ༔ ཁམས་གསུམ་མ་ལུས་འདོད་ཆགས་རྣམ་གསུམ་གྱིས༔ ཆགས་པའི་རྒྱུ་ལས་ཁྲག་ཞག་མཁའ་རུ་འཁྱིལ༔ བདེ་བ་ཆེན་པོའི་རྟོག་བྲལ་མཉམ་པའི་ཕྱིར༔ ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་གཙོ་འཁོར་སྤྲུལ་དང་ཡང་སྤྲུལ་བཅས༔ བདེ་སྟོང་རཀྟའི་མཆོད་པ་བཞེས་སུ་གསོལ༔ མ་ཧཱ་སུ་ཁ་རཀྟ་ཁ་རཾ་ཁཱ་ཧཱི༔ གསུམ་པ་གཏོར་མའི་མཆོད་པ་ནི༔ དཔལ་གཏོར་སྨན་དང་རཀྟས་བྲན༔ ཧཱུྃ་ཧཱུྃ༔ སྟོང་པ་དབྱིངས་ཀློང་སྣོད་ཀྱི་གཏོར་གཞོང་དུ༔ གསལ་བ་འགགས་མེད་བཅུད་ཀྱི་གཏོར་མ་བཤམས༔ གཉིས་མེད་མཉམ་པའི་དམ་རྫས་མཆོད་པ་ཆེ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས་ལ་འབུལ༔ ཀུན་རྫོབ་རྟེན་འབྲེལ་བདེ་སྐྱོང་སྣོད་མཆོག་ཏུ༔ གཉིས་སྣང་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ དོན་དམ་ཟག་མེད་བདུད་རྩིར་བྱིན་བརླབས་ཏེ༔ གཏོར་མའི་མཆོད་པ་དཔལ་ཆེན་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧཱི༔ གསུམ་པ་གསང་མཆོད་གླུ་གར་དང་༔ སྦྱོར་དང་སྒྲོལ་བ་རྣམ་བཞི་ལས༔ དང་པོ་གླུ་གར་མཆོད་པ་ནི༔ ཧཱུྃ༔ རྡོ་རྗེ་ལུས་ཀྱི་རྩ་གནས་སུ༔ ཀུན་རྫོབ་ཡི་གེའི་འཕྲོ་འདུ་ལས༔ ལྷ་རྣམས་མཆོད་དང་ལས་བཞི་ཡི༔ དངོས་གྲུབ་མཆོག་ལ་དབང་བའི་ཕྱིར༔ དོན་དམ་དབྱིངས་སུ་རྡོ་རྗེའི་གླུ༔ སྐྱེ་འགག་མེད་པར་བླང་བར་བྱ༔ མ་ཧཱ་ཛྙཱ་ན་སཾ་གིརྟི་པཱུ་ཛ་ཨཱ་ཧོ༔ ཧཱུྃ༔ རང་ལུས་སྟངས་སྟབས་ལྷ་ཡི་ཕྱག་རྒྱ་སྟེ༔ གསལ་བ་གསུམ་གྱི་ཏིང་འཛིན་ལ་གནས་པས༔ རྡོ་རྗེ་ཕུར་པ་གཙོ་འཁོར་ཡོངས་རྫོགས་ཀྱི༔ མི་སྡུག་གར་དགུའི་རྣམ་རོལ་མཆོད་པ་འབུལ༔ བཞེས་ནས་བདུད་དཔུང་གཞོམས་དང་འགྲོ་བ་ཀུན༔ ལས་བཞིའི་མཐུ་ཡིས་མཆོག་གི་གོ་འཕང་ལ༔ མྱུར་དུ་འགོད་པའི་དངོས་གྲུབ་བསྩལ་དུ་གསོལ༔ མ་ཧཱ་མུ་དྲ་ནིརྟི་ཛྙཱ་ན་པཱུ་ཛ་ཨཱཿཧཱུྃ༔ གཉིས་པ་སྦྱོར་སྒྲོལ་མཆོད་པ་ནི༔ ཧཱུྃ༔ ཡུམ་གྱི་མཁའ་གསང་ཨེ་ལས་ཉི་དཀྱིལ་དབུས༔ པདྨ་དམར་པོ་འདབ་བརྒྱད་མཱུཾཿགྱིས་མཚན༔ ཡབ་ཀྱི་རྡོ་རྗེ་ཧཱུྃ་ལས་རྩེ་ལྔ་བའི༔ ལྟེ་བར་ཟླ་བ་ཨོཾ་གྱིས་མཚན་པ་ཟུང་༔ ཐབས་ཤེས་སྙོམས་འཇུག་ཆགས་པ་ཆེན་པོའི་དབྱིངས༔ བརྗོད་བྲལ་རྟོག་མེད་མཉམ་པའི་སྦྱོར་མཆོད་འདིས༔ དཀྱིལ་འཁོར་ལྷ་ཚོགས་ཟག་མེད་བདེ་ཀློང་དུ༔ དགྱེས་ཤིང་མཆོག་ཏུ་མི་འགྱུར་ཁ་སྦྱོར་བདུན༔ རྣལ་འབྱོར་ཚེ་འདིར་འགྲུབ་པའི་དངོས་གྲུབ་སྩོལ༔ མ་ཧཱ་ར་ག་ཛྙཱ་ན་ཨེ་ཝཾ་བཛྲ་པདྨ་ཛཿཧཱུྃ་བཾ་ཧོ༔ པཱུ་ཛ་ཨཱཿཧཱུྃ༔ ཧཱུྃ་ཧཱུྃ༔ སྟོང་ཆེན་བློ་འདས་ལྟ་བའི་བྲུབ་ཁུང་དུ༔ ཡེངས་འཁྲུལ་གཉིས་མེད་སྒོམ་པའི་ཕྱག་རྒྱ་ཡིས༔ རྣམ་རྟོག་རང་གར་ཡན་པའི་དགྲ་དང་བགེགས༔ མ་ལུས་འགུགས་འཆིང་སྡོམ་མྱོས་དབྱིངས་སུ་བསྒྲལ༔ བསྟན་དང་འགྲོ་ལ་སྡང་ཞེན་ཚར་གཅོད་ཤོག༔ མ་ཧཱ་པཉྩ་ཏ་ན་ག་ན་པཱུ་ཛ་ཨཱཿཧཱུྃ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧཱུྃ༔ རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་ཆེ༔ སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ཕོ་ཉ་བ༔ བར་ཆད་དམ་སྲི་བདུད་དཔུང་ཚར་གཅོད་པའི༔ རྡོ་རྗེ་གཞོན་ནུའི་ལྷ་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་སྡུག་དྲག་ཤུལ་དཔའ་བའི་ཉམས༔ མཐིང་ནག་ཞལ་གསུམ་བཞད་གཤེ་རྔམས་ཤིང་འཁྲུགས༔ རྡོ་རྗེ་རྩེ་དགུས་ཁམས་གསུམ་ས་དགུ་སྒྲོལ༔ གནམ་ལྕགས་གྲི་གུག་སྐྱེ་ཤིའི་རྩ་བ་གཅོད༔ ཡེ་ཤེས་མེ་ཡིས་དུག་ལྔའི་བག་ཆགས་བསྲེགས༔ དུང་ཁྲག་ཞལ་གསོལ་རྟོག་ཚོགས་དབྱིངས་སུ་སྦྱོར༔ རི་རབ་ཕུར་བུས་སྲིད་གསུམ་དམ་སྲི་འདུལ༔ ཤེས་རབ་ཡུམ་འཁྲིལ་འཁོར་འདས་མཉམ་པར་རོལ༔ རྫུ་འཕྲུལ་ཞབས་བཞིས་བདུད་བཞིའི་མགོ་བོ་གནོན༔ བརྡ་རྟགས་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཕཊ་བྷྱོ་སྒྲའི་གསུང་གི་གད་རྒྱངས་སྒྲོག༔ གཉིས་སྣང་གདོན་ཚོགས་མ་ལུས་ཟིལ་གྱིས་གནོན༔ ཞིང་བཅུའི་ཀླད་འགེམས་རྔམས་པའི་ང་རོ་ཅན༔ བྱད་མ་རྦོད་གཏོང་རིག་སྔགས་ནུས་པ་གཞོམས༔ རྡོ་རྗེའི་བཞད་སྒྲས་ས་གསུམ་གཡོ་ལ་བསྟོད༔ སྐྱེ་མེད་ངང་ནས་འགག་མེད་སྙིང་རྗེའི་རྩལ༔ རྡོ་རྗེ་ཁྲོས་པས་མ་དག་ཞེ་སྡང་འཇོམས༔ བློ་འདས་དབྱིངས་ནས་སྤྲུལ་བསྒྱུར་ཅིར་ཡང་སྟོན༔ གདུལ་དཀའི་སྙིགས་མའི་རང་གཟུགས་འབྱུང་པོའི་ཚོགས༔ མ་ལུས་བརྗོད་མེད་དབྱིངས་སུ་འདུལ་ལ་བསྟོད༔ ཐུགས་ཀྱི་སྲས་མཆོག་རིགས་བཞི་ཀཱི་ལ་ཡ༔ དུག་ལྔའི་རྩལ་ལས་ཤར་བའི་ལོག་འདྲེན་རྣམས༔ ལྔ་ལྡན་ཡེ་ཤེས་ཀློང་དུ་སྒྲོལ་མཛད་པ༔ ལས་བཞིའི་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔ སྲོག་གཅོད་ལ་སོགས་མི་དགེའི་རྒྱུ་འབྲས་བཅུ༔ གནས་ནས་སྟོང་ཞིང་སྦྱིན་སོགས་ཕ་རོལ་ཕྱིན༔ ས་བཅུའི་དབྱིངས་སུ་འགྲོ་བ་མ་ལུས་པ༔ ཡང་དག་རྫོགས་སངས་རྒྱས་ཀྱི་སར་འགོད་པའི༔ ཡེ་ཤེས་ཁྲོ་བཅུ་སྟོང་ཆེན་ཡུམ་དང་སྦྱོར༔ ཉེ་ཉོན་ཉི་ཤུ་གནས་དག་ཕྲ་མེན་རྣམས༔ འཕྲུལ་དགའི་ལྷ་བཞིན་རང་ལ་རང་ཤར་བ༔ གཙོ་འཁོར་སྤྲུལ་པའི་རྣམ་པར་སྣང་ལ་བསྟོད༔ དཔལ་ཆེན་བཀའ་བཞིན་རྣལ་འབྱོར་སྒྲུབ་མཆོག་སྐྱོང་༔ ལོག་འདྲེན་དཔུང་བཅོམ་དཀྱིལ་འཁོར་མུ་རན་སྐྱོང་༔ དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་བཅུ་དྲུག་སོགས༔ ལྷ་ཚོགས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བདུན་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ རབ་འབྱམས་དཀྱིལ་འཁོར་ཁྱབ་བདག་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས་འཁོར་བཅས༔ མ་ལུས་འཁོར་བཅས་བདག་ལ་བརྩེར་དགོངས་ནས༔ སྡིག་ལྡན་བདག་གི་ཉམས་ཆག་བཤག་ཏུ་གསོལ༔ བདག་གི་ཚེ་རབས་སྔོན་ནས་ད་ལྟའི་བར༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་༔ ཡི་དམ་ཞི་ཁྲོ་མཁའ་འགྲོ་དམ་ཅན་ཚོགས༔ ཁྱད་པར་དཔལ་ཆེན་ཕུར་པའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་འགལ་ཉམས་འདས་རལ་ཅི་སོང་བ༔ སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ༔ ཧེ་རུ་ཀ་ཡི་ཡིག་བརྒྱས་བཤགས༔ བརྒྱད་པ་འཛབ་ཀྱི་རིམ་པ་ལ༔ བསྙེན་དང་སྒྲུབ་པ་ལས་སྦྱོར་རོ༔ དང་པོ་བསྙེན་པའི་རིམ་པ་ནི༔ བདག་ཉིད་ཁྲོ་མཆོག་བཛྲ་ཀུ་མ་རའི༔ ཐུགས་དབུས་དྭངས་མ་འོད་ལྔའི་གོང་བུ་རུ༔ པད་ཟླའི་གདན་ལ་རྡོར་སེམས་སྐུ་མདོག་མཐིང་༔ ལོངས་སྐུའི་རྒྱན་རྫོགས་ཕྱག་གཡས་རྡོ་རྗེ་ནི༔ རྩེ་ལྔ་ཐུགས་ཀར་གཏོད་ཚུལ་ཕྱག་གཡོན་གྱིས༔ དྲིལ་བུ་དཀུར་བསྟེན་སྙེམས་མ་ཡུམ་དང་འཁྲིལ༔ ཟུང་འཇུག་ཐུགས་ཀྱི་ཙིཏྟ་རིན་པོ་ཆེ༔ ཨིནྡྲ་ནི་ལའི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཉི་སྟེང་ཧཱུྃ་མཐིང་མཐའ་མ་རུ༔ ཀཱི་ལ་འབྲུ་དགུ་འོད་ལྔའི་ཁ་དོག་ཅན༔ སྔགས་ཕྲེང་གཡས་བསྐོར་འོད་ཀྱིས་རྒྱལ་བ་མཆོད༔ བྱིན་རླབས་ནུས་པ་འབྲུ་གསུམ་རྣམ་པར་བསྡུས༔ སྐུ་དང་སྔགས་འཁོར་ཏིང་འཛིན་སེམས་དཔའ་ལ༔ ཐིམ་པས་འཁོར་འདས་སྤྱི་དཔལ་ཆེན་པོར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཞེས་པའི་ཡི་གེ་འབྲུ་དགུ་འདི༔ དུས་བསྙེན་ཟླ་བ་བཅུ་དྲུག་ལ༔ གྲངས་བསྙེན་འབུམ་ཕྲག་དགུ་ཡིན་ནོ༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ རྟགས་ལ་གང་ཟག་དབང་པོ་ཡི༔ ཁྱད་པར་དབང་པོ་རབ་ལ་ནི༔ དངོས་སུ་ལྷ་ཞལ་མཐོང་བ་དང་༔ ལུང་བསྟན་ཆོས་གསུངས་རྗེས་སུ་འཛིན༔ འབྲིང་ལ་ཉམས་དང་རྟོགས་པའི་ངོར༔ སྐུ་དང་ཕྱག་མཚན་ཡི་གེ་སོགས༔ རང་བྱུང་མཐོང་ཐོས་བརྒྱུད་གསུམ་གྱི༔ རིག་འཛིན་བླ་མས་བྱིན་བརླབ་འགྱུར༔ ཐ་མར་རྨི་ལམ་དག་ཏུ་ཡང་༔ ཕུར་པ་རྙེད་དང་ཉི་ཟླ་ལ༔ ཞོན་དང་འོད་བྱུང་མེ་ཏོག་འཐོར༔ ཁྲི་ལ་འཛེགས་དང་སྐས་མཐོན་པོར༔ གྱེན་འགྲོ་གོས་གསར་གྱོན་པ་སོགས༔ དགེ་བའི་ལྟས་བཟང་འབྱུང་བར་ངེས༔ ས་མ་ཡཱ༔ གཉིས་པ་སྒྲུབ་པའི་རིམ་པ་ནི༔ གཙོ་འཁོར་ཀུན་གྱི་རྩ་བའི་སྔགས༔ རིམ་པ་འདི་བཞིན་ཉམས་སུ་ལེན༔ གཙོ་བོའི་ཐུགས་ཀར་རྡོར་སེམས་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ༔ ཡིག་འབྲུ་བཅོ་ལྔ་སྔགས་ཕྲེང་ལྗང་ཁུ་ནི༔ འོད་ཟེར་མེ་སྟག་ཚྭ་ཚྭ་དང་བཅས་པ༔ གཡས་སུ་འཁོར་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ བར་ཆད་དམ་སྲི་བདུད་དཔུང་ཐལ་བར་བརླག༔ སྣང་སྲིད་ལྷ་དང་སྔགས་སྒྲ་འབྲུག་སྟོང་ལྡིར༔ ཡེངས་མེད་ལྟ་བའི་ཏིང་འཛིན་ངང་མདངས་བསྐྱངས༔ དེའི་ངང་སྔགས་འདི་བདུན་འབུམ་ལ་སོགས་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱཾན་བཾ་ཧཱུྃ་ཕཊ༔ ཅེས་དང་སྲས་མཆོག་རིགས་བཞིའི་སྔགས་དམིགས་ནི༔ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས༔ ཞི་བའི་ལས་མཛད་བཛྲ་ཀཱི་ལ་ཡའི༔ ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་དཀར་པོའི་མཐར༔ སྔགས་ཀྱིས་བསྐོར་བས་རྒྱུད་བསྐུལ་འོད་ཀྱི་ཟེར༔ དྲི་ཟ་ལ་སོགས་ཤར་ཕྱོགས་གདོན་ཀུན་ལ༔ ཕོག་པས་གནོད་སེམས་ཞི་བའི་ལས་མཛད་གྱུར༔ ཨོཾ་བཛྲ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བྱམས་པའི་སེམས་ཀྱིས་བརྒྱ་སྟོང་ཁྲི་འབུམ་བཟླ༔ སླར་ཡང་བདག་གི་ཐུགས་ཀའི་འོད་ཀྱི་ཟེར༔ རྒྱས་པའི་ལས་མཛད་རཏྣ་ཀཱི་ལ་ཡའི༔ ཐུགས་སྲོག་རིན་ཆེན་ཟུར་བརྒྱད་ཧཱུྃ་ཡིག་མཐར༔ སྔགས་ཀྱིས་བསྐོར་བས་རྒྱུད་བསྐུལ་དེ་ལས་ཟེར༔ གཤིན་རྗེ་ལ་སོགས་གནོད་བྱེད་ཀུན་ལ་ཕོག༔ དེ་དག་ཚར་བཅད་ཚེ་བསོད་རང་ལ་བསྡུས༔ དཔལ་འབྱོར་ལེགས་ཚོགས་འདོད་དགུ་རྒྱས་པར་གྱུར༔ ཨོཾ་བཛྲ་ཀྲོ་ཏ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གཞན་ཕན་བྱང་ཆུབ་སེམས་ཀྱིས་ཅི་མང་བཟླ༔ བདག་ཉིད་ཐུགས་ལས་འོད་ཟེར་དམར་པོ་ནི༔ གློག་ཞགས་ལྟར་འཕྲོས་དབང་གི་ཧེ་རུ་ཀ༔ པདྨ་ཀཱི་ལ་ཡ་ཡི་ཐུགས་རྒྱུད་བསྐུལ༔ ཐུགས་སྲོག་པདྨ་དམར་པོ་འདབ་བརྒྱད་སྟེང་༔ ཧཱུྃ་མཐར་སྔགས་ཕྲེང་འཁོར་ལས་འོད་ཀྱི་ཟེར༔ ལེ་བརྒན་མདོག་འདྲ་ཀླུ་དབང་ལ་སོགས་པའི༔ གཟུགས་ཅན་གཟུགས་མེད་འགྲོ་བ་ཀུན་ལ་ཕོག༔ མོས་ཚོགས་རྣམ་བཞི་བདག་གི་བྲན་དུ་བཀོལ༔ སྣང་སྲིད་ཐམས་ཅད་དབང་དུ་འདུས་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྗེས་ཆགས་དགའ་བའི་སེམས་ཀྱིས་བརྒྱ་སྟོང་བཟླ༔ བདག་གི་ཐུགས་ལས་འོད་ཟེར་མེའི་ཚྭ་ཚྭ༔ དྲག་པོའི་ལས་མཛད་ཀརྨ་ཧེ་རུ་ཀའི༔ ཐུགས་སྲོག་ཉི་སྟེང་ཧཱུྃ་ལྗང་མཐའ་བསྐོར་དུ༔ སྔགས་ཀྱིས་བསྐོར་བས་རྒྱུད་བསྐུལ་དེ་ལས་ཟེར༔ གནོད་སྦྱིན་ལ་སོགས་གཟུགས་ཅན་གཟུགས་མེད་ཀྱི༔ སྡང་སེམས་ལྡན་པའི་ལོག་འདྲེན་ཀུན་ལ་ཕོག༔ ཀུན་ཀྱང་རྩྭ་སྦུར་མེ་ཡིས་བསྲེགས་པ་བཞིན༔ ཞིང་བཅུའི་ཚོགས་ཀུན་མིང་ཡང་མེད་པར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཏང་སྙོམས་མཉམ་པའི་སེམས་ཀྱིས་སྔགས་མང་བཟླ༔ དེ་བཞིན་བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ ཧཱུྃ་དཀར་ལ་སོགས་ཁྲོ་བཅུའི་ཐུགས་རྒྱུད་བསྐུལ༔ སྟེང་འོག་ཕྱོགས་བཅུའི་གདོན་ཚོགས་ཚར་བཅད་ནས༔ བར་ཆད་བདུད་ཀྱི་གཡུལ་ངོ་ལས་རྒྱལ་ཏེ༔ སྣང་སྲིད་འཁོར་འདས་སྤྱི་དཔལ་ཆེན་པོར་གྱུར༔ ཁྲོ་བཅུའི་སྔགས་སོགས་རིམ་བཞིན་བཟླ་བར་བྱ༔ ཞེས། ཁྲོ་བཅུ་ཡབ་ཡུམ་ཟ་གསོད་ལས་སྔགས་ནི༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏི་བ་ར་ཡ་ཏི་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ལ་སི་ཀེ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྚ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཏ་ན་བ་ཏི་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཙན་དྷ་ལི་ར་ཡ་ཏི་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཤྭ་ཡ་བ་ཏི་ཧཱུྃ༔ བན་དྷ་བན་དྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲྀ་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཙན་དྷ་ལི་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་མུ་ཧ་ལ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྚ་ལི་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་བ་ཡ་ཏི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་མ་ར་ན་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བྷ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཙན་ཏ་ཡ་ཏི་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ སྒོ་མ་བཞི་དང་ཕུར་སྲུང་ལ་སོགས་པའི༔ སྔགས་ནི་ལས་སྦྱོར་སྐབས་སུ་ཤེས་པར་བྱ༔ ཞེས་སྒོ་མ་བཞི་ནི༔ ཨོཾ་བཛྲ་པག་ཤུ་ཏ་མུ་ཁ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཛ༔ ཨོཾ་བཛྲ་བ་ཡ་བཻ་མུ་ཁ་ཧཱུྃ༔ བཛྲ་པ་ཤ་ཧཱུྃ༔ ཨོཾ་བཛྲ་བ་ཡ་ཏི་མུ་ཁ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་མ་ར་ན་མུ་ཁ་ཧཱུྃ༔ བཛྲ་གཎྜེ་ཧོ༔ དེ་ནས་ལས་ལ་སྦྱོར་བའི་རིམ་པ་ནི༔ དམིགས་པའི་རིམ་པ་འདི་ལྟར་ཉམས་སུ་ལོངས༔ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གཙོ་འཁོར་ཀུན་གྱི་ཐུགས་ཀར་ཉི་མའི་སྟེང་༔ ཧཱུྃ་ཡིག་རང་མདོག་བཀྲག་མདངས་ལྡན་པའི་མཐར༔ རང་རང་སྔགས་ཕྲེང་གཡོན་དུ་བསྐོར་བ་ལས༔ འོད་ཟེར་ཁྲོ་ཆུང་མེ་དུད་ཕྱོགས་བཅུར་འཕྲོས༔ སྤྱི་དང་བྱེ་བྲག་གནོད་བྱེད་འབྱུང་པོའི་ཚོགས༔ མ་ལུས་ཚར་བཅད་བསྟན་དང་འགྲོ་བ་ལ༔ གནོད་པར་ཤོམ་པའི་གཟུགས་ཅན་གཟུགས་མེད་ཀུན༔ ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་བསམ༔ ལས་སྔགས་གཞན་དང་མཐུན་པར་བཟླ༔ སྒོ་སྐྱོང་ཕུར་སྲུང་རྣམས་ཀྱི་སྔགས༔ རྒྱུད་ལས་ཤེས་པར་བྱའོ༔ ས་མ་ཡཱ༔ གཞི་སྙིང་གཅིག་ཏུ་དྲིལ་བ་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿ ཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མརྟ་ན་ཡེ་སརྦ་བྷིགྷྣན་བཾ་ཧཱུྃ་ཕཊ༔ ཅེས་སོ༔ དྲག་སྔགས་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨ༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་དགྲ་བགེགས་གནོད་བྱེད་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མཱ་ཀརྨ་ཤྲྀ་གྷྲིཾ་ཀ་ར་ཡེ༔ མ་ར་ས་ན༔ པྲ་མརྟ་ན་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་སོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ རྗེས་སུ་མཆོད་ཅིང་བསྟོད་བྱས་ཏེ༔ དངོས་གྲུབ་བསྐུལ་བའི་ཚིག་འདི་བརྗོད༔ ཧཱུྃ༔ རྩ་བའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་སྲས་འཁོར་མ་ལུས་དགོངས་སུ་གསོལ༔ བདག་གིས་བསྟན་འགྲོའི་དོན་དུ་སེམས་བསྐྱེད་དེ༔ དང་པོ་བསྙེན་ཅིང་བར་དུ་ལེགས་པར་བསྒྲུབས༔ རང་རིག་བྱང་ཆུབ་སེམས་ཀྱི་ལྷ་དང་མཇལ༔ རང་བྱུང་དངོས་གྲུབ་སྩོལ་བའི་དུས་ལ་བབས༔ མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན༔ ཐུན་མོང་དངོས་གྲུབ་གྲུབ་པའི་རིག་འཛིན་བརྒྱད༔ ད་ལྟ་ཉིད་དུ་བདག་ལ་བསྩལ་དུ་གསོལ༔ ཨོཾ་ཤྲི་བཛྲ་ཀཱུ་མ་ར་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ དེ་ནི་དངོས་གཞི་ལས་ཀྱི་ཁྲིགས༔ ཕྲིན་ལས་རབ་འབྱམས་གང་སྒྲུབ་ཀྱང་༔ མེད་མི་རུང་བའི་རྩ་བ་སྟེ༔ སྐལ་བར་ལྡན་པས་བརྩོན་པར་བསྐྱེད༔ མོས་གུས་ལྡན་པའི་སྤྱོད་ཡུལ་ཡིན༔ ཐེ་ཚོམ་ཅན་ལ་རྒྱ༔ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ སྟག་གཟིག་གཅན་གཟན་པགས་པའི་སྟེང་༔ བཟའ་བཅའ་བཏུང་བའི་རིགས་རྣམས་དང་༔ ཁྱད་པར་ཤ་ཆང་དམ་རྫས་བཤམས༔ ཧཱུྃ་ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ལས་འོད་ཟེར་འཕྲོས༔ ཚོགས་ཀྱི་དངོས་པོ་མ་དག་བསྲེགས་གཏོར་བཀྲུས༔ ཨོཾ་ལས་རིན་ཆེན་སྣ་ལྔའི་སྣོད་མཆོག་ཏུ༔ ཨཱ༔ལས་མཆོད་པའི་བྱེ་བྲག་འདོད་དགུའི་གཏེར༔ ཧཱུྃ་ལས་མཆོད་པའི་ལྷ་མོ་གྲངས་མེད་ཀྱིས༔ ཚོགས་ཞིང་དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ ཟག་མེད་བདེ་སྟོང་ཡེ་ཤེས་བསྐྱེད་པར་གྱུར༔ ཨོཾ་ཨཱ༔ཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད་ཅིང་བྱིན་གྱིས་བརླབས༔ མདུན་གྱི་ནམ་མཁར་ཚོགས་ཞིང་ལྷ༔ སྤོས་རོལ་གདུང་བའི་དབྱངས་དང་བཅས༔ སྤྱན་འདྲེན་རིམ་པ་འདི་ལྟར་རོ༔ ཧཱུྃ་ཧཱུྃ༔ སྔོན་ཚེ་བསྐལ་པ་དཔག་མེད་གོང་རོལ་ནས༔ ལོག་རྟོག་རཱུ་ཏྲ་སྡེ་གསུམ་འདུལ་བའི་ཕྱིར༔ སྐྱེ་མེད་དབྱིངས་ནས་གཟུགས་ཀྱི་སྐུར་བསྟན་པ༔ ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་བཞེས་པའི་ཕྱིར༔ འཇིགས་རུང་དཔའ་བའི་གར་གྱིས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀྲོ་ཏ་ཀཱི་ལི་ཀཱི་ལ་ཡ་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧཱུྃ༔ རང་སྣང་སྤྲོས་བྲལ་ཡངས་པའི་ནམ་མཁའ་ལ༔ རང་བྱུང་ལྷུན་གྲུབ་དཔལ་ཆེན་ཕུར་པའི་ལྷ༔ ཐབས་ཤེས་འདུ་འབྲལ་མེད་པའི་གཙོ་འཁོར་རྣམས༔ རང་མཐུན་དག་པའི་གདན་ལ་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ འཕྲུལ་དགའི་ཚུལ་གྱིས་ཕྱག་འཚལ་ནི༔ བདག་ཉིད་རྩ་བའི་ལྷ་ཡི་ཐུགས་ཀ་ནས༔མདུན་བསྐྱེད་ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་ལ༔ སྲི་ཞུའི་ཚུལ་གྱིས་མཆོད་པའི་ལྷ་མོ་ནི༔ ལུས་དཔག་མེད་པར་སྤྲུལ་ཏེ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧཱུྃ༔ རང་བྱུང་སྤྲུལ་པའི་དཀྱིལ་འཁོར་ལྷ་ཚོགས་ལ༔ འདོད་ཡོན་མ་སྤངས་ཕྱི་ཡི་ཚོགས་མཆོད་འབུལ༔ དུག་ལྔ་རང་གྲོལ་ནང་གི་ཚོགས་མཆོད་འབུལ༔ ཐབས་ཤེས་ཟུང་འཇུག་གསང་བའི་ཚོགས་མཆོད་འབུལ༔ རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་སྨན་མཆོད་འབུལ༔ ཆགས་ཆེན་ཆགས་བྲལ་རཀྟའི་མཆོད་པ་འབུལ༔ ཁམས་གསུམ་ཡོངས་གྲོལ་དམ་རྫས་མཆོད་པ་འབུལ༔ དགྱེས་པར་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་ག་ཎ་ཙཀྲ་སརྦ་པཱུ་ཛ་ཁཱ་ཧི༔ ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ ཉམས་ཆག་བཤགས་པའི་རིམ་པ་ནི༔ ཧོ༔ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར༔ བདག་གཞན་གསང་བ་སྔགས་ཀྱི་སྒོར་ཞུགས་ཀུན༔ མི་ཤེས་མ་གུས་བག་མེད་ཉོན་མོངས་མང་༔ བླ་མ་དཀྱིལ་འཁོར་ལྷ་དང་རྡོ་རྗེ་སྤུན༔ བརྙས་ཤིང་དམ་ལས་འགལ་ཉམས་འདས་རལ་སོགས༔ མནར་མེད་ངན་སོང་འཁོར་བའི་རྒྱུ་བསགས་པ༔ ག་ཎ་ཚོགས་ཀྱི་ལོངས་སྤྱོད་ལ་བརྟེན་ནས༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་ག་ཎ་ཙཀྲ་བི་ཤུདྡྷེ་ས་མ་ཡཱ་ཤུདྡྷེ་ཧཱུྃ༔ ཞེས་དང་ཡི་གེ་བརྒྱ་བ་ཅི་མང་བཟླ༔ ཚོགས་ཕུད་ཐ་མ་དགྲ་བགེགས་སུ༔ དམིགས་ནས་བསྒྲལ་ཞིང་བསྟབས་པ་ནི༔ ཧཱུྃ་ཧཱུྃ༔ རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ གློ་བུར་ཀུན་བརྟགས་ཞིང་བཅུའི་དགྲ་དང་བགེགས༔ ཕྲིན་ལས་ལྷ་མཆོག་སྤྲུལ་པ་ཡང་སྤྲུལ་གྱིས༔ འགུགས་འཆིང་སྡོམ་མྱོས་བསྒྲལ་བའི་ལས་བྱས་ཏེ༔ བདེ་སྟོང་གཉིས་མེད་ཆོས་དབྱིངས་ཀློང་དུ་སྦྱོར༔ སྲས་མཆོག་ཕུར་པ་ལག་ཏུ་ཐོགས༔ གཟུགས་ལ་གདབ་ཅིང་སྔགས་འདིས་བསྒྲལ༔ དྲག་སྔགས་སོ་ལྔའི་ཤམ་བུ་རུ༔ སརྦ་དུཥྚཾ་མ་ར་ཡ་ཧཱུྃ་ཕཊ༔ ཤ་ཁྲག་བདུད་རྩིའི་རང་བཞིན་དུ༔ དམིགས་ནས་ལྷ་ལ་འདི་བཞིན་སྟོབ༔ ཧཱུྃ་ཧཱུྃ༔ དངོས་འཛིན་དབང་གིས་ལོག་རྟོག་དགྲ་བགེགས་ཀྱི༔ སྡུག་བསྔལ་ཕུང་པོ་ལྔ་ཡི་འདུ་བྱེད་ཀུན༔ བདག་མེད་རྟོག་བྲལ་དཔལ་ཆེན་ཧེ་རུ་ཀའི༔ ཆོས་དབྱིངས་མཉམ་པ་ཆེན་པོའི་ཞལ་དུ་སྟོབ༔ མ་རིག་ལུགས་འབྱུང་རྟེན་འབྲེལ་བཅུ་གཉིས་ཀྱི༔ ལས་ཉོན་སྐྱེ་རྒྱུད་གཅོད་པའི་ཕྲིན་ལས་མཛོད༔ མ་ཧཱ་ཧ་ལ་སརྦ་པཉྩ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་འདུས་པ་ལྕམ་དྲལ་གྱིས༔ ཚོགས་ཀྱི་དགའ་སྟོན་ལོངས་སྤྱོད་ཕྱིར༔ ཐོག་མར་རྡོ་རྗེ་རྒྱལ་པོ་ལ༔ བརྡ་དོན་འབྲེལ་བས་འདི་བཞིན་འབུལ༔ ཨེ་མ་ཧོ༔ ཡེ་དག་ཆོས་དབྱིངས་མཉམ་པ་ཆེན་པོ་ལ༔ ཡེ་ནས་སྤང་བླང་དགག་སྒྲུབ་མ་མཆིས་ཀྱང་༔ ཡེ་ཤེས་སྒྲུབ་རྫས་ཤ་ལྔ་བདུད་རྩི་ལྔ༔ ཡེ་གྲོལ་རྡོ་རྗེ་རྒྱལ་པོས་བཞེས་སུ་གསོལ༔ བླ་མས་རྩེ་ཕྱག་རྒྱས་བླངས༔ ཨེ་མ་ཆོས་དབྱིངས་མཉམ་པའི་གཤིས༔ ཡེ་ནས་གྲུབ་པ་མ་མཆིས་ཀྱང་༔ རྟེན་འབྲེལ་དབང་གིས་ཐ་དད་སྣང་༔ དམན་པའི་བློ་དང་བྲལ་ཏེ་རོལ༔ ཨ་ལ་ལ་ཧོ༔ རྡོ་རྗེ་སློབ་དཔོན་དབུ་མཛད་པའི༔ མཆེད་ལྕམ་འདུས་པ་ཐམས་ཅད་ཀྱིས༔ ཐ་མལ་རྟོག་པ་མ་ཡིན་པར༔ དབང་བཞི་དམ་ཚིག་ལས་བྱུང་བའི༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་རོལ༔ ལྷག་མ་ཐམས་ཅད་གཅིག་ཏུ་བསྡུས༔ དཔལ་ཆེན་བདུད་རྩིས་ཁ་ཕྲུ་གདབ༔ བཤུག་པ་རྐང་གླིང་སྒྲ་དང་བཅས༔ ལྷག་མའི་མགྲོན་རྣམས་སྤྱན་དྲངས་ཏེ༔ བསྔོ་བའི་རིམ་པ་ཚིག་འདིས་བྱ༔ ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱིཿ ཧཱུྃ་ཧཱུྃཿ དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་ལྷག་མའི་མགྲོན༔ ཤར་གྱི་ཕྱོགས་ནས་བཛྲ་ཀིང་ཀ་ར༔ དཀར་མོ་ཟླ་འདབ་སྤྲུལ་པ་ཡང་སྤྲུལ་བཅས༔ འདིར་གཤེགས་དཔལ་ཆེན་ཕུར་པའི་ལྷག་གཏོར་བཞེས༔ ནད་གདོན་འཇིགས་བརྒྱད་ཞི་བའི་ཕྲིན་ལས་མཛོད༔ ལྷོ་ཡི་ཕྱོགས་ནས་རཏྣ་ཀིང་ཀ་ར༔ སེར་མོ་ས་འདབ་སྤྲུལ་པ་ཡང་སྤྲུལ་བཅས༔ འདིར་གཤེགས་དཔལ་ཆེན་ཕུར་པའི་ལྷག་གཏོར་བཞེས༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད༔ ནུབ་ཀྱི་ཕྱོགས་ནས་པདྨ་ཀིངྐ་ར༔ དམར་མོ་ཉི་འདབ་སྤྲུལ་པ་ཡང་སྤྲུལ་བཅས༔ འདིར་གཤེགས་དཔལ་ཆེན་ཕུར་པའི་ལྷག་གཏོར་བཞེས༔ སྣང་སྲིད་དབང་དུ་སྡུད་པའི་ཕྲིན་ལས་མཛོད༔ བྱང་གི་ཕྱོགས་ནས་ཀརྨ་ཀིངྐ་ར༔ ལྗང་མོ་རླུང་འདབ་སྤྲུལ་པ་ཡང་སྤྲུལ་བཅས༔ འདིར་གཤེགས་དཔལ་ཆེན་ཕུར་པའི་ལྷག་གཏོར་བཞེས༔ ལོག་འདྲེན་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ གཞན་ཡང་དཀྱིལ་འཁོར་ཆེན་པོའི་ཕྱི་ཉུལ་བའི༔ དབང་ཕྱུག་འབར་མ་མ་སྲིང་མཁའ་འགྲོའི་ཚོགས༔ རྡོ་རྗེ་ཕུར་པ་སྒྲུབ་པའི་རྣལ་འབྱོར་ལ༔ བར་ཆད་སྲུངས་ཤིང་མཐུན་རྐྱེན་སྒྲུབ་བོ་ཞེས༔ དཔལ་ཆེན་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ སརྦ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ དམར་གྱི་གཏོར་མ་སྨན་རཀ་བྲན༔ དགྲ་བགེགས་འགུག་གཞུག་བསྒྲལ་ལས་བྱས༔ བདུད་རྩིར་བྱིན་བརླབས་སྔགས་ཀྱིས་འབུལ༔ ཧཱུྃ་ཧཱུྃ༔ གདོད་ནས་སྤྲོས་བྲལ་ཆོས་དབྱིངས་དག་པའི་ཀློང་༔ བཞེངས་བཞུད་གཉིས་འཛིན་མཚན་མ་མི་མངའ་ཡང་༔ ལོག་རྟོག་འཁྲུལ་བའི་དམ་སྲི་ཚར་གཅོད་ཕྱིར༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་སྐུར་བཞེངས་ཤིག༔ དོན་དམ་བློ་འདས་ཀུན་གཞིའི་རང་བཞིན་ལ༔ རྟོག་མེད་ཡུལ་ལ་གསལ་བའི་རྣམ་ཤེས་ཀྱི༔ ཉོན་ཡིད་སྒོ་ལྔའི་བག་ཆགས་ཚར་གཅོད་ཕྱིར༔ གཙོ་འཁོར་སྤྲུལ་པར་བཅས་པ་སྐུར་བཞེངས་ཤིག༔ འགྲོ་ཀུན་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན༔ བཤད་དང་སྒྲུབ་པའི་དགེ་འདུན་སྡེ་བཟུང་ཀྱང་༔ སྣ་ཚོགས་ཐབས་ཀྱིས་བཤིག་པའི་ལོག་འདྲེན་དཔུང་༔ ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག༔ ཁྱད་པར་རྒྱུ་འབྲས་རིང་ལམ་ལྟོས་མིན་པར༔ ཚེ་འདིར་མྱུར་གྲོལ་རྡོ་རྗེ་སྙིང་པོའི་ཆོས༔ གསང་ཆེན་ཐེག་པའི་ཉེ་ལམ་ཟབ་མོ་ལ༔ ཐེ་ཚོམ་བར་དབྱེན་བཅོས་པའི་དམ་སྲིའི་ཚོགས༔ བསད་དང་དབྱེ་དང་མནན་བསྲེགས་འཕང་བའི་ལས༔ དྲག་པོའི་ཤུགས་ཀྱིས་རྡུལ་དུ་བརླགས་ནས་ཀྱང་༔ རང་གཞན་བདེ་ལ་འགོད་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་གཏོར་མ་ཟོར་དུ་བརྡེག༔ དེ་ནས་ཆད་མདོ་བསྒྲག་པ་ནི༔ ཐ་ཚིག་གཏོར་མ་བྱིན་གྱིས་བརླབས༔ བདག་ཉིད་དཔལ་ཆེན་ཏིང་འཛིན་གྱིས༔ དྲེགས་ཚོགས་ཡོངས་ལ་ཐ་ཚིག་སྤྲིངས༔ ཧཱུྃ་བྷྱོ༔ སྔོན་ཚེ་དཔག་མེད་བསྐལ་པའི་གོང་རོལ་ན༔ དུས་གསུམ་ལས་འདས་བརྗོད་བྲལ་མཉམ་པའི་དུས༔ སྟོང་ཆེན་བློ་འདས་ཆོས་དབྱིངས་དཀྱིལ་འཁོར་དུ༔ རང་རིག་བྱང་ཆུབ་སེམས་ཀྱི་སྟོན་པ་ཡིས༔ རང་སྣང་རང་བཞིན་མེད་པའི་འཁོར་ཚོགས་ལ༔ སྨྲ་ཚིག་བརྗོད་བྲལ་རྒྱུད་དོན་བསྟན་པའི་ཚེ༔ སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ་སྟེ༔ འཁོར་འདས་མཉམ་པར་གྲོལ་བའི་ཆད་དོན་བཞིན༔ རང་ཤར་རང་སར་གྲོལ་བའི་གཏོར་མ་བཞེས༔ འབྲས་བུ་གཞི་ལ་རྫོགས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་བར་མ་ལ༔ རང་བྱུང་ཡེ་ཤེས་གཞི་ལས་མ་གཡོས་ཀྱང་༔ རང་རྩལ་འོད་ལྔར་འཁྲུལ་བའི་སེམས་ཅན་གྱི༔ རང་སྣང་ཆགས་སྡང་རྨོངས་པའི་རཱུ་ཏྲའི་ཚོགས༔ བསྟན་དང་འགྲོ་བའི་གཤེད་དུ་བབས་པའི་ཚེ༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་རྗེས་ཉེར་བསྐུལ་ནས༔ ཆོས་དབྱིངས་མཁའ་ལས་འགགས་མེད་ཀཱི་ལ་ཡའི༔ སྙིང་རྗེའི་རང་གཟུགས་ཕུར་པ་གཙོ་འཁོར་གྱིས༔ རཱུ་ཏྲ་སྡེ་གསུམ་འཁོར་བཅས་བཏུལ་བའི་ཚེ༔ ཡེ་ཤེས་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ རིག་འཛིན་གཙོ་བོ་རྡོ་རྗེ་འཛིན་པ་དང་༔ དབང་ཕྱུག་ཁྱོ་ཤུག་བྲན་དང་བཅས་པ་ཡིས༔ གསང་ཆེན་རྒྱུད་སྡེ་མི་ཉམས་བསྲུང་བ་དང་༔ དེ་འཛིན་རྣལ་འབྱོར་སྐྱོང་བར་ཞལ་བཞེས་བཞིན༔ རྒྱུད་དང་སྒྲུབ་སྡེ་ཀུན་གྱི་ཡང་སྙིང་ཆོས༔ ཕྲིན་ལས་ཕུར་པའི་སྒྲུབ་ལ་བརྩོན་པ་ཡིས༔ རྣལ་འབྱོར་མཆེད་ལྕམ་འདུས་པར་བཅས་པའི་ཚོགས༔ བར་ཆད་དམ་སྲི་བདུད་དཔུང་ཚར་བཅད་ནས༔ ལས་བཞིའི་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བསྟན་པ་མར་འགྲིབ་ལ་ཉེ་ཚེ༔ རིགས་ཅན་དྲ་མ་ལྔ་དང་རྒྱལ་པོ་ཛས༔ གསང་ཆེན་བསྟན་པ་དར་བར་བསྐུལ་བའི་ཚེ༔ རིགས་བརྒྱའི་གཙོ་བོ་ཕྱག་ན་རྡོ་རྗེ་ཡིས༔ གསང་ཆེན་རྒྱུད་སྡེ་ཐུགས་ཀྱི་ཀློང་ནས་བཏོན༔ བཻཌཱུར་ཞུན་མའི་ཡི་གེར་བཀོད་ནས་ཀྱང་༔ སྤྲུལ་པའི་འཁོར་ལ་དབང་བསྐུར་རྒྱུད་དོན་བཤད༔ དྲེགས་ཚོགས་བྲན་བཀོལ་བསྟན་པ་སྲུང་བར་བསྐོས༔ ཇི་ལྟར་ཁས་བླངས་ཞལ་བཞེས་ཡོད་པ་ལྟར༔ ཐ་ཚིག་དམ་རྫས་གཏོར་མ་འདི་བཞེས་ལ༔ ལས་བཞི་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བསྐལ་པ་ཐ་མ་རྩོད་ལྡན་དུས༔ བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དང་༔ ཕྲིན་ལས་གཟུངས་མ་ཤཱཀྱ་དེ་ཝ་ཡིས༔ ཡང་དག་ཐུགས་ཀྱི་ལྷ་མཆོག་སྒྲུབ་པའི་ཚེ༔ ཀླུ་དང་གནོད་སྦྱིན་བདུད་དང་དམ་སྲིའི་རིགས༔ བར་ཆད་འཚེ་བའི་གཡུལ་ངོ་ཤོམ་པའི་ཚེ༔ ཆོས་ཀྱི་དབྱིངས་ནས་དཔལ་ཆེན་ཕུར་པའི་ལྷས༔ འདུ་འབྲལ་མེད་པའི་རང་ཞལ་བསྟན་ནས་ཀྱང་༔ བར་ཆད་སེལ་བའི་རྒྱུད་དང་སྒྲུབ་ཐབས་བསྟན༔ སྙན་བརྒྱུད་ཞུས་ཤིང་དགོངས་པས་ཉམས་སུ་བླངས༔ ཡི་དམ་ལྷ་དང་སྐལ་བ་མཉམ་པའི་ཚེ༔ ཕུར་སྲུང་བཅུ་དྲུག་དམ་ཅན་རྒྱ་མཚོ་ཡིས༔ བསྟན་དང་བསྟན་འཛིན་སྐྱོང་བར་ཞལ་བཞེས་བཞིན༔ ཐུགས་དམ་རྒྱུད་བསྐུལ་གཏོར་མ་འདི་བཞེས་ལ༔ བར་ཆད་བདུད་ལས་རྒྱལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་སྤྲུལ་པའི་ཞིང་ཁམས་ཉམས་དགའ་བར༔ ཡར་ལུང་བསམ་ཡས་མཆིམས་ཕུའི་ཀེའུ་ཚང་དུ༔ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང་༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་ལ༔ སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ནས༔ སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་གིས༔ དབང་བསྐུར་རྒྱུད་བཤད་བཀའ་བབས་བརྟགས་པའི་ཚེ༔ མཚོ་རྒྱལ་ལྕམ་དྲལ་ལང་གྲོ་ལོ་ཙཱ་དང་༔ གཉགས་ཀྱི་མཁས་པ་ཛྙཱ་ན་ཀུ་མཱ་ར༔ ཕྲིན་ལས་གྲུབ་པའི་རིག་འཛིན་མཆོག་རྣམས་ཀྱིས༔ ཕུར་པ་བསྒྲུབས་ཤིང་དྲོད་ཚད་མཐའ་རུ་ཕྱིན༔ ལྷག་པའི་ལྷ་དང་དགོངས་པ་མཉམ་པར་གྱུར༔ དྲེགས་ཚོགས་བྲན་བཀོལ་གྲུབ་པའི་མཚན་རྟགས་བསྟན༔ ཤྭ་ན་ས་བདག་བདག་ཉིད་གིང་ཆེན་བཞིས༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་བར་ཆད་སེལ་བར་མ་ཆད་དམ༔ བསྟན་པའི་སྦྱིན་བདག་སྐྱོང་བར་མ་ཆད་དམ༔ ཆོས་སྲིད་དམ་སྲི་འདུལ་བར་མ་ཆད་དམ༔ ཇི་ལྟར་ཁས་བླངས་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་རབ་འབྱམས་ལས་འགྲུབ་མཛོད༔ ཧཱུྃ་བྷྱོ༔ དེ་འོག་རྩོད་ལྡན་སྙིགས་མའི་ཡང་མཐའ་འདིར༔ སྤྲུལ་པའི་གང་ཟག་ལུང་རིག་གླིང་པ་ལ༔ ཚེ་རབས་བླ་མ་ཨོ་རྒྱན་ཆེན་པོ་དང་༔ ལྷ་སྲས་རྣམ་རོལ་བྱང་ཆུབ་རྡོ་རྗེ་ཡིས༔ ཉིང་འཁྲུལ་རྨི་ལམ་གསལ་བའི་བརྡའ་ཙམ་དུ༔ བདེ་ཆེན་དཔལ་རི་སྤྲུལ་པའི་གནས་མཆོག་དེར༔ དབང་ཆེན་རྒྱལ་པོའི་དབང་བསྐུར་རྒྱུད་དོན་བསྟན༔ ཟབ་ཆོས་དགོངས་པའི་བརྡ་འགྲོལ་བསྐུལ་བའི་ཚེ༔ སྔགས་བདག་སྲུང་མ་དམ་ཅན་རྒྱ་མཚོ་ཡིས༔ རིམ་གཉིས་བྱང་ཆུབ་སེམས་ཀྱི་ལམ་ཞུགས་ནས༔ བསྟན་དང་འགྲོ་ལ་ཕན་བདེ་སྤེལ་ནུས་ན༔ བར་ཆད་སེལ་ཞིང་མཐུན་རྐྱེན་བསྒྲུབ་བོ་ཞེས༔ བསླུ་མེད་རྡོ་རྗེའི་གསུང་གིས་དབུགས་དབྱུང་ལྟར༔ མཆོད་གཏོར་བཞེས་ལ་བསྟན་འགྲོའི་ཕན་བདེ་དང་༔ རྣལ་འབྱོར་ལེགས་ཚོགས་སྤེལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ དེ་ནས་བསྟན་མའི་གཏོར་མ་ལ༔ བཤལ་ཆུ་བྲན་ལ་འབྲུ་གསུམ་གྱིས༔ བྱིན་གྱིས་བརླབས་ཤིང་འདི་སྐད་བརྗོད༔ ཧཱུྃ་བྷྱོ༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ སངས་རྒྱས་བསྟན་པ་བསྲུང་བར་ཞལ་བཞེས་ཤིང་༔ མུ་སྟེགས་རྟག་ཆད་རྒོལ་བ་ཟློག་མཛད་པའི༔ བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི༔ ཞི་རྒྱས་དབང་དང་དྲག་པོའི་རྣམ་འགྱུར་ཅན༔ བསྟན་མ་བཅུ་གཉིས་གཙོ་དང་འཁོར་དུ་བཅས༔ སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་མཐའ་གྲལ་བཞག༔ བསྟན་པ་སྤྱི་དང་གསང་ཆེན་ཉེ་ལམ་སྲུང་༔ གངས་ཅན་བོད་དུ་ནད་མུག་མཚོན་འཁྲུག་སོགས༔ མི་མཐུན་རྒུད་སེལ་བརྒྱུད་འཛིན་སྒྲུབ་པ་པོ༔ བུ་བཞིན་སྐྱོང་ལ་མཐུན་རྐྱེན་སྒྲུབས་ཤིག་ཅེས༔ ཇི་ལྟར་བཀའ་བསྒོས་དམ་བཞག་མཛད་པ་ལྟར༔ དམ་ལས་མ་འདའ་དམ་བཞིན་ཕྲིན་ལས་མཛོད༔ གཏོར་མ་གཤེགས་ཤིང་བྲོ་བརྡུང་ནི༔ གཏོར་གཞོང་འོག་ཏུ་དམ་སྲི་འགུགས༔ ཛཿཧཱུྃ་བཾ་ཧོའི་རྒྱ་ཡིས་གདབ༔ བསྐལ་པའི་མཐར་ཡང་ཐར་མེད་བསམ༔ ཧཱུྃ་ཧཱུྃ༔ སྟོང་གསུམ་སྟོང་གི་གཏོར་གཞོང་རི་རབ་འོག༔ བསྟན་དང་འགྲོ་ལ་འཚེ་བའི་དམ་སྲི་རྣམས༔ ནམ་ཡང་ལྡང་བ་མེད་པའི་བྲོ་རྒྱས་གདབ༔ སྟེང་དུ་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ སྒེག་དཔའ་འཇིགས་རུང་མི་སྡུག་གར་གྱི་འགྲོས༔ གཡས་སུ་བསྐོར་བས་དམ་སྲི་ཕོ་རྒྱུད་གནོན༔ གཡོན་དུ་འཁྲབ་པས་དམ་སྲི་མོ་རྒྱུད་གནོན༔ ཞབས་བཞིའི་གར་གྱིས་བདུད་བཞིའི་མགོ་བོ་གནོན༔ ཚད་མེད་རྣམ་བཞིའི་སེམས་མཆོག་མ་སྐྱེས་བར༔ བསྐལ་པའི་མཐར་ཡང་གཏང་བར་མི་བྱ་འོ༔ ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ སླར་ཡང་གཏོར་གཞོང་སྨན་འབྲུས་བཀང༔ ཚེ་འགུགས་རྗེས་ཀྱི་གཏང་རག་དང་༔ དངོས་གྲུབ་ལེན་པ་གཞུང་ལྟར་བྱ༔ ཞེས་གཏང་རག་གི་མཆོད་བསྟོད་ནི༔ ཨོཾ་ཤྲཱི་བཛྲ་ཀཱུ་མ་ར་ཀཱི་ལི་ཀཱི་ལ་ཡ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཤཔྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧཱི༔ མ་ཧཱ་རཀྟ་་ཁཱ་ཧཱི༔ མ་ཧཱ་བཱ་ལིངྟ་ཁཱ་ཧཱི༔ ཞེས་དང་། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ རང་མདངས་འགགས་མེད་འགྲོ་བ་སྐྱོབ་པའི་ལྷ༔ གང་འདུལ་ཞི་ཁྲོ་དགྱེས་ཆགས་བདུད་སྡེའི་གཤེད༔ ཕུར་པའི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས་ཚེ་རབས་སྡིག་ལྟུང་དང་༔ ལྷན་ཅིག་ནོངས་པ་བཤགས་པ་ནི༔ ཧོ༔ གསང་སྔགས་སྒོར་ཞུགས་རྣལ་འབྱོར་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་པ༔ ལུས་ངག་ཡིད་ཀྱི་དམ་ཚིག་ལ་བརྟེན་ཀྱང་༔ ལས་ཉོན་མཐུ་ཡིས་ཟིལ་གནོན་སྡིག་ལྡན་བདག༔ ཉམས་ཆག་ཉེས་པ་དུ་མའི་འབྱུང་ཁུངས་ཏེ༔ ཡེ་ཤེས་སྤྱན་ལྡན་མགོན་པོ་ཐུགས་རྗེ་ཅན༔ བླ་མ་ལྷག་པའི་ལྷ་ལ་མཐོལ་ལོ་བཤགས༔ མི་འཆབ་མི་སྦེད་སླན་ཆད་སྡོམ་པར་བགྱིད༔ དག་ནས་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ས་མ་ཡཱ༔ ཨཱཿས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཱ་སོགས་བརྗོད། ཡི་གེ་བརྒྱ་བས་ནོངས་པ་བཤགས༔ དེ་ནས་མདུན་བསྐྱེད་ཡེ་ཤེས་པ༔ སྒྲུབ་རྫས་རྟེན་ལ་བརྟན་པར་བཞུགས༔ བདག་བསྐྱེད་བསྡུ་རིམ་བྱ་བ་ནི༔ ཧཱུྃ་ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་སྲོག་ཧཱུྃ་ཡིག་ལས༔ འོད་ཟེར་འཕྲོས་པས་སྣོད་བཅུད་གསལ་བར་བྱས༔ ཕྱོགས་བཅུའི་ཁྲོ་བོ་ཕུར་པ་སྲས་བཞིར་ཐིམ༔ སྲས་རྣམས་འོད་ཞུ་ཤེས་རབ་དབང་ཕྱུག་མར༔ ལྷན་སྐྱེས་ཕྱག་རྒྱ་བདག་ཉིད་གཙོ་ལ་ཐིམ༔ དེ་ཡང་ཐུགས་སྲོག་ཐིག་ལེ་ནཱ་དར་ཡལ༔ མི་དམིགས་སྤྲོས་བྲལ་དབྱིངས་སུ་ཨེ་མ་ཧོ༔ དེ་ཡིས་རྟག་པའི་མཐའ་བསལ་ཞིང་༔ ཆད་མཐའ་བསལ་ཕྱིར་སྐད་ཅིག་གིས༔ སླར་ཡང་རྗེས་ཐོབ་གཉུག་མའི་ཧེ་རུ་ཀ༔ ཕྱག་རྒྱ་གཅིག་པའི་ཐུགས་ཀར་ཕུར་པ་འདྲིལ༔ གནས་གསུམ་ཨོཾ་ཨཱ༔ཧཱུྃ་གིས་མཚན་པ་ལས༔ འོད་འཕྲོས་སྒོ་གསུམ་བར་ཆད་བསྲུང་བར་བསམ༔ ཨོཾ་ཨཱ༔ཧཱུྃ་བཛྲ་ཀ་ཝ་ཙི་རཀྵ་རཀྵ་ཧཱུྃ༔ དེ་ནས་དགེ་ཚོགས་བསྔོ་བ་ནི༔ ཧཱུྃ་ཧཱུྃ༔ ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར༔ བདག་གི་ལུས་ངག་ཡིད་གསུམ་བརྩོན་པ་ཡིས༔ དགེ་བཅུ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི༔ བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་༔ མཁའ་འགྲོ་དམ་ཅན་བསྙེན་སྒྲུབ་ལས་སྦྱོར་འབྲས༔ དུས་གསུམ་ཕ་མའི་ཐོག་དྲངས་འགྲོ་བ་ཀུན༔ རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ༔ དེ་རྗེས་སྨོན་ལམ་གདབ་པ་ནི༔ དེ་མཐུས་རྒྱལ་བའི་བསྟན་པ་དར་ཞིང་རྒྱས༔ ལས་ཉོན་མཐུ་ཡིས་མནར་བའི་ཞིང་བཅུའི་དགྲ༔ མཚན་མ་རྫས་ཀྱི་ཕུར་བུས་ཚར་བཅད་ནས༔ ཚད་མེད་སྙིང་རྗེའི་ཕུར་བུས་རྗེས་སུ་བཟུང་༔ བྱང་ཆུབ་སེམས་ཀྱི་ཕུར་བུས་བདག་རྟོག་བསྒྲལ༔ ཆོས་དབྱིངས་བློ་འདས་ཕུར་བུའི་ཀློང་དུ་གྲོལ༔ རང་གཞན་དོན་གཉིས་མྱུར་དུ་འགྲུབ་པར་ཤོག༔ མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ དུས་ཀུན་དགེ་ལེགས་སྣང་བ་ཡིས༔ ཁྱབ་པའི་རྟེན་འབྲེལ་འདི་བཞིན་བྱ༔ རོལ་མོ་དབྱངས་སྙན་གདངས་དང་བཅས༔ ཨེ་མ་ཧོ༔ ཆོས་དབྱིངས་འཕོ་འགྱུར་མེད་པའི་ཕོ་བྲང་ནས༔ ཁྱད་ཆོས་དྲུག་གིས་མངོན་པར་སངས་རྒྱས་པའི༔ རང་བྱུང་ཐོག་མའི་མགོན་པོ་འོད་མི་འགྱུར༔ ཆོས་སྐུ་ཀུན་ཏུ་བཟང་པོའི་བཀྲ་ཤིས་ཤོག༔ གཞི་སྣང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ནས༔ རྟག་བརྟན་འཕོ་མེད་ངེས་པ་ལྔ་དང་ལྡན༔ སུས་ཀྱང་མ་བྱས་རང་བྱུང་གཉུག་མའི་བབ༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་བཀྲ་ཤིས་ཤོག༔ གཞི་ལྟར་འགྲོ་བློ་དག་པའི་ཞིང་ཁམས་ནས༔ ཕྱོགས་བཅུའི་སངས་རྒྱས་འགྲོ་མགོན་པདྨ་འབྱུང་༔ རྗེ་འབངས་ཉེར་ལྔ་ཕྲིན་ལས་གྲུབ་པའི་ཚོགས༔ འགྲོ་འདུལ་སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ རབ་འབྱམས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ༔ བར་ཆད་བདུད་འདུལ་དཔལ་ཆེན་ཕུར་པའི་ལྷ༔ གཙོ་འཁོར་ཡོངས་རྫོགས་དམ་ཅན་སྲུང་མའི་ཚོགས༔ ཡི་དམ་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག༔ ཅེས་བརྗོད་རྒྱུན་གྱི་སྤྱོད་ལམ་བྱ༔ ཨེ་མ་ཡང་ཟབ་ཐུགས་ཀྱི་བཅུད༔ ཕྲིན་ལས་ཕུར་པའི་ཟབ་ཆོས་འདི༔ ཆོས་སྐུའི་དགོངས་པས་བྱིན་བརླབས་ཤིང་༔ ལོངས་སྐུས་རིག་འཛིན་བརྡ་ལས་བརྒྱུད༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་གིས༔ རིག་འཛིན་རྗེ་འབངས་ཉེར་ལྔ་ལ༔ གདམས་ངག་སྙན་བརྒྱུད་ཚུལ་དུ་བསྩལ༔ མ་འོངས་སྐལ་ལྡན་ལས་འཕྲོ་ཅན༔ ལུང་བསྟན་སྨོན་ལམ་གཏད་རྒྱས་བཏབ༔ ཚུལ་བཞིན་སྒྲུབ་པའི་གང་ཟག་ལ༔ དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད༔ གནས་སྐབས་ཕྲིན་ལས་རྣམ་བཞི་འགྲུབ༔ ཕུར་སྲུང་དམ་ཅན་མེལ་ཚེ་བྱེད༔ རྟེན་འབྲེལ་དོན་དང་ལྡན་པར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ཞེས་པ་འདི་ནི་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་དུས་མཐའི་གཏེར་མིང་འཛིན་པ་ལུང་རིག་མྱུ་གུ་རྩལ་གྱིས་དབྱིངས་རིག་མཁའ་འགྲོའི་གསང་མཛོད་ནས་སྤེལ་བ་དུས་ཀུན་ཏུ་དགེ་བར་གྱུར་ཅིག་གུ། དགེའོ། །དགེའོ། །དགེའོ།།

རྒྱུན་ཁྱེར་བསྡུས་པ་དྷརྨའི་མིང་གིས་མཛད་པ།

ཨེ་མ་ཧོ༔ ཕྱི་སྣོད་རང་སྣང་གཞལ་ཡས་ཁང་༔ ནང་བཅུད་རྡོ་རྗེ་གཞོན་ནུའི་སྐུ༔ སྒྲ་གྲགས་ཀཱི་ལི་ཀཱི་ལིའི་གསུང་༔ དྲན་རྟོག་ཆོས་ཉིད་རོལ་པའི་ཐུགས༔ འཁོར་འདས་སྐུ་གསུམ་ཀློང་དུ་གྱུར༔ རྩེ་གཅིག་སྔགས་ཀྱི་འཛབ་དབྱངས་སྒྲོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཀཱི་ལ་འབྲུ་དགུ་བཟླས་པ་འདིས༔ མཆོག་དངོས་ཐོབ་པར་གདོན་མི་ཟ༔ ཐུན་མཐར་སྟོང་ཚིག་མཆོད་བསྟོད་བྱ༔ དགེ་རྩ་འགྲོ་ཀུན་ཡོངས་ལ་བསྔོ༔ གུ་ཧྱ༔ དྷརྨའི་མིང་གིས་བྲིས༔ དགེའོ༔

སྔོན་དུ་འགྲོའི་ལས་རིམ་ཉེར་མཁོ་ཕྱོགས་བསྡུས་རྒྱལ་རོང་གཏེར་སྟོན་གྱི་གཏེར་བྱོན།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ སྔོན་དུ་འགྲོ་བའི་ལས་རིམ་ཉེར་མཁོ་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས༔ སྐུ་གསུམ་བླ་མའི་ཚོགས་ལ་འདུད༔ ཕྲིན་ལས་སྤྱི་ཡི་སྔོན་འགྲོ་ནི༔ ལྷར་གསལ་ཏིང་འཛིན་རྡོར་དྲིལ་དང་༔ ཐོད་རྔ་རོལ་མོ་ཆུ་དང་སྤོས༔ ཕུར་པ་བྱིན་གྱིས་བརླབས་པ་དང་༔ དཀར་གསུམ་གཏོར་མ་བྱིན་བརླབས་ལ༔ གཉུག་གནས་ཕྱོགས་སྐྱོང་རྣམས་ལ་བསྔོ༔ ལན་ཆགས་གླུད་གཏོར་བགེགས་ལ་སྦྱིན༔ ཕྲིན་ལས་སྔོན་འགྲོའི་ལེའུ་འོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་སྐད་ཅིག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་༔ གཡོན་ལྕགས་སྡིག་འཛིན་པ་ཁྲོ་གཏུམ་བཟོད་པར་དཀའ་བ་དུར་ཁྲོད་རོལ་པའི་སྐུར་གྱུར༔པར་བསམ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མང་དུ་བཟླས་ལ་དམིགས་པ་ནི༔ རང་ཉིད་ལྷ་ཡི་ཐུགས་སྲོག་ཧཱུྃ༔ དེ་ལས་འོད་ཟེར་མཐིང་ག་ནི༔ ཚྭ་ལ་རྩུབ་པའི་རྣམ་པ་འཕྲོས༔ འཕགས་མཆོད་བྱིན་བསྡུས་སླར་འཕྲོས་པས༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན༔ ནག་ཕྱོགས་མ་རུངས་དྲེགས་པའི་ཚོགས༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག༔ ཀློང་དགུའི་ཡེ་ཤེས་རྩལ་ཆེན་རྫོགས༔ གདུལ་དཀའ་འདུལ་བའི་མཐུ་དང་ལྡན༔ སྣང་སྲིད་ཆོས་སྐུའི་ཕྱག་རྒྱར་སད༔ སྒྲ་གྲགས་ཐུགས་ཀྱི་རྡོ་རྗེ་ཧཱུྃ༔ དྲན་རྟོག་རང་གྲོལ་ཕྱག་རྒྱའི་ངང་༔ རིག་པ་བཙོན་བཟུང་རྣམ་རྟོག་བཅད༔ ཐུན་མཐར་ཡེ་ཤེས་རང་ངོར་བལྟ༔ འདིས་ནི་བྱིན་རླབས་མཐུ་སྡུད་ཅིང་༔ དྲེགས་ཚོགས་དམ་ལས་འདའ་མི་ནུས༔ དཀར་ཕྱོགས་ལྷ་རྣམས་མཐུན་རྐྱེན་སྒྲུབ༔ མི་མིན་ནག་ཕྱོགས་བྲན་དུ་བཀོལ༔ སྐལ་ལྡན་བུ་རྣམས་ཉམས་སུ་ལོངས༔ ཁ་ཐཾ༔ དེ་ནས་བྱིན་རླབས་ལས་བདུན་ལས༔ དང་པོ་རྡོར་དྲིལ་བྱིན་བརླབ་ནི༔ བསངས་ཆུས་བྲན་ལ་སྤོས་ཀྱིས་བསངས༔ ཨོཾ་མ་ཧཱ་ཛྙཱ་ན་བཛྲ་རཱ་ཛ་ས་མ་ཡཱ་ཧཱུྃ༔ ཞེས་བརྗོད་པས་སྟོང་ཞིང་མི་དམིགས་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་དུ་གྱུར༔ ཨོཾ་མ་ཧཱ་པྲཛྙཱ་ཛྙཱ་ན་གཎྜེ་ཧོ༔ ཞེས་བརྗོད་པས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་སྒྲོག་པ་ཟུང་དུ་འཇུག་པར་གྱུར་པར་བསམ་ལ༔ ཨོཾ་བཛྲ་གཎྜེ་ཨེ་ཝཾ་བཾ་ཧོ༔ དེ་ནས་ཐོད་རྔ་རོལ་མོ་རྣམས༔ སྤོས་ཆུས་བསང་སྤེལ་ལེགས་བྱས་ལ༔ ཨོཾ་མ་ཧཱ་བཛྲ་ཊཱ་མ་རུ་ཤཔྟ་ས་མ་ཡཱ་ཨཱཿཧཱུྃ༔ ཞེས་བརྗོད་པས་མཆོད་རྫས་རོལ་མོའི་བྱེ་བྲག་རྣམས་མི་དམིགས་པའི་ངང་ལས་སྔགས་ཀྱི་སྒྲ ས་བསྐུལ་ཏེ་བླ་མེད་ཆོས་ཀྱི་སྒྲ་ཆེན་པོས་སྟོང་གསུམ་ཁྱབ་པར་གྱུར་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཤཔྟ་ཨ་ལང་ཀ་ར་ས་མ་ཡེ་སྭཱ་ཧཱ༔ དེ་ནས་བསང་ཆུ་བྱིན་བརླབ་ནི༔ ཨོཾ་ཨཱ༔བཛྲ་ཛྙཱ་ན་ཀྲོ་ཏ་ཨ་མྲྀ་ཏ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་པས་བསང་ཆུའི་སྣོད་པདྨ་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པ་འཛད་མེད་དུ་གྱུར་པའི་དབུས་སུ་པད་ཟླའི་སྟེང་དུ་བདུད་རྩི་འཁྱིལ་བ་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཛྙཱ་ན་པཉྩ་ཚིནྡྷ་ཛྭ་ལ་ནི་ཧཱུྃ་ཧྲཱིཿཋ༔ དེའི་རྐྱེན་གྱིས་བསྐུལ་ནས་འོད་དུ་ཞུ༔ ཟག་མེད་བདུད་རྩིའི་རང་བཞིན་དུ་གྱུར་ནས་ཉེས་སྐྱོན་ཐམས་ཅད་སྦྱངས་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ༔ དེ་ནས་སྤོས་མེ་བྱིན་བརླབ་ནི༔ བདུད་རྩིའི་ཆུས་བྲན་སྔགས་ཀྱིས་བརླབས༔ རཾ་སྥ་ར་ཎ་ཕཊ༔ ཅེས་བརྗོད་པས་སྤོས་མེ་ཡེ་ཤེས་ཀྱི་རང་བཞིན་དང༔ ཨོཾ་བཛྲ་དྷུ་པེ་ས་མ་ཡེ་ཨཱ༔ཧཱུྃ༔ ཞེས་བརྗོད་པས་སྤོས་ཚོར་སྟོང་གི་མཆོད་པ་རྒྱལ་ཀུན་དགྱེས་སྐོང་གི་རྫས་སུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཛྙཱ་ན་རཾ་ཛྭ་ལ་པཱ་ཡ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་ཕུར་པ་སྤོས་ཆུས་བྲན༔ ཨོཾ་བཛྲ་ཛྙཱ་ན་ཀཱི་ལ་ཡ་ཧཱུྃ༔ ཞེས་བརྗོད་པས་ཕུར་པ་མི་དམིགས་པ་ཆོས་སྐུ་འགྱུར་བ་མེད་པ་རང་བཞིན་ཁྱབ་བརྡལ་དུ་གནས་པའི་སྲིད་པའི་ཕུར་པ༔ དེའི་ངང་ལས་རང་རྩལ་ཡེ་ཤེས་ཀྱི་སྔགས་བརྗོད་པས༔ གསལ་བ་རང་རིག་པ་ཡེ་ཤེས་ཀྱི་ཕུར་བུ་སྐུ་སྟོད་ཁྲོ་བོ་ཆེན་པོ་ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་མཐུ་སྟོབས་ཡོངས་སུ་རྫོགས་པ༔ རྒྱ་མདུད་གོང་མ་གཞི་གྲོལ་ཐིག་ལེ་ཉག་གཅིག་གི་མཚོན་བྱེད་ཡེ་གནས་ཆོས་སྐུའི་ཕོ་བྲང་༔ སྐུ་སྨད་དབལ་ཟུར་གསུམ་པ༔ཡང་སྤྲུལ་ཁྲོ་བོ་དང་ཁྲོ་མོ་སྐར་ལྟར་འཁྲུག་ཅིང་༔ སྤྲུལ་པའི་སྐུའི་སྟོབས་ནུས་རྫོགས་ཤིང་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་ནུས་ལྡན་དུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ དེ་ནས་ནང་མཆོད་བསངས་སྦྱངས་ལ༔ ཨོཾ་ཛྙཱ་ན་བྷནྡྷ་ས་མ་ཡཱ་ཨོཾ༔ ཞེས་བརྗོད་པས་སྣོད་མཚན་དང་ལྡན་པའི་ཀ་པཱ་ལ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བར་གྱུར་པར་བསམ་ལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བརྗོད་པས་རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དྭངས་འཚེར་ལ་འཁྱིལ་བ་གཅིག་ཏུ་གྱུར་པར་བསམ་ལ༔ ཨོཾ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿསྭཱ་ཧཱ༔ དེ་ལྟར་བྱིན་གྱིས་བརླབས་བྱས་ནས༔ ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ༔ ཨོཾ་ཨཱ༔ཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ཅིང་མཆོད་རྫས་ཀུན༔ བྱིན་བརླབས་རྫས་ཀྱིས་སྦྱངས་སྤེལ་བསྒྱུར༔ ཅེས་བརྗོད་པས་གནས་ཡུལ་གྱི་ཞིང་ཁམས་ཐམས་ཅད་འོག་མིན་པདྨ་དྲྭ་བའི་དབྱིབས་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པར་གྱུར༔ ཐུགས་ཀ་ནས་འཕྲོས་པའི་ལྷ་མོ་རྣམས་ཀྱིས་པདྨ་བྷཉྫ་དང་རིན་པོ་ཆེ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པའི་ནང་དུ་མཆོད་པའི་བྱེ་བྲག་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྲིད་ཞིའི་ཁམས་ན་བདག་པོས་བཟུང་དང་མ་བཟུང་བའི་འབྱོར་ཚོགས་ཡོ་བྱད་ཐམས་ཅད་མཆོད་པའི་སྤྲིན་དུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུྃ་ནས་ཤཔྟའི་བར་དང་། ཨོཾ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱ༔ཧཱུྃ་ཧྲཱིཿསྭཱ་ཧཱ༔ མ་ཧཱ་རཀྟ་ཛྭ་ལ་ནི་ཨོཾ་ཨཱ༔ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཁ་ཏ་ལི་བྷྲུཾ་ཛྙཱ་ན་པཉྩ་བ་ལིངྟ་ཨོཾ་ཨཱ༔ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཨེ་ཝཾ་མ་ཧཱ་སུ་ཁ་བོ་དྷི་ཛྙཱ་ན་པཉྩ་སིདྡྷི་ས་མ་ཡཱ་ཨཱ༔ཧཱུྃ་སྭཱ་ཧཱ༔ དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ༔ རོལ་མོས་བྱིན་དབབ་བྱིན་རླབས་སྡུད༔ སྔོན་འགྲོའི་ཡན་ལག་ཟབ་མཁོའི་གནད༔ རྡོ་རྗེ་ལས་ཆས་རྣམ་བརྒྱད་དོ༔ དེ་ནས་གཞི་བགེགས་གཏོར་མ་བསྔོ༔ ཕྲིན་ལས་གཞུང་བསྲངས་བསྟོད་བཤགས་མཐར༔ བསྙེན་ཕྲེང་བྱིན་བརླབས་ཡེངས་མེད་བསྒོམ༔ ནན་བཟླས་བསྙེན་པའི་ཡན་ལག་གོ༔ ཨོཾ་ཨཱ༔ཧཱུྃ་ཧྲཱིཿ བདག་ཉིད་དཀྱིལ་འཁོར་བདག་པོ་ཡི༔ མགྲིན་པའི་ཨཱཿལས་འོད་འཕྲོས་པས༔ གསུང་གི་བྱིན་རླབས་ནུས་མཐུ་བསྡུས༔ རྡོ་རྗེའི་སྔགས་ཀྱི་རྣམ་པ་རུ༔ བསྙེན་ཕྲེང་ལ་ཐིམ་བྱིན་བརླབས་བསམ༔ ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊཿསྭཱ་ཧཱ༔ ཨ་ཨ་ཨ༔ ཝཀྐ་བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨཱ༔ ཉི་ཤུ་རྩ་གཅིག་སྔགས་ཀྱིས་བརླབས༔ དེ་ནས་ཕྱོགས་སྐྱོང་གཏོར་བསྔོ་ནི༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ ཟླུམ་པོ་མཐེབ་སྐྱུ་རིལ་བུས་བརྒྱན༔ འཁོར་དུ་མཐེབ་སྐྱུ་བརྒྱད་ཀྱིས་བསྐོར༔ དཀར་གསུམ་འབྲུ་སྣས་གཏོར་འདབ་སྤྲས༔ རིན་ཆེན་གསེར་སྐྱེམས་དང་བཅས་བཤམས༔ དང་པོ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔གིས་བསྲེགས་གཏོར་བཀྲུས༔ ཨོཾ་སྭ་བྷ་ཝས་སྦྱངས་ལ༔ ཨོཾ་བཛྲ་དྷརྨཱ་པཱ་ལ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ས་མ་ཡཱ་ཛ༔ ཨོཾ་བྷུ་མི་པ་ཏི་ཀྵེ་ཊ་པཱ་ལ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཏྱ་ནུཏྤནྣ་ཏོ་ཏ་ཨོཾ་ཨཱ༔ཧཱུྃ༔ཕཊཿསྭཱ་ཧཱ༔ ལན་གསུམ་སྔགས་ཀྱི་ནུས་པས་སྤེལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་རྡོ་རྗེའི་ཆོས་སྐྱོང་དང་༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ དཔལ་མགོན་བདུན་ཅུ་ལྷ་བརྒྱད་ཀླུ་ཆེན་བརྒྱད༔ གཟའ་ཆེན་རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ༔ ས་བདག་མཐུ་ཆེན་ལྷ་མོ་བསྟན་མ་དང་༔ དཀར་ཕྱོགས་སྐྱོང་བའི་དྲེགས་པ་སྡེ་བརྒྱད་ཚོགས༔ ཡུལ་འདིའི་གཉུག་གནས་གཞི་བདག་འཁོར་དང་བཅས༔ མ་ལུས་དགྱེས་པའི་ཚུལ་གྱིས་གཤེགས་སུ་གསོལ༔ རིན་ཆེན་སྣོད་དུ་གཏམས་པའི་དཀར་གསུམ་བཤོས༔ འདོད་ཡོན་ལྔ་ལྡན་ཕུན་ཚོགས་བདུད་རྩིའི་སྐྱེམས༔ འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གིས༔ གནས་འདིར་ལས་བཞིའི་ཕྲིན་ལས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་གདུག་རྩུབ་མ་མཛད་པར༔ ཕྱོགས་བཞི་བསྲུང་བའི་མཚམས་ཀྱི་ཕྲིན་ལས་མཛོད༔ ཕྱི་ཡི་བར་ཆད་གཟུགས་ཅན་གཟུགས་མེད་ཀྱི༔ ཉེ་བར་འཚེ་བ་མ་ལུས་བཟློག་པ་དང་༔ ནང་གི་བར་ཆད་དངོས་གྲུབ་བཟང་པོའི་ལྟས༔ ཕྱི་རུ་མ་འཆོར་སྒྲུབ་པའི་རྟགས་མཚན་སྟོན༔ གསང་བའི་བར་ཆད་སྙིང་པོའི་ཉམས་ལེན་ལ༔ འདུ་འཛིའི་གཡང་སྒྲོལ་འབྲས་བུ་སྨིན་པར་མཛོད༔ གནས་སྐབས་བདག་གི་ཡིད་ལ་བསམ་པའི་དོན༔ འབད་མེད་འདོད་དོན་ཤུགས་ཀྱིས་འགྲུབ་པ་དང་༔ མཐར་ཐུག་གཏན་བདེ་སྒྲུབ་པའི་མཐུན་རྐྱེན་དུ༔ འགྲོ་དོན་བསྟན་པ་གདུལ་བྱ་རྒྱས་པར་སྤེལ༔ མཐོང་ཐོས་དྲན་རེག་སྣང་བ་དབང་བསྡུས་ལ༔ མི་མིན་ནག་ཕྱོགས་དྲེགས་པའི་དཔུང་ཚོགས་ཆོམས༔ བཅོལ་བའི་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཨོཾ་སརྦ་དྷརྨཱ་པཱ་ལ་བྷུ་མི་པ་ཏི་བཱ་ལིང་ཏ་ཁཱ་ཧི༔ ཞེས་བརྗོད་བཱ་ལིང་གསེར་སྐྱེམས་འབུལ༔ གཉེར་བའི་ལས་ཀུན་དེ་བཞིན་དུ༔ འགྲུབ་པར་འགྱུར་བ་གདོན་མི་ཟ༔ ཁྱད་པར་ས་ཕྱོགས་གནས་ཡུལ་ཀུན༔ རང་གི་དབང་འབྱོར་འདོད་པ་ནི༔ འདི་ཉིད་བརྩམས་པས་ངེས་པར་འགྲུབ༔ མེད་ཐབས་མེད་པའི་སྙིང་ནོར་ཆོས༔ བྱ་སླ་ཚེགས་ཆུང་དོན་གཉེར་ལྡན༔ ཆོས་སྒྲུབ་རྣལ་འབྱོར་སུ་གང་གིས༔ རྒྱུན་དུ་འདི་ཉིད་མཆོད་སྒྲུབ་ན༔ ས་ཕྱོགས་ཡུལ་ལྷ་སྐྱེ་འགྲོ་བཅས༔ དབང་འདུ་གདུལ་བྱའི་ཞིང་དུ་འགྱུར༔ གང་བརྩམས་ཕྲིན་ལས་ཐོགས་པ་མེད༔ ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་༔ མཆོག་སྒྲུབ་པ་ལ་བར་ཆད་མེད༔ ཁོ་བོའི་སྙིང་ནོར་བུ་ལ་སྦྱིན༔ དོན་དང་ལྡན་པས་ཉམས་སུ་ལོངས༔ ས་མ་ཡཱ༔ ཟབ་རྒྱ༔ འབྱུང་པོ་བགེགས་ལ་གཏོར་མ་བྱིན༔ བཀའ་བསྒོ་སྲུང་བའི་ཕྱི་རོལ་བསྐྲད༔ གླུད་གཏོར་ཏིང་ལོ་ཆང་བུ་དང༔ འབྲུ་སྣ་ཡོ་བྱད་སྣོད་དུ་བསགས༔ དེ་ནས་བྱིན་བརླབ་མགྲོན་དགུག་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷ་ཝ་སོགས། འདོད་ཡོན་གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ དེའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཕྱི་རོལ་བ་ཚིམ་བྱེད་ཀྱི་གླུད་གཏོར་འཛད་མེད་འདོད་དགུ་བདུད་རྩིའི་རང་བཞིན་དུ་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ གསུམ་མམ་བདུན་གྱིས་བྱིན་བརླབས་ནས༔ དེ་ནས་བགེགས་རིགས་མགྲོན་བསྡུ་ནི༔ ཧཱུྃ་བཛྲ་ཧཱུྃ༔ ཏྲི་ཡཾ་ཛ༔ ཨ་ཀར་ཤ་ཡ་ཛ༔ གང་དག་གསང་བའི་དཀྱིལ་འཁོར་འདིར༔ སྒྲུབ་ལ་མི་དབང་འབྱུང་པོ་བགེགས༔ འདོད་ཡོན་གླུད་གཏོར་ལེན་པའི་ཕྱིར༔ སྐད་ཅིག་གཅིག་གིས་འདིར་འདུས་ཤིག༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ལྕགས་ཀྱུའི་ཕྱག་རྒྱས་བཟུང་བྱས་ལ༔ གླུད་གཏོར་འདོད་དགུར་བསྒྱུར་ནས་སྦྱིན༔ ཧོ་དེང་གི་གནས་མཆོག་ཁྱད་པར་ཅན་འོག་མིན་པདྨ་དྲྭ་བ་གསང་བ་མཆོག་གི་ཞིང་ཁམས་འདིར༔ ཡང་གསང་བླ་ན་མེད་པ་སྒྲུབ་པ་ཆེན་པོ་འདི་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་མི་མིན་གྱི་རིགས་སུ་གྱུར་པ་ནག་ཕྱོགས་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ༔ བདག་གི་བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་འདོད་ཡོན་ལྔ་དང་ལྡན་པའི་གཏོར་མ་འདི་ཉིད་འབུལ་ལོ༔ སྦྱིན་ནོ༔ དགའ་ཞིང་མགུ་བའི་སེམས་ཀྱིས་ཚིམ་པར་གྱིས་ལ༔ འདིར་མ་འདུག་པར་མྱུར་བ་ཉིད་དུ་དཔག་ཚད་རྒྱང་གྲགས་སུ་མི་གནས་པར་ཕྱིར་དེངས་ཤིག༔ གང་དག་མི་འགྲོ་ཞིང་བར་དུ་གཅོད་ན༔ བདག་ཉིད་ཡི་དམ་རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་གྱིས་ཁྲོ་བོ་དང་ཁྲོ་མོ་མེའི་ཚྭ་ཚྭ་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས༔ བགེགས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པར་འགྱུར་རོ༔ ཞེས་བརྗོད༔ ཅེས་ལྷ་ས་ལྕགས་པོ་རི་བྲག་གླང་པོས་ཆུ་འཐུང་བ་འདྲ་བ་ནས་རིག་འཛིན་གསང་སྔགས་གླིང་པས་གདན་དྲངས་པའོ།།

མཚམས་ལྷ་བསྐྱེད་དང་བདེན་བརྗོད།

༄༅།། མཚམས་ལྷ་བསྐྱེད་པ་ནི། བཛྲ་མ་ཧཱ་ཤྲྀ་ཧེ་རུ་ཀོ྅་ཧཾ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་བདུད་འདུལ་ཁྲག་འཐུང་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག ཞལ་གཅིག་ཕྱག་གཉིས་གཡས་ཕུར་བུ་དང་གཡོན་དུང་ཁྲག་འཛིན་པ། ཞབས་གཉིས་བརྐྱང་བསྐུམ་དོར་སྟབས་སུ་བསྒྲད་ཅིང་། དུར་ཁྲོད་རོལ་པའི་ཆས་ཅན་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་ཆེར་འབར་ཞིང་རང་སྣང་གི་ཡུམ་དང་བཅས་པའི་སྐུར་གྱུར་པར་བསམ། བཀའ་བསྒོ་གཞུང་ལྟར་ལ། ༈ ཁྱད་པར་དུ་གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། སློབ་དཔོན་པྲ་བྷ་ཧསྟི། ཨོ་རྒྱན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མཁར་ཆུ་དཔལ་གྱི་དབང་ཕྱུག ཨ་ཙར་ས་ལེ་འོད་སོགས་རིག་འཛིན་རྗེ་འབངས་ཉེར་ལྔ། གྲུབ་དབང་བྱང་ཆུབ་རྡོ་རྗེ། འགྲོ་འདུལ་ལུང་རིག་གླིང་པ། ཆོས་བདག་རྩ་བརྒྱུད་བླ་མའི་གཙོས་རྒྱ་བོད་ཀྱི་རིག་པ་འཛིན་པ་གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་། འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། ཡེ་ཤེས་བྱ་ཁྱུང་རྒྱལ་པོ། རིགས་བདག་དོན་ཡོད་གྲུབ་པ། སྲས་མཆོག་ཀཱི་ལ་རིགས་བཞི། གདོན་འདུལ་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཕྲ་ཐབས་ཉི་ཤུ། ཏ་ཀྲིཏ་སྒོ་བཞི་ཡབ་ཡུམ། དབང་ཕྱུག་ཉི་ཤུ་རྩ་བརྒྱད། ཕུར་སྲུང་དམ་ཅན་བཅུ་དྲུག གཏེར་སྲུང་གཉན་ཆེན་ཐང་ལྷ། སྔགས་སྲུང་ཁྲོས་མ་རག་གདོང་། དཔལ་ལྡན་དུད་སོལ་ལྷ་མོ་སོགས་ཕྲིན་ལས་ཕུར་པའི་ལྷ་ཚོགས་འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་བསྲུང་བྱའི་མི་ནོར་འཁོར་དང་བཅས་རྣམས་ཀྱི་ལུས་སྲོག་ཚེ་ལ་བར་དུ་གཅོད་པ། དབང་ཐང་གི་རོལ་མཚོ་དཀྲུགས་པ། རླུང་རྟའི་རི་བོ་བསྒུལ་བ། བསོད་ནམས་ཀྱི་ཉི་ཟླ་བསྒྲིབས་པ། སྙན་གྲགས་ཀྱི་བ་དན་དབྲལ་བ། བླ་ཚེ་སྲོག་དབུགས་ལ་འཇབ་པར་བྱེད་པའི་ལྷ་གདོན་ཕོ་མོ་ལ་སོགས་གདོན་རིགས་སུམ་བརྒྱ་དྲུག་ཅུ། བྱི་ན་ཡ་ག་ལ་སོགས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། ཛ་མི་ཀ་ལ་སོགས་པའི་བྱིས་པའི་གདོན་ཆེན་བཅོ་ལྔ། གཟའ་ཀླུ་རྒྱལ་བསེན། གྲི་བོ་གྲི་མོ། ཤི་འདྲེ་གསོན་འདྲེ། དམ་སྲི་ཐེའུ་རིང་། སྔར་ཡོད་ཀྱི་སྔར་འདྲེ། གསར་བྱུང་གི་ཕྱིར་འདྲེ། ལྷ་སྲུང་གི་རྒབ་འདྲེ། གློ་བུར་གྱི་གཤེད་འཁྱམས། ནོར་རྫས་ཀྱི་གོད་འདྲེ་ལ་སོགས་པ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱིས་བསླངས་པའི་གདོན་བགེགས་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་ལ། འདོད་ཡོན་གླུད་ཀྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་ཚིམ་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་བགེགས་ཁྱེད་རང་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱ། ལུས་དུམ་བུ་སྟོང་དུ་གཏུབ་པར་གདོན་མི་ཟ་བས་རང་རང་སོ་སོའི་གནས་སུ་བདེ་བར་དེངས་ཤིག འདྲེ་འཇིགས་ཀྱི་དུད་པས་བདུག ཧཱུྃ་བཞིའི་སྔགས་བརྗོད་པས་བསྐྲད་དོ།

