cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་བཞི་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྒྲོལ་མའི་རྒྱུད་ཉི་མ་འོད་རབ་ཏུ་འབར་བའི་གཟི་བརྗིད།

༄༅༎ བྷགཝཏེཨརྱཏཱརེམནྟྲགུཧྱསརྦམུལསུརྱཔྲབྷཏེཛྭལནམབིཧརཧིསྨ།

༄༅། བྷ ག ཝ ཏེ ཨརྱ ཏཱ རེ མནྟྲགུཧྱ སརྦ མུ ལ སུ རྱཔྲབྷཏེཛྭལནམབིཧརཧིསྨ།

༄༅།། བཅོམ་འདས་འཕགས་མ་སྒྲོལ་མའི་རྒྱུད་གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཉི་མ་འོད་རབ་ཏུ་འབར་བའི་གཟི་བརྗིད་ཅེས་བྱ་བ་བཞུགས་སོ།།

༔ རྒྱ་གར་སྐད་དུ༔ བྷ་ག་ཝ་ཏེ་ཨཱརྱ་ཏཱ་རེ་མནྟྲ་གུ་ཧྱ་ཏནྟྲ་སརྦ་མཱུ་ལ་སཱུརྱ་པྲ་བྷ་ཏེ་ཛྭ་ལ་ནཱ་མ༔ བོད་སྐད་དུ༔ བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་གསང་སྔགས་རྒྱུད་ཐམས་ཅད་ཀྱི་རྩ་བ་ཉི་མའི་འོད་རབ་ཏུ་འབར་བའི་གཟི་བརྗིད་ཅེས་བྱ་བ༔ འདི་སྐད་རྣམ་པར་བཤད་པའི་དུས་ན༔ ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་མཐའ་དབུས་མེད་པ་ཀུན་ཏུ་ཡང་རབ་ཏུ་སྣང་བའི་འོད་ཆེན་པོ་རྣམ་པར་འཕྲོ་ཞིང་བློ་ལས་འདས་པའི་ཞིང་ཁམས་ཆེན་པོ་རང་སྣང་ལས་ཤར་བའི་ཕོ་བྲང་༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རིན་པོ་ཆེ་དབང་སྔོན་ལས་གྲུབ་པའི་ཕྱི་དང་ནང་མེད་པ་རང་གི་རང་གདངས་ལ་འོད་ཟེར་ཁ་དོག་ལྔ་ལྡན་འབར་ཞིང་འཕྲོ་བ༔ བློའི་སྤྱོད་ཡུལ་ལས་འདས་པའི་ཚད་མེད་པ་བཞིའི་སྒོ་དང་༔ དབང་པོ་དང་སྟོབས་ལྔ་འོད་ལྔ་ལ་སོགས་པའི་སྐར་ཁུང་དང་༔ བ་ལང་མིག་ཀུན་ཏུ་གསལ་བ༔ སྟོབས་དང་དབང་བཅུ་ལ་སོགས་པའི་ཀ་བ་དང་ཀ་རྒྱན༔ རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་ལ་མ་འདྲེས་པའི་ཆོས་བཅོ་བརྒྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་གདུགས་དང་ཆོས་འཁོར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་གསེར་གྱི་རི་དྭགས་ཕོ་མོ་སོགས་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པའི་དབུས་སུ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་མདངས་སྒྲིབ་པ་མེད་པའི་དྭངས་ཤེལ་སྟོབས་གླང་པོ་ཆེ་དང་༔ མི་འཇིགས་པ་སེང་གེ་དང་༔ ཀུན་ཏུ་མྱུར་བའི་རྫུ་འཕྲུལ་ཅང་ཤེས་དང་༔ འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་པའི་རྨ་བྱ༔ འགྲོ་བའི་དོན་ལ་ཀུན་ཏུ་གཡེལ་བ་མེད་པའི་མཁའ་ལྡིང་རིན་པོ་ཆེས་བཏེགས་པའི་ཁྲི༔ མ་ཆགས་པའི་པདྨ༔ བདེ་སྟོང་གཉིས་སུ་མེད་པའི་ཉི་ཟླ་བརྩེགས་པའི་གདན་ལ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ༔ ཀུན་ཏུ་ཐོགས་པ་མེད་པའི་མཁྱེན་པ་དང་བརྩེ་བའི་བདག་ཉིད༔ མཚན་དཔེས་མངོན་པར་སྤྲས་ཤིང་རྒྱལ་བ་ཀུན་གྱི་ཐུགས་དང་གཉིས་སུ་མེད་པའི་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད༔ རང་ལས་མི་གཞན་པའི་དབྱིངས་ཀྱི་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་དང་འདུ་འབྲལ་མེད་པའི་འཁོར་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་བཅོམ་ལྡན་འདས་རིགས་མཆོག་ཆེན་པོ་ལྔ་དང་༔ དམ་ཚིག་སྒྲོལ་མ་ལ་སོགས་པའི་རིགས་ཀྱི་ཡུམ་ཆེན་རྣམ་པ་ལྔ་སྟེ་བཅུ་ཕྲག་དང་༔ བྱང་ཆུབ་སེམས་དཔའ་རྡོ་རྗེ་མཐོང་བ་དང་༔ བྱང་ཆུབ་སེམས་མ་གཟུགས་ཀྱི་རྒྱལ་མོ་ལ་སོགས་པའི་ཞིང་གི་རྡུལ་སྙེད་དང་མཉམ་པའི་འཁོར་རྒྱ་མཚོ་དག་དང་ལྷན་ཅིག་ཏུ་བཞུགས་སོ༔ དེའི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་དབྱིངས་ལས་ཡུམ་ཆེན་མོ་ནམ་མཁའི་དབྱིངས་ཕྱུག་མ་དང་༔ དམ་ཚིག་སྒྲོལ་མའི་རྡོ་རྗེའི་གླུས༔ སྟོན་མཆོག་ཐབས་ཀྱི་རྒྱལ་མོ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་ཧོ༔ འཁོར་དང་འདས་པའི་ཆོས་རྣམས་ཀུན༔ རང་བཞིན་མེད་པའི་ཀློང་དུ་གཅིག༔ སུས་ཀྱང་མ་བྱས་རང་ལས་ཤར༔ གློ་བུར་རྐྱེན་གྱི་སོ་སོར་སྣང་༔ མ་རྟོགས་འཁྲུལ་བའི་སེམས་ཅན་ལ༔ སྐྱེ་བ་མེད་ལས་སྐྱེ་བའི་ཆོས༔ རླུང་དང་ཡེ་ཤེས་སྙིང་པོའི་རྒྱུད༔ ཐབས་མཆོག་ཡབ་ཀྱིས་བསྟན་དུ་གསོལ༔ དེ་སྐད་ཅེས་གསོལ་བ་དང་༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཞིང་ཁམས་ཀྱི་བཀོད་པ་མཐའ་ཡས་ཤིང་མུ་མེད་པར་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཆོ་འཕྲུལ་གྱི་སྣང་བ་ཅིར་ཡང་མ་འགགས་ཤིང་ཅི་ཡང་སྣང་བ་འོད་ཟེར་གྱི་ཚོགས་དཀར་དམར་དང་མཐིང་ཀ་དང་མདོག་སོ་སོར་འཕྲོ་བའི་ཚོགས་ཀྱི་རིགས་ཀྱི་མཆོག་བཅོམ་ལྡན་འདས་ཡབ་རྣམས་དང་༔ རིགས་ཀྱི་གཙོ་མོ་རྒྱལ་བ་ཐམས་ཅད་མཁྱེན་པའི་ཡུམ་རྣམས་དང་༔ རིགས་ཀྱི་སེམས་དཔའ་ཆེན་པོ་རྣམས་དང་༔ རིགས་ཀྱི་སེམས་མ་ཆེན་མོ་རྣམས་དང་༔ རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་དང་༔ ཚངས་པ་དང་༔ དབང་པོ་དང་༔ སྲེད་མེད་ཀྱི་བུ་ལ་སོགས་པའི་ལྷ་ཆེན་པོ་རྣམས་དང་༔ ཀླུའི་རྒྱལ་པོ་དགའ་བོ་དང་འཇོག་པོ་ལ་སོགས་པའི་ཀླུ་ཆེན་པོ་རྣམས་དང་༔ དྲི་ཟའི་རྒྱལ་པོ་སྒྲ་སྙན་རབ་ཏུ་དགའ་བ་སོགས་ཐམས་ཅད་ཕྱོགས་བཅུ་ནས་ལྷགས་པར་བྱས་ཏེ༔ རང་དང་མཐུན་པའི་སྐུའི་བཀོད་པ་ནམ་མཁའི་ཟླ་བ་ལས་ཆུ་སྣོད་དུ་མར་འབྱུང་བ་བཞིན་ཏུ་བསྟན་ཏེ་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཨ་ལ་ལ་ཧོ༔ གདོད་ནས་ཆོས་རྣམས་ཡོད་མིན་ཏེ༔ ནམ་མཁའ་ལྟ་བུའི་རང་བཞིན་ནོ༔ རང་གདངས་ཀུན་དུ་གསལ་བ་ནི༔ སུས་ཀྱང་མི་འགག་འགག་ཏུ་མེད༔ མ་རིག་རྣམ་གསུམ་རྒྱུ་བྱས་ཏེ༔ འཁོར་བའི་རྟེན་འབྲེལ་བཅུ་གཉིིས་བྱུང་༔ ཁྱད་ཆོས་དྲུག་དང་ལྡན་པ་ཡི༔ ཀུན་བཟང་གདོད་མའི་མགོན་པོ་དང་༔ བདག་རྟོག་འཛིན་བྲལ་རྫོགས་སངས་རྒྱས༔ དེ་ཕྱིར་འཁོར་འདས་ཐམས་ཅད་ཀྱི༔ སྤྱི་དཔལ་ཆེན་པོ་ང་ཉིད་དོ༔ སེམས་ཅན་གྲོལ་བར་བྱེད་པའི་ཐབས༔ གནས་སྐབས་གང་གིས་ཞུས་པ་ལས༔ རྒྱུད་ཀྱི་རྒྱལ་པོ་ངས་བཤད་དོ༔ ཞེས་ཞལ་གྱིས་བཞེས་ཤིང་༔ ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཀློང་དུ་བཞུགས་སོ༔ རྒྱུད་ཀྱི་གླེང་བསླང་བའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ དེ་ནས་དམ་ཚིག་རྣམ་པར་བཀོད་པའི་ཀློང་ནས་ཡུམ་ཆེན་མོ་དམ་ཚིག་སྒྲོལ་མས་རང་གི་རིགས་ཀྱི་བདག་པོ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་འདུ་འབྲལ་མེད་པའི་ངང་ནས་འདི་སྐད་ཅེས་གསོལ་ཏོ༔ ཨེ་མ་བཅོམ་ལྡན་རིགས་ཀྱི་བདག༔ ཆོས་ཀུན་སྤྲོས་པ་མེད་པའི་དབྱིངས༔ ཇི་བཞིན་མ་རྟོགས་སེམས་ཅན་རྣམས༔ གནས་སྐབས་འཇིགས་པས་ཉམ་རེ་ཐག༔ མཐར་ཐུག་འཁོར་མཚོའི་གཏིང་དུ་ནུབ༔ དེ་དག་སྒྲོལ་བའི་ཐབས་ཆེན་པོ༔ གཞི་དང་ལམ་དང་འབྲས་བུ་རྒྱུད༔ རྣམ་པར་ངེས་པ་བཤད་དུ་གསོལ༔ དེ་སྐད་ཅེས་གསོལ་བ་དང་༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མཐའ་ཡས་པའི་སེམས་ཅན་རྣམས་འཁོར་བའི་འཇིགས་པ་མཐའ་དག་ལས་སྒྲོལ་བ་ཞེས་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས༔ སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་དྲུག་གི་སྣང་བ་སྤྲོ་ཞིང་སྡུད་པར་མཛད་པ་ལས༔ སེམས་ཅན་རྣམས་འཇིགས་པ་མཐའ་དག་ལས་སྒྲོལ་བའི་དཔའ་མོ༔ ཞེ་སྡང་ལས་རྣམ་པར་གྲོལ་བའི་སྒྲོལ་མ༔ བྱམས་པ་ཚད་མེད་པ་ཞེས་བྱ་བ་དང་༔ ང་རྒྱལ་རྣམས་ཟིལ་གྱིས་གནོན་པའི་སྒྲོལ་མ་ཀུན་ཏུ་དགའ་བ་ཆེན་མོས་འདོད་ཆགས་རྩད་ནས་གཅོད་པའི་སྒྲོལ་མ་རིག་པའི་དབང་མོ་དང་༔ ཕྲག་དོག་རྣམས་དྲུང་ནས་འབྱིན་པའི་སྒྲོལ་མ་གཡུལ་ལས་རྣམ་པར་རྒྱལ་མ་དང་༔ དེ་བཞིན་དུ་མེ་དང་ཆུ་དང་ལྕགས་སྒྲོག་དང་སྦྲུལ་དང་ཤ་ཟ་དང་སེང་གེ་དང་གླང་པོ་ཆེ་དང་རྐུན་པོ་དང་ནད་ཀྱི་བྱེ་བྲག་སྣ་ཚོགས་པ་རྣམས་ལས་སྐྱོབ་པའི་སྒྲོལ་མ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ༔ རྒྱུད་ཀྱི་རྒྱལ་པོ་བཤད་པ་ལ་རབ་ཏུ་བསྐུལ་ཞིང་ཀུན་ཏུ་ཡང་དགྱེས་པར་བྱས་སོ༔ དེ་ནས་བཅོམ་ལྡན་འདས་ཀྱི་ལྗགས་ལས་སྟོང་གསུམ་ཀུན་ཏུ་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་སྤྲོས་ཏེ༔ རྒྱུད་ཀྱི་ཚིག་ཆེན་པོ་འཇིགས་པ་བརྒྱད་རྣམ་པར་སྒྲོལ་བའི་གཟུངས་འདི་བཀའ་བསྩལ་ཏོ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་པའི་ཚིག་གིས་དོན་བཀྲོལ་ནས༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་ལ༔ དྲིིིིིིས་པའི་ལན་དུ་བཀའ་བསྩལ་པ༔ ཨེ་མ་ལས་ཀྱི་རིགས་ཀྱི་ཡུམ༔ རྒྱུད་ཅེས་བྱ་བའི་ངོ་བོ་ནི༔ སྣང་སྟོང་བདེ་སྟོང་དབྱེར་མེད་དོ༔ རྒྱུད་ཅེས་བྱ་བའི་ངེས་ཚིག་ནི༔ མ་བཅོས་གཉུག་མ་གཞི་ཡི་རྒྱུད༔ བསྐྱེད་རྫོགས་དབྱེར་མེད་ལམ་གྱི་རྒྱུད༔ སྐུ་དང་ཡེ་ཤེས་འབྲས་བུའི་རྒྱུད༔ ཀུན་ཏུ་འབྲེལ་བའི་རྒྱུད་ཅེས་བྱ༔ དབྱེ་ན་རྣམ་གྲངས་བཅུ་ཡིན་ཏེ༔ བློ་ལས་འདས་པ་ལྟ་བ་དང་༔ བླང་དོར་བྲལ་བའི་སྤྱོད་པ་འབྲེལ༔ སྒྲིབ་བཞི་སྦྱང་ཕྱིར་དབང་གི་སྒོ༔ བརྟུལ་ཞུགས་མི་ཉམས་དམ་ཚིག་སྟེ༔ ཁམས་གསུམ་བག་ཆགས་དབྱིངས་དག་ནས༔ སྐུ་གསུམ་གཞི་རྫོགས་ཏིང་ངེ་འཛིན༔ ལྷག་པ་གཟུགས་བརྙན་བློས་བསླང་དང་༔ དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་རོ༔ མ་དག་ཡུལ་ལྔ་དབྱིངས་སུ་མཆོད༔ སྔགས་དང་ཕྱག་རྒྱའི་ཚོགས་གཉིས་རྫོགས༔ བསྙེན་པ་ཉེ་བསྙེན་སྒྲུབ་པ་དང་༔ ཕྲིན་ལས་བཞི་ཡི་ལས་ཀུན་འགྲུབ༔ དེ་དག་རྒྱུད་ཀྱི་དངོས་པོར་འདོད༔ བསྡུ་ན་རྣམ་པ་གསུམ་དུ་འདུ༔ སྒོ་གསུམ་ལྷ་སྔགས་ཆོས་ཉིད་དུ༔ ཡེ་ནས་ཡིན་ལ་ཡིིིིིན་པར་ཤེས༔ ཇི་བཞིན་མངོན་དུ་གྱུར་པ་འོ༔ རྒྱུད་སྤྱི་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡཱ༔ དེ་ནས་ལས་རབ་དཔའ་མོ་མཆོག༔ འཕགས་མ་སྒྲོལ་མས་འདི་སྐད་གསོལ༔ གང་ཞིག་ཐར་པའི་སྒོར་ཞུགས་ནས༔ ལྟ་བའི་རིམ་པ་ཇི་ལྟར་ལགས༔ རིགས་མཆོག་དཔའ་བོས་བཀའ་བསྩལ་པ༔ ཐེག་པ་གོང་འོག་སོ་སོའི་ལུགས༔ དབང་པོའི་རིམ་པ་དང་སྦྱར་བའི༔ ལྟ་བའི་རྣམ་གྲངས་མང་ན་ཡང་༔ གསང་ཆེན་རྒྱུད་ཀྱི་རྒྱལ་པོ་འདིར༔ འཁོར་འདས་རོ་མཉམ་ངང་དུ་བལྟ༔ རང་བབ་གཉུག་མའི་དེ་བཞིན་ཉིད༔ རྩོལ་སྒྲུབ་སྤང་བླང་བྲལ་བར་བལྟ༔ འདོད་ཆགས་ལ་སོགས་ཉོན་མོངས་དྲུག༔ ཡེ་ནས་སྟོང་པ་ཆེན་པོར་བལྟ༔ རང་རྩལ་རྣམ་རྟོག་སྣ་ཚོགས་ཀུན༔ ཕྲིན་ལས་འཕྲོ་འདུ་རོལ་པར་བལྟ༔ དེ་ནས་སེམས་མས་ཡང་གསོལ་བ༔ ཐར་པའི་ལམ་ཞུགས་གང་ཟག་གིས༔ སྤྱོད་པའི་རིམ་པ་ཇི་ལྟར་བྱ༔ བཅོམ་ལྡན་འདས་ཀྱིས་གསུང་དུ་གསོལ༔ དེ་སྐད་ཞུས་པ་གསན་ནས་ཀྱང་༔ རྒྱུད་ཀྱི་བདག་པོས་བཀའ་བསྩལ་པ༔ གང་ཟག་དབང་དམན་རིམ་གྱིས་པ༔ གྲུབ་མཐའ་བཞི་ནས་རིམ་གྱིས་འཇུག༔ གསང་ཆེན་རྒྱུད་ཀྱི་རྒྱལ་པོ་འདིར༔ འཁོར་འདས་ཆོས་ཀུན་མཉམ་པའི་ཕྱིར༔ དགག་སྒྲུབ་བླང་དོར་བྲལ་བར་སྤྱོད༔ ཡང་དག་ལམ་གྱི་དགེ་བ་བཅུ༔ དམ་པ་གསུམ་གྱིས་ཟིན་པར་སྤྱོད༔ རང་མཚན་དངོས་འཛིན་མི་དགེ་བཅུ༔ སྤང་བར་ཤེས་ཤིང་བླང་དགོས་ན༔ ཐབས་ཆེན་གཉེན་པོས་ཟིན་པར་སྤྱོད༔ དགག་སྒྲུབ་གང་ཡང་མི་བྱ་བར༔ སྟོང་ཉིད་རོ་སྙོམས་ངང་དུ་སྤྱོད༔ སླར་ཡང་འཕགས་མས་འདི་སྐད་གསོལ༔ ལྷ་ནི་གང་དང་གང་བསྒྲུབ་ཀྱང་༔ རྟེན་གཞི་དཀྱིལ་འཁོར་ཇི་ལྟར་ལགས༔ རྣམ་གྲངས་ངེས་པར་གསུང་དུ་གསོལ༔ རིགས་ཀྱི་གཙོ་བོས་བཀའ་བསྩལ་པ༔ ཨེ་མ་འདུས་པའི་འཁོར་ཚོགས་ཉོན༔ གང་ཟག་དབང་པོ་དམན་པ་རྣམས༔ གཟུགས་བརྙན་དཀྱིལ་འཁོར་གསུམ་ལ་བརྟེན༔ དེ་བཞིན་འབྲིང་ལ་ཏིང་ངེ་འཛིན༔ མཆོག་རྣམས་སྤྲུལ་པའི་དཀྱིལ་འཁོར་རོ༔ དེ་ནས་ཡང་གཅིག་འདི་སྐད་གསོལ༔ ཨེ་མ་བཅོམ་ལྡན་རིགས་ཀྱི་གཙོ༔ འགྲོ་རྣམས་འཇིགས་པ་ལས་སྒྲོལ་བའི༔ མྱུར་མ་དཔའ་མོའི་སྒྲུབ་པ་ཡི༔ དཀྱིལ་འཁོར་རིམ་པ་ཇི་ལྟར་ལགས༔ བདག་ཅག་ལས་ཀྱི་རིགས་ཀྱི་ཡུམ༔ འགྲོ་བའི་དོན་ལ་བརྩོན་པ་ཡི༔ སྤྲུལ་པ་རྣམས་ལ་བཤད་དུ་གསོལ༔ བཅོམ་ལྡན་ཀུན་བཟང་རྣམ་སྣང་གིས༔ ཕྱོགས་ཀུན་ཞལ་གྱི་དཀྱིལ་འཁོར་བཀོད༔ དགྱེས་པ་ཆེན་པོས་འདི་སྐད་གསུངས༔ སྒྲོལ་མའི་དཀྱིལ་འཁོར་རིམ་པ་ལ༔ གཅིག་དང་བརྒྱད་དང་བཅུ་དྲུག་དང་༔ ཉེར་གཅིག་ཉེར་ལྔ་ལ་སོགས་པའི༔ ལྷ་ཡི་རིམ་པ་དང་བསྟུན་ཏེ༔ དཀྱིལ་འཁོར་སྒོ་རྫོགས་ཚང་བར་འབྲི༔ ལྷ་གནས་སྐུ་དང་ཕྱག་མཚན་གསུང་༔ འབྲུ་ཡི་ཚོམ་བུ་བཀོད་ཀྱང་རུང་༔ སྒྲུབ་པའི་གནས་དང་གང་ཟག་དང་༔ འཁོར་དུས་ལྷ་མཚན་སྔགས་ཚིག་གསང་༔ རབ་ཏུ་སྒྲིམ་སྟེ་ཉམས་ལེན་བྱ༔ སྒྲུབ་པའི་ཁོག་དབུབ་པའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡཱ༔ དེ་ནས་རིགས་ཀྱི་སེམས་མ་མཆོག༔ སྒྲོལ་མའི་རྣམ་གྲངས་བསམ་ཡས་པས༔ གདུལ་བྱའི་བློ་དང་འཚམས་པའི་ཕྱིར༔ དབང་གི་རིམ་པ་གསུང་དུ་གསོལ༔ དེ་སྐད་མགྲིན་གཅིག་གསོལ་བཏབ་པས༔ སྣང་མཛད་ཆེན་པོས་བཀའ་བསྩལ་པ༔ ཨེ་མ་གསང་བའི་རིགས་གསང་སྔགས༔ རྒྱུད་ཆེན་རྒྱལ་པོ་འདིར་མོས་ན༔ དབང་གི་རིམ་པ་འདི་ལྟར་རོ༔ གཞི་ཡི་དབང་ནི་རང་རྒྱུད་ལ༔ ཡེ་ནས་ལྷན་ཅིག་སྐྱེ་ཚུལ་དུ༔ གཞི་ཡི་རིག་པ་བསྐུར་བར་བྱ༔ བུམ་པ་གསང་བ་ཤེས་རབ་མ༔ བརྡ་དོན་ཚིག་གིས་ངོ་སྤྲོད་དོ༔ སྤྲོས་བཅས་སྤྲོས་མེད་རབ་སྤྲོས་མེད༔ བསྐྱེད་རིམ་གཏུམ་མོ་དཔེ་དོན་དམ༔ འོད་གསལ་རིམ་པས་ཉམས་སུ་བླངས༔ གང་ལ་བསྐུར་ཡུལ་དད་དམ་ཚིག༔ ཤེས་རབ་སྙིང་རྗེ་ལྡན་པ་འོ༔ ཕྱི་ནང་གསང་བའི་དེ་ཉིད་བཅུ༔ ཡོངས་སུ་རྫོགས་པའི་སློབ་དཔོན་གྱིས༔ ཁམས་དང་བསྟུན་ཏེ་བསྐུར་བར་བྱ༔ ཇི་ལྟར་བསྐུར་བའི་རིམ་པ་ནི༔ བདག་ཉིད་བསྙེན་པ་སྔོན་སོང་ནས༔ དབང་བླང་གཞན་རྒྱུད་གྲོལ་བར་བྱ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོས་མཆོད༔ མ་ཉམས་མ་དུལ་མ་སྙམ་པར༔ རིམ་བཞིན་བསྙེན་སྒྲུབ་ལས་སྦྱོར་བྱ༔ དེ་ནས་རིགས་ཀྱི་དཔའ་མོ་ཡིས༔ བཅོམ་ལྡན་འདས་ལ་ཡང་གསོལ་བ༔ གསང་སྔགས་དཀྱིལ་འཁོར་འདིར་ཞུགས་པའི༔ སློབ་དཔོན་སློབ་མའི་མཚན་ཉིད་གང་༔ དམ་ཚིག་རིམ་པ་ཇི་ལྟར་ལགས༔ གཙོ་བོས་བདག་ལ་བཀའ་སྩོལ་ཅིག༔ དེ་སྐད་གསོལ་བ་གསན་ནས་ཀྱང་༔ ཤིན་ཏུ་དགྱེས་པས་འདི་སྐད་གསུངས༔ སློབ་དཔོན་ཐར་པའི་མིག་ཡིན་ཏེ༔ མེད་དུ་མི་རུང་བསྟེན་པ་གཅེས༔ མཚན་ཉིད་རྣམ་གྲངས་མང་ན་ཡང་༔ གསུམ་དུ་ངེས་པར་ལྡན་པ་དགོས༔ དབང་ཐོབ་དམ་བསྲུང་བསྙེན་སྒྲུབ་ཐེམས༔ རབ་འབྲིང་ཐ་མའི་རྟགས་མཚན་གྱིས༔ རྣམ་གྲོལ་ས་དང་ཉེ་བ་འོ༔ སློབ་བུའི་མཚན་ཉིད་མང་ན་ཡང་༔ ཡིད་ཆེས་དད་བརྟན་སྙིང་རུས་ཆེ༔ ཁོང་ཡངས་གཏོང་ཕོད་དག་སྣང་ལྡན༔ ཐར་པའི་མྱུ་གུ་སྨིན་པ་འོ༔ དམ་ཚིག་ཆོས་ཀྱི་གཞི་མ་ཡིན༔ སྤྱིར་ནི་རྣམ་གྲངས་བསམ་ཡས་ཀྱང་༔ བསྡུ་ན་སྐུ་གསུང་ཐུགས་རྩ་བ༔ ཡན་ལག་དམ་ཚིག་ཉེར་ལྔའོ༔ ལྷག་པའི་ལྷ་དང་བླ་མ་ལ༔ བཟང་ངན་རིས་སུ་མ་བཅད་པར༔ མི་ཉམས་སྲུང་བ་གལ་ཆེ་ཞིང་༔ ཉམས་ན་ཕྱིར་བཅོས་སྡོམ་པ་བཟུང་༔ མ་བསྲུང་འདི་ཕྱིར་སྡུག་བསྔལ་འབྱུང་༔ བསྒྲིམས་ཏེ་འབད་པས་ཐུན་མོང་དང་༔ མཆོག་གི་དངོས་གྲུབ་ཐོབ་པར་འགྱུར༔ མེད་དུ་མི་རུང་བའི་ཡན་ལག་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ དེ་ནས་ལས་ཀྱི་དཔའ་མོ་ཡིས༔ བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ༔ འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས༔ གསང་ཆེན་འདིར་ཞུགས་རྣལ་འབྱོར་གྱིས༔ ཏིང་འཛིན་སྒོམ་ཚུལ་ཇི་ལྟར་ལགས༔ བརྩེ་བས་དགོངས་ཏེ་བཤད་དུ་གསོལ༔ རིགས་ཀུན་འདུས་པའི་བདག་ཉིད་ཀྱིས༔ དགྱེས་པའི་དྲིས་ལན་འདི་སྐད་གསུངས༔ ཉོན་ཅིག་འདུས་པའི་འཁོར་ཚོགས་ཀུན༔ བསྐྱེད་པའི་རིམ་པ་བསམ་ཡས་ཀྱང་༔ འཇིགས་ཀུན་སྒྲོལ་བའི་དཔའ་མོ་ཡི༔ ཏིང་འཛིན་རིམ་པ་འདི་ལྟར་བྱ༔ གཟུགས་མེད་ཁམས་ཀྱི་བག་ཆགས་རྣམས༔ སྦྱང་ཕྱིར་ཆོས་ཀུན་སྟོང་པར་བལྟ༔ གཟུགས་ཁམས་འོད་གསལ་ལས་ཉོན་སྒྲིབ༔ སྦྱང་ཕྱིར་ཚད་མེད་སྙིང་རྗེ་བསྒོམ༔ འདོད་ཁམས་འཁྲུལ་བའི་འཁོར་ལོ་ཡི༔ སྒྲིབ་པ་སྦྱང་ཕྱིར་རང་གི་སེམས༔ ས་བོན་སྔགས་ལས་འོད་ཟེར་འཕྲོས༔ མ་དག་འབྱུང་ལྔ་ཡུམ་ལྔར་སྦྱངས༔ ཕོ་བྲང་མཚན་ཉིད་ཡོངས་རྫོགས་དབུས༔ འདབ་བཞི་འདབ་བརྒྱད་ཉིས་རིམ་དང་༔ སྒོ་བཞིར་ས་བོན་འཕྲོ་འདུ་ལས༔ གཙོ་འཁོར་ཡོངས་རྫོགས་ལྷ་རྣམས་བསྐྱེད༔ ཇི་ལྟར་མེ་ལོང་གཟུགས་བརྙན་བཞིན༔ སྣང་ཡང་སྟོང་པ་ཆེན་པོའི་གདངས༔ སྟོང་ཡང་མཁའ་ལས་འཇའ་ཚོན་བཞིན༔ སོ་སོར་མ་འདྲེས་ཀུན་ཏུ་བསྐྱེད༔ ལྷར་སྣང་བརྟན་པར་གྱུར་པ་ནི༔ དབང་བསྐུར་རྒྱས་གདབ་སྣང་མཐའ་སོགས༔ རིགས་ཀྱི་གཙོ་བོས་དབུ་བརྒྱན་བྱ༔ ཀུན་རྫོབ་བློ་ཡིས་བསྐྱེད་པའི་ལྷར༔ དོན་དམ་དབྱིངས་ནས་ཡེ་ཤེས་པ༔ སོ་སོར་མེད་ཀྱང་རྟེན་འབྲེལ་གྱིས༔ སྤྱན་དྲངས་བརྟན་བཞུགས་གུས་ཕྱག་འཚལ༔ མཆོད་པས་མཆོད་ཅིང་སྐུ་གསུང་ཐུགས༔ ཆེ་བའི་ཡོན་ཏན་དྲན་པས་བསྟོད༔ ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཇི་ལྟར་སྒྲུབ་པའི་ཚུལ་ཏེ་ལེའུ་ལྔ་པའོ༔ ས་མ་ཡཱ༔ དེ་ནས་མྱུར་དཔའ་སྒྲོལ་མ་ཡིས༔ རིགས་ཀྱི་བདག་པོར་འདི་སྐད་གསོལ༔ ཀྱཻ་མ་རིགས་མཆོག་བཅོམ་ལྡན་འདས༔ ཐེག་མཆོག་སྔགས་བདག་རིག་པའི་རྒྱལ༔ དེ་ལྟར་ཏིང་འཛིན་གྱིས་སྒོམ་པའི༔ ལྷ་སྲོག་སྔགས་ཀྱི་ཡེ་ཤེས་རྣམས༔ བསྙེན་དང་སྒྲུབ་པ་ལས་སྦྱོར་སོགས༔ ཇི་ལྟར་ངེས་པར་བཀའ་སྩོལ་ཅིག༔ དེ་ནས་བཅོམ་ལྡན་རྣམ་སྣང་མཛད༔ ལྗགས་ཀྱིས་སྟོང་གསུམ་ཁེབ་པར་མཛད༔ འོད་ཟེར་སྤྲོས་པས་འགྲོ་དྲུག་གི༔ སྡུག་བསྔལ་མ་ལུས་ཀུན་བསལ་ནས༔ བདེ་བ་ཆེན་པོའི་རང་སྒྲ་ལས༔ སྔགས་དོན་ཡི་གེ་འདི་བཞིན་བཤད༔ ཀྱེ་མ་ལས་རབ་དཔའ་མོ་མཆོག༔ འགྲོ་ཀུན་འཁོར་བ་ལས་སྒྲོལ་བའི༔ སྔགས་ཀྱི་རིམ་པ་གསུམ་དུ་བསྟན༔ མཚོན་བྱ་དོན་གྱི་སྔགས་རྣམས་ནི༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད༔ སྐྱེ་བ་མེད་ལས་སྐྱེ་བར་སྣང་༔ ཆད་མཐའི་བག་ཆགས་དབྱིངས་སུ་སྒྲོལ༔ འགགས་པ་མེད་ལས་འགགས་པར་སྣང་༔ རྟག་པར་ལྟ་བའི་བདེན་ཞེན་བཤིག༔ གནས་པ་མེད་ལས་གནས་པར་སྟོན༔ ཡོད་མེད་རྟག་ཆད་མཐའ་ལས་གྲོལ༔ མཚོན་བྱེད་བཀོད་པ་སྔགས་ཀྱི་གཟུགས༔ མི་ཡི་ལུས་ལས་ཁོག་པའི་སྙིང་༔ དེ་ལ་བརྟེན་པ་རྣམ་ཤེས་ཏེ༔ དེ་བཞིན་ལྷ་སྐུར་བསྒོམ་པ་ཡི༔ ཐུགས་སྲོག་གཟུངས་སྔགས་ཡི་གེ་བཀོད༔ མ་ཡེངས་ཏིང་འཛིན་འཛིན་ཕུར་གདབ༔ བཟླས་པ་ལས་ཀྱི་སྔགས་འབྲུ་ནི༔ དཔེར་ན་བརྩེ་བའི་མི་དག་ལ༔ གདུང་བའི་མིང་ནས་འབོད་པ་ལྟར༔ རང་སྔགས་བཟླས་པས་ལྷ་དང་ཉེ༔ དང་པོ་རྩ་བའི་བསྙེན་པ་ནི༔ སྒྲིབ་པ་བཅུ་སྦྱངས་ཕར་ཕྱིན་བཅུའི༔ ཡོན་ཏན་རྫོགས་ཤིང་ས་བཅུ་ཐོབ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ དེ་ནི་རྩ་བའི་བསྙེན་པའོ༔ ཁྱད་པར་འཇིགས་པ་བརྒྱད་དག་ལས༔ སྐྱོབ་ཕྱིར་གཙོ་བོའི་གཟུངས་སྔགས་ནི༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དཱ་ན་ཏྲ་ཡ་སྭཱ་ཧཱ༔ ལྷ་ནི་ཉེ་བར་བསྙེན་པའི་ཕྱིར༔ ལས་སྦྱོར་སྔགས་ཀྱི་རིམ་པ་ཡང་༔ བྱང་ཆུབ་སེམས་དང་མི་འབྲལ་བའི༔ མྱུར་མ་དཔའ་མོའི་གཟུངས་སྔགས་ཀྱིས༔ ཞེ་སྡང་མེ་ཡི་འཇིགས་པ་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ བོ་དྷི་ཙིཏྟ་སརྦ་སིདྡྷི་སྭཱ་ཧཱ༔ དེ་བཞིན་འོད་ཟེར་ཅན་མ་ཡིས༔ ལྟ་ངན་རྐུན་པོའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ མ་རི་ཙྱཻ་མུཾ་སྭཱ་ཧཱ༔ རིག་བྱེད་དབང་མོའི་རིག་སྔགས་ཀྱིས༔ འདོད་ཆགས་ཆུ་བོའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ཀུ་རུ་ཀུ་ལེ་ནྲྀ་ཛ་སྭཱ་ཧཱ༔ དབྱངས་ཅན་ལྷ་མོའི་རིག་སྔགས་ཀྱིས༔ གཏི་མུག་གླང་པོའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ པྲཛྙཱ་ཧྲཱིང་ཧྲཱིང་སྭཱ་ཧཱ༔ ནོར་རྒྱུན་ལྷ་མོའི་གཟུངས་སྔགས་ཀྱིས༔ སེར་སྣ་ལྕགས་སྒྲོག་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ བ་སུ་དྷ་རི་ནི་སརྦ་སིདྡྷི་སྭཱ་ཧཱ༔ གཞན་མི་རྒྱལ་བའི་དཔའ་མོ་ཡིས༔ ང་རྒྱལ་སེང་གེའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ སཱ་ར་ཨ་ནནྟ་སརྦ་སིདྡྷི་སྭཱ་ཧཱ༔ རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱིས༔ ཕ་རོལ་ཞལ་ལྕེའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ཨ་གྲ་ཀེ་ཡུ་རེ་སྭཱ་ཧཱ༔ རྡོ་རྗེ་སྡེར་མོའི་རིག་སྔགས་ཀྱི༔ གཡུལ་འཁྲུག་མཚོན་ཆའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ བཛྲ་རུ་དྷ་ན་པྲ་མརྟ་ན་སྭཱ་ཧཱ༔ རྨ་བྱ་ཆེན་མོའི་རིག་སྔགས་ཀྱིས༔ ཀླུ་ནད་མཛེ་ཡི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ མ་ཧཱ་མ་ཡུ་རི་ནཱ་ག་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ སོ་སོར་འབྲང་མའི་རིག་སྔགས་ཀྱིས༔ གཉེན་དང་བྲལ་བའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ མ་ཎི་བཛྲ་སརྦ་སིདྡྷི་སྭཱ་ཧཱ༔ གཙུག་ཏོར་གདུགས་དཀར་རིག་སྔགས་ཀྱིས༔ བྱད་ཕུར་རྒྱལ་པོའི་འཇིགས་ལས་སྒྲོལ༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་སྭཱ་ཧཱ༔ སྟོང་ཆེན་རབ་འཇོམས་གཟུངས་སྔགས་ཀྱིས༔ ཐོག་སེར་སྡེ་བརྒྱད་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ལོ་ཀ་སརྦ་མ་ཧཱ་པྲ་ཎ་ཧཱུྃ་སྭཱ་ཧཱ༔ བསིལ་བའི་ཚལ་གྱི་གཟུངས་སྔགས་ཀྱིས༔ གཅན་གཟན་གདུག་པའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ལོ་ཀ་ཨ་དྲི་ཎི་མ་ར་ཡ་ཕཊ་སྭཱ་ཧཱ༔ རབ་ཏུ་ཞི་མའི་གཟུངས་སྔགས་ཀྱིས༔ མཚམས་མེད་སྡིག་པའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ ག་ཏེ་ག་ཏེ་པ་ར་ག་ཏེ་བོ་དྷི་ཡེ་སྭཱ་ཧཱ༔ ལས་བཞི་ཕྲིན་ལས་སྒྲུབ་པ་ལ༔ དཀར་སེར་དམར་ལྗང་འོད་ཟེར་གྱིས༔ འཕྲོ་འདུ་བྱ་ཞིང་གཟུངས་སྔགས་ནི༔ ཤིནྟཾ་པུཥྚིཾ་ཝ་ཤཾ་མ་ར་ཡ་ཕཊ་སྭཱ་ཧཱ༔ གཞན་ཡང་མཆོད་པའི་གཟུངས་སྔགས་ནི༔ ལེགས་སྦྱར་སྐད་ཀྱིས་འབུལ་བར་བྱ༔ བསྲེག་རྫས་རྣམས་ལ་རང་རང་གི༔ མིང་སྔགས་དག་གི་ཤམ་བུ་རུ༔ སརྦ་ཛྭ་ལ་སྭཱ་ཧཱ༔ དེ་བཞིན་ལས་ནི་གང་འདོད་ལ༔ སྔགས་དང་དམིགས་པའི་འཕྲོ་འདུ་བྱ༔ སྔགས་ཀྱི་སྒྲ་ཟུར་མ་ཉམས་པར༔ ཡིད་བཟླས་འགོག་བཟླས་རྡོ་རྗེའི་བཟླས༔ ཤུབ་བུར་བཟླས་སོགས་སྐབས་དང་བསྟུན༔ སྔགས་ཀྱི་རིམ་པ་བཤད་པའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡཱ༔ དེ་ནས་འཇིགས་པ་ཀུན་སྒྲོལ་བའི༔ རིག་སྔགས་བདག་མོས་འདི་སྐད་གསོལ༔ དཀྱིལ་འཁོར་ལྷ་རྣམས་མཆོད་པའི་ཕྱིར༔ རྫས་སྔགས་ཏིང་འཛིན་ཇི་ལྟ་བུ༔ བཅོམ་ལྡན་འདས་ཀྱིས་བཀའ་སྩོལ་ཅིག༔ དེ་སྐད་གསོལ་བ་སྙན་གསན་ནས༔ རིག་པའི་རྒྱལ་མོར་འདི་སྐད་གསུངས༔ འགྲོ་བའི་དོན་བརྩོན་སེམས་མ་ཉོན༔ དཀྱིལ་འཁོར་ལྷ་རྣམས་མཆོད་པའི་རྫས༔ ཕྱི་ལྟར་དཀར་གསུམ་མངར་གསུམ་དང་༔ ནང་ལྟར་ཤ་ལྔ་བདུད་རྩི་ལྔ༔ གསང་བ་ཤུ་ཀྲ་དཀར་དང་དམར༔ གཞན་ཡང་ཟས་བཤོས་ཤ་དང་ཆང་༔ སྤང་བླང་མེད་པའི་དམ་རྫས་བཤམས༔ གཙོ་འཁོར་མཚན་ནས་བརྗོད་དེ་འབུལ༔ སྔགས་ཀྱི་རིམ་པ་འདི་བཞིན་ནོ༔ སརྦ་པཱུ་ཛ་ས་མ་ཡཱ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཏ་ན་ག་ན་པཱུ་ཛ་ཨཱ༔ཧཱུྃ༔ དམིགས་པ་མཆོད་པའི་ལྷ་མོ་ཡི༔ སྤྱན་སོགས་དབང་པོ་དྲུག་ལ་སྟོབ༔ ཞེན་པ་མེད་པའི་ལྷ་རྣམས་ཀྱི༔ ཞེན་མེད་མཉམ་པའི་ངང་དུ་རོལ༔ དམིགས་མེད་ཐུགས་རྗེ་ཆེན་པོའི་མཐུས༔ བདག་གཞན་སྒྲིབ་སྦྱངས་ཚོགས་རྫོགས་དམིགས༔ དེ་ནས་ལས་ཀྱི་དཔའ་མོ་ཡིས༔ གཙོ་མཆོག་རིགས་ཀྱི་བདག་མོ་ལ༔ མ་འོངས་རྣལ་འབྱོར་སྒྲུབ་བརྩོན་གྱིས༔ ཕྱག་རྒྱ་ཇི་ལྟར་ཉམས་སུ་ལེན༔ རྣམ་གྲངས་ངེས་པར་བསྟན་དུ་གསོལ༔ དེ་སྐད་གསོལ་བ་བཏབ་པ་དང་༔ ལས་ཀྱི་དཔའ་མོར་ཡང་གསུངས་པ༔ ཨེ་མ་རིགས་ཀྱི་སེམས་མ་མཆོག༔ ཕྱག་ནི་འཁོར་བའི་ཆོས་ཡིན་ལ༔ མྱ་ངན་འདས་པར་རྒྱ་ཡིས་གདབ༔ མི་གཙང་ཕུང་པོ་ཐ་མར་ལུས༔ སྐུ་ནི་ཕྱག་རྒྱ་ཆེན་པོར་གདབ༔ མ་དག་རླུང་སྔགས་ངག་གི་ལས༔ གྲག་སྟོང་ཆོས་ཀྱི་ཕྱག་རྒྱར་གདབ༔ ཐ་མར་བདག་རྟོག་འཁྲུལ་བའི་སེམས༔ བརྗོད་མེད་དམ་ཚིག་ཕྱག་རྒྱར་གདབ༔ སྒོ་གསུམ་བྱ་བྱེད་འཁོར་བའི་ལས༔ ཕྲིན་ལས་འཕྲོ་འདུ་ཕྱག་རྒྱ་གདབ༔ ཀུན་རྫོབ་འཁྲུལ་བའི་སྣང་བ་ཀུན༔ དོན་དམ་སྤྲོས་མེད་ཕྱག་རྒྱ་གདབ༔ འདི་ལྟར་ཕྱག་རྒྱ་ཆེན་པོའི་དོན༔ ཤེས་པ་ཙམ་གྱིས་གྲོལ་བར་འགྱུར༔ ཕྱག་རྒྱའི་འཕྲོ་འདུ་བསྟན་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡཱ༔ དེ་ནས་འཇིགས་པ་ཀུན་སྐྱོབ་མས༔ རིགས་ཀྱི་གཙོ་མོ་བཅོམ་ལྡན་འདས༔ འདི་ལྟར་གསང་ཆེན་ཉམས་ལེན་པའི༔ སྦྱོར་དངོས་རྗེས་གསུམ་ཚང་བ་ཡི༔ སྒྲུབ་པའི་རིམ་པ་ཇི་ལྟར་ལགས༔ ཚུལ་བཞིན་བདག་ལ་བསྟན་དུ་གསོལ༔ རིགས་ཀུན་བདག་པོས་བཀའ་བསྩལ་པ༔ ཨེ་མ་རིགས་ཀྱི་དཔའ་མོ་ཉོན༔ རང་དང་གཞན་དོན་གང་ལ་ཡང་༔ བསྙེན་དང་ཉེ་བར་བསྙེན་པ་དང་༔ སྒྲུབ་པ་སྒྲུབ་པ་ཆེན་པོ་ཡིས༔ ཉམས་སུ་ལེན་པའི་གང་ཟག་གིས༔ ཕུན་སུམ་ཚོགས་པ་ལྔ་ལྡན་དང་༔ འབྲེལ་བའི་སྦྱོར་དངོས་རྗེས་གསུམ་བརྩམས༔ གནས་ནི་སངས་རྒྱས་བྱང་སེམས་ཀྱིས༔ ལུང་བསྟན་ཞབས་ཀྱིས་བཅག་པའི་ས༔ དབེན་ཅིང་ཉམས་དགའ་རིག་པ་དྭངས༔ འཆར་སྔ་ནུབ་ཕྱི་མེ་ཆུ་འཛོམས༔ གྲོགས་ནི་ཁོང་ཡངས་དག་སྣང་ཆེ༔ དུས་ཚོད་བསིལ་དྲོད་སྙོམས་པ་དང་༔ མཐུན་རྐྱེན་ཟས་གོས་འཛོམས་པའོ༔ ཆོ་ག་སྦྱོར་དངོས་རྗེས་གསུམ་སྟེ༔ སྦྱོར་བ་སྔོན་འགྲོ་ཆོས་བཅུ་ཡིས༔ རང་རྒྱུད་ལས་སུ་རུང་བར་བྱ༔ དངོས་གཞི་ལྷ་སྔགས་ཏིང་འཛིན་གྱིས༔ ཕྱི་ནང་སྣོད་བཅུད་དངོས་འཛིན་སྦྱངས༔ ཡེ་དག་འབྲས་བུ་ལམ་དུ་འཁྱེར༔ རྗེས་ལ་བསྔོ་བ་སྨོན་ལམ་གྱིས༔ སྒོ་གསུམ་དགེ་ཚོགས་གང་བགྱིས་པ༔ མི་སྣང་གཏེར་དུ་སྦས་པ་བཞིན༔ བྱས་པ་ཆུད་མི་ཟ་བའི་ཕྱིར༔ དམིགས་མེད་དབྱིངས་སུ་རྒྱ་ཡིས་གདབ༔ དེ་སྐད་ཅེས་ནི་བཀའ་བསྩལ་པས༔ སླར་ཡང་འཇིགས་སྐྱོབ་དཔའ་མོ་ཡིས༔ སྤྱོད་ལམ་རིམ་པ་ཇི་ལྟར་ལགས༔ དེ་སྐད་གུས་པས་གསོལ་བ་དང་༔ སྣང་མཛད་དཔའ་བོས་བཀའ་བསྩལ་པ༔ ཤེས་རབ་དབང་མོས་ལེགས་པར་ཉོན༔ ཐུན་མཚམས་ཡི་གེ་འབྲི་དང་མཆོད༔ རྟེན་བཞེངས་སྲོག་བསླུ་མདོ་སྡེ་བཀླག༔ བཟའ་བཏུང་ཚོགས་ཀྱི་འཁོར་ལོར་རོལ༔ ཕྱི་ནང་གསང་བའི་གཏོར་མས་བརྔན༔ དྲན་ཤེས་ལྡན་པའི་ཉམས་སུ་བླངས༔ ཆོས་ཀུན་རྩ་བ་དད་པ་ཡིན༔ གཞི་མ་དམ་ཚིག་སྡོམ་པར་རག༔ སྙིང་རྗེ་བསྐྱེད་རྫོགས་ཟུང་དུ་འབྲེལ༔ ལྟ་བ་སྤང་བླང་རྩོལ་བྲལ་ཡང་༔ སྤྱོད་ལམ་སྡིག་སྤང་དགེ་ལ་འབད༔ རྒྱུན་དུ་རྣམ་དག་སྨོན་ལམ་གདབ༔ དེས་ནི་གསང་སྔགས་འབྲས་བུ་དོན༔ ཚེ་འདིར་འགྲུབ་པར་གདོན་མི་ཟ༔ སྒྲུབ་པ་ཉམས་སུ་ལེན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡཱ༔ དེ་ནས་ལས་ཀྱི་དཔའ་མོ་ཡིས༔ དེ་ལྟར་ཚུལ་བཞིན་སྒྲུབ་པ་ལས༔ གནས་སྐབས་མཐར་ཐུག་འབྲས་བུ་གང་༔ སྔགས་ཀྱི་བདག་མོར་བཤད་དུ་གསོལ༔ དེ་སྐད་གསོལ་བ་བཏབ་པ་དང་༔ བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ༔ ལེགས་སོ་དཔའ་མོ་ཁྱོད་ཉོན་ཅིག༔ འབྲས་བུ་ཡེ་ནས་རང་ལ་རྫོགས༔ གསར་དུ་ཐོབ་པ་མ་མཆིས་ཀྱང་༔ གློ་བུར་སྒྲིབ་པ་བསལ་བ་དང་༔ གནས་སྐབས་མཐར་ཐུག་འབྲས་བུ་འབྱུང་༔ ཚེ་རིང་ནད་མེད་བདེ་སྐྱིད་ལྡན༔ འཇིགས་པ་གང་གིས་མི་ཚུགས་ཤིང་༔ གང་འདོད་བསམ་པའི་དོན་ཀུན་འགྲུབ༔ བསྐྱེད་རྫོགས་གོམས་པ་བརྟན་པ་ཡིས༔ རིལ་བུ་མིག་སྨན་རྐང་མགྱོགས་སོགས༔ ཐུན་མོང་གྲུབ་པ་ཡ་བརྒྱད་དང་༔ མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཡི༔ ཡོན་ཏན་ཡན་ལག་བདུན་ལྡན་སོགས༔ རང་གཞན་དོན་གཉིས་འགྲུབ་པར་འགྱུར༔ སྒྲུབ་པ་མཐའ་རུ་ཕྱིན་པའི་ལེའུ་སྟེ་དགུ་པའོ༔ ས་མ་ཡཱ༔ དེ་ནས་རིགས་ཀྱི་དཔའ་མོ་ཡིས༔ རྒྱུད་ཀྱི་གླེགས་བམ་འབྲི་བ་དང་༔ བཅིངས་པའི་ཕན་ཡོན་ཇི་ལྟར་ལགས༔ གང་ལ་གཉེར་དུ་གཏད་པར་བྱ༔ མ་འོངས་གང་ཟག་ཇི་ལྟར་འབྱུང་༔ དེ་སྐད་ལེགས་པར་བསྟན་དུ་གསོལ༔ ཅེས་པའི་ལན་དུ་བཀའ་བསྩལ་པ༔ ཨེ་མ་རིགས་ཀྱི་དཔའ་མོ་མཆོག༔ རྒྱལ་ཡུམ་སྒྲོལ་མ་ཁྱོད་ཉོན་ཅིག༔ མ་འོངས་སྙིགས་མའི་དུས་ཀྱི་ཚེ༔ ཐུགས་བསྐྱེད་སྨོན་ལམ་དུས་སྨིན་པའི༔ འཕགས་མ་ཁྱོད་ཀྱི་མཚན་ཙམ་ཞིག༔ ཐོས་ཤིང་གསོལ་བ་བཏབ་པ་ཡང་༔ ངེས་པར་འཇིགས་ལས་གྲོལ་འགྱུར་ན༔ རྒྱུད་ཀྱི་ཕན་ཡོན་བསམ་མི་ཁྱབ༔ གཙང་མའི་གཞི་ལ་རིན་པོ་ཆེའི༔ ཁུ་བས་ལེགས་པར་ཡི་གེ་བྲི༔ སོར་བཞིའི་གླེགས་བམ་མཆན་གཡོན་བཏགས༔ བརྒྱད་དང་བཅུ་དྲུག་འཇིགས་པ་ལས༔ སྐྱོབ་ཅིང་སྡིག་པའི་ལས་ཀྱང་བྱང་༔ འཆི་ཁར་སངས་རྒྱས་བྱང་སེམས་དང་༔ འཕགས་མས་ལུང་བསྟན་དབུགས་དབྱུང་མཛད༔ ཚེ་གསུམ་གྲོལ་བ་གདོན་མི་ཟ༔ རྒྱུད་འདི་གཏད་པའི་སྲུང་མ་ནི༔ གསང་ཆེན་རྒྱུད་ཀྱི་བདག་མོ་སྟེ༔ གཙོ་དང་འཁོར་དུ་སྣང་ལ་འོང་༔ མ་འོངས་སྙིགས་མ་རྩོད་ལྡན་དུས༔ ཤཱཀ་ཐུབ་བསྟན་པའི་ཐ་མ་ལ༔ རང་བྱུང་བརྫུས་སྐྱེས་སྤྲུལ་པའི་སྐུ༔ མཁའ་འགྲོའི་དབང་ཕྱུག་པདྨ་སྐྱེས༔ རྒྱལ་ཀུན་དགོངས་པའི་མཛོད་ལ་དབང་༔ དམ་པ་དེ་དང་དབྱེར་མེད་སྤྲོད༔ དེས་ཀྱང་སྐལ་ལྡན་འདུས་པའི་ཚོགས༔ ཀུན་གྱི་ནང་ནས་མཆོག་གྱུར་པ༔ འཕགས་མ་ཁྱོད་ཀྱི་རྣམ་པར་འཕྲུལ༔ ཐུགས་ཀྱི་གཟུངས་མ་ཉིད་ལ་གདམས༔ མི་བརྗེད་གཟུངས་ཀྱི་སྒྲོམ་བུར་སྦོས༔ ལས་ཅན་སྤྲུལ་པའི་གང་ཟག་ལ༔ ཡི་གེའི་གཟུགས་སུ་ངེས་པར་སྣང་༔ ཕྱོགས་བཞི་ནས་འོང་སྐལ་ལྡན་བཞི༔ གཞན་ཡང་བརྒྱད་དང་བཅུ་དྲུག་སོགས༔ སར་གནས་བྱང་སེམས་རིག་འཛིན་སྤྲུལ༔ ལས་སྐལ་ལྡན་ལ་བསྟན་པར་བྱ༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས༔ རྒྱུད་ཀྱི་ཕན་ཡོན་བསྟན་པ་དང་གཉེར་དུ་གཏད་པ་སྐལ་ལྡན་ལུང་དུ་བསྟན་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་བཀའ་བསྩལ་ནས་ཆོས་ཉིད་དེ་བཞིན་ཉིད་སྤྲོས་པ་མེད་པའི་དབྱིངས་སུ་སྟོན་འཁོར་དགོངས་པ་གཅིག་པའི་ཚུལ་གྱིས་གཡོ་བ་མེད་པར་མཉམ་པར་རབ་ཏུ་གནས་པར་གྱུར་ཏེ་འཁོར་རྣམས་ཀྱང་རྗེས་སུ་ཡི་རང་སྟེ་མངོན་པར་བསྟོད་དོ༔ བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མའི་རྒྱུད་གསང་སྔགས་ཐམས་ཅད་ཀྱི་རྩ་བ་ཉི་མ་འོད་རབ་ཏུ་འབར་བའི་གཟི་བརྗིད་ཅེས་བྱ་བ་རེ་ཞིག་རྫོགས་སོ༔ ཞེས་རྗེ་བཙུན་སྒྲོལ་མའི་རྒྱུད་ཉི་འོད་རབ་ཏུ་འབར་བ་འདི་སྤྲུལ་པའི་གཏེར་ཆེན་ལུང་རིག་གླིང་པས་དབྱིངས་རིག་དབྱེར་མེད་དགོངས་པའི་སྒྲོམ་ནས་དབྱི་མཁར་དགོན་གྱི་གཙུག་ལག་ཁང་དུ་དབྱར་གནས་པའི་སྐབས་དག་པར་ཕབ་པའི་ཡི་གེ་པ་ནི་གསེར་བ་ཨོ་རྒྱན་ལྷུན་གྲུབ་ཀྱིས་བགྱིས་པའི་དགེ་བས་འགྲོ་ཀུན་རྡོ་རྗེ་འཆང་གི་གོ་སར་འགོད་ནུས་པའི་རྒྱུར་གྱུར་ཅིག་གུ༔

སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིད་ཆེས་དད་པའི་ཤིང་རྟ།

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྒྲོལ་མའི་ཐུགས་བསྐྱེད་བཀོད་པ་ཡིིད་ཆེས་དད་པའི་ཤིང་རྟ་བཞུགས༔