ཉུ་ལེ་བསྐྲད་པ་རྒྱལ་རོང་གཏེར་བྱོན།

དེ་ནས་སྒྲུབ་པའི་ཉུ་ལེ་བསྐྲད་པ་ནི༔ ཧཱུྃ༔ བདག་ཉིད་དབང་ཆེན་ཐུགས་ལས་སྤྲུལ་པ་ཡི༔ ལས་བྱེད་མ་མོ་ཁྲོས་པའི་རྒྱལ་མོ་ནི༔ སྐུ་མདོག་དམར་སྨུག་རལ་པ་ཁྲག་གི་མདོག༔ སྤྱན་གསུམ་སྡང་མིག་བསྒྲད་པ་གློག་ལྟར་འཁྱུག༔ སྨིན་མའི་མཚམས་ནས་ཁྲོ་ཆུང་མེ་སྟག་འཕྲོ༔ ཞལ་གདངས་མཆེ་བ་གངས་རི་ལྟ་བུར་གཙིགས༔ སྨ་ར་ཨག་ཚོམ་མེ་ལྕེ་ཁྱུགས་སེ་འཁྱུགས༔ རྔམ་པའི་ང་རོས་ཧཱུྃ་ཕཊ་འབྲུག་སྒྲ་ལྡིར༔ ཕྱག་གཡས་རལ་གྲི་དམར་པོ་ཏ་ལ་ལ༔ ཕྱག་གཡོན་ལྕགས་སྡིག་མགོ་དགུ་ལྕིབས་སེ་ལྕིབ༔ ཞབས་ཀྱི་འཁོར་ལོ་ལྕགས་སེན་སྤུ་གྲིས་གཏམས༔ སྐུ་ལ་བེར་སྨུག་སྤྲིན་གོས་ལྷབ་ལྷུབ་གསོལ༔ ཕྱོག་བཅུར་ལྟ་སྟངས་འབྱུང་པོ་གསོད་ལ་རྔམ༔ བདུད་ཀྱི་ཁྲག་འཇིབས་སྲི་ཡི་སྲོག་རྩ་གཅོད༔ དགྲ་བོ་ཟས་ཟ་བགེགས་དཔུང་ཐལ་བར་བརླགས༔ བར་ཆད་མིང་མེད་ཐམས་ཅད་རྡུལ་དུ་བཅོམ༔ བསྐུལ་ལོ་བར་ཆད་གདོན་བགེགས་སྟེང་དུ་བསྐུལ༔ རྦད་དོ་སྒྲུབ་པའི་བར་ཆད་སྟེང་དུ་རྦད༔ མཛོད་ཅིག་རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཏྲག་ཤ་ཌཱཀྐི་ནི༔ གྲུམ་བུ་གྲུམ་བུ༔ ཨ་པ་ཙེ་དུལ་ལུ་དུལ༔ དྷུལ་ཙི་ནི་ར་ཙ་མེ་ཐུན་ཐུན་རྦད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཏྲི་ཤ་ཏྲུཾ་ན་ཤ་ཡ་ནན་ནན༔ སྟྭཾ་བྷ་ཡ་ནན༔ གནོད་བྱེད་བི་ན་ཡ་ག་བགེགས་ཀྱི་རིགས་སུ་གྱུར་པ་ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན༔ མཾ་ས་རཀྟ་གོ་རོ་ཙ་ན་བྷ་སུ་ཀཾ་ནིརྟི་ཁ་རཾ་ཁ་ཧཱི༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་ནི་ཨ་ཀོ་ཊ་ཡ་ཁ་ཐཾ༔ གདོན་བགེགས་ངན་ན་དྲག་སྔགས་ཅི་འགྲུབ་བཟླས་ལ༔ འདི་ནི་དགོངས་པའི་དབྱིངས་མཛོད་གསང་གཏེར་གྱི༔ སྒྲུབ་ཁོག་ཀུན་གྱི་ཉུལ་ལེ་བསྐྲད་པ་སྟེ༔ ཡེ་ཤེས་མཚོ་རྒྱལ་ཟག་མེད་སྒྲོམ་ལ་སྦོས༔ སུམ་ཅུ་ཁ་རལ་ཉི་ཤུ་ཉེ་བའི་དུས༔ ཁྱོད་རང་སྤྲུལ་པ་རང་གཏེར་རང་གིས་གཏོད༔ ས་མ་ཡཱཿ རྒྱ་རྒྱ་རྒྱཿ གུ་ཧྱ༔ གསང་སྔགས་གླིང་པས་སོ།།

ཕུར་པ་གསང་བ་སྤུ་གྲིའི་རིག་འཛིན་བྱིན་འབེབ།

ཕུར་པ་གསང་བ་སྤུ་གྲིའི་རིག་འཛིན་བྱིན་འབེབ་བཞུགས་སོ༔

གང་ཞིག་དཀྱིལ་འཁོར་འདིར་ཞུགས་ནས༔ སྒྲུབ་པ་ཉམས་སུ་ལེན་པའི་ཚེ༔ བདག་གནས་ཡོ་བྱད་ཐམས་ཅད་ལ༔ བདེ་གཤེགས་དགོངས་པའི་བྱིན་དབབ་ཚེ༔ མཆེད་ལྕམ་ཆས་བརྒྱན་རོལ་མོ་བསྒྲགས༔ མདའ་དར་གཡབ་ཅིང་དཀྱིལ་འཁོར་བསྐོར༔ སྤོས་དང་ཤ་ཆེན་གུ་གུལ་བསྲེགས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ གནས་ཡུལ་ཟངས་མདོག་དཔལ་རིའི་ཞིང་༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ནས༔ མ་རུངས་སྲིན་པོ་ཆོས་ལ་བཙུད༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ སྟག་ཚང་སེང་གེ་བསམ་འགྲུབ་དེར༔ མངའ་བདག་རྒྱལ་པོར་ཐོ་འཚམས་དུས༔ ཨ་ཙར་བྱ་རོག་གཟུགས་བརྫུས་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས༔ ཡང་རྫོང་དྲག་སྔགས་གསང་ཕུག་དེར༔ དམ་སྲི་ཏེ་ཕུར་ནག་མོ་ཉིད༔ ལྕགས་སྤྱང་སྔོན་མོར་སྤྲུལ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོདཅིག༔ གནུབས་ཆེན་ནམ་མཁའི་སྙིང་པོ་ཡིས༔ ལྷོ་བྲག་དཔལ་གྱི་ཕུག་རིང་དེར༔ སྣང་སྲིད་ལྷ་འདྲེ་གཡུལ་ལོག་ཚེ༔ སྒྲུབ་པའི་བསྙེན་ཕུར་མཁའ་ལ་གཟིར༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཤར་ཕྱོགས་རྒྱལ་མོ་རོང་ཆེན་དུ༔ ཆོས་རྒྱལ་མདོ་བཞེར་ནག་པོ་ཡི༔ སྐུ་རིམ་རྐྱེན་བཟློག་མཛད་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཚ་རོང་གཡུ་སྒྲ་སྙིང་པོ་ཡིས༔ མདོ་ཁམས་ཨ་ཏ་རོང་ཆེན་དུ༔ ཕུང་བྱེད་དམ་སྲི་སྤུན་དགུ་ལ༔ ལས་ཀྱི་ཕུར་པས་གཟིར་བའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཁམས་ཀྱི་སྐལ་ལྡན་འབངས་གསུམ་གྱིས༔ རྒྱ་ནག་རི་བོ་རྩེ་ལྔ་རུ༔ རྡོ་རྗེ་ཕུར་པ་བསྒྲུབས་ནས་སུ༔ མཐའ་དམག་ཟོར་གྱིས་བཟློག་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ དམ་ཚིག་སྒྲུབ་པའི་གནས་རྣམས་སུ༔ སྔགས་འཆང་རིག་འཛིན་ཐམས་ཅད་ཀྱིས༔ རྡོ་རྗེ་ཕུར་བུ་བསྒྲུབས་ནས་སུ༔ རང་རང་དངོས་ཉམས་རྨི་ལམ་ལ༔ དངོས་གྲུབ་རྟགས་བསྟན་ཐོབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གནས་ཁང་འདི་རུ་བྱིན་ཕོབ་ལ༔ མཆོད་པའི་རྫས་ལ་བཅུད་ཅིག་སྩོལ༔ དཀྱིལ་འཁོར་འདི་ལ་བཀྲག་ཅིག་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མངོན་སུམ་ཡེ་ཤེས་དབབས་པའི་ལྟས༔ ལུས་འདར་དབུགས་སྔངས་བ་སྤུ་གཡོ༔ རྣམ་རྟོག་འགག་ཅིང་གཉུག་མར་གནས༔ ལྷ་ཚོགས་ཞལ་མཇལ་ལུང་སྟོན་འགྱུར༔ ས་མ་ཡཱ༔ ཞེས་རིག་འཛིན་ཆེན་པོ་འགྲོ་འདུལ་གསང་སྔགས་གླིང་པས་གནས་ལུང་དཔལ་གྱི་རི་བོ་ནས་གདན་དྲངས་པའི་ཤོག་སེར་མཁའ་འགྲོའི་བརྡ་རིས་ལས་ལྕགས་སྦྲུལ་ཧོར་ཟླ་བཞི་བའི་ཡར་ངོ་ཚེས་བཅུ་དཔའ་བོའི་དགའ་སྟོན་གྱི་ཉིན་མདོ་མང་བཤད་སྒྲུབ་གླིང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་པདྨ་བསྟན་འཛིན་ནོ།།

བྱུག་བདུག་བྲབ་གསུམ་ཕུར་པ་ཡང་གསང་དང་ཁྲོ་རོལ་ལས་ཕྱུང་བ།

༄༅། དེ་ནས་རྫས་ཀྱི་ཕུར་པ་ལ༔ རཀྟས་བྱུགས་ཤིང་ཡུངས་ཐུན་བརྡེག༔ གུ་གུལ་དུད་པས་བདུག་བྱས་ནས༔ སྔགས་དང་དམིགས་པ་འདི་བཞིན་བྱ༔ ཧཱུྃ༔ མཚན་མ་རྫས་ཀྱི་ཕུར་པ་མངོན་སྤྱོད་ལས༔ དྲག་པོ་སྒྲོལ་བའི་ཕོ་ཉར་མངགས་པའི་ཕྱིར༔ གུ་གུལ་བདུག་པས་བགེགས་བསྐྲད་བྱིན་ཆེན་དབབས༔ ཡུངས་ཐུན་གྱིས་བརྡེག་དཔའ་བོའི་ངར་ཡང་བསྐྱེད༔ དམར་ཆེན་བྱུག་པས་བཟོད་དཀའི་གཟི་མདངས་འབར༔ ལོག་འདྲེན་སྒྲོལ་བའི་སྟོབས་ནུས་ལྡན་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོའི་སྲོག་ལ་མཱ་ར་ཡ༔ ཞེས་པ་ལན་གསུམ་རྫས་དང་བསྟུན༔ སྤྲོ་ན་སྔགས་རིམ་གཞན་ལྟར་སྦྱར༔ ཞེས་པས་གུ་གུལ་གྱིས་བདུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་པྲ་སུ་རུ་པྲ་སུ་རུ་ཨ་དྷི་ཏིཥྛ་མུག་མུག་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱོགས་མཱ་ར་ཡ་ཧཱུྃ་ཕཊ༔ ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ཏ་ལ་བྷི་ཤ་ཏཾ་བྷ་ར་ཙ་ཡ་ཧཱུྃ་ཕཊ༔ ཤ་ཏ་ར་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ༔ རཀྟས་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜལ་རཀྴ་རཀྴ་དགྲ་བགེགས་ཝ་ཤཾ་ཀུ་རུ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་རྫི་དུག་གི་དུད་སྤྲིན་གསེབ་ནས་ཁྲོ་ཆུང་སེར་ལྟར་འབེབ་ཅིང་ཐོག་ལྟར་འདྲིལ་བས་དགྲ་བགེགས་ཐལ་བར་བརླག་ཅིང་རྣམ་ཤེས་དབང་དུ་བསྡུས་པར་བསམ༔ ཁྲོ་རོལ་གཏོར་བཟློག་ལས་སོ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པ་ནི༔ རྩ་སྒྲུབ་ལས༔ དེ་ནས་མཚན་མ་རྫས་ཕུར་ལ༔ བྱུག་བདུག་བྲབ་པ་སྔོན་སོང་ནས༔ དབང་བསྐུར་རྒྱས་འདེབས་འདི་ལྟར་བྱ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ནི༔ དཔལ་ཆེན་ཡབ་ཡུམ་བསྒོམ་པའོ༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི༔ ཕྱོགས་མཚམས་ཁྲོ་བཅུ་གསལ་བའོ༔ མཚན་མའི་ཕུར་པ་སྲས་མཆོག་ནི༔ ཕུར་པ་རྫས་ཀྱི་དཀྱིལ་འཁོར་རོ༔ ཞེས་པས། ཆོས་ཉིད་ཀྱི་རང་སྒྲས་བདག་ཉིད་རྩ་བའི་དཀྱིལ་འཁོར་ལ་གསོལ་བ་གདབ་པ་ནི༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་རྒྱལ་མི་བཟད་པ༔ སྐུ་ཡི་དབྱིངས་སུ་བདག་བསྐྱེད་ཅིག༔ ཅེས་སོ། །དེ་ནས། བདག་ཉིད་དཔལ་ཆེན་དུ་གསལ་བའི་ལག་གཡས་ཨཱ༔ལས་ཟླ་བའི་དཀྱིལ་འཁོར་དང་༔ གཡོན་རཾ་ལས་ཉི་མའི་དཀྱིལ་འཁོར་བསྒོམ༔ གཡས་གཡོན་གྱི་སོར་མོ་བཅུ་ལ་ཟླ་ཉིའི་དཀྱིལ་འཁོར་སྲན་མ་ཀླེབ་པ་ཙམ་རེ་རེའི་སྟེང་དུ་ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་གསལ་བ་འོད་དུ་ཞུ་བ་ལས་རིགས་ཀྱི་ཕྱག་མཚན་དུ་གྱུར་ཅིང་དེ་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར་པ་ལས༔ སྲས་མཆོག་གི་ཕུར་པ་ལག་ཏུ་བླངས་ལ༔ ཨོཾ་མ་ཧཱ་ཤུ་ནྱ་སོགས་ནས་ཀོ྅ཧཾ༔ ཞེས་བརྗོད་པས་ཕུར་བུ་སྟོང་པར་སྦྱངས༔ རིགས་ལྔ་ཡབ་རྣམས་ཀྱིས་ས་མ་ཡཱ་ཧོ༔ ཅེས་དང་། ཡུམ་རྣམས་ཀྱིས་ས་མ་ཡཱ་སྟྭཾ༔ ཞེས་ཐལ་མོ་སྦྱར་ནས༔ བཛྲ་ཨཉྫ་ལི་ཞེས་ཡབ་ཡུམ་སྦྱོར་བ་མཛད་པས་བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས་ཕུར་པ་དེ་དཀར་ལྟེམ་གྱིས་ཞུ་བ་ལས་ཡི་གེ་ཧཱུྃ༔དུ་གྱུར་པར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་པས་ཁྲོ་བོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་བསྒྲད་པ༔ ཕྱག་གཉིས་ཀྱིས་ཕུར་བུ་འདྲིལ་བ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ་རྣོ་དབལ་མགར་གྱི་སོ་མལ་ནས་ཕྱུང་བ་ལྟ་བུ་མེའི་ཚྭ་ཚྭ་འཕྲོ་བ་གཅིག་ཏུ་བསྐྱེད་དོ༔ དེའི་དབུས་སུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རྒྱ་མདུད་གོང་མའི་སྟེང་དུ་ཧཱུྃ་ཀ་ར༔ བར་གྱི་ལྕམ་གཞོགས་བརྒྱད་ལ་ཁྲོ་བོ་བརྒྱད༔ རྒྱ་མདུད་འོག་མའི་ནང་དུ་སྟོབས་པོ་ཆེ་རྣམས་ཡབ་ཡུམ་ཕྲ་ཐབས་དང་བཅས་པ་གསལ་ཞིང་རྒྱ་མདུད་འོག་མའི་ལོགས་བཞིར་སྒོ་བ་བཞི༔ ཆུ་སྲིན་གྱི་འོག་ཏུ་སྐྱེས་བུ་བཞི༔ དབལ་གསུམ་ལ་ཕུར་སྲུང་བཅུ་གཉིས་རྣམས་གསལ་བར་གྱུར༔ དེ་ནས་བདག་ཉིད་རྩ་བའི་དཀྱིལ་འཁོར་དང་སྲས་མཆོག་གི་བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་ཁྲོ་ཆུང་ནས་འབྲུ་ཙམ་པ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་མཚོན་ཆ་སྣ་ཚོགས་ཐོགས་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པ་ཀཱི་ལ་ཡའི་སྒྲ་དི་རི་རི་སྒྲོག་པས་བར་མཚམས་མེད་པར་བསྒོམས། གཙོ་བོའི་ཐུགས་ཀ་ནས་འཕྲོས་སོགས་ལྷ་རུ་གསལ༔ དེ་ནས་ སྣང་གྲགས་འགྱུ་གསུམ་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཀྱི་རང་བཞིན་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པའི་ནུས་བྱིན་མཐུ་སྟོབས་དང་ལྡན་པའི་གནས་གསུམ་དུ་ཨོཾ་ཨཱ༔ཧཱུྃ་གསུམ་གྱིས་མཚན་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷན་བཾ་ཧཱུྃ་ཕཊ༔ ཕུར་པ་དེ་ལུས་ལ་ལན་གསུམ་བསྐོར་བ་ཙམ་གྱིས་ལུས་རྡོ་རྗེའི་གོ་ཆས་གཏམས་པར་གྱུར་ནས་མི་ཆོད་མི་ཤིགས་ཤིང་ལོག་རྡུག་འབྱམས་གསུམ་མེད་པའི་དབལ་དང་ལྡན་པར་གྱུར་པར་བསམ་ཞིང་༔ ས་མ་ཡཱ་ཏིཥྛ་ལྷན༔ ཅེས་བརྗོད་ལ་ཨེ་གྲུ་གསུམ་དུ་བཞུགས་སུ་གསོལ༔ ཕུར་པ་ཡང་གསང་ལས་སོ།།

༈རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛ༔

ཛབ་དགོངས་རྡོ་རྗེའི་བཟླས་པ།

༄༅། ཕུར་པའི་འཛབ་དགོངས་རྡོ་རྗེའི་བཟླས་པ་ནི༔ ལས་གཞུང་བསྲང་ཞིང་བསྙེན་སྒྲུབ་སྐབས་བབས་ཚེ༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་༔ ཁྱད་པར་ཡབ་ཡུམ་གཉིས་མེད་ཐུགས་ཀ་རུ༔ དྭངས་གསལ་འོད་ལྔའི་ཐིག་ལེ་ཟླུམ་པོའི་དབུས༔ ཀུན་བཟང་མཐིང་ཀ་ཞལ་གཅིག་ཕྱག་གཉིས་པ༔ ཆོས་དབྱིངས་ཟབ་མོ་དཀར་གསལ་དཀྱིལ་ཀྲུང་བཞུགས༔ གཅེར་བུ་ཞལ་སྦྱོར་མཉམ་བཞག་ཚོན་གང་བའི༔ སྤྱི་མགྲིན་སྙིང་གར་ཨོཾ་ཨཱ༔ཧཱུྃ་གསུམ་པོ༔ དཀར་དམར་མཐིང་ཀ་བཀྲག་མདངས་འཚེར་བ་ལ༔ ཡེངས་མེད་ངང་ནས་རྡོ་རྗེའི་བཟླས་པ་བྱ༔ དེ་ལྟར་མི་ནུས་ཤུབ་བུར་དག་པར་བཟླ༔ བདེ་གཤེགས་ཡོངས་ཀྱི་ཐུགས་སྲོག་འབྲུ་གསུམ་པོ༔ བྱེ་བ་འབུམ་འབུམ་ལས་རུང་སུམ་འབུམ་མོ༔ འདི་ནི་སྒྲུབ་སྡེ་བརྒྱད་ཀྱི་ལྷ་རྣམས་ཀྱི༔ བཟླས་པའི་གནད་དུ་ཐོག་མར་ཐེམ་པར་བྱ༔ ཕན་པའི་ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་༔ རྒྱལ་བསེན་སྡེ་བརྒྱད་གནོད་པ་མ་ལུས་ཞི༔ ཚེ་བསོད་དཔལ་འབྱོར་ལེགས་ཚོགས་འཕེལ་ཞིང་རྒྱས༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་དུ་འདུ༔ ལོག་འདྲེན་དམ་སྲི་མ་ལུས་རྩད་ནས་གཅོད༔ མཐར་ཐུག་མཆོག་གི་ས་ལ་ངེས་པར་རེག༔ དེ་ཕྱིར་ཐེ་ཚོམ་སྤོངས་ལ་ནན་ཏན་གྱིས༔ གུ་ཧྱ༔ དེ་ནས་ཕུར་པ་དངོས་ཀྱི་བསྙེན་སྒྲུབ་སྐབས༔ རང་ཉིད་རྡོ་རྗེ་གཞོན་ནུར་གསལ་བ་ཡི༔ ཐུགས་ཀའི་ཀུན་བཟང་གནས་གྱུར་དྲན་རྫོགས་སུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་གཞོན་ནུ་ནི༔ རྒྱན་མེད་ཕུར་པ་འདྲིལ་ཞིང་ཁྲོ་འཛུམ་བཞད༔ ཚོན་གང་ཐུགས་ཀར་བཻཌཱུར་དྭངས་མའི་མདངས༔ རྡོ་རྗེ་རྩེ་ལྔ་ཡུངས་འབྲུ་ཙམ་པའི་ལྟོར༔ ཉི་སྟེང་ཧཱུྃ་མཐིང་སྤུས་བྲིས་ལྟ་བུའི་མཐར༔ རྩ་སྔགས་རང་མདོག་ཤིན་ཏུ་ཕྲ་བའི་གཟུགས༔ གཡས་བསྐོར་ཚུལ་བསམ་དམིགས་པའི་སྲང་ལ་གཞུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ འབྲུ་འབུམ་གསུམ་སོགས་རྟགས་དང་སྦྱར་ལ་བཟླ༔ བདག་མདུན་རྡོ་རྗེ་གཞོན་ནུའི་ཐུགས་སྲོག་ལས༔ འོད་ཟེར་ཕར་འཕྲོས་འགྲོ་བ་དྲུག་ལ་ཕོག༔ སྒྲིབ་པ་སྦྱངས་ཤིང་ཚུར་འདུས་ཐུགས་ཀར་བསྟིམ༔ སླར་ཡང་བདག་མདུན་ཐུགས་ཀའི་འོད་ཟེར་གྱིས༔ ཐུགས་སྲོག་སྔགས་ཕྲེང་ཡིག་འབྲུ་རེ་རེ་བཞིན༔ ལྟེ་བ་ནས་བརྒྱུད་སླར་ཡང་ཞལ་དུ་བརྒྱུད༔ ལུ་གུ་རྒྱུད་འབྲེལ་དམིགས་པ་ཡེངས་མེད་ངང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔སོགས། གཞི་སྙིང་གཅིག་དྲིལ་ཁྲི་བདུན་ཡང་ན་ལྔ༔ གཅིག་ཏུ་སེམས་ཏེ་བཟླ་བ་མན་ངག་གོ༔ ལས་སྦྱོར་དམིགས་པ་ཡབ་ཡུམ་སྲས་བཞི་དང་༔ ཁྲོ་བཅུ་སྒོ་མ་ཡང་ཡང་གསལ་བཏབ་སྟེ༔ རང་རང་ཐུགས་སྲོག་ཧཱུྃ་མཐར་སྔགས་གཡས་འཁོར༔ སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་བཞིན༔ ས་གསུམ་གཡོ་ཞིང་གང་དམིགས་དགྲ་བགེགས་བཏུལ༔ ཆོས་སྲིད་བར་ཆད་དབྱིངས་སུ་བཟློག་པར་བསམ༔ རྩ་སྔགས་ཁྲི་དང་སྲས་བཞི་སྟོང་རྩ་རེ༔ ཁྲོ་བཅུ་སུམ་བརྒྱ་སྒོ་བཞིར་བརྒྱ་རེ་བཟླ༔ ཤིན་ཏུ་རྩུབ་པའི་དགྲ་བགེགས་དམ་སྲི་རྣམས༔ སྒྲོལ་བའི་ལས་ལ་སྔགས་དམིགས་འདི་བཞིན་ནོ༔ ཕུར་སྲུང་བཅུ་དྲུག་ཐུགས་ཀར་ཉི་མའི་སྟེང་༔ མུ་ཁ་མཆེད་བཞིའི་ཐུགས་སྲོག་མ་རང་མདོག༔ བསེ་མོ་མཆེད་བཞིའི་ཐུགས་ཀར་ཡ་བཞི་དང་༔ བདག་ཉིད་མ་བཞིའི་ཐུགས་སྲོག་རི་ཡིས་མཚན༔ སྐྱེས་བུ་བཞི་ལ་ཀ་བཞི་རང་རང་གི༔ མདོག་མཚུངས་ལས་སྔགས་གཡོན་དུ་བསྐོར་བ་ལས༔ དཔལ་ཆེན་ཐུགས་ལས་མཐིང་ནག་འོད་ཟེར་ནི༔ རྒྱ་གྲམ་རྡོ་རྗེས་ལུག་རྒྱུད་བར་མེད་དུ༔ འཕྲོས་ནས་ཐིམ་པས་སྔོན་གྱི་ཐུགས་དམ་བསྐུལ༔ ཕུར་བུའི་ཆར་བབ་དམ་སྲི་རྨིང་མེད་བརླག༔ ཅེས་བསམ་དྲག་སྔགས་འདི་ཉིད་བཟླ་བར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱ༔ མ་རཀྨོ་ཡཀྨོ་ཀ་ལ་རུ་པ་ཆྒཻ་མོའི་གནོད་བྱེད་དམ་སྲི་འདྲེ་གདོན་བྱད་མ་ལྷ་སྲུང་དང་བཅས་པའི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར་ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མཱ་མ་ཀརྨ་ཤྲཱི་གྷྲིཾ་ཀ་ར་ཡེ༔ མ་ར་ས་ནི༔པྲ་མརྟ་ནི་ཡེ་ཧཱུྃ་ཕཊ༔ དགྲ་བགེགས་དམ་སྲི་མཱ་ར་ཡ་རྦད་སོད༔ གང་དམིགས་དགྲ་བགེགས་དམ་སྲི་དང་༔ བྱད་ཕུར་མིང་ཉམས་སྔགས་ཐིམ་བཞུགས༔ འདིས་ནི་བྱང་ཆུབ་སྒྲུབ་པ་ལ༔ མཆོག་དང་ཐུན་མོང་ལས་རྣམས་འགྲུབ༔ དགྲ་གདོན་དམ་སྲི་ཐུལ་བ་སོགས༔ རྨི་ལམ་རྟགས་མཚན་སྤྱི་དང་མཚུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་ཡི་སྲུང་མས་བྱ་ར་གྱིས༔ ཕུར་སྲུང་བཅུ་དྲུག་མེལ་ཚེ་མཛོད༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པའི་ཆོས་སྡེ་ཡང་དག་པའི་ཟབ་ཐིག་གོ༔ ཤུ་བྷཾ༔

སྔགས་བྱང་རྒྱས་པ།

ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱི༔ སྔགས་བྱང་རྒྱས་པ་འདི་ལྟར་རོ༔ དང་པོ་གཙོ་བོ་ཡབ་སྔགས་ནི༔ ཨོཾ་བཛྲ་ཀཱུ་མ་ར་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ གཙོ་མོ་ཡུམ་སྔགས་ནི༔ ཨོཾ་ཏིབ་ཏ་ཙཀྲ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ༔ སྲས་བཞི་སོ་སོར་རང་སྔགས་ནི༔ ཨོཾ་བྷུདྡྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་དང་། ཁྲོ་བཅུ་ཡབ་ཡུམ་ལས་སྔགས་ནི། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་བ་ར་ཡ་ཏི་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ལ་སི་ཀེ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྚ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཏ་ན་བ་ཏི་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཙན་དྷ་ལི་ར་ཡ་ཏི་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཤ་ཡ་བ་ཏི་ཧཱུྃ༔ བན་དྷ་བན་དྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲྀ་བ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཙནྡྷ་ལི་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་མུ་ཧ་ལ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་བ་ཡ་ཏི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་མ་ར་ན་ཧཱུྃ༔ བིནྡྷ་བིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བྷ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་ཏི་ཙན་ཏ་ཡ་ཏི་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ དེ་བཞིན་ཟ་བྱེད་ཕ་བཅུ་དང་༔ གསོད་བྱེད་མ་བཅུ་སྒོ་སྐྱོང་བཞི༔ རང་རང་སྲོག་སྔགས་འདི་བཞིན་ནོ༔ ཟ་བྱེད་ཕ་བཅུའི་སྔགས་འཁོར་ནི༔ ཨོཾ་བཛྲ་ཨུ་ཀ་ར་མུ་ཁ་ཧཱུྃ༔ ཨོཾ་བཛྲ་བྱ་ཀྲི་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཙ་པ་ར་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཧ་རི་ཀ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་བྱཱ་ཀྲི་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པག་ཤུ་ཏ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཤྭ་ན་མུ་ཁ་ཧཱུྃ༔ ཨོཾ་བཛྲ་སིང་ཧ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་དག་ཤོ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཏིག་ཤ་མུ་ཁ་ཧཱུྃ༔ གསོད་བྱེད་མ་བཅུའི་སྔགས་ནི༔ ཨོཾ་བཛྲ་ཨུ་སི་ཀ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཀྲི་དྷ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཁ་ཁཱ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཧུ་ལུ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་བ་ཡ་ཏི་མུ་ཁ་ཧཱུྃ༔ ཨོཾ་བཛྲ་པ་ཙ་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཙན་དྷ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ཏི་ཏི་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་ན་ཀུ་ལ་མུ་ཁ་ཧཱུྃ༔ ཨོཾ་བཛྲ་སེང་ཀ་ལ་མུ་ཁ་ཧཱུྃ༔ ཕྲིན་ལས་རྣམ་བཞི་སྒྲུབ་མཛད་པའི༔ སྒོ་སྐྱོང་ཁྲོ་རྒྱལ་ཡབ་ཡུམ་སྔགས༔ ཨོཾ་བཛྲ་པག་ཤུ་ཏ་མུ་ཁ་ཧཱུྃ༔ བཛྲ་ཨཾ་ཀུ་ཤ་ཡ་ཛ༔ ཨོཾ་བཛྲ་བ་ཡ་བཻ་མུ་ཁ་ཧཱུྃ༔ བཛྲ་པ་ཤ་ཧཱུྃ༔ ཨོཾ་བཛྲ་བ་ཡ་ཏི་མུ་ཁ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་མ་ར་ན་མུ་ཁ་ཧཱུྃ༔ བཛྲ་གཎྜེ་ཧོ༔ ཕྲིན་ལས་སྒྲུབ་པའི་རྣལ་འབྱོར་ལ༔ མེད་མི་རུང་བའི་སྔགས་བྱང་འདི༔ མིག་དང་སྲོག་ལས་གཅེས་པར་ཟུངས༔ གུ་ཧྱ༔

སྲུང་བ་ཁྲོ་མཚོན་མེ་གུར།

ཕུར་པ་བདུད་དཔུང་ཚར་གཅོད་ལས༔ སྲུང་བ་ཁྲོ་མཚོན་མེ་གུར་ཞེས་བྱ་བ་བཞུགས༔

དཔལ་ཆེན་རྡོ་རྗེ་གཞོན་ནུར་འདུད༔ ཡེ་ཤེས་ལྷ་རྣམས་ཐམས་ཅད་ཀྱི༔ ཕྲིན་ལས་སྒྲུབ་པའི་ཕོ་ཉ་ཡིན༔ འཇིག་རྟེན་དྲེགས་བྱེད་ཐམས་ཅད་ཀྱི༔ གོང་གནོན་གཉེན་པོ་སྟོབས་ཀྱི་ལྷ༔ རྡོ་རྗེ་ཕུར་པ་འདི་ཉིད་ནི༔ གུ་རུ་པདྨའི་ཐུགས་ཐིག་སྟེ༔ མཚོ་རྒྱལ་བདག་གི་ཡི་དམ་ལྷ༔ འདི་ཉིད་ཉམས་ལེན་གང་ཟག་གི༔ སྲུང་བ་འདི་དང་མི་ལྡན་ན༔ གོ་ཆ་མེད་པར་གཡུལ་ཞུགས་འདྲ༔ དེ་ཕྱིར་བསྙེན་པ་གཞུང་ལྟར་བྱ༔ སྐབས་སུ་སྲུང་བ་ཟབ་མོ་ཡི༔ དམིགས་པ་ སྐད་ཅིག་དྲན་རྫོགས་སྟོང་པའི་ངང་ཉིད་ལས༔ ཕྱི་སྣོད་ཧཱུྃ༔སྔོན་ལས་གྲུབ་རྡོ་རྗེའི་གུར༔ སྟེང་འོག་རྡོ་རྗེ་རྒྱ་གྲམ་རྡོ་རྗེའི་གདུང་༔ བར་མཚམས་རྡོ་རྗེ་ཕྲ་མོའི་རྡུལ་གྱིས་གཏམས༔ དེའི་ཕྱིར་སྟེང་འོག་ཕྱོགས་མཚམས་བཅུ་པོ་རུ༔ པད་ཉིའི་གདན་ལ་ལྷ་དང་དྲི་ཟ་དང་༔ གཤིན་རྗེ་ཀླུ་གདོན་མེ་སྲིན་རླུང་དབང་ས༔ ཕོ་མོ་ཁ་སྦུབ་གན་རྐྱལ་བསྣོལ་བའི་སྟེང་༔ ཧཱུྃ་ཡིག་མཐིང་ནག་རེ་རེ་ཡོངས་གྱུར་ལས༔ ཧཱུྃ་དཀར་རྣམ་རྒྱལ་གཤིན་རྗེ་རྟ་མཆོག་དཔལ༔ བདུད་རྩི་ཐབས་སྦྱོར་ནི་ལ་ཏཎྚ་དང་༔ མི་གཡོ་མགོན་པོ་འདོད་རྒྱལ་ཁམས་གསུམ་རྒྱལ༔ སྟོབས་པོ་ཆེ་རྣམས་རང་རང་ཡུམ་དང་འཁྲིལ༔ དེ་ཕྱིར་རྡོ་རྗེ་ཕུར་པ་ཐོད་དབྱུག་རལ༔ རྒྱ་གྲམ་མེ་རླུང་རིམ་བདུན་གུར་ཁང་བཙན༔ སྲུང་གུར་དབུས་སུ་གཞལ་ཡས་གནས་གྱུར་ཏེ༔ རྡོ་རྗེ་རྩེ་དགུ་མར་གྱི་རྭ་དགུ་པོས༔ དམ་སྲི་སྤུན་དགུ་གན་རྐྱལ་སྙིང་ལ་གཟིར༔ དབུས་རྭའི་སྲོག་ཤིང་ལྟོ་བ་རབ་ཡངས་པར༔ བདག་ཉིད་རིག་པ་བཟོ་མེད་སྟོང་གསལ་ངང་༔ ཉི་ཟླའི་ག་འུ་ཐབས་ཤེས་ཁ་སྦྱོར་དབུས༔ རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ སྐུ་ཡི་གནས་བཅུར་ཡེ་ཤེས་ཁྲོ་བཅུ་གསལ༔ ཐུགས་ཀར་གཤིན་རྗེ་གཤེད་པོའི་ཐུགས་ཀ་རུ༔ ཉི་མའི་སྟེང་དུ་རྒྱན་མེད་ཡེ་ཤེས་སེམས༔ ཚོན་གང་ཞལ་གཅིག་ཕྱག་གཉིས་ཕུར་བུ་འདྲིལ༔ དེ་ཡི་ཐུགས་ཀར་ཉི་སྟེང་རྡོ་རྗེ་ནི༔ རྩེ་ལྔ་ནས་ཙམ་དེ་སྟེང་ཡི་གེ་ཧཱུྃ༔ སྤུ་ཡིས་བྲིས་བཞིན་ཧཱུྃ་ཡིག་ཨ་ཁོག་ནང་༔ རང་གི་རྣམ་ཤེས་ཎྲྀ་ཡིག་ལྗང་ཁུར་གསལ༔ རྡོ་རྗེའི་ཡར་གྱི་རྭ་ནང་བླ་མ་དང་༔ མར་གྱི་དབུས་རྭའི་ནང་དུ་ནོར་ཕྱུགས་བྲན༔ དཀྱིལ་དུ་རང་ཉིད་དེ་ལྟར་ལྷ་རུ་གསལ༔ ཕྱི་ནང་སྣོད་བཅུད་ལྷ་ཡི་སྐུ་དང་ནི༔ ཀུན་གྱི་ཞལ་ནས་དྲག་སྔགས་སྤུ་གྲིའི་སྔགས༔ དེའི་མཐར་བཛྲ་རཀྵ་ཀུ་རུ་བྷྲུཾ༔ འབྲུག་སྟོང་ལྡིར་འདྲ་ཁྲོ་བོའི་སྔགས་སྒྲ་སྒྲོག༔ ཐུགས་དབྱིངས་སྐྱེ་མེད་སྟོང་པའི་གུར་ཁང་དུ༔ བསྲུང་བྱ་དམིགས་མེད་ཆོས་དབྱིངས་སྒྲོམ་དུ་སྦ༔ ཡེངས་མེད་ངང་ནས་རྩ་སྔགས་ཤམ༔ བདག་སྲུང་ལ་ནི་སྔགས་འདིའོ༔ མ་མ་ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་རཀྵ་རཀྵ་བྷྲུཾ༔ སྦྱིན་བདག་ལ་ནི་སྔགས་ཤམ་དུ༔ དཱ་ན་པ་ཏི་ཀཱ་ཝཀ་ཙི་བཛྲ་རཀྵ་རཀྵ་བྷྲུཾ༔ དེ་བཞིན་རང་གི་བླ་མ་དང་༔ ཕོ་མོ་བྱིས་པ་ནོར་རྫས་ལའང་༔ ས་མ་ཡཱ༔ སྔགས་གྲངས་སྟོང་ངམ་བརྒྱ་རྩ་སོགས༔ སྐབས་སྐབས་དག་ཏུ་ཅི་མང་བཟླ༔ དེ་ནས་བདེན་པའི་སྟོབས་བརྗོད་པ༔ བསླུ་མེད་རྫོགས་སངས་རྒྱས་དང་དམ་པའི་ཆོས༔ འཕགས་པའི་དགེ་འདུན་བརྒྱུད་པའི་བླ་མ་དང་༔ ཡི་དམ་རྒྱུད་སྡེ་དྲུག་དང་ཌཱཀྐི་མ༔ སྲུང་མ་ཕོ་རྒྱུད་མོ་རྒྱུད་བཀའ་གཏེར་སྲུང་༔ ཁྱད་པར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ༔ མ་ལུས་འཁོར་དང་བཅས་པའི་བདེན་པའི་མཐུས༔ དེང་འདིར་བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ འཚོ་བར་བྱེད་པའི་ཚེ་ཡི་དྭངས་མ་སྲུངས༔ འཇིག་རྟེན་འདིར་འདུས་བུ་དང་ཆུང་མ་སྲུངས༔ ཡང་དག་ཆོས་ཀྱིས་འབྲེལ་བའི་སློབ་མ་སྲུངས༔ མཆོད་སྦྱིན་རང་འཚོའི་ནོར་དང་ལོངས་སྤྱོད་སྲུངས༔ ཁྱད་པར་རྒྱལ་བའི་བསྟན་པ་རིན་པོ་ཆེ༔ ཕན་བདེའི་འབྱུང་གནས་གཅིག་པུར་གྱུར་པ་སྲུངས༔ ཕ་མ་སེམས་ཅན་ཚེ་རབས་དྲིན་ལྡན་པ༔ ཡང་དགོས་ཆོས་ལ་སྤྱོད་པའི་སྐལ་ལྡན་སྲུངས༔ མདོར་ན་བདག་ལ་ལྟོས་བཅས་ཡོན་སློབ་སོགས༔ བསྲུང་བྱའི་ཡུལ་ཀུན་སྲུངས་ཤིག་རཀྵ་ཧཱུྃ༔ ཞེས་པ་ལན་གསུམ་བརྗོད་པར་བྱ༔ ས་མ་ཡཱ༔ བདག་གཞན་བསྲུང་བ་ཟབ་མོ་འདི༔ རྒྱལ་དབང་པདྨའི་ཐུགས་བརྒྱུད་ནས༔ བདག་འདྲ་མཚོ་རྒྱལ་སྙིང་ལ་གབ༔ མ་འོངས་སྐལ་ལྡན་དམ་པ་འགའི༔ སྲོག་སྲུང་རྡོ་རྗེའི་གོ་ཆར་ཤོག༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པའི་དགོངས་གཏེར་ཡང་དག་པའི་ཆོས་ཚན་ནོ༔ སརྦ་མང་ག་ལཾ༔ ཤུ་བྷཾ།

ཟློག་པ་གནམ་ལྕགས་འཕྲུལ་འཁོར།

ཕུར་པ་བདུད་དཔུང་ཚར་གཅོད་ལས༔ ཟློག་པ་གནམ་ལྕགས་འཕྲུལ་འཁོར་བཞུགས་སོ༔

དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྤྲུལ་པ་ཡང་སྤྲུལ་བཅས་པ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ནས༔ ཟློག་པ་སྡེ་བརྒྱད་དམག་དཔུང་གི༔ མན་ངག་གནམ་ལྕགས་འཕྲུལ་འཁོར་བསྟན༔ ས་མ་ཡཱ༔ དེ་ཡང་དམིགས་པ་ཟབ་མོ་སྟེ༔ ཕྱི་སྣོད་རྡོ་རྗེའི་སྲུང་གུར་ཡངས་པའི་དབུས༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་རབ་འབར་བའི༔ ལྟོ་བར་བདག་ཉིད་རྡོ་རྗེ་གཞོན་ནུ་ཡི༔ ཡབ་ཀྱི་དཔྲལ་བར་ཁྲོ་ཆེན་ཧཱུྃ་ཀ་ར༔ དཔུང་པ་གཡས་སུ་ཁྲོ་ཆེན་རྣམ་པར་རྒྱལ༔ དཔུང་པ་གཡོན་པར་ཁྲོ་ཆེན་དབྱུག་སྔོན་ཅན༔ མགྲིན་པའི་སུམ་མདོར་ཁྲོ་ཆེན་རྟ་མགྲིན་དཔལ༔ ཆོས་ཀྱི་འཁོར་ལོར་ཁྲོ་ཆེན་གཤིན་རྗེའི་གཤེད༔ ལྟག་པར་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ༔ སྲིད་རྩེའི་རྩ་སྦུབ་ཁྲོ་ཆེན་མི་གཡོ་མགོན༔ རྐང་པའི་བརླ་གཡས་ཁྲོ་ཆེན་འདོད་པའི་རྒྱལ༔ སྐུ་ཡི་བརླ་གཡོན་ཁམས་གསུམ་རྣམ་པར་རྒྱལ༔ གསང་གནས་ཁྲོ་ཆེན་སྟོབས་པོ་ཆེ་རྣམས་ཀུན༔ ཡུམ་གྱི་སྐུར་འཁྲིལ་ཞལ་གསུམ་གཡས་གཡོན་དབུས༔ ཧཱུྃ་ཕཊ་བྷྱོཿཟློག་དྲག་པོའི་ང་རོ་རྒོད༔ རྩ་ཕྱག་གཡས་གཡོན་མཐིལ་དུ་ཉི་ཟླ་གསལ༔ ཐལ་མོ་བརྡབ་པས་དགྲ་བགེགས་ཐལ་བར་བརླག༔ དེ་འོག་གཉིས་ཀྱིས་རལ་གྲི་ཐོ་བ་གདེངས༔ དེ་འོག་གཉིས་ཀྱིས་གནམ་ལྕགས་ཕུར་པ་འདྲིལ༔ བསྲུང་བྱ་ཐུགས་སྲོག་དབུས་སུ་སྦས་པ་དང་༔ རྡོ་རྗེའི་དབུས་རྭའི་ཡར་མར་སྦས་ཀུན་ཀྱང་༔ ཁྲོ་རྒྱལ་ཆེན་པོའི་སྐུ་ཡི་རྣམ་པ་རུ༔ ཤིན་ཏུ་ཕྲ་བའི་རྡུལ་ལྟར་ཆུང་ངུར་བསྒོམ༔ བསྲུང་འཁོར་ཕྱི་རོལ་བསྒོམ་པའི་ཁྲོ་བོ་བཅུ༔ གནམ་ལྕགས་ཕུར་འདྲིལ་ཐལ་མོ་རབ་བརྡབ་པས༔ དམ་ཉམས་དགྲ་བགེགས་ཐལ་བ་རྡུལ་ཕྲན་གཏོང་༔ བྱད་ཕུར་གཏོང་བའི་ལྷ་སྲུང་ཆེ་ཕྲ་ཀུན༔ རལ་གྲིས་བསྒྲལ་ནས་རི་རབ་ཐོ་བས་བརྡུངས༔ རྡོ་རྗེའི་སྦུབས་ཀྱི་ཕྱོགས་བཞིར་སྒོ་མ་བཞི༔ བར་མཚམས་ཕུར་སྲུང་བཅུ་དྲུག་སེར་ལྟར་འབེབས༔ ཀུན་ཀྱང་དགྲ་གདོན་ཐན་ལྟས་ངན་པ་རྣམས༔ ཟློག་པའི་ལས་མཛད་ཟློག་སྔགས་འབྲུག་ལྟར་སྒྲོགས༔ ཡེངས་མེད་ངང་ནས་གསང་སྔགས་རྒྱལ་པོ་བཟླ༔ དེ་ནས་རྩ་སྔགས་ཤམ་བུ་རུ༔ སྡང་བའི་དགྲ་བོ་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ གནོད་པའི་བགེགས་དཔུང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ བྱད་ཕུར་རྦོད་གཏོང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཐན་དང་ལྟས་ངན་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཅེས་དང་ཁྲོ་བོ་ཆེན་པོ་བཅུ༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ར་ཀཱ་ར་ཧཱུྃ༔ སྟེང་ཕྱོགས་ལྷ་ཡི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་གརྫ་གརྫ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བཱི་ཛ་ཡ་ཧཱུྃ༔ ཤར་ཕྱོགས་དྲི་ཟའི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་ཧ་ན་ཧ་ན་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྚ་ཧཱུྃ༔ ཤར་ལྷོ་མེ་ལྷའི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་ད་ཧ་ད་ཧ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་པ་ཙ་པ་ཙ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨཱཏྱ་ཨ་ཙ་ལ་ཧཱུྃ༔ ལྷོ་ནུབ་སྲིན་པོའི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་བྷནྡྷ་བྷནྡྷ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝཱ་ཧཱུྃ༔ ནུབ་ཕྱོགས་ཀླུའི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་ཧུ་ལུ་ཧུ་ལུ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ནུབ་བྱང་རླུང་ལྷའི་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་ཏིཥྛ་ཏིཥྛ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་ཚིནྡྷ་ཚིནྡྷ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྱང་ཤར་དབང་ལྡན་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་བྷིནྡྷ་བྷིནྡྷ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བཱ་ལ་ཧཱུྃ༔ འོག་ཕྱོགས་ས་བདག་གདོན་དང་དགྲ་བགེགས་དམ་སྲི་ཐམས་ཅད་སྥོ་ཊ་སྥོ་ཊ་བྷྱོ་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ སྒོ་མ་ཆེན་མོ་རྣམ་བཞི་ནི༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ འགུགས་བྱེད་ལྕགས་ཀྱུ་ཅན་གྱི་བྱད་མ་མཁན་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ འཆིང་བྱེད་ཞགས་པ་ཅན་གྱི་བྱད་མ་མཁན་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཨོཾ་བཛྲ་སྥོ་ཊ་བཾ༔ སྡོམ་བྱེད་ལྕགས་སྒྲོག་ཅན་གྱི་བྱད་མ་མཁན་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ ཨོཾ་བཛྲ་གཎྚེ་ཧོ༔ མྱོས་བྱེད་དྲིལ་བུ་ཅན་གྱི་བྱད་མ་མཁན་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག༔ དེ་ནས་དེ་ཡི་རྗེས་འབྲེལ་དུ༔ དྲག་སྔགས་མེ་དཔུང་མ་ཡི་གཤམ༔ ར་ཙ་དུ་ན་ཟློག༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ ས་ག་དུ་ན་ཟློག༔ ཙ་དུར་སྙིང་ན་ཟློག༔ རཱ་ཛ་དུ་ན་ཟློག༔ སུ་ཏྲི་རཀྵ་དུ་ན་ཟློག༔ རཀྵ་ཏྲི་ཕུར་དུ་ན་ཟློག༔ བྱེ་བྲག་ཅི་མང་བཟླས་པར་བྱ༔ དེ་ནས་བདེན་སྟོབས་བརྗོད་པ་ནི༔ ཧཱུྃ་བྷྱོ༔ རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཧེ་རུ་ཀ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ སྣང་བ་འཁྲུལ་བའི་རྩལ་ལས་མ་དག་པའི༔ རིགས་དྲུག་སྡུག་བསྔལ་སྟོང་པའི་དབྱིངས་སུ་ཟློག༔ ཤེས་རབ་ཕ་རོལ་ཕྱིན་མ་རྒྱལ་བའི་ཡུམ༔ འཁོར་ལོ་རྒྱས་འདེབས་འཁོར་མཚོར་སྒྲོལ་མཛད་མས༔ སྟོང་པ་དངོས་པོར་འཛིན་དང་སྟོང་པར་འཛིན༔ ཤེས་སྒྲིབ་ཕྲ་རགས་ཡེ་ཤེས་དབྱིངས་སུ་ཟློག༔ སྟེང་ཕྱོགས་ཁྲོ་ཆེན་ཧཱུྃ་ཀར་ཡབ་ཡུམ་གྱིས༔ ཚངས་པ་ལ་སོགས་ལྷ་ཡི་གདུག་རྩུབ་ཟློག༔ ཤར་ཕྱོགས་ཁྲོ་ཆེན་རྣམ་རྒྱལ་ཡབ་ཡུམ་གྱིས༔ དྲི་ཟ་ལས་གྱུར་ཤར་གདོན་གདུག་རྩུབ་ཟློག༔ ལྷོ་ཕྱོགས་ཁྲོ་ཆེན་གཤེད་ཆེན་ཡབ་ཡུམ་གྱིས༔ གཤིན་རྗེ་ལས་གྱུར་ལྷོ་གདོན་གདུག་རྩུབ་ཟློག༔ ནུབ་ཕྱོགས་ཁྲོ་ཆེན་ཧྱ་གྷྲྀ་ཝ་ཡིས༔ ཀླུ་བདུད་ལས་གྱུར་ནུབ་གདོན་གདུག་རྩུབ་ཟློག༔ བྱང་ཕྱོགས་ཁྲོ་ཆེན་མི་འཆི་ཐབས་སྦྱོར་གྱིས༔ གནོད་སྦྱིན་ལས་གྱུར་བྱང་གདོན་གདུག་རྩུབ་ཟློག༔ ཤར་ལྷོ་ཁྲོ་ཆེན་ནི་ལ་ཏནྚ་ཡིས༔ མེ་ལྷ་ལས་གྱུར་ཤར་ལྷོའི་གདོན་ཚོགས་ཟློག༔ ལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན་པོ་ཡིས༔ སྲིན་པོ་ལས་གྱུར་ལྷོ་ནུབ་གདོན་ཚོགས་ཟློག༔ ནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ་པོ་ཡིས༔ རླུང་ལྷ་ལས་གྱུར་ནུབ་བྱང་གདོན་ཚོགས་ཟློག༔ བྱང་ཤར་ཁྲོ་ཆེན་འཇིག་རྟེན་གསུམ་རྒྱལ་གྱིས༔ དབང་ལྡན་ལས་གྱུར་བྱང་ཤར་གདོན་ཚོགས་ཟློག༔ འོག་ཕྱོགས་ཁྲོ་ཆེན་མ་ཧཱ་བཱ་ལ་ཡིས༔ ས་བདག་ལས་གྱུར་འོག་གདོན་མ་ལུས་ཟློག༔ ཤར་ཕྱོགས་སྒོ་བ་སྒོ་མ་ཡབ་ཡུམ་གྱིས༔ ལྕགས་ཀྱུ་ཅན་གྱི་བྱད་མ་རྦོད་གཏོང་ཟློག༔ ལྷོ་ཕྱོགས་སྒོ་བ་སྒོ་མ་ཡབ་ཡུམ་གྱིས༔ ཞགས་པ་ཅན་གྱི་བྱད་མ་རྦོད་གཏོང་ཟློག༔ ནུབ་ཕྱོགས་སྒོ་བ་སྒོ་མ་ཡབ་ཡུམ་གྱིས༔ ལྕགས་སྒྲོག་ཅན་གྱི་བྱད་མ་རྦོད་གཏོང་ཟློག༔ བྱང་ཕྱོགས་སྒོ་བ་སྒོ་མ་ཡབ་ཡུམ་གྱིས༔ དྲིལ་བུ་ཅན་གྱི་བྱད་མ་རྦོད་གཏོང་ཟློག༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཕུར་པའི་སྲུང་མ་དམ་ཅན་བཅུ་དྲུག་གིས༔ ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གདུག་རྩུབ་དང་༔ བན་བོན་སྔགས་པའི་བྱད་ཕུར་རྦོད་གཏོང་ཟློག༔ བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ་ཟློག༔ ཚེ་སྲོག་བླ་ལ་འཇབ་པའི་གདོན་བགེགས་ཟློག༔ ཆོས་དང་རིགས་ལ་སྡང་བའི་དམ་སྲི་ཟློག༔ མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་ཐལ་མོ་བརྡབ་པར་བྱ༔ མི་དམིགས་སྟོང་ཉིད་ངང་དུ་བཞག༔ ས་མ་ཡཱ༔ སྙིགས་དུས་ཆོས་མཛད་སྐྱེས་བུ་ཡི༔ ཚེ་ལ་རྐུ་བའི་ཚེ་བདུད་དང་༔ སྲོག་ལ་རྒོལ་བའི་བདུད་དམ་སྲི༔ བསམ་སྦྱོར་གྲོས་ངན་ཤོམ་པའི་དགྲ༔ ཀུན་ཀྱང་བཟློག་པར་གདོན་མི་ཟ༔ མཚོ་སྐྱེས་སྤྲུལ་སྐུའི་ཞལ་སྒོར་བརྒྱུད༔ ཡེ་ཤེས་མཁའ་འགྲོའི་ཐུགས་ཀྱི་བཅུད༔ རིག་པ་སྟོང་གསལ་སྒྲོམ་ནས་བཏོན༔ ལས་སྐལ་ལྡན་པའི་མཚོན་ཆར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལུང་རིག་གླིང་པ་བདག་གིས་ཡང་དག་པར་ཕབ་པའོ། ཤུ་བྷཾ།

བཤགས་པ་ཟག་མེད་བདུད་རྩིའི་ཁྲུས་བུམ།

༄༅།། སྡོམ་གསུམ་ཉམས་ཆག་བཤགས་པ་ཟག་མེད་བདུད་རྩིའི་ཁྲུས་བུམ་བཞུགས།

ཧོ། དགོངས་ཤིག་དཀོན་མཆོག་རིན་ཆེན་གསུམ། །གསོན་ཅིག་རྩ་གསུམ་སྲུང་མར་བཅས། །ཉེ་བར་དགོངས་ཤིག་རྡོ་རྗེ་སེམས། །སྡིག་ལྡན་བདག་ལ་བརྩེ་བས་གཟིགས། །ཐོག་མ་མེད་པའི་ཀུན་གཞི་ནི། །སྤྲོས་བརྒྱད་སྐྱོན་ལས་ཉེར་གྲོལ་ཡང་། །གློ་བུར་ཀུན་བརྟགས་གཞན་དབང་གིས། །རང་ངོ་མ་ཤེས་འཁོར་བར་འཁྱམས། །དེ་ཚེ་ལས་དང་ཉོན་མོངས་མཐུས། །མི་དགེ་བཅུ་དང་མཚམ་མེད་ལྔ། །ལྕི་བ་བཞི་དང་ལོག་པ་བརྒྱད། །ཉེས་ལྟུང་སྒྲིབ་ཀུན་སྙིང་ནས་བཤགས། །ཁྱད་པར་བག་ཆགས་ངན་པ་ཡི། །མཚམས་སྦྱར་ལུས་རྟེན་འདི་བཟུང་ཚེ། །དམ་ཆོས་འདུལ་བའི་སྒོར་ཞུགས་ཏེ། །མཁན་སློབ་དགེ་འདུན་གྲངས་ཚང་བར། །འདུལ་ཁྲིམས་སྡོམ་པ་བླངས་པ་ལས། །ཕམ་ལྷག་སྤང་ལྟུང་ལྟུང་བྱེད་དང་། །ཉེས་བྱས་ཕྱོགས་མཐུན་གང་བྱུང་བ། །རྩ་གསུམ་བླ་མ་རྡོ་རྗེ་སེམས། །སྐྱབས་འོས་རྣམས་ཀྱི་སྤྱན་སྔ་རུ། །མི་འཆབ་འགྱོད་པ་དྲག་པོས་བཤགས། །ཕྱིན་ཆད་སྲོག་དང་བསྡོས་ཏེ་བསྡོམས། །དེ་བཞིན་ཐེག་ཆེན་བཤེས་གཉེན་དང་། །རྒྱལ་བ་སྲས་བཅས་སྤྱན་སྔ་རུ། །སྲོལ་གཉིས་སྡོམ་པ་བླངས་པ་ལས། །ཉམས་ཤིང་འགལ་འཁྲུལ་ཐམས་ཅད་བཤགས། །ཉེ་ལམ་གསང་སྔགས་ཕྱི་ནང་གི། །དབང་དང་གྲོལ་བྱེད་གདམས་པ་ལ། །བསྲུང་བྱའི་དམ་ཚིག་གང་གསུངས་པ། །རྩ་བ་ཡན་ལག་སྦོམ་པོ་སོགས། །ཉེས་ལྟུང་གང་དང་གང་བྱུང་བ། །མི་འཆབ་སྙིང་ནས་བཤགས་པར་བགྱི། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱིས། །དག་ཚངས་མཆོག་གི་དངོས་གྲུབ་སྩོལ། །ཡི་གེ་བརྒྱ་བ་ཅི་མང་བརྗོད་ཅིང་བཤགས་པས་ཉེས་ལྟུང་མ་ལུས་པ་བྱང་བར་འགྱུར་རོ། །ཞེས་པའང་ལྷ་གྲོགས་བརྩེ་ལྡན་དམ་པ་སྭ་རའི་མིང་གིས་བསྐུལ་ངོར་རྒན་པོ་རྒྱ་སྤྲུལ་བས་བྲིས་པའོ།།

གསོལ་འདེབས་བྱིན་རླབས་གཏེར་མཛོད།

༄༅། །རྡོ་རྗེ་ཕུར་པའི་གསོལ་འདེབས་བྱིན་རླབས་གཏེར་མཛོད་ཅེས་བྱ་བ་བཞུགས། ཨེ་མ་ཧོ། རིགས་བདག་སྟོན་པ་ཀུན་བཟང་ཆེ་བའི་མཆོག །རིགས་བརྒྱའི་སྤྱི་མེས་རྡོར་འཆང་རྡོ་རྗེ་སེམས། །མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིག་འཛིན་བརྒྱད་དང་པདྨ་ཐོད་ཕྲེང་རྩལ། །བཀའ་བབས་མི་བརྒྱད་གཟུངས་མ་མཁར་ཆེན་བཟའ། །བརྡའ་གྲོལ་བླ་མ་བྱང་ཆུབ་གླིང་པ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྤྲུལ་པའི་སྐུ་མཆོག་གཏེར་ཆེན་ལུང་རིག་གླིང་། །རྩ་བ་ཡན་ལག་ཆོས་ཀྱི་བདག་པོ་སོགས། །བརྒྱུད་གསུམ་དཔལ་ལྡན་བླ་མའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དཔལ་ཆེན་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་པ། །རྡོ་རྗེ་གཞོན་ནུ་འཁོར་ལོ་རྒྱས་འདེབས་མ། །སྲས་མཆོག་རིགས་བཞི་ཁྲོ་བཅུ་སྒོ་སྐྱོང་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་བཅུ་དྲུག་དང་། །ཕུར་པ་གྲུབ་པའི་རིག་འཛིན་བརྒྱུད་པའི་ཚོགས། །རྩ་གསུམ་སྲུང་མ་དམ་ཅན་གཏེར་བདག་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱིས། །མ་དག་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྕགས་ཁམས་གསེར་འགྱུར་རྩི་ཡིས་ཐེབས་པ་བཞིན། །དབང་བཞིའི་ཆུ་བོས་སྒོ་གསུམ་སྒྲིབ་སྦྱངས་ནས། །སྣང་བཞི་ཟད་ནས་དབྱིངས་རིག་དབྱེར་མེད་ཀློང་། །དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡི། །གོ་འཕང་ཚེ་འདི་ཉིད་ལ་མྱུར་ཐོབ་ནས། །འཁོར་བ་དོང་སྤྲུགས་འགྲོ་དོན་མཐར་ཕྱིན་ཤོག །

རྩ་སྒྲུབ་རིག་འཛིན་ཐུགས་བཅུད།

༄༅། ཀཱིལཡམཱརཙམཱུསྟྭཾབྷནཡཱམསྠཙྪཻདཀབྷྱཿ མཱུལསཱདྷབིདྱདྷརཙིཏྟགརྦྷསྟི།།

༄༅། ཀཱིལཡམཱརཙམཱུསྟྭཾབྷནཡཱམསྠཙྪཻདཀབྷྱཿ མཱུལསཱདྷབིདྱདྷརཙིཏྟགརྦྷསྟི།།

ཕུར་པ་བདུད་དཔུང་ཟིལ་གནོན་དམ་སྲི་ཚར་གཅོད་ལས༔ རྩ་སྒྲུབ་རིག་འཛིན་ཐུགས་བཅུད་བཞུགས་སོ༔