ན་མོ་གུ་རུ་པདྨ་ཀཱ་ར་ཡ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རྗེ་བཙུན་འཕགས་མ་ཡི༔ ཐུགས་བསྐྱེད་མཛད་པའི་བཀོད་པ་ལས་བསྡུས་པ༔ རང་བྱུང་སྤྲུལ་སྐུ་པདྨ་རྒྱལ་པོ་ལ༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་བདག་ཉིད་དང་༔ མངའ་བདག་སློབ་འབངས་མཁས་པ་མི་བཞི་སོགས༔ སྐལ་ལྡན་མང་པོས་བསམ་ཡས་བར་ཁང་དུ༔ རིན་ཆེན་གཡུ་ཡི་མཎྜལ་ལེགས་ཕུལ་ནས༔ ཀྱེ་མ་འགྲོ་ཀུན་སྐྱབས་གཅིག་སྤྲུལ་པའི་སྐུ༔ ད་ལྟ་དུས་བཟང་རྫོགས་ལྡན་དཔལ་ལ་འགྲན༔ སྐྱབས་མཆོག་ཉིད་དང་པཎ་གྲུབ་ལྷན་རྒྱས་འཛོམས༔ མངའ་བདག་ཡབ་སྲས་བདག་ཅག་འབངས་འཁོར་བཅས༔ བདེ་སྐྱིད་ཕུན་ཚོགས་ཟབ་ཆོས་དཔག་མེད་ཐོབ༔ འདི་རྣམས་འདུས་བྱས་མི་རྟག་རྨི་ལམ་འདྲ༔ དེ་ཕྱིར་འཕགས་མའི་ཐུགས་བསྐྱེད་མཛད་ཚུལ་དང་༔ ལས་ཚོགས་དབང་དང་མན་ངག་ཟབ་གནད་ལ༔ ཤར་ལྷོ་ནུབ་བྱང་དབུས་ཕྱོགས་གནས་ལྔ་རུ༔ གཏེར་དུ་སྦས་ནས་མ་འོངས་འགྲོ་དོན་དུ༔ སྨོན་ལམ་འདེབས་སམ་ཇི་ལྟར་བགྱི་ཞུས་པས༔ རྒྱལ་ཀུན་ངོ་བོ་ཨོ་རྒྱན་བླ་མ་ཡིས༔ དར་ཅིག་ཅི་ཡང་མི་གསུང་མཁའ་ལ་གཟིགས༔ རྗེས་ཐོབ་ཆ་ལ་འདི་བཞིན་བཀའ་བསྩལ་པ༔ ཀྱེ་ཧོ་འདིར་འདུས་མངའ་བདག་ཡབ་སྲས་དང་༔ དབྱངས་ཅན་སྤྲུལ་པ་ཇོ་མོ་མཁར་ཆེན་བཟའ༔ མདོ་རྒྱུད་མཁས་པ་ལོ་ཙཱ་རྣམ་སྣང་མཛད༔ ཡིག་རིགས་མཁས་པ་ལྡན་མ་རྩེ་མང་བ༔ ལག་ལེན་མཁས་པ་གཉགས་ཀྱི་གཞོན་ནུ་ཆེ༔ འདུལ་བར་མཁས་པ་ཀླུ་ཡི་དབང་པོ་དང་༔ གཞན་ཡང་ལྷ་རིགས་ཆོས་བློན་རྡོ་རྗེ་དཔལ༔ རྡོ་རྗེ་སྤྲེལ་ཆུང་ཤུད་བུ་དཔལ་སེང་དང་༔ རྒྱ་ཚ་ལྷས་གནང་བཙུན་མོ་ཕོ་གྱོང་བཟའ༔ ཚེ་སྤོང་བཟའ་འཚོ་ནུས་སྦྱིན་ས་ལེ་དང་༔ དགེ་རྒྱས་བྱང་ཆུབ་འབྲོམ་བཟའ་ལ་སོགས་པའི༔ སྐལ་ལྡན་འདིར་འདུས་ཁྱེད་ཅག་ཐམས་ཅད་ལ༔ བསམ་ཡས་འབྱུང་བའི་ཆོས་ཀྱི་དགའ་སྟོན་དུ༔ རྗེ་བཙུན་འཕགས་མ་སྒྲུབ་ཐབས་ལ་སོགས་པ༔ ཡང་ཟབ་ཐུགས་ཀྱི་ཏི་ཀ་མང་དུ་གནང་༔ ཁྱད་པར་འཕགས་མའི་གདམས་པ་ཕུལ་བྱུང་འདི༔ ཡིད་ཆེས་བསྐྱེད་ཕྱིར་འཕགས་མས་ཐུགས་བསྐྱེད་ཚུལ༔ སྔོན་ནས་འཕེལ་བའི་གཏམ་དུ་མང་སྨྲས་ཀྱང་༔ མ་འོངས་སྐལ་ལྡན་ཡིད་ལ་འཇགས་བདེའི་ཕྱིར༔ ཚིགས་སུ་བཅད་དེ་ཁྱེད་རྣམས་ལ་བཤད་ན༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་སྙིང་ལ་ཆོངས༔ མ་འོངས་ལས་འཕྲོ་སད་པའི་སྐལ་ལྡན་ལ༔ སྨོན་ལམ་བཟང་པོས་མཚམས་སྦྱོར་དང་བཅས་ཏེ༔ ཐོགས་མེད་དགོངས་པའི་གཏེར་དུ་བརྡོལ་ནས་ཀྱང་༔ འབྲེལ་ཚད་ཡང་དག་ལམ་དུ་འགོད་པར་ཤོག༔ ས་མ་ཡཱ༔ ཞེས་གསུངས་དེ་ཚེ་བདག་ཉིད་མཚོ་རྒྱལ་གྱིས༔ དུས་གསུམ་རྒྱལ་བའི་གདུང་འཚོབ་གུ་རུ་རྗེ༔ སྔོན་ཚེ་འཕགས་མ་རྒྱལ་ཡུམ་དཔའ་མོ་ཉིད༔ ཐོག་མར་ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་ཚུལ༔ རྒྱས་བསྡུས་འཚམས་ལ་ཤིན་ཏུ་ཞལ་གསལ་བ༔ ཐོགས་མེད་མཁྱེན་པའི་དབང་པོས་གསུང་དུ་གསོལ༔ ཅེས་པའི་ཞུ་བས་དར་ཟབ་སྣ་ལྔ་དང་༔ གསེར་གཡུའི་མཎྜལ་སྐྱེམས་དང་བཅས་ཕུལ་ཏེ༔ གུས་པའི་ཡིད་ཀྱིས་བཏུད་དེ་བླ་མ་རྗེ༔ ཚངས་དབྱངས་དོན་དང་ལྡན་པའི་གསུང་བྱུང་བ༔ བརྗེད་མེད་སྙིང་གི་སྒྲོམ་དུ་ལེགས་བསྩལ་བ༔ དུས་བབས་རྒྱ་གྲོལ་དུས་བབས་ཚེ༔ རྩ་གསུམ་སྲུང་མས་བཀའ་ཡི་གནང་བ་སྩོལ༔ ཀྱེ་མ་ལྔ་བརྒྱ་ཐ་མའི་སེམས་ཅན་ལ༔ ཤིན་ཏུ་བརྩེ་བ་ཆེན་པོའི་ཐུགས་མངའ་བ༔ རྗེ་བཙུན་སྒྲོལ་མ་མཆོག་དེས་ཐུགས་བསྐྱེད་ཚུལ༔ བསྐལ་པར་བརྗོད་ཀྱང་ཟད་པའི་མཐའ་མེད་ཀྱང་༔ ཤིན་ཏུ་བསྡུས་ཏེ་སྐལ་ལྡན་དོན་དུ་བཤད༔ རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ་པ་ཉིད༔ འཆི་མེད་རྔ་སྒྲའི་རྒྱལ་པོར་སྐུར་སྤྲུལ་ཚེ༔ འཁོར་ལོས་སྒྱུར་རྒྱལ་དཔའ་བོ་སྡེ་ཞེས་པ༔ གླིང་བཞིར་དབང་ཞིང་དགེ་བཅུའི་ཁྲིམས་ལྡན་པ༔ སྲས་དང་བུ་མོ་སྟོང་ཕྲག་ཚང་བ་བྱུང་༔ དེ་ཚེ་དེ་བཞིན་གཤེགས་པ་འཁོར་བཅས་ལ༔ རྒྱལ་པོས་བསྙེན་བཀུར་བླ་མར་མངའ་གསོལ་ཚེ༔ བུ་མོ་ཆེ་ཤོས་ཡེ་ཤེས་ཟླ་བ་དང་༔ སྲས་པོ་ཆེ་ཤོས་མིག་མི་འཛུམ་པ་ཡིས༔ རྒྱལ་བའི་དབང་པོ་དེ་ཡི་ཞབས་དྲུང་དུ༔ བདག་ཅག་མིང་སྲིང་གཉིས་ཀྱི་མཚན་ཐོས་པས༔ སྐྱེ་བོ་དེ་དག་གནས་སྐབས་འཇིགས་ཚོགས་དང་༔ མཐར་ཐུག་ངན་སོང་གནས་ལས་ཐར་གྱུར་ཅིག༔ ཅེས་དང་གཞན་ཡང་བློ་ལྡན་ལྕམ་དེ་ཡིས༔ བདག་གིས་སྐྱེ་བོ་འཇིགས་པ་བརྒྱ་ཕྲག་གིས༔ གདུང་བའི་ཉམ་ཐག་དེ་དག་འཇིགས་པ་ལས༔ དབུགས་དབྱུང་བདེ་བ་མཆོག་ལ་མ་བཀོད་བར༔ ནམ་ཡང་བྱང་ཆུབ་སྙིང་པོར་བདག་མ་གྱུར༔ བདག་གིས་བདུད་སྡེ་གཞན་ལ་གནོད་པ་དག༔ དཔའ་བར་འགྲོ་བའི་ཏིང་འཛིན་སྐད་ཅིག་གིས༔ བྱེ་བ་ཁྲག་ཁྲིག་བཅོམ་པར་མ་གྱུར་བར༔ དེ་སྲིད་བྱང་ཆུབ་སྙིང་པོར་བདག་མ་གྱུར༔ བདག་གིས་དབུལ་བས་ཉེན་པའི་འགྲོ་བ་རྣམས༔ ནོར་གྱི་ལོངས་སྤྱོད་ཆེན་པོས་ཚིམ་བྱས་ནས༔ མཐར་ཐུག་བསོད་ནམས་བྱེ་བའི་འབྱུང་གནས་སུ༔ མངོན་པར་རྫོགས་སངས་རྒྱས་སུ་མ་བྱས་བར༔ དེ་སྲིད་ནམ་ཡང་རང་ཉིད་བདེར་མ་གྱུར༔ གཉེན་དང་བྲལ་བའི་སྐྱེ་བོ་ཕལ་པའི་ཚོགས༔ བྱམས་པའི་བུ་དང་གྲོགས་པོ་ལ་སོགས་པ༔ བདག་གིས་དེ་དག་དགའ་བར་མ་བྱས་བར༔ དེ་སྲིད་རང་ཉིད་བདེ་གཤེགས་མཆོག་མ་གྱུར༔ མ་རུངས་གདོན་གྱིས་རྟག་ཏུ་གཙེས་པ་ཡི༔ ལུས་སེམས་ནད་དང་སྡུག་བསྔལ་གྱིས་གདུང་བའི༔ སྐྱེ་བོ་དེ་དག་ནད་དང་སྡུག་བསྔལ་ལས༔ དབུགས་དབྱུང་བདེ་བའི་གནས་ལ་མ་བཀོད་བར༔ བདག་གིས་ནམ་ཡང་བྱང་ཆུབ་ཐོབ་མ་གྱུར༔ སྦྱར་དང་ལྷན་སྐྱེས་ལས་བྱུང་དུག་རིགས་ཀྱིས༔ མི་བཟོད་སྡུག་བསྔལ་མྱོང་བའི་སྐྱེ་བོ་རྣམས༔ འབྱུང་བའི་ཁམས་སམ་འཕྲལ་སྐྱེས་སྨན་མཆོག་གིས༔ བདེ་བའི་མཆོག་ལ་བདག་གིས་མ་བཀོད་བར༔ དེ་སྲིད་རྣམ་མཁྱེན་ཉིད་དུ་མ་གྱུར་ཅིག༔ གཞན་ལ་གནོད་པའི་འབྱུང་པོའི་ཁ་རླངས་ཀྱིས༔ འབྲུམ་པ་དམར་ཡམས་གཉན་ནད་ལ་སོགས་པ༔ ལྷན་ཅིག་ལྡན་ནམ་འཕྲལ་རྐྱེན་ནད་ཀྱི་རིགས༔ བཟོད་དཀའ་ཉམ་ཐག་གྱུར་པའི་སེམས་ཅན་རྣམས༔ བདེ་བའི་ངལ་བསོ་དམ་པ་མ་བྱིན་བར༔ ནམ་ཡང་རང་ཉིད་བདེ་བར་གནས་མ་གྱུར༔ གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བྱ་དཀའི་སྤྱོད་པས་འགྲོ་བའི་རེ་སྐོང་བའི༔ རྒྱལ་སྲས་སེམས་དཔའི་ཚོགས་ལ་བདུད་དབང་གིས༔ དམན་པའི་སེམས་ཀྱིས་རང་དོན་ལ་ཞུགས་ན༔ དེ་དག་རྣམ་མཁྱེན་ལམ་ལ་མ་བཞག་བར༔ ནམ་ཡང་བདག་ཉིད་ཆོས་རྒྱལ་མཆོག་མ་གྱུར༔ ཅེས་སོགས་གཞལ་དཀའི་དམ་བཅའ་མཛད་པ་རྣམས༔ ཚུལ་བཞིན་བསྒྲུབ་ཕྱིར་སྟན་གཅིག་ལ་གནས་ནས༔ འགྲོ་བ་རྣམ་པར་སྒྲོལ་བའི་ཏིང་འཛིན་ལ༔ རྩེ་གཅིག་བཞུགས་ཚེ་གཞན་འཕྲུལ་བདུད་ཀྱི་སྡེ༔ འབུམ་ཕྲག་དུ་མས་བར་ཆད་བརྩམས་གྱུར་ཀྱང་༔ དཔའ་བར་འགྲོ་བའི་ཏིང་འཛིན་འཇུག་པ་རེས༔ ཆུ་སྲིན་རྒྱལ་མཚན་སྡེར་བཅས་ཕམ་བྱས་ཚེ༔ གཞན་དོན་གྲུབ་པའི་རྒྱལ་དང་དེ་སྲས་ཀྱི༔ མཚན་ཡང་སྒྲོལ་མ་དཔའ་མོ་ཞེས་སུ་བསྒྲགས༔ དེ་འོག་ཤར་ཕྱོགས་བཻཌཱུར་སྣང་བ་ཡི༔ བརྫུས་སྐྱེས་དྲང་སྲོང་ཡིད་ལས་སྐྱེས་པ་དང་༔ སྨན་གྱི་རྒྱལ་པོ་མཆེད་བདུན་སྤྲུལ་པའི་སྐུ༔ རིག་པའི་ཡེ་ཤེས་ཚངས་པ་ཆེན་པོ་སོགས༔ མི་དང་མི་མིན་བྱེ་བ་ཁྲག་ཁྲིག་གིས༔ ནད་སེལ་སྨན་གྱི་དགོངས་པ་ལ་བཞུགས་ཚེ༔ རྒྱལ་བའི་དབང་པོའི་ཐུགས་ཀའི་འོད་ལྗང་ཁུས༔ མཐའ་ཡས་རྒྱལ་ཀུན་བྱམས་བརྩེའི་བྱིན་རླབས་མཐུ༔ གཅིག་ཏུ་བསྡུས་པའི་རང་གཟུགས་ལྷ་མོ་བདུན༔ གདུང་སེལ་མ་དང་དེ་བཞིན་འཚོ་བྱེད་མ༔ འཇིགས་སྐྱོབ་མ་དང་དཔའ་མོ་བདེ་ལྡན་མ༔ མཆོག་སྦྱིན་མ་དང་རྣམ་པར་གྲོལ་བྱེད་མ༔ སོ་སོའི་གཟུགས་ཀྱིས་མགྲིན་གཅིག་འདི་སྐད་ཞུས༔ ཀྱེ་མ་ཀྱེ་མ་བདག་ལྟའི་གཞན་དབང་གིས༔ ལས་ཉོན་འཁྲུལ་བས་བསླུས་པའི་འགྲོ་བ་ལ༔ འདོད་ཆགས་དག་གིས་རླུང་དང་ཞེ་སྡང་མཐུས༔ མཁྲིས་པའི་རིགས་གྱུར་གཏི་མུག་བད་ཀན་ནད༔ ཕྲག་དོག་བགེགས་ནད་རྒྱལ་ལྡན་འདུས་པ་སྟེ༔ རྒྱུ་དང་འབྲས་བུ་སྡུག་བསྔལ་གྱིས་མནར་བ༔ དེ་དག་མི་བཟོད་སྡུག་བསྔལ་དྲག་པོ་ཡིས༔ ལུས་སེམས་ཉམ་ཐག་སྙིང་རྗེའི་ཡུལ་གྱུར་རྣམས༔ བདེ་བའི་གནས་ལ་ལེགས་པར་དབུགས་དབྱུང་ཕྱིར༔ བདག་ཅག་སྨན་གྱི་བུ་མོ་སྤུན་བདུན་པོས༔ བྱང་ཆུབ་སྙིང་པོའི་བར་དུ་སེམས་བསྐྱེད་དོ༔ ཞེས་པའི་ཐུགས་བསྐྱེད་མཛད་ཚེ་ལྷ་རྣམས་ཀྱིས༔ རོལ་མོའི་སྒྲ་དང་བསྟོད་པའི་གླུ་དབྱངས་ཀྱིས༔ ནམ་མཁའ་བར་སྣང་ས་གཞི་གང་སྙམ་བྱེད༔ དེ་ཚེ་བདེ་གཤེགས་སྨན་པའི་རྒྱལ་པོ་དང་༔ ཐུགས་སྤྲུལ་དྲང་སྲོང་རིག་པའི་ཡེ་ཤེས་དང་༔ སྨན་གྱི་ལྷ་དང་དྲང་སྲོང་བསམ་ཡས་པས༔ དགྱེས་པའི་ཞལ་གྱིས་ལེགས་སོ་གནང་བ་བསྩལ༔ དུས་གསུམ་མཁྱེན་པའི་དེ་བཞིན་གཤེགས་པ་དེས༔ མ་འོངས་བསྐལ་པ་རྫོགས་ལྡན་ཞེས་བྱ་བར༔ བུ་མོ་ཁྱེད་རྣམས་འགྲོ་བ་མཐའ་མེད་པའི༔ སྐྱབས་དང་མགོན་དུ་འགྱུར་བར་ཐེ་ཚོམ་བྲལ༔ ཞེས་གསུངས་འཁོར་དུ་འདུས་པའི་གཙོ་བོ་མཆོག༔ དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་དེ་ཡིས༔ གུས་པའི་ཕྱག་འཚལ་མཆོད་པའི་མཎྜལ་བཅས༔ སྟོན་པ་མཆོག་དེའི་སྤྱན་སྔར་འདི་སྐད་ཞུས༔ ཀྱེ་ཧོ་ཐུགས་རྗེའི་བདག་ཉིད་བཅོམ་ལྡན་འདས༔ མ་འོངས་དུས་སུ་བུ་མོ་འདི་དག་གིས༔ འགྲོ་བའི་དོན་མཛད་སེམས་ཅན་སྐྱབས་གྱུར་ན༔ བྱིན་རླབས་ནུས་མཐུ་སྟོབས་ཤུགས་ཇི་ལྟ་བུ༔ བསྐྱེད་པའི་ཡབ་ཡུམ་སུ་ཞིག་དུས་ནམ་ཞིག༔ སྤུན་བདུན་གཟུགས་སྣང་མཚན་གྱི་རྣམ་གྲངས་གང་༔ རྫོགས་སངས་རྒྱས་སུ་གྱུར་ཚེ་མཛད་པ་དང་༔ ཕྲིན་ལས་ལུང་བསྟན་ཐོགས་མེད་བསྟན་དུ་གསོལ༔ དེ་ཚེ་བཻཌཱུར་སྣང་བའི་སྟོན་པ་དེའི༔ སྐུ་ཡི་འོད་ཀྱིས་སྟོང་གསུམ་གསལ་བར་སྣང་༔ ཚངས་པའི་གསུང་གཅིག་དུ་མ་སོ་སོར་སྣང་༔ བརྩེ་ཆེན་ཐུགས་ཀྱིས་ངན་སོང་སྟོང་པར་མཛད༔ ལྗགས་ཀྱི་དབང་པོས་ས་གསུམ་འགྲོ་ཀུན་གྱིས༔ བདེ་ལེགས་སྣང་བའི་དཔལ་ཀུན་འཕེལ་བའི་གསུང་༔ བརྗོད་མེད་ཚིག་ཏུ་འདི་སྐད་བཀའ་བསྩལ་ཏོ༔ ཀྱེ་ཧོ༔ བྱམས་བརྩེའི་བདག་ཉིད་དྲང་སྲོང་ཆེན་པོ་ཡིས༔ འགྲོ་བའི་དོན་དུ་དེ་སྐད་ཞུས་པ་ལེགས༔ ད་ལྟ་བུ་མོ་གདུང་སེལ་ལྷ་མོ་ཉིད༔ མ་འོངས་བསྐལ་པ་སྣང་བའི་དཔལ་ཞེས་པར༔ རྫོགས་པའི་སངས་རྒྱས་དོན་ཀུན་གྲུབ་པའི་དྲུང་༔ མིག་མི་འཛུམ་པ་སྤྱན་རས་གཟིགས་ཞེས་པའི༔ གྲོགས་ཀྱི་ཚུལ་དུ་འཕགས་མ་སྒྲོལ་མ་ཞེས༔ མིང་ཙམ་ཐོས་པས་སྐྱེ་བོ་མཐའ་ཡས་ལ༔ འཇིགས་པའི་ཚོགས་རྣམས་ཀུན་ལ་སྐྱོབ་པར་འགྱུར༔ དེ་བཞིན་འཚོ་མཛད་མ་ཞེས་བྱ་བ་ནི༔ ཚངས་པའི་མཚོ་ལས་སྒྲ་དབྱངས་ལྷ་མོ་ཞེས༔ རྨོངས་པ་སེལ་བའི་ཤེས་རབ་ལྷ་ཡི་མཆོག༔ ཕྱི་ནང་མཁས་པ་ཡོངས་ཀྱི་དཔལ་དུ་འགྱུར༔ འཇིགས་སྐྱོབ་མ་ནི་དགྲ་སྡེའི་གཡུལ་ངོ་ལ༔ འཇིགས་ཤིང་སྐྲག་ནས་ཅི་བྱ་གཏོལ་མེད་པ༔ དེ་དག་སྐྱོབ་མཛད་འོད་ཟེར་ཅན་མ་ཞེས༔ རྣམ་པར་རྒྱལ་བའི་དཔའ་མོ་ཆེན་པོར་འགྱུར༔ དཔལ་མོ་དུས་མིན་འཆི་བས་ཉེན་པ་ཡི༔ ཚེ་ཡི་ཕ་མཐར་གཏུགས་པའི་སྐྱེ་བོ་རྣམས༔ རིང་པོར་འཚོ་བའི་སྐལ་བཟང་མཆོག་སྦྱིན་པའི༔ གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱར་འགྱུར༔ བདེ་ལྡན་མ་ནི་དབུལ་བས་ཉམ་ཐག་ནས༔ འཚོ་ཆས་སྨན་དང་ཡོ་བྱད་མི་ལྡན་པ༔ ཀུན་གྱིས་བརྙས་པའི་སྐྱེ་བོ་ཕལ་མོ་ཆེར༔ གང་དགོས་སྦྱིན་པའི་ནོར་རྒྱུན་མ་རུ་གྱུར༔ མཆོག་སྦྱིན་མ་ནི་ནད་ཀྱིས་ཉམ་ཐག་པའི༔ འགྲོ་བ་རྣམས་ལ་འབྱུང་བའི་ཁམས་དག་པ༔ གསེར་སོགས་སྨན་གྱི་དངོས་གྲུབ་སྩོལ་བ་ཡི༔ ཚེ་འཛིན་མ་ཞེས་སྨན་གྱི་རྒྱལ་མོར་འགྱུར༔ རྣམ་པར་གྲོལ་མ་ཡི་གེའི་གཟུགས་སྣང་བས༔ མཐོང་ཐོས་དྲན་རེག་སྲིད་པའི་དུཿཁ་ལས༔ སྐྱོབ་མཛད་རྒྱལ་ཡུམ་ཡི་གེ་དྲུག་མ་ཞེས༔ འགྲོ་བའི་དོན་དུ་མཛད་པ་མཐའ་ཡས་འགྱུར༔ ཞེས་པའི་བདེན་གསུང་ལུང་གིས་བསྔགས་པའི་ཚེ༔ སྲིད་གསུམ་གཡོས་ཤིང་མཁའ་ལ་འཇའ་སྤྲིན་འཁྲིགས༔ ངན་སོང་གནས་སྟོངས་སེམས་ཅན་མཐའ་ཡས་པ༔ མི་སྐྱེ་ཆོས་ལ་བཟོད་པ་ཐོབ་པར་འགྱུར༔ དེ་ཚེ་ཚངས་པ་ཆེན་པོས་ཡང་ཞུས་པ༔ སྲིད་གསུམ་སྡུག་བསྔལ་སེལ་བའི་བུ་མོ་བདུན༔ འདི་རུ་བྱུང་བ་སུ་ཡི་ནུས་མཐུ་ལགས༔ ཉིད་ཀྱིས་སྤྲུལ་ལམ་སྨོན་ལམ་དག་པ་འམ༔ གཅིག་གམ་ཐ་དད་ཐེ་ཚོམ་བསལ་དུ་གསོལ༔ འཚོ་མཛད་དྲང་སྲོང་ཆེན་པོ་སྨན་པའི་རྒྱལ༔ དྲིས་པའི་ལན་ལ་དགོངས་ཤིག་ཐམས་ཅད་མཁྱེན༔ དེ་སྐད་ཞུས་པས་བདེ་གཤེགས་བཀའ་བསྩལ་པ༔ ཚངས་པ་ཆེན་པོ་འཇིག་རྟེན་མེས་པོ་ལགས༔ འཚོ་བྱེད་སྨན་གྱི་བུ་མོ་སྤུན་བདུན་འདི༔ འཇིག་རྟེན་ཞིང་ཁམས་རྡུལ་གྱི་གྲངས་མཉམ་པའི༔ འཇིགས་ཀུན་སྐྱོབ་མཛད་ཕྲིན་ལས་ལྷ་མོ་ནི༔ སྒྲོལ་མ་ཞེས་བྱ་དུས་གསུམ་ཐོག་མཐའ་ཀུན༔ བརྗོད་དུ་མེད་པར་གྱུར་འདི་རྒྱལ་བ་དང་༔ དེ་སྲས་སེམས་མ་མཆོག་དམན་ཀུན་གྱི་ཡུམ༔ འདི་རུ་སྣང་བ་བདག་གིས་རྒྱལ་ཀུན་ལ༔ གཅིག་ཏུ་གུས་པས་གསོལ་བ་བཏབ་ལས་སྣང་༔ སྨོན་ལམ་སྟོབས་ཡིན་རྒྱལ་བའི་ཐུགས་རྗེ་ཡིན༔ གཅིག་ཡིན་སོ་སོ་སྣང་བ་དེ་ཡང་ཡིན༔ དཔེར་ན་མཁའ་ལས་ཟླ་བ་གཅིག་ཤར་བ༔ ཆུ་མཚོ་སོ་སོར་སྣང་བ་དེ་བཞིན་ནོ༔ ཆོས་ཀུན་བདེན་པ་མ་ཡིན་བརྟགས་ན་སྟོང་༔ མེད་པ་མ་ཡིན་རྒྱུ་རྐྱེན་ཚོགས་ལས་སྣང་༔ ཡོད་མེད་གཉིས་མིན་རང་བཞིན་དབུ་མ་ཆེ༔ འདི་ནི་བདེ་གཤེགས་ཀུན་གྱི་ཡུམ་ཆེན་ཏེ༔ ཞེས་པས་དོན་དམ་བདེན་པ་བསྟན་པའི་ཚེ༔ ཐུགས་རྗེའི་རང་གཟུགས་སྨན་གྱི་བུ་མོ་བདུན༔ འཁོར་དུ་སྣང་བའི་ལྷ་དང་དྲང་སྲོང་ཚོགས༔ ཁ་ཅིག་གིས་ནི་འོད་ཀྱི་རྣམ་པར་གྱུར༔ འབྱུང་བཞིའི་ཁམས་ཀྱི་སྨན་དུ་གྱུར་སྙམ་བྱེད༔ ལ་ལས་ཞིང་ཁམས་བྱེ་བ་ཕྲག་བརྒྱ་རུ༔ སྣ་ཚོགས་གཟུགས་ཀྱིས་འགྲོ་དོན་བྱེད་པར་མཐོང་༔ འགའ་ཞིག་སྨན་གྱི་རྒྱལ་པོའི་གནས་བདུན་དུ༔ ཐིམ་ནས་འོད་ཟེར་ཕུང་པོ་འབར་བར་ཤེས༔ ཕལ་ཆེར་དེ་རྣམས་ཁྱིམ་པའི་ཚུལ་བཟུང་ནས༔ སྦྱིན་པས་ལོ་མང་ཉམ་ཐག་སྐྱོང་བར་མཐོང་༔ འགའ་ཡིས་ཚངས་པར་སྤྱོད་པའི་བརྟུལ་ཞུགས་ཀྱིས༔ དཀའ་ཐུབ་ཆེན་པོས་སྡོམ་ཁྲིམས་སྲུང་བ་སོགས༔ སྣང་ཚུལ་སྣ་ཚོགས་བརྗོད་ལས་འདས་པའོ༔ དེ་སྐད་གུ་རུ་རྗེ་ཡིས་གསུངས་པ་བཞིན༔ མི་བརྗེད་གཟུངས་ཀྱིས་སྙིང་གི་སྒྲོམ་དུ་སྦས༔ དུས་བབས་སྐལ་ལྡན་ལུང་དུ་སྟོན་པའི་མིང་༔ དེར་འཕྲད་ཡི་གེའི་རིས་སུ་བཀོད་པ་ཡིས༔ འགྲོ་མང་ཐར་པའི་ལམ་དུ་འགོད་པར་ཤོག༔ ས་མ་ཡཱ༔ བདག་ཉིད་ཐུགས་ཀྱི་གཟུངས་མ་ཡིས༔ གུ་རུ་རྗེ་ལ་ཡང་ཞུས་པ༔ འདི་འདྲའི་གདམས་པ་སྤེལ་བའི་དུས༔ སྐལ་ལྡན་ཅི་འདྲ་སྐལ་དམན་གང་༔ དུས་རྟགས་ཅི་འབྱུང་ཐུབ་པའི་བསྟན༔ འཕེལ་འགྲིབ་འབྱུང་མིན་བསྟན་དུ་གསོལ༔ དེ་ཚེ་མ་ཧཱ་གུ་རུ་པདྨ་ཡིས༔ ཐུགས་ཀྱིས་མཁྱེན་པའི་ལུང་གསལ་འདི་བཞིན་གསུངས༔ ཉོན་ཅིག་གསང་བའི་སྣོད་ལྡན་ཌཱཀྐི་མ༔ མ་འོངས་གདམས་པ་འདི་ཉིད་སྤེལ་བའི་དུས༔ བོད་ཡུལ་རུ་བཞིར་འཁྲུག་རྩོད་མཚོན་ཁ་ལྡང་༔ ཤར་ཕྱོགས་ས་བདག་རྒྱལ་པོའི་མངའ་ཐང་ཉམས༔ ང་སྤྲུལ་གསང་སྔགས་ཟབ་མོའི་གཏེར་འབྱིན་སྟོན༔ གྲུབ་ཆེན་འགའ་ཞིག་མདོ་ཁམས་སྟོད་དུ་འབྱུང་༔ དབང་པོའི་མིང་གིས་བསྟན་པའི་མེ་རོ་གསོ༔ ཐུབ་བསྟན་ཕྱོགས་རེར་མཐོངས་སྐར་ཉི་བཞིན་གསལ༔ རུ་དམ་སྲིན་པོ་བརྟུལ་རྗེས་ཡང་ཡང་མངོན༔ ལྕགས་ཀྱི་བདུད་སྤྲུལ་ཡང་ཡང་མགོ་འཕང་མཐོ༔ རྙིང་བོན་ཕལ་ཆེར་གསར་མའི་ཀུན་སྤྱོད་སློབ༔ བསྙེན་སྒྲུབ་སྒོམ་སྒྲུབ་དགུན་གྱི་མྱུ་གུ་བཞིན༔ འགྲོ་བའི་ཚེ་བསོད་མར་མར་འགྲིབ་པའི་དུས༔ སྟོད་ཕྱོགས་རྫ་ཆུ་ཟུང་འབྲེལ་ཡང་དབེན་དུ༔ མཁྱེན་རབ་སྤྲུལ་པ་ཤྲི་མིང་ཅན་དང་༔ འཕགས་པའི་སྤྲུལ་པ་བཟང་པོའི་མཚན་འཆང་བ༔ རྟ་ལུག་ལོ་བ་སྙིང་ལྟེ་སྨེ་བས་སྤྲས༔ དཔལ་གྱི་རི་ནས་འབྲེལ་ཚད་འགྲོ་བ་འདྲེན༔ དགུ་བདུན་འཕྲང་གི་བར་ཆད་སེལ་བའི་ཆོས༔ ཡང་ཟབ་འཕགས་མའི་སྒྲུབ་ཐབས་ཟབ་མོ་དང་༔ འཕགས་མའི་ཆོས་གཉིས་ཟུང་དུ་འབྲེལ་བ་ན༔ ཚེ་འཕྲང་གེགས་ལས་གྲོལ་བར་ཐེ་མི་ཚོམ༔ གཞན་ཡང་ཆོས་འདིར་དབང་བའི་སྐལ་ལྡན་ནི༔ བློན་ཆེན་སྐྱེ་བས་ཆོས་སྒོ་འབྱེད་པར་བསྐུལ༔ སོམ་ཉི་སྤང་བས་ཟབ་ཆོས་ཉམས་སུ་ལེན༔ བར་ཆད་གེགས་སེལ་ཉམས་དང་རྨི་ལམ་འབྱུང་༔ བཻ་རོའི་རྣམ་འཕྲུལ་མ་འདྲེས་མཛའ་བཤེས་འགྱུར༔ གསེར་ཕྱོགས་འགྲོ་ལ་ཆོས་འདིས་ངེས་ཤེས་བསྐྱེད༔ དགྲ་མཚོན་སྤུ་གྲིའི་སོ་ནས་གེགས་མེད་ཐར༔ སྤྲེལ་ཆུང་སྐྱེ་བས་ཆོས་ལ་ངེས་ཤེས་སྐྱེ༔ དགུ་ལྔའི་གེགས་སེལ་ལེགས་པའི་ཚོགས་ཀུན་འཕེལ༔ ཨ་ཙར་སྤྲུལ་བས་སྒྲ་སོགས་ཡིག་རིག་བརྩོན༔ དམ་པ་ཟུང་འབྲེལ་ཆོས་ཀྱིས་འགྲོ་མང་ལ༔ ཕན་པའི་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས༔ མཆོག་དབྱངས་སྤྲུལ་བས་ཆེ་བའི་གོ་ས་འདོན༔ ཕན་ཚུན་འབྲེལ་ཟབ་དུས་སྙིགས་རྒུད་པ་སེལ༔ ལྷ་སྲས་སྤྲུལ་བས་སྒོ་གསུམ་ཆོས་ལ་བསྐུལ༔ ཉེས་པའི་སྒོ་འགགས་བདེ་བའི་དཔལ་མང་སྦྱིན༔ ཆོས་རྒྱལ་སྤྲུལ་བས་གཙུག་གི་བླ་མར་བྱེད༔ བསྔགས་པའི་ཚིག་གིས་གཤེ་སྐུར་ཟིལ་གྱིས་གནོན༔ འཕགས་མའི་སྤྲུལ་བས་འབྱུང་འཁྲུགས་ནད་ཀུན་སེལ༔ ཟབ་གཏེར་ཐོས་པའི་ཡ་མཚན་རྟགས་འགའ་གསལ༔ དེ་ཚེ་བདུད་ཀྱི་སྤྲུལ་པ་མང་འབྱུང་ཡང་༔ མདོར་བསྡུས་གེགས་སེལ་ཕྱིར་དུ་ལྔ་ཙམ་བསྟན༔ ཀླུ་གོང་སྤྲུལ་བ་བཙུན་པའི་ཚུལ་དུ་ཡོང་༔ དམ་སེལ་ཉམས་ཆག་ཡང་ཡང་སློང་བར་བྱེད༔ ཅི་མི་སྙམ་པ་བཟོད་པའི་གོ་ཆ་བསྒོས༔ ཕམ་ཁ་རང་ཁུར་རེ་ཞིག་དེ་ཡིས་སེལ༔ ཐང་བོན་སྤྲུལ་པ་སྔགས་པའི་ཚུལ་དུ་འོང་༔ ངན་སྔགས་དུག་སྦྱོར་ཚེ་ལ་བར་ཆད་རྩོམ༔ རྡོ་རྗེ་གཙུག་ཏོར་ཡབ་ཡུམ་བཟླས་སྒོམ་འབད༔ སྙིང་རྗེའི་སེམས་ཀྱིས་ཕན་ཐོགས་དེ་ཡིས་སེལ༔ དམ་སྲིའི་སྤྲུལ་པ་ཡུལ་འདྲེའི་ཚུལ་དུ་འོང་༔ མི་ཕྱུགས་ནད་རིམས་མི་འདོད་མང་དུ་འབྱུང་༔ དུས་དྲུག་པདྨ་ང་ལ་གསོལ་བ་ཐོབ༔ ལོ་ལྟར་རིམ་གྲོ་མཆོད་སྦྱིན་བྱས་པས་སེལ༔ བདུད་མོའི་སྤྲུལ་པ་བུད་མེད་གཟུགས་སུ་འོང་༔ སྡང་མིག་ཡོན་པོར་བལྟ་ཞིང་སེམས་རྒྱུད་དཀྲུགས༔ ཕན་པའི་སེམས་ཀྱིས་ཟས་ནོར་གཏོང་ཕོད་དང་༔ བྱམས་པའི་ཚིག་བཟློས་ཐབས་མཁས་ཚུལ་གྱིས་སེལ༔ དར་མའི་སྤྲུལ་བ་མི་སྐྱའི་ཚུལ་དུ་འོང་༔ མནའ་ཆད་སྟོང་བས་ངན་སྒྲོག་གནོད་ཤོམ་བྱེད༔ དམན་པའི་ཚུལ་བཟུང་བྱམས་པའི་དཔའ་གདེང་བསྐྱེད༔ སྲུང་མའི་གསོལ་མཆོད་དགྲ་བྲུབ་ཟབ་མོས་སེལ༔ འདི་རུ་མ་བཀོད་སྐལ་ལྡན་ལུང་བྱང་སོགས༔ མཚོ་རྒྱལ་དགོངས་པའི་གསང་མཛོད་དེ་རུ་གསལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔

སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས༔

དང་པོ་སྐལ་ལྡན་རྙེད་དཀའ་འཇིག་སླ་བའི༔ རྟེན་ལ་སེམས་ཏེ་ངེས་འབྱུང་ཐར་འདོད་བློ༔ འགྲོ་དྲུག་དོན་དུ་བསྐྱེད་དེ་སྐྱབས་ཀྱི་མཆོག༔ ཀུན་འདུས་འཕགས་མར་གསོལ་བ་འདི་བཞིན་གདབ༔ ཨེ་མ་ཧོ༔ དུས་གསུམ་ཀུན་ཏུ་གཤེགས་ཤིང་བཞུགས་པ་ཡི༔ རྒྱལ་བ་སྲས་དང་བཅས་པ་མ་ལུས་པས༔ འགྲོ་བའི་དོན་དུ་བསྐུལ་ཞིང་བསྔགས་པ་བརྗོད༔ རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས༔ དེ་བཞིན་གཤེགས་པ་རྔ་སྒྲའི་བསྟན་པ་ལ༔ རྒྱལ་པོའི་སྲས་མོ་ཡེ་ཤེས་ཟླ་བར་གྱུར༔ མཐའ་ཡས་འགྲོ་རྣམས་འཁོར་བའི་སྡུག་བསྔལ་ལས༔ སྒྲོལ་བའི་དམ་བཅའ་མཛད་ལ་གསོལ་བ་འདེབས༔ དེ་ཚེ་འཇིགས་པ་བརྒྱད་དང་བཅུ་དྲུག་གིས༔ རབ་ཏུ་གཙེས་པའི་སོ་སྐྱེས་རྨོངས་པའི་རིགས༔ ཡུད་ཙམ་གྱིས་ཀྱང་བདེ་བར་དབུགས་འབྱིན་པའི༔ དཔའ་མོ་མཆོག་ཏུ་གྱུར་ལ་གསོལ་བ་འདེབས༔ ཤེས་བྱ་མ་ལུས་ཇི་སྙེད་མཁྱེན་པ་དང་༔ རང་བཞིན་བྲལ་བ་གནས་ལུགས་ཆོས་ཀྱི་དབྱིངས༔ ཇི་བཞིན་མཁྱེན་ལ་རྒྱལ་སྲས་འཇམ་དཔལ་དབྱངས༔ དགྱེས་མཛད་སྒྲ་དབྱངས་ལྷ་མོར་གསོལ་བ་འདེབས༔ དམིགས་པ་མེད་ཀྱང་དཔག་བསམ་ལྗོན་བཟང་ལས༔ དབུལ་སེལ་འདོད་དགུའི་དཔལ་ཀུན་འབྱུང་བ་བཞིན༔ ཚད་མེད་སྙིང་རྗེར་གོམས་པས་ཉམ་ཐག་འགྲོ༔ སྐྱོང་མཛད་བྱམས་བརྩེའི་དབང་མོར་གསོལ་བ་འདེབས༔ བདུད་དང་ལོག་འདྲེན་བྱེ་བ་ཁྲག་ཁྲིག་དཔུང་༔ ཐོགས་མེད་འཇོམས་ལ་མཐའ་ཡས་རྒྱལ་ཀུན་གྱི༔ མཐུ་སྟོབས་ནུས་པ་གཅིག་ཏུ་བསྡུས་པའི་ཉམས༔ ཅིར་ཡང་སྟོན་མཛད་འཕགས་མར་གསོལ་བ་འདེབས༔ གང་གི་མཚན་ཙམ་ཡིད་ལ་དྲན་པས་ཀྱང་༔ སྲིད་དང་ཞི་བའི་རྒུད་པ་འཇོམས་མཛད་ཅིང་༔ གནས་སྐབས་མཐར་ཐུག་ལེགས་རྒུའི་དཔལ་མ་ལུས༔ སྩོལ་མཛད་རྒྱལ་ཡུམ་མཆོག་ལ་གསོལ་བ་འདེབས༔ འཕགས་མ་མཆོག་གི་ཐུགས་བསྐྱེད་ལས་བྱུང་བའི༔ གསང་སྔགས་རིག་སྔགས་ལྷ་མོའི་ཚོགས་རྣམས་ཀུན༔ མ་ངེས་སྤྲུལ་པའི་རོལ་གར་མཐའ་ཡས་པས༔ བསྟན་འགྲོའི་གསོས་སུ་གྱུར་ལ་གསོལ་བ་འདེབས༔ མཉམ་མེད་ཟས་གཙང་སྲས་སོགས་བསྐལ་བཟང་འདིའི༔ སངས་རྒྱས་སྟོང་དང་དེ་བཞིན་རྒྱལ་བའི་སྲས༔ དེ་དག་ཀུན་གྱི་ཐུགས་རྗེ་ནུས་པའི་གཟུགས༔ སེམས་མའི་རྣམ་པར་སྣང་ལ་གསོལ་བ་འདེབས༔ འཕགས་མ་མཆོག་གི་ཐུགས་རྗེས་ལེགས་སྐྱོང་བའི༔ ནཱ་གརྫུ་ན་པདྨ་སཾ་བྷ་ཝ༔ ཉི་མ་སྦས་པ་ཙནྡྲ་གོ་མི་སོགས༔ འཕགས་བོད་མཁས་གྲུབ་རྣམས་ལ་གསོལ་བ་འདེབས༔ གནས་སྐབས་ཉེས་བརྒྱའི་སྐྱོན་ལས་གྲོལ་བ་དང་༔ མཐར་ཐུག་སྲིད་ཞིར་མི་གནས་འགོག་བདེན་ཆོས༔ ཟུང་འཇུག་བསྟན་པའི་སྙིང་པོ་སྟོན་པའི་གསུང་༔ ཐེག་གསུམ་གདུལ་བྱར་སྟོན་ལ་གསོལ་བ་འདེབས༔ ལྷ་མིའི་གཙོ་བོ་ཀུན་གྱི་གཙུག་ན་བརྗིད༔ སྲིད་ན་མཚུངས་མེད་མཚན་དཔེའི་སྣང་བ་མཆོག༔ དྲན་པས་འཁོར་བའི་འཇིགས་པ་ཐམས་ཅད་ལས༔ སྐྱོབ་མཛད་འཕགས་མར་གུས་པས་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པས་བདག་སོགས་འགྲོ༔ ཚེ་རབས་ཀུན་ཏུ་འཕགས་མས་རྗེས་བཟུང་ནས༔ ནད་གདོན་རྐྱེན་ངན་བར་ཆད་གཡུལ་ངོ་ལས༔ རྣམ་རྒྱལ་བདེ་བའི་དབུགས་འབྱིན་ཐོབ་པར་ཤོག༔ སྲིད་པའི་དུཿཁས་མནར་བའི་མཐའ་ཡས་འགྲོ༔ སྒྲིབ་གཉིས་གློ་བུར་སྒྲིབ་པ་ལས་གྲོལ་ནས༔ སྐུ་གཉིས་ཡོངས་གྲུབ་གདོད་མའི་རྒྱལ་ས་རུ༔ རྗེ་བཙུན་མཆོག་དང་དབྱེར་མེད་འགྲུབ་པར་ཤོག༔ དེ་ལྟར་འཕགས་མའི་གསོལ་འདེབས་འདི་ཉིད་ལ༔ བརྩོན་པས་འཇིགས་པ་ཀུན་ཞི་ལེགས་ཚོགས་འགྲུབ༔ དད་ཅན་ཡང་དག་ཆོས་ཀྱིས་མི་བསླུ་བ༔ འཕགས་མ་ཀུན་གྱི་ཐ་ཚིག་ཡང་དག་གོ༔ དགེའོ༔

སྒྲོལ་མའི་ཐུགས་སྒྲུབ་འཇིགས་པ་བརྒྱད་སྐྱོབ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྒྲོལ་མའི་ཐུགས་སྒྲུབ་འཇིགས་པ་བརྒྱད་སྐྱོབ་བཞུགས་སོ༔

ལྷ་དང་དྲང་སྲོང་རིག་པ་འཛིན༔ ཀུན་འདུས་རྗེ་བཙུན་འཕགས་མར་འདུད༔ སྤྲོས་མེད་གང་ཟག་ལུས་དཀྱིལ་དུ༔ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་བསྟན༔ རང་རིག་གདོད་ནས་བྱང་ཆུབ་སེམས༔ ཚོགས་བརྒྱད་རང་གྲོལ་འཁོར་ཡིན་ལ༔ ཡོ་བྱད་ལོངས་སྤྱོད་མཆོད་པའི་རྫས༔ སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས༔ ཡེ་ནས་འདུ་འབྲལ་མེད་པའི་ཕྱིར༔ ཡེངས་མེད་རྒྱུན་དུ་འདི་ལྟར་འབད༔ དེ་ཡང་སྔོན་འགྲོ་དངོས་གཞི་རྗེས༔ དང་པོ་སྐྱབས་སེམས་ཡན་ལག་བདུན༔ ཨེ་མ་ཧོ༔ ངོ་མཚར་རིག་པ་རང་བྱུང་དཀོན་མཆོག་གསུམ༔ རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆི༔ མཐའ་མེད་ལོག་རྟོག་འཁྲུལ་བའི་སེམས་ཅན་རྣམས༔ རྫོགས་སངས་རྒྱས་ཕྱིར་འཕགས་མའི་བསྒོམ་བཟླས་བྱ༔ སྒོ་གསུམ་ཆོས་དང་མཐུན་པའི་གུས་ཕྱག་འཚལ༔ དངོས་འཛིན་སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ ཉེས་ཀུན་སྐྱེ་འགག་བྲལ་བའི་ཀློང་དུ་བཤགས༔ སྐྱེ་འཕགས་དགེ་ལ་རྟག་ཏུ་རྗེས་ཡི་རང་༔ ཆོས་སྤྱོད་རྒྱུན་ཆད་མེད་པའི་འཁོར་ལོ་བསྐོར༔ རྒྱལ་ཀུན་འགྲོ་དོན་མི་གཡེལ་བཞུགས་གསོལ་འདེབས༔ དགེ་དེས་འགྲོ་ཀུན་གདོད་མའི་གཞིར་གྲོལ་ཕྱིར༔ དོན་དམ་འདུ་འབྲལ་མེད་པའི་ཀློང་དུ་བསྔོ༔ གཉིས་པ་ལྷ་སྔགས་ཏིང་འཛིན་ནི༔ ཏཱཾཿ འཁོར་འདས་བློ་བྲལ་ཆོས་དབྱིངས་སྟོང་པའི་ངང་༔ ཕྱི་སྣོད་གྲོང་ཁྱེར་གཡུ་ལོ་བཀོད་པའི་ཞིང་༔ བཀོད་ལེགས་ལྟ་ན་སྡུག་པའི་ཞིང་གི་དབུས༔ རང་བྱུང་སྐྱོན་བྲལ་པདྨ་ཟླ་བའི་སྟེང་༔ ཏཱཾཿཡིག་ལྗང་གུའི་འོད་ཀྱིས་འཁོར་འདས་ཁྱབ༔ འཕགས་མཆོད་བྱིན་རླབས་ཀུན་བསྡུས་འགྲོ་སྒྲིབ་སྦྱངས༔ ཡོངས་གྱུར་རང་ཉིད་འཇིགས་སྐྱོབ་རྗེ་བཙུན་མ༔ འཁོར་བ་ལས་སྒྲོལ་བྱམས་པའི་བདག་ཉིད་ཡུམ༔ ཨིནྡྲ་ནི་ལ་འོད་སྟོང་འཁྱུག་འདྲའི་སྐུ༔ ཞལ་གཅིག་ཞི་འཛུམ་ལང་ཚོས་སྒེག་པའི་ཉམས༔ ཕྱག་གཡས་མཆོག་སྦྱིན་མཁས་རྣམས་མགྲོན་དུ་འབོད༔ གཡོན་པས་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལ་འཁོར་ལོས་མཚན་པ་སྙན་ཐད་འཛིན༔ ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་འགྱིང་ཚུལ་བཞུགས༔ རིན་ཆེན་སྙན་རྒྱན་ནོར་བུའི་ཅོད་པཎ་དང་༔ མུ་ཏིག་རྒྱན་ཕྲེང་དོ་ཤལ་ཕྱག་ཞབས་གདུབ༔ དར་སྔོན་སྟོད་གཡོགས་དམར་པོའི་ཤམ་ཐབས་དང་༔ དབུ་སྐྲ་ལྗང་ཁྲས་བཅིངས་པའི་ཟི་ལྡིར་ངོམ༔ སྐ་རགས་གསེར་མདོག་ལོངས་སྐུ་ཞི་བའི་ཆས༔ འོད་ཟེར་ལྔ་འཁྲིགས་ཟླ་རྒྱས་རྒྱབ་ཡོལ་མཛེས༔ ཕྱོགས་བཞིར་པད་ཟླའི་གདན་ལ་ཏཱཾ་ཡིག་ལས༔ མེ་ཆུ་ལྕགས་སྒྲོག་ཤ་ཟའི་འཇིགས་སྐྱོབ་པའི༔ འཕགས་མ་རིགས་བཞི་དཀར་སེར་དམར་ལྗང་མདོག༔ མཚམས་བཞིིར་རྐུན་པོ་དུག་སྦྲུལ་གླང་པོ་སེང་༔ འཇིགས་སྐྱོབ་སྒྲོལ་མ་དཀར་སྨུག་ནག་སྔོ་བཞད༔ གཡས་གཡོན་ཕྱག་རྒྱ་གཙོ་དང་མཚུངས་པ་ལ༔ རང་རྟགས་ཕྱག་མཚན་དེ་ཡིི་གཉེན་པོར་སྤྲུལ༔ བར་མཚམས་སངས་རྒྱས་བྱང་སེམས་རིག་པ་འཛིན༔ ལྷ་དང་དྲང་སྲོང་གྲུབ་པ་སྤྲིན་བཞིན་འཁྲིགས༔ ཕྱོགས་ཀྱི་སྒོ་སྐྱོང་དམ་ཅན་སྐར་ལྟར་བཀྲ༔ ཡེ་ཤེས་རང་གདངས་འོད་ལྔའི་ཀློང་དུ་གསལ༔ གནས་གསུམ་ཡི་གེ་ལས་བྱུང་འོད་ཟེར་གྱིས༔ དམ་ཚིག་ལྷ་ལ་དབྱིངས་ནས་ཡེ་ཤེས་པ༔ ཆར་ལྟར་བབས་ཏེ་དབྱེར་མེད་རོ་གཅིག་གྱུར༔ མ་ལུས་རྒྱལ་བའི་ཡུམ་ལ་རྟག་ཏུ་འདུད༔ ཕྱི་ཡི་ཡུལ་སྣང་འགགས་མེད་མཆོད་པའི་རྫས༔ མེ་ཏོག་སྤོས་སྤྲིན་སྣང་གསལ་བཟང་ལྡན་ཆབ༔ ལྷ་ཡི་རོ་བཅུད་སྙན་འཇེབས་རོལ་མོའི་སྒྲ༔ ཅིར་སྣང་དངོས་འབྱོར་ཡིད་སྤྲུལ་རང་བྱུང་རྫས༔ བློ་ཡིས་བླངས་ཏེ་ཀུན་བཟང་རྣམ་རོལ་གྱིས༔ རྗེ་བཙུན་སྒྲོལ་མ་སྐྱབས་གྱུར་སྤྲུལ་འཁོར་ལ༔ གུས་པས་འབུལ་ལོ་ཐུགས་རྗེས་བཞེས་སུ་གསོལ༔ འགྲོ་བའི་ཚོགས་རྫོགས་སྟོབས་བཅུའི་དཔལ་ཐོབ་ཤོག༔ ཨེ་མ་ཧོ༔ གང་སྐུ་ཨིནྡྲ་ནི་ལ་རྡུལ་བྲལ་ངོས༔ མཚན་དཔེའི་འོད་འབར་སྲིད་པའི་ཁེངས་པ་འཕྲོག༔ མཐོང་བ་ཙམ་གྱིས་འཁོར་བའི་འཇིགས་ལས་སྒྲོལ༔ རྗེ་བཙུན་འཕགས་མའི་སྐུ་ལ་ཕྱག་འཚལ་བསྟོད༔ རབ་སྙན་ཚངས་པའི་བུ་མོའི་གླུ་དབྱངས་ཀྱིས༔ བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་ཅིག་ཅར་སྟོན༔ ཐོས་པས་སྲིད་པའི་སྡུག་བསྔལ་མིང་མེད་གཏོང་༔ རྗེ་བཙུན་འཕགས་མའི་གསུང་ལ་ཕྱག་འཚལ་བསྟོད༔ ཇི་སྙེད་ཤེས་བྱའི་ཆོས་ཁམས་མ་ལུས་པ༔ རྟོག་བྲལ་ངང་ནས་མ་འདྲེས་སོ་སོར་མཁྱེན༔ དམིགས་མེད་སྙིང་རྗེས་འགྲོ་ཀུན་བུ་བཞིན་སྐྱོང་༔ རྗེ་བཙུན་འཕགས་མའི་ཐུགས་ལ་ཕྱག་འཚལ་བསྟོད༔ དྲན་པ་ཙམ་གྱིས་འཇིགས་བརྒྱད་གཡུལ་ངོ་འཇོམས༔ མཚན་ཙམ་ཐོས་པས་འདོད་པའི་དོན་ཀུན་འགྲུབ༔ རྒྱལ་བ་སྲས་བཅས་ཕྲིན་ལས་སྒྲུབ་མཛད་མ༔ དཔག་མེད་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ རང་ཉིད་རྗེ་བཙུན་འཕགས་མར་གསལ་བ་ཡི༔ གཙོ་འཁོར་ཐུགས་ཀར་པདྨ་ཟླ་བའི་སྟེང་༔ ཏཱཾཿཡིག་རང་མདོག་མཐའ་ལ་ཡི་གེའི་ཕྲེང་༔ མུ་ཏིག་ལྗང་ཁུའི་ཕྲེང་མཛེས་བཞིན་དུ་བསྐོར༔ བཟླས་པས་འོད་འབར་གཡས་སུ་འཁོར་བར་དམིགས༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ༔ མ་ཡེངས་སེམས་འཛིན་བརྟན་པོས་འབྲུ་འབུམ་བཟླས༔ ལས་གྲུབ་གང་འདོད་དམིགས་པའི་འཁྲུལ་འཁོར་བྱ༔ རང་སྲོག་སྔགས་ལས་འོད་འཕྲོས་འཁོར་རྣམས་ཀྱི༔ ཐུགས་སྲོག་ལ་ཕོག་རང་མདོག་འོད་ཟེར་འཕྲོས༔ མེ་ཆུ་ལ་སོགས་འཇིགས་ཀུན་དབྱིངས་སུ་བསལ༔ འཁྲུལ་སྣང་སྒྱུ་མའི་རྫུན་ཁུང་རང་སར་རྡིབ༔ མེ་དང་ཆུ་ལ་ཏཱ་རེའི་སྔགས་ཤམ་དུ༔ སརྦ་ཛྭ་ལ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་མ་ཧཱ་པ་ཎི་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་ལྕགས་སྒྲོག་ཤ་ཟ་ལ༔ སརྦ་སྥོ་ཊ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ར་ཙ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྐུན་པོ་དུག་སྦྲུལ་འཇིགས་པ་ལ༔ སརྦ་ཙོ་ར་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་བི་ཥ་ཀུནྜ་ལི་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་གླང་པོ་དང་ནི་གདོང་ལྔ་ལ༔ སརྦ་ཙནྜ་ཧསྟི་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སརྦ་ཀྲོ་ཏ་སིངྷ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལས་སྔགས་སྟོང་ཕྲག་རེ་རེ་བཟླས༔ ས་མ་ཡཱ༔ མེ་ཡི་འཇིགས་པ་བྱུང་བ་ན༔ མདུན་གྱི་སྒྲོལ་མའི་ཕྱག་གཡས་ལས༔ སྤྲིན་སྔོན་ཆར་གྱི་རྒྱུན་བབས་ནས༔ མེ་ལྕེ་ཆིལ་གྱིས་བསད་ཞི་བསམ༔ ཆུ་ལ་ཕྱག་གཡས་ཆུའི་ལྷ་མོ༔ གྲུ་བསྣམས་ཆུ་ལས་བསྒྲལ་བར་བསམ༔ ལྕགས་སྒྲོག་ཕྱག་གཡས་ལྡེ་མིག་གིས༔ དཀྲོལ་ཞིང་དེ་བཞིན་རལ་གྲི་ཡིས༔ སོ་སོར་དུམ་བུར་བཅད་པར་བསམ་༔ ཤ་ཟའི་འཇིགས་ལ་ཕྱག་གཡས་ཀྱིས༔ ལྕགས་ཀྱུས་ཤ་ཟའི་སྙིང་དྲངས་བསམ༔ རྐུན་པོའི་འཇིགས་ལ་ཉི་ཟླ་ཡི༔ ཞགས་པས་བསྡམས་ཤིང་མྱོས་པར་བསམ༔ དུག་སྦྲུལ་ལ་ནི་སྨན་བུམ་གྱིས༔ གསོས་ཤིང་བྱམས་སེམས་ལྡན་པར་དམིགས༔ གླང་པོ་ལ་ནི་ལྕགས་ཀྱུ་ཡིས༔ དྲངས་ཤིང་སྤ་བཀོང་དབང་དུ་བསྡུས༔ སེང་གེས་འཇིགས་ལ་མེ་ལྕེ་དང་༔ ཤ་ར་བྷ་ཡིས་ཕྱིར་བསྐྲད་བསམ༔ འདི་ལ་རྩེ་གཅིག་འབད་པ་བྱ༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ འཁོར་བའི་འཇིགས་པ་མཐའ་དག་ལ༔ ངེས་པར་སྐྱོབ་ལ་སོམ་ཉི་བྲལ༔ ས་མ་ཡཱ༔ བསྙེན་པའི་ཚད་ནི་འབྲུ་འབུམ་དང་༔ ལས་སྦྱོར་སྔགས་ཤམ་ཁྲི་ཚོ་བཟླ༔ འགྲུབ་རྟགས་རབ་འབྲིང་ཐ་མ་ལ༔ རབ་ནི་དངོས་སུ་ལྷ་ཞལ་མཐོང་༔ འབྲིང་ནི་ཉམས་ལ་བདེ་གསལ་དང་༔ མི་རྟོག་ཏིང་འཛིན་རྒྱུད་ལ་སྐྱེ༔ སྐབས་སུ་མི་རྟག་སྐྱོ་ཤས་ངང་༔ ཆོས་ལ་ཡིད་ཆེས་ངེས་ཤེས་སྐྱེ༔ ཐ་མལ་རྨི་ལམ་དགེ་བའི་ལྟས༔ ཆུ་ལ་བརྒལ་དང་རི་རྩེར་ཕྱིན༔ ཉི་ཟླ་ཤར་དང་མཁའ་ལ་འཕུར༔ དེ་ལྟར་རྟགས་ཚད་གཏན་ལ་དབབ༔ རྗེས་སུ་མཆོད་པའི་ཡོ་བྱད་རྣམས༔ དངོས་སུ་འབྱོར་རམ་ཡིད་ཀྱིས་སྤྲུལ༔ འབུལ་ཚིག་དབྱངས་ཀྱིས་འདི་སྐད་དོ༔ ཨེ་མ་ཧོ༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་འཁོར་བཅས་ལ༔ དངོས་སུ་བཤམས་པའི་མཆོད་སྤྲིན་འབུལ་བ་ནི༔ དྭངས་བསིལ་ཡིད་འོང་མཆོད་པའི་ཡོན་ཆབ་སྦྲེངས༔ ཕྱག་ཞབས་བསིལ་བའི་ཁྲུས་ཀྱི་རྒྱུན་བཟང་འབེབས༔ དཀར་སེར་དམར་ལྗང་མེ་ཏོག་འདབ་སྟོང་བཞད༔ ལྷན་སྐྱེས་སྦྱར་བྱུང་ཚུལ་ཁྲིམས་དྲི་བཟང་འཐུལ༔ ཉི་ཟླ་ནོར་བུའི་མདངས་འཕྲོག་སྣང་གསལ་སྦྱར༔ བཟང་པོ་དྲུག་དང་འདྲེས་པའི་དྲི་ཡི་ཆབ༔ ཁ་མངར་རོ་བརྒྱ་ལྡན་པའི་བཤོས་གཙང་དང་༔ སྙན་འཇེབས་སྒྲ་ལྡན་རྔ་སིལ་གླིང་བུ་སྙན༔ གདུགས་དང་རྒྱལ་མཚན་བླ་རེ་ཅོད་པཎ་དང་༔ གསེར་དངུལ་གཡུ་ཟངས་རིན་ཆེན་སྣ་ཚོགས་རིགས༔ ནས་འབྲས་གྲོ་ཏིལ་དཀར་ནག་འབྲུ་ཡི་རིགས༔ རྒྱུ་བཟང་བཤམས་ལེགས་བཀོད་ཅིང་བསྟར་བ་འདི༔ ཐུགས་རྗེ་ཆེ་ལྡན་འཁོར་བ་ལས་སྒྲོལ་མ༔ འཇིགས་པ་བརྒྱད་སྐྱོབ་འཕགས་མའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་ཐུགས་བརྩེས་བཞེས་སུ་གསོལ༔ ཡིད་སྤྲུལ་ནི༔ ཨེ་མ་ཧོ༔ ཏིང་འཛིན་ཡིད་ཀྱིས་སྤྲུལ་པ་ལས་བྱུང་བའི༔ མཆོད་པའི་ལྷ་མོ་སྒེག་མཛེས་ཡིད་འོང་འཛུམ༔ ཟག་བྲལ་བདེ་སྟོང་ཕྱག་མཚན་མཆོད་པའི་རྫས༔ མེ་ཏོག་སྤོས་སྒྲོན་དྲི་ཆབ་ལྷ་ཡི་བཤོས༔ པི་ཝཾ་གླིང་བུ་མེ་ལོང་ཕྲེང་བ་གདུགས༔ རྒྱལ་མཚན་ལ་སོགས་ངོ་མཚར་བཀོད་པ་འདི༔ རྩ་གསུམ་ཡོངས་དྲིལ་འཕགས་མའི་ལྷ་ལ་འབུལ༔ བཞེས་ནས་བདག་ཅག་ལས་ངན་འཁྲུལ་བའི་འགྲོའི༔ སྒྲིབ་པ་གཉིས་དག་ཚོགས་གཉིས་རྫོགས་པ་དང་༔ གནས་སྐབས་རྐྱེན་སེལ་མཐར་ཐུག་མངོན་སངས་རྒྱས༔ དོན་གཉིས་ལྷུན་གྱིས་འགྲུབ་པའི་དཔལ་སྩོལ་ཅིག༔ དེ་རྗེས་གསང་གསུམ་ཡོན་ཏན་དྲན་པ་ཡི༔ གུས་པས་བསྟོད་དེ་འདོད་དོན་གསོལ་བ་ནི༔ ཨོཾ༔ རྒྱལ་བའི་སྐུ་ཡི་རང་བཞིན་མཚན་དཔེའི་དཔྱིད༔ བལྟ་བས་མི་ངོམས་མཛེས་སྡུག་ལྷ་མོའི་ཚུལ༔ མཐོང་བ་ཙམ་གྱིས་སྲིད་པའི་གདུང་བ་སེལ༔ རྗེ་བཙུན་འཕགས་མའི་སྐུ་ལ་ཕྱག་འཚལ་བསྟོད༔ ཨཱཿ རྒྱལ་བའི་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ༔ མཐའ་ཡས་ཞིང་དུ་འཕགས་ཚོགས་རྒྱ་མཚོ་ཡི༔ སྣང་ངོར་ཐོས་པས་གདུང་སེལ་ཆོས་སྒྲ་སྒྲོག༔ རྗེ་བཙུན་འཕགས་མའི་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ༔ རྒྱལ་ཀུན་ཐུགས་ཀྱི་མཁྱེན་བརྩེའི་གཏེར་མཛོད་འཆང་༔ དྲན་པས་འཁོར་འདས་གཉིས་ཀྱི་མཐའ་ལས་སྒྲོལ༔ འགྲོ་ལ་མ་ལྟར་དགོངས་ཤིང་བྱིན་གྱིས་རློབས༔ རྗེ་བཙུན་འཕགས་མའི་ཐུགས་ལ་ཕྱག་འཚལ་བསྟོད༔ དམིགས་མེད་ངང་ནས་ཡིད་བཞིན་ལྗོན་ཤིང་ལྟར༔ ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་ཆེ༔གདུལ་བྱའི་དཔལ་དུ་ཅིར་ཡང་སྟོན་མཛད་པ༔ རྗེ་བཙུན་སྒྲོལ་མའི་གསང་གསུམ་གུས་པས་བསྟོད༔ ཀྱཻ་མ༔ དགོངས་ཤིག་ཐུགས་རྗེའི་མངའ་བདག་རྗེ་བཙུན་མ༔ རྒྱལ་ཡུམ་སྒྲོལ་མ་གནས་མཆོག་གང་ན་བཞུགས༔ བདག་ནི་ཚེ་རབས་སྐྱེ་བ་ཐོག་མེད་ནས༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་ཆེན་པོ་འདིར༔ རིགས་དྲུག་སྡུག་བསྔལ་སྐྱེ་འཆིིའི་རྦ་ལ་གཡེངས༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་གྲངས་མེད་པས༔ རྟག་ཏུ་མནར་བ་འདི་རྣམས་མི་དགོངས་སམ༔ བདག་དང་ཕ་མ་འགྲོ་དྲུག་སེམས་ཅན་ལ༔ སྔོན་གྱི་ལས་དང་འཕྲལ་རྐྱེན་ངན་པའི་མཐུས༔ ཚེ་འདིར་མི་འདོད་རྐྱེན་ངན་སྣ་ཚོགས་དང་༔ ཁྱད་པར་སེང་གེ་གླང་ཆེན་མེ་དང་ཆུ༔ དུག་སྦྲུལ་རྒྱལ་པོའི་ཆད་པ་ཐོག་དང་མཛེ༔ ཤ་ཟ་རིམས་ནད་དྲག་པོ་དོན་ཉམས་སོགས༔ མཐའ་ཡས་འཇིགས་པའི་ཚོགས་ལས་བསྐྱབ་ཏུ་གསོལ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་དང་༔ བུ་ནོར་གཟི་བརྗིད་སྟོབས་དང་མངའ་ཐང་དང་༔ ལུང་དང་རྟོགས་པའི་ཡོན་ཏན་མ་ལུས་པ༔ དབྱར་གྱི་ཆུ་བོའི་རྒྱུན་བཞིན་རྒྱས་པར་མཛོད༔ ཟས་ནོར་ལོངས་སྤྱོད་ཡིད་འོང་འདོད་རྒུའི་རྫས༔ རྒྱལ་བློན་བཙུན་པ་སྐྱེ་བོ་དམངས་ཕལ་པ༔ ལྷ་འདྲེ་ཕོ་མོ་མདོར་ན་བརྟན་གཡོ་ཀུན༔ ཁབ་ལེན་ལྕགས་བཞིན་དབང་དུ་འདུ་བར་མཛོད༔ དགྲ་འདྲེ་དམ་སྲི་དངོས་སམ་ལྐོག་ནས་སྡང་༔ བར་ཆད་བྱེད་པའི་ལོག་འདྲེན་འབྱུང་པོ་ཀུན༔ བྱམས་དང་སྙིང་རྗེའི་ཤུགས་ཀྱིས་རབ་བཏུལ་ནས༔ གནོད་བྱེད་མིིང་གི་ལྷག་མར་མཛད་དུ་གསོལ༔ ཕན་བདེ་མ་ལུས་འབྱུང་གནས་བྱང་ཆུབ་སེམས༔ དད་བརྩོན་དགེ་བའི་བཤེས་གཉེན་ལ་བསྟེན་ནས༔ མི་ཉམས་ཡིད་བཞིན་ལྗོན་ལྟར་རབ་འཕེལ་ཞིང་༔ ས་བཅུ་ལམ་ལྔ་ཐོགས་མེད་རབ་བགྲོད་ཤོག༔ མཐར་ཐུག་རང་དོན་ཆོས་སྐུ་མངོན་གྱུར་ནས༔ གཞན་དོན་འགྲོ་ལ་ཕན་བདེ་ཕུན་ཚོགས་པའི༔ དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་མཆོག༔ རྗེ་བཙུན་འཕགས་མའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་དང་ལྷར་སྣང་དབྱིངས་སུ་བསྡུ་བ་ནི༔ ཧཱུྃ་ཧྲཱིཿ རང་སྣང་ལྷ་ཡི་སྐུ་དང་སྔགས་ཀྱི་ཕྲེང་༔ ཞིང་ཁམས་གང་སྣང་སྟོང་པའི་དབྱིངས་སུ་བསྡུ༔ གདོད་མའི་སྟོང་ཆེན་སྤྲོས་པ་མེད་པའི་ཀློང་༔ བསལ་བཞག་བཅིང་གྲོལ་མེད་པའི་ངང་དུ་ཨཱཿ དུས་གསུམ་དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཨེ་མ་ཧོ༔ འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ གཅིག་ཏུ་བསྡུས་ནས་རྫོགས་བྱང་ཐོབ་ཕྱིར་བསྔོ༔ དེ་མཐུས་རང་གཞན་ཚེ་རབས་ཐམས་ཅད་དུ༔ རྗེ་བཙུན་འཕགས་མས་རྩེ་གཅིག་རྗེས་འཛིན་ཤོག༔ གང་དུ་སྐྱེ་བའི་ཚེ་རབས་ཐམས་ཅད་དུ༔ ལྟ་སྒོམ་སྤྱོད་གསུམ་དམ་པའི་ཆོས་དང་མཐུན༔ དགེ་བའི་བཤེས་ཀུན་མཉེས་པ་གསུམ་གྱིས་བསྟེན༔ མཐར་ཐུག་རྒྱལ་བའི་གོ་འཕང་མངོན་གྱུར་ཤོག༔ མཐར་ཐུག་ཤིས་པ་བརྗོད་པས་མཐའ་བརྒྱན་ཅིང་༔ ཨེ་མ་ཧོ༔ སྙིང་རྗེས་སྲིད་ལ་མི་གནས་སྲིད་མཐར་སོན༔ ཤེས་རབ་ཞི་ལ་མི་གནས་ཞི་ལས་འདས༔ དུས་གསུམ་འགྲོ་ལ་དུས་ཀུན་བརྩེ་བས་དགོངས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ གང་མཚན་དྲན་པས་བདུད་བཞིའི་གཡུལ་ལས་རྒྱལ༔ མཐའ་ཡས་འགྲོ་ལ་བརྩེ་བས་བུ་བཞིན་དགོངས༔ ཚེ་རབས་ཀུན་ཏུ་ལྷག་པའི་ལྷར་གྱུར་པ༔ རྒྱལ་ཡུམ་སྒྲོལ་མ་དཔའ་མོའི་བཀྲ་ཤིས་ཤོག༔ འདི་ནི་རྒྱལ་ཡུམ་དཔའ་མོ་ཡི༔ ཐུགས་སྒྲུབ་རྩ་བའི་མན་ངག་སྟེ༔ བྱ་སླ་ཚེགས་ཆུང་རྒྱུན་ཁྱེར་སྙིང་གི་བཅུད༔ སྐལ་ལྡན་བུ་མཆོག་རྣམས་ཀྱིས་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལུང་རིག་གླིང་པའི་གཏེར་མའོ༔