རྩ་གསུམ་ཡོངས་རྫོགས་ཕུར་པའི་ལྷ་ལ་འདུད༔ ཕྲིན་ལས་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ རྩ་བའི་སྒྲུབ་པ་རིག་འཛིན་ཐུགས་བཅུད་འདི༔ སྐལ་ལྡན་འགའ་ཡི་དོན་དུ་འདིར་བསྟན་བྱ༔ ས་མ་ཡཱ༔ ཤིན་ཏུ་དབེན་ཅིང་ཕུར་པའི་དབལ་ལྟ་བུ༔ དུར་ཁྲོད་འཇིགས་རུང་རྩུབ་ཅིང་འཁྲུགས་པའི་གནས༔ ཆུ་བོ་རྒྱུན་འབབ་གྲུབ་ཐོབ་ཞབས་བཅག་སར༔ དཀྱིལ་འཁོར་མདའ་གང་ལེགས་པར་ཐིག་གདབ་ཅིང་༔ དབུས་སུ་འཁོར་ལོ་རྩིབས་བཞི་དེ་ཡི་མཐར༔ རྩིབས་བཅུ་སྒོ་རྫོགས་དུར་ཁྲོད་དེ་མཐར་འོད༔ རྡོ་རྗེ་མེ་རི་རྡུལ་ཚོན་རས་བྲིས་བསམ༔ དབང་པོ་རབ་ལ་ཚོམ་བུ་ལྷ་གྲངས་ནི༔ རང་སྔགས་ཀྱིས་བཀོད་དེ་སྟེང་སྒྲུབ་པའི་རྫས༔ ལྕགས་སམ་སེང་ལྡིང་ཕུར་པ་སོར་བཅུ་དྲུག༔ ཡང་ན་སོར་བརྒྱད་མཐིང་ལྗང་ཅོད་པཎ་གདགས༔ ཁྲོ་ཞལ་དང་ལྡན་གཙོ་བོའི་སྒྲུབ་རྟེན་ནོ༔ དེ་མཐར་སྲས་བཞི་ཁྲོ་བཅུ་སྒོ་སྐྱོང་བཞི༔ སྤྲོས་པས་དབེན་ན་གཙོ་བོ་གཅིག་པུས་ཆོག༔ ལྕགས་སམ་ཟངས་ཀྱི་སྣོད་དུ་བང་རིམ་གསུམ༔ དེ་སྟེང་དཔལ་གཏོར་ཕུར་བུ་ཐོད་མེས་བརྒྱན༔ དེ་མཐར་སྲས་བཞི་དེ་མཐར་ཁྲོ་བོ་བཅུ༔ དེ་མཐར་སྒོ་བཞིའི་དཔལ་བཤོས་དེ་ཡི་མཐར༔ དབང་མོ་ཉེར་བརྒྱད་མཐེབ་སྐྱུ་ཕྱོགས་བཞི་རུ༔ ཕུར་སྲུང་བཅུ་དྲུག་སྙིང་དང་ལིང་ག་དང་༔ ཁྲག་ཞག་འོ་མར་མཚོ་དང་ཕུར་པ་བཞི༔ དེ་སྟེང་གཙོ་འཁོར་ཙཀ་ལི་དར་མཐིང་གདུགས༔ གཡས་གཡོན་སྨན་རཀ་ཉེར་སྤྱོད་བླ་བྲེ་དང་༔ རྒྱལ་མཚན་མེ་ལོང་རལ་གྲི་སྲུང་ཕུར་དང་༔ སྲུང་བའི་ཙཀྲ་ལ་སོགས་གང་འབྱོར་དགོད༔ གྲོགས་དང་བཟའ་བཏུང་ན་བའི་གསོ་སྨན་དང་༔ མ་ལུས་མ་ཚང་མེད་པར་འདུ་བྱའོ༔ ས་མ་ཡཱ༔ དེ་ནས་རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ སྒྲུབ་པ་དངོས་ལ་སྦྱོར་དངོས་རྗེས་གསུམ་མོ༔ དང་པོ་སྦྱོར་བ་ལ་ཡང་ཆོས་བཅུ་སྟེ༔ མདུན་མཁར་རྩ་བའི་བླ་མ་ཨོ་རྒྱན་རྗེ༔ རྡོ་རྗེ་གཞོན་ནུ་སྐྱབས་འོས་ཀུན་བསྒོམས་ཏེ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ བདག་དང་འགྲོ་ཀུན་མཆོག་གསུམ་རྩ་གསུམ་དང་༔ བདེ་གཤེགས་ཕྲིན་ལས་ཀུན་འདུས་ཧེ་རུ་ཀ༔ རྡོ་རྗེ་ཕུར་པའི་ལྷ་ལ་སྐྱབས་སུ་མཆི༔ ལན་གསུམཿ གཉིས་པ་སེམས་བསྐྱེད་པ་ནི༔ བདག་གིས་ཁམས་གསུམ་མཁའ་ཁྱབ་འགྲོ་དོན་དུ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར་ཞུགས་ནས༔ བསྙེན་དང་སྒྲུབ་དང་ལས་སྦྱོར་མཆོག་བརྩམས་ཏེ༔ རྩེ་གཅིག་ཡིད་ཀྱིས་བསྒྲུབ་པར་དམ་བཅའ་འོ༔ ལན་གསུམ༔ གསུམ་པ་ཚོགས་བསག་བྱ་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་འདིར་གཤེགས་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་ཚོགས་འབུལ༔ ཉམས་ཆག་སྡིག་བཤགས་དགེ་ལ་རྗེས་ཡི་རང་༔ ཆོས་འཁོར་བསྐོར་བསྐུལ་མཁའ་བཞིན་བརྟན་བཞུགས་གསོལ༔ དགེ་དེས་འགྲོ་ཀུན་བྱང་ཆུབ་འཐོབ་ཕྱིར་བསྔོ༔ ཛཱཿཧཱུྃ་བཾ་ཧཱུྃ༔ བཞི་པ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ རང་བྱུང་དོན་དམ་དབྱིངས་ཀྱི་དཀྱིལ་འཁོར་འདིར༔ ཀུན་ཏུ་རྟོག་པའི་བགེགས་དང་ལོག་འདྲེན་ཚོགས༔ ཁྲོ་རྒྱལ་འབར་བ་བདག་གི་བཀའ་བཞིན་དུ༔ ལན་ཆགས་གླུད་དང་གཏོར་མས་ཚིམས་གྱིས་ལ༔ འདི་རུ་མ་འདུག་གླིང་བཞིའི་ཕ་མཐར་དེངས༔ བཀའ་ལས་འདའ་ན་བརླག་པར་གདོན་མི་ཟ༔ བགེགས་གཏོར་གཏོང་ཞིང་དྲག་སྔགས་ཐུན་བཅས་བསྐྲད༔ ལྔ་པ་སྲུང་འཁོར་ནི༔ ཧཱུྃ༔ རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་འདིར༔ བགེགས་དང་ལོག་འདྲེན་འབྱུང་པོའི་མིང་མེད་ན༔ རང་བཞིན་ཤེས་པའི་མཚམས་ཀྱི་དཀྱིལ་འཁོར་འདིར༔ བསྲུང་བའི་མཚམས་འདིར་ནམ་ཡང་འདའ་མ་བྱེད༔ ཅེས་དང་བློ་ཆུང་རྟོག་གཞོམས་ཕྱིར༔ ཁྲོ་བོ་བཅུ་ཡི་སྲུང་མཚམས་ནི༔ ཧཱུྃ་ཧཱུྃ༔ སྟེང་འོག་ཕྱོགས་མཚམས་སྤྲུལ་པའི་ཁྲོ་བོ་བཅུ༔ འབར་བའི་སྟོབས་ཀྱིས་ཕྱོགས་སྐྱོང་གདོན་རྣམས་གནོན༔ ཕྱོགས་བཅུའི་བགེགས་དང་ལོག་འདྲེན་དམ་སྲི་ཟློག༔ ཁྲོ་མཚོན་མེ་དཔུང་འབར་བས་མཚམས་ཆོད་ཅིག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ཧཱུྃ་བཅུའི་མཐར༔ ཨོཾ་བཛྲ་ཀྲོ་ཏ་ཁཊ་ཁ་ཛྭ་ལ་རཀྵ་རཀྵ་ཧཱུྃ༔ དྲུག་པ་བྱིན་ཆེན་འབེབ་པ་ནི༔ སྤོས་རོལ་གདུང་བའི་དབྱངས་བཅས་ལ༔ ཧཱུྃ༔ དུས་གསུམ་བདེ་གཤེགས་ཕྲིན་ལས་རིག་པ་འཛིན༔ རྡོ་རྗེ་གཞོན་ནུ་གསང་འཛིན་རྡོ་རྗེ་ཆོས༔ ལས་ཀྱི་དབང་མོ་པདྨ་ཐོད་ཕྲེང་རྩལ༔ བཱི་མ་མཚོ་རྒྱལ་རྗེ་འབངས་སྤྲུལ་པར་བཅས༔ གནས་འདིར་བྱིན་ཆེན་ཕོབ་ལ་དབང་ཆེན་སྐུར༔ གཞན་ཡང་རྩ་གསུམ་སྲུང་མ་རྒྱ་མཚོའི་ཚོགས༔ མཚན་དཔེའི་སྐུ་ཡི་བྱིན་ཆེན་ལུས་ལ་ཕོབ༔ གྲགས་སྟོང་གསུང་གི་བྱིན་ཆེན་ངག་ལ་ཕོབ༔ ཟུང་འཇུག་ཐུགས་ཀྱི་བྱིན་ཆེན་ཡིད་ལ་ཕོབ༔ སྒྲུབ་རྫས་འདི་ལ་ཟག་མེད་བཅུད་ཅིག་སྩོལ༔ དཀྱིལ་འཁོར་འདི་ལ་བཀྲག་མདངས་གཟི་བརྗིད་བསྐྱེད༔ དངོས་གྲུབ་སྩོལ་བའི་ཐུགས་དམ་དུས་ལ་བབས༔ ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ བདུན་པ་མཆོད་རྫས་བྱིན་བརླབ་ནི༔ རཾ་ཡཾ་ཁཾ༔ དངོས་འཛིན་དྲི་མའི་བག་ཆགས་བསྲེགས་གཏོར་བཀྲུས༔ རང་བྱུང་བདུད་རྩི་ཟག་མེད་མྱོང་གྲོལ་སྨན༔ དུག་ལྔ་དབྱིངས་བསྒྲལ་རཀྟའི་རྦ་ཀློང་འཁྲུགས༔ བྷ་ལིང་དམ་རྫས་བདེ་སྟོང་མཉམ་པར་སྦྱོར༔ ཉེར་སྤྱོད་རྣམ་ལྔ་ཡུལ་དྲུག་རང་གྲོལ་རྫས༔ ཀུན་བཟང་མཆོད་པའི་རྣམ་འཕྲུལ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་པུ་ཛ་ཨཱཿཧཱུྃ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་རཀྟ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱ༔ཧཱུྃ་མ་ཧཱ་བྷ་ལིང་ཏ་ཧཱུྃ་ཧྲཱིཿཋཱ༔ བརྒྱད་པ་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ རང་རིག་ཡེ་ཤེས་ཡེ་ནས་རང་གནས་ཀྱང་༔ དོན་གྱི་ལྷ་ཞལ་གློ་བུར་རྟོག་པས་སྒྲིབ༔ རྡོ་རྗེ་སྙིང་པོའི་དཀྱིལ་འཁོར་འདིར་ཞུགས་ནས༔ མངོན་སུམ་རང་བབས་གནས་ལུགས་མཇལ་བའི་ཕྱིར༔ ཡོངས་གྲུབ་དབྱིངས་ཀྱི་སྒོ་ཕྱེ་བརྡ་ཕྱག་འཚལ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ན་མ་ཡ་ཏི༔ དགུ་པ་དམ་བཅའ་བཟུང་བ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར་ཞུགས་ནས༔ ཇི་སྲིད་དཔལ་ཆེན་གོ་འཕང་མ་ཐོབ་བར༔ དེ་སྲིད་སྒྲུབ་པ་མཆོག་ལ་རྩེ་གཅིག་ཏུ༔ སྲོག་གི་ཕྱིར་ཡང་མི་གཏོང་བཟུང་བར་བགྱི༔ ཙིཏྟ་བཛྲ་ས་མ་ཡཱ་ཧཱུྃ༔ བཅུ་པ་བཤགས་པ་བྱ་བ་ནི༔ ཧཱུྃ༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ་ཚོགས་དགོངས༔ བདག་ནི་ཐོག་མེད་དུས་ནས་ད་བར་དུ༔ ལས་དང་ཉོན་མོངས་དབང་གྱུར་ཉམས་ཆག་རྣམས༔ རང་གནོང་འགྱོད་པས་བསྐང་ཞིང་བཤགས་པར་བགྱི༔ ཡི་གེ་བརྒྱ་པ་བརྗོད་ཅིང་མཉམ་པར་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡིས་སྔོན་འགྲོའི་ཆོས་བཅུ་ཚང་༔ དངོས་གཞི་ལ་བཅུ་ཕྲིན་ལས་བསྟན༔ དང་པོ་ལྷ་ཡི་བསྐྱེད་རིམ་ནི༔ ནང་གསེས་རིམ་པ་གསུམ་གྱིས་བསྟན༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཧཱུྃ༔ ཆོས་རྣམས་མི་དམིགས་སྤྲོས་དང་བྲལ༔ བརྗོད་མེད་ཡང་དག་དེ་བཞིན་ཉིད༔ གཟུང་འཛིན་སྤང་བླང་མཐའ་ལས་འདས༔ རྡོ་རྗེ་གཞོན་ནུ་དེ་ལྟར་སྨྲ༔ དྷརྨཱ་དྷརྟུ་ཨཱཿ གཉིས་པ་ཀུན་ཏུ་སྣང་བའི་ཏིང་འཛིན་ནི༔ དེ་བཞིན་ཉིད་ནི་སྤྲོས་མེད་ཀྱང་༔ ལོག་རྟོག་ཞིང་བཅུ་དབྱིངས་སྒྲོལ་བའི༔ ཚད་མེད་སྙིང་རྗེ་ཆེན་པོའི་གདངས༔ རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད༔ མ་ཧཱ་ཀ་རུ་ཎི་ཀ་དྷ་ར་ཧཱུྃ༔ གསུམ་པ་རྒྱུ་ཡི་ཏིང་འཛིན་ནི༔ ཧཱུྃ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གདངས༔ རང་རིག་གནམ་ལྕགས་རྡོ་རྗེ་ཧཱུྃ༔ མཚོན་ཆ་སྔོན་པོ་འོད་དུ་འབར༔ སྟོང་ཉིད་དབྱིངས་ལས་འཇའ་ལྟར་ཤར༔ དེ་ལས་རཾ་ཡཾ་ཁཾ་འཕྲོས་པས༔ དངོས་འཛིན་བསྲེགས་གཏོར་དག་པར་སྦྱངས༔ ཨེ་མཐིང་ཀུན་བཟང་ཡུམ་གྱི་མཁའ༔ ཡཾ་འཕྲོས་རླུང་དཀྱིལ་དམ་ཚིག་སྒྲོལ༔ རཾ་ལས་ཁྲག་མཚོ་མ་ཀིའི་ཀློང་༔ སུཾ་འཕྲོས་ཤ་ཆེན་བརྡལ་བའི་གཞི༔ རྒྱ་ཁྱོན་མཐའ་ཀླས་སྤྱན་མའི་མཁར༔ རཾ་འཕྲོས་མེ་དཔུང་གོས་དཀར་མོ༔ ཀེཾ་འཕྲོས་རུས་པའི་རི་རབ་སྟེང་༔ ཁ་དོག་ལྔ་ལྡན་བྷྲུཾ་ཡིག་ལས༔ ཕྱི་ནི་རིན་ཆེན་རྣམ་ལྔ་འབར༔ ནང་ནི་ཐོད་པ་སྐམ་རློན་བརྩེགས༔ གནམ་ལྕགས་ཞུན་མའི་ཞལ་བ་བྱས༔ ཀླུ་བརྒྱད་ཀ་གདན་བརྟན་ཅིང་བརྗིད༔ ལྷ་བརྒྱད་ཀ་བ་མཛེས་ཤིང་རྔམས༔ གཟའ་བརྒྱད་གདུང་མ་ཕྱོགས་མཚམས་བྲེས༔ ཉི་ཟླའི་ཀ་ཞུ་འོད་དུ་འཚེར༔ རྒྱུ་སྐར་དྲལ་ཕྱམ་ཞིང་ཆེན་ཐོག༔ རྡོ་རྗེའི་ར་ཐེམ་གནམ་ལྕགས་སྒོ༔ སྦྲུལ་ནག་ཟར་ཚག་ཞིང་ལྤགས་འཕན༔ མི་རོའི་རྒྱལ་མཚན་ཐོད་པའི་པད༔ རྡོ་རྗེ་ཙིཏྟའི་ཏོག་གིས་མཚན༔ དེ་དབུས་ལྟེ་བར་གནམ་ལྕགས་ཀྱི༔ འཁོར་ལོ་རྩིབས་བཞི་དེ་མཐར་བཅུ༔ མུ་ཁྱུད་རྡོ་རྗེའི་ར་བས་བསྐོར༔ དབུས་སུ་པད་ཉིར་བདུད་བཞི་བསྣོལ༔ དེ་སྟེང་རིག་པ་རྡོ་རྗེ་ཧཱུྃ༔ མཐིང་ནག་དབྱིངས་ནས་ཕྲ་ཐབས་བབས༔ ཡོངས་གྱུར་དཔལ་ཆེན་ཁྲོ་བོའི་རྒྱལ༔ རྡོ་རྗེ་གཞོན་ནུ་མཐིང་ནག་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་བཞད༔ གཡས་པས་རྡོ་རྗེ་རྩེ་དགུ་དང་༔ གསེར་རྡོར་རྩེ་ལྔ་གཡོན་པ་ཡིས༔ ཁ་ཊཱཾ་མེ་དཔུང་མཐའ་གཉིས་ཀྱིས༔ རི་རབ་ཕུར་པ་ཐུགས་ཀར་འདྲིལ༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ ཞབས་བཞིས་འདོར་སྟབས་བདུད་བཞི་བརྫིས༔ དབུ་སྐྲ་དམར་སེར་གྱེན་དུ་འབར༔ ཐོད་སྐམ་རིགས་ལྔའི་ཅོད་པཎ་ལ༔ མཐིང་ལྗང་དར་གྱི་གསང་འཕྲུལ་གཡོ༔ དུར་ཁྲོད་རོལ་པའི་ཆས་བརྒྱད་གསོལ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་ལྗང་༔ གཡས་པས་ཨུཏྤལ་དྲིལ་བུ་འཁྱུད༔ གཡོན་པས་དུང་ཁྲག་ཞལ་དུ་སྟོབ༔ བརྐྱང་བསྐུམ་ཡབ་ཀྱི་སྐེད་ལ་འཁྲིལ༔ དབུ་སྐྲ་ཁམ་སེར་ཐུར་དུ་འཁྲོལ༔ ༈ རུས་རྒྱན་གཟིག་ཤམ་ཁྲོ་མོའི་ཆས༔ མི་བཟད་རྔམས་པའི་གད་རྒྱངས་སྒྲོགས༔ ཤར་དུ་ལྷ་བདུད་ཕོ་མོའི་སྟེང་༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ ལྷོ་རུ་ཉོན་བདུད་ཕོ་མོའི་སྟེང་༔ སྲས་མཆོག་རཏྣ་ཀཱི་ལ་ཡ༔ ནུབ་ཏུ་ཕུང་བདུད་ཕོ་མོའི་སྟེང་༔ སྲས་མཆོག་པདྨ་ཀཱི་ལ་ཡ༔ བྱང་དུ་འཆི་བདུད་ཕོ་མོའི་སྟེང་༔ སྲས་མཆོག་ཀརྨ་ཀཱི་ལ་ཡ༔ ཞལ་གཅིག་ཕྱག་གཉིས་ལྕགས་ཕུར་འདྲིལ༔ ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ༔ སྐུ་སྟོད་ཁྲོ་བོ་འཇིགས་པའི་གཟུགས༔ སྐུ་སྨད་ཞི་རྒྱས་དབང་དྲག་གི༔ ཕུར་དབལ་རྣོ་ངར་བདུད་བཞིར་གཟིར༔ དེ་རྒྱབ་འཁོར་ལོ་རྩིབས་བཅུ་ལ༔ རྣམ་རྒྱལ་ལ་སོགས་ཁྲོ་བོ་བཅུ༔ ༈ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ དུར་ཁྲོད་ཆས་རྫོགས་ཕུར་པ་འདྲིལ༔ ཕྱོགས་མདོག་མཚམས་མཐིང་སྟེང་འོག་གཉིས༔ དཀར་ནག་འདོར་སྟབས་པད་ཉི་དང་༔ ཕྱོགས་སྐྱོང་ཕོ་མོ་བསྣོལ་སྟེང་བཞུགས༔ སྒོ་བཞིར་པད་ཉི་ཞིང་གདན་ལ༔ ཛཿཧཱུྃ་བཾ་ཧོ་སྤྲོས་པ་ལས༔ སྒོ་བ་བཞི་དང་ཕྱག་བརྙན་རྣམས༔ རང་རང་གཙོ་བོའི་དཔུང་པར་སྤྲུལ༔ ཁྱམས་ལ་དབང་ཕྱུག་ཉི་ཤུ་བརྒྱད༔ ཕུར་སྲུང་དམ་ཅན་བཅུ་དྲུག་སོགས༔ གཙོ་འཁོར་ཉི་མའི་འོད་ཟེར་ལྟར༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ༔ དེ་ནས་མཚན་མ་རྫས་ཕུར་ལ༔ བྱུག་བདུག་བྲབ་པ་སྔོན་སོང་ནས༔ དབང་བསྐུར་རྒྱས་འདེབས་འདི་ལྟར་བྱ༔ བདག་ཉིད་རྩ་བའི་དཀྱིལ་འཁོར་ནི༔ དཔལ་ཆེན་ཡབ་ཡུམ་བསྒོམ་པ་འོ༔ ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ནི༔ ཕྱོགས་མཚམས་ཁྲོ་བཅུ་གསལ་བ་འོ༔ མཚན་མའི་ཕུར་པ་སྲས་མཆོག་ནི༔ ཕུར་པ་རྫས་ཀྱི་དཀྱིལ་འཁོར་རོ༔ རང་ཉིད་དཔལ་ཆེན་ཐུགས་ནས་འོད་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་ཀུན་རིགས་ལྔའི་རྣམ་པར་བྱོན༔ ཡུམ་ལྔས་དབང་བསྐུར་སྐུ་གང་དྲི་མ་དག༔ ཆུ་ལྷག་ཡར་ལུད་དོན་གྲུབ་དབུ་བརྒྱན་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ གཉིས་པ་སྤྱན་འདྲེན་པ་ནི༔ ཧཱུྃ༔ འོག་མིན་ཆོས་དབྱིངས་ཕྲིན་ལས་གྲུབ་པ་ནས༔ ཡེ་ཤེས་ཕུར་པ་རྡོ་རྗེ་གཞོན་ནུའི་ལྷ༔ ཡབ་ཡུམ་སྲས་དང་སྒོ་སྐྱོང་སྤྲུལ་བར་བཅས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ དེང་འདིར་རྡོ་རྗེའི་རྣལ་འབྱོར་བདག་ཅག་གིས༔ སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་མ་ལུས་མྱུར་ཐོབ་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་མ་ལུས་འདིར་གཤེགས་ནས༔ ཕྲིན་ལས་གྲུབ་པའི་རྟགས་མཚན་བཟང་པོ་སྟོན༔ ཁམས་གསུམ་དབྱིངས་སྒྲོལ་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལ་ཡ་བཛྲ་ས་མ་ཡཱ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དུར་ཁྲོད་མེ་དཔུང་འབར་བའི་ཕོ་བྲང་འདིར༔ ཕྲིན་ལས་བདུད་འདུལ་དཔལ་ཆེན་ཕུར་པའི་ལྷ༔ པད་ཉི་བདུད་བཞི་བསྣོལ་བའི་གདན་ཁྲི་ལ༔ དམ་ཡེ་དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཛཿཧཱུྃ་བཾ་ཧོ༔ ས་མ་ཡཱ་ཏིཥྛ་ལྷན༔ བཞི་བ་ཕྱག་འཚལ་བ་ནི༔ ཧཱུྃ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཀུན་གྱི་ཕྲིན་ལས་པ༔ སྲིད་གསུམ་བདག་མེད་ཀློང་དུ་སྒྲོལ་མཛད་པའི༔ ཆོས་དབྱིངས་ངང་ནས་རང་ཤར་ཕུར་པའི་ལྷར༔ མི་འབྲལ་རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ལྔ་པ་ཕྱི་མཆོད་འབུལ་བ་ནི༔ ཧཱུྃ༔ ཡུལ་ལྔའི་དྭངས་མ་མེ་ཏོག་ཚིལ་སྤོས་དུད༔ ཞུན་ཆེན་སྒྲོན་མེ་ཁྲག་མཁྲིས་སྦྱར་བའི་ཆབ༔ ཤ་རུས་ཞལ་ཟས་ཐོད་རྔ་རྐང་གླིང་སྒྲ༔ སྲིན་པོའི་ཉེར་སྤྱོད་བསྟན་དགྲ་སྒྲོལ་ཕྱིར་འབུལ༔ ཨོཾ་ཤྲི་བཛྲ་ཀུ་མ་ར་པུཥྤེ་སོགས་ནས་ཤཔྟ་པཱུ་ཛཱ་མེ་གྷ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ དྲུག་པ་ནང་མཆོད་ལ༔ དང་པོ་སྨན་མཆོད་ནི༔ ཧཱུྃ༔ ཉོན་མོངས་བདུད་བཞི་འཇོམས་པའི་ཡེ་ཤེས་རྩི༔ བཟང་ངན་གཙང་སྨེ་བྲལ་བའི་ཏིང་འཛིན་གྱིས༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཟག་མེད་སྨན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧཱི༔ དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་དང་༔ རྒྱུད་ཀུན་བསྡུས་མཛད་གསང་བདག་རྡོ་རྗེ་ཆོས༔ བཀའ་ཡི་གཉེར་འཛིན་ལས་ཀྱི་དབང་མོ་ཆེ༔ ཕུར་པའི་རིག་འཛིན་ཆེན་པོ་པྲ་བྷ་ཝར༔ བདུད་རྩི་སྨན་འདི་འབུལ་ལོ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧཱི༔ བདག་ཉིད་སྣང་སྲིད་ཟིལ་གནོན་ཐོད་པ་རྩལ༔ ཕྲིན་ལས་བཀའ་བབས་མཚོ་རྒྱལ་ལྕམ་དྲལ་དང་༔ དག་སྣང་ལུང་བསྟན་ཆོས་ཀྱི་བདག་པོ་སོགས༔ དཀྱིལ་འཁོར་ལྷ་ཚོགས་ཕུར་སྲུང་དམ་ཅན་ལ༔ བདུད་རྩི་སྨན་འདི་འབུལ་ལོ་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧཱི༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཟག་མེད་བདུད་རྩི་ཐབས་ཀྱི་ཨ་མྲྀ་ཏ༔ ཤེས་རབ་རྨ་མེད་པདྨའི་སྣོད་དུ་བསྐྱིལ༔ མཐེབ་སྲིན་ཧཱུྃ་མཱུཾ་དམ་ཚིག་ལྕེ་ཡིས་བླངས༔ སྣང་སྲིད་བདེ་སྟོང་གསང་གསུམ་དངོས་གྲུབ་སྩོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ གཉིས་པ་རཀྟའི་མཆོད་པ་ནི༔ ཧཱུྃ༔ དུག་ལྔ་རང་གྲོལ་རྩ་བའི་རཀྟ་དང་༔ཞིང་བཅུའི་སྙིང་ཁྲག་ཞེ་སྡང་བསྒྲལ་བའི་དམར༔ བཅུ་དྲུག་རྗེས་སུ་མཉམ་སྦྱོར་ཆགས་པའི་ཁྲག༔ ཆགས་བྲལ་ཆགས་ཆེན་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གསུམ་པ་གཏོར་མའི་མཆོད་པ་ནི༔ ཧཱུྃ༔ བྷན་དྷ་འབར་བའི་རང་བྱུང་སྣོད་མཆོག་ཏུ༔ ལིང་ག་འདོད་ཡོན་བཟའ་བཏུང་གཏོར་མ་བཤམས༔ རྩི་བཅུད་ཕྱི་ནང་གསང་བའི་དམ་རྫས་ཚོགས༔ རྩ་གསུམ་ཡོངས་རྫོགས་ཕུར་པའི་ལྷ་ལ་འབུལ༔ མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ བདུན་པ་གསང་བའི་མཆོད་པ་ལ༔ གཉིས་ཏེ་དང་པོ་སྦྱོར་བ་ནི༔ ཨེ༔ ཤིན་ཏུ་གསང་བ་ཤེས་རབ་ཡུམ་གྱི་མཁར༔ དཀྱིལ་འཁོར་གསུམ་ལྡན་ཡབ་ཀྱི་རྡོ་རྗེ་སྦྱོར༔ དག་པ་རྣམ་གསུམ་དཀར་དམར་མྱོས་བྱེད་རྫས༔ ཐབས་ཤེས་མཉམ་སྦྱོར་ཕུར་པའི་ལྷ་ལ་འབུལ༔ མ་ཧཱ་མུ་དྲ་ར་ག་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ཁཱ་ཧི༔ གཉིས་པ་སྒྲོལ་བ་ནི༔ ཧཱུྃ༔ རང་བྱུང་ཡོངས་གྲུབ་ཆོས་དབྱིངས་བྲུབ་ཁུང་དུ༔ ལོག་རྟོག་ཞིང་བཅུའི་དགྲ་བགེགས་དམ་སྲི་བཀུག༔ བདག་མེད་རྟོགས་པའི་རང་རིག་ཕུར་བུས་བསྒྲལ༔ སྲིད་གསུམ་དབྱིངས་སྒྲོལ་དཔལ་ཆེན་ལྷ་ལ་འབུལ༔ མ་ཊཾ་རུ་ཊ་མཱ་ར་ཡ་ཕཊ་ཏ་ན་པཱུ་ཛ་ཧོ༔ བརྒྱད་པ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཨོཾ༔ སྣང་བ་གཟུགས་ཀུན་ཡེ་ནས་ལྷ་རུ་ཤར༔ ཨཱཿ གྲགས་པའི་སྒྲ་རྣམས་རང་བྱུང་རྡོ་རྗེའི་གསུང་༔ ཧཱུྃ༔ དྲན་རྟོག་གང་འགྱུ་ཆོས་དབྱིངས་ཐུགས་ཀྱི་ངང་༔ སྣོད་བཅུད་སྐུ་གསུང་ཐུགས་སུ་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ༔ དགུ་པ་བསྟོད་པ་ནི༔ ཧཱུྃ༔ དཔལ་ཆེན་བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ནི་འབར་བ་ཆེན་པོ་གར་དགུར་ལྡན༔ གསུང་གི་རྔམས་པའི་གད་རྒྱངས་ལོག་འདྲེན་འདུལ༔ ཐུགས་མཆོག་སྐྱེ་མེད་ཆོས་དབྱིངས་ཀློང་དུ་སྦྱོར༔ བདུད་བཞི་དམ་སྲིའི་དཔུང་ཚོགས་འཇོམས་ལ་བསྟོད༔ ཞེ་སྡང་གདོན་འདུལ་བཛྲ་ཀཱི་ལ་ཡ༔ ང་རྒྱལ་བགེགས་འཇོམས་རཏྣ་ཀཱི་ལ་ཡ༔ འདོད་ཆགས་དུག་གཞོམ་པདྨ་ཀཱི་ལ་ཡ༔ ཕྲག་དོག་ཚར་གཅོད་ཀརྨ་ཀཱི་ལ་ཡ༔ སྲས་མཆོག་རིགས་བཞིའི་ལྷ་ལ་ཕྱག་འཚལ་བསྟོད༔ གཟའ་ཀླུ་དྲི་ཟ་གཤིན་རྗེ་གནོད་སྦྱིན་དང་༔ མེ་རླུང་སྲིན་པོ་དབང་ལྡན་ས་བདག་གདོན༔ སྲུང་བཟློག་གདུལ་ལ་དཔའ་བའི་ཁྲོ་རྒྱལ་བཅུ༔ ཡབ་ཡུམ་ཟ་གསོད་སྤྲུལ་བར་བཅས་ལ་བསྟོད༔ པུ་ཤུད་སྐྱ་ཀ་སྲིན་བྱ་ཁྲ་ཡི་མགོ༔ ལྕགས་ཀྱུ་ཞགས་སྒྲོག་དྲིལ་བུས་དགྲ་བགེགས་རིགས༔ འགུགས་འཆིང་སྡོམ་མྱོས་ལས་མཛད་སྒོ་སྲུང་བཞི༔ དཔལ་གྱི་བཀའ་སྲུང་ཕྲིན་ལས་སྒྲུབ་ལ་བསྟོད༔ ཤྭ་ན་ས་བདག་རེ་ཏི་སྐྱེས་བུ་བཞི༔ ཕུར་པའི་རིག་འཛིན་ཡོངས་ཀྱི་བར་ཆད་སེལ༔ དངོས་གྲུབ་མྱུར་དུ་འཐོབ་པའི་སྡོང་གྲོགས་མཛད༔ བཀའ་གཏེར་སྲུང་མར་བཅས་ལ་ཕྱག་འཚལ་བསྟོད༔ བཅུ་པ་འཛབ་ཀྱི་རྒྱུད་བསྐུལ་ནི༔ ཧཱུྃ༔ ཐུགས་དམ་བསྐུལ་ལོ་དཀྱིལ་འཁོར་གཙོ་དང་འཁོར༔ ཡེ་ནས་མ་སྐྱེས་ཤེས་རབ་ཡུམ་གྱི་མཁར༔ རང་བཞིན་རིག་པ་ཐབས་ཀྱིས་བྲོ་གར་བསྒྱུར༔ ཇི་སྲིད་རྡོ་རྗེ་གཞོན་ནུ་མ་འགྲུབ་པར༔ དེ་སྲིད་སྒྲུབ་པའི་དམ་བཅའ་སྙིང་ལ་གདབ༔ རྡོ་རྗེ་སྲིན་པོའི་འཛབ་དབྱངས་རྒྱུན་མི་གཅོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ རྩ་བའི་སྔགས་འདི་འབྲུ་འབུམ་གསུམ༔ གྲངས་བསྙེན་དུས་བསྙེན་ཟླ་བ་དྲུག༔ རྟགས་ནི་དངོས་ཉམས་རྨི་ལམ་དུ༔ སྐུ་མཐོང་སྔགས་ཐོས་ཕྱག་མཚན་རྙེད༔ སྒྲུབ་པའི་སྔགས་ནི་བཅོ་ལྔ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ འདི་ཡང་འབྲུ་འབུམ་རྟགས་དང་སྦྱར༔ གཞི་སྙིང་སྤྱི་དྲིལ་སྔགས་འདིའོ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོ༔ ཀ་ཏཾ་ཀ་ཡེ༔ ཛ་ཡ་བི་ཛ་ཡེ༔ ཨ་ཛིཏྟ་ཨ་པ་ར་ཙིཏྟ༔ མ་ར་ས་ན་པྲ་མརྡ་ན་ཡེ་སརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ གཞན་ཡང་འཁོར་སྔགས་ལས་སྦྱོར་སྔགས༔ གཞན་དུ་ཤེས་ཏེ་དེ་ཀར་ལྟོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་ཚོགས་ཀྱི་དགའ་སྟོན་བྱ༔ དེ་ལ་རྣམ་གྲངས་བཅུ་ཡིན་ཏེ༔ ཟན་དང་ཤ་ཆང་དཀར་དང་མངར༔ རི་སྒོག་ཀླུང་སྒོག་ཤིང་ཏོག་སོགས༔ བླང་དོར་མེད་པར་དམ་རྫས་བཤམས༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ རང་ཉིད་དབང་གི་རྒྱལ་པོ་ཧེ་རུ་ཀ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གིས་མི་གཙང་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་འདོད་ཡོན་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཛཿཧཱུྃ་བཾ་ཧོ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ༔ རང་བཞིན་སྤྲོས་བྲལ་འོད་གསལ་ཕོ་བྲང་ནས༔ སྐྱེ་མེད་ཆོས་སྐུའི་ལྷ་ཚོགས་རང་རྩལ་གདངས༔ ལྷུན་གྲུབ་ལོངས་སྐུ་ཞི་ཁྲོའི་སྒྱུ་འཕྲུལ་གར༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ སྲས་དང་ཁྲོ་བཅུ་སྒོ་སྐྱོང་ཕུར་སྲུང་ཚོགས༔ འདོད་ཡོན་ཚོགས་ཀྱི་མགྲོན་ལ་སྤྱན་འདྲེན་གཤེགས༔ བཛྲ་ས་མ་ཡཱ་ཛ༔ གསུམ་པ་ཚོགས་ཕུད་དང་པོ་འབུལ་བ་ནི༔ ཚོགས་ཀྱི་འདོད་ཡོན་ལྷ་མོའི་རོལ་གར་གྱིས༔ དཀྱིལ་འཁོར་ལྷ་ཚོགས་སྐུ་གསུང་ཐུགས་ལ་འབུལ༔ དགྱེས་པ་ཆེན་པོས་བཞེས་ཤིང་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ གྷ་ཎ་ཙཀྲ་པཱུ་ཛ་ཁ་ཧཱི༔ བཞི་པ་བར་བ་བཤགས་པ་འབུལ་བ་ནི༔ ཚོགས་རྫས་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ རྣལ་འབྱོར་བདག་ཅག་ལས་ཉོན་དབང་གྱུར་པས༔ གསང་སྔགས་དབང་མནོས་བསྒྲུབ་པར་དམ་བཅས་ཀྱང་༔ རྩ་བ་ཡན་ལག་དམ་ཚིག་ཉམས་འགལ་རལ༔ མི་འཆབ་འགྱོད་པས་བཤགས་སོ་ཚངས་པར་སྩོལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ ལྔ་པ་ཚོགས་ཀྱི་ཐ་མ་ལ༔ བསྒྲལ་བའི་ལས་བྱེད་འདི་ལྟར་རོ༔ འགུག་གཞུག་ལན་གསུམ་སྔོན་སོང་ནས༔ ཧཱུྃ༔ མ་རིག་ལས་བྱུང་དགྲ་དང་བགེགས༔ ཚོགས་རྫས་ཐ་མའི་རྟེན་ལ་ཁུག༔ སྲས་ཕུར་ལས་ཀྱི་ཧེ་རུ་ཀས༔ རྣམ་ཤེས་སྤར་ནས་ཚེ་བསོད་བསྡུས༔ གཟུགས་ཕུང་ལྷ་ཚོགས་ཞལ་དུ་བསྟབས༔ མ་ཧཱ་ཧ་ལ་པཉྩ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཞེས་བསྟབས་ཤིང་༔ ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་བཟའ་བཏུང་བསྣོལ་མར་དྲངས་ཏེ༔ ཨེ་མ་དགོངས་ཤིག་རྡོ་རྗེ་རྒྱལ་པོ་ཆེ༔ ཤེས་རབ་རིག་མ་མཆེད་དང་ལྕམ་དྲལ་སོགས༔ བླང་དོར་བྲལ་བའི་དམ་རྫས་འདོད་ཡོན་ལྔ༔ རང་བཞིན་མཉམ་པ་ཆེན་པོའི་ཀློང་དུ་རོལ༔ བླ་མས་པད་སྐོར་དང་རྩེ་གསུམ་ཕྱག་རྒྱས་རེག་ཅིང་བླངས་ཏེ༔ ཧཱུྃ་ཧྲཱིཿ རང་བཞིན་བརྟགས་ན་མ་གྲུབ་པའི༔ ཆོས་ཀུན་ཆོས་དབྱིངས་ཀློང་དུ་མཉམ༔ ཕུང་ཁམས་ལྷ་ལ་མཆོད་པ་འབུལ༔ ཚོགས་རྫོགས་ལམ་གྱི་སྒྲིབ་དག་ཤོག༔ ཨ་ལ་ལ་ཧོ༔ དྲུག་པ་ལྷག་མ་བསྔོ་བ་ནི༔ ཡར་མར་བསྲེས་ལ་ཞལ་ཆབ་བྲན༔ ཧཱུྃ༔ བདེ་གཤེགས་ཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་གྱི༔ མུ་རན་ལ་གནས་བཀའ་ཡི་འབངས་གྱུར་པ༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅུ་དྲུག་སོགས༔ ལྷག་མའི་ཞལ་ཆབ་བདུད་རྩིའི་གཏོར་མ་ལོངས༔ སྒྲུབ་པའི་བར་ཆད་དབྱིངས་སུ་བསལ་དུ་གསོལ༔ ཨོཾ་བཛྲ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧཱུྃ༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ བསྐུལ་ལོ་ཐུགས་དམ་གཉན་པོ་དབྱིངས་ནས་བསྐུལ༔ སྒྲོལ་བ་དྲག་པོའི་ལས་ལ་དབང་བསྒྱུར་བ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་དབྱིངས་ནས་བཞེངས༔ སྙིགས་དུས་རྒྱལ་བསྟན་བཤིག་ཅིང་འགྲོ་ལ་འཚེ༔ བདུད་དང་དམ་སྲི་འབྱུང་པོའི་ཁ་དར་ན༔ ལྷ་ཁྱོད་ཞི་བའི་དབྱིངས་སུ་མནལ་ལམ་ཅི༔ མ་གཡེལ་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཆོས་མཛད་ཉམས་དམའ་སྡིག་སྤྱོད་དབུ་འཕང་མཐོ༔ ཆོས་ཁྲིམས་རྒྱུ་འབྲས་མི་བརྩི་མནའ་ཆད་གཏོང་༔ གསང་ཆེན་རྡོ་རྗེའི་དམ་རྒྱ་འཆོལ་སྤྱོད་ན༔ ཞིང་བཅུའི་དགྲ་གདོན་མ་ལུས་ཆམ་ལ་ཕོབ༔ བརྒྱད་པ་ཆད་མདོ་བསྒྲགས་པ་ནི༔ གཏོར་མ་སྨན་དང་རཀྟ་བྲན༔ འབྲུ་གསུམ་བདུད་རྩིར་བྱིན་བརླབས་ཏེ༔ ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་ཆོས་དབྱིངས་ཕོ་བྲང་དུ༔ རང་བྱུང་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡིས༔ གསང་བདག་རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་ལ༔ ཕུར་པ་ཕྲིན་ལས་རྒྱུད་རྣམས་བཀའ་བསྩལ་ཚེ༔ ཡེ་ཤེས་ཌཀྐི་སེམས་དཔའ་ལྕམ་དྲལ་གྱིས༔ ཕུང་ལྔའི་བག་ཆགས་དབྱིངས་སུ་སྒྲོལ་བ་དང་༔ སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པ་རྣམས༔ ཡེ་ཤེས་ཕུར་བུ་འགྲུབ་པའི་དམ་བཅས་ལྟར༔ དོན་དམ་དབྱིངས་ཀྱི་གཏོར་མ་འདི་ལོངས་ལ༔ མཉམ་གྲོལ་ཆོས་སྐུ་རྟོགས་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་རི་རབ་མེ་རི་འབར་བ་རུ༔ གསང་བདག་དཔའ་བོས་རིགས་ཅན་དྲ་མ་ལྔར༔ གསང་ཆེན་རྒྱུད་རྣམས་བཤད་ཅིང་གཏད་པ་དང་༔ མཁའ་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་ཆེས༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་རུ༔ གྲུབ་པའི་རིག་འཛིན་པྲ་བྷ་ཧསྟི་དང་༔ མཚོ་སྐྱེས་སྤྲུལ་སྐུ་པདྨ་ཐོད་ཕྲེང་ལ༔ ཕྲིན་ལས་རྒྱུད་རྣམས་གཏད་རྒྱ་བཀྲོལ་བའི་ཚེ༔ གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོ་ཡིས༔ རྣལ་འབྱོར་ཚེ་བསྲིང་བར་ཆད་བསལ་བ་དང་༔ མཆོག་ཐུན་དངོས་གྲུབ་སྩོལ་བར་དམ་བཅས་བཞིན༔ དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ གང་བཅོལ་ཕྲིན་ལས་ཐོགས་མེད་གྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་མོན་ཁ་སེང་གེ་རྫོང་གསུམ་དུ༔ རྒྱ་གར་མཁས་པ་པདྨ་འབྱུང་གནས་ཀྱིས༔ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང་༔ དཔལ་གྱི་དབང་ཕྱུག་ནམ་སྙིང་ཀླུ་དབང་དང༔ རྒྱལ་བའི་བློ་གྲོས་ཨ་ཙར་དཔལ་དབྱངས་སོགས༔ སྤྲུལ་པའི་འབངས་རིགས་ཉི་ཤུ་ཉེ་བ་ལ༔ ཕུར་པ་སྐོར་གསུམ་གདམས་པས་སྨིན་བྱས་ཚེ༔ ཕུར་སྲུང་བཅུ་དྲུག་གཉན་ཆེན་ཐང་ལྷ་ཡིས༔ ཤ་ཁྲག་གཏོར་མ་ལེན་པར་མ་ཆད་དམ༔ རྣལ་འབྱོར་ཚེ་གེགས་སེལ་བར་མ་ཆད་དམ༔ བསྟན་དགྲ་རྨིང་ནས་བརླག་པར་མ་ཆད་དམ༔ ཐ་ཚིག་དམ་རྫས་མཆོད་གཏོར་འདི་ལོངས་ལ༔ ཁས་བླངས་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་དུས་ངན་སྙིགས་མའི་མར་གཤམ་འདིར༔ རང་སྣང་པདྨ་འོད་ཀྱི་གཞལ་ཡས་ཁང་༔ སྤྲུལ་པའི་གང་ཟག་ལུང་རིག་གླིང་པ་ལ༔ རིག་འཛིན་ཆོས་རྒྱལ་པདྨ་ཐོད་ཕྲེང་དང་༔ ཤེས་རབ་རྗེ་མོ་ཡེ་ཤེས་མཚོ་རྒྱལ་གྱིས༔ དཔལ་ཆེན་ལྷ་ཚོགས་དཀྱིལ་འཁོར་ཞལ་ཕྱེས་ནས༔ དབང་ཆེན་རྟ་མཆོག་རྒྱལ་པོའི་དཀྱིལ་འཁོར་དུ༔ དབང་བསྐུར་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་ཚེ༔ ཕུར་སྲུང་དམ་ཅན་དྲེགས་པ་སྡེ་བརྒྱད་ཀྱིས༔ ཟབ་ཆོས་བརྒྱུད་འཛིན་སྐྱོང་བར་དམ་བཅས་བཞིན༔ བསྙེན་སྒྲུབ་བརྩམས་ཤིང་སྲུང་མར་གསོལ་མཆོད་ཚེ༔ བར་ཆད་སེལ་ལ་མཐུན་རྐྱེན་ཡིད་བཞིན་སྒྲུབས༔ མཆོག་ཐུན་དངོས་གྲུབ་མ་ལུས་མྱུར་ཐོབ་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་བྷ་ལིང་ཏ་ཁཱ་ཧི༔ དགུ་པ་བསྟན་མའི་གཏོར་མ་ནི༔ བཤལ་ཆུས་བྲན་སྔགས་ཀྱིས་སྦྱངས༔ རྡུལ་ཕྲན་རིན་ཆེན་འདོད་དགུར་བསམ༔ བྷྱོ༔ འཇིག་རྟེན་བོད་ཁམས་བསྟན་པའི་བྱ་ར་བ༔ ཞིང་བཅུའི་སྲོག་གི་གཤེད་མ་བདུད་མོ་བཞི༔ རིན་ཆེན་འདོད་རྒུའི་གཏེར་འཆང་གནོད་སྦྱིན་བཞི༔ རྣལ་འབྱོར་ཚེ་བསོད་སྤེལ་བའི་སྨན་མོ་བཞི༔ དཔོན་གཡོག་སྨན་ཕྲན་འབུམ་གྱི་ཚོགས་དང་བཅས༔ ཟ་འོག་དར་གྱི་ན་བཟའ་ལྷབ་མ་ལྷུབ༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་སི་ལི་ལི༔ དགྱེས་པའི་གླུ་ལེན་བཞད་སྒྲ་དི་རི་རི༔ བསྟན་མ་བཅུ་གཉིས་གཙང་སྦྱོར་བཤོས་བུ་ལོངས༔ བོད་འདིར་རྟག་ཆད་སྟོན་པའི་སྔགས་ལོག་སྒྲོལ༔ ཐུབ་བསྟན་ཆོས་འཁོར་བཤིག་པའི་མཐའ་དམག་ཟློག༔ མི་ཕྱུགས་གློ་བུར་གསོད་པའི་རིམས་ནད་སོལ༔ མུ་གེའི་བང་མཛོད་སྐམ་པའི་འགོང་འདྲེ་སོད༔ བུ་ནོར་ལོངས་སྤྱོད་ཆོས་མཐུན་དངོས་གྲུབ་སྩོལ༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ བཅུ་པ་རྟ་བྲོ་བྱ་བ་ནི༔ གཏོར་གཞོང་རི་རབ་བསམ་པའི་འོག་ཏུ་དམ་སྲི་དགུགས་ལ༔ ཧཱུྃ༔ གཏོར་གཞོང་རི་རབ་བརྟན་བརྗིད་འབར་བའི་འོག༔ རྒབ་འདྲེ་དམ་སྲི་འབྱུང་པོ་མ་ལུས་མནན༔ ཀླུ་བདུད་ཆུ་སྲིན་རྔམས་པའི་གྲེ་བར་བསྡམས༔ ཇི་སྲིད་བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ དེ་སྲིད་དམ་སྲི་ལྡང་མེད་བྲོ་རྒྱས་གདབ༔ ཨོཾ་ལཾ༔ ཨཱཿ ལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ གཏོར་གཞོང་ཡར་བསྟན་འབྲུ་ཡིས་བཀང་༔ སྐབས་སུ་ཚེ་འགུགས་བྱ་བ་ནི༔ ཧཱུྃ༔ གྲུ་གསུམ་ལྗང་ནག་བདུད་བཞི་བསྣོལ་བའི་སྟེང་༔ རྒྱལ་ཀུན་ཕྲིན་ལས་བཛྲ་ཀུ་མཱ་ར༔ འཁོར་ལོ་རྒྱས་འདེབས་ཤེས་རབ་ཡུམ་དང་སྦྱོར༔ ལས་བཞིའི་ཕྲིན་ལས་ཐོགས་མེད་ཀཱི་ལ་ཡ༔ ཕྱོགས་སྐྱོང་ཁྲོ་བཅུ་ཡབ་ཡུམ་སྤྲུལ་འཁོར་དང་༔ ཕོ་ཉ་སྒོ་སྐྱོང་ཕུར་སྲུང་དབྱིངས་ནས་བཞེངས༔ རྣལ་འབྱོར་སྒྲུབ་པོའི་བླ་ཚེ་སྲོག་དབུགས་རྣམས༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་སོགས༔ གདོན་བགེགས་འབྱུང་པོས་བརྐུས་དང་འཕྲོག་པ་དང་༔ བན་སྔགས་བོན་པོས་བྲུབ་དང་གཞོམས་པ་དང་༔ དམ་ཚིག་ཉམས་པས་ལྷ་འདྲེ་ཨར་གཏད་པས༔ ཡོ་འཁྱམས་ཟག་རལ་སྔོན་ལས་ཀྱིས་ཟད་པ༔ སྤྲུལ་པའི་ཕོ་ཉ་ཡེ་ཤེས་འོད་ཟེར་གྱིས༔ འཁྱམས་པ་ཁུག་ལ་ཡོ་བ་དྲང་པོར་བསྲང༔ ཤ་ཁྲག་དྲོད་དབུགས་འབྱུང་བཞིའི་དྭངས་མས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་དེང་འདིར་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨཱ་ཡུརྨ་མ་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་མདའ་དར་གཡབ་ཅིང་ཚོགས་རྫས་རོལ༔ ཡང་དངོས་གྲུབ་ཞུ་བའི་གཏོར་མ་གནས་བཞིར་གཏུགས་ནས༔ ཧཱུྃ༔ དཔལ་ཆེན་ཕྲིན་ལས་གྲུབ་པའི་རིག་པ་འཛིན༔ རྩ་བའི་བླ་མ་ཨོ་རྒྱན་ཐོད་ཕྲེང་རྩལ༔ དཀྱིལ་འཁོར་གཙོ་བོ་ཀརྨ་ཧེ་རུ་ཀ༔ གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ སྤྲུལ་པ་སྲས་བཞི་ཁྲོ་བཅུ་སྤྲུལ་འཁོར་བཅས༔ འདིར་འདུས་རྣལ་འབྱོར་ཕོ་མོའི་ལས་སྦྱོར་ཐེམ༔ རྡོ་རྗེ་སྲིན་པོའི་དངོས་གྲུབ་ཉེ་བའི་ལྟས༔ མ་རིག་མུན་པའི་སྨག་རུམ་སངས་ལ་ཉེ༔ ཡང་གསང་རྟོགས་པའི་ཉི་མ་འཆར་ལ་ཉེ༔ འཆི་མེད་རྡོ་རྗེའི་ཚེ་དང་མི་བརྗེད་གཟུངས༔ མི་ཟད་ལོངས་སྤྱོད་གཏེར་དང་རྒྱུད་འཛིན་བུ༔ ཚེ་འདིར་ལྟ་བ་ཆོས་སྐུའི་བཙན་ས་ཟིན༔ ཐུན་མོང་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི༔ མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན༔ དེང་འདིར་བདག་ལ་མྱུར་དུ་བསྩལ་དུ་གསོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བརྗོད་གནས་གསུམ་དུ་གཏུགས་ཤིང་ཟན་བླང་ངོ་༔ དེ་བཞིན་ཏུ་སྒྲུབ་ཕུར་སོགས་རྫས་གཞན་ལའང་དབང་བླང་ངོ་༔ ས་མ་ཡཱ༔ དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི༔ ལས་ཁྲིགས་བཅུ་ཕྲག་གསུམ་གྱིས་ཚང་༔ ཐུན་སྐབས་རྣམས་སུ་ལྷ་ཚོགས་ལ༔ མཆོད་པས་མཆོད་ཅིང་བསྟོད་པས་བསྟོད༔ ནོངས་པས་བཤགས་པ་འདི་སྐད་དོ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་འདིར་ཞུགས་ཚེ༔ སྒྲུབ་རྫས་ཡོ་བྱད་མ་ཚང་ཏིང་འཛིན་གཡེལ༔ དུག་ལྔའི་དབང་གྱུར་མཆེད་ལྕམ་ཁྲོ་འཁྲུག་རྩུབ༔ མི་དགེའི་ལས་སྤྱོད་གཉིད་ཆགས་འདོད་པས་གཡེངས༔ རྩ་བ་ཡན་ལག་ཉམས་ཆག་ཅི་མཆིས་པ༔ མི་འཆབ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཡི་གེ་བརྒྱ་བས་ནོངས་བཤགས་སྟོང་ཉིད་བསྒོམ༔ བསྐྱེད་པའི་ལྷ་སྐུ་དབྱིངས་སུ་བསྡུ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་ཕུར་པའི་རང་རྩལ་ལས༔ འགགས་མེད་སྣང་བ་མཁའ་ལ་འཇའ་ཚོན་ལྟར༔ རྩོལ་མེད་བྱང་སེམས་ཕུར་པའི་ལྷ་སྐུར་ཤར༔ དམིགས་མེད་ཐུགས་སྲོག་ཡི་གེ་ཧཱུྃ་ལ་བསྡུ༔ ཞབས་ཀྱུ་འ་ཆུང་མགོ་བོ་ཟླ་ཚེས་དང་༔ ཐིག་ལེ་ནཱ་ད་སྟོང་པའི་དབྱིངས་སུ་ཡལ༔ སེམས་ཉིད་འོད་གསལ་རྫོགས་པ་ཆེན་པོའི་ངང་༔ སྣང་སྲིད་ཆོས་སྐུ་མཉམ་པ་ཉིད་དུ་བལྟ༔ ཞེས་བརྗོད་རྫོགས་རིམ་དམིགས་པ་མེད་པའི་ངང་དུ་དར་གཅིག་མཉམ་པར་བཞག༔ དེ་ནས་སྤྱོད་ལམ་ལ་འཇུག་པ་ནི༔ སེམས་ཉིད་སྟོང་པ་དོན་གྱི་ལྷ༔ སྣང་སྟོང་རྡོ་རྗེ་གཞོན་ནུའི་སྐུ༔ བརྟུལ་བཞུགས་སྤྱོད་པ་མཐར་ཕྱིན་ཕྱིར༔ ཀློང་གྱུར་ལྟ་བའི་ང་རྒྱལ་བསྐྱེད༔ གནས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ མཚན་མ་དཔེ་ཡི་ཡི་གེས་སྲུང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨོཾ་ཨཱཿརཀྵ་རཀྵ་ཧཱུྃ་བྷྲུཾ༔ དེ་ནས་བསྔོ་བས་རྒྱས་འདེབས་པ་ནི༔ ཧོ༔ བདག་གི་ཚེ་རབས་འཁོར་བ་ཐོག་མེད་ནས༔ ཐ་མ་ད་ལྟའི་ལུས་འདིའི་བར་དག་ཏུ༔ བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས༔ ཌཀྐིའི་ཚོགས་དང་སྲུང་མ་དམ་ཅན་ལ༔ གསོལ་བ་བཏབ་དང་བསྙེན་སྒྲུབ་གསོལ་མཆོད་འབུངས༔ ཆོས་སྤྱོད་བཅུ་དང་དམན་ལ་བརྟེན་པ་ཡི༔ དགེ་རྩ་མ་ལུས་བསྙེན་སྒྲུབ་འདི་དག་དང་༔ ལྷན་ཅིག་མཐའ་ཡས་འགྲོ་ཀུན་མ་ལུས་པ༔ རྡོ་རྗེ་གཞོན་ནུའི་གོ་འཕང་ཐོབ་ཕྱིར་བསྔོ༔ མི་གནས་ཡེ་ཤེས་མྱ་ངན་འདས་པའི་ཀློང་༔ བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིག་པའི་གནད༔ དོན་གཉིས་ལྷུན་གྲུབ་དགྲ་བགེགས་དབྱིངས་སྒྲོལ་ཤོག༔ ཤིས་པ་བརྗོད་པས་མཐའ་བརྒྱན་ཅིང་༔ དགའ་སྟོན་ཚོགས་ཀྱི་སྟོན་མོ་བྱ༔ ཨོཾ༔ རྡོ་རྗེ་ཕུར་པ་འགྱུར་མེད་སྐུ་ཡི་ལྷ༔ བསྐྱེད་རིམ་ཟབ་མོས་གསལ་བརྟན་མཆོག་ཏུ་གྱུར༔ བདག་གཞན་ལུས་ཀྱི་སྒྲིབ་དག་མཚན་དཔེ་རྫོགས༔ མི་འགྱུར་རྡོ་རྗེའི་སྐུ་ཡི་བཀྲ་ཤིས་ཤོག༔ ཨཱཿ རྡོ་རྗེ་ཕུར་པ་འགགས་མེད་གསུང་གི་ལྷ༔ གྲགས་སྟོང་བཟླས་པའི་སྐྱོན་སྤངས་ཚད་དུ་སྐྱོལ༔ བདག་གཞན་ངག་གི་སྒྲིབ་དག་ཚངས་དབྱངས་སྩོལ༔ འགགས་མེད་རྡོ་རྗེའི་གསུང་གི་བཀྲ་ཤིས་ཤོག༔ ཧཱུྃ༔ རྡོ་རྗེ་གཞོན་ནུ་འཁྲུལ་མེད་ཐུགས་ཀྱི་ལྷ༔ ཡེངས་མེད་ཏིང་འཛིན་ཟབ་མོས་བདག་རྟོག་བསྒྲལ༔ བདག་གཞན་ཡིད་ཀྱི་སྒྲིབ་དག་སྟོབས་བཅུ་རྫོགས༔ མི་ཤིགས་རྡོ་རྗེའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་སིལ་མ་གཅལ་དུ་བཀྲམ༔ ཨེ་མ༔ བདག་འདྲ་རིག་འཛིན་ཐོད་ཕྲེང་རྩལ༔ སྐྱེ་འཆི་མེད་དེ་རྟག་པའི་སྐུ༔ ལས་འཕྲོ་སད་པའི་གང་ཟག་གིས༔ མོས་གུས་ལྕགས་ཀྱུས་འགུགས་ནས་ནི༔ ཞལ་གཟིགས་ལུང་སྟོན་མི་ཟད་གཏེར༔ ཕ་ཕོག་བྱིན་ཏེ་བྲི་གང་མེད༔ དངོས་དང་དག་སྣང་ཟབ་གཏེར་ཡོངས༔ ཐེ་ཚོམ་ཅན་གྱི་གང་ཟག་འགས༔ བརྩམ་ཆོས་ཟོལ་མ་ཡིན་ཞེས་པས༔ རང་གཞན་ངན་འགྲོའི་གཡང་སར་ཁྲིད༔ ཁྱད་པར་ཐུགས་ཀྱི་སྤྲུལ་བ་ཡིས༔ ཡེ་ཤེས་མཚོ་རྒྱལ་ཕྲིན་ལས་སྤྲུལ༔ ཉེར་ལྔ་ཁམས་དབུས་གཙང་དུ་བྱུང་༔ ཤར་ཕྱོགས་རྒྱལ་མོ་རོང་གི་ཆར༔ ཆོས་ལ་དབང་བའི་སྐྱེས་བུ་གསུམ༔ གཅིག་ནི་སྦས་ཚུལ་སྒྲུབ་ལ་བརྩོན༔ གཅིག་ནི་རྟོག་གེ་འཆལ་བའི་གཟུགས༔ གཅིག་ནི་ཁེ་དམན་ཞིག་པོའི་ཚུལ༔ གསུམ་པོ་དེ་ཡི་དག་སྣང་ཆོས༔ སྐབས་སུ་སྤེལ་ཞིང་སྐབས་སུ་གསང་༔ ད་ལྟ་དུས་ཀྱི་བག་ཆགས་སད༔ དངོས་གཏེར་ཇི་བཞིན་གཏན་ལ་ཕབས༔ སོམ་ཉི་སྤོངས་ལ་གུས་པས་ལོངས༔ རབ་ཏུ་ལྡན་པས་ལེགས་པར་དཔྱོད༔ མཎྚ༔ ས་མ་ཡཱ༔ འདིར་སྨྲས་པ། བདག་འདྲ་སྤྲང་བན་ལུང་རིག་གླིང་པ་ང་། །རླུང་གི་རྗེས་འགྲོ་རྩ་ཡི་རྩེ་མོ་བཞིན། །ངག་སྒོ་ཡངས་པས་གཞན་གྱིས་ཁྲེལ་སྲིད་ཀྱང་། །མི་ཡི་མི་མཆོག་བརྫུས་སྐྱེས་སྤྲུལ་སྐུ་དང་། །བོད་ཀྱི་གཉེན་གཅིག་དྲིན་ཆེན་མཚོ་རྒྱལ་དང་། །གྲུབ་དབང་བླ་མ་སོགས་ཀྱིས་རྗེས་སུ་བཟུང་། །སུ་མ་མགུ་ཡང་དལ་འབྱོར་དོན་ལྡན་སྙམ། །འོན་ཀྱང་སྒྲུབ་ལ་བརྩོན་པའི་ཅང་ཤེས་ལ། །ལེ་ལོའི་སྒྲོག་བཅིང་དཀོར་འབྱམས་ཕུར་པས་བཏགས། །མི་ཚེ་སྟོང་ཟད་ད་ནི་འཆི་ལ་ཉེ། །ཅི་བྱས་དོན་མེད་རང་ཞེ་རང་ལ་ཁྲེལ། བླུན་པོའི་ཁྲོད་དུ་མཁས་པའི་ཟོལ་གྱིས་འགྱིང་། མཁས་རློམ་དྲེགས་ཅན་ཕལ་གྱི་གད་མོའི་གནས། །མཁས་པ་པདྨས་ཅུང་ཟད་ཕ་ཕོག་གནང་། །འདི་ལ་མོས་ནས་དང་དུ་བླངས་ན་ཡང་། །རྫུན་གཏེར་བྲག་གི་སེར་ཁ་བྲུས་པ་མིན། །སྔོན་གནས་རྗེས་དྲན་ངེས་དོན་དགོངས་པའི་གཏེར། །ཡིད་མི་ཆེས་ན་ད་དུང་ལེགས་པར་རྟོགས། །ཞེས་ཀྱང་སྨྲས་སོ། །སརྦ་ཛ་གད་དམ།།

རྡོ་རྗེ་ཕུར་པའི་གསོལ་འདེབས་བསྡུས་པ།

༄༅། རྡོ་རྗེ་ཕུར་པའི་གསོལ་འདེབས་བསྡུས་པ་བཞུགས་སོ།། ཨོཾ་ཨཱ༔ཧཱུྃ། ཀུན་བཟང་རྡོར་འཆང་ལས་ཀྱི་དབང་མོ་ཆེ། །པད་འབྱུང་མཚོ་རྒྱལ་ཀུན་བཟང་གཞན་ཕན་པ། །ལུང་རིག་གླིང་པ་ཆོས་བདག་བརྒྱུད་བཅས་ལ། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་རླབས་སྩོལ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཀཱི་ལ་རིགས་བཞི་ཁྲོ་བཅུ་སྒོ་སྲུང་སོགས། །ལྷ་ཚོགས་འཁོར་དང་བཅས་ལ་གསོལ་བ་འདེབས། །དབང་བཞིས་རྒྱུད་སྨིན་སྐུ་བཞི་མངོན་གྱུར་ཤོག །ཅེས་པ་འདི་ཉིད་ཆོས་ལ་དབང་བའི་གང་ཟག་རྡོ་རྗེ་མྱུ་གུ་རྩལ་ཞེས་པས་ཁ་བསྐང་དུ་བྲིས་པས་འགྲོ་ཀུན་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག །དགེའོ།།

ལུས་དཀྱིལ་རྒྱུན་ཁྱེར་དཔའ་བོ་གཅིག་སྒྲུབ།

ཕུར་པ་དམ་སྲི་ཚར་གཅོད་ལས༔ ལུས་དཀྱིལ་རྒྱུན་ཁྱེར་དཔའ་བོ་གཅིག་སྒྲུབ་བཞུགས༔ རང་བཞིན་དབྱིངས་ཀྱི་ལྷ་ལ་འདུད༔ སྒྲུབ་རྫས་ཡོ་བྱད་སྤྲོས་པ་མེད༔ རྒྱུན་གྱི་ཉམས་ལེན་འདི་ལྟར་རོ༔ ཧཱུྃ་ཧཱུྃ༔ དབྱིངས་རིག་ཟུང་འཇུག་ཕུར་པའི་ལྷར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཁམས་གསུམ་སེམས་ཅན་དབྱིངས་སྒྲོལ་ཕྱིར༔ རང་བཞིན་མཉམ་པའི་བསྒོམ་བཟླས་བྱ༔ ཧཱུྃ་ཧཱུྃ༔ ཕྱི་སྣོད་ཆོས་དབྱིངས་དུར་ཁྲོད་དབུས༔ ཉི་མ་བདུད་བཞི་དམ་སྲིའི་སྟེང་༔ དབྱིངས་ནས་རིག་པ་ཆོས་ཀྱི་སྐུ༔ བདུད་འདུལ་རྡོ་རྗེ་གཞོན་ནུ་ཆེ༔ སྣང་སྲིད་ཟིལ་གནོན་ཁྲོ་ཆགས་བཞད༔ ཞལ་གསུམ་སྐུ་གསུམ་དཀར་མཐིང་དམར༔ ཕྱག་དྲུག་ཕར་ཕྱིན་དྲུག་གི་བརྡ༔ རྩེ་དགུ་རྩེ་ལྔ་རྩེ་གསུམ་མེ༔ རི་རབ་ཕུར་འདྲིལ་ཚད་མེད་ཞབས༔ དུར་ཁྲོད་ཆས་བརྒྱད་དཔལ་ཆས་རྫོགས༔ ཤེས་རབ་འཁོར་ལོ་རྒྱས་འདེབས་ཡུམ༔ ཨུཏྤལ་དྲིལ་བུ་དུང་དམར་སྟོབ༔ མཁའ་གསང་མཉམ་སྦྱོར་དཔའ་མོའི་ཆས༔ སྤྱི་བོར་ཁྱུང་ལྡིང་མེ་ཀློང་བཞུགས༔ ༈ གནས་བཅུར་རང་བྱུང་ཁྲོ་རྒྱལ་བཅུ། །གཡས་གཡོན་ཟ་གསོད་ཁྲ་ཐབས་ཚོགས། །ཡན་ལག་ཉིང་ལག་དབང་མོ་དང་། །སྒོ་སྐྱོང་ཕུར་སྲུང་གསལ་བ་ལ། །རྒྱ་ལྷས་སོ།། རྒྱལ་ཀུན་བྱིན་རླབས་གཅིག་ཏུ་རྫོགས༔ གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན༔ མ་རིག་འཁྲུལ་སྣང་དགྲ་བགེགས་གཤེད༔ ཁྲོ་རྒྱལ་སྤྲོ་བསྡུ་སྐར་ལྟར་འཁྲིགས༔ ཧཱུྃ་ཧཱུྃ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ ཐུགས་དམ་དབང་གིས་འདིར་གཤེགས་ཤིག༔ ཕྱག་རྒྱ་བཞི་ཡི་རྟེན་ལ་བཞུགས༔ རང་བབས་ལྟ་བའི་ཀློང་ནས་འདུད༔ ཡུལ་དྲུག་སྤང་བླང་བྲལ་བས་མཆོད༔ ཨོཾ་བདེ་གཤེགས་སྐུ་ལ་འགྱུར་བ་མེད༔ ཨཱ༔བདེ་གཤེགས་གསུང་ལ་འགགས་པ་མེད༔ ཧཱུྃ་ཁྲོ་རྒྱལ་ཐུགས་ལ་འཁྲུལ་བ་མེད༔ གསང་གསུམ་ཡོན་ཏན་རྫོགས་ལ་བསྟོད༔ སྒོ་གསུམ་ལྷ་སྔགས་ཏིང་ངེ་འཛིན༔ སྒོམ་མེད་ཡེངས་མེད་དྲན་པའི་ཛཔ྄༔ རྒྱུན་ཆད་མེད་པའི་ངང་ནས་བསྙེན༔ བདེ་གཤེགས་ཡོངས་རྫོགས་རྩ་བའི་སྔགས༔ ཨོཾ་ཨཱ༔ཧཱུྃ༔ ཞེས་རྡོ་རྗེའི་བཟླས་པ་བྱ༔ བློ་ཆུང་ཤུབ་བུར་འབུམ་ལྔ་བཟླ༔ ཕུར་པ་ཀུན་འདུས་ཕྲིན་ལས་ཀྱི༔ སྒྲུབ་པའི་སྔགས་ལ་བརྩོན་འགྲུས་བསྐྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨོཾ་ཕཊ༔སྒྲོམ་དུ་འབྲུ་དགུ་སྦ༔ འབུམ་ཕྲག་དགུ་ཡིས་རྟགས་འབྱུང་ངེས༔ གསང་བའི་ངང་ནས་སྒྲུབ་པ་ན༔ མཐའ་ཡི་འདྲེ་བཞི་འདི་ཡིས་ཐུལ༔ ཐུན་མོང་ལས་བཞི་འདི་ཡིས་འགྲུབ༔ མཆོག་གི་ས་ལ་འདི་ཡིས་རེག༔ དེ་ཕྱིར་པདྨའི་ཐུགས་ཐིག་གོ༔ རྗེས་ལ་ཧཱུྃ་ཞེས་དབྱིངས་སུ་བསྡུ༔ ཕཊཿཀྱིས་ལྷར་ལྡང་དགེ་བ་བསྔོ༔ སྤྱོད་ལམ་ཆོས་སྤྱོད་ཆགས་མེད་བྱ༔ དབྱིངས་ཀྱི་སྒྲོམ་ནས་དབྱིངས་ཀྱི་ཆོས༔ དབྱིངས་ཀྱི་ཌཱཀྐིའི་བརྡ་རིས་ནི༔ ཕལ་པའི་བློ་ཡི་སྤྱོད་ཡུལ་མིན༔ ལོག་སྲེད་ཅན་ལ་རྒྱ་གསུམ་སྨོས༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས༔ གུ་ཧྱ༔ ཞེས་རིག་འཛིན་ཆེན་པོ་ལུང་རིག་གླིང་པ་འགྲོ་འདུལ་རྩལ་གྱིས་དགོངས་པ་མི་འགྱུར་དབྱིངས་ཀྱི་ཆོས་སྡེ་ལས་བྱུང་བ་དུས་གསུམ་དུ་དགེ་ཞིང་། ཆོས་བརྒྱུད་འཛིན་པའི་གང་ཟག་རྣམས་ཀྱི་བར་ཆད་དམ་སྲིའི་དཔུང་ཚོགས་རྨིང་མེད་དུ་བརླགས་ཏེ་ཆོས་སྲིད་མངའ་ཐང་ཐམས་ཅད་གོང་ནས་གོང་དུ་སྤེལ་ཞིང་བཀྲ་ཤིས་པར་གྱུར་ཅིག ཛ་ཡནྟུ།

ལུས་དཀྱིལ་རྒྱུན་ཁྱེར་གྱི་རྗེས་ཆོག་མགོ་སྤྲུལ་གྱིས་མཛད་པ།

༄༅། ལུས་དཀྱིལ་རྒྱུན་ཁྱེར་གྱི་རྗེས་ཆོག་ནི། ཨོཾ་ཤྲཱི་བཛྲ་ཀཱུ་མ་ར་ས་པ་རི་ཝ་ར་ཨརྒྷཾ་སོགས་ནས། ཤཔྟ་པྲ་ཏིཙྪ་པཱུ་ཛ་ཨཱ༔ཧཱུྃ། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པུ་ཛ་ཨཱ༔ཧཱུྃ། བསྟོད་པ་ནི། ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཀཱི་ལ་རིགས་བཞི་བདུད་འདུལ་ཁྲོ་རྒྱལ་བཅུ། །སྒོ་བསྲུང་བཞི་དང་དབང་མོ་ཉི་ཤུ་བརྒྱད། །ཕུར་སྲུང་བཅུ་དྲུག་བཅས་ལ་ཕྱག་འཚལ་བསྟོད། །དངོས་གྲུབ་ལེན་པ་ནི། ཧཱུྃ། ཁྲོ་རྒྱལ་བསྒྲུབ་པའི་ཐུགས་དམ་དུས་ལ་བབས། །རྒྱལ་ཀུན་ཕྲིན་ལས་ལྷ་ཚོགས་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ། །རྩ་སྔགས་མཐར། ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷ་ཧོ། །བཟོད་གསོལ་ནི། ཧཱུྃ། བདག་ཅག་མི་ཤེས་ལུས་ངག་ཡིད་གསུམ་གྱིས། །བསྐྱེད་རིམ་བཟླས་བརྗོད་ཏིང་འཛིན་ནོར་འཁྲུལ་དང་། །དམ་ཚིག་ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །གནོང་ཞིང་འགྱོད་པའི་སེམས་ཀྱིས་བཟོད་པར་གསོལ། །ཡིག་བརྒྱ། བསྡུ་རིམ་ནི། ཧཱུྃ། རང་བྱུང་རང་ཤར་དཔལ་ཆེན་ལྷ་ཚོགས་རྣམས། །རང་བཞིན་ཆོས་ཀྱི་དབྱིངས་སུ་བཛྲ་མུཾ། །ཧཱུྃ་ཧཱུྃ་ཧཱུྃ། ལྷར་སྡང་ནི། སླར་ཡང་ཆུ་ལས་ཆུ་བུར་ཇི་བཞིན་དུ། །ཕྱག་རྒྱ་གཅིག་པ་མཁའ་ལ་འཇའ་བཞིན་གསལ། །ཕཊ་ཕཊ་ཕཊ། །བསྔོ་བ་ནི། བདག་གཞན་རྣམས་ཀྱིས་དུས་གསུམ་དགེ་བསགས་པ། །ནམ་མཁའི་མཐའ་ཁྱབ་མར་གྱུར་སེམས་ཅན་རྣམས། །དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་དེའི། །གོ་འཕང་ཚེ་འདི་ཉིད་ལ་ཐོབ་ཕྱིར་བསྔོ། །བཀྲ་ཤིས་ནི། ཨོཾ་སྐྱེ་འཆི་འགྱུར་མེད་ཕྲིན་ལས་རྡོ་རྗེའི་སྐུ། །ཨཱ༔འགགས་མེད་གསལ་དག་ཆོས་དབྱིངས་ཡེ་ཤེས་གསུང་། །ཧཱུྃ་སྨྲ་བསམ་བརྗོད་མེད་ཡང་དག་དེ་བཞིན་ཉིད། །བླ་མེད་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །མགོ་སྤྲུལ་པས་བྲིས་པའོ།།

བསྐང་བཤགས་ཡིད་བཞིན་ཆར་འབེབས།

ཡང་ཟབ་ཕུར་པའི་ཐུགས་སྒྲུབ་བདུད་དཔུང་ཚར་གཅོད་ལས༔ བསྐང་བཤགས་ཡིད་བཞིན་ཆར་འབེབས་བཞུགས་སོ༔

ཕྲིན་ལས་ཕུར་པའི་ལྷ་ལ་འདུད༔ བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་ལ༔ རྩ་བ་ཡན་ལག་དམ་ཚིག་ཉམས༔ ལུས་ངག་ཡིད་ལ་མི་དགེ་བའི༔ རྟགས་བྱུང་ནད་གདོན་བགེགས་ཀྱིས་ཉེན༔ མ་ལུས་བྱང་ཞིང་སེལ་བའི་ཐབས༔ བསྐང་བཤགས་འདི་ལ་བརྩོན་པར་བྱ༔ ས་མ་ཡཱ༔ ཡར་མར་ཚེས་བཅུའི་དུས་ཆེན་ལ༔ དཀྱིལ་འཁོར་གཞུང་བཞིན་སྟ་གོན་བྱ༔ བསྙེན་ཅིང་སྒྲུབ་པ་ལས་སྦྱོར་བརྩམས༔ སྨན་དང་རཀྟ་བྷ་ལིང་ཏ༔ སྤྱན་གཟིགས་གསལ་བའི་མར་མེ་དང་༔ ཐོད་རྔ་རྐང་གླིང་རོལ་མོའི་སྒྲ༔ སྙན་པའི་དབྱངས་དང་གདུང་བའི་བློས༔ ལྷ་ཚོགས་ཐུགས་དམ་འདི་བཞིན་བསྐང་༔ ཧཱུྃ་ཧཱུྃ༔ སྐྱེ་མེད་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་སོགས་པའི༔ རྒྱལ་བ་དགོངས་བརྒྱུད་བླ་མ་གཙོ་དང་འཁོར༔ སྲས་དང་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་༔ འགགས་མེད་ལྷུན་གྲུབ་འོད་ལྔའི་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི༔ རིག་འཛིན་བརྡ་བརྒྱུད་བླ་མ་གཙོ་དང་འཁོར༔ སྲས་དང་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང༔ ངེས་མེད་འགྲོ་བ་འདུལ་བའི་ཕོ་བྲང་ནས༔ སྤྲུལ་སྐུ་པདྨ་ཐོད་ཕྲེང་ལ་སོགས་པའི༔ གང་ཟག་སྙན་བརྒྱུད་བླ་མ་གཙོ་དང་འཁོར༔ སྲས་དང་སྤྲུལ་པར་བཅས་པའི་ཐུགས་དམ་བསྐང་༔ ཕྲིན་ལས་བཀའ་བབས་ལྷ་དང་གཉིས་མེད་གྲུབ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ་སོགས་པའི༔ རྡོ་རྗེ་ཕུར་པའི་རིག་པ་འཛིན་པའི་ཚོགས༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཧཱུྃ་ཧཱུྃ༔ ཆོས་དབྱིངས་དུར་ཁྲོད་འབར་བའི་གཞལ་ཡས་ན༔ རྒྱལ་བའི་ཕྲིན་ལས་གཅིག་བསྡུས་ཧེ་རུ་ཀ༔ ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡ༔ ཁྲོ་རྒྱལ་ཡོངས་ཀྱི་སྤྱི་དཔལ་ཐུགས་དམ་བསྐང་༔ སྟོང་ཉིད་ཤེས་རབ་ཨེ་ཡི་གཞལ་ཡས་ནས༔ འཁོར་བའི་འཁོར་ལོ་མི་གནས་མྱང་འདས་ཆེར༔ བདག་ཉིད་ལྟ་བའི་རྒྱས་འདེབས་དབྱིངས་ཕྱུག་མ༔ ཁྲོ་མོ་འདུས་པའི་སྤྱི་དཔལ་ཐུགས་དམ་བསྐང་༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བ༔ བདུད་བཞི་དབྱིངས་སུ་སྒྲོལ་བའི་ཧེ་རུ་ཀ༔ ཚད་མེད་རྣམ་བཞིའི་བདག་ཉིད་ལྷག་པའི་ལྷ༔ སྲས་མཆོག་ཀཱི་ལ་རིགས་བཞིའི་ཐུགས་དམ་བསྐང་༔ གཟའ་སྐར་ལ་སོགས་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ལོག་རྟོག་མི་དགེ་བཅུ་ཡི་སྐྱོན་སྤངས་ཤིང་༔ རྣམ་གྲོལ་དབང་བཅུའི་དོན་ལ་མངའ་བརྙེས་པའི༔ ཡེ་ཤེས་ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་༔ སྦྱིན་སོགས་ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ༔ ཤེས་རབ་གཟུགས་ཀྱི་སྐུར་སྣང་སྟོང་དབྱིངས་སུ༔ ཀུན་བརྟགས་སྣང་བ་རྒྱས་འདེབས་དཔལ་འབར་མ༔ ཡེ་ཤེས་ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་༔ ཉེ་ཉོན་ཉི་ཤུ་གནས་སུ་དག་པ་ལས༔ ཐབས་ཀྱི་ཆ་ལས་ཟ་བྱེད་ཡབ་ཀྱི་ཚུལ༔ ཤེས་རབ་ཆ་ལས་གསོད་བྱེད་ཡུམ་གྱི་ཚུལ༔ ཟ་གསོད་ཕྲ་མེན་ཉི་ཤུའི་ཐུགས་དམ་བསྐང་༔ ཞིང་བཅུའི་དགྲ་བགེགས་འགུགས་འཆིང་སྡོམ་མྱོས་ཕྱིར༔ ཚད་མེད་རྣམ་བཞིའི་རང་གཟུགས་ཕྱིར་ཤར་བའི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་འཛིན༔ སྒོ་སྐྱོང་ཁྲོ་མོ་རྣམ་བཞིའི་ཐུགས་དམ་བསྐང་༔ ཞེ་སྡང་ང་རྒྱལ་འདོད་ཆགས་ཕྲག་དོག་རྣམས༔ མ་སྤངས་གནས་སུ་དག་པའི་རང་གཟུགས་ལས༔ ཤྭ་ན་སྲི་ལ་སྲི་ཀ་ཀུ་རཱ་ཛ༔ མུ་ཁ་ཆེན་པོ་མཆེད་བཞིའི་ཐུགས་དམ་བསྐང་༔ ཤིན་ཏུ་རྩུབ་ཅིང་མ་རུངས་དྲེགས་པའི་ལྕམ༔ བདུད་གཟའ་བཙན་དང་ཀླུ་ཡི་བུ་མོ་བཞི༔ ཡ་བྱིན་དེ་བྱིན་བསེ་བྱིན་ཕག་བྱིན་མ༔ ས་བདག་ཆེན་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ འབྱུང་བ་ཆེན་པོ་བཞི་ཡིས་ཁམས་སུ་ཁྱབ༔ དབྱར་དགུན་སྟོན་དཔྱིད་དུས་བཞིར་དབང་བསྒྱུར་མ༔ རེ་ཏི་རེ་ཛ་རེ་ཛི་རེ་མ་ཛུ༔ བདག་ཉིད་ཆེན་མོ་བཞི་ཡི་ཐུགས་དམ་བསྐང་༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་རིགས༔ ཟ་གསོད་འཆིང་དང་འདེབས་པའི་ལས་ལ་བརྩོན༔ དུང་གསེར་བསེ་ལྕགས་ལས་བཞིའི་གིང་ཆེན་བཞི༔ སྐྱེས་བུ་ཆེན་པོ་བཞི་ཡི་ཐུགས་དམ་བསྐང་༔ ཧཱུྃ་ཧཱུྃ༔ དེ་ལྟར་དཀྱིལ་འཁོར་ལྷག་པའི་ལྷ་རྣམས་ལ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ མི་སྤང་བ་ཡི་དམ་ཚིག་གསོ་བའི་ཕྱིར༔ འཆི་མེད་བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔ དང་དུ་བླངས་པའི་དམ་ཚིག་གསོ་བའི་ཕྱིར༔ ཆགས་མེད་རཀྟ་དམར་གྱིས་ཐུགས་དམ་བསྐང་༔ ཤེས་པར་བྱ་བའི་དམ་ཚིག་གསོ་བའི་ཕྱིར༔ ཞུན་ཆེན་སྣང་གསལ་མར་མེས་ཐུགས་དམ་བསྐང་༔ སྤྱད་པར་བྱ་བའི་དམ་ཚིག་གསོ་བའི་ཕྱིར༔ ཤ་ཆང་བཟའ་བཏུང་ཚོགས་ཀྱིས་ཐུགས་དམ་བསྐང་༔ བུམ་དབང་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ བསྐྱེད་རིམ་སྣང་སྟོང་ལྷ་སྐུས་ཐུགས་དམ་བསྐང་༔ གསང་དབང་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ འགགས་མེད་བཟླས་པ་སྔགས་ཀྱིས་ཐུགས་དམ་བསྐང་༔ ཤེར་དབང་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ གསལ་སྟོང་འདུ་འབྲལ་མེད་པས་ཐུགས་དམ་བསྐང་༔ ཚིག་དབང་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ འཁོར་འདས་རོ་མཉམ་ལྟ་བས་ཐུགས་དམ་བསྐང་༔ རྩ་བའི་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ རྡོ་རྗེ་སློབ་དཔོན་གཉེན་གྱི་ཐུགས་དམ་བསྐང་༔ ཡན་ལག་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ མཆེད་ལྕམ་འདུས་པ་ཡོངས་ཀྱི་ཐུགས་དམ་བསྐང་༔ སྡོམ་གསུམ་དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས༔ ཚེ་རབས་སྔོན་གྱི་ལས་ངན་ཅི་མཆིས་པ༔ ཆོས་དབྱིངས་མཉམ་པའི་ངང་དུ་དག་གྱུར་ཅིག༔ འཕྲལ་རྐྱེན་གནོད་པའི་གདོན་བགེགས་ཅི་མཆིས་པ༔ ཕན་བྱེད་མ་དང་བུ་ཡི་འདུ་ཤེས་ཀྱིས༔ བྱང་ཆུབ་སེམས་ཀྱི་ངང་དུ་མཐུན་གྱུར་ཅིག༔ ཆགས་ཆེ་ཉམ་ང་རྨི་ལྟས་མཚན་མ་ངན༔ རྨི་ལམ་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ བདག་མེད་སྟོང་ཉིད་ཀློང་དུ་གྲོལ་གྱུར་ཅིག༔ སྔ་དགྲ་བརྡར་དང་ཕྱི་དགྲ་ཤོམ་པའི་རིགས༔ གསང་ཆེན་སྲུང་མ་རྒྱ་མཚོའི་མཐུ་ནུས་ཀྱིས༔ སྣང་བ་དབང་བསྡུས་སྤ་བཀོང་རྡུལ་དུ་རློགས༔ མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད༔ དེ་ལྟར་བསྐང་བཤགས་རིམ་པ་འདིས༔ སྔོན་གྱི་ལས་ཀྱང་ཟད་བྱེད་ན༔ འཕྲལ་རྐྱེན་སེལ་བར་སྨོས་ཅི་དགོས༔ སྔགས་ཀྱི་དམ་ཚིག་ཉམས་པ་གསོ༔ མི་ནོར་ཟས་གསུམ་དབང་དུ་འདུ༔ ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ༔ དེ་ཕྱིར་འདི་ལ་བརྩོན་པར་རིགས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རིག་འཛིན་ལུང་རིག་གླིང་པས་དབྱིངས་ཀྱི་མཁའ་འགྲོའི་བརྡ་ལས་བྱུང་བ་བཞིན་མཆོང་མཛོད་སྨུག་པོའི་སྒྲོམ་ནས་བཏོན་པ་སྐལ་ལྡན་པདྨའི་ལུང་ཟིན་གཞན་ཕན་བཟང་པོས་ལེགས་པར་ཕབ་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག།སརྦ་ཛ་གད་ཏི།

བསྐང་བསྡུས་ཡིད་བཞིན་གཏེར་མཛོད།

༄༅།། རྡོ་རྗེ་ཕུར་པའི་བསྐང་བསྡུས་ཡིད་བཞིན་གཏེར་མཛོད་བཞུགས་སོ།། བསྐང་རྫས་བསང་སྦྱངས་སྔོན་དུ་འགྲོ་བ་ལ། ཧཱུྃ། འོག་མིན་ཆོས་དབྱིངས་རང་སྣང་དག་ཞིང་ནས། །ཀུན་ཏུ་བཟང་པོ་རིག་འཛིན་རྡོ་རྗེ་ཆོས། །ལས་ཀྱི་དབང་མོ་པྲ་བྷ་ཧསྟི་དང་། །རིག་འཛིན་པདྨ་ཐོད་ཕྲེང་ཐུགས་དམ་བསྐང་། །ཡེ་ཤེས་མཚོ་རྒྱལ་དཔལ་གྱི་དབང་ཕྱུག་དང་། །ཁྲི་སྲོང་ལྡེའུ་བཙན་སྐལ་ལྡན་ཆོས་ཀྱི་བདག །ཕུར་པ་གྲུབ་པའི་རིག་འཛིན་བརྒྱུད་པར་བཅས། །རྩ་བ་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་དང་། །གསང་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། །ཀཱི་ལ་རིགས་བཞི་དོན་གྲུབ་རིགས་ཀྱི་བདག །ཕྲིན་ལས་དབྱིངས་ཀྱི་ལྷ་ཚོགས་ཐུགས་དམ་བསྐང་། །ཧཱུྃ་ཀར་རྣམ་རྒྱལ་དབྱུག་སྔོན་གཤིན་རྗེའི་གཤེད། །མི་གཡོ་རྟ་མགྲིན་འདོད་རྒྱལ་བདུད་རྩི་འཁྱིལ། །གསུམ་རྒྱལ་སྟོབས་ཆེན་ཕྱོགས་བཅུའི་གདོན་འདུལ་བའི། །ཡེ་ཤེས་ཁྲོ་བོ་བཅུ་ཡི་ཐུགས་དམ་བསྐང་། །སྒྲ་འབྱིན་སྙེམས་མ་སྡེར་མོ་དུར་ཁྲོད་བདག །གཏུན་ཁུང་གཏུམ་མོ་མདའ་སྙེམས་རླུང་འབྱིན་མ། །ཁམས་གསུམ་གསོད་མ་སྐུལ་བྱེད་དབྱིངས་ཀྱི་ཡུམ། །བགེགས་འདུལ་ཁྲོ་མོ་བཅུ་ཡི་ཐུགས་དམ་བསྐང་། །ཕག་དང་སྨྲིག་བུ་སྟག་དང་བྱ་རྒོད་མགོ། །གཡག་དང་བྱ་རོག་ཤ་བ་འུག་པའི་མགོ། །གཟིག་དང་ཁྭ་ཏ་བྱི་ལ་པུ་ཤུད་མགོ། །སྤྱང་ཀུ་ཁྲ་དང་སེང་གེ་ཕ་ཝཾ་མགོ། །དོམ་དང་སྲེ་མོང་དྲེད་དང་བྱི་བའི་མགོ། །ཕྲ་ཐབས་ཉི་ཤུའི་ཚོགས་ཀྱི་ཐུགས་དམ་བསྐང་། །པུ་ཤུད་སྐྱ་ག་སྲིན་བྱ་ཁྲ་ཡི་མགོ། །ཞི་རྒྱས་དབང་དྲག་ལས་མཛད་སྒོ་བ་བཞི། །ཤྭ་ན་བདག་ཉིད་ས་བདག་སྐྱེས་བུ་སྟེ། །ཕུར་སྲུང་དམ་ཅན་བཅུ་དྲུག་ཐུགས་དམ་བསྐང་། །ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི། །ཕྱི་མཆོད་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག །ཉེར་སྤྱོད་འདོད་ཡོན་ལྔ་ཡིས་ཐུགས་དམ་བསྐང་། །ནང་མཆོད་བདུད་རྩི་སྨན་དང་པད་རག་དམར། །དམ་རྫས་བྷ་ལིང་གསང་བ་སྦྱོར་དང་སྒྲོལ། །བདེ་སྟོང་ཟུང་འཇུག་གཉིས་མེད་དེ་བཞིན་ཉིད། །མཆོད་བྱ་མཆོད་བྱེད་བྲལ་བས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས། །བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ། །གཟུངས་མ་ཡོན་ལྟོས་བཅས་པ་མ་ལུས་པའི། །ཉམས་ཆག་ཉེས་ལྟུང་མཁའ་ལ་སྤྲིན་དེངས་བཞིན། །ཉེས་པ་སོར་ཆུད་གསང་སྔགས་མཐར་ཕྱིན་ཤོག །ཅེས་པའང་རྒྱ་སྤྲུལ་མིང་གིས་ཉུང་ངུར་བསྡུས་ཏེ་བྲིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག་གུ། ཛ་ཡནྟུ།

ཕུར་སྲུང་བཅུ་དྲུག་གི་མཆོད་ཐབས་ཕྲིན་ལས་ཀུན་འགྲུབ།

ཡང་ཟབ་ཕུར་པའི་ཐུགས་སྒྲུབ་ལས༔ ཕུར་སྲུང་བཅུ་དྲུག་གི་མཆོད་ཐབས་ཕྲིན་ལས་ཀུན་འགྲུབ་བཞུགས་སོ༔

རྒྱལ་ཀུན་ཕྲིན་ལས་ཀུ་མཱ་ར༔ དཔལ་ཆེན་ཕུར་པའི་ལྷ་ལ་འདུད༔ དག་སྣང་ཆོས་ཀྱི་ཆ་ལག་ཏུ༔ ཕུར་སྲུང་མཆོད་པའི་རིམ་པ་བསྟན༔ ས་མ་ཡཱ༔ དུར་ཁྲོད་ལ་སོགས་དབེན་གནས་སུ༔ རྩ་བའི་དཀྱིལ་འཁོར་གཞུང་བཞིན་ལ༔ བྷནྡྷའི་སྣོད་དམ་བསེ་སྡེར་དུ༔ འབྲུ་ནག་བཤོས་བུ་གདན་གྲུ་བཞི༔ བཞི་བརྩེགས་དབུས་སུ་དཔལ་གཏོར་ནི༔ ཕུར་དབལ་གྱེན་བསླང་ལྟ་བུ་ལ༔ ཐོད་སྐམ་མེ་རི་རྡོ་རྗེས་མཚན༔ བང་རིམ་དང་པོའི་ཕྱོགས་བཞི་རུ༔ ཤྭ་ན་མུ་ཁ་མཆེད་བཞི་ལ༔ བཤོས་ནག་ཟུར་གསུམ་བཾ་གྱིས་མཚན༔ གཉིས་པར་བསེ་མོ་མཆེད་སྡེ་བཞི༔ དམར་གཏོར་ཟུར་གསུམ་སྙིང་གིས་མཚན༔ གསུམ་པར་བདག་ཉིད་ཆེན་མོ་བཞིའི༔ མཐུན་རྫས་བཤོས་དཀར་ཟླུམ་པོ་དང་༔ དམར་པོ་ཟླ་གམ་གྲུ་བཞི་སེར༔ བཤོས་ནག་ཟུར་གསུམ་ཁྲག་ཞག་རྐང་༔ འོ་མའི་མཚོ་བཞིས་བརྒྱན་པར་བྱ༔ བཞི་པར་སྐྱེས་བུ་གིང་ཆེན་བཞི༔ བཤོས་ཟླུམ་སྣ་ལྔའི་དར་གྱིས་བརྒྱན༔ ཀུན་ཀྱང་རྒྱན་དང་ལྡན་པ་ལ༔ གཡས་གཡོན་སྨན་རཀ་ཤ་དུམ་དང་༔ ལིང་ག་ཞུན་ཆེན་མར་མེས་བརྒྱན༔ དཀར་གསུམ་ཤིང་ཏོག་འབྲས་ཆན་སོགས༔ མཐུན་པའི་དམ་རྫས་གང་འབྱོར་བསགས༔ སྐུ་གཟུགས་བཤམས་ཤིང་རོལ་མོ་འཁྲོལ༔ ཚིལ་སྤོས་བདུག་ཅིང་དར་ནག་གཡབ༔ བྱིན་བརླབས་བདུད་རྩིའི་ཆབ་ཀྱིས་བྲན༔ ཧཱུྃ་ཧཱུྃ༔ སྟོང་པའི་ངང་ལས་དྲན་རྫོགས་སུ༔ འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས༔ རབ་འབར་བསྐལ་པའི་མེ་དཔུང་ཀློང་༔ པད་ཉི་རཱུ་ཏྲའི་གདན་སྟེང་དུ༔ བདག་ཉིད་རིག་པ་ཧཱུྃ་སྔོན་ལས༔ རྒྱལ་ཀུན་ཕྲིན་ལས་དཔལ་ཆེན་པོ༔ རྡོ་རྗེ་གཞོན་ནུ་མཐིང་ནག་ཁྲོ༔ མཐིང་དཀར་དམར་བའི་ཞལ་གསུམ་ལས༔ ཧཱུྃ་སྒྲ་སྒྲོགས་ཤིང་བཞད་གཤེ་རྔམས༔ ཕྱག་དྲུག་གཡས་གཡོན་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་མེ་དཔུང་འབར༔ བར་བས་གྲི་གུག་ཐོད་ཁྲག་དཀྲུགས༔ ཐ་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ ཤེས་རབ་འཁོར་ལོ་རྒྱས་འདེབས་ཡུམ༔ གཡས་པས་ཨུཏྤལ་གྱིས་མཚན་པའི༔ སྒྲ་སྙན་དྲིལ་བུ་ཡབ་ལ་འཁྱུད༔ གཡོན་པས་དུང་ཁྲག་ཞལ་དུ་སྟོབ༔ ཁྲོ་ཆགས་དགྱེས་ཤིང་འཛུམ་པའི་ཉམས༔ གཙོ་བོའི་ཞབས་བཞི་བརྐྱང་བསྐུམ་གྱིས༔ ལོག་འདྲེན་བདུད་བཞིའི་མགོ་བོ་གནོན༔ ཤེས་རབ་བརྐྱང་བསྐུམ་ཡབ་ལ་སྦྱོར༔ གླང་ཀོ་མི་ལྤགས་སྟག་ཤམ་དཀྲིས༔ སྐམ་རློན་ཐོད་པ་སྦྲུལ་ཆུན་དང་༔ ཁྲག་ཞག་ཐལ་ཆེན་ཚོམ་བུ་སོགས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས༔ ཐབས་ཤེས་གཤོག་ཟུང་མཁའ་ལ་བསྐྱོད༔ མི་སྡུག་སྲིན་པོ་དཔའ་བའི་ཉམས༔ གནས་བཅུར་རང་བྱུང་ཁྲོ་རྒྱལ་བཅུ༔ ཡན་ལག་བཞི་ལ་སྒོ་སྲུང་བཞི༔ མདུན་རྒྱབ་གཡས་གཡོན་ཁྲོ་བོའི་རྒྱལ༔ སྲས་མཆོག་ཀཱི་ལ་རིགས་བཞི་སོགས༔ མ་བསྐྱེད་ཡོངས་གྲུབ་ཆེན་པོར་གསལ༔ ཐུགས་ཀར་ཉི་སྟེང་བཻ་ཌཱུརྱའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ ཉི་ཟླ་ག་འུ་ཁ་སྦྱོར་དབུས༔ ཧཱུྃ་ལྗང་མཐའ་ལ་ཀཱི་ལ་ཡ༔ འབྲུ་དགུ་བཀླགས་ཕྱོགས་འཁོར་བ་ཡི༔ འོད་ཀྱིས་འཕགས་མཆོད་བྱིན་རླབས་བསྡུས༔ ལོག་འདྲེན་དགྲ་བགེགས་ཚར་བཅད་ནས༔ སྣང་གྲགས་ལྷ་སྔགས་བདེ་ཆེན་ཀློང་༔ འཁོར་འདས་དག་མཉམ་ཆེན་པོར་གསལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་སོགས་ཅི་ནུས་བཟླ༔ སྐབས་སུ་མཆོད་བསྟོད་དངོས་གྲུབ་བླང་༔ དེ་ནས་མདུན་གྱི་གཏོར་མ་ལ༔ སྨན་རཀ་བྲན་ཞིང་སྟོང་པར་སྦྱངས༔ རྟེན་གཏོར་སྒྲུབ་རྫས་ལྷ་རུ་གསལ༔ མཆོད་གཏོར་དགྲ་བགེགས་དམིགས་པས་བཀུག༔ བསྒྲལ་ཞིང་ཤ་ཁྲག་བདུད་རྩིར་བརླབས༔ རོལ་མོ་དབྱངས་དང་བཅས་པ་ཡིས༔ གྱེར་སྒོམ་རིམ་པ་འདི་ལྟར་བྱ༔ ཧཱུྃ་ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་ཀའི་འོད་ཟེར་གྱིས༔ རང་བཞིན་རྣམ་དག་ཆོས་དབྱིངས་ཕོ་བྲང་ནས༔ བཅོམ་ལྡན་དཔལ་ཆེན་བཛྲ་ཀཱི་ལ་ཡ༔ ཤེས་རབ་ཡུམ་དང་སྲས་མཆོག་ཁྲོ་བཅུར་བཅས༔ མི་མངོན་དབྱིངས་ནས་གཏོར་མའི་མགྲོན་ལ་གཤེགས༔ ཉི་ཟླ་པདྨ་བཾ་ཆེན་གདན་ལ་བཞུགས༔ སྲིད་གསུམ་སྡུག་བསྔལ་འཇོམས་ལ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་འབུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ རྩ་བ་ཡན་ལག་དམ་ཚིག་ཉམས་ཆག་བཤགས༔ བསྟན་པའི་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ རྨད་བྱུང་གཏོར་མའི་མཆོད་པ་འདི་བཞེས་ལ༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་ཕྲིན་ལས་མཛོད༔ རྩ་སྔགས་ཤམ་བུར་འདི་བཞིན་བརྗོད༔ ས་པཱ་རི་ཝ་ར་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བཱ་སུ་ཏ་ཀེཾ་ནི་རི་ཏི་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ བདུན་ནམ་ཉེར་གཅིག་སྔགས་ཀྱིས་ཕུལ༔ དེ་ནས་དེ་ཡི་བཀའ་འཁོར་དུ༔ ཕུར་སྲུང་བཅུ་དྲུག་གསལ་བ་རྣམས༔ སྤྱན་དྲངས་མཆོད་བསྟོད་གཏོར་འབུལ་ཚིག༔ ལྟ་བའི་གདེངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཤར་ཕྱོགས་དུར་ཁྲོད་འཇིགས་རུང་གཞལ་ཡས་ནས༔ ལྕགས་ཀྱི་སྤྱང་མོ་ཆེན་མོ་མགོ་དགུ་ལ༔ དམ་ཉམས་སྲོག་ལེན་ལྕགས་ཀྱི་མི་མོས་ཞོན༔ ཤྭ་ན་མུ་ཁ་ཆེན་མོ་ཞེས་ཀྱང་བྱ༔ གཡས་པས་ཐོད་ཕྲེང་གཡོན་པས་ལྕགས་ཕུར་འདྲིལ༔ མེ་རླུང་དུད་སྤྲིན་མི་སྡུག་དྲི་ངན་འཐུལ༔ སྤྱང་སྐད་འདོན་ཅིང་བསྟན་པའི་བྱ་ར་བྱེད༔ དཔལ་ཆེན་ཕུར་པའི་བཀའ་ཡི་གཉེར་འཛིན་མ༔ འདིར་གཤེགས་བསྟན་དགྲའི་ཤ་ཁྲག་མཆོད་པར་བཞེས༔ བཅུ་གཉིས་དུས་ཀྱི་ཉུ་ལེ་དམ་སྲི་ཐུལ༔ ཕྲིན་ལས་སྒྲུབ་པའི་ཚེ་ཆོས་སྲིད་ནོར་སྤེལ༔ འདོད་དགུའི་རེ་བ་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ འཇིགས་རུང་གསེར་གྱི་འཕར་བ་ལྕེ་བརྒྱད་ལ༔ དམ་ཉམས་སྲོག་ལེན་གསེར་གྱི་མི་མོས་ཞོན༔ འཇིགས་མཛད་སྲི་ལ་མུ་ཁ་ཞེས་ཀྱང་བྱ༔ གཡས་པས་ཐོད་ཕྲེང་གཡོན་པས་གསེར་ཕུར་འདྲིལ༔ བཤུད་གླུ་ལེན་ཅིང་མེ་རླུང་དུད་སྤྲིན་འཐིབ༔ འདིར་གཤེགས་དཔལ་ཆེན་ཕུར་པའི་བཀའ་བཞིན་དུ༔ བསྟན་པའི་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བཞེས༔ ལོག་འདྲེན་ཞིང་བཅུ་འདུལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་ཧ་ཧ་རྒོད་པའི་དུར་ཁྲོད་ནས༔ མི་སྡུག་ཟངས་ཀྱི་ཝ་མོ་རྐང་གསུམ་ལ༔ དམ་ཉམས་སྲོག་ལེན་ཟངས་ཀྱི་མི་མོས་ཞོན༔ ཤིན་ཏུ་གསོད་བྱེད་སྲི་ཀ་མུ་ཁ་ཞེས༔ གཡས་པས་ཐོད་ཕྲེང་གཡོན་པས་ཟངས་ཕུར་འདྲིལ༔ རལ་པའི་གསེབ་ནས་ཁྲག་དང་དུག་ཆར་འབེབས༔ ཝ་སྐད་འདོན་ཅིང་དུར་ཁྲོད་གནས་བརྒྱད་ཉུལ༔ ཉིན་མཚན་དུས་དྲུག་བསྟན་དགྲའི་སྲོག་ལ་རྔམས༔ དམ་ཚིག་དབང་གིས་མྱུར་དུ་འདིར་གཤེགས་ལ༔ ཞིང་བཅུ་ཚང་བའི་ཤ་ཁྲག་གཏོར་མཆོད་བཞེས༔ རྣལ་འབྱོར་ཚེ་དང་སྲོག་ལ་རྒོལ་བ་ཡི༔ གཟུགས་ཅན་གཟུགས་མེད་ལོག་འདྲེན་འབྱུང་པོའི་ཚོགས༔ མིང་གི་ལྷག་མར་བརླག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ བྱང་ཕྱོགས་མཚོན་ཆ་འབར་བའི་དུར་ཁྲོད་ནས༔ འཇིགས་རུང་ལྕགས་ཀྱི་ཁྱི་མོ་རལ་ཅན་ལ༔ རབ་ཁྲོས་རྔམ་འཁྲུག་ལྕགས་ཀྱི་མི་མོས་ཞོན༔ ཤྭ་ན་ཀུ་ཏ་མུ་ཁ་ཞེས་ཀྱང་བྱ༔ གཡས་པས་ཐོད་ཕྲེང་གཡོན་པས་དུག་ཕུར་འདྲིལ༔ རལ་པའི་གསེབ་ནས་ཁྲོ་ཆུའི་ཚྭ་ཚྭ་ཁོལ༔ བདུད་སྲིན་འབྱུང་པོ་མ་ལུས་བསྲེགས་ཤིང་གཞོམས༔ དཔལ་ཆེན་བཀའ་བཞིན་དྲག་ཏུ་འདིར་བསྐྱོད་ལ༔ བསྟན་དང་འགྲོ་ལ་འཚེ་བའི་དགྲ་བགེགས་ཀྱི༔ ཕུང་ལྔའི་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ ཕྲིན་ལས་སྒྲུབ་པའི་རིག་འཛིན་བདག་ཉིད་དང་༔ བརྒྱུད་འཛིན་སློབ་མ་བསྲུང་བྱའི་སྦྱིན་བདག་ལ༔ གནོད་ཅིང་འཚེ་བའི་སྲི་ངན་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ བལ་ཡུལ་ཡ་བྱིན་ཞེས་བྱའི་དགོན་པ་ནས༔ བདུད་རྟ་ནག་པོ་འཇིགས་ཤིང་རྔམས་པ་ལ༔ བདུད་ཀྱི་བུ་མོ་ཡ་བྱིན་དྲག་རྩལ་ཅན༔ མཐིང་ནག་གཅེར་བུ་མི་སྡུག་མཚན་མ་བསྒྲད༔ མི་ལྤགས་རློན་པའི་གོས་ཀྱིས་སྟོད་གཡོགས་དཀྲིས༔ གཡས་པས་ཁྲམ་ཤིང་གཡོན་པས་ལྕགས་ཕུར་འདྲིལ༔ གནམ་ལྕགས་རལ་པ་ནག་པོ་སྤྲིན་ལྟར་འཐིབ༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རོང་གི་དེ་བྱིན་ཞེས་བྱའི་དགོན་པ་ནས༔ གཟའ་རྟ་སེར་པོ་མྱུར་དྲག་ཤུགས་ལྡན་མ༔ གཟའ་ཡི་བུ་མོ་དེ་བྱིན་དྲག་རྩལ་ཅན༔ སེར་ནག་མི་སྡུག་མིག་སྟོང་ལྡན་པས་ཞོན༔ དུག་རླངས་འཐིབས་ཤིང་རྔམས་པའི་རྐན་སྒྲ་རྡེབ༔ གསེར་གྱི་ཞགས་པ་འཁར་ཟངས་ཕུར་པ་འདྲིལ༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མང་ཡུལ་བསེ་བྱིན་ཞེས་བྱའི་དགོན་པ་ནས༔ བཙན་རྟ་དམར་པོ་མེ་སྟག་ཚྭ་ཚྭ་འཕྲོ༔ བཙན་གྱི་བུ་མོ་བསེ་བྱིན་དམར་ནག་རྔམས༔ ཁྲག་གི་ཐིག་ལེས་སྐུ་ལ་བརྒྱན་པས་ཞོན༔ གཡས་པས་བཙན་གྱི་ཤྭ་རྡོ་མཁའ་ལ་སྒྲིལ༔ གཡོན་པས་ཟངས་ཕུར་མེ་འབར་བསྡིགས་ཤིང་གདེངས༔ ཞིང་བཅུ་ཚང་བའི་བསྟན་དགྲའི་ཀླད་ཁྲག་དཀྲུགས༔ ཁྲག་རལ་རྡེབ་ཅིང་མེ་འོད་གཟའ་སྐར་འཁྲུགས༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རོང་ཡུལ་ཕག་བྱིན་ཞེས་བྱའི་དགོན་པ་ནས༔ ཀླུ་རྟ་སྔོན་པོ་སྦྲུལ་ཆར་འབེབས་པ་ལ༔ ཀླུ་ཡི་བུ་མོ་ཕག་བྱིན་ལྗང་ནག་ཁྲོ༔ སྦྲུལ་གྱི་གདེངས་ཀ་སྤྲིན་ལྟར་འཁྲིགས་པས་ཞོན༔ གཡས་པས་ནད་རྐྱལ་གཡོན་པས་དུག་ཕུར་འདྲིལ༔ བསྟན་པའི་དགྲ་ལ་མཛེ་ནད་སྣ་དགུ་གཏོང་༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་སྲུང་ཞིང་སྐྱོབས༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ རི་རབ་གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བའི༔ དཔལ་ལྡན་སྔགས་ཀྱི་བདག་མོ་རེ་མ་ཏི༔ སྐུ་མདོག་མཐིང་ནག་རེ་ལྡེ་མི་ལྤགས་གསོལ༔ ཉི་ཟླ་དུང་སེང་སྦྲུལ་དང་རྨ་བྱས་བརྒྱན༔ ལྕགས་རལ་བསིག་ཅིང་ལྕགས་ཕུར་སེར་ལྟར་འདྲིལ༔ གཡས་པས་ཁྲམ་ཤིང་གཡོན་པས་ནད་རྐྱལ་རྡེབ༔ ལྕགས་ཀྱི་དྲེལ་རྟ་རྐང་གསུམ་འཇིགས་ལ་ཆིབས༔ དབྱར་ཟླ་གསུམ་ལ་ནམ་མཁའི་དབྱིངས་སུ་བཞུགས༔ སྤྲིན་ནག་ཕག་ཏུ་ཡིབ་ཅིང་ཐོག་སེར་འགྱེད༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་གྲོགས་མཛད་མ༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྟོང་གསུམ་སྲིད་པའི་ཁམས་ལ་དབང་བསྒྱུར་མ༔ གསང་སྔགས་གཉན་གྱི་སྲུང་མ་རེ་མ་ཛི༔ སྐུ་མདོག་སེར་ནག་རབ་ཏུ་རྔམས་པ་ལ༔ གསེར་གྱི་རལ་པ་གསེར་ཕུར་ཆར་ལྟར་འབེབས༔ མི་ལྤགས་གོས་དང་དར་སེར་ལྭའུ་གསོལ༔ གཤིན་རྗེའི་ཆུ་གླང་ནག་པོ་བརྗིད་པ་ལ༔ ཐོད་སྒ་མི་ལྤགས་རྒྱུ་མའི་རྒྱན་ལྡན་ཆིབས༔ གཡས་པས་གསེར་གྱི་ཟོར་བ་ནམ་མཁར་ཕྱར༔ གཡོན་པས་གཡུ་ཡི་སྒྲོམ་བུས་དུག་ནད་སེལ༔ སྟོན་གསུམ་བར་སྣང་མཁའ་ལ་གནས་བཅས་ཏེ༔ སད་དང་སེར་བའི་སྣ་འདྲེན་ལོ་ཏོག་འཇོམས༔ སྡིག་ཅན་སྲོག་ལ་རྔམས་པའི་ཤན་པ་མོ༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་གྲོགས་མཛད་མ༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཐེག་ཆེན་ས་གཞིའི་ཁྱོན་ལ་དབང་བསྒྱུར་བའི༔ རྡོ་རྗེ་ཐེག་པའི་བསྟན་སྲུང་རེ་མ་ཛུ༔ སྐུ་མདོག་དམར་ནག་མེ་འོད་འཕྲོ་བ་ལ༔ ཁྲག་རལ་དམར་པོ་ཟངས་ཕུར་ཆར་དུ་འབེབས༔ བསེ་ཁྲབ་དམར་པོ་རྡོ་རྗེའི་གོང་སླག་ཅན༔ དར་དམར་བེར་དང་བཅས་ཏེ་མཛེས་པར་གསོལ༔ གཡས་པས་རྒྱུ་ཞགས་ཚོན་དྲུ་འདྲིལ་ཞིང་འཐེན༔ གཡོན་པས་ཟངས་ཕུར་འདྲིལ་ཞིང་དགྲ་སྙིང་འགེམས༔ མི་སྡུག་ལྟས་ངན་རྔ་མོང་གྭ་པ་ཞོན༔ དཔྱིད་ཟླ་གསུམ་ལ་ས་གཞིར་གནས་བཅས་ཏེ༔ རྩི་ཐོག་འཕེལ་དང་འགྲིབ་པའི་ལས་ལ་དབང་༔ མནའ་ཆད་ཁྲིམས་དང་འགལ་བའི་སྲོག་ལ་རྔམས༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་གྲོགས་མཛད་མ༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ འཛམ་གླིང་སྲིད་པའི་ཁྱོན་ལ་དབང་མཛད་པའི༔ གསང་ཆེན་ཐེག་པའི་བསྟན་སྲུང་རེ་མ་ཛ༔ སྐུ་མདོག་ལྗང་ནག་འོད་ཟེར་འབར་བ་ལ༔ མཐིང་ནག་རལ་པ་གཡུ་ཕུར་སེར་ལྟར་འདྲིལ༔ གཡས་པས་སྤྲིན་གྱི་བ་དན་ཁ་ཆར་འཚུབས༔ གཡོན་པས་གཡུ་ཕུར་ཉམས་པའི་སྲོག་ལ་འདྲིལ༔ ཀླུ་རྟ་འཇིགས་རུང་གློག་ཞགས་མེ་འོད་འཕྲོ༔ རུས་སྦལ་སྦྲུལ་ལྤགས་སྒ་སྟན་རྒྱན་ལྡན་ཆིབས༔ དགུན་ཟླ་གསུམ་ལ་རྒྱ་མཚོར་གནས་བཅས་ཏེ༔ བུ་ཡུག་སྣ་འདྲེན་སྐྱེ་འགྲོའི་སྲོག་ལ་འཚེ༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་གྲོགས་མཛད་མ༔ སྔོན་ཚེ་སློབ་དཔོན་པདྨའི་བཀའ་བཞིན་དུ༔ དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ༔ ཕུར་པ་སྒྲུབ་པའི་ཕྱི་ནང་བར་ཆད་སོལ༔ མཐུན་རྐྱེན་ལེགས་ཚོགས་འགྲུབ་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་གིང་ཆེན་དཀར་པོ་རྔམས་ཤིང་ཁྲོ༔ དགྲ་བགེགས་སྲོག་ལ་ཟ་ཕྱིར་མཆེ་བ་གཙིགས༔ སྤྲིན་དང་འཇའ་འོད་གློག་གི་ག་ཤལ་གསོལ༔ ང་རོ་སྒྲོག་པའི་སེང་གེ་དཀར་མོ་ཆིབས༔ གཡས་པས་ཐོད་པའི་དབྱུག་པ་མཁའ་ལ་ཕྱར༔ གཡོན་པས་དུང་གི་ཕུར་པ་འདྲིལ་ཞིང་འདེབས༔ འཁོར་དུ་གིང་ཕྲན་རྒྱལ་པོ་འབུམ་སྡེས་བསྐོར༔ སྔོན་ཚེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ པདྨ་ཐོད་ཕྲེང་བཀའ་དམ་མནོས་པ་བཞིན༔ འདིར་གཤེགས་མཐུན་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འགལ་རྐྱེན་བར་ཆད་སོལ༔ མཐུན་རྐྱེན་ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་གིང་ཆེན་སྔོན་པོ་རྔམས་ཤིང་ཁྲོ༔ ཉམས་པའི་སྐེ་ནས་འཆིང་བྱེད་ཞགས་པ་འདེབས༔ སྤྲིན་དང་འཇའ་འོད་གློག་གི་ག་ཤལ་གསོལ༔ གཡུ་འབྲུག་ཆིབས་ཤིང་ཐོག་དང་སེར་བ་འདེབས༔ གཡས་པས་ཐོད་པའི་དབྱུག་པ་མཁའ་ལ་འཕྱར༔ གཡོན་པས་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས༔ གསོད་བྱེད་གཤིན་རྗེ་ཤན་པ་འབུམ་གྱིས་བསྐོར༔ སྔོན་ཚེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ པདྨ་ཐོད་ཕྲེང་བཀའ་དམ་གནས་པ་བཞིན༔ འདིར་གཤེགས་མཐུན་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འགལ་རྐྱེན་བར་ཆད་སོལ༔ མཐུན་རྐྱེན་ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་གིང་ཆེན་དམར་པོ་རྔམས་ཤིང་ཁྲོ༔ དགྲ་བགེགས་སྒྲོལ་ཕྱིར་ཤེལ་གྱི་རལ་གྲི་འདེབས༔ སྤྲིན་དང་འཇའ་འོད་གློག་གི་ག་ཤལ་གསོལ༔ རྔམས་ཤིང་འཇིགས་པའི་རྒྱ་སྟག་དམར་པོ་ཆིབས༔ གཡས་པས་ཐོད་པའི་དབྱུག་པ་མཁའ་ལ་ཕྱར༔ གཡོན་པས་ཟངས་ཀྱི་ཕུར་པ་འདྲིལ་ཞིང་འདེབས༔ འཁོར་དུ་བཙན་རྒོད་དམར་པོ་འབུམ་གྱིས་བསྐོར༔ སྔོན་ཚེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ པདྨ་ཐོད་ཕྲེང་བཀའ་དམ་མནོས་པ་བཞིན༔ འདིར་གཤེགས་མཐུན་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འགལ་རྐྱེན་བར་ཆད་སོལ༔ མཐུན་རྐྱེན་ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད༔ ཧཱུྃ་བྷྱོ༔ བྱང་ཕྱོགས་གིང་ཆེན་ལྗང་ཁུ་རྔམས་ཤིང་ཁྲོ༔ དགྲ་བགེགས་སྲོག་ལ་རྒྱུག་ཕྱིར་རླུང་ལྟར་འཕྱོ༔ སྤྲིན་དང་འཇའ་འོད་གློག་གི་ག་ཤལ་ཅན༔ ཆིབས་སུ་འཇིགས་པའི་ལྕེ་སྤྱང་སྔོན་པོ་ཞོན༔ གཡས་པས་ཐོད་པའི་དབྱུག་པ་མཁའ་ལ་ཕྱར༔ གཡོན་པས་དུག་གི་ཕུར་པ་འདྲིལ་ཞིང་འདེབས༔ འཁོར་དུ་ཀླུ་སྲིན་གདུག་པ་འབུམ་གྱིས་བསྐོར༔ སྔོན་ཚེ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ པདྨ་ཐོད་ཕྲེང་བཀའ་དམ་མནོས་པ་བཞིན༔ འདིར་གཤེགས་མཐུན་རྫས་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་འགལ་རྐྱེན་བར་ཆད་སོལ༔ མཐུན་རྐྱེན་ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་ག་ཏ་ཡ་མ་མ་ཀརྨ་ཤྲྀ་ཏྲཾ་ཀ་ར་ཡེ་མ་ར་ས་ན་པྲ་མརྟ་ན་ཡེ༔ ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་གཏོར་མ་གཙང་སར་གཤེགས༔ འདོད་དོན་གསོལ་བ་གང་ནུས་གདབ༔ གཏོར་མགྲོན་གཤེགས་ཤིང་བདག་བསྐྱེད་བསྡུ༔ ཨེ་མ་པདྨ་ཐོད་ཕྲེང་གིས༔ རྒྱ་བལ་མཚམས་ཀྱི་དུར་ཁྲོད་དུ༔ དཔལ་ཆེན་ཕུར་པའི་སྲུང་མ་རུ༔ བཀའ་བསྒོས་གཉེར་གཏད་བཀའ་ཉན་པའི༔ དམ་ཅན་ལྕམ་དྲལ་བཅུ་དྲུག་གི༔ གཏོར་འབུལ་ཕྲིན་ལས་ཀུན་འགྲུབ་འདིས༔ འདོད་པའི་རེ་བ་ཡིད་བཞིན་སྐོང་༔ གང་དམིགས་དགྲ་བགེགས་རྩད་ནས་གཅོད༔ སྲུང་མ་ལུས་དང་གྲིབ་བཞིན་འགྲོགས༔ ཕན་པའི་ཡོན་ཏན་བརྗོད་མི་ལོངས༔ ལག་ཏུ་ལོངས་དང་ཡིད་ཆེས་འགྱུར༔ ཀློང་གསལ་དབྱིངས་ཀྱི་བརྡ་རིས་ལས༔ ཟོལ་མེད་ཡི་གེར་རིས་སུ་ཕབ༔ བསྟན་དགྲ་སྒྲོལ་བའི་མཚོན་ཆ་འདི༔ དམ་ལྡན་རྣལ་འབྱོར་རྣམས་ལ་སྦྱིན༔ སྡིག་ལྡན་གཞན་ལ་གསང་ངོ་རྒྱ༔ གུཧྱ༔ ཞེས་པ་འདི་ཡང་སྐལ་ལྡན་ལུང་རིག་གླིང་པས་འོད་གསལ་སྟོང་པའི་སྒྲོམ་ནས་བཏོན་པའི་ཆོས་འདི་ཉིད་ལ་ལྷག་པར་དབང་བའི་སྐལ་ལྡན་དམ་པ་གཞན་ཕན་བཟང་པོས་ཡིད་ཆེས་ངེས་ཤེས་ཀྱི་སྒོ་ནས་ཡིག་རིས་སུ་བཀོད་པ་སརྦ་ཛ་ཡནྟུ།།