རྗེ་བཙུན་སྒྲོལ་མ་ལ་གསོལ་བ་འདེབས་པ་ཁྱེའུས་མ་ལ་འབོད་པའི་གདུང་དབྱངས།

༄༅།། རྗེ་བཙུན་སྒྲོལ་མ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་ཁྱེའུས་མ་ལ་འབོད་པའི་གདུང་དབྱངས་ཞེས་བྱ་བ་བཞུགས་སོ༔ ཨེ་མ་ཧོ༔ གང་མཚན་སྐད་ཅིག་ཡིད་ལ་དྲན་པས་ཀྱང་༔ མཐའ་མེད་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ ཚད་མེད་ཐུགས་རྗེ་ཆེན་པོའི་གྲུ་བོ་ཆེས༔ སྒྲོལ་མཛད་རྗེ་བཙུན་མྱུར་མ་དཔའ་མོར་འདུད༔ འདི་ནས་རྣམ་མཁྱེན་སངས་རྒྱས་མ་ཐོབ་བར༔ བདག་ལ་སྐྱབས་གནས་རེ་ལྟོས་གཞན་མེད་ཕྱིར༔ རྩེ་གཅིག་གདུང་བས་འོ་དོད་འབོད་ལགས་ན༔ བསླུ་མེད་ཐུགས་རྗེས་དགོངས་ཤིག་རྗེ་བཙུན་མ༔ རྟེན་འདིར་རྣམ་མཁྱེན་གོ་འཕང་སྒྲུབ་འདོད་ཀྱང་༔ ཆགས་སྡང་རྨོངས་པའི་སྒྲོག་གིས་རབ་བཅིངས་ནས༔ ཐར་པའི་གྲོང་དུ་འཇུག་པའི་སྐབས་མེད་ན༔ ཡང་དག་ས་མཁན་མཛོད་ཅིག་རྗེ་བཙུན་མ༔ སྔོན་ལས་འཕྲལ་རྐྱེན་ཁུར་གྱིས་རབ་ནོན་ནས༔ མི་བཟོད་སྡུག་བསྔལ་རྣམ་གསུམ་གྱིས་གདུང་ཞིང་༔ རྣམ་དག་ཆོས་ལ་བརྩོན་པའི་སྐབས་བྲལ་ན༔ ཕན་གྲོགས་བཤེས་གཉེན་མཛོད་ཅིག་རྗེ་བཙུན་མ༔ ཚེ་ཡི་འདུ་བྱེད་བསྟུངས་ནས་འཆི་བདག་གི༔ མི་བཟོད་མཆེ་བའི་རྩེ་ལ་རབ་གཡེངས་ཤིང་༔ འཇིགས་རུང་ངན་འགྲོའི་གཡང་སར་ལྟུང་ཉེ་ན༔ བདེ་ཆེན་ཞིང་དུ་སྐྱོལ་མཛོད་རྗེ་བཙུན་མ༔ འཕགས་མའི་རྣམ་འཕྲུལ་དགེ་བའི་བཤེས་གཉེན་གྱིས༔ སྤང་བྱ་མི་དགེའི་དྲི་མ་འཁྲུད་པ་དང་༔ བླང་བྱ་ཐེག་གསུམ་ཆོས་ལམ་བསྟན་པ་ལ༔ ཚུལ་བཞིན་སྒྲུབ་ལ་བསྐུལ་མཛོད་རྗེ་བཙུན་མ༔ ཡང་དག་ཆོས་ལ་མོས་པའི་བློ་སྐྱེས་ཀྱང་༔ རྣམ་གཡེང་ཕྱི་བཤོལ་ལེ་ལོའི་དབང་གྱུར་ནས༔ སྲིད་པའི་གྲོང་ལས་འདའ་བའི་སྐབས་བྲལ་ན༔ བརྩོན་པའི་བསྐུལ་མ་མཛོད་ཅིག་རྗེ་བཙུན་མ༔ རང་དོན་ཞི་བདེ་གཉེར་བའི་བློ་ངན་གྱིས༔ བརྩོན་པ་དོན་མེད་ཐེག་དམན་གཡང་ས་རུ༔ བསྐལ་མང་བགྲོད་དཀའི་ལམ་དུ་འཕྱན་གྱུར་ན༔ ཐེག་ཆེན་ལམ་བཟང་སྟོན་ཅིག་རྗེ་བཙུན་མ༔ ཤེས་རབ་ཆེན་པོས་ཉོན་མོངས་སྒྲིབ་ལས་གྲོལ༔ ཚད་མེད་སྙིང་རྗེས་ཤེས་བྱའི་འདམ་ནས་ཐོན༔ བདག་མེད་རྟོགས་པས་དང་པོའི་ས་བགྲོད་ནས༔ དགའ་སྟོན་ཆར་ཆེན་ཕོབ་མཛོད་རྗེ་བཙུན་མ༔ མཐའ་ཡས་འགྲོ་བའི་བསོད་ནམས་ཞིང་ས་རུ༔ ཕན་དང་བདེ་བའི་མྱུ་གུ་རབ་སྨིན་ནས༔ རང་གཞན་དོན་གཉིས་འབྲས་བུ་གཡུར་ཟ་བའི༔ འཕགས་མ་ཁྱོད་བཞིན་མཛོད་ཅིག་རྗེ་བཙུན་མ༔ རང་སློབ་འགའ་ཡིས་འདི་འདྲ་དགོས་ཞེས་ཡང་ཡང་བསྐུལ་ངོར་འཕགས་མའི་བྱིན་རླབས་རྒྱུད་ལ་ཞུགས་པའི་དུས་མཐའི་གཏེར་མིང་འཛིན་པ་ལུང་རིག་གླིང་པར་འབོད་པས་ཤར་མར་བྲིས་པ་དགེ་ལེགས་འཕེལ༔

༈ རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བླ་མ་དང་གཉིས་སུ་མེད་པ་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་འཁོར་ཉི་ཤུ་རྩ་གཅིག་གི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བཛྲ་ས་མ་ཡཱ་ཛཿ ན་མོ༔ བསླུ་མེད་གཏན་གྱི་སྐྱབས་གནས་རྫོགས་སངས་རྒྱས༔ སོགས།

རྗེ་བཙུན་སྒྲོལ་མའི་ཆོ་ག་རྡོ་རྗེའི་གོ་ཆ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རྗེ་བཙུན་སྒྲོལ་མའི་ཆོ་ག་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བཞུགས༔

ཤེས་རབ་དབྱིངས་ཀྱི་ལྷ་ལ་འདུད༔ དུས་གསུམ་རྒྱལ་དང་དེ་ཡི་སྲས༔ མ་ལུས་བསྐྱེད་ཡུམ་འཕགས་མ་དང་༔ བདག་ཉིད་ཆེན་པོ་ཨོ་རྒྱན་རྗེ༔ པོ་ཊ་ལ་ཡི་ཕོ་བྲང་དུ༔ བཀའ་བགྲོས་འགྲོ་རྣམས་སྡུག་བསྔལ་ལས༔ སྐྱོབ་ཕྱིར་རྒྱུད་དང་མན་ངག་སོགས༔ སྒྲུབ་ཐབས་རྗེས་གནང་མཐའ་ཡས་བརྩམས༔ ཁྱད་པར་ས་ཧོར་རྒྱལ་ཁམས་སུ༔ མི་མོའི་ཚུལ་བཟུང་མནྡྷ་ར༔ གསང་བ་ཤེས་རབ་བླ་མ་རུ༔ བསྟེན་ནས་འཕགས་ཡུལ་འགྲོ་བ་རྣམས༔ ཡང་དག་ལམ་བཀོད་བསྟན་པ་བསྐྱངས༔ དེ་ཉིད་ཕྱི་ནང་གསང་གསུམ་དུ༔ སྒྲུབ་པའི་ཐབས་ལ་དཔག་མེད་ཀྱང་༔ ཀུན་འདུས་སྒྲོལ་མའི་གདམས་པ་ནི༔ སྐལ་ལྡན་འགའ་ཡི་སྤྱོད་ཡུལ་ལས༔ ཕལ་ལ་སྣང་བར་མི་འགྱུར་བས༔ གསང་བར་སྤྱད་ན་གེགས་ཞི་ཞིང་༔ ལེགས་ཚོགས་འཕེལ་བར་གདོན་མི་ཟ༔ ས་མ་ཡཱ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབ༔ ཐ་མར་ལས་ལ་སྦྱོར་བ་དང་༔ གསུམ་ལས་དང་པོ་འཕགས་མ་ལྷར༔ བསྙེན་པའི་ཐབས་ལ་སྦྱོར་དངོས་རྗེས༔ ཉེར་གཅིག་གྲངས་སུ་བསྟན་པ་ལ༔ སྦྱོར་བ་བདུན་ཏེ་དང་པོ་ནི༔ གནས་དུས་ཡོ་བྱད་གྲོགས་ལ་སོགས༔ འཚེ་བ་མེད་ཅིང་དཀར་ཕྱོགས་ཀྱི༔ དགའ་བ་དང་ནི་རྒྱལ་གྱི་དུས༔ ཕུར་བུ་རྒྱལ་སོགས་འཛོམས་ན་མཆོག༔ མིན་ཀྱང་ཉམས་དགའ་སྤྲོ་བར་འབྱུང་༔ རོལ་མོ་དང་ནི་མཆོད་པའི་རྫས༔ དཀྱིལ་འཁོར་གྲུ་བཞི་འཇམ་ལེགས་སྟེང་༔ ཚོམ་བུ་ལྗང་གུ་ཉེར་གཅིག་གི༔ དབུས་སུ་བུམ་པ་ཏཱཾ་གྱིས་མཚན༔ ཉེར་ལྔའི་བཅུད་ལྡན་གཙང་ཆུས་བཀང་༔ སྐུ་རྟེན་འབྲས་བུ་ཅན་གྱི་ཤིང་༔ ཁ་རྒྱན་དེ་མདུན་འབྲུ་དཀར་ཕྱེ༔ གཙང་མར་བཤོས་ཟླུམ་ཉི་ཤུ་གཅིག༔ མཛེས་པའི་རྒྱན་ལྡན་དེ་ཡི་ཤར༔ དབྱངས་གསལ་ཡི་གེ་ཟུང་འབྲེལ་དང་༔ ལྷོ་རུ་ཅོད་པཎ་ཉི་ཟླས་མཚན༔ ཆུ་ལྷར་ལྕགས་ཀྱུ་དར་དམར་ཅན༔ བྱང་དུ་གཏེར་བུམ་ནོར་བུས་སྤྲས༔ མཐའ་བསྐོར་ཉེར་སྤྱོད་མཆོད་པས་བསྐོར༔ བདེ་བའི་སྟན་ལ་བག་ཕེབས་ནས༔ འཁོར་བའི་སྡུག་བསྔལ་མཐའ་དག་ལས༔ བདག་དང་འགྲོ་རྣམས་སྐྱབས་པའི་ཕྱིར༔ མདུན་མཁར་འཕགས་མ་རྒྱལ་བ་དང་༔ སྲས་བཅས་སྐྱབས་ཀྱི་ཡུལ་དུ་དམིགས༔ དང་པོ་ངག་ནས་འདི་བཞིན་བརྗོད༔ ན་མོ༔ བསླུ་མེད་གཏན་གྱི་སྐྱབས་གནས་རྫོགས་སངས་རྒྱས༔ རྣམ་གྲོལ་ལམ་གྱི་ཤིང་རྟ་དམ་པའི་ཆོས༔ ཡང་དག་ལམ་གྱི་དེད་དཔོན་འཕགས་པའི་སྡེ༔ ཀུན་འདུས་རྗེ་བཙུན་འཕགས་མ་སྒྲོལ་མ་ལ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་དང་འགྲོ་རྣམས་གུས་པས་སྐྱབས་སུ་མཆི༔ བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ༔ ལན་གསུམ། གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ མ་ལུས་འགྲོ་རྣམས་འཁོར་མཚོ་ལས་བསྒྲལ་ནས༔ འཕགས་མའི་གོ་འཕང་མཆོག་ལ་འགོད་བྱའི་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་དང་རབ་འགྲོགས་པས༔ སེམས་ཅན་མ་བསྒྲལ་བསྒྲལ་དང་མ་གྲོལ་གྲོལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད་པར་བགྱི༔ དེ་མཐུས་བདག་དང་འགྲོ་རྣམས་འཇིགས་བརྒྱད་ལས༔ མྱུར་གྲོལ་གཏན་གྱི་བདེ་ལ་འགོད་པར་ཤོག༔ ལན་གསུམ། གསུམ་པ་ཚོགས་བསག་རིམ་པ་ནི༔ སྐྱབས་གནས་ཀུན་འདུས་འཕགས་མའི་ལྷ་ཚོགས་ལ༔ བདག་ལུས་རྡུལ་གྱི་གྲངས་མཉམ་རབ་སྤྲུལ་ནས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཐོག་མ་མེད་ནས་བཅས་དང་རང་བཞིན་གྱི༔ ཉེས་པའི་ཚོགས་ཀུན་སྟོབས་བཞིའི་གཉེན་པོས་བཤགས༔ མཐའ་ཡས་འཕགས་པ་རྣམས་དང་སོ་སྐྱེ་ཡི༔ དགེ་ཚོགས་མ་ལུས་ཀུན་ལ་རྗེས་ཡི་རང་༔ དབང་པོ་ཁམས་དང་བསམ་པའི་ཁྱད་པར་བཞིན༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མཐའ་ཡས་འགྲོ་རྣམས་མྱང་འདས་མ་ཐོབ་བར༔ རྟག་པར་འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ བདག་གཞན་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ མཐའ་ཡས་འགྲོ་རྣམས་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ། བཞི་པ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ དུས་གསུམ་རྟོག་པས་མ་བསླད་ཆོས་ཀྱི་དབྱིངས༔ ཇི་བཞིན་མ་རྟོགས་གློ་བུར་འཁྲུལ་བའི་འདྲེ༔ གནས་སྐབས་མཐར་ཐུག་ཐར་ལམ་བར་ཆད་བགེགས༔ ལྷ་སྔགས་ཏིང་འཛིན་དམིགས་པའི་འཕྲུལ་འཁོར་གྱིས༔ གླིང་བཞིའི་ཕ་མཐར་དམིགས་མེད་ཀློང་ཡངས་སུ༔ སླར་ལ་མ་ལྡོག་གདོད་མའི་གཤིས་སུ་བསྐྲད༔ ཤེས་རབ་ཡུམ་གྱི་མཁའ་ལས་མ་འདའ་བར༔ རང་བཞིན་མི་གནས་ཆོས་སྐུའི་དབྱིངས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད་འཕགས་མའི་ཐུགས་ཀ་ནས༔ ཁྲོ་མཚོན་མེ་དཔུང་སྤྲོས་པས་བགེགས་ཚོགས་བསྐྲད༔ ལྔ་པ་སྲུང་བའི་གོ་ཆས་གཏམས་པ་ནི༔ ཧཱུྃ༔ བདག་གཞན་སྒོ་གསུམ་ལྷ་སྔགས་ཏིང་ངེ་འཛིན༔ རང་བཞིན་ཡོངས་གྲུབ་སྲུང་བའི་འཁོར་ལོ་ཆེ༔ མཚོན་བྱེད་ཆོས་བདུན་ལྡན་པ་རྡོ་རྗེའི་གུར༔ ཁྲོ་བོ་ཁྲོ་མོ་མེ་དཔུང་མཚོན་ཆའི་ཆར༔ སྣང་སྲིད་མ་ལུས་རྒྱལ་བའི་ཞིང་དུ་གྱུར༔ ཐ་མལ་རྟོག་པས་མི་ཤིགས་དེ་བཞིན་ཉིད༔ ཀུན་བརྟགས་གདོན་གྱིས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་བྷྲུཾ༔ དྲུག་པ་བྱིན་འབེབས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ མཐའ་བརྒྱད་སྤྲོས་པས་མ་གོས་ཆོས་ཀྱི་སྐུ༔ ཀུན་བཟང་ཤེས་རབ་ཕར་ཕྱིན་དབྱིངས་ཀྱི་ཡུམ༔ སྒྲུབ་པོའི་ཡིད་ལ་ཐུགས་ཀྱི་བྱིན་ཕོབ་ཅིག༔ ངེས་པ་ལྔ་ལྡན་གཙང་བདེ་རྟག་པའི་ཞིང་༔ ཕུན་སུམ་ཚོགས་པ་ལོངས་སྐུའི་ཕོ་བྲང་ནས༔ རིགས་ལྔ་ཡབ་ཡུམ་སེམས་དཔའ་སེམས་མར་བཅས༔ སྒྲུབ་པོའི་ངག་ལ་གསུང་གི་བྱིན་ཕོབ་ཅིག༔ སྟོང་གསུམ་མི་མཇེད་གང་འདུལ་སྤྲུལ་པའི་གནས༔ མ་ངེས་སྣ་ཚོགས་གདུལ་བྱའི་ཞིང་ཁམས་ནས༔ ཐུབ་དབང་བསྐལ་བཟང་འདྲེན་པ་སྟོང་རྩའི་ཚོགས༔ སྒྲུབ་པོའི་ལུས་ལ་སྐུ་ཡི་བྱིན་ཕོབ་ཅིག༔ ཁྱད་པར་འཛམ་གླིང་བྱེ་བ་ཕྲག་བརྒྱ་རུ༔ པོ་ཊ་ལ་སོགས་དཔག་མེད་སྤྲུལ་ཞིང་ནས༔ སྒྲོལ་མ་ལ་སོགས་ཐུགས་རྗེའི་མངའ་བདག་རྣམས༔ གནས་འདིར་བྱིན་ཕོབ་མཆོད་པའི་རྫས་རྣམས་ཀུན༔ ཟག་མེད་བདུད་རྩིའི་རྣམ་པར་བསྒྱུར་ནས་ཀྱང་༔ མཆོག་ཐུན་དངོས་གྲུབ་དུས་འདིར་ཐོབ་པར་མཛོད༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་སརྦ་པཱུ་ཛ་ཧོ༔ ས་མ་ཡཱ༔ དེ་ཡན་ཆད་སྔོན་འགྲོའི་ལས་རིམ་བདུན་གྱིས་རྫོགས༔ གཉིས་པ་དངོས་གཞི་རྣམ་གྲངས་བདུན་དག་ལས༔ དང་པོ་ལྷ་ཡི་བསྐྱེད་རིམ་བསྐྱེད་པ་ལ༔ ཁམས་གསུམ་བག་ཆགས་སྦྱོང་ཕྱིར་ཏིང་འཛིན་གསུམ༔ མངལ་སྐྱེས་སྦྱོང་བ་མངོན་བྱང་ལྔ་ཡིས་བསྟན༔ ཨཱཿ གདོད་ནས་མ་སྐྱེས་ཆོས་དབྱིངས་སྟོང་པ་ཉིད༔ མ་རྟོགས་འགྲོ་ལ་བརྩེ་བའི་སྙིང་རྗེའི་གདངས༔ ཟུང་འཇུག་རིག་པ་མཁའ་ལས་འཇའ་ཚོན་བཞིན༔ རྒྱུ་ཡི་ཡི་གེ་ཏཱཾ་ཡིག་ལྗང་གུར་གྱུར༔ དེ་ལས་ཨེ་ཡཾ་རཾ་བཾ་ལཾ་འཕྲོས་པས༔ མཁའ་རླུང་མེ་ཆུ་རིན་ཆེན་ས་གཞི་བརྡལ༔ བྷྲུཾ་ལས་སྤྲུལ་པའི་ཕོ་བྲང་པོ་ཊ་ལ༔ དབང་སྔོན་ལས་གྲུབ་རིན་ཆེན་རི་རབ་དབུས༔ གྲུ་བཞི་སྒོ་བཞི་ཕྱོགས་བཞི་ཤེལ་དང་གསེར༔ པད་རག་མརྒད་ལས་གྲུབ་ལྟ་ན་སྡུག༔ ངོ་མཚར་རྨད་བྱུང་རྟ་བབས་འདོད་སྣམ་དང་༔ ཕ་གུ་དྲ་བ་དྲྭ་ཕྱེད་གདུགས་ཏོག་མཛེས༔ ཆོས་འཁོར་ནོར་བུའི་རྒྱན་ཕྲེང་ཡིད་དུ་འོང་༔ དབུས་སུ་སྣ་ཚོགས་འདབ་བཞི་དེའི་ཕྱི་རོལ༔ འདབ་བརྒྱད་ཉིས་རིམ་པད་ཉི་ཟླ་བའི་གདན༔ དབུས་སུ་ཉི་ཟླ་ཨུཏྤལ་ཏཱཾ་ཡིག་མཚན༔ འཕྲོ་འདུས་ཡོངས་གྱུར་འགྲོ་བ་མ་ལུས་པ༔ སྲིད་ཞིའི་མཐའ་ལས་སྒྲོལ་མཛད་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་མརྒད་མདོག༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་པུས་སྟེང་སླེབ༔ ཕྱག་གཡོན་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱ༔ ཐུགས་ཀར་མཚན་པའི་ཕྱག་གཉིས་ཨུཏྤལ་སྟེང་༔ ཐེག་གསུམ་འདྲེན་པ་ཆོས་ཀྱི་འཁོར་ལོས་མཚན༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རིན་པོ་ཆེའི༔ དབུ་རྒྱན་སྙན་ཆ་དོ་ཤལ་རྒྱན་ཕྲེང་དང་༔ ཁ་དོག་ལྔ་ལྡན་པཉྩ་ལི་ཀའི་གོས༔ ཞལ་འཛུམ་བརྩེ་བའི་སྤྱན་དཀྱུས་འགྲོ་ལ་གཟིགས༔ ཐུགས་ལས་ཏཱཾ་ཡིག་ཕྱོགས་མདོག་སྤྲོས་པ་ལས༔ ཤར་དུ་གཏི་མུག་གླང་པོའི་འཇིགས་པ་ལས༔ སྐྱོབ་མཛད་ཞི་བའི་སྒྲོལ་མ་དབྱངས་ཅན་ལྷ༔ དཀར་གསལ་སྟོན་ཟླའི་མདོག་ཅན་མཛེས་འཛུམ་ཞལ༔ ཕྱག་གཉིས་བཻཌཱུར་རྒྱུད་མང་ཞབས་ཕྱེད་དཀྱིལ༔ ལྷ་ཡི་གོས་དང་རིན་ཆེན་རྒྱན་ཆས་སྤུད༔ ལྷོ་རུ་ལྟས་ངན་རྐུན་པོའི་འཇིགས་པ་ལས༔ སྐྱོབ་མཛད་རྒྱས་པའི་སྒྲོལ་མ་འོད་ཟེར་ཅན༔ ཁྲོ་འཛུམ་ཕྱག་གཉིས་ཉི་ཟླའི་ཞགས་པ་བསྣམས༔ འདོར་སྟབས་དར་དང་རུས་པའི་རྒྱན་གྱིས་སྤྲས༔ ནུབ་ཏུ་འདོད་ཆགས་ཆུ་བོའི་འཇིགས་པ་ལས༔ སྐྱོབ་མཛད་དབང་གི་སྒྲོལ་མ་རཱ་གའི་མདོག༔ ཆགས་པའི་ཉམས་ཅན་ཕྱག་བཞིའི་རྩ་ཕྱག་གིས༔ ཨུཏྤལ་མདའ་གཞུ་འགེངས་ཤིང་དེ་འོག་གཉིས༔ ལྕགས་ཀྱུ་ཞགས་པས་ཁམས་གསུམ་བླ་ཡིད་འགུགས༔ འདོར་སྟབས་སྟག་ཤམ་ཨུཏྤལ་རྒྱན་ཕྲེང་མཛེས༔ བྱང་དུ་སེར་སྣ་ལྕགས་སྒྲོག་འཇིགས་པ་ལས༔ སྐྱོབ་མཛད་དབུལ་འདྲེ་ཚར་གཅོད་རྗེ་བཙུན་མ༔ ནོར་རྒྱུན་ལྗང་མོ་ཕྱག་གཡས་མཆོག་སྦྱིན་གྱིས༔ འབྲས་ཀྱི་སྙེ་མ་གཡོན་པས་ནེའུ་ལེ་བསྣམས༔ ནོར་བུའི་རྒྱན་ཆ་དར་སྣའི་ན་བཟའ་མཛེས༔ ཕྱེད་སྐྱིལ་གཏེར་བུམ་ནོར་སྐྱུགས་ཁྲི་ལ་བཞུགས༔ ཕྱི་རོལ་འདབ་བརྒྱད་ནང་མའི་ཤར་ཕྱོགས་སུ༔ ཞེ་སྡང་མེ་ཡི་འཇིགས་པ་ལས་སྒྲོལ་བའི༔ བྱམས་པ་ཚད་མེད་མྱུར་མ་དཔའ་མོ་ནི༔ དམར་གསལ་ཁྲོ་འཛུམ་ཕྱག་གཡས་མཆོག་སྦྱིན་རྒྱ༔ སྤྲིན་ལས་ཆར་འབེབས་གཡོན་པའི་སྐྱབས་སྦྱིན་གྱིས༔ ཨུཏྤལ་གཡས་འཁྱིལ་དུང་དཀར་མཚན་པ་བསྣམས༔ ལྷོ་རུ་ང་རྒྱལ་སེང་གེའི་འཇིགས་པ་ལས༔ སྐྱོབ་མཛད་འཕགས་མ་ཚད་མེད་སྙིང་རྗེའི་ལྷ༔ བསོད་ནམས་དཔལ་སྟེར་གསེར་མདོག་ཞི་འཛུམ་བརྗིད༔ ཕྱག་གཡས་མཆོག་སྦྱིན་འཆི་མེད་ཤིང་འབྲས་དང་༔ གཡོན་པས་སྐྱབས་སྦྱིན་ཨུཏྤལ་ཚེ་བུམ་བསྣམས༔ ནུབ་ཏུ་ཐེ་ཚོམ་ཤ་ཟའི་འཇིགས་པ་ལས༔ སྒྲོལ་མཛད་དགའ་བ་བརྒྱད་ལྡན་རྗེ་བཙུན་མ༔ འཇིག་རྟེན་གསུམ་རྒྱལ་དམར་མོ་ཕྱག་གཡས་ཀྱིས༔ རིན་ཆེན་རྒྱན་ཕྲེང་གཡོན་པས་ཨུཏྤལ་སྟེང་༔ སྣ་ཚོགས་དར་གྱི་རྒྱལ་མཚན་ལྷབ་ལྷུབ་གཡོ༔ བྱང་དུ་ཕྲག་དོག་སྦྲུལ་གྱི་འཇིགས་པ་ལས༔ སྐྱོབ་མཛད་བཏང་སྙོམས་ཚད་མེད་རྗེ་བཙུན་མ༔ གཞན་ལས་རྣམ་རྒྱལ་དཔའ་མོ་ཁྲོ་འཛུམ་བཞད༔ གཡས་པས་མཆོག་སྦྱིན་རིན་ཆེན་ཞགས་པ་འཛིན༔ གཡོན་པའི་ཨུཏྤལ་བདུད་རྩིའི་ཟ་མ་ཏོག༔ ཤར་ལྷོ་མི་འཇིགས་སྦྱིན་མཛད་རྗེ་བཙུན་མ༔ རྡོ་རྗེ་སྡེར་མོ་དགྲ་དཔུང་འཇོམས་མཛད་པ༔ བསྐལ་པའི་མེ་དབུས་དམར་ནག་ཁྲོས་པའི་ཉམས༔ ཕྱག་བཞིའི་རྩ་ཕྱག་རྡོ་རྗེ་ཐོ་བ་དང་༔ འོག་མས་དགྲ་སྟྭ་ཕུར་བུས་ལོག་འདྲེན་གཞོམ༔ འདོར་སྟབས་སྟག་ཤམ་རུས་རྒྱན་དར་དཔྱངས་འཕྱོ༔ ལྷོ་ནུབ་སྙན་པས་དབུགས་འབྱིན་རྗེ་བཙུན་མ༔ གཞན་མི་རྒྱལ་བ་སེར་ནག་བརྗིད་པའི་ཞལ༔ ཕྱག་བཞིའི་དང་པོས་དུང་དང་རྒྱུད་མང་སྦྲེངས༔ འོག་མས་འོད་ཕྲེང་རྡོ་རྗེ་རྩེ་དགུ་གདེངས༔ བརྐྱང་བསྐུམ་ཞབས་གཉིས་ལོག་འདྲེན་གཡུལ་ངོར་བརྫིས༔ ནུབ་བྱང་འགྲོ་བའི་དོན་ལ་མཐུན་འཇུག་པའི༔ འཇིགས་བྱེད་ཆེན་མོ་དམར་གསལ་ཆགས་པའི་ཉམས༔ ཞལ་གདངས་སྤྱན་བགྲད་མཆེ་བའི་མྱུ་གུ་གཙིགས༔ ཕྱག་བཞིའི་དང་པོས་ཕུར་བུ་རལ་གྲི་དང་༔ འོག་མས་མདའ་གཞུ་འདོར་སྟབས་ཁྲོ་མོའི་ཆས༔ བྱང་ཤར་རྒྱལ་སྲས་སྤྱོད་པ་མཐར་ཕྱིན་པའི༔ རྒྱལ་མཚན་རྩེ་མོ་གཞན་གྱིས་མི་ཐུབ་མ༔ ཕྱག་བཞིའི་རྒྱལ་མཚན་རལ་གྲི་འཁོར་ལོ་ཞགས༔ ལྗང་ནག་ཁྲོ་མོ་དར་དཔྱངས་སྟག་ཤམ་གསོལ༔ ཞབས་གཉིས་འདོར་སྟབས་དཔའ་བའི་ཉམས་ཀྱིས་བཞུགས༔ ཕྱོགས་བཞིའི་འཕགས་མ་རྟ་བབས་སྐྱིལ་ཀྲུང་དང་༔ རིན་ཆེན་དར་སྣ་ལོངས་སྐུའི་རྒྱན་ཆས་སྤྲས༔ དེ་ཡི་ཕྱི་རིམ་འདབ་བརྒྱད་གདན་གྱི་སྟེང་༔ ཤར་དུ་དབུལ་བའི་འཇིགས་སྐྱོབ་རྗེ་བཙུན་མ༔ བུ་དཔལ་སྤེལ་མཛད་བཀྲ་ཤིས་དོན་བྱེད་མ༔ སེར་མོ་ཕྱག་གཡས་མཆོག་སྦྱིན་བིལ་བ་དང་༔ གཡོན་པས་སྐྱབས་སྦྱིན་ཨུཏྤལ་དཔལ་བེའུ་མཚན༔ ཟླ་བའི་དབུ་རྒྱན་དར་དང་རིན་ཆེན་རྒྱན༔ ལྷོ་རུ་ཀླུ་ཡི་ནད་སེལ་རྗེ་བཙུན་མ༔ རྨ་བྱ་ཆེན་མོ་མརྒད་ལྗང་གུའི་མདོག༔ ཕྱག་གཉིས་གཡས་པས་མཆོག་སྦྱིན་རྨ་བྱའི་སྒྲོ༔ གཡོན་པས་ཨུཏྤལ་སྨན་གྱི་བུམ་པ་བསྣམས༔ ནུབ་ཏུ་རྒྱལ་པོའི་ཆད་པ་ལས་སྐྱོབ་པའི༔ གཙུག་ཏོར་མི་ཕམ་རྒྱལ་མོ་མཆོག་སྦྱིན་གཡས༔ གདུགས་དཀར་གྱིས་མཚན་ཨུཏྤལ་སྡོང་བུ་གཡོན༔ དཀར་གསལ་བཞད་པའི་ཉམས་ཅན་བྱད་ཕུར་འཇོམས༔ བྱང་དུ་གཉེན་དང་བྲལ་བའི་འཇིགས་སྐྱོབ་པའི༔ སྒྲོལ་མ་སོ་སོར་འབྲང་མ་བཙོ་མའི་མདོག༔ གཡས་པས་མཆོག་སྦྱིན་གཡོན་པས་སྐྱབས་སྦྱིན་རྒྱས༔ ཨུཏྤལ་ལ་གནས་རལ་གྲི་གླེགས་བམ་འཛིན༔ ཤར་ལྷོ་འདོད་དོན་ཉམས་པས་ཕོངས་པ་རྣམས༔ དགའ་བས་དབུགས་འབྱིན་རབ་ཏུ་ཞི་བ་མོ༔ དཀར་དམར་མདངས་ལྡན་ཕྱག་བཞིའི་དང་པོ་གཉིས༔ ནོར་བུས་གང་བའི་བུམ་པ་ནེ་འུ་ལེ༔ འོག་མས་མཆོག་སྦྱིན་སྙེ་མ་གཡོན་སྐྱབས་སྦྱིན༔ བཞེངས་སྟབས་ལྷ་ཀླུ་མི་ཡི་ནོར་བུས་བརྒྱན༔ ལྷོ་ནུབ་གནམ་ལྕགས་འབེབས་པའི་འཇིགས་པ་ལས༔ སྐྱོབ་མཛད་སྟོང་ཆེན་རབ་འཇོམས་དཀར་གསལ་འཛུམ༔ ཕྱག་བཞིས་ས་དཀྱིལ་ཆུ་མེ་རླུང་ཞགས་བསྣམས༔ ཞབས་གཉིས་སྐྱིལ་ཀྲུང་དར་གོས་རིན་ཆེན་བརྒྱན༔ ནུབ་བྱང་གདོན་གྱི་འཇིགས་ལས་སྒྲོལ་མཛད་མ༔ བསིལ་བའི་ཚལ་ཆེན་དམར་གསལ་ཞི་ཁྲོའི་ཉམས༔ ཕྱག་བཞིའི་དང་པོས་རྔ་ཡབ་སྤྱི་བླུགས་དང་༔ འོག་མས་ཨུཏྤལ་པདྨའི་ཕྲེང་བ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་ལོངས་སྐུ་ཞི་བའི་ཆས༔ བྱང་ཤར་ཚེ་སྲོག་སྤེལ་མཛད་འཕགས་མ་ནི༔ གསང་སྔགས་རྗེས་འཛིན་ལྗང་གསལ་ཞི་འཛུམ་བཞད༔ ཕྱག་བཞིའི་དང་པོས་དུང་དང་འཆི་མེད་བུམ༔ འོག་མས་རྒྱན་ཕྲེང་སྐྱབས་སྦྱིན་ཕྱག་རྒྱ་མཛད༔ཞབས་གཉིས་བཞེངས་སྟབས་དར་དང་རིན་ཆེན་སྤྲས༔ སྒོ་བཞིར་ཚངས་མ་ལེགས་བརྗོད་དཔལ་མོ་དང་༔ རི་སྐྱེས་དབང་མོ་ཀུན་ཀྱང་བཞེངས་སྟབས་ཅན༔ དཀར་སེར་དམར་ལྗང་འཆི་མེད་བུ་མོ་ནི༔ འཇོ་སྒེག་མཛེས་པ་དར་སྣའི་ན་བཟའ་དང་༔ རིན་ཐང་བྲལ་བའི་ནོར་བུའི་རྒྱན་ཆ་བརྗིད༔ འཕགས་མའི་རྣམ་འཕྲུལ་ཞི་རྒྱས་དབང་དྲག་གི༔ ལས་བཞིའི་ཕྲིན་ལས་སྒྲུབ་ལ་ཐོགས་པ་མེད༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཡི༔ ཕྱག་མཚན་གཡོན་རྣམས་པདྨའི་ཕྲེང་བ་འཛིན༔ སྟེང་གི་མཁའ་ལ་བསྐལ་བཟང་འདྲེན་པ་སྟོང་༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ རྩ་གསུམ་ལྷ་ཚོགས་སྤྲིན་ཕུང་གཏིབས་བཞིན་བཞུགས༔ འཕགས་མའི་ཐུགས་ལས་འོད་ཟེར་དབང་གཞུ་ལྟར༔ འཕྲོས་པས་རང་བཞིན་གནས་ནས་རིགས་ལྔའི་ལྷ༔ སྤྱན་དྲངས་དེ་དག་རྣམས་ཀྱི་ཐུགས་ཀ་ནས༔ ཡུམ་རྣམས་བྱོན་ཏེ་བུམ་པས་དབང་བསྐུར་བས༔ ཆུ་ལྷག་ཡར་ལུད་གཙོ་མོར་སྣང་མཐའ་དང་༔ གཞན་བཞིར་རྣམ་སྣང་རིན་འབྱུང་རྡོ་རྗེ་སེམས༔ དོན་གྲུབ་འཁོར་རྣམས་གཙོ་མོས་དབུ་བརྒྱན་གྱུར༔ སླར་ཡང་གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ ཨོཾ་དཀར་ཨཱཿ་དམར་ཧཱུྃ་མཐིང་གསལ་བ་ལས༔ འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་ཀུན༔ འཕགས་མའི་རྣམ་པར་སྤྱན་དྲངས་ས་མ་ཛཿ གཉིས་པ་སྤྱན་འདྲེན་གུས་པའི་བློས༔ རོལ་མོ་འཁྲོལ་ཞིང་དྲི་ཞིམ་སྤོས་དུད་གཏོང་༔ སྙན་པའི་དབྱངས་ཀྱིས་ཐུགས་རྒྱུད་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ སྤྲོས་བྲལ་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ དུག་གསུམ་རྟོག་པས་མ་བསླད་དབྱིངས་ཀྱི་ཡུམ༔ ཁྱད་ཆོས་དྲུག་ལྡན་ཀུན་བཟང་ཆོས་ཀྱི་སྐུ༔ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་༔ རང་གདངས་ས་བཅུའི་སེམས་དཔའི་ཤེས་བྱའི་སྒྲིབ༔ དག་སྦྱངས་ཡོན་ཏན་མཐའ་རུ་ཕྱིན་པའི་ཕྱིར༔ ཕྱི་གསལ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཡུམ༔ མཚན་དཔེ་འགགས་མེད་ལྔ་ལྡན་ཀློང་ནས་བཞེངས༔ ཐུགས་རྗེའི་རང་རྩལ་འགགས་པ་མེད་པ་ལས༔ པོ་ཊ་ལ་དང་བདེ་ལྡན་རྔ་ཡབ་གླིང་༔ མ་ངེས་སྣ་ཚོགས་སྤྲུལ་པའི་ཞིང་ཁམས་ནས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་མ༔ འཇིགས་ཚོགས་ཀུན་ལས་སྐྱོབ་མཛད་རྗེ་བཙུན་མཆོག༔ སྒྲོལ་མ་དཔའ་མོ་སྤྲུལ་དང་ཡང་སྤྲུལ་བཅས༔ ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ༔ སྙིགས་དུས་འགྲོ་བ་ནད་མཚོན་མུ་གེས་མནར༔ ཉམ་ཐག་ཆོས་ཕོངས་ལས་ཀྱི་སྡུག་བསྔལ་སྒྲུབ༔ རྒྱུ་འབྲས་མི་དགེར་སྤྱོད་རྣམས་མངོན་མཐོ་དང་༔ ངེས་ལེགས་ཐར་ལམ་མཆོག་ལ་འགོད་པའི་ཕྱིར༔ བརྩེ་ཆེན་ཐུགས་རྗེ་ཆེན་པོས་ཉེར་བསྐུལ་ནས༔ འདིར་གཤེགས་སྒྲུབ་པོའི་སྒོ་གསུམ་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཛྙཱ་ན་བཛྲ་ས་མ་ཡཱ་ཛཿཧཱུྃ་བཾ་ཧོ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ ༔ ཞེས་བརྗོད་འབུད་དཀྲོལ་རོལ་མོས་ཐུགས་རྒྱུད་བསྐུལ༔ གསུམ་པ་དམ་ཡེ་དབྱེར་མེད་བརྟན་བཞུགས་ནི༔ ཀུན་བརྟགས་འཁྲུལ་བ་གཞན་དབང་བསྐྱེད་རིམ་དང་༔ ཡོངས་གྲུབ་གདོད་མའི་དབྱིངས་སུ་རྒྱས་འདེབས་ཕྱིར༔ ཧཱུྃ་ཧྲཱིཿ ཀུན་བརྟགས་ལས་ཉོན་འཁྲུལ་བའི་བག་ཆགས་རྣམས༔ གཞན་དབང་ལྷ་སྔགས་ཏིང་འཛིན་རོལ་པ་རུ༔ རྒྱས་བཏབ་ཡོངས་གྲུབ་མི་གནས་མྱང་འདས་ཀྱི༔ ཆོས་དབྱིངས་རང་ཞལ་མངོན་དུ་འགྱུར་བའི་ཕྱིར༔ དང་པོ་བསྐྱེད་ནས་བར་དུ་བསྙེན་ཅིང་སྒྲུབ༔ རང་བྱུང་རང་ཤར་ཡེ་གྲུབ་དབྱིངས་ཀྱི་ལྷ༔ ཐུགས་རྗེས་འགྲོ་ཀུན་གནས་སྐབས་འཇིགས་བརྒྱད་དང་༔ མཐར་ཐུག་འཁོར་བ་མཐའ་དག་སྡུག་བསྔལ་ལས༔ བསྒྲལ་ནས་ཡང་དག་དོན་ལ་འགོད་པའི་ཕྱིར༔ དམ་ཡེ་དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་རང་ལས་མི་གཞན་སྤྲུལ་པའི་ལྷར༔ ཡེ་དག་མཉམ་ཉིད་ཆེན་པོར་གུས་བྲལ་ཀྱང་༔ གནས་སྐབས་ལམ་གྱི་ཚོགས་རྫོགས་སྒྲིབ་སྦྱང་ཕྱིར༔ སྤྲུལ་པའི་ལྷ་མོས་བརྡ་ཕྱག་གསོལ་བ་ནི༔ ཨོཾ་ན་མཿཨཱརྱ་ཏཱ་རེ་སརྦ་སིདྡྷི་ཧཱུྃ༔ ཧཱུྃ་ཧྲཱིཿ རང་ལས་ཤར་བའི་རྗེ་བཙུན་འཕགས་མའི་ལྷ༔ ཐུགས་རྗེ་ཚད་མེད་མཁྱེན་གཉིས་ཡོན་ཏན་རྫོགས༔ ནུས་པའི་སྟོབས་ཀྱིས་བདུད་དང་ལོག་འདྲེན་འདུལ༔ དྲན་པ་ཙམ་གྱིས་སྲིད་ཞིའི་ལེགས་ཚོགས་ཀུན༔ ཐོགས་མེད་སྩོལ་མཛད་རྒྱལ་དང་དེ་སྲས་ཀུན༔ གཅིག་ཏུ་འདུས་པ་ཡི་དམ་ལྷག་པའི་ལྷར༔ བདག་གཞན་སེམས་ཅན་དཔག་ཡས་ལུས་སྤྲུལ་ནས༔ སྒོ་གསུམ་གུས་པས་རྟག་པར་ཕྱག་འཚལ་ལོ༔ ཐོག་མེད་ནས་གོམས་བདག་ལྟའི་ང་རྒྱལ་སྒྲིབ༔ ཡོངས་དག་འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ལྔ་པ་མཆོད་པའི་བྱེ་བྲག་མཐའ་ཡས་པ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ནི༔ སེམས་མ་ཀུན་ཏུ་བཟང་མོའི་རྣམ་རོལ་གྱིས༔ ཐུགས་རྗེའི་མངའ་བདག་ལྷ་ཚོགས་མཆོད་པའིི་ཕྱིར༔ ཧཱུྃ་ཧྲཱིཿ མཆོད་འོས་ཕྱི་ནང་སྣོད་བཅུད་དངོས་པོའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་ལེགས་སྤྲུལ་པ༔ ཡེ་དག་མཉམ་པ་ཉིད་དུ་ཕྱམ་བརྡལ་ནས༔ མཁྱེན་བརྩེ་ནུས་ལྡན་འཕགས་མའི་ལྷ་ལ་འབུལ༔ ཧཱུྃ་ཧྲཱིཿ གཟུགས་ཀྱི་བྱེ་བྲག་བཟང་ངན་ཅི་མཆིས་པ༔ མཛེས་སྡུག་གཟུགས་ཀྱི་ལྷ་མོ་དཀར་མཛེས་འཛུམ༔ གྲངས་མེད་སྤྲུལ་པའི་ཕྱག་མཚན་མེ་ཏོག་ཚོགས༔ ཐུགས་རྗེའི་མངའ་བདག་འཕགས་མའི་སྤྱན་ལ་འབུལ༔ མཉེས་ནས་བདག་ཅག་མིག་ཤེས་འཁྲུལ་བའི་ཚོགས༔ གནས་དག་མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤེ་པྲ་ཏིཙྪ་པཱུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ སྙན་དང་མི་སྙན་སྒྲ་ཡི་བྱེ་བྲག་ཀུན༔ སྙན་འཇེབས་དབྱངས་ལྡན་སྒྲ་ཡི་ལྷ་མོ་སྔོ༔ གྲངས་མེད་སྤྲུལ་པས་སྒྲ་སྙན་རྒྱུད་མང་སྦྲེངས༔ ཚད་མེད་མཁྱེན་ལྡན་འཕགས་མའི་སྙན་ལ་འབུལ༔ བདག་གཞན་སྒྲར་འཛིན་ལོག་ཞུགས་འཁྲུལ་བའི་སྐྱོན༔ གནས་དག་མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཤཔྟ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ ལྷན་སྐྱེས་སྦྱར་བྱུང་དྲིི་ཡི་བྱེ་བྲག་ཀུན༔ མཆོད་པའི་ལྷ་མོ་སེར་མོ་བདུག་སྤོས་མ༔ གྲངས་མེད་སྤྲུལ་པས་དྲི་ཞིམ་སྤྲིན་ལྟར་གཏིབས༔ བཏང་སྙོམས་མཐའ་བྲལ་དཔའ་མོའི་ཤངས་ལ་འབུལ༔ བཞེས་ནས་བདག་གཞན་ལོག་རྟོག་དྲིར་འཛིན་པ༔ གནས་དག་སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷུཔྤེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ མངར་རྩུབ་སྣ་ཚོགས་རོ་ཡི་བྱེ་བྲག་ཀུན༔ སྤྲུལ་པའི་ལྷ་མོ་དམར་གསལ་ཞལ་ཟས་ཐོགས༔ གྲངས་མེད་སྤྲུལ་པས་རོ་བརྒྱའི་བཟའ་བཏུང་རིགས༔ ཞེན་བྲལ་ཐུགས་བརྩེ་འཕགས་མའི་ལྗགས་ལ་འབུལ༔ རོ་འཛིན་ཡུལ་ལ་ཆགས་པའི་འཁྲུལ་སྣང་རིགས༔ གནས་དག་བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ནཻ་ཝི་དྱ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ འཇམ་མཉེན་རྩུབ་རེག་རེག་བྱའི་བྱེ་བྲག་ཀུན༔ མཆོད་པའི་ལྷ་མོ་ལྗང་གསལ་ན་བཟའ་སྒྲོན༔ རྟོག་བྲལ་གསལ་སྟོང་འཕགས་མའི་སྐུ་ལུས་ལ༔ གྲངས་མེད་སྤྲུལ་པས་གསོལ་ཞིང་མཉེས་མཛད་ནས༔ བདག་གཞན་རེག་བྱར་ཞེན་པ་གནས་དག་ནས༔ སྟོང་ཉིད་གཞི་ཡི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སྤཪྴེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ དངོས་སུ་སྣང་དང་ཡིད་ལ་ཤར་བའི་ཆོས༔ བདེ་ཆེན་ཕྱག་རྒྱ་མཐིང་གསལ་གླེགས་བམ་བསྣམས༔ གྲངས་མེད་སྤྲུལ་པས་གར་གྱིས་བརྡ་ཆོས་སྟོན༔ འགྲོ་བའི་སྐྱབས་མཆོག་འཕགས་མའི་ཐུགས་ལ་འབུལ༔ མཉེས་ནས་བདག་གཞན་འཁྲུལ་བའི་གཟུང་འཛིན་སྒྲིབ༔ གནས་དག་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨ་དྷརྟུ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ གཞན་ཡང་མཆོད་པའི་བྱེ་བྲག་འབུལ་བ་ནི༔ གསང་སྔགས་ནང་མཆོད་དཀར་དམར་ཐིག་ལེ་དང་༔ རྩ་ཁམས་རླུང་གི་རྟོག་པ་གནས་འགྱུར་ཕྱིར༔ སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་གསང་མཆོད་རྫས༔ ཡིད་ཀྱིས་དམིགས་ཤིང་སྙན་པའི་དབྱངས་ཀྱིས་འབུལ༔ ཧཱུྃ་ཧྲཱིཿ རང་བྱུང་གདོད་ནས་དག་པའི་ཀ་པཱ་ལར༔ འཁྲུལ་རྟོག་དབྱིངས་སྦྱངས་ཉོན་མོངས་བདུད་བཞིའི་རྩི༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ ཐུགས་རྗེས་སྐྱོང་མཛད་འཕགས་མའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཀུན་ཏུ་བཟང་པོ་འབྲལ་མེད་དབྱིངས་ཀྱི་ཡུམ༔ ཕྱི་གསལ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེས་རྗེས་ཆགས་སྤྲུལ་སྐུ་རྗེ་བཙུན་མར༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རྒྱལ་ཀུན་འདུས་ཞལ་པདྨ་སཾ་བྷ་ཝ༔ ཟབ་མོ་ལྟ་བའི་སྲོལ་འབྱེད་ནཱ་གརྫུ༔ བྱམས་བརྩེ་ཚད་མེད་ཙན་དྲ་གོ་མིའི་ཞབས༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ འཇིགས་བརྒྱད་མཐར་མཛད་ཉི་མ་སྦས་པ་དང་༔ དབུ་མའི་སྲོལ་འཛིན་ཀུན་མཁྱེན་སྒྲོལ་མགོན་རྗེ༔ ཤེས་རབ་གཞལ་དཀའ་ས་ཆེན་ཀུན་དགའ་བཟང་༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བརྒྱུད་པ་ཀུན་འདུས་ཀློང་ཆེན་རབ་འབྱམས་པ༔ མཁྱེན་བརྩེའི་འོད་ཟེར་གྲུབ་དབང་བླ་མ་དང་༔ སྔོན་སྦྱངས་ལས་སད་སྐལ་ལྡན་ལུང་རིག་གླིང་༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ པདྨའི་ཞལ་སློབ་ཇོ་མོ་མཚོ་རྒྱལ་ལས༔ སྙན་བརྒྱུད་ཐོབ་ནས་སྨོན་ལམ་དབང་བསྐུར་རྫོགས༔ སེལ་མེད་བརྒྱུད་པ་དཀྱིལ་འཁོར་འཁོར་ལོའི་ལྷར༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རྫོགས་ཆེན་སྲུང་མ་མ་མོ་རལ་གཅིག་མ༔ དེ་ཡི་བཀའ་སྡོད་དཔལ་ལྡན་དུད་སོལ་མ༔ དཀར་ཕྱོགས་སྐྱོང་བའི་ཡུལ་གཞི་གཏེར་བདག་ལ༔ སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ བདུད་རྩི་སྨན་ལ་དངོས་གྲུབ་སྤྱི་ལྟར་ལེན༔ སརྦ་པཉྩ་ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ རཀྟ་ཆགས་བྲལ་རྟོག་མེད་དབྱིངས་ཀྱི་རྫས༔ ཇི་བཞིན་འབུལ་བའི་དམིགས་འདོན་འདི་བཞིན་ནོ༔ ཧཱུྃ་ཧྲཱིཿ འཁོར་བར་བདག་ཏུ་ལྟ་བའི་ཆགས་པ་ཆེ༔ མཚོན་བྱེད་རྩི་བཅུད་རྒྱུ་རྐྱེན་སིནྡྷུ་ར༔ རྟོག་བྲལ་དབྱིངས་སུ་རོལ་མཛད་རྗེ་བཙུན་མ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མ་འདོད་ཡོན་མཆོད་པའི་ལྷ་མོ་ཡིས༔ སྲས་བཅས་རྒྱལ་ཡུམ་དགྱེས་པ་བསྐྱེད་ཕྱིར་འབུལ༔ ཧཱུྃ་ཧྲཱིཿ གདོད་ནས་གྲུབ་པ་རྡོ་རྗེ་ལུས་ཀྱི་སྣོད༔ རྩ་རླུང་ཀུན་རྫོབ་དོན་དམ་བྱང་ཆུབ་སེམས༔ དག་སྦྱངས་བསྒྱུར་མཚོན་རིན་ཆེན་སྣོད་ཡངས་པར༔ རྩི་སྨན་སྣ་ཚོགས་སྦྱར་བའི་གཏོར་མ་འདི༔ འཇིགས་པ་ཀུན་སྒྲོལ་འཕགས་མའི་ལྷ་ལ་འབུལ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ ཚོགས་དྲུག་དཔའ་བོ་དགྱེས་པ་བསྐྱེད་པའི་ཡུམ༔ ཡུལ་དྲུག་སྟོང་གསལ་བདེ་ཆེན་ཕྱག་རྒྱ་ཆེར༔ སྦྱར་བས་དངོས་འཛིན་འཁྲུལ་སྣང་དབྱིངས་དག་ནས༔ སྡུག་བསྔལ་རྟོག་པ་གཉིས་འཛིན་དགྲ་བགེགས་ཚོགས༔ རང་བྱུང་ཆོས་དབྱིངས་ཀློང་དུ་བསྒྲལ་ནས་ཀྱང་༔འཕགས་མའི་གསང་གསུམ་བདེན་པ་མངོན་གྱུར་ཤོག༔ མ་ཧཱ་མུ་ཏྲ་ཏ་ན་ག་ཎ་སརྦ་པཱུ་ཙ་ཧོ༔ དྲུག་པ་གསང་སྔགས་ཡོན་ཏན་རྗེས་དྲན་པས༔ སྙན་པའི་དབྱངས་ཀྱིས་བསྟོད་པ་བྱ་བ་ནི༔ ཨོཾ༔ བསྔགས་པར་འོས་པ་དུས་གསུམ་རྒྱལ་བའི་ཡུམ༔ གྲངས་མེད་བསྐལ་པར་བྱ་དཀའི་སྤྱོད་པ་ཡིས༔ གཞན་དོན་མཛད་པས་ཉོན་ཤེས་མཐའ་དག་སྤངས༔ ཤེས་བྱ་མ་ལུས་མཁྱེན་པའི་རྟོགས་པ་མཆོག༔ མངོན་གྱུར་འཕགས་མ་སྒྲོལ་མ་དཔའ་མོར་བསྟོད༔ མཚན་བཟང་སུམ་ཅུས་སྒེག་པའི་ལང་ཚོ་ལ༔ དཔེ་བྱད་བརྒྱད་ཅུའི་ཕྲ་ཞིབ་ཡིད་འཕྲོག་སྐུ༔ མརྒད་ལྗང་གུའི་མདོག་འཛིན་ལྷ་ཡི་གོས༔ དར་དཔྱངས་ཅོད་པཎ་རིན་ཆེན་རྒྱན་ཆས་བརྗིད༔ མཆོག་སྦྱིན་ཕྱག་རྒྱས་དབུལ་བའི་སྡུག་བསྔལ་སེལ༔ སྐྱབས་སྦྱིན་འཇིགས་པ་མཐའ་དག་ལས་སྐྱོབས་ཞེས༔ དབུགས་དབྱུང་མཛད་པའི་བརྡ་དོན་རྟ་བབས་ཀྱི༔ སྐྱིལ་ཀྲུང་སྲིད་ཞིའི་མཐའ་ལས་སྒྲོལ་ལ་བསྟོད༔ གསུང་དབྱངས་དྲུག་ཅུས་ཐེག་ཆེན་ཆོས་ཀྱི་སྒྲ༔ བདག་མེད་དབྱིངས་སུ་སྒྲོག་ལ་དཔའ་བའི་ཉམས༔ ལྷ་ཀླུ་མི་ཡི་རིག་འཛིན་རྒྱལ་བའི་སྲས༔ ཀུན་ཀྱང་ས་ལམ་དཔལ་ཡོན་རྫོགས་མཛད་པ༔ ཐོས་པས་སྲིད་པའི་སྡུག་བསྔལ་ལས་གྲོལ་ནས༔ ཞི་བར་ཞེན་པ་ཉན་རང་འགོག་པ་ལས༔ དབུགས་དབྱུང་མཛད་པ་མཆོག་གི་དབང་མོར་བསྟོད༔ ཤེས་རབ་ཆེན་པོས་སྲིད་པའི་མཐའ་ལས་གྲོལ༔ སྙིང་རྗེ་ཆེན་པོས་ཞི་ལ་མི་གནས་པར༔ དམིགས་པ་མེད་ཀྱང་རྟག་ཁྱབ་ལྷུན་གྲུབ་ཀྱི༔ ཐུགས་རྗེ་ཚད་མེད་ཤེས་བྱ་མ་ལུས་མཁྱེན༔ ནུས་པའི་སྟོབས་ཀྱིས་ལོག་འདྲེན་བདུད་སྡེའི་དཔུང་༔ འཇོམས་མཛད་དཔའ་མོ་ཞི་མ་མཆོག་ལ་བསྟོད༔ ཐུགས་ཀྱི་རིགས་ལས་བྱུང་བ་སྣང་མཐའ་ཡས༔ འབྲལ་མེད་བླ་མའི་ངོ་བོར་རྟག་བཞུགས་ཤིང་༔ གཏི་མུག་འཇོམས་མཛད་དབྱངས་ཅན་སྐུ་ཡི་ལྷ༔ ཡོན་ཏན་ཕྲིན་ལས་ཐུགས་ཀྱི་རིགས་མཆོག་གི༔ གཙོ་འཁོར་སྤྲུལ་པ་བསྐལ་བཟང་འདྲེན་པ་སྟོང་༔ རྩ་གསུམ་སྲུང་མ་རང་སྣང་རིག་པའི་ལྷ༔ གང་འདུལ་འགྲོ་བའི་མགོན་དུ་གྱུར་ལ་བསྟོད༔ བདུན་པ་བསྙེན་པའི་ལས་རིམ་བསྟན་པ་ནི༔ བསྙེན་དང་སྒྲུབ་པ་ལས་ལ་སྦྱོར་བ་འོ༔ བསྙེན་པ། བདག་གི་ཐུགས་ཀར་པད་ཟླའི་སྟེང་༔ བདག་ཉིད་འཕགས་མའི་ཐུགས་ཀར་ཞེས་མཆན་ འཕགས་མཆོག་ཐུགས་བརྩེའི་མངའ་བདག་དཀར་གསལ་འཛུམ༔ མཁའ་སྤྱོད་དབང་མོ་བཞེངས་སྟབས་ཕྱག་གཉིས་པ༔ མཆོག་སྦྱིན་གཡོན་པས་ཨུཏྤལ་ཐུགས་ཀར་འཛིན༔ དེ་ཡི་ཐུགས་ཀར་འདབ་དྲུག་ཏཱཾཿཡིག་མཚན༔ ཏཱཾ་གྱི་ཁོག་པར་ཧྲཱིཿཡིག་གསལ་ལ་འཚེར༔ དགོངས་པ་འདི་བཞིན་ཡིན་སྣང་མཆན། མཐའ་བསྐོར་སྔགས་ཕྲེང་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཀྱིས་འཕགས་པ་མཆོད༔ འགྲོ་བའི་སྒྲིབ་སྦྱངས་སྣང་སྲིད་ལྷའི་དཀྱིལ་འཁོར༔ དག་པ་རབ་འབྱམས་ངང་ནས་རྩ་སྔགས་བསྙེན༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་དང་འཕགས་མའི་ཡང་སྙིང་འདི་ལྟར་རོ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ གོང་བསྙེན་འབུམ་ཕྲག་སྔོན་སོང་ནས༔ ཡང་སྙིང་འབྲུ་འབུམ་གྲངས་ཀྱི་བསྙེན༔ དུས་བསྙེན་བདུན་ཕྲག་ཉི་ཤུ་གཅིག༔ མཚན་མའི་བསྙེན་པ་རྟགས་མཐོང་ངོ་༔ རྟགས་ནི་བུད་མེད་གཞོན་མཛེས་གཟུགས༔ ཟས་བྱིན་དགྱེས་ཚུལ་རྨི་ལམ་ལ༔ ཐ་མ་ཡིན་ཏེ་ཉམས་སྣང་དུ༔ འཕགས་མའི་ཡོན་ཏན་རྗེས་དྲན་པ༔ ཆོས་འདིར་ངེས་འདྲོང་དབང་པོ་འབྲིང་༔ རབ་རྣམས་བརྗོད་མེད་དབྱིངས་ཀྱི་དོན༔ ཤེས་རབ་ཕར་ཕྱིན་སྟོང་ཉིད་ཡུམ༔ འཕགས་མ་དངོས་མཐོང་རྗེས་འཛིན་ཅིང་༔ ལུང་སྟོན་བྱིན་རླབས་ཚོགས་ཆེན་དབང་བསྐུར་རྫོགས༔ དད་ཅན་གདམས་པ་འདིར་བརྩོན་ན༔ བསླུ་མེད་འཕགས་མའི་ཞལ་བཞེས་པའི༔ ཐ་ཚིག་ཡིན་ནོ་ས་མ་ཡཱ༔ བསྒྲུབ་པ་ལ་རང་ཉིད་ཅེས་མཆན། རྗེ་བཙུན་འཕགས་མའི་ཐུགས་ཀ་རུ༔ སྒྲོལ་མ་ལྗང་གུ་རང་འདྲ་དེའི་ཐུགས་ཀར༔ ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པའི༔ ལྟེ་བར་ཟླ་སྟེང་ཏཱཾཿཡིག་དེའི་ཕྱི་རོལ༔ སྔགས་ཕྲེང་མུ་ཏིག་ལྗང་མཛེས་བསྟར་འདྲ་བ༔ རྩེ་གཅིིིིིག་ཡིད་ངོར་བསྒོམས་ཏེ་བཟླས་པ་བྱ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དཱ་ན་ཏྲ་ཡ་སྭཱ་ཧཱ༔ བཅུ་དྲུག་སྔགས་འབྲུ་འཁོར་བའི་འོད་ཟེར་གྱིས༔ བདག་གཞན་སྒོ་གསུམ་སྒྲིབ་སྦྱངས་ཚོགས་ཆེན་རྫོགས༔ རྒྱལ་ཡུམ་དཔའ་མོའི་གསང་གསུམ་མངོན་གྱུར་བསམ༔ དེ་ཡང་འབྲུ་འབུམ་གཙོ་མོ་འཁོར་རྣམས་ལ༔ ཁྲི་ཕྲག་རེ་རེ༔ དཱ་ན་ཏྲ་ཡ་བསྒྱུར༔ པྲཛྙཱ་ཧྲཱིཾ་ཧྲཱིཾ་མ་རི་ཙྱཻ་ཞེས་དང་༔ ཀུ་རུ་ཀུལླེ་བཱ་སུ་དྷ་རི་བརྗོད༔ འཁོར་གཞན་རྣམས་ལ་རང་མཚན་སྔགས་དང་སྦྱར༔ དེ་ཚུལ་གབ་ཐིག་ལས་ནི་བྱུང་བཞིན་ནོ༔ ལས་སྦྱོར་ཞི་བ་གཙོ་དང་དེ་བཞིན་དུ༔ གཞན་གསུམ་ལ་ཡང་དམིགས་པའི་ཁ་བསྒྱུར་ནི༔ གཙོ་མོའི་ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ དབྱངས་ཅན་ལྷ་མོའི་ཐུགས་ཀར་ཕོག་པ་ལས༔ འོད་ཟེར་དཀར་པོ་ཟླ་བ་ཞུན་མ་ལྟར༔ འཕྲོས་པས་འགྲོ་དྲུག་སྒྲིབ་པ་མ་ལུས་དང་༔ ཁྱད་པར་གཏི་མུག་རྨོངས་པའི་གཞན་དབང་གིས༔ ཤེས་བྱར་རྨོངས་པའི་སྡིག་ཀུན་བྱང་བར་མོས༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲ་ཛྙཱ་ཧྲཱིཾ་ཧྲཱིཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཙོ་མོའི་ཐུགས་ནས་གསེར་མདོག་འོད་འཕྲོས་པས༔ འོད་ཟེར་ཅན་མའི་ཐུགས་ཀར་ཕོག་པ་ལས༔ བཙོ་མའི་མདངས་ཕྲོག་འོད་ཟེར་སྣ་ཚོགས་འཕྲོས༔ བདག་གཞན་ཚེ་བསོད་དཔལ་རྒྱས་ཁྱད་པར་དུ༔ ལྟ་བ་ངན་པས་བསླུས་པ་ལས་གྲོལ་ནས༔ ཆོམ་རྐུན་མཐའ་དག་ཉི་ཟླའི་ཞགས་པ་ཡིས༔ བཅིངས་ཤིང་མིག་སྒྲིབ་དཔལ་འབྱོར་རང་ལ་བསྡུས༔ ཞེས་བསམ་རྩ་སྔགས་དེ་མཐར་མ་རི་ཙྱཻ༔ པུཥྚིཾ་ཀུ་རུ་དེ་བཞིན་དབང་གི་ལྷར༔ འོད་ཟེར་གཙོ་མོ་ལས་འཕྲོས་ཕོག་པའི་མོད༔ རིག་བྱེད་ལྷ་མོས་བརྟན་གཡོའི་དངོས་པོ་དང་༔ མཁས་བཙུན་གྲྭ་སློབ་རྒྱལ་བློན་བཙུན་མོ་དམངས༔ ཕལ་པ་གང་དམིགས་འོད་དམར་ཕྲེང་བ་ཡིས༔ དབང་དུ་བསྡུས་ཤིང་བདག་ལ་འདུད་པར་དམིགས༔ རྩ་སྔགས་ཀུ་རུ་ཀུལླེ་དེ་བཞིན་དུ༔ པཱ་ཤཾ་ཀུ་རུ་དྲག་པོས་དབུལ་འདྲེ་རྣམས༔ ཚར་གཅོད་ནོར་སྒྲུབ་དམིགས་པ་འདི་ལྟར་རོ༔ འཕགས་མའི་ཐུགས་ལས་འོད་ལྗང་ནོར་རྒྱུན་མར༔ ཕོག་པས་དེ་ཡི་ཐུགས་ལས་འོད་ཟེར་ནི༔ དབང་སྔོན་ཞགས་པའི་རྗེས་འགྲོའི་དབུལ་འདྲེའི་ཚོགས༔ མཐར་བསྐྲད་ལྷ་ཀླུ་མི་ཡི་ནོར་བཅུད་བསྡུས༔ བདག་ལ་ཐིམ་པས་མངའ་ཐང་འབྱོར་པ་རྒྱས༔ བསོད་ནམས་ལས་ལ་འདུན་པས་དོན་གཉིས་པོ༔ མྱུར་དུ་འགྲུབ་བསམ་རྩ་སྔགས་ཤམ་བུ་རུ༔ བཱ་སུ་དྷཱ་རི་མ་ར་ཡ་ཕཊ་བསྙེན་༔ དངོས་གཞིའི་ལས་རིམ་བདུན་གྱིས་ལེགས་ཚོགས་འགྲུབ༔ ས་མ་ཡཱ༔ རྗེས་རིམ་བདུན་ལས་དང་པོ་ཚོགས་བསགས་རྫས༔ རིན་ཆེན་སྣོད་དུ་དཀར་དམར་ཕྱི་ཡི་རྫས༔ ཤ་ཆང་སྒོག་རིགས་སྣ་ཚོགས་ནང་གི་རྫས༔ བྱང་སེམས་རྣམ་གཉིས་དྲི་ལྡན་གསང་བའི་རྫས༔ གང་ཟག་དབང་པོའི་རིམ་པས་བསགས་པའམ༔ ཡང་ན་ཕྱི་ནང་རྫས་བསགས་རོལ་མོ་དཀྲོལ༔ སྔགས་ཀྱིས་བྱིན་བརླབས་ཆུ་གཙང་ནང་མཆོད་བྲན༔ ཨོཾ་ཨཱཿཧཱུྃ༔སྭཱ་ཧཱ༔ ཧཱུྃ་ཧྲཱིཿ སྣང་སྲིད་འདོད་ཡོན་ལོངས་སྤྱོད་ཚོགས་ཀྱི་རྫས༔ མ་ཚང་མེད་པ་ལྷ་སྔགས་ཏིང་འཛིན་མཐུས༔ བྱིན་གྱིས་བརླབ་ཕྱིར་རང་ཉིད་འཕགས་མ་ཡི༔ ཐུགས་ལས་འཕྲོས་པའི་རིགས་ལྔའི་ས་བོན་ནི༔ ཁ་དོག་ལྔ་ལྡན་ཚོགས་ཀྱི་ཡོ་བྱད་ལ༔ ཕོག་པས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ དབང་པོ་དྲུག་ལ་ཞེན་པ་མི་མངའ་ཡང་༔ ཟག་མེད་བདེ་སྟོང་བསྐྱེད་ནུས་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་པཱུ་ཛ་མེ་གྷ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ གཉིས་པ་ཚོགས་ཀྱི་ཡོ་བྱད་འབུལ་བ་ལ༔ མཆོད་བཤགས་བསྒྲལ་གསུམ་དང་པོ་རྫས་ཀྱི་མཆོག༔ སློབ་བུས་བཏེགས་ཏེ་སྨན་ཕུད་དང་བཅས་ཏེ༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་ཀུན་འཕགས་མའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་རྫས་མཆོག་མ་ལུས་པ༔ ཟག་མེད་བདུད་རྩིར་བསྒྱུར་ནས་འབུལ་ལགས་ན༔ བརྩེ་ཆེན་ཐུགས་ཀྱིས་ཉེ་བར་བཞེས་སུ་གསོལ༔ སྣང་སྲིད་སྣོད་བཅུད་དབྱིངས་གཅིག་རོལ་པ་ལ༔ བཟང་ངན་གཉིས་འཛིན་བླང་དོར་བྲལ་བའི་ཐུགས༔ རྗེ་བཙུན་འཕགས་མ་བྱམས་བརྩེའི་སྟོབས་མངའ་བས༔ བཞེས་ཤིང་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ གུ་རུ་དྷེ་ཝ་ཌཀྐཱི་ཨཱརྱ་ཏཱ་རེ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བཤགས་པ་བྱ་ཞིང་ཕྱིན་ཆད་སྡོམ་སེམས་བློས༔ ཚོགས་རྫས་བར་བ་མཆོད་པ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ངོ་མཚར་རྨད་བྱུང་ཆོས་དབྱིངས་རིག་པའི་གཤིས༔ ཡེ་ནས་ཀ་དག་བརྗོད་བྲལ་རྒྱལ་བའི་ཁམས༔ གློ་བུར་འཁྲུལ་བས་བསླད་ནས་ད་ལྟའི་བར༔ རིགས་དྲུག་གནས་སུ་འཁྱམས་ཤིང་སྐྱེ་ཤིར་བརྒྱུད༔ ཁྱད་པར་བདག་ཅག་ཉོན་མོངས་ལས་ཀྱི་མཐུས༔ སོ་ཐར་བྱང་སེམས་རིག་འཛིན་སྡོམ་པ་རྣམས༔ མི་ཤེས་མ་གུས་བག་མེད་ཉོན་མོངས་མང་༔ ཉམས་དང་འགལ་དང་འདས་དང་རལ་བ་སོགས༔ མནར་མེད་དམྱལ་བ་ཆེན་པོའི་རྒྱུ་བསགས་པ༔ ཐམས་ཅད་མ་ལུས་སྙིང་ནས་བཤགས་པར་བགྱི༔ ཐུགས་རྗེ་ཆེ་ལྡན་འཕགས་མའི་ལྷ་ཚོགས་ཀྱིས༔ བྱང་ཞིང་དག་ནས་ཚངས་པར་མཛད་པ་དང་༔ གཞན་ཡང་སྡོམ་པ་གསུམ་ལ་ཞུགས་སོ་ཅོག༔ ཉམས་ཆག་ཉེས་པས་མནར་བ་ཅི་མཆིས་པ༔ ཐམས་ཅད་མ་ལུས་བདག་གིས་བཤགས་བགྱིས་ན༔ ཚངས་པ་མཆོག་གི་དབུགས་དབྱུང་མཛད་དུ་གསོལ༔ ཅེས་དང་བཤགས་ཚིག་གཞན་ཅི་རིགས་དང་༔ ཡི་གེ་བརྒྱ་པ་ཅི་ནུས་བཟླ་བར་བྱ༔ ཚོགས་རྫས་ཐ་མ་དགྲ་བགེགས་འགུགས་ཤིང་བསྟིམས༔ མཚོན་གྱིས་གཏུབ་ཚུལ་ངག་ནས་འདི་བཞིན་བརྗོད༔ ཧཱུྃ་ཧྲཱིཿ ཀུན་བརྟགས་འཁྲུལ་བར་སྣང་བའི་དགྲ་དང་བགེགས༔ གཞན་དབང་ལས་ཉོན་འཁྲུལ་བས་དང་དུ་བླངས༔ སྡང་ཞེན་བག་ཆགས་ངན་སོང་ཞིང་བཅུའི་རིགས༔ ཡོངས་གྲུབ་འཕགས་པའི་ལྷ་ཚོགས་ཐུགས་རྗེས་བསྒྲལ༔ ཤ་ཁྲག་དྭངས་མ་བདུད་རྩིའིི་རང་བཞིན་ལ༔ དགྱེས་རོལ་རྣམ་ཤེས་གདོད་མའི་གཤིས་སུ་བསྟིམས༔ སརྦ་ཤ་ཏྲུཾ་མ་ར་ཡ་ཕཊ༔ ཅེས་བརྗོད་བདག་ཕུར་འབེན་གསུམ་སྐྱེ་མེད་དོན༔ རྟོགས་པས་བདག་སྒྲོལ་ཐུགས་རྗེས་གཞན་སྒྲོལ་བ༔ ཡང་དག་གསང་བ་དོན་གྱི་མན་ངག་གོ༔ དེ་ནས་རྣལ་འབྱོར་ཚོགས་ལ་རོལ་བ་ནི༔ སློབ་བུས་ཐབས་ཤེས་བཟའ་བཏུང་བསྣོལ་ཏེ་བཟུང༔ རྡོ་རྗེ་སློབ་དཔོན་འདུས་པའི་ཚོགས་རྣམས་ལ༔ ཚིག་འདིས་འབུལ་ཞིང་བརྡ་དོན་རྟོགས་པར་བྱ༔ ཧོ༔ སྐྱེ་མེད་སྣོད་དུ་འགགས་མེད་ཚོགས་ཀྱི་རྫས༔ ཐབས་ཤེས་རྫས་མཆོག་དབང་བཞིའི་བརྡ་དང་དོན༔ སྣང་སྟོང་གསལ་སྟོང་བདེ་སྟོང་རིག་སྟོང་ངང༔ ཆགས་པར་སྣང་ཡང་དེ་ཉིད་ངོ་བོས་དབེན༔ སྟོང་པར་སྣང་ཡང་ཡུལ་དྲུག་རྟེན་འབྲེལ་མཐུ༔ གཉིས་ཀ་མ་ཡིན་སྨྲ་བསམ་བརྗོད་ལས་འདས༔ དེ་དོན་རྟོགས་ཕྱིར་རྣལ་འབྱོར་དཔའ་བོའི་མཆོག༔ དགྱེས་བཞིན་རོལ་བས་ལམ་གྱི་ཚོགས་རྫོགས་ཤོག༔ ཅེས་དང་བླ་མས་དུས་གསུམ་ཡེ་གྲོལ་བརྡར༔ པད་སྐོར་རྩེ་གསུམ་ཕྱག་རྒྱ་དང་བཅས་པས༔ བླངས་ཤིང་མཉམ་ཉིད་རྟོགས་པའི་གདེང་ལྡན་བཞིན༔ ཧོ༔ ངོ་མཚར་ཆེན་པོ་གསང་ཆེན་དཀྱིལ་འཁོར་འདིར༔ ཟས་གོས་གནས་མལ་འཚོ་བའི་ཡོ་བྱད་རྣམས༔ སྐྱེ་བ་མེད་ལས་སྣང་འདི་སུ་ཡིས་དགག༔ གནས་པ་མེད་ཀྱང་བརྟགས་ན་རིག་པའི་རྩལ༔ བླང་དོར་གཉིས་ཀས་འཁྲུལ་གྲོལ་མཐའ་རུ་ལྷུང་༔ དེ་ཕྱིར་བཟང་ངན་བླང་དོར་བྲལ་བའི་བློས༔ མཉམ་པ་ཆེན་པོའི་ངང་དུ་རོལ་བར་བྱ༔ ཞེས་བརྗོད་གསུམ་པ་ལྷག་མ་བསྔོ་བ་ནི༔ ཁ་ཕྲུ་གདབ་ཅིང་ལྷག་མགྲོན་ཕེཾ་གྱིས་བཀུག༔ བདུད་རྩིར་འབྲུ་གསུམ་སྔགས་ཀྱིས་བརླབས་ཤིང་འབུལ༔ ཧཱུྃ་ཧྲཱིཿ ཚོགས་ཀྱི་ལྷག་མ་སྡུད་པའི་ཕྲ་མེན་མ༔ དཀར་སེར་དམར་ལྗང་ཤུགས་འགྲོ་མཁའ་ལ་སྤྱོད༔ རྣལ་འབྱོར་བསྲུང་ཞིང་སྒྲུབ་པོའི་བར་ཆད་སོལ༔ ཅི་བཅོལ་ལས་སྒྲུབ་འཕགས་མའི་བཀའ་འཁོར་སྐྱོང་༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧི༔ བཞི་པ་ཆད་མདོའི་ཐ་ཚིག་བསྒྲགས་པ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་ཐོག་མ་ལ༔ རིགས་ལྔའི་སངས་རྒྱས་བྱང་སེམས་ཉན་རང་དང་༔ ལྷ་དང་དྲང་སྲོང་རིག་འཛིན་སྤྲུལ་པའི་འཁོར༔ དཔག་མེད་འགྲོ་བའི་དོན་ལ་བྱོན་པའི་ཚེ༔ དེ་དག་ཀུན་གྱི་འགྲོ་རྣམས་སྲིད་མཚོ་ལས༔ སྒྲོལ་ཕྱིར་ཕྲིན་ལས་ལྷ་མོ་མྱུར་དཔའ་མོས༔ དམ་བཅའ་ཞལ་བཞེས་ཇི་ལྟར་མཛད་པ་བཞིན༔ ཉོན་མོངས་སེམས་ཅན་དབྱིངས་སུ་གྲོལ་བར་མཛོད༔ དེ་འོག་བར་གྱི་བསྐལ་པ་བར་མ་ལ༔ དེ་བཞིན་གཤེགས་པ་རྔ་སྒྲའི་བསྟན་པ་ལ༔ རྒྱལ་པོའི་བུ་མོ་ཛྙཱ་ན་ཙནྡྲར་གྱུར༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དམ་བཅས་ནས༔ བུད་མེད་གཟུགས་ཀྱིས་རྟག་པར་མཐའ་ཡས་འགྲོ༔ འཇིགས་བརྒྱད་སྐྱོབ་ཅིང་མཐར་ཐུག་འཁོར་བ་ལས༔ སྒྲོལ་བའི་དམ་བཅའ་མཐའ་རུ་མ་ཕྱིན་བར༔ རྣམ་མཁྱེན་གོ་འཕང་མངོན་དུ་མི་བྱ་ཞིང་༔ ཐུགས་བསྐྱེད་མཛད་ཚེ་ཚངས་པ་ལྷ་ཀླུ་དང་༔ མི་འམ་ཅི་དང་གནོད་སྦྱིན་དབང་པོ་ཡིས༔ མ་འོངས་འགྲོ་རྣམས་འཕགས་མའི་མཚན་ཙམ་ཞིག༔ འཛིན་པའི་སེམས་ཅན་བསྲུང་ཞིང་བསྐྱབ་བོ་ཞེས༔ ཇི་ལྟར་དམ་བཅའ་མཛད་པ་དེ་བཞིན་དུ༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ ཆོས་མཛད་སྤྱི་དང་འཕགས་མ་ལྷག་པའི་ལྷ༔ བརྟེན་པའི་རྣལ་འབྱོར་ཉེར་འཚེ་མ་ལུས་ལས༔ བསྲུང་སྐྱོབ་ས་ལམ་མཐའ་རུ་ཕྱིན་བར་དུ༔ མ་ཡིས་བུ་བཞིན་བྱམས་བརྩེས་སྐྱོང་བར་མཛོད༔ དེ་འོག་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས༔ བདེ་གཤེགས་དོན་ཀུན་གྲུབ་པ་ཤཱཀྱའི་ཏོག༔ མངོན་པར་སངས་རྒྱས་ཕོ་བྲང་པོ་ཊ་ལར༔ སྤྱན་གཟིགས་ལ་སོགས་ཉེ་བའི་སྲས་བརྒྱད་དང་༔ ཉན་ཐོས་རང་རྒྱལ་སྤྲུལ་པའི་འཁོར་རྣམས་དང་༔ སྤྲུལ་པའི་དྲང་སྲོང་རིག་འཛིན་ཚོགས་རྣམས་ལ༔ སྒྲོལ་མ་མངོན་འབྱུང་ལ་སོགས་འཕགས་མའི་རྒྱུད༔ གསུངས་ནས་སྤྲུལ་བསྒྱུར་བདུད་སྡེ་བཏུལ་བའི་ཚེ༔ ལྷ་ཀླུའི་དབང་པོ་ཕྱི་ནང་སྲུང་མའི་ཚོགས༔ ཆོས་མཛད་ཡོངས་ཀྱི་བར་ཆད་བསལ་བ་དང་༔ ལེགས་ཚོགས་འདོད་དགུ་སྒྲུབ་པར་མཛད་དོ་ཞེས༔ ཇི་ལྟར་ཞལ་བཞེས་དམ་བཅའ་མཛད་པ་བཞིན༔ མཆོད་གཏོར་བཞེས་ལ་ཕྱི་ནང་བར་ཆད་སོལ༔ དེ་རྗེས་བོད་ཡུལ་གངས་ཅན་ཆོས་རྒྱལ་རྗེ༔ ཚངས་པའི་མེ་ཏོག་སྔོན་ལས་འཕྲོ་སད་ནས༔ ཐུབ་དབང་ཞལ་སྐྱིན་པདྨ་སཾ་བྷ་ཝ༔ བོད་ཡུལ་མུན་པའི་སྨག་ཏུ་སྤྱན་དྲངས་ཚེ༔ རྗེ་འབངས་སྤྱི་དང་ཇོ་མོ་མཁར་ཆེན་བཟར༔ ཟབ་ཆོས་གདམས་པ་མ་ལུས་ཐམས་ཅད་དང་༔ ཁྱད་པར་སྒྲོལ་མ་ཕྱི་ནང་གསང་གསུམ་གྱི༔ གདམས་པ་དཔག་ཏུ་མེད་པས་སྨིན་མཛད་ཚེ༔ དངོས་དང་ཐུགས་གཏེར་སྨོན་ལམ་ཟབ་མོའི་མཐུས༔ མ་འོངས་མཚོ་རྒྱལ་སྤྲུལ་པ་ཉེར་གཅིག་གིས༔ གཏེར་ཆོས་སྤེལ་ཞིང་འགྲོ་དོན་དཔག་མེད་མཛད༔ དེ་ཚེ་འགྲོ་བ་མཆོག་དམན་གྲངས་མེད་པས༔ དད་གུས་བསྙེན་ལ་བར་ཆད་བསྲུང་ངོ་ཞེས༔ སྲུང་མ་སྤྱི་དང་བྱེ་བྲག་དབྱངས་ཅན་ལྷ༔ དྲག་མོར་སྤྲུལ་པ་དཔལ་ལྡན་དུད་སོལ་མས༔ ཇི་ལྟར་ཞལ་བཞེས་དམ་བཅའ་མ་གཡེལ་བར༔ ཕྱི་ནང་རྐྱེན་སོལ་ལེགས་དགུའི་དཔལ་འཕེལ་མཛོད༔ དེ་འོག་ཆེར་སྙིགས་མུན་བསྐལ་ནད་མཚོན་དང་༔ མུ་གེས་གདུང་བས་འགྲོ་རྣམས་ཉམ་ཐག་ཚེ༔ རང་སྣང་དག་པ་དཔལ་རི་པདྨ་འོད༔ ཁྱད་པར་གཡུ་ལོ་བཀོད་པའི་གནས་མཆོག་ཏུ༔ ཨོ་རྒྱན་རྗེ་དང་དཔའ་མོ་སྒྲོལ་མ་ཡུམ༔ ཉམས་ཀྱི་སྣང་བ་དངོས་སུ་ཞལ་མཇལ་ཞིིང་༔ འཕགས་མའི་སྤྲུལ་པ་མཁའ་འགྲོ་མཚོ་རྒྱལ་མས༔ བརྡ་སྟོན་ལུང་བསྟན་རྗེས་གནང་བྱིན་རླབས་མཐུ༔ ཐོབ་བཞིན་ལུང་རིག་གླིང་པ་འགྲོ་འདུལ་རྩལ༔ ཐོགས་མེད་སྤོབས་པས་ཟབ་ཆོས་སྤེལ་བ་དང་༔ སྐལ་ལྡན་ཐར་པའི་ལམ་དུ་འགོད་པ་ལ༔ ཕྱི་ནང་གསང་བའི་རྐྱེན་རྣམས་བཟློག་པ་དང་༔ ཉམས་རྟོགས་དགེ་བའི་ཡོན་ཏན་སྤེལ་བའི་གྲོགས༔ སྲུང་མ་སྤྱི་དང་ཡང་དགོས་དུད་སོལ་མས༔ སྔོན་ཚེ་ཞལ་བཞེས་ཇི་ལྟར་ཡོད་པ་དང་༔ ད་ལྟ་སློབ་དཔོན་ཆེན་པོས་བཀའ་བསྒོས་བཞིན༔ མཆོད་གཏོར་བཞེས་ལ་ཕྲིན་ལས་རྣམ་བཞི་སྒྲུབས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་རེ་མ་ཏི་མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ ལྔ་པ་བསྟན་མ་སྐྱོང་ཞིང་ཕྲིན་ལས་བཅོལ༔ རོལ་མོ་བརྡུང་ཞིང་སྙན་པའི་དབྱངས་ཀྱིས་བརྗོད༔ ཧཱུྃ་ཧྲཱིཿ དུས་སྦྱོར་བཅུ་གཉིས་རླུང་གི་འཇུག་པ་ཀུན༔ སྒྲ་གཅན་དབྱིངས་སུ་ནུབ་པའི་རྟེན་འབྲེལ་གཟུགས༔ བསྟན་སྐྱོང་དབང་མོ་གནོད་སྦྱིིན་བདུད་དང་སྨན༔ དཀར་སེར་དམར་ལྗང་ཞོན་པ་ཕྱག་མཚན་སོགས༔ མ་ངེས་སྤྲུལ་བསྒྱུར་སྣ་ཚོགས་ཅིར་ཡང་སྟོན༔ འཁོར་བཅས་དར་གོས་སིལ་སྙན་གླུ་དང་བཅས༔ འདིར་སྤྱོན་རྟག་ཆད་ལྟ་བ་དབུ་མར་ཟློག༔ བདེན་དོན་བཅུ་གཉིས་མྱང་འདས་མངོན་གྱུར་མཛོད༔ མ་མ་ཧྲིང་ཧྲིང་བ་ལིང་ཏ་ཁཱ་ཧི༔ དྲུག་པ་བསྡུ་རིམ་ལའང་རྣམ་བཞི་སྟེ༔ མཆོད་བསྟོད་བཤགས་པ་དམ་ཚིག་ཡེ་ཤེས་པ༔ རྟེན་ལ་བསྟིམས་སམ་གཤེགས་གསོལ་བྱ་བ་འོ༔ དང་པོ་མཆོད་པ་ཉེར་སྤྱོད་སྨན་རཀ་སོགས༔ བྱིན་བརླབས་བྱས་ནས་ཚིག་འདིས་འབུལ་བར་བྱ༔ ཧཱུྃ་ཧྲཱིཿ ཕྱི་ནང་སྣོད་བཅུད་མཆོད་པའི་ཡོ་བྱད་རྫས༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག༔ རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་སྨན༔ ཉོན་མོངས་ཆགས་བྲལ་རཀྟ་དམར་གྱི་རྫས༔ དམ་རྫས་གཏོར་མ་གསང་བའི་ལོངས་སྤྱོད་བཅས༔ མཁྱེན་བརྩེ་ནུས་ལྡན་འཕགས་མའི་ལྷ་ལ་འབུལ༔ བཞེས་ནས་བདག་སོགས་ཐུགས་རྗེས་བསྐྱབ་ཏུ་གསོལ༔ ཨོཾ་བཛྲ་ཨརྒྷཾ༴སོགས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་སརྦ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བསྟོད་པ་བྱ་བ་ལུས་ངག་དངས་བའི་བློས༔ ཧཱུྃ་ཧྲཱིཿ སྔོན་ཚེ་དམ་བཅའ་ཐུགས་བསྐྱེད་སྨོན་ལམ་དང་༔ རླབས་ཆེན་སྤྱོད་པས་འགྲོ་རྣམས་སྲིད་མཚོ་ལས༔ སྒྲོལ་མཛད་རྗེ་བཙུན་འཕགས་མ་ཐུགས་རྗེའི་བདག༔ དབྱངས་ཅན་ལྷ་མོས་གཏི་མུག་མུན་པ་སེལ༔ འོད་ཟེར་ཅན་མས་དགྲ་རྐུན་འཇིགས་ལས་སྐྱོབ༔ རིག་བྱེད་ལྷ་མོས་སྣང་སྲིད་དབང་དུ་སྡུད༔ ནོར་གྱི་བདག་མོས་ལོངས་སྤྱོད་དཔལ་འབྱོར་སྤེལ༔ གཞན་ཡང་དཔའ་མོའི་སྤྲུལ་པ་ཉི་ཤུ་གཅིག༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་དང་ནོངས་པ་བཤགས་པ་རང་གཞན་གྱི༔ སྡིག་པ་སྟོབས་བཞིས་བཤགས་ཕྱིར་ཡི་གེ་བརྒྱ༔ ཉེར་གཅིག་བདུན་ནམ་གསུམ་སོགས་སྐབས་བསྟུན་ལ༔ རྗེ་བཙུན་འཕགས་མ་ཐུགས་རྗེའི་མངའ་བདག་ཉིད༔ བརྩེ་ཆེན་ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཚེ་རབས་འཁོར་བ་ཐོག་མེད་ནས༔ རང་ངོ་མ་ཤེས་སྲིད་གསུམ་འཁོར་བར་འཁྱམས༔ ལས་ཉོན་བག་ཆགས་ཞགས་པས་བཅིངས་པ་ཡིས༔ དགེ་བཅུ་སྤངས་ཤིང་སྡོམ་པ་གསུམ་དང་འགལ༔ ཐམས་ཅད་མ་ལུས་འཕགས་མའི་སྤྱན་སྔ་རུ༔ སྙིང་ནས་བཤགས་ཤིང་མི་བགྱིད་དམ་བཅའ་བཟུང་༔ དག་ཚངས་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བརྗོད་དེ་རྗེས་དངོས་གྲུབ་ལེན་པ་ནི༔ ཨོཾ་མཚན་དཔེ་ཡོངས་རྫོགས་རྗེ་བཙུན་འཕགས་མའི་སྐུ༔ མི་འགྱུར་མི་ཤིགས་གཞོམ་བྲལ་ཆོས་ཀྱི་དབྱིངས༔ མ་འགགས་རང་གསལ་ལོངས་སྤྱོད་རྫོགས་པའི་དཔལ༔ མི་གཙང་སྒྱུ་མའི་ལུས་ལ་བྱིན་གྱིས་རློབས༔ དྭངས་མ་ལྔ་ལྡན་སྐུ་ཡི་དངོས་གྲུབ་སྩོལ༔ ཡན་ལག་དྲུག་ཅུ་ཚངས་པ་དབྱངས་ཀྱི་སྒྲ༔ གསུང་གཅིག་ཉིད་ཀྱང་ལྷ་ཀླུ་མི་སོགས་ཀྱི༔ རང་རང་སྐད་དུ་ཟབ་རྒྱས་ཆོས་སྟོན་པ༔ ལས་རླུང་ཐ་མལ་ངག་ལ་བྱིན་གྱིས་རློབས༔ བརྗོད་པ་དོན་ལྡན་གསུང་གི་དངོས་གྲུབ་སྩོལ༔ དམིགས་མེད་མཁྱེན་དང་བརྩེ་བ་ཚད་ལས་འདས༔ ཐུགས་ཀྱི་གསང་བ་ཡོན་ཏན་ཕ་མཐའ་ཡས༔ ཡེ་ཤེས་ལྔ་ལྡན་མ་འདྲེས་ཡོངས་རྫོགས་ཐུགས༔ འཁྲུལ་རྟོག་བག་ཆགས་ཀུན་གཞིར་བྱིན་གྱིས་རློབས༔ ཡང་དག་ཟབ་ཞི་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྒྲུབ་རྫས་གནས་གསུམ་གཏུགས་སམ་ཏིང་འཛིན་དབང་༔ བློ་འདས་ལྟ་བའི་ངང་ནས་བླང་བར་བྱ༔ བདུན་པ་བསྔོ་སྨོན་བཀྲ་ཤིས་བྱ་བ་ནི༔ དང་པོ་རང་གཞན་དུས་གསུམ་དགེ་བའི་ཚོགས༔ བྱས་དང་བྱེད་འགྱུར་བསྔོ་བར་བྱ་བའི་ཡུལ༔ ཕྱོགས་རིས་སྤངས་ནས་མཐའ་ཡས་འགྲོ་བ་ཀུན༔ སྲིད་ཞིར་མ་ཡིན་རྣམ་མཁྱེན་གོ་འཕང་མཆོག༔ ཐོབ་ཕྱིར་དམིགས་མེད་བསྔོ་བའི་རྩིས་ཟིན་པས༔ ཧཱུྃ་ཧྲཱིཿ བདག་གཞན་དུས་གསུམ་བསགས་པའི་དགེ་བ་རྣམས༔ ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པའི་མ༔ མ་ལུས་སངས་རྒྱས་གོ་འཕང་ཐོབ་པ་དང་༔ དང་པོའི་གཞི་ལས་འཕོ་འགྱུར་མེད་བཞིན་དུ༔ དུ་མ་རོ་གཅིག་སྤྲུལ་བསྒྱུར་མཐའ་ཡས་པས༔ བདག་གཞན་མཉམ་ཉིད་ངང་དུ་གནས་ཕྱིར་བསྔོ༔ བྱང་ཆུབ་སྙིང་པོ་དེ་ཉིད་མ་ཐོབ་བར༔ བདག་གི་ཚེ་རབས་ཀུན་ཏུ་དཀོན་མཆོག་གསུམ༔ སྐྱབས་ཀྱི་དམ་པ་མཆོག་ཏུ་འཛིན་པ་དང་༔ སྨོན་འཇུག་བྱང་ཆུབ་སེམས་དང་མི་འབྲལ་ཞིང་༔ ཡི་དམ་ལྷ་མཆོག་འཕགས་མ་སྒྲོལ་མ་དང་༔ སྐད་ཅིག་ཙམ་ཡང་འབྲལ་བ་མེད་བཞིན་དུ༔ ལུང་བསྟན་དབུགས་དབྱུང་རྗེས་སུ་འཛིན་ཕྱིར་བསྔོ༔ དེ་མཐུས་བདག་གི་ལུས་ངག་ཡིད་གསུམ་པོས༔ སེམས་ཅན་ཀུན་ལ་རྟག་ཏུ་ཕན་པ་དང་༔ བདེ་ལེགས་ཀུན་གྱི་འབྱུང་གནས་རྒྱལ་བའི་བསྟན༔ ཚུལ་བཞིན་འཛིན་ལ་སྐྱོ་ངལ་མེད་པར་ཤོག༔ སྨོན་ལམ་གཞན་ཡང་ཅི་རིགས་བརྗོད་པར་བྱ༔ བཀྲ་ཤིས་བརྗོད་ཕྱིར་མདུན་མཁར་རྒྱལ་ཀུན་གྱིས༔ མེ་ཏོག་འཐོར་ནས་བདག་གཞན་འགྲོ་ཀུན་ལ༔ བརྩེ་བའི་ཐུགས་ཀྱིས་ཤིས་པ་གསུང་བ་ཡི༔ རྗེས་ཟློས་བདག་གིས་བྱེད་པ་མོས་བཞིན་དུ༔ ཧཱུྃ་ཧྲཱིཿ མཐའ་བརྒྱད་སྤྲོས་པས་མ་གོས་ཆོས་ཀྱི་སྐུ༔ ཤེས་རབ་ཕ་རོལ་ཕྱིན་མའི་བཀྲ་ཤིས་ཤོག༔ ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་དང་ལྡན༔ རིགས་ལྔ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ གང་འདུལ་སྤྲུལ་ཞིང་སྟོང་གསུམ་རབ་འབྱམས་ནས༔ ཐུབ་དབང་འདྲེན་པ་སྟོང་རྩའི་བཀྲ་ཤིས་ཤོག༔ དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནས༔ རང་བྱུང་པདྨ་རྒྱལ་པོའི་བཀྲ་ཤིས་ཤོག༔ བཅུ་དྲུག་དགའ་བཞིས་སྒེག་པའི་གཞལ་ཡས་ནས༔ རྒྱལ་ཡུམ་མཁར་ཆེན་མཚོ་རྒྱལ་བཀྲ་ཤིས་ཤོག༔ འཁོར་བ་ལས་སྒྲོལ་དུས་གསུམ་རྒྱལ་བའི་ཡུམ༔ སེང་ལྡིང་ནགས་ཀྱི་སྒྲོལ་མའི་བཀྲ་ཤིས་ཤོག༔ མེ་ཆུ་གཅན་གཟན་ལ་སོགས་འཇིགས་ཀུན་སྐྱོབ༔ སྤྲུལ་པ་བཅུ་ཕྲག་གཉིས་ཀྱི་བཀྲ་ཤིས་ཤོག༔ དཔལ་མོ་ལེགས་བརྗོད་ཨུ་མ་ཡིད་འཕྲོག་མ༔ འཆི་མེད་བུ་མོ་བཞི་ཡི་བཀྲ་ཤིས་ཤོག༔ རྒྱལ་བསྟན་མི་ནུབ་དར་ཞིང་རྒྱས་པ་དང་༔ བསྟན་འཛིན་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག༔ ཡུལ་ཁམས་ཀུན་ཏུ་མི་ཕྱུགས་ནད་རིམས་ཞི༔ ལོ་ལེགས་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག༔ རང་སྣང་དབང་འདུས་གཞན་སྣང་ཟིལ་གྱིས་གནོན༔ བར་ཆད་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཤོག༔ མཐར་ཐུག་འགྲོ་ཀུན་གདོད་མའི་གཞི་ལ་གྲོལ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་རྟག་ཏུ་གཞན་དོན་བྱེད་ལ་བརྩོན༔ དེ་ལྟར་འཕགས་མ་སྒྲོལ་མའི་ཆོ་ག་འདི༔ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་ལ༔ རང་བྱུང་སྤྲུལ་སྐུ་པདྨ་རྒྱལ་པོས་གདམས༔ ཚིག་དོན་གནས་ལ་རྟོག་གེས་བཅོས་མི་རུང་༔ མ་འོངས་མཚོ་རྒྱལ་སྤྲུལ་པ་ཉི་ཤུ་གཅིག༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཀུན་ཏུ་འབྱུང་༔ ལས་ཅན་སྐྱེས་བུ་གསང་སྨེས་སྤྲས་པ་ཞིག༔ བྱའམ་ཁྱི་ཡི་ལོ་བ་རྒྱལ་གྱི་མིང་༔ དེ་ལ་ཚིག་རིས་དབྱིངས་ལས་འཇའ་ཚོན་ལྟར༔ ཐོགས་པ་མེད་པར་ཤར་བ་བྱིན་རླབས་མྱུར༔ ལས་དང་ལྡན་པ་རྣམས་ཀྱི་དོན་དུ་ལོངས༔ བྱིན་རླབས་བཀའ་དང་དགོངས་གཏེར་སྙན་བརྒྱུད་རྫོགས༔ ལྷ་དང་བླ་མས་རྗེས་སུ་གནང་བ་བྱིན༔ ཉམས་སུ་བླང་བས་འདིའམ་ཕྱི་མ་དང་༔ བར་མ་དོ་རུ་འཕགས་མས་རྗེས་སུ་འཛིན༔ དེ་ཕྱིར་སྙིང་གི་དྭངས་མ་མཆོག་ཏུ་ཟུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་བདག་འདྲ་སྤྲང་བན་ལུང་རིག་གླིང་པ་རྩལ་གྱིས་འཕགས་མའི་བྱིན་རླབས་སྙིང་ལ་སིམ་པའི་དགའ་བ་དང་བཅས་པས་དག་པར་ཕབ་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག །དགེའོ། །དགེའོ། །དགེའོ།

གབ་ཏིག་གསང་བའི་གཏེར་མཛོད་ཧོར་བླས་མཛད་པ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ གབ་ཏིག་གསང་བའི་གཏེར་མཛོད་བཀླགས་པས་དོན་གྲུབ་ཅེས་བྱ་བ་བཞུགས༔

རྒྱལ་ཡུམ་དཔའ་མོའི་སྐུ་ལ་འདུད༔ རབ་ཏུ་གསང་བའི་གབ་ཏིག་ནི༔ རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག༔ ཨོ་རྒྱན་མཁས་པའི་ཞབས་པད་དུ༔ བདག་འདྲ་མཁར་ཆེན་བཟའ་ཡིས་ཞུས༔ མི་བརྗེད་གཟུངས་ཀྱི་སྒྲོམ་བུར་བསྩལ༔ འགྱུར་མེད་སྙིང་གི་སྒྲོམ་བུར་སྦས༔ མ་འོངས་སྐལ་བ་ལྡན་པ་ལ༔ བསླུ་མེད་སྨོན་ལམ་ཡང་ཡང་བཏབ༔ དུས་བབས་བསྟན་འགྲོའི་བཙས་སུ་ཤོག༔ ས་མ་ཡཱ༔ མ་འོངས་སློབ་དཔོན་རིན་པོ་ཆེ༔ དེ་བཞིན་བདག་འདྲ་གསང་བའི་ཡུམ༔ ཕུར་པའི་བཀའ་བབས་ཤྲི་ཨིནྟྲ༔ སྨོན་ལམ་ཐུགས་རྗེ་གཅིག་བསྡུས་འཕྲུལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ རྩ་བའི་སྤྲུལ་པ་ལྔ་ལྔ་དང་༔ ཡང་སྤྲུལ་བརྒྱ་ཕྲག་དུས་གཅིག་འབྱུང་༔ མངའ་བདག་སྤྲུལ་པ་བསྟན་པའི་བདག༔ རྒྱལ་བའི་རྒྱལ་ཚབ་མཁྱེན་པའི་མིང་༔ ཁམས་སྟོད་སྐྱེ་རྒུའི་བླ་མར་འབྱུང་༔ ཨོ་རྒྱན་དངོས་སྤྲུལ་པདྨའི་མིང་༔ རུ་དམ་ཕྱོགས་སུ་འབྲེལ་ཚད་འདྲེན༔ མཚོ་རྒྱལ་བདག་གི་སྤྲུལ་པ་ནི༔ ཕྱོགས་བཞི་དབུས་ལྔར་ཉེར་ལྔ་འབྱུང་༔ ཁྱད་པར་ཁམས་སུ་ཐུགས་ཀྱི་སྤྲུལ༔ ངོ་མཚར་གསང་སྔགས་འགྲོ་འདུལ་གླིང་༔ སྙིགས་མའི་རྒུད་པ་རེ་ཞིིག་སེལ༔ ཕྲིན་ལས་སྤྲུལ་པ་རྒྱལ་གྱི་མཚན༔ འགྲོ་ཕན་དངོས་སམ་བརྒྱུད་ནས་འབྱུང་༔ དེ་ལ་དངོས་གཏེར་མི་འབྱུང་ཞིང་༔ དགོངས་གཏེར་ཆོས་ཀྱི་བསྟན་འགྲོའི་གསོས༔ ལན་གཅིག་བྱེད་པར་གདོན་མི་ཟ༔ དེ་ཕྱིར་གབ་བྱང་སྙིང་པོར་བསྟན༔ འདི་ལ་གབ་བྱང་ལྔ་ཡིན་ཏེ༔ ཆོས་དང་ལྷ་སྔགས་རྫས་གང་ཟག༔ དུས་ཀྱི་བྱེ་བྲག་གབ་པ་འོ༔ དང་པོ་ཆོས་ལ་གབ་པ་ནི༔ ཕྱི་ཆོས་པདྨའི་ཐུགས་ཐིག་ནི༔ ཆོས་ཚན་ཉི་ཤུ་རྩ་ལྔར་བསྟན༔ ནང་ཆོས་མཚོ་རྒྱལ་དགོངས་གསང་མཛོད༔ འདི་ཞེས་ཁྲིགས་སུ་བཅད་པ་མེད༔ ཅིའི་ཕྱིར་གཏེར་གྱི་ངོ་བོ་ནི༔ འཛད་མེད་ཆོས་ཀྱི་གཏེར་ཞེས་བྱ༔ ངེས་ཚིག་ཀུན་གྱི་སྤྱོད་ཡུལ་མིན༔ དབྱེ་ན་གཏེར་རིགས་བཅོ་བརྒྱད་ལས༔ དགོངས་པའི་གཏེར་ཞེས་སྲོག་གི་བཅུད༔ ཚོམ་མེད་ཉམས་སུ་སུས་བླང་བ༔ དེ་དགུ་ཡན་ལག་གྲོལ་བར་འགྱུར༔ ལྷ་ལ་གབ་པ་འདི་ལྟར་ཏེ༔ ཞི་བ་བསྟན་ནས་ཁྲོ་བོ་གབ༔ རགས་པ་བསྟན་ཏེ་ཕྲ་ཞིབ་གབ༔ གཙོ་ཕལ་ཡེ་ཤེས་སེམས་དཔའ་གབ༔ སྒྲུབ་ཐབས་བསྟན་ཏེ་དབང་རྣམས་གབ༔ སྔགས་ལ་གབ་པ་གཙོ་སྔགས་གབ༔ འཁོར་སྔགས་ཤམ་གྱི་ཁ་བསྒྱུར་གབ༔ རྫས་ལ་གབ་པ་འདི་ལྟར་ཏེ༔ གསང་སྔགས་རྫས་ཀྱི་གཙོ་བོ་ནི༔ སྨན་རཀ་གཏོར་གསུམ་བླ་རྡོ་གབ༔ དབང་རྫས་སྟ་གོན་དངོས་གཞི་གབ༔ གང་ཟག་གབ་པ་ཆོས་བདག་དང་༔ བདུད་སྤྲུལ་གྲོགས་ཀྱི་དབྱེ་བ་ལས༔ ཉུང་ཙམ་བསྟན་ཏེ་ཕྲ་བ་གབ༔ ཆོས་ཚན་སོ་སོའི་ལུང་བསྟན་གབ༔ དུས་རྟགས་ཕྱི་བསྟན་ནང་གསང་གབ༔ དེ་ལྟར་སྤྱི་དོན་བསྟན་པ་ལས༔ དབྱེ་བ་ཞིབ་མོ་འདི་བཞིན་ནོ༔ མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཆོས་ཀྱི་བྱེ་ཕྲག་སྣ་ཚོགས་ཀྱང་༔ རྩ་བ་ཕུར་པའི་ཟབ་ཆོས་ནི༔ རྒྱས་བསྡུས་འབྲིང་པོ་བྱེ་བྲག་ལ༔ མོས་སྤྱོད་བར་ཆད་བདུད་ལས་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལྷ་ལ་གབ་པའི་ཁྲོ་སྒྲུབ་ནི༔ གསང་མཛོད་ཉིད་ལས་ཤེས་པར་བྱ༔ སྔགས་ལས་གབ་པའི་དོན་བསྟན་པ༔ བཟླས་པའི་སྔགས་དང་དོན་གྱི་སྔགས༔ སྒྲོལ་མའི་སྒྲུབ་ཐབས་སྔགས་ཤམ་དུ༔ དང་པོ་བཟླས་པའི་ནང་ཚན་ལས༔ ཉི་ཤུ་རྩ་གཅིག་མཚན་སྔགས་བསྟན༔ གཙོ་མོ་དཱ་ན་ཏྲ་ཡ་དང་༔ དབྱངས་ཅན་པྲཛྙཱ་ཧྲིང་ཞེས་དང་༔ འོད་ཟེར་ཅན་མ་མ་རི་ཙྱཻ༔ རིག་བྱེད་མ་ཀུ་རུ་ཀུལླེ་ཧྲཱིཿ ནོར་རྒྱུན་བ་སུ་དྷ་རི་བརྗོད༔ སྒྲོལ་མ་གཞན་རྣམས་སོ་སོ་ཡི༔ ཐུགས་ཀར་ཏཱཾ་ཡིག་རང་མདོག་ལ༔ བཟླས་བྱའི་སྔགས་ཀྱིས་བསྐོར་བ་རྣམས༔ མུ་ཏིག་ཕྲེང་ལྟར་མཛེས་པ་ལ༔ འོད་ལྔའི་ཟེར་ཐག་གཡས་སུ་འཁོར༔ འཇིགས་ཚོགས་མ་ལུས་ཚར་བཅད་ནས༔ འགྲོ་བ་སྒྲིབ་སྦྱང་བདེ་ལ་བཀོད༔ ཀུན་ཀྱང་ལྷ་སྔགས་ཆོས་ཉིད་ངང་༔ ཡེངས་མེད་སྒོམ་མེད་ལྷུག་པའི་གཤིས༔ རང་བབས་ཆེན་པོར་སྔགས་རྣམས་བགྲངས༔ མྱུར་མ་དཔའ་མོ་རྩ་སྔགས་ཤམ༔ བོ་དྷི་ཙིཏྟ་དེ་བཞིན་དུ༔ པུཎྱཻ་ཤྲི་ད་ན་ཞེས༔ དཔལ་སྟེར་ལོ་ཀ་བི་ཛ་ཡ༔ གསུམ་རྒྱལ་ས་ར་ཛ་ཡ་ནི༔ གཞན་ལས་རྣམ་པར་རྒྱལ་ལའོ༔ སྡེར་མོར་བཛྲ་རུ་དྷི་ར༔ མི་རྒྱལ་ཨ་ཛ་ས་ར་དང་༔ འཇིགས་བྱེད་མ་ཧཱ་བྷ་ཡ་བརྗོད༔ དཔུང་རྒྱན་དྷྭ་ཛ་ཨ་གྲ་ཀ༔ ཡུ་རེ་དེ་བཞིན་དོན་བྱེད་མར༔ མངྒ་ལ་ཤྲི་པུ་ཏྲ་དང་༔ རྨ་བྱ་མ་ཧཱ་མ་ཡུ་རེ༔ གཙུག་ཏོར་ཨུཥྞི་ཥ་ཞེས་དང་༔ ཨ་ཏ་ཏྲ་པ་སེ་རྣམས་སོ༔ སོར་འབྲང་མ་ཎི་བཛྲི་ཏེ༔ རབ་ཞི་པ་པཾ་ཤནྟིཾ་དང་༔ སྟོང་ཆེན་མ་ཧཱ་པྲ་བྷ་ཡ༔ བསིལ་ཚལ་ཀྲོ་ཏ་ཕཊ་ཕཊ་སྔགས༔ གསང་སྔགས་མནྟྲ་གུ་ཧྱ་ལ༔ ཨ་ནུ་ཞེས་བཏགས་འདི་རྣམས་ནི༔ བྱིན་རླབས་ཚན་ཆེན་དངོས་གྲུབ་མྱུར༔ ལེགས་སྦྱར་སྐད་དོད་དང་བསྟུན་ནས༔ མཚན་སྔགས་སྦྱར་ཀྱང་རུང་བའོ༔ གཞན་ཡང་སྒྲུབ་ཐབས་སོ་སོ་ཡི༔ གབ་བྱང་སྔགས་སོགས་རང་གཞུང་གི༔ ཆ་ལག་ཡིན་པས་དེར་ཤེས་བྱ༔ ས་མ་ཡཱ༔ སྒོ་སྲུང་ལྷ་མོ་བཞི་ལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཤནྟིཾ་པུཥྚཾ་ཝ་ཤཾ་མ་ར་ཡཱ་ཕཊ་སྭཱ་ཧཱ༔ ༈ རིགས་བཞིའི་སྒྲོལ་མའི་བསྙེན་པའི་རྗེས༔ སྒྲོལ་མ་གཞན་རྣམས་སོ་སོ་ཡི༔ ཐུགས་ཀར་ཏཾཿཡིག་རང་མདོག་ལ༔ བཟླ་བྱའི་སྔགས་ཀྱིས་བསྐོར་བ་རྣམས༔ མུ་ཏིག་ཕྲེང་ལྟར་མཛེས་པ་ལ༔ འོད་ལྔའི་ཟེར་ཐག་གཡས་སུ་འཁོར༔ འཇིགས་ཚོགས་མ་ལུས་ཚར་བཅད་ནས༔ འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད༔ ཀུན་ཀྱང་ལྷ་སྔགས་ཆོས་ཉིད་ངང་༔ ཡེངས་མེད་སྒོམ་མེད་ལྷུག་པའི་གཤིས༔ རང་བབ་ཆེན་པོར་སྔགས་རྣམས་བགྲངས༔ ལྷ་ནི་ཉེ་བར་བསྙེན་པའི་ཕྱིར༔ ལས་སྦྱོར་སྔགས་ཀྱི་རིག་པ་ཡང་༔ བྱང་ཆུབ་སེམས་དང་མི་འབྲལ་བའི༔ མི་འགྱུར་དཔའ་མོའི་གཟུངས་སྔགས་ཀྱིས༔ ཞེ་སྡང་མེ་ཡི་འཇིགས་པ་སྐྱོབ༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ བྷོ་དྷི་ཙིཏྟ་སརྦ་སིདྡྷི་སྭཱ་ཧཱ༔ བསོད་ནམས་དཔལ་སྟེར་གཟུངས་སྔགས་ཀྱིས༔ བསོད་ནམས་མངའ་ཐང་སྐྱེད་པར་བྱེད༔ རྩ་སྔགས་ཤམ་བུར་འདི་ཉིད་གདགས༔ པུཎྱཻ་ཤྲི་དཱ་ན་སྭཱ་ཧཱ༔ འཇིག་རྟེན་གསུམ་རྒྱལ་གཟུངས་སྔགས་ཀྱིས༔ མི་བསྲུན་ཤ་ཟའི་འཇིགས་ལས་སྐྱོབ༔རྩ་སྔགས་ཤམ༔ ལོ་ཀ་བི་ཛ་ཡ་སྭཱ་ཧཱ༔ གཞན་ལས་རྣམ་རྒྱལ་གཟུངས་སྔགས་ཀྱིས༔ ཕྲག་དོག་སྦྲུལ་གྱི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ༔ ས་ར་ཛ་ཡ་སྭཱ་ཧཱ༔ རྡོ་རྗེ་སྡེར་མོའི་གཟུངས་སྔགས་ཀྱིས༔ དགྲ་དཔུང་གཞོམ་དང་མི་འཇིགས་སྦྱིན༔ རྩ་སྔགས་ཤམ༔ བཛྲ་རུ་དྷི་ར་པྲ་མརྟ་ན་སྭཱ་ཧཱ༔ གཞན་མི་རྒྱལ་མཛད་གཟུངས་སྔགས་ཀྱིས༔ ལོག་རྟོག་ཞལ་ལྕེའི་འཇིགས་པ་སྐྱོབས༔ རྩ་སྔགས་ཤམ༔ ཨ་ཛ་ས་ར་སྭཱ་ཧཱ༔ འཇིགས་བྱེད་ཆེན་མོའི་གཟུངས་སྔགས་ཀྱིས༔ མཐུན་འཇུག་ཕྲ་མའི་ཟུག་རྔུ་འབྱིན༔ རྩ་སྔགས་ཤམ༔ མ་ཧཱ་བྷ་ཡ་སྭཱ་ཧཱ༔ རྒྱལ་མཚན་དཔུང་རྒྱན་གཟུངས་སྔགས་ཀྱིས༔ བདུད་དང་དགྲ་སྡེའི་གཡུལ་ངོ་འཇོམས༔ རྩ་སྔགས་ཤམ༔ དྷྭ་ཛ་ཨ་གྲ་གེ་རེ་སྭཱ་ཧཱ༔ བཀྲ་ཤིས་དོན་བྱེད་གཟུངས་སྔགས་ཀྱིས༔ ཟས་ནོར་དབུལ་བའི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ་བུར༔ མངྒ་ལཾ་ཤྲི་པུ་ཏྲ་སྭཱ་ཧཱ༔ རྨ་བྱ་ཆེན་མོའི་གཟུངས་སྔགས་ཀྱིས༔ ཀླུ་ཡི་ནད་སེལ་དུག་རིགས་འཇོམས༔ རྩ་སྔགས་ཤམ༔ མ་ཧཱ་མ་ཡུ་རི་སྭཱ་ཧཱ༔ གཙུག་ཏོར་རྒྱལ་མོའི་གཟུངས་སྔགས་ཀྱིས༔ རྒྱལ་པོའི་ཆད་སྐྱོབ་བྱད་ཕུར་འཇོམས༔ རྩ་སྔགས་ཤམ༔ ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་སྭཱ་ཧཱ༔ སོ་སོར་འབྲང་མའི་གཟུངས་སྔགས་ཀྱིས༔ སྡང་དགྲ་སྤ་བཀོང་གཉེན་དང་ཕྲལ༔ རྩ་སྔགས་ཤམ༔ མ་ཎི་བཛྲ་སརྦ་སིདྡྷི་སྭཱ་ཧཱ༔ རབ་ཏུ་ཞི་བའི་གཟུངས་སྔགས་ཀྱིས༔ དོན་ཉམས་སྡིག་པའི་འཇིགས་ལས་སྐྱོབ༔ རྩ་སྔགས་ཤམ༔ པ་པཾ་ཤནྟིཾ་སྭཱ་ཧཱ༔ སྟོང་ཆེན་རབ་འཇོམས་གཟུངས་སྔགས་ཀྱིས༔ སྔགས་འགྲུབ་གནམ་ལྕགས་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ༔ མ་ཧཱ་པྲ་བྷ་ཡ་སྭཱ་ཧཱ༔ བསིལ་བའི་ཚལ་ཆེན་གཟུངས་སྔགས་ཀྱིས༔ གཅན་གཟན་གདུག་པའི་འཇིགས་ལས་སྐྱོབས༔ རྩ་སྔགས་ཤམ༔ ཀྲོ་ཏ་ཕཊ་ཕཊཿསྭཱ་ཧཱ༔ གསང་སྔགས་རྗེས་འཛིན་གཟུངས་སྔགས་ཀྱིས༔ ཚེ་སྲོག་ཆད་ཉམས་གསོ་བར་བྱེད༔ རྩ་སྔགས་ཤམ༔ མནྟྲ་གུ་ཧྱ་ཨ་ནུ་སྭཱ་ཧཱ༔ ལས་བཞི་འགྲུབ་ཅིང་བདུད་བཞི་སྐྲོད༔ སྒོ་སྐྱོང་ལྷ་མོ་བཞི་ཡི་ནི༔ རྩ་སྔགས་ཤམ༔ ཤིནྟཾ་པུཥྚཾ་ཝ་ཤཾ་མ་ར་ཡཱ་ཕཊཿསྭཱ་ཧཱ༔ དགོངས་གཏེར་སྒྲོལ་མའི་མ་ཚང་ཁ་སྐོང་འདི༔ གབ་ཐིག་རྒྱུད་དང་ཞལ་གསུང་དགོངས་པ་རྣམས༔ ཆོག་འགྲིགས་འདོན་བདེར་བཀོད་པ་ཆོས་པའི་གཟུགས༔ ཕན་མིང་ར་བཤའ་རྔ་བརྡུང་དེས་བྲིས་དགེ༔

བསྲུང་བ་རྡོ་རྗེའི་རྫོང་ཆེན།

ཡང་ཟབ་འཕགས་མའི་ཐུགས་སྒྲུབ་ལས༔ བསྲུང་བ་རྡོ་རྗེའི་རྫོང་ཆེན་བཞུགས༔

སྐུ་གསུམ་དབྱིངས་ཀྱི་མཁའ་འགྲོར་འདུད༔ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི༔ རྣམ་པར་བརྩོན་པའི་གང་ཟག་གིས༔ རང་དང་གཞན་བསྲུང་དམིགས་པའི་གནད༔ པདྨའི་ཐུགས་བཅུད་གདམས་པ་སྟོན༔ ས་མ་ཡཱ༔ སྐྱབས་སེམས་སྔོན་སོང་ལས་གཞུང་བསྲང་༔ རྩ་བའི་བསྙེན་སྒྲུབ་གནད་དུ་བསྣུན༔ ཁྱད་པར་དམིགས་པ་འདི་བཞིན་བྱ༔ སྭ་བྷ་ཝ་ཡི་སྔགས་ཀྱིས་སྦྱངས༔ འཁོར་འདས་ཆོས་ཀུན་མི་དམིགས་སྟོང་པར་གྱུར༔ སྟོང་ཉིད་རྩལ་ལས་འགགས་མེད་སྙིང་རྗེའི་འཕྲུལ༔ ཟུང་འཇུག་རིག་པ་ཏཱཾཿཡིག་ལྗང་ཁུ་ལས༔ དབང་སྔོན་ལས་གྲུབ་རྣམ་རྒྱལ་མཆོད་རྟེན་གྱི༔ བུམ་པའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བ༔ པོ་ཊ་ལ་ཡི་གཞལ་ཡས་ཁང་པ་མཆོག༔ མཚན་ཉིད་རྒྱན་དང་བཀོད་པ་ཕུན་སུམ་ཚོགས༔ དེ་དབུས་འདབ་བཞི་ཕྱི་རིམ་པད་འདབ་བཅུ༔ ཉིས་རིམ་སྟེང་དུ་ཏཱཾ་ཡིག་ཉེར་གཅིག་ལས༔ གཙོ་འཁོར་ཡོངས་རྫོགས་མཁའ་ལ་འཇའ་ལྟར་ཤར༔ གཙོ་མོའི་ཐུགས་ཀྱི་ཙིཏྟ་རིན་པོ་ཆེ༔ རྡོ་རྗེ་ཕ་ལམ་བཻཌཱུར་རྩེ་ལྔ་བ༔ སྦུབས་སྟོང་ནང་དུ་ཏཱཾཿཡིག་ལྗང་གསལ་ནི༔ བལྟར་མི་བཟོད་པ་ཉི་མའི་དཀྱིལ་ལྟར་འཚེར༔ ཁོག་པར་རང་དང་བསྲུང་བྱའི་སྲོག་ཡིག་ནྲྀ༔ གསལ་འཚེར་སྤུས་བྲིས་ལྟ་བུ་ཡང་ཡང་གསལ༔ གཡས་སུ་བསྲུང་བྱ་ཕོ་རིགས་དེ་བཞིན་དུ༔ གཡོན་དུ་མོ་རིགས་རྒྱབ་ཏུ་བྲན་དང་གཡོག༔ འོག་ཏུ་ནོར་རྫས་ཀུན་ཀྱང་རང་རང་གི༔ མིང་ཡིག་དང་པོ་ཐིག་ལེས་མཚན་པར་དམིགས༔ གཞལ་ཡས་ཕྱི་རོལ་རྡོ་རྗེའི་གུར་ཆེན་པོ༔ སྟེང་འོག་རྒྱ་གྲམ་བར་མཚམས་ཀ་བ་དང་༔ རྩིག་པ་ཕྲ་མོ་བར་མཚམས་མེ་སྟག་འཁྲིགས༔ དེ་ཡི་ཕྱི་རོལ་ནོར་བུ་རིན་ཆེན་གུར༔ དེ་ཕྱིར་པདྨ་དེ་རྒྱབ་རལ་གྲིས་གཏམས༔ ཕྱི་རོལ་དབྱངས་གསལ་ཡིག་འབྲུ་རང་སྒྲར་བཅས༔ འབྲུག་སྟོང་ལྡིར་འདྲའི་སྔགས་ཀྱིས་སྟོང་ཁམས་གཡོ༔ དེ་ཡི་ཕྱི་རོལ་ཁྲོ་བོ་ཆེན་པོ་བཅུ༔ ཕྱོགས་སྐྱོང་ཕོ་མོ་བསྣོལ་བའི་གདན་ལ་འགྱིང་༔ ཕྱི་རིམ་བསྐལ་པ་དུས་མཐའི་མེ་དཔུང་འབར༔ བགེགས་དགྲ་ལོག་འདྲེན་མ་ལུས་གཞོབ་ཏུ་བསྲེག༔ གནོད་བྱེད་འབྱུང་པོས་ནམ་ཡང་གླགས་མི་རྙེད༔ རང་གཞན་སྒོ་གསུམ་ལྷ་སྔགས་རྡོ་རྗེའི་རྫོང་༔ ཡོངས་གྲུབ་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྱུར༔ རང་སྲུང་སྔགས་ཀྱི་ཤམ་བུ་ནི༔ རྩ་བའི་སྔགས་ལ་འདི་བཏགས་བསྙེན༔ མ་མ་ཀཱ་ཝ་ཙི་རཀྵ་རཀྵ་བྷྲུཾ་སྭཱ་ཧཱ༔ གཞན་བསྲུང་སྔགས་ལ་འདི་བཞིན་བཏགས༔ དཱ་ན་པ་ཏི་ཀཱ་ཝ་ཙི་རཀྵ་རཀྵ་བྷྲུཾ་སྭཱ་ཧཱ༔ གཞན་ཡང་སྐྱེས་པ་བུད་མེད་དང་༔ བཙུན་པ་བྱིས་པ་ལ་སོགས་པ༔ གང་དམིགས་སྔགས་ཀྱིས་འཕྲུལ་ཤེས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྲུང་དམིགས་ཉི་ཟླའི་ག་འུ་ཞེས༔ གཞན་ལས་ཁྱད་འཕགས་གདམས་པ་ནི༔ ཧཱུྃ་ཧྲཱིཿ ཆོས་ཀུན་སྟོང་པའི་ངང་ལས་དྲན་རྫོགས་སུ༔ སྣང་སྲིད་ཐབས་ཤེས་སྣང་སྟོང་སྒྱུ་འཕྲུལ་ལས༔ རང་སེམས་ཏཱཾ་ཡིག་ལྗང་གུ་ལས་བྱུང་བའི༔ རྒྱལ་བའི་ཡུམ་མཆོག་འཇིགས་པ་བརྒྱད་སྒྲོལ་མ༔ མརྒད་མདོག་ཅན་ལོངས་སྤྱོད་རྫོགས་པའི་སྐུ༔ ཞི་འཛུམ་མཚན་དང་དཔེ་བྱད་ཡོན་ཏན་རྫོགས༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་དངོས་གྲུབ་སྩོལ༔ ཕྱག་གཡོན་སྐྱབས་སྦྱིན་འགྲོ་རྣམས་འཇིགས་ལས་སྐྱོབ༔ ཨུཏྤལ་ཕྱག་མཚན་སྲིད་ཞིའི་མཐའ་ལས་གྲོལ༔ གཡས་བརྐྱང་གཡོན་བསྐུམ་པད་ཟླའི་གདན་སྟེང་བཞུགས༔ ཟླ་བའི་རྒྱབ་ཡོལ་སྣང་མཐའ་དབུ་ལ་བརྒྱན༔ མཐའ་བསྐོར་སྒྲོལ་མ་ཉི་ཤུ་རྩ་གཅིག་དང་༔ སངས་རྒྱས་བྱང་སེམས་ཉན་རང་སྤྲིན་ལྟར་འཁྲིགས༔ ཐུགས་ཀར་ཨུཏྤལ་ལྟེ་བར་ཟླ་གདན་ལ༔ ཐུགས་སྲོག་ཏཱཾཿགྱི་ཟླ་ཚེས་ཐིག་ལེའི་དབུས༔ རང་གཞན་བླ་མ་སློབ་དཔོན་ཁོག་པ་རུ༔ རང་དང་བསྲུང་བྱའི་བླ་ཡིག་ཨཱཿདཀར་པོ༔ སྲོག་གི་དྭངས་མ་ཚེ་ཡིག་ནྲྀ་ལྗང་གསལ༔ གཡས་སུ་ཕོ་ཡི་སྲོག་ཡིག་གསལ་བྱེད་ཀ༔ གཡོན་དུ་མོ་ཡི་སྲོག་ཡིག་དབྱངས་དང་པོ༔ དཀར་དམར་བཀྲག་མདངས་རབ་འབར་རིང་ཆ་རུ༔ བྲན་དང་ཁོལ་པོའི་མིང་ཡིག་རྒྱབ་ཏུ་ནོར༔ བ་སྤུའི་ཡིག་འབྲུ་གསེར་མདངས་འོད་འབར་གསལ༔ འཕགས་མའི་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ འབྱུང་བཞིའི་བཅུད་དང་ལྷ་ཀླུ་མི་སོགས་ཀྱི༔ ཚེ་བསོད་བཀྲག་མདངས་རྒྱལ་ཀུན་གསང་གསུམ་གྱི༔ བྱིན་རླབས་ནུས་མཐུ་འབྲུ་གསུམ་རྣམ་པར་བསྡུས༔ རང་གཞན་བླ་ཚེའི་ཡིག་འབྲུ་རྣམས་ལ་བསྟིམས༔ མི་ཆོད་མི་ཤིགས་སྲ་བརྟན་རྡོ་རྗེའི་ཆོས༔ བདུན་དང་ལྡན་པས་འཆི་བདག་བདུད་ལ་སོགས༔ སྔོན་ལས་འཕྲལ་རྐྱེན་ནད་གདོན་བར་ཆད་ཚོགས༔ ཀུན་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཆེ༔ འཕགས་མའི་གསང་བ་གསུམ་དང་དབྱེར་མེད་གྱུར༔ སླར་ཡང་འཕགས་མའི་ཐུགས་རྗེས་རྒྱལ་ཀུན་གྱི༔ བྱིན་རླབས་ཚུར་བསྡུས་ཉི་མའི་དཀྱིལ་འཁོར་དང་༔ ཁ་ཆོད་ཟླ་བའི་དཀྱིལ་འཁོར་གསལ་འཚེར་བའི༔ ག་འུ་ཡངས་པའི་དབུས་སུ་ཚུད་པ་ཡི༔ ཕྱི་རོལ་ལྷ་མོ་འོད་ཟེར་ཅན་མ་ནི༔ གསེར་མདོག་ཁབ་སྐུད་འཛིན་པ་དཔག་མེད་འཕྲོས༔ གླགས་ལྟ་བར་ཆད་རྩོམ་པའི་དགྲ་རྐུན་དང་༔ གདོན་བགེགས་ཀུན་གྱི་ཁ་མིག་བཙེམ་པ་ལ༔ རྡོ་རྗེའི་ཞལ་བས་ནམ་ཡང་ལྡང་མེད་བྱས༔ འཇིགས་པ་ཀུན་ལས་རང་ཉིད་རྒྱལ་བར་གྱུར༔ རྩ་སྔགས་ཡིག་འབྲུ་བཅུ་དྲུག་པའི༔ ཤམ་བུར་སྔགས་འདི་གདགས་པར་བྱ༔ མ་རི་ཙྱཻ་སུརྱ་ཙནྡྲ་རཀྵ་རཀྵ་ཧཾ༔ མ་མ་ཀཱ་ཡ་ཝཀྐ་ཙིཏྟ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ གཟུངས་སྔགས་རྒྱལ་པོ་བརྒྱ་སྟོང་གི༔ བསྙེན་པ་ཚད་དུ་འཁྱོལ་བ་ནི༔ རྡོ་རྗེའི་རྫོངས་སུ་ཚུད་དང་མཚུངས༔ འདོད་ལྷའི་རྒྱལ་པོས་གླགས་བལྟས་ཀྱང་༔ བསྲུང་བ་ཟབ་མོ་འདི་ལྡན་ན༔ བར་ཆད་བརྩམས་ཀྱང་མི་ཚུགས་ཕྱིར༔ དགྲ་འདྲེ་གཞན་ལ་སྨོས་ཅི་དགོས༔ གུ་ཧྱ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བཀའ་ཡི་སྲུང་མ་རལ་གཅིག་མས༔ ཆོས་འདིར་རྟག་ཏུ་མེལ་ཚེ་གྱིིས༔ ཐུན་མཚམས་ཕྱག་འཚལ་ཉེར་གཅིག་ནི༔ གྲངས་སུ་བསྟར་བ་མན་ངག་ཡིན༔