ཕུར་སྲུང་མཆོད་ཐབས་བསྡུས་པ་བར་ཆད་ཀུན་སེལ།

༄༅། ཀཱིལཡཙིཏྟསཱདྷནདུབིགྣཱནཙྪེདནཥུཿ སམཡཱིཀཱིལཱརཀྵཱིཔཱུཛཱསྱབིཎྚཱསརྦམརཎཱསྟི།

༄༅། ཀཱིལཡཙིཏྟསཱདྷནདུབིགྣཱནཙྪེདནཥུཿ སམཡཱིཀཱིལཱརཀྵཱིཔཱུཛཱསྱབིཎྚཱསརྦམརཎཱསྟི།

ཕུར་པའི་ཐུགས་སྒྲུབ་དམ་སྲི་ཚར་གཅོད་ལས༔ དམ་ཅན་ཕུར་སྲུང་མཆོད་ཐབས་བསྡུས་པ་བར་ཆད་ཀུན་སེལ་བཞུགས༔

ན་མ་པདྨ་ཀཱ་ར་ཡེ༔ བླ་མ་པད་འབྱུང་བཀའ་དྲིན་ལས༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་ལ༔ ཕུར་སྲུང་ལུས་དང་གྲིབ་བཞིན་དུ་འགྲོགས༔ རྒྱུན་གྱི་གསོལ་མཆོད་འདི་ལྟར་བྱ༔ རིན་ཆེན་སྣོད་དུ་དམར་གཏོར་ནི༔ གཙོ་འཁོར་བཅུ་དྲུག་གྲངས་བཤམས་ལ༔ ཤ་ཁྲག་དཀར་མངར་རྫས་དང་བཅས༔ གསེར་གཡུའི་སྐྱེམས་བཤམས་སྟོང་པའི་ངང་༔ རང་ཉིད་ཕུར་པའི་སྐུ་རུ་བསྒོམ༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་སྦྱངས༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བསྒྱུར༔ རོལ་མོ་འཁྲོལ་ཞིང་སྤོས་དུད་གཏོང་༔ སྙན་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ འོག་མིན་ཆོས་དབྱིངས་རོལ་པའི་དུར་ཁྲོད་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུས་བཀའ་གཏད་ཅིང་༔ ཕྲིན་ལས་གྲུབ་པའི་པྲ་བྷ་ཧསྟི་དང་༔ རྒྱལ་ཀུན་ངོ་བོ་པདྨ་སམ་བྷ་ཝས༔ སྒྲུབ་གནས་བལ་ཡུལ་ཡང་ལེ་ཤོད་ཕུག་དང་༔ བོད་ཡུལ་མོན་ཁ་སེང་གེ་རྫོང་གསུམ་དུ༔ དཀྱིལ་འཁོར་གྲལ་བཙུད་རྡོ་རྗེ་སྤྱི་བོར་བཞག༔ དམ་རྫས་བདུད་རྩི་ངག་ཏུ་བྱིན་ནས་ཀྱང་༔ བཀའ་དང་དམ་ལ་གནས་པའི་སྲུང་མ་རྣམས༔ མ་ཐོགས་རྡོ་རྗེའི་གྲལ་འདིར་ཚུར་གཤེགས་ཤིག༔ ཁྱད་པར་རྡོ་རྗེ་ཕུར་པའི་བཀའ་གཏེར་བདག༔ ལྕགས་ཀྱི་སྤྱང་མོ་མགོ་དགུ་འཇིགས་གཟུགས་ལ༔ ལྕགས་ཀྱི་མི་མོ་ལྕགས་ཕུར་རལ་ཅན་ཆིབས༔ གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་ལ༔ གསེར་གྱི་མི་མོ་གསེར་རལ་ཕུར་ཐོག་ཞོན༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་ལ༔ ཟངས་ཀྱི་བུད་མེད་ཟངས་ཕུར་རལ་ཅན་ཆིབས༔ ལྕགས་ཀྱི་ཁྱི་མོ་གཡུ་ཡི་རལ་ཅན་ལ༔ གཡུ་ཡི་བུ་མོ་གཡུ་ཕུར་གཡུ་རལ་བརྗིད༔ ཤ་ན་ཤྭ་ན་སྲི་ལ་སྲི་ཀ་ཞེས༔ མུ་ཁ་མཆེད་བཞི་ཚུར་གཤེགས་གཏོར་མ་ལོངས༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ བར་ཆད་བྱེད་པའི་དགྲ་བགེགས་དམ་སྲི་སྒྲོལ༔ མཐུན་རྐྱེན་སྒྲུབ་པའི་འཁོར་སློབ་ཡོན་བདག་བསྲུང་༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་སྤེལ༔ ཅི་བསམ་ཆོས་མཐུན་འགྲུབ་པའི་ཕྲིན་ལས་མཛོད༔ བྷྱོ༔ བདུད་ཀྱི་བུ་མོ་མདོག་ནག་ཁྲོ་གཏུམ་རྔམ༔ བདུད་རྟ་ནག་པོ་ཞོན་ནས་སྲིད་གསུམ་ཉུལ༔ གཟའ་ཡི་བུ་མོ་སེར་ནག་དུག་རླངས་འཐིབ༔ གཟའ་རྟ་སེར་པོ་གློག་གི་བང་ཅན་ཆིབས༔ བཙན་གྱི་བུ་མོ་མདོག་དམར་ཆགས་ཚུལ་ཅན༔ བཙན་རྒོད་དྲག་པོའི་ཅང་ཤེས་འོད་འཕྲོ་ཞོན༔ ཀླུ་ཡི་བུ་མོ་གཡུ་མདོག་སྦྲུལ་རལ་གདེངས༔ ཀླུ་རྟ་ལྗང་གུ་སྤྲིན་གྱི་ཤུགས་ཅན་ཞོན༔ ཡ་བྱིན་དེ་བྱིན་བསེ་བྱིན་ཕག་བྱིན་ཞེས༔ བསེ་མོ་མཆེད་བཞི་ཚུར་གཤེགས་གཏོར་མ་ལོངས༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ བར་ཆད་བྱེད་པའི་དགྲ་བགེགས་དམ་སྲི་སྒྲོལ༔ མཐུན་རྐྱེན་སྒྲུབ་པའི་འཁོར་སློབ་ཡོན་བདག་བསྲུང་༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་སྤེལ༔ ཅི་བསམ་ཆོས་མཐུན་འགྲུབ་པའི་ཕྲིན་ལས་མཛོད༔ བྷྱོ༔ སྲིད་པའི་བུ་མོ་སྲིད་གསུམ་ཁྲམ་ལ་འདེབས༔ ཚོན་དྲུག་ནད་རྐྱལ་ཞིང་བཅུའི་དབུགས་ལ་རྔམ༔ སྲིད་གསུམ་བདག་མོ་ནད་དང་སད་སེར་བདག༔ སྟོང་གསུམ་ཁམས་སུ་མི་ནད་ཕྱུགས་ནད་གཏོང་༔ སྲིད་པ་གསུམ་གྱི་བདུད་སྲིན་ཚར་གཅོད་མ༔ སྣ་ཚོགས་སྤྲུལ་བསྒྱུར་སྟོན་པའི་རྫུ་འཕྲུལ་བདག༔ ཉམས་པའི་སྐྱེ་རྒྱུན་གཅོད་པའི་ཤ་ཟ་མོ༔ སྔགས་ཀྱི་མཚོན་ཆ་ཐོགས་པའི་བསྟན་སྲུང་གཙོ༔ རེ་ཏཱི་རེ་ཛ་རེ་ཛི་རེ་ཛུ་ཞེས༔ བདག་ཉིད་མ་བཞི་ཚུར་གཤེགས་གཏོར་མ་ལོངས༔ ཕུར་པ་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ བར་ཆད་བྱེད་པའི་དགྲ་བགེགས་དམ་སྲི་སྒྲོལ༔ མཐུན་རྐྱེན་སྒྲུབ་པའི་འཁོར་སློབ་ཡོན་བདག་སྲུངས༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་སྤེལ༔ ཅི་བསམ་ཆོས་མཐུན་འགྲུབ་པའི་ཕྲིན་ལས་མཛོད༔ བྷྱོ༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུས་དུང་ཕུར་འདྲིལ༔ ཕུར་བའི་དཀྱིལ་འཁོར་འཛིན་པའི་སྐུ་དགྲ་སྒྲོལ༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུས་གསེར་ཕུར་འདྲིལ༔ ཕུར་བུ་སྒྲུབ་ལ་འཚེ་བའི་དམ་སྲི་སྒྲོལ༔ ནུབ་ཕྱོགས་ཀླུ་བདུད་སྐྱེས་བུས་ཟངས་ཕུར་འདྲིལ༔ ཕུར་བུ་སྒྲུབ་ལ་ཟས་ནོར་ལོངས་སྤྱོད་སྡུད༔ བྱང་ཕྱོགས་ཡ་བདུད་སྐྱེས་བུས་ལྕགས་ཕུར་འདྲིལ༔ ཕུར་བུ་སྒྲུབ་པའི་སྒབ་འདྲེ་རྩད་ནས་གཅོད༔ པྲ་མ་ཡ་མ་ཀྲོ་མ་རྡ་ཤ་ཞེས༔ སྐྱེས་བུ་མཆེད་བཞི་ཚུར་གཤེགས་གཏོར་མ་ལོངས༔ ཕུར་བུ་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ༔ བར་ཆད་བྱེད་པའི་དགྲ་བགེགས་དམ་སྲི་སྒྲོལ༔ མཐུན་རྐྱེན་སྒྲུབ་པའི་འཁོར་སློབ་ཡོན་བདག་སྲུངས༔ ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡོན་ཏན་སྤེལ༔ ཅི་བསམ་ཆོས་བཞིན་འགྲུབ་པའི་ཕྲིན་ལས་མཛོད༔ བྷྱོ༔ ཁྱད་པར་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས༔ འགྲོ་རྣམས་རྒུད་པའི་ནད་མུག་མཚོན་འཁྲུག་སོལ༔ རྫོགས་ལྡན་ཇི་བཞིན་ལོ་ཕྱུགས་རྟག་ཏུ་ལེགས༔ ཕན་དང་བདེ་བའི་དཔལ་ལ་ལེགས་པར་སྤྱོད༔ མཐར་ཐུག་སྒྲུབ་པོ་དཔལ་ཆེན་ཧེ་རུ་ཀའི༔ གསང་བ་གསུམ་དང་དབྱེར་མེད་བདུད་བཞིའི་དགྲ༔ མ་ལུས་ལྷག་མེད་སྒྲོལ་བའི་མཐུ་ནུས་ཐོབ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད༔ ཕྲིན་ལས་ཕུར་པའི་བསྙེན་སྒྲུབ་བརྩོན་པ་ལ༔ གང་འབྲེལ་བུ་སློབ་མཆེད་ལྕམ་མ་ལུས་པ༔ གནས་སྐབས་ཕྱི་ནང་བར་ཆད་ཞི་བ་དང་༔ ཚེ་དཔལ་ཡར་ངོའི་ཟླ་ལྟར་འཕེལ་བར་མཛོད༔ གང་བསམ་ཡིད་བཞིན་ནོར་བུའི་དཔལ་ལ་འགྲན༔ གང་འདོད་དགེ་བའི་ལས་ལ་དབང་འབྱོར་ནས༔ གང་ལ་རྟག་ཏུ་སྲུང་མ་ཁྱེད་རྣམས་ཀྱིས༔ གང་གི་བུ་བཞིན་མེལ་ཚེ་གཡེལ་མེད་མཛོད༔ ཅེས་པ་འདི་ཡང་སྒྲུབ་པ་པོས༔ རྒྱུན་དུ་བརྩོན་ཞིང་གཙང་སར་འབུལ༔ ཕུར་པ་སྒྲུབ་པའི་གང་ཟག་ལ༔ འགོ་ཞིང་མེལ་ཚེ་ཆེ་བར་བྱེད༔ མ་འོངས་དག་སྣང་ལ་དབང་བའི༔ སྐལ་ལྡན་དེ་ཡི་དཔལ་དུ་ཤོག༔ གུཧྱ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་སྟོན་ལུང་རིག་གླིང་པ་བདག་གིས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་ཕབས་ནས་ལས་ལྡན་ལུང་ཟིན་གྱི་སྐྱེས་བུ་རྣམས་ལ་གཏད་པའི་དགེ་བས་གསང་ཆེན་རྡོ་རྗེ་ཐེག་པ་དར་ཞིང་རྒྱས་པར་གྱུར་ཅིག༔

ཕུར་སྲུང་བཀའ་གཏད་ཧོར་བླས་འདོན་བདེར་བཀོད་པ།

ཕུར་སྲུང་བཅུ་དྲུག་གི་གཏོར་མ་ཕུར་སྲུང་སྤྱན་འདྲེན་དང་བཅས་པ་དཔལ་འབར་གཟུགས་སྨན་རཀ་སྦྲེང་དར་ནག་གཡབ་སྤོས་དུད་དང་བཅས་ཏེ་བསྐུལ་བ་ནི་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྔོན་ཚེ་རང་བྱུང་ཆོས་དབྱིངས་ཕོ་བྲང་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུས་བཀའ་ཡིས་བསྔགས༔ དུར་ཁྲོད་མེ་རི་འབར་བའི་རྩེ་མོ་རུ༔ དཔལ་ཆེན་ལག་ན་རྡོ་རྗེའི་ལུང་གིས་བསྙེན༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ རིག་འཛིན་ཐོད་ཕྲེང་རྩལ་དང་བལ་པོ་ཡི༔ སློབ་དཔོན་བ་སུ་དྷ་རས་དམ་ལ་བཞག༔ དཔལ་ཆེན་རྡོ་རྗེ་ཕུར་པའི་སྲུང་མར་བསྐོས༔ མོན་ཁ་སེང་གེ་རྫོང་གསུམ་སྒྲུབ་གནས་སུ༔ བདག་ཉིད་ཨོ་རྒྱན་མཁས་པ་པད་འབྱུང་དང་༔ ཐུགས་ཀྱི་གཟུངས་མ་མཁར་ཆེན་མཚོ་རྒྱལ་གྱིས༔ དཀྱིལ་འཁོར་མཐའ་རུ་ཞིང་ཆེན་སྟན་ལ་བཞག༔ དམ་ཚིག་རྡོ་རྗེ་ལག་ཏུ་གཏད་ནས་ཀྱང་༔ ལྕེ་ལ་ཨརྒྷཾ་བཞག་ནས་བྲོ་བོར་བའི༔ ཤྭ་ན་མུ་ཁ་ཆེན་པོ་མཆེད་དེ་བཞི༔ བདག་ཉིད་ཆེན་མོ་རེ་ཏི་མཆེད་བཞི་དང་༔ རྡོ་རྗེ་ཡ་བྱིན་ལ་སོགས་བསེ་མོ་བཞི༔ བསེ་ལྕགས་དུང་གསེར་སྐྱེས་བུ་ཆེན་པོ་བཞི༔ ཕུར་སྲུང་དམ་ཅན་བཅུ་དྲུག་ད་ཚུར་བྱོན༔ སྨན་རཀ་གཏོར་མ་སྐྱེམས་ཕུད་མཆོད་པ་བཞེས༔ བསྐུལ་ལོ་ཕུར་སྲུང་བཅུ་དྲུག་ཐུགས་དམ་བསྐུལ༔ དེ་རིང་རྣལ་འབྱོར་བདག་གིས་སྙན་གསན་དབབ༔ ཕུར་པ་སྒྲུབ་པའི་བདག་དང་བསྲུང་བྱ་ལ༔ བརྙས་ཤིང་སྲོག་ལ་རྒོལ་ཞིང་ལོངས་སྤྱོད་འཕྲོག༔ མ་ཉེས་ཁ་ཡོག་ངན་སྨྲ་རླུང་གིས་གཡེངས༔ དུས་གསུམ་ཀུན་ཏུ་མཐོ་གནོན་ཁྱད་དུ་གསོད༔ མཐུ་དང་ངན་སྦྱོར་དུག་གཡོས་སུས་བྱེད་ཀྱང་༔ ཕུར་པའི་དམ་ཅན་ཁྱེད་རྣམས་དཔུང་ལ་གཤེགས༔ དམ་ཉམས་བརླང་སྙིང་ཅན་གྱི་སྲོག་རྩ་ཆོད༔ ངན་སྨྲ་བྱེད་པའི་ལྕེ་ལ་ཕུར་པ་ཐོབ༔ ལོངས་སྤྱོད་ཡོ་བྱད་རྐུ་བའི་ཡན་ལག་ཆོད༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་མཐུན་རྐྱེན་ཚོགས༔ དེང་འདིར་རྣལ་འབྱོར་བདག་ལ་ཆར་བཞིན་ཕོབ༔ ཆོས་དང་རིགས་རྒྱུད་འཛིན་པའི་བུ་སློབ་སྤེལ༔ རྒྱལ་བློན་འབངས་འཁོར་བཅས་པའི་ཡིད་སེམས་གཡོས༔ ནོར་དང་ལོངས་སྤྱོད་འབད་མེད་ལག་རྩེར་སྩོལ༔ སྒབ་འདྲེ་བསེ་རག་དམ་སྲིའི་རྒྱུ་ལམ་ཆོད༔ གནས་སྐབས་གང་འདོད་རྐྱེན་རྣམས་ལྷུན་གྱིས་གྲུབ༔ མི་འདོད་རྐྱེན་ངན་བར་ཆད་དྲུངས་ནས་ཕྱུང་༔ མཐར་ཐུག་བདེན་གཉིས་ཟུང་འཇུག་ཧེ་རུ་ཀ༔ དོན་གཉིས་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག༔ གཞི་སྙིང་གཅིག་དྲིལ་སྔགས་ཤམ་དུ༔ བཱིདྱ་དྷ་ར་མ་མཱ་བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་རིག་འཛིན་ཆེན་པོ་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ནང་ཚན་དོན་དབང་ནོར་བུའི་ཕྲེང་བའི་ཕུར་སྲུང་བཀའ་གཏད་འདི་ཉིད་ཧོར་བན་འདུ་ཤེས་གསུམ་པས་རྒྱུན་དུ་འཁྱེར་བདེ་ཕྱིར་རྩ་ཚིག་ཅུང་ཟད་རེ་ཁ་བསྒྱུར་བྱས་ཏེ་ཁོལ་དུ་ཕྱུང་བ་སརྦ་ཛ་ག་དམ།

གཉན་ཆེན་ཐང་ལྷའི་གསོལ་མཆོད་ཡིད་བཞིན་འདོད་སྩོལ།

༄༅།། གཉན་ཆེན་ཐང་ལྷའི་གསོལ་མཆོད་ཡིད་བཞིན་འདོད་སྩོལ་ཞེས་བྱ་བ་བཞུགས་སོ། །

༄༅།། གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ འདིར་ལྷ་ཆེན་ཟུར་ཕུད་ལྔ་པ་ལ་གསོལ་མཆོད་བྱ་བར་འདོད་པས༔ བཤོས་བུ་ཟླུམ་པོ་གཙང་མ་མར་དཀར་གྱིས་སྦགས་པ་དང་། གཙང་ལུག་འོ་ཕུད་ཆང་ཕུད་གཡུ་སྐྱེམས་ཕྱེ་མར་སོགས་གང་འཛོམས་བཤམས་ལ། རང་ཉིད་གུ་རུ་སྣང་སྲིད་ཟིལ་གནོན་གྱིས་བསྐྱེད་རིམ་དང་ལྡན་པས། སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་རླབས་ལ་རྔ་རོལ་དང་བཅས་པས་འདི་སྐད་དོ། །ཨེ་མ་རྨད་བྱུང་གངས་ཅན་བོད་ཡུལ་དུ། །འཕགས་མཆོག་ཕྱག་ན་པདྨའི་ཐུགས་ཀྱི་སྤྲུལ། །རང་བྱུང་པདྨ་རྒྱལ་པོ་མཁའ་ལམ་ནས། །རྫུ་འཕྲུལ་འཕུར་འགྲོའི་བརྟུལ་ཞུགས་ལ་ཞུགས་ཚེ། །སྔོན་ནས་གསང་བདག་རྡོ་རྗེ་འཛིན་པ་དང་། །ཐ་དད་མེད་ཀྱང་རྒྱལ་བསྟན་སྤེལ་སླད་དུ། །བསྟན་སྲུང་ཡུལ་ལྷའི་གཙོ་བོར་ཞལ་བཞེས་ཕྱིར། །ལྟོ་འགྲོའི་གཟུགས་ཀྱིས་ལམ་འཕྲང་བཅད་ནས་ཀྱང་། །ལྕེ་ཡི་ཟས་སུ་དཔོན་སློབ་བླངས་བརྩམས་པས། །དུག་གསུམ་རྩད་གཅོད་མཚོན་གྱི་ཡུ་བས་བསྣུན། །གངས་རྩེར་བྲོས་ཀྱང་གཟི་བརྗིད་མེ་དཔུང་གིས། །གངས་རི་བཞུས་ཤིང་ལུས་པོ་ཚིག་ཉེ་ཚེ། །ཞལ་ཟས་ཚོགས་མཆོད་དྲངས་ཏེ་ཐུབ་པའི་བསྟན། །མི་ཉམས་འཕེལ་ཞིང་དགེ་འདུན་འདུས་པའི་སྡེ། །དབུས་གཙང་རུ་བཞིར་ཁེངས་པས་སྲོག་སྐྱོབ་ཅེས། །ཞལ་གྱིས་བཞེས་པའི་ཐ་ཚིག་རྗེས་དགོངས་ལ། །སྨྱོ་འདྲེ་རྒྱལ་བསེན་འདུལ་བའི་ཧེ་རུ་ཀ །པདྨའི་བསྟན་པ་སྲུང་བའི་མཐུ་བོ་ཆེ། །བསམ་ཡས་ལྷ་ཁང་གཉེར་འཛིན་དཀོར་གྱི་བདག །ཕྱི་ལྟར་གཉན་ཆེན་ཐང་ལྷ་ཡུལ་སྐྱོང་གཙོ། །ནང་ལྟར་རྒྱུད་སྡེའི་མངའ་བདག་རྡོ་རྗེ་འཛིན། །གསང་བ་ལྷ་མཆོག་སྟོབས་ལྡན་ནག་པོ་ཆེ། །རྣལ་འབྱོར་དད་དང་གུས་པས་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་གནས་འདིར་གཤེགས་ནས་ཀྱང་། །རང་མཐུན་དགྱེས་པའི་སྟན་ལ་བག་ཕེབ་བཞུགས། །ཕྱི་མཆོད་དྭངས་བསིལ་ཡོན་ཆབ་དྲི་ཞིམ་སྤོས། །མཛེས་པའི་མེ་ཏོག་འོད་འབར་ཉི་ཟླའི་སྒྲོན། །བཟང་དྲུག་ངད་ལྡན་དྲི་ཆབ་རོ་ལྡན་བཤོས། །ནང་མཆོད་སྨན་རཀ་གཏོར་གསུམ་དམ་ཚིག་རྫས། །གསང་མཆོད་བདེ་སྟོང་སྦྱོར་དང་དགྲ་བགེགས་བསྒྲལ། །མཐུན་རྫས་གཡུ་སྐྱེམས་གཙང་ལུག་བཤོས་བུ་དང་། །ཕྱེ་མར་བསང་མཆོད་ལ་སོགས་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་ལས་སྤྲུལ་བས་ཐུགས་དམ་བསྐང་། །དྲེགས་ཚོགས་གཙུག་གི་རྒྱན་ཏུ་མངའ་གསོལ་ལོ། །ཉམས་ཆག་ཉེས་ལྟུང་བག་ཆགས་དབྱིངས་སུ་བཤགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་པའི་ལྷ། །གདུག་ཅན་ཞིང་བཅུའི་གཤེད་གྱུར་རྡོ་རྗེ་འབར། །མདོག་དཀར་སྦ་ལྕགས་ཤེལ་ཕྲེང་ཕྱག་ན་བསྣམས། །ལྷ་རྟ་ངང་དཀར་ཆིབས་ཤིང་སྟོང་གསུམ་ཉུལ། །དར་དཀར་གོ་ཟུ་རིན་ཆེན་རྒྱན་ཕྲེང་ངོམས། །བདུད་སྲིན་དམ་སྲི་འདུལ་བའི་དཔའ་བོ་མཆོག །གཉན་ཆེན་ཐང་ལྷ་སྲིད་པའི་ལྷ་རབས་ཆེ། །རྣལ་འབྱོར་བསྟན་སྲུང་དམ་པ་ཁྱེད་ལ་བསྟོད། །ཁྱོད་ལ་ཕྲིན་ལས་གཉེར་དུ་གཏད་པའི་མདོར། །ཕན་བདེའི་འབྱུང་གནས་ཐུབ་བསྟན་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ། །སྣོད་བཅུད་གེགས་ཞི་བདེ་སྐྱིད་ལྡན་པར་མཛོད། །ཁྱད་པར་མི་ཕྱུགས་གློ་བུར་སྲོག་འཕྲོག་པའི། །རྒྱལ་བསེན་དམ་སྲི་འབྱུང་པོའི་དཔའ་ཟིལ་ཆོམས། །བདག་གི་ཚེ་སྲོག་བཀྲག་མདངས་ཡར་ཟླ་བཞིན། །མི་ཉམས་གོང་དུ་འཕེལ་བའི་ཕྲིན་ལས་མཛོད། །མཐར་ཐུག་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ནས། །གཟུགས་སྐུ་གཉིས་ཀྱིས་སེམས་ཅན་རེ་འབྲས་ཀུན། །ཐོགས་མེད་ཡིད་བཞིན་སྟེར་བའི་དབང་གི་རྒྱལ། །ཆེ་དགུའི་གཙུག་གི་རྒྱན་དུ་མཐོ་བར་མཛོད། །ཅེས་པའང་བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་ལྡན་པའི་བཙུན་ཆུང་བསོད་ནམས་མཐུ་སྟོབས་ནས་བསྐུལ་ངོར། རྒྱ་སྤྲུལ་བླུན་རྒན་ནས་བྲིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག སརྦ་མངྒ་ལཾ།

ཐང་ལྷའི་བསྐུལ་བསྡུས་དམ་ཚིག་རྒྱུད་བསྐུལ་པདྨའི་མིང་གིས་བྲིས་པ།

༄༅། གཉན་ཆེན་ཐང་ལྷའི་བསྐུལ་བསྡུས་དམ་ཚིག་རྒྱུད་བསྐུལ་བཞུགས། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ཤིང་། དགུག་གཞུག་དྲག་པོ་བྱེད་དེ་ལས་ལ་བསྐུལ་བ་ནི། ཀྱཻ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི། །བཀའ་ཉན་དྲེགས་པ་ཡོངས་ཀྱི་རྗེ་བོ་ཆེ། །ཆོས་འཁོར་གཉན་པོའི་བཀའ་ཡི་གཉེར་འཛིན་པ། །གཉན་ཆེན་ཐང་ལྷ་འཁོར་བཅས་ལས་ལ་བསྐུལ། །སྔོན་ཚེ་བསྐལ་པ་དང་པོ་བར་དང་ནི། །ཐ་མ་རྣམས་སུ་གསང་བདག་རྟ་མཆོག་དང་། །རྡོ་རྗེ་ཕུར་པས་བཀའ་དང་དམ་བསྒྲགས་པའི། །རྒྱལ་བསེན་དམ་སྲི་དགྲ་བགེགས་གཤེད་གྱུར་པ། །གཉན་གྱི་རྒྱལ་པོ་ཆེན་པོ་ཐང་ལྷ་ནི། །དྲག་པོར་ཁྲོས་པ་རྡོ་རྗེ་འབར་བ་རྩལ། །མཐིང་ནག་རལ་གྲི་མི་མགོའི་ཕྲེང་བ་བསྣམས། །དར་ནག་གོས་དང་སྟག་རལ་གཟིག་ཤུབ་སྤྲས། །རྟ་ནག་ཆིབས་ཤིང་སྟོང་གསུམ་མ་ལུས་ཉུལ། །སྨྱོ་འདྲེ་རྒྱལ་བསེན་དགྲ་བགེགས་གདུག་པ་འདུལ། །ཁྱོད་ནི་དཔལ་གྱི་བཀའ་སྡོད་ཆེན་པོ་སྟེ། །དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་དགྲ་རྣལ་འབྱོར་དགོས་ཀྱི་དགྲ། །གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་བཅས། །ཐལ་བའི་རྡུལ་བརླག་བཅོལ་བའི་ཕྲིན་ལས་ཀུན། །ཐོགས་མེད་མྱུར་དུ་བསྒྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་གཏོར་མ་དགྲ་ཕྱོགས་འཕེན། །ལས་རྣམས་འགྲུབ་པར་སོམ་ཉི་བྲལ། །ཅེས་འདི་བསྟན་པའི་མཛེས་རྒྱན་དུ། །ཆོས་བདག་པདྨའི་མིང་གིས་བྲིས། །དགེ་བས་འགྲོ་བའི་རྒུད་པ་སེལ། །ཐོག་ཐ་བར་དུ་མངྒ་ལཾ།།

བསྐུལ་བ་མཚོན་ཆའི་འཁོར་ལོ།

ཕུར་པའི་ཐུགས་སྒྲུབ་དམ་སྲི་ཚར་གཅོད་ལས༔ བསྐུལ་བ་མཚོན་ཆའི་འཁོར་ལོ་བཞུགས༔ རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་པ༔ རྡོ་རྗེ་ཕུར་པའི་ལྷ་ལ་ཕྱག་འཚལ་ནས༔ ཕུར་པའི་ཐུགས་སྒྲུབ་ཟབ་མོའི་སྒྲོལ་ལས་མཚམས༔ བསྐུལ་བ་མཚོན་ཆའི་འཁོར་ལོ་འདིར་བསྟན་བྱ༔ དམར་གཏོར་རཀྟས་བྲན་ལ་དར་ནག་གཡབ༔ ཚིལ་ཆེན་བདུག་སྤོས་བཤུག་གླུ་དང་བཅས་ཏེ༔ རྔ་བརྡུང་རྔམ་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཁྲོ་རྒྱལ་ཡོངས་ཀྱི་འཁོར་ལོས་སྒྱུར༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དབྱིངས་ནས་བསྐུལ༔ ཁྲག་འཐུང་ཁྲོ་མོ་ཡོངས་ཀྱི་སྤྱི་རྗེ་མོ༔ ཤེས་རབ་འཁོར་ལོ་རྒྱས་འདེབས་དབྱིངས་ནས་བསྐུལ༔ གཟུང་འཛིན་གཉིས་སྣང་དགྲ་འདྲེ་ཆམ་ལ་ཕོབས༔ འགྲོ་དྲུག་འཁྲུལ་བ་ཆོས་ཀྱི་དབྱིངས་སུ་སྒྲོལ༔ ཞེ་སྡང་དགྲ་བོ་ཚར་གཅོད་ཧེ་རུ་ཀ༔ སྲས་མཆོག་བཛྲ་ཀཱི་ལ་དབྱིངས་ནས་བསྐུལ༔ ང་རྒྱལ་གཤིན་རྗེ་ཟིལ་གནོན་ཁྲོ་བོའི་རྒྱལ༔ སྲས་མཆོག་རཏྣ་ཀཱི་ལ་དབྱིངས་ནས་བསྐུལ༔ འདོད་ཆགས་སྲིད་རྩ་གཅོད་མཛད་དཔའ་བོ་ཆེ༔ སྲས་མཆོག་པདྨ་ཀཱི་ལ་དབྱིངས་ནས་བསྐུལ༔ ཕྲག་དོག་དམ་སྲི་གནོན་མཛད་སྟོབས་པོ་ཆེ༔ སྲས་མཆོག་ཀརྨ་ཀཱི་ལ་དབྱིངས་ནས་བསྐུལ༔ དུག་ལྔའི་རང་གཟུགས་བདུད་བཞི་ཆམ་ལ་ཕོབས༔ རྒྱུད་ལྔའི་བག་ཆགས་སྐུ་བཞིའི་ཀློང་དུ་སྒྲོལ༔ ཧཱུྃ་བྷྱོ༔ སྲོག་གཅོད་མི་དགེ་གནས་དག་རྣམ་པར་རྒྱལ༔ བཟོད་པའི་ཕར་ཕྱིན་སྙེམས་མ་ཡུམ་དང་འཁྲིལ༔ རྐུ་འཕྲོག་མི་དགེའི་སྐྱོན་བྲལ་གཤིན་རྗེ་གཤེད༔ སྦྱིན་པའི་ཕར་ཕྱིན་དུར་ཁྲོད་བདག་མོ་འཁྲིལ༔ འདོད་ལོག་མི་དགེ་འཛིན་གྲོལ་རྟ་མགྲིན་རྒྱལ༔ ཚུལ་ཁྲིམས་ཕར་ཕྱིན་གོ་ཆ་ཡུམ་དང་འཁྲིལ༔ རྫུན་ཚིག་མི་དགེ་དབྱིངས་བསྒྲལ་བདུད་རྩི་འཁྱིལ༔ བརྩོན་འགྲུས་ཕར་ཕྱིན་རླུང་འབྱིན་ཡུམ་དང་འཁྲིལ༔ ཕྲ་མ་མི་དགེ་འཛིན་བྲལ་དབྱུག་སྔོན་ཅན༔ ཐབས་ཀྱི་ཕར་ཕྱིན་རྡོ་རྗེ་སྡེར་མོ་འཁྲིལ༔ རྩུབ་མོའི་ཚིག་སྤངས་ཁྲོ་རྒྱལ་མི་གཡོ་མགོན༔ སྟོབས་ཀྱི་ཕར་ཕྱིན་གཏུན་ཁུང་ཡུམ་དང་འཁྲིལ༔ ངག་འཁྱལ་སྐྱོན་བྲལ་ཁྲོ་ཆེན་འདོད་པའི་རྒྱལ༔ ཤེས་རབ་ཕར་ཕྱིན་མདའ་སྙེམས་ཡུམ་དང་འཁྲིལ༔ བརྣབ་སེམས་མི་དགེ་རང་གྲོལ་ཁམས་གསུམ་རྒྱལ༔ སྨོན་ལམ་ཕར་ཕྱིན་གསོད་བྱེད་ཡུམ་དང་འཁྲིལ༔ གནོད་སེམས་སྐྱོན་སྤངས་ཁྲོ་རྒྱལ་སྟོབས་པོ་ཆེ༔ བསམ་གཏན་ཕར་ཕྱིན་སྐུལ་བྱེད་ཡུམ་དང་འཁྲིལ༔ ལོག་པར་ལྟ་སྤངས་ཁྲོ་རྒྱལ་ཧཱུྃ་ཀ་ར༔ ཡེ་ཤེས་ཕར་ཕྱིན་སྒྲ་འབྱིན་ཡུམ་དང་འཁྲིལ༔ ཟ་གསོད་ཕྲ་ཐབས་ཉི་ཤུ་སྤྲུལ་པར་བཅས༔ ཁྲོ་རྒྱལ་ཡབ་ཡུམ་བཅུ་པོ་དབྱིངས་ནས་བསྐུལ༔ དམ་ཉམས་དགྲ་བགེགས་མི་དགེའི་རྟོག་ཚོགས་ཆོམས༔ བཟང་ངན་རྟོག་ཚོགས་འཛིན་པ་དབྱིངས་སུ་སྒྲོལ༔ ཧཱུྃ་བྷྱོ༔ ཤར་གྱི་སྒོ་བ་སྙིང་རྗེའི་ལྕགས་ཀྱུ་ཅན༔ འཁོར་བའི་གནས་ནས་འདྲེན་ཕྱིར་ཐུགས་དམ་བསྐུལ༔ ལྷོ་ཡི་སྒོ་བ་བྱམས་པའི་ཞགས་པ་ཅན༔ ཐར་པའི་ལམ་དུ་འཆིང་ཕྱིར་ཐུགས་དམ་བསྐུལ༔ ནུབ་ཀྱི་སྒོ་བ་དགའ་བའི་ལྕགས་སྒྲོག་ཅན༔ དམིགས་མེད་དབྱིངས་སུ་སྡོམ་ཕྱིར་ཐུགས་དམ་བསྐུལ༔ བྱང་གི་སྒོ་བ་བཏང་སྙོམས་དྲིལ་བུ་ཅན༔ ཟག་མེད་ཀློང་དུ་མྱོས་ཕྱིར་ཐུགས་དམ་བསྐུལ༔ མུ་བཞིར་ལྟུང་བའི་དགྲ་འདྲེ་ཆམ་ལ་ཕོབས༔ རྟག་ཆད་ལྟ་བ་བདག་མེད་ཀློང་དུ་སྒྲོལ༔ ཧཱུྃ་བྷྱོ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་དྲག་རྩལ་ཅན༔ ཕུར་སྲུང་བཅུ་དྲུག་ཐུགས་དམ་དབྱིངས་ནས་བསྐུལ༔ མ་གཡེལ་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ༔ ལྕགས་ཀྱི་སྤྱང་མོ་འཇིགས་པའི་མགོ་དགུ་མ༔ ལྕགས་ཀྱི་མི་མོ་འཇིགས་པའི་གཟུགས་ཅན་ཞོན༔ ལྕགས་ཕུར་འདྲིལ་ཞིང་བསྟན་དགྲའི་སྙིང་ལ་འདེབས༔ ཤ་ན་མུ་ཁ་ཆེན་མོའི་ཐུགས་དམ་བསྐུལ༔ ལྷོ་ཕྱོགས་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ༔ གསེར་གྱི་འཕར་བ་མྱུར་བའི་ལྕེ་བརྒྱད་མ༔ གསེར་གྱི་མི་མོ་མྱུར་བའི་ཤུགས་ཅན་ཞོན༔ གསེར་ཕུར་འདྲིལ་ཞིང་བསྟན་དགྲའི་སྙིང་ལ་བརྡེག༔ ཤྭ་ན་མུ་ཁ་ཆེན་མོའི་ཐུགས་དམ་བསྐུལ༔ ནུབ་ཕྱོགས་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ༔ ཟངས་ཀྱི་མི་མོ་རྔམ་པའི་བརྗིད་ལྡན་ཞོན༔ ཟངས་ཕུར་འདྲིལ་ཞིང་ཉམས་པའི་སྲོག་ལ་འདེབས༔ སྲི་ལ་མུ་ཁ་ཆེན་པོའི་ཐུགས་དམ་བསྐུལ༔ བྱང་ཕྱོགས་དཀྱིལ་འཁོར་ཆེན་པོའི་བར་ཁྱམས་ལ༔ གཡུ་ཡི་ཁྱི་མོ་གཡུ་རལ་སྤྲིན་ལྟར་འཐིབས༔ གཡུ་ཡི་མི་མོ་མཛེས་པའི་ཚུལ་གྱིས་ཆིབས༔ གཡུ་ཕུར་འདྲིལ་ཞིང་དམ་སྲིའི་སྙིང་ལ་འདེབས༔ སྲི་ཀ་མུ་ཁ་ཆེན་མོའི་ཐུགས་དམ་བསྐུལ༔ ཧཱུྃ་བྷྱོ༔ བལ་ཡུལ་ཡ་བྱིན་ཡུལ་ལ་གནས་བཅས་པའི༔ བདུད་ཀྱི་བུ་མོ་བདུད་རྟ་ནག་པོ་ཆིབས༔ ལྕགས་རལ་ཕུར་པ་འདྲིལ་ཞིང་དགྲ་ལ་བརྡེག༔ ཐུགས་དམ་བསྐུལ་ལོ་བསྟན་དགྲ་རྡུལ་དུ་རློགས༔ རོང་གི་དེ་བྱིན་ཡུལ་ལ་བརྟེན་བཅས་པའི༔ གཟའ་ཡི་བུ་མོ་གཟའ་རྟ་མེ་འབར་ཆིབས༔ གསེར་ཕུར་འདྲིལ་ཞིང་གསེར་རལ་སྤྲིན་ལྟར་གཏིབས༔ བརྣག་པའི་དགྲ་ལ་གཟའ་ནད་སེར་ལྟར་ཕོབས༔ མང་ཡུལ་ལི་བྱིན་དམར་པོའི་ཡུལ་ལ་བརྟེན༔ བཙན་གྱི་བུ་མོ་བཙན་རྟ་དམར་པོ་ཞོན༔ བསེ་དམར་རལ་བསིགས་བསེ་ཕུར་དགྲ་ལ་འདེབས༔ སྡང་དགྲ་མ་གཏོང་བཙན་ནད་གཟེར་ཐབས་ཐོང༔ སྙེ་ནམ་ཕག་བྱིན་ཡུལ་གྱི་མཚོ་ལ་བརྟེན༔ ཀླུ་ཡི་བུ་མོ་གཡུ་རྟ་རླུང་གཤོག་ཆིབས༔ དུག་ཕུར་དགྲ་ལ་འདེབས་ཤིང་གཡུ་རལ་བསིགས༔ མཐོ་གནོན་བྱེད་པའི་དགྲ་ལ་མཛེ་ནད་ཕོབས༔ ཧཱུྃ་བྷྱོ༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུས་ཤེལ་ཕུར་འདྲིལ༔ རྩལ་ལྡན་སེང་གེ་དཀར་མོའི་སྟེང་ན་འགྱིངས༔ རྒྱལ་པོ་འབུམ་གྱི་ཆོ་འཕྲུལ་དགྲ་ལ་འགྱེད༔ བསྟན་པའི་དགྲ་ལ་བརྒྱལ་ནད་སྨྱོ་འབོག་ཐོང༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུས་ལྕགས་ཕུར་འདྲིལ༔ གཡུ་འབྲུག་ཆིབས་ཤིང་ཐོག་དང་སེར་བ་འབེབས༔ མི་ཟན་གཤིན་རྗེའི་དམག་དཔུང་དགྲ་ལ་འགྱེད༔ ཞིང་བཅུའི་དགྲ་བོ་མ་གཏོང་ཁྲམ་ལ་ཐོབ༔ ནུབ་ཕྱོགས་བཙན་གྱི་སྐྱེས་བུས་ཟངས་ཕུར་འདྲིལ༔ བཙན་གྱི་ར་སྐྱེས་གནམ་ལ་འཕུར་ཤེས་ཆིབས༔ བཙན་རྒོད་འབུམ་གྱི་ཕོ་ཉ་མྱུར་མགྱོགས་འགྱེད༔ བཙན་ཞགས་དམར་པོས་དགྲ་ལུས་གྲུ་གུར་བཅིངས༔ བྱང་ཕྱོགས་ཡ་བདུད་སྐྱེས་བུས་ལྕགས་ཕུར་འདྲིལ༔ བདུད་ཕོ་ནག་པོའི་ལས་མཁན་འབུམ་ཁྲག་འགྱེད༔ བདུད་རྟ་དྲག་ཤུལ་རྔམ་འཁྲུག་ཞོན་ནས་རྒྱུག༔ བདུད་ནད་འཐིབས་པོས་དགྲ་བོ་མྱོས་སུ་ཆུག༔ ཧཱུྃ་བྷྱོ༔ བདུད་ཀྱི་བུ་མོ་ལྷ་མོ་རེ་མ་ཏི༔ རི་རབ་སྟེང་ནས་གླིང་བཞིའི་དགྲ་ལ་རྔམ༔ རྒྱ་མཚོའི་གཏིང་ནས་རྒྱལ་བསྟན་སྐྱོང་ལ་བརྩོན༔ དེ་རིང་དམིགས་པའི་དགྲ་འདྲེ་ཁྲམ་ལ་ཐོབ༔ སྲིད་གསུམ་བདག་མོ་དཔལ་ལྡན་རེ་མ་ཛི༔ གླིང་བཞིར་ཉུལ་ཞིང་བསྟན་པའི་བྱ་ར་བྱེད༔ ཕུར་པའི་རྣལ་འབྱོར་ཡོངས་ཀྱི་ཚེ་བསོད་སྤེལ༔ བར་ཆད་རྩོམ་པའི་དམ་སྲི་རྡུལ་དུ་རློགས༔ སྲིད་པའི་བདག་མོ་སྨན་མོ་རེ་མ་ཛུ༔ དུས་བཞིར་བར་སྣང་ལ་རྒྱུ་སད་སེར་གཏོང་༔ ཕུར་པའི་རྣལ་འབྱོར་སྐྱོང་བའི་མཛའ་ན་མོ༔ དེ་རིང་རྣལ་འབྱོར་དགྲ་ལ་ཕྲིན་ལས་མཛོད༔ སྟོང་ཁམས་བདག་མོ་བདུད་མོ་རེ་མ་ཛ༔ བདུད་ཀྱི་ཁྲམ་ལ་བདུད་རིགས་སྡིག་སྤྱོད་འདེབས༔ རྣལ་འབྱོར་ཡོངས་ཀྱི་སྒྲུབ་པའི་ལས་མཁན་མ༔ སྣ་ཚོགས་སྤྲུལ་རྒྱུར་སྟོན་པའི་མིང་བརྒྱ་མ༔ བདག་ལ་སྡང་དགྲ་མ་གཏོང་ཤྭ་ར་རེ༔ ཧཱུྃ་བྷྱོ༔ ཕུར་པའི་དཀྱིལ་འཁོར་མུ་རན་ལ་གནས་པའི༔ སྲིན་མོ་ཉི་ཤུ་རྩ་བདུན་ཐུགས་དམ་བསྐུལ༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ བསྟན་པའི་དགྲ་ལ་མ་གཡེལ་ཕྲིན་ལས་མཛོད༔ ཤར་གྱི་དབང་ཕྱུག་དཀར་སྨུག་ཕྱེད་གཟུགས་བདུན༔ ལྷོ་ཡི་དབང་ཕྱུག་སེར་ནག་ཕྱེད་གཟུགས་བདུན༔ ནུབ་ཀྱི་དབང་ཕྱུག་དམར་ནག་ཕྱེད་གཟུགས་བདུན༔ བྱང་གི་དབང་ཕྱུག་ལྗང་ནག་ཕྱེད་གཟུགས་བདུན༔ སྣ་ཚོགས་གཟུགས་དང་ཕྱག་མཚན་སྤྲུལ་བསྒྱུར་ངོམས༔ ཕུར་པའི་དཀྱིལ་འཁོར་མཚན་ཙམ་འཛིན་པ་ཡང་༔ བསྲུང་ཞིང་སྐྱོབ་པར་ཞལ་གྱིས་བཞེས་པ་ལྟར༔ དེ་རིང་རྣལ་འབྱོར་དྲག་པོའི་ཕྲིན་ལས་ཀྱིས༔ བསྟན་པའི་དགྲ་བོ་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ་དམར་གཏོར་མདུན་བསྐྱེད་ཀྱི་གཏོར་ཆེན་ལ་འབུལ༔ རཀྟ་སྦྲེང་༔ གཞི་སྙིང་གི་སྔགས་ཤམ་དུ༔ གནོད་བྱེད་དགྲ་བགེགས་མཱ་ར་ཡ་རྦད་རྦད༔ འདི་ནི་ཤིན་ཏུ་གཉན་པའི་ཕྱིར༔ ཐོ་ཅོར་ཁྱབ་བརྡལ་བྱ་བ་མིན༔ བསྟན་འགྲོ་སྤྱི་དང་དགོས་དགྲ་ལ༔ རྦད་པའི་མཚོན་ཆའི་འཁོར་ལོ་འདྲ༔ སྔགས་ཀྱི་སྲུང་མས་གཏེར་འདི་སྲུངས༔ ཕུར་སྲུང་བཅུ་དྲུག་བཀའ་འདི་འཚོས༔ ཕྲིན་ལས་སྒྲུབ་པའི་གདམས་ཆེན་ནམ༔ ཡང་ཟབ་འཆད་ཉན་སྤེལ་བའི་ཚེ༔ བརྟགས་ཏེ་དགོངས་པའི་བརྡ་རིས་ཁྲོལ༔ མངའ་བདག་རྗེ་དང་མཚོ་རྒྱལ་དང་༔ བདག་ཉིད་པདྨའི་བཀའ་དྲིན་ལ༔ རྟག་ཏུ་སོམས་ལ་བསྙེན་སྒྲུབ་ཀྱི༔ ཆོས་འདི་དོན་དང་ལྡན་པར་ཤོག༔ སྡིག་སྤྱོད་མཚོན་ཆར་འདི་བྱིན་ན༔ རག་གདོང་ཁྲོས་མས་སྙིང་ཁྲག་རོལ༔ གུ་ཧྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་སྐལ་ལྡན་ལུང་རིག་གླིང་པར་འབོད་པའི་སྤྲང་བན་བདག་གིས་དག་སྣང་ཟོལ་མེད་ཀྱི་ངང་དུ་བབས་པ་བཅོས་མེད་དུ་སུག་བྲིས་བགྱིས་པ་ཛ་ཡན་ཏུ༔ སརྦ་མངྒ་ལཾ།

གསེར་སྐྱེམས་བདུད་རྩིའི་རོལ་མཚོ།

༄༅།། གསེར་སྐྱེམས་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས། དེ་ལ་བསྒྲལ་ལས་ཀྱི་ཐོག་མར་བརྔན་སྦྱིན་གསེར་སྐྱེམས་བཟང་པོ་བཤམས་ལ་བསང་ཆུས་འཐོར་ཏེ། རཾ་ཡཾ་ཁཾ། ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ༔ཧཱུྃ༔ བདུད་བཞིའི་དཔུང་འཇོམས་སྟོན་པ་རྫོགས་སངས་རྒྱས། །སྲིད་ཞིའི་སྡུག་བསྔལ་ལས་སྐྱོབ་དམ་པའི་ཆོས། །ཡང་དག་ཐར་པའི་ལམ་སྟོན་དགེ་འདུན་སྡེ། །གསེར་སྐྱེམས་འདི་བཞེས་བདེན་རྫུན་དཔང་པོ་མཛོད། །བྱིན་རླབས་རྩ་བ་བརྒྱུད་ལྡན་བླ་མ་དང་། །དངོས་གྲུབ་གཏེར་མཛོད་ཡི་དམ་ཞི་དྲག་ལྷ། །བར་ཆད་ཀུན་སེལ་གནས་གསུམ་མཁའ་འགྲོའི་ཚོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་བདེན་རྫུན་དཔང་པོ་མཛོད། །ཁྱད་པར་དཔལ་ཆེན་བཛྲ་ཀུ་མཱ་ར། །ཡབ་ཡུམ་ཁྲོ་བཅུ་ཟ་གསོད་ཕྲ་ཐབས་དང་། །དབང་མོ་ཉེར་བརྒྱད་ཕུར་སྲུང་སྒོ་མའི་ཚོགས། །གསེར་སྐྱེམས་འདི་བཞེས་ཞིང་བཅུའི་དགྲ་བགེགས་སྒྲོལ། །སྔགས་སྲུང་ཁྲོ་མོ་མ་མོ་རལ་གཅིག་མ། །བཀའ་ཡི་སྲུང་མ་དུད་སོལ་ལྷ་མོ་སོགས། །དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཚོགས། །གསེར་སྐྱེམས་འདི་བཞེས་དམ་ཉམས་དགྲ་བགེགས་སྒྲོལ། །ཅེས་ཕུད་སྐྱེམས་ཕྱོགས་བཅུར་གཏོར་ལ་གཟུ་དཔང་བྱ།

བསྒྲལ་ལས་བསྟན་དགྲའི་སྲོག་གཤེད།

༄༅། ཀིལཡསཱདྷྱནཙིཏྟསྱམནྚེབྷྱཿ ཏརྻཀརྨྨཤསནཤཏྲུསྱཛཱིབབདྷྱགྷཱཏབིཧརཏིསྨ།

༄༅། ཀིལཡསཱདྷྱནཙིཏྟསྱམནྚེབྷྱཿ ཏརྻཀརྨྨཤསནཤཏྲུསྱཛཱིབབདྷྱགྷཱཏབིརཏིསྨ།

ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས༔ བསྒྲལ་ལས་བསྟན་དགྲའི་སྲོག་གཤེད་ཅེས་བྱ་བ་བཞུགས་སོ༔ ཆོས་སྐུ་སྟོང་པའི་ངང་ཉིད་ལས༔ ཞི་དང་ཁྲོ་བོའི་རྣམ་རོལ་གྱིས༔ འགྲོ་དྲུག་བག་ཆགས་སྒྲོལ་མཛད་པ༔ དཔལ་ཆེན་ཕུར་པའི་ལྷ་ལ་འདུད༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ སྲིན་པོའི་སོ་ཁ་བསྲུང་ཕྱིར་དུ༔ དངོས་ཉིད་སྲིན་ཡུལ་བཞུགས་ན་ཡང་༔ གསོལ་བ་འདེབས་པའི་གང་ཟག་གི༔ མོས་ངོར་ནམ་ཡང་གཤེགས་བཞུད་མེད༔ ད་ལྟ་གཟུངས་མ་མཚོ་རྒྱལ་གྱིས༔ འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས༔ དག་དང་མ་དག་སྤྲུལ་པའི་གཟུགས༔ རྡུལ་དང་ཉི་ཟེར་ཇི་བཞིན་ལ༔ ཁྱད་པར་ལྔ་བདོའི་རྩུབ་འགྱུར་དེར༔ བཙུན་པ་རྒྱལ་བློན་བཙུན་མོ་དམངས༔ སྣ་ཚོགས་ཆོས་དང་རྫས་གཏེར་འབྱིན༔ ཕལ་ཆེར་དག་སྣང་ཆོས་ལ་དབང་༔ ཤར་ཕྱོགས་རྒྱལ་མོ་རོང་གི་ཆར༔མཐའ་མིའི་རིག་ལ་ཤེས་རབ་ཅན༔ དུས་ཀུན་པདྨ་ང་ལ་མོས༔ ཉེར་བདུན་སོ་དྲུག་ཞེ་གཅིག་མཚམས༔ སྔོན་གྱི་བག་ཆགས་གཏེར་གྱི་འཕྲོ༔ དཀར་པོའི་བག་ཆགས་སད་པའི་ཚེ༔ ལྷ་སྲས་མུ་རུབ་བཙད་པོ་དང་༔ མཚོ་རྒྱལ་པད་འབྱུང་བདག་ཉིད་རྣམས༔ རབ་དངོས་འབྲིང་ཉམས་རྨི་ལམ་དུ༔ ཡང་ཡང་འབྱུང་ཞིང་ལུང་སྟོན་ཅིང་༔ དག་སྣང་ཆོས་ཀྱི་གཏེར་ཁ་སྦྱིན༔ ཡང་དགོས་བར་ཆད་སེལ་བའི་ལྷ༔ རྡོ་རྗེ་གཞོན་ནུའི་སྒྲུབ་ཐབས་འབྱུང་༔ དེ་ཡི་ཆ་རྐྱེན་སྒྲོལ་ལས་སྐབས༔ དཀྱིལ་འཁོར་མ་ཏྲཾ་བྲིས་པའི་སྟེང་༔ ཁྲི་འུར་དཔལ་གཏོར་ལྷ་གྲངས་ལ༔ མཚེ་ཡུངས་རྩང་དང་ཁྱུང་སྐུ་གཟུགས༔ རྡུལ་ཚོན་ཚོན་སྐུད་སྣ་ལྔས་དཀྲིས༔ བྲུབ་ཁུང་དགྲ་འདྲེའི་ལིང་ག་བཀོད༔ སྨན་རཀ་དྲག་པོའི་མཆོད་པས་བསྐོར༔ བསྙེན་སྒྲུབ་བསྐྱར་ཞིང་ཚོགས་བསྐང་དང་༔ སྲུང་མའི་གསོལ་མཆོད་སྔོན་བཏང་ནས༔ སྲིད་ཞིའི་མགྲོན་དང་ཡོན་ཏན་མགྲོན༔ བརྔན་སྦྱིན་གསེར་སྐྱེམས་ཕུད་ཀྱིས་མཆོད༔ དེ་ནས་གཟུ་དཔང་བྱ་བ་ནི༔ ཧཱུྃ༔ མི་མངོན་དག་པ་དབྱིངས་ཀྱི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་འཆང་༔ སྤྲུལ་སྐུ་གསང་བདག་རིག་འཛིན་ཐོད་ཕྲེང་རྩལ༔ དེ་རིང་རྣལ་འབྱོར་སྒྲུབ་པོར་གཟུ་དང་དཔང་༔ གྲུ་གསུམ་མཐིང་ནག་ཨེ་ཁྲམ་འབར་བའི་ཀློང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ ཤེས་རབ་དབྱིངས་ཕྱུག་འཁོར་ལོ་རྒྱས་འདེབས་ཡུམ༔ དེ་རིང་དགྲ་བགེགས་སྒྲོལ་བའི་གཟུ་དང་དཔང་༔ ཕྱོགས་བཞིར་འཁོར་ལོ་འབར་བའི་རྩིབས་སྟེང་ནས༔ ཐུགས་ཀྱི་སྲས་མཆོག་རིགས་བཞིའི་ཀཱི་ལ་ཡ༔ དུག་ལྔའི་བག་ཆགས་དབྱིངས་སུ་གནས་དག་ཕྱིར༔ དེ་རིང་ཞིང་བཅུ་སྒྲོལ་བའི་གཟུ་དང་དཔང་༔ ཕྱོགས་སྐྱོང་གདོན་བཅུ་བསྣོལ་བའི་གདན་སྟེང་ནས༔ དགེ་སྡིག་འཛིན་པ་ཟིལ་གནོན་ཧེ་རུ་ཀ༔ ཁྲོ་རྒྱལ་ཡབ་ཡུམ་ཕྱག་བརྙན་སྤྲུལ་པའི་སྲས༔ མི་དགེའི་རྟོག་ཚོགས་གཞོམ་ཕྱིར་གཟུ་དང་དཔང་༔ དཀྱིལ་འཁོར་སྒོ་བཞི་སྲུང་མཛད་སྒོ་བ་བཞི༔ དགྲ་བགེགས་འགུགས་འཆིང་སྡོམ་མྱོས་ལས་མཛད་པའི༔ དངོས་གྲུབ་བསྲུང་ཞིང་བར་ཆད་ཟློག་པའི་ལྷ༔ ལས་བཞིའི་ཕྲིན་ལས་སྒྲུབ་ཕྱིར་གཟུ་དང་དཔང་༔ དཀྱིལ་འཁོར་གྲལ་བཞུགས་བསྟན་དགྲ་སྒྲོལ་བའི་ཕྱིར༔ ཤྭ་ན་མུ་ཁ་ཆེན་པོ་མཆེད་བཞི་དང་༔ བདག་ཉིད་ཆེན་པོ་བསེ་མོ་སྐྱེས་བུ་བཞི༔ གསང་ཆེན་བསྟན་པའི་སྲུང་མ་གཟུ་དང་དཔང་༔ ཤར་ལྷོ་ནུབ་བྱང་མུ་རན་སྐྱོང་མཛད་མ༔ དབང་ཕྱུག་ཉེར་བརྒྱད་དཀར་སེར་དམར་དང་ལྗང་༔ རང་རྟགས་མཚོན་ཆ་སྒྲོལ་བའི་ལས་མཛད་མ༔ བསྟན་པའི་ལྕགས་རི་སྲུང་ཕྱིར་གཟུ་དང་དཔང་༔ ཞེས་ཕུད་སྐྱེམས་ཕྱོགས་བཅུར་འཐོར་ཞིང་བྲུབ་ཁུང་བསྐྱེད་པ་ནི༔ བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་བདུན་དུ་ཨེ་ནག་པོ་ལས་དུག་གསུམ་མེ་རླུང་དང་ཁྲག་གི་མཚོ་ཁོལ་བའི་རཱུ་ཏྲའི་བཙོན་ཁང་འཇིགས་སུ་རུང་བར་ནྲྀ་ལས་སྡང་བའི་དགྲ་བོ་དང་༔ ཏྲི་ལས་གནོད་པའི་རིགས་གཅིག་ཏུ་འདུས་པ་གཟུགས་བྱད་ངན་ཅིང་ཉམ་ཐག་པའི་རྣམ་པ་ཅན་ཡན་ལག་ལྕགས་སྒྲོག་ཏུ་བཅུག་ཅིང་སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་བསྐོར་ནས་ཡོད་པར་གྱུར༔ དེ་ནས་ལས་མཁན་སྤྲོ་བ་ནི༔ བདག་ཉིད་ཐུགས་ནས་སྤྲུལ་པའི་སྲས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ མཚོན་ཆ་ཐོགས་པ་ཕྱོགས་བཅུར་འཕྲོས༔ བསྟན་འགྲོ་སྤྱི་དང་བདག་ཅག་ལ༔ དོ་བསྡོ་ཕོད་བཙུགས་གཤེ་ཞིང་སྡང་༔ ཚེ་བསོད་དཔལ་འབྱོར་ཆོས་སྲིད་ལ༔ བར་ཆད་བྱེད་པའི་དགྲ་གདོན་སྲི༔ ཕྱོགས་བཅུ་གང་དུ་བྲོས་སམ་གབ༔ ལྕགས་ཀྱུས་སྙིང་དང་ཞགས་པས་ཆིངས༔ སྒྲོག་ཏུ་ཆུག་ལ་མྱོས་པར་གྱིས༔ རང་དབང་མེད་པར་འདིར་ཁུག་ལ༔ དམིགས་རྟེན་ལིང་ག་འདི་ལ་ཁུག༔ ཅེས་དང་༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་བདེན་པ་དང་༔ བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་དང་༔ ཁྱད་པར་དཔལ་ཆེན་ཁྲག་འཐུང་ཁྲོ་བོའི་རྒྱལ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་༔ ཕྱོགས་སྐྱོང་ཁྲོ་བོ་རིགས་བཞིའི་ཀཱི་ལ་ཡ༔ ཟ་གསོད་སྤྲུལ་བ་སྒོ་སྲུང་ཁྲོ་བོ་བཞི༔ ཕུར་སྲུང་དམ་ཅན་བཅུ་དྲུག་ནུས་པའི་མཐུས༔ དཀོན་མཆོག་བླ་མའི་སྐུ་དགྲ་རྒྱལ་བསྟན་བཤིག༔ ཉེས་མེད་འགྲོ་ལ་འཚེ་ཞིང་བདག་ལ་སྡང་༔ ཆོས་སྲིད་ཚེ་ལ་གེགས་བྱེད་དམ་སྲིའི་རིགས༔ དམིགས་རྟེན་གཟུགས་ཀྱི་ལིང་ག་འདི་ལ་ཁུག༔ ཅེས་པ་ཅི་མང་འགུགས་སྔགས་ཡང་༔ གྲངས་བཟུང་རྟགས་ཐོན་བར་དུ་བྱ༔ ལྕགས་ཀྱུ་ལ་སོགས་ཕྱག་མཚན་གྱིས༔ བརྡེགས་ཤིང་དམིགས་པ་འདི་ལྟར་བྱ༔ ཧཱུྃ༔ ཤར་སྒོ་སྲུང་བའི་ལྕགས་ཀྱུ་ཅན་གྱི་ཚོགས༔ ལྷོ་སྒོ་སྲུང་བའི་ཞགས་པ་ནག་པོ་ཅན༔ ནུབ་སྒོ་སྲུང་བའི་ལྕགས་སྒྲོག་སྡོམ་བྱེད་དང་༔ དྲིལ་བུ་ཐོགས་པའི་བྱང་སྒོ་སྲུང་རྣམས་ཀྱིས༔ དགྲ་བགེགས་རྟེན་འདིར་ཨངྐུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ་གིས་འཆིང་བར་གྱིས༔ ལྕགས་སྒྲོག་དམ་པོས་སྡོམས་ཤིག་སྥོ་ཊ་བཾ༔ བཛྲ་གྷནྚེའི་སྒྲ་ཡིས་མྱོས་པར་གྱུར༔ དེ་ནས་ཉེས་པ་བསྒྲགས་པ་ནི༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་བགེགས་དམ་སྲི་འདིས༔ དང་པོ་རྒྱལ་བའི་བསྟན་བཤིག་དབུ་འཕང་སྨད༔ བར་དུ་སྲོག་གཅོད་ལ་སོགས་མི་དགེ་སྤྱོད༔ ཐ་མ་ངན་སོང་འཁོར་བའི་གཏིང་རྡོ་བྱེད༔ དེ་ཕྱིར་སྲུང་བའི་ལས་མཛད་དམ་ཅན་རྣམས༔ ཉེས་པ་ཅན་འདི་སྒྲོལ་བའི་ལས་ལ་དགོངས༔ རྣལ་འབྱོར་བདག་གིས་དམའ་བའི་ས་བཟུངས་ཏེ༔ དཀོན་མཆོག་སྐྱབས་སུ་བརྟེན་ཏེ་ཆོས་ལ་ཞུགས༔ རྒྱུ་འབྲས་ཆོས་ལ་དད་ཅིང་འདོར་ལེན་བྱས༔ བླ་མར་དབང་མནོས་ཡི་དམ་བསྙེན་ཅིང་བསྒྲུབ༔ དམ་ཉམས་དགྲ་འདིས་མཐོ་གནོན་གཤེ་ཞིང་དམོད༔ ནོར་རྫས་རྐུ་འཕྲོག་ལེགས་པའི་དཔལ་ཁ་འགོག༔ ཉེས་པའི་སྤྲིན་གཏིབས་ལུས་ཀྱིས་བརྡུང་བརྡེག་དང་༔ ངག་གིས་ཡ་ག་ངན་སྨྲ་གྲོས་ངན་རྩོམ༔ སེམས་ཀྱིས་ལོག་སྦྱོར་དངོས་བརྒྱུད་གཉིས་ནས་འཚེ༔ ཉེས་པ་ཅན་འདི་སྒྲོལ་བའི་ལས་ལ་དགོངས༔ ཁྱད་པར་ཚེ་ཆོས་སྲིད་ལ་བར་གཅོད་པའི༔ རྒྱལ་བསེན་དམ་སྲི་སྒབ་འདྲེ་གདུག་པ་ཅན༔ ཉེས་ཅན་འབྱུང་པོ་རྒྱབ་བརྟེན་སྡོང་ཟླ་བཅས༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱིས༔ དྲག་པོས་སྒྲོལ་བའི་ཕྲིན་ལས་ད་མཛོད་ཅིག༔ ཅེས་བསྐུལ་དང་པོ་གཟུགས་ལ་དབབ་པ་ནི༔ ཧཱུྃ༔ གྲུ་གསུམ་ལྗང་ནག་འབར་བའི་དཀྱིལ་འཁོར་ནས༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་ཐུགས་དམ་བསྐུལ༔ ཀླུ་བདུད་སྤྲུལ་པའི་ཕོ་ཉ་གྲངས་མེད་ཀྱིས༔ ལྕགས་ཀྱུ་དམར་པོས་དགྲ་བགེགས་གཟུགས་ལ་ཕོབས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨངྐུ་ཤ་ཡ་ཛ༔ ལྕགས་ཀྱུའི་ཕྱག་རྒྱ་དང་གྲི་ལྕགས་ཀྱི་མཆིལ་པས་སྙིང་ལ་བརྡེག༔ དགྲ་བགེགས་འདི་རང་དབང་མེད་པར་གཟུགས་ལ་ཕོབ་ཅིག༔ ལྷ་དང་ཕྲལ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི༔ ཐེའུ་རང་འབུམ་སྡེའི་སྤྲུལ་བསྒྱུར་སྣ་ཚོགས་ཀྱིས༔ དམ་ཉམས་དགྲ་བགེགས་འགོ་བའི་ལྷ་རྣམས་དང་༔ ད་ལྟ་སྐད་ཅིག་ཉིད་ལ་དབྱེ་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་བེ་ཤ་ཡ་ཕཊ༔ བྱ་རོག་འུག་པའི་སྒྲོ་ཡིས་བྱབ༔ དགྲ་བགེགས་འདི་རང་དབང་མེད་པར་ལྷ་དང་ཕྲོལ་ཅིག༔ བྱད་དུ་གཞུག་པ་ནི༔ ཧཱུྃ༔ དཔལ་ཆེན་ཕུར་པའི་ལྷ་ཚོགས་གནད་ནས་བསྐུལ༔ སྤྲུལ་པའི་ཕོ་ཉ་འགོང་པོ་གཟའ་བདུད་ཀྱིས༔ བྱད་ཐག་སྣ་ཚོགས་དགྲ་བགེགས་ཡན་ལག་ཆིངས༔ ནམ་ཡང་འཆོར་མེད་བྱད་ཀྱི་དྲྭ་བར་ཆུག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པ་ཤཾ་དྷ་ར་བྷྲུཾ༔ ཚོན་གྲུ་སྣ་ལྔས་བཅིང་ཚུལ་བྱ༔ དགྲ་བགེགས་འདི་གཟའ་དང་འགོང་པོས་བྱད་ཐག་གིས་ཆིངས་ཤིག༔ སྡོམས་ཤིག༔ སྨྱོ་རུ་གཞུག་པ་ནི༔ ཧཱུྃ༔ ཁྲོ་རྒྱལ་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐུལ༔ སྡེ་བརྒྱད་མྱོས་བྱེད་སྤྲུལ་པའི་ཕོ་ཉ་ཡིས༔ མྱོས་བྱེད་དུག་གི་ཆར་པས་དམ་ཉམས་ཀྱི༔ ལུས་ངག་ཡིད་གསུམ་སྨྱོ་འབོགས་བརྒྱལ་དུ་ཆུག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ དུག་སྣ་སྦྱར་བའི་ཆུ་ཡིས་བྲན༔ དགྲ་བགེགས་འདིའི་ལུས་ངག་ཡིད་གསུམ་སྨྱོ་ཞིང་བརྒྱལ་དུ་ཆུག་ཅིག༔ དེ་ནས་དཀྱིལ་འཁོར་དུ་དཔལ་ཆེན་པོའི་ཕུར་བུ་སྐབས་འདིར་ལག་ཏུ་བླངས་ཏེ༔ ཧཱུྃ༔ བདག་ཉིད་རྡོ་རྗེ་གཞོན་ནུའི་སོར་མོ་བཅུ༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿདང་མཱུཾ་ལཾ་མཾ་པཾ་ཏཾ༔ ཟླ་ཉིའི་སྟེང་གསལ་རིགས་ལྔ་ཡབ་ཡུམ་བཅུ༔ སྦྱོར་བ་མཛད་པའི་བྱང་སེམས་ལས་བྱུང་བའི༔ ཕུར་པ་སྲས་མཆོག་བཛྲ་ཀཱི་ལ་ཡ༔ གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་ལས༔ འོད་འཕྲོས་ཕྱོགས་བཅུའི་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ རིགས་ལྔ་སྤྱན་དྲངས་དབང་བསྐུར་བྱིན་བརླབས་པས༔ སྐུ་ཡི་གར་དགུས་ས་གསུམ་དགྲ་བགེགས་སྒྲོལ༔ གསུང་གི་ང་རོས་སྲིད་གསུམ་འབྱུང་པོ་བསྔངས༔ ཐུགས་ཀྱི་སྙིང་རྗེས་རྒྱུད་དྲུག་དབྱིངས་སུ་སྒྲོལ༔ ཆེ་བཙན་འགྲན་ཟླ་བྲལ་བའི་སྐུ་རུ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་ཆེ་བ་བསྐྱེད་ཅིང་གསལ་བ་གསུམ་དང་ལྡན་པར་བྱས་ཏེ༔ བདག་ཉིད་དཔལ་ཆེན་པོ༔ ཕུར་པ་སྲས་མཆོག༔ ལིང་ག་དམིགས་པའི་དགྲ་བགེགས་དངོས་སུ་གསལ་བའོ༔ དེ་ནས་ཕུར་པ་དེ་ཉིད༔ ཧཱུྃ༔ སྲས་མཆོག་ཆེན་པོ་བཛྲ་ཀཱི་ལ་ཡ༔ སྐུ་སྟོད་སྲིན་པོ་ཞལ་གསུམ་ཕྱག་དྲུག་རྔམས༔ ཕྱག་རྣམས་ཕུར་པ་འདྲིལ་ཞིང་དགྲ་ལ་འདེབས༔ སྐུ་སྨད་ཆུ་སྲིན་ཁ་ནས་ཕུར་དབལ་རྣོ༔ དུག་སྦྲུལ་ཆུན་པོས་བརྒྱན་ཅིང་མེ་ལྕེ་འབར༔ འབྲུག་སྟོང་སྒྲ་ལྡིར་གློག་སྟོང་འོད་དུ་འཁྱུགས༔ དགྲ་བགེགས་སྙིང་ལ་རེག་པས་ཚེ་བསོད་རྣམས༔ ནྲྀ་ཡི་རྣམ་པར་བསྡུས་ནས་བདག་ལ་ཐིམ༔ ཚེ་ཡི་གསོས་སུ་གྱུར་ཏེ་ཡར་ངོ་རྒྱས༔ རྣམ་ཤེས་ཨཱཿརུ་གསལ་བ་ཕཊ་ཀྱིས་འཕངས༔ འོག་མིན་ཞིང་དུ་རྡོར་སེམས་ཐུགས་ཀར་ཐིམ༔ ཕཊ༔ ཅེས་བརྗོད་དགྲ་འདྲེའི་རྣམ་ཤེས་ནི༔ སྟོང་ཆེན་གཉུག་མའི་ལྷ་རུ་གསལ༔ དག་བྱེད་ནང་གི་ཁྲུས་ལུང་ཡིན༔ ཚེ་བསོད་རང་ལ་བསྟིམ་པ་ནི༔ ཚེ་ལུང་རྣལ་འབྱོར་ཚེ་གསོས་ཡིན༔ མན་ངག་གནད་དང་མི་ལྡན་པར༔ བསྒྲལ་ལས་བྱས་ཀྱང་གཟུགས་བརྙན་ཙམ༔ དེ་ནས་སྲས་བཞིའི་ཕུར་པ་སྙིང་ལ་གདབ་པ་ནི༔ ཧཱུྃ༔ སྲས་མཆོག་རིགས་བཞིའི་ཐུགས་དམ་བསྐུལ༔ བཟང་ངན་འཛིན་ཞེན་དུག་ལྔ་རྒྱས༔ ཕུང་པོ་སྐྱེ་འཆིའི་སྡུག་བསྔལ་རྒྱུ༔ དགྲ་བགེགས་སྲིད་རྩ་བདུད་བཞི་ཆོམ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་མཱ་ར་ཡ་ཕཊ༔ ཁྲོ་བཅུའི་ཕུར་པ་སྤྱི་མགྲིན་སྙིང་༔ ལྟེ་གསང་ཕྲག་པ་པུས་མོ་གཉིས༔ ལྟག་རྩ་རྣམས་སུ་གདབ་བྱ་སྟེ༔ ཧཱུྃ༔ ཧཱུྃ་ཀར་ལ་སོགས་ཁྲོ་བཅུའི་ཐུགས་དམ་བསྐུལ༔ མི་དགེའི་ལས་བཅུ་འབྱུང་གནས་རྒྱུ་བའི་རྩ༔ དགྲ་བགེགས་གནས་བཅུར་ཕྱོགས་བཅུའི་ཕུར་པ་གདབ༔ མི་དགེའི་ལས་དང་སྐྱེ་བའི་རྒྱུན་ཆོད་ཅིག༔ ཁྲོ་བཅུའི་སྔགས་ཀྱིས་སོ་སོར་གདབ༔ དྲག་སྔགས་སོ་ལྔའི་ཁ་ཚར་གདབ༔ ཅེས་པས༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་དང་༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ སྒོ་མ་བཞིའི་ཕུར་པ་ཡན་ལག་བཞི་ལ་གདབས་ཏེ༔ ཧཱུྃ༔ བདག་ཏུ་ལྟ་དང་རྟག་ཆད་ལྟ༔ མཚན་མར་ལྟ་བའི་དགྲ་བགེགས་ལ༔ ཚད་མེད་བཞི་ཡི་ཕུར་པས་གདབ༔ མཐའ་བཞི་དབྱིངས་སུ་གྲོལ་བར་ཤོག༔ བཛྲ་ཨངྐུ་ཤ་ཡ་ཛ༔ རཏྣ་པ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གནྡྷེ་ཧོ༔ མཱ་ར་ཡ་ཕཊ༔ དེ་ནས་མཚོན་ཆར་ཕབ་ནས་སྙིགས་མའི་ཕུང་པོ་གཏུབས་ཏེ༔ ཧཱུྃ༔ དཔལ་ཆེན་སྤྲུལ་པ་དབང་མོ་ཉེར་བརྒྱད་ཚོགས༔ མ་གཡེལ་ཐུགས་དམ་གཉེན་པོའི་དུས་ལ་བབས༔ ཕྱག་ན་ཐུན་ཟོར་མཚོན་ཆའི་རིགས་བྱེད་བསྣམས༔ ཉམས་པའི་ཕུང་ཁམས་སྐྱེ་མཆེད་དུམ་བུར་གཏུབས༔ དྲག་སྔགས་སོ་ལྔའི་མཇུག་ཏུ༔ དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་རྦད༔ སརྦ་དུཥྚན་ཧ་ན་ད་ཧ་པ་ཙ་ཚིནྡྷ་ཚིནྡྷ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དང་ཕུར་པའི་དྲག་སྔགས་རིང་མོའི་མཐར་ཞལ་བསྟབ་ནི༔ ཧཱུྃ༔ ཕྱེས་ཤིག་དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་འཁོར་བཅས་ཀྱིས༔ དམ་ཉམས་གཏི་མུག་ཤ་ཡི་རི་ལ་རོལ༔ གཏི་མུག་རྟོག་པ་ཆོས་སྐུའི་ཀློང་དུ་སྒྲོལ༔ ཉམས་པའི་འདོད་ཆགས་ཁྲག་གི་མཚོ་ལ་རོལ༔ སྲིད་རྩའི་ཆགས་ཆེན་ལོངས་སྐུའི་ཀློང་དུ་སྒྲོལ༔ ཞིང་བཅུའི་ཞེ་སྡང་རུས་པའི་གྲམ་བུར་རོལ༔ གཉིས་སྣང་ཞེ་སྡང་སྤྲུལ་སྐུའི་ཀློང་དུ་སྒྲོལ༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཞེས་པས་ཤ་ཁྲག་བདུད་རྩིའི་རང་བཞིན་ཅན༔ དཔལ་ཆེན་ཕུར་པའི་ལྷ་ཚོགས་ཞལ་དུ་འབུལ༔ དམིགས་ཤིང་དཔལ་གྱི་གཏོར་མར་བསྟབ་པར་བྱ༔ དམིགས་མེད་ཀ་དག་ཀློང་དུ་མཉམ་པར་བཞག༔ ས་མ་ཡཱ༔ རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཡང་དག་པར་ཕབ་པའོ༔ སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ༔ ཤུ་བྷཾ༔