བཟློག་པ་མཚོན་ཆའི་འཁོར་ལོ།

ཡང་ཟབ་འཕགས་མའི་ཐུགས་ཐིག་ལས༔ བཟློག་པ་མཚོན་ཆའི་འཁོར་ལོ་བཞུགས༔

གཞན་གྱི་བྱད་ཕུར་རྦོད་གཏོང་དང་༔ འཇིགས་པ་ཆེན་པོ་བཅུ་དྲུག་སོགས༔ ཐན་ལྟས་མི་མཐུན་བཟློག་པའི་ཐབས༔ ཐུགས་ཀྱི་ཏི་ཀ་འདི་རུ་སྟོན༔ ས་མ་ཡཱ༔ ཧཱུྃ༔ ཆོས་རྣམས་རང་བཞིན་སྟོང་པའི་རང་གདངས་ལས༔ མ་རྟོགས་འགྲོ་ལ་སྙིང་རྗེ་ཆེན་པོའི་རྩལ༔ ཞིང་བཅུ་དགྲ་གདོན་ཟློག་པའི་ཞེ་སྡང་ཆེ༔ སྒྲོལ་མ་གཏུམ་མོའི་རྟེན་གྱི་གཞལ་ཡས་ཁང་༔ གནམ་ལྕགས་རྡོ་རྗེ་རྩེ་དགུའི་ལྟོ་བ་རུ༔ པོ་ཊ་ལ་ཡི་ཁང་བཟང་མཚན་ཉིད་རྫོགས༔ དེ་དབུས་གཙོ་འཁོར་མ་ལུས་སྐད་ཅིག་གིས༔ མཁའ་ལ་འཇའ་ལྟར་ཡིད་ཡུལ་བཀྲ་ལམ་མེ༔ ཡར་རྩེ་བརྒྱད་ཀྱི་སྲོག་ཤིང་དབུས་མ་རུ༔ རིག་སྔགས་འབུམ་སྡེའི་བྱད་ཕུར་ཟློག་པའི་ལྷ༔ གཙུག་ཏོར་གདུགས་དཀར་ལྷ་མོ་དབུ་སྟོང་དང་༔ ཕྱག་སྟོང་ཞབས་སྟོང་གདུག་ཅན་མ་ལུས་གནོན༔ རྭ་རྣམས་ཤར་ནས་རིམ་བཞིན་གཡོན་བསྐོར་དུ༔ ཡང་དག་གཤིན་རྗེ་རྟ་མཆོག་ཀཱི་ལ་ཡ༔ མཚམས་བཞིར་མ་མོ་རིག་འཛིན་མཆོད་བསྟོད་དང་༔ དྲག་སྔགས་ལྷ་ཚོགས་སྐུ་ནི་གར་དགུས་སྒེག༔ དྲག་སྔགས་གསུང་གི་རང་སྒྲ་འབྲུག་བཞིན་ལྡིར༔ སྒྲོལ་བྱེད་ཐུགས་ནི་སྙིང་རྗེ་ཆེན་པོས་ཁྲོས༔ ཟློག་པས་མི་ཟློག་སྔགས་བཟློག་མཁན་ལ་སོགས༔ འཇོམས་བྱེད་ལས་ཀྱི་ཕོ་ཉ་སྐར་ལྟར་འཁྲིགས༔ མར་གྱི་རྭ་ཅོ་བྱད་མའི་སྙིང་ལ་ཟུག༔ རྭ་བརྒྱད་ཤར་ནས་གཡས་སུ་སྡེ་བརྒྱད་རྣམས༔ ཚངས་པ་ལ་སོགས་སྤྲུལ་བསྒྱུར་སྣ་ཚོགས་སྟོན༔ ཕྱི་རོལ་གནམ་ལྕགས་རྩིབས་སྟོང་རྩིབས་རེ་ལ༔ བསྐལ་བཟང་སངས་རྒྱས་སྟོང་རྩ་འཁོར་དང་བཅས༔ ས་གནོན་མཉམ་བཞག་སྐྱིལ་ཀྲུང་ཆོས་གོས་གསོལ༔ མཚན་དཔེ་དཔལ་འབར་བདུད་བཞིའི་འཇིགས་ལས་སྐྱོབས༔ ཕྱི་རོལ་སྟེང་འོག་ཕྱོགས་མཚམས་སོ་སོ་རུ༔ ལྷ་གདོན་ལ་སོགས་ཕྱོགས་སྐྱོང་བསྣོལ་བའི་སྟེང་༔ ཧཱུྃ་མཛད་ལ་སོགས་ཁྲོ་བོ་ཆེན་པོ་བཅུས༔ བྱད་ཕུར་སྲི་ཀེག་ཟློག་པའི་ཕྲིན་ལས་ཀྱིས༔ སྲིད་གསུམ་ལོག་འདྲེན་འབྱུང་པོ་རྡུལ་དུ་རློགས༔ རང་དང་བསྲུང་བྱ་ཆེ་ཆུང་མི་ནོར་ཀུན༔ འབྲུ་གསུམ་སྔགས་ཀྱི་ཡིག་འབྲུ་ཕྲ་མོ་ནི༔ འཕགས་མའི་ཐུགས་སྲོག་ཏཱཾ་གྱི་ཁོག་པ་རུ༔ ཉི་ཟླའི་ག་འུ་ཡུངས་འབྲུ་ཙམ་དུ་སྦས༔ བདག་མདུན་ལྷ་ཚོགས་ཞལ་ནས་སྔགས་ཀྱི་སྒྲ༔ གནམ་ས་ལྡིར་བ་ཙམ་དུ་སྒྲོག་པ་དང་༔ ཆབས་ཅིག་དགྲ་འདྲེ་བར་ཆད་རིགས་རྣམས་ཀུན༔ སྟོང་གསུམ་སྲིད་པའི་ཕ་མཐར་བསྐྲད་པར་དམིགས༔ རྩ་སྔགས་བཅུ་དྲུག་བརྒྱ་རྩ་བཟླ༔ དེ་རྗེས་ཟློག་སྔགས་འདི་ཡང་བཟླ༔ ཨོཾ་ཨཱཿཧཱུྃ༔ ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་རུ་ལུ་རུ་ལུ་མཉྫུ་ཤྲཱི་ཧྱཱ་གྷྲི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ གུ་ཧྱ་ཛྙཱ་ན་མ་ཧཱ་གུ་རུ་སརྦ་དུཥྚན་ཙཎྚཱ་བྷུདྡྷ་བོ་དྷི་ས་ཏྭ་བྷྱ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ལྷ་ཀླུ་སྡེ་བརྒྱད་བན་བོན་སྔགས་པའི་བྱད་ཕུར་ཐན་དང་ལྟས་ངན་ཐམས་ཅད་མ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་པ་ཉི་ཤུ་རྩ་གཅིག་བཟླས༔ སྐབས་སུ་བདེན་སྟོབས་འདི་ཡང་བརྗོད༔ ན་མོ༔ བསླུ་མེད་སངས་རྒྱས་ཆོས་དང་དགེ་འདུན་ཏེ༔ དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང་༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་སྨོན་ལམ་མཐུས༔ གཞན་གྱི་རྒོལ་ངན་བྱད་ཕུར་ཐན་ལྟས་གེགས༔ མ་ལུས་འཇོམས་མཛད་གཙུག་ཏོར་གདུགས་དཀར་མོ༔ བསྐལ་བཟང་སངས་རྒྱས་སྟོང་དང་བྱང་ཆུབ་སེམས༔ ཉན་ཐོས་རང་རྒྱལ་འཕགས་ཚོགས་རྣམ་པ་བཞི༔ བརྒྱུད་པ་དགུ་ལྡན་བླ་མ་རིག་པ་འཛིན༔ སྒྲུབ་སྡེ་བརྒྱད་ཀྱི་ཡི་དམ་དཀྱིལ་འཁོར་ལྷ༔ མཁའ་འགྲོ་ཆོས་སྐྱོང་ཐུགས་དམ་རྒྱུད་བསྐུལ་ནས༔ བྱད་ཕུར་ཐན་ལྟས་གཟུགས་ཅན་དུས་གསུམ་དགྲ༔ གཟུགས་མེད་བགེགས་ཚོགས་ཆོས་སྲིད་ལོངས་སྤྱོད་ལ༔ གནོད་ཅིང་འཚེ་བའི་སྲི་ངན་མ་ལུས་པ༔ ཚར་གཅོད་ནུས་མཐུས་ཟློག་པའི་དུས་ལ་བབས༔ ཧཱུྃ་བྷྱོ༔ རྒྱལ་བའི་བསྟན་པ་བཤིག་པའི་ལྷ་བུའི་བདུད༔ རྣམ་གཡེང་འདོད་པའི་ཡུལ་ལྔར་བརྫུས་གྱུར་ནས༔ ངེས་འབྱུང་ཐར་པའི་ལམ་ལ་བར་གཅོད་པ༔ རང་བཞིན་སྟོང་པ་ཆོས་སྐུའི་ཀློང་དུ་ཟློག༔ གཟུགས་སོགས་ཕུང་ལྔར་བདག་ཏུ་ཞེན་པའི་བདུད༔ མི་དགེ་སྡིག་བཅུ་བསགས་ཤིང་དང་བླང་ནས༔ ཡང་དག་ངེས་པའི་དོན་ལ་བར་གཅོད་པ༔ སྐུ་དང་ཡེ་ཤེས་ལོངས་སྐུའི་ཀློང་དུ་ཟློག༔ དུག་གསུམ་རྐྱེན་ལས་མི་རྟག་འཆི་བདག་བདུད༔ རྟག་འཛིན་ངང་དུ་གློ་བུར་འཕྲལ་བྱུང་ནས༔ དམ་ཆོས་སྒྲུབ་པའི་རྟེན་ལ་བར་གཅོད་པ༔ སྐུ་གསུམ་ལམ་ཁྱེར་སྤྲུལ་སྐུའི་ཀློང་དུ་ཟློག༔ འདུ་བ་རྣམ་བཞི་འཁྲུགས་པའི་ནད་ཀུན་ཟློག༔ གཤིས་ངན་འགུམ་པའི་འཕྲལ་རྐྱེན་བར་ཆད་ཟློག༔ ལོངས་སྤྱོད་འབྱོར་བ་རྒུད་བྱེད་དབུལ་འདྲེ་ཟློག༔ འཕྲལ་རྐྱེན་ངེས་མེད་འཇིགས་པ་བཅུ་དྲུག་ཟློག༔ ལུས་ལ་ནད་སོགས་མི་འདོད་སྣ་དགུ་ཟློག༔ འབྱུང་བའི་བཅུད་ཉམས་སད་སེར་བཙའ་ཐན་ཟློག༔ གློ་གོར་ཧོན་སོགས་ཕྱུགས་ནད་སྣ་ཚོགས་ཟློག༔ མཁའ་ལྡིང་ལ་སོགས་ཐན་གྱི་རིགས་རྣམས་ཟློག༔ སྦྱར་དང་ལྷན་སྐྱེས་དུག་རིགས་འཚེ་བ་ཟློག༔ ཕས་རྒོལ་དམག་ཇག་རྐུན་པོའི་གྲོས་ངན་ཟློག༔ བན་བོན་སྔགས་པའི་ཐུན་ཟོར་དམོད་ངན་ཟློག༔ ཕྱོགས་སྐྱོང་བཅོ་ལྔའི་གདོན་གྱིས་འཚེ་བ་ཟློག༔ མདོར་ན་མི་དགེའི་རྒྱུ་འབྲས་ལས་བྱུང་བའི༔ མི་འདོད་ཉེ་བར་འཚེ་བའི་ཕྱོགས་རྣམས་ཀུན༔ བཟློག་གོ་བསྟན་དང་འགྲོ་ལ་འཚེ་བ་ཡི༔ འགོང་པོ་སྤུན་དགུའི་རིགས་སུ་གྱུར་རྣམས་ཟློག༔ ཅེས་པ་ལན་གསུམ་བརྗོད་པ་དང་༔ ཐལ་རྡེབ་བྱ་ཞིང་འཁོར་གསུམ་པོ༔ མི་དམིགས་སྟོང་པའི་ངང་དུ་འཇོག༔ ཐུན་མཚམས་མཆོད་བསྟོད་དངོས་གྲུབ་ལེན༔ འདི་ཡིིིས་མི་བཟློག་བདུད་དང་དགྲ༔ སྲིད་གསུམ་བར་གཅོད་གང་ཡང་མེད༔ བསླུས་ན་འཕགས་མའི་ཐུགས་བསྐྱེད་ཉམས༔ དེ་ཕྱིར་སྐལ་ལྡན་སྙིང་ལ་ཆོངས༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས༔ ས་མ་ཡཱ༔ གུ་ཧྱ༔

བསྐུལ་བ་ཁོལ་ཕྱུང་།

༄༅། གཞུང་དུ་མི་གསལ་ཡང་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་འགགས་པ་མེད་པའི་སྒྱུ་འཕྲུལ་གར༔ བཞེངས་ཤིག་རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར༔ འཇིགས་པ་བརྒྱད་སོགས་འཁོར་བའི་སྡུག་བསྔལ་ལས༔ སྐྱེ་བོའི་ཚོགས་རྣམས་མྱུར་དུ་དབུགས་དབྱུང་ནས༔ གནས་སྐབས་མཐོ་རིས་བདེ་ལ་འགོད་པ་དང་༔ མཐར་ཐུག་ཉོན་མོངས་བརྒྱད་ཁྲིའི་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པར་མཛོད༔ ལས་བྱང་རྒྱུན་ཁྱེར་ལས་ཁོལ་དུ་ཕྱུང་བའོ༔

བྲོ་མནན་དང་བསྡུ་རིམ།

༄༅།། ཧཱུྃ་ཧྲཱིཿ རང་བྱུང་ཤེས་རབ་སྟོང་ཉིད་དབྱིངས་ཀྱི་བྲོ༔ གཉིས་འཛིན་བདག་ལྟའི་དམ་སྲིའི་མགོ་ལ་བརྡུང་༔ རིག་རྩལ་འགགས་མེད་ཐུགས་རྗེ་རོལ་པའི་བྲོ༔ སྤང་བླང་ཐེ་ཚོམ་དམ་སྲིའི་མགོ་ལ་བརྡུང་༔ རྩ་གསུམ་བསྐྱེད་རྫོགས་བསྙེན་སྒྲུབ་རྩེ་གཅིག་བྲོ༔ བཏང་སྙོམས་ཕྱི་བཤོལ་ལེ་ལོའི་བདུད་ལ་བརྡུང་༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་ཞལ་བཞེས་བྲོ༔ འཇིགས་བརྒྱད་བར་ཆད་བདུད་བཞིའི་སྟེང་དུ་བརྡུང་༔ ཆོས་སྲིད་བར་ཆད་བྱེད་པའི་དམ་སྲིའི་ཚོགས༔ བྱང་ཆུབ་སྙིང་པོའི་བར་དུ་མ་ལྡང་ཞིག༔ སུཾ་བྷ་ནི་སོགས། ཧཱུྃ་ཧྲཱིཿ རང་ལས་ཤར་བའི་ལྷ་དང་གཞལ་ཡས་ཁང་༔ འོད་དུ་ཡལ་ནས་འཁོར་རྣམས་གཙོ་མོ་སྟེ༔ དེ་ཡང་ཡེ་ཤེས་སེམས་དཔའ་སྔགས་ཀྱི་ཕྲེང་༔ རིམ་ཡལ་ཐུགས་སྲོག་ཏཱཾ་ཡིག་དེ་ཉིད་ཀྱང་༔ ནཱ་དའི་དབྱིངས་སུ་སྤྲོས་པ་བྲལ་བའི་མཁའ༔ དུས་གསུམ་མི་དམིགས་བརྗོད་བྲལ་ཀློང་དུ་ཨཱ༔

བསྐང་བཤགས་རིན་པོ་ཆེའི་ཕྲེང་བ།

༄༅།། ཐུགས་ཐིག་སྒྲོལ་མའི་ཆ་ལག་བསྐང་བཤགས་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བི་ཛ་ཧ་རཾ་ཏིཥྨ༔

༄༅།། ན་མཿཨཱརྱ་ཏཱ་རེ་ཡེ༔ འདིར་སྒྲོལ་མའི་བསྐང་བཤགས་བྱ་བར་འདོད་པས༔ དངོས་འབྱོར་ཀྱི་མཆོད་རྫས་དང་ཡིད་སྤྲུལ་མི་ཟད་པའི་གཏེར་དུ་དམིགས་ལ༔ སྤོས་བསྲེགས་རོལ་མོའི་སྒྲ་གདུང་བའི་དབྱངས་སྔོན་དུ་འགྲོ་ནས༔ ཧཱུྃ་ཧྲཱིཿ འོག་མིན་དག་པ་སྐུ་གསུམ་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་འཕགས་མཆོག་སྙིང་རྗེའི་གཏེར༔ པདྨ་འབྱུང་གནས་བརྒྱུད་གསུམ་བླ་མའི་ཚོགས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་རང་བྱུང་རིགས་ལྔའི་ཞིང་ཁམས་ནས༔ སྒྱུ་འཕྲུལ་ཞི་ཁྲོ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ ཡི་དམ་ལྷ་ཚོགས་དངོས་གྲུབ་འདོད་དགུའི་གཏེར༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་སྤྲུལ་པའི་ཕོ་བྲང་པོ་ཊ་ལ༔ གཞན་ཡང་མ་ངེས་གནས་མཆོག་ཐམས་ཅད་ནས༔ འཕགས་མ་སྒྲོལ་མ་གནས་གསུམ་མཁའ་འགྲོའི་ཚོགས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དུར་ཁྲོད་བརྒྱད་དང་གནས་ཡུལ་ཉི་ཤུ་བཞི༔ ལེགས་ཉེས་སྟངས་འཛིན་ཆོས་འཁོར་གཙུག་ལག་ནས༔ དུད་སོལ་ལྷ་མོ་བཀའ་གཏེར་སྲུང་མའི་ཚོགས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་གཡུ་ལོ་བཀོད་པའི་ཕོ་བྲང་འདིར༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྐུ་གསུང་ཐུགས་ཀྱི་ཡོན་ཏན་མཐའ་ཡས་པའི༔ སྐྱབས་མཆོག་དམ་པ་རྣམས་ལ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་དང་༔ ཁྱད་པར་ཀུན་བཟང་རྣམ་རོལ་ལས་བྱུང་བའི༔ མི་ཟད་ནམ་མཁའ་མཛོད་ཀྱི་སྒོ་འཕར་མཆོག༔ རྗེས་དྲན་ཏིང་འཛིན་ལྡེ་མིག་གིས་ཕྱེ་ནས༔ མཆོད་ཡུལ་ཚོགས་ཞིང་རྣམས་ལ་གུས་པས་འབུལ༔ བདག་གཞན་ཚོགས་གཉིས་རྫོགས་ཕྱིར་བཞེས་སུ་གསོལ༔ དེ་ཡན་གཞུང་འདིར་སྤྱན་འདྲེན་མི་འདུག་པས་ཚོགས་ཕུད་ཀྱི་སྔོན་དུ་སྦྱར༔ དེ་ནས་མཆོད་བཤགས་བསྒྲལ་གསུམ་སོང་རྗེས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ལ༔ ཧཱུྃ་ཧྲཱིཿ ཀ་དག་ཟབ་གསལ་གནས་ལུགས་མངོན་གྱུར་པའི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ རྟག་པ་རྒྱུན་གྱི་ཏིང་འཛིན་འཕོ་འགྱུར་བྲལ༔ རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཞལ་ནས་སྙན་དུ་བཀའ་ལུང་ཚུལ་བཞིན་བརྒྱུད༔ གང་ཟག་སྙན་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ པདྨས་ལུང་བསྟན་ཐུགས་རྗེས་བུ་བཞིན་བསྐྱངས༔ སྨོན་ལམ་དབང་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཚེ་འདིར་དྲིན་ཐོབ་ཚེ་རབས་ལས་ཀྱིས་འབྲེལ༔ བཀའ་དྲིན་གསུམ་ལྡན་བླ་མའི་ཐུགས་དམ་བསྐང་༔ དགེ་བཅུའི་ལམ་ལ་ཐབས་མཁས་ཐུགས་རྗེས་འགོད༔ མཁན་པོ་སློབ་དཔོན་ཡོངས་འཛིན་ཐུགས་དམ་བསྐང་༔ དཀྱིལ་འཁོར་བླ་མ་ལྷ་དང་དམ་ཚིག་འབྲེལ༔ གསང་སྔགས་རྡོ་རྗེ་མཆེད་ལྕམ་ཐུགས་དམ་བསྐང་༔ གནས་སྐབས་མཐར་ཐུག་དངོས་གྲུབ་རྣམ་གཉིས་སྩོལ༔ ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ཐུགས་དམ་བསྐང་༔ བགེགས་དང་བར་ཆད་ཆོས་ཀྱི་དབྱིངས་སུ་སོལ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ རྒྱལ་བའི་བསྟན་དང་དེར་འཛིན་རྣལ་འབྱོར་སྐྱོང་༔ བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཁྱད་པར་ཚེ་རབས་སྔོན་ནས་བྱང་ཆུབ་བར༔ ཚད་མེད་ཐུགས་རྗེས་ལེགས་བསྐྱངས་ལྷག་པའི་ལྷ༔ གང་མཚན་དྲན་པས་སྲིད་ཞིའི་རྒུད་པ་སེལ༔ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ཐུགས་དམ་བསྐང་༔ འཇིགས་པ་ཀུན་སྐྱོབ་དུས་གསུམ་རྒྱལ་བའི་ཡུམ༔ སེང་ལྡིང་ནགས་ཀྱི་སྒྲོལ་མའི་ཐུགས་དམ་བསྐང་༔ གཏི་མུག་མུན་སེལ་གླང་པོའི་འཇིགས་ལས་སྐྱོབས༔ སྒྲོལ་མ་དབྱངས་ཅན་ལྷ་མོའི་ཐུགས་དམ་བསྐང་༔ བདག་ལྟའི་རི་བསྙིལ་ཆོམ་རྐུན་འཇིགས་ལས་སྐྱོབས༔ སྒྲོལ་མ་འོད་ཟེར་ཅན་མའི་ཐུགས་དམ་བསྐང་༔ འདོད་ཆགས་མཚོ་སྐེམ་ཆུ་བོའི་འཇིགས་ལས་སྐྱོབས༔ སྒྲོལ་མ་རིག་བྱེད་དབང་མོའི་ཐུགས་དམ་བསྐང་༔ སེར་སྣའི་འཆིང་བ་ལྕགས་སྒྲོག་འཇིགས་ལས་སྐྱོབས༔ སྒྲོལ་མ་ནོར་རྒྱུན་ལྷ་མོའི་ཐུགས་དམ་བསྐང་༔ ཞེ་སྡང་མེ་གཞིལ་བྱམས་པའི་ཆུ་རྒྱུན་འབེབས༔ སྒྲོལ་མ་མྱུར་མ་དཔའ་མོའི་ཐུགས་དམ་བསྐང་༔ ང་རྒྱལ་སེང་གེ་སྙིང་རྗེའི་སྟོབས་ཀྱིས་འདུལ༔ སྒྲོལ་མ་བསོད་ནམས་དཔལ་སྟེར་ཐུགས་དམ་བསྐང་༔ ཐེ་ཚོམ་ཤ་ཟ་དགའ་བའི་ཤུགས་ཀྱིས་གཞོམས༔ སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ཐུགས་དམ་བསྐང་༔ ཕྲག་དོག་དུག་སྦྲུལ་བཏང་སྙོམས་སྨན་གྱིས་སེལ༔ སྒྲོལ་མ་རྣམ་རྒྱལ་དཔའ་མོའི་ཐུགས་དམ་བསྐང་༔ དགྲ་དཔུང་འཇོམས་མཛད་འགྲོ་ལ་མི་འཇིགས་སྦྱིན༔ སྒྲོལ་མ་རྡོ་རྗེ་སྡེར་མོའི་ཐུགས་དམ་བསྐང་༔ སྙན་པའི་དབྱངས་ཀྱིས་ལོག་རྟོག་ཞལ་ལྕེ་གཅོད༔ སྒྲོལ་མ་གཞན་མི་རྒྱལ་མཛད་ཐུགས་དམ་བསྐང་༔ འགྲོ་དོན་མཐུན་འཇུག་ཕྲ་མའི་ཟུག་ངུ་འབྱིན༔ སྒྲོལ་མ་འཇིགས་བྱེད་ཆེན་མོའི་ཐུགས་དམ་བསྐང་༔ རྒྱལ་སྲས་སྤྱོད་པས་བདུད་སྡེའི་གཡུལ་ངོ་འཇོམས༔ སྒྲོལ་མ་རྒྱལ་མཚན་དཔུང་རྒྱན་ཐུགས་དམ་བསྐང་༔ ཟས་ནོར་དབུལ་བའི་འཇིགས་སྐྱོབ་འདོད་དགུའི་གཏེར༔ སྒྲོལ་མ་བཀྲ་ཤིས་དོན་བྱེད་ཐུགས་དམ་བསྐང་༔ ཀླུ་ཡི་ནད་སེལ་དུག་འཇོམས་སྨན་གྱི་ལྷ༔ སྒྲོལ་མ་རྨ་བྱ་ཆེན་མོའི་ཐུགས་དམ་བསྐང་༔ རྒྱལ་པོའི་ཆད་པ་ལས་སྐྱོབ་བྱད་ཕུར་འཇོམས༔ སྒྲོལ་མ་གཙུག་ཏོར་རྒྱལ་མོའི་ཐུགས་དམ་བསྐང་༔ སྡང་དགྲའི་སྤ་བཀོང་བྱམས་པའི་གཉེན་དང་སྤྲོད༔ སྒྲོལ་མ་སོ་སོར་འབྲང་མའི་ཐུགས་དམ་བསྐང་༔ འདོད་དོན་ཉམས་པའི་འཇིགས་སྐྱོབ་བདེ་ལེགས་སྩོལ༔ སྒྲོལ་མ་རབ་ཏུ་ཞི་མའི་ཐུགས་དམ་བསྐང་༔ རིག་སྔགས་མཐུ་གྲུབ་གནམ་ལྕགས་འཇིགས་ལས་སྐྱོབ༔ སྒྲོལ་མ་སྟོང་ཆེན་རབ་འཇོམས་ཐུགས་དམ་བསྐང་༔ བདེན་པའི་ཚིག་གིས་ཕྱོགས་བཅུའི་གདོན་ལས་སྲུང་༔ སྒྲོལ་མ་བསིལ་བའི་ཚལ་ཆེན་ཐུགས་དམ་བསྐང་༔ ཚེ་སྲོག་ཆད་ཉམས་མཐུད་གསོ་ཚེ་ཡི་ལྷ༔ སྒྲོལ་མ་གསང་སྔགས་རྗེས་འཛིན་ཐུགས་དམ་བསྐང་༔ ལས་བཞིའི་ཕྲིན་ལས་སྒྲུབ་མཛད་བདུད་བཞི་སྐྲོད༔ སྒོ་སྲུང་ལྷ་མོ་བཞི་ཡི་ཐུགས་དམ་བསྐང་༔ གཞན་ཡང་ཚེ་རབས་སྔོན་ནས་རྣམ་མཁྱེན་བར༔ བྱང་ཆུབ་ལམ་འདྲེན་ས་ལམ་བར་ཆད་སེལ༔ མཐུན་རྐྱེན་སྒྲུབ་ཅིང་ཕན་བདེའི་དཔལ་སྟེར་བའི༔ རྩ་གསུམ་ཆོས་སྐྱོང་ནོར་ལྷ་གཏེར་བདག་སོགས༔ མཆོད་འོས་བསྟོད་འོས་ཡོངས་ཀྱི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངས་པའི་བྱིན་རླབས་ཀྱིས༔ བདག་ཅག་སྡོམ་གསུམ་བསླབ་པ་དང་བླངས་ནས༔ མི་ཤེས་མ་གུས་བག་མེད་ཉོན་མོངས་མཐུས༔ ཉམས་ཆག་ཉེས་ལྟུང་མནར་མེད་དམྱལ་བའི་རྒྱུ༔ ལུས་ངག་ཡིད་གསུམ་སྒོ་ནས་ཅི་བསགས་པ༔ མ་ལུས་མཐོལ་ཞིང་བཤགས་པས་སོར་ཆུད་ནས༔ དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ་བ་དང༔ གནས་སྐབས་སྔོན་ལས་འཕྲལ་རྐྱེན་འཁྲུལ་སྣང་ངོར༔ སེང་གེ་གླང་ཆེན་མེ་ཆུ་དུག་སྦྲུལ་དང་༔ རྒྱལ་པོའི་ཆད་པ་ཤ་ཟའི་གདོན་ལ་སོགས༔ ནད་གདོན་འཇིགས་ཚོགས་མ་ལུས་ཞི་བ་དང་༔ ཚེ་དང་དཔལ་འབྱོར་ལུང་རྟོགས་ཡོན་ཏན་སོགས༔ མཐུན་རྐྱེན་ལེགས་ཚོགས་མ་ལུས་འཕེལ་ཞིིང་རྒྱས༔ ཁམས་གསུམ་སྐྱེ་རྒུ་ཟས་ནོར་ལོངས་སྤྱོད་སོགས༔ སྲིད་ཞིའི་དཔལ་ཀུན་དབང་དུ་འདུ་བ་དང་༔ སྡང་དགྲ་གནོད་བགེགས་ལོག་འདྲེན་གཡུལ་ངོ་ལས༔ དྲག་ཤུལ་ལས་སྦྱོར་ནུས་མཐུས་རྣམ་པར་རྒྱལ༔ བསྟན་དང་འགྲོ་བའི་བདེ་སྐྱིད་འབྱུང་གནས་སུ༔ ཇི་སྲིད་མཁའ་འདི་གནས་པ་དེ་སྲིད་དུ༔ བདག་ཉིད་རྒྱལ་བའི་སྲས་པོ་མཆོག་གྱུར་ནས༔ བདག་གཞན་འདོད་རྒུའི་རེ་བ་ཡོངས་འགྲུབ་ཤོག༔ ཅེས་བརྗོད་ཅིང་རང་གཞུང་ལྟར་བརྡ་དང་བརྡའི་སྒོ་ནས་ཚོགས་འབུལ་ལེན་བྱ་ཞིང་། སྒྲོལ་མ་ཉེར་གཅིག་ཚར་ཅི་ནུས་འདོན། དེ་ལྟར་ཐུགས་དམ་བསྐང་བཤགས་རིན་ཆེན་ཕྲེང་བ་འདི་མཆོག་གཟིགས་བླ་མ་དམ་པ་བིདྱ་དྷ་ར་བྷ་ཏྲའི་གཙོས་ལུང་ཟིན་རྣམས་ཀྱིས་བསྐུལ་ངོར། ཆོས་གཟུགས་སྤྲང་བན་ལུང་རྟོགས་མིང་གིས་བྲིས་པས་ཉེས་འགལ་གང་མཆིས་བཤགས་ཤིང་། དགེ་བས་བདག་གཞན་ཡོངས་ཀྱི་ཆོས་དོན་རྣམ་མཁྱེན་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ།།

འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ།

༄༅།།དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་ཁ་བསྐང་འཕགས་མ་སྒྲོལ་མའི་གཏམ་རྒྱུད་དང་འབྲེལ་བར་འཇིགས་བརྒྱད་སྐྱོབ་པའི་སྨོན་ལམ་ཐུགས་དམ་རྒྱུད་བསྐུལ་ཞེས་བྱ་བ་བཞུགས་སོ༔

༄༅།། ཨེ་མ་ཧོ༔ སྔོན་ཚེ་ཤ་འཁོན་ཆགས་པའི་ཁྱིམ་ཞིག་ལ༔ མེ་སྦར་ཤིན་ཏུ་འཇིགས་ནས་ཁྱིམ་བདག་དེས༔ སྒྲོལ་མར་གསོལ་བ་བཏབ་ཚེ་ཁང་པའི་ཐད༔ སྤྲིན་སྔོན་འཁྲིགས་ནས་ཆར་བབས་མེ་གཞིལ་ལྟར༔ བདག་ཀྱང་མེ་ཡི་འཇིགས་པས་ཉམ་ཐག་ཚེ༔ འཕགས་མར་གསོལ་བཏབ་མྱུར་དུ་ཞི་བར་ཤོག༔ སྔོན་ཚེ་དགེ་བསྙེན་ངོ་བོ་ཉིད་མེད་པ༔ སྦྲུལ་གྱིས་དེད་པས་སྐྲག་སྟེ་སྒྲོལ་མ་ལ༔ གསོལ་བ་བཏབ་ཚེ་དུག་སྦྲུལ་ཁ་ནང་ནས༔ མུ་ཏིག་བྲེ་གང་སྐྱུགས་ནས་བྲོས་པ་ལྟར༔ བདག་ཀྱང་སྦྲུལ་གྱི་འཇིགས་པས་གསོལ་བཏབ་ཚེ༔ དུག་སྦྲུལ་བྲོས་ཏེ་བཤགས་པ་འབུལ་བར་ཤོག༔ སྔོན་ཚེ་དགོན་པ་ཞིག་ཏུ་དགེ་ཚུལ་རྣམས༔ ནུབ་མ་རེ་བཞིན་ཤ་ཟས་བསད་ནས་བྲི༔ ནམ་ཞིག་ཐེག་ཆེན་ལ་མོས་བཙུན་པ་ཞིག༔ ཤ་ཟས་བཟུང་ཚེ་སྒྲོལ་མར་གསོལ་བཏབ་པས༔ བུད་མེད་ནག་མོས་རལ་གྲིས་ཤ་ཟར་བརྡེག༔ དེ་ཉིད་སྐྲག་སྟེ་ས་འོག་ལྕགས་བུམ་ནང་༔ མུ་ཏིག་བྲེ་གང་ཕུལ་ཏེ་བཟོད་གསོལ་ལྟར༔ བདག་ཀྱང་ཤ་ཟའི་གདོན་ལས་འཕགས་མ་ཡིས༔ སྲུངས་ཤིང་བགེགས་ཀྱི་གླགས་བལྟས་མི་ཚུགས་ཤོག༔ ནམ་ཞིག་བུད་མེད་མེ་ཏོག་འཐུ་བ་ཞིག༔ གླང་ཆེན་སྣ་ཡིས་བཟུང་ནས་མཆེ་བ་ཡིས༔ ཟ་བར་བརྩམས་ཚེ་སྒྲོལ་མར་གསོལ་བཏབ་ཚེ༔ གླང་ཆེན་སྣ་ཡིས་སྟེང་ལ་རབ་བཞག་ནས༔ ཕྱག་འཚལ་ཚུལ་བྱས་ཚོང་དཔོན་ཕྱུག་པོ་ཡི༔ ཁྱམས་ལ་བཞག་པས་བདག་མོར་དབང་བསྐུར་ལྟར༔ བདག་ཀྱང་གཉིས་འཐུང་འཇིགས་ལས་འཕགས་མ་ཡིས༔ རྟག་ཏུ་བསྲུངས་ཤིང་གཞན་གྱིས་བཀུར་བར་ཤོག༔ སྔོན་ཚེ་མ་རིའི་ཡུལ་གྱི་ཚོང་པ་རྣམས༔ རྐུན་མ་ལྔ་བརྒྱས་བདས་ནས་སྒྲོལ་མ་ལ༔ གསོལ་བ་བཏབ་པས་དྲག་པོའི་རླུང་བྱུང་ནས༔ ཆོམ་རྐུན་ལྔ་བརྒྱ་ཡུལ་གཞན་ཁྱེར་བ་ལྟར༔ བདག་ཀྱང་རྐུན་ཇག་འཇིགས་ལས་འཕགས་མ་ཡིས༔ རྟག་ཏུ་སྐྱོབ་ཅིང་དགྲ་རྐུན་མཐར་སྐྲོད་ཤོག༔ སྔོན་ཚེ་ཚོང་པ་མང་པོས་རྒྱ་མཚོ་ཡི༔ རིན་ཆེན་ལོན་ཏེ་དོན་མཐུན་གྲོགས་དང་བཅས༔ ཚངས་པ་བརྒྱ་བྱིན་ཉི་ཟླ་རྒྱུ་སྐར་སོགས༔ འཇིག་རྟེན་ལྷ་ལ་གསོལ་བཏབ་གྲུར་ཞུགས་ཀྱང་༔ མི་མཐུན་རླུང་གིས་གྲུ་ཞིག་མཚོར་ནུབ་ཚེ༔ ནང་པའི་དགེ་བསྙེན་ཞིག་གིས་འཕགས་མ་ལ༔ གསོལ་བ་དྲག་པོ་བཏབ་པས་ཆུ་རླབས་ཀྱིས༔ ཚོང་པ་ནོར་བཅས་རྒྱ་མཚོའི་ནང་ནས་བཏོན༔ རང་ཡུལ་སླེབས་ཚེ་བུད་མེད་ལྗང་མོ་ཡིས༔ དབུགས་དབྱུང་མཛད་ཅིང་ཚོང་པ་ལྔ་སྟོང་གིས༔ སྒྲོལ་མའི་ལྷ་ཁང་བརྒྱ་རྩ་བཞེངས་པ་ལྟར༔ བདག་ཀྱང་ཆུ་ཡིས་འཇིགས་ལས་སྐྱབས་པ་དང་༔ རྟག་ཏུ་དྲིན་དྲན་སྐུ་གཟུགས་བཞེངས་པར་ཤོག༔ སྔོན་ཚེ་རྐུན་པོ་རྒྱལ་པོའི་མཛོད་ཞུགས་ནས༔ ཆང་བུམ་རྙེད་དེ་བཏུང་བས་མྱོས་པ་ལས༔ དཀོར་གཉེར་རྣམས་ཀྱིས་ལྕགས་སུ་བཅུག་པ་དང་༔ སྒྲོལ་མར་གསོལ་བཏབ་འདབ་ཆགས་ལྗང་ཁུ་ཞིག༔ ཏཱ་རེ་སྒྲོག་བཞིན་མཆུ་ཡིས་ལྕགས་སྒྲོག་བཀྲོལ༔ རྐུན་པོ་རང་ཡུལ་བདེ་བར་སླེབས་པ་དང་༔ ཆོམ་རྐུན་ལས་སྤངས་འཕགས་མའི་ལྷ་ཁང་བཞེངས༔ བདག་ཀྱང་གཞན་གྱི་སྒྲོག་ཏུ་བཅུག་པའི་ཚེ༔ འཕགས་མས་དབུགས་དབྱུང་དྲིན་དྲན་སྡིག་སྤངས་ཤོག༔ སྔོན་ཚེ་མཛེས་མ་སྐྱེད་མོས་ཚལ་སོང་བ༔ སེང་གེ་ལྟོགས་པས་བཟུང་ནས་ཟར་བརྩམས་ཚེ༔ སྒྲོལ་མ་དྲན་ནས་གསོལ་བ་བཏབ་པའི་མཐུས༔ སེང་གེས་བཏང་ཞིང་འདོད་མྱོས་ཚོང་དཔོན་གྱིས༔ མུ་ཏིག་ཕྲེང་བ་ལྔ་བརྒྱ་བྱིན་པ་ལྟར༔ བདག་ཀྱང་སེང་གེ་ལ་སོགས་གཅན་གཟན་ལས༔ སྒྲོལ་མས་བསྐྱབས་ཏེ་ཟས་ནོར་རྙེད་པར་ཤོག༔ གཞན་ཡང་ཙནྡྲ་གོ་མི་ལན་གཉིས་སུ༔ རྒྱལ་པོའི་ཆད་པའི་འཇིགས་ལས་དབུགས་དབྱུང་ལྟར༔ བདག་ཀྱང་དེང་ནས་རྫོགས་སངས་རྒྱས་ཀྱི་བར༔ མཐའ་ཡས་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ༔ ཅེས་ཕལ་པའི་སྐད་ཀྱིས་གོ་སླ་བར་བྱས་ཏེ་རྒྱ་སྤྲུལ་བན་རྒན་གྱི་ན་བས་བྲིས་པ་ཛ་ཡནྟུ།

འཇིགས་བརྒྱད་ཞི་བའི་གསོལ་འདེབས།

༄༅། འཇིགས་བརྒྱད་ཞི་བའི་གསོལ་འདེབས་བཞུགས། ཨོཾ་སྭ་སྟི། དུས་གསུམ་རྒྱལ་བའི་མཁྱེན་བརྩེའི་ནུས་པ་རྣམས། །རབ་མཛེས་ཨིནྟྲ་ནི་ལའི་ལྷུན་པོ་ལ། །རབ་འཁྱུད་འཇིགས་བརྒྱད་གཡུལ་ལས་རྒྱལ་བའི་ཡུམ། །རྗེ་བཙུན་མ་དེས་ཁྱོད་དང་བདག་སྲུངས་ཤིག །མ་ཁྱོད་བསྐལ་མང་ཐུགས་རྗེ་སྨོན་ལམ་མཐུས། །ཉམ་ཐག་སེམས་ཅན་འཇིགས་པ་བརྒྱ་ཕྲག་ལས། །སྒྲོལ་བའི་དམ་བཅའ་དུས་ལ་ད་བབ་ན། །མ་གཡེལ་དགོངས་ཤིག་དཔའ་མོ་ཁྱེད་རང་མཁྱེན། །ང་རྒྱལ་སེང་གེ་འདོད་ཆགས་ཆུ་བོའི་རླབས། །ཞེ་སྡང་མེ་ལྕེ་ཕྲག་དོག་དུག་སྦྲུལ་དང་། །སེར་སྣ་ལྕགས་སྒྲོག་ཐེ་ཚོམ་ཤ་ཟའི་གདོན། །ལྟ་ངན་ཆོམ་རྐུན་གཏི་མུག་གླང་ཆེན་དང་། །རྒྱལ་པོའི་ཆད་པ་གནམ་ལྕགས་ལྷུང་བ་དང་། །དོན་ཉམས་ལ་སོགས་འཇིགས་ཀུན་ཞི་བའི་ཕྱིར། །གསོལ་བ་སྙིང་ནས་འདེབས་སོ་རྗེ་བཙུན་མ། །བྱིན་རླབས་ཐུགས་ཀྱི་ཀློང་ནས་ད་སྩོལ་ཅིག །ཚེ་དཔལ་འབྱོར་བ་ཉམས་རྟོགས་གོང་འཕེལ་རྒྱས། །ཁམས་གསུམ་ཟས་ནོར་མོས་ཚོགས་དབང་དུ་བསྡུས། །གནོད་བྱེད་དགྲ་གདོན་བརླག་སོགས་རབ་འབྱམས་ལས། །དབང་འབྱོར་དོན་གཉིས་ལྷུན་གྲུབ་དཔལ་ཐོབ་ཤོག །ཅེས་པའང་སྤྲུལ་མིང་པས་ཐོལ་བྱུང་དུ་བྲིས་པའོ།།

སྒྲོལ་མའི་གསོལ་འདེབས་བསྡུས་པ།

༄༅། སྒྲོལ་མའི་གསོལ་འདེབས་བསྡུས་པ་བཞུགས། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གྱུར། །མྱུར་མཛད་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབས། །ཏཾ་ཡིག་འོད་ལས་རྣམ་པར་འཁྲུངས་མ། །ཉ་རྒྱས་ཟླ་ལྟར་གསལ་བའི་ཞལ་མ། །མ་ལུས་སེམས་ཅན་ཀུན་གྱི་གཉེན་གྱུར། །འཕགས་མ་ཁྱེད་ལ་གསོལ་བ་འདེབས་ཀྱིས། །ནད་གདོན་བར་ཆད་འཇིགས་པ་བརྒྱད་དང་། །མཐའ་དམག་ས་གཡོའི་འཇིག་སོགས་ཞི་ཞིང་། །བསམ་པའི་དོན་ཀུན་ལྷུན་གྱིས་གྲུབ་ནས། །ལེགས་ཚོགས་བདེ་སྐྱིད་འཕེལ་བར་ཤོག་ཅིག །ཨོཾ་ཏཱ་རེ་ཏཾ་སྭཱཧཱ། ཞེས་པའང་སྨིན་དྲུག་ཟླ་བའི་ཉེར་ལྔའི་ཐོ་རངས་རྨི་ལམ་གྱི་སྐབས་སུ་རྗེ་བཀའ་དྲིན་མཚུངས་མེད་འཇམ་མགོན་གུ་ཎ་ས་རས་བདག་ལ་བསྩལ་བའི་ཉམས་བྱུང་བ་བླ་མའི་བྱིན་རླབས་སུ་མོས་པས་ལུང་རིག་མིང་གིས་བྲིས་པ་འདིས་ཀྱང་སྙིགས་མའི་རྒུད་པ་ཞི་བའི་མཐུན་རྐྱེན་དུ་གྱུར་ཅིག །

གཏོར་འབུལ།

༄༅།། རྗེ་བཙུན་མ་ལ་འབུལ་ཏེ། རང་གི་སྙིིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་མརྒད་ལྟ་བུ་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན་པད་ཟླ་ལ་བཞུགས་པ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ སྤྱན་དྲངས་ནམ་མཁའ་མཛོད་ཀྱི་རྒྱས༔ ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཾ་ཨ་པྲ་ཏི་ཧ་ཏ་ཤྭ་ས་ན་ནཾ་ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་སཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ་མ་བི་ལཾ་བྷ་མཱ་བི་ལཾ་བྷ༔ ཨེ་དཾ་བྷ་ལིང་ཏ་གྷྲི་ཧྞ་པཱ་ཡ་གྲྀ་ཧྞ་པཱ་ཡ་ཧཱུྃ་ཧཱུྃ་སརྦ་བི་པཉྩ་རེ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད༔ ལྷ་དང་ལྷ་མིན་སོགས༔

གསོལ་འདེབས་བྱིན་རླབས་མྱུར་འགུགས།

༄༅།། རྗེ་བཙུན་སྒྲོལ་མའི་གསོལ་འདེབས་བྱིན་རླབས་མྱུར་འགུགས་བཞུགས་སོ༔ ཨེ་མ་ཧོ༔ སྔོན་ཚེ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ བདུད་སྡེ་འཇོམས་ཤིང་འགྲོ་རྣམས་སྲིད་མཚོ་ལས༔ སྒྲོལ་བའི་ཏིང་ངེ་འཛིན་ལ་དབང་འབྱོར་པ༔ རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས༔ གང་སྐུ་མཚན་དཔེའི་ཡོན་ཏན་རྫོགས་པའི་སྐུ༔ གང་གསུང་ཡན་ལག་དྲུག་ཅུའི་ལེགས་བཤད་གསུང་༔ གང་ཐུགས་མཁྱེན་བརྩེའི་དཔལ་ཡོན་རྫོགས་པའི་ཐུགས༔ འཕགས་མའི་གསང་བ་གསུམ་ལ་གསོལ་བ་འདེབས༔ཞེ་སྡང་མེ་དང་འདོད་པ་ཆུ་བོའི་རླབས༔ ང་རྒྱལ་སེང་གེ་གཏི་མུག་གླང་པོ་ཆེ༔ ཕྲག་དོག་དུག་སྦྲུལ་སེར་སྣ་ལྕགས་སྒྲོག་འཇིགས༔ དྲན་པས་སྐྱོབ་མཛད་མ་ལ་གསོལ་བ་འདེབས༔ ལྟ་ངན་རྐུན་པོ་ཐེ་ཚོམ་ཤ་ཟ་སྟེ༔ མ་རུངས་འཇིགས་པ་བརྒྱད་སོགས་སྲིད་ཁམས་ཀྱི༔ ལས་ཉོན་རྒྱུ་རྐྱེན་གྱིས་བསྐྲུན་སྡུག་བསྔལ་ཚོགས༔ མ་ལུས་སྐྱོབ་པར་མཛད་ལ་གསོལ་བ་འདེབས༔ གང་གི་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལས༔ མཐའ་ཡས་ཞིང་དུ་སངས་རྒྱས་བྱང་ཆུབ་སེམས༔ ཉན་རང་དགྲ་བཅོམ་རིག་འཛིན་གྲུབ་པའི་ཚོགས༔ གང་འདུལ་སྤྲུལ་པར་བཅས་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ མི་མཐུན་རྐྱེན་ངན་བར་ཆད་ཀུན་ཞི་ཞིང་༔ གནས་སྐབས་མཐར་ཐུག་རང་གཞན་བདེ་ལེགས་ལ༔ འགོད་ནུས་རྒྱལ་བའི་ཕྲིན་ལས་མྱུར་འགྲུབ་ཤོག༔ ཅེས་པའང་ཆུང་ནས་ཡིད་མཛའ་བར་གྱུར་པའི་ལྷ་གྲོགས་ས་མུ་དྲ་རཱ་ཛས་བསྐུལ་ངོར༔ དག་སྣང་ཆོས་ལ་དབང་བ་སྤྲང་བཙུན་རྒྱ་སྤྲུལ་གྱིས་སྨྲས་པ་ཛ་ཡནྟུ༔

སྒྲོལ་མའི་ལས་བྱང་རྒྱུན་ཁྱེར།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ལས་བྱང་རྒྱུན་ཁྱེར་བཞུགས༔

ན་མོ་ཨཱརྱ་ཏཱ་རེ༔ འདིར་འཕགས་མའི་ལས་བྱང་རྒྱུན་ཁྱེར་ལ༔ སྐྱབས་སུ་འགྲོ་བ་ནི༔ ན་མོ༔ དཀོན་མཆོག་གསུམ་དངོས་འཕགས་མ་སྒྲོལ་མ་ལ༔ དེང་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བདག་སོགས་འགྲོ་ཀུན་གུས་པས་སྐྱབས་སུ་མཆི༔ བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ༔ སེམས་བསྐྱེད་པ་ནི༔ མཐའ་ཡས་སེམས་ཅན་མ་བསྒྲལ་བསྒྲལ་བ་དང་༔ མ་གྲོལ་སྒྲོལ་དང་དབུགས་དབྱུང་མྱང་འདས་ལ༔ འགོད་ཕྱིར་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནས༔ རྩེ་གཅིག་འཕགས་མའི་ལྷ་ཚོགས་སྒྲུབ་པར་བགྱི༔ ཡན་ལག་བདུན་པ་ནི༔ སྐྱབས་གནས་ཀུན་འདུས་འཕགས་མའི་ལྷ་ཚོགས་ལ༔ ཕྱག་འཚལ་མཆོད་འབུལ་སྡིག་པ་མ་ལུས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ༔ བརྟན་པར་བཞུགས་གསོལ་དགེ་རྩ་འགྲོ་ལ་བསྔོ༔ ཚོགས་ཞིང་བསྡུ་ཞིང་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ༔ གནས་ལུགས་མ་རྟོགས་གློ་བུར་འཁྲུལ་བའི་འདྲེ༔ ལྷ་སྔགས་ཏིང་འཛིན་དམིགས་པའི་འཁྲུལ་འཁོར་གྱིས༔ གླིང་བཞིའི་ཕ་མཐའ་ཆོས་དབྱིངས་ཀློང་དུ་བསྐྲད༔ རང་བཞིན་མི་གནས་གདོད་མའི་དབྱིངས་སུ་དེངས༔ ཧཱུྃ་བཞིའི་སྔགས་བརྗོད་མཚམས་གཅོད་ནི༔ ཧཱུྃ༔ ཁྲོ་བོ་ཁྲོ་མོ་མེ་དཔུང་མཚོན་ཆའི་གར༔ སྣང་སྲིད་མ་ལུས་རྒྱལ་བའི་ཞིང་དུ་གྱུར༔ ཐ་མལ་རྟོག་པས་མི་ཤིགས་དེ་བཞིན་ཉིད༔ ཀུན་བརྟགས་གདོན་གྱིས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་ཧཱུྃ༔ བྱིན་འབེབས་ནི༔ ཧཱུྃ་ཧྲཱིཿ སྐུ་གསུམ་རྣམ་པར་དག་པའི་ཕོ་བྲང་ནས༔ ཆོས་ལོངས་སྤྲུལ་གསུམ་རྩ་བརྒྱུད་ཡི་དམ་ལྷ༔ པོ་ཊ་ལ་སོགས་དག་པའི་ཞིང་ཁམས་ནས༔ འཕགས་མའི་དཀྱིལ་འཁོར་ལྷ་ཚོགས་བྱིན་ཕོབ་ཅིག༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ་ཕེཾ་ཕེཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་མཆོད་པ་བྱིན་གྱིས་བརླབས༔ དངོས་གཞི་ལྷ་བསྐྱེད་ནི༔ ཨཱཿ གདོད་ནས་མ་སྐྱེས་ཆོས་དབྱིངས་སྟོང་པ་ཉིད༔ མ་རྟོགས་འགྲོ་ལ་བརྩེ་བའི་སྙིིང་རྗེའི་གདངས༔ ཟུང་འཇུག་རིག་པ་མཁའ་ལ་འཇའ་ཚོན་བཞིན༔ རྒྱུ་ཡི་ཡི་གེ་ཏཱཾ་ཡིག་ལྗང་གུར་གྱུར༔ དེ་ལས་ཨེ་ཡཾ་རཾ་བཾ་ལཾ་འཕྲོས་པས༔ མཁའ་རླུང་མེ་ཆུ་རིན་ཆེན་ས་གཞིར་བརྡལ༔ བྷྲུཾཿལས་སྤྲུལ་པའི་ཕོ་བྲང་པོ་ཊ་ལ༔ སྣ་ཚོགས་རིན་ཆེན་ལས་གྲུབ་མཚན་ཉིད་ཀུན༔ ཡོངས་རྫོགས་དབུས་སུ་འདབ་བཞི་ཕྱོགས་ཀྱི་མདོག༔ དེའི་ཕྱིར་འདབ་བརྒྱད་ཉིས་རིམ་པད་ཟླའི་གདན༔ དབུས་སུ་ཉི་ཟླ་ཏཱཾ་ཡིག་འོད་ཞུ་བ༔ འཕྲོ་འདུས་ཡོངས་གྱུར་རང་ཉིད་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མ་མརྒད་མདོག༔ ལྗང་ཁུ་གཞོན་ཚུལ་ཞལ་གཅིག་འཛུམ་མདངས་བཞད༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་སྐྱབས་སྦྱིན་མཛད༔ ཨུཏྤལ་བསྣམས་པའི་གཡོན་པ་འཁོར་ལོས་མཚན༔ རྟ་བབས་སྐྱིལ་ཀྲུང་ལོངས་སྐུའི་རྒྱན་ཆ་རྫོགས༔ ཐུགས་ལས་ཏཱཾ་ཡིག་ཕྱོགས་མདོག་སྤྲོས་པ་ལས༔ ཤར་དུ་དབྱངས་ཅན་ལྷོ་རུ་འོད་ཟེར་ཅན༔ ནུབ་ཏུ་དབང་མོ་བྱང་དུ་ནོར་རྒྱུན་མ༔ གཏི་མུག་གླང་པོ་ལྟ་ངན་རྐུན་པོ་དང་༔ འདོད་ཆགས་ཆུ་བོ་སེར་སྣ་ལྕགས་སྒྲོག་འཇིགས༔ སྒྲོལ་མཛད་དཀར་སེར་དམར་ལྗང་རང་རྟགས་བསྣམས༔ དེའི་ཕྱིར་འདབ་བརྒྱད་ནང་མའི་ཕྱོགས་མཚམས་སུ༔ ཞེ་སྡང་མེ་དང་ང་རྒྱལ་སེང་གེ་དང་༔ ཐེ་ཚོམ་ཤ་ཟ་ཕྲག་དོག་སྦྲུལ་གྱི་འཇིགས༔ སྐྱོབ་མཛད་ཕྱོགས་བཞིར་མྱུར་མ་དཔའ་མོ་དང་༔ བསོད་ནམས་དཔལ་སྟེར་འཇིག་རྟེན་གསུམ་ལས་རྒྱལ༔ གཞན་མི་རྒྱལ་བ་རང་རང་སྐུ་མདོག་དང་༔ ཕྱག་མཚན་སྣ་ཚོགས་མཚམས་བཞིར་ཤར་ལྷོ་རུ༔ རྡོ་རྗེ་སྡེར་མོ་ལྷོ་ནུབ་མི་ཕམ་རྒྱལ༔ ནུབ་བྱང་འཇིགས་བྱེད་ཆེན་མོ་བྱང་ཤར་དུ༔ རྒྱལ་མཚན་རྩེ་མོ་མ་ངེས་སྒྱུ་འཕྲུལ་ངོམ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་གདན་གྱི་སྟེང་༔ ཤར་དུ་དབུལ་སེལ་བཀྲ་ཤིས་དོན་བྱེད་མ༔ ལྷོ་རུ་རྨ་བྱ་ཆེན་མོ་ཀླུ་ནད་སེལ༔ ནུབ་ཏུ་གདུགས་དཀར་རྒྱལ་པོའི་ཆད་པ་སྐྱོབ༔ བྱང་དུ་སོ་སོར་འབྲང་མས་གཉེན་དུ་སྤྲོད༔ ཤར་ལྷོ་རབ་ཏུ་ཞི་མས་ལེགས་ཚོགས་སྩོལ༔ ལྷོ་ནུབ་སྟོང་ཆེན་རབ་འཇོམས་ཐོག་ལས་སྲུང་༔ ནུབ་བྱང་བསིལ་བའི་ཚལ་ཆེན་གདོན་ལས་སྐྱོབ༔ བྱང་ཤར་གསང་སྔགས་རྗེས་འཛིན་ཚེ་སྲོག་སྤེལ༔ ཕྱོགས་བཞིའི་སྒོ་བཞིར་འཆི་མེད་དབང་མོ་བཞི༔ ལས་བཞིའི་ཕྲིན་ལས་འགྲོ་དོན་ལྷུན་གྱིས་གྲུབ༔ སྟེང་གི་མཁའ་ལ་བསྐལ་བཟང་སངས་རྒྱས་སྟོང་༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ སྤྲིན་ལྟར་གཏིབས་པའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་དབང་ལྷ་སྤྱན་དྲངས་དབང་བསྐུར་བས༔ གཙོ་མོར་སྣང་མཐའ་གཞན་བཞིར་རིགས་བཞི་དང་༔ འཁོར་གཞན་གཙོ་མོའི་དབུ་རྒྱན་འོད་ཟེར་གྱིས༔ རྒྱལ་ཀུན་འཕགས་མའི་རྣམ་པར་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ ཧཱུྃ་ཧྲཱིཿ སྤྲོས་བྲལ་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ ཁྱད་ཆོས་དྲུག་ལྡན་སྟོང་ཆེན་དབྱིངས་ཀྱི་ཡུམ༔ སྤྱན་འདྲེན་གཤེགས་སུ་གསོལ་བ་མི་དམིགས་ཀྱང་༔ རང་གདངས་འགགས་མེད་ལྔ་ལྡན་ཀློང་ནས་བཞེངས༔ ཐུགས་རྗེའི་རང་རྩལ་སྤྲུལ་པའི་ཞིང་ཁམས་ནས༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྗེ་བཙུན་མ༔ སྒྲོལ་མ་དཔའ་མོ་སྤྲུལ་པ་ཡང་སྤྲུལ་བཅས༔ ཐོགས་པ་མེད་པར་གནས་འདིར་གཤེགས་སུ་གསོལ༔ སྙིགས་དུས་ནད་མཚོན་མུ་གེས་མནར་བའི་འགྲོ༔ མངོན་མཐོ་ངེས་ལེགས་ཐར་ལམ་མཆོག་འགོད་ཕྱིར༔ འདིར་གཤེགས་བདག་གཞན་སྒོ་གསུམ་བྱིན་རློབས་ལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་མྱུར་དུ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཛྙཱ་ན་བཛྲ་ས་མ་ཡཱ་ཛ་ཧཱུྃ་བཾ་ཧོ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་རང་ཤར་ཡེ་གྲུབ་དབྱིངས་ཀྱི་ལྷ༔ འགྲོ་རྣམས་གནས་སྐབས་མཐར་ཐུག་སྡུག་བསྔལ་ལས༔ བསྒྲལ་ནས་ཡང་དག་དོན་ལ་འགོད་པའི་ཕྱིར༔ དམ་ཡེ་དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཛྙཱ་ན་བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ན་མཿཨཱརྱ་ཏཱ་རེ༔ ཧཱུྃ་ཧྲཱིཿ རང་ལས་ཤར་བའི་རྗེ་བཙུན་འཕགས་མའི་ལྷ༔ རྒྱལ་ཀུན་མཁྱེན་བརྩེ་ནུས་མཐུའི་བདག་ཉིད་ཅན༔ བདག་གཞན་སེམས་ཅན་དཔག་ཡས་ལུས་སྤྲུལ་ནས༔ སྒོ་གསུམ་གུས་པས་རྟག་པར་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཧཱུྃ་ཧྲཱིཿ མཆོད་འོས་ཕྱི་ནང་སྣོད་བཅུད་དངོས་པོའི་ཚོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་ལེགས་སྤྲུལ་པ༔ ཡེ་དག་མཉམ་པ་ཉིད་དུ་ཕྱམ་བརྡལ་ནས༔ མཁྱེན་བརྩེ་ནུས་ལྡན་འཕགས་མའི་ལྷ་ལ་འབུལ༔ ཧཱུྃ་ཧྲཱིཿ ཚོགས་དྲུག་ཡུལ་གྱི་བྱེ་བྲག་ཇི་སྙེད་པ༔ མཛེས་སྡུག་ལྷ་མོས་མཆོད་སྤྲིན་རྒྱ་མཚོར་སྤེལ༔ མཁྱེན་བརྩེ་བདག་ཉིད་འཕགས་མའི་ལྷ་ལ་འབུལ༔ བཞེས་ནས་བདག་གཞན་ཡུལ་དྲུག་འཛིན་པ་གྲོལ༔ སྐུ་གསུམ་ཡེ་ཤེས་དྲུག་པོ་མངོན་གྱུར་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པྲ་ཏིཥྩ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་ནང་མཆོད་སྨན་རཀ་གཏོར་གསུམ་ནི༔ ཧཱུྃ་ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བདུད་རྩི་སྨན༔ ཆགས་བྲལ་ཆགས་པ་ཆེན་པོའི་རཀྟ་དམར༔ དངོས་འཛིན་དབྱིངས་གྲོལ་དམ་རྫས་གཏོར་ཆེན་པོ༔ རྩ་གསུམ་ཀུན་འདུས་འཕགས་མའི་ལྷ་ལ་འབུལ༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ སྤྲོ་ན་བརྒྱུད་པའི་སྨན་མཆོད་སྦྱར༔གསང་མཆོད་ནི༔ ཧཱུྃ་ཧྲཱིཿ ཚོགས་དྲུག་ཡུལ་དྲུག་བདེ་སྟོང་མཉམ་པར་སྦྱོར༔ གཉིས་རྟོག་དགྲ་བགེགས་བློ་འདས་དབྱིངས་སུ་བསྒྲལ༔ ཅིར་སྣང་ཐམས་ཅད་རང་བྱུང་ཆོས་སྐུའི་ཀློང་༔ དོན་དམ་ཕྱག་རྒྱ་ཆེན་པོའི་མཆོད་པ་འབུལ༔ མ་ཧཱ་མུ་དྲ་ཏ་ན་གྷ་ན་དྷརྨཱ་དྷརྟུ་པཱུ་ཛ་ཧོ༔ གསང་མཆོད་ཡོན་ཏན་རྗེས་དྲན་བསྟོད་པ་ནི༔ ཨོཾ༔ བསྔགས་པར་འོས་པ་དུས་གསུམ་རྒྱལ་བའི་ཡུམ༔ གྲངས་མེད་བསྐལ་པར་གཞན་དོན་ཚོགས་གཉིས་རྫོགས༔ སྒྲིབ་གཉིས་སྤངས་ཤིང་ཆོས་ཀུན་དེ་ཉིད་རྟོགས༔ རྗེ་བཙུན་དཔའ་མོ་འཕགས་མ་སྒྲོལ་མར་བསྟོད༔ མཚན་དཔེའི་ཡོན་ཏན་ཀུན་རྫོགས་ཡིད་འཕྲོག་སྐུ༔ ཡན་ལག་དྲུག་ཅུའི་དབྱངས་མངའ་ཟབ་རྒྱས་གསུང་༔ དམིགས་མེད་སྙིང་རྗེའི་གཏེར་མཛོད་མཁྱེན་གཉིས་ཐུགས༔ རྒྱལ་ཀུན་གསང་གསུམ་བདག་ཉིད་འཕགས་མར་བསྟོད༔ མཁྱེན་པའི་སྟོབས་ཀྱིས་ཤེས་བྱ་མ་ལུས་གཟིགས༔ བརྩེ་བའི་སྟོབས་ཀྱིས་འགྲོ་དྲུག་བུ་བཞིན་སྐྱོང་༔ ནུས་པའི་སྟོབས་ཀྱིས་བདུད་དང་ལོག་འདྲེན་འདུལ༔ མྱུར་མ་དཔའ་མོ་ཏཱ་རེ་ཡུམ་ལ་བསྟོད༔ མཚན་ཙམ་དྲན་པས་འཇིགས་པ་བརྒྱད་ལས་སྐྱོབ༔ བསྙེན་ཅིང་བསྒྲུབས་པས་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་གསུམ་ཡོངས་རྫོགས་གཙོ་འཁོར་སྤྲུལ་པར་བཅས༔ རབ་འབྱམས་དཀྱིལ་འཁོར་ལྷ་ལ་གུས་པས་བསྟོད༔ བསྙེན་པའི་ལས་རིམ་ནི༔ བདག་གི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་སྤྱན་རས་གཟིགས་ཁ་སར་པཱ་ཎི་བཞེངས་སྟབས་ཅན་ཕྱག་གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པའི་སྙིང་པོར་པདྨ་འདབ་མ་དྲུག་པའི་ལྟེ་བར་ཏཱཾཿཡིག་སྔོན་པོའི་ཁོག་པར་ཧྲཱིཿཡིག་དཀར་པོ་མར་མེ་ལྟར་གསལ་ལམ་མེ་བ་གཅིག་བསམ༔ ཏཱཾཿགྱི་མཐར་གསང་སྔགས་ཡི་གེ་བཅུ་གཉིས་པ་འོད་ལྔའི་ཁ་དོག་ཅན་གཡོན་དུ་འཁོར་ཞིང་ཧྲཱིཿཡིག་གི་མཐར་ཡིག་དྲུག་གཡས་སུ་བསྐོར་བའི་འོད་ཀྱིས་འཕགས་པ་མཆོད༔ སེམས་ཅན་གྱི་ལས་ཉོན་སྡུག་བསྔལ་སྦྱངས༔ སྣང་སྲིད་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་གྱུར༔ བསྙེན་དམིགས་འདི་རང་གཞུང་གབ་ཐིག་གཉིས་ཀའི་དགོངས་པའོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ འབྲུ་འབུམ་གཅིག་བཟླ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ འབྲུ་འབུམ་བཟླ༔ དེ་ནི་བསྙེན་པའི་དམིགས་པའོ༔ སྒྲུབ་པའི་དམིགས་པ་ནི༔ རང་ཉིད་རྗེ་བཙུན་འཕགས་མའི་ཐུགས་ཀར་སྒྲོལ་མ་ལྗང་གུ་རང་འདྲ་བ་དེའི་སྙིང་ཁར་ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པའི་ལྟེ་བར་ཟླ་བའི་སྟེང་དུ་ཏཱཾཿཡིག་གསལ་ལ་འཚེར་བའི་ཕྱི་རོལ་ཏུ་སྔགས་ཀྱི་ཕྲེང་བ་མུ་ཏིག་ལྗང་གུའི་གདུགས་ལྟ་བུ་བཀྲ་ལམ་མེར་འཁོར་བར་བསྒོམ་ལ༔ སྒྲུབ་སྔགས༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དཱ་ན་དྲ་ཡ་སྭཱ་ཧཱ༔ ཞེས་པ་འདི་འབྲུ་འབུམ་བཟླས་ཤིང་སྤྲོ་བསྡུའི་ཚིག༔ བཅུ་དྲུག་སྔགས་འབྲུ་འཁོར་བའི་འོད་ཟེར་གྱིས༔ བདག་གཞན་སྒོ་གསུམ་སྒྲིབ་སྦྱངས་ཚོགས་ཆེན་རྫོགས༔ རྒྱལ་ཡུམ་དཔའ་མོའི་གསང་གསུམ་མངོན་གྱུར་བསམ༔ འཁོར་སྔགས་དམིགས་པའི་ཁ་བསྒྱུར་ལས༔ གཙོ་མོའི་ཐུགས་ནས་འོད་འཕྲོས་དབྱངས་ཅན་ལྷའི༔ ཐུགས་ཀྱི་རྒྱུད་བསྐུལ་འོད་དཀར་འཕྲོས་པ་ཡིས༔ འགྲོ་དྲུག་ལས་ཉོན་གཏི་མུག་གཞན་དབང་གིས༔ ཤེས་བྱར་རྨོངས་པའི་སྡིག་ཀུན་བྱང་བར་བསམ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲཱིཾ་ཧྲཱིཾ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཙོ་མོའི་ཐུགས་ནས་འོད་འཕྲོས་མ་རི་ཙྱཻའི༔ ཐུགས་ཀྱི་རྒྱུད་བསྐུལ་གསེར་མདོག་འོད་ཟེར་འཕྲོས༔ བདག་གི་ཚེ་བསོད་དཔལ་རྒྱས་དགྲ་རྐུན་གྱི༔ ཡན་ལག་བཅིངས་ཤིང་མིག་སྒྲིབ་དཔལ་འབྱོར་བསྡུས༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་མ་རི་ཙྱཻ་པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཙོ་མོའི་ཐུགས་ནས་འོད་འཕྲོས་རིག་བྱེད་མའི༔ ཐུགས་ཀྱི་རྒྱུད་བསྐུལ་འོད་དམར་ཕྲེང་བ་ཡིས༔ མཁས་བཙུན་གྲྭ་སློབ་རྒྱལ་བློན་བཙུན་མོ་དམངས༔ དབང་དུ་བསྡུས་ཤིང་བདག་ལ་འདུད་པར་དམིགས༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ གཙོ་མོའི་ཐུགས་ལས་འོད་འཕྲོས་ནོར་རྒྱུན་མའི༔ ཐུགས་ཀྱི་རྒྱུད་བསྐུལ་འོད་ཟེར་ལྗང་སྔོན་གྱིས༔ དབུལ་འདྲེ་ཚར་བཅད་ལྷ་ཀླུ་མི་རྣམས་ཀྱི༔ ཟས་ནོར་བཅུད་བསྡུས་བདག་ལ་ཐིམ་པར་བསམ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བ་སུ་དྷ་རི་མཱ་ར་ཡ་ཕཊ༔ ཅེས་པ་རྣམས་ལ་ཁྲི་ཚོ་རེ་བཟླ༔ གཞན་ཡང་མྱུར་མ་དཔའ་མོ་ལ་སོགས་པའི་སྔགས་རྣམས་ལ་ཁ་བསྒྱུར་བྱེད་ཚུལ་གབ་ཏིག་ལས་རྟོགས་པར་བྱའོ༔ སྐབས་འགར་ལེགས་སྦྱར་གྱི་སྐད་དང་མི་མཚུངས་པར་འདུག་ཀྱང་གཞན་གྱིས་བཅོས་མི་རུང་བ་རང་གཞུང་གི་མཇུག་ན་གསལ་ལོ༔ དེ་ནས་ཕྱི་ནང་ཚོགས་རྫས་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ རང་ཉིད་འཕགས་མའི་ལྷར་གསལ་ཐུགས་ཀ་ནས༔ རིགས་ལྔའི་ས་བོན་ཁ་དོག་ལྔ་ལྡན་འཕྲོས༔ ཚོགས་ཀྱི་ཡོ་བྱད་ལ་ཕོག་དངོས་འཛིན་སྦྱངས༔ ཟག་མེད་བདེ་སྟོང་བསྐྱེད་ནུས་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ སརྦ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་སྭཱ་ཧཱ༔ ཚོགས་ཞིང་སྤྱན་འདྲེན་གཞུང་དུ་མིི་གསལ་ཡང་སྤྲོ་ན༔ ཧཱུྃ་ཧྲཱིཿ བརྒྱུད་པ་དགུ་ལྡན་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས༔ ཁྱད་པར་སྒྲོལ་མ་ཉེར་གཅིག་དཀྱིལ་འཁོར་ལྷ༔ བཀའ་གཏེར་སྲུང་མ་དམ་ཅན་རྒྱ་མཚོའི་སྤྲིན༔ ཚོགས་ཀྱི་མགྲོན་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་ཡུམ་འཕགས་མའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་ཚོགས་ཀྱི་ཡོ་བྱད་འབུལ༔ བརྩེ་ཆེན་ཐུགས་ཀྱིས་དགྱེས་པར་བཞེས་ནས་ཀྱང་༔ བདག་ལ་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་བ་བཤགས་པ་ནི༔ ཧཱུྃ་ཧྲཱིཿ ངོ་མཚར་རྨད་བྱུང་རིག་པ་ཀ་དག་ཀློང་༔ མ་རྟོགས་སྔགས་སྡོམ་འགལ་ཉམས་འདས་དང་རལ༔ ངན་སོང་རྒྱུ་བསགས་སྙིང་ནས་བཤགས་ཤིང་སྡོམ༔ ཚངས་པ་མཆོག་གི་དབུགས་དབྱུང་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་བཟླས༔ ཐ་མ་ཚོགས་བསྒྲལ་ནི༔ ཧཱུྃ་ཧྲཱིཿ འཁྲུལ་བའི་རྩལ་ཤར་ཞིང་བཅུའི་དགྲ་དང་བགེགས༔ ཚད་མེད་སྙིང་རྗེས་ཆོས་དབྱིངས་ཀློང་དུ་བསྒྲལ༔ ཤ་ཁྲག་དྭངས་མ་བདུད་རྩིའི་རང་བཞིན་འདི༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབས༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཧ་ལ་པཉྩ་པཱུ་ཛ་ཁཱ་ཧི༔ དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་རྫས་ཐབས་ཤེས་བསྣོལ་མར་དྲངས་ནས༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ སློབ་དཔོན་གྱིས་རྩེ་གསུམ་ཕྱག་རྒྱས་བླངས་ཤིང་༔ ཨ་ལ་ལ་ཧོ༔ ལྷག་མར་ཞལ་ཆབ་བྲན་ནས་བྱིན་བརླབས་བྱས་རྗེས༔ ཕེཾ་གྱིས་མགྲོན་བཀུག༔ ཧཱུྃ་ཧྲཱིཿ ཚོགས་ཀྱི་ལྷག་མ་སྡུད་པའི་ཕྲ་མེན་མ༔ ལས་བཞིའི་མདོག་འཆང་མཁའ་ལ་ཤུགས་ཀྱིས་འགྲོ༔ འདིར་གཤེགས་ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་ཨུཥྩུ་ཊ་བྷ་ལིང་ཏ་ཁཱ་ཧི༔ གཞུང་དུ་མི་གསལ་ཡང་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེ་འགགས་པ་མེད་པའི་སྒྱུ་འཕྲུལ་གར༔ བཞེངས་ཤིག་རྗེ་བཙུན་འཕགས་མའི་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར༔ འཇིགས་པ་བརྒྱད་སོགས་འཁོར་བའི་སྡུག་བསྔལ་ལས༔ སྐྱེ་བོའི་ཚོགས་རྣམས་མྱུར་དུ་དབུགས་དབྱུང་ནས༔ གནས་སྐབས་མཐོ་རིས་བདེ་ལ་འགོད་པ་དང་༔ མཐར་ཐུག་ཉོན་མོངས་བརྒྱད་ཁྲིའི་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་གོ་འཕང་ཐོབ་པར་མཛོད༔ ཆད་ཐོའི་གཏོར་མ་སྨན་རཀ་བྲན་ནས༔ ཧཱུྃ་ཧྲཱིཿ སྔོན་ཚེ་བར་དང་ཐ་མ་རྩོད་ལྡན་དུས༔ སངས་རྒྱས་བྱང་སེམས་འཕགས་མས་ཐུགས་བསྐྱེད་ཅིང་༔ བོད་ཡུལ་གྲུབ་དབང་མཚོ་སྐྱེས་རྡོ་རྗེ་ཡིས༔ ཟབ་རྒྱས་སྨིན་གྲོལ་མ་འོངས་གཏེར་ཆོས་ཀྱི༔ ལུང་བསྟན་སྨོན་ལམ་ གཏད་རྒྱ་མཛད་པ་བཞིན༔ སྐལ་བ་ལྡན་པའི་གཏེར་སྟོན་ཆོས་བདག་ལ༔ སྔགས་བདག་སྤྱི་དང་ཁྱད་པར་དུད་སོལ་མས༔ བསྲུང་སྐྱོབ་གཡེལ་མེད་བར་ཆད་སེལ་བ་དང་༔ ཐུགས་ཐིག་ཟབ་ཆོས་སྤེལ་བར་ཁས་བླངས་ལྟར༔ ཐ་ཚིག་གཏོར་མའི་མཆོད་པ་འདི་བཞེས་ལ༔ བཅོལ་བའི་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ བསྟན་མ་ནི༔ ཧཱུྃ་ཧྲཱིཿ དུས་སྦྱོར་རྟེན་འབྲེལ་བཅུ་གཉིས་གནས་དག་པའི༔ བདུད་དང་གནོད་སྦྱིན་སྨན་མོ་རྣམ་པ་བཞི༔ བསྟན་མ་བཅུ་གཉིས་འདིར་སྤྱོན་གཏོར་མ་ལོངས༔ ཕྱི་ནང་རྐྱེན་སོལ་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་གཙང་སར་གཤེགས༔ གཏོར་གཞོང་ཁ་སྦུབ་བྲོ་བརྡུང་ནི༔ ཧཱུྃ་ཧྲཱིཿ མ་རིག་གསུམ་གྱིས་བསྐྲུན་པའི་དམ་སྲིའི་རིགས༔ ཐེག་དགུ་རྫོགས་པའི་རི་རབ་འོག་ཏུ་མནན༔ ཐར་པའི་མྱུ་གུ་སེམས་བསྐྱེད་མ་སྨིན་པར༔ ནམ་ཡང་ལྡང་མེད་བྲོ་བརྡུང་རྒྱས་གདབ་བོ༔ སྟྭཾ་བྷ་ཡ་ནན༔ མཆོད་བསྟོད་བྱ་ཞིང་ནོངས་པ་བཤགས༔ དངོས་གྲུབ་ལེན་པ་ནི༔ ཧཱུྃ་ཧྲཱིཿ ཨོཾ་རྒྱལ་ཡུམ་དཔའ་མོ་འཕགས་མའི་ལྷ་ཚོགས་ཀྱིས༔ དེང་འདིར་སྒྲུབ་པོའི་རྣལ་འབྱོར་བདག་ཅག་ལ༔ དྭངས་མ་ལྔ་ལྡན་སྐུ་ཡི་དངོས་གྲུབ་སྩོལ༔ བརྗོད་པ་དོན་ལྡན་གསུང་གི་དངོས་གྲུབ་སྩོལ༔ ཡང་དག་ཟབ་ཞི་ཐུགས་་ཀྱི་དངོས་གྲུབ་སྩོལ༔ བསམ་འཕེལ་འདོད་འབྱུང་ཡོན་ཏན་དངོས་གྲུབ་སྩོལ༔ ཐབས་མཁས་འགྲོ་འདུལ་ཕྲིན་ལས་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐ་ཙིཏྟ་གུརྞ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ དེ་ནས་རྟེན་ཡོད་ན་བརྟན་བཞུགས་དང་༔ མེད་ན་གཤེགས་གསོལ་བྱ༔ བསྡུ་རིམ་ནི༔ ཧཱུྃ་ཧྲཱིཿ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ ལྷ་ཡང་འོད་ཞུ་དེ་ཡང་ཐུགས་སྲོག་ལ༔ རིམ་ཡལ་ཐིག་ལེ་ནཱ་དའི་དབྱིངས་སུ་ཐིམ༔ མི་དམིགས་བློ་འདས་འོད་གསལ་དབྱིངས་སུ་བསྡུ༔ ཨ་ཨཱ༔ རྟག་པའི་མཐའ་བསལ༔ ཆད་པའི་མཐའ་བསལ་ཕྱིར༔ རང་ཉིད་འཕགས་མའི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པའི་འོད་ཟེར་གྱིས༔ རྡོ་རྗེའི་གོ་ཆའི་རྒྱས་གདབ་པར་བསམ༔ ཧཱུྃ་ཧྲཱིཿ བདག་གཞན་དུས་གསུམ་བསགས་པའི་དགེ་བ་འདིས༔ འགྲོ་དྲུག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ དེ་མཐུས་བདག་ཀྱང་ཚེ་རབས་ཐམས་ཅད་དུ༔ མཆོག་གསུམ་བླ་མས་རྗེས་སུ་འཛིན་པ་དང་༔ སྨོན་འཇུག་བྱང་ཆུབ་སེམས་དང་མི་འབྲལ་ཞིང་༔ འཕགས་མས་རྗེས་བཟུང་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ་ཧྲཱིཿ སྐུ་གསུམ་སྟོན་པ་ཀུན་འདུས་ཨོ་རྒྱན་རྗེ༔ རྒྱལ་ཡུམ་སྒྲོལ་མ་རྩ་གསུམ་དཀྱིལ་འཁོར་ལྷ༔ མཐུ་ལྡན་སྲུང་མ་ཆོས་མཐུན་རྡོ་རྗེའི་སྤུན༔ འབྲལ་མེད་དུས་གསུམ་འགྲོགས་པའི་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་ཅི་རིགས་པས་མཐའ་བརྒྱན་པར་བྱའོ༔ འདིར་སྨྲས་པ༔ རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་ཡི༔ བྱིན་རླབས་ཐུགས་རྗེའི་ཟེར་གྱིས་བསྐུལ་བའི་མཐུས༔ སྔོན་སྨོན་ལས་འཕྲོའི་འདབ་རྒྱ་བཞད་པ་ལས༔ ཟབ་གསང་གདམས་པའི་བཅུད་མཆོག་འདི་ཐོབ་བོ༔ འོན་ཀྱང་རྡོ་རྗེའི་ཚིག་དོན་རྒྱ་ཆེ་བ༔ ཉུང་ངུར་དྲིལ་བ་སྙིང་གི་བདུད་རྩི་འདི༔ སྐྱབས་རྗེ་བླ་མའི་གསུང་གིས་བསྐུལ་བ་བཞིན༔ ལུང་རྟོགས་ཡོན་ཏན་ཆུང་ཡང་མོས་གུས་ལྡན༔ བསྟན་པའི་ཉིན་བྱེད་དམ་པས་དབུགས་དབྱུང་བ༔ རྒྱལ་སྲས་སྤྱོད་པ་དཔལ་མཆོག་བཟང་པོ་ལ༔ སློབ་འདོད་ཆོས་པའི་གཟུགས་བརྙན་དེས་བྲིས་ཕུལ༔ ནོངས་པ་གང་མཆིས་རྩ་གསུམ་སྲུང་མར་བཤགས༔ དགེ་བས་འགྲོ་ཀུན་སངས་རྒྱས་མྱུར་ཐོབ་ནས༔ སྲིད་ཞི་མཉམ་ཉིད་དོན་གཉིས་འགྲུབ་གྱུར་ཅིག༔ དགེ་ལེགས་འཕེལ༔