བཟློག་པ་གནམ་ལྕགས་ཐོག་དབལ།

ཕུར་པ་དམ་སྲི་ཚར་གཅོད་ལས༔ བཟློག་པ་གནམ་ལྕགས་ཐོག་དབལ་ཞེས་བྱ་བ་བཞུགས་སོ༔ བཛྲ་ཀཱུ་མ་ར་ལ་ན་མོ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རང་གདངས་འགགས་མེད་འགྲོ་བ་སྐྱོབ་པའི་ལྷ༔ གང་འདུལ་ཞི་ཁྲོ་དགྱེས་ཆགས་བདུད་སྡེའི་གཤེད༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས་ལ་བསྟོད༔ སྒྲོལ་བའི་སྐབས་སུ་དམར་གཏོར་ཤ་ཁྲག་བརྒྱན༔ འགུག་གཞུག་བྱེད་ཅིང་རྩ་སྔགས་ཤམ་བུ་རུ༔ བྷ་ལིང་ཁཱ་ཧི་བཏགས་པས་འབུལ་བར་བྱ༔ དེ་ནས་བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ དྲག་རོལ་རྔ་བརྡུང་རྔམ་སྒྲས་སྨྲེང་འདི་གྱེར༔ ཧཱུྃ་ཧཱུྃ༔ བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་ཀུན་གྱི་གཙོ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ནི༔ སྐུ་མདོག་མཐིང་ནག་ཆོས་དབྱིངས་འགྱུར་བ་མེད༔ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་བདུད་བཞི་བརྫིས༔ སྣང་སྲིད་འཁོར་འདས་གཟུང་འཛིན་ཟིལ་གྱིས་གནོན༔ ཁམས་གསུམ་འཁྲུལ་སྣང་ཆོས་ཀྱི་དབྱིངས་སུ་ཟློག༔ གཡས་ཞལ་དཀར་བས་ལྷ་གདོན་ཟིལ་གྱིས་གནོན༔ གཡོན་ཞལ་དམར་བས་མི་རྣམས་དབང་དུ་སྡུད༔ དབུས་ཞལ་མཐིང་ནག་སྡེ་བརྒྱད་ཀླུ་སྲིན་འདུལ༔ སྲིད་གསུམ་གདོན་ཚོགས་དམ་ཉམས་དགྲ་ལ་ཟློག༔ ཕྱག་དྲུག་གཡས་གསུམ་དང་པོས་རྩེ་དགུ་གདེངས༔ ཁམས་གསུམ་ས་དགུའི་བག་ཆགས་དྲུང་ནས་འབྱིན༔ འབར་བས་གསེར་རྡོར་རྩེ་ལྔས་རྒྱུད་ལྔ་འདྲེན༔ འགྲོ་དྲུག་ལས་སྣང་སྡང་བའི་དགྲ་ལ་ཟློག༔ གཡོན་གསུམ་དང་པོས་ཡེ་ཤེས་མེ་དཔུང་བསྣམས༔ ཉོན་མོངས་དུག་ལྔའི་བུད་ཤིང་སྲེག་པར་བྱེད༔ བར་བས་ཁ་ཊཱཾ་སྒོ་གསུམ་དབྱིངས་སུ་འཇོམས༔ ཡེ་ཤེས་དབྱིངས་ཀྱི་བཀའ་ཆད་དགྲ་ལ་ཟློག༔ མཐའ་ཕྱག་གཉིས་ཀྱིས་རི་རབ་ཕུར་པ་འདྲིལ༔ ཞིང་བཅུ་དགྲ་བོ་དྲག་པོའི་ལས་ཀྱིས་སྒྲོལ༔ ཞབས་བཞི་བརྐྱང་བསྐུམ་བདུད་བཞིའི་སྤྱི་ནས་བརྫིས༔ དྲག་ཤུལ་རྩུབ་སྦྱོར་དམ་ཉམས་དགྲ་ལ་ཟློག༔ དབུ་སྐྲ་དམར་སེར་ཐོད་སྐམ་ལྔ་ཡིས་བརྒྱན༔ སྐུ་ལྔའི་ལྷ་ཚོགས་བྱིན་རླབས་ནུས་སྟོབས་རྫོགས༔ སྐུ་སྟོད་གླང་ཀོ་གཏི་མུག་རྟོག་པ་འཇོམས༔ དུག་ལྔའི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ མི་ལྤགས་སྐེད་དཀྲིས་འདོད་ཆགས་མོ་གདོན་འདུལ༔ སྟག་ཤམ་ང་རྒྱལ་འགོང་པོ་པེ་ཧར་འཇོམས༔ སྦྲུལ་རིགས་ལྔས་བརྒྱན་ཀླུ་བརྒྱད་བྲན་དུ་ཁོལ༔ ཀླུ་དང་རྒྱལ་འགོང་མོ་གདོན་དགྲ་ལ་ཟློག༔ ཡུམ་ཆེན་ཁྲོ་མོ་འཁོར་ལོ་རྒྱས་འདེབས་མ༔ འཁོར་འདས་ཆོས་ཀྱི་དབྱིངས་ནས་བསྐྱེད་པའི་མ༔ སྲིད་ཞིའི་འཁྲུག་པ་དམ་ཉམས་དགྲ་ལ་ཟློག༔ མཐིང་ནག་རྔམ་ཞལ་ཁམས་གསུམ་ཟས་སུ་ཟ༔ ཁམས་གསུམ་གཡོ་འཁྲུག་དམ་ཉམས་དགྲ་ལ་ཟློག༔ ཕྱག་གཡས་དྲིལ་བུས་ཁམས་གསུམ་ཆོས་སྒྲས་འགེངས༔ ཆོས་ཉིད་བདེན་པས་དམ་ཉམས་དགྲ་ལ་ཟློག༔ གཡོན་པས་ཐོད་ཁྲག་དམ་སྲིའི་སྙིང་ཁྲག་འཐུང་༔ ཁྲག་ནད་དམར་པོ་དམ་ཉམས་དགྲ་ལ་ཟློག༔ ཞབས་གཉིས་ཡབ་ཀྱི་སྐེད་འཁྲིལ་ཆགས་སྡང་འཇོམས༔ ཕོ་མོའི་སྦྱོར་ངན་དམ་ཉམས་དགྲ་ལ་ཟློག༔ རུས་རྒྱན་གཟིག་ཤམ་ཁྲོ་མོའི་ཆས་ཀྱིས་བརྒྱན༔ གནས་ཡུལ་ཌཀྐིའི་བཀའ་ཆད་དགྲ་ལ་ཟློག༔ བདེ་སྟོང་མཉམ་སྦྱོར་འཁྲུལ་སྣང་ཀ་ནས་དག༔ ང་བདག་མ་རིག་གདོན་ཆེན་དགྲ་ལ་ཟློག༔ སྤྱི་བོར་ཡེ་ཤེས་བྱ་ཁྱུང་འཕུར་ཞིང་ལྡིང་༔ འཁོར་འདས་ཡོངས་ཀྱི་ལྟས་ངན་དགྲ་ལ་ཟློག༔ བསྐལ་པའི་མེ་དཔུང་འབར་དབུས་རྔམ་བརྗིད་ཁྲོ༔ སྲེག་བྱེད་མེ་ཡི་ལས་སྦྱོར་དགྲ་ལ་ཟློག༔ བ་སྤུ་སྤྲུལ་པའི་ཕོ་ཉ་མཚོན་ཐོགས་འགྱེད༔ གསོད་བྱེད་ཕོ་ཉ་སྡང་བའི་དགྲ་ལ་ཟློག༔ ཧཱུྃ་ཧཱུྃ༔ ཤར་གྱི་སྲས་མཆོག་བཛྲ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་སྐུ་སྨད་ཕུར་དབལ་ཟླུམ༔ ཞི་བའི་ཕྲིན་ལས་ཐོགས་མེད་དྲག་རྩལ་ལྡན༔ དམ་ཉམས་དགྲ་བགེགས་ཞི་བའི་ངང་དུ་ཟློག༔ ལྷོ་ཡི་སྲས་མཆོག་རཏྣ་ཀཱི་ལ་ཡ༔ སྐུ་སྟོད་སྒེག་མཛེས་སྐུ་སྨད་གྲུ་བཞི་ལྡན༔ ཚེ་བསོད་རྒྱས་དང་ཕྲིན་ལས་ཐོགས་མེད་བདག༔ དམ་ཉམས་ཚེ་དཔལ་རང་ལ་བསྡུས་ཤིང་ཟློག༔ ནུབ་ཀྱི་སྲས་མཆོག་པདྨ་ཀཱི་ལ་ཡ༔ སྐུ་སྟོད་ཆགས་པའི་སྐུ་སྨད་ཟླ་གམ་དབལ༔ དགྲ་བགེགས་དབང་བསྡུས་ཆོས་ཀྱི་དབྱིངས་སུ་སྤོར༔ དབང་གི་ངང་དུ་དགྲ་གདོན་ལྟས་ངན་ཟློག༔ བྱང་གི་སྲས་མཆོག་ཀརྨ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་སྐུ་སྨད་ཕུར་དབལ་རྣོ༔ དྲག་ཤུལ་ལས་ཀྱིས་དགྲ་འདྲེ་དབྱིངས་སུ་སྒྲོལ༔ ཕྲིན་ལས་དྲག་པོས་དགྲ་བགེགས་དམ་སྲི་ཟློག༔ ཧཱུྃ་བྷྱོ༔ སྟེང་གི་ཕྱོགས་ནས་ཁྲོ་རྒྱལ་ཧཱུྃ་ཀཱ་རས༔ བསྟན་དགྲའི་ཤ་ཁྲག་རུས་པ་འདི་རོལ་ལ༔ ཉི་ཟླ་གཟའ་སྐར་གདོན་ཚོགས་དབང་དུ་བསྡུས༔ སྟེང་ཕྱོགས་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ ཤར་གྱི་ཕྱོགས་ནས་ཁྲོ་རྒྱལ་རྣམ་པར་རྒྱལ༔ བསྟན་དགྲའི་ཉོན་མོངས་ཞེ་སྡང་འདི་རོལ་ལ༔ དྲི་ཟ་ཕོ་མོའི་གདོན་ཚོགས་དབང་དུ་བསྡུས༔ ཤར་ཕྱོགས་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ ཤར་ལྷོ་མཚམས་ནས་ཁྲོ་ཆེན་དབྱུག་སྔོན་ཅན༔ བསྟན་དགྲའི་ཤ་ཁྲག་རུས་པ་འདི་རོལ་ལ༔ མེ་ལྷ་ཕོ་མོའི་གདོན་ཚོགས་དབང་དུ་བསྡུས༔ ཤར་ལྷོའི་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ ལྷོ་ཕྱོགས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད༔ བསྟན་དགྲའི་ཉོན་མོངས་ང་རྒྱལ་འདི་རོལ་ལ༔ གཤིན་རྗེ་ཕོ་མོའི་གདོན་ཚོགས་དབང་དུ་བསྡུས༔ ལྷོ་ཕྱོགས་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ ལྷོ་ནུབ་མཚམས་ནས་ཁྲོ་ཆེན་མི་གཡོ་མགོན༔ བསྟན་དགྲའི་ཤ་ཁྲག་རུས་པ་འདི་རོལ་ལ༔ སྲིན་པོ་ཕོ་མོའི་གདོན་ཚོགས་དབང་བསྡུས་ལ༔ ལྷོ་ནུབ་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ ནུབ་ཀྱི་ཕྱོགས་ནས་ཁྲོ་ཆེན་རྟ་མཆོག་རྒྱལ༔ བསྟན་དགྲའི་ཉོན་མོངས་འདོད་ཆགས་འདི་རོལ་ལ༔ ཀླུ་བདུད་ཕོ་མོའི་གདོན་ཚོགས་དབང་བསྡུས་ལ༔ ནུབ་ཕྱོགས་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ ནུབ་བྱང་མཚམས་ནས་ཁྲོ་ཆེན་འདོད་པའི་རྒྱལ༔ བསྟན་དགྲའི་ཤ་ཁྲག་རུས་པ་འདི་རོལ་ལ༔ རླུང་ལྷ་ཕོ་མོའི་གདོན་ཚོགས་དབང་བསྡུས་ལ༔ ནུབ་བྱང་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ བྱང་གི་ཕྱོགས་ནས་ཁྲོ་རྒྱལ་བདུད་རྩི་འཁྱིལ༔ བསྟན་དགྲའི་ཉོན་མོངས་ཕྲག་དོག་འདི་རོལ་ལ༔ གནོད་སྦྱིན་ཕོ་མོའི་གདོན་ཚོགས་དབང་བསྡུས་ལ༔ བྱང་ཕྱོགས་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ བྱང་ཤར་མཚམས་ནས་ཁྲོ་ཆེན་ཁམས་གསུམ་རྒྱལ༔ བསྟན་དགྲའི་ཤ་ཁྲག་རུས་པ་འདི་རོལ་ལ༔ བགེགས་རིགས་ཕོ་མོའི་གདོན་ཚོགས་དབང་བསྡུས་ལ༔ བྱང་ཤར་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ འོག་གི་ཕྱོགས་ནས་ཁྲོ་རྒྱལ་སྟོབས་པོ་ཆེ༔ བསྟན་དགྲའི་ཉོན་མོངས་གཏི་མུག་འདི་རོལ་ལ༔ ས་བདག་ཕོ་མོའི་གདོན་ཚོགས་དབང་བསྡུས་ལ༔ འོག་ཕྱོགས་དགྲ་གདོན་དམ་སྲིའི་གནོད་པ་ཟློག༔ སྟེང་ཕྱོགས་ཁྲོ་མོ་རྡོ་རྗེ་སྒྲ་འབྱིན་མས༔ དགྲ་བགེགས་གཏི་མུག་སྙིང་ཁྲག་འདི་ལ་རོལ༔ དགྲ་བགེགས་དམ་སྲིའི་གཏི་མུག་ནད་དང་གདོན༔ ཤེས་རབ་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ ཤར་ཕྱོགས་ཁྲོ་མོ་རྡོ་རྗེ་སྙེམས་མ་ཡིས༔ དམ་ཉམས་སེར་སྣ་སྙིང་ཁྲག་འདི་ལ་རོལ༔ དབུལ་འདྲེ་ཕོ་མོའི་ཉམས་ཆག་ནད་དང་གདོན༔ སྦྱིན་པའི་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ ཤར་ལྷོའི་ཁྲོ་མོ་རྡོ་རྗེ་སྡེར་མོ་ཡིས༔ དམ་ཉམས་འདོད་ཆགས་སྙིང་ཁྲག་འདི་ལ་རོལ༔ མ་མོ་ཡོངས་ཀྱི་གེགས་བྱེད་ནད་དང་གདོན༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ ལྷོ་ཕྱོགས་ཁྲོ་མོ་དུར་ཁྲོད་བདག་མོ་ཡིས༔ དགྲ་བགེགས་ཞེ་སྡང་སྙིང་ཁྲག་འདི་ལ་རོལ༔ རྒྱལ་འགོང་ཕོ་མོའི་ཞེ་སྡང་ནད་དང་གདོན༔ བཟོད་པའི་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ ལྷོ་ནུབ་ཁྲོ་མོ་རྡོ་རྗེ་གཏུན་ཁུང་མས༔ དམ་ཉམས་རྣམ་གཡེང་སྙིང་ཁྲག་འདི་ལ་རོལ༔ དགྲ་བགེགས་བདུད་བཞིའི་རྣམ་གཡེང་ནད་དང་གདོན༔ བརྩོན་འགྲུས་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ ནུབ་ཕྱོགས་ཁྲོ་མོ་རྡོ་རྗེ་གཏུམ་མོ་ཡིས༔ དགྲ་བགེགས་དམ་སྲིའི་སྙིང་ཁྲག་འདི་ལ་རོལ༔ མ་རིག་འཁྲུལ་འདྲེའི་ལས་སྤྱོད་ནད་དང་གདོན༔ བསམ་གཏན་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ ནུབ་བྱང་ཁྲོ་མོ་རྡོ་རྗེ་མདའ་སྙེམས་མས༔ དམ་ཉམས་དགྲ་བགེགས་སྙིང་ཁྲག་འདི་ལ་རོལ༔ རྟག་ཆད་ལྟ་བའི་རྒྱུ་འབྲས་ནད་དང་གདོན༔ ཐབས་ཀྱི་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ བྱང་ཕྱོགས་ཁྲོ་མོ་རྡོ་རྗེ་རླུང་འབྱིན་མས༔ དམ་ཉམས་མཐུ་ནུས་སྙིང་ཁྲག་འདི་ལ་རོལ༔ བདུད་ཀྱི་ཆོ་འཕྲུལ་ནུས་མཐུ་དགྲ་གདོན་ནད༔ སྟོབས་ཀྱི་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ བྱང་ཤར་ཁྲོ་མོ་ཆེན་མོ་གསོད་བྱེད་མས༔ དམ་ཉམས་སྨོན་ལམ་ལོག་པའི་སྙིང་ཁྲག་རོལ༔ དམ་སྲིའི་ལོག་སྨོན་སྡིག་སྤྱོད་ནད་གདོན་བགེགས༔ སྨོན་ལམ་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ འོག་ཕྱོགས་ཁྲོ་མོ་རྡོ་རྗེ་སྐུལ་བྱེད་མས༔ དམ་ཉམས་བདག་ལྟའི་སྙིང་ཁྲག་འདི་ལ་རོལ༔ བདག་འཛིན་རུ་ཏྲ་ལས་བྱུང་ནད་གདོན་དགྲ༔ ཡེ་ཤེས་ཕ་རོལ་ཕྱིན་པའི་ངང་དུ་ཟློག༔ སྟེང་ཕྱོགས་ཕྲ་མེན་ཕག་དང་སྨྲིག་བུའི་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ ཉི་ཟླ་གཟའ་སྐར་ཕོ་གདོན་དགྲ་ལ་ཟློག༔ ཤར་ཕྱོགས་ཕྲ་མེན་སྟག་དང་བྱ་རྒོད་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ དྲི་ཟ་ཕོ་མོའི་གདུག་རྩུབ་དགྲ་ལ་ཟློག༔ ཤར་ལྷོའི་ཕྲ་མེན་གཡག་དང་བྱ་རོག་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ མེ་ལྷ་ཕོ་མོའི་ཆོ་འཕྲུལ་དགྲ་ལ་ཟློག༔ ལྷོ་ཕྱོགས་ཕྲ་མེན་ཤ་བ་འུག་པའི་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ གཤིན་རྗེ་ཕོ་ཉའི་དམག་དཔུང་དགྲ་ལ་ཟློག༔ ལྷོ་ནུབ་ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ སྲིན་པོ་ཕོ་མོའི་ཆོ་འཕྲུལ་དགྲ་ལ་ཟློག༔ ནུབ་ཕྱོགས་ཕྲ་མེན་བྱི་ལ་པུ་ཤུད་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ ཀླུ་བདུད་ཕོ་ཉའི་དམག་དཔུང་དགྲ་ལ་ཟློག༔ ནུབ་བྱང་ཕྲ་མེན་སྤྱང་ཀུ་ཁྲ་ཡི་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ རླུང་ལྷ་ཕོ་མོའི་ཆོ་འཕྲུལ་དགྲ་ལ་ཟློག༔ བྱང་ཕྱོགས་ཕྲ་མེན་སེང་གེ་ཕ་ཝཾ་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ གནོད་སྦྱིན་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ བྱང་ཤར་ཕྲ་མེན་དོམ་དང་སྲེ་མོང་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ དབང་ལྡན་ཕོ་མོའི་ཆོ་འཕྲུལ་དགྲ་ལ་ཟློག༔ འོག་ཕྱོགས་ཕྲ་མེན་དྲེད་དང་བྱི་བའི་མགོ༔ དམ་ཉམས་ཤ་ཁྲག་ཆུ་རྒྱུས་རྩ་ལ་རོལ༔ ས་བདག་དམག་ཚོགས་སྡང་བའི་དགྲ་ལ་ཟློག༔ ཤར་གྱི་སྒོ་བ་པུ་ཤུད་མགོ་བོ་ཅན༔ དམ་ཉམས་དགྲ་བགེགས་སྙིང་ནས་ལྕགས་ཀྱུས་ཟུངས༔ ཤར་ཕྱོགས་དགྲ་བགེགས་ཐམས་ཅད་ཞི་བས་ཟློག༔ ལྷོ་ཡི་སྒོ་བ་སྐྱ་ཀའི་མགོ་བོ་ཅན༔ དམ་ཉམས་དགྲ་བགེགས་ཡན་ལག་ཞགས་པས་ཆིངས༔ ལྷོ་ཕྱོགས་དགྲ་བགེགས་ཐམས་ཅད་རྒྱས་པས་ཟློག༔ ནུབ་ཀྱི་སྒོ་བ་སྲིན་བྱའི་མགོ་བོ་ཅན༔ དམ་ཉམས་དགྲ་བགེགས་ཡན་ལག་སྒྲོག་ཏུ་ཆུག༔ ནུབ་ཕྱོགས་དགྲ་བགེགས་ཐམས་ཅད་དབང་གིས་ཟློག༔ བྱང་གི་སྒོ་བ་ཁྲ་ཡི་མགོ་བོ་ཅན༔ དམ་ཉམས་དགྲ་བགེགས་དྲིལ་བུས་མྱོས་ཤིང་བསྡམས༔ བྱང་ཕྱོགས་དགྲ་བགེགས་ཐམས་ཅད་དྲག་པོས་ཟློག༔ བྷྱོ༔ ཤྭ་ན་མུ་ཁས་ལྕགས་སྤྱང་མགོ་དགུ་ཞོན༔ སྲོད་དུས་དགྲ་བགེགས་བླ་སྲོག་དབང་མེད་འགུགས༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ གསེར་གྱི་མི་མོས་འཕར་བ་ལྕེ་བརྒྱད་ཞོན༔ ནམ་ཕྱེད་དགྲ་བོའི་བླ་ལེན་སྲོག་འཕྲོག་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ སྲི་ཀ་ཆེན་མོས་ཝ་མོ་རྐང་གསུམ་ཞོན༔ ནམ་གུང་ཚེ་ལ་རྐུ་བའི་དམ་ཅན་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ གཡུ་ཡི་མི་མོས་ཁྱི་མོ་རལ་ཅན་ཆིབས༔ ཐོ་རངས་སྒྲོལ་བའི་ལས་མཛད་དམ་ཅན་མ༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ བདག་ཉིད་ཆེན་མོ་དཔལ་ལྡན་རེ་མ་ཏི༔ དཔལ་ལྡན་ལྷ་མོ་རྡོ་རྗེ་རེ་མ་ཛུ༔ སྟོང་ལ་དབང་བྱེད་བདུད་མོ་རེ་མ་ཛི༔ གླིང་བཞི་ཀུན་ཉུལ་སྲིན་མོ་རེ་མ་ཛ༔ ཀུན་ཀྱང་སྤྲུལ་པ་སྣ་ཚོགས་མ་ངེས་སྟོན༔ རང་རྟགས་ཕྱག་མཚན་ཐོད་ཕྲེང་ཕུར་པ་འདྲིལ༔ བདུད་རྟ་ཆུ་གླང་ཤ་བ་དྲེའུ་སྔོ༔ ཆིབས་པ་སྣ་ཚོགས་དུས་བཞིར་མངའ་དབང་བསྒྱུར༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདིར་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ རྡོ་རྗེ་ཡ་བྱིན་མར་ཁུའི་མཚོ་ལ་བརྟེན༔ རྡོ་རྗེ་དེ་བཞིན་ཞག་གི་མཚོ་ལ་བརྟེན༔ རྡོ་རྗེ་བསེ་བྱིན་ཁྲག་གི་མཚོ་ལ་བརྟེན༔ རྡོ་རྗེ་ཕག་བྱིན་འོ་མའི་མཚོ་ལ་བརྟེན༔ བསེ་མོ་རྣམ་བཞི་བདུད་གཟའ་བཙན་དང་ཀླུ༔ དྲེགས་པའི་བུ་མོ་སྤྲུལ་བསྒྱུར་ཕུར་སྲུང་མཛོད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུ་དུང་ཕུར་དཀར༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུ་གསེར་ཕུར་སེར༔ ནུབ་ཕྱོགས་བཙན་གྱི་སྐྱེས་བུ་ཟངས་ཕུར་དམར༔ བྱང་ཕྱོགས་ཡ་བདུད་སྐྱེས་བུ་ལྕགས་ཕུར་ནག༔ རྒྱན་གོས་བཞོན་པ་སྤྲུལ་པ་སྣ་ཚོགས་འགྱེད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ གནོད་བྱེད་ཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ དམ་ཚིག་དབང་གིས་ཐུགས་དམ་རྒྱུད་བསྐུལ་ཏེ༔ དེ་རིང་ཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ སྔོན་ལས་ཐོག་བབས་སྒོ་གསུམ་སྡུག་བསྔལ་ཟློག༔ རླུང་ནད་འཕྱོ་ཞིང་གཡེང་བ་ཐམས་ཅད་ཟློག༔ ཁྲག་ནད་དམར་པོ་རྩ་ལ་བབས་པ་ཟློག༔ བད་ཀན་ལྕི་འཐིབ་མཁྲིས་ནད་གཡོས་པ་ཟློག༔ སྟེང་ནས་གཟའ་དང་རྒྱུ་སྐར་གནོད་པ་ཟློག༔ ཤར་ནས་དྲི་ཟས་ཆོ་འཕྲུལ་སྟོན་པ་ཟློག༔ ཤར་ལྷོ་མེ་ལྷས་གདུག་རྩུབ་བྱེད་པ་ཟློག༔ ལྷོ་ནས་གཤིན་རྗེས་ཁྲམ་ལ་བཏབ་པ་ཟློག༔ ལྷོ་ནུབ་སྲིན་པོས་ཟ་ཁ་སྟོན་པ་ཟློག༔ ནུབ་ཕྱོགས་ཀླུ་ཡིས་དུག་རླངས་འགྱེད་པ་ཟློག༔ ནུབ་བྱང་རླུང་ལྷས་བར་ཆད་བྱེད་པ་ཟློག༔ བྱང་ནས་གནོད་སྦྱིན་བདུད་དུ་བབས་པ་ཟློག༔ བྱང་ཤར་བགེགས་ཀྱིས་སྡང་ཞིང་འཚེ་བ་ཟློག༔ འོག་ནས་ས་བདག་ཀླུ་གཉན་གདུག་རྩུབ་ཟློག༔ སྔ་དགྲ་ལག་བརྡར་མི་ནོར་གནོད་པ་ཟློག༔ ད་དགྲ་ཐད་འཇུག་བར་ཆད་བྱེད་པ་ཟློག༔ ཕྱི་དགྲ་ཡིད་བརྣག་གསོད་ཕྲོག་རྐུ་ཤོམ་ཟློག༔ ཁྲིམས་ལྡན་བཙུན་པས་མདོ་སྒྲུབ་བྱེད་པ་ཟློག༔ དམ་ལྡན་སྔགས་པས་སྒྲོལ་ལས་བྱེད་པ་ཟློག༔ གཤེན་རབ་བོན་གྱིས་ངན་སྔགས་དམོད་པ་ཟློག༔ སྟག་ཤར་སྐྱེས་པས་མདའ་ཟོར་འཕེན་པ་ཟློག༔ སྨན་ཤར་བུ་མོས་དམོད་གླུ་ལེན་པ་ཟློག༔ སྡེ་བརྒྱད་ཡོངས་ཀྱིས་ཟ་ཁ་སྟོན་པ་ཟློག༔ དངོས་ཉམས་རྨི་ལམ་མི་དགེའི་མཚན་ལྟས་ཟློག༔ བཟློག་གོ་ཞིང་བཅུ་ཚང་བའི་དགྲ་ལ་ཟློག༔ བསྒྱུར་རོ་ལན་ཆགས་བགེགས་རིགས་རྣམས་ལ་བསྒྱུར༔ བྷྱོ་ཟློག་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་དང་དྲག་སྔགས་མ་མཱ་རཀྨོ་རྒྱས་པའི་མཐར༔ སྡེ་བརྒྱད་དགྲ་གདོན་ལྟས་ངན་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྗོད་དམར་གཏོར་ཟོར་དུ་འཕེན༔ འདི་ཡིས་མི་ཟློག་གང་ཡང་མེད༔ མཚོ་རྒྱལ་བྱིན་བརླབས་བརྡ་རིས་ནི༔ ཕལ་པའི་སྤྱོད་ཡུལ་མ་ཡིན་ཏེ༔ རྟོག་གེས་བརྟག་པའི་གནས་མིན་ཀྱང་༔ རང་སྣང་དག་པའི་ཆོས་སྡེ་འོ༔ ལོག་ལྟ་ཅན་ལ་ཨི་ཐི་རྒྱ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ སྣོད་མིན་རྣམས་ལ་གཉན་ནོ་རྒྱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་ཟོག་རྒན་ལུང་རིག་གླིང་པས་སུག་བྲིས་སུ་བགྱིས་པའོ༔ ཛ་ཡནྟུ།

བཟློག་བསྡུས་འཕྲལ་རྐྱེན་ལྟས་ངན་རྒྱུན་གཅོད་རྒྱ་སྤྲུལ་གསུམ་པས་མཛད་པ།

ཕུར་པ་དམ་སྲི་ཚར་གཅོད་ཀྱི་བཟློག་བསྡུས་འཕྲལ་རྐྱེན་ལྟས་ངན་རྒྱུན་གཅོད་བཞུགས། ཧཱུྃ་ཧཱུྃ་ཧཱུྃ། དབྱིངས་རིག་སྟོང་གསལ་ཕུར་པ་ཀཱི་ལ་ཡ། །སྙིང་རྗེས་ཁྲོས་པའི་གཏུམ་རྔམ་དབལ་ཟུར་ལས། །མཐུ་སྟོབས་ནུས་པའི་མེ་སྟག་ཚྭ་ཚྭ་འཕྲོ། །མ་རུངས་སྒྲོལ་བའི་ལས་བྱེད་ཕོ་ཉའི་ཚོགས། །གཉིས་མེད་ངང་ནས་དྲག་པོའི་སྐུར་བཞེངས་ལ། །མ་རིག་གཉིས་འཛིན་ལྟས་ངན་ཆོ་འཕྲུལ་རྣམས། །ཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབས། །ཧཱུྃ༔ ཤར་ཕྱོགས་རྡོ་རྗེ་བཛྲ་ཀཱི་ལ་ཡས། །ཤར་ཕྱོགས་ཞེ་སྡང་ལྟས་ངན་དབྱིངས་སུ་ཟློག །ལྷོ་ཕྱོགས་རིན་ཆེན་བཛྲ་ཀཱི་ལ་ཡས། །ལྷོ་ཕྱོགས་ང་རྒྱལ་ལྟས་ངན་དབྱིངས་སུ་ཟློག །ནུབ་ཕྱོགས་པདྨ་བཛྲ་ཀཱི་ལ་ཡས། །ནུབ་ཕྱོགས་འདོད་ཆགས་ལྟས་ངན་དབྱིངས་སུ་ཟློག །བྱང་ཕྱོགས་ཀརྨ་བཛྲ་ཀཱི་ལ་ཡས། །བྱང་ཕྱོགས་ཕྲག་དོག་ལྟས་ངན་དབྱིངས་སུ་ཟློག །དབུས་ཕྱོགས་རྣམ་སྣང་བཛྲ་ཀཱི་ལ་ཡས། །དབུས་ཕྱོགས་གཏི་མུག་ལྟས་ངན་དབྱིངས་སུ་ཟློག །དཀྱིལ་འཁོར་ཕྱོགས་སྐྱོང་བཛྲ་ཀཱི་ལ་ཡས། །ལས་ཉོན་བག་ཆགས་ལྟ་ངན་བཟློག་ཏུ་གསོལ། །བཟློག་གོ་བསྒྱུར་རོ་ལྟས་ངན་ཟློག །སྔོན་ལས་འཕྲལ་རྐྱེན་ལྟས་ངན་དབྱིངས་སུ་ཟློག །ཅེས་པ་འདི་ནི་རྒྱ་སྤྲུལ་གསུམ་པའི་མིང་འཛིན་ལུང་རྟོགས་ཀྱིས་བྲིས་པའོ།།

རྩང་གི་བཟློག་པ་རྐྱེན་ངན་ཕྱེར་འཐག

ཕུར་པ་དམ་སྲི་ཚར་གཅོད་ལས༔ རྩང་གི་བཟློག་པ་རྐྱེན་ངན་ཕྱེར་འཐག་བཞུགས་སོ༔

ཧེ་རུ་ཀ་དཔལ་ཕྲིན་ལས་བདག༔ བདུད་སྡེ་ཕྱེ་མར་འཐག་པའི་གཤེད༔ རྡོ་རྗེ་གཞོན་ནུའི་ཚོགས་བཅས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ནས༔ རྐྱེན་ངན་བར་ཆད་བཟློག་པའི་ཕྱིར༔ གཏོར་ཆེན་ལྕགས་རིའི་རྩང་ཕུར་རྣམས༔ སྲིན་མོ་ཉི་ཤུ་རྩ་བརྒྱད་སོགས༔ བསྒོམས་ནས་དམར་གྱི་བཤོས་བུ་ལ༔ དགྲ་བགེགས་བསྟིམས་ནས་ཚིག་འདིས་ཕུལ༔ ཧཱུྃ་བྷྱོ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་འདིར༔ དུག་ཁྲག་དུག་འཇིམ་བརྗིད་པའི་ལྕགས་རི་ལ༔ དམར་ནག་རྩང་ཕུར་སྲིན་མོའི་འགྲོས་སུ་བཙུགས༔ ལྷ་བསྒོམ་དམིགས་པའི་བྱིན་རླབས་ཆོ་འཕྲུལ་འགྱེད༔ དམ་ཉམས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ དེ་རིང་བྷྱོ་ཟློག་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཤར་གྱི་རྩང་བདུན་རྡོ་རྗེའི་རིགས་ཀྱི་སྲིང་༔ སྲིན་མོ་གཡག་གདོང་སྨུག་ནག་རྡོ་རྗེ་ཐོགས༔ དེ་རིང་གདུབ་རྩུབ་རྩང་གི་གདན་ལ་བཞུགས༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཤ་ཁྲག་བཞེས༔ མི་མཐུན་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ ཚངས་པ་དམར་མོ་སྦྲུལ་གདོང་པདྨ་འཛིན༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ ལྷ་ཆེན་གཟིག་གདོང་ལྗང་ནག་ཏྲི་ཤུལ་གདེངས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ གཏོགས་འདོད་སྔོན་མོ་སྤྲེལ་གདོང་འཁོར་ལོ་འཛིན༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ གཞོན་ནུ་དམར་མོ་དྲེད་གདོང་མདུང་ཐུང་བསྣུན༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ བརྒྱ་བྱིན་དཀར་མོ་དོམ་མགོ་རྒྱུ་ཞགས་སྦྲེལ༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ རྡོ་རྗེ་ཁུ་བྱུག་སྔོན་མོ་ལྕགས་ཀྱུ་བསྣམས༔ དེ་རིང་བྷྱོ་ཟློག་དྲག་པོའི་ཕྲིན་ལས་མཛོད༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཤ་ཁྲག་བཞེས༔ མི་མཐུན་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ ལྷོ་ཡི་རྩང་བདུན་རིན་ཆེན་རིགས་ཀྱི་སྲིང་༔ རྡོ་རྗེ་ཕ་ཝཾ་སེར་མོ་སྤུ་གྲི་ཕྱར༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ ཞི་བ་དམར་མོ་ཆུ་སྲིན་བུམ་པ་བསྣམས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ བདུད་རྩི་སྡིག་གདོང་དམར་མོ་དབང་པོ་གདེངས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ ཟླ་བ་དཀར་མོ་ཁྲ་མགོ་རྡོ་རྗེ་ཕྱར༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ བེ་ཅོན་ལྗང་ནག་ཝ་གདོང་ཐོད་ཁྲག་འཐུང་༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ སྲིན་མོ་ནག་མོ་སྟག་གདོང་ཁྲག་ཆེན་འཐུང་༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ རྡོ་རྗེ་ནག་མོ་ར་གདོང་སྦྲུལ་ཞགས་བསྣམས༔ དེ་རིང་བྷྱོ་ཟློག་དྲག་པོའི་ཕྲིན་ལས་མཛོད༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཤ་ཁྲག་བཞེས༔ མི་མཐུན་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ ནུབ་ཀྱི་རྩང་བདུན་པདྨ་རིགས་ཀྱི་སྲིང་༔ ཟ་བ་ལྗང་མོ་རྒོད་མགོ་བེ་ཅོན་ཕྱར༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ དགའ་བ་དམར་མོ་རྟ་གདོང་ཁོག་ཆེན་ཕྲལ༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ སྟོབས་ཆེན་ཁྱུང་གདོང་རྡོ་རྗེ་ཐོད་དབྱུག་གདེངས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ སྲིན་མོ་དམར་མོ་ཁྱི་གདོང་རྡོ་རྗེ་ཕྱར༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ འདོད་པ་དམར་མོ་པུ་ཤུད་མདའ་གཞུ་འགེངས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ ནོར་སྲུང་ལྗང་མོ་ཤ་མགོ་བུམ་པ་བསྣམས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ སེང་གདོང་དམར་མོ་ལྕགས་སྒྲོག་ལུག་རྒྱུད་སྦྲེལ༔ དེ་རིང་བྷྱོ་ཟློག་དྲག་པོའི་ཕྲིན་ལས་མཛོད༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཤ་ཁྲག་བཞེས༔ མི་མཐུན་རྐྱེན་ངན་ཟློག་པའི་ཕྲིན་ལས་མཛོད༔ བྱང་གི་རྩང་བདུན་ལས་ཀྱི་རིགས་ཀྱི་སྲིང་༔ རླུང་ལྷ་ལྗང་མོ་སྤྱང་གདོང་བ་དན་ཕྱར༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ མི་མོ་དམར་མོ་སྐྱིན་གདོང་མེ་སྒྲོན་འཛིན༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ སྣ་ཆེན་ལྗང་ནག་གླང་ཆེན་བམ་ཆེན་བསྣམས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ གསུས་འཛིན་སེར་ནག་སྐྱ་ཀ་དྲིལ་ཞགས་བསྣམས༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ ཆུ་ལྷ་ལྗང་ཁུ་སྦྲུལ་གདོང་ཐོད་ཁྲག་འཐུང་༔ དགྲ་བགེགས་ཤ་ཁྲག་འདི་བཞེས་རྐྱེན་ངན་ཟློག༔ རྡོ་རྗེ་ཁྭ་གདོང་རྒྱ་གྲམ་རལ་གྲི་གདེངས༔ དེ་རིང་བྷྱོ་ཟློག་དྲག་པོའི་ཕྲིན་ལས་མཛོད༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཤ་ཁྲག་བཞེས༔ མི་མཐུན་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དང་པོ་རྩང་གི་ཕྲིན་ལས་གང་ནས་བྱུང་༔ བམ་རི་ཐོད་མཁར་སྲིན་པོའི་གྲོང་ཁྱེར་དུ༔ དབང་ཆེན་ཁྲོ་རྒྱལ་རྟ་ཕག་ཡབ་ཡུམ་གྱིས༔ སྔགས་ལོག་དམ་སྲི་མ་ཊཱཾ་རཱུ་ཏྲ་བསྒྲལ༔ བདུད་སྲིན་མཆོག་ཕུར་སྔགས་ཀྱི་མཚོན་ཆར་བྱས༔ དེ་ནས་རྩང་བྱུང་འཕགས་པའི་ཡུལ་ནས་བྱུང་༔ དྲག་སྔགས་བཀའ་བབ་ཤནྟིཾ་གརྦྷ་ཡིས༔ དུག་ཤིང་ཕུར་པ་གདབ་པའི་མཚོན་ཆར་བྱས༔ གང་དུ་ཕོག་པའི་བདུད་བགེགས་རྨིང་ནས་བརླགས༔ དེ་འོག་ཐ་མ་བལ་ཡུལ་གནས་མཆོག་ཏུ༔ བདེ་གཤེགས་བཀའ་བབས་པདྨ་ཐོད་ཕྲེང་དང་༔ བལ་པོའི་སློབ་དཔོན་ཁྲག་འཐུང་ནག་པོ་ཡིས༔ བདུད་དང་དམ་སྲི་བསེ་མོ་མཆེད་བཞི་བཀུག༔ དཀར་སེར་དམར་ནག་ཤིང་ལ་ཕུར་པ་བྱས༔ དབང་དྲག་ཕུར་པ་སྙིང་བཏབ་བྲན་ཁས་བླངས༔ དེ་བཞིན་བདུད་གིང་མི་བསྲུན་དུས་སྦྱོར་ལ༔ རྡོ་རྗེ་ཕུར་པའི་རྣལ་འབྱོར་བདག་ཉིད་ཀྱིས༔ བདུད་ཤིང་ཚེར་མ་ཅན་གྱི་རྩང་ཕུར་ལ༔ དུག་ཁྲག་ངར་བཏབ་ལྷ་རུ་བྱིན་གྱིས་བརླབས༔ དམོད་ངན་ཚིག་གིས་བསྐུལ་ཞིང་དགྲ་སྡང་བ༔ བདུད་བགེགས་བསྒྲལ་བའི་ཤ་ཁྲག་འདི་རོལ་ལ༔ ཡས་ཀྱི་བདུད་དུ་གཡོས་པ་དགྲ་ལ་ཟློག༔ མས་ཀྱི་སྲི་རུ་ལངས་པ་དགྲ་ལ་ཟློག༔ དགྲ་བཞི་ཕྱོགས་ནས་སྡང་བ་དགྲ་ལ་ཟློག༔ བདུད་བཞིས་རྐྱེན་བཞི་སློང་བ་དགྲ་ལ་ཟློག༔ གནས་སུ་གདོན་གྲིས་བཅར་བ་དགྲ་ལ་ཟློག༔ ལུས་གདོན་ལུས་ལ་ཞུགས་པ་དགྲ་ལ་ཟློག༔ ཕ་ཁུའི་རྒན་སྲི་ལངས་པ་ཟློག༔ གཞོན་པའི་དར་སྲི་སློང་བ་ཟློག༔ བྱིས་པའི་ཆུང་སྲི་འབྱམས་པ་ཟློག༔ གཞན་ཡང་མི་མཐུན་གནོད་པའི་དགྲ་དང་གདོན༔ མ་ལུས་འཁོར་བཅས་བསྒྱུར་ཞིང་བཟློག་པ་དང་༔ དྲག་ཤུལ་ལས་ཆེན་རྣམ་པ་བཅུ་གཉིས་ཀྱིས༔ བསྟན་འགྲོའི་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད༔ ཅེས་བཟླས་ཕུར་པའི་ལས་སྦྱོར་སྤེལ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་རྦད་བྷྱོ༔ དགྲ་བགེགས་དམ་སྲིའི་འཚེ་བ་ཐམས་ཅད་མཱ་ར་ཡ་སོད་བྷྱོ་ཟློག༔ མི་དམིགས་སྟོང་པའི་ངང་ལ་བཞག༔མ་འོངས་ལྔ་བདོའི་རྩུབ་འགྱུར་ལ༔ མ་མོ་འཁྲུག་པའི་ཡམས་རིམས་དང་༔ སྔགས་པ་ནད་རྒྱས་བྱད་ཕུར་དང་༔ ལྷ་མིན་མཚོན་འཁྲུག་དགྲ་བགེགས་དང་༔ འཕྲལ་གྱི་རྐྱེན་ངན་གང་ཡིན་ཀྱང་༔ འདི་ཡིས་བཟློག་པར་ཐེ་ཚོམ་མེད༔ བཛྲ་ན་ར་ཀན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ རྒྱ༔ སྐལ་ལྡན་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་རྩང་བཟློག་ལེགས་པར་ཕབས་པའོ༔

ཁྱུང་བཟློག་ལྟས་ངན་ཀུན་འཇོམས།

ཡང་ཟབ་ཕུར་པའི་ཐུགས་སྒྲུབ་ལས༔ ཁྱུང་བཟློག་ལྟས་ངན་ཀུན་འཇོམས་བཞུགས༔

གུ་རུ་པདྨ་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡི་དམ་ལྷ༔ དབྱེར་མེད་གུས་པས་ཕྱག་འཚལ་ཏེ༔ བདག་འདྲ་མཚོ་རྒྱལ་ཐུགས་གསང་གི༔ བྱིན་གྱིས་བརླབས་པའི་སྐལ་ལྡན་ལ༔ ཕན་ཕྱིར་ཁྱུང་གི་བཟློག་པ་བརྩམས༔ ལྟས་ངན་མི་མཐུན་བྱུང་ན་འོ༔ གཞན་གྱིས་སྙད་པའི་ལྟས་བྱུང་ན༔ གཏོར་མའི་རྩེ་མོར་ཁྱུང་སྐུ་བཙུགས༔ ཡེ་ཤེས་ཁྱུང་དུ་བྱིན་གྱིས་བརླབས༔ དངོས་སུ་བསྒོམ་ཞིང་སྔགས་འདི་བཟླས༔ ཁྲོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ བརྒྱའམ་ཉེར་གཅིག་བདུན་ཀྱང་བཟླས༔ ཁྱུང་ལ་ཁྱུང་དང་མེ་མཚོན་འཕྲོས༔བར་ཆད་བཟློག་པའི་ཕྲིན་ལས་ཀྱིས༔ རི་རབ་འཕྱོ་ཞིང་རྒྱ་མཚོ་འཁྲུགས༔ ཐན་ལྟས་མ་ལུས་བཟློག་པར་བསམ༔ རྔ་བརྡུང་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཁྲོཾ་བྷྱོ༔ གནམ་ལྕགས་རི་རབ་འབར་བའི་རྩེ་མོ་ནས༔ དཔག་བསམ་རབ་ཏུ་རྒྱས་པའི་སྡོང་པོ་ལ༔ དཔལ་ཆེན་ཡབ་ཡུམ་ཡེ་ཤེས་རྣམ་ལྔའི་འཕྲུལ༔ རིགས་ལྔའི་ཁྱུང་གི་སྤྲུལ་པ་ཡང་སྤྲུལ་བཅས༔ དད་པས་སྤྱན་འདྲེན་དམ་ཚིག་དབང་གིས་གཤེགས༔ རང་སྣང་མཁའ་ལ་ཆགས་བྲལ་པད་ཉི་དང་༔ དགྲ་བགེགས་ཀླུ་རྒྱལ་ཕོ་མོའི་གདན་ལ་བཞུགས༔ གུས་པས་ཕྱག་འཚལ་ཉེར་སྤྱོད་འདོད་ཡོན་ལྔ༔ ཟག་མེད་སྨན་དང་པདྨ་རཀྟའི་མཚོ༔ ཤ་ལྔ་བདུད་རྩི་ལྔ་ཡི་གཏོར་མས་མཆོད༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་མ་ཧཱ་པཱུ་ཙ་ཁཱ་ཧི༔ ཡེ་ཤེས་རིགས་ལྔའི་རྣམ་རོལ་བྱ་ཁྱུང་ལྔ༔ ཁྱེད་ལ་བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་བཤིག་པའི་དམ་སྲི་དང་༔ འགྲོ་བའི་བདེ་སྐྱིད་ཕྲོག་པའི་དུས་འཁྲུག་ཟློག༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཕྲོག་བྱེད་པའི༔ ཡེ་ཤེས་འཇིག་རྟེན་ཌཱཀྐིའི་བསུན་མ་ཟློག༔ ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ལ༔ སྟེང་ཕྱོགས་ལྷ་ཡི་བཀའ་ཆད་ཐན་ལྟས་ཀྱང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བར་ནས་སྡེ་བརྒྱད་ཟ་ཁ་སྟོན་པ་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ འོག་ནས་ས་བདག་ཀླུ་ཡི་གདུག་རྩུབ་ཀྱང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ སེང་གེ་སྟག་གཟིག་དོམ་དང་དྲེད་མོང་སོགས༔ མཆེ་ཅན་གཅན་གཟན་ཡོངས་ཀྱི་ལྟས་ངན་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ ཁྱུང་དང་ཤང་ཤང་རྒོད་གླག་ཁྱིམ་བྱ་སོགས༔ འདབ་ཆགས་མཁའ་ལྡིང་ཐན་དང་ལྟས་ངན་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ རྟ་དང་དྲེའུ་བོང་བུ་ལ་སོགས་པ༔ རྨིག་ཟླུམ་རྣམས་ཀྱི་ཐན་དང་ལྟས་ངན་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ མི་ནག་སྐྱེ་བོ་ཕོ་མོའི་དམོད་སྣ་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ འདུལ་འཛིན་ཡོངས་ཀྱི་ཆོས་ཟོར་བརྡེག་པ་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ སྔགས་ནག་ཡོངས་ཀྱི་གཏོར་ཟོར་བརྡེག་པ་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ གཤེན་བོན་ཡོངས་ཀྱི་བལ་ཟོར་བརྡེག་པ་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ སྒོ་ཁྱི་ནོར་ཕྱུགས་བདག་བཟུང་སེམས་ཅན་ལ༔ ཐན་ལྟས་ཡིད་མི་འོང་བ་གང་བྱུང་ཡང་༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ རླུང་མཁྲིས་བད་ཀན་ནད་རིགས་བྱུང་བ་རྣམས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ རྟག་ཆད་ལྟ་བའི་ཐན་ལྟས་གང་བྱུང་རྣམས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ ཡང་འཁྲུལ་རྟོག་ངན་སྒོམ་སྐྱོན་གང་བྱུང་བ༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ སྔགས་པས་བདུད་ཆས་སྤྱོད་པའི་ཐན་ལྟས་རྣམས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ རང་དོན་མཐར་ལྷུང་འབྲས་བུ་ལྟས་ངན་རྣམས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ རྒྱལ་བསེན་གཟའ་ཀླུ་དམ་སྲིའི་གནོད་པ་རྣམས༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ མདོར་ན་སྲིད་དང་ཞི་བའི་ལྟ་སྤྱོད་འབྲས༔ གང་བྱས་ལོག་པར་སོང་བའི་ཐན་ལྟས་རྣམས༔ སྤྱི་དགོས་སྡང་བའི་དགྲ་བོའི་སྟེང་དུ་ཟློག༔ མི་མཐུན་སྣ་འདྲེན་བགེགས་ཀྱི་སྟེང་དུ་ཟློག༔ བྷྱོ་བྷྱོ་ཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཁྱུང་གི་སྔགས་ཤམ་དྲག་སྔགས་སོ་ལྔ་བཏགས༔ ཐལ་མོ་བརྡེག་ལ་དར་ནག་གཡབ༔ འདི་ཡིས་མི་བཟློག་ཐན་ལྟས་རིགས༔ འཇིག་རྟེན་འདི་རུ་ཡོད་པ་མིན༔ བསྐྱེད་རྫོགས་ལྟ་བའི་གདེང་ལྡན་གཅེས༔ སྙིང་ལ་སྦོས་ཤིག་གུ་ཧྱཿརྒྱ༔ ས་མ་ཡཱ༔ ཁོ་བོ་ལུང་རིག་གླིང་པས་དབྱིངས་ཀྱི་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབས་པའོ༔ སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ཛ་གད་དཾ།

ཐུན་གཏོར།

༈༽ ཐུན་མཐར་གཏོར་མ་འབུལ་བ་ནི། དམར་གཏོར་ཤ་ཁྲག་བརྒྱན་པར་སྨན་རཀ་བྲན་ཏེ། དགུག་གཞུག་ནི། ན་མོ་དཀོན་མཆོག་སོགས། ཛཿཧཱུྃ་བཾ་ཧོ༔ ཞིང་བཅུའི་དགྲ་བགེགས་ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བའི་ཤ་ཁྲག་གི་རྒྱ་མཚོ་ཆེན་པོ་ལ་ཕྲིན་ལས་ཕུར་པའི་ལྷ་ཚོགས་ཀྱི་ལྗགས་གྲི་གུག་གིས་ཚུལ་དུ་གསོལ་བས་ཅི་བཅོལ་བའི་ལས་ཐོགས་མེད་དུ་བསྒྲུབ་པར་བསམ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བྷིགྷྣན་བཾ་ཧཱུྃ་ཕཊ༔ ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བདུན་ནམ་གསུམ་གྱི་མཐར། ཨོཾ་ཤྲཱི་བཛྲ་ཀུ་མ་ར་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ཤཔྟ་པྲ་ཏིཙྪ་ཧོ༔ མ་ཧཱ་པཉྩ་ཨ་མྲི་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ། དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། །ཀཱི་ལ་རིགས་བཞི་ཁྲོ་བཅུ་ཕྲ་ཐབས་བཅས། །དབང་མོ་ཉེར་བརྒྱད་ཕུར་སྲུང་བཅུ་དྲུག་སོགས། །དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད། །ཧཱུྃ།ཕྲིན་ལས་ཕུར་པའི་ལྷ་ཚོགས་འཁོར་བཅས་ཀྱིས། །གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །ལྷུན་པོར་སྤུངས་པའི་མཆོད་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་བསྲུང་བྱ་འཁོར་བཅས་ཀྱི། །ནད་གདོན་བར་ཆད་མི་མཐུན་ཞི་བ་དང་། །ཚེ་བསོད་དཔལ་གྱིས་མོས་ཚོགས་དབང་དུ་འདུས། །མི་མཐུན་གནོད་བྱེད་དགྲ་བགེགས་མ་ལུས་པ། །ཚར་གཅོད་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས། །མིང་གི་ལྷག་མ་བྱེད་པར་མཛད་དུ་གསོལ། །ཅེས་བརྗོད་གཏོར་ཆུང་ཁྲོ་བཅུའི་གཏོར་མར་ཕུལ།

ཟོར་གྱི་ལས་རིམ་མགོ་སྤྲུལ་གྱིས་མཛད་པ།

༄༅།། རྡོ་རྗེ་ཕུར་པ་བདུད་དཔུང་ཟིལ་གནོན་དམ་སྲི་ཚར་གཅོད་ཀྱི་གཏེར་གཞུང་སྐབས་སུ་ཁ་སྐོང་ཟོར་གྱི་ལས་རིམ་ལ། ཐོག་མར་ཟློག་པའི་མཇུག་ཏུ་ཐུན་གཏོར་ནི། དམར་གཏོར་ལ་དགྲ་བགེགས་དགུག་གཞུག་བྱས་ཏེ་འབྲུ་གསུམ་གྱི་བྱིན་གྱིས་བརླབས་ལ། རྩ་སྔགས་དང་། ནྲྀ་ཏྲི་སརྦ་ཤ་ཏྲུཾ་མ་ར་ཡ་མ་ཧཱ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་མམ་བདུན་གྱིས་ཕུལ། བཛྲ་པུཥྤེ་སོགས་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཱུ་ཛ་ས་མ་ཡཱ་ཁཱ་ཧི་ཁཱ་ཧི། ཞེས་མཆོད་ཅིང་བསྟོད་པ་ནི། ཧཱུྃ། རྡོ་རྗེ་གཞོན་ནུ་སྟངས་དཔྱལ་སྲས། །ཁྲོ་བཅུ་ཡབ་ཡུམ་ཟ་གསོད་དང་། །སྒོ་སྐྱོང་དམ་ཅན་ཚོགས་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧཱུྃ། བདུད་དཔུང་ཟིལ་གནོན་བཅོམ་ལྡན་འདས། །སྤྱི་དཔལ་རྡོ་རྗེ་གཞོན་ནུ་ཆེ། །དམ་ཚིག་སྲས་དང་སྤྲུལ་པའི་ཚོགས། །ཕྱག་བརྙན་ཕོ་ཉ་བྲན་དང་བཅས། །དྲག་པོའི་དམ་རྫས་འདི་རོལ་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཞི་ཞིང་ལེགས་ཚོགས་རྒྱས། །མོས་བཞི་དབང་སྡུད་ཕྲིན་ལས་མཛོད། །དགྲ་གདོན་བར་གཅོད་ཕུང་སྲི་བདུད། །སྲོག་ལ་རྒོལ་བའི་གདུག་པ་ཅན། །མཐའ་དམག་སྣ་འདྲེན་སྡོང་ཟླར་བཅས། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །མེ་ཆུ་ས་གཡོ་རླུང་འཇིགས་དང་། །ནད་མཚོན་མུ་གེ་ལྟ་ལོག་སོགས། །སྣོད་བཅུད་སྙིགས་མའི་འཕོ་འགྱུར་རྣམས། །བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད། །ཁྱད་པར་ལས་བཞི་གྲུབ་པ་བརྒྱད། །ཐུན་མཆོག་དངོས་གྲུབ་ཚེ་འདི་ལ། །རྣལ་འབྱོར་ལག་རྩེར་སྩོལ་བ་ཡི། །ཐུགས་དམ་མ་གཡེལ་ས་མ་ཡཱ། །ཞེས་འབུལ་ལོ། །དེ་ནས་ཕྱིའི་སྒོ་དབྱེ་ནི། གཏོར་སྐྱེམས་འབྲུ་གསུམ་གྱིས་སྤེལ་ལ། ཧཱུྃ་ཧཱུྃ། ང་ནི་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་གཞོན་ནུ་ཆེ། །ང་ལས་ཆེ་བཙན་སུ་ཡང་མེད། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །བསྟན་པ་གཉན་ལ་དགྲ་དར་ན། །དེ་རིང་དམར་ཆེན་དྲག་པོའི་ཟོར། །དམ་ཉམས་རུ་ཏྲའི་སྟེང་དུ་འཕེན། །ཀུན་ཀྱང་གྲོགས་མཛོད་ཟོར་ལམ་ཕྱེས། །ཁྲོ་བོ་རོལ་པའི་གཞལ་ཡས་ཀྱི། །ཕྱོགས་བཞིའི་ཕྱི་སྒོ་སྐྱོང་བའི་བདག །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །སོ་སོའི་བཙུན་མོ་སྲས་བློན་འཁོར། །དུང་གསེར་ཟངས་གཡུའི་བུ་མོ་བཞི། །དྲི་ཟ་གྲུལ་བུམ་ཆུ་བདག་དང་། །གནོད་སྦྱིན་བུད་མེད་འབུམ་འབུམ་བཅས། །དམ་རྫས་གཏོར་སྐྱེམས་འདི་གསོལ་ལ། །དམར་ཆེན་ཟོར་གྱི་ལམ་ཕྱེས་ཤིག །དཔལ་མགོན་བདུན་ཅུ་རྩ་ལྔ་དང་། །སྣང་སྲིད་སྡེ་བརྒྱད་དཀར་ཕྱོགས་སྐྱོང་། །འཁོར་བཅས་གཏོར་སྐྱེམས་འདི་གསོལ་ལ། །ཟོར་ལམ་ཕྱོགས་སུ་མ་འདུག་པར། །སྒོ་དབྱེ་འཕྲང་སོལ་དམག་ལ་ཆས། །དམ་ཅན་རྒྱ་མཚོའི་དམག་དཔུང་སྐྱེད། །སྣང་སྲིད་ལྷ་འདྲེས་དམག་སྣ་དྲོངས། །དེ་རིང་སྔགས་འཆང་སྡོང་གྲོགས་མཛོད། །ཅེས་གཏོར་མ་གསེར་སྐྱེམས་ཕུལ།ནང་གི་སྒོ་དབྱེ་ནི། ཧཱུྃ། ཕྲིན་ལས་ཀུན་རྫོགས་ཕོ་བྲང་གི། །ནང་སྒོ་སྲུང་མཛད་སྒོ་མ་བཞི། །རྣལ་འབྱོར་དབང་ཕྱུག་གདོང་མོ་བཞི། །ཐུགས་རྗེ་ཐུགས་དམ་ཉེར་དགོངས་ལ། །ཚད་མེད་རྣམ་བཞིའི་ཕྱག་རྒྱ་ཡིས། །ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ། །འཇིགས་དང་བར་ཆད་མི་མཐུན་ཕྱོགས། །མ་ལུས་ལྷག་མེད་ཞི་བ་དང་། །ཚེ་བསོད་ཡེ་ཤེས་ཡོན་ཏན་རྣམས། །འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩོལ། །ཁམས་གསུམ་མོས་བཞི་དབང་འདུས་ཤིང་། །སྲིད་གསུམ་ཆེ་དགུ་ཟིལ་གནོན་མཛོད། །དགྲ་བདུད་དམ་སྲི་གདུག་པ་ཅན། །ཚར་གཅོད་དབྱིངས་སྒྲོལ་དངོས་གྲུབ་སྩོལ། །བྷྲུཾ་སརྦ་ཤནྟིཾ་པུཥྚཾ་ཝ་ཤཾ་མ་ར་ཡ་ཛཿཧཱུྃ་བཾ་ཧོ་ཕཊ༔ ཅེས་བསལ། མཆོད་བསྟོད་བསྡུས་ཙམ་དང་། བཟོད་གསོལ་ནི། མ་རྙེད་ཡོངས་སུ་མ་འཚལ་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་གསོལ། །ཡིག་བརྒྱ་བརྗོད། ལྷ་བཏེགས་ནི། ཨོཾ་མ་ཧཱ་ཛྙཱ་ན་ཙཀྲ་ཧ་ཧེ་ཕཊ་བྷྱོ་རཾ། ཞེས་འདེགས་རྒྱ་བྱ་ཞིང་། ཡེ་ཤེས་པ་རྣམས་བདག་ལ་ཐིམ། དམ་ཚིག་པ་ཟོར་གྱི་རྣམ་པར་བཞེངས་ནས་ཁྲོ་འཁྲུག་རྔམས་པས་དགྲ་བགེགས་དམ་སྲི་ལོག་འདྲེན་ཐམས་ཅད་མངོན་སྤྱོད་དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས་རྡུལ་དུ་བརླག་པར་དགོངས་ཏེ་རིངས་པའི་ཚུལ་གྱིས་ཆས་པར་བསམ་ལ། ཟོར་སྒྲུབ་ནི། ཧཱུྃ་ཧཱུྃ། སྐུ་གསུམ་དག་པའི་ཞིང་ཁམས་ནས། །བདེ་གཤེགས་ཡོངས་རྫོགས་ཧེ་རུ་ཀ །རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ། །སྟངས་དཔྱལ་འཁོར་དང་བཀའ་ཉན་ཚོགས། །བརྒྱུད་གསུམ་རིག་འཛིན་བླ་མ་དང་། །སྒྲུབ་སྡེ་དགུ་རྫོགས་དཀྱིལ་འཁོར་ལྷ། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུ།།མ་སྲིང་དམ་ཅན་སྲུང་མར་བཅས། །ཁྱད་པར་མཆོད་བསྟོད་དྲེགས་པའི་སྡེ། །བཀའ་སྡོད་དཔལ་མགོན་དཀར་ཕྱོགས་སྐྱོང་། །ལོ་ཟླ་ཞག་དུས་དབང་བྱེད་ལྷ། །གནས་དང་རྒྱུ་བའི་ས་བདག་རྣམས། །ཟོར་མཆོག་འདི་ལ་བྱིན་གྱིས་རློབས། །ཟོར་ཆེན་རྫས་ཀྱི་མཐུ་ནུས་སྐྱེད། །ཟོར་བདག་དམོད་པ་ལས་ཀྱི་ལྷས། །མི་མཐུན་དཔུང་ཚོགས་གཞོམ་དུ་གསོལ། །རྩ་སྔགས་དང་དྲག་སྔགས་སོ་ལྔའི་མཐར། བསྟན་དང་འགྲོ་ལ་གནོད་ཅིང་འཚེ་བའི་དགྲ་གདོན་དམ་སྲི་གདུག་པ་ཅན་ཐམས་ཅད་མ་ར་ཡ་ཧཱུྃ་ཕཊ༔ ཅེས་མང་དུ་བཟླའོ། །བཞེངས་བསྐུལ་ནི། ཧཱུྃ། རབ་འཇིགས་དུར་ཁྲོད་འབར་བའི་དབུས། །མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས། །སྐུ་གསུམ་ཕྲིན་ལས་ཀུན་རྫོགས་དཔལ། །རྡོ་རྗེ་གཞོན་ནུ་ཆེ་བའི་མཆོག །ཡབ་ཡུམ་གཙོ་འཁོར་སྤྲུལ་བར་བཅས། །དམ་ཚིག་གཏོར་མ་འདི་བཞེས་ལ། །ཞིང་བཅུ་ཉམས་པ་བདུན་ཚང་བའི། །དགྲ་གདོན་བགེགས་རིགས་ཐལ་བར་རློགས། །བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །བཞེངས་ཤིག་ཟོར་གྱི་ལས་ལ་བཞེངས། །ཆས་ཤིག་དམིགས་བྱའི་སྟེང་དུ་ཆས། །མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད། །མ་གཡེལ་སྐུ་གསུམ་བདེ་གཤེགས་རྣམས། །མ་གཡེལ་རྡོ་རྗེ་ཕུར་པའི་ལྷ། །མ་གཡེལ་དཀོན་མཆོག་རྩ་བ་གསུམ། །མ་གཡེལ་དམ་ཅན་བཀའ་སྡོད་ཚོགས། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །གིང་སྒྲོལ་ཁྲག་འཐུང་དཔལ་གྱིས་དགོངས། །ལེགས་ཉེས་སྲིད་པའི་ལྷ་འདྲེ་རྩིས། །དྲང་ཤན་དམ་ཅན་སྲུང་མས་མཛོད། །ཞི་བས་མི་ཐུལ་དགྲ་བགེགས་བདུད། །དྲག་པོས་ཚར་གཅོད་རྗེས་འཛིན་ཕྱིར། །ཁྲོ་གཏུམ་རྔམས་པའི་གར་བསྒྱུར་ལ། །དགྲ་བགེགས་སྟེང་དུ་དམག་ལ་ཆོས། །དམག་དཔུང་བསྐྱོད་ལ་རུ་མཚོན་ཕྱོར། །བྱད་ཕུར་རྦོད་གཏོང་རང་གཤེད་ཕོབས། །གདུག་པའི་དམག་ཚོགས་ཕྱིར་ལ་ཟློག །བར་གཅོད་དམ་སྲི་དབྱིངས་སུ་སྒྲོལ། །བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ། །ཟློག་ཟློག་གནོད་པའི་བགེགས་ལ་བཟློག །བསྒྱུར་རོ་རྐྱེན་ངན་དབྱིངས་སུ་བསྒྱུར། །བྷྱོ་ཟློག་བསྒྱུར་བའི་ཕྲིན་ལས་མཛོད། །ཅེས་བརྗོད་ཅིང་ཟོར་ལམ་དཀར་ཤར་གྱིས་འཐེན་ལ་གཏོར་གྲལ་བསྒྲིགས་ནས་བསྐུལ་བ་དང་ཆད་མདོ་བསྒྲགས། ཟ་ལམ་ནི། བྷྱོ་ཛ༔ ནམ་མཁའི་དབང་ཕྱུག་དཔལ་ཆེན་མོ༔ ཀུན་ཏུ་བཟང་མོ་སྤྲུལ་བསྒྱུར་མ༔ དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛ༔ མདོས་དང་ཟོར་ལ་སྤྱན་འདྲེན་ནོ༔ ཁྱོད་ནི་ཁམས་གསུམ་སྲོག་གི་བདག༔ མཁའ་འགྲོ་ཡོངས་ཀྱི་རྗེ་མོ་སྟེ༔ དྲེགས་པ་སྡེ་བརྒྱད་སྲིང་གཅིག་མ༔ སྲིན་མོ་ཟ་ལམ་དཔལ་ལྷ་མོ༔ དགྲ་བགེགས་བཟློག་ཕྱིར་གཤེགས་སུ་གསོལ༔ དེ་རིང་རྣལ་འབྱོར་བདག་ཅག་གིས༔ ཡི་དམ་རྩ་གསུམ་བསྙེན་བསྒྲུབས་ནས༔ དངོས་གྲུབ་རྟགས་མཚན་དེ་རིང་ཐོབ༔ དྲག་པོའི་དུས་ལ་ད་བབ་ཀྱི༔ འཕང་བ་ཟོར་གྱི་ལས་བྱེད་དོ༔ མ་སྲིང་གཙོ་མོ་ཟ་ལམ་ཁྱོད༔ རང་གཟུགས་གླུད་དང་དབྱེར་མེད་དུ༔ དམ་ཉམས་དགྲ་བོའི་ཡུལ་ཕྱོགས་སུ༔ དམར་ཆེན་གཏོར་མའི་ཟོར་སྣ་དྲོངས༔ དམིགས་པའི་ཡུལ་གྱུར་དགྲ་བགེགས་ལ༔ སྡེ་བརྒྱད་ཟ་ཁ་ཁྱོད་ཀྱིས་སྟོན༔ དྲེགས་པའི་དམག་སྣ་ད་དྲོངས་ཤིག༔ སྣང་སྲིད་ལྷ་འདྲེས་ཟ་ལམ་ཕྱེ༔ ཁྱོད་ཀྱི་འཁོར་དུ་གནས་པ་ཡི༔ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ཡིས༔ མ་སྲིང་ཌཱཀྐི་དམག་བསྡུས་ལ༔ རིགས་ཀྱི་བསུན་མ་དགྲ་ལ་ཟློག༔ གཞན་ཡང་བདུད་བཙན་མ་མོ་དང་༔ གཟའ་ཀླུ་ཐེའུ་རང་རྒྱལ་པོ་སྟེ༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་རྣམས༔ གོ་གྱོན་མཚོན་ཐོགས་དམག་ལ་ཆོས༔ དགྲ་བགེགས་སྟེང་དུ་ཟོར་སྣ་དྲོངས༔ དམིགས་པའི་ཕྱོགས་སུ་ལམ་ཕྱེས་ལ༔ ཀོ་ལོང་སྡོམ་པའི་ཕྲེང་སོལ་ཅིག༔ ཕུང་སྲི་འགོང་པོའི་སྡེ་ཚོགས་བཅས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན༔ དེ་རིང་ཟོར་གྱི་དམག་ལ་ཆས༔ ལམ་སྣ་དྲོངས་ལ་གཡུལ་ངོ་ཐོབ༔ དགྲ་བོའི་ནོར་རྫས་ལོངས་སྤྱོད་རྣམས༔ མ་ཟད་བར་དུ་ལོངས་སྤྱོད་གྱིས༔ སྲིད་གསུམ་བྱད་སྣ་ཁྱོན་བསྡོམས་ནས༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ སྲོག་གཅོད་སྲིན་མོ་ཟ་ལམ་ཁྱོད༔ གཤེགས་སོ་བཞུད་དོ་ཤ་ར་ར༔ ཟོར་ལམ་ཕྱེ་ལ་དགྲ་ཡུལ་སོང་༔ མ་མོའི་ནད་རྐྱལ་ཁ་ཕྱེས་ལ༔ དགྲ་བོའི་ཡུལ་ཁམས་སྟོངས་སུ་ཆུག༔ གཡས་ཀྱི་གཤིན་རྗེའི་ཁྲམ་ཤིང་ལ༔ དགྲ་བོའི་མི་ནོར་ཁྲམ་ལ་ཐོབ༔ གཡོན་པ་ཁྲག་གི་ ཀོང་ཟོར་གྱིས༔ དམར་ཡམས་ནད་ཀྱིས་མྱོས་པར་གྱིས༔ གཤེགས་ནས་ཚུར་ལ་མ་ལྡོག་པར༔ དགྲ་ཡུལ་མ་མོའི་ཕོ་བྲང་ཐོབ༔ དྲེགས་པ་སྡེ་བརྒྱད་བཙན་རྫོང་བརྩིགས༔ སྣང་སྲིད་ལྷ་འདྲེའི་འདུ་གནས་གྱིས༔ མིང་ཙམ་མེད་པར་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སླར་ཡང་ཟོར་ལམ་བསལ་བ་ནི། གསེར་སྐྱེམས་འབྲུ་གསུམ་གྱིས་བརླབས་ལ། ཧཱུྃ༔ བདག་ཉིད་རྣལ་འབྱོར་དབང་ཕྱུག་གིས༔ ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡི༔ དམར་ཆེན་དྲག་པོའི་གཏོར་ཟོར་འདི༔ དགྲ་གདོན་བགེགས་ཀྱི་སྟེང་དུ་འཕེན༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ན༔ བཞུགས་པའི་སྣང་སྲིད་ལྷ་འདྲེ་ཀུན༔ ཟོར་ལམ་ཕྱོགས་སུ་མ་འདུག་པར༔ དྲག་པོ་ཟོར་གྱི་ལམ་ཕྱེས་ཤིག༔ དཔལ་གྱི་ཟོར་ཆེན་གཉན་པོ་འདི༔ ལྷ་སྲིན་ཚོགས་ལ་འཕེན་སྙམ་སྟེ༔ སྟེང་གི་ལྷ་ལ་ཟོར་མི་འཕེན༔ འོག་གི་ཀླུ་ལ་ཟོར་མི་འཕེན༔ བར་གྱི་གཉན་ལ་ཟོར་མི་འཕེན༔ དཀར་ཕྱོགས་སྐྱོང་ལ་ཟོར་མི་འཕེན༔ འོན་ཀྱང་གདུག་པའི་དབལ་ཟོར་གྱིས༔ དབུ་ཞབས་ཀུན་ལ་ཕོག་སྲིད་པས༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ། སྟེང་འོག་གཡས་དང་གཡོན་དུ་བྱོལ༔ མཐོ་བ་རྣམས་ཀྱིས་ཞབས་བསྐུམས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཆུམ་ཞིག༔ བར་བ་རྣམས་ཀྱིས་སྐུ་བཟུར་ཅིག༔ སོ་སོའི་ཕོ་བྲང་སྒོ་སྡོམས་ཤིག༔ སྲིད་ཧུའི་རྒྱབ་ཡིག་བཀླག་ཅིང་། དམིགས་བྱ་འབེན་བཙུགས་པ་ཡོད་ན་འགུག་གཞུག་བྱ། དཔུང་བསྐྱེད་ཅིང་བསྐུལ་བ་ནི། ཧཱུྃ་ཧཱུྃ། རྣལ་འབྱོར་ཟོར་འཕེན་གང་དུ་འཕེན། །སྡང་བྱེད་དགྲ་བོའི་སྟེང་དུ་འཕེན། །གནོད་བྱེད་བགེགས་ཀྱི་སྟེང་དུ་འཕེན། །དམ་ཉམས་རཱུ་ཏྲའི་སྟེང་དུ་འཕེན། །དཔལ་ཆེན་ཁྲག་འཐུང་ལྷ་ཚོགས་རྣམས། །མངོན་སྤྱོད་ཟོར་གྱི་ལས་ལ་དགོངས། །དོ་ནུབ་དགྲ་ལ་དམག་འདྲེན་གྱིས། །དམག་དཔུང་བསྐྱོད་ལ་རུ་མཚོན་ཕྱོར། །དཔལ་ཆེན་སྲས་བཅས་མཐུ་རྩལ་ཕྱུང་། །ཁྲོ་ཚོགས་ཕྲ་ཐབས་ནུས་སྟོབས་སྐྱེད། །དབང་ཕྱུག་གིང་ཚོགས་དགྲ་ལ་བྷྱོ། །ཕུར་སྲུང་དམ་ཅན་ལས་ལ་ཆས། །ཕྱོགས་དེར་གནས་པའི་སྡེ་བརྒྱད་རྣམས། །འཁོར་བཅས་དྲག་པོའི་དམག་སྣ་དྲོངས། །ཐུགས་རྗེས་སྒྲོལ་འདྲེན་མངོན་སྤྱོད་ཀྱི། །ཐུགས་དམ་གཉན་པོ་དུས་ལ་བབས། །བསྡུ་ན་དེས་ཆོག སྤྲོ་ན། ཧཱུྃ། ང་ནི་རྡོ་རྗེ་གཞོན་ནུ་སྟེ། །ཁྲག་འཐུང་ཀུན་གྱི་རྒྱལ་པོ་ཡིན། །བཀའ་སྡོད་ལས་བྱེད་སྟོང་གསུམ་གང་། །ཐམས་ཅད་དྲག་པོའི་དམག་ལ་ཆས། །སྒྲོལ་བྱེད་དྲག་པོའི་ཟོར་གྱི་རྫས། །ཁྲོ་མཚོན་མེ་ཡི་ཚྭ་ཚྭ་འཕྲོ། །གཏོར་ཟོར་ཐོག་འབྲུག་འུ་རུ་རུ། །ཡུངས་ཟོར་མཚོན་ཆར་ཟི་ལི་ལི། །ཀོང་ཟོར་བུ་ཡུག་ཐིབས་སེ་ཐིབ། །ཐུན་ཟོར་མེ་རླུང་ཐོ་རོ་རོ། །ཁྲག་ཟོར་ནད་རླངས་བུ་ནུ་ནུ། །དུག་ཟོར་མུན་ནག་ཐིབས་སེ་ཐིབ། །མཚོན་ཟོར་མེ་ལྕེ་ལམས་སེ་ལམ། །རྡོ་ཟོར་རྦབ་རྒོད་ཉི་ལི་ལི། །ཕུར་ཟོར་རྣོ་དབལ་ཟེངས་སེ་ཟེང་། །མདའ་ཟོར་གློག་ཞགས་ཁྱུགས་སེ་ཁྱུག །སྡང་བ་དགྲ་ཡི་སྙིང་ལ་ཡ། །བདུན་རྒྱུད་ཆོད་ཅིག་མཱ་ར་ཡ། །གནོད་པ་བགེགས་ཀྱི་སྲོག་ལ་ཡ། །མེད་པར་ཆོམས་ཤིག་མཱ་ར་ཡ། །བདག་འཛིན་བདུད་ལ་ཟོར་འདི་ཡ། །གཉིས་མེད་སྒྲོལ་ཅིག་མཱ་ར་ཡ། །ཞིང་གྱུར་ཉམས་པའི་དགྲ་གདོན་བགེགས། །རྡུལ་དུ་རློགས་ཤིག་མཱ་ར་ཡ། །སརྦ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད།། སྤྲོ་ན་ཟོར་དམིགས་ཀྱིས་འཕེན་པ་ནི། ཧཱུྃ། དཔལ་ཆེན་བཛྲ་ཀཱུ་མ་ར། །བདུད་བགེགས་དམ་སྲི་ཚར་གཅོད་པའི། །ཕོ་ཉ་ལས་བྱེད་ཟོར་བདག་རྣམས། །དགྲ་གདོན་བགེགས་ལ་མཱ་ར་ཡ། །ཐོག་རྒོད་ལྕེ་འབེབས་དམར་གཏོར་ཟོར། །མཚོན་རྩེ་གཟེངས་པ་ཡུངས་དཀར་ཟོར། །འཚུབས་ནག་འཁྲུགས་པ་ཀོང་གི་ཟོར། །མེ་རླུང་འཁྱིལ་བ་ཐུན་གྱི་ཟོར། །རྦ་ཀློང་འཕྱུར་བ་ཁྲག་གི་ཟོར། །མུན་ནག་འཐིབས་པ་དུག་གི་ཟོར། །གདུག་རྩུབ་མེ་འབར་མཚོན་ཆའི་ཟོར། །རི་བོ་སྙིལ་བ་རྡོ་ཡི་ཟོར། །མེ་དབལ་འབར་བ་ཕུར་བུའི་ཟོར། །རྣོ་མྱུར་ཤུགས་དྲག་མདའ་ཡི་ཟོར། །གློག་ལྟར་འཁྱུག་ཅིང་ཐོག་བཞིན་འབེབས། །དགྲ་བགེགས་ལུས་སེམས་འབེན་ལ་ཟོར། །ཟོར་རོ་སྐྱོབ་པའི་ལྷ་ལ་ཟོར། །ཟོར་རོ་བསྲུང་བའི་གུར་ལ་ཟོར། །སྡང་བར་བྱེད་པའི་དགྲ་ལ་ཟོར། །གནོད་པར་བྱེད་པའི་བགེགས་ལ་ཟོར། །ཕུང་བར་བྱེད་པའི་སྲི་ལ་ཟོར། །བར་དུ་གཅོད་པའི་བདུད་ལ་ཟོར། །ཕྱི་སྣོད་འབྱུང་བའི་གཡོ་འཁྲུག་ཟློག །ནང་བཅུད་སྐྱེ་འགྲོའི་དུས་འཁྲུག་བཟློག །ཕུང་བྱེད་མཐའ་བཞིའི་ དམག་དཔུང་ཟློག །བྱང་ཆུབ་སྒྲུབ་པའི་བར་གཅོད་ཟློག །ས་མ་ཡཱ་བྷྱོ་བྷྱོ་ཟློག་ཟློག ། ཟོར་ཆེན་འཕང་བ་ནི། ཧཱུྃ་བྷྱོ་ཛ༔ དམར་ཆེན་ཟོར་མཆོག་གཉན་པོ་འདིར། །བསྒྲུབ་པའི་ཕྲིན་ལས་ཕུར་པའི་ལྷ། །སྡེ་བརྒྱད་དྲེགས་པའི་དཔུང་དང་བཅས། །བསྟན་འགྲོར་གནོད་ཅིང་འཚེ་བ་ཡི། །དགྲ་གདོན་བགེགས་རིགས་དམ་སྲི་སྤྱི། །ཁྱད་པར་ཡིད་ལ་བརྣག་པ་ཡི། །བསྒྲལ་བའི་ཞིང་བཅུར་གྱུར་པ་དང་།།ཉམས་པ་བདུན་ལྡན་སྟེང་དུ་རྦད། །ཐུགས་རྗེས་ཐུགས་དམ་མ་གཡེལ་བར། །སྲིད་པ་གཡོ་ཞིང་འཁྲུག་བྱེད་པའི། །དམག་དཔུང་དེར་བསྐྱོད་གཡུལ་ངོ་སྤྲོད། །དགྲ་དཔུང་ཆོམས་ལ་བགེགས་ཚོགས་ཐུལ། །བར་གཅོད་དམ་སྲི་རྨིང་མེད་ཐོང་། །བྱད་མ་ལྷ་སྲུང་རྡུལ་དུ་རློགས། །མངོན་སྤྱོད་ཕྲིན་ལས་དུས་ལ་བབས། །མ་ཧཱ་བཛྲ་ས་མ་ཡཱ། དམོད་བཅོལ་ཟློག་སྔགས་བཅས་བརྗོད་ཅིང་འཕང་ངོ་། །རྗེས་གཅོད་ནི། རྩ་སྔགས་དང་། ཧཱུྃ་ཧཱུྃ་ཧཱུྃ། བདུད་པྲ་མཱ་ར་ཡ་རྦད་ནན། རཱ་ཛ་དུན་ལིང་ཤག་རྦད་ནན། ཁ་ལ་ཛ་མ་ལིང་རྦད་ནན། ཤིག་ཤིག་དུམ་དུམ་རྦད་ནན། ཚལ་པ་ཚལ་པ་རྦད་ནན། ཁྲོཾ་ཁྲོཾ་བྷྱོ་རྦད་ནན། རྨུག་རྨུག་རྦད་ནན། ཏིར་ཏིར་རྦད་ནན། ཚལ་དུ་ཚལ་དུ་རྦད་ནན། ཞེས་བརྗོད། ཡེ་ཤེས་ཀྱི་བྱ་ཁྱུང་ནག་པོ་འཇིགས་སུ་རུང་བ་ཞིག་གིས་ཞལ་ཕྱིར་གཟིགས་ཏེ་མཚམས་བཅད་པར་བསམ་ལ། ཨོཾ་ཁྲོཾ་ཛྙཱ་ན་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། སྲུང་འཁོར་ནི། ཧཱུྃ་ཧཱུྃ། རང་བྱུང་ཆོས་དབྱིངས་རིག་པའི་རང་རྩལ་ལས། །སྲ་བརྟན་རྡོ་རྗེ་རྒྱ་གྲམ་རླུང་མེ་དང་། །གནམ་ལྕགས་ཕུར་པ་རྣོ་དབལ་ཚྭ་ཚྭ་འཕྲོས། །མི་མིན་འཚེ་བའི་བགེགས་ཚོགས་སུ་ཡང་རུང་། །སྲུང་བའི་མཚམས་འདིར་འཇུག་པའི་གནས་མ་མཆིས། །རྒྱལ་ཀུན་མཐུ་བྱིན་འོད་ཟེར་ཕྱོགས་བཅུར་འཕྲོས། །སྲིད་པའི་ལས་རླུང་ཐར་བའི་གོ་སྐབས་མེད། །བཛྲ་རཀྵ་ཛྭ་ལ་བྷྲུཾ༔ ཞེས་བརྗོད་ལ་བསྟན་མ་སྐྱོང་བ་དང་། བྲོ་མནན་སོགས་དཀྱུས་བཞིན་བྱའོ། །ཞེས་པའང་ངེས་ལེགས་མཆོག་སྤྲུལ་རིན་པོ་ཆེས་བཀའ་ཕེབས་ངོར། རིག་འཛིན་གསང་སྔགས་གླིང་པའི་ཟ་ལམ་བསྣན་ནས་མགོ་སྤྲུལ་གྱིས་ཁ་བསྐང་བ་དུས་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པའི་རྒྱུར་གྱུར་ཅིག །མངྒ་ལཾ།

རྒྱལ་དབྱངས་དཔའ་བོའི་གད་རྒྱང་།

༄༅།། རྒྱལ་དབྱངས་དཔའ་བོའི་གད་རྒྱང་བཞུགས། ཨེ་མ་ཧོ། སྲིད་གསུམ་འཁྲུལ་བའི་བདེ་ལ་ཡིད་དབྱུང་ནས། །མཆོག་གསུམ་སྐྱབས་སུ་བརྟེན་པའི་རྣལ་འབྱོར་བདག །ཚེ་རབས་གཏན་གྱི་དགྲ་བགེགས་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣལ་འབྱོར་གཡས་སུ་རྒྱལ། །ཀུན་འབྱུང་རྒྱུ་འབྲས་མ་ལུས་གཡོན་དུ་ཕམ། །སྨོན་འཇུག་བྱང་ཆུབ་སེམས་ལ་བློ་སྦྱངས་ནས། །གཞན་ཕན་ལམ་དུ་འཁྱེར་བའི་རྣལ་འབྱོར་བདག །ཉོན་མོངས་ཤེས་བྱའི་སྒྲིབ་ཚོགས་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣལ་འབྱོར་གཡས་སུ་རྒྱལ། །ཁམས་གསུམ་འཁོར་བའི་སྡུག་བསྔལ་གཡོན་དུ་ཕམ། །དབང་བཞིའི་ཡེ་ཤེས་བཞི་ཡིས་རྒྱུད་སྨིན་ནས། །བསྐྱེད་རྫོགས་ལམ་དུ་སློབ་པའི་རྣལ་འབྱོར་བདག །ཐ་མལ་སྣང་ཞེན་བདུད་བཞིའི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣལ་འབྱོར་གཡས་སུ་རྒྱལ། །སྒོ་གསུམ་འཁྲུལ་བའི་བག་ཆགས་གཡོན་དུ་ཕམ། །ཡང་དག་བསླབ་པ་གསུམ་གྱིས་རྒྱུད་བསྡམས་ནས། །སྒོ་གསུམ་དགེ་ལ་བརྩོན་པའི་རྣལ་འབྱོར་བདག །མེད་བཞིན་སྣང་བ་འཁྲུལ་བའི་དགྲ་འདྲེ་ལས། །ད་ནི་རྒྱལ་ལོ་རྣལ་འབྱོར་གཡས་སུ་རྒྱལ། །སྡང་དགྲ་གདོན་བགེགས་ནད་རིགས་གཡོན་དུ་ཕམ། །བདག་ཅག་སྐྱབས་སུ་བརྟེན་པའི་བསྲུང་བྱ་རྣམས། །མཆོག་གསུམ་ལྷ་དང་སྲུང་མའི་མཐུ་བྱིན་གྱིས། །སྔོན་ལས་འཕྲལ་རྐྱེན་བར་ཆད་གཡུལ་ངོ་ལས། །འགོ་བའི་ལྷ་ལྔ་དང་བཅས་གཡས་སུ་རྒྱལ། །བར་ཆད་བདུད་དང་ལོག་འདྲེན་གཡོན་དུ་ཕམ། །ད་ནི་རྒྱལ་ལོ་རྟག་ཏུ་བདག་ཅག་རྒྱལ། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ།། ཞེས་པའང་དམ་པའི་བཀའ་བཞིན་རྒྱ་སྤྲུལ་མིང་གིས་བྲིས་པ་དགེ་ལེགས་འཕེལ།

མ་འོངས་ལུང་བསྟན་གསལ་བའི་སྒྲོན་མ།

༄༅། ཀཱིལཡསཱདྷྱནཡཱམསྠཙྪཻདཀབྷྱཿ ཨཱགཱམིབྱཀརཎཾཔྲསཾནདཱིཔཾབིཧརམ།

༄༅། ཀཱིལཡསཱདྷྱནཡཱམསྠཙྪཻདཀབྷྱཿ ཨཱགཱམིབྱཀརཎཾཔྲསཾནདཱིཔཾབིཧརམ།

ཕུར་སྒྲུབ་དམ་སྲི་ཚར་གཅོད་ལས༔ མ་འོངས་ལུང་བསྟན་གསལ་བའི་སྒྲོན་མེ་བཞུགས་སོ༔

རིག་པ་རྡོ་རྗེ་གཞོན་ནུ་ནི༔ སྐྱེ་འཆི་བགྲེས་རྒུད་མི་མངའ་ཡང༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡབ༔ བདུད་སྡེ་དཔུང་འཇོམས་ལྷ་ལ་འདུད༔ ཕུར་སྒྲུབ་བདུད་དཔུང་ཟིལ་གནོན་ནམ༔ ཡང་ཟབ་དམ་སྲི་ཚར་གཅོད་ཞེས༔ སྒྲུབ་ཐབས་མཚོ་རྒྱལ་དགོངས་མཛོད་ཀྱི༔ རྩ་བའི་ཆོས་སྡེ་འདི་ཡིན་ནོ༔ དེ་ཡི་ཡིད་ཆེས་གཏན་ཚིགས་སུ༔ ལུང་བསྟན་གསལ་བའི་སྒྲོན་མེ་འདི༔ ཨོ་རྒྱན་རྗེ་ལ་བསམ་ཡས་ཀྱི༔ མཆིམས་ཕུའི་གནས་སུ་བླ་གཡུ་དང༔ གསེར་དངུལ་མཎྚལ་སྒོ་གསུམ་བཅས༔ ལྟོས་པ་མེད་པར་མཆོད་པར་ཕུལ༔ ལུང་བསྟན་གསལ་བའི་ཡི་གེ་ཞིག༔ ཞལ་ནས་སྙན་དུ་ལེགས་པར་བརྒྱུད༔ རིག་སྟོང་དབྱིངས་ཀྱི་སྒྲོམ་དུ་སྦོས༔ དུས་ལ་བབ་ཚེ་རང་ཉིད་ཀྱིས༔ ཐེ་ཚོམ་མེད་པར་སྤེལ་བར་བྱ༔ ས་མ་ཡཱ༔ དེ་ཡང་རྩོད་ལྡན་དུས་ངན་དེར༔ ཤར་ནས་རྒྱལ་ཁྲིམས་དར་མདུད་འཇིག༔ ལྷོ་ནས་བདུད་སྤྲུལ་རེས་མོས་འཚེ༔ ནུབ་ནས་ཆོས་ཁྲིམས་གཟུགས་བརྙན་ཙམ༔ བྱང་ནས་དཀོན་མཆོག་དབུ་འཕང་སྨོད༔ ཁྱད་པར་ང་སྤྲུལ་སྐྱེས་བུ་འགས༔ ཟབ་ཆོས་དངོས་དང་དག་སྣང་སྤེལ༔ འཆད་རྩོད་རྩོམ་ཀྱང་བདུད་བློན་འགས༔ ལོག་ལྟས་སྤེལ་བས་གྲུབ་ཐོབ་དཀོན༔ མངའ་བདག་སྤྲུལ་བའི་རྡོ་རྗེ་འཛིན༔ མཐོང་ཐོས་དྲན་རེག་དོན་ལྡན་ཡང༔ དམར་རྒྱན་བཙུན་པའི་གཟུགས་ཅན་དང༔ འདོད་ལྷས་བློ་བསྒྱུར་སྔགས་པ་འགས༔ ཁྲིམས་སྡོམ་གདམས་ཟབ་ཐོན་པ་དཀོན༔ ལྷ་སྲས་སྤྲུལ་པས་བསྟན་པ་གསོ༔ ཀླུ་གོང་མི་ཆེན་ཚུལ་གྱིས་འོང༔ མཚོ་རྒྱལ་སྤྲུལ་དངོས་དབུས་སུ་འོང༔ བར་ཆད་ཚེ་ཡི་འཕྲངས་སུ་ཤར༔ མཁར་དཔལ་སྤྲུལ་པས་གཏེར་འབྱིན་ཡང༔ བདུད་ཀྱི་དབང་བྱེད་འགྲོ་བས་དམོད༔ ཐུབ་པའི་རྒྱལ་མཚན་སྔགས་པར་སྤྲུལ༔ བཀའ་གཏེར་བཅུད་དྲིལ་ཆོས་མཛོད་སྤེལ༔ ཀརྨའི་བསྟན་ཞབས་བཤད་གྲྭས་འཛིན༔ ས་ཡི་མེ་ཏོག་དངོས་ཡལ་ནས༔ འདྲ་མིན་ཞིག་གིས་སེལ་ཞིག་འཛིན༔ འབྲས་ཀྱི་ཕུང་པོ་སད་ཀྱིས་ཡལ༔ སེར་འབྲུག་དམག་གི་འུར་སྒྲས་འགེངས༔ གདམས་ཀྱི་དམ་ཀ་མོ་ཡིས་འཁྱེར༔ རོང་ཆེན་དང་པོའི་སྔར་སྲོལ་ཉམས༔ གཉིས་པ་ཁྲིའུ་རྐང་པ་ཆག༔ གསུམ་པ་སྡིག་རྫུན་བདུད་ཀྱིས་སྤེལ༔ བཞི་པའི་ཐ་མ་རྒྱ་ཡིས་སྲུང༔ སྡེ་འོག་ཕུང་བློན་ཁྲ་ཡིས་འཁྲུགས༔ ཆབ་ཀྱི་ཉི་མ་ལྷོ་ནས་ཤར༔ མཚོ་ཆེན་བཞི་ལ་ལྟས་ངན་གཟུགས༔ བཙུན་པ་སྔགས་སྐྱ་བུད་མེད་བཞིར༔ སྔར་མེད་གཏམ་དང་ཆས་གོས་འབྱུང༔ ཁྲག་གིས་བྱུག་པའི་དབྱིངས་མདོག་འགྱུར༔ དེ་ནས་ཉི་ཤུའི་ཁ་རལ་གྱི༔ དུས་རྟགས་ཕྲ་མོ་ཙམ་ཞིག་བསྟན༔ སླར་ཡང་མཚོ་རྒྱལ་བདག་ཉིད་ཀྱིས༔ གུ་རུ་རྗེ་ལ་ཡང་ཞུས་པ༔ དུས་རྟགས་སྤྱི་ཙམ་བསྟན་པ་ལགས༔ དུས་གསུམ་མཁྱེན་པ་ཁྱེད་ཉིད་ཀྱིས༔ ང་སྤྲུལ་སྐྱེས་བུའི་མིང་བྱུང་ན༔ དེ་ཚེ་དེ་དག་གང་དུ་འབྱུངཿ འགྲོ་ལ་ཕན་པ་ཆེའམ་ཆུང༔ བདུད་སྤྲུལ་རགས་ཕྲ་ཅི་ཙམ་ཞིག༔ གནས་ནི་གང་དང་གང་ལ་འབྱུང༔ ཟབ་གཏེར་འདོན་པའི་གང་ཟག་ལ༔ ཆོས་བདག་བརྒྱུད་འཛིན་ལ་སོགས་པ༔ དུས་འདིར་གསལ་ཕྱིར་བདག་བློར་སྦ༔ དེ་ཕྱིར་ཞིབ་ཏུ་བཀའ་སྩལ་ཞུ༔ གུ་རུས་བདག་ཅག་རྗེ་འབངས་ལ༔ བརྩེ་བའི་ཐུགས་ཀྱིས་བཀའ་སྩལ་པ༔ ཉོན་ཅིག་ཤེས་རབ་བདེ་སྐྱིད་མ༔ དུས་ངན་ཉི་ཤུའི་ཁ་རལ་དེར༔ བདག་སྤྲུལ་ཉི་ཟེར་རྡུལ་བཞིན་འཚུབས༔ ཁྱོད་སྤྲུལ་ནམ་མཁའི་སྐར་ལྟར་བཀྲ༔ དེ་དག་རེ་རེའི་མདུན་དྲུང་དུ༔ རྒྱ་གར་རིག་འཛིན་སྤྲུལ་པ་དང༔ བོད་ཀྱི་རྗེ་འབངས་ཆོས་བློན་གྱི༔ སྐྱེ་རྒྱུད་མཆོག་དམན་མང་ཞིག་འོང༔ རགས་པ་ཉུང་ཞིག་འདིར་སྟོན་ཀྱཻ༔ ཐམས་ཅད་བརྗོད་པའི་ཡུལ་ལས་འདས༔ དེ་ཕྱིར་ཉོན་ལ་སྙིང་སྒྲོམ་དུ༔ མ་བརྗེད་དྲན་པས་རྒྱས་ཐོབ་ཅིག༔ དང་པོ་དབུས་ཀྱི་གཙང་ཕྱོགས་སུ༔ མཚོ་རྒྱལ་བླ་དཔོན་ཚུལ་དུ་འོང༔ བོད་དུ་བདེ་སྐྱིད་ཆོས་ལ་དགོད༔ ང་ཉིད་སྡོམ་བརྩོན་འདུལ་འཛིན་ཚུལ༔ རྙིང་བསྟན་སྤེལ་ཀྱང་བར་ཆད་མང༔ མངའ་བདག་ཟབ་གཏེར་བདག་པོར་སྤྲུལ༔ ཟབ་གནད་སྤེལ་བས་མང་ཞིག་གྲོལ༔ མཁས་པ་བཻ་རོའི་གོས་ཀྱིས་ཀླུབས༔ སྔགས་པའི་ཚུལ་ལ་སྤྱོད་པ་ནི༔ གང་འབྲེལ་རྫོགས་ཆེན་གདམས་པར་སྨིན༔ དེ་འོག་ཆབ་ཀྱི་རི་བོའི་ཞོལ༔ བཱི་མ་ཁམས་སྨད་མགྲོན་དུ་སླེབ༔ བདུན་ལྔ་དྲུག་ལས་དབྱིངས་སུ་སྡུད༔ བསུན་མ་བཟློག་ན་བསྟན་སྲོག་འཛིན༔ མཚོ་རྒྱལ་ཁམས་སུ་བདུན་གྲངས་སྤྲུལ༔ ཤིན་ཏུ་དམན་ཚུལ་སྔགས་བཙུན་དང༔ བླ་མ་མི་ཆེན་སྔགས་པར་སྤྲུལ༔ སྔ་མ་དག་སྣང་ལས་འཕྲོར་དབང༔ ཆོས་བདག་རྩ་བ་བཅུ་ཕྲག་དང༔ ཡན་ལག་ཉེར་ལྔ་ཕྲ་མོ་བརྒྱ༔ བཅུ་ཡིས་བསྟན་པ་གོས་དྲུབ་གསོ༔ ཉེར་ལྔ་འཆི་སྲིད་ཆོས་དང་བསྟུན༔ བརྒྱ་ཕྲག་སྐྱེ་བ་བཅུ་དྲུག་ནས༔ འཕགས་མས་རྗེས་འཛིན་ཐར་ལམ་སྙོག༔ བཻ་རོའི་ཕྲིན་ལས་གསུམ་དུ་སྟོན༔ ནམ་སྙིང་སྤྲུལ་པ་མེ་ལྟར་འབར༔ རྒྱལ་བློ་ལན་གཉིས་བླ་མར་སྟོན༔ ཨ་ཙར་བློན་པོ་ཆ་གསུམ་འགྱུར༔ རྩ་བའི་བདུད་བཞི་སྔགས་བཙུན་སྐྱ༔ བུད་མེད་ཡུལ་དེར་ཕྱོགས་བཞིར་འབྱུང༔ གཤེད་བཞིའི་སྤྲུལ་པ་ནུབ་ཤར་ལྷོ༔ གཞན་ཡང་བྱང་ཆུབ་ལྗོན་པའི་ཤིང༔ སྲེག་བྱེད་འཁོར་སློབ་བཙུན་པར་རྫུ༔ ཀླུ་གོང་ཐང་བློན་དམར་རྒྱན་བཟའ༔ དམ་སྲི་མེ་སྟག་དམར་པོ་ཡང༔ ཡུལ་འདྲེའི་སྔགས་པ་དམ་མེད་ཞིག༔ འདུལ་ཐབས་ཁེ་རྒྱལ་གཞན་ལ་བྱིན༔ ཟབ་ཆོས་འཕགས་ཐོན་བཟོད་གོ་གྱོན༔ གསར་རྙིང་ཕུར་སྒྲུབ་རང་ཚོད་ཟུང༔ ཆོས་ལ་དབང་བའི་གང་ཟག་ཀྱང༔ མོས་པ་མི་ལྡན་ཕུགས་སུ་སྦོས༔ ལྷ་དང་བདུད་སྤྲུལ་མི་རུས་གཅིག༔ རྒྱུད་ཚོད་མ་བརྟགས་ཚིག་མ་སྨྲ༔ ཚེ་འཕྲང་ལྔ་བཞི་བཅུ་ལ་ལྡང༔ རྗེ་འབངས་སྤྲུལ་པར་དབང་ལུང་ཞུས༔ ཁྱད་པར་ཚེ་སྒྲུབ་བསྙེན་སྒྲུབ་འབོད༔ ཚེ་ཐར་སྲོག་བསླུ་བཀའ་བརྒྱད་དང༔ ཕུར་བའི་སྐུ་བཞེངས་ལམ་འཕྲང་བསལ༔ དམ་གྲིབ་ཉམས་པའི་གྲོགས་ལ་གཟོབ༔ ད་ལྟ་དུས་རྟགས་ངན་པ་རྣམས༔ སེལ་བའི་རིམ་གྲོ་ཅུང་ཞིག་སྟོན༔ འགྲོ་བའི་བདེ་སྐྱིད་རྒྱལ་བསྟན་དང༔ དགེ་འདུན་སྡེ་ལ་ངེས་པར་རག༔ ཁྲིམས་ལྡན་བཙུན་པས་གསོ་སྦྱོང་དང༔ དམ་ལྡན་སྔགས་པས་སྒྲུབ་ཆེན་བརྩོན༔ ཚེས་བཅུ་ཉེར་ལྔའི་དུས་དག་ཏུ༔ རྒྱལ་པོས་རི་རྒྱ་རྔོན་རྒྱ་སྡོམ༔ ཉ་གྲོག་སྦྱིན་ཐོངས་ཉེའུ་ཐོན༔ བུད་མེད་མ་ཎིའི་རྒྱང་གླུ་ལོངས༔ སྐྱེ་བོས་སིདྡྷི་སྒྲོལ་མ་སོགས༔ རང་མོས་ཆོས་ལ་ངང་བསྲིང་ན༔ རེ་ཞིག་སྤྲིན་བར་ཉི་བཞིན་བདེ༔ ས་མ་ཡཱ༔ ཡང་ཟབ་ཕུར་བའི་ཟབ་ཆོས་འདིས༔ གང་ཟག་སྒོས་ལུང་འདི་ལྟར་རོ༔ ཨ་ཙར་སྤྲུལ་དང་དཔལ་དབྱངས་སྤྲུལ༔ རྒྱལ་བའི་བློ་གྲོས་རྣམ་པ་གསུམ༔ ཤར་དང་བྱང་ནུབ་ཕྱོགས་ནས་འོང༔ དར་རས་ཞབས་ཏོག་མཎྚལ་འབུལ༔ རྣལ་འབྱོར་ཉམས་གསལ་བརྡ་རིས་འབབ༔ དེ་ནས་བཻ་རོ་ཆོས་རྒྱལ་དང༔ བཱི་མའི་རྣམ་འཕྲུལ་གསུམ་དང་འཕྲོད༔ ངེས་པར་དབུགས་དབྱུང་ཐེ་ཚོམ་སེལ༔ དེ་ནས་རྒྱལ་བློན་བཙུན་མོ་བཞིས༔ སྤྲུལ་པའི་རྐྱེན་སེལ་ངེས་ཤེས་སྐྱེས༔ དེ་ནས་རིམ་བཞིན་ནུབ་ནས་སྤེལ༔ ཁྱད་པར་རྒྱལ་བློའི་རྣམ་རོལ་དེས༔ ལང་གྲོའི་མནོག་ཆོས་སྟོན་པར་འགྱུར༔ དེ་སྐབས་པདྨ་ང་ཉིད་ཀྱང༔ ལས་ཀྱི་སྒྲིབ་པས་མཐོང་མིན་ཀྱང༔ དྲུང་ན་བཞུགས་ཤིང་བྱིན་གྱིས་རློབ༔ སྐལ་ལྡན་མང་པོའི་བློ་སྣ་འགྱུར༔ འདི་ཡི་བརྡ་འགྲོལ་ཡིག་རིས་སྤེལ༔ གང་གིས་ཟབ་ཆོས་འདི་ཉིད་ཀྱང༔ གུས་པས་བསྒྲུབ་ན་ཚེ་ཆོས་དང༔ རིགས་ཀྱི་བར་ཆད་ངེས་པར་སེལ༔ ཐུན་མོང་དངོས་གྲུབ་ངེས་པར་འབྱུང༔ བརྩོན་པ་རབ་ཀྱིས་མཆོག་འགྲུབ་བོ༔ འབྲེལ་བ་སྣ་རེས་གནས་སྐབས་ཀྱི༔ ཕྲ་མོའི་རྐྱེན་སེལ་དངོས་གྲུབ་ཀྱང༔ དེ་དང་མཚུངས་པ་ཐོན་པར་ངེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་ཅིག་བཀའ་དྲིན་ཅན་གྱིས་དབུགས་དབྱུང་བ་ལྟར་སྤྲང་བན་ལུང་རིག་མིང་གིས་སོ།།

དོན་དབང་ནོར་བུའི་ཅོད་པཎ།

ཕུར་བ་དམ་སྲི་ཚར་གཅོད་ལས༔ དོན་དབང་ནོར་བུའི་ཅོད་པཎ་བཞུགས་སོ༔ ཨི་ཐི༔

དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ༔ ཕུར་བའི་དོན་དབང་འདི་ལ་དོན་གསུམ་གྱིས་བསྟན་ཏེ༔ སྦྱོར་བ་ཡོ་བྱད་བཤམས་ཤིང་སྟ་གོན་གྱིས་སློབ་མ་གཞུགས་པ་དང༔ དངོས་གཞི་དབང་རིམ་པ་བཞིན་བསྐུར་བ་དང༔ རྗེས་ལ་དགའ་སྟོན་བྱ་ཞིང་དམ་ཚིག་བསྒྲགས་ཤིང་སྤྱོད་ལམ་ལ་འཇུག་པའོ༔ དང་པོ་སྟ་གོན་གྱི་དཀྱིལ་འཁོར་རྫས་བཞི་སོགས་བཤམས༔ དཀྱིལ་འཁོར་སྤྲོས་པ་དང་བསྟུན་པའི་ཆེ་ཆུང་འཚམས་པར་རས་བྲིས་སམ་ཚོམ་བུ་ལྷ་གྲངས་མ་ནོར་བར་བཀོད་ལ༔ དཀྱིལ་འཁོར་གྱི་དབུས་སུ་རིན་པོ་ཆེའམ་རྫ་ཤིང་གི་བུམ་པ་བགེགས་བསྐྲད་དག་པར་བཀྲུས་པའི་ནང་དུ་ཕུར་བ་གྲུབ་པའི་རིག་འཛིན་རྣམས་ཀྱི་ཕྱག་ནས་བྱུང་བའི་དམ་རྫས་སེལ་མེད་དང༔ རྫས་སོ་ལྔ་བླ་མེད་ལྟར་བླུགས་ལ་མགུལ་ཆིངས་རྡོ་རྗེ་གཟུངས་ཐག་ཁ་རྒྱན་འབྲས་བུ་ཅན་ནམ༔ ཤིང་བདུད་རྩི་འབྱུང་བས་བརྒྱན་པའི་སྟེང་དུ་གཙོ་བོའི་སྒྲུབ་ཕུར་བྲབ་བདུག་བྱུག་གསུམ་ལྡན་པ་བསྙེན་སྒྲུབ་ཀྱི་ངར་དང་མ་བྲལ་བ་དེའི་མདུན་དུ་སྐུ་ཙཀ་རྣམས་དང༔ སྔགས་སུ་སྔགས་བྱང་གསུམ་གསེར་དངུལ་མཚལ་གྱིས་དྲིལ༔ རྒྱབ་ཏུ་དཔལ་གཏོར་ལྷ་གྲངས་རྒྱན་ལྡན༔ གཡོན་དུ་བདུད་རྩིའི་ཐོད་པ་གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཀྱིས་བཀང་བ༔ ཤར་ལྷོར་ལས་ཕུར་སོགས་སྲས་བཞི་ཁྲོ་བཅུ་སྒོ་མའི་ཕུར་བ་བྲིས་པ་དང༔ ལྷོ་ནུབ་ཏུ་བྲུབ་ཁུང་ལིང་ཀ༔ སྒྲོལ་ཐོད་དུ་ཐུན་རྫས་རྣམས་གང་འབྱོར༔ ནུབ་བྱང་དུ་ཕྱག་མཚན་ཐམས་ཅད༔ བྱང་ཤར་རིག་མ་དངོས་སམ་བྲིས་པ༔ སྨན་རཀ་ཉེར་སྤྱོད་སྤོས་གུ་གུལ་སོགས་བདུག་པའི་ཚོགས་དང་མར་མེ་རྣམས་གང་འབྱོར་བཤམས་ནས༔ རྡོ་རྗེ་སློབ་དཔོན་སྔོན་ནས་ཕུར་བ་བཀའ་གཏེར་གྱི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་སེལ་མ་ཞུགས་ཤིང་བསྙེན་སྒྲུབ་ཀྱི་རྟགས་མཐོང་བས༔ དེ་སྐབས་བསྙེན་ཁ་གསོ་ལ་ཕུར་སྲུང་ལ་གཏོར་མ་ཕུལ༔ ཚོགས་ཀྱི་ཐ་མའམ་རྒྱས་པར་སྒྲོལ་ལས་གྲུབ་ན་ཚུལ་བཞིན་དུ་བྱའོ༔ དེ་ལ་དང་པོ་ལྷ་ལ་གཏོར་མ་བསྔོས་ནས་ཡོ་བྱད་བཤམས་པ་སོགས་དང༔ བསྙེན་སྒྲུབ་རྒྱས་བསྡུས་སྐབས་དང་བསྟུན་པ་ནིཿ ཡོ་བྱད་ལྷ་སྟ་གོན་ནོ༔ དཀྱིལ་འཁོར་གྱི་སྒོ་དྲུང་དུ་རྒྱལ་ཐེབས་ཀྱིས་ཁྲུས་བྱས་ལ༔ ཧཱུྃ༔ དག་བྱེད་བདུད་རྩིའི་ཆུ་གཙང་གིས༔ ལས་དང་ཉོན་མོངས་བག་ཆགས་བཀྲུསཿ སྒོ་གསུམ་ཉམ་ཆགས་ཀུན་དག་ནསཿ གསང་སྔགས་སྣོད་དུ་རུང་བར་ཤོགཿ ཡི་གེ་བརྒྱ་པའི་ཤམ་དུ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡཾ་བཾ་ལཾ་རཾ་ ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨཱ༔ དེ་ནས་གསོལ་བ་གདབ་པ་ནི༔ ཀྱེ་ཁྲོ་རྒྱལ་མི་བཟད་འཇིགས་པའི་ཆ་ལུགས་ཅན༔ མཚོན་ཆ་སྣ་ཚོགས་བསྣམས་ནས་བར་ཆད་སྲུང༔ བདག་ཅག་གསང་བའི་དཀྱིལ་འཁོར་འདིར་འཇུག་ན༔ བར་ཆད་སོལ་ལ་སྒོ་ཕྱེ་ནང་དུ་ཐོང༔ ཅེས་གསོལ་བ་བཏབ་ནས་བརྐྱང་ཕྱག་འཚལ༔ དེ་ནས་རྒྱལ་ཐེབས་ལན་བྱིན་འདི་སྐད་དོ༔ ཨེ་མ་དམ་ཚིག་སྡོམ་པའི་གནས་ཀུན་ལ༔ སྲོག་གི་ཕྱིར་ཡང་མི་གཏོང་ཁྱེད་བསྲུང་ན༔ དད་གུས་མོས་པས་གསོལ་བ་ཐོབ་མཛོད་དང༔ སྒོ་སྲུང་ཁྲོ་བོས་བགེགས་བསྐྲད་ནང་དུ་གཏོང༔ དེ་ནས་བགེགས་ཀྱི་གཏོར་མ་ནི༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བསྔོ༔ གིང་པ་རྒྱུག་ཅིང་མེ་ཆུ་དང༔ རྡོ་ཐུན་བྲབ་ནས་དྲག་སྔགས་བརྗོད༔ དེ་ནས་སྒོ་ཕྱེ་ནང་དུ་འོང༔ རྡོ་རྗེ་བསྲུང་གུར་བརྟན་པར་སྲུང༔ ལས་ཀྱི་སྔགས་ལ་རཀྵ་བཏགས༔ སླར་ཡང་གསོལ་གདབ་འདི་སྐད་ཞུ༔ དཀྱིལ་འཁོར་ཀུན་གཙོ་རྡོ་རྗེ་སློབ་དཔོན་དགོངས༔ བདག་གིས་བསྟན་འགྲོའི་དགྲ་བགེགས་སྒྲོལ་བ་དང༔ ཚེ་འདིར་བྱང་ཆུབ་དོན་གཉེར་ཕྲིན་ལས་ལྷ༔ སྒྲུབ་འདོད་འཇུག་སྒོ་དབང་གིས་དབྱེ་བར་གསོལ༔ ཅེས་ལན་གསུམ་ཞུས༔ དེ་ནས་བླ་མས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་བཤད་རྗེས༔ སློབ་མས་ཕྱག་རྟེན་མཎྚལ་ཕུལ་ལ༔ ཐོག་མར་སྟ་གོན་གྱི་རྫས་བར་ཆད་ཡོད་མེད་བརྟགས་པའི་ཕྱིར་སོ་ཤིང་ལ་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་ནས་སོ་བར་ནས་འདོར་དུ་བཅུག་ལ་འདི་སྐད་དོ༔ ཀྱཻ་དཀྱིལ་འཁོར་ཆེན་པོར་བདག་འཇུག་སྤྲོ་ལགས་ན༔ བར་ཆད་ཡོད་མེད་རྟེན་འབྲེལ་བརྟགས་འདོད་པས༔ རྡོ་རྗེ་དཔལ་ཆེན་ཁྲོ་རྒྱལ་ཚོགས་རྣམས་ཀྱིས༔ དེང་འདིར་བདེན་པ་ཆེན་པོས་པྲ་ཕོབ་ཅིག༔ ཅེས་པས་སོ་ཤིང་དོར་བར་བྱ༔ དབུས་སུ་བབ་ན་མཆོག་གི་དངོས་གྲུབ་ཐོབ་ཅིང་མཚམས་བཞི་ལས་བཞི་དང་ཐུན་མོང་གི་དངོས་གྲུབ་ཕྲ་མོ་རེ་འགྲུབ་ཅིང་ཕྱིར་ལྷུང་ན་བར་ཆད་ཀྱི་ལྟས་ཡིན་པས་བསྐྱར་དགོས་ཏེ་རྩ་བ་རང་ལ་བསྟན་ན་བཤགས་པ་སྣ་ཚོགས་བྱའོ༔ བསྲུང་སྐུད་ཁ་ཏོག་ལྔའམ་གསུམ་པ་འདོམ་གང་བ་སུམ་སྦྲེལ་ལ་རྩ་སྔགས་ལ་རཀྵ་བཏགས་པས་མདུད་པ་ཉེར་གཅིག་གམ་བདུན་བྱའོ༔ ཕོ་ཡི་དཔུང་པ་གཡོན་མོ་ཡི་དཔུང་པ་གཡས་སུ་བཏགས༔ ཧཱུྃ༔ བསྲུང་སྐུད་རྡོ་རྗེའི་མདུད་པས་གཏམས༔ རྨི་ལམ་བར་ཆད་བསྲུང་བ་དང༔ རྩ་རླུང་རང་སོར་གནས་པའི་ཕྱིར༔ སློབ་བུའི་དཔུང་བར་གདག་པར་བྱ༔ ཨོཾ་ཨཱ༔ཧཱུྃ་བཛྲ་རཀྵ་རཀྵ་བྷྲུཾ༔ ཅེས་གསུངས་སློབ་བུའི་དཔུང་པར་བཏགས་སོ༔ ཀུ་ཤ་འབྲུ་གསུམ་བདུན་བརྗོད་པས་བྱིན་གྱིས་རླབས་ནས༔ རིང་ཐུང་བསྣོལ་ཏེ་སློབ་མའི་ལག་ཏུ་གཏད༔ ཧཱུྃ༔ སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱང༔ བཀྲ་ཤིས་རྩྭ་ལ་སྟན་བྱས་ནས༔ བདུད་རྒྱལ་བདུད་རྩི་བརྙེས་པ་ལྟར༔ སྔས་སྟན་གྱིས་ཉོལ་རྨི་ལམ་སྨྲོས༔ དྷི༔ ཞེས་སློབ་མས་ཀུ་ཤ་བླངས༔ ཉི་ཤར་ཁྲུས་བྱེད་གྱེན་འགྲོ་བཟང༔ ཐུར་འགྲོ་མུན་འཐིབ་པ་སོགས་ངན༔ ངན་ན་བསྐང་བཤགས་ཚེ་ཆོག་བྱ༔ དེ་ནས་ཁྱོར་ཆུ་བླུད་པ་ནི༔ ཧོ༔ སྐལ་ལྡན་དཀྱིལ་འཁོར་འདིར་འཇུག་ན༔ དམ་བསྲུང་བདུད་རྩིའི་ཆུ་འདི་འཐུང༔ སྒོ་གསུམ་བག་ཆགས་ཀུན་བཀྲུས་ཤིང༔ མི་དགེ་རྒྱབ་བོར་སྒྲིབ་དག་ཤོག༔ སློབ་མས་གསུམ་བཏུང་རྒྱབ་ཏུ་འདོར༔ དེ་ནས་བདེན་པའི་ཆོས་བཤད་པ་ནི༔ ཀྱེ་ཧོ་སྐལ་ལྡན་ད་རེས་དལ་འབྱོར་ལུས༔ ཐོབ་འདི་བརྒྱ་ལམ་རེ་འགའ་རྨི་ལམ་ཙམ༔ འགྲོ་དྲུག་ལུས་མང་བླངས་བས་འོ་རེ་བརྒྱལ༔ དཀོན་མཆོག་གསུམ་གྱི་སྒྲ་ཐོས་སྲིད་མཐའ་ཙམ༔ ཁྱད་པར་གསང་སྔགས་རྡུལ་ཁྲོད་ནོར་བུ་ལྟར༔ ཐོབ་པར་དཀའ་བ་ཐོབ་ཚེ་བརྩོན་པས་སྒྲུབ༔ སྲིད་པའི་བདེ་འབྱོར་རྨི་ལམ་དགའ་སྟོན་ལྟར༔ ཡུན་དུ་མི་གནས་ཚེ་འདིའི་བློ་སྣ་བསྟུང༔ ཅེས་གདམས་ཤིང་སློབ་བུས་ཀྱང་ངེས་ཤེས་རྒྱུད་ལ་འབྱོང་བར་བྱའོ༔ སྟ་གོན་ལྷ་ལ་མཆོད་བསྟོད་འབུལ༔ རང་སྣང་མཁའ་ལ་སྔགས་འདིས་བཏེགས༔ བཻ་ཀྲ་མ་མ་ཏི་ཨེ་ཡ་ན༔ དེ་ནས་སློབ་མ་རང་གནས་སོང༔ རྨི་ལམ་བརྟགས་སོགས་གཞན་དང་མཚུངས༔ ཐོ་རངས་ལང་ནས་རྨི་ལམ་རྣམས༔ དྲན་པར་བཟུང་ནས་གུས་ཤིང་བརྟགས༔ ས་མ་ཡཱ༔ སློབ་མ་ལྔ་བདུན་ལས་མི་མང་བ་ཡོལ་བའི་ཕྱིར་གདོང་གཡོག་གསོལ༔ བླ་མས་མེ་ཏོག་ཆུན་པོ་ཚིག་འདིས་བྱིན༔ ཀྱེ་ཧོ་བྱང་ཆུབ་ཐེག་མཆོག་རིགས་སད་རྣམས༔ ཁྱེད་རྣམས་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་དུ༔ འཇུག་ཚེ་ཡི་དམ་ལྷ་ནི་གང་ཡིན་པ༔ བརྟག་ཕྱིར་རིག་པའི་མེ་ཏོག་འདི་ལོངས་ཤིག༔ འབྲུ་ལྔའི་སྔགས་ཀྱིས་སྦྱིན་པར་བྱ༔ དེ་ནས་སློབ་མས་བླ་མར་གསོལ་འདེབས་ནི༔ ཨེ་མ་ཧོ༔ སྐྱེ་མེད་ཀློང་ནས་གཟུགས་ཀྱི་སྐུར་སྣང་བ༔ རིགས་ཀྱི་བདག་པོ་དཔལ་ལྡན་བླ་མ་དགོངས༔ ལས་ཉོན་བག་ཆགས་ཀྱིས་ནོན་བདག་ཅག་ལ༔ རྡོ་རྗེ་ཕུར་བའི་དབང་མཆོག་བདག་ལ་སྩོལ༔ དེ་ནས་བླ་མས་ལན་འདི་བྱིན༔ ཀྱཻ་ཧོ་རིགས་ལྡན་སློབ་བུ་ཁྱོད་ཉོན་ཅིག༔ ཐེ་ཚོམ་མེད་ན་སྔགས་ཀྱི་དངོས་གྲུབ་མྱུར༔ དམ་ཚིག་བསྲུང་ན་འདི་ཕྱི་ཀུན་ཏུ་བདེ༔ ཐེ་ཚོམ་སྤོང་ལ་དམ་ཚིག་བསྲུང་ནུས་སམ༔ ཅེས་དྲིས་ལན་དུ་སློབ་མས་འདི་བཞིན་གསོལ༔ རྡོ་རྗེ་བླ་མས་ཇི་ལྟར་བསྒོ་བ་བཞིན༔ ཐེ་ཚོམ་སྤང་ནས་དམ་ཚིག་ངེས་པར་སྲུང༔ གསང་སྔགས་ཀུན་གྱི་ཕྲིན་ལས་ཕུར་པ་ཡི༔ ཕྱི་ནང་དབང་རྣམས་དེ་རིང་བདག་ལ་སྩོལ༔ དེ་ནས་བླ་མས་འདི་སྐད་གསུང༔ དེ་ལྟར་ཡིན་ན་སྲོག་དང་བསྡོས་ནས་སྲུང༔ སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་འགྲོ་དང༔ ཐེག་ཆེན་རྩ་བ་སྨོན་འཇུག་བྱང་ཆུབ་སེམས༔ གསང་སྔགས་དམ་སྡོམ་མ་ལུས་བཟུང་བར་བགྱི༔ ཅེས་སྐྱབས་སེམས་རྗེས་ཟློས་དང་སྡོམ་པ་བཟུང་བ་འདི་བཞིན་ཞུ༔ སྔགས་ཀྱི་སྡོམ་པ་ཀུན་གྱི་རྩ་བ་ཡན་ལག་གཉིས༔ དེ་ཡང་བླ་མེད་མི་སྤངས་བླ་མ་བཀུར༔ སྔགས་དང་ཕྱག་རྒྱ་མི་གཅོད་སྤུན་ལ་བརྩེ༔ ཁྱད་པར་རྟོག་པས་བདག་འཛིན་རུ་ཏྲ་བསྒྲལ༔ ཚད་མེད་སྙིང་རྗེས་ལོག་རྟོག་དགྲ་བགེགས་སྒྲོལ༔ རྡོ་རྗེ་ཕུར་བ་སྙིང་གི་དྭངས་མར་འཛིན༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་བསྲུང༔ ཅེས་ལན་གསུམ་གྱིས་སྡོམ་པ་བཟུངཿ དེ་ནས་སློབ་དཔོན་གྱིས་སློབ་མ་ལ་དམ་ཚིག་བསྲུང་བའི་ཕན་ཡོན་བསྟན་པའི་ཕྱིར་རྡོ་རྗེ་སྤྱི་བོར་བཞག་སྟེ༔ ཨེ་མ་ལས་དང་སྐལ་ལྡན་ཁྱེད་ཉིད་ལ༔ དབང་བསྐུར་ཐོབ་འདི་སྔོན་གྱི་བསོད་ནམས་བསགས༔ དམ་ཚིག་མ་ཉམས་ཚེ་འདིར་ངེས་པར་གྲོལ༔ འབྲིང་གི་ཐ་མ་བར་དོར་ལྷ་དང་མཇལ༔ དེ་ཕྱིར་ཕན་ཡོན་དྲན་པས་སྤྲོ་བཞིན་བསྲུང༔ ཉེས་དམིགས་ཀྱི་སྒོ་ནས་བཀའ་ནན་བྱ་བ་ནི༔ ལས་བུམ་གྱི་ཆུ་ནང་མཆོད་བསྲེས་ལ་བྱིན་ཏེ༔ འདི་ནི་རྡོ་རྗེ་དམྱལ་བའི་ཆུ་ཚན་ཏེ༔ དམ་ཚིག་བསྲུང་ན་ཡེ་ཤེས་སེམས་དཔར་འགྱུར༔ རྟག་ཏུ་བསྲུང་ཤིང་མཆོག་གི་དངོས་གྲུབ་སྩོལ༔ ཉམས་ན་ལྕགས་ཀྱི་སྡིག་པས་སྙིང་ཁྲག་འཇིབ༔ འདི་ཕྱིར་སྡུག་བསྔལ་ཁེ་ཉེན་ཆེ་ཡང་འཐུང༔ སློབ་མས་བཏུང་ཞིང་རྗེས་ཟློས་བྱ༔ བཛྲ་ས་མ་ཡཱ་ན་ར་ཀནཿ དམ་ཚིག་དེ་ཉིད་བརྟན་པའི་ཕྱིར༔ འབྲུ་གསུམ་སྔགས་དང་དྲི་བཟང་ཆུས༔ སློབ་མའི་གནས་གསུམ་ཐིག་ལེ་བྱ༔ དམིགས་པའི་རིམ་པ་འདི་ཉིད་འབོགས༔ ཁྱེད་རང་རྡོ་རྗེ་གཞོན་ནུར་གསལ་བ་ཡི༔ གནས་གསུམ་བདེ་གཤེགས་ཀུན་གྱི་གསང་བ་གསུམ༔ ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་གསལ༔ བར་ཆད་བགེགས་ཀྱིས་དམ་ལ་གླགས་མི་རྙེད༔ ཨོཾ་ཨཱ༔ཧཱུྃ༔ ལན་གསུམ་དྲི་ཡི་ཐིག་ལེ་གདབ༔ དེ་ནས་རིགས་བརྟགས་མེ་ཏོག་ནི༔ ལྟོས་མེད་དོར་ལ་འདི་བཞིན་བརྗོད༔ ཧཱུྃ༔ བདག་ཉིད་རིག་པའི་མེ་ཏོག་ལྷ་ལ་འབུལ༔ ཚེ་རབས་སྔོན་ནས་ལས་ཀྱིས་འབྲེལ་བའི་ལྷ༔ གང་ཡིན་དེ་ལ་མྱུར་དུ་ཕོག་པ་དང༔ མཆོག་ཐུན་དངོས་གྲུབ་གང་ཡིན་དེ་འགྲུབ་ཤོག༔ པུཥྤེ་པྲ་ཏིཥྩ་ཧོ༔ ཅེས་མེ་ཏོག་དོར་བས་དབུས་སུ་མཆོག་གི་དངོས་གྲུབ་ཐོབ༔ ཕྱོགས་བཞིར་ནད་གདོན་ཞི་བ་ཚེ་བསོད་རྒྱས༔ གང་མོས་དབང་དུ་འདུ་བ་དྲག་པོའི་ལས་ཀྱིས་དགྲ་འདྲེ་སྒྲོལ་བ༔ མཚམས་བཞིར་གནས་སྐབས་ཀྱི་སྙན་གྲགས་ཕྲན་བུ་ནོར་མཐུ་ཆེ་བ་སོགས་དངོས་གྲུབ་ཕྲ་མོ་སོགས་དང༔ བུམ་པ་བཟང་པོ་སོགས་གྲུབ་པ་བརྒྱད་ཐོབ་པའོ༔ གལ་ཏེ་ཕྱིར་ལྷུང་ན་བསྐྱར་ཏེ་ཚེ་ཆོག་དམ་སྐོང་སོགས་རིམ་གྲོ་ཆེན་པོ་བྱའོ༔ དེ་ནས་གསང་མིང་བཏགས་པ་ནི༔ དབུས་སུ་ཆེ་མཆོག་དཔལ་ཆེན་རྩལ༔ ཤར་དུ་རྡོ་རྗེ་ཟིལ་གནོན་རྩལ༔ ལྷོ་རུ་རིན་ཆེན་བཞད་པ་རྩལ༔ ནུབ་ཏུ་པདྨ་དབང་ཆེན་རྩལ༔ བྱང་དུ་དཔའ་བོ་ལས་རབ་རྩལ༔ མཚམས་སུ་ཕྲིན་ལས་ཡོངས་གྲུབ་རྩལ༔ མོ་ལ་ཆེ་མཆོག་དབང་མོ་རྩལ༔ རྡོ་རྗེ་སོགས་བསྒྱུར་ནས་ལྷག་ལྷས་མེ་ཏོག་སྤྱི་བོར་བཅིང་བར་མོས་ལ༔ ཧཱུྃ༔ རིག་པའི་རྒྱལ་པོས་དབང་རྟགས་སྤྱི་བོར་བསྩལ༔ རང་མིང་དངོས་གྲུབ་གང་འཐོབ་དྲན་པས་བཟུང༔ མ་བརྗེད་སྙིང་ནས་ལྷག་པའི་ལྷ་དེ་སྒྲུབ༔ མི་བསླུ་ངེས་པར་ཡིད་ལ་འཇོག་པར་གྱིས༔ དེ་ནས་མིག་དབྱེ་གསོལ་འདེབས་ནི༔ ཀྱཻ་ཧོ༔ དཀྱིལ་འཁོར་གཙོ་བོ་ཚེ་རུ་ཀ༔ སྔོན་ཆད་མ་རིག་ལིང་ཏོག་གིས༔ ཡེ་ཤེས་མིག་ནི་གསལ་སྣང་འགྲིབ༔ ད་ནི་ལོག་རྟོག་བག་ཆགས་སོལ༔ བླ་མས་སློབ་བུའི་གདོང་གཡོག་དང༔ ལས་ཀྱི་རྡོ་རྗེས་ཡོལ་བ་བསལ༔ ཧཱུྃ༔ སྔོན་ནས་རང་ཉིད་བདེ་གཤེགས་སངས་རྒྱས་ཀྱང༔ རང་ངོ་མ་མཐོང་མ་རིག་ལིང་ཏོག་སྒྲིབ༔ དེ་རིང་རང་བྱུང་རྡོ་རྗེ་ཧེ་རུ་ཀ༔ མཇལ་ཕྱིར་ཡེ་ཤེས་གསེར་གྱི་ཐུར་མས་དབྱེ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་དཀྱིལ་འཁོར་ལྷ་ངོ་བསྟན་པ་ནི༔ ཀྱཻ༔ རིགས་ལྡན་སྐྱེས་བུ་ལེགས་པར་ཉོན༔ དཀྱིལ་འཁོར་གྲུ་བཞིར་བྱུང་བ་འཇུག་སྒོ་བཞི༔ སྒོ་བཞིར་བྱུང་བ་བྱམས་སོགས་ཚད་མེད་བཞི༔ ཁ་ཏོག་ལྔར་བྱུང་ཡེ་ཤེས་རྣམ་པ་ལྔ༔ མགོ་གསུམ་བརྩེགས་པ་དུག་གསུམ་ལམ་དུ་ཁྱེར༔ ལྷ་བརྒྱད་ཀ་བ་འཕགས་ལམ་ཡན་ལག་བརྒྱད༔ ཀླུ་བརྒྱད་ཀ་གདན་ཚོགས་བརྒྱད་ཟིལ་གྱིས་གནོན༔ གཟའ་བརྒྱད་གདུང་མ་ཡུལ་བརྒྱད་གནས་སུ་སྒྲོལ༔ ཐོད་པའི་ཁ་བད་ཆོས་རྣམས་མཉམ་པར་སྟོན༔ ཞིང་གི་ཐོག་ཕུབ་གཞི་གཅིག་འབྲས་བུ་སྟོན༔ རང་བྱུང་ཡེ་ཤེས་ཏོག་དང་རྒྱལ་མཚན་བསྒྲེངས༔ རྩིབས་དང་མུ་ཁྱུད་ཉོན་མོངས་རྟོག་པ་འཇོམས༔ ཀུན་གཞི་གསལ་སྟོང་དཔལ་ཆེན་ཡབ་དང་ཡུམ༔ དུག་ལྔ་མ་སྤངས་རིགས་བཞི་ཀཱི་ལ་ཡ༔ མི་དགེ་བཅུ་སྤངས་ཁྲོ་རྒྱལ་ཆེན་པོ་བཅུ༔ ཕ་རོལ་ཕྱིན་བཅུ་ཤེས་རབ་ཁྲོ་མོ་ཡུམ༔ བསྡུ་དངོས་སྒོ་སྲུང་ཁྲོ་བོའི་རྣམ་པར་སྟོན༔ ཕྱི་ལྟར་གཟུགས་བརྙན་དཀྱིལ་འཁོར་དེར་སྣང་ལྟར༔ ནང་དུ་ཕུང་ཁམས་སྐྱེ་མཆེད་ཀུན་གཞིར་བཅས༔ གནས་སུ་དག་པ་རྡོ་རྗེ་གཞོན་ནུའི་ལྷ༔ གསང་བ་བརྗོད་བྲལ་རང་བཞིན་རྫོགས་པ་ཆེ༔ སྲིད་ཞི་ཆོས་སྐུའི་ཀློང་དུ་ལ་བཟླའོ༔ ཅེས་པས་ངོ་སྤྲོད་དངོས་གཞིའི་དབང་ཐོབ་ཕྱིར༔ ཡེ་ཤེས་དབབ་པའི་དམིགས་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཆོས་ཀུན་སྟོང་པའི་ངང་ལས་སློབ་མ་ཉིད༔ པད་ཉི་བདུད་བཞི་བསྣོལ་སྟེང་ཧཱུྃ་མཐིང་ལས༔ རྡོ་རྗེ་གཞོན་ནུ་མཐིང་དཀར་དམར་བའི་ཞལ༔ ཕྱག་དྲུག་རྩེ་དགུ་རྩེ་ལྔ་ཁ་ཊཱཾ་མེ༔ ཕུར་པ་འདྲིལ་ཞིང་འཁོར་ལོ་རྒྱས་འདེབས་མ༔ ལྗང་གུ་ཨུཏྤལ་དྲིལ་བུ་ཐོད་ཁྲག་འཁྱུད༔ ཡབ་ཡུམ་ཞལ་སྦྱོར་ཁྲོ་རྒྱལ་མེ་ཀློང་བཞུགས༔ གནས་གསུམ་འབྲུ་གསུམ་ཐུགས་སྲོག་འོད་ཟེར་གྱིས༔ སྤྱན་དྲངས་རང་དང་གཉིས་སུ་མེད་པར་གྱུར༔ སྤོས་དུད་རོལ་མོའི་སྒྲ་དང་བཅས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ འོག་མིན་ཆོས་དབྱིངས་དུར་ཁྲོད་ཆེན་པོ་ནས༔ རབ་འབྱམས་རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ སྲས་དང་ཁྲོ་བཅུ་སྒོ་མ་ཕུར་སྲུང་ཚོགས༔ བརྩེ་ཆེན་ཐུགས་རྗེས་འདིར་གཤེགས་སྐལ་ལྡན་ལ༔ ལུས་ལ་འགྱུར་མེད་སྐུ་ཡི་བྱིན་ཆེན་ཕོབ༔ ངག་ལ་ཚངས་དབྱངས་གསུང་གི་བྱིན་ཆེན་ཕོབ༔ ཡིད་ལ་འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་ཕོབ༔ མཆོག་གི་དངོས་གྲུབ་ལུས་ངག་ཡིད་ལ་སྩོལ༔ རྩ་སྔགས་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ ཅེས་བྱིན་ཕབ་ལུས་ངག་ཡིད་ལ་ཕོབ༔ ལུས་ལ་བྱིན་ཕེབས་གར་འཁྲབ་གཟི་མདངས་འབར༔ ངག་གི་བརྡ་སྐད་ཆོས་གླུ་སེམས་བདེ་གསལ༔ མི་རྟོག་ཡེ་ཤེས་མངོན་གྱུར་ཨེ་མ་ཧོ༔ རྒྱ་གྲམ་སྤྱི་བོར་བཞག་ཏེ་བརྟན་པར་བྱ༔ དེ་ནས་བུམ་དབང་ཞུ་བའི་ཆེད༔ མཎྚལ་འབུལ་ཞིང་གསོལ་བ་ནི༔ དཀྱིལ་འཁོར་གཙོ་བོ་བཅོམ་ལྡན་རྡོ་རྗེ་འཛིན༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཆེ༔ བུམ་པའི་དབང་གིས་སྨིན་ཅིང་གྲོལ་བ་དང༔ བྱིན་རླབས་སྐུ་ཡི་དབང་བསྐུར་སྩལ་དུ་གསོལ༔ ཅེས་ལན་གསུམ། དེ་ནས་རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་ཏེ༔ ཧཱུྃ༔ བུམ་པ་རང་བྱུང་ཆོས་དབྱིངས་གཞལ་ཡས་སུ༔ འགགས་མེད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ སྣང་སྟོང་དབྱེར་མེད་བསྐྱེད་རིམ་སྐུ་ཡི་དབང༔ སྐལ་ལྡན་ཁྱོད་ཀྱི་ལུས་ལ་ཐོབ་པར་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་སྤྱི་བོར་བླུགས་ཅིང་ལྕེ་ལ་བཞག༔ ཧཱུྃ༔ ཐོད་སྐམ་རིགས་ལྔ་རྒྱན་དང་ལྡན༔ དོན་ཡོད་གྲུབ་པ་རིགས་ཀྱི་ལྷ༔ ཁྱོད་ཀྱི་སྤྱི་བོར་བཞག་པ་ཡིས༔ བྱ་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱ༔ ཅེས་སྤྱི་བོའི་གནས་ལྔར་བུམ་པ་བཞག་ཅིང་ཐོད་སྐམ་གྱི་ཅོད་པཎ་ཡང་བསྐོན༔ ཆུས་ལུས་ཐམས་ཅད་གང་བས་དུག་ལྔའི་སྒྲིབ་པ་དག་ནས་དོན་ཡོད་གྲུབ་པ་གཙོ་བོར་གྱུར་ནས་དབུ་བརྒྱན་པར་བསམ༔ དེ་ནས་གཙོ་བོའི་སྐུ་སྒྲུབ་ཕུར་དང་བཅས་སྤྱི་བོར་བཞག་ཏེ༔ ཧཱུྃ༔ རྡོ་རྗེ་ཆོས་དབྱིངས་མི་ཤིག་སྤྲོས་དང་བྲལ༔ ཕུར་བ་སྙིང་པོའི་རྩལ་སྣང་གཟུགས་ཀྱི་སྐུ༔ སྐལ་ལྡན་བུ་ལ་དེང་འདིར་དབང་བསྐུར་བས༔ ཁམས་གསུམ་དབྱིངས་སུ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཅེས་བསྐུར་ནས་སྲས་ཕུར་རིགས་བཞིའི་དང་པོ་བཛྲ་ཀཱི་ལ་ཡའི་སྐུ་སྙིང་ཀར་བཞག་ཏེ༔ ཧཱུྃ༔ སེམས་ཅན་ཞེ་སྡང་གནས་དག་པ༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ མེ་ལོང་ཡེ་ཤེས་གསལ་སྟོང་སྐུ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རཏྣ་ཀཱི་ལ་ཡའི་སྐུ་ལྟེ་བར་བཞག་ཏེ༔ ཧཱུྃ༔ ང་རྒྱལ་ཟིལ་གནོན་ཁྲོ་བོའི་རྒྱལ༔ སྲས་མཆོག་རཏྣ་ཀཱི་ལ་ཡ༔ མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རཏྣ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཏྲཱཾ༔ པདྨ་ཀཱི་ལ་ཡའི་སྐུ་མགྲིན་པར་བཞག་ཏེ༔ ཧཱུྃ༔ འདོད་ཆགས་དུག་འཇོམས་སྨན་གྱི་རྒྱལ༔ སྲས་མཆོག་པདྨ་ཀཱི་ལ་ཡ༔ སོར་རྟོག་ཡེ་ཤེས་རང་བཞིན་ཅན༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ པདྨ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧྲཱིཿ ཀརྨ་ཀཱི་ལ་ཡའི་སྐུ་གསང་བར་བཞག་ཏེ༔ ཧཱུྃ༔ ཕྲག་ཏོག་ཚར་གཅོད་ཧེ་རུ་ཀ༔ སྲས་མཆོག་ཀརྨ་ཀཱི་ལ་ཡ༔ བྱ་གྲུབ་ཡེ་ཤེས་བདུད་དགྲ་གཞོམ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཀརྨ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་དང་། དེ་ནས་སྲས་ཕུར་བཞི་དངོས་སམ་བྲིས་པ་གཏད་དེ༔ ཧཱུྃ༔ སྲས་མཆོག་བཞི་ཡི་ཕུར་པ་ནི༔ ལྷ་ཡི་བུ་དང་ཉོན་མོངས་བདུད༔ ཕུང་པོའི་བདུད་དང་འཆི་བདག་བདུད༔ བདུད་བཞིའི་ཚོགས་ལ་གདབ་པར་བྱོས༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་མཱ་ར་ཡ་ཕཊ༔ ཁྲོ་བཅུའི་སྐུའམ་ཧཱུྃ་ཡིག་གནས་སུ་གཏད༔ ཧཱུྃ༔ དགེ་བཅུའི་འཛིན་གྲོལ་ཁྲོ་རྒྱལ་བཅུ༔ མི་དགེ་དབྱིངས་དག་ཁྲོ་མོ་བཅུ༔ ཉེ་ཉོན་ཉི་ཤུ་ཁྲ་ཐབས་བཅས༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ སྤྲོ་ན་ཁྲོ་བཅུའི་སྔགས་དང་བསྡུ་ན་ཧཱུྃ་བཅུའི་མཐར༔ ཨ་བྷི་ཥིཉྩ་ཧཱུྃ༔ དཔྲལ་བ་སོགས་གནས་བཅུར་བཞག༔ དེ་ནས་ཁྲོ་བཅུ་དངོས་སམ་གཟུགས་བྲིས་པའི་ཕུར་པ་ལག་ཏུ་གཏད་ལ༔ སྲོག་གཅོད་ལ་སོགས་མི་དགེ་བཅུ༔ མཚན་མར་སྤྱད་པས་འཁོར་བར་འཁྱམས༔ དེ་ཕྱིར་ཆོས་མཛད་ཡོངས་ཀྱི་དགྲ༔ སྒྲོལ་ཕུར་སྐལ་ལྡན་ཁྱོད་ཀྱིས་ལོངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྜཾ་མཱ་ར་ཡ་རྦད༔ ཅེས་བསྐུར། དེ་ནས་སྒོ་བ་བཞིའི་གཟུགས་དང་ཕུར་བ་ལག་ཏུ་གཏད་དེ༔ ཧཱུྃ༔ བྱམས་དང་སྙིང་རྗེ་དགའ་བ་དང༔ བཏང་སྙོམས་ཚད་མེད་སྒོ་མའི་གཟུགས༔ མཐར་ལྟ་བདག་ལྟ་རྟག་ཆད་ལྟ༔ མུ་བཞིའི་མཐའ་ལ་སྒྲོལ་བའི་དབང༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཕྲིན་ལས་དྲག་པོ་ཐོག་འབེབ་པས༔ བསྟན་དགྲ་རྨིང་མེད་བརླག་གྱུར་ཅིག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མངའ་གསོལ་ཕྱིར་དུ་སློབ་མ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་བསྒོམ་པ་ལ༔ ཐོད་སྐམ་གྱི་དབུ་རྒྱན་གསོལ་བ་ནི༔ ཧཱུྃ༔ རིགས་ལྔ་རྒྱལ་བ་བཞུགས་པའི་གནས༔ ཐོད་སྐམ་ལྔ་ཡི་དབུ་རྒྱན་འདི༔ ཁྲོ་རྒྱལ་དབུ་ལ་མངའ་གསོལ་བས༔ ཀུན་གྱི་ཆེ་བཙན་མཆོག་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ པ་ཊ་ལཾ་ཨ་བྷི་ཥིཉྩ་མུཾ༔ དེ་ནས་སྐུ་སྟོད་ལ་གླང་ཀོ༔ སྐུ་སྨད་ལ་སྟག་ཤམ༔ སྐུ་སྐེད་ལ་ཞིང་ལྤགས་དཀྲིས་ཏེ༔ ཧཱུྃ༔ གཏི་མུག་གླང་ཆེན་ཀོ་བ་དང༔ འདོད་ཆགས་མ་སྤངས་ཞིང་གི་ལྤགས༔ ང་རྒྱལ་ཟིལ་གནོན་སྟག་ཤམ་གསུམ༔ ཁྲོ་རྒྱལ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་ཧ་ལ་དྲི་ཝསྟྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོལ་ཀོ་ལ་ཞག་གི་ཟོ་རིས༔ མཁུར་ཚོས་ལ་རཀྟའི་ཐིག་ལེ༔ དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ་བཀོད་དེ༔ ཧཱུྃ༔ བདག་ལྟ་རྟག་ཆད་མཐའ་ལྟུང་བས༔ ཁམས་གསུམ་བག་ཆགས་ཀུན་སྣང་བ༔ ཚར་གཅོད་བྱུག་པའི་རྫས་གསུམ་གྱིས༔ སྐལ་ལྡན་ཁྱོད་ལ་མངའ་གསོལ་ལོ༔ ཀ་ལ་པ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐོད་པ་ཚར་གསུམ་གྱི་ཕྲེང་བ་བསྐོན་ཏེ༔ ཧཱུྃ༔ འདུ་བྱེད་ལྔ་བཅུ་གནས་དག་ཕྱིར༔ དུག་གསུམ་དགྲ་བགེགས་མགོ་ཕྲེང་འདི༔ སྡང་སེམས་རང་གྲོལ་སྦྲུལ་ཆུན་བཅས༔ སྐལ་ལྡན་ཁྱོད་ལ་མངའ་གསོལ་ལོ༔ ཨོཾ་མ་ཧཱ་ཀ་པ་ལ་ཨ་ལཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་དཔལ་གྱི་ཆས་བཅུ་སོགས༔ མངའ་གསོལ་རིམ་པ་ཅི་འགྲུབ་བྱ༔ ཨ་མྲྀ་ཏ་ཡིས་ཞལ་ཡང་བསྲོ༔ དེ་ལྟར་སྐལ་ལྡན་རིག་པ་འཛིན་པ་ཁྱོད་ལ་བུམ་པའི་དབང་ཡོངས་རྫོགས་ཀྱི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག༔ བསྐྱེད་རིམ་བསྒོམ་པ་ལ་དབང༔ འབྲས་བུ་སྤྲུལ་སྐུའི་གསོས་ཐེབས་ཏེ་ཚེ་འདིར་དཔལ་ཆེན་པོའི་སྐུ་འགྲུབ་པར་འགྱུར་རོ༔ ས་མ་ཡཱ༔ གསང་བའི་དབང་གི་ཐོག་མ་རུ༔ རིག་མ་རྒྱན་ལྡན་བླ་མར་དབུལ༔ དར་ཡོལ་གྱིས་སྦས་བླ་མ་ཉིད༔ དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་ནས༔ བྱང་ཆུབ་སེམས་རྒྱུན་ཐོད་པར་བཞག༔ ཧཱུྃ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ བདེ་སྐྱོང་སྣོད་དུ་རབ་བསྐྱིལ་ནས༔ སྐལ་ལྡན་མགྲིན་པར་བྱིན་པ་ཡིས༔ རྩ་སྒྲིབ་བག་ཆགས་གནས་དག་ནས༔ ལོངས་སྤྱོད་རྫོགས་སྐུའི་དཔལ་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལ་ཡ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་ཐོད་པའི་བདུད་རྩི་ལྕེ་ལ་བྱིན་ཏེ༔ དམིགས་པ་དཔལ་ཆེན་པོ་ཡབ་ཡུམ་གྱི་མཁའ་གསང་ནས༔ སློབ་མའི་ལྕེས་དྭངས་མ་མྱང་བར་བསམ༔ དེ་ནས་རྗེས་འབྲེལ་དུ་བཟླས་ལུང་ནི༔ རུ་རཀྴའི་ཕྲེང་བ་སོགས་ལག་ཏུ་གཏད་དེ༔ དམིགས་པ་ནི༔ དཔོན་སློབ་གཉིས་ཀ་དཔལ་ཆེན་པོ་ཡབ་ཡུམ་ཏུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡེ་ཤེས་སེམས་དཔའ་བཛྲ་ཀཱི་ལ་ཡ་རྒྱན་མེད་པའི་ཐུགས་ཀར་དཔལ་ཀུན་ཏུ་བཟང་མོའི་ཐུགས་ཀར་ཧཱུྃ་མཐིང་ནག་གི་མཐར་རྩ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ལུ་གུ་རྒྱུད་དུ་འབྲེལ་བའི་སྒྲ་གདངས་ཀྱིས་འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས་ཏེ་རང་ལ་ཐིམ་པར་བསམ་ལ༔ མོས་སློབ་ཙམ་ལ་དེ་རྗེས་སུ་གཞི་སྙིང་ཁྲོ་བཅུ་སྒོ་མ་སོགས་ལན་གསུམ་རྗེས་ཟློས་བྱ༔ དེས་ལུས་གནས་རྩ་དང་རླུང་གི་སྒྲིབ་པ་དག༔ བཟླས་བརྗོད་དང་རླུང་བསྒོམ་པ་ལ་དབང༔ འབྲས་བུ་ལོངས་སྐུའི་ས་བོན་གསོས་ཐེབས་ཏེ་ཚེ་འདིར་དཔལ་ཆེན་པོའི་གསུང་ཐོབ་པར་འགྱུར་རོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་རྗེས་ཤེར་དབང་ཞུ་བར་བྱ་བའི་ཕྱིར༔ དེ་ཡང་ཐོག་མར་གསེར་སོགས་ཀྱི་མཎྜལ་འབུལ་ཏེ༔ གསོལ་བ་གདབ་པ་ནི༔ ཀྱཻ་ཧོ་བདེ་བའི་བདག་ཉིད་བདེ་བའི་དཔལ༔ དཀྱིལ་འཁོར་ཁྱབ་བདག་བླ་མ་རྡོ་རྗེ་འཆང༔ སྲིད་པའི་འདོད་ཡོན་མ་སྤང་རང་གྲོལ་བའི༔ གསང་བ་ཤེས་རབ་ཡེ་ཤེས་དབང་མཆོག་སྩོལ༔ ལན་གསུམ་གསོལ་བ་བཏབ་རྗེས༔ བླ་མས་རིག་མ་རྒྱན་དང་ལྡན་པ་སློབ་མའི་ལག་ཏུ་གཏད་པའམ༔ བྲིས་པ་ཙམ་གྱིས་ཀྱང་རུང་ལ་ཚིག་གིས་བརྡ་སྤྲད་ལ༔ ཧཱུྃ༔ ད་ལྟར་སྐད་ཅིག་བདེ་སྟོང་ཡེ་ཤེས་ལ༔ རང་ངོ་སྤྲད་པས་ཚེ་འདིར་སངས་རྒྱས་ཀྱི༔ དགོངས་པ་མངོན་དུ་འགྱུར་བའི་ཐབས་ཟབ་མོ༔ རིགས་ལྡན་མི་སྤོང་སྤྲོ་བས་སྤྱོད་ནུས་སམ༔ སློབ་མས་འདི་སྐད་ཞུ༔ ངོ་མཚར་རྫོགས་པའི་སངས་རྒྱས་ཀྱི༔ ཐབས་ལ་བརྟེན་པའི་ཟབ་མོའི་གནད༔ ཐེ་ཚོམ་མེད་པར་སྤྱོད་ནུས་པས༔ མགོན་པོས་བདག་ལ་སྩལ་དུ་གསོལ༔ ཞེས་ཞུས་པས་ཕྱག་རྒྱའི་ལག་གཡོན་སློབ་མའི་ལག་ཏུ་གཏད་དེ་རིག་མས་ཀྱང་༔ ཀྱཻ་ལས་དང་སྐལ་བར་ལྡན་པ་ཁྱོད༔ ང་ཡི་ལུས་ཀྱི་ཆུ་སྐྱེས་ལ༔ ཐེ་ཚོམ་མེད་པར་ལོངས་སྤྱོད་ལ༔ བདེ་བའི་སྙིང་པོ་དང་དུ་ལོངས༔ ཅེས་གསུང་བར་མོས་ལ་སློབ་མ་རང་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དང༔ ཡུམ་འཁོར་ལོ་རྒྱས་འདེབས་མར་གསལ་བའི་འདུ་ཤེས༔ གསང་གནས་ཀྱི་ཆགས་པའི་ལམ་རྡོ་རྗེ་དང་པདྨར་གསལ་བའི་ལྟེ་བར་ལྟེ་བར་ཟླ་ཉིའི་སྟེང་དུ་ཧཱུྃ་མུཾ༔ བུ་ག་གཉིས་ཕཊ་ཀྱིས་བཀག་པ་སྔགས་ཀྱི་འདུ་ཤེས༔ ཆགས་པ་ཆེན་པོ་དེ་ཉིད་གང་དུ་མི་གནས་པའི་ཡེ་ཤེས་ཆེན་པོའི་རང་བཞིན་བླ་མས་ངོ་སྤྲོད་པ་ནི༔ བུ་ཁྱོད་རིག་མར་ལྷ་སྔགས་མཐུས་སྤྲད་པས༔ སྤྱི་མགྲིན་སྙིང་ལྟེར་རིམ་བཞིན་བབས་པ་ལས༔ ཕྱེད་ཤོར་ཕྱེད་མཉམ་སླར་ཡང་ཡར་དྲངས་བས༔ ཡར་མར་དགའ་བཞིའི་ཡེ་ཤེས་ངོས་ཟུངས་ཤིག༔ ཅེས་དང་། སླར་ཡང་། དེ་ཡི་རང་བཞིན་སྟོང་པ་ཆོས་ཀྱི་སྐུ༔ རང་གདངས་གསལ་ལ་དྭངས་པ་ལོངས་སྤྱོད་རྫོགས༔ ཆགས་པའི་རྟོག་པ་བདེ་གསལ་སྤྲུལ་པའི་སྐུ༔ ལོག་པར་མ་ཞེན་རང་གནས་ཡེ་ཤེས་སོ༔ མ་ཧཱ་སུ་ཁ་ཨ་ལ་ལ་ཧོ༔ མཐར་ཀུན་རྫོབ་ཀྱི་ཐིག་ལེ་སྤྱི་བོར་བརྟན་པ་ལ་མཉམ་པར་བཞག་ཅིང་༔ སྤྱོད་ལམ་ཀུན་ཏུ་རང་གནས་ཀྱི་ཡེ་ཤེས་དང་མ་བྲལ་བར་ཉམས་སུ་བླང་ངོ༔ དེས་ཀུན་རྫོབ་དུ་ནི་ཐིག་ལེ་དང་སེམས་ཀྱི་སྒྲིབ་པ་དག༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བསྒོམ་པ་ལ་དབང༔ འབྲས་བུ་ཆོས་ཀྱི་སྐུའི་ས་བོན་གསོས་ཐེབས་ཏེ་དཔལ་ཆེན་པོ་ཡབ་ཡུམ་གྱི་ཐུགས་སུ་འགྲུབ་པར་ཐེ་ཚོམ་མེད་དོ༔ དེ་ནས་ཚིག་དབང་ཞུ་བའི་ཆེད་སློབ་མས་མཎྜལ་ཕུལ་ཏེ་གསོལ་བ་འདེབས་སོ༔ ཧོ༔ ཐབས་གཞན་གང་ཡང་མི་དགོས་པར༔ རང་སེམས་རང་ངོ་ཤེས་པ་ཡིས༔ བྱུར་ངན་ཆགས་པས་མ་བསླུ་བར༔ ཚིག་གི་དབང་མཆོག་དབང་རྒྱལ་སྩོལ༔ ལན་གསུམ་ཞུ་རྗེས་བླ་མ་ཡིས༔ དྭངས་ཤེལ་མེ་ལོང་བསྟན་བྱས་ཏེ༔ ཨོཾ་ཨཱ༔ཧཱུྃ༔ ཀ་དག་འཁོར་དང་འདས་པ་མཉམ༔ ལྷུན་གྲུབ་རང་རྩལ་བཟང་ངན་སྣང༔ དེ་ཀུན་རང་སེམས་རིག་པའི་རྩལ༔ ཡེ་ཤེས་རང་བབས་གནས་སུ་ཞོག༔ ཧོ་རིགས་ཀྱི་བུ་རང་སེམས་གདོད་མ་ནས་སྒྲིབ་པ་དང་བྲལ་བའི་དྭངས་ཤེལ་དྲི་མ་མེད་པ་ལྟ་བུའོ༔ རང་རྩལ་ཡེ་ཤེས་ལྔའི་རང་བཞིན་མ་འགགས་པར་ཡོད་པ་ནི་འོད་ལྔ་ནང་ནས་བཀྲ་བ་ལྟ་བུའོ༔ ལམ་བསྒོམ་པས་རང་གནས་ཀྱི་ཡེ་ཤེས་སྐུ་གསུམ་མཛད་པ་དང་བཅས་པ་མངོན་དུ་ཤར་བ་ནི་ཤེལ་དང་ཉི་མའི་ཟེར་འཕྲད་དེ་འཇའ་ཚོན་ཕྱིར་འཆར་བ་ལྟ་བུའོ༔ མེ་ལོང་དྭངས་པའི་ངོས་སུ་གཟུགས་སྣ་ཚོགས་འཆར་བ་ལྟ་བུ་ནི་སེམས་རང་བབས་སུ་གནས་ཀྱང་རྒྱུ་དང་རྐྱེན་ལས་འཁོར་བ་དང་མྱང་འདས་ཀྱི་རོལ་རྩེད་ཡང་འཆར༔ གཟུགས་བརྙན་ཇི་ལྟར་ཤར་ཀྱང་ཕྱི་ནང་གང་དུའང་མ་གྲུབ་པ་ལྟར་འཁོར་འདས་གཉིས་གང་ཏུའང་མ་གྲུབ་པའོ༔ བཟང་ངན་གྱི་གཟུགས་ཤར་ཡང་མེ་ལོང་རང་གི་ངོ་བོ་ལ་གཡོས་པ་མེད་པ་ལྟར་དགེ་སྡིག་གི་རོལ་བ་བདེ་སྡུག་གི་ཚུལ་ཅི་སྣང་ཡང་རིག་པ་ཡུལ་དང་མ་འདྲེས་ཤིང་རང་ངོ་ལ་འགྱུར་བ་མེད་པའོ༔ ཅེས་ངོ་སྤྲད་དེ་དཔོན་སློབ་གཉིས་ཀ་རྣམ་སྣང་ཆོས་བདུན་དང་ལྡན་པས་ལྷོད་ལ་མཉམ་པར་བཞག་གོ༔ འདི་ནི་དབང་གི་རྒྱལ་པོ་སྟེ༔ ལན་ཅིག་ཐོབ་པའི་ཕན་ཡོན་ནི༔ སངས་རྒྱས་དངོས་ཞལ་མཇལ་དང་མཚུངས༔ ཞེས་ཀུན་གཞི་ལུང་དུ་མ་བསྟན་པའི་སྒྲིབ་པ་དག༔ རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༔ འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་གསོས་ཐེབས༔ ཆོས་སྐུ་རང་བྱུང་དཔལ་ཆེན་པོའི་སྐུ་འགྲུབ་ནས་གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་ངོ༔ མོས་སློབ་ཙམ་ལ་དེ་རྗེས་སུ༔ ཕུར་སྲུང་གཏོར་མ་བཀའ་གཏད་དང༔ བསྒྲལ་བའི་དབང་རྣམས་རིམ་པར་བྱིན༔ དེ་ནས་ཕུར་སྲུང་བཅུ་དྲུག་གི་གཏོར་མ་ཕུར་སྲུང་སྤྱན་འདྲེན་དང་བཅས་དཔལ་འབར་གཟུགས༔ སྨན་རཀ་སྦྲེང་དར་ནག་གཡབ་སྤོས་དུད་དང་བཅས་ཏེ་བསྐུལ་བ་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྔོན་ཚེ་རང་བྱུང་ཆོས་དབྱིངས་ཕོ་བྲང་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་ཡིས་བསྔགས༔ དུར་ཁྲོད་མེ་རི་འབར་བའི་རྩེ་མོ་རུ༔ དཔལ་ཆེན་ལག་ན་རྡོ་རྗེའི་ལུང་གིས་བསྙེན༔ བལ་ཡུལ་ཡང་ལེ་ཤོད་ཀྱི་དབེན་གནས་སུ༔ རིག་འཛིན་ཐོད་ཕྲེང་རྩལ་དང་བལ་པོ་ཡི༔ སློབ་དཔོན་བ་སུ་དྷ་རས་དམ་ལ་བཞག༔ དཔལ་ཆེན་རྡོ་རྗེ་ཕུར་པའི་བསྲུང་མར་བསྐོས༔ མོན་ཁ་སེང་གེ་རྫོང་གསུམ་སྒྲུབ་གནས་སུ༔ བདག་ཉིད་ཨོ་རྒྱན་མཁས་པ་པད་འབྱུང་དང༔ ཐུགས་ཀྱི་གཟུངས་མ་མཁར་ཆེན་མཚོ་རྒྱལ་གྱིས༔ དཀྱིལ་འཁོར་མཐའ་རུ་ཞིང་ཆེན་སྟན་ལ་བཞག༔ དམ་ཚིག་རྡོ་རྗེ་ལག་ཏུ་གཏད་ནས་ཀྱང༔ ལྕེ་ལ་ཨརྒྷཾ་བཞག་ནས་བྲོ་བོར་བའི༔ ཤྭ་ན་མུ་ཁ་ཆེན་མོ་མཆེད་དེ་བཞི༔ བདག་ཉིད་ཆེན་མོ་རེ་ཏི་མཆེད་བཞི་དང༔ རྡོ་རྗེ་ཡ་བྱིན་ལ་སོགས་བསེ་མོ་བཞི༔ བསེ་ལྕགས་དུང་གསེར་སྐྱེས་བུ་ཆེན་པོ་བཞི༔ ཕུར་སྲུང་དམ་ཅན་བཅུ་དྲུག་ད་ཚུར་བྱོན༔ སྨན་རཀ་གཏོར་མ་སྐྱེམས་ཕུད་མཆོད་པ་བཞེས༔ བསྐུལ་ལོ་ཕུར་སྲུང་བཅུ་དྲུག་ཐུགས་དམ་བསྐུལ༔ དེ་རིང་སློབ་མའི་དོན་དུ་སྙན་གསན་དབབ༔ ཕུར་བ་སྒྲུབ་པའི་རྡོ་རྗེ་སློབ་དཔོན་འདི༔ བརྙས་ཤིང་སྲོག་ལ་རྒོལ་ཞིང་ལོངས་སྤྱོད་ཕྲོག༔ མ་ཉེས་ཁ་ཡོག་ངན་སྨྲ་རླུང་གིས་གཡེངས༔ དུས་གསུམ་ཀུན་ཏུ་མཐོ་གནོན་ཁྱད་དུ་གསོད༔ མཐུ་དང་ངན་སྦྱོར་དུག་གཡོས་སུས་བྱེད་ཀྱང༔ ཕུར་བའི་དམ་ཅན་ཁྱེད་རྣམས་དཔུང་ལ་གཤེགས༔ དམ་ཉམས་བརླིང་སྙིང་ཅན་གྱི་སྲོག་རྩ་ཆོད༔ ངན་སྨྲ་བྱེད་པའི་ལྕེ་ལ་ཕུར་པ་ཐོབ༔ ལོངས་སྤྱོད་ཡོ་བྱད་རྐུ་བའི་ཡན་ལག་ཆོད༔ མཆོག་ཐུན་དངོས་གྲུབ་འགྲུབ་པའི་མཐུན་རྐྱེན་ཚོགས༔ རྡོ་རྗེ་སློབ་མ་འདི་ལ་ཆར་བཞིན་ཕོབ༔ ཆོས་དང་རིགས་རྒྱུད་འཛིན་པའི་བུ་སློབ་སྤེལ༔ རྒྱལ་བློན་འབངས་འཁོར་བཅས་པའི་ཡིད་སེམས་གཡོས༔ ནོར་དང་ལོངས་སྤྱོད་འབད་མེད་ལག་རྩེར་སྩོལ༔ རྒབ་འདྲེ་བསེ་རག་དམ་སྲིའི་རྒྱུ་ལམ་ཆོད༔ གནས་སྐབས་གང་འདོད་རྐྱེན་རྣམས་ལྷུན་གྱིས་གྲུབ༔ མི་འདོད་རྐྱེན་ངན་བར་ཆད་དྲུང་ནས་ཕྱུངས༔ མཐར་ཐུག་བདེན་གཉིས་ཟུང་འཇུག་ཧེ་རུ་ཀ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་གྲོགས་མཛོད་ཅིག༔ གཞི་སྙིང་གཅིག་དྲིལ་སྔགས་ཤམ་དུ༔ བིདྱཱ་དྷ་ར་པུ་ཏྲ་བཛྲ་རཀྵ་རཀྵ་ཧཱུྃ༔ ཅེས་སློབ་མའི་ལག་ཏུ་གཏད་ཅིང་སློབ་མས་ཀྱང་དཔལ་ཆེན་པོ་སྙམ་པས་དམ་འོག་ཏུ་བཞག་པར་དམིགས་ལ༔ བླ་མས་བདུད་རྩི་གཏོར་ཟན་དང་བཅས་སློབ་བུ་ལ་བྱིན་པས་དངོས་གྲུབ་ཏུ་རོལ༔ དེ་ནས་བླ་མས་ཕུར་སྲུང་དང༔ སློབ་མ་ཉིད་ལ་གདམས་པ་ནི༔ བཛྲ་ཀུ་མ་རའི་གསལ་སྣང་གིས་འདི་སྐད་དོ༔ ཀྱཻ་དམ་ལ་གནས་པའི་ཕུར་སྲུང་ཚོགས༔ སྙིགས་དུས་གསང་ཆེན་བསྟན་པ་གཉེར༔ ཆོས་མཛད་ཉམས་དམའ་སྡིག་སྤྱོད་མཐོ༔ བརྒྱུད་འཛིན་སློབ་མ་བུ་ལྟར་སྐྱོང༔ སྙིགས་མའི་ཆོས་མཛད་སྤྱོད་པ་རྩིང༔ གོང་གནོན་ལྷ་དང་མི་ལྡན་པར༔ དྲེགས་པ་རང་རྒྱུད་ལས་ལ་བསྐུལ༔ ཇི་ལྟར་སྟག་གི་སྒོ་ཁྱི་ལྟར༔ ཐབས་དང་མི་ལྡན་རང་སྲོག་སྐྱེལ༔ དེ་ཕྱིར་སློབ་མ་ཁྱོད་རྣམས་ཀྱང༔ རང་བཞིན་ལྟ་བའི་རྫོང་ཆེན་ཟུངས༔ སྒོ་གསུམ་ལྷ་སྔགས་ཆོས་སྐུར་སྦྱོང༔ བསྙེན་སྒྲུབ་གནད་དུ་ཐེམ་པར་སྐྱོལ༔ བསྟན་འགྲོའི་དོན་དང་རང་སྲོག་ལ༔ ཉེན་ཚེ་མ་གཏོགས་བསྐུལ་མི་རུང༔ རྟོགས་པས་བདག་རྒྱུད་མ་གྲོལ་བར༔ ཐུགས་རྗེས་གཞན་རྒྱུད་མི་གྲོལ་བས༔ རང་གར་གསང་ཆེན་སྤེལ་མི་རུང༔ རླུང་རྟ་དར་དང་རྒུད་པ་ལ༔ བརྟེན་ནས་དྲེགས་པ་རང་རྒྱུད་པས༔ ཕན་དང་གནོད་པ་སེལ་ནུས་ན༔ རྟག་ཏུ་གསོལ་མཆོད་ནན་ཏན་བྱ༔ ཞེ་སྡང་དྲག་པོས་ཚར་གཅོད་ལས༔ བྱེད་ན་རང་སྲོག་ལ་རྒོལ་བས༔ དམ་ཚིག་མིག་ལྟར་འཚོ་ཤེས་ཀྱིས༔ ཞེས་གདམས་ཤིང་དབྱངས་གསལ་དང་བཅས་པས༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ དེ་ནས་གསང་སྒྲུབ་ལག་ཏུ་གཏད༔ བླ་མ་བརྒྱུད་པའི་མཚན་བརྗོད་དེ་བཀའ་བསྒོ་བར་བྱའོ༔ མཐའ་རྟེན་བསྒྲལ་བའི་དབང་ནི༔ ཡུལ་ལྷ་སོགས་ལ་གསེར་སྐྱེམས་འབུལ༔ བྲུབ་ཁུང་གི་ལིང་ག་ལ་འགུགས་གཞུག༔ གཟུ་དཔང་དང་བསྒྲལ་ལས་བསྡུས་པ་དང་བཅས་ཏེ་དཔོན་སློབ་གཉིས་ཀ་གསལ་བ་གསུམ་ལྡན་གྱི་ཕུར་སྐོར་དང་བཅས་ཏེ་ལིང་ཀ་བསྒྲལ༔ ཤ་ཁྲག་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་འབུལ༔ ཅུང་ཟད་ཙམ་ཨ་མྲྀ་ཏ་དང་བཅས་ཏེ་སློབ་མ་དཔལ་ཆེན་དུ་གསལ་བ་ལ་བྱིན་ཏེ་བཟར་བཅུག་གོ༔ རྗེས་ལ་དམ་ཚིག་བསྒྲགས་པ་ནི༔ ཀྱཻ་ཧོ༔ སྐལ་ལྡན་སྙིང་གི་བུ༔ ཕུར་བའི་དབང་གི་དམ་ཚིག་ཏུ༔ དབང་གི་བླ་མ་མིག་ལྟར་བསྲུང༔ རྒྱུད་ཀྱི་བླ་མ་མགོ་ལྟར་ཁུར༔ ལུང་གི་བླ་མ་སྙིང་ལྟར་ལྟོས༔ དམ་སྐོང་བླ་མ་རྗེ་ལྟར་བཀུར༔ རྟག་ཏུ་ལྷ་སྔགས་ཏིང་འཛིན་སྒོམ༔ ཕུར་སྲུང་མཆོད་བརྟེན་རྒྱུན་མ་གཅོད༔ སངས་རྒྱས་བསྟན་དགྲའི་གཤེད་མ་གྱིས༔ སེམས་ཅན་སྤྱི་དགྲ་ཐབས་ཀྱིས་སྒྲོལ༔ དགེ་བཅུའི་ལས་ལ་བརྩོན་འགྲུས་སྐྱེད༔ ཆོས་སྤྱོད་བཅུ་ལ་དུས་དྲུག་བརྩོན༔ གཞན་ཕན་བསམ་སྤྱོད་གཙོ་བོར་ཟུངས༔ དེས་ནི་རང་གཞན་དོན་གཉིས་འགྲུབ༔ ཅེས་པ་དོན་ཀུན་རྩ་བ་དང༔ ཡན་ལག་དམ་ཚིག་གཉིས་སུ་འདུ༔ རྣམ་གྲངས་ཤེས་པས་ཁས་ལེན་བྱ༔ དགའ་སྟོན་ཡོན་གྱིས་མཉེས་པར་བྱེད༔ སྤྱོད་ལམ་ཀུན་ཏུ་ལྷ་སྔགས་དང༔ མི་འབྲལ་དུས་ཀུན་དོན་ཡོད་བྱ༔ དགེ་བས་འགྲོ་བ་མ་ལུས་པ༔ དཔལ་ཆེན་གོ་འཕང་ཐོབ་ཕྱིར་བསྔོ༔ ཨེ་མ༔ ཕུར་པའི་རྒྱུད་དང་འབྲེལ་བ་ཡི༔ དབང་བཞི་ཡོངས་རྫོགས་ཕྲིན་ལས་ཀྱིས༔ སྒྲོལ་བའི་མཐའ་རྟེན་དང་བཅས་པ༔ བརྒྱུད་གསུམ་བླ་མས་བཀའ་གནང་ཞིང༔ འབྱུང་བཞིའི་བཅུད་ལ་ལྟོས་མིན་པར༔ རང་བྱུང་དགོངས་གཏེར་ཌཱཀྐིའི་སྲོག༔ འདི་ནི་ལན་གཅིག་ཐོབ་པས་ཀྱང༔ ཚེ་ཆོས་སྲིད་གེགས་ངེས་པར་སེལ༔ མཆོག་ཐུན་དངོས་གྲུབ་ཉེ་བར་འབྱུང༔ བརྩོན་པས་བསྒྲུབ་ན་མི་ཚེ་འདིར༔ དཔལ་ཆེན་དངོས་དང་མཉམ་པར་འགྱུར༔ གུ་ཧྱ༔ གཏེར་སྲུང་སྔགས་སྲུང་རལ་གཅིག་མས༔ སྐལ་མེད་གསང་སྔགས་འཆོལ་སྤྱོད་ལ༔ གཏད་རྒྱ་བྱས་ན་སྙིང་ཁྲག་འཐུང༔ ཆོས་བདག་སྐྱེས་བུར་རྟག་སྲུང་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁོ་བོ་སྤྲུལ་མིང་ལུང་རིག་གླིང་པས་ཆོས་བདག་སྐྱེས་ཆེན་རྣམས་ཀྱི་བཀས་བསྐུལ་ངོར་རང་བྱུང་དབྱིངས་ཀྱི་ཆོས་མཛོད་ནས་སྤྱན་དྲངས་པའོ༔ དགེའོ། །དགེའོ། །དགེའོ།།

སྟ་གོན་སྐབས་ཀྱི་མཚམ་སྦྱོར།

༄༅། སོ་ཤིང་ནི། དེ་ཡང་སྔོན་གྱི་དུས་སུ་རྡོ་རྗེ་བཞད་པ་ཞེས་བྱ་བ་སློབ་པ་ལམ་ལ་གནས་ཚེ། མ་འོངས་པའི་དུས་ན་ཕ་མ་དང་མཁན་པོ་ལ་སོགས་སྲོག་ཆགས་སུ་སྐྱེས་པའི་ཤ་ཟོས་པའི་ཉེས་པས་མི་བཟད་པའི་དམྱལ་བའི་ལས་བསགས་པ་རྣམས་སྔར་གྱི་དཀྱིལ་འཁོར་དུ་དངོས་གྲུབ་ཐོབ་མིན་ཇི་ལྟ་བ་བཞིན་ཤེས་པའི་ཆེད་དུ་བདག་གི་མིང་བརྗོད་པས་སོ་ཤིང་གིས་སོ་བྲུས་པས་སྡིག་སྒྲིབ་རྣམས་བྱང་ཞིང་རྟེན་འབྲེལ་མངོན་སུམ་དུ་སྟོན་ནུས་པར་གྱུར་ཅིག་ཞེས་སེམས་བསྐྱེད་ཅིང་དམ་བཅས་པའི་དོན་དྲན་པའི་སོ་ཤིང་དགོས་པ་ཡིན་ནོ། ། ༧ ཁྱོར་ཆུ་ལ། ཡང་སྔོན་གྱི་དུས་སུ་དེ་བཞིན་གཤེགས་པ་རྡོ་རྗེ་ཆོས་ཞེས་བྱ་བ་སློབ་པ་ལམ་ལ་གནས་ཚེ། གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་པར་སྒྲིབ་པའི་ཉེས་ཚོགས་དག་པར་བྱ་བའི་ཆེད་དུ་བདག་གི་མཚན་སྔགས་ཆུས་ཉེ་རེག་བྱས་པས་སྒྲིབ་ཚོགས་ཐམས་ཅད་དག་ནས་དབང་གི་སྣོད་དུ་རུང་བར་ཤོག་ཅིག་ཞེས་སེམས་བསྐྱེད་ཅིང་དམ་བཅས་པའི་དོན་དྲན་པའི་ཁྱོར་ཆུ་དགོས་པ་ཡིན་ནོ། །ཅེས་བརྗོད། དམ་བཅས་དྲན་པས་ཁྱོར་ཆུ་བླུད། ༧ བསྲུང་སྐུད་ནི། ཡང་སྔོན་དེ་བཞིན་གཤེགས་པ་རྡོ་རྗེ་བསྲུང་བ་ཞེས་བྱ་བ་སློབ་པ་ལམ་ལ་གནས་ཚེ། སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་བར་ཆད་བསྲུང་བར་བྱ་བའི་ཆེད་དུ་བདག་གི་མཚན་སྔགས་བརྗོད་པས་སྲུང་སྐུད་སྡུད་བཅིང་དོན་གྲུབ་པར་གྱུར་ཅིག་ཞེས་སེམས་བསྐྱེད་ཅིང་དམ་བཅས་པའི་དོན་དྲན་པའི་སྲུང་སྐུད་དགོས་པ་ཡིན་ནོ། ཞེས་དམ་བཅའ་དྲན་པས་སྲུང་བའོ།། ༧ ཀུ་ཤ་ལ། ཡང་སྔོན་རྡོ་རྗེ་རྣོན་པོས་མ་འོངས་པའི་དུས་སུ་འགྲོ་བ་གང་ཞིག་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་མིན་གྱི་རྨི་ལྟས་བརྟག་པའི་ཆེད་དུ་བདག་གི་མཚན་སྔགས་བརྗོད་ཅིང་ཀུ་ཤ་སྔས་གདན་དུ་བཏང་ནས་ལེགས་ཉེས་མངོན་སུམ་དུ་སྟོན་པར་གྱུར་ཅིག་ཞེས་སེམས་བསྐྱེད་ཅིང་དམ་བཅས་པའི་དོན་དྲན་པའི་ཀུ་ཤ་དགོས་པ་ཡིན་ནོ། ། ཞེས་དམ་བཅའ་དྲན་པས་ཀུ་ཤ་སྦྱིན།

དབང་གི་མཚམས་སྦྱོར།

༄༅། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་ཡང་དག་པ་དང་ལྡན་པའི་སྒོ་ནས། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས་འདུ་ཤེས་བཞི་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཞིང་། འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ཏེ་རྟོག་ཚོགས་གཅིག་དྲིལ་གྱི་སྒོ་ནས་ལེགས་པར་གསན་དགོས་ཏེ། ཇི་སྐད་དུ། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །ཅེས་གསུངས་པའི་དོན་མ་འཛོལ་བར་བའི་ངང་ནས་གསན་པར་ཞུ། གང་ཞིག་གསན་པར་བྱ་བ་ནི། ད་ལམ་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བྱས་ན་གནས་ཕུན་སུམ་ཚོགས་པ་འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱི་མི་ཁྱབ་པའི་དུས། སྟོན་པ་ཕུན་སུམ་ཚོགས་པ་དཔལ་ཀུན་ཏུ་བཟང་པོ་ཉིད་ལོག་རྟོག་ལྟ་སྣང་ཙམ་དུ་གདུག་པ་ཅན་རྣམས་ཚར་བཅད་པའི་ཕྱིར་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ཏེ། འཁོར་ཕུན་སུམ་ཚོགས་པ་རང་བྱུང་རིགས་ལྔའི་ཡེ་ཤེས་རྒྱ་མཚོའི་ཚོགས་དང་བཅས་པ་ལ། ཆོས་ཕུན་སུམ་ཚོགས་པ་རང་བྱུང་བི་ཏོཏྟ་མ་འབུམ་སྡེའི་རྒྱུད་སྡེ་དཔག་མེད་གསུངས། དེ་ནས་རིམ་པར་བརྒྱུད་དེ་རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ལ་བཀའ་བབ་པའོ། །དེ་ལ་ཡང་དབང་གི་ཆུ་བོ་བཞིའི་བབ་ཚུལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད་པ་ལས། པུསྟི་གླེགས་བམ་གྱི་དབང་རྒྱལ་པོ་ཛཿ ཡི་དམ་ལྷའི་དབང་དགའ་རབ་རྡོ་རྗེ། པཎྚི་ཏའི་དབང་བི་མ་མི་ཏྲ། རིག་པ་རྩལ་གྱི་དབང་སློབ་དཔོན་པདྨ་ལ་བབ་པ་ནི་སྤྱིའི་དབང་གི་ཆུ་བོ་བཞི་བབ་ཚུལ་ལོ། བྱེ་བྲག་འདི་ཉིད་ཀྱི་བབ་ཚུལ་ནི། བི་ཏོཏྟ་མ་འབུམ་སྡེའི་རྒྱུད་རྣམས་རིག་འཛིན་རྡོ་རྗེ་ཆོས་ཀྱིས་བསྡུས་ཏེ་གསེར་གྱི་གླེགས་བམ་ལ་བཻཌཱུརྱའི་ཞུན་མས་བྲིས་ཏེ་གཡུ་ཡི་སྒྲོམ་བུར་བསྩལ་ཏེ་རྒྱ་རིམ་པ་བདུན་གྱི་བཏབ་ཏེ་མཁའ་འགྲོ་མ་རྣམས་ལ་གཉེར་དུ་གཏད་ནས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ་ལས། ཕྱིའི་རིག་འཛིན་ཆེན་པོ་རྣམས་ཀྱིས་གསོལ་བ་བཏབ་པས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ཀྱིས་སྒྲོམ་བུ་རྣམས་སོ་སོར་གཏད་དུས། གཡུ་ཡི་སྒྲོམ་བུ་པདྨ་འབྱུང་གནས་ལ་བབ་པ་ཞལ་ཕྱེ་བ་ལས་བི་ཏོཏྟ་མ་འབུམ་སྡེའི་རྒྱུད་རྣམས་བྱུང་། གཟིགས་པ་ཙམ་གྱིས་ཐུགས་ལ་མངའ་བར་གྱུར་པས་ན་གླེགས་བམ་གྱི་དབང་ངོ་། །ཡི་དམ་ལྷའི་དབང་ནི་ཕུ་ལ་ཧ་རིའི་ཕུག་ཏུ་བཞུགས་པའི་དུས་ནུབ་གཅིག་སྲོད་ཐུན་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་པ་ལྟར་རྒྱལ་པོའི་ཁབ་ཀྱི་ནུབ་ཕྱོགས་དུར་ཁྲོད་ཆེན་པོའི་ལྷོ་ནུབ་དུག་ཤིང་ནག་པོའི་ཚལ་ནས་དངོས་གྲུབ་བླངས་ཏེ་སེམས་ཅན་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། །པཎྚི་ཏའི་དབང་ནི་པཎྚི་ཏ་ལྔ་བརྒྱའི་ནང་ནས་མཆོག་ཏུ་གྱུར་ཅིང་བསྟོད་ཅིང་བཀུར་བ་རྣམས་སོ། །རིག་པ་རྩལ་གྱི་དབང་ནི་སྤྱིའི་བབ་ཚུལ་གོང་དུ་སོང་བ་ལྟར་རོ། །ཁྱད་པར་གྱི་དབང་བཞི་ཐོབ་པ་ནི། སློབ་དཔོན་པྲ་བྷ་ཧསྟི་ལ་རྡོ་རྗེ་ཕུར་པའི་དབང་ཞུས་པས། ངས་ཁྱེད་ལ་ཕུར་པའི་དབང་བསྐུར་བའི་སྐལ་བ་དང་མི་ལྡན་པས་དུར་ཁྲོད་ཆེན་པོ་སོ་ས་གླིང་དུ་སོང་ཞིག ཅེས་ལུང་བསྟན་པ་ལྟར་དེར་བྱོན་ནས་མཁའ་འགྲོ་མ་བདེ་བའི་འཁོར་ལོ་ལ་དབང་ཞུས་པས་མཁའ་འགྲོ་མས་སློབ་དཔོན་ཡི་གེ་ཧཱུྃ་གཅིག་ཏུ་བསྒྱུར་ཏེ་ཞལ་དུ་མྱིད་ནས་དབུའི་ཀླད་པ་དུང་ཁང་གི་ནང་དུ་ཞག་གཅིག་ལ་བཞག བུམ་དབང་རྫོགས་པར་བསྐུར། མགྲིན་པ་ལོངས་སྤྱོད་ཀྱི་གནས་སུ་གསང་དབང་། སྙིང་ཀ་ཆོས་ཀྱི་འཁོར་ལོར་ཤེར་དབང་། གསང་བ་པདྨའི་གནས་སུ་དབང་བཞི་པ་དང་བཅས་རྫོགས་པར་བསྐུར། གསང་བའི་མཁའ་ནས་བཏོན་ཏེ་ཕུར་པའི་ཆོས་རྣམས་བཤད་པས་ཚེ་ལ་དབང་བའི་རིག་འཛིན། རྣམ་པར་སྨིན་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བརྙེས་པར་གྱུར་ཏོ། །དེ་ནས་སློབ་དཔོན་ཆེན་པོ་དེ་ཉིད་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པའི་ཚེ། ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་བར་ཆད་བྱས་ཏེ་ཆར་བཀག་པས་ཐན་པ་ཆེན་པོ་བྱུང་ནས་ཆུ་མིག་དང་རྩི་ཤིང་ལོ་ཏོག་སྐམ། མི་ཕྱུགས་ཐམས་ཅད་མུ་གེས་ཉེན་པའི་དུས་སུ། སློབ་དཔོན་ཆེན་པོས་བལ་ཡུལ་གྱི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱིས་སྒྲུབ་པ་ལ་བར་ཆད་བྱས་པ་ཡིན་པར་དགོངས་ནས། དེ་འདུལ་བའི་དོན་དུ་རྡོ་རྗེ་ཕུར་པའི་ཆོས་བླངས་ལ་བསྒྲུབ་གསུངས་ཏེ། བལ་པོ་ཇི་ལ་ཇི་ས་དང་། བལ་མོ་ཀུན་ལ་ཀུན་ཞི་གཉིས་ལ་གསེར་ཕྱེ་བྲེ་གང་། གསེར་སྲང་བརྒྱ་ལས་བྱས་པའི་གསེར་གྱི་པ་ཏྲ་གཅིག་བསྐུར་ནས་རྒྱ་གར་ཆོས་ཀྱི་རྒྱལ་པོ་ལ་རྡོ་རྗེ་ཕུར་པའི་རྒྱུད་སྡེ་བཞུགས་ཚད་སྐུར་ཞེས་པའི་འཕྲིན་གྱི་ཞུ་བ་ཕུལ་བས། རྒྱལ་པོས་བཱེ་ཀྲ་མ་ཤི་ལའི་གཙུག་ལག་ཏུ་པཎྚི་ཏ་རྣམས་ལ་དེ་སྐད་བསྒོས་པས་པཎྚི་ཏ་གྲལ་སྟོད་པ་རྣམས་ཀྱིས་མར་ལ་གཟིགས། གྲལ་སྨད་པ་རྣམས་ཀྱིས་ཡར་ལ་གཟིགས་པའི་བར་ཏྲི་ལ་ཇི་དར། ནཱ་ག་ཛུ་ན་གཉིས་ལ་བབས། དེ་གཉིས་ཀྱིས་ཕུར་པའི་ཆོས་མི་ཁུར་གཉིས་བསྐུར་བ་ཡང་ལེ་ཤོད་དུ་ཕེབས་ཙ་ན། ནམ་མཁའ་ལ་སྤྲིན་འདུས། ཞལ་ཕྱེས་པ་ཙམ་གྱིས་ཆར་བབས། ཆུ་མིག་སྐམ་པ་སོས། རྩི་ཤིང་ནགས་ཚལ་སྐྱེས་ཏེ་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་ལོ། །དེ་ནས་སློབ་དཔོན་གྱིས་ཕུར་པའི་ཆོས་དེ་རྣམས་དཔག་བསམ་ཤིང་ལ་དཔེ་བླངས་ཏེ། རྩ་བ་ལྟ་བུའི་རྒྱུད་སྡེ་བཞི། །རྒྱུད་ཕྱི་མ་བཞི། ཕྱི་མའི་ཕྱི་མ་བཞི། ཡལ་ག་ལྟ་བུའི་རྒྱུད་ཆུང་བཅུ། ལོ་མ་ལྟ་བུའི་རྒྱུད་གསུམ། མཛེས་པ་མེ་ཏོག་ལྟ་བུའི་རྒྱུད་སྡེ་བཞི། སྨིན་པ་འབྲས་བུ་ལྟ་བུའི་རྒྱུད་བཞི། སྤྱི་རྒྱུད་སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་སྟེ་རྒྱུད་སྡེ་སུམ་ཅུ་རྩ་དྲུག་ཏུ་ཕྱེས་སོ། །རྒྱུད་དེ་རྣམས་ལ་འགྲེལ་བ་དང་། སྒྲུབ་ཐབས། པྲ་ཁྲིད། དཀྱིལ་འཁོར་གྱི་ཆོ་ག ཕྲིན་ལས་རྡོ་རྗེའི་ལས་རིམ། སྟོད་ལས་བྱང་ཆུབ་སྒྲུབ་པ། སྨད་ལས་དགྲ་བགེགས་ཚར་གཅོད་པའི་མན་ངག་ལ་སོགས་དུ་མ་མཛད་ནས། ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བྱོན་ནས་པཎྚི་ཏ་རྣམས་ལ་ཕྱག་དཔེ་སྔ་མ་རྣམས་གཏད། ཕྱི་མ་རྣམས་གཟིགས་སུ་ཕུལ་བས་པཎྚི་ཏ་རྣམས་ཀྱིས་ལྷ་ཕྱག་མཛད་ཅིང་མངོན་པར་བསྟོད་དེ་གཙུག་གི་རྒྱན་དུ་གྱུར་པའོ། །སླར་ཡང་བལ་ཡུལ་ཡང་ལེ་ཤོད་དུ་བྱོན་ནས་བཞུགས་པ་ལ། སྐབས་དེར་བོད་ཆོས་བཞིན་དུ་སྐྱོང་བའི་རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གཙུག་ལག་བཞེངས་པ་ལ་ལྷ་འདྲེས་བརྩིག་ཏུ་མ་སྟེར་བས་བྷོ་དྷི་ས་ཏྭས་ལུང་བསྟན་པ་ལྟར། སློབ་དཔོན་སངས་རྒྱས་གཉིས་པ་སྤྱན་དྲངས་བྲག་དམར་མགྲིན་བཟང་དུ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས། རྗེ་འབངས་ཐམས་ཅད་སྨིན་པར་མཛད། ལྷ་སྲིན་སྡེ་བརྒྱད་དམ་ལ་བཏགས། དཔལ་གྱི་བསམ་ཡས་སོགས་གཙུག་ལག་ཁང་མང་དུ་བཞེངས། མདོ་སྔགས་དམ་ཆོས་མ་ལུས་བོད་དུ་བསྒྱུར། རི་བྲག་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ས་འོག་ས་སྟེང་ཐམས་ཅད་གཏེར་གྱིས་བཀང་ཏེ་ལས་ལྡན་གྱི་སྐྱེས་བུ་སོ་སོར་བཀའ་གཏད་པ་ལས། རྡོ་རྗེ་ཕུར་པའི་ཆོས་སྐོར་ཐམས་ཅད་མཁར་ཆེན་བཟའ་མཚོ་རྒྱལ་ལ་བཀའ་བབས་ཏེ། ཁྱད་པར་དུ་སློབ་དཔོན་སྲིན་ཡུལ་དུ་བྱོན་པའི་ལམ་ཁ་སོགས་ལའང་ཡང་ཡང་ཞུས་པས་ཕུར་པའི་ཆོས་བཀའ་ཡོངས་རྫོགས་གནང་ཞིང་ཕྱི་རབས་ཀྱི་དོན་དུ་ཨོ་རྒྱན་ཆེན་པོས་སྨོན་ལམ་གྱི་གཏད་རྒྱ་དང་བཅས་ཏེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ནས་མཆོང་མཛོད་སྨུག་པོའི་སྒྲོམ་དུ་སྦས་པ། ཕྱིས་འགྲོ་དོན་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་འགྲོ་འདུལ་ལུང་རིག་གླིང་པ་ཞེས་མཚན་སྙན་འབྲུག་ལྟར་ལྡིར་བ། མཁས་དང་གྲུབ་པའི་རྣམ་ཐར་འགྲན་ཟླ་དང་བྲལ་ཞིང་རྩོད་པའི་དུས་ཀྱི་བསྟན་འཛིན་ཆེན་པོ་ཕྱོགས་ཐམས་ཅད་ལས་རྒྱལ་བའི་མཆོག་གི་སློབ་དཔོན་དམ་པ་དེ་ཉིད། དུས་ནམ་ཞིག་གི་ཚེ་ཀུན་གཞི་ཆོས་སྐུར་སངས་ཏེ། གསལ་ལ་རྟོག་པ་མེད་པ་སྟོང་པའི་འོད་གསལ་གྱི་ངང་དུ་འབྱམས་ཀླས་པ་ལས་མཆེད་པ་ཕྱིར་གསལ་དུ་གཡོས་ཏེ་སྣང་བའི་འོད་གསལ་གྱི་རིག་གདངས་སུ་ཟངས་མདོག་དཔལ་གྱི་རི་བོ་སྐུ་གསུམ་གྱི་བཀོད་པ་དང་བཅས་པ་མངོན་སུམ་མཐོང་བའི་དུས་ན། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་འཁོར་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལྟ་བུས་བསྐོར་ནས་བཞུགས་པ། དེ་ཐམས་ཅད་ཀྱིས་ཚོམ་བུ་ཚོགས་སྒྲུབ་ཀྱི་དཀྱིལ་འཁོར་ལ་ཞུགས་ནས་གཉགས་ཛྙཱ་ན་ཀུ་མ་རས་མཆོད་གཡོག་དང་། པཎ་ཆེན་བཱི་མ་མི་ཏྲས་བྱིང་འདྲེན་མཛད་ནས་བདག་ལ་རྟ་མགྲིན་ཡང་གསང་ཁྲོས་པ་དང་། ཕུར་པ་བདུད་དཔུང་ཚར་གཅོད་ཡིན་ཟེར་དབང་བསྐུར་བའི་སྐབས་སུ་ཨོ་རྒྱན་ཆེན་པོས་ཕྱག་གི་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་བླུད་པ་དང་མཉམ་དུ་ཁྱོད་རིག་འཛིན་ལུང་རིག་གླིང་པ་ཞེས་པུསྟི་བརྒྱ་ཕྲག་ཙམ་གྱི་གཏེར་ཆོས་ལ་དབང་བའི་གང་ཟག་ཡིན་གསུངས་ནས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་སུམ་སྤྲད་པ་ལས། ཕྱིས་དེ་དང་མཚུངས་པར་ལྡན་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་རྩ་བའི་ཆོས་སྡེ། ཕྱི་ཆོས་པདྨའི་ཐུགས་ཐིག ནང་སྒྲུབ་མཚོ་རྒྱལ་གསང་མཛོད་གཉིས་ལས། འདིར་དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་རྩ་བའི་ཆོས་སྡེ་ཕུར་པ་བདུད་དཔུང་ཚར་གཅོད་དམ་དམ་སྲི་ཚར་གཅོད་དེ་ཉིད་ཀྱི་དབང་བསྐུར་བའི་སྐབས་སུ་བབས་པ་ཡིན་ཏེ། གཏེར་སྟོན་ཆེན་པོ་ནས་བཟུང་། ཀུན་འདུས་རྩ་བའི་བླ་མའི་བར་དུ་བསྙེན་སྒྲུབ་ཕྲིན་ལས་ཀྱི་ཕྱག་བཞེས་མ་ཉམས། སྨིན་བྱེད་དབང་གི་ཆུ་རྒྱུན་མ་ཆད། བྱིན་རླབས་ཀྱི་སྤྲིན་ཕུང་མ་ཡལ། དམ་སེལ་དམ་ཉམས་ཀྱི་སླད་མ་ཞུགས། མ་མཁའ་འགྲོའི་ཁ་རླངས་ཀྱི་ངད་མ་ཡལ་བའི་བྱིན་རླབས་ཀྱི་བབས་ཚུལ་དེ་ལྟར་ལྡན་པ་ལ་ཡིད་ཆེས་ངེས་ཤེས་དང་ལྡན་པས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་མོས་འདུན་ཡང་དག་པར་མཛད་འཚལ།