སྨན་མཆོད་ལྡེབ་ཤར།

༈ སྨན་མཆོད་བརྒྱུད་འདེབས་བསྡུས་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཀུན་ཏུ་བཟང་མོ་རིགས་ཀྱི་ཡུམ་མཆོག་ལྔ༔ རྡོ་རྗེ་ཕག་མོ་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ཨིནྡྲ་ཤྲི༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ གྲུབ་དབང་བླ་མ་སྐལ་ལྡན་ལུང་རིག་གླིང་༔ ཟབ་གཏེར་ཆོས་བདག་རྒྱལ་ཡུམ་ཏཱ་རེ་མ༔ རྩ་གསུམ་ཡོངས་རྫོགས་བཀའ་གཏེར་སྲུང་མ་ལ༔ སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿསིདྡྷི་ཧོ༔ ཞེས་བདུད་རྩི་གནས་གསུམ་དུ་བཞག་ཅིང་དངོས་གྲུབ་བླང་བར་བྱའོ༔ ལུང་རིག་གླིང་པས་སོ༔

བསྐང་བསྡུས་ཡིད་བཞིན་ཆར་འབེབས།

སྒྲོལ་མའི་བསྐང་བསྡུས་ཡིད་བཞིན་ཆར་འབེབས་བཞུགས༔ ཧཱུྃ་ཧྲཱིཿ རབ་འབྱམས་དུས་གསུམ་རྒྱལ་བའི་ཡུམ་གཅིག་པུ༔ མཐའ་ཡས་སྐྱེ་དགུ་འཁོར་བའི་འཇིགས་ལས་སྒྲོལ༔ མཆོག་ཐུན་དངོས་གྲུབ་སྩོལ་མཛད་ལྷག་པའི་ལྷ༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཐུགས་དམ་བསྐང་༔ མེ་ཆུ་གཅན་གཟན་ལྕགས་སྒྲོག་དུག་སྦྲུལ་དང་༔ ཤ་ཟ་འབྱུང་པོ་རིམས་ནད་འཇིགས་ཀུན་ལས༔ མཚན་ཙམ་ཡིད་ལ་དྲན་པས་སྐྱོབ་མཛད་པ༔ སྒྲོལ་མ་ཉི་ཤུ་རྩ་གཅིག་ཐུགས་དམ་བསྐང་༔ སྨིན་གྲོལ་གདམས་པ་མཆོག་སྩོལ་བླ་མ་དང་༔ གང་འདོད་དངོས་གྲུབ་སྟེར་མཛད་ཡི་དམ་ལྷ༔ བར་ཆད་སེལ་མཛད་མཁའ་འགྲོ་ཆོས་སྐྱོང་སོགས༔ རྩ་གསུམ་དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ སྡོམ་གསུམ་ཉམས་ཆག་ཉེས་ལྟུང་ཡོངས་དག་ནས༔ རྗེ་བཙུན་འཕགས་མའི་གསང་གསུམ་མངོན་གྱུར་ཏེ༔ མཐའ་ཡས་འགྲོ་བའི་དཔལ་དུ་འགྱུར་བར་ཤོག༔ ཅེས་པ་དད་ལྡན་གྱི་སློབ་བུས་བསྐུལ་ངོར་ཤཱཀྱའི་དགེ་སྦྱོང་རྒན་པོ་ཙི་ནའི་ནིརྨ་ཀའི་མིང་ཅན་གྱིས་སྨྲས་པ་དགེ་ལེགས་འཕེལ༔

ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་རིག་འཛིན་བཟང་པོས་མཛད་པ།

༄༅།། དགོངས་གཏེར་སྒྲོལ་མའི་ཆོས་བཤད་ལོ་རྒྱུས་ངེས་ཤེས་དད་པའི་མྱུ་གུ་ཞེས་བྱ་བ་བི་ཛ་ཧ་རཾ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་བཅས་པའི་སྒོ་ནས་ལེགས་པར་གསན་པ་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲ་འོ། །ཞེས་གསུངས་པ་ལྟར་སེམས་ཅན་གྱི་ཁམས་ཚད་མེད་པ་བཞིན་དུ་དེ་ལ་ཕན་འདོད་ཀྱི་ལྷག་བསམ་ལན་གཅིག་སྐྱེས་པ་ཡང་ཚད་མེད་དེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་ལྟར་ཇི་ལྟར་ཉན་པའི་ཚུལ་ཡང་ཀུན་སློང་དང་ཀུན་སྤྱོད་མ་རུང་བ་སྤངས་དགོས་ཏེ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས་ལེགས་པར་གསན་འཚལ། དེ་ཡང་རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱའི་བློ་རིམ་དང་མཐུན་པའི་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་གསུངས་པ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་སུ་འདུས་པ་ཡིན་ལ། དེ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནི་སངས་རྒྱས་ཐོབ་པ་ལ་ཡུན་དུ་འགྱང་བ་ཡིན་ལ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ནི་ཁྱད་པར་དུ་འཕགས་པ་སྟེ། ཇི་སྐད་དུ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་གསང་སྔགས་ལ་ཡང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་དང་གསུམ་དུ་ཡོད་པ་ལས། འདིར་ཟབ་མོ་དག་སྣང་མའི་ཕྱོགས་སུ་གཏོགས་པའམ་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ནང་ཚན་དུ་གཏོགས་པ་ཡིན། འདི་ཉིད་ནི་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་དང་ཡང་སྤྲུལ་མང་དུ་བཞེས་པ་དང་། གཏེར་སྟོན་རཏྣ་གླིང་པ་སོགས་གཏེར་སྟོན་གྱི་སྐྱེ་བ་དུ་མར་བཞེས་མཐར་རྩོད་ལྡན་གྱི་དུས་འདིར་ལུང་རིག་གླིང་པ་རྩལ་དུ་འབོད་པ་དེ་ཉིད་ཀྱི་འོད་གསལ་ཆོས་ཉིད་ཡེ་ཤེས་ཆེན་པོ་དགོངས་པའི་རྩལ་དུ་བབ་པའམ། རྨི་ལམ་འོད་གསལ་གྱི་ཉམས་དང་འདྲེས་པར་ཚེ་རབས་ཀྱི་བླ་མ་གྲུབ་པའི་དབང་ཕྱུག་ཀུན་བཟང་གཞན་ཕན་དང་དངོས་སུ་མཇལ་ཞིང་དེའི་ཐུགས་རྗེ་ལ་བརྟེན་ནས་འཕུར་འགྲོའི་གཙོ་མོ་ལས་ཀྱི་དབང་མོ་མི་མོའི་ཚུལ་དུ་བསྟན་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས་ཁྲིད་ནས་སྤྲུལ་པའི་ཕོ་བྲང་པོ་ཊ་ལ་དང་ཟངས་མདོག་དཔལ་གྱི་རི་བོ་སོགས་དག་པའི་ཞིང་ཁམས་དུ་མར་རིག་འཛིན་གྲུབ་བརྒྱའི་གཙོ་བོ་པདྨ་འབྱུང་གནས། འཇིགས་བརྒྱད་སྐྱོབ་པའི་སྐྱབས་མཆོག་འཕགས་མ་སྒྲོལ་མ། ཉི་ཟླའི་ཟེར་ལ་ཞོན་པའི་ལྷ་མོ་འོད་ཟེར་ཅན་མ་སོགས་ལྷག་པའི་ལྷ་རྣམས་དང་། རྒྱ་གར་གྱི་པཎ་ཆེན་ཙནྡྲ་གོ་མི། ཉི་མ་སྦས་པ། ཀླུ་སྒྲུབ་སྙིང་པོ། ཟླ་བ་གྲགས་པ་སོགས་མཁས་གྲུབ་དུ་མ་དང་། བོད་ཀྱི་མཁས་གྲུབ་ས་ཆེན་ཀུན་དགའ་སྙིང་པོ། ཇོ་ནང་ཀུན་མཁྱེན་ཏཱ་ར་ན་ཐ། ཀློང་ཆེན་རྡོ་རྗེ་གཟི་བརྗིད། ཀུན་མཁྱེན་འཇིགས་མེད་གླིང་པའི་གཙོས་དམ་པ་དུ་མའི་ཞལ་མཐོང་ཞིང་དེ་དག་གིས་དབུགས་དབྱུང་གཟེངས་བསྟོད་མཛད་པ་ལ་བརྟེན་ནས་དགོངས་གཏེར་མཁའ་འགྲོའི་ཐུགས་བཅུད་ལ་དབང་བསྒྱུར་བའི་བྱེད་པོ་མཆོག་གྱུར་འགྲོ་འདུལ་ལུང་རིག་གླིང་པ་དེ་ཉིད་རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བསྟན་ལས། བྱ་འམ་ཁྱི་ཡི་ལོ་བ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང་ཅན་འབྱུང་༔ ཅེས་དང་། དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བསྟན་ལས། ང་ཡི་ཆོས་ལ་དབང་བ་ཡི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིིིིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། རིག་འཛིན་གསང་སྔགས་གླིང་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་རྡོ་རྗེའི་ལུང་གིས་བསྔགས་པ་དེ་ཉིིད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་རྡོ་རྗེའི་གོ་ཆ་ལས། དེ་ལྟར་འཕགས་མ་སྒྲོལ་མའི་ཆོ་ག་འདི༔ དབྱངས་ཅན་སྤྲུལ་པ་ཡེ་ཤེས་མཚོ་རྒྱལ་མ༔ རང་བྱུང་སྤྲུལ་སྐུ་པདྨ་རྒྱལ་པོས་གདམས༔ ཚིག་དོན་གནས་ལ་རྟོག་གེས་བཅོས་མི་རུང་༔ མ་འོངས་མཚོ་རྒྱལ་སྤྲུལ་པ་ཉི་ཤུ་གཅིག༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཀུན་ཏུ་འབྱུང་༔ ལས་ཅན་སྐྱེས་བུ་གསང་སྨེས་སྤྲས་པ་ཞིག༔ བྱ་འམ་ཁྱི་ཡི་ལོ་པ་རྒྱལ་གྱི་མིང་༔ དེ་ལ་ཚིག་རིས་དབྱིངས་ལས་འཇའ་ཚོན་ལྟར༔ ཐོགས་པ་མེད་པར་ཤར་བ་བྱིན་རླབས་མྱུར༔ ལས་སྐལ་ལྡན་པ་རྣམས་ཀྱིས་དང་དུ་ལོངས༔ བྱིན་རླབས་བཀའ་དང་དགོངས་གཏེར་སྙན་བརྒྱུད་རྫོགས༔ ལྷ་དང་བླ་མས་རྗེས་སུ་གནང་བ་བྱིན༔ ཉམས་སུ་བླང་བས་འདི་འམ་ཕྱི་མ་དང་༔ བར་མ་དོ་རུ་འཕགས་མས་རྗེས་སུ་འཛིན༔ དེ་ཕྱིར་སྙིང་གི་དྭངས་མ་མཆོག་ཏུ་ཟུངས༔ ཞེས་གསུངས་པ་དེ་ཉིད་ཀྱི་སྒོ་ནས་དབང་བསྐུར་བ་ལ་སློབ་དཔོན་གྱི་བགྱི་འོས་རྣམས་བླ་མ་དམ་པའི་ཕྱག་ལེན་ལས་བྱུང་བ་བཞིན་ཆད་ལྷག་མེད་པ་སྔོན་དུ་སོང་། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་བླ་མ་དང་རྗེ་བཙུན་སྒྲོལ་མ་དབྱེར་མེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་ཞིང་ཁམས་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་བླ་མ་ཉིད་རྗེ་བཙུན་སྒྲོལ་མའི་རྣམ་པར་མངོན་སུམ་བཞུགས་ཡོད་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་འདི་ཡི་རྗེས་ཟློས་མཛོད། དུས་གསུམ་འགྲོ་འདྲེན་བླ་མ་སྤྲུལ་པའི་སྐུ༔ སོགས། སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་ན་བླ་མ་དང་དབྱེར་མེད་པའི་རྗེ་བཙུན་སྒྲོལ་མ་ལ་ཏཱ་རེ་ཉེར་གཅིག་སོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་ཡོད་པའི་སྤྱན་སྔར་བདག་དང་ཕ་མའི་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ། དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ སོགས། སེམས་བསྐྱེད་པ་ནི། རང་དོན་ཁོ་ནས་དགེ་རྩ་གང་བསྒྲུབས་ཀྱང་ཐེག་དམན་གྱི་ལམ་ཡིན་ལ། གཞན་དོན་ལ་དམིགས་པའི་དགེ་རྩ་གང་བསྒྲུབས་ཀྱང་ཐེག་ཆེན་གྱི་ལམ་ཡིན་པས་ན་བདག་གིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་སྙམ་དུ་འདིའི་རྗེས་ཟློས་མཛོད། ཁམས་གསུམ་འགྲོ་ཀུན་སངས་རྒྱས་འཐོབ་བྱའི་ཕྱིར༔སོགས། དེ་ནས་སྡོམ་པ་བཟུང་བ་ནི། གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་རིགས་ལྔའི་སྡོམ་པ་དང་། དམ་ཚིག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་དུ་འདིའི་རྗེས་ཟློས་མཛོད། བདག་གིས་གཞན་གནོད་སྤང་ཕྱིར་སོ་ཐར་དང༔ སོགས། གདོང་གཡོག་ནི། སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོང་སྟེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་གསར་བ་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་གདོང་རས་དམར་པོ་རེས་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵུ་བྷན་དྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ༔ ཞེས་མིག་དར་བཅིངས༔ དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཕྱག་ཏུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་རེ་བཟུང་བའི་མོས་པ་མཛོད། ཨོཾ་ཨཱ་ཁཾ་ཝི་ར་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པ་སོགས་གཞུང་ལྟར་རོ།། དེ་ནས་རིགས་བརྟག་པའི་ཕྱིར་མེ་ཏོག་དོར་བ་ནི། རང་གི་ལས་འབྲེལ་ཡོད་པའི་ལྷ་ལ་དབབ་པར་ཤོག་སྙམ་དུ་འདིའི་རྗེས་ཟློས་དང་བཅས་དེ་ལྟོས་པ་མེད་པར་དོར། བདག་དང་སྔོན་ནས་འབྲེལ་བའི་ཡི་དམ་ལྷས༔ སོགས། གདོང་གཡོགས་བཀྲོལ་བ་འདི་སྐད་དོ། མ་རིག་པའི་གཉིས་འཛིན་གྱིས་ལྡོང་བའི་ལིང་ཐོག་བསལ་ནས་ཆོས་སྐུ་དྲི་མ་མེད་པའི་ཞལ་མངོན་སུམ་དུ་མཇལ་བའི་མོས་པ་མཛོད་ལ་འདིིིའི་རྗེས་ཟློས་མཛོད། ཀྱེ་ཧོ༔སྐལ་ལྡན་ཁྱོད་ཀྱི་རིག་པའི་མིག༔ སོགས། དེ་ནས་བུམ་དབང་དང་ལྷ་དབང་ཡོངས་རྫོགས་བསྐུར་བས་ལུས་ཀྱི་སྒྲིབ་པ་དག །བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབ། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གསང་དབང་ནི༔ ཧཱུྃ་ཧྲཱིཿ ཀུན་བརྟགས་བྷན་དྷ་ཡངས་པའི་སོགས་ནས། སྭཱ་ཧཱ་བདེ་བའི་གཞི་འཛུགས་ཤོག༔ དེ་ལྟར་གསང་དབང་ཐོབ་པས་ངག་གི་སྒྲིབ་པ་དག །ལམ་རྩ་རླུང་སྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། ཀྱེ་ཧོ༔སྐལ་ལྡན་རྨ་བྱས་དུག་ཟོས་ཀྱང༔སོགས་ནས། ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །ལམ་ཐིག་ལེ་བསྒོམ་པ་ལ་དབང་། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ཆོས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། ཆོས་ཀུན་སྟོང་པ་ཉོན་ཤེས་ཀྱི༔ སོགས་ནས། དེ་ཕྱིར་གང་ཤར་རང་སར་ཞོག༔ ཅེས་བརྗོད། དེ་ལྟར་ཚིག་དབང་རིན་པོ་ཆེ་བསྐུར་བས་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་དག །ལམ་རྫོགས་པ་ཆེན་པོ་སྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ།། དེ་དང་རྗེས་འབྲེལ་དུ་ཕྱག་མཚན་ཨུཏྤལ་དང་། ཆོས་འཁོར་གཏད་པ། གཏོར་དབང་བསྐུར་བ། གསོལ་བ་འདེབས་པ་དང་འབྲེལ་བའི་གླེགས་བམ་བཀའ་གཏད་དང་། མཐའ་རྟེན་གྱི་རིམ་པ་སྤྱི་ལྟར་བསྐུར་བར་བྱས་ལ། རྗེས་ལ་མཎྜལ་འབུལ་བ་དམ་ཚིག་ཁས་བླང་དང་། བཀྲ་ཤིས་བརྗོད་པ་དགའ་སྟོན་ཚོགས་འཁོར་བྱ་བ་སོགས་གོང་སྨོས་ཕྱག་བཞེས་ལྟར་བསྒྲུབ་པར་བྱའོ། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས། །ཚེ་འདིར་མྱུར་གྲོལ་དབང་མཆོག་ནོར་ཕྲེང་གི། །ཆོས་བཤད་ལོ་རྒྱུས་འདི་འདྲ་དགོས་གསུངས་པ། །པདྨའི་ཟབ་ཆོས་དགོངས་གཏེར་བཀའ་བབ་པ། །རིག་འཛིན་ལུང་རིག་གླིང་པའི་བཀའ་ཕེབས་བཞིན། །བཙུན་པ་རིག་འཛིན་བཟང་པོས་བྲིས་པ་འདིས། །འབྲེལ་ཚད་པདྨ་འོད་དུ་གྲོལ་བར་ཤོག །

དབང་ཆོག་ནོར་བུའི་ཕྲེང་བ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ ཚེ་འདིར་མྱུར་གྲོལ་དབང་ཆོག་ནོར་བུའི་ཕྲེང་བ་བཞུགས༔

ཤེས་རབ་དབྱིངས་ཀྱི་ཡུམ་ལ་འདུད༔ སྤྲུལ་པའི་ཕོ་བྲང་པོ་ཊ་ལར༔ ཐུགས་རྗེའི་ལྷ་མཆོག་པདྨ་འཛིན༔ མཚོ་སྐྱེས་རང་བྱུང་སྤྲུལ་སྐུ་ངས༔ འཕགས་མའི་རྒྱུད་དང་སྒྲུབ་ཐབས་བསྡུས༔ དབང་མཆོག་སྨིན་གྲོལ་ནོར་བུ་འདི༔ སྐལ་ལྡན་ཚེ་འདིར་གྲོལ་ཕྱིར་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་སྦྱོར་བ་དབེན་གནས་སུ༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་༔ རྡུལ་ཚོམ་རས་དཀྱིལ་སྐབས་དང་བསྟུན༔ དབུས་སུ་བུམ་པ་བཅུད་ལྡན་ལ༔ འབྲས་ཅན་ཤིང་དང་རྨ་བྱས་བརྒྱན༔ གཟུངས་རྡོར་འཕགས་མའི་སྐུ་ཡང་གཟུགས༔ ཤར་དུ་དབྱངས་གསལ་དབྱངས་ཅན་སྐུ༔ ལྷོ་རུ་པྲོག་ཞུ་མ་རི་ཙྱཻ༔ ནུབ་ཏུ་ལྕགས་ཀྱུ་དབང་མོའི་གཟུགས༔ བྱང་དུ་གཏེར་བུམ་ནོར་རྒྱུན་མའི༔ སྐུ་དང་འཁོར་རྣམས་གཟུགས་བརྙན་འགོད༔ གཞན་ཡང་བྷན་དྷ་ཨ་མྲྀ་ཏ༔ ཤེལ་དང་མེ་ལོང་རྨ་བྱའི་མདངས༔ ཕྱག་མཚན་གཏོར་མ་ལྷ་ཡི་གྲངས༔ མཐའ་བསྐོར་ཉེར་སྤྱོད་མཐའ་རྟེན་བཅས༔ མན་ངག་གཞན་དང་མཐུན་པར་བྱ༔ དེ་ནས་བདག་མདུན་དབྱེར་མེད་སྒྲུབ༔ ཁྱད་པར་བུམ་པ་གཞལ་ཡས་ཁང་༔ མཚན་ཉིད་ཡོངས་རྫོགས་གདན་གྱི་དབུས༔ ཏཱཾ་ཡིག་ལྗང་ཁུའི་འཕྲོ་འདུ་ལས༔ འཕགས་མ་གཙོ་འཁོར་ཡོངས་རྫོགས་བསྐྱེད༔ རང་སྲོག་སྔགས་ཀྱི་འོད་ཟེར་ནི༔ བུང་བས་ཚང་ཚོལ་ཇི་བཞིན་དུ༔ སྔགས་སྒྲ་དང་བཅས་གཟུངས་ཐག་འཁྲིལ༔ བུམ་ལྷའི་ཐུགས་ཀར་ཕོག་པའི་མོད༔ བདེ་སྟོང་ཡེ་ཤེས་རབ་ཏུ་རྒྱས༔ སྐུ་དང་ཐུགས་ཀའི་ཏཱཾ་སྔགས་ཕྲེང་༔ བཻཌཱུར་ཞུན་མའི་ཁུ་བ་ལྟར༔ བདུད་རྩིའི་རྒྱུན་བབས་བུམ་པ་གང་༔ ཡེངས་མེད་ངང་ནས་སྔགས་འདི་བཟླ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཨ་བྷི་ཥིཉྩ་སརྦ་སིདྡྷི་ཧཱུྃ་ཨཿ བརྒྱ་སྟོང་བསྙེན་པའི་ཁ་ཡང་གསོ༔ སྐབས་སུ་མཆོད་བསྟོད་འདོད་དོན་ལ༔ གསོལ་བ་གདབ་པ་འདི་བཞིན་བྱ༔ ཨོཾ་ཨཱཿཧཱུྃ༔ རྗེ་བཙུན་སྒྲོལ་མ་དུས་གསུམ་རྒྱལ་བའི་ཡུམ༔ བདག་དང་སྐལ་ལྡན་སློབ་མའི་ཚོགས་རྣམས་ཀྱི༔ སྒྲིབ་གཉིས་བག་ཆགས་དག་པར་མཛད་དུ་གསོལ༔ ཚེ་བསོད་དགེ་ཚོགས་འཕེལ་བར་མཛད་དུ་གསོལ༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྩལ་དུ་གསོལ༔ ས་བཅུའི་ཡོན་ཏན་ཚེ་འདིར་ཐོབ་མཛད་གསོལ༔ དེ་ལྟར་གསོལ་བ་བཏབ་རྗེས་སུ༔ མདུན་བསྐྱེད་བདེ་གཤེགས་དཔོན་སློབ་ལ༔ དྲི་བཅས་བདག་ཉིད་སློབ་མ་ཡིས༔ དབང་བཞི་ཡོངས་རྫོགས་ལེན་པ་འམ༔ ཡང་ན་ཆོ་གའི་དངོས་གྲུབ་ཀྱི༔ ཚིག་དེས་བདག་ཉིད་ནུས་ལྡན་བྱ༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ བསྙེན་བཟླས་མཆོད་བསྟོད་འོད་ཞུ་བྱ༔ ས་མ་ཡཱ༔ དེ་ནས་སློབ་མ་མདུན་དུ་འཁོད༔ ཁྲུས་བྱས་བགེགས་ཚོགས་གཏོར་མས་བརྔན༔ རྒྱ་མཚོའི་མཐར་བསྐྲད་སྲུང་འཁོར་བསྒོམས༔ ཆོས་བཤད་སྤྱི་ཡིས་བློ་བཅོས་ཤིང་༔ འཕགས་མའི་གསང་གསུམ་ཆེ་བ་དང་༔ གདམས་པ་འདི་ཡི་ལོ་རྒྱུས་ཀྱིས༔ ངེས་ཤེས་བསྐྱེད་རྗེས་མཎྜལ་འབུལ༔ གསོལ་བ་གདབ་པ་འདི་བཞིན་བྱ༔ དུས་གསུམ་འགྲོ་འདྲེན་བླ་མ་སྤྲུལ་པའི་སྐུ༔ བདག་རྒྱུད་སྨིན་ཕྱིར་རྗེ་བཙུན་འཕགས་མ་ཡི༔ དབང་བཞིའི་ཆུ་བོས་སྒྲིབ་བཞི་རབ་སྦྱངས་ནས༔ སྐུ་བཞིའི་གོ་འཕང་ཐོབ་པར་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་བཏབ༔ དེ་ནས་བླ་མས་འདི་སྐད་དོ༔ ཀྱེ་ཧོ༔ སྐལ་ལྡན་བུ་རྣམས་ལེགས་པར་གསོན༔ དུག་ལྔ་ཡེ་ཤེས་ལྔ་རུ་གནས་འགྱུར་ནས༔ ཚེ་འདིར་སངས་རྒྱས་མ་བསྒྲུབས་མྱུར་ཐོབ་པའི༔ དབང་མཆོག་འདི་འདྲ་འཇིག་རྟེན་ཁམས་སུ་དཀོན༔ འོན་ཀྱང་དམ་ཚིག་ཚུལ་བཞིན་བསྲུང་ནུས་སམ༔ ཞེས་པའི་ལན་དུ་འདི་སྐད་ཞུ༔ བདག་ཅག་སྐལ་ལྡན་དད་ཅན་ཚོགས་རྣམས་ཀྱིས༔ རྡོ་རྗེ་སློབ་དཔོན་དམ་པའི་བཀའ་བཞིན་དུ༔ དམ་ཚིག་སྡོམ་པ་ཚུལ་བཞིན་ལེགས་བསྲུངས་ནས༔ སངས་རྒྱས་བསྟན་དང་འགྲོ་དོན་བརྩོན་འགྲུས་བྱ༔ དེ་སྐད་ཞུས་མཐར་ཐོག་མར་སྡོམ་ཀུན་གྱི༔ རྩ་བ་མདུན་མཁར་འཕགས་མ་སྐྱབས་གནས་ཀུན༔ གསལ་གདབ་སྐྱབས་སུ་འགྲོ་བ་འདི་སྐད་དོ༔ ན་མོཿ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་ཐོབ་བྱའི་ཕྱིར༔ དཀོན་མཆོག་གསུམ་དངོས་རྗེ་བཙུན་འཕགས་མ་ལ༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ ལན་གསུམ་བརྗོད་རྗེས་སེམས་བསྐྱེད་པ༔ ཚིག་འདིས་རྗེས་སུ་སེམས་གཞོལ་བས༔ ཁམས་གསུམ་འགྲོ་ཀུན་སངས་རྒྱས་འཐོབ་བྱའི་ཕྱིར༔ རྗེ་བཙུན་འཕགས་མའི་ལྷ་ཚོགས་བསྒྲུབས་ནས་ནི༔ རྟག་ཏུ་གཞན་ཕན་བློ་དང་མ་བྲལ་བར༔ ཕ་རོལ་ཕྱིན་དྲུག་ཡང་དག་སྤྱད་པར་བགྱི༔ སླར་ཡང་སྡོམ་བཟུང་འདི་བཞིན་རྗེས་སུ་ཟློས༔ བདག་གིས་གཞན་གནོད་སྤངས་ཕྱིར་སོ་ཐར་དང་༔ གཞན་ཕན་བྱང་ཆུབ་སེམས་ལ་བློ་སྦྱངས་ནས༔ རིག་འཛིན་སྔགས་ཀྱི་དམ་ཚིག་མ་ལུས་པ༔ རིགས་ལྔའི་སྡོམ་པར་བསྡུས་ཏེ་ཚུལ་བཞིན་སྲུངས༔ དེ་ནས་སློབ་མ་གདོང་གཡོགས་དམར་པོས་དཀྲི༔ མེ་ཏོག་ལག་ཏུ་ཐོགས་ཕྱིར་སྔགས་འདི་བརྗོད༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ དེ་ནས་དངོས་གཞིའི་དབང་ཐོབ་ཕྱིར༔ ཡེ་ཤེས་དབབ་པའི་དམིགས་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཞེས་པས་སྣོད་བཅུད་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སློབ་མ་ཡི༔ རིག་པ་ཏཱཾ་ཡིག་ལྗང་གུ་ལས༔ གཙོ་མོའི་སྐུ་རུ་ལམ་གྱིས་གསལ༔ གནས་གསུམ་ཡི་གེ་འབྲུ་གསུམ་དང་༔ ཐུགས་སྲོག་སྔགས་ཀྱི་འཕྲོ་འདུ་ལས༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམས༔ བྱིན་དབབ་རོལ་མོ་སྤོས་དུད་བཅས༔ ཧཱུྃ་ཧྲཱིཿ བྱིན་ཆེན་ངོ་མཚར་རྨད་དུ་བྱུང་བའི་གནས༔ རང་བྱུང་ཆོས་དབྱིངས་སྤྲོས་བྲལ་ཀློང་ཡངས་ནས༔ འགགས་མེད་གཟུགས་སྐུ་སྒྱུ་འཕྲུལ་དྲ་བའི་གར༔ རྗེ་བཙུན་སྒྲོལ་མ་འཕགས་མཆོག་ཐུགས་རྗེའི་ལྷ༔ བཞེངས་ཤིག་རྩ་གསུམ་རྒྱ་མཚོ་སྤྲུལ་འཁོར་བཅས༔ སྔོན་བསྐྱེད་དམ་བཅའི་ཐུགས་རྗེ་མ་གཡེལ་བར༔ བདག་དང་སྐལ་ལྡན་མོས་པའི་བུ་རྣམས་ཀྱིས༔ ལུས་ངག་ཡིད་ལ་བྱིན་ཆེན་དབབ་ཏུ་གསོལ༔ བགེགས་དང་ལོག་འདྲེན་འཇིགས་བརྒྱད་བསལ་དུ་གསོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་པས་བྱིན་ཆེན་དབབ་རྗེས་ཡེ་ཤེས་པ་བསྟིམས༔ ཏིཥྛ་བཛྲ་ས་མ་ཡེ་ཨཱཿཧཱུྃ༔ དེ་རྗེས་དཀྱིལ་འཁོར་སྒོ་བཞི་ནས༔ ཕྱག་འཚལ་འདུན་པས་འདིའི་རྗེས་ཟློས༔ ཨོཾ་ན་མཿསརྦ་ཏ་ཐ་ག་ཏཱ་ན་མ་ཏེ་ཧཱུྃ༔ ན་མ་མེ་ཧཱུྃ༔ ན་མོ་ན་མ་ཧཱུྃ༔ སྔགས་ཚིག་ལན་བཞིར་བརྗོད་རྗེས་སུ༔ སྒོ་དབྱེ་གསོལ་བ་འདི་བཞིན་གདབ༔ ཀྱེ་ཧོ་འཆི་མེད་སྲས་མོ་རྣམ་པ་བཞི༔ ཚད་མེད་སྒོ་བཞི་གཉིས་འཛིན་རྟོག་པས་བསྒྲིབས༔ རང་བྱུང་འཕགས་མའི་རང་ཞལ་བལྟ་བའི་ཕྱིར༔ ཡེ་ཤེས་བཞི་ཡི་སྒོ་བཞི་དབྱེ་རུ་གསོལ༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ ཚེ་རབས་འབྲེལ་བའི་རིགས་ཀྱི་ལྷ་བརྟག་ཕྱིར༔ འདབ་བཞི་ཕྱོགས་མདོག་རེ་ཁཱར་མེ་ཏོག་འབུལ༔ བདག་དང་སྔོན་ནས་འབྲེལ་བའི་ཡི་དམ་ལྷས༔ བདག་གི་རིག་པའི་མེ་ཏོག་བཞེས་སུ་གསོལ༔ བདག་ལ་མཆོག་ཐུན་ལས་བཞིའི་ཕྲིན་ལས་ཀྱིས༔ དེར་མཐུན་དངོས་གྲུབ་གེགས་མེད་བསྩལ་དུ་གསོལ༔ བཛྲ་པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་བརྗོད་དཀྱིལ་འཁོར་ལ་དོར་བས༔ དབུས་སུ་ཆོས་དབྱིངས་རང་གྲོལ་ལམ༔ མོ་ལ་དབང་མོ་དེ་བཞིན་དུ༔ ཕྱོགས་བཞིར་ལས་བཞིའི་མིང་གི་རྗེས༔ མྱུ་གུ་རྩལ་དང་དབང་མོ་དང་༔ མཚམས་བཞིར་རིག་རྩལ་བཞད་པར་གདགས༔ དེ་ནས་རང་གི་ལྷག་པའི་ལྷས༔ མེ་ཏོག་སྤྱི་བོར་བསྩལ་འདུན་གྱིས༔ བླ་མས་སློབ་མར་གསང་མིང་དང་༔ ལྷན་ཅིག་པདྨའི་གཙུག་ཏུ་བཀོད༔ མ་རིག་ལིང་ཐོག་བསལ་དམིགས་ནས༔ གདོང་གཡོགས་བཀྲོལ་བ་འདི་སྐད་དོ༔ ཀྱེ་ཧོ་སྐལ་ལྡན་ཁྱོད་ཀྱི་རིག་པའི་མིག༔ གློ་བུར་འཁྲུལ་བའི་ལིང་ཐོག་གིས་བསྒྲིབས་པ༔ དེ་བསལ་ན་ནི་ཆོས་སྐུ་དྲི་བྲལ་ཞལ༔ ཐོགས་མེད་མཐོང་ཕྱིར་མཚོན་བྱེད་མིག་རས་བསལ༔ སློབ་དཔོན་གསེར་ཐུར་ཐོགས་ནས་དཀྱིལ་འཁོར་བསྟན༔ དེ་ནས་སློབ་དཔོན་གྱིས་གསེར་ཐུར་ཐོགས་ཏེ་དཀྱིལ་འཁོར་གྱི་མཚན་ཉིད་བསྟན་པ་འདི་ལ་བསམ་པའི་ཁྱད་པར་གདའ༔ ཀྱེ་ཧོ་ལྟོས་ཤིག་སྐལ་ལྡན་སེམས་ཀྱི་བུ༔ དོན་དམ་དཀྱིལ་འཁོར་མཚན་འཛིན་ལས་གྲོལ་ཀྱང་༔ ཀུན་རྫོབ་དོན་ལ་བརྡ་རྟགས་གཉིས་ལ་བརྟེན༔ སྒོ་བཞིར་བྱུང་བ་ཚད་མེད་རྣམ་པ་བཞི༔ ཕྱོགས་མཐུན་གྲུ་ཆད་ལས་བཞི་ལྷུན་གྱིས་གྲུབ༔ འདོད་སྣམ་དམར་པོ་འདོད་ཡོན་མ་སྤངས་གྲོལ༔ ཕ་གུ་སེར་པོ་ཚོགས་གཉིས་ཤུགས་ཀྱིས་བསགས༔ ཤར་དུ་དཀར་པོ་དྲན་པ་ཉེ་བར་བཞག༔ རྟ་བབས་བརྒྱད་པ་འཕགས་ལམ་ཡང་དག་འགྲུབ༔ པད་འདབ་ཉི་ཤུ་ཉེ་ཉོན་རང་སར་དག༔ དབུས་ལྗང་ལྟེ་བ་རིག་པ་སྒྲིབ་སྐྱོན་བྲལ༔ མཐའ་བསྐོར་ཁྲུས་རྫིང་ཚོགས་བརྒྱད་གནས་སུ་དག༔ ཐབས་ཤེས་ཟུང་འཇུག་རི་དྭགས་ཕོ་མོས་བརྒྱན༔ རང་བཞིན་གཞི་རྫོགས་གདུགས་དང་ཆོས་འཁོར་ལྡན༔ གནས་སྐབས་བདེ་ཕྱིར་ཡོ་བྱད་ཕུན་སུམ་ཚོགས༔ མཐར་ཐུག་བསླུ་མེད་རིག་པ་རང་བཞིན་སྟོང་༔ ཐུགས་རྗེ་འགགས་མེད་རྩལ་སྣང་ཅིར་ཡང་འཆར༔ ཨེ་མ་ངོ་མཚར་དབྱིངས་ཀྱི་ལྷ་ཞལ་ལྟོས༔ རྣམ་ཤེས་གནས་དག་འཇིགས་སྐྱོབ་སྒྲོལ་མ་བརྒྱད༔ བསྡུ་དངོས་བཞི་མཚོན་ཚད་མེད་སྒོ་སྐྱོང་བཞི༔ ཀུན་འདུས་ཤེས་རབ་ཕར་ཕྱིན་རྗེ་བཙུན་མ༔ ཡེ་ནས་རང་དང་འབྲལ་མེད་རང་ངོར་ལྟོས༔ སློབ་མས་མོས་གུས་ཡང་ཡང་བསྐྱེད༔ མཐའ་བྲལ་གཤིས་ཀྱི་རང་གདངས་བསྐྱངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དངོས་གཞི་བུམ་པ་སྐུ་ཡི་དབང་༔ བདུད་རྩི་གསུང་ལ་ཤེལ་རྡོ་ཐུགས༔ ཡོན་ཏན་ཕྱག་མཚན་ཕྲིན་ལས་ནི༔ མཐའ་རྟེན་གཏོར་མའི་རིམ་པའོ༔ ཞེས་གསུངས་པས༔ ༧ ཐོག་མར་སྤྲོས་བཅས་བུམ་དབང་ཆེན་པོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ༔ སློབ་མས་ཕྱག་བྱས་མཎྜལ་འབུལ༔ བུམ་པའི་དབང་བསྐུར་ཞུ་བའི་ཕྱིར༔ གསོལ་བ་བཏབ་པ་འདི་བཞིན་ནོ༔ ཀྱེ་ཧོ་རྗེ་བཙུན་ཐུགས་རྗེའི་བདག་ཉིད་ཆེ༔ མ་དག་ཐ་མལ་སྣང་ཞེན་ལྷ་སྔགས་སུ༔ གནས་དག་བསྐྱེད་རིམ་གོམས་པ་མཐར་ཕྱིན་ཕྱིར༔ བུམ་པའི་དབང་གིས་བདག་རྒྱུད་སྨིན་པར་མཛོད༔ ལན་གསུམ་གསོལ་རྗེས་དབུས་ཀྱི་བུམ་པ་ཡི༔ དབང་སྐུར་མཚོན་བྱེད་ཚིག་འདིས་གསལ་གདབ་བྱ༔ ཧཱུྃ༔ སྐུ་གསུམ་རང་གསལ་ཆོས་དབྱིངས་བུམ་པ་རུ༔ ཐུགས་རྗེ་འགགས་མེད་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་ཞེན་རྟོག་ཐ་མལ་སྒྲིབ་པ་དག༔ མཚན་དཔེ་ཡོངས་རྫོགས་སྤྲུལ་སྐུ་ཐོབ་པར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱི་བོར་བཞག་ཅིང་བུམ་ཆུ་བླུད༔ དེ་ནས་གཙོ་མོའི་སྐུ་ཐོགས་ཏེ༔ སྤྱི་བོར་བཞག་ལ༔ ཧཱུྃ་ཧྲཱིཿ བསྐལ་མང་གོང་ནས་མངོན་པར་སངས་རྒྱས་ཀྱང་༔ རྩོད་ལྡན་ཉམ་ཐག་འགྲོ་བ་དབུགས་དབྱུང་ཕྱིར༔ རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྗེ་བཙུན་མ༔ སེང་ལྡིང་ནགས་ཀྱི་སྒྲོལ་མའི་དབང་བསྐུར་བས༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ནས༔ སྲིད་ལས་འགྲོ་ཀུན་སྒྲོལ་ནུས་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ད་ན་ཏྲ་ཡ་ཨ་བྷི་ཧཱུྃ༔ ཞེས་པས་དབང་བསྐུར་ལྷ་དང་རང་སེམས་བསྲེ༔ ཡུམ་དོན་མཉམ་བཞག་དབང་གི་མཐར་ཐུག་གོ༔ ཤར་གྱི་དབྱངས་ཅན་མའི་སྐུ་དང་དབྱངས་གསལ་མགྲིན་པར་བཞག་སྟེ༔ ཧཱུྃ་ཧྲཱིཿ ངག་གི་ལྷ་མོ་ཤེས་རབ་ཕུན་སུམ་ཚོགས༔ བློ་གྲོས་དཔལ་སྩོལ་དབྱངས་ཅན་འཕགས་མ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ གཏི་མུག་གླང་པོའི་འཇིགས་པ་ལས་གྲོལ་ནས༔ ནད་གདོན་བར་ཆད་ཞི་བའི་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པྲཛྙཱ་ཧྲཱིང་ཧྲཱིང་ཨ་བྷི་ཥིཉྩ་ཧཱུྃ༔ དབྱངས་གསལ་བརྗོད་ཅིང་མགུལ་དུ་བཞག༔ ལྷོ་ཡི་རིན་པོ་ཆེའི་པྲོག་ཞུ་དང་༔ འོད་ཟེར་ཅན་གྱི་སྐུ་སྙིང་གར་གཏུགས་ཏེ༔ ཧཱུྃ་ཧྲཱིཿ རྟག་ཆད་མཐའ་བཞི་ལས་གྲོལ་དབྱིངས་ཀྱི་ཡུམ༔ དཔལ་འབྱོར་རྒྱས་མཛད་འོད་ཟེར་ཅན་མ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ལྟ་ངན་རྐུན་པོའི་འཇིགས་པ་ལས་གྲོལ་ནས༔ ཚེ་བསོད་ཡོན་ཏན་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱཻ་མཾ་མ་ཧཱ་པུཎྱཻ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཀྱི་ལྕགས་ཀྱུ་ལེ་བརྒན་རིག་བྱེད་མའི་སྐུ་ལྟེ་བར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྲིད་པའི་རྩ་བ་ཆགས་པའི་སྐྱོན་ལས་གྲོལ༔ ཁམས་གསུམ་ཡིད་འགུགས་ཀུ་རུ་ཀུལླེ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ འདོད་ཆགས་ཆུ་བོའི་འཇིགས་པ་ལས་གྲོལ་ནས༔ སྲིད་གསུམ་དབང་དུ་སྡུད་ནུས་དབང་ཐོབ་ཤོག༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ་ཧྲཱིཿཨ་བྷི་ཥིཉྩ་ཧཱུྃ༔ བྱང་གི་གཏེར་བུམ་དང་ནོར་རྒྱུན་མའི་སྐུ་གསང་བར་བཞག་སྟེ༔ ཧཱུྃ་ཧྲཱིཿ འཁྲུལ་རྟོག་སྲེད་ལེན་ཞེན་པ་རང་གྲོལ་ཡང་༔ མི་ཟད་འདོད་རྒུའི་འབྱུང་གནས་ནོར་རྒྱུན་མས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ སེར་སྣ་ལྕགས་སྒྲོག་འཇིགས་པ་ལས་གྲོལ་ནས༔ ལོག་འདྲེན་ཚར་གཅོད་མཐུ་ནུས་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བ་སུ་དྷ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ མྱུར་མ་དཔའ་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ བྱམས་པ་ཚད་མེད་རྗེ་བཙུན་མ༔ མྱུར་མ་དཔའ་མོའི་དབང་བསྐུར་བས༔ ཞེ་སྡང་མེ་ཡི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བསོད་ནམས་དཔལ་སྟེར་གྱི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྙིང་རྗེ་ཚད་མེད་རྗེ་བཙུན་མ༔ བསོད་ནམས་དཔལ་སྟེར་དབང་བསྐུར་བས༔ ང་རྒྱལ་སེང་གེའི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ མ་ཧཱ་པུཎྱཻ་ཨ་བྷི་ཥིཉྩ་ཧཱུྃ༔ དགའ་བ་བརྒྱད་ལྡན་འཇིག་རྟེན་གསུམ་རྒྱལ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ དགའ་བ་ཚད་མེད་རྗེ་བཙུན་མ༔ འཇིག་རྟེན་གསུམ་རྒྱལ་དབང་བསྐུར་བས༔ ཐེ་ཚོམ་ཤ་ཟའི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ ལོ་ཀ་པ་ཤཾ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ལས་རྣམ་པར་རྒྱལ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ བཏང་སྙོམས་ཚད་མེད་རྗེ་བཙུན་མ༔ གཞན་ལས་རྣམ་རྒྱལ་དབང་བསྐུར་བས༔ ཕྲག་དོག་སྦྲུལ་གྱི་འཇིགས་ལས་གྲོལ༔ འཕགས་མའི་གསང་གསུམ་མངོན་གྱུར་ཤོག༔ བི་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ དགྲ་དཔུང་འཇོམས་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ འགྲོ་ལ་མི་འཇིགས་སྦྱིན་མཛད་རྗེ་བཙུན་མ༔ དགྲ་དཔུང་འཇོམས་མཛད་རྡོ་རྗེ་སྡེར་མོ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ལྷ་བུའི་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ བཛྲ་རུ་དྷཱི་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་མི་རྒྱལ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ འགྲོ་དྲུག་སྙན་པའི་དབུགས་དབྱུང་རྗེ་བཙུན་མ༔ གཞན་མི་རྒྱལ་མཛད་དཔའ་མོ་ཆེན་མོ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ཉོན་མོངས་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ ས་ར་ཛ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་བཏགས༔ འཇིགས་བྱེད་ཆེན་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ འགྲོ་བའི་དོན་མཐུན་མཛད་པ་མཐར་ཕྱིན་པའི༔ བདུད་དཔུང་ཟིལ་གནོན་འཇིགས་བྱེད་ཆེན་མོ་ཡིས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ ཕུང་པོའི་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ མ་ཧཱ་བྷ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་བཏགས༔ གཞན་གྱིས་མི་ཐུབ་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ རྒྱལ་སྲས་ཆེན་པོའི་སྤྱོད་པ་མ་ལུས་པ༔ མཐར་སོན་རྒྱལ་མཚན་རྩེ་མོ་མི་ཐུབ་མས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ འཆི་བདག་བདུད་ལས་རྣམ་རྒྱལ་དབང་ཐོབ་ཤོག༔ དྷྭ་ཛ་ཨ་གྲ་གེ་ཡུ་ར་ཨ་བྷི་ཥིཉྩ་ཧཱུྃ༔ རྩ་སྔགས་ཤམ་བུར་ ཨ་བྷི་ཥིཉྩ་བཏགས༔ བཀྲ་ཤིས་དོན་བྱེད་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ དབུལ་བའི་འཇིགས་སྐྱོབ་རྗེ་བཙུན་མ༔ བཀྲ་ཤིས་དོན་བྱེད་སེར་མོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལེགས་ཚོགས་མ་ལུས་འཕེལ་བར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མཾ་ག་ལ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ༔ རྨ་བྱ་ཆེན་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ ཀླུ་ཡི་ནད་སེལ་རྗེ་བཙུན་མ༔ རིག་སྔགས་རྨ་བྱ་ཆེན་མོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཐོང་ཐོས་དྲན་རེག་དུག་ཞི་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་མ་ཧཱ་མ་ཡུ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ མི་ཕམ་རྒྱལ་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ རྒྱལ་པོའི་ཆད་པ་ལས་གྲོལ་བའི༔ གཙུག་ཏོར་རྒྱལ་མོ་མི་ཕམ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱད་ཕུར་གཡུལ་ལས་རྣམ་རྒྱལ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཨུཥྞི་ཥ་སི་ཏ་ཏ་པ་ཏྲེ་ཨ་བྷི་ཥིཉྩ་ཧཱུྃ༔ སོ་སོར་འབྲང་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ གཉེན་དང་བྲལ་བའི་འཇིགས་པ་ལས༔ སྐྱོབ་མཛད་སོ་སོར་འབྲང་མ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་ལྡན་གཉེན་དང་མི་འབྲལ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཎི་བཛྲི་ཨ་བྷི་ཥིཉྩ་ཧཱུྃ༔ རབ་ཏུ་ཞི་བ་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ མངོན་མཐོ་ངེས་ལེགས་འདོད་དོན་ཉམས་པ་ལས༔ སྐྱོབ་མཛད་རབ་ཏུ་ཞི་བའི་དབང་བསྐུར་བས༔ དགེ་ཚོགས་འདོད་དོན་ཆོས་མཐུན་ལེགས་འགྲུབ་ནས༔ ཞི་བའི་ཕྲིན་ལས་ཀུན་ལ་དབང་འབྱོར་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཤནྟིཾ་ཨ་བྷི་ཥིཉྩ་ཧཱུྃ༔ སྟོང་ཆེན་རབ་འབྱམས་ཀྱི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྡེ་བརྒྱད་མ་རུངས་གནམ་ལྕགས་འབེབས་པ་ལས༔ སྐྱོབ་མཛད་སྟོང་ཆེན་རབ་འབྱམས་དབང་བསྐུར་བས༔ འཇིགས་རུང་རྐྱེན་ངན་མ་ལུས་རབ་འཇོམས་ནས༔ ཚེ་དཔལ་འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་བ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ བསིལ་བའི་ཚལ་ཆེན་མོའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ སྟེང་འོག་ཕྱོགས་མཚམས་གདོན་གྱི་འཇིགས་པ་ལས༔ སྐྱོབ་མཛད་བསིལ་བའི་ཚལ་ཆེན་དབང་བསྐུར་བས༔ ལོག་འདྲེན་ཚོགས་ཀུན་སྤ་བཀོང་ཟིལ་གྱིས་མནན༔ ཁམས་གསུམ་སྣང་བ་དབང་སྡུད་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་པ་ཤཾ་དྷ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ གསང་སྔགས་རྗེས་འཛིན་མའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ ཚེ་སྲོག་ཆད་པ་གསོ་མཛད་རྗེ་བཙུན་མ༔ གསང་སྔགས་རྗེས་སུ་འཛིན་མའི་དབང་བསྐུར་བས༔ དུས་མིན་འཆི་བའི་བར་ཆད་ཚར་བཅད་ནས༔ དྲག་པོའི་ནུས་མཐུ་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མཎྚ་གུ་ཧྱ་ཨ་ནུ་དྷ་རི་ཨ་བྷི་ཥིཉྩ་ཧཱུྃ༔ རིགས་བདག་སྣང་མཐའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ་ཧྲཱིཿ རིགས་བདག་བླ་མ་ཚེ་མཐའ་ཡས༔ རྒྱལ་ཀུན་འདུས་པའི་དབང་བསྐུར་བས༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ རྣམ་གྲོལ་ས་ལ་འགོད་ནུས་ཤོག༔ ཨོཾ་ཨ་མི་དྷེ་ཝ་ཨ་ཡུ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞི་ཡི་དབང་བསྐུར་ཏེ༔ ཧཱུྃ་ཧྲཱིཿ ཕྱོགས་བཞིའི་སྒོ་སྲུང་ཚད་མེད་རྣམ་བཞིའི་འཕྲུལ༔ འཆི་མེད་བུ་མོ་བཞི་ཡི་དབང་བསྐུར་བས༔ བར་ཆད་བདུད་བཞིའི་འཕྲང་ལས་མྱུར་གྲོལ་ནས༔ ཚད་མེད་རྣམ་བཞིའི་འགྲོ་དོན་མཐར་ཕྱིན་ཤོག༔ ཨོཾ་དེ་ཝཱི་ཏནྚ་སྭཱ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ལྷ་དབང་ཡོངས་རྫོགས་འདི༔ ཐོབ་པས་འཇིགས་པའི་ཚོགས་སྤྱི་དང་༔ ཚེ་འཕྲང་དུས་མིན་འཆི་བ་ལས༔ སྐལ་བ་ལྡན་པའི་གང་ཟག་དེ༔ ངེས་པར་སྐྱོབས་ཤིང་དགེ་བའི་ཚོགས༔ རྒྱ་མཚོའི་དཔལ་བཞིན་མ་གྱུར་ན༔ བདག་ཉིད་པདྨ་སཾ་བྷ་ཝས༔ ཕྱི་རབས་འགྲོ་བ་བསླུས་པར་འགྱུར༔ དེ་ཕྱིར་ཐེ་ཚོམ་རྟོག་པ་སྤོངས༔ དབང་འདི་ལན་ཅིག་ཐོབ་པས་འཚེངས༔ དེ་ཕྱིར་རབ་ཏུ་གསང་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་གསང་བའི་དབང་དོན་དུ༔ མཎྜལ་འབུལ་བ་སྔོན་སོང་ནས༔ གསོལ་བ་བཏབ་པ་འདི་བཞིན་བྱེད༔ ཀྱེ་ཧོ་བླ་མ་རྒྱལ་བའི་སྤྱི་གཟུགས་མཆོག༔ གསང་བའི་དབང་གི་ཏནྟྲ་སྙིང་པོ་ལས༔ ངག་གི་སྒྲིབ་བྱང་ལོངས་སྤྱོད་རྫོགས་པའི་སྐུ༔ ད་ལྟ་མྱུར་དུ་ཐོབ་པར་མཛད་དུ་གསོལ༔ ཅེས་ཞུས་བླ་མས་བདུད་རྩི་ལྕེ་ལ་བཞག༔ ཅེས་གསོལ་བ་བཏབ་ ༧ བྷན་དྷ་བདུད་རྩི་དང་བཅས་ཚེ་དབང་བསྐུར་བ་འདི་ལ་བསམ་པའི་ཁྱད་པར་གདའ༔ ཧཱུྃ་ཧྲཱིཿ ཀུན་བརྟགས་བྷན་དྷ་ཡངས་པའི་སྣོད་ནང་དུ༔ གཞན་དབང་བདེ་སྟོང་མཉམ་སྦྱོར་བདུད་རྩིས་གཏམས༔ སྐལ་ལྡན་སྐྱེས་བུའི་ངག་ལ་དབང་བསྐུར་བས༔ ཡོངས་གྲུབ་བརྗོད་བྲལ་ལོངས་སྐུའི་དཔལ་ཐོབ་ཤོག༔ ཨོཾ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ཀྱི་ཕྲེང་བ་ལག་ཏུ་བཏད༔ རིགས་སྔགས་འདི་ཡི་རྗེས་ཟློས་བྱ༔ བཀྲ་ཤིས་ཀུན་སྟེར་ཡི་གེ་ཨོཾ༔ འཇིགས་བརྒྱད་ཀུན་སྒྲོལ་ཏཱ་རེ་སྔགས༔ ཏཱཾ་ཡིག་བྱ་བ་གྲུབ་པའི་དཔལ༔ སྭཱ་ཧཱཿབདེ་བའི་གཞི་འཛུགས་ཤོག༔ རྩ་སྔགས་ལན་གསུམ་བསྒྲགས་ཤིང་ཟློས༔ ས་མ་ཡཱ༔ ༧ ཐབས་དང་ཤེས་རབ་འདུ་འབྲལ་མེད་ཅིང་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱེད་པའི་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ༔ ཤེས་རབ་ཡེ་ཤེས་མངོན་བྱེད་པའི༔ ཕྱག་རྒྱ་སྦས་དོན་རྨ་བྱའི་མདངས༔ དུག་ལྔ་མི་སྤངས་ལམ་འཁྱེར་བརྡ༔ དབང་དོན་ཡོན་ཕུལ་གསོལ་གདབ་ནི༔ ཨེ་མ་རྨད་བྱུང་གསང་བདག་རྗེ༔ ལྷན་སྐྱེས་བདེ་ཆེན་ཡེ་ཤེས་དབང་༔ ཤེས་རབ་རྟེན་ལས་བྱུང་བ་གང་༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཅེས་པས་གསོལ་བ་ལན་གསུམ་རྗེས༔ རྨ་བྱའི་སྒྲོ་དང་མུ་དྲའི་གཟུགས༔ སློབ་བུའི་ལག་གཏད་སློབ་མ་ཉིད༔ སྤྱན་གཟིགས་ཕྱག་རྒྱ་སྒྲོལ་མར་གསལ༔ འདུ་ཤེས་གསུམ་སྦྱོར་དགའ་བ་བཞིའི༔ ཡེ་ཤེས་མངོན་དུ་གྱུར་པར་བསམ༔ བླ་མའི་ཚིག་གིས་བརྡ་འདི་སྤྲད༔ ཀྱེ་ཧོ་སྐལ་ལྡན་རྨ་བྱའི་དུག་ཟོས་ཀྱང་༔ དེ་ཡིས་གོས་མིན་བཀྲག་མདངས་འཕེལ་བ་ལྟར༔ རང་བཞིན་ཤེས་པས་ཆོས་ཀུན་ལོངས་སྤྱད་ཀྱང་༔ མཉམ་ཉིད་དོན་དེ་མཁའ་ལྟར་རང་སར་གྲོལ༔ ཨེ་མ་ངོ་མཚར་སྲིད་པའི་འདོད་ཡོན་ལྔ༔ སྤང་དུ་མེད་དེ་རང་བྱུང་ཡེ་ཤེས་རྩལ༔ བླང་དུ་མེད་དེ་ཐམས་ཅད་སྟོང་པ་ཉིད༔ བརྗོད་བྲལ་ལྷན་སྐྱེས་བདེ་བའི་དོན་ལ་ལྟོས༔ ཨ་ཧོ་མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚིག་དབང་རིན་པོ་ཆེ༔ ཞུ་ཕྱིར་ཆོས་དབྱིངས་མཎྜལ་ཕུལ༔ སྔར་དུས་དཔེ་ཡི་ཡེ་ཤེས་དེ༔ དོན་ལ་སྟོན་ཕྱིར་འདི་སྐད་ཞུ༔ ཨེ་མ་ནམ་མཁའི་རང་བཞིན་ཅན༔ ནམ་མཁའ་ལྟ་བུའི་ཚིག་གི་དབང་༔ ནམ་མཁའི་དོན་དེ་གཞལ་ཡས་པ༔ མངོན་སུམ་བདག་ལ་བསྩལ་དུ་གསོལ༔ བླ་མས་ཤེལ་དང་མེ་ལོང་བསྟན༔ ཆོས་ཀུན་སྟོང་པ་ཉོན་ཤེས་ཀྱི༔ དྲི་མ་ཀ་དག་དྭངས་ཤེལ་ངོས༔ ལྷུན་གྲུབ་འཇའ་ཚོན་འགགས་པ་མེད༔ མེད་པའི་རྩལ་ལས་ཅིར་ཡང་སྣང་༔ སྣང་བའི་དུས་ན་སྐྱེ་འགག་བྲལ༔ དེ་རྗེས་སླར་ཡང་བླ་མ་ཡིས༔ སྡིག་མཛུབ་སྟོང་པའི་མཁའ་ལ་གཏད༔ སློབ་མས་ལུས་ཀྱི་ཆོས་བདུན་དང་༔ བུམ་པའི་རླུང་བཟུང་དབྱིངས་རིག་བསྲེས༔ ཨཱཿ འཁོར་འདས་ཡོད་དམ་མེད་པ་འམ༔ བརྟགས་ན་མ་གྲུབ་སུ་ཡིས་རྟོགས༔ ཅེར་གྲོལ་ཡིན་ཏེ་ངོ་བོ་མེད༔ འགྱུ་གྲོལ་རང་སར་རང་གིས་གྲོལ༔ཤར་དང་གྲོལ་ལ་སྔ་ཕྱི་མེད༔ གཉེན་པོ་བརྟེན་པས་བཟང་མ་སོང་༔ རྟོག་ཚོགས་ཤར་བས་ངན་སྐྱོན་ཅི༔ དེ་ཕྱིར་གང་ཤར་རང་སར་ཞོག༔ དཔེ་ལ་མི་ལྟོས་ཚིག་གི་བརྡའ༔ རྒྱལ་བའི་ཡེ་ཤེས་དེ་ཀའོ༔ དེ་ནས་ཕྱག་མཚན་ཨུཏྤལ་དང་༔ ཆོས་ཀྱི་འཁོར་ལོ་ལ་སོགས་གཏད༔ ཧཱུྃ་ཧྲཱིཿ ཉོན་མོངས་འདམ་གྱིས་མ་གོས་ཨུཏྤལ་ལ༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་འགྲོ་ལ་བསྐོར༔ བྱ་བ་གྲུབ་པའི་ཡེ་ཤེས་མངོན་གྱུར་ནས༔ སྲིད་དང་ཞི་བའི་མཐའ་ལ་མི་གནས་ཤོག༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་དྷ་ར་ཨ་བྷི་ཥིཉྩ་ཧཱུྃ༔ གཏོར་མ་སློབ་བུའི་སྤྱི་བོར་བཞག༔ ༧ གཏོར་མ་ལྷག་པའི་ལྷར་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་བྱིན་རླབས་ཀྱི་མཆོག་སྩོལ་བར་མཛད་པའི་བརྒྱུད་པའི་གསོལ་འདེབས་དང་འབྲེལ་བའི་སྨོན་ལམ་གདབ་པ་འདི་ལ་བསམ་པའི་ཁྱད་པར་གདའ༔ བདུད་རྩི་ལྕེར་སྦྱིན་བྱིན་རླབས་མཆོག༔ སྩོལ་མཛད་བརྒྱུད་པའི་གསོལ་འདེབས་དང་༔ འབྲེལ་བའི་སྨོན་ལམ་འདི་བཞིན་བརྗོད༔ ཨོཾ་ཨཱཿཧཱུྃཿཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་ཀ་དག་ཀུན་ཏུ་བཟང་༔ ཁ་སྦྱོར་ལྔ་ལྡན་དབྱིངས་ཕྱུག་རིགས་ལྔའི་ཡུམ༔ གང་འདུལ་སྤྲུལ་སྐུ་རྗེ་བཙུན་སྒྲོལ་མཛད་མར༔ གསོལ་བ་འདེབས་སོ་ དབང་བསྐུར་བྱིན་གྱིས་རློབས༔ པདྨ་འབྱུང་གནས་སློབ་དཔོན་ཀླུ་སྒྲུབ་རྗེ༔ ཙནྡྲ་གོ་མི་ཉི་མ་སྦས་པ་དང་༔ ཨ་ཝ་དྷཱུ་ཏི་འཕགས་ཡུལ་བརྒྱུད་པ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་ལྡེའུ་བཙན༔ དཔལ་གྱི་དབང་ཕྱུག་ཐུགས་གཏེར་མཛོད་འཛིན་བདག༔ དགོངས་བརྡ་སྙན་བརྒྱུད་སྨོན་ལམ་ལུང་བསྟན་པར༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ འཕགས་མས་རྗེས་བཟུང་གངས་ཅན་བོད་ཡུལ་འདིར༔ སྙན་བརྒྱུད་བཀའ་བབས་གྲུབ་འབྲས་མངོན་གྱུར་པའི༔ ས་ཆེན་ཡབ་སྲས་ཏཱ་ར་ན་ཐ་སོགས༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ དགོངས་བརྡའ་སྙན་བརྒྱུད་བཀའ་བབས་བྱིན་རླབས་རྫོགས༔ ཡི་དམ་ཞི་ཁྲོ་ཡེ་ཤེས་མཁའ་འགྲོ་དང་༔ རལ་གཅིག་དུད་སོལ་བཀའ་གཏེར་སྲུང་མ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས༔ དེ་ལྟར་དབང་བསྐུར་ཐོབ་པའི་ནུས་མཐུ་ཡིས༔ ཚེ་རིང་ནད་མེད་ཆོས་སྒྲུབ་མཐུན་རྐྱེན་འཛོམས༔ ཚེ་འདིར་སངས་རྒྱས་འཕགས་མ་མངོན་དུ་འགྲུབ༔ རང་གཞན་དོན་གཉིས་ཐོགས་མེད་ལྷུན་གྲུབ་ཤོག༔ བརྒྱུད་པ་འཛིན་ལ་གླེགས་བམ་བཀའ་གཏད་དང་༔ མཐའ་རྟེན་རིམ་པ་སྤྱི་ལྟར་བསྐུར་བར་བྱ༔ རྗེས་ལ་མཎྜལ་དམ་ཚིག་ཁས་བླངས་དང་༔ བཀྲ་ཤིས་དགའ་སྟོན་ཚོགས་འཁོར་བྱ་བའོ༔ ས་མ་ཡཱ༔ དེ་ལྟར་འཕགས་མའི་དབང་མཆོག་འདི༔ དབྱངས་ཅན་རྣམ་རོལ་མཁར་ཆེན་བཟའ༔ མངའ་བདག་ཡབ་སྲས་བརྒྱུད་བཅས་ལ༔ ཕངས་མེད་གདམས་ཟབ་ལེགས་པར་བསྟན༔ དུས་བབས་ལས་ལྡན་སློབ་བུ་ཡི༔ བསྟན་འགྲོའི་དཔལ་དུ་འགྱུར་བར་ཤོག༔ ས་མ་ཡཱ༔ དབྱིངས་རིག་སྟོང་གསལ་སྒྲོམ་དུ་སྦས༔ སྔགས་ཀྱི་བདག་མོ་ཨེ་ཀ་ཛ༔ དེ་ཡི་བྲན་མོ་རེ་མ་ཏཱི༔ གཡེལ་མེད་མེལ་ཚེས་རྟག་སྲུངས་ཤིག༔ ལས་ཅན་བརྒྱུད་འཛིན་མ་གཏོགས་པ༔ དམ་མེད་བཀའ་རྐུན་རྣམས་ལ་གསང་༔ སེམས་བསྐྱེད་ལྡན་པར་གཞན་དོན་བྱའོ༔ ཨྠིྀ༔ ཞེས་པ་འདི་ཡང་སྐྱབས་རྗེ་བླ་མ་དམ་པ་རིག་འཛིན་བཟང་པོ་སོགས་ལུང་ཟིིན་གྱི་སྐྱེས་བུ་རྣམས་ཀྱིས་བསྐུལ་ངོར་པདྨའི་ཟབ་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པར་འབོད་པ་བདག་གིས་ཡང་གསང་མཁའ་འགྲོའི་བརྡ་རིས་ལས་དག་པར་ཕབ་པ་ཡོངས་སུ་དགེ་བར་གྱུར་ཅིག དགེའོ། །དགེའོ། །དགེའོ།།

དབང་གི་མཐའ་རྟེན།

དེ་ནས་དབང་གི་མཐའ་རྟེན་ནི༔ བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ལ༔ ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་བླ་ན་མེད༔ འགྲོ་བའི་ཚ་གདུང་སེལ་བར་ཤོག༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཆོས་དུང་གཡས་འཁྱིལ་རང་སྒྲ་སྒྲོག༔ སྟོང་གསུམ་སྙན་གྲགས་ལྡན་པར་ཤོག༔ པདྨ་དྲི་བྲལ་མདངས་དང་ལྡན༔ ཆོས་རྣམས་ཀུན་གྱི་ཆར་འབེབས་ཤོག༔ བུམ་པ་དགོས་འདོད་རེ་བ་སྐོང་༔ འགྲོ་རྣམས་སྨིན་ཅིང་གྲོལ་བར་ཤོག༔ རྒྱལ་མཚན་མི་ནུབ་བསྟན་པའི་དཔལ༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ དཔལ་གྱི་བེ་འུ་འོད་འབར་ཆེ༔ འཁྲུལ་མེད་ཐུགས་དང་ལྡན་པར་ཤོག༔ འཁོར་ལོ་རྩིབས་བརྒྱད་ཕྱག་ཞབས་མཚན༔ མི་ཤིགས་རྡོ་རྗེ་བརྟན་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ནི༔ ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་དབང་ཐོབ་ཤོག༔ ཨ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུས་པར་ཤོག༔ པདྨ་ལི་ཁྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གྷི་ཧཾ་དུག་གསུམ་སེལ་བ་སྨན་གྱི་མཆོག༔ རྒྱུ་འབྲས་ནད་རྣམས་ཞི་བའི་དབང་ཐོབ་ཤོག༔ དུཿཥ་ཤནྟིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ ཡུངས་དཀར་དྲག་པོའི་རྫས་མཆོག་དམ་པ་ནི༔ བར་ཆད་གདོན་བགེགས་ཞི་བའི་དབང་ཐོབ་ཤོག༔ ཛ་ཐུམ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ རྩྭ་མཆོག་དུརྦས་ཚེ་ཡི་དངོས་གྲུབ་སྟེར༔ འཆི་མེད་བསོད་ནམས་རྒྱས་པའི་དབང་ཐོབ་ཤོག༔ ཨ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འོ་མ་ཞོ་ནི་བཅུད་མཆོག་དམ་པ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལོན་པར་ཤོག༔ ཧྲཱིཿད་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དུང་དཀར་མོ་སྙན་པས་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་པར་ཤོག༔ ན་མཿསརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཆོད་རྫས་བིལ་བ་བཀྲ་ཤིས་རྫས་འདུས་ཏེ༔དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ བི་ཛ་སུ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས་རྒྱལ་བུ་རྒྱལ་སར་ཁྲི་སྟོན་བྱེད་པར་འགྱུར་རོ༔ དེ་ནས་རྒྱལ་སྲིད་སྣ་བདུན་གྱི་དབང་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་སྡོམ་བརྒྱད་གཏེར༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་གནས༔ ལྷན་གཅིག་ནོར་བདུན་ཕྱུག་པར་ཤོག༔ མ་ཧཱ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ རྫུ་འཕྲུལ་རྐང་ལྡན་དབང་ཐོབ་ཤོག༔ ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་ཐེག་པའི་མཆོག༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས༔ འཕགས་པའི་ནོར་བདུན་དང་ལྡན་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག༔

གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོའི་ཞལ་ལུང་

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ གཟའ་ཀླུའི་དུག་སྦྱོང་རྨ་བྱ་ཆེན་མོའི་ཞལ་ལུང་བདུད་རྩིའི་བུམ་བཟང་བཞུགས༔

རང་བྱུང་དབྱིངས་ཀྱི་མཁའ་འགྲོ་མ༔ རིགས་སྔགས་རྨ་བྱ་ཆེན་མོར་འདུད༔ ཟབ་ཆོས་སྒྲོལ་མའི་ཆ་ལག་ཏུ༔ དུག་སྦྱོང་རྨ་བྱའི་ཞལ་ལུང་བསྟན༔ ས་མ་ཡཱ༔ འདི་ལ་སྤྱི་དོན་རྣམ་པ་གསུམ༔ སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ དང་པོ་དབེན་ཅིང་ཉམས་དགའི་སར༔ མཎྚལ་རྡུལ་ཚོན་རས་བྲིས་ནི༔ གང་རུང་སྒྲོལ་མ་རང་གཞུང་ལ༔ ལྷ་གནས་འདབ་བཞི་འདབ་བཅུ་དྲུག༔ ལྷ་ཚོན་མདོག་བསྒྱུར་རབ་འབྲིང་ཐ༔ སྐུ་དང་སྔགས་བྱང་འབྲུ་ཚོམ་དགོད༔ དབུས་སུ་བུམ་པ་བཟང་དྲུག་དང་༔ ཀླུ་སྨན་ཕྱི་རྒྱུད་བདུད་རྩི་ལྔ༔ གཞན་ཡང་བདུད་རྩི་ཤིང་ལྔ་ཡི༔ ཁུ་བ་བག་ཙམ་བསྲེས་པ་ལ༔ བ་ཡི་འོ་མ་ཅུང་ཟད་བསྲེས༔ སུམ་ཆ་བཀང་ཞིང་ཁ་རྒྱན་དུ༔ རྨ་བྱའི་སྒྲོ་དང་སྐུ་རྟེན་གཟུགས༔ ཤར་དུ་ལྷ་གྲངས་བཤོས་ཟླུམ་དཀར༔ རྒྱན་མཛེས་དཀར་མངར་རྫས་ཀྱིས་བསྐོར༔ ལྷོ་རུ་བདུད་རྩི་ཤིང་ལྔ་ཡི༔ ཆུན་པོ་རྨ་བྱའི་སྒྲོ་མདོངས་བཞག༔ ནུབ་ཏུ་དར་སྣ་ལྔའི་ཅོད་པན༔ བྱང་དུ་འབྱུང་བཞིའི་བྱབ་རྫས་བཤམས༔ སྒྲོལ་མའི་ཆོ་གའི་གཞུང་བསྲང་ལ༔ བསྙེན་པ་ཁ་གསོ་མཆོད་བསྟོད་བྱ༔ མདུན་རྟེན་རྫས་ལ་ཆབ་ཀྱིས་བསངས༔ ཨོཾ་སྭ་བྷ་ཝ༴སོགས། མདུན་རྟེན་མི་དམིགས་སྟོང་པའི་ངང༔ ཕོ་བྲང་ཆེན་པོ་པོ་ཊ་ལ༔ ཡིད་འོང་མཚོ་རྫིང་སྨན་སྣས་བཀང་༔ སྐྱེད་ཚལ་ཕོ་བྲང་དུག་སེལ་བའི༔ རིན་ཆེན་སྣ་ཚོགས་ལས་གྲུབ་པའི༔ མདངས་ལྡན་སྒོ་གྲུ་རྟ་བབས་དང་༔ མཚན་ཉིད་ཡོངས་རྫོགས་ལྟེ་བ་རུ༔ པདྨ་ཟླ་བ་འདབ་བཞི་བརྒྱད༔ བཅུ་དྲུག་གདན་གྱི་དབུས་ཉིད་དུ༔ རང་ཉིད་འཕགས་མའི་ཐུགས་ཀ་ནས༔ མཱུཾ་ཡིག་ལྗང་གུའི་འཕྲོ་འདུ་ལས༔ འཕགས་མཆོད་འགྲོ་བའི་ལས་ཉོན་དང་༔ གཟའ་ཀླུ་སྡེ་བརྒྱད་དུག་ཀུན་བཅོམ༔ གདན་ཁར་སྐད་ཅིག་དྲན་རྫོགས་སུ༔ རྨ་བྱ་ཆེན་མོ་མརྒད་མདངས༔ ལྗང་གུ་འོད་ཟེར་ཕུང་པོར་འབར༔ ཞལ་གསུམ་ཞི་འཛུམ་གཡས་གཡོན་དབུས༔ དཀར་དམར་ལྗང་གསུམ་བཞད་པའི་ཚུལ༔ ཕྱག་དྲུག་གཡས་གཡོན་དང་པོ་གཉིས༔ རྒྱ་གྲམ་རྨ་བྱའི་སྒྲོ་ཕོན་དང་༔ ཟག་མེད་བདུད་རྩིའི་བུམ་པ་འཛིན༔ བར་བ་གཉིས་ཀྱིས་མདའ་དང་གཞུ༔ ཐ་མས་མཆོག་སྦྱིན་ཨུཏྤལ་བསྣམས༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་ཀུན་སྤྲས༔ གཏི་མུག་ལས་གྱུར་ནད་དང་དུག༔ གྲིབ་རིགས་མ་ལུས་འཇོམས་པའི་སྐུ༔ སྲིད་པ་གསུམ་ན་འགྲན་བྲལ་བའི༔ བདག་ཉིད་ཅན་དུ་གསལ་བ་ཡི༔ དབུ་རྒྱན་དོན་གྲུབ་ཞི་ཁྲོའི་ཉམས༔ རྒྱ་གྲམ་དྲིལ་འཛིན་དམ་ཚིག་སྒྲོལ༔ ལྗང་སྐྱ་ཨུཏྤལ་འཛིན་པས་འཁྱུད༔ ཡབ་ཡུམ་ལོངས་སྐུའི་རྒྱན་ཀུན་རྫོགས༔ ཤར་དུ་མཱུཾ་ཡིག་དཀར་པོ་ལས༔ རྡོ་རྗེ་རིགས་ཀྱི་རྨ་བྱ་དཀར༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་༔ རྨ་བྱའི་སྒྲོ་ཆུན་ཞབས་སྐྱིལ་ཀྲུང༔ ཞེ་སྡང་ལས་གྱུར་རྒྱལ་རིགས་ཀླུ༔ གཟའ་སོགས་སྡེ་བརྒྱད་ཐམས་ཅད་ཀྱི༔ མཐོང་བའི་དུག་རིགས་ནད་དང་གྲིབ༔ མ་ལུས་འཇོམས་པའི་སྐུ་རུ་གསལ༔ ལྷོ་རུ་མཱུཾ་ཡིག་སེར་པོ་ལས༔ རིན་ཆེན་རྨ་བྱ་ཆེན་མོ་སེར༔ ཕྱག་གཡས་འདོད་འབྱུང་རིན་ཆེན་དང་༔ རྨ་བྱའི་སྒྲོ་ཆུན་ཞབས་ཕྱེད་སྐྱིལ༔ ང་རྒྱལ་ལས་གྱུར་རྗེ་རིགས་དང༔ གཟའ་སོགས་སྡེ་བརྒྱད་ཐམས་ཅད་ཀྱི༔ ཐོས་པའི་དུག་རིགས་ནད་དང་གྲིབ༔ མ་ལུས་འཇོམས་པའི་སྐུ་རུ་གསལ༔ ནུབ་ཏུ་མཱུཾ་ཡིག་དམར་པོ་ལས༔ ཆགས་བྲལ་རྨ་བྱ་ཆེན་མོ་དམར༔ ཕྱག་གཡས་པདྨ་འདབ་སྟོང་དང༔ རྨ་བྱའི་སྒྲོ་ཆུན་ཞབས་ཙོག་པུ༔ འདོད་ཆགས་ལས་གྱུར་དམངས་རིགས་ཀླུའི༔ དྲན་པའི་དུག་རིགས་ནད་དང་གྲིབ༔ མ་ལུས་འཇོམས་པའི་སྐུ་རུ་གསལ༔ བྱང་དུ་མཱུཾ་ཡིག་སྔོན་པོ་ལས༔ བདེ་གཤེགས་རྨ་བྱ་མཐིང་ཤུན་མདོག༔ ཕྱག་གཡས་འཁོར་ལོ་རྨ་བྱའི་སྒྲོ༔ ཞབས་གཉིས་གཙོ་མོའི་ངང་ཚུལ་ཅན༔ གདོལ་རིགས་ཀླུ་དང་གཟའ་བདུད་སོགས༔ སྡེ་བརྒྱད་ཡོངས་ཀྱི་རེག་པའི་དུག༔ མ་ལུས་འཇོམས་པའི་སྐུ་རུ་གསལ༔ འཁོར་གྱི་རྨ་བྱ་རིགས་བཞི་ཡི༔ ཕྱག་གཡོན་བདུད་རྩིའི་བུམ་པ་བསྣམས༔ ལོངས་སྐུའི་རྒྱན་རྫོགས་ཞི་འཛུམ་བཞད༔ རྡོ་རྗེ་སེམས་དཔའ་རིན་འབྱུང་དང༔ སྣང་མཐའ་རྣམ་པར་སྣང་མཛད་ཀྱིས༔ དབུ་བརྒྱན་རིགས་ཀྱི་བདག་པོར་བཞུགས༔ ཕྱོགས་མཚམས་བརྒྱད་པོར་པད་ཟླའི་སྟེང༔ སྐད་ཅིག་དྲན་རྫོགས་སེམས་དཔའ་བརྒྱད༔ ཤར་དུ་མིག་གི་དབང་པོ་ལས༔ བྱུང་བའི་དུག་རིགས་འཇོམས་མཛད་པའི༔ ས་སྙིང་དཀར་པོ་མྱུ་གུ་དྲིལ༔ སྒེག་མོ་མེ་ལོང་འཛིན་དང་འཁྲིལ༔ ལྷོ་རུ་རྣ་བའི་དབང་པོ་ལས༔ བྱུང་བའི་དུག་རིགས་འཇོམས་མཛད་པའི༔ ནམ་སྙིང་སེར་པོ་རལ་གྲི་དྲིལ༔ ཕྲེང་ཐོགས་སེར་མོ་དགྱེས་པར་འཁྲིལ༔ ནུབ་ཏུ་སྣ་ཡི་དབང་པོ་ལས༔ བྱུང་བའི་དུག་རིགས་འཇོམས་མཛད་པའི༔ སྤྱན་གཟིགས་དམར་པོ་པདྨ་དྲིལ༔ གླུ་མ་སྒྲ་སྙན་འཛིན་དང་འཁྲིལ༔ བྱང་དུ་ལྕེ་ཡི་དབང་པོ་ལས༔ བྱུང་བའི་དུག་རིགས་འཇོམས་མཛད་པའི༔ ཕྱག་རྡོར་ལྗང་གུ་རྡོ་རྗེ་དྲིལ༔ གར་མ་གར་རྒྱ་མཛད་པས་འཁྲིལ༔ ཤར་ལྷོར་འབྱུང་བ་ས་ཡི་དུག༔ སེལ་མཛད་བྱམས་པ་དཀར་སེར་འཛུམ༔ ཀླུ་ཤིང་དྲིལ་འཛིན་དྲི་ཆབ་མ༔ དཀར་སྐྱ་དུང་ཕོར་འཛིན་དང་འཁྲིལ༔ ལྷོ་ནུབ་འབྱུང་བ་ཆུ་ཡི་དུག༔ སེལ་མཛད་འཇམ་དཔལ་དམར་སེར་འཛུམ༔ རལ་གྲི་དྲིལ་འཛིན་སྤོས་མ་དམར༔ སྤོས་ཕོར་དྲི་ཞིམ་འཛིན་དང་འཁྲིལ༔ ནུབ་བྱང་འབྱུང་བ་མེ་ཡི་དུག༔ སེལ་མཛད་ཀུན་བཟང་ལྗང་སེར་བཞད༔ གླེགས་བམ་དྲིལ་འཛིན་མེ་ཏོག་མ༔ དམར་སེར་པདྨ་འཛིན་དང་འཁྲིལ༔ བྱང་ཤར་འབྱུང་བ་རླུང་གི་དུག༔ སེལ་མཛད་སྒྲིབ་སེལ་ལྗང་གུ་འཛུམ༔ སྣང་གསལ་ཉི་ཟླའི་དཀྱིལ་འཁོར་འཛིན༔ མར་མེ་མ་དམར་མཛེས་འཛུམ་འཁྲིལ༔ ཀུན་ཀྱང་ཕྱག་གཡོན་བདུད་རྩིའི་བུམ༔ འཁོར་ལོས་བསྒྱུར་བའི་ཆ་བྱད་ལ༔ རྨ་བྱའི་སྒྲོ་ཡི་སྟོད་གཡོག་བཀླུབས༔ དབང་པོ་ལྔ་དང་ཡུལ་ལྔ་ཡི༔ དུག་དང་སྡེ་བརྒྱད་མ་ལུས་པའི༔ གྲིབ་དང་ནད་གདོན་འཇོམས་པར་གསལ༔ དེ་ཡི་ཕྱི་རོལ་པད་ཉི་ལ༔ མཁའ་ལྡིང་བཅུ་དྲུག་དཀར་སེར་དམར༔ ལྗང་སྔོན་མ་ངེས་སྣ་ཚོགས་མདོག༔ རྡོ་རྗེའི་ལུས་ལ་གནམ་ལྕགས་མཆུ༔ སྤུ་གྲིའི་སྒྲོ་གཤོག་ཉི་ཟླའི་སྤྱན༔ དུག་རིགས་གསོལ་ཞིང་དུག་ཀུན་འཇོམས༔ མཆེ་སྡེར་མི་བཟད་ཀླུ་རིགས་བརྫིས༔ རེ་འགའ་འཕགས་པའི་གནས་བསྟན་ཚུལ༔ ཆགས་བྲལ་ཉན་ཐོས་གཟུགས་སུ་སྟོན༔ གཞན་ཡང་ཁྲོ་བོ་ཆེན་པོ་བཅུ༔ ཕྱོགས་སྐྱོང་གདོན་འདུལ་བར་ཆད་སྲུང༔ མ་བསྐྱེད་ཡོངས་གྲུབ་དཀྱིལ་འཁོར་ལྷ༔ མ་འདྲེས་ཡོངས་རྫོགས་ཆེན་པོ་ལ༔ བསྐྱེད་རྫོགས་བཟླས་པ་མི་འཚལ་ཡང༔ འགྲོ་བའི་རྣམ་རྟོག་དུག་འཇོམས་ཕྱིར༔ སྒྱུ་མ་ཆུ་ཟླ་དབང་གཞུ་ལྟར༔ གསལ་དྭངས་བདེ་སྟོང་ངང་དུ་བསྒོམ༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་དང༔ མཱུཾ་ཡིག་རང་མདོག་གསལ་བ་ལས༔ འོད་ཟེར་འཇའ་ཚོན་ལྟར་འཕྲོས་པས༔ དབང་ལྷ་རྒྱལ་བ་རིགས་མཆོག་ལྔ༔ མདུན་གྱི་ནམ་མཁར་སྤྱན་དྲངས་པའི༔ ཐུགས་ལས་ཡུམ་ལྔས་ཤེལ་བུམ་ནས༔ བདུད་རྩིས་ཁྲུས་བྱས་སྒྲིབ་ཀུན་བཀྲུས༔ ཆུ་ལྷག་ཡར་ལུད་གཙོ་མོ་ལ༔ ལས་རབ་གཞན་བཞིར་རང་རིགས་དང་༔ སེམས་དཔའ་བརྒྱད་ལ་དོན་ཡོད་གྲུབ༔ གཙོ་བོར་གྱུར་པས་དབུ་བརྒྱན་གྱུར༔ སླར་ཡང་གཙོ་མོའི་ཐུགས་སྲོག་ལས༔ འོད་འཕྲོས་ཕྱོགས་བཅུའི་རབ་འབྱམས་དང༔ རྒྱལ་བ་སྲས་དང་བཅས་པ་ཀུན༔ དུག་འཇོམས་རྨ་བྱའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་ས་མ་ཛ༔ སྤོས་རོལ་གདུང་བའི་དབྱངས་དང་བཅས༔ མོས་གུས་དྲག་པོས་འདི་བཞིན་བསྐུལ༔ ཧཱུྃ་ཧྲཱིཿ བདེ་གཤེགས་རྒྱལ་བ་ཞི་ཁྲོ་གཙོ་དང་འཁོར༔ སེམས་ཅན་དོན་ལ་རྟག་ཏུ་ཐུགས་བརྩེ་བས༔ མ་ཡིས་བུ་བཞིན་བྱམས་པས་སྐྱོང་མཛད་པ༔ སྙན་ཚིག་གདུང་བའི་ང་རོས་བསྐུལ་མིན་ཡང༔ སྙིགས་དུས་འགྲོ་བ་གཟའ་ཀླུ་སྡེ་བརྒྱད་སོགས༔ མ་རུང་གདུག་པའི་དུག་རླངས་ཀྱིས་མནར་བས༔ བརྩེ་ཆེན་ཁྱེད་རྣམས་ཐུགས་རྗེས་ཉེར་བསྐུལ་ན༔ ཚད་མེད་མཁྱེན་བརྩེའི་ཤུགས་ཀྱིས་གནས་འདིར་སྤྱོན༔ ཁྱད་པར་རྨ་བྱ་ཆེན་མོ་དུག་སེལ་ལྷ༔ སྔོན་ནས་བྱ་དཀའི་སྤྱོད་པ་མཐར་སོན་ནས༔ དྲན་པ་ཙམ་གྱིས་སྡུག་བསྔལ་སེལ་བའི་སྨན༔ རྨད་བྱུང་ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ ཞེ་སྡང་ལས་གྱུར་ནད་གདོན་གྲིབ་དང་དུག༔ འཇོམས་མཛད་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀུན༔ མེ་ལོང་ཡེ་ཤེས་ཀློང་ནས་སྐུར་བསྐྱོད་ལ༔ བརྩེ་ཆེན་ཐུགས་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ ང་རྒྱལ་ལས་གྱུར་ནད་གདོན་གྲིབ་དང་དུག༔ འཇོམས་མཛད་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀུན༔ མཉམ་ཉིད་ཡེ་ཤེས་ཀློང་ནས་སྐུར་བསྐྱོད་ལ༔ བརྩེ་ཆེན་ཐུགས་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ འདོད་ཆགས་ལས་གྱུར་ནད་གདོན་གྲིབ་དང་དུག༔ འཇོམས་མཛད་པདྨ་རིགས་ཀྱི་ལྷ་ཚོགས་ཀུན༔ སོར་རྟོག་ཡེ་ཤེས་ཀློང་ནས་སྐུར་བསྐྱོད་ལ༔ བརྩེ་ཆེན་ཐུགས་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྲག་དོག་ལས་གྱུར་ནད་གདོན་གྲིབ་དང་དུག༔ འཇོམས་མཛད་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀུན༔ བྱ་གྲུབ་ཡེ་ཤེས་ཀློང་ནས་སྐུར་བསྐྱོད་ལ༔ བརྩེ་ཆེན་ཐུགས་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ གཏི་མུག་ལས་གྱུར་ནད་གདོན་གྲིབ་དང་དུག༔ འཇོམས་མཛད་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཀུན༔ ཆོས་དབྱིངས་ཡེ་ཤེས་ཀློང་ནས་སྐུར་བསྐྱོད་ལ༔ བརྩེ་ཆེན་ཐུགས་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ མིག་དང་གཟུགས་ལས་བྱུང་བའི་ནད་གདོན་དུག༔ འཇོམས་མཛད་ས་སྙིང་ཡབ་ཡུམ་གཤེགས་སུ་གསོལ༔ ཐོས་འཛིན་སྒྲ་ལས་བྱུང་བའི་ནད་གདོན་དུག༔ འཇོམས་མཛད་ནམ་སྙིང་ཡབ་ཡུམ་གཤེགས་སུ་གསོལ༔ སྣ་དང་དྲི་ལས་བྱུང་བའི་ནད་གདོན་དུག༔ འཇོམས་མཛད་སྤྱན་གཟིགས་ཡབ་ཡུམ་གཤེགས་སུ་གསོལ༔ ལྕེ་དང་རོ་ལས་བྱུང་བའི་ནད་གདོན་དུག༔ འཇོམས་མཛད་ཕྱག་རྡོར་ཡབ་ཡུམ་གཤེགས་སུ་གསོལ༔ འབྱུང་བ་ས་ལ་བརྟེན་པའི་གྲིབ་གདོན་དུག༔ སེལ་མཛད་བྱམས་པ་ཡབ་ཡུམ་གཤེགས་སུ་གསོལ༔ འབྱུང་བ་ཆུ་ལ་བརྟེན་པའི་གྲིབ་གདོན་དུག༔ སེལ་མཛད་འཇམ་དཔལ་ཡབ་ཡུམ་གཤེགས་སུ་གསོལ༔ འབྱུང་བ་མེ་ལ་བརྟེན་པའི་གྲིབ་གདོན་དུག༔ སེལ་མཛད་ཀུན་བཟང་ཡབ་ཡུམ་གཤེགས་སུ་གསོལ༔ འབྱུང་བ་རླུང་ལ་བརྟེན་པའི་གྲིབ་གདོན་དུག༔ སེལ་མཛད་སྒྲིབ་སེལ་ཡབ་ཡུམ་གཤེགས་སུ་གསོལ༔ ཉོན་མོངས་ཉེ་བའི་རྒྱུ་རྐྱེན་ལོག་པའི་དུག༔ དབྱུང་མཛད་མཁའ་ལྡིང་བཅུ་དྲུག་གཤེགས་སུ་གསོལ༔ ཕྱོགས་སྐྱོང་བཅུ་ཡི་གདོན་དུག་འཇོམས་པའི་ཕྱིར༔ གདོན་འདུལ་ཁྲོ་ཆེན་བཅུ་པོ་གཤེགས་སུ་གསོལ༔ གཞན་ཡང་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ༔ དུག་སེལ་སྨན་གྱི་ལྷ་ཚོགས་འཁོར་དང་བཅས༔ གདུང་བའི་ང་རོས་སྙན་གསན་དབབ་ལགས་ན༔ ཀུན་མཁྱེན་ཡེ་ཤེས་སྤྱན་གྱིས་ཉེར་གཟིགས་ནས༔ བརྩེ་ཆེན་ཐུགས་རྗེའི་ཤུགས་ཀྱིས་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་མ་ཡུ་རི་ས་པཱ་རི་ཝ་ར་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ དེ་ནས་དམ་ཡེ་བརྟན་པར་བཞུགས་གསོལ་ནི༔ ཧཱུྃ་ཧྲཱིཿ སྣང་བརྟགས་ཀུན་རྟོག་བློ་ཡིས་བསྐྱེད༔ ཡོངས་གྲུབ་ཡེ་ཤེས་དབྱིངས་ཀྱི་ལྷ༔ ཐབས་ཤེས་འདུ་འབྲལ་མེད་པའི་ཚུལ༔ ལྕགས་ལ་གསེར་འགྱུར་ཇི་བཞིན་དུ༔ དམ་ཚིག་རྟེན་ལ་ཡེ་ཤེས་ལྷ༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བརྡ་དོན་དྲན་པས་ཕྱག་འཚལ་ནི༔ ཧོ༔ ཡེ་ནས་རང་རིག་ཡེ་ཤེས་ལྷ༔ གློ་བུར་སྒྲིབ་བྲལ་ཆོས་ཀྱི་སྐུར༔ སྲི་ཞུའི་བསྙེན་བཀུར་མི་འཚལ་ཡང༔ རྨི་ལམ་ལྟ་བུའི་ལས་ཉོན་མཐུས༔ སྲིད་གསུམ་སྡུག་བསྔལ་ཡོངས་གཞོམ་ཕྱིར༔ འཆི་མེད་བདུད་རྩི་སྨན་གྱི་ལྷར༔ འཕྲུལ་དགའི་ཚུལ་གྱིས་གུས་ཕྱག་འཚལ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་འབུལ་བ་ནི༔ ཧཱུྃ་ཧྲཱིཿ གཙང་ཞིང་གཙང་མར་བཤམས་པ་ཡི༔ ལྷ་རྫས་མཆོད་ཡོན་ཞབས་བསིལ་འདི༔ རྨ་བྱ་ལྷ་མོའི་ཚོགས་ལ་འབུལ༔ ནད་དུག་གདོན་རྣམས་འཇོམས་ཕྱིར་བཞེས༔ ཨོཾ་ཨཱརྱ་ཏཱ་རེ་མ་ཧཱ་མ་ཡུ་རི་ས་པཱ་རི་ཝ་ར་ཨརྒྷཾ་པ་དྱཾ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ གཙང་ཞིང་གཙང་མར་བཤམས་པ་ཡི༔ ལྷ་རྫས་མེ་ཏོག་བདུག་པའི་སྤོས༔ རྨ་བྱ་ལྷ་མོའི་ཚོགས་ལ་འབུལ༔ ནད་དུག་གདོན་རྣམས་འཇོམས་ཕྱིར་བཞེས༔ ཨོཾ་ཨཱརྱ་ཏཱ་རེ་མ་ཧཱ་མ་ཡུ་རི་ས་པཱ་རི་ཝ་ར་པུཥྤེ་དྷུཔྤེ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ གཙང་ཞིང་གཙང་མར་བཤམས་པ་ཡི༔ ལྷ་རྫས་མར་མེ་དྲི་ཆབ་འདི༔ རྨ་བྱ་ལྷ་མོའི་ཚོགས་ལ་འབུལ༔ ནད་དུག་གདོན་རྣམས་འཇོམས་ཕྱིར་བཞེས༔ ཨོཾ་ཨཱརྱ་ཏཱ་རེ་མ་ཧཱ་མ་ཡུ་རི་ས་པཱ་རི་ཝ་ར་ཨ་ལོ་ཀེ་གྷནྡྷེ་པྲ་ཏཱིཙྪ་པཱུ་ཙ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ གཙང་ཞིང་གཙང་མར་བཤམས་པ་ཡི༔ ལྷ་རྫས་བཟང་པོའི་ཞལ་ཟས་འདི༔ རྨ་བྱ་ལྷ་མོའི་ཚོགས་ལ་འབུལ༔ ནད་དུག་གདོན་རྣམས་འཇོམས་ཕྱིར་བཞེས༔ ཨོཾ་ཨཱརྱ་ཏཱ་རེ་མ་ཧཱ་མ་ཡུ་རི་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོ་དང༔ རིགས་སྔགས་རྨ་བྱ་ཆེན་མོ་དང༔ རིགས་བཞིའི་རྨ་བྱ་ཆེན་མོ་དང༔ སེམས་དཔའ་བརྒྱད་དང་མཁའ་ལྡིང་ཁྱུང༔ བཅུ་དྲུག་གདོན་འདུལ་ཁྲོ་བོ་བཅུ༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ལ༔ མཆོད་སྦྱིན་གཏོར་མ་རྒྱ་ཆེན་འདི༔ གཟུགས་བཟང་སྒྲ་སྙན་དྲི་ཞིམ་པ༔ རོ་མངར་རེག་བྱ་འཇམ་ལ་སོགས༔ འདོད་པའི་ཡོན་ཏན་ལྔ་ལྡན་པའི༔ དཀར་གསུམ་གཏོར་མ་འདི་འབུལ་བས༔ ཐུགས་རྒྱུད་མཉེས་ཤིང་ཚིམ་གྱུར་ཅིག༔ བདག་ཅག་དཔོན་སློབ་ཡོན་མཆོད་ཀུན༔ ལྷ་ཡི་གདོན་དང་ཀླུ་ཡི་གདོན༔ བར་གདོན་བཙན་དང་གཉན་ས་བདག༔ ཤ་ཟ་རིམས་ཡམས་གདོན་ལས་བསྲུང༔ ནད་གདོན་བྱད་ལས་གྲོལ་བར་མཛོད༔ ལྷ་སྲིན་སྡེ་བརྒྱད་གདུག་སེམས་ཁྲོལ༔ མི་མཐུན་ཕྱོགས་ལས་རྒྱལ་བར་ཤོག༔ ཇི་ལྟར་དགེ་སློང་ས་རི་བཞིན༔ རྐྱེན་དང་བར་ཆད་ཐམས་ཅད་ལས༔ མྱུར་དུ་གྲོལ་ཞིང་འཚོ་བར་ཤོག༔ བསྟོད་པ་ནི༔ ཧཱུྃ་ཧྲཱིཿ རིགས་སྔགས་རྨ་བྱ་ཆེན་མོ་ནི༔ སྐུ་མདོག་ལྗང་གུ་མརྒད་མདོག༔ ཞལ་གསུམ་སྐུ་གསུམ་དཀར་ལྗང་དམར༔ ཕྱག་དྲུག་ཕར་ཕྱིན་ཡོངས་སུ་རྫོགས༔ རང་རྟགས་ཕྱག་མཚན་འགྲོ་བ་འདུལ༔ བརྡ་རྟགས་ཡོན་ཏན་རྫོགས་ལ་བསྟོད༔ ཧཱུྃ་ཧྲཱིཿ སངས་རྒྱས་ཀུན་གྱི་ཕྲིན་ལས་མགོན༔ དོན་ཡོད་གྲུབ་པ་ཞི་ཁྲོའི་ཉམས༔ དམ་ཚིག་སྒྲོལ་དང་གཉིས་སུ་མེད༔ ཐབས་ཤེས་ལོངས་སྤྱོད་རྫོགས་ལ་བསྟོད༔ ཧཱུྃ་ཧྲཱིཿ ཤར་དུ་བཛྲ་རྨ་བྱ་དཀར༔ ཞེ་སྡང་ནད་གདོན་འཇོམས་ལ་བསྟོད༔ ལྷོ་རུ་རཏྣ་རྨ་བྱ་སེར༔ ང་རྒྱལ་ནད་གདོན་འཇོམས་ལ་བསྟོད༔ ནུབ་ཏུ་པདྨ་རྨ་བྱ་དམར༔ འདོད་ཆགས་ནད་གདོན་འཇོམས་ལ་བསྟོད༔ བྱང་དུ་བུདྡྷ་རྨ་བྱ་མཐིང༔ གཏི་མུག་ནད་གདོན་འཇོམས་ལ་བསྟོད༔ ཧཱུྃ་ཧྲཱིཿ མིག་དང་རྣ་བ་སྣ་དང་ལྕེ༔ དབང་པོ་ལས་བྱུང་ནད་གདོན་དུག༔ མ་ལུས་འཇོམས་མཛད་སེམས་དཔའ་ཆེ༔ ས་སྙིང་ནམ་མཁའི་སྙིང་པོ་དང༔ སྤྱན་གཟིགས་ཕྱག་རྡོར་སྟངས་དཔྱལ་བརྒྱད༔ ཡུལ་དང་ཡུལ་སྣང་དག་ལ་བསྟོད༔ ཧཱུྃ་ཧྲཱིཿ ས་ཆུ་མེ་རླུང་འབྱུང་བ་བཞིས༔ བསྐྱེད་པའི་སྦྱར་དང་ལྷན་སྐྱེས་དུག༔ སེལ་མཛད་བྱམས་པ་མཉྫུ་ཤྲཱི༔ ཀུན་བཟང་སྒྲིབ་པ་རྣམ་པར་སེལ༔ སྣང་སྟོང་གཉིས་མེད་ཡུམ་དང་འཁྲིལ༔ སར་གནས་སེམས་དཔའ་རྣམས་ལ་བསྟོད༔ ཧཱུྃ་ཧྲཱིཿ མཁའ་ལྡིང་བཅུ་དྲུག་དཀར་སེར་དམར༔ ལྗང་སྔོན་མ་ངེས་སྣ་ཚོགས་མདོག༔ རྡོ་རྗེའི་ལུས་ལ་གནམ་ལྕགས་མཆུ༔ སྤུ་གྲིའི་སྒྲོ་གཤོག་ཉི་ཟླའི་སྤྱན༔ གཟའ་ཀླུ་ས་བདག་ལས་བྱུང་དུག༔ འཇོམས་མཛད་སྣ་ཚོགས་ཁྱུང་ལ་བསྟོད༔ ཧཱུྃ་ཧྲཱིཿ གཞན་ཡང་ཁྲོ་བོ་ཆེན་པོ་བཅུ༔ ཕྱོགས་སྐྱོང་གདོན་འདུལ་བར་ཆད་སྲུང༔ རང་བྱུང་རང་ཤར་དཀྱིལ་འཁོར་ལྷར༔ མ་འདྲེས་ཡོངས་སུ་རྫོགས་ལ་བསྟོད༔ དེ་ནས་བཟླས་པ་ནི༔ བདག་ཉིད་འཕགས་མའི་ཐུགས་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་རྨ་བྱ་ཆེན་མོའི་ཐུགས་རྒྱུད་བསྐུལ༔ དེ་ཉིད་ཐུགས་ལས་འོད་འཕྲོས་འཁོར་རྣམས་བསྐུལ༔ རང་རང་ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས༔ ལྷ་སྲིན་དྲེགས་པའི་སྲོག་འཕྲོག་བྲན་དུ་བཀོལ༔ འགྲོ་དྲུག་སྒྲིབ་སྦྱངས་བདེ་བའི་ས་ལ་བཀོད༔ རྒྱུ་སྦྱོར་བསྲུང་བྱའི་ནད་གདོན་སྡིག་སྒྲིབ་སྦྱངས༔ མི་མཐུན་གཡུལ་རྒྱལ་འཕགས་མའི་གསང་གསུམ་གྱིས༔ ལྷ་སྔགས་ཡེ་ཤེས་སྣང་གྲགས་རྟོག་པ་སྦྱོང༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་ཧཱ་མ་ཡུ་རི་བཱིདྱ་ར་ཛྙཱེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ རིགས་སྔགས་ཆེན་མོའི་རྩ་བའི་ཛཔ྄༔ འབུམ་ཕྲག་བཅུ་གཉིས་བསྙེན་པའི་གྲངས༔ དུས་ཀྱི་བསྙེན་པ་ཟླ་བ་དགུ༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ དེ་ནས་བསྒྲུབ་པའི་སྙིང་པོ་ནི༔ རྨ་བྱ་ཆེན་མོའི་རིགས་སྔགས་དང༔ བྷི་ས་བཅོ་བརྒྱད་རྒྱུད་གཞུང་བཞིན༔ རྟགས་མཚན་མ་བྱུང་བར་དུ་བཟླ༔ གདོན་བགེགས་འཇོམས་ཤིང་མཐོང་ཐོས་དང༔ དྲན་རེག་ལྷ་སྲིན་གནོད་གདུག་ཞི༔ ཕན་པའི་ཡོན་ཏན་བརྗོད་མི་ལང༔ ས་རིའི་རྒྱུད་བཞིན་ཕན་ཡོན་འབྱུང༔ དེ་ནས་ལས་སྦྱོར་དམིགས་པའི་ཛཔ྄༔ ཨོཾ་མ་ཧཱ་པཉྩ་མ་ཡུ་རི་བཱིདྱ་ར་ཛྙཱེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ དེ་ནས་སེམས་དཔའ་བརྒྱད་ཀྱི་སྔགས༔ གཞན་ནས་བྱུང་ལྟར་ཡང་ཡང་མཇུག༔ བི་ཥ་ཏ་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ སླར་ཡང་འབྱུང་ལྔས་སྦྱང་བའི་སྔགས༔ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ༔ ཡཾ་ཧོ་ཤུདྡྷེ་ཤུདྡྷེ༔ རཾ་ཧོ་ཤུདྡྷེ་ཤུདྡྷེ༔ བཾ་ཧོ་ཤུདྡྷེ་ཤུདྡྷེ༔ ལཾ་ཧོ་ཤུདྡྷེ་ཤུདྡྷེ་སྭཱཧཱ༔ དེ་མཐར་དུག་སྦྱང་དྲག་སྔགས་ནི༔ ཁཾ་ཧ་ལ་ཧ་ལ་ཏྲག་ཁཾ༔ ཕུ་རུ་ཕུ་རུ་ཏྲག་ཁཾ༴སོགས་ ཐུ་ལུ་ཀུ་ལུ་ཡེ་སྭཱ་ཧཱ༔ སརྦ་པ་པཾ་ཨ་པ་ན་ཡེ་སྭཱ་ཧཱ༔ ཅེས་པའི་འཁོར་དང་ལས་སྦྱོར་སྔགས༔ མི་ཚིག་བར་མ་ཆོད་པ་རུ༔ བརྒྱ་སྟོང་ཁྲི་ལ་སོགས་པ་བཟླ༔ ཕན་ཡོན་རྒྱུད་ནས་གསུངས་བཞིན་འཐོབ༔ ཟབ་པའི་མཐར་ཐུག་རྒྱ༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ དངོས་གྲུབ་བསྐུལ་བའི་རིམ་པ་ནི༔ ཧཱུྃ་ཧྲཱིཿ རིགས་སྔགས་རྨ་བྱ་ཆེན་མོ་དང་༔ རིགས་བདག་བཅོམ་ལྡན་བཅོམ་ལྡན་དོན་ཡོད་གྲུབ༔ རིགས་བཞིའི་མ་ཧཱ་མ་ཡུ་རི༔ བྱང་ཆུབ་སེམས་དཔའ་ཉེ་སྲས་བརྒྱད༔ མཁའ་ལྡིང་བཅུ་དྲུག་ཁྲོ་བོ་བཅུ༔ ཕྱོགས་སྐྱོང་དཔལ་མགོན་དཀར་ཕྱོགས་ཀྱི༔ ལྷ་དང་སྲུང་མའི་ཐུགས་རྒྱུད་བསྐུལ༔ བསྙེན་དང་སྒྲུབ་པ་ལས་སྦྱོར་ཐེམས༔ དངོས་གྲུབ་སྩོལ་བའི་དུས་ལ་བབས༔ དུག་རྣམས་མ་ལུས་འཇོམས་པ་དང༔ ནད་གདོན་མ་ལུས་སེལ་བར་མཛོད༔ དགྲ་བགེགས་མ་ལུས་བྱེར་ཞིང་གཏོར༔ དངོས་གྲུབ་མ་ལུས་ད་སྩོལ་ཅིག༔ རྩ་སྔགས་ཤམ་དུ། ཀ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ལྷ་ཚོགས་རྟེན་ལ་བསྟིམ་པའམ༔ ཡང་ན་ཆོས་ཀྱི་དབྱིངས་སུ་གཤེགས༔ ལྷ་ཚོགས་བསྡུ་བའི་རིམ་པ་ནི༔ རང་གི་ཐུགས་ནས་འོད་འཕྲོས་པས༔ སྣོད་བཅུད་དཀྱིལ་འཁོར་ལྷ་ལ་བསྡུ༔ ལྷ་ཡང་མི་དམིགས་ངང་ལ་བཞག༔ དེ་ཡི་ངང་ལས་རང་བྱུང་བ༔ རང་ཤར་ཡེ་ཤེས་ཆེན་པོའི་སྐུ༔ རྒྱུན་གྱི་སྤྱོད་ལམ་ཨེ་མ་ཧོ༔ དེ་ནས་ཤིས་པས་མཐའ་ལ་བརྒྱན༔ ཨོཾ༔ ཕུན་སུམ་ཚོགས་པ༴སོགས། ཨོཾ༔ རིགས་སྔགས་རྨ་བྱ་ཆེན་མོ་ཡིས༔ མ་རིག་དུག་འཇོམས་བཀྲ་ཤིས་ཤོག༔ རྨ་བྱ་ཆེན་མོ་རྣམ་པ་ལྔས༔ དུག་ལྔ་རང་གྲོལ་བཀྲ་ཤིས་ཤོག༔ འགྲོ་འདུལ་སེམས་དཔའ་སེམས་མའི་ཚོགས༔ དབང་ཡུལ་གནས་དག་བཀྲ་ཤིས་ཤོག༔ མཁའ་ལྡིང་རྒྱལ་པོ་བཅུ་དྲུག་གིས༔ གཉིས་རྟོག་འཇོམས་པའི་བཀྲ་ཤིས་ཤོག༔ ཕྱོགས་སྐྱོང་ཁྲོ་བོ་ཆེན་པོ་བཅུས༔ མི་དགེ་བཅུ་འཇོམས་བཀྲ་ཤིས་ཤོག༔ དཔལ་མགོན་གཙང་རིས་དཀར་ཕྱོགས་ཀྱིས༔ དགེ་ལེགས་སྣང་བའི་བཀྲ་ཤིས་ཤོག༔ འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས༔ ཤིན་ཏུ༴སོགས། ཛ་ཡ་ཛ་ཡ་སུ་ཛ་ཡ༔ དེ་ལྟར་དུ་འགྲུབ་པར་བྱེད་པ་ཡང༴སོགས། དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག དམ་ཆོས་པདྨའི་ཐུགས་ཐིག་གི༔ ཡང་ཟབ་སྒྲོལ་མའི་ཆ་ལག་ཏུ༔ དུག་འཇོམས་རྨ་བྱའི་ཞལ་ལུང་བསྟན༔ བཞག་བྲ་མངོན་དགའི་གནས་རིའི་ཞོལ༔ བཀའ་བརྒྱུད་གོང་མའི་གདན་ས་རུ༔ ལྷ་དང་བླ་མས་ཞལ་གཟིགས་ནས༔ ཡེ་ཤེས་མཁའ་འགྲོས་བརྡ་རིས་སྤྲད༔ རིག་འཛིན་ལུང་རིག་གླིང་པ་ཡི༔ གཏེར་མཇུག་མ་ཚང་ཁ་བསྐང་དུ༔ ལེགས་ཕབ་སྔོན་སྦྱང་འཕྲོ་ལྡན་པ༔ རྨ་ཐོག་རིན་ཆེན་ཟློས་པའི་གར༔ ཡོངས་འཛིན་བླ་མའི་གདུང་འཚོབ་རྗེ༔ དེ་ཝི་ཨ་ཡུའི་མཚན་མཚན་འཆང་བ༔ ཆོས་ལ་དབང་བས་བསྐུལ་བའི་ངོར༔ བསམ་གཏན་ཡེ་ཤེས་གླིང་པ་ཡིས༔ མི་ལྡོག་ཙམ་དུ་ཐོལ་བྱུང་དང༔ ཐོགས་མེད་ཚུལ་དུ་ཡིག་རིས་བཀོད༔ འགྲོ་ཀུན་ཉེས་ཕོངས་དུག་རྣམས་ཀུན༔ མ་ལུས་འཇོམས་པའི་རྒྱུར་གྱུར་ནས༔ བཀྲ་ཤིས་སྣང་བས་སྲིད་ས་གསུམ༔ ཡོངས་ལ་ཁྱབ་པའི་དགེ་ལེགས་སྩོལ༔

གཟའ་ཀླུའི་དུག་དབྱུང་བདུད་རྩིའི་ཆུ་རྒྱུན་ཧོར་བླས་མཛད་པ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རྨ་བྱ་ཆེན་མོའི་སྒོ་ནས་གཟའ་ཀླུའི་དུག་དབྱུང་བདུད་རྩིའི་ཆུ་རྒྱུན་བཞུགས༔