དབང་ཆོག་སྐུ་བཞིའི་རྒྱལ་སྲིད།

༄༅། བྲགམབྷིརཀཱིལཡསྱཙིཏྟསདྷནེབྷྱཿ ཨབྷིཥིཉྩབིདྷབིཏུརྒཱལརཱཛྱཾབིཧརཏིསྨ། མངྒལཾ།

༄༅། བྲ་གམབྷིརཀཱིལཡསྱཙིཏྟསདྷནེབྷྱཿ ཨབྷིཥིཉྩབིདྷབིཏུརྒཱལརཱཛྱཾབིཧརཏིསྨ། མངྒལཾ།

༄༅། ཡང་ཟབ་ཕུར་པའི་ཐུགས་སྒྲུབ་ལས༔ དབང་ཆོག་སྐུ་བཞིའི་རྒྱལ་སྲིད་བཞུགས༔

ཕྲིན་ལས་ཕུར་པའི་ལྷ་ལ་འདུད༔ གཞི་རྒྱུད་བདེ་གཤེགས་སྙིང་པོ་ལ༔ བསྐུར་ཐོབ་བྲལ་བ་གཞི་ཡི་དབང༔ སེམས་ཅན་ཀུན་གྱི་སྙིང་ལ་གནས༔ འགྲོ་དྲུག་མངོན་སངས་རྒྱས་པའི་རྒྱུ༔ ལམ་རྒྱུད་བསྐྱེད་རྫོགས་ཟུང་འཇུག་ལ༔ རྒྱུ་དྲུག་རྐྱེན་བཞིའི་བདག་ཉིད་ཀྱི༔ རྣམ་གྲངས་བཞི་ལྡན་ལམ་གྱི་དབང༔ མེད་མི་རུང་བའི་རྩ་བའོ༔ འབྲས་རྒྱུད་སྐུ་དང་ཡེ་ཤེས་ལ༔ དག་པ་ས་གསུམ་སེམས་དཔའ་ལ༔ འོད་ཟེར་ཆེན་པོས་དབུགས་དབྱུང་བ༔ འབྲས་བུ་དོན་གྱི་དབང་ཡིན་ནོ༔ ཁྱད་པར་དཔལ་ཆེན་ཕུར་པའི་ཆོས༔ འོག་མིན་དུར་ཁྲོད་ཆེན་པོ་དེར༔ རིག་པ་འཛིན་པའི་འཁོར་ཚོགས་ལ༔ གཙོ་བོ་རྡོ་རྗེ་གཞོན་ནུ་ཡིས༔ དགོངས་པས་བྱིན་རླབས་བརྡ་དབང་བསྐུར༔ གཙོ་བོ་ཉིད་དང་དབྱེར་མེད་པའི༔ གྲུབ་ཆེན་ཞི་བའི་སྙིང་པོ་ལས༔ རྒྱ་གར་མཁས་པ་པད་འབྱུང་གིས༔ གསུམ་ལྡན་སྙན་རྒྱུད་དབང་བསྐུར་ཞུས༔ ཆོས་དབྱིངས་སྐྱེ་མེད་ཤེས་རབ་ཡུམ༔ འགྲོ་བའི་དོན་དུ་དམན་པའི་ལུས༔ བདག་ཉིད་མཁར་ཆེན་མཚོ་རྒྱལ་གྱིས༔ བསམ་ཡས་མཆིམས་ཕུའི་དུར་ཁྲོད་དུ༔ ཨོ་རྒྱན་བླ་མ་པད་འབྱུང་ལ༔ སྒྲུབ་ཆེན་བཀའ་བརྒྱད་དབང་མནོས་ཚེ༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ མེ་ཏོག་བབ་ཅིང་ཡི་དམ་ལྷ༔ ཚེ་འདིར་འགྲུབ་པའི་ལུང་བསྟན་ཐོབ༔ མོན་ཁ་ནེ་རིང་སེང་གེ་རྫོང༔ ཁྱད་པར་འཕགས་པའི་གནས་གསུམ་དུ༔ དེ་ཉིད་བསྒྲུབ་ཅིང་ལྷ་ཞལ་མཇལ༔ བསད་པའི་མི་རོ་བསླངས་བ་སོགས༔ རྫུ་འཕྲུལ་གཞན་སྣང་ཟིལ་གྱིས་མནན༔ རྩ་ཐིག་རླུང་གསུམ་གནས་དག་ནས༔ དངོས་སུ་མཁའ་སྤྱོད་བསྒྲོད་པ་ཡི༔ རང་སྣང་དབང་འདུས་གནས་གསུམ་གྱི༔ ཌཱཀྐི་ཡོངས་ཀྱི་རྗེ་མོར་གྱུར༔ ཕུར་པའི་རྒྱུད་དང་སྒྲུབ་ཐབས་རྣམས༔ ཕྱོགས་བཞི་དབུས་ལྔར་གཏེར་དུ་སྦས༔ ལས་འཕྲོ་ལྡན་པའི་གང་ཟག་གིས༔ གཏེར་ནས་བཏོན་ཅིང་འགྲོ་དོན་འཕེལ༔ ཡང་ཅིག་བདག་ཉིད་སྤྲུལ་པ་ནི༔ སེམས་ཅན་རྟོག་པའི་གྲངས་བཞིན་དུ༔ ཉི་རྡུལ་ལས་ཀྱང་མང་བ་ཞིག༔ མ་འོངས་རྕོད་ལྡན་དུས་སུ་འབྱུང༔ ཁྱད་པར་ལས་ཀྱི་འཕྲོ་ལྡན་པའི༔ ལུང་རིག་མིང་ཅན་གང་ཟག་ལ༔ དངོས་ཉམས་རྨི་ལམ་མ་ངེས་པར༔ མཚོ་རྒྱལ་བདག་གིས་རྗེས་བཟུང་ནས༔ དག་སྣང་ཆོས་ལ་དབང་བསྒྱུར་བར༔ ལུང་དུ་བསྟན་ཅིང་དབང་ཡང་བསྐུར༔ དེ་ཕྱིར་འགྲོ་དོན་དུས་བབས་ཚེ༔ དབང་ཆོག་སྐུ་བཞིའི་རྒྱལ་སྲིད་འདི༔ སྐལ་ལྡན་དོན་དུ་སྤེལ་བར་གདམས༔ ས་མ་ཡཱ༔ དེ་ཡང་དུར་ཁྲོད་ལ་སོགས་པ༔ དབེན་པའི་གནས་སུ་ཡོ་བྱད་བསགས༔ མཎྚལ་ནག་པོར་དུག་ཁྲག་བྱུག༔ ཐིག་ནས་དྲངས་ཤིང་འབྲུ་ཚོམ་འགོད༔ འཁོར་ལོ་རྩིབས་བཞི་རྩིབས་བཅུ་དང༔ ཁྱམས་དང་སྒོ་གྲུ་རྟ་བབས་སོགས༔ མཚན་ཉིད་ཚང་བར་བྲིས་པའི་དཀྱིལ༔ གྲུ་གསུམ་ནག་པོ་ཧཱུྃ་ཡིག་མཚན༔ དབུས་སུ་བུམ་པ་དམ་རྫས་ཀྱི༔ བཅུད་དང་ལྡན་པ་ལེགས་པར་འགོད༔ ཤར་དུ་སྐུ་ཡི་རྟེན་རྣམས་དང༔ ལྷོ་རུ་བྷནྡྷ་བདུད་རྩིས་བཀང༔ ནུབ་ཏུ་དྲིལ་བུ་དར་དམར་དཀྲིས༔ བྱང་དུ་སྒྲུབ་ཕུར་སྒྲོམ་དང་བཅས༔ མཚམས་བཞི་རྡོ་རྗེ་རྩེ་ལྔ་དང༔ དབུ་རྒྱན་དཔལ་ཆས་ཁ་ཊཱཾ་ཀ༔ སྨན་རཀ་གཏོར་མ་དང་བཅས་བཀོད༔ ཕྱི་ནང་མཆོད་པས་མཐའ་ནས་བསྐོར༔ སྤྱན་གཟིགས་ཚོགས་ཀྱི་ལོངས་སྤྱོད་དང༔ བཀའ་གཏེར་སྲུང་མའི་གཏོར་མ་སོགས༔ རྟེན་འབྲེལ་རྫས་རྣམས་མ་ལུས་པ༔ མ་ཚང་མེད་པར་འདུ་བྱས་ཏེ༔ ཡུལ་དེའི་གཉུག་མར་གནས་པ་ལ༔ དཀར་གསུམ་གཏོར་མ་གསེར་སྐྱེམས་འབུལ༔ བར་ཆད་བསྲུང་བའི་བཀའ་ཡང་བགོ༔ ལན་ཆགས་བླ་གླུད་སྔགས་ཀྱིས་བརླབས༔ ནག་ཕྱོགས་བདུད་རིགས་འབྱུང་པོ་ལ༔ སྦྱིན་ཅིང་བཀའ་བསྒོ་མཚམས་ཡང་བཅད༔ བདག་མདུན་རྫས་རྣམས་ལྷ་རུ་བསྒོམ༔ བསྙེན་པ་བརྒྱ་སྟོང་ཁྲི་འབུམ་སོགས༔ སློབ་དཔོན་དགོངས་པའི་ཚོད་དང་སྦྱར༔ ༧ ཁྱད་པར་བུམ་པ་དུར་ཁྲོད་ཀྱི༔ གཞལ་ཡས་ཁང་དུ་བསམ་པའི་ནང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེའི༔ གཙོ་འཁོར་སྤྲུལ་པ་མ་ལུས་ཀུན༔ བདེ་སྟོང་ཟུང་འཇུག་མཉམ་སྦྱོར་བའི༔ བདེ་བའི་སྒྲ་གདངས་སྔགས་ཀྱིས་བསྐུལ༔ བྱང་སེམས་བདུད་རྩིའི་འོ་རྒྱུན་བབས༔ བུམ་པ་ལྟེམ་གྱིས་གང་བར་དམིགས༔ གཟུངས་ཐག་གདགས་ཤིང་བསྙེན་པ་སྟོང༔ ཡེངས་མེད་ཏིང་འཛིན་ལྡན་པས་བཟླ༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ བསྙེན་པ་བཟླ་ཞིང་མཆོད་བསྟོད་དང༔ ལྷ་རྣམས་སྔགས་ཀྱིས་འོད་ཞུ་བྱ༔ བཀའ་གཏེར་སྲུང་མ་དམ་ཅན་ལ༔ གཏོར་མ་འབུལ་ཞིང་དཔོན་སློབ་རྣམས༔ བྱང་ཆུབ་སྙིང་པོའི་བར་དག་ཏུ༔ བསྲུང་སྐྱོབས་བྱེད་པར་ཕྲིན་ལས་བཅོལ༔ ཚོགས་ཀྱི་འཁོར་ལོས་ལྷ་རྣམས་ཀྱི༔ ཐུགས་དམ་བསྐང་ཞིང་ཉམས་ཆགས་བཤགས༔ དགྲ་བགེགས་གཟུགས་ལ་བཀུགས་བསྟིམ་ནས༔ བསྒྲལ་ལས་ཆོ་ག་གཞུང་བཞིན་བྱ༔ ལྔ་གསུམ་བདུན་ལས་མི་མང་བའི༔ ལས་སྐལ་ལྡན་པའི་སློབ་མ་ཡིས༔ དཀྱིལ་འཁོར་གཙོ་བོ་བླ་མ་ལ༔ གོ་མཚོན་ལ་སོགས་མཎྚལ་ཕུལ༔ གནས་ཁང་ཕྱི་རོལ་འདི་སྐད་ཞུ༔ ཀྱཻ་ཧོ༔ འཇིགས་བྱེད་འཇིགས་མཛད་དཔལ་ཆེན་ཧེ་རུ་ཀ༔ ལྷ་ཡི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ དཀྱིལ་འཁོར་བདག་པོ་རྡོ་རྗེ་འཛིན་པ་ཡིས༔ ཡང་ཟབ་གདམས་པའི་དབང་མཆོག་སྩལ་དུ་གསོལ༔ ཞེས་པས་ལན་གསུམ་གསོལ་བ་བཏབ་རྗེས་སུ༔ སློབ་མ་ཁྲུས་ནས་ཕྱུང་ཞིང་བགེགས་ཚོགས་རྣམས༔ ལན་ཆགས་གླུད་སྦྱིན་མེ་ཆུ་ཡུངས་ཐུན་བྲབ༔ ཕྱི་ནང་ལོག་འདྲེན་བསྲུང་ཕྱིར་མཚམས་ཡང་བཅད༔ ལས་ཀྱི་རྡོ་རྗེས་སློབ་བུ་ནང་དུ་ཁྲིད༔ གདོང་གཡོག་དམར་པོས་མིག་དགབ་མེ་ཏོག་གཏད༔ འཁོར་བར་ངེས་འབྱུང་མི་རྟག་རྒྱུ་འབྲས་སོགས༔ ཡང་དག་ཆོས་བཤད་ཁྱད་པར་གདམས་པ་འདིའི༔ ལོ་རྒྱུས་ངེས་ཤེས་རྒྱུད་ལ་འདྲོང་བར་བྱ༔ སླར་ཡང་མཎྚལ་དབུལ་ཞིང་གསོལ་གདབ་ནི༔ ཀྱཻ་ཧོ་བླ་མ་དཔལ་ཆེན་ཧེ་རུ་ཀ༔ ཐ་མལ་རྟོག་པས་བཅིངས་པའི་འཁོར་བ་འདིར༔ ལས་ཉོན་སྡུག་བསྔལ་རྦ་རླབས་འཁྲུགས་ཤིང་མནར༔ ཐར་བའི་གྲོང་ལ་མྱུར་དུ་གཞུག་ཏུ་གསོལ༔ དེ་སྐད་ལན་གསུམ་གསོལ་བ་བཏབ་རྗེས་སུ༔ རྡོ་རྗེ་བླ་མས་བརྩེ་བའི་ལན་འདི་བྱིན༔ ཨེ་མ་ཐར་པ་མཆོག་གི་གྲོང་དུ་འཇུག་འདོད་ན༔ ཐེག་ཆེན་བློ་ཡིས་དཀོན་མཆོག་རྣམ་གསུམ་ལ༔ སྐྱབས་སུ་འགྲོ་ཞིང་མཁའ་མཉམ་སེམས་ཅན་རྣམས༔ བྱང་ཆུབ་མཆོག་གི་ལམ་ལ་འགོད་ནུས་སམ༔ སླར་ཡང་སློབ་བུས་གུས་པས་འདི་སྐད་ཞུ༔ བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་ལགས༔ ཚེ་འདིར་གྲོལ་བའི་གདམས་ངག་མཆོག་སྦྱིན་ན༔ སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་ནས༔ ལམ་གྱི་རིམ་པ་ཚུལ་བཞིན་བསྒྲུབ་ནུས་སོ༔ དེ་རྗེས་དམ་ཚིག་རྡོ་རྗེའི་ཆུ་བླུད་ཅིང༔ ཧོ༔ སྔོན་ནས་ལས་འཕྲོ་ལྡན་པའི་གང་ཟག་རྣམས༔ ཆད་ལས་མ་འདའ་དམ་ཚིག་ཚུལ་བཞིན་སྲུང༔ སྤང་བླང་བགྱིས་ན་མཆོག་ཐུན་དངོས་གྲུབ་འགྲུབ༔ ཉམས་ན་རྡོ་རྗེའི་དམྱལ་བར་འཚོད་ཏ་རེ༔ སྔགས་ཀྱི་རྗེས་ཟློས་འདི་ཡང་བྱ༔ ཨོཾ་བཛྲ་ས་མ་ཡཱ་རཀྵན་དུ་ན་ར་ཀན༔ ལན་གསུམ་བརྗོད་ཅིང་སློབ་བུ་ཡིས༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་དང༔ རྒྱུན་བཤགས་ཡན་ལག་བརྒྱད་པ་བྱ༔ སླར་ཡང་སྡོམ་པ་བཟུང་བ་ནི༔ དྲན་དང་ཤེས་བཞིན་དང་ལྡན་པས༔ སློབ་བུས་རྗེས་ཟློས་འདི་ལྟར་བགྱི༔ ཧོ༔ གསང་ཆེན་གསང་བ་ཟབ་མོའི་དཀྱིལ་འཁོར་འདིར༔ བདག་ཅག་སྐལ་ལྡན་རྗེས་སུ་འཇུག་པ་རྣམས༔ སོ་སོར་ཐར་དང་བྱང་ཆུབ་སེམས་དཔའ་དང༔ གསང་སྔགས་ཕྱི་ནང་སྡོམ་པ་མ་ལུས་ཀུན༔ བླ་མ་ལྷ་དང་རྡོ་རྗེ་སྤུན་གྲོགས་ཀྱི༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི༔ དམ་ཚིག་ཉིད་དུ་ཚུལ་བཞིན་བསྡུས་ཏེ་བསྲུང༔ དེ་སྐད་ལན་གསུམ་བརྗོད་པར་བྱ༔ དེ་ནས་དབང་གི་དངོས་གཞི་རུ༔ ཡེ་ཤེས་ལྷ་དང་ཉེ་བའི་ཕྱིར༔ བྱིན་ཆེན་དབབ་པའི་རིམ་པ་ནི༔ སློབ་བུས་ལུས་གནད་དྲང་པོར་བསྲང༔ ངག་གནད་འོག་རླུང་དྲག་ཏུ་བསྡམ༔ སྟེང་རླུང་ཅུང་ཟད་བསྐྱིལ་བྱས་ཏེ༔ མཉམ་པར་སྦྱོར་ཞིང་བུམ་ཅན་བཟུང༔ སེམས་གནད་དམིགས་པ་འདི་བཞིན་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ འཁོར་འདས་མི་དམིགས་སྟོང་པར་གྱུར༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ ཕྱི་སྣོད་དུར་ཁྲོད་གཞལ་ཡས་དབུས༔ རང་སེམས་ཧཱུྃ་ལྗང་འཕྲོ་འདུ་ལས༔ རྡོ་རྗེ་གཞོན་ནུའི་སྐུ་རུ་བསྐྱེད༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ ཁྱད་པར་ཙིཏྟ་བཻཌཱུརྱའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན༔ ཟ་འོག་བེར་གོས་གར་སྟབས་མཛད༔ འཁོར་དུ་རིགས་བཞིའི་མཁའ་འགྲོ་བཞི༔ གཅེར་བུ་ལས་བཞིའི་ཕྱག་མཚན་ཅན༔ གར་སྟབས་འགྲན་ཅིང་འོད་ཟེར་འཕྲོས༔ རྔ་ཡབ་གླིང་དང་དག་པའི་ཞིང༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ རྩ་གསུམ་རྒྱལ་བ་སྲས་དང་བཅས༔ ཐུགས་དམ་དབང་གིས་རྒྱུད་བསྐུལ་ཏེ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡིག་ཕྱག་མཚན་རྣམ་པ་རུ༔ སློབ་བུའི་ལུས་ངག་ཡིད་གསུམ་ལ༔ དབྱེར་མེད་ཐིམ་པའི་མོས་འདུན་ནི༔ དཔོན་སློབ་གཉིས་ཀས་ཡང་ཡང་བྱ༔ ཐོད་རྔ་འཁྲོལ་ཞིང་བྱིན་འབེབས་དང༔ རྩ་གསུམ་སྔགས་ཚིག་དྲག་ཏུ་བརྗོད༔ སྤོས་དང་ཚིལ་ཆེན་དུད་པ་བདུག༔ དེ་ནས་བྱིན་ཆེན་དབབ་པའི་རྟགས༔ ལུས་ལ་བྱུང་ན་གར་སྟབས་འཁྲབ༔ ངག་ལ་བྱུང་ན་བརྡ་སྐད་སྒྲོགས༔ སེམས་ལ་བྱུང་ན་ཉམས་རྟོགས་འབར༔ དེ་ཚེ་ཡེ་ཤེས་ལྷ་ཚོགས་རྣམས༔ སློབ་མའི་ལུས་ངག་ཡིད་གསུམ་ལ༔ བྱང་ཆུབ་བར་དུ་བརྟན་པའི་ཕྱིར༔ བླ་མས་རྩ་བའི་སྔགས་ཤམ་དུ༔ ཏིཥྛ་བརྗོད་ཅིང་མེ་ཏོག་འཐོར༔ ས་མ་ཡཱ༔ དེ་ནས་མཆོག་ཐུན་ལས་བཞི་ཡི༔ དངོས་གྲུབ་བརྟག་བྱའི་དཀྱིལ་འཁོར་ལ༔ སློབ་བུས་ལྔ་ལྡན་མེ་ཏོག་དབུལ༔ ཧོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཆེན་པོ་འདིར༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ལས་བཞིའི་ཕྲིན་ལས་བདག་གིས་གང་བསྒྲུབ་པ༔ རིགས་ལྔའི་དཀྱིལ་འཁོར་གང་ཡིན་དེར་དབབ་ཤོག༔ པཉྩ་རཏྣ་པུཥྤེ་པྲ་ཏི་ཛ་ཧོ༔ དཀྱིལ་འཁོར་དབུས་སུ་བབ་པ་ན༔ གཙོ་བོ་ཉིད་དང་ཐ་མི་དད༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ ཕྱོགས་བཞིར་ལས་བཞིའི་ཕྲིན་ལས་དང༔ མཚམས་བཞིར་ཕྲན་ཚེགས་དངོས་གྲུབ་ཐོབ༔ མུན་སེལ་གསང་བའི་མིང་གདགས་པ༔ དབུས་སུ་རྡོ་རྗེ་གཞོན་ནུ་རྩལ༔ ཤར་ལྷོ་ནུབ་བྱང་ཕྱོགས་བཞི་རུ༔ བཛྲ་རཏྣ་པདྨ་དང༔ ཀརྨ་བཞད་པ་རྩལ་དུ་གདགས༔ མཚམས་སུ་རྡོ་རྗེ་རིན་པོ་ཆེ༔ པདྨ་ལས་རབ་མྱུ་གུ་རྩལ༔ མོ་ལ་དེ་བཞིན་དབྱིངས་ཕྱུག་མའི༔ མིང་མཐར་སྦྱར་དེ་གདགས་པར་བྱ༔ དཀྱིལ་འཁོར་ལྷ་ཞལ་མཇལ་བའི་ཕྱིར༔ བླ་མས་གསེར་གྱི་ཐུར་མ་ཐོགས༔ གདོང་གཡོག་བཀྲོལ་བ་འདི་སྐད་དོ༔ ཧོ༔ ཚེ་རབས་སྔོན་ནས་ཉོན་མོངས་བག་ཆགས་མཐུས༔ རང་རིག་སངས་རྒྱས་ཡིན་ཀྱང་ཞལ་མ་མཇལ༔ དཔལ་ཆེན་ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ༔ སྒྲིབ་པ་བསལ་ཏེ་ལྷ་ཞལ་སྟོན་པར་བགྱི༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བླ་མས་ཕྱག་ཤིང་ཐོགས༔ དཀྱིལ་འཁོར་བརྡ་དོན་འདི་བཞིན་བརྗོད༔ ཀྱེ་ཧོ༔ ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་གཞལ་ཡས་ཁང་དུ་མ་གྱུར་པ་མེད་ཀྱང༔ ལམ་དབང་ཟབ་མོ་འདིའི་སྐབས་སུ་སྒྲུབ་པ་ལས་ཀྱི་དཀྱིལ་འཁོར་འདིར༔ ཡང་དག་པའི་ལྷ་དང་མཇལ་དགོས་པའི་ཕྱིར༔ བརྡ་རྟགས་ཀྱི་རིམ་པ་འདི་རྣམས་དོན་དང་སྦྱར་དེ་ཚུལ་བཞིན་དུ་ཤེས་པར་གྱིས་ཤིག༔ ཡང་དཀྱིལ་འཁོར་གྱི་འོག་གཞི་ནག་པོར་བྱུང་བ་ནི་གདོད་ནས་ཆོས་ཀྱི་དབྱིངས་འཕོ་འགྱུར་མེད་པའི་རྟགས་སོ༔ དཀྱིལ་འཁོར་གྲུ་བཞིར་བྱུང་བ་ནི་ཚད་མེད་པ་བཞིའི་སྒོ་ནས་གདུལ་བྱའི་སེམས་ཅན་ལ་ཕན་གདགས་ཤིང་འཇུག་སྒོ་ཤིན་ཏུ་ཡངས་པའི་རྟགས་སོ༔ སྒོ་བཞིར་བྱུང་བ་ནི་རྒྱལ་བ་རྣམས་ཐབས་ལ་མཁས་པས་བསྡུ་དངོས་བཞིའི་སྒོ་ནས་གདུལ་བྱ་ཐར་པའི་སྒོར་ཁྲིད་པའི་རྟགས་སོ༔ ཕྱི་ཐོད་པ་སྐམ་རློན་རྙིད་པ་གསུམ་གྱི་རྩིག་པ་ཤིན་ཏུ་རྔམས་ཤིང་ནང་བཻཌཱུརྱ་ཞུན་མའི་རང་བཞིན་དུ་འདུག་པ་ནི་དོན་དམ་པར་སྟོང་པ་ཆེན་པོའི་དབྱིངས་གཅིག་ལས་གདུལ་བྱའི་བློ་རིམ་གསུམ་དང་སྦྱར་ཏེ་ཐེག་པ་གསུམ་གྱི་ཆོས་སྟོན་པའི་རྟགས་སོ༔ ཁྲག་ཁྱམས་དང་གསེར་ཁྱམས་ཀྱི་རིམ་པ་ཉིས་བརྩེགས་སུ་སྣང་བ་ནི་རྒྱུ་མཚན་ཉིད་དང་འབྲས་བུ་བླ་ན་མེད་པའི་འཇུག་སྒོ་ཐ་དད་དུ་སྟོན་པའི་རྟགས་སོ༔ རྟ་བབས་ཀྱི་རིམ་པ་བརྒྱད་དང་ལྡན་པ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་པ་ལས་འཕགས་པའི་ལམ་ཡན་ལག་བརྒྱད་དང་རྣམ་པར་ཐར་པའི་སྒོ་བརྒྱད་དུ་སྣང་བའི་རྟགས་སོ༔ ཕྱོགས་བཞིར་མི་རོའི་རྒྱལ་མཚན་བཞི་དང་མཚམས་བཞིར་ཀེང་རུས་རྩེ་རྒྱན་བཞི་དང་བརྒྱད་དུ་སྣང་བ་ནི་ཁམས་བརྒྱད་ལས་དབང་ཕྱུག་གི་ཡོན་ཏན་བརྒྱད་དུ་སྣང་བའི་རྟགས་སོ༔ རྩེ་མོར་ཙིཏྟའི་ཏོག་དང་ཤིན་ཏུ་འཇིགས་པའི་གཅན་གཟན་གྱི་ལྤགས་པ་ལྷབ་ལྷུབ་ཏུ་འཕྱོ་བ་ནི་ཚད་མེད་པའི་སྙིང་རྗེ་ཆེན་པོས་གཏུམ་ཤིང་གདུལ་དཀའ་བའི་རིགས་ལ་དྲག་པོའི་བརྟུལ་ཞུགས་ཀྱིས་རྗེས་སུ་འཛིན་པའི་རྟགས་སོ༔ གཞན་ཡང་ཉི་ཟླའི་སྐར་ཁུང་དང་ཆུ་སྲིན་གྱི་ཕྲུ་གུའི་རྒྱལ་མཚན༔ སྦྲུལ་ཆུན་རུས་པའི་དྲྭ་ཕྱེད་དང་བཅས་པ་འཇིགས་པའི་རྒྱན་སྣ་ཚོགས་སུ་སྣང་བ་ནི་ཐབས་སྣ་ཚོགས་ཀྱིས་གདུལ་བྱ་ཐར་ལམ་དུ་འགོད་པའི་རྟགས་སོ༔ དཀྱིལ་འཁོར་གྱི་ནང་དུ་ཀླུ་བརྒྱད་ཀྱི་ཀ་གདན་བྱས་པ་ནི་གཏི་མུག་ལས་གྱུར་པའི་རྟོག་པ་རྣམས་མ་སྤང་གནས་སུ་དག་པའི་རྟགས་སོ༔ ལྷ་བརྒྱད་ཀྱི་ཀ་བ་བྱས་པ་ནི་ང་རྒྱལ་ལས་གྱུར་པའི་རྟོག་པ་རྣམས་མ་སྤང་གནས་སུ་དག་པའི་རྟགས་སོ༔ གཟའ་བརྒྱད་ཀྱི་ཀ་ཞུ་བྱས་པ་ནི་ཞེ་སྡང་ལས་གྱུར་པའི་རྟོག་པ་རྣམས་མ་སྤང་གནས་སུ་དག་པའི་རྟགས་སོ༔ རྒྱུ་སྐར་ཉེར་བརྒྱད་ཀྱི་དྲལ་ཕྱམ་དུ་བྱས་པ་ནི་ཉེ་བའི་ཉོན་མོངས་པའི་རྟོག་པ་ཐམས་ཅད་རང་བཞིན་ཤེས་པ་ཙམ་གྱིས་རང་སར་དུ་གྲོལ་བའི་རྟགས་སོ༔ དཀྱིལ་འཁོར་གྱི་དབུས་སུ་གྲུ་གསུམ་ནག་པོ་ཐོད་པའི་ར་བ་སུམ་རིམ་དང་བཅས་པའི་སྟེང་དུ་པདྨ་དང་ཟླ་ཉི་ལྷ་ཆེན་ཕོ་མོ་ཁ་སྦུབ་དང་གན་རྐྱལ་དུ་བསྣོལ་བ་ནི་དུག་གསུམ་གྱི་རྟོག་པ་ལམ་དུ་ཁྱེར་བས་གཟུང་འཛིན་རྩ་བ་ནས་གཅོད་པའི་རྟགས་སོ༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞིར་བྱུང་བ་ནི་གཟུང་འཛིན་ལས་གྱུར་པའི་རྟོག་པས་ལུས་དང་ངག་དང་ཡིད་དང་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་འཁྲུལ་བའི་སྒོ་བཞི་རྩད་ནས་གཅོད་པའི་རྟགས་སོ༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུར་བྱུང་བ་ནི་ཁོང་ཁྲོ་ལ་སོགས་པའི་མི་དགེ་བ་བཅུའི་རྒྱུ་རུ་གྱུར་པའི་ཉོན་མོངས་པའི་ཡིད་གནས་སུ་དག་པའི་རྟགས་སོ༔ དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་ཏུ་བྱུང་བ་ནི་ཉོན་ཡིད་ལས་གྱུར་པའི་སྒོ་ལྔའི་བག་ཆགས་རྟེན་བརྟེན་པ་དང་བཅས་པ་གནས་སུ་དག་པའི་རྟགས་སོ༔ དེ་ནས་དཀྱིལ་འཁོར་གྱི་ལྷའི་བརྡ་དོན་བཤད་པ་ནི༔ ཧོ༔ དཀྱིལ་འཁོར་དབུས་ཀྱི་དཔལ་ཆེན་པོ༔ ཡབ་ཡུམ་ཟུང་དུ་འབྲེལ་བ་ནི༔ ཀུན་གཞིའི་རྣམ་ཤེས་གནས་དག་རྟགས༔ ཀཱི་ལ་རིགས་བཞིར་སྣང་བ་ནི༔ དུག་ལྔའི་རྟོག་པ་གནས་དག་རྟགས༔ ཧཱུྃ་ཀར་ལ་སོགས་ཁྲོ་བོ་བཅུ༔ མི་དགེ་བཅུ་པོ་གནས་དག་རྟགས༔ སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ༔ ཕ་རོལ་ཕྱིན་བཅུ་མཐར་ཕྱིན་རྟགས༔ ཟ་གསོད་ཁྲ་ཐབས་ཉི་ཤུ་ནི༔ ཉེ་ཉོན་ཉི་ཤུ་གནས་དག་རྟགས༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི༔ ཉོན་མོངས་ཕྲ་རགས་གནས་དག་རྟགས༔ ཕོ་ཉ་དམ་ཅན་བཅུ་དྲུག་ནི༔ འཁྲུལ་རྟོག་མ་ལུས་གནས་དག་རྟགས༔ ཚད་མེད་སྒོ་མ་རྣམ་བཞི་ནི༔ འཁྲུལ་བའི་སྒོ་བཞི་གནས་དག་རྟགས༔ གཞན་ཡང་མཁའ་འགྲོ་སུམ་ཅུ་གཉིས༔ སྤྲུལ་དང་ཡང་སྤྲུལ་བྱེ་བ་འབུམ༔ ཞིང་གི་རྡུལ་སྙེད་སྣང་བ་ནི༔ ཉོན་མོངས་ཉེ་བའི་ཉོན་མོངས་པ༔ འཁྲུལ་དང་ཉིང་འཁྲུལ་བག་ཆགས་བཅས༔ ཡེ་ནས་གྲུབ་པ་མེད་པ་ལ༔ རྨི་ལམ་སྒྱུ་མའི་ཚུལ་སྣང་ཡང༔ གསང་ཆེན་ཐབས་ལམ་ཟབ་མོ་ཡིས༔ སྐད་ཅིག་ཉིད་ལ་གནས་དག་རྟགས༔ ཅེས་པས་སློབ་བུའི་རྟོག་པ་ཀུན༔ སྐུ་དང་ཡེ་ཤེས་རང་བཞིན་དུ༔ འབྲས་བུ་མངོན་དུ་བྱས་པ་ཡི༔ བརྡ་རྟགས་འབྲེལ་བའི་ངོ་སྤྲོད་བྱ༔ དེ་ནས་དབང་གི་དངོས་གཞི་ལ༔ འཇུག་ཕྱིར་རིན་ཆེན་མཎྚལ་ཕུལ༔ རྩེ་གཅིག་གསོལ་བ་འདི་བཞིན་གདབ༔ ཧོ༔ མ་རིག་ལོག་རྟོག་ལུས་དང་ངག་ཡིད་སེམས༔ མཐའ་མེད་འཁོར་བར་འཁྱམས་པའི་རྩ་བ་སྟེ༔ དོན་དམ་རྒྱལ་བའི་སྐུ་གསུང་ཐུགས་མཆོག་དང༔ ཡེ་ནས་འདུ་འབྲལ་མེད་པའི་དོན་སྟོན་ཕྱིར༔ བླ་མེད་གསང་ཆེན་ཕུར་པའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ༔ ཞེས་པས་ལན་གསུམ་གསོལ་བ་འདེབས༔ སློབ་དཔོན་གཙོ་བོའི་ང་རྒྱལ་གྱིས༔ དབྱིངས་ནས་དབང་ལྷ་སྤྱན་དྲངས་ཏེཿ མཆོད་བསྟོད་སློབ་མ་རྗེས་འཛིན་པའི༔ གསོལ་བཏབ་བུམ་དབང་འདི་བཞིན་བསྐུར༔ ཧོ༔ ཕྱི་སྣོད་རྣམ་དག་བུམ་པ་ལྷ་ཡི་ཞིང༔ ནང་བཅུད་ཡོངས་གྲོལ་སྐུ་གསུམ་འདུ་འབྲལ་མེད༔ ལུས་སྒྲིབ་དག་ཕྱིར་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་སྐུ་ཡི་དབང་མཆོག་ཐོབ་པ་དང༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུར་འགྲུབ་ནས༔ སྤྲུལ་པ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར་འདི་བཞིན་བརྗོད༔ ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བསྐྱེད་རིམ་འབོག་ཅིང་བརྡ་དོན་བཤད༔ དམ་ཚིག་སྐུ་ཡི་གསལ་སྣང་དང༔ འབྲལ་མེད་ལུས་ཀྱི་མི་དགེ་སྤངས༔ དེ་དང་རྗེས་འབྲེལ་ལྷ་རྣམས་ཀྱི༔ སྐུ་ཡི་དབང་མཆོག་བསྐུར་བ་ལ༔ དང་པོ་གཙོ་བོ་ཡབ་ཡུམ་སྐུ༔ མེ་ལོང་ངོས་བསྟན་དག་དྲན་དང༔ སློབ་མའི་མགོར་བཞག་འདི་སྐད་དོ༔ ཧཱུྃ༔ འཁོར་འདས་ཀུན་གྱི་སྤྱི་དཔལ་ཐོག་མའི་མགོན༔ ཁྲག་འཐུང་གཙོ་བོ་བཛྲ་ཀཱི་ལ་ཡ༔ གཉིས་མེད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བག་ཆགས་སྣ་ཚོགས་རྟེན་གྱུར་ཀུན་གཞི་དང༔ གསལ་ལ་མི་རྟོག་ཀུན་གཞིའི་རྣམ་པར་ཤེས༔ གནས་སུ་དག་ནས་གྲོལ་འཁྲུལ་ལས་འདས་པའི༔ རང་རིག་ཡེ་ཤེས་མངོན་དུ་འགྱུར་བར་ཤོག༔ གཙོ་བོའི་སྔགས་ཤམ་ཀཱ་ཡ་དང༔ ཨ་བྷི་ཥིཉྩ་ཧཱུྃ་ཞེས་བརྗོད༔ ཤར་གྱི་སྲས་མཆོག་ཀཱི་ལ་ཡའི༔ སྐུ་གཟུགས་མགོར་བཞག་འདི་སྐད་བརྗོད༔ ཧཱུྃ༔ འགྲོ་བའི་སེམས་ཀྱི་རྟོག་ཚོགས་ཚར་གཅོད་པའི༔ རྒྱལ་ཀུན་རྟོག་བྲལ་ཐུགས་ཀྱི་ཡེ་ཤེས་ལས༔ ཞེ་སྡང་གདོན་འདུལ་བཛྲ་ཀཱི་ལ་ཡ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སེམས་ཀྱི་འཁྲུལ་བའི་རྟོག་པ་གནས་དག་ནས༔ མཁྱེན་དང་བརྩེ་བའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཡི་སྲས་མཆོག་ཀཱི་ལ་ཡའི༔ སྐུ་གཟུགས་མགོར་བཞག་འདི་སྐད་བརྗོད༔ ཧཱུྃ༔ འགྲོ་དྲུག་ལུས་ཀྱི་བྱ་བྱེད་ཚར་གཅོད་པའི༔ རྒྱལ་ཀུན་འདོད་འབྱུང་ཡོན་ཏན་ཆོ་འཕྲུལ་ལས༔ ང་རྒྱལ་གདོན་འདུལ་རཏྣ་ཀཱི་ལ་ཡ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འཁྲུལ་རྟོག་ལུས་ཀྱི་བྱ་བྱེད་གནས་དག་ནས༔ འགྲོ་ཀུན་ཕན་བདེའི་གཞི་རུ་འགྱུར་བར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་རཏྣ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་སྲས་མཆོག་ཀཱི་ལ་ཡའི༔ སྐུ་གཟུགས་མགོར་བཞག་འདི་སྐད་བརྗོད༔ ཧཱུྃ༔ འགྲོ་དྲུག་འཁྲུལ་ངག་ཉོན་མོངས་ཚར་གཅོད་པའི༔ རྒྱལ་ཀུན་ཚངས་དབྱངས་གསུང་གི་བདག་ཉིད་མཆོག༔ འདོད་ཆགས་གདོན་འདུལ་པདྨ་ཀཱི་ལ་ཡ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་མི་དགེའི་སྒྲ་གདངས་གནས་དག་ནས༔ གཞན་ཕན་ཆོས་ཀྱི་གསུང་དབྱངས་ཐོབ་པར་ཤོག༔ ཨོཾ་བཛྲ་ཀྲོ་ཏ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་སྲས་མཆོག་ཀཱི་ལ་ཡའི༔ སྐུ་གཟུགས་མགོར་བཞག་འདི་སྐད་བརྗོད༔ ཧཱུྃ༔ འགྲོ་དྲུག་སྒོ་ལྔའི་རྣམ་ཤེས་ཚར་བཅད་ནས༔ ཡེ་ཤེས་ལྔ་ལྡན་སྤྲུལ་པའི་རང་གཟུགས་ལས༔ ཕྲག་དོག་གདོན་འདུལ་ཀརྨ་ཀཱི་ལ་ཡ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཡུལ་ལྔར་འཛིན་པའི་འཁྲུལ་རྟོག་གནས་དག་ནས༔ ཡེ་ཤེས་ལྔ་ཡི་འགྲོ་དོན་མཐར་ཕྱིན་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཀརྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཁྲོ་བཅུ་ཁྲ་ཐབས་ཀྱི༔ དབང་མཆོག་བསྐུར་བ་འདི་བཞིན་ནོ༔ སྟེང་ཕྱོགས་ཁྲོ་བོ་ཧཱུྃ་ཀཱ་རའི༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ སྟེང་གདོན་ཉི་ཟླ་གཟའ་སྐར་ཚར་གཅོད་པའི༔ སྲོག་གཅོད་སྐྱོན་སྤངས་ཁྲོ་ཆེན་ཧཱུྃ་ཀཱ་ར༔ བཟོད་པའི་ཕར་ཕྱིན་སྒྲ་འབྱིན་མ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཉི་ཟླ་གཟའ་སྐར་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་ཕྱོགས་ཁྲོ་བོ་རྣམ་རྒྱལ་གྱི༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ ཤར་ཕྱོགས་དྲི་ཟ་ཕོ་མོ་ཚར་གཅོད་པའི༔ རྐུ་ཕྲོག་སྐྱོན་སྤངས་ཁྲོ་ཆེན་རྣམ་པར་རྒྱལ༔ སྦྱིན་པའི་ཕར་ཕྱིན་སྙེམ་མ་ཡུམ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཤར་ཕྱོགས་དྲི་ཟའི་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་བཱི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེ་གཤེད༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ ལྷོ་གདོན་གཤིན་རྗེ་ཕོ་མོ་ཚར་གཅོད་པའི༔ ལོག་གཡེམ་སྐྱོན་སྤངས་ཁྲོ་ཆེན་གཤིན་རྗེ་གཤེད༔ ཚུལ་ཁྲིམས་ཕར་ཕྱིན་དུར་ཁྲོད་བདག་མོ་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་ཚར་གཅོད་པའི༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཕྱོགས་ཁྲོ་བོ་རྟ་མཆོག་གི༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ ནུབ་ཕྱོགས་ཀླུ་དབང་ཕོ་མོ་ཚར་གཅོད་པའི༔ རྫུན་གྱི་སྐྱོན་སྤངས་ཁྲོ་ཆེན་རྟ་མཆོག་རྒྱལ༔ སྨོན་ལམ་ཕར་ཕྱིན་གཏུམ་མོ་ཡུམ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ནུབ་ཕྱོགས་ཀླུ་གདོན་གཡུལ་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོ་ཚར་གཅོད་པའི༔ ཕྲ་མའི་སྐྱོན་སྤངས་ཁྲོ་ཆེན་བདུད་རྩི་འཁྱིལ༔ ཐབས་ཀྱི་ཕར་ཕྱིན་རླུང་འབྱིན་མ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བྱང་ཕྱོགས་གནོད་སྦྱིན་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུཎྚ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་ལྷོ་ཁྲོ་བོ་དབྱུག་སྔོན་རྒྱལ༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ ཤར་ལྷོ་མེ་ལྷ་ཕོ་མོ་ཚར་གཅོད་པའི༔ ཚིག་རྩུབ་སྐྱོན་སྤངས་ཁྲོ་ཆེན་དབྱུག་སྔོན་རྒྱལ༔ སྟོབས་ཀྱི་ཕར་ཕྱིན་སྡེར་མོ་ཡུམ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ཤར་ལྷོ་མེ་ལྷའི་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ནི་ལ་ཏནྟྲ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ ལྷོ་ནུབ་སྲིན་པོའི་གདོན་ཚོགས་ཚར་གཅོད་པའི༔ ངག་འཁྱལ་སྐྱོན་སྤངས་ཁྲོ་ཆེན་མི་གཡོ་མགོན༔ བརྩོན་འགྲུས་ཕར་ཕྱིན་གཏུན་ཁུང་མ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ལྷོ་ནུབ་སྲིན་པོའི་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ ནུབ་བྱང་རླུང་ལྷའི་གདོན་ཚོགས་ཚར་གཅོད་པའི༔ བརྣབ་སེམས་སྐྱོན་སྤངས་ཁྲོ་ཆེན་འདོད་པའི་རྒྱལ༔ ཡེ་ཤེས་ཕར་ཕྱིན་མདའ་སྙེམ་མ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ ནུབ་བྱང་རླུང་ལྷའི་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཤར་ཁྲོ་ཆེན་ཁམས་གསུམ་རྒྱལ༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ བྱང་ཤར་དབང་ལྡན་གདོན་ཚོགས་ཚར་གཅོད་པའི༔ གནོད་སེམས་སྐྱོན་སྤངས་ཁྲོ་ཆེན་ཁམས་གསུམ་རྒྱལ༔ ཤེས་རབ་ཕར་ཕྱིན་གསོད་བྱེད་ཡུམ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བྱང་ཤར་དབང་ལྡན་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེའི༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ འོག་ཕྱོགས་ས་བདག་གདོན་ཚོགས་ཚར་གཅོད་པའི༔ ལོག་རྟོག་སྐྱོན་སྤངས་ཁྲོ་ཆེན་སྟོབས་པོ་ཆེ༔ ཡེ་ཤེས་ཕར་ཕྱིན་བསྐུལ་བྱེད་ཡུམ་དང་འཁྲིལ༔ ཐབས་ཤེས་ཟ་གསོད་ཁྲ་ཐབས་སྤྲུལ་པར་བཅས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ འོག་ཕྱོགས་ས་བདག་གདོན་ལས་རྣམ་རྒྱལ་ནས༔ ཁྲོ་ཆེན་སྐུ་གསུང་ཐུགས་དང་གཉིས་མེད་ཤོག༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བྷ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་པས་ཁྲོ་བཅུ་གནས་བཅུར་བསྐུར༔ ཧཱུྃ་སྒྲ་བརྗོད་ཅིང་ལྟ་བའི་ངང༔ གདོན་བཅུ་འདུལ་བའི་དཔའ་གདེངས་བསྐྱེད༔ དེ་ནས་དཀྱིལ་འཁོར་ཆེན་པོ་ཡི༔ དབང་བསྐུར་མཐའ་རུ་ཕྱིན་པའི་ཕྱིར༔ ཡང་དག་ལྷ་འཁོར་བཅུ་དྲུག་ཀྱང༔ བསྐྱེད་པའི་སྐབས་སུ་ལོགས་ནས་སབ༔ རུ་ལུ་འབྲུ་བརྒྱད་སྔགས་ཀྱིས་སྒྲུབ༔ དམ་ལྡན་སྙིང་འདྲའི་སློབ་བུ་ལ༔ བསྐུར་ཚིག་གཞན་དང་མཐུན་པར་སྦྱར༔ དེ་ནས་ཚད་མེད་པ་བཞིའི་བདག་ཉིད་སྒོ་སྲུང་ཁྲོ་བོ་བཞིའི་དབང་བསྐུར་བ་འདི་ལ་བསམ་པའི་ཁྱད་པར་གདའ། དེ་ནས་སྒོ་སྲུང་རྣམ་པ་བཞིའི༔ ཤར་སྒོའི་བདག་པོའི་དབང་བསྐུར་ནི༔ ཧཱུྃ༔ ཚད་མེད་སྙིང་རྗེ་ཆེན་པོས་ལོག་འདྲེན་ཚོགས༔ འཁོར་བའི་གནས་ནས་འགུགས་པའི་ཕོ་ཉ་བ༔ ཤར་གྱི་སྒོ་བ་ལྕགས་ཀྱུ་ཡུམ་དང་འཁྲིལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་ཨངྐུ་ཤ་ཛ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་སྒོའི་བདག་པོའི་དབང་བསྐུར་ནི༔ ཧཱུྃ༔ བྱམས་པ་ཆེན་པོས་འཁོར་བའི་སེམས་ཅན་རྣམས༔ ཡང་དག་ཐར་པའི་གནས་སུ་འཆིང་མཛད་པ༔ ལྷོ་ཡི་སྒོ་བ་ཞགས་པ་ཡུམ་དང་འཁྲིལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་པཱ་ཤ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་སྒོའི་བདག་པོའི་དབང་བསྐུར་ནི༔ ཧཱུྃ༔ དགའ་བ་ཆེན་པོས་འཁོར་བའི་སེམས་ཅན་རྣམས༔ ཐབས་ཤེས་སྒྲོག་གིས་མི་གཏོང་སྡོམ་མཛད་པའི༔ ནུས་ཀྱི་སྒོ་བ་ལྕགས་སྒྲོག་ཡུམ་དང་འཁྲིལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་སྥོ་ཊ་བཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་སྒོའི་བདག་པོའི་དབང་བསྐུར་ནི༔ ཧཱུྃ༔ རྟོག་བྲལ་བཏང་སྙོམས་ཆེན་པོས་ལོག་རྟོག་འགྲོ༔ སྤྲོས་བྲལ་མཉམ་པའི་ངང་དུ་མྱོས་མཛད་པ༔ བྱང་གི་སྒོ་བ་དྲིལ་བུ་ཡུམ་དང་འཁྲིལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་ཏ་གྷནྚེ་ཧོ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བུམ་དབང་མཐའ་རྟེན་བཅས༔ བསྐུར་བས་སློབ་བུའི་ལུས་སྒྲིབ་དག༔ བསྐྱེད་རིམ་སྤྲུལ་སྐུའི་རྒྱལ་སྲིད་ལ༔ མངོན་དུ་འགོད་པའི་ཐབས་ཡིན་ནོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་བའི་དབང་དོན་དུ༔ མཎྚལ་འབུལ་ཞིང་གསོལ་འདེབས་ནི༔ ཧོ་དཔལ་ཆེན་འདུས་པ་ཁྲག་འཐུང་ཧེ་རུ་ཀ༔ གསང་བའི་རྒྱལ་ཐབས་དབང་འབྱོར་བླ་མ་རྗེ༔ ལུས་ངག་དཀའ་བས་མ་བསྒྲུབ་ཚེ་གཅིག་ལ༔ མངོན་འཚང་རྒྱ་བའི་དབང་མཆོག་བསྐུར་དུ་གསོལ༔ དེ་སྐད་ལན་གསུམ་གསོལ་བཏབ་རྗེས༔ སྔོན་ནས་སྒྲུབ་རྫས་ལྷར་གསལ་ཡང༔ ཡང་གསལ་གདབ་པ་འདི་བཞིན་བྱ༔ བྷནྡྷ་ཕོ་བྲང་གཞལ་ཡས་དབུས༔ རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ མཉམ་སྦྱོར་བྱང་སེམས་བདུད་རྩིའི་རྒྱུན༔ སྔགས་ཀྱི་སྒྲ་དང་རླངས་པ་ཁོལ༔ བདེ་སྟོང་ལྟེམ་གྱིས་གང་བར་དམིགས༔ ཧཱུྃ༔ རང་བྱུང་བྷནྡྷ་ཡངས་པའི་སྣོད་མཆོག་ཏུ༔ དཔལ་ཆེན་ཡབ་ཡུམ་སྦྱོར་བའི་བདུད་རྩིའི་རྒྱུན༔ དུག་ལྔ་ཡེ་ཤེས་ལྔ་རུ་བསྒྱུར་བའི་རྫས༔ སྐལ་ལྡན་སྐྱེས་བུའི་ལྕེ་ལ་མྱང་བ་ཡིས༔ གཟུང་འཛིན་རོ་རྐྱང་གཉིས་སུ་རྒྱུ་བའི་རླུང༔ བརྗོད་བྲལ་དྷུ་ཏིའི་སྦུབས་སུ་གནས་དག་ནས༔ ཐ་མལ་ངག་གི་སྒྲིབ་པ་དབྱིངས་སུ་གྲོལ༔ ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་དབང་ཐོབ་ཤོག༔ དེ་ནས་རྩ་སྔགས་ཤམ་བུ་རུ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་དེ་དང་རྗེས་འབྲེལ་དུ༔ འཆད་སྤེལ་ནུས་པའི་སློབ་བུ་ལ༔ སྒྲུབ་ཡིག་ལག་ཏུ་དབང་བསྐུར་ནས༔ ཧཱུྃ༔ རྒྱུད་དང་མན་ངག་ཡང་ཟབ་གདམས་པའི་མཛོད༔ དགོངས་བརྡ་སྙན་རྒྱུད་བཀའ་བབས་ལུང་བསྟན་རྫོགས༔ སྨོན་ལམ་གཏད་རྒྱ་འགྲོ་དོན་དུས་བབས་ནས༔ ལུས་ངག་དཀའ་བས་མ་བསྒྲུབ་དགོངས་པའི་གཏེར༔ ཚེ་གཅིག་སངས་རྒྱས་བསྒྲུབ་པའི་ཡི་གེའི་དབང༔ སྐལ་ལྡན་སྙིང་གི་བུ་མཆོག་ཁྱོད་ལ་སྦྱིན༔ ཁྱོད་ཀྱང་སྣང་ཡུལ་ཞེན་པས་མ་རུལ་བར༔ ཡེ་ནས་སྒོ་གསུམ་སྐུ་གསུམ་རང་བཞིན་ལ༔ རྩ་རླུང་ཐིག་ལེའི་གདམས་པས་གནད་བསྐུལ་ནས༔ གྲུབ་འབྲས་ཚེ་འདིར་དོན་གཉིས་སྒྲུབ་པ་ལ༔ བརྩོན་པ་སྐྱེད་ཅིག་དམ་ཚིག་ས་མ་ཡཱ༔ གླེགས་བམ་མགོར་བཞག་ལག་ཏུ་གཏད༔ དེས་ཀྱང་སྒྲུབ་པའི་དམ་བཅའ་ཕུལ༔ མོས་སློབ་གཞན་ལ་དེ་ལྟ་མིན༔ དེས་ནི་ཐ་མལ་ངག་གི་རླུང༔ གནས་དག་ལོངས་སྐུའི་རྒྱལ་སྲིད་ལ༔ མངོན་དུ་སྒྲུབ་པའི་ཐབས་ཆེན་པོ༔ གསང་བའི་དབང་བསྐུར་ཨི་ཐི་རྒྱ༔ གསུམ་པ་ཤེས་རབ་དབང་བསྐུར་གྱིས༔ རང་སེམས་ལས་སུ་རུང་བའི་ཐབས༔ ཡིད་དངོས་གཏུམ་མོའི་ཕྱག་རྒྱ་གསུམ༔ ཚངས་སྤྱོད་ལྡན་ལ་དང་པོ་སྟེ༔ གྲོལ་ལམ་རྒྱལ་བའི་མཆོག་ཏུ་བསྔགས༔ མཎྚལ་འབུལ་ཞིང་གསོལ་འདེབས་ནི༔ རྗེས་ཟློས་ཚུལ་གྱིས་འདི་སྐད་ཞུ༔ ཀྱེ་མ་རིགས་མཆོག་རྡོ་རྗེ་འཛིན་པ་དགོངས༔ དུག་ལྔ་ཐབས་ཀྱིས་ཟིན་ན་ཡེ་ཤེས་ལྔར༔ ལྕགས་ཁམས་གསེར་འགྱུར་གདམས་པ་ཟབ་མོའི་བཅུད༔ ཤེས་རབ་དབང་གིས་བདག་རྒྱུད་སྨིན་པར་མཛོད༔ བླ་མས་ནུབ་ཀྱི་དྲིལ་བུ་དང༔ གཟུངས་མའི་གཟུགས་བརྙན་ལག་གཡོན་གཏད༔ དམིགས་པས་དཔོན་སློབ་གཉིས་ཀ་ཡི༔ སློབ་བུ་རྡོ་རྗེ་གཞོན་ནུ་ལ༔ དངོས་དང་གཟུགས་བརྙན་མཛའ་ན་མོ༔ འཁོར་ལོ་རྒྱས་འདེབས་ཡུམ་དུ་གསལ༔ མཁའ་གསང་ཕྱག་མཚན་ཟླ་ཉིའི་དབུས༔ ཨེ་ཝཾ་ཡི་གེའི་འཕྲོ་འདུ་ལས༔ མཉམ་སྦྱོར་བདེ་བའི་ཡེ་ཤེས་སྒྲས༔ རྒྱལ་མཆོད་སེམས་ཅན་ལས་སྒྲིབ་སྦྱངས༔ བྱང་སེམས་དཀར་དམར་དབབ་ལྡོག་གིས༔ དགའ་བཞིའི་རྟོག་བྲལ་དོན་ལ་བལྟ༔ འདོད་ཆགས་སོར་རྟོག་ཡེ་ཤེས་ལས༔ ཐ་མལ་སྣང་ཞེན་སྒྲིབ་ཅན་ཡིན༔ རྡོ་རྗེ་བླ་མས་ཚིག་འདིས་བསྐུལ༔ ཨེ་མ་ཧོ༔ ཡུལ་དྲུག་སྣང་བ་ཡུམ་གྱི་རང་བཞིན་ལ༔ རྣམ་ཤེས་ཚོགས་དྲུག་དཔའ་བོས་མཉམ་སྦྱོར་ནས༔ བདེ་གསལ་མི་རྟོག་སྟོང་པའི་ཡེ་ཤེས་ཆ༔ ད་ལྟ་མངོན་སངས་རྒྱས་པའི་ཐབས་ཟབ་མོ༔ བདག་གིས་དབང་བསྐུར་ཁྱོད་ཀྱིས་བརྩོན་པར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཆགས་ཅན་ལ་ནི་དངོས་རིག་སྦྱིན༔ བརྟེན་ཚུལ་རྒྱུད་སྡེའི་གནད་ལས་ཤེས༔ དེས་ནི་སེམས་ཀྱི་སྒྲིབ་པ་དག༔ གསལ་སྟོང་ཆོས་སྐུའི་རྒྱལ་སྲིད་ལ༔ དཀའ་ཚེགས་འབད་རྩོལ་མ་ལྟོས་པར༔ རང་དབང་རང་ཐོབ་གདམས་པའོ༔ དེ་ནས་ཚིག་གི་དབང་ལ་ནི༔ སྒྲུབ་རྫས་མི་དགོས་མཉམ་བཞག་ངང༔ དཔོན་སློབ་གཉིས་ཀས་བཞག་པའི་དོན༔ གཉིས་འཛིན་བྲལ་བའི་རང་ཞལ་བལྟ༔ བླ་མས་དབྱངས་ཀྱིས་འདི་སྐད་བརྗོད༔ ཨེ་མ་ཨེ་མ༔ འཁོར་འདས་ཞེས་བྱ་བ་ནི་ངོ་བོ་གཅིག་པ་ལ༔ གཟུང་འཛིན་གྱི་དབང་གིས་ཐ་དད་དུ་སྣང་བའོ༔ ཀུན་གཞི་ནི་ཆོས་ཀྱི་སྐུ་དང་ཐ་མི་དད་ཀྱང་ཤིན་ཏུ་ཕྲ་བ་བག་ཆགས་སྣ་ཚོགས་པས་སེམས་ཅན་གྱི་འཁྲུལ་གཞིར་གྱུར་པའོ༔ ཀུན་གཞིའི་རྣམ་པར་ཤེས་པ་ནི་ལོངས་སྤྱོད་རྫོགས་པའི་ཡེ་ཤེས་དང་ཐ་མི་དད་ཀྱང༔ ཡུལ་ཤེས་པ་ཙམ་གྱི་གསལ་ཆ་དང་ལྡན་པས་གཟུགས་ཁམས་ཀྱི་བག་ཆགས་ཡོད་པའི་རྟེན་དུ་གྱུར་པའོ༔ ཉོན་ཡིད་སྒོ་ལྔའི་རྣམ་ཤེས་དང་བཅས་པ་སངས་རྒྱས་སྤྲུལ་པའི་སྐུ་དང་ཐ་མི་དད་ཀྱང་སྣང་ཡུལ་འཛིན་པས་བཅིང་བས་འགྲོ་དྲུག་གི་བག་ཆགས་སྣ་ཚོགས་ཡོད་པའོ༔ དེའི་ཕྱིར་ན་ཐམས་ཅད་རྟོག་བྲལ༔ མཉམ་ཉིད་བློ་འདས་འཛིན་མེད་གུ་ཡངས་རང་ཤར་རང་གྲོལ་གཏད་མེད་རང་ཡན་ཆེན་པོར་ལྷོད་ཅིག༔ ཅེས་དྲན་བསམ་གྱི་འཕྲོ་འདུ་དང་བྲལ་བའི་ངང་ནས་ངོ་འཕྲོད་པར་བྱའོ༔ ངོ་བོ་ཉིད་སྐུའི་རྒྱལ་སྲིད་ལ༔ དགོད་འདི་ཆོས་སྐུའི་ཁྱད་ཆོས་སྟེ༔ ད་ལྟ་གཞི་ནས་འབྲས་བུ་ནི༔ མངོན་དུ་བྱེད་པའི་ཐབས་མཆོག་གོ༔ དེ་ནས་རྡོ་རྗེ་སློབ་བུ་ལ༔ དཔལ་ཆས་ཡོངས་རྫོགས་སྦྱིན་པ་ལས༔ པདྨ་ཉི་ཟླ་རུ་ཏྲའི་གདན༔ ཚིག་འདིས་དབང་བསྐུར་གསལ་ཡང་གདབ༔ ཧཱུྃ༔ འདོད་ཆགས་རྟོག་པ་མ་སྤང་གེ་སར་སྟེང༔ ཞེ་སྡང་གཟུགས་ཁམས་གནས་དག་ཉི་ཟླའི་གདན༔ སྲིད་རྩེ་གཏི་མུག་ལྷ་ཆེན་ཕོ་མོ་བསྣོལ༔ དཔལ་ཆེན་ཆེ་མཆོག་དཔའ་བའི་གདན་དུ་རོལ༔ རྩ་སྔགས་ཤམ་བུར༔ པདྨ་སུརྱ་ཙནྟྲ་ཏི་ར་བམ་ཨ་བྷི་ཥིཉྩ་ཧཱུྃ༔ བགོ་བའི་གོས་གསུམ་ལུས་ལ་ཀླུབས༔ ཧཱུྃ༔ ཁྲོ་མཆོག་འདུས་པ་བཛྲ་ཀཱི་ལ་ཡ༔ འཇིགས་མཛད་དཔའ་བོ་རིག་པ་འཛིན་ཁྱོད་ལ༔ གླང་ཀོ་མི་ལྤགས་སྟག་ཤམས་འདི་གསོལ་བས༔ ཁམས་གསུམ་དྲེགས་པའི་ཚོགས་རྣམས་ཟིལ་མནན་ནས༔ སྐུ་གསུམ་ཡེ་ཤེས་མངོན་དུ་བྱེད་པར་ཤོག༔ ཧསྟི་ན་ར་བྱ་ཀྲི་ཝསྟྲི་ཨ་བྷི་ཥིཉྩ་ཧཱུྃ༔ བྱུག་པའི་རྫས་ཀྱིས་མངའ་གསོལ་ནི༔ ཧཱུྃ༔ ཐལ་ཆེན་ཚོམ་བུས་བྱད་མ་རྦོད་གཏོང་བཟློག༔ རཀྟའི་ཐིག་ལེས་མ་མོའི་རིམས་ནད་འཇོམས༔ ཞག་གི་ཟོ་རིས་འབྱུང་པོ་ཟིལ་གྱིས་གནོན༔ འཇིགས་མཛད་དཔའ་བོ་ཁྱོད་ལ་མངའ་གསོལ་བས༔ སྲིད་གསུམ་གདུག་པའི་ཚོགས་རྣམས་གཞོམ་པར་ཤོག༔ ཛྭ་ར་རཀྟ་ཀོ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུྃ༔ གདགས་པའི་རྒྱན་གཉིས་སྦྱིན་པ་ནི༔ ཧཱུྃ༔ ཐོད་སྐམ་དབུ་རྒྱན་རྒྱལ་བས་མངའ་གསོལ་རྟགས༔ མགོ་རློན་དོ་ཤལ་འདུ་བྱེད་གནས་ནས་སྟོང༔ སྦྲུལ་ནག་ཆུན་པོས་ཞེ་སྡང་དབྱིངས་སུ་གྲོལ༔ འཇིགས་མཛད་དཔའ་བོ་ཁྱོད་ལ་མངའ་གསོལ་བས༔ མ་རུང་གདུག་པའི་ཚོགས་རྣམས་འདུལ་བར་ཤོག༔ ཀ་པཱ་ལ་བྷནྡྷ་མུ་ཀུ་ཊ་ནཱ་ག་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་མེ་དཔུང་གཤོག་པ་སོགས༔ དཔལ་ཆས་རྣམས་ཀྱི་དབང་བསྐུར་ཏེ༔ ཧཱུྃ༔ རྡོ་རྗེའི་གཤོག་པ་དུས་གསུམ་འཕོ་འགྱུར་མེད༔ རིན་ཆེན་གཤོག་པ་དགོས་འདོད་རེ་བ་སྐོང༔ ཡེ་ཤེས་མེ་དཔུང་འཁོར་བའི་སྡུག་བསྔལ་བསྲེག༔ ཚད་མེད་མཆེ་བས་བདུད་བཞི་རྩད་ནས་གཅོད༔ བསེ་ཁྲབ་དམར་པོས་ཁམས་གསུམ་དབང་དུ་སྡུད༔ མི་སྐྲའི་ལན་ཚར་སྲིད་གསུམ་འབྱུང་པོ་འདུལ༔ འཇིགས་མཛད་དཔའ་བོ་ཁྱོད་ལ་མངའ་གསོལ་བས༔ ལས་ཉོན་འཁྲུལ་བའི་གདོན་ཚོགས་ཚར་གཅོད་ཤོག༔ ཨོཾ་བཛྲ་རཏྣ་ག་རུ་ཌ་ཛྭ་ལ་མེ་གྷ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ རུས་རྒྱན་དྲུག་གི་དབང་བསྐུར་ནས༔ ཧཱུྃ༔ ཕྱག་ཞབས་གདུ་བུ་ཕྲེང་བ་དོ་ཤལ་དང༔ སྙན་རྒྱན་དྲྭ་ཕྱེད་འཕྱང་འཕྲུལ་མཆོད་ཕྱིར་ཐོགས༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་འདིས༔ འཇིགས་མཛད་དཔའ་བོ་ཁྱོད་ལ་དབང་བསྐུར་བས༔ འགྲོ་དྲུག་སྡུག་བསྔལ་གནས་ནས་འཇོམས་པར་ཤོག༔ རྩ་སྔགས་ཤམ་དུ༔ ཀིང་ནི་རི་ཏི་ཨ་ལཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་བུ་གཙོ་བོའི་སྐུར་གསལ་ལ༔ ཕྱག་མཚན་རྟགས་ཀྱིས་མངའ་གསོལ་ནི༔ ཧཱུྃ༔ རྡོ་རྗེ་རྩེ་དགུས་ས་དགུའི་རྟོག་པ་འཇོམས༔ གྲི་གུག་འབར་བས་གཟུང་འཛིན་རྩད་ནས་གཅོད༔ ཁ་ཊཱཾ་རྩེ་གསུམ་དུག་གསུམ་གདོན་གསུམ་འདུལ༔ ཐོད་ཁྲག་འབར་བས་རྒྱུ་དྲུག་གནས་ནས་སྟོང༔ གནམ་ལྕགས་ཕུར་བས་དམ་སྲིའི་ཀླད་པ་འགེམ༔ འཇིགས་མཛད་དཔའ་བོ་ཁྱོད་ལ་མངའ་གསོལ་བས༔ ཕྱོགས་སྐྱོང་བཅུ་དང་རྒྱ་འདྲེ་འགོང་པོའི་གདོན༔ དྲག་ཤུལ་སྟོབས་ཀྱིས་འདུལ་བའི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་བྱང་གི་ཕུར་སྒྲོམ་ནི༔ བླང་ནས་སློབ་བུའི་ལག་ཏུ་གཏད༔ ཧཱུྃ༔ མི་མོ་ཆེན་མོ་སྲིན་མོ་གཡག་གདོང་སོགས༔ རུ་ཏྲའི་སྲིང་མོ་སླས་དང་བྱན་མོར་བཅས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔར་ཞལ་བཞེས་བཞིན༔ ཕུར་པ་སྒྲུབ་པའི་རིག་པ་འཛིན་འདི་ལ༔ ལས་བཞིའི་ཕྲིན་ལས་སྒྲུབ་པའི་མངག་གཞུག་གྱིས༔ དབང་ཕྱུག་ཉེར་བརྒྱ་སྔགས་ཤམ་དུ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕུར་སྲུང་བཅུ་དྲུག་གི༔ གཏོར་མ་སྨན་དང་རཀྟ་བྲན༔ ༼དཔལ་འབར་འཛུགས། མཆན།༽ དམ་ཅན་ཚོགས་རྣམས་སྤྱན་དྲངས་ཏེ༔ བྷ་ལིང་ཏ་དང་དབྱེར་མེད་བསམ༔ སློབ་བུའི་མགོར་བཞག་འདི་སྐད་བརྗོད༔ ཧཱུྃ་ཧཱུྃ༔ སྔོན་ཚེ་རྡོ་རྗེ་གཞོན་ནུའི་སྤྱན་སྔ་རུ༔ སྒྲུབ་པོའི་རྣལ་འབྱོར་སྐྱོང་བར་ཞལ་བཞེས་པའི༔ ཤྭ་ན་མུ་ཁ་ཆེན་མོ་མཆེད་སྡེ་བཞི༔ བདུད་གཟའ་ཀླུ་བཙན་བུ་མོ་ས་བདག་བཞི༔ འབྱུང་བཞིའི་ཁམས་ལ་དབང་བསྒྱུར་རེ་ཏི་བཞི༔ ཟ་གསོད་འཆིང་འདེབས་སྒྲོལ་གིང་སྐྱེས་བུ་བཞི༔ དམ་ལྡན་རྣལ་འབྱོར་སྒྲུབ་པོའི་གྲོགས་མཛོད་ལ༔ དམ་མེད་ལོག་འདྲེན་འབྱུང་པོ་ཆམ་ལ་ཕོབ༔ དམ་ཚིག་བཀའ་ལས་མ་འདའ་ས་མ་ཡཱ༔ འདས་ན་ཁྱོད་ཀྱང་བརླག་པར་གདོན་མི་ཟ༔ བཛྲ་ས་མ་ཡཱ་རཀྵན་ཏུ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་བཀའ་བགོ་ཕྲིན་བཅོལ་བྱ༔ དམ་བསྲེས་སློབ་བུར་བདུད་རྩི་བྱིན༔ ས་མ་ཡཱ༔ མཐའ་རྟེན་བསྒྲལ་དབང་བསྐུར་བ་ནི༔ རུ་པ་བྱ་ཞིང་དགྲ་བགེགས་ནི༔ གཟུགས་ལ་དགུགས་ཤིང་བསྒྲལ་ལས་ཀྱི༔ རིམ་པ་བློ་མཐུན་ཕུར་བས་གདབས༔ སློབ་བུས་གསལ་བ་གསུམ་ལྡན་གྱིས༔ དྲགས་སྔགས་སོ་ལྔའི་མཚོན་ཐུན་གདབ༔ ཤ་ཁྲག་བདུད་རྩིར་བྱིན་རླབས་ཏེ༔ མདུན་བསྐྱེད་སྒྲུབ་གཏོར་ལྷར་གསལ་ལ༔ དབུལ་ཞིང་ལྷག་མ་རང་གིས་མྱང༔ ཆད་ཐོ་བསྒྲགས་ཤིང་བསྟན་མ་སྐྱོང༔ རྗེས་ཀྱི་ལས་རིམ་སྤྱི་ལྟར་བྱ༔ བླ་མར་གཏང་རག་མཎྚལ་དབུལ༔ དམ་ཚིག་ཁས་བླང་དགེ་བ་བསྔོ༔ ཤིས་བརྗོད་ཚོགས་ཀྱི་དགའ་སྟོན་བྱ༔ ས་མ་ཡཱ༔ ཨེ་མ་ཤིན་ཏུ་ཡང་ཟབ་པའི༔ ལྷ་བསྒོམ་སྔགས་བཟླས་ཕྲིན་ལས་སྒྲུབ༔ ཀུན་གྱི་རྩ་བ་དབང་ལ་རག༔ དབང་དོན་ཡེ་ཤེས་ངོ་འཕྲོད་ཚེ༔ ལམ་མཆོག་གཞན་ལ་མ་ལྟོས་པར༔ རྟེན་འདིར་གྲོལ་བ་གདོན་མི་ཟ༔ རྒྱལ་བ་དགོངས་རིག་རྣ་བར་བརྒྱུད༔ བཀའ་བབས་ལུང་བསྟན་སྨོན་ལམ་ཐོབ༔ འབྱུང་བ་ཕལ་གྱི་བཅུད་ལས་ལྷག༔ དགོངས་གཏེར་ཟབ་མོ་ཌཱཀྐིའི་སྲོག༔ གསང་སྔགས་མོས་གུས་ཅན་རྣམས་ཀྱི༔ སྤྱོད་ཡུལ་ཡིན་ཕྱིར་དག་སྣང་ཆོས༔ བདེ་གཤེགས་རྒྱལ་བའི་བཀའ་ཡིས་གནང༔ ལྷ་དང་བླ་མས་ལུང་དུ་བསྟན༔ ཤེས་རབ་ཅན་གྱི་རིག་པས་འགྲུབ༔ རྩོད་ལྡན་རྒུད་པ་སེལ་བའི་གཏེར༔ ཕུར་སྲུང་དམ་ཅན་གཉེར་ཁ་གྱིས༔ ལས་འཕྲོ་ལྡན་པའི་དཔལ་དུ་ཤོག༔ གུ་ཧྱ༔ སྤྲང་བན་ལུང་རིག་གླིང་པ་ཡིས༔ དག་སྣང་ཉམས་ཀྱི་སྣང་བ་རུ༔ ཤར་བཞིན་ཐོལ་བྱུང་ཚུལ་དུ་སྨྲས༔ སྐལ་ལྡན་གཞན་ལ་ཕན་པའི་མིང༔ ལུང་ཟིན་སྐྱེས་བུས་ཡི་གེར་ཕབ༔ དགེ་བས་བདག་དང་འགྲོ་བ་ཀུན༔ བར་ཆད་བདུད་བཞིའི་གཡུལ་ལས་རྒྱལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག༔ སརྦ་ཛ་ཡནྟུ༔

དབང་ཕྱུག་ཉེར་བརྒྱད་སྔགས་བྱང་།

༄༅། བྱང་གི་ཕུར་སྒྲོམ་གཏད་པའི་རྗེས༔ དབང་ཕྱུག་ཉེར་བརྒྱད་སྔགས་བྱང་ནི། ཨོཾ་མ་ནུ་རཀྴ་སི་བྷྱོ༔ ཨོཾ་པྲ་ཧྨ་ཎི་བྷྱོ༔ ཨོཾ་རིའུ་དྲི་མ་བྷྱོ༔ ཨོཾ་བྷ་ན་བྷེ་བྷྱོ༔ ཨོཾ་ཀུ་མ་རི་བྷྱོ༔ ཨོཾ་ཨིནྟྲ་ཡ་ནི་བྷྱོ༔ ཨོཾ་སིངྷ་ཀཱ་ལ་ནི་བྷྱོ༔ ཨོཾ་ཨ་མྲྀ་ཏ་བྷྱོ༔ ཨོཾ་སེའུ་ནི་བྷྱོ༔ ཨོཾ་ཏ་ན་ཧཾ་བྷྱོ༔ ཨོཾ་རཀྴ་སཱི་བྷྱོ༔ ཨོཾ་བག་ཤ་སཱི་བྷྱོ༔ ཨོཾ་ར་དྲི་མ་བྷྱོ༔ ཨོཾ་རི་དྲི་རི་མ་དྲི་བྷྱོ༔ ཨོཾ་ཨེ་ཀ་ཙ་ར་མ་བྷྱོ༔ ཨོཾ་མ་ནུ་ཧ་ར་མ་བྷྱོ༔ ཨོཾ་སི་ཏི་ཀ་མ་བྷྱོ༔ ཨོཾ་བཱ་ཡ་བེ་བྷྱོ༔ ཨོཾ་མ་ཧཱ་མ་ར་ན་བྷྱོ༔ ཨོཾ་ཨགྣེ་ཡེ་བྷྱོ༔ ཨོཾ་པ་ར་ཧི་བྷྱོ༔ ཨོཾ་ཙ་མུན་དྲི་བྷྱོ༔ ཨོཾ་པུ་ཏ་ན་བྷྱོ༔ ཨོཾ་པ་ནི་བཛྲ་བྷྱོ༔ ཨོཾ་མ་ཧཱ་ཀ་ལི་ནི་བྷྱོ༔ ཨོཾ་ཙ་ཀ་ལ་བཛྲ་བྷྱོ༔ ཨོཾ་བཛྲ་བུམ་པ་ཀ་ལ་ར་ན་བྷྱོ༔ ཨོཾ་བཛྲ་ལཾ་པོ་ཏ་ར་ན་བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད།

བསྒྲལ་དབང་།

༄༅། བསྒྲལ་དབང་བསྡུས་པ། ན་མོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། མ་སྲིང་མཁའ་འགྲོ་རྒྱ་མཚོའི་བཀའ་བདེན་པ་དང་། ཆོས་སྐྱོང་བཀའ་བསྲུང་དམ་ཅན་རྒྱ་མཚོའི་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་ལྷག་བསམ་རྣམ་པར་དག་པའི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ། ཡུམ་ཆེན་འཁོར་ལོ་རྒྱས་འདེབས། ཡེ་ཤེས་བྱ་ཁྱུང་རྒྱལ་པོ། རིགས་བདག་ཨརྠ་སིདྡྷི། སྲས་མཆོག་ཀཱི་ལ་རིགས་བཞི། བདུད་འདུལ་ཁྲོ་བོ་བཅུ། ཤེས་རབ་ཁྲོ་མོ་བཅུ། ཟ་བྱེད་ཕ་བཅུ། གསོད་བྱེད་མ་བཅུ། ཏ་ཀྲིཏ་སྒོ་བཞི་ཡབ་ཡུམ། དམ་ཅན་ལྕམ་དྲལ་བཅུ་དྲུག །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་ཕྲིན་ལས་ཕུར་པའི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་བཀའ་སྡོད་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་བསམ་ངན་སྦྱོར་རྩུབ་འཆང་བའི་དགྲ་བོ། དཀོན་མཆོག་དབུ་འཕང་སྨད་པའི་བསྟན་བཤིགས། གཏད་སེལ་ངག་མནན་བྱེད་པའི་བྱད་མ། བསམ་ངན་དུག་སྦྱོར་ཤོམ་པའི་དམ་ཉམས། རྐུན་སྣ་ཇག་ཤོམ་བྱེད་པའི་རྐུན་མ། རི་རྒྱ་ཀླུང་རྒྱ་བཀྲོལ་བའི་ཤན་པ། ཚེ་སྲོག་བླ་ལ་འཇབ་པའི་བགེགས་རིགས། ཐར་ལམ་བར་ཆད་བྱེད་པའི་དམ་སྲི། སྙིང་རླུང་སྨྱོ་འབོགས་གཏོང་བའི་རྒྱལ་གདོན། མི་ཕྱུགས་གཡང་ལ་རྐུ་བའི་བསེ་རག །ནད་གདོན་སྣ་འདྲེན་བྱེད་པའི་འདྲེ་མོ་སོགས་སྲིད་དང་ཞི་བའི་དཔལ་ལ་གནོད་པའི་དགྲ་བགེགས་གདུག་པ་ཅན་གྱི་བླ་སྲོག་རྣམ་པར་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་གླིང་བཞི་གླིང་ཕྲན། ཉི་ཟླའི་གོ་བར། ཆོས་བོན་སྲུང་མའི་སྐྱབས་འོག སྔགས་པ་ནུས་པ་ཅན་གྱི་གུར་ཁང་སོགས་སྲིད་གསུམ་འཇིག་རྟེན་གར་གནས་ཀྱང་སྐད་ཅིག་རང་དབང་མེད་པར་བྱིའུ་ཁྲས་བཤུར་བའམ་ཉ་མོ་སྲམ་གྱིས་དེད་པ། ཉེས་ཅན་བཙོན་དུ་ཁྲིད་པ་ལྟར་ཚེ་དང་བསོད་ནམས་དབང་ཐང་དང་དུས་ཀྱི་དབང་དུ་མ་བཏང་བར་ད་ལྟ་ཉིད་དུ་གཟུགས་ལིང་ག་འདི་ལ་ཁུག་ཅིག་ཛཿཛཿ ལན་གསུམ་གྱིས་འགུགས་གཞུག་བྱས་མཐར་འདི་སྐད་དོ། སྲས་མཆོག་ཆེན་པོ་བཛྲ་ཀཱི་ལ་ཡ༔ སྐུ་སྟོད་སྲིན་པོ་ཞལ་གསུམ་ཕྱག་དྲུག་རྔམས༔ ཕྱག་རྣམས་ཕུར་པ་འདྲིལ་ཞིང་དགྲ་ལ་འདེབས༔ སྐུ་སྨད་ཆུ་སྲིན་ཁ་ནས་ཕུར་དབལ་རྣོ༔ དུག་སྦྲུལ་ཆུན་པོས་བརྒྱན་ཅིང་མེ་ལྕེ་འབར༔ འབྲུག་སྟོང་སྒྲ་ལྡིར་གློག་སྟོང་འོད་དུ་འཁྱུགས༔ དགྲ་བགེགས་སྙིང་ལ་རེག་པས་ཚེ་བསོད་རྣམས༔ ནྲྀ་ཡི་རྣམ་པར་བསྡུས་ནས་བདག་ལ་ཐིམ༔ ཚེ་ཡི་གསོས་སུ་གྱུར་ཏེ་ཡར་ངོ་རྒྱས༔ རྣམ་ཤེས་ཨཱཿརུ་གསལ་བ་ཕཊ་ཀྱིས་འཕངས༔ འོག་མིན་ཞིང་དུ་རྡོར་སེམས་ཐུགས་ཀར་ཐིམ༔ ཕཊ༔

སྲི་མནན་བདེ་ཆེན་རྡོ་རྗེའི་རི་དབང་མགོ་སྤྲུལ་གྱིས་མཛད་པ།

༄༅། སྲི་ཅན་གདུག་པའི་ཚོགས་རྣམས་སྐྱེ་མེད་དབྱིངས་ཀྱི་བྲུབ་ཁུང་དུ་གནོན་པའི་ཐབས་ཟབ་མོ་བདེ་ཆེན་རྡོ་རྗེའི་རི་དབང་ཞེས་བྱ་བ་བཞུགས་སོ། །