ཨོ་རྒྱན་ཐོད་ཕྲེང་རིགས་ལྔ་དང་༔ རིགས་སྔགས་ལྷ་མོའི་ཚོགས་ལ་འདུད༔ རྨ་བྱ་ཆེན་མོའི་དུག་དབྱུང་ཐབས༔ ཡར་གཞི་གོང་ལྟར་ལེགས་པར་བསྒྲུབ༔ མཆོད་བསྟོད་དངོས་གྲུབ་དབང་ཡིད་བླངས༔ དེ་ནས་བསྲུང་བྱ་མདུན་དུ་བོས༔ ལས་བུམ་དུག་སྣའི་ཆུ་ཡིས་དགང༔ གཟའ་ཀླུའི་གཟུགས་དང་འདྲ་གླུད་བཤམས༔ སླ་ངའི་ནང་དུ་དུག་ཤིང་གི༔ མེ་ཐབ་ཟླུམ་པོར་བརྩིགས་པའི་དབུས༔ མེ་ཡི་རྟེན་གཞི་ཏིང་ལོ་བཞག༔ དུག་སྣ་ཚོགས་པའི་བསྲེག་རྫས་བཤམས༔ འདོན་སྒོམ་རིམ་པ་འདི་བཞིན་ནོ༔ ཁྲུས་བུམ་ནང་དུ་ཟླ་སྟེང་མཾ་ཡིག་མཐར༔ སྔགས་ཕྲེང་འཁོར་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་ཆུ་དག་བྱེད་ནུས་པའི་མཐུ་ལྡན་བསམ༔ ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ན་ཨ་ཀརྴ་ནི་ཧཱུྃ་ཕཊ༔ ཅི་ནུས་བཟླས་མཐར་ཁྲུས་སྔགས་བརྒྱས༔ རྣོ་སོ་གདགས་ལ་འོད་ཞུ་བྱ༔ བསྲུང་བྱའི་གནས་ལྔར་དུག་ལྔའི་ངོ་བོ་ནི༔ ཐིག་ལེ་ནག་པོ་ལྔ་ལ་སྒོ་གསུམ་གྱི༔ སྡིག་སྒྲིབ་ཉམས་ཆགས་དུག་ནད་བྱད་འཁོན་སོགས༔ ཉེས་སྒྲིབ་བག་ཆགས་མ་ལུས་འདུས་པར་དམིགས༔ ཁྱེད་རང་རྐང་མཐིལ་གཉིས་ལ་ཡཾ་ལྗང་གསལ༔ དེ་ལས་རླུང་གཡོས་ལྟེ་བར་རཾ་ཡིག་ལ༔ བརྒྱབ་པས་མེ་འབར་མེ་ལྕེས་ཐིག་ལེ་དེད༔ བུ་ག་རྣམས་ནས་རླུང་ནག་ཕྱུར་རེ་བྱུང༔ མདུན་གྱི་དུག་རྫས་རྣམས་ལ་སིབ་སིབ་ཐིམ༔ དུག་རྫས་ཡེ་ཤེས་བདུད་རྩིའི་རྣམ་པ་རུ༔ འབྲུ་གསུམ་སྔགས་ཀྱིས་བསྲེག་རྫས་ཕུན་ཚོགས་གྱུར༔ ཨོཾ་ཨཱ༔ཧཱུྃ༔ གསུམ་སོགས་ཅི་ནུས་བརྗོད༔ མེ་ཐབ་སྦྱངས་ཤིང་མེ་སྦར་ལ༔ རཾ་ཛྭ་ལ་རཾ༔ ཧཱུྃ་གསུམ་གྱིས་རླུང་གཡབ༔ མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་ནང༔ ཏིང་ལོ་ལས་སྐྱེས་རཾ་ལས་འབར་བའི་དབུས༔ ངོ་བོ་རིག་པའི་རྒྱལ་མོ་ཏཱ་རེ་མ༔ རྣམ་པ་རྨ་བྱ་ཆེན་མོ་ཡོངས་སུ་རྫོགས༔ ཞལ་གདངས་སྐུ་ལས་མེ་འབར་འོད་ནག་འཕྲོས༔ བསྲུང་བྱའི་ལུས་ངག་ཡིད་ཀྱི་སྡིག་སྒྲིབ་དང༔ ནད་གདོན་འཁོན་གྲིབ་དུག་རྣམས་བསྡུས་ནས་སུ༔ བྱ་སྒྲོ་མེ་ལ་བསྲེག་བཞིན་མ་དག་སྦྱང༔ དག་པ་བདུད་རྩིའི་རང་བཞིན་ཁ་ཏོག་ནག༔ ལྷ་མོའི་ཞལ་དུ་ཕུལ་བས་དགྱེས་པར་བཞེས༔ ཞེས་པས་བསྙེན་སྒྲུབ་ལས་སྦྱོར་སྔགས༔ ཁྱད་པར་གཅིག་ཆོག་སྔགས་འདིས་འབུལ༔ ཨོཾ་མ་ཧཱ་མ་ཡུ་རི་དཱ་ན་པ་ཏི་ཧ་ལ་ཕུད་ཕུད་ཛྭ་ལ་ཁཱ་ཧི༔ ཅེས་པ་གྲངས་སུ་བཟླས་ལ་ཕུལ༔ མཐར་ནི་མཆོད་བསྟོད་ཕྲིན་ལས་བཅོལ༔ ཨོཾ་འཇིགས་བརྒྱད་གཡུལ་འཇོམས་ཏཱ་རེ་དཔའ་མོ་ཡུམ༔ རིགས་སྔགས་མཐུ་གྲུབ་རྨ་བྱ་ཆེན་མོ་དང༔ གཟུངས་སྔགས་ལྷ་མོ་འཁོར་དང་བཅས་རྣམས་ཀྱིས༔ བསྲེག་བླུགས་འདི་བཞེས་བསྲུང་བྱ་འདི་ཉིད་ཀྱི༔ འཁོན་གྲིབ་ནད་གདོན་དུག་སོགས་ཉེར་འཚེ་རྣམས༔ གཟའ་ཀླུ་ས་བདག་གཉན་གྱི་བསམ་སྦྱོར་དུག༔ ཐུགས་རྗེ་མེ་ཡིས་ཞི་བའི་ཕྲིན་ལས་མཛོད༔ ཡུངས་དཀར་ཐབ་གཏོར་འདོད་གསོལ་འདེབས༔ དེ་ནས་གཟའ་ཀླུའི་དུག་སྦྱང་བ༔ རང་མདུན་གྲུ་གསུམ་དམར་ནག་རྒྱ་མཚོའི་དབུས༔ དྲང་སྲོང་གཟའ་རྒོད་མིག་དམར་འོད་འཕྲོ་བ༔ དབུ་དགུ་བྱ་རོག་གདོང་ཅན་མིག་མང་འཕྲོ༔ ཕྱག་གཉིས་ཐལ་སྦྱར་བཀའ་ཉན་ལས་བྱ་ཞིང༔ ལྟོ་ཞལ་གདངས་བས་སྡེ་བརྒྱད་ཡོངས་ཀྱི་དུག༔ བསྲུང་བྱ་ལ་ཕོག་ལྟོ་བའི་ཞལ་གྱིས་རྔུབས༔ འཁོར་དུ་གཟའ་གདོན་རྒྱུ་སྐར་འབྱུང་པོས་བསྐོར༔ ཀླུ་བདུད་མགོ་དགུ་ཁྱུང་གཤོག་བྱ་སྡེར་ཅན༔ མི་ལུས་ནག་པོ་རེ་འབྱམས་མཇུག་སྒྲོ་ཅན༔ ཁ་གདངས་མཆེ་གཙིགས་ལྟོ་བ་རབ་ཡངས་པ༔ མི་མཐུན་དུག་རིགས་ཟ་ཞིང་གནས་པར་བསམ༔ ༧ ན་མོ་དཀོན་མཆོག་རྩ་བ་གསུམ་གྱི་བདེན་པ་དང༔ རྗེ་བཙུན་སྒྲོལ་མ་ཉེར་གཅིག་བྱིན་རླབས་དང༔ རིགས་སྔགས་རྨ་བྱ་ཆེན་མོའི་ནུས་མཐུ་དང༔ གཙང་རིས་དཔལ་མགོན་ཡོངས་ཀྱི་མཐུ་སྟོབས་ཀྱིས༔ ནད་གདོན་འཁོན་གྲིབ་གཟའ་ཀླུ་དུག་བདག་རྣམས༔ སྐད་ཅིག་ཙམ་གྱིས་གཟུགས་བརྙན་འདི་ལ་ཁུག༔ འདོད་ཡོན་ལྔ་རུ་བྱིན་གྱིས་བརླབས་པའི་རྫས༔ གླུད་གཏོར་དུག་རྫས་འདི་ཡིས་ཚིམ་གྱུར་ཅིག༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ དེ་ནས་དུག་ཆུས་ཁྲུས་ཀྱིས་ཡོན་བདག་བཀྲུ༔ མདུན་བསྐྱེད་རྨ་བྱ་ཆེན་མོའི་ཕྱག་མཚན་གྱི༔ བུམ་པ་ལས་བྱུང་བདུད་རྩིའི་ཆུ་རྒྱུན་གྱིས༔ བསྲུང་བྱའི་སྤྱི་བོ་ནས་བཟུང་རྐང་མཐིལ་བར༔ བཀྲུས་པས་གཟའ་ཀླུ་ས་བདག་མཐོང་ཐོས་དང༔ དྲན་རེག་བཅིངས་པའི་དུག་རྣམས་ནག་ཉིལ་བྱུང་༔ འཁོན་གྲིབ་དུག་རྣམས་སྦལ་སྦྲུལ་རྣམ་པ་རུ༔ གཟའ་ཀླུའི་ཁ་རུ་བཏབ་པས་ཁྱུར་མིད་ཟོས༔ རྨ་བྱའི་སྒྲོ་ཡིས་བྱབ་པས་དུག་རྣམས་བསྡུས༔ འབྱུང་བཞིའི་རྫས་ཀྱིས་བྲབ་པས་གཟའ་ཀླུ་མྱོས༔ སྦྱིན་བདག་ནད་གདོན་འཁོན་གྲིབ་དུག་རྣམས་སྦྱོང༔ ལུས་སེམས་ཤེལ་གོང་བཞིན་དུ་དག་པར་གྱུར༔ ལྷ་སྔགས་རིགས་སྔགས་འབྱུང་བཞིའི་སྔགས་ཀྱིས་བྱབ༔ འོ་སྣང་སྲིད་གཟའ་ཀླུ་གདུག་པ་ཅན་གྱི་བསམ་པའི་དུག་དང་། སྦྱོར་བའི་དུག་དང་། རེག་པའི་དུག་དང་། ཁ་རླང་གི་དུག་དང་། བཅིངས་བའི་དུག་དང་། ཉོན་མོངས་པའི་དུག་དང་། སྦྱར་བའི་དུག་དང་། རང་བཞིན་གྱི་དུག་དང་། དབྱིག་དུག་དང་། ཚ་གྲང་གི་དུག་དང་། འབྱུང་བ་བཞིའི་དུག་དང་། སྲོག་ཆགས་ཀྱི་དུག་དང་། རྫས་ཀྱི་དུག་དང་། བཟའ་བཏུང་གི་དུག་དང་། རྒྱུ་བ་དང་མི་རྒྱུ་བའི་དུག་དང་། བགེགས་གདུག་པ་ཅན་གྱི་དུག་དང་། ནད་དང་ཡམ་གྱི་དུག་དང་། རྫས་སྔགས་འཕྲུལ་འཁོར་གྱི་དུག་དང་། རྒྱུ་འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་ང་རྒྱལ་གྱི་དུག་དང་། རྐྱེན་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་ལས་གྱུར་པའི་དུག་ཐམས་ཅད་ཕུད་ཕུད་ཧ་ལ་ཧ་ལ་མ་ཧཱ་ཧ་ལ་སྥུ་ཊ་སྥུ་ཊ་ཁྲོལ་ཁྲོལ་ཤིག་ཤིག་སྭཱཧཱ། དུག་ཐམས་ཅད་འདིར་མ་འདུག་ཤིག༔ སྦྱིན་པ་པོའི་གན་དུ་སོང་ཤིག༔ འཛིན་པ་པོའི་གན་དུ་སོང་ཞིག༔ ས་ཆུ་མེ་རླུང་འབྱུང་བའི་གན་དུ་སོང་ཞིག༔ དྲེགས་པ་སྡེ་བརྒྱད་སོ་སོ་རང་རང་གི་གན་དུ་སོང་ཞིག༔ ཤནྟིཾ་ཀུ་རུ་ཡེ་སྭཱཧཱ༔ དེ་སོགས་བརྒྱ་རྩ་བརྒྱད་ཀྱིས་དུག་ཁྲུས་བྱ༔ མི་ཕྱུགས་གང་ལའང་བཏང་བས་བདེ་བར་འཚོ༔ ས་མ་ཡཱ༔ དེ་ནས་ཕྱག་མཚན་གྱིས་བྱབ་པ་ནི༔ བདག་མདུན་རིག་པའི་ལྷ་མོའི་ཕྱག་གཡས་ཀྱིས༔ རྨ་བྱའི་སྒྲོ་མདངས་བྱབ་པས་སྦྱིན་བདག་གི༔ དུག་རྣམས་ཙེན་གྱིས་བླངས་ཏེ་གཟའ་ཀླུ་ཡི༔ ཁ་རུ་བཏབ་པས་སིབ་སིབ་རྔུབ་པར་བསམ༔ གོང་གི་སྔགས་བརྗོད་སྒྲོ་ཡིས་བྱབ༔ གཟའ་ཀླུ་དུག་གིས་མྱོས་ནས་ལིང་ལིང་འཕར༔ དུག་ཆུ་རྫས་དང་བཅས་པའི་བསྲེག་བླུགས་འདི༔ རིགས་སྔགས་རྨ་བྱ་ཆེན་མོའི་ཞལ་དུ་བསྟབ༔ དགྱེས་པར་བཞེས་ནས་རྨ་བྱའི་གར་སྟབས་ཀྱིས༔ རང་བཞིན་གནས་གཤེགས་ཐབ་དང་དམ་ཚིག་ལྷ༔ མི་དམིགས་ནམ་མཁའི་འཇའ་ལྟར་ཡལ་བར་བསམ༔ གཟའ་ཀླུ་ཁྲུས་ཆུ་དང་བཅས་ཐབ་ཏུ་དོར༔ དེ་རྣམས་ཐམས་ཅད་མཚམས་སུ་བསྐྱལ༔ མི་གཙང་ཉམས་གྲིབ་དུག་རྣམས་ཞི་བར་འགྱུར༔ བྱབ་བཀྲུས་བསྲུང་གསུམ་གཞན་ནས་བྱུང་ལྟར་བྱ༔ སླར་ཡང་གནོད་པ་ཕྱིར་མི་ལྡོག་པའི་ཆེད༔ རྣམ་རྒྱལ་བུམ་པའི་ཆུ་ཡིས་དབང་བསྐུར་བྱ༔ དང་པོ་གསོལ་བ་འདེབས་པ་འདི་བཞིན་བརྗོད༔ ཧོ༔ རིག་པའི་ལྷ་མོ་བདག་ལ་བརྩེ་བས་དགོངས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་མ་ལུས་སྩོལ༔ ཞེས་པས་ལན་གསུམ་གསོལ་བ་གདབ༔ ཧཱུྃ་ཧྲཱིཿ བཀྲ་ཤིས་བུམ་པ་ཡེ་ཤེས་བཞུགས་པའི་གནས༔ རིག་པའི་རྒྱལ་མོ་རྨ་བྱ་ཆེན་མོ་ཡི༔ སྐུ་གསུང་ཐུགས་ནས་བདུད་རྩིའི་རྒྱུན་བབས་པས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་ནས་ནས་སུ༔ ཉོན་མོངས་དུག་ཚོགས་རང་བཞིན་མེད་པར་དག༔ རིག་པའི་རྒྱལ་མོ་ཉིད་དང་མཚུངས་པར་ཤོག༔ ཨོཾ་མ་ཧཱ་མ་ཡུ་རི་བིདྱཱ་ར་ཛྙཱ་ཀ་ལ་ཤ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་མགོར་བཞག་བུམ་ཆུ་བླུད༔ གཏོར་མ་སྐུ་རྟེན་སྤྱི་བོར་བཞག་ལ་བཀའ་ཡང་བསྒོ༔ ཨོཾ༔ ཡོངས་ལ་གཏོར་བས་གཏོར་ཞེས་བྱ༔ ཀུན་ལ་ཁྱབ་པས་མ་ཞེས་བྱ༔ ཤེས་པ་དྲུག་ལྡན་གཏོར་མའི་དབང༔ སློབ་བུ་ཁྱོད་ལ་བསྐུར་བར་བྱ༔ རྒྱལ་བ་སྲས་བཅས་བྱིན་རླབས་དང༔ རིག་པའི་རྒྱལ་མོའི་ནུས་མཐུ་ཡིས༔ འགྲོ་བ་འདི་ལ་བསྲུང་ཟིན་གྱིས༔ སུས་ཀྱང་གནོད་པ་མ་བྱེད་ཅིག༔ རྩ་སྔགས་གཤམ་དུ། བཛྲ་རཀྵ་རཀྵ་བྷྲུཾ༔ བསྒྲུབ་རྫས་བཟའ་བཏུང་ལག་ཏུ་སྟེར༔ བཀྲ་ཤིས་ཚེ་བརྟེན་དཔལ་གྱི་ཟས༔ བདུད་རྩི་སྨན་གྱིས་འཚོ་བར་ཤོག༔ རིག་པའི་རྒྱལ་མོས་བྱིན་བརླབས་པས༔ བཏུང་བ་འདི་སྤྱོད་དུག་རྣམས་ལས༔ གྲོལ་འགྱུར་ཐེ་ཚོམ་བྱ་མི་དགོས༔ ཨ་མྲྀ་ཏ་གརྦྷ་པཉྩ་ཨ་ཡུ་སིདྡྷི་ཧོ༔ མཐའ་ལ་བཀྲ་ཤིས་རྫས་རྟགས་སོགས༔ ལེགས་པའི་རྟེན་གྱིས་ཤིས་པ་བརྗོད༔ དགེ་བསྔོ་གཏང་རག་འབུལ་བ་དང་༔ སྨོན་ལམ་ཟབ་མོས་མཚམས་སྦྱོར་རོ༔ གཟའ་ཀླུའི་དུག་དབྱུང་མང་ཡོད་ཀྱང༔ འདི་ནི་ཟབ་པའི་མཐར་ཐུག་ཡིན༔ ཨོ་རྒྱན་ཡབ་ཡུམ་མཁར་ཆེན་གྱི༔ སྲས་པོའི་སྙིང་ཐིག་མ་འོངས་དུས༔ འགྲོ་བ་སྐྱོབ་པའི་བཙས་སུ་བཞག༔ བཞི་བཅུ་ཁ་རལ་ཡང་མཐའི་དུས༔ རྣམ་གསུམ་དབྱེར་མེད་སྤྲུལ་པའི་སྲས༔ རིག་འཛིན་ལུང་རིག་གླིང་པ་ཡིས༔ སྙིང་མཛོད་སྨུག་པོའི་སྒྲོམ་ནས་བཏོན༔ སྐལ་བ་ལྡན་ལ་གཏད་རྒྱ་མཛད༔ དེ་ཡི་འདས་རྗེས་ཐོབ་པའི་བུ༔ ཨ་ཙར་སྤྲུལ་པའི་གང་ཟག་ལ༔ བརྡ་དོན་ལུང་དུ་བསྟན་པའི་ཚེ༔ གཏེར་མཇུག་དགོངས་པའི་རྩལ་དུ་ནི༔ བུམ་པ་གང་བྱོས་ཚུལ་དུ་བབས༔ འགྲོ་ལ་ཕན་པའི་རྟེན་འབྲེལ་དང༔ བསྟན་པའི་གསོས་སུ་འགྱུར་ངེས་པའི༔ ཐ་ཚིག་སྔོན་གྱི་སྨོན་ལམ་ཡོད༔ ས་མ་ཡཱ༔ ཅེས་པའི་རྨ་བྱ་ཆེན་མོའི་ཞལ་ལུང་གི་མཇུག་ཅུང་ཟད་མ་ཚང་བ་དེ་ཉིད་རིག་འཛིན་གཏེར་སྟོན་བླ་མ་རིན་པོ་ཆེའི་བརྒྱུད་པ་གསེར་གྱི་ཉག་ཐག་དམ་པ་དབོན་ལྷ་མོ་ཚེ་རིང་གིས་ལྷ་རྫས་སྲིད་དུ་རིང་བ་དང་། ཁ་ཏོག་ལྔ་ལྡན་ལེགས་པའི་འཐག་དྲུབ་དབང་གཞུ་ལྟ་བུ་གནང་ནས་རྨ་བྱའི་ཞལ་ལུང་འདིའི་མཇུག་སྐྱོང་དགོས་གསུངས་པའི་བཀའ་ནན་དེ་ཉིད་ལྡོག་མི་ཕོད་པའི་དག་སྣང་བན་བུན་ཙམ་ལ་བརྟེན་ནས་དབོན་ཉིད་ཀྱི་ཞབས་འདེགས་སུ་འཁོད་པའི་སྤྲུལ་མིང་བྷུ་སུ་ཀུ་ཧོར་བན་གཞན་ཕན་པས་སུག་བྲིས་བགྱིས་ཏེ་ཕུལ་བས་དམ་པ་རིན་པོ་ཆེའི་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་བའི་རྒྱུར་གྱུར་ནས་མཐར་ཐུག་འགྲོ་ཀུན་གདོད་མའི་གཞི་ལ་གྲོལ་ཞིང་རང་བྱུང་རིག་པའི་རྒྱལ་མོ་མངོན་དུ་བྱེད་པའི་འབྲས་བུ་གཡུར་དུ་ཟ་བར་ཤོག་ཅིག་གུ །

ལྷ་ཚོགས་སྔགས་བྱང་རས་པ་གསལ་སྟོབས་ཀྱིས་མཛད་པ།

སེམས་དཔའ་ཡབ་ཡུམ་བརྒྱད་ཀྱི་སྔགས་ལ། ཐོག་མར་ས་སྙིང་ཡབ་ཡུམ་རྩ་སྔགས་ནི། ཀྵི་ཧི་རཱ་ཛ་ཡ་སྭཱ་ཧཱ༔ ཧཱུྃ་ལ་སྱ་ས་མ་ཡཱ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ནམ་སྙིང་ཡབ་ཡུམ་རྩ་སྔགས། ཏྲཾ་ཨ་གྷརྦྷ་ཡ་སྭཱ་ཧཱ༔ ཏྲཾ་མ་ལྱ་ས་མ་ཡཱ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ སྤྱན་གཟིགས་ཡབ་ཡུམ་རྩ་སྔགས། ཧྲཱིཿཧ་ཧཱུྃ་པདྨ་བྷ་ཏ་མ་སྭཱ་ཧཱ༔ ཧྲཱི་གྷིརྟི་ར་ག་ཡ་ཧོ་ཧཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ ཕྱག་རྡོར་ཡབ་ཡུམ་རྩ་སྔགས། ཛྷིཾ་ཀུ་རུ་པ་ཎི་ཧྲཱིཿསྭཱ་ཧཱ༔ ཨ་ནིརྟི་ར་ག་ཡ་མེ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ བྱམས་པ་ཡབ་ཡུམ་རྩ་སྔགས། མཻ་ཏྲི་དྷ་ར་ནི་སྭཱ་ཧཱ༔ ཧོ་གྷནྡྷེ་ཙིཏྟ་ཡ་ཧོ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ འཇམ་དཔལ་ཡབ་ཡུམ་རྩ་སྔགས། མུཾ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱ༔ ཛ་དྷུཔྤེ་པྲ་ཝེ་ཤ་ཡ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ ཀུན་བཟང་ཡབ་ཡུམ་རྩ་སྔགས། ཧཱུྃ་སྭཱ་ར་ཙ་ཡ་སྭཱ་ཧཱ༔ ཧཱུྃ་པུཥྤེ་ཨ་ཝེ་ཤ་ཡ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ སྒྲིབ་སེལ་ཡབ་ཡུམ་རྩ་སྔགས། ཐླྷིཾ་ས་རཾ་པ་ཡ་སྭཱ་ཧཱ༔ བཾ་དྷི་པཾ་སུ་ཀི་ནི་ས་མ་ཡཱ་སྟྭཾ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔

༈ མཁའ་ལྡིང་བཅུ་དྲུག་གི་སྔགས། ཨོཾ་བཛྲ་ཁྲོཾ་ག་རུ་ཎ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ ཁྲོ་བོ་བཅུའི་རྩ་སྔགས། ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གཤམ་དུ། བི་ཥ་ད་ར་ཤནྟིཾ་ཀུ་རུ་སྭཱཧཱ༔ སླར་ཡང་འབྱུང་ལྔ་དང་དུག་སྦྱང་གི་སྔགས་སོགས་ཀྱི་རྣོ་སོ་གདགས་པར་བྱ། ཅེས་རས་མིང་པས་གཏེར་གཞུང་གི་ཞལ་གསུང་ལྟར་གཞན་ནས་བྱུང་བ་ལྟར་བྲིས་པ་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག །

རྨ་བྱ་ཆེན་མོའི་སྔགས་རིང་བྷི་ས་བཅོ་བརྒྱད།

༈ ཨོཾ་མ་ཧཱ་མ་ཡུ་རི་བིདྱཱ་ར་ཛྙེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨེ་ཀ་བྷི་ས་ཕུད་ཕུད་སྭཱ་ཧཱ། ཨ་ཝ་ བྷི་ས་ཕུད་ཕུད་སྭཱ་ཧཱ། དེ་ཙོ་ བྷི་ས་ཕུད་ཕུད་སྭཱ་ཧཱ། བྷ་ཡུ་ བྷི་ས་ཕུད་ཕུད་སྭཱ་ཧཱ། རཱ་ཛ་ བྷི་ས་ཕུད་ཕུད་སྭཱ་ཧཱ། སརྦ་ བྷི་ས་ཕུད་ཕུད་སྭཱ་ཧཱ། དེ་ཝ་ བྷི་ས་ཕུད་ཕུད་སྭཱ་ཧཱ། ན་ག་བྷི་ས་ཕུད་ཕུད་སྭཱ་ཧཱ། ཨ་སུ་ར་བྷི་ས་ཕུད་ཕུད་སྭཱ་ཧཱ། ག་རུ་ཊ་བྷི་ས་ཕུད་ཕུད་སྭཱ་ཧཱ། ཀུ་བེ་ར་ བྷི་ས་ཕུད་ཕུད་སྭཱ་ཧཱ། གནྡྷརྦ་བྷི་ས་ཕུད་ཕུད་སྭཱ་ཧཱ། རཀྴ་བྷི་ས་ཕུད་ཕུད་སྭཱ་ཧཱ། ཡཀྴ་བྷི་ས་ཕུད་ཕུད་སྭཱ་ཧཱ། མ་ནུ་བྷི་ས་ཕུད་ཕུད་སྭཱ་ཧཱ། མ་ནུ་སྨ་ར་བྷི་ས་ཕུད་ཕུད་སྭཱ་ཧཱ། བྷུ་མི་པ་ཏི་བྷི་ས་ཕུད་ཕུད་སྭཱ་ཧཱ། སརྦ་བྷི་རི་བྷི་ས་ཕུད་ཕུད་སྭཱ་ཧཱ། སརྦ་ཀླག་ཤ་བྷི་ས་ཕུད་ཕུད་སྭཱ་ཧཱ། ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ། ད་ཧ་ད་ཧ་ཧཱུྃ་ཕཊ། པ་ཙ་པ་ཙ་ཧཱུྃ་ཕཊ། ཁ་ཁ་ཁ་ཧཱི་ཁ་ཧཱི། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་བྷི་ས་ཨ་པ་ན་ཡེ་སྭཱ་ཧཱ། ཁཾ་ཧ་ལ་ཧ་ལ་དྲག་ཁཾ། ཕུ་རུ་ཕུ་རུ་དྲག་ཁཾ། ཀུ་ཀུ་ལ་ནི་སྲི་ཐོད། པྲཾ་པྲཾ། དྲཾ་དྲཾ། མཾ་མཾ། ཀླང་ཀླང་། ཡ་བ་བྷ་དེ་ཐུ་ལུ་ཀུ་ལུ་ཡེ་སྭཱ་ཧཱ།

ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ།

དམ་ཆོས་ཡང་ཟབ་སྒྲོལ་མའི་ཐུགས་ཐིག་ལས༔ ཉ་གྲོག་གསོ་བའི་གདམས་པ་ཚེ་རབས་རྒྱགས་ཕྱེ་ཞེས་བྱ་བ་བཞུགས་སོ༔

ཁམས་གསུམ་སྡུག་བསྔལ་མེ་ཡི་འོབས༔ ཐུགས་རྗེ་བསིལ་བའི་རྒྱུན་བཟང་གིས༔ གཞིལ་མཛད་འཕགས་མཆོག་སྤྱན་རས་གཟིགས༔ སྐྱེ་རྒུའི་བླ་མ་མཆོག་ལ་འདུད༔ ཕར་ཕྱིན་དྲུག་གི་དང་པོ་ནི༔ དཱ་ནའི་སྒྲ་ལས་སྦྱིན་པ་སྟེ༔ ཉམ་ཐག་འགྲོ་བ་གསོ་བའི་ཕྱིར༔ ཐུགས་ཐིག་སྒྲོལ་མའི་ཆ་ལག་ཏུ༔ གདམས་ཟབ་ཚེགས་ཆུང་དོན་ཆེ་བ༔ སྐལ་ལྡན་ལམ་གྱི་གྲོགས་སུ་བསྟན༔ དེ་ཡང་ཉ་གྲོག་སེམས་ཅན་རྣམས༔ ལས་ངན་བསགས་པས་ལུས་ངན་བླངས༔ སྔོན་ཚེ་སེར་གཟུགས་གཞན་ནོར་ལ༔ བག་མེད་སྤྱོད་ཅིང་དགེ་འདུན་པའི༔ སྤྱི་ནོར་ཕྲོག་དང་བདེན་རྫུན་གྱི༔ དབྱེ་བསལ་མི་བྱེད་ཁྲིམས་འགལ་གཏོང་༔ རྟེན་གསུམ་བླ་མར་རྒྱབ་ཀྱིས་ཕྱོགས༔ དེ་ལྟ་བུ་ཡི་ལས་འབྲས་མཐུས༔ ལུས་རྟེན་དེ་འདྲ་བླང་བ་འོ༔ དེ་ཕྱིར་དེ་དག་རྗེས་འཛིན་ལ༔ ཟང་ཟིང་ཉེར་འཚོའི་ཟས་དང་ནི༔ དམ་ཆོས་གསུང་གིས་དབུགས་དབྱུང་ཐབས༔ འདི་ལ་བསམ་སྤྱོད་གཉིས་སུ་སྟོན༔ འདི་ལྟར་ཁམས་གསུམ་འཁོར་བའི་འགྲོ༔ ཕ་མར་མ་གྱུར་གཅིག་ཀྱང་མེད༔ དེ་དག་འཁོར་བ་ལས་བསྒྲལ་ནས༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཕྱིར༔ ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིའི༔ དགེ་ལ་བདག་གིས་བརྩོན་པར་བྱ༔ དེ་ཡང་སྦྱིན་པའི་རྒྱགས་ཕྱེ་ནི༔ ཆོས་དང་ཟང་ཟིང་རྣམ་མང་ཡང་༔ བྱ་སླ་ཚེགས་ཆུང་དོན་འབྲས་ཆེ༔ ཉ་གྲོག་གསོ་ཕྱིར་འབད་པར་བྱ༔ སྙིང་རྗེ་ཡང་ཡང་བསམ་པར་བྱ༔ སྤྱོད་པ་ལ་ཡང་དབྱེ་བ་གསུམ༔ སྦྱོར་བ་དངོས་གཞི་རྗེས་རྣམས་ལས༔ དང་པོ་སྦྱོར་བ་དཀར་ཕྱོགས་ཀྱི༔ སྐར་མ་རྒྱལ་ལམ་ནག་པ་ལ༔ སྟ་གོན་རྫས་རྣམས་འདི་ལྟར་བསགས༔ ནས་དཀར་རྡུལ་མེད་གཙང་མའི་ཕྱེ༔ ཡུལ་དེའི་བྲེ་ཆེན་དགུ་འམ་བདུན༔ ལྔ་གསུམ་ཐ་ན་གཅིག་ཀྱང་རུང་༔ ཀ་ར་བུ་རམ་སྦྲང་རྩི་དང་༔ ཁྱད་པར་སེལ་མེད་དམ་རྫས་དང་༔ སྐྱེ་བདུན་ཤ་འམ་མ་འབྱོར་ན༔ ཆོས་སྨན་མ་ཎིའི་རིལ་བུ་སོགས༔ བྱིན་རླབས་ཅན་གྱི་རྫས་རྣམས་བླུགས༔ ཆུ་གཙང་ཐོ་རངས་དུས་སུ་བླངས༔ སྦྲུས་ཏེ་ཧ་ཅང་སླ་མིན་པ༔ ས་སྣོད་ཡང་ན་ཤིང་སྣོད་བསྩལ༔ མར་དཀར་བག་ཙམ་བསྲེས་ཀྱང་རུང་༔ རས་དཀར་གཙང་མས་ཁ་དགབ་སྟེ༔ བསམ་པ་སྔར་ལྟར་དེ་ཡི་ངང་༔ མདུན་མཁར་བླ་མ་སྤྱན་རས་གཟིགས༔ སངས་རྒྱས་བྱང་སེམས་ཐམས་ཅད་ལ༔ སྐྱབས་འོས་ཀུན་གྱིས་བསྐོར་བར་དམིགས༔ བདག་དང་མཁའ་ཁྱབ་འགྲོ་ཀུན་དང་༔ ཁྱད་པར་ཉ་གྲོག་གང་གསོ་བའི༔ སེམས་ཅན་དེ་རྣམས་གཙོར་བྱས་པས༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་བསམ༔ ངག་ནས་ཚིག་འདི་བརྒྱ་ཉེར་གཅིག༔ སྐབས་དང་བསྟུན་ཏེ་ཡང་ཡང་བྱ༔ ཨེ་མ་ཧོ༔ རྫོགས་སངས་རྒྱས་དང་དམ་པའི་ཆོས༔ འཕགས་པའི་དགེ་འདུན་རྩ་བ་གསུམ༔ ཁྱད་པར་སྤྱན་རས་གཟིགས་དབང་ལ༔ ཉ་གྲོག་ལ་སོགས་མཁའ་ཁྱབ་འགྲོ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་མཆི༔ ཞེས་དང་སེམས་བསྐྱེད་སྡོམ་པ་ནི༔ ཉེས་པ་བཤགས་ཤིང་བླང་བའི་ཕྱིར༔ ཚིག་འདིས་ཡང་ཡང་གསལ་གདབ་བྱ༔ ཧོ༔ བདག་གིས་ཀུན་རྫོབ་བྱང་ཆུབ་སེམས༔ བླངས་ལས་འགལ་བའི་ཉེས་ལྟུང་རྣམས༔ ཚོགས་ཞིང་རྣམས་དང་ཁྱད་པར་དུ༔ རྩ་ལྟུང་སྦྱོང་བར་ཞལ་བཞེས་པ༔ འཕགས་པ་ནམ་མཁའི་སྙིང་པོ་ལ༔ སྙིང་ནས་བཤགས་སོ་དག་མཛད་གསོལ༔ སླར་ཡང་མཁའ་ཁྱབ་སེམས་ཅན་རྣམས༔ སངས་རྒྱས་ཐོབ་ཕྱིར་ཕར་ཕྱིན་དྲུག༔ རྒྱུན་དུ་སྤྱོད་པར་སེམས་བསྐྱེད་དོ༔ བརྒྱ་འམ་ཉེར་གཅིག་གྲངས་མང་བྱ༔ དེ་ནི་སྦྱོར་བའི་ཆོས་གསུམ་མོ༔ གཉིས་པ་དངོས་གཞིར་སྦྱིན་པའི་རྫས༔ རིགས་ལྔར་བསྐྱེད་དེ་བྱིན་གྱིས་བརླབས༔ རྫས་རྣམས་སྟེགས་བུའི་ཁ་རུ་བཞག༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ རང་མདུན་ཉ་གྲོག་གསོ་བའི་རྫས༔ སྟོང་པའི་ངང་ལས་ཐིག་ལེ་ལྔ༔ དབུས་མཐིང་ཨོཾ་དང་མཱུཾ་གཉིས་འབྲེལ༔ ཤར་དཀར་ཧཱུྃ་དང་ལཱཾ་ཡིག་འབྲེལ༔ ལྷོ་སེར་ཏྲཾ་དང་མཱཾ་ཡིག་འབྲེལ༔ ནུབ་དམར་ཨཱཾ་དང་པཱཾ་ཡིག་འབྲེལ༔ བྱང་དུ་ཨཱ་དང་ཏཱཾ་ཡིག་འབྲེལ༔ རང་རང་འོད་ཀྱིས་ཕྱོགས་བཅུ་ནས༔ རྒྱལ་བ་སྲས་བཅས་ཐུགས་རྒྱུད་བསྐུལ༔ དེ་རྣམས་སྐུ་ཡི་གནས་ལྔ་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་སེར༔ བདུད་རྩིའི་རྒྱུན་དང་བཅས་པ་བབས༔ རྫས་ལ་ཐིམ་པ་ཡོངས་གྱུར་ལས༔ དབུས་སུ་རྣམ་སྣང་དབྱིངས་ཕྱུག་མཐིང་༔ འཁོར་ལོ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་སྐུ་ཡི་བྱིན་རླབས་རྫོགས༔ ཤར་དུ་རྡོར་སེམས་སྤྱན་མ་དཀར༔ རྡོ་རྗེ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་ཐུགས་ཀྱི་བྱིན་རླབས་རྫོགས༔ ལྷོ་རུ་རིན་འབྱུང་མ་ཀི་སེར༔ རིན་ཆེན་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་ཡོན་ཏན་བྱིན་རླབས་རྫོགས༔ ནུབ་ཏུ་སྣང་མཐའ་གོས་དཀར་དམར༔ པདྨ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་གསུང་གི་བྱིན་རླབས་རྫོགས༔ བྱང་དུ་དོན་གྲུབ་སྒྲོལ་མ་ལྗང་༔ རྒྱ་གྲམ་དྲིལ་འཛིན་མཉམ་པར་སྦྱོར༔ བདེ་གཤེགས་ཕྲིན་ལས་བྱིན་རླབས་རྫོགས༔ རང་རང་རིགས་ཀྱི་འཁོར་དང་བཅས༔ ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན༔ སྐྱིལ་ཀྲུང་པད་ཟླའི་གདན་ལ་བཞུགས༔ ཐུགས་ཀར་རང་རང་ཐུགས་སྲོག་གསལ༔ རང་ཉིད་སྤྱན་རས་གཟིགས་དབང་པོ༔ གངས་ཀྱི་རི་བོ་ལྟ་བུར་དཀར༔ ཕྱག་གཡས་མཆོག་སྦྱིན་གཡོན་པད་དཀར༔ སྣང་བ་མཐའ་ཡས་དབུ་རྒྱན་ཅན༔ པད་ཟླའི་གདན་ལ་ལོངས་སྐུའི་ཆས༔ བཞེངས་སྟབས་ཐུགས་ཀར་ཟླ་གདན་དབུས༔ ཧྲཱིཿམཐར་ཡིག་དྲུག་ཕྲེང་བས་བསྐོར༔ རང་རང་སྔགས་ཀྱི་ཡི་གེ་ལས༔ འོད་ཟེར་དཀར་པོའི་བ་ཐག་ཕྲེང་༔ བདེ་གཤེགས་རིགས་ལྔའི་ཐུགས་ཀར་ཕོག༔ ཐུགས་སྲོག་ཟླ་བའི་དབུས་གནས་པའི༔ མཐའ་མར་རང་སྔགས་གཡས་སུ་འཁོར༔ ཕྱི་སྣོད་རིགས་ལྔའི་ཞིང་ཁམས་ལ༔ ནང་བཅུད་འགྲོ་ཀུན་རིགས་ལྔའི་ལྷ༔ སྒྲ་གྲག་སྔགས་ཀྱི་རང་སྒྲར་བསམ༔ ཁྱད་པར་ཕྱེ་འཕུར་རྡུལ་ཕྲ་རབ༔ ཀུན་ཀྱང་རིགས་ལྔའི་རོལ་པར་དམིགས༔ སྔགས་འདི་ཞག་གཅིག་ཅི་ནུས་པར༔ སྨྲ་བ་བཅད་དེ་བཟླ་བ་འམ༔ ཡང་ན་སྟོང་རྩ་ཙམ་ཡང་རུང་༔ དེ་ཚེ་སྒྲུབ་པོས་སྡོམ་ཁྲིམས་བསྲུང་༔ ཤ་ཆང་སྒོག་ཙོང་སྤོང་གལ་ཆེ༔ བཟླ་བྱའི་སྔགས་ནི་འདི་ཡིན་ནོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨོཾ་ཛི་ན་ཛིཀ༔ ལཱཾ་ཏེ་ཥ་ར་ཏི༔ ཧཱུྃ་བཛྲ་དྷྲིཀ༔ མཱུཾ་དྷ་ཏི་ཤྭ་རི༔ སྭཱ་རཏྣ་དྷྲིཀ༔ མཾ་མོ་ཧ་ར་ཏི༔ ཨཾ་ཨ་རོ་ལྀཀ༔ པཱཾ་ར་ག་ར་ཏི༔ ཧཱ་པྲཛྙཱ་དྷྲིཀ༔ ཏཱཾ་བཛྲ་ར་ཏི༔ ཞེས་པ་སྔགས་ཕྲེང་ལེགས་སྦྲེལ་ནས༔ བུང་བ་ཚང་འཚོལ་ལྟ་བུར་བཟླ༔ རབ་ནི་ཁྲི་གསུམ་གཅིག་དང་ཕྱེད༔ སྟོང་རྩ་ཙམ་ཡང་རུང་བ་འོ༔ དེ་ལས་ཉུང་ན་དོན་མི་འབྱུང་༔ མཐར་ནི་རིགས་ལྔ་འོད་དུ་ཞུ༔ རྫས་ལ་ཐིམ་པས་ཕྱེ་འཕུར་རྣམས༔ མྱོང་གྲོལ་བདུད་རྩི་ལྟ་བུར་གྱུར༔ དེ་རྗེས་བསྔོ་སྨོན་སྤྱོད་ལམ་བྱ༔ ས་མ་ཡཱ༔ དེ་ནས་ལག་ལེན་དངོས་ཀྱི་དུས༔ ཟླ་བ་དྲུག་པའི་ཚེས་བཞི་ནས༔ བརྒྱད་པའི་བཅུ་དྲུག་བར་དུ་རུང་༔ གཙང་མའི་གོས་བགོ་གསོ་སྦྱོང་བླངས༔ གཙང་སྦྲ་ལྡན་པའི་གང་ཟག་གིས༔ བསམ་པ་སེམས་བསྐྱེད་འབྲལ་མེད་ངང་༔ ཉ་ཚང་ཡོད་པའི་སར་ཕྱིན་ཏེ༔ དེ་ལ་སྙིང་རྗེ་དྲག་པོ་བསྐྱེད༔ རང་ཉིད་འཕགས་པའི་ཏིང་འཛིན་གསལ༔ རྫས་ཀྱང་མྱོང་གྲོལ་འཆི་མེད་སྨན༔ ངན་སོང་སྒྲོལ་ནུས་མཆོག་ཏུ་བསམ༔ དེ་ཚེ་ཕན་ཡོན་ལྡན་པ་ཡིས༔ བདེ་གཤེགས་འོད་དཔག་མེད་པ་ཡི༔ མཚན་ནི་བརྒྱ་འམ་ཉེར་གཅིག་དང་༔ བདེ་གཤེགས་རབ་བདུན་སྨན་གྱི་ལྷ༔ མཆེད་བརྒྱད་རིན་ཆེན་གཙུག་ཏོར་ཅན༔ ཤཱཀྱ་ཐུབ་པ་མི་འཁྲུགས་པའི༔ མཚན་དང་ཡིག་དྲུག་ཀཾ་ཀ་ནི༔ གཟུངས་སྔགས་ཕན་ཡོན་གང་ཆེ་བརྗོད༔ དུང་ངམ་གཎྜིའི་སྒྲ་ཡིས་འབོད༔ དབྱངས་སྙན་ངག་གིས་ཚིག་འདི་བརྗོད༔ ཨེ་མ་ཧོ༔ འཕགས་པ་སྤྱན་རས་གཟིགས་དབང་གིས༔ ལས་ངན་དབང་གྱུར་རྒྱ་མཚོའི་ཀློང་༔ ཆོས་སྒྲ་མི་ཐོས་ཆུ་གནས་ཉ༔ ལུས་ངན་སྡུག་བསྔལ་ལྡན་པ་ལ༔ བརྩེ་བའི་ཐུགས་ཀྱིས་མ་བཟོད་ནས༔ ཆོས་དང་ཟང་ཟིང་སྦྱིན་གཏོང་དུ༔ ཕྲིན་ལས་སྤྲུལ་པ་བདག་ཉིད་བསྔགས༔ དེ་ཕྱིར་དམ་རྫས་འདི་གསོལ་ལ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་འདོང་༔ འགྲོ་ལ་གནོད་སྤོངས་ཕན་སེམས་སྒོམས༔ སྒྱུ་མའི་ལུས་འདི་ཞིག་མ་ཐག༔ པོ་ཊ་ལ་རུ་འཕགས་པའི་དྲུང་༔ གདམས་ངག་ཞུས་ལ་ལུས་རྟེན་དོར༔ ས་བཅུའི་མཐའ་རུ་ཕྱིན་པར་སྨོན༔ དེ་བཞིན་རྒྱལ་བ་སྲས་བཅས་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་བསྐྱེད་མཐུས༔ ཐོགས་མེད་མྱུར་དུ་འགྲུབ་པར་ཤོག༔ ཅེས་དང་བཟང་པོ་སྤྱོད་པ་སོགས༔ སྨོན་ལམ་རྒྱ་ཆེར་གདབ་པར་བྱ༔ དེ་བཞིན་རྒྱ་གྲོག་ཚང་དུ་ཕྱིན༔ དེ་ལ་སྙིང་རྗེ་དྲག་པོ་བསྐྱེད༔ མཚན་བརྗོད་ལ་སོགས་སྔར་ལྟར་ལ༔ ལས་ངན་དབང་གྱུར་གཅོང་རོང་དུ༔ སྲོག་ཆགས་མིག་མེད་གྲོག་མར་སྐྱེས༔ ཞེས་པ་ལྟ་བུའི་ཁ་བསྒྱུར་བྱ༔ ས་མ་ཡཱ༔ རྗེས་ལ་ཕན་ཡོན་བསྟན་པ་ནི༔ དགའ་བ་བསྒོམ་དང་བསྔོ་བ་བྱ༔ བསྲུང་བྱའི་དམ་ཚིག་བཤད་པ་འོ༔ འདི་ཡི་ཕན་ཡོན་མཐའ་ཡས་ཏེ༔ འགྲོ་བ་ཕྱུག་དབུལ་འབུམ་ཕྲག་ལ༔ བཟའ་བཏུང་སྟོན་མོ་བྱིན་པ་ལས༔ འཕགས་པའི་དགེ་འདུན་ཚུལ་ལྡན་ལ༔ ཉིན་གཅིག་འཚོ་བ་སྦྱར་བ་ལྷག༔ ཚུལ་འཆལ་དཀོར་རྔམ་འབུམ་ཕྲག་ལ༔ ཡོན་དང་སྟོན་མོ་སྦྱར་བ་ལས༔ ཉམ་ཐག་ཉ་གྲོག་ཁྲི་ཕྲག་ལ༔ ལན་གསུམ་སྦྱིན་གཏོང་བསོད་ནམས་ཆེ༔ ཚེ་གེགས་ཡོད་པའི་མི་ལ་ནི༔ ཁྱེད་ལ་སྦྱིན་གཏོང་བགྱིས་པའི་མཐུས༔ སྦྱིན་བདག་མིང་འདི་ཞེས་བགྱི་བའི༔ སྨེ་བ་སྤར་ཁ་རྩུབ་པ་ཟློག༔ དུས་མིན་འཆི་བའི་ཚེ་གེགས་སོལ༔ གེགས་ཆེན་ཆུ་བོའི་ཀློང་དུ་བསྒྱུར༔ གེགས་ཕྲན་གཅོང་རོང་གཡང་སར་བསྒྱུར༔ ཕྱི་མ་སྦྱིན་ཡུལ་སྦྱིན་བདག་ཀུན༔ པོ་ཊ་ལ་རུ་འཚང་རྒྱ་ཤོག༔ ཅེས་བརྗོད་བདག་གི་ལུས་རྟེན་འདིར༔ ཚོང་དང་གཡོ་སྒྱུས་གཞན་མགོ་བསྐོར༔ ནོར་རྫས་དགྲ་གཉེན་ཕྱོགས་སུ་ཤོར༔ ཆུད་ཟོས་དོན་མེད་ཁོ་ནར་ཟད༔ དེ་རིང་ལན་ལ་མི་རེ་བའི༔ སྦྱིན་གཏོང་བགྱིས་ལ་ཅིས་མི་དགའ༔ སྙམ་དུ་ཡང་ཡང་བསྒོམ་པར་བྱ༔ བདག་གི་དགེ་བའི་རྩ་བ་འདིས༔ ཚེ་རབས་བུ་ལོན་བྱང་གྱུར་ཅིག༔ རྐུ་འཕྲོག་དཀོར་འབགས་རྣམ་སྨིན་བྱང་༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ནས༔ ཚེ་འདིར་བྱང་ཆུབ་མྱུར་ཐོབ་ཤོག༔ བདག་ཉིད་གཅིག་པུ་མ་ཡིན་པ༔ དགེ་རྩ་མཁའ་ཁྱབ་འགྲོ་ལ་བསྔོ༔ ཀུན་ཀྱང་རྒྱུ་རྐྱེན་དེར་བརྟེན་ནས༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ གུ་ཧྱ༔ བསྲུང་བྱའི་དམ་ཚིག་བསྟན་པ་ནི༔ རབ་ནི་རང་ཉིད་ཇི་སྲིད་འཚོ༔ བར་དུ་སྦྱིན་གཏོང་ལོ་ལྟར་དང་༔ འབྲིང་ནི་ལོ་བདུན་ཅུ་ཙམ་ལ༔ བརྒྱུད་མར་བྱེད་དང་ཐ་མ་འང་༔ ལོ་གསུམ་བགྱིད་པའི་དམ་བཅའ་བརྩོན༔ རྒྱུན་དུ་སྲོག་ཆགས་མཐའ་དག་དང་༔ ཉ་དང་གྲོག་སྦུར་ཉམ་ཐག་རྣམས༔ མཐོང་ངམ་གཞན་གྱིས་བསད་པ་ཐོས༔ འདི་ན་འདི་འདྲ་ཡོད་དོ་ཞེས༔ དྲན་ཚེ་མ་ཎི་མཚན་བརྗོད་སོགས༔ ཡང་ཡང་བྱ་ཞིང་དགེ་རྩ་དེས༔ འགྲོ་ལ་ཕན་ཅིང་ཁྱད་པར་དུ༔ ཉ་གྲོག་ལུས་ངན་དེ་བོར་ནས༔ བྱང་ཆུབ་ཐོབ་པར་སྨོན་ལམ་གདབ༔ ལག་ཏུ་ལོན་ཚེ་དགེ་བ་གསོ༔ སྡིག་སྦྱོང་གཙང་སྦྲ་ཡང་དག་བྱ༔ བསམ་པ་བྱང་ཆུབ་སེམས་གཉིས་ལ༔ ནན་ཏན་བགྱིད་པ་ཐ་ཚིག་གོ༔ ས་མ་ཡཱ༔ ཡང་ཟབ་སྒྲོལ་མའི་ཆ་ལག་ཏུ༔ ཉ་གྲོག་གསོ་བའི་གདམས་པ་འདི༔ ལག་ཏུ་བླང་བ་ཙམ་གྱིས་ཀྱང་༔ ཚེ་གེགས་ཞི་ཞིང་ཚོགས་གཉིས་རྫོགས༔ སྔོན་ཚེ་རྒྱ་གར་འཕགས་ཡུལ་དུ༔ བྲམ་ཟེ་དབུལ་མོའི་ཚོགས་རྫོགས་ཕྱིར༔ བདག་ཉིད་ཨོ་རྒྱན་མཁན་པོ་ཡིས༔ འཕགས་པ་སྤྱན་རས་གཟིགས་དབང་ལ༔ ཏིང་འཛིན་ངང་ནས་ལུང་ཡང་ཞུས༔ བལ་ཡུལ་དུ་འང་དར་བར་བྱས༔ ད་ལྟ་ཨ་ཙར་ས་ལེ་ལ༔ གདམས་ཏེ་རྗེ་འབངས་སྙིང་ལ་ཆོངས༔ དུས་བབས་བསྐལ་པའི་ཐ་མ་ཡི༔ བྱང་ཆུབ་སྒྲུབ་པའི་ཆ་རྐྱེན་དུ༔ གདམས་ཟབ་འདི་དང་འཕྲད་པར་ཤོག༔ ཅེས་པའང་སྐལ་ལྡན་གྱི་སློབ་མ་ཆོས་འདིར་མོས་ཤིང་དབང་བ་རྣམས་ཀྱིས་བསྐུལ་ངོར་བདག་འདྲ་ལུང་རིག་མིང་གིས་རང་བྱུང་རིག་པའི་སྒྲོམ་ནས་སྤེལ་བ་དུས་ཀུན་དགེ་བའི་རྒྱུར་གྱུར་ཅིག༔ དགེའོ།། དགེའོ། དགེའོ།།

སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྒྲོལ་མའི་ཆ་ལག་མཎྜལ་བཞི་བའི་ཆོ་ག་འཇིགས་པ་ཀུན་སྐྱོབ་བཞུགས༔

འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས༔ སྒྲོལ་བའི་དེད་དཔོན་འཕགས་མ་ལ༔ བཏུད་ནས་དེ་ཡི་ཐུགས་རྗེའི་མཐུས༔ འཇིགས་སྐྱོབ་མཎྜལ་བཞི་ཆོག་བསྟན༔ ས་མ་ཡཱ༔ དེ་ཡང་སྦྱོར་བ་དངོས་བཞི་རྗེས༔ ས་བཅད་རྣམ་པ་གསུམ་དུ་སྟོན༔ གནས་ཁང་ཕྱགས་དར་དྲི་བཟང་བྱུག༔ སྟེགས་བུར་འཕགས་མའི་སྐུ་རྟེན་མདུན༔ མཆོད་པ་རྣམ་ལྔས་ལེགས་པར་བརྒྱན༔ རང་ཉིད་གཙང་སྦྲ་ཁྲུས་ནས་ཕྱུངས༔ གུ་གུལ་བདུག་ཅིང་བགེགས་ཀྱང་བསྐྲད༔ ཡུལ་དེའི་གཉུག་མར་གནས་པ་ལ༔ དཀར་མངར་ཕུད་སྐྱེམས་སྔགས་ཀྱིས་བསྔོ༔ སྡོང་གྲོགས་བྱེད་པའི་བཀའ་བསྒོ་བྱ༔ མདུན་མཁར་རྗེ་བཙུན་སྒྲོལ་མ་ལ༔ ཕྱོགས་དུས་སྐྱབས་ཡུལ་གྱིས་བསྐོར་དམིགས༔ ཁྱེད་ཤེས་དད་པས་བདག་གཞན་ཀུན༔ བྱང་ཆུབ་བར་དུ་སྐྱབས་སུ་འགྲོ༔ ན་མོ༔ བསླུ་མེད་གཏན་གྱི་སྐྱབས་གནས་མཆོག༔ ཀུན་འདུས་རྒྱལ་ཡུམ་དཔའ་མོ་ལ༔ བདག་གཞན་བྱང་ཆུབ་མ་ཐོབ་བར༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ སྨོན་འཇུག་དོན་སེམས་བློ་བཅོས་ཏེ༔ ཧོ༔ འགྲོ་ཀུན་སྲིད་མཚོ་ལས་བསྒྲལ་ཏེ༔ རྫོགས་པའི་བྱང་ཆུབ་ལ་འགོད་ཕྱིར༔ འཕགས་མའི་དཀྱིལ་འཁོར་ལ་ཞུགས་ནས༔ ཚོགས་བསགས་ཆོ་ག་འདིར་འཇུག་བྱ༔ ཡན་ལག་བདུན་གྱིས་ཚོགས་བསག་ནི༔ བཟང་པོ་སྤྱོད་པ་ཇི་བཞིན་བྱ༔ མཐར་ནི་ཚོགས་ཞིང་མདུན་གྱི་རྟེན༔ དབྱེར་མེད་བསམ་ལ་ངེས་ཤེས་བསྐྱེད༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་ཚང་༔ དངོས་གཞི་ཐོག་མར་མདུན་གྱི་རྟེན༔ དམིགས་མེད་སྟོང་གསལ་ངང་མདངས་ལས༔ དམིགས་འདོན་རིམ་པས་གསལ་གདབ་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས། ཕྱི་སྣོད་ཕོ་བྲང་གཡུ་ལོ་བཀོད་པའི་ཞིང་༔ རིན་ཆེན་ས་གཞི་མེ་ཏོག་ཆུ་མཚོས་གང་༔ སྤྲུལ་པའི་འདབ་ཆགས་ཐེག་གསུམ་ཆོས་སྒྲ་སྒྲོག༔ ལྷ་དང་དྲང་སྲོང་རིག་འཛིན་དུ་མས་མཛེས༔ དེ་དབུས་དབང་སྔོན་ལས་གྲུབ་ཕོ་བྲང་ནི༔ བྱ་གྲུབ་ཡེ་ཤེས་འོད་ཟེར་སྣ་ལྔ་སྤྲོས༔ སྒོ་བཞི་རྟ་བབས་བཞི་ལྡན་གདུགས་རི་དྭགས༔ འདོད་སྣམ་མཆོད་པའི་ལྷ་མོས་ཟློས་གར་བསྒྱུར༔ ནང་དབུས་པད་ཟླ་ཏཱཾ་ཡིག་ལྗང་ཁུ་ལས༔ འོད་ཟེར་ཡར་འཕྲོས་སྐུ་གསུམ་ལྷ་ཚོགས་ཀྱིས༔ བྱིན་རླབས་ཚུར་བསྡུས་ཐུགས་སྲོག་ཡིག་འབྲུར་ཐིམ༔ འཁོར་འདས་སྲིད་ཞིའི་སྡུག་བསྔལ་འཇིགས་ཀུན་ལས༔ སྐྱོབ་མཛད་འཕགས་མ་སྐུ་མདོག་ལྗང་འོད་འབར༔ ཞལ་འཛུམ་ཕྱག་གཡས་མཆོག་སྦྱིན་པུས་སྟེང་སླེབ༔ ཕྱག་གཡོན་ཐུགས་ཀར་དཀོན་མཆོག་གསུམ་མཚོན་རྒྱས༔ ཨུཏྤལ་འཁོར་ལོས་མཚན་པའི་ཡུ་བ་འཛིན༔ འདབ་མ་རྣ་བའི་ཐད་ཀར་རབ་ཏུ་རྒྱས༔ ཞབས་གཡས་པད་སྟེང་བརྐྱངས་ཤིང་གཡོན་བསྐུམས་ཚུལ༔ དབུ་རྒྱན་སྙན་རྒྱན་དོ་ཤལ་ཕྱག་ཞབས་ཀྱི༔ གདུ་བུ་ནོར་བུའི་ཕྲ་ཚོམ་ཕྲེང་བ་སོགས༔ རིན་ཆེན་རྒྱན་ཆ་བདུན་གྱིས་ལེགས་པར་བརྒྱན༔ དར་དཀར་སྟོད་གཡོགས་དམར་པོའི་སྨད་དཀྲིས་དང་༔ ཟི་ལྡིར་ཅོད་པཎ་སྐ་རགས་དར་གོས་ལྔ༔ ལོངས་སྤྱོད་རྫོགས་སྐུ་མཚན་དཔེའི་གཟི་འོད་འབར༔ སྤྱི་བོར་རིགས་བདག་ཚེ་མཐའ་ཡས་པས་བརྒྱན༔ མཐའ་བསྐོར་འདབ་བརྒྱ་ཟླ་བའི་གདན་གྱི་སྟེང་༔ ཉེ་བའི་སྲས་བརྒྱད་སེམས་དཔའ་གཞོན་ཚུལ་སྒེག༔ ཕྱག་མཚན་རང་རྟགས་འཁོར་ལོས་སྒྱུར་བའི་ཆས༔ དེ་མཐར་སྒྲོལ་མ་ཉི་ཤུ་རྩ་གཅིག་པོ༔ སྐུ་མདོག་སྣ་ཚོགས་གཙོ་བོའི་བཞུགས་སྟངས་ཅན༔ ཕྱག་རྒྱ་སོ་སོར་རྒྱུད་ཀྱི་དགོངས་པར་བསྟུན༔ གཞན་ཡང་སྐྱབས་སུ་གྱུར་པའི་བླ་མ་དང་༔ ཕྱི་ནང་སངས་རྒྱས་བྱང་སེམས་སྤྲིན་ལྟར་འཁྲིགས༔ མདུན་མཁར་རིགས་ལྔའི་ལྷ་ཚོགས་ཡུམ་རྣམས་ཀྱིས༔ བདུད་རྩི་བུམ་པའི་དབང་བསྐུར་དམ་ཚིག་པའི༔ བློ་བཅོས་ཀུན་བརྟགས་སྒྲིབ་པ་ཀུན་དག་ནས༔ གཞན་དབང་དབྱིངས་ཀྱི་ལྷ་ཡི་བྱིན་རླབས་ཐོབ༔ ཡོངས་གྲུབ་རིགས་བདག་སྣང་མཐས་དབུ་བརྒྱན་གྱུར༔ སྤྱན་འདྲེན་སྤོས་རོལ་གདུང་དབྱངས་ཀྱིས༔ ན་མོ༔ ཚད་མེད་ཐུགས་རྗེའི་མཐུ་མངའ་རྒྱལ་ཀུན་གྱི༔ ཕྲིན་ལས་རང་གཟུགས་སྒྲོལ་མ་དཔའ་མོ་མཆོག༔ སྲས་དང་འཁོར་བཅས་དད་གུས་མོས་པའི་གནས༔ རྩེ་གཅིག་གསོལ་འདེབས་དགོངས་ཤིང་གཤེགས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨཱརྱ་ཏཱ་རེ་ཛྙཱ་ན་བཛྲ་ས་མ་ཡཱ་ཛ་ཛ༔ མདུན་རྟེན་དབྱེར་མེད་བཞུགས་གསོལ་ནི༔ སྲིད་པའི་སྡུག་བསྔལ་མ་ལུས་སེལ་བ་དང་༔ མངོན་མཐོ་ངེས་ལེགས་ཡོན་ཏན་ཀུན་ཐོབ་ཕྱིར༔ ཚོགས་བསགས་ཞིང་འདིར་རྟེན་དང་དབྱེར་མེད་པར༔ དགྱེས་ཤིང་བརྩེ་བ་ཆེན་པོས་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དེ་ནས་མཆོད་པའི་ཐོག་མ་རུ༔ ཡན་ལག་བདུན་པ་སྔོན་སོང་ནས༔ དཀོན་མཆོག་གསུམ་གྱིཡོན་ཏན་ལ༔ བསམ་སྟེ་མཎྜལ་རྒྱས་པ་འབུལ༔ རྗེས་སུ་སྨོན་ལམ་འདི་ཡང་བཏབ༔ དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་དམིགས་ཏེ༔ ཚོགས་བསགས་མཎྜལ་ཕུལ་བའི་ནུས་པ་ཡིས༔ རྒྱལ་བསྟན་དར་རྒྱས་བླ་མའི་སྐུ་ཚེ་བརྟན༔ བསྟན་འགྲོའི་བདེ་སྐྱིད་མི་ཉམས་གོང་འཕེལ་ཤོག༔ ཁྱད་པར་འཕགས་མ་སྒྲོལ་མ་ལ༔ དམིགས་ཏེ་ཕྱག་འཚལ་ཉི་ཤུ་གཅིག༔ ཕྱག་དང་བཅས་ཏེ་ལན་གཉིས་བརྗོད༔ དེ་རྗེས་མཎྜལ་ལེགས་པར་འབུལ༔ འདོད་གསོལ་ཚིག་འདིས་གསོལ་བ་གདབ༔ ཨེ་མ་ཧོ༔ ཐུགས་བསྐྱེད་རྨད་བྱུང་འཕགས་མ་སྒྲོལ་མ་ལ༔ ཕྱག་འཚལ་མཎྜལ་ཕུལ་ཏེ་འདོད་པའི་དོན༔ གནས་སྐབས་གང་འདོད་ཐུན་མོང་གྲུབ་པ་བརྒྱད༔ མཆོག་གི་དངོས་གྲུབ་ཁ་སྦྱོར་ཡན་ལག་བདུན༔ ལེགས་ཐོབ་མཐའ་ཡས་འགྲོ་རྣམས་འཁོར་མཚོ་ལས༔ སྒྲོལ་བའི་དེད་དཔོན་ཉིད་དུ་བདག་འགྱུར་ཤོག༔ མེ་ཆུ་དགྲ་རྐུན་འཇིགས་ཀུན་ཞི་བ་དང་༔ ཆོས་མཐུན་བསམ་པ་འགྲུབ་པར་མཛད་དུ་གསོལ༔ དེ་བཞིན་ཕྱག་འཚལ་ཚར་གསུམ་བརྗོད༔ མཎྜལ་འབུལ་ནས་འདོད་གསོལ་གདབ༔ རྒྱལ་བའི་བསྟན་དར་བསྟན་འཛིན་ཞབས་པད་བརྟན༔ བདག་དང་སྦྱིན་བདག་ནད་གདོན་བར་ཆད་ཞི༔ ཚེ་བསོད་དཔལ་རྒྱས་མོས་ཚོགས་དབང་དུ་འདུས༔ དགྲ་བགེགས་རྡུལ་བརླགས་ལས་བཞི་ལྷུན་གྱིས་གྲུབ༔ གང་འདོད་ཆོས་བཞིན་འགྲུབ་པར་མཛད་དུ་གསོལ༔ དེ་རྗེས་ཕྱག་འཚལ་ཉེར་གཅིག་ཚར༔ བདུན་བརྗོད་མཎྜལ་འདོད་པའི་དོན༔ སྤྱི་དང་བྱེ་བྲག་འདོད་གསོལ་བྱ༔ དེ་ནས་གཏོར་མ་དཀར་ཟླུམ་ལ༔ སྒྲོལ་མའི་གཟུངས་མཐར་འབུལ་སྔགས་བཏགས༔ རྗེ་བཙུན་འཕགས་མ་ཐུགས་རྗེའི་བདག་ཉིད་ལ༔ མཆོད་པའི་གཏོར་མ་ཕུལ་བ་འདི་བཞེས་ལ༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་པའི༔ ལས་དང་ཉོན་མོངས་བག་ཆགས་ཀུན་བསལ་ནས༔ སྐུ་དང་ཡེ་ཤེས་ཐོབ་པར་མཛད་དུ་གསོལ༔ དེ་བཞིན་མགོན་པོ་ཡོན་ཏན་མགྲོན༔ བགེགས་རིགས་ལན་ཆགས་རིགས་དྲུག་ལ༔ རང་མཐུན་གཏོར་མ་སོ་སོར་ཕུལ༔ འདོད་གསོལ་སྨོན་ལམ་སྐབས་མཐུན་བྱ༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་དཔལ་མགོན་ཚོགས༔ གཏོར་མ་འདི་བཞེས་རྒྱལ་བསྟན་དར་བ་དང་༔ བདག་གིས་ཆོས་སྒྲུབ་བར་ཆད་ཀུན་ཞི་ནས༔ ཅི་བསམ་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད༔ རིགས་དྲུག་འགྲོ་བ་རྣམས་དང་བར་མའི་འགྲོ༔ ཀུན་ལ་མི་ཟད་འདོད་རྒུའི་གཏེར་དུ་བསྔོ༔ སྡུག་བསྔལ་ཀུན་ཞི་ཚེ་རབས་དྲིན་ལན་འཁོར༔ དགེ་བཅུ་རྗེས་དྲན་རྣམ་མཁྱེན་མཆོག་ཐོབ་ཤོག༔ བགེགས་རིགས་མགྲོན་ལ་གཏོར་མ་ཕུལ་བའི་མཐུས༔ རང་རང་སྡུག་བསྔལ་མ་ལུས་ཀུན་ཞི་ནས༔ གནས་སྐབས་མངོན་མཐོ་མཐར་ཐུག་སངས་རྒྱས་ཀྱི༔ གོ་འཕང་དམ་པ་མྱུར་དུ་ཐོབ་པར་ཤོག༔ དེ་ནས་མདུན་བསྐྱེད་རྟེན་ལ་བསྟིམ༔ རྗེས་ལ་བསྔོ་བ་སྨོན་ལམ་ནི༔ ཨེ་མ་ཧོ༔ བདག་གིས་དུས་གསུམ་བསགས་པའི་དགེ་རྩ་དང་༔ འཕགས་པ་རྣམས་དང་སོ་སྐྱེས་དགེ་བའི་ཚོགས༔ གཅིག་ཏུ་བསྡུས་ཏེ་མཁའ་ཁྱབ་འགྲོ་ལ་བསྔོ༔ དེའི་མཐུས་ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག༔ སླར་ཡང་སྨོན་ལམ་འདི་ཡང་གདབ༔ བདག་གི་དགེ་བའི་རྩ་བ་འདི་ཡི་མཐུས༔ ཚེ་རབས་ཀུན་ཏུ་བདག་གི་བཤེས་གཉེན་མཆོག༔ རྗེ་བཙུན་སྒྲོལ་མས་འབྲལ་མེད་རྗེས་བཟུང་ནས༔ མཐར་ཐུག་ཡི་དམ་ལྷ་དང་དབྱེར་མེད་ཤོག༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ ཨེ་མ་ཧོ༔ སྲིད་དང་ཞི་བའི་བདེ་ལེགས་ཀུན་འབྱུང་བའི༔ བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཐུགས་བསྐྱེད་ཕུལ་བྱུང་འགྲོ་བའི་འཇིགས་ཚོགས་སྐྱོབ༔ རྒྱལ་ཡུམ་དཔའ་མོ་སྒྲོལ་མའི་བཀྲ་ཤིས་ཤོག༔ བསྟན་པ་དར་ཞིང་འགྲོ་རྣམས་སྡུག་བསྔལ་ཞི༔ ཆོས་མཐུན་བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཤིན་ཏུ་ཡང་ཟབ་འཕགས་མའི