༄༅། ཨོཾ་སྭ་སྟི། མཆོག་གསུམ་ཀུན་དངོས་རྩ་གསུམ་འདུས་པའི་དཔལ། །རབ་འབྱམས་ཞི་ཁྲོའི་དཀྱིལ་འཁོར་རྒྱ་མཚོའི་མགོན། །གསང་ཆེན་སྙིང་པོའི་སྟོན་མཆོག་ཧེ་རུ་ཀར། །རང་རིག་ངོ་བོར་ཤེས་པས་ལེགས་བཏུད་ནས། །མངོན་སྤྱོད་རོལ་པའི་ཕྲིན་ལས་གང་ལ་ཡང་། །སྦྱར་དུ་རུང་བའི་སྲི་གནོན་ལྷན་ཐབས་ཤིག །གཞུང་དང་མན་ངག་ཁུངས་བཙུན་དུ་མ་ནས། །ཉུང་གསལ་འཇུག་བདེར་བསྡུས་ཏེ་སྤེལ་བར་བྱ། །དེ་ལ་འདིར་བསྟན་པ་དང་འགྲོ་བའི་དོན་ཕུན་སུམ་ཚོགས་པ་ལ་བར་གཅོད་རྩོམ་པའི་སྲི་ངན་གྱི་རིགས་ཞི་བས་མི་འདུལ་བ་རྣམས་དྲག་པོའི་ལས་ཀྱིས་ལྡོག་མེད་ཨེ་ཡི་དབྱིངས་ཆེན་པོར་གནོན་པའི་རིམ་པ་འདི་ལ་གསུམ་ལས། དང་པོ་སྦྱོར་བའི་ལས་རིམ་ལའང་ལྔ། དེའི་དང་པོ་ལིང་ག་བཅའ་བ་ནི། དུག་ཤོག་དྲི་མས་མ་སྦག་པ་ལ་སྲི་ལིང་རིད་ཅིང་ཉམས་ཐག་པ། དབུས་མི་མགོ། གཡས་རྟ་མགོ། གཡོན་སྤྲེལ་མགོ། སྟེང་བྱ་མགོ་ཅན་རྐང་ལག་ལྕགས་སྒྲོག་ཏུ་བཅུག་པ་བྱ། སྙིང་ཁར་ནྲྀ་དང་ཏྲི་ཡིག་གི་མཐར། ཛ་དང་ཁྲམ་རིས་ཀྱིས་བསྐོར། དེའི་ཕྱི་རོལ་དུ་ཡིག་མགོ་ནང་དུ་བསྟན་ལ་མཇུག་ཕྱིར་འོང་བར་བྱས་ནས། བྱུར་སྲི་དམ་སྲི་རྙབ་པ་ལག་རིང་ཐམས་ཅད་ཏྲི་ཛ་མ་ར་ཡ་རྦད་ནན་ནན༔ སོགས་ནས། གླག་འགོང་ཐམས་ཅད་ཏྲི་ཛ་མ་ར་ཡ་རྦད་ནན༔ བར་བྲི། སྲི་གཟུགས་ཀྱི་མགོ་ཐོག་ནས་སླར་ཡིག་མགོ་ཕྱིར་བསྟན་ནས་མཇུག་ནང་དུ་སོང་བར་བྱས་ལ། ཨོཾ་བཛྲ་སརྦ་དུཥྚན་སོགས་ནས། ཨོཾ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན༔ བར་དང་། དེ་ནས། ཧཱུྃ་དམ་སྲི་བྱ་བའི་ལས་ངན་སྡིག་ཅན་ཁྱོད༔ ཞེས་པ་ནས། མནར་མེད་བཙོན་ཁང་ནག་པོའི་གནས་སུ་ཚུད༔ བར་བྲིས་ལ། སླར་ཡང་ཚིགས་བཞིར་ཛཿཧཱུྃ་བཾ་ཧོཿ དང་། དཔྲལ་བར་ནན་ནན། མིག་གཉིས་ལ་ལོང་ལོང་། རྣ་བར་འོན་འོན། སྣ་བུག་ལ་འཚུབ་འཚུབ། ཁ་ལ་ཆིངས་ཆིངས། ཡན་ལག་བཞི་ལ་ཆག་ཆག སྲིད་རྩ་ལ་ཆོད་ཆོད། རྐང་མཐིལ་གཉིས་ལ་ཡཾ་ཡཾ། ཞེས་པ་རྣམས་བྲིས་ལ། ཁྲམ་རིས་ཀྱིས་བསྐོར་ཞིང་ཁྲམ་འདེབས་བྱ། དེ་ལས་ཀྱང་ཤིན་ཏུ་རྒྱས་པ་དང་། ལྷག་པར་བསྡུས་པའི་བྲི་ཐབས་ནི་མན་ངག་གཞན་ནས་ཤེས་པར་བྱ་དགོས་སོ། །གཉིས་པ་མནན་ཐོད་བཅའ་བ་ནི། དམ་སྲི་གནོན་པ་ལ་ཕོང་གསུམ་གྱི་ཐོད་པ། གོད་སྲི་ལ་འཕར་སྤྱང་གི་ཐོད་པ། དུར་སྲི་ལ་ཝ་ཐོད། ཆུང་སྲི་ལ་ཆུང་གསུམ་གྱི་ཐོད་པ། སྲི་རིགས་སྤྱིར་གནོན་པ་ལ་ཁྱི་ཐོད་རྣམས་གང་ཡང་རུང་བ་ལ་དཔྲལ་བར་རྒན་པའི་རྒན་སྲི་ནན༔ གཞོན་པའི་གཞོན་སྲི་ནན༔ བྱིས་སྦའི་ཆུང་སྲི་ནན༔ ཞེས་དང་། འགྲམ་པ་གཡས་ལ། ཕོ་ཡི་ཕོ་སྲི་ནན༔ གཡོན་ལ། མོ་ཡི་མོ་སྲི་ནན༔ བྱ་བ་བྲིའོ། །གསུམ་པ་ལིང་གར་ཁྲུས་བྱ་བ་ནི། ཐོག་མར་རང་སྒྲིབ་སྦྱོང་ཕྱིར། རང་ཉིད་ཐ་མལ་སྤྱི་མགྲིན་སྙིང་ག་རུ། །རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་གསུམ་གསལ། །དེ་རྣམས་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །སྒོ་གསུམ་སྡིག་སྒྲིབ་མ་ལུས་དག་པར་གྱུར། །ཞེས་བརྗོད་ཅིང་བསམ་ལ། ཡིག་བརྒྱ་བཟླས། གནས་གསུམ་རྡོར་སེམས་སྐུ་ལས་འོད་འཕྲོས་པས། །རབ་འབྱམས་ཞིང་གི་རྒྱལ་ཀུན་མཆོད་པས་མཉེས། །གསང་གསུམ་བྱིན་རླབས་བསྡུས་ཏེ་གནས་གསུམ་ལ། །ཐིམ་པས་ཉེས་ལྟུང་བག་ཆགས་དྲི་མ་སྦྱངས། །ཁྱད་པར་ཕ་རོལ་བྱད་མའི་སྦྱོར་ངན་གྱིས། །གནོད་བྱས་ཉེས་ཚོགས་མ་ལུས་ཀུན་དག་གྱུར། །ཡིག་བརྒྱའི་མཐར། ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨ་ཧ་རཾ་ཨེ་ན་རཾ་བི་ན་རཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་བདུན་ནམ་ཉེར་གཅིག་བཟླ། སྨན་སྤོས་ཀྱི་ཆུར་བཏབ་ལ་བཏུང་ཞིང་ལུས་ལ་བྱུག་ལ་ཉེས་ཚོགས་ཐམས་ཅད་དག་པར་བསམ། དེ་ནས་ལིང་ཀའི་དྲི་མ་སྦྱོང་ཕྱིར། བྱེ་མ་གསེར་ལྡན་གྱིས་ཕྱི་ནང་ལེགས་པར་འཕུར་ཞིང་སྲིད་པའི་བྱེ་མ་འམ་གནས་རྟེན་གྱི་སས་ཞིང་ཁང་མལ་གསུམ་གྱི་ས་ཡིན། མཆན།བསྐོར་ཞིང་། ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། ལན་གསུམ། ཆུ་མིག་ལྐུགས་པའམ་མིའི་རྒྱུ་འགྲུལ་མེད་པ། མཆན། ཕུག་རྡུགས་ཀྱི་ཆུ་མཇུག་མེད། མཆན།ཆུས་འཐོར་ཞིང་། བཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། ལན་གསུམ། པྲ་རྐང་ངམ་ཤིང་ཚེ་ཟད་མེས་ཚིག་འཕྲོ་དབྱུག་པའམ་སྡོང་རུལ་མཆན། དམ་རྩྭ་ཚེ་ཟད་མཛོ་དྲེལ་སོགས་ཀྱི་ཟ་འཕྲོ་ཕྲོག་པ་མཆན།ཀྱི་མེས་བསྐོར་ཞིང་དུད་པས་བདུག་ལ། རཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། ལན་གསུམ། བྱ་རོག་དང་འུག་པའི་སྒྲོས་གཡབ་ཅིང་། ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། ལན་གསུམ། ལིང་ཀ་བར་སྣང་ལ་གཡུག་ཅིང་། ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཡེ་སྭཱ་ཧཱ། ལན་གསུམ་དང་། ཨཿརྐྱང་ཉེར་གཅིག་བརྗོད་མཐར། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་དྲི་མས་གོས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ཅེས་བརྗོད་ལ་ཐམས་ཅད་སྟོང་པར་བལྟའོ། །བཞི་པ་ལིང་ག་ཆས་སུ་གཞུག་པ་ནི། ལིང་ཤོག་གི་ཟུར་བཞི་ཉམས་པར་བྱས་ལ་སྲི་ལིང་གི་ནང་དུ་གསེར་དངུལ་ཟངས་ལྕགས་མུ་ཏིག་སོགས་ཀྱི་ལིང་སྙིང་དང་བཅས་ཏེ། ལིང་ག་ཤི་ལྤགས་ལྟར་དྲིལ་ཞིང་ཚོན་སྐུད་སྣ་ལྔའམ་བྱད་ཐག་སྔོ་དམར་གྱིས་བཅིངས་ནས་རང་ལ་མི་ལྡོག་ཅིང་ཕར་ལ་ཐེབས་པའི་ཕྱིར་ལིང་ག་མགོ་མཇུག་ཟློག་ནས། རང་འཐག་གི་སོ་ཕྱིར་བསྟན་པའི་ལྟེ་མིག་ཏུ་ཕྱི་ལོགས་སུ་ལན་བདུན་དྲངས་ཤིང་ངག་ཏུ། དགྲ་བགེགས་ཆེ་གེ་མོ་རྦད་རྦུད་ནྲྀ་ཏྲི་རྦད་རྦུད་ཡ༔ ཞེས་ལན་བདུན་བརྗོད། དེ་ནས་ལས་དེ་ཉིད་མི་འགྱང་བའི་ཕྱིར་དུ་ཕྱི་སྒོའི་མ་ཐེམ་གྱི་འོག་ཏུ་ནང་ནས་ཕྱིར་འདྲེན་ཅིང་། དགྲ་བགེགས་ཆེ་གེ་མོའི་སྲོག་ལ་ནྲྀ་ཏྲི་ལཾ་ནན་མ་ར་ཡ་རྦད་ནན༔ ལན་བདུན་བཟླས། ཁོའི་ཁ་རྗེ་ལྡོག་པའི་གནད་དུ་ཁྱིའི་སྦོ་འོག་ཏུ་དྲངས་ཤིང་། དགྲ་བགེགས་ཆེ་གེ་མོ་རྦད་རྨུག་རྦད་ཡ། ལན་བདུན་བྱ། དགྲ་བགེགས་ཚེ་ཟད་བརྒྱག་ཟད་ཀྱི་གནད་དུ་ཡག་ཤིང་གི་བུག་པར་བསྐོར་ཞིང་། སརྦ་རྦད་ཁ་ཤི་རྦད་ཁ་ཤི༔ ཞེས་ལན་བདུན། རང་དང་བསྲུང་བྱ་འཁོར་བཅས་ལ་མི་ལྡོག་པའི་ཆེད་དུ་རང་གི་རྒྱིད་ཁུང་གཡོན་པར་ཕྱིར་དྲངས་ཤིང་། ཨོཾ་བཛྲ་སརྦ་དུཥྚན་མ་ར་ཡ་བྷྱོ༔ དགྲ་བགེགས་ཆེ་གེ་མོ་སརྦ་ཤ་ཏྲུཾ་རྦད་རྦུད་སོད་ནན༔ ཞེས་ལན་བདུན་བྱ། དེ་ནས་དུག་སྣ་དང་ཁྲག་སྣས་བྲན་ཞིང་རྫས་ངན་གྱི་དུད་པས་བདུག་ལ། མི་ཁའི་རྫས་དང་ལྷན་ཅིག་མནན་ཐོད་དུ་བཅུག་གོ། ། ༧ དམ་ཅན་བཀའ་སྡོད་དྲེགས་པའི་ཚོགས་ཀྱིས་དམ་ཉམས་པའི་དགྲ་བོ་མཐའ་བཞིའི་དམག་དཔུང་རྒྱབ་བརྟེན་དང་བཅས་པའི་སྲིད་པ་རྩད་ནས་ཆོད་ཅིག བྱུར་ཐན་ཡམས་ཀྱི་ཆར་ཕོབ་ཅིག རང་གཤེད་རང་ལ་ཕོབ་ཅིག རང་སྲོག་རང་གིས་ཆོད་ཅིག རང་ཤ་རང་གིས་ཟོ་ཞིག རང་ཁྲག་རང་གིས་འཐུང་ཤིག རང་ཕུང་རང་གིས་སྒྲུབ་ཤིག ཕུང་བརླག་ཐལ་བར་ཐོངས་ཤིག རྗེས་མེད་རླུང་ལ་སྐུར་ཅིག་ཡ། ཅེས་སོགས་དམོད་བྱང་གང་འདོད་བྲི་འདོན་བྱ། ལྔ་པ་འབེན་དུ་བཀོད་པ་ནི། རང་དང་དཀྱིལ་འཁོར་གྱི་མདུན་ངོས་ཀྱི་འདབས་སུ། དྲག་པོའི་ས་སྣ་དང་བྱེ་མ་ལས་བྱས་པའི་ས་ཁོད་གྲུ་བཞི་ངོས་སྙོམས་པ། རོ་སོལ་གྱིས་ནག་པོར་བྱས་པའི་སྟེང་དུ་ཕོང་གསུམ་གྱིས་ལས་བྱས་པའི་བྲུབ་ཁུང་ཁ་ཁྱེར་བང་རིམ་གསུམ་པ་ངོས་རེར་ཁྲུ་གང་རེ་བ་ཟུར་གཅིག་ལྷོ་ནུབ་ཏུ་བསྟན་པ། ཕྱི་རོ་སོལ་དང་ནང་དུག་ཁྲག་གིས་བྱུགས་ཤིང་མཐའ་རྩང་དམར་གྱིས་བསྐོར་བའི་ནང་དུ་ལྕགས་ཁང་ངམ་རོ་གཡམ་གྱི་གཞི་ལ་སྔར་གྱི་མནན་ཐོད་ལིང་ག་ལྡན་པ་དེ་ཉིད་མཚུལ་བ་འོག་དང་། ཀླད་ཁུང་སྟེང་དུ་ཕྱོགས་པས་བཀོད་ལ། ཟུར་རྣམས་སུ་བཙོད་མཚུར་རམ་རུག་སོགས་མི་ཁའི་རྫས་དང་། རེ་བ་ནག་པོ། ཁྱི་སྤུ་དང་ར་སྤུའི་སྐུད་པ་སོགས་ཀྱང་བཞག་ལ། ལས་སྦྱོར་དངོས་ཀྱི་སྐབས་མ་གཏོགས་པར་འོག་ཏུ་རྡོ་རྗེ་རྒྱ་གྲམ་དང་། སྟེང་དུ་རི་རབ་གླིང་བཞི་བྲིས་པའི་རྡོ་ལེབ་དང་། ལིང་ཁེབ་ནག་པོས་བྲུབ་ཁུང་གི་ཁ་བཀབ་ལ་བྲུབ་ཁུང་གི་ནང་དུ་ཉི་ཟེར་དང་མར་མེའི་མདངས་དང་། བདུད་རྩིའི་ཟེགས་མས་མི་ཕོག་པར་བྱ། ལྷ་དབྱེའི་སྒྲོ་གཉིས་བྲུབ་ཁུང་གི་གཡས་གཡོན་དུ་བཙུག་གོ། །དེའི་སྟེང་དུ་ཤིང་གི་ཨེ་ཁྲོམ་ལ་བརྟེན་ནས་གོང་གནོན་གྱི་གཏོར་མ་ཞལ་མེ་མཚེ་ཡུངས་རྩང་དམར་གཏོར་གདུགས་སོགས་ཀྱིས་བརྒྱན་པ་བཤམས་པའོ། ། ༧ གཉིས་པ་ལས་སྦྱོར་དངོས་ལ་འཇུག་པ་ལ། དྲག་པོའི་ཕྲིན་ལས་གང་རུང་བཟླས་པའི་མཐའི་བར་གྲུབ་པའི་རྗེས་སུ། ཐུན་རྫས་སྣ་ཚོགས་སྐེ་ཚེ་ཤིང་ཚེ་ཡུངས་དཀར་ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་ཕོང་ས་དགུ་སོགས་ས་སྣ། མཛེ་དམེ་གྲི་སོགས་ཁྲག་སྣ། བཙན་དུག་སོགས་དུག་སྣ། བྲ་བོ་སྦང་སྐམ་རམ་བུ་ཉུང་ནག ཚིག་ཕྱེ་ལ་ཕུག ཁོག་མའི་དྲེག་པ་སོགས། མཆན།དང་། རྦབ་རྡོ། མཁར་གོང་། འདྲེ་ཆེན་གནས་པའི་ལུང་གསུམ་འདུས་མདོའི་རྡོ་རྣམས་ཁྲག་སྣས་སྦྲུས་པ་ལ། དྲག་སྔགས་སོ་ལྔ་པ་དང་། ལོག་ཏྲིའི་སྔགས་ཀྱི་ངར་གདགས། དེ་ནས་ལས་གཞུང་གི་མཆོད་བསྟོད་སོགས་བྱ་ཞིང་། བསྙེན་བསྟོད་ཀྱི་རྗེས་སམ། སྒྲོལ་ལས་ཀྱི་བར་མཐའ་འམ། བསྟན་གཏོར་སྐྱོང་བའི་རྗེས་སོགས་སུ། རབ་དུས་དྲུག འབྲིང་དུས་བཞི། ཐ་མའང་དུས་གསུམ་དུ་སྲི་ཅན་གནོན་པའི་ལས་རིམ་འདིར་བརྩོན་པར་བྱ་དགོས་ཏེ། དེ་ལ་ཡང་གསེར་སྐྱེམས། གཟུ་དཔང་། དམིགས་བྱ་གསལ་བ། དགུག་གཞུག་བྱ་བ། ལྷ་དང་དབྱེ་བ། མཐུ་དང་རྫུ་འཕྲུལ་འཕྲོག་པ། སྲི་གནོན་དངོས་ལ་འཇུག་པ། ཐུན་གྱིས་བྲབ་པ། ལྡང་མེད་དུ་གནོན་པ། ཐུན་གཏོར་འབུལ་བ། ཐམས་ཅད་མཁྱེན་པའི་ལམ་དུ་བསྒྱུར་བ་སྟེ་བཅུ་གཅིག་གིས་བསྟན་པས། དང་པོ་གསེར་སྐྱེམས་ནི། ཕུད་སྐྱེམས་བཤམས་ལ། རཾ་ཡཾ་ཁཾ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱ༔ཧཱུྃ། ཞེས་བྱིན་གྱིས་རླབས་ལ། ཧཱུྃ་ཧཱུྃ། སྐུ་གསུམ་ཀུན་དངོས་གུ་རུ་པདྨ་འབྱུང་། །བྱང་ཆུབ་རྡོ་རྗེ་འགྲོ་འདུལ་ལུང་རིག་གླིང་། །བཀའ་བབས་ཆོས་བདག་རྩ་རྒྱུད་བླ་མར་བཅས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །གུ་རུ་ཞི་དྲག་དགོངས་འདུས་གྲོ་བོ་ལོད། །ཆེ་མཆོག་ཡང་དག་གཤིན་རྗེ་པདྨ་དབང་། །རྡོ་རྗེ་གཞོན་ནུ་དྲེགས་འདུལ་སྟོབས་ལྡན་སོགས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །གསང་བ་ཡེ་ཤེས་རྡོ་རྗེ་རྣལ་འབྱོར་མ། །ཕག་མོ་ཁྲོས་ནག་བདུད་འདུལ་སེང་གེའི་གདོང་། །ཀུ་རུ་ཀུལླེ་འོད་ཟེར་ཅན་ལ་སོགས། ། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཕྱག་དྲུག་མགོན་པོ་རལ་གཅིག་དུད་སོལ་མ། །ཕུར་སྲུང་བཅུ་དྲུག་གཟའ་བདུད་ནོར་ལྷ་སོགས། །དགོངས་མཛོད་རྣམ་གསུམ་སྐྱོང་བའི་བསྲུང་མ་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་བསྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཅེས་ཕུལ་ལོ། གཉིས་པ་གཟུ་དཔང་ནི། ཧཱུྃ་ཧཱུྃ། མི་མངོན་དབྱིངས་ནས་དཀོན་མཆོག་གཟུ་དང་དཔང་། །རྩ་གསུམ་མཁའ་འགྲོ་ཆོས་སྐྱོང་དགོངས་སུ་གསོལ། །བདག་ནི་ཡང་དག་ངེས་པའི་རྣལ་འབྱོར་དེ། །སྒོ་གསུམ་རྒྱལ་བའི་བཀའ་ལྟར་དང་བླངས་ཀྱང་། །ཉམས་པའི་དགྲ་བོ་ལས་ངན་སྡིག་ཅན་འདིས། །བྱང་ཆུབ་སྒྲུབ་པའི་ཆོས་ལ་བར་བཅད་ཅིང་། །དང་པོ་སངས་རྒྱས་བསྟན་པ་གཉན་པོ་བཤིགས། །བར་དུ་གསང་སྔགས་ཐེག་པའི་དམ་ཡང་བཀྲལ། །ད་ལྟ་བསྒྲུབ་པའི་རྣལ་འབྱོར་བདག་ལ་བསྡོས། །བསྒྲལ་བའི་ཞིང་བཅུ་ཚང་བ་འདི་ཡིན་པས། །རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །མ་གཡེལ་མ་གཡེལ་ཕྲིན་ལས་དུས་ལ་བབས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེ་ཡོངས་ཀྱིས་ཆོད། །ཟ་གསོད་སྤྲུལ་པས་དམ་ཉམས་དགྲ་བགེགས་སྒྲོལ། །ཧཱུྃ་བདག་ནི་སངས་རྒྱས་བསྟན་པའི་སྒོར་ཞུགས་ཤིང་། །རྩ་གསུམ་ལྷ་ཚོགས་བརྟེན་ཅིང་མཆོད་དེ་བསྒྲུབས། །དེ་རིང་དམ་ཉམས་དགྲ་བོས་བར་དུ་བཅད། །རེ་ཞིང་ལྟོས་པའི་ལྷ་ཚོགས་ར་མདར་བསྐུལ། །དབང་མནོས་དམ་ཚིག་བསྲུང་བ་དོན་མ་ཆུང་། །བསྙེན་སྒྲུབ་ལྷ་ཚོགས་བརྟེན་པ་ཆུད་མ་གསོན། །ཆོས་སྐྱོང་བསྲུང་མ་རྣམས་ཀྱང་མཐུ་མ་ཆུང་། །བརྒྱུད་པའི་རིག་འཛིན་བསྲུང་མ་རྩལ་མ་ཞན། །ཡུལ་ལྷ་གཞི་བདག་རྣམས་ཀྱང་བང་མ་བུལ། །བདུད་དང་མུ་སྟེགས་ལོག་འདྲེན་མཐའ་བཞིའི་དམག །ཁྱད་པར་ཀླ་ཀློ་ལ་སོགས་བསྟན་པའི་སྲི། །དམེ་སྲི་གྲི་སྲི་ནད་མུག་མཚོན་གྱི་སྲི། །ཟ་འདྲེ་ཕུང་སྲི་ལ་སོགས་ཡུལ་གྱི་སྲི། །རྒན་སྲི་གཞོན་སྲི་ཆུང་སྲི་ཡོད་མེད་སྲི། །གོད་སྲི་ཕོ་མོའི་སྲི་སོགས་སྒོས་ཀྱི་སྲི། །བྱད་ཕུར་རྦོད་གཏོང་འཇིགས་དང་དུས་མིན་འཆི། །བར་གཅོད་དམ་སྲི་ལ་སོགས་རྣལ་འབྱོར་སྲི། །སྔོན་ལས་འཕྲལ་རྐྱེན་ལས་བྱུང་སྲི་རིགས་ཀུན། །མངོན་སྤྱོད་ལས་ཀྱིས་དབྱིངས་སུ་གནོན་པར་མཛོད། །ཅེས་བརྗོད། གསུམ་པ་དམིགས་བྱ་གསལ་བ་ནི། ཧཱུྃ་ཧཱུྃ། ཁྲག་འཐུང་དཀྱིལ་འཁོར་ཆེན་པོའི་མདུན་གྱི་གཞིར། །ཨེ་ལས་ལྕགས་ཁང་ནག་པོ་གྲུ་གསུམ་པ། །ཁ་ཏོག་མཐིལ་ཡངས་ཟིན་པས་ཐར་མེད་གནས། །ཕྱི་ནས་ཞེ་སྡང་ལས་གྲུབ་མེ་འབར་ཞིང་། །ནང་ནས་འདོད་ཆགས་རང་བཞིན་ཁྲག་ཟིལ་ཅན། །འཇིགས་ཤིང་སྐྱི་གཡའ་གཤིན་རྗེའི་བཙོན་ཁང་དབུས། །བྲུབ་དོང་མནན་ཐོད་གཏི་མུག་མུན་འཐིབ་ནང་། །སྡང་དགྲ་གདོན་བགེགས་ཟ་འདྲེ་ཕུང་བྱེད་སྲི། །ཐམས་ཅད་འདུས་པའི་དམིགས་ཡུལ་གདུག་པ་འདི། །ལུས་ཀྱི་སྟོབས་ཉམས་སེམས་མྱོས་ཉམས་ཐག་གཟུགས། །རྐང་ལག་ལྕགས་སྒྲོག་འབར་བས་དམ་དུ་བཅིངས། །རྣམ་སྨིན་ཉམས་སུ་མྱོང་བཞིན་འཁོད་པར་གྱུར། །བདག་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་སོགས། །མཚོན་ཆ་ཐོགས་པའི་ཕོ་ཉ་མང་སྤྲོས་ཏེ། །བསྟན་དང་འགྲོ་ལ་གནོད་པའི་ཕུང་སྲི་ཀུན། །རང་དབང་མེད་པར་སྐད་ཅིག་དེ་ཉིད་ལ། །བཀུག་ནས་མགོན་སྐྱབས་ལྷར་བྲལ་གཟུགས་ལ་བསྟིམ། ཞེས་བརྗོད་ཅིང་བསམ་མོ། །བཞི་པ་དགུག་གཞུག་བྱ་བ་ལ། བདེན་པའི་སྟོབས་ཀྱིས་དགུག་པ་དང་། འགུགས་སྔགས་བཟླ་བ་གཉིས་སུ་ཡོད་པ་ལས། ཐོག་མར་བདེན་སྟོབས་ཀྱིས་དགུག་པ་ནི། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ལ། ན་མོ། རིག་འཛིན་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། །སྐུ་གསུམ་རྩ་གསུམ་མཆོག་གསུམ་རྒྱ་མཚོའི་ཚོགས་མ་ལུས་པའི་བདེན་པ་དང་། གསང་སྔགས་དང་རིགས་སྔགས། གཟུངས་སྔགས་དང་སྙིང་པོ། ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པ་དང་། ཆོས་ཉིད་རྒྱུ་འབྲས་བསླུ་བ་མེད་པའི་བཀའ་བདེན་པ་དང་། ཁྱད་པར་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཞེས་སམ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་ཞེས་སོགས་བསྒྱུར་ལ། ཆེ་གེ་མོའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། དཔལ་མགོན་མ་ནིང་ནག་པོ། སྔགས་སྲུང་ཨེ་ཀ་ཙ་ཊི། དཔལ་ལྡན་དུད་སོལ་ལྷ་མོ་ལ་སོགས་པའི་བསྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། དམ་ལྡན་སྔགས་འཆང་རྣལ་འབྱོར་པ་བདག་གི་སྔགས་དང་ཏིང་ངེ་འཛིན་གྱི་བདེན་པ་དང། བདེན་པ་ཆེན་པོ་དེ་རྣམས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས། བསྟན་དང་འགྲོ་བའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། རྣལ་འབྱོར་ཡོངས་ཀྱི་སྒོས་དགྲ། བསྟན་པ་བཤིག་པའི་དམ་ཉམས། བསྟན་ཞབས་སྡུད་པའི་ཀླ་ཀློ་ལ་སོགས་པ། བདུད་དང་ལོག་འདྲེན་བར་ཆད་དམ་སྲི་འབྱུང་པོ་བསྒྲལ་བའི་ཞིང་དུ་གྱུར་པ་དང་། ཉམས་པ་བདུན་ལ་གཏོགས་པ་ཐམས་ཅད་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་རྣམས་ལ་བསམ་པ་ངན་ཞིང་། སྦྱོར་བ་རྩུབ་པ། ནད་དང་གདོན་གྱི་སྣ་འདྲེན་པ་སོགས་གནོད་ཅིང་འཚེ་བར་བྱེད་པའི་ཕུང་བྱེད་འབྱུང་པོ་སྲི་རིགས་ལོག་པར་འདྲེན་པ་ཐམས་ཅད་སྐད་ཅིག་ཉིད་ལ་གཟུགས་བྱང་ལིང་ཀ་འདི་དང་གཉིས་སུ་མེད་པར་ཁུག་ཅིག རྩ་སྔགས་དང་། སརྦ་བིགྷྣན་ཤ་ཏྲུཾ་ནྲྀ་ཏྲི་བཛྲ་ཨང་ཀུ་ཤ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ། ཞེས་ལན་གསུམ་བདུན་ཉེར་གཅིག་སོགས་སྐབས་དང་བསྟུན་ལ་བརྗོད། གཞན་ཡང་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པའི་སྲི་འགུགས་ཚིགས་བཅད་མ་དེ་ཉིད་སོགས་གཞན་ནས་བྱུང་བའི་འགུགས་གཞུག་ཀྱང་སྤྲོ་ན་བྱ། དེ་ནས་སླར་ཡང་འགུགས་སྔགས་བཟླ་བ་ནི། དཀྱིལ་འཁོར་གསུམ་ལས་ཕོ་ཉ་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་དམ་སྲི་ཕུང་སྲི་གོད་སྲི་སོགས་སྲི་རིགས་ཐམས་ཅད་གར་གནས་ཀྱང་སྐད་ཅིག་གིས་རང་དབང་མེད་པར་ལིང་ག་ལ་བསྟིམ་ནས་བསྡམ་བཅིངས་མྱོས་པར་བྱས་ཤིང་རྒྱབ་བརྟེན་དང་བྲལ་བར་གྱུར་བར་བསམ་ལ། རྩ་སྔགས་མཐར། གནོད་བྱེད་དམ་སྲི་ཕུང་སྲི་ན་སྲི་ཤི་སྲི་དུར་སྲི་དགྲ་སྲི་གོད་སྲི་སོགས་སྲི་རིགས་ཐམས་ཅད་ཛཿཧཱུྃ་བཾ་ཧོ༔ སྲི་ངན་གྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ། ཤ་མ་རུ་ཏི་ཐུམ་ཐུམ། མྱོག་མྱོག་ཡེད་ཡེད་ཤ་མ་རུ་ཏི་ཁུག་ཁུག ལིང་མྱོག་ལིང་ཤ་ལིང་ཐུམ། ཙ་མུནྚི་ཛ༔ཧཱུྃ་བཾ་ཧོ༔ ཞེས་པ་ལྔ་བཅུའམ་བརྒྱ་རྩ་སོགས་ཁུག་རྟགས་མ་གསལ་བར་དུ་ནན་ཏན་གྱིས་ཡང་ཡང་བརྗོད་ཅིང་དམིགས་པ་གསལ་བར་བྱའོ། །ལྔ་པ་ལྷ་དང་དབྱེ་བ་ནི། བྱ་རོག་དང་འུག་པའི་སྒྲོས་བྱབ། ཡུངས་དཀར་ནག་གིས་བྲབ་ཅིང་། ཧཱུྃ་ཧཱུྃ་བྷྱོ༔ བཀའ་ཉན་ཆེན་པོ་ཕྲ་མ་མཁན། །གདུག་ཅིང་སྡང་སེམས་ལྡན་པ་དང་། །དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས། །འགོ་བའི་ལྷ་དང་ཕྲལ་བར་གྱིས། །དམ་ཉམས་དགྲ་བགེགས་སྡིག་ཅན་འདིའི། །དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོལ། །སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ། །ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ། །མ་ལྷ་གསང་བའི་གནས་ནས་ཕྲོལ། །ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ། །ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ། །རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ། །བན་བོན་ལ་སོགས་འགོ་བའི་ལྷ། །ལུས་ཀྱི་གནས་རྣམས་ཀུན་ནས་ཕྲོལ། །བྷྱོཿ ཁ་ཁ་མུ་ཁ་མཐུ་མོ་ཆེ། །མཐིང་ནག་ཆེན་མོ་བྱ་རོག་དབུ། །ཉིན་གྱི་ལས་མཛད་རྫུ་འཕྲུལ་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བྷྱོཿ ཧུ་ལུ་མུ་ཁ་མཐུ་མོ་ཆེ། །སེར་ནག་ཆེན་མོ་འུག་པའི་དབུ། །མཚན་གྱི་ལས་མཛད་དྲག་ཤུལ་ཅན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུག །དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག །གཉེན་དང་ཉེ་དུ་ཕྲོལ་ལ་ཤོག །བུ་དང་བུ་མོ་ཕྲོལ་ལ་ཤོག །ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག །མངོན་སྤྱོད་དྲག་པོས་རྡུལ་དུ་རློགས། །ཞེས་བརྗོད་པས། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཕོ་ཉ་ལྷ་དང་དབྱེ་བའི་ཕྲ་མ་མཁན་སྤྲུལ་པ་ཡང་སྤྲུལ་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་པས་ཡིད་ལ་བརྣག་པའི་དགྲ་བགེགས་རྣམས་བསྲུང་སྐྱོབས་བྱེད་པའི་ལྷ་བསྲུང་ཐམས་ཅད་ན་བུན་རླུང་གིས་གཏོར་བ་ལྟར་བསྐྲད་ནས་ཉམས་པ་དེ་ཉིད་སྐྱབས་དང་བྲལ་ཏེ། མགོན་མེད་ཉམ་ཐག་རེད་ཅིང་འདུག་པར་བསམ་ལ། གུ་གུལ་ནག་པོ། ཁྱི་ནག་གི་ལུད། ལྷྭམ་འབོལ། རྟ་བོན། གླང་ནག་གི་རྭ་རྣམས་ཀྱི་དུད་པས་བདག་དང་དཀྱིལ་འཁོར་ལ་ཧ་ཅང་མ་ཕོག་པར་བདུག་ཅིང་། རྩ་སྔགས་ཀྱི་མཐར། མ་མ་དྲག་རུ་ཏྲ་མ་ར་ཡ་ཕྱེས་ཕྱེས། ཨ་ནྲྀ་ཏྲག་རཀྴ་མ་ར་ཡ་ཕྱེས་ཕྱེས། ཞེས་མང་དུ་བརྗོད་པས་དབྱེའོ། །དྲུག་པ་མཐུ་དང་རྫུ་འཕྲུལ་དབྲོག་པ་ལ། དངོས་དང་རྗེས་འབྲེལ་གཉིས་ལས། ཐོག་མར་གོང་བཞིན་སྔར་གྱི་དབྱེ་རྫས་ཀྱིས་བདུག་ཅིང་། ཧཱུྃ་ཧཱུྃཿ གཉེན་པོ་ཀུན་བྲལ་བདུག་པའི་རྫས། །གུ་གུལ་ནག་པོའི་དུད་པ་འདི། །དམ་སྲི་འབྱུང་པོའི་སྣར་བདུག་པས། །མཐུ་དང་རྫུ་འཕྲུལ་ཉམས་པར་ཤོག །ཁྱི་བྲུན་ལྷྭམ་འབོལ་རྟ་བོན་དང་། །གླང་ནག་རྭ་ཡི་དུད་པ་ཡིས། །སྲི་ཅན་མཐུ་དང་རྫུ་འཕྲུལ་ཀུན། །འཕྲོགས་ཤིང་ལྷག་མེད་བརླག་གྱུར་ཅིག །ཅེས་དང་། རྩ་སྔགས་མཐར། བྷེ་ཤ་ཡ་བྷེ་ཤ་ཡ་དྲག་རཀྴ་དགྲ་བགེགས་དམ་སྲི་འབྱུང་པོའི་སྐྱོབས་བྱེད་ལྷ་སྲུང་མཐུ་དང་རྫུ་འཕྲུལ་ཐམས་ཅད་མ་ར་ཡ་ཕྱེས་ཕྱེས། ཞེས་བརྗོད། སླར་ཡང་དེ་དང་རྗེས་འབྲེལ་དུ་འགུགས་ཤིང་གཟིར་བའི་སྔགས་བཟླ་བ་འཐད་པར་སྣང་ཕྱིར་འདི་ལྟར་བྱ། ཧཱུྃ་ཧཱུྃཿཛ༔ ཕུང་སྲི་བྱ་བའི་ལས་ངན་སྡིག་ཅན་ཁྱོད། །ཚེ་རབས་སྔ་མའི་ལས་དང་བག་ཆགས་ཀྱིས། །བསྟན་དང་འགྲོ་ལ་གནོད་བསྒྲུབ་བར་ཆད་བརྩམས། །ཁྱད་པར་རྡོ་རྗེ་སློབ་དཔོན་འཁོར་བཅས་དང་། །བདག་གིས་བསྲུང་བྱར་གྱུར་པའི་སྦྱིན་བདག་འདིར། །སྡང་བའི་དགྲ་བྱས་གནོད་པའི་བགེགས་ཀྱང་བྱས། །ཟ་བའི་འདྲེ་བྱས་ཕུང་བའི་སྲི་ཡང་བྱས། །དེ་ཕྱིར་གདུག་ཅིང་སྡང་སེམས་ལྡན་པ་ཁྱོད། །ཞིང་བཅུ་ཀུན་ཚང་བསྒྲལ་བྱ་དངོས་ཡིན་པས། །གཞན་དང་ནོར་གྱིས་དོགས་ནས་མིང་རུས་བཀོད། །བརླག་གིས་དོགས་ནས་གཟུགས་བརྙན་ལིང་གར་བྲིས། །ཟག་གིས་དོགས་ནས་སྐྱེན་པོའི་ཐོད་པར་བཅུག །རྫུ་འཕྲུལ་བརླག་ཕྱིར་གཟིར་ཕྲོག་སྔགས་ཀྱིས་གཅུན། །རྒྱབ་བརྟེན་ཕྲལ་ཕྱིར་དམེ་རྫས་དུད་པས་བདུག །དབང་མེད་འགུགས་ཕྱིར་སྤྲུལ་པའི་ཁྲོ་ཚོགས་བཀྱེ། །དེ་ཕྱིར་ད་ལྟ་གནས་འདིར་མཆིས་པར་གྱུར། །ཞེས་བརྗོད་ལ། གོང་བཞིན་འགུགས་སྔགས་མང་དུ་བཟླ་ཞིང་། སླར་ཡང་རྩ་སྔགས་མཐར། ཨོཾ་སརྦ་ན་ཏྲི་ནི་ཧཱུྃ་ཛ༔ ནི་ཏྲི་ནི་ཧཱུྃ་ཛ༔ ཤནྟྲི་ནི་ཧཱུྃ་ཛ༔ ཀ་ཏྲི་ནི་ཧཱུྃ་ཛ༔ སུ་ཏྲི་ནི་ཧཱུྃ་ཛ༔ དནྟྲི་ནི་ཧཱུྃ་ཛ༔ གནོད་བྱེད་དམ་སྲི་དགྲ་སྲི་དུར་སྲི་གོད་སྲི་སོགས་ཕུང་བར་བྱེད་པའི་སྲི་རིགས་ཐམས་ཅད་ཀྱི་སྲོག་ལ་ཏྲི་མ་ར་ཡ་ཧཱུྃ་ནན༔ ཞེས་ཅི་ནུས་སུ་བཟླའོ། །བདུན་པ་སྲི་གནོན་དངོས་ལ་འཇུག་པ་ནི། བྱུར་སྲི་མནན་པའི་དམིགས་པ་མི་ཁུར་མ་ལྟར། བྲུབ་དོང་ནང་དུ་སྲི་ངན་ཕོ་མོའི་ཚོགས། །ཀུན་འདུས་ངོ་བོ་འདྲེ་གཟུགས་ལུས་རིད་པ། །དབུས་མི་གཡས་རྟ་གཡོན་སྤྲེལ་སྟེང་བྱའི་མགོ། །མགོན་མེད་སྐྱབས་བྲལ་ཉམས་ཐག་གྱུར་པའི་སྟེང་། །བདག་མདུན་ཐུགས་ལས་ཁྲོ་མཚོན་ཐུན་རྫས་ཆར། །གྲངས་མེད་འཕྲོས་པས་དགྲ་དང་བགེགས་རྣམས་ཀྱི། །བླ་སྲོག་བཀུག་བསྟིམ་དྲག་ཏུ་རབ་བརྡེགས་པ། །སྒོ་གསུམ་སྲོག་བཅས་གཞོབ་བསྲེག་དམྱལ་ཁམས་འབར། །གཟིར་ཞིང་རྡུལ་ཕྲན་སིལ་བུར་རབ་གཏོར་ནས། །བག་ཆགས་སྣང་གཟུགས་དབང་པོའི་སྒོ་རྣམས་ཀུན། །གནམ་ལྕགས་རི་རབ་དུག་མཚོན་དྲག་སྔགས་ཀྱི། །རང་བཞིན་བཞུ་བླུགས་འབར་བས་ཡོངས་སུ་མནན། །གནས་ལྔར་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བར་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱིས། །མཚན་པ་རེ་དང་ཚིགས་བཞིར་རྒྱ་གྲམ་རེ། །ལྕི་ཞིང་སྲ་འཐས་གྱུར་པ་རེ་རེ་ཡིས། །སྒོ་གསུམ་བསྒུལ་བསྐྱོད་སྨྲ་བསམ་མེད་པར་བསམ། །སྟེང་ནས་བདུད་འདུལ་ལྷ་ཚོགས་རྔམ་བྲོ་འཁྲབ། །ནམ་ཡང་ལྡང་མེད་ཆེན་པོ་ཉིད་དུ་གྱུར། །ཞེས་བསམ་ལ། རྩ་སྔགས་སམ་དྲག་སྔགས་སོ་ལྔ་པའི་མཐར། བྱུར་སྲི་དམ་སྲི་བརྙབ་པ་ལག་རིང་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བྱུར་སྲི་དམ་སྲི་ཡམ་ཤུད་དམར་པོ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བྱུར་སྲི་དམ་སྲི་ཐེའུ་རིང་སྟོང་འཁྲུགས་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བྱུར་སྲི་དམ་སྲི་བསེན་མོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ རག་མོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཡག་མོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཤོ་ན་མ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ གསོན་འདྲེ་མོ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ བསེ་རག་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཆུང་འདྲེ་ཆུང་སྲི་མོ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ཕུང་འདྲེ་ཕུང་སྲི་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ འཁོན་འདྲེ་འཁོན་སྲི་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ དམ་སྲི་འགོང་པོ་སྤུན་དགུ་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ གནོད་བྱེད་དམ་སྲི་ཕུང་འདྲེ་ཕུང་སྲི་བྱུར་འདྲེ་བྱུར་སྲི་གྱོད་འདྲེ་གྱོད་སྲི་གོད་འདྲེ་གོད་སྲི་ནད་འདྲེ་གདོན་བགེགས་གླག་འགོང་ཐམས་ཅད་ཏྲི་ཛ་མཱ་ར་ཡ་རྦད་ནན་ནན༔ ༧ ཨོཾ་བཛྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་དཱ་ཧ་པ་ཙ་ཧཱུྃ༔ གནོད་བྱེད་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཨོཾ་བཛྲ་ལོག་ཏྲི་པ་ལ་ནན༔ ས་ག་པ་ཤ་ནན༔ ན་ག་དུ་དུ་ནན༔ མ་མཾ་མ་མཾ༔ ཙི་ཙ་ར་ཙི་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ༔ རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ གནོད་བྱེད་ཙི་ཏུ་སོད་ཙི་ཏུ་སོད༔ ལུས་ཤིག་ལྷུ་རུ་གཏུབ༔ ཧ་ལ་པ་ཏྲི་རྦད་ནན་འཁོར་བ་ཐུལ་ཀཱ་ཡ་ཝཱཀྐ་ཙིཏྟ་རླག་རླག༔ གནོད་བྱེད་འབྱུང་པོ་ཕོ་མོ་མཱ་ར་ཡ་རྦད་ནན་ནན༔ ལོང་ཀ་ལོང་ཀ་དུ་ར་དུ་ར་ཧབ་ཤ་ཧབ་ཤ༔ གནོད་བྱེད་བྱུར་སྲི་དམ་སྲི་ཆེ་སྲི་ཆུང་སྲི་གོད་སྲི་དར་སྲི་འབྱུང་པོ་ཕོ་མོ་སྐྱུག་ཅིག་སྐྱུག་ཅིག༔ ཁ་ཐཾ་ཁ་ཐཾ༔ མཆུ་ཆིངས་མཆུ་ཆིངས༔ གྲེ་བསྡོམ་གྲེ་བསྡོམ༔ དཱན་དྷ་དཱན་དྷ་མུ་དྷ་ཡེ་རྦད་ནན་ནན༔ ཧཾ་ཤཾ་ཏྲི་རུ་ཏྲི་བཱི་ཧེ་ཤ་རྦད་ནན་ནན༔ ཏྲིའུ་ཏྲིའུ་ཏྲི་ཁ་ཤ་ཏྲིའུ་ཛ་ར་ཏྲི་ཡེ་རྦད་ནན་ནན༔ དུ་ཏྲི་དུ་ཏྲི་རྦད་ནན་ནན༔ ཤི་ཏྲི་ནི་རྦད་ནན་ནན༔ ཀ་ཏྲི་ནི་རྦད་ནན་ནན༔ ཏྲི་དུ་ནི་ཆུང་སྲི་ནི་རྦད་ནན་ནན༔ དུ་ཏྲི་གོད་འདྲེ་ཕོ་མོ་རྦད་ནན་ནན༔ གྲུམ་གྲུམ་དམ་སྲི་བྱུར་སྲི་ཆེ་སྲི་ཆུང་སྲི་གོད་སྲི་དར་སྲི་འགག་འདྲེ་འགག་སྲི་ཉེས་བྱེད་ཕོ་མོ་ཐམས་ཅད་ཀྱི་སྲོག་ལ་ཏྲི་མཱ་ར་ཡ་རྦད་ནན་ནན༔ འབྱུང་པོ་དམ་སྲི་ཕོ་མོ་ཨ་མུ་ཀ་སྙིང་དུ་ནན་ནན༔ ཏྲི་དུ་ནན་ནན༔ ཛ་ཏྲི་ནན་ནན༔ སྙིང་གཟེར་བུ་ནན་ནན༔ གནོད་བྱེད་སརྦ་ཀཱ་ཡ་ཝཀྐ་ཙིཏྟ་ནན་ནན༔ གནོད་བྱེད་དམ་སྲི་ཕོ་མོའི་ལུས་ངག་ཡིད་གསུམ་སརྦ་ཧཱུྃ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན༔ བྷི་ཏིང་སྟྭཾ་བྷ་ཡ་ནན་ནན༔ ཏྲི་ཛ་ཏྲི་ཧྲཱིཿ མ་དཱ་ཡ་སུ་ཏྲི་ཡ་དུ་ཏྲི་ཡ་མ་ཏྲི་ཡ༔ དཱ་ནི་ཛ་ཧེ་དཱ་ར་ནི་ཛ༔ དམ་སྲི་བྱུར་སྲི་ཆུང་སྲི་གོད་འདྲེ་འབྱུང་པོ་ཕོ་མོ་ཐམས་ཅད་ཁ་ཐཾ་ལུས་ཆིངས་ངག་ཆིངས་ཡིད་ཀྱི་དྲན་པ་རྨུག་པར་གྱིས་ཤིག༔ ཆིངས་ཆིངས་ནན་ནན༔ པཀྴ་པཀྴ་རཀྴ་རཀྴ་ཐུཾ་ཐུཾ་གནོད་བྱེད་ཕོ་མོ་རེངས་རེངས༔ གྷྲྀ་ཎ་གྷྲྀ་ཎ་ཧ་ན་ཧ་ན་དཱ་ཧ་དཱ་ཧ་པ་ཙ་པ་ཙ་གནོད་བྱེད་ཕོ་མོ་མཱ་ར་ཡ་རྦད་ནན་ནན༔ འཁུམས་ཤིག་འཁུམས་ཤིག༔ ཁྲག་ཏུ་སྐྱུག་ཅིག་ནན་ནན༔ ཚིནྡྷ་ཚིནྡྷ་ནན་ནན༔ བྷིནྡྷ་བྷིནྡྷ་ནན་ནན༔ གནོད་བྱེད་ཕོ་མོ་ནན་ནན༔ ཆིངས་ཆིངས་དམ་སྲི་ཕོ་མོ་ནན་ནན༔ ཆིངས་ཆིངས་བྱུར་སྲི་ཕོ་མོ་ནན་ནན༔ ཆིངས་ཆིངས་ཆེ་སྲི་ཕོ་མོ་ནན་ནན༔ ཆིངས་ཆིངས་ཆུང་སྲི་ཕོ་མོ་ནན་ནན༔ ཆིངས་ཆིངས་གོད་འདྲེ་གོད་སྲི་ཕོ་མོ་ནན་ནན༔ ཆིངས་ཆིངས་ཟ་འདྲེ་ཕུང་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ ཆིངས་ཆིངས་ཕུག་གི་སྲི་ལ་ཟ་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ མཆན་གྱི་བུ་ལ་ཟ་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ སྒོ་ཡི་ནོར་ལ་ཟ་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ ལེགས་སུ་མི་སྟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ ཉེས་སུ་དགའ་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ ཀེག་ལྟ་ཞིང་གླག་འཚོལ་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ ཆགས་ཆེ་ཞིང་ཉམས་ང་བ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ མོ་ལྟས་པྲ་བརྟགས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན་ནན༔ གནོད་བྱེད་བྱུར་འདྲེ་བྱུར་སྲི་དམ་སྲི་ཆུང་འདྲེ་ཆུང་སྲི་གོད་འདྲེ་གོད་སྲི་ཕོ་མོ་ཐམས་ཅད་ཁ་ཐམ་མཆུ་ཆིངས་ཤིག༔ ཏྲི་དུ་ཏྲི་མཱ་ར་ཡ་རྦད་ནན་ནན༔ ཨོཾ་ལཾ་ཧཱུྃ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན༔ ༧ ཨོཾ་བཛྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་དཱ་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཡ་མནྟ་ཀ་ཡ་མཱ་ར་ཙ་གནོད་བྱེད་བྱུར་འདྲེ་མི་ལ་སྤུན་དགུ་དམ་སྲི་ཟ་འདྲེ་ཕོང་སྲི་ཆེ་འདྲེ་ཆུང་སྲི་གོད་འདྲེ་གོད་སྲི་སྒབ་འདྲེ་སྒབ་སྲི་ཕོ་མོ་སརྦ་ཛཿཧཱུྃ་བཾ་ཧོ༔ མ་ཧཱ་དྷེ་ཝ་ཏྲི་མཱ་ར་ཡ་རྦད་ནན་ནན༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་ཨེ་ཛ༔ ཏྲི་ནྲྀ་ཛ༔ རྦད་ཛ༔ ཁུག་ཛ༔ ཨང་ཀུ་ཤ་ཛ་ཛ༔ ཨོཾ་མ་ཧཱ་དེ་ཝ་ཧཱུྃ༔ ཨུ་མ་དེ་ཝི་ཧྲཱིཾ༔ མི་ལ་ཀུ་རུ༔ བསེ་རག་ཤནྟྲི་གོད་འདྲེ་ཙིཏྟ་བསེན་མོ་རུ་ཏྲི༔ ཀཱ་ཡ་ཤནྟྲི་སརྦ་གནོད་བྱེད་ནན་ནན༔ གནོད་བྱེད་བརྙབ་པ་ལག་རིང་རུ་ཏྲི་ཛ༔ རུ་ཏྲི་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ སྟྭཾ་བྷ་ཡ་ནན་ནན༔ གནོད་བྱེད་བཙན་ཡམ་ཤུད་དམར་པོ་རུ་ཏྲི་ཛ༔ རུ་ཏྲི་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ སྟྭཾ་བྷ་ཡ་ནན་ནན༔ གནོད་བྱེད་ཐེའུ་རིང་སྟོང་འཁྲུགས་རུ་ཏྲི་ཛ༔ རུ་ཏྲི་ཧུར་ཐུཾ་ཛ༔ ཏྲི་མཱ་ར་ཡ་ཛ༔ སྟྭཾ་བྷ་ཡ་ནན་ནན༔ བདུད་བཙན་ཐེའུ་རིང་སྟོང་འཁྲུགས་སྟྭཾ་བྷ་ཡ་ནན་ནན༔ ཆིངས་ཤིག་ཆིངས་ཤིག་སྭཱཧཱ༔ བཛྲ་ར་ཏྲི་ཏྲི་མཱ་ར་ཡ་རྣྲྀ་ཏྲི་ཀྲོ་ཏ་མཱ་ར་ཡ་སོད༔ ཡཀྴ་མཱ་ར་ཡ་དུ་ཏྲི་ཛ༔ གཟའ་བདུད་ཆེན་པོའི་འཁོར་དུ་གཏོགས་པའི་གནོད་བྱེད་སྒབ་འདྲེ་ཕོ་མོ་རྣམས་ཁུག་ཅིག༔ སརྦ་གནོད་བྱེད་ཀཱ་ཡ་ཝཀྐ་ཙིཏྟ་ནན་ཆིངས་ཤིག་སརྦ་རཀྴ་སྟྭཾ་བྷ་ཡ་ནན༔ ཞེས་པའི་བར་ལན་གསུམ་ལྔ་བདུན་སོགས་སྐབས་དང་བསྟུན། མཇུག་ཏུ། ཧཱུྃ་བྷྱོ༔ དམ་སྲི་བྱ་བའི་ལས་ངན་སྡིག་ཅན་ཁྱོད༔ ཆུ་སྲིན་ནག་པོའི་ཁ་རུ་བཏབ༔ གྲི་ཐོག་སྟོང་གིས་བསྐོར་བ་ཡིས༔ ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ རི་རབ་ཆེན་པོའི་འོག་ཏུ་མནན༔ གསེར་རི་བདུན་གྱིས་བསྐོར་ནས་བཞག༔ ཁྱེད་རྣམས་རྣམ་སྨིན་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ རྒྱ་མཚོ་ཆེན་པོའི་གཏིང་དུ་བསྒྱུར༔ རོལ་མཚོ་བདུན་གྱིས་བསྐོར་ནས་བཞག༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ གནམ་ལྕགས་འཁོར་ལོའི་རྩིབས་ལ་བསྐྱོན༔ མཚོན་ཆའི་ཚོགས་ཀྱིས་བསྐོར་ནས་བཞག༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ ཁྲོ་རྒྱལ་ཁྲག་འཐུང་རྣམས་ཀྱི་ཞལ་དུ་བསྟབས༔ ནག་པོ་སྟོང་གིས་བསྐོར་བ་ཡིས༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ བསྲེག་བྱེད་མེ་ཡི་དཀྱིལ་ནས་བསྲེགས༔ མེ་དཔུང་འབར་བས་བསྐོར་བ་ཡིས༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ བསྐལ་པ་འཇིག་ཀྱང་ཐར་མི་འགྱུར༔ ཆུ་སྲིན་གདུག་པའི་ཧོམ་ཁུང་དུ༔ རིན་ཆེན་ནོར་བུ་ཚུད་པ་ལྟར༔ མཐའ་ཡི་རྒྱ་མཚོ་སྐེམ་ཀྱང་མི་གཏོང་ངོ༔ ཉི་ཟླ་ཐང་ལ་ལྷུང་ཡང་མི་བཏང་ངོ༔ བསྐལ་པ་འཇིག་ཀྱང་མི་བཏང་ངོ༔ རི་རབ་ཆེན་པོ་ཉིལ་ཡང་མི་བཏང་ངོ༔ རྣལ་འབྱོར་བསམ་དོན་མ་འགྲུབ་བར༔ ཁྱེད་རྣམས་ཐར་མེད་ལས་ཀྱི་བཙོན་རར་ཚུད༔ མནར་མེད་བཙོན་ཁང་ནག་པོའི་གནས་སུ་ཚུད༔ ཅེས་བརྗོད། བརྒྱད་པ་ཐུན་གྱིས་བྲབ་པ་ནི། ཧཱུྃ་ཧཱུྃ༔ དྲག་པོའི་སྔགས་ཀྱིས་ངར་བཏགས་པའི། །ཕུང་སྲི་ཀུན་འདུལ་འབར་བའི་མཚོན། །འབྲུ་གསུམ་ཕྱེ་གསུམ་སྣ་གསུམ་དང་། །ངན་གསུམ་ཡུངས་ནག་ཚིག་ཕྱེ་དང་། །ལ་དྲག་མཁར་གོང་རྦབ་རྡོ་སོགས། །དཔག་མེད་ཐོག་སེར་དྲག་པོ་ལྟར། །བབས་པས་ཕུང་སྲི་གདུག་བྱེད་ཀྱི། །ལས་ཉོན་ལྔ་ཕུང་རྡུལ་དུ་རློགས། །ཞེས་བརྗོད་པས། ཐུན་རྫས་དྲེགས་པའི་དམག་ཚོགས་ཀྱིས་ནད་མཚོན་དུག་གི་ཆར་ཕབ་པས་ཡིད་ལ་བརྣག་པའི་དགྲ་བགེགས་དམ་སྲི་འབྱུང་པོ་ཐམས་ཅད་ཀྱི་སྒོ་གསུམ་ལས་ཉོན་བག་ཆགས་མ་ལུས་པ་གཟུགས་ཕུང་གི་རྣམ་པར་གནས་པ་དེ་ཉིད་ཁང་རུལ་ལ་རྒྱོགས་ཕོག་པ་ལྟར་རྡུལ་དུ་བརླག་པར་བསམ་ལ། སླར་ཡང་དྲག་སྔགས་སོ་ལྔའི་མཐར། བྱུར་སྲི་དམ་སྲི་བརྙབ་པ་ལག་རིང་ཐམས་ཅད་ཏྲི་ཛ༴སོགས་ནས། ཨོཾ་ལཾ་སུཾ་ལཾ་སྟཾ་བྷ་ཡ་ནན༔ བར་ཚར་གཅིག་ཁོ་ན་བརྗོད་པའི་རིང་ལ་ཐུན་གྱིས་བྲབ་བོ། དགུ་པ་སླར་ཡང་ལྡང་མེད་དུ་གནོན་པ་ནི། ཧཱུྃ་ཧཱུྃ༔ བྲུབ་དོང་སྟོང་ཆེན་ཨེ་དབྱིངས་ཟབ་མོ་རུ། །སྒྲོལ་ཞིང་སྲི་ཅན་གདུག་པའི་སྒོ་གསུམ་པོ། །འཆོར་མེད་བྲུབ་ཅིང་ལྡང་མེད་མནན་བྱས་ནས། །འགྱུར་མེད་བདེ་ཆེན་ཝཾ་ཡིག་རྡོ་རྗེའི་རྒྱས། །བཏབ་པས་བསྐལ་ཆེན་གྲངས་མེད་བྱེ་བ་བརྒྱ། ཆགས་གནས་འཇིག་སྟོང་རིམ་པར་བྱུང་ན་ཡང་། །བདེ་སྟོང་ཟུང་འཇུག་ཆོས་སྐུའི་ཀློང་ཆེན་པོར། །གདོད་མའི་མགོན་པོའི་གོ་འཕང་མངོན་གྱུར་པ། །དེ་སྲིད་ཁམས་གསུམ་འཁོར་བའི་གྲོང་ཁྱེར་འདིར། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །རྩ་སྔགས་དང་། ཨེ་ཝཾ་པཱ་ར་མརྠ་དྷརྨ་དྷརྟུ་མ་ཧཱ་གརྦྷ་ས་མ་ཡཱ༔ ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་ནན༔ ཞེས་སོ། །བཅུ་པ་ཐུན་གཏོར་འབུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་ལ། དགུག་གཞུག་བྱ་ཞིང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱ༔ཧཱུྃ། ཞེས་བྱིན་གྱིས་བརླབས་ལ། རྩ་སྔགས་མཐར། ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁ་ཧཱི་ཁ་ཧཱི༔ ཞེས་པ་ལན་གསུམ་མམ་བདུན་གྱིས་འབུལ། མཐར་མཆོད་བསྟོད་བྱ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་ཧཱུྃ༔ ཆེ་གེ་མོའི་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུང་པའི་འདོད་དགུའི་བྷ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། །ནད་གདོན་ཀུན་ཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་བསྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་སྟེམ་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །ཞིང་གྱུར་བདུད་དང་ལོག་འདྲེན་ཕུང་སྲི་ཡི། །ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ཆོས་དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །ནམ་ཡང་ལྡང་མེད་མནན་པའི་ལས་མཛོད་ཅིག །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་སོ། །བཅུ་གཅིག་པ་ཐམས་ཅད་མཁྱེན་པའི་ལམ་དུ་བསྒྱུར་བ་ལ་གཉིས་ལས། ཐོག་མར་བསྔོ་བ་ནི། ཧཱུྃ་ཧཱུྃ༔ བླ་མེད་གསང་བའི་དཀྱིལ་འཁོར་ཆེན་པོ་རུ། །མོས་པས་ཞུགས་ཤིང་བསྙེན་སྒྲུབ་གྲངས་ཐེམ་ནས། །བྱམས་ཤིང་བརྩེ་བའི་མ་ཡིས་བུ་རྣམས་ལ། །ཕན་ཕྱིར་ཐབས་ཀྱིས་བསྣུན་ཞིང་བཀྱོན་པ་ལྟར། །བསམ་པ་བྱང་ཆུབ་སེམས་ཀྱིས་གཞི་བཟུང་ནས། །སྦྱོར་བ་མངོན་སྤྱོད་དྲག་པོའི་དྲག་པོའི་ཕྲིན་ལས་ཀྱིས། །ཞིང་གྱུར་ཉམས་པར་གཏོགས་པའི་དགྲ་གདོན་བགེགས། །ཞི་བའི་ཐབས་ཀྱིས་གདུལ་བར་དཀའ་བ་རྣམས། །ཚར་གཅོད་དབྱིངས་སྒྲོལ་ཐབས་ལམ་ཟབ་མོ་ལ། །ཚུལ་བཞིན་བརྩོན་པའི་རྣམ་དཀར་དགེ་འདིས་མཚོན། །དུས་གསུམ་བསགས་པའི་དགེ་ཚོགས་མཐའ་ཡས་ཀུན། །བསྡོམས་ཏེ་དམིགས་མེད་ངང་ནས་ཡོངས་ལ་བསྔོ། །ཞེས་དང་། དེ་དང་འབྲེལ་བར་སྨོན་ལམ་གདབ་པ་ནི། དེ་མཐུས་གནས་སྐབས་བདུད་དང་དམ་སྲིའི་དཔུང་། །མུ་སྟེགས་ཀླ་ཀློ་དུས་འཁྲུགས་མཐའ་བཞིའི་དམག །འབྱུང་བཞིའི་གཡོ་འཁྲུགས་ནད་གདོན་མུ་གེ་སོགས། །མི་མཐུན་རྒུད་པ་མ་ལུས་ཞི་གྱུར་ཅིག །ཡུལ་གྲུ་འདིས་མཚོན་རྒྱལ་ཁམས་ཐམས་ཅད་དུ། །སད་སེར་བཙའ་ཐན་མི་ཕྱུགས་གོད་ཡམས་ཞི། །ཚེ་བསོད་དཔལ་འབྱོར་ཆོས་སྲིད་གོང་དུ་འཕེལ། །དགེ་ལེགས་བསམ་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཁྱད་པར་བསྲུང་བྱར་གྱུར་པ་འདི་རྣམས་ཀྱི། །མི་མཐུན་ཉེས་པའི་ཚ་གདུང་ཀུན་ཞི་ནས། །མཐུན་རྐྱེན་སྨོན་པ་འགྲུབ་པའི་ཟིལ་དངར་གྱིས། །བདེ་སྐྱིད་ཕུན་ཚོགས་དགའ་ཚལ་རྒྱས་གྱུར་ཅིག །མཐར་ཐུག་འཁྲུལ་འཛིན་སྒྱུ་མའི་འགྲོ་ཀུན་གྱི། །ལས་ཉོན་བག་ཆགས་ཕོངས་རྒུད་དབྱིངས་སུ་གྲོལ། །སྤངས་རྟོགས་མཐར་ཕྱིན་སྐུ་བཞིའི་ལེགས་ཚོགས་འབྱོར། །གཉིས་མེད་གདོད་མའི་རྒྱལ་སར་དབང་བསྒྱུར་ཤོག །ཞེས་བརྗོད་པར་བྱའོ། །དེ་ལྟར་དུས་གསུམ། དུས་བཞི། དུས་དྲུག་སོགས་གང་ལྟར་ཡང་འདི་ཡན་ཆད་གནད་ལྡན་དུ་བསྐྱར་ཞིང་། དེ་ལས་སྒྲོལ་ལས་ཀྱི་དཀྱུས་སུ་འཛུད་པའི་སྐབས་སུ། གོང་གི་ལྷ་དབྱེའམ་རྫུ་འཕྲུལ་དབྲོག་པའི་མཇུག་ཡན་ཆད་སྒྲོལ་བའི་ལས་རིམ་གྱིས་འཐུས་པས་བྱ་མི་དགོས་ལ། བསྒྲལ་ལས་ཀྱི་ལྷ་དབྱེའམ་མནན་སྔགས་ཡན་གྲུབ་པའིམཚམས་སུ། གོང་གི། ཧཱུྃ་ཧཱུྃ་ཛ༔ ཕུང་སྲི་བྱ་བའི་ལས་ངན་སྡིག་ཅན་ཁྱོད། ཅེས་པ་ནས། གནས་སུ་ཚུད། ཅེས་པའི་བར་བརྗོད། སླར་ཡང་སྒྲོལ་ལས་ཀྱི་ཕུར་བསྐྱེད་སོགས་བྱ་ཞིང་། ཐུན་བརྡེགས་ཀྱི་ཐོག་མཐའ་གང་འོས་སུ། གོང་གི། ཧཱུྃ་ཧཱུྃ༔ དྲག་པོའི་སྔགས་ཀྱིས་ངར་བཏགས་པའི། སོགས་ནས། ཨོཾ་ལཾ་སུཾ་ལཾ་སྟཾ་བྷ་ཡ་ནན་ནན༔ བར་གྱིས་ཐུན་བྲབ། དེ་ནས་སྔར་གྱི་སྒྲོལ་ལས་ཀྱི་ལྷག་མ་རྣམས་ཞལ་བསྟབས་ཀྱི་མཇུག་ཡན་རྫོགས་ནས། གོང་གི་འཕྲོར། ཧཱུྃ་ཧཱུྃ༔ བྲུབ་དོང་སྟོང་ཆེན་ཨེ་དབྱིངས་ཟབ་མོ་རུ། ཞེས་པ་ནས། ཐུན་གཏོར་བསྔོ་སྨོན་བཅས་རྫོགས་པར་བྱས་པས་གྲུབ་པའོ། །

གསུམ་པ་རྗེས་ཀྱི་བྱ་བ་ལ། མནན་རྫས་ཚགས་སུ་འཛུད་པ། མནན་དོང་བྲུ་བ། མནན་པའི་ལས་རིམ་དང་གསུམ། དང་པོ་མནན་རྫས་ཚགས་སུ་འཛུད་པ་ནི། ཞག་གྲངས་རྫོགས་ནས་མནན་པའི་དུས་ལ་བབ་པ་ན། མནན་ཐོད་ཀྱི་ནང་ཁོངས་སུ་ཐུན་རྫས་ཀྱིས་སེང་མེད་པར་བཀང་ལ། གླད་ཁུང་དུ་མི་ཁའི་རྫས་སྣ་ཚོགས་བླུགས། ཁ་ཐལ་སྐྱོས་བཅད་ལ། རོ་རས་སམ་རེ་བ་ནག་པོས་དྲིལ། ཐོད་པའི་སྟེང་དུ་ཕོ་ཤིང་སྟག་པ་དང་། འོག་ཏུ་མོ་ཤིང་གླང་མའི་དུམ་བུ་བཞག་ལ། བྱད་ཐག་ཁྱི་སྤུ་ར་བལ་གྱི་སྐུད་པས་རྒྱ་གྲམ་དུ་བཅིངས་ཏེ་ཀླད་ཁུང་གི་ཐད་དུ་མདུད་པ་ཐོན་པར་བྱས་པའི་སྟེང་དུ་ཕུར་བའི་ཐེལ་ལམ་རྡོ་རྗེ་རྒྱ་གྲམ་གྱིས་ཐེལ་བརྒྱབ། རྩང་ཕུར་རྣམས་ཀྱིས་ཕྱོགས་ཀུན་ནས་རྒྱ་གྲམ་དུ་གཟེར། གང་དུ་མནན་པའི་ས་དེ་མ་གཏོགས་པར་ས་གཞན་དུ་མ་རེག་པར་སླ་ང་སོགས་སུ་བཞག་ལ། རང་ཉིད་ལྷག་པའི་ལྷ་ཆེ་མཆོག་ཧེ་རུ་ཀའི་ཏིང་འཛིན་བརྟན་པོའི་ངང་ནས། ཧཱུྃ་ཨེ་ཛ་བྷྲུཾ། ཐུགས་རྗེའི་རང་རྩལ་སྲིད་གསུམ་གང་བའི་ཚོགས། །གཅིག་ཏུ་དྲིལ་བའི་སྟོབས་ཤུགས་ནུས་པའི་དཔལ། །ཞིང་བཅུ་མཐར་བྱེད་གཤིན་ཡུལ་ཨེ་གསང་ཀློང་། །ཏིང་འཛིན་རྡོ་རྗེ་ཐོད་པའི་བརྡ་རུ་སྣང་། །དབྱིངས་རྩལ་འགོག་མེད་བདུད་འདུལ་ཁྲོ་བོའི་སྤྲིན། །དྲག་སྔགས་ལུ་གུ་རྒྱུད་ཀྱི་ཐིག་ལེ་ཡིས། །ནམ་ཡང་གཞོམ་མེད་རྡོ་རྗེའི་ངོ་བོ་རུ། །སྲིད་པ་སྤུ་གྲིའི་འཁོར་ལོས་རྒྱས་ཐོབ་ཅིག ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། ཞེས་བརྗོད་ལ། ཧཱ་སྭཱ་ཡེ་ཎ་མ་ཤྲ་ཧཱ་མ་དི་བཱ་ཝཾ་ཨེ་དྷ་རོ་ནི་ཡོ་ཙ་ཥན་ཏེ་དཏ་བཱ་ཧྱ་ཏོ་ག་ཐཱ་ཏ་ཥན་ཏེ་དུན་ཧེ་ཝ་བྷ་པྲ་ཏུ་ཧེ་མ་དྷར་ཡེ་ཨོཾ། ཞེས་ཉེར་གཅིག་གིས་རྟེན་འབྲེལ་ནག་པོའི་རབ་གནས་བྱའོ། ། དེ་ནས་སྒོ་དབྱེ་སོགས་ཟོར་ལས་རྣམས་རྫོགས་པར་བྱའོ། ། ༧ གཉིས་པ་མནན་དོང་བསྐོ་བ་ནི། གང་དུ་གནོན་པའི་སར་ཡུལ་ལྷ་གཞི་བདག་ལ་དཀར་གཏོར་དང་། གསེར་སྐྱེམས་འབུལ་ཞིང་ཕྲིན་ལས་བཅོལ་ལོ། །དྲང་སྲོང་འགྱུ་ཕྱོགས་སུ་ཁ་གཏད་དེ་ལྷའི་ང་རྒྱལ་དང་ལྡན་པས་ཤ་རུའམ་གཙོད་རུ་སོགས་ཀྱིས་ཟུར་སྣེ་དགྲ་ཕྱོགས་སུ་བསྟན་པའི་ས་གྲུ་གསུམ་དུ་དྲ་ཞིང་། འཇོར་གྱིས་བྲུ་བའི་དོང་ཚད་ནི། ཁྲུ་གང་ཡན་ཆད་ཕན་མེད་གནོད་མེད་ཀྱི་ས་རོ་ཡིན་ལ། དེ་ནས་སོར་དགུ་མ་མོའི་གནས་ཡིན་པས་འགོང་ཆོག་མནན་པ་ལ་བཟང་། དེ་ནས་སོར་བཅུ་པ་ལྷའི་གནས་ཡིན་པས་མནན་པ་ཐམས་ཅད་ལ་བཟང་། དེ་ནས་སོར་ཉི་ཤུ་རྩ་བཞི་ཀླུའི་གནས་ཡིན་པས་སྐམ་གཏད་བྱེད་པར་བཟང་ངོ། །དེ་བས་ཟབ་ན་རང་ལ་ལྡོག་ཅིང་། ཐུང་ན་ནུས་པ་ཆུང་བས་མི་ནོར་མི་ནོན་ཟེར་བ་འདུག རློན་གཏད་ལ་དོང་ཚད་མེད་དོ། ། ༧ གསུམ་པ་མནན་པའི་ལས་རིམ་ལ། གསེར་སྐྱེམས། གཟུ་དཔང་། ལས་གཤིན་གསལ་བ། བརྔན་གཏོར་འབུལ་བ། མནན་བྱ་གཏད་པ། ལས་གཤིན་སླར་གཏོང་གི་དམིགས་པ། དམིགས་བསལ་གྱི་དམོད་པ་འདོར་བ། མི་འགྱུར་མཁར་གྱི་དམིགས་པ། རིམ་དགུའི་རྒྱས་གདབ་པ་སྟེ་དགུ་ལས། དང་པོ་གསེར་སྐྱེམས་ནི། འཕེན་པ་ཟོར་གྱི་ལས་རིམ་རྫོགས་མཚམས་སུ། དམར་གཏོར་རྒྱན་ལྡན། མནན་ཐོད། མནན་རྫས་ཚྭ་སྒོག་རམ་རུག་སོགས་དང་བཅས་ཁྱེར་ཏེ་མནན་སར་སླེབས་པ་དང་། ཕུད་སྐྱེམས་བཤམས་ཤིང་། སྔར་བཞིན་བྱིན་རླབས་བྱས་ལ། ཧཱུྃ་ཧཱུྃ༔ སྐུ་གསུམ་ཀུན་དངོས༴སོགས་ནས། མཐུ་དཔུང་བསྐྱེད། ཅེས་ཕུལ་ལོ། །གཉིས་པ་གཟུ་དཔང་ཡང་གོང་ལྟར། ཧཱུྃ་ཧཱུྃ༔ མི་མངོན་དབྱིངས་ནས༴སོགས་ནས། གནོན་པར་མཛོད། ཅེས་སོ། །གསུམ་པ་ལས་ཀྱི་གཤིན་རྗེ་གསལ་བ་ནི། རང་ཉིད་ཡི་དམ་གང་རུང་གི་ང་རྒྱལ་གྱིས། ཕུར་བུའམ་རལ་གྲི་སོགས་ཕྱག་མཚན་གང་ཡིན་གྱིས་ས་གཞིར་བཏབ་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ༔ རང་ཉིད་དཔལ་ཆེན་སྐུ་རུ་གསལ་བ་ཡི། །ཕྱག་གཉིས་གནམ་ལྕགས་རལ་གྲི་ས་ལ་བཏབ། །ས་གཞི་གས་ཏེ་རྒྱ་མཚོ་སྔོ་མེར་གསལ། །དེ་དབུས་གནམ་ལྕགས་ཁང་པ་སྒོ་མེད་ནང་། །འཆི་བདག་གཤིན་རྗེ་ནག་པོ་འཇིགས་རུང་བ། །ལག་གཡས་དབྱུག་ཐོ་གཡོན་ན་ཞགས་པ་ཐོགས། །མི་སྡུག་དྲི་འཐུལ་མ་ཧེ་ནག་པོ་ཞོན། །གཤིན་རྗེའི་འཁོར་ཚོགས་རྔམ་པའི་ཚུལ་གྱིས་བསྐོར། །མངོན་སུམ་ལྟ་བུར་གསལ་བ་ཉིད་དུ་གྱུར། །ཞེས་གསལ་གདབ་ཅིང་། ས་མ་ཡཱ་ཛ༔ ས་མ་ཡཱ་ཧཱུྃ༔ ཞེས་དམ་བསྣན། བཞི་པ་བརྔན་གཏོར་འབུལ་བ་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། དམིགས་བྱ་དགུག་གཞུག་དྲག་ཏུ་བྱས་མཐར། ཨོཾ་ཨཱ༔ཧཱུྃ་གིས་བྱིན་གྱིས་བརླབས་ནས། ཏྲིཥྞ་ཛ༔མ་ར་ཡ་རྦད་དགྲ་བགེགས་ཀྱི་མཾ་ས་ཙིཏྟ་རཀྟ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏི་གྷྲྀ་ཧ་ཎ་ཁ་ཧཱི༔ ཞེས་ལན་བདུན་གྱིས་ཕུལ་ལ། ཧཱུྃ་ཧཱུྃ༔ འཆི་བདག་ནག་པོ་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི། །འབུལ་གྱིས་དགྱེས་པར་རོལ་ནས་ཀྱང་། །ཞིང་བཅུར་གྱུར་པའི་དགྲ་བགེགས་སྤྱི། །ཁྱད་པར་ཀླ་ཀློ་ཕུང་སྲི་སོགས། །བསྟན་འགྲོར་གནོད་འཚེའི་བསམ་སྤྱོད་ཅན། །དམ་ཉམས་དགྲ་བགེགས་འཁོར་བཅས་རྣམས། །སྡོམ་འཛིན་མནན་པའི་ཕྲིན་ལས་མཛོད། །ཅེས་བརྗོད། དམར་གཏོར་དོང་དུ་འབུལ་ལོ། །ལྔ་པ་མནན་བྱ་གཏད་པ་ནི། ༧ སྤྲོ་ན་སླར་ཡང་མནན་རྫས་རྣམས་མདུན་དུ་བཞག་ལ། དམིགས་བྱ་གསལ་ཞིང་འགུགས་གཞུག་བྱས་ནས་བཟུང་། སྲི་གནོན་ལ་མ་ཐུག་གི་བར་སྔར་བཞིན་བྱ་ཞིང་། མ་སྤྲོས་ཀྱང་རུང་། སྤྲོ་བསྡུ་གང་ལྟར་ཡང་། མནན་ཐོད་དེ་ཉིད་ལས་གཤིན་རང་གི་ཕྱིར་མི་འབྲང་བའི་ཆེད་དུ། རང་གི་སྐེད་པར་གཡོན་ཕྱོགས་ནས་ཕྱིན་ཀ་ལོག་ཏུ་ལན་གསུམ་བསྐོར་ཞིང་ངག་ཏུ། ཧཱུྃ་ཧཱུྃ༔ དགྲ་བགེགས་བྱ་བའི་ལས་ངན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས། །རྡོ་རྗེའི་མཆེད་ལ་བར་ཆད་བྱས། །རྣལ་འབྱོར་བདག་ལ་རྟག་ཏུ་འཚེ། །དམ་ཉམས་སྡིག་ཅན་ལས་ངན་འདིས། །དཀོན་མཆོག་གསུམ་གྱི་བསྟན་པ་བཤིག །རྒྱལ་ཁམས་ཡོངས་ལ་གནོད་པ་བྱས། །སྦྱོར་སྒྲོལ་མང་པོའི་སྒོ་ཡང་བཀག །སེམས་ཅན་མང་པོའི་བདེ་སྐྱིད་ཕྲོག །འགལ་རྐྱེན་ཉེས་ཚོགས་སྤྲིན་ལྟར་གཏིབ། །མཐུན་རྐྱེན་ལེགས་ཚོགས་རླུང་ལྟར་གཏོར། །དེ་ཕྱིར་སྐྱབས་འོས་ཉམས་ཆུང་མིན། །བཀའ་ལས་འདའ་བྱེད་སྡིག་ཅན་རྣམས། །བྱང་ཆུབ་སེམས་ནི་མ་སྐྱེས་བར། །ནམ་ཡང་བཏང་བར་མ་བྱེད་ཅིག །འཇིགས་རུང་གཤིན་རྗེའི་ཁ་ནང་ཆུགས། །མི་འགྱུར་ཡངས་པའི་མགྲིན་པར་དྲོངས། །ཐར་མེད་ལས་ཀྱི་ལྟོ་བར་ཆུག །གཏད་དོ་འཆི་བདག་ཁྱོད་ལ་གཏད། །འཆི་བདག་ནག་པོའི་དམ་ཚིག་གིས། །གལ་ཏེ་བྱང་ཆུབ་སེམས་ལྡན་ཞིང། །ལས་ཉོན་སྲིད་པའི་བཙོན་ཁང་ནས། །འགྲོ་མང་བདེ་ལ་འགོད་ནུས་བར། །དགྲ་བགེགས་གཏད་ཀྱི་སླར་མ་བཏང་། །ཟུངས་ཤིག་ཆིངས་ཤིག་ཤོར་ར་རེ། །མཐུ་སྟོབས་ནུས་པའི་རྩལ་བསྐྱེད་ལ། །བདུད་དང་མུ་སྟེགས་དམ་སྲི་ཀུན། །ཐར་མེད་མནན་པའི་ལས་མཛོད་ཅིག །ཅེས་བརྗོད་ལ། ཐོད་པའི་གདོང་དགྲ་གདོན་གནས་པའི་ཕྱོགས་དང་། གླད་ཁུང་གནམ་དུ་བསྟན་ལ་དོང་ནང་དུ་བསྒྱུར་ཞིང་མནན་རྫས་བླུགས། ཕྱོགས་ཀུན་ནས་སྔར་གྱི་ཕོང་ས་ལས་བྱས་པའི་བྲུབ་ཁུང་སོགས་ས་རྡོས་བརྫངས་ཤིང་བསྐྱོར། །བར་འདིར་སྤྲོ་ན་སྔར་ལྟར། བྲུབ་དོང་ནང་དུ་སྲི་ངན༴སོགས་ནས། ཉིད་དུ་གྱུར། ཞེས་དང་། འགུགས་གཞུག་བྱ། འགུགས་སྔགས་བརྗོད། རྩ་སྔགས་དང་མནན་སྔགས་བརྗོད་པ་ནས། ལྡང་མེད་དུ་གནོན་པའི་མཐའི། ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་ནན༔ བར་བརྗོད། དྲུག་པ་ལས་གཤིན་སླར་གཏོང་བའི་དམིགས་པ་ནི། དམིགས་བྱ་ཁོང་ཆུད་གཤིན་རྗེས་ཞལ་བསྡམས་ཏེ། །མནན་པའི་ལས་སྦྱོར་དམ་ཉམས་དགྲ་བགེགས་རྣམས། །ནམ་ཞིག་ལས་ཉོན་བག་ཆགས་མཐར་བྱས་པ། །དེ་སྲིད་བསྐལ་པ་སྟོང་ཀྱང་མི་ཐར་ན། །མུན་ནག་རུམ་གྱི་རང་གནས་རྒྱ་མཚོའི་གཏིང་། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །ཞེས་སོ། །བདུན་པ་དམིགས་བསལ་གྱི་དམོད་པ་འདོར་བ་ནི། མནན་ཐོད་རི་རབ་དང་རྒྱ་གྲམ་བྲིས་པའི་དུར་རྡོས་བཀབ། དེའི་སྟེང་དུ་ས་རིམ་པ་བདུན་གྱིས་བཀབ་ཅིང་། མེ་ཆུ་གོ་ལྡོག་གི་རྒྱས་བཏབ་ཏེ། དེའི་རིང་ལ་ངག་ཏུ། སྤྲོ་ན་རྩ་སྔགས་དང་། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཞག་དང་ཟ་མ་ལ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྔ་དགྲ་ལག་ཏུ་བརྡར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕྱི་དགྲ་ཡིད་ལ་སེམས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མགོ་ལ་ཏིལ་བརྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱབ་ནས་འདེད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མདུན་ནས་རྩང་བཞིན་འཛུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགྲོ་ལམ་དུ་རྩང་འཛུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱམས་པ་གཉེན་གྱིས་བརྗོད་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་ཡིས་སྒྲོག་ཏུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ མགར་གྱི་སོ་མལ་དུ་གླེང་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ དགེ་འདུན་གྱི་འཚོགས་གྲལ་དུ་གླེང་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན༔ སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མིག་མང་གི་བྲ་མཆུ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཙོ་བོའི་མདུན་ཁང་དུ་གླེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འཕྲོག་བཅོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དམག་ཇག་གྲོས་ངན་ཤོམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ངོ་ལ་སྤྲེལ་ལྟར་འཛེགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཀེག་བདུད་གཤེད་གསུམ་ལ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱད་ཁ་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྦད་འདྲེ་རྦོད་གཏོང་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མནན་སྲེག་འཕང་གསུམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་ལྟར་ཆུ་ལྟར་འཁྲིགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྨི་ལྟས་མཚན་ངན་ཐན་ལྟས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགབ་འདྲེ་དམ་སྲི་ཟ་འདྲེ་ཤི་གཤེད་འགོང་པོ་སྲི་ངན་བསེ་རག་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱལ་སྲི་བློན་སྲི་ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་གཞོན་སྲི་དུར་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གོད་སྲི་ཕུང་སྲི་གྱོད་སྲི་བྱེས་སྲི་དགྲ་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དཀར་འདྲེ་དབུལ་འདྲེ་བང་འདྲེ་ཐབ་འདྲེ་བསེ་རག་འགོང་པོ་ཐེའུ་རིང་གོད་འདྲེ་ཕུང་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སད་སེར་བཙའ་ཐན་འབུ་སྲིན་བྲ་བྱི་ལ་སོགས་གཏོང་བའི་ཟ་འདྲེ་ཕུང་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན༔ གནོད་བྱེད་རྒྱལ་བསེན་ཐེའུ་རིང་ཤི་འདྲེ་གསོན་འདྲེ་གཅན་གཟན་ཕོ་མོ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ནད་མཚོན་མུ་གེ་གཏོང་བའི་འདྲེ་གདོན་རྒྱལ་བསེན་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བདུད་དང་རྣམ་རྟོག་དམ་སྲི་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྟན་དགྲའི་ལུས་ངག་ཡིད་གསུམ་ཚེ་བླ་སྲོག་གསུམ་དབང་ཐང་རླུང་རྟ་བསོད་ནམས་སྟོབས་ནུས་ལྷ་སྲུང་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྐལ་པ་སྟོང་གི་བར་དུ་མ་ལྡང་ཅིག་མཱ་ར་ཡ་རྦད་ནན། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན། ཞེས་བརྗོད་པའམ་བསྡུས་པ་ལ་དགའ་ན། རྩ་སྔགས་དང་། བདག་དང་བསྲུང་བྱའི་ཡིད་ལ་བརྣག་པའི་དགྲ་བགེགས་བྱད་མ་དམ་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན། དགྲ་སྣ་གྱོད་སྣ་ཇག་སྣ་རྐུན་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ནད་སྣ་རིམ་སྣ་གདོན་སྣ་གོད་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གཅན་སྣ་ཐན་སྣ་དམོད་སྣ་བྱད་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ངན་སྨྲས་གླེང་བརྗོད་མི་ཁ་བྲ་མཆུ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གཏད་ཁྲམ་མནན་སྔགས་ཧོམ་ཟོར་བྱད་ཕུར་རྦོད་གཏོང་ཐམས་ཅད་མཱ་ར་ཡ་རྦད་ནན། མདའ་གྲི་མདུང་གྲི་ཆུ་གྲི་རྦབ་གྲི་ལ་སོགས་པ་སྲོག་འཕྲོག་གྲི་ཡི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཆེ་སྲི་ཆུང་སྲི་དགྲ་སྲི་དུར་སྲི་གོད་སྲི་དམ་སྲི་ལ་སོགས་པ་ཕུང་བྱེད་སྲི་ངན་གྱི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཤི་འདྲེ་གསོན་འདྲེ་ཡུལ་འདྲེ་དཀར་འདྲེ་དབུལ་འདྲེ་རྨང་འདྲེ་ལ་སོགས་པའི་ཟ་བྱེད་འདྲེ་ཡི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཕོ་གདོན་མོ་གདོན་ཀླུ་གདོན་གནས་གདོན་ལུས་གདོན་སེམས་གདོན་ལ་སོགས་པའི་འཚེ་བྱེད་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་ལ་སོགས་འཇིགས་པ་དང་དུས་མ་ཡིན་པར་འཆི་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དམ་ཉམས་ཀླ་ཀློ་མཐའ་དམག་དུས་འཁྲུགས་མེ་ཆུ་ས་གཡོ་ལ་སོགས་བསྟན་དང་འགྲོ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ནན། མདོར་ན་ནད་དང་སྡུག་བསྔལ་རྐྱེན་དང་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན། ཞེས་བརྗོད། བརྒྱད་པ་མི་འགྱུར་བའི་མཁར་བརྩིགས་པའི་དམིགས་པ་ནི། ཧཱུྃ་ཧཱུྃ༔ ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག །མནན་པ་ཡིན་གྱི་ལྡང་བར་མ་བྱེད་ཅིག །སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་བཏབ་པོ། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མ་ཏི། །ཨོཾ་སུམ་བྷ་ནི་སོགས་ནས། ཧཱུྃ་ཕཊ༔ དགྲ་བགེགས་ནྲྀ་ཏྲི་ཤ་ཏྲུཾ་སརྦ་སྟྭཾ་བྷ་ཡ་ལཾ་ནན། བསྐལ་པ་མ་སྟོང་གི་བར་དུ་མ་ལྡང་ཅིག ཅེས་སོ། །དགུ་པ་རིམ་དགུའི་རྒྱ་ཡིས་གདབ་པ་ནི། ཧཱུྃ་ཧཱུྃ༔ དང་པོ་རྩེ་གཅིག་ཏིང་འཛིན་རྒྱ། །གཉིས་པ་ཐབས་ཤེས་ཟུང་འཇུག་རྒྱ། །གསུམ་པ་རྣམ་ཐར་སྒོ་གསུམ་རྒྱ། །བཞི་པ་ཚད་མེད་རྣམ་བཞིའི་རྒྱ། །ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ། །དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་པ་ཡན་ལག་བདུན་གྱི་རྒྱ། །བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ། །དགུ་པ་ཐེག་པ་རིམ་དགུའི་རྒྱ། །དོན་དང་བརྡ་སྦྱར་རྟགས་ཀྱི་རྒྱ། །གཉིས་སུ་མེད་པར་ལེགས་བཏབ་པས། །ཡེ་ཤེས་ཀློང་དགུར་འདའ་བ་མེད། །རྩ་སྔགས་དང་། ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། དྷརྨ་དྷརྟུ་ཨ་ཨ་ཨཱ༔ ཞེས་མནན་ནོ། །དེ་ནས་བསྟན་མ་སྐྱོང་ཞིང་གཏོར་གཞོང་ཁ་སྦུབས་ཏེ་འགུག་གཞུག་བྱ་ཞིང་སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱིས་གནོན་པའི་ཚུལ་བྱ་ཞིང་མཆེད་ལྕམ་རྣམས་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ལ་བྲོ་བརྡུང་བྱ་ཞིང་མཐར་གཏོར་གཞོང་སྨན་འབྲུས་བཀང་། ནང་དུ་ལོག་ནས་རྗེས་ཆོག་རྣམས་རང་གཞུང་གང་ལགས་ལྟར་བྱ་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །ཞེས་མངོན་སྤྱོད་ཀྱི་ཕྲིན་ལས་གང་ལ་ཡང་སྦྱར་དུ་རུང་བའི་སྲི་གནོན་གྱི་ལྷན་ཐབས་ནག་འགྲོས་སུ་བཀོད་པ། སྲི་ཅན་གདུག་པའི་ཚོགས་རྣམས་སྐྱེ་མེད་དབྱིངས་ཀྱི་བྲུབ་ཁུང་དུ་གནོན་པའི་ཐབས་ཟབ་མོ་བདེ་ཆེན་རྡོ་རྗེའི་རི་དབང་ཞེས་བྱ་བ་འདི་ཡང་གསང་ཆེན་རྡོ་རྗེ་སྙིང་པོའི་རྣལ་འབྱོར་པ་ཆེན་པོ་གོས་དཀར་ལྕང་ལོའི་ཟུར་ཕུད་ཅན་རྡོ་རྗེ་དཔལ་འཛིན་ནས་ཚུལ་འདི་ལྟ་བུ་ཞིག་འབྲི་དགོས་ཞེས་བཀས་བསྐུལ་ངོར། སྔགས་བཙུན་འདུ་ཤེས་གསུམ་པ་མགོ་སྤྲུལ་རྒྱ་རས་སྔར་བཞུགས་ཀྱི་ལེགས་བཤད་དུ་མ་ཞིག་ནས་བསྡུས་ཏེ་བསྐོས་ལེགས་ཚོགས་གཉིས་གོང་འཕེལ་གླིང་ནས་ཁྲིགས་སུ་བསྡེབས་པ་སྟེ་ཉེས་ཚོགས་དབྱིངས་སུ་བཤགས་ཤིང་། དགེ་བས་བསྟན་འགྲོ་ཡོངས་ལ་གནོད་ཅིང་འཚེ་བའི་ཕུང་བྱེད་སྲི་ཡི་རིགས་མ་ལུས་པ་ཆོས་ཉིད་ཀྱི་དབྱིངས་སུ་ལྷག་མེད་དུ་ཞི་ནས་སྲིད་ཁམས་མ་ལུས་པ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག་གུ། ཤུ་བྷཾ།

བཞེས་འབོད།

༄༅། བཞེས་འབོད་ནི། ཧོ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ། བཀའ་སྡོད་དམ་ཅན་རྒྱ་མཚོ། ལས་བྱེད་ཕོ་ཉ་དྲེགས་པ་ཅན་རྣམས་ཀྱི་མཐུ་དང་ནུས་པའི་རྩལ་ཕྱུངས་ལ་དམ་ཉམས་པའི་དགྲ་བོ་བདུན་རྒྱུད་དང་བཅས་པའི་སྲོག་གི་ལྗོན་ཤིང་བསྒྱེལ་ཅིག གནམ་གྱི་འཇུ་ཐག་ཆོད་ཅིག ས་ཡི་རྟེན་ཕུར་ཕྱུངས་ཤིག ཆགས་པའི་ཡུལ་དང་ཕྲོལ་ཅིག དབང་ཐང་གི་ར་བ་གཏོར་ཅིག རླུང་རྟའི་རྒྱལ་མཚན་བསྙིལ་ཅིག སྒོ་ནོར་ཕྱགས་མས་ཐོབ་ཅིག སྐྱོབས་བྱེད་ཀྱི་ལྷ་དང་ཕྲོལ་ཅིག སྲོག་རྩ་དམར་པོ་ཆོད་ཅིག སྙིང་ཁྲག་ཞལ་དུ་དྲོངས་ཤིག དོན་སྙིང་སྦར་གྱིས་ཆུས་ཤིག ཀླད་ཁྲག་ཞོ་ལྟར་དཀྲུག་ཅིག ཁོང་ཁྲག་ཐང་ལ་ཕོས་ཤིག ཕོ་རྒྱུད་རྩད་ནས་ཆོད་ཅིག མོ་རྒྱུད་མངལ་ནས་སྐོམས་ཤིག ཉེ་བཞི་རྩ་ལག་སོད་ཅིག །བདུན་རྒྱུད་དྲུང་ནས་ཕྱུངས་ལ། སྒོ་དང་ལམ་སྲང་མ་ནོར། མིང་འདྲ་དང་རུས་འདྲ་མ་ནོར། ཁྱིམ་མཚེས་དང་དགྲ་གཉེན་ངོ་ཤེས་པར་གྱིས། མི་ཚེ་རིང་པོ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་འཛུག །ལས་ཀྱིས་དབང་པོ་ལ་གཏད་མ་འདོག །སྐྱེ་རྒ་ན་འཆི་ལ་ཁུངས་མ་འབྱིན་པར་དམ་ཉམས་པའི་དགྲ་བོ་ཕ་ཁུ་མ་ཚན་ཉེ་འབྲེལ་བདུན་རྒྱུད་དང་བཅས་པ་ལོ་དང་ཟླ་བར་མ་བཞག །ཞག་དང་ཟ་མར་མ་འགྱངས་བར་ད་ལྟ་ཉིད་དུ་དཔལ་ཆེན་པོ་ཆེ་མཆོག་ཕུར་པའི་ལྷ་ཚོགས་དམ་ཅན་དྲེགས་པའི་ཚོགས་ཀྱི་ཞལ་དུ་བསྟབ་པོ་བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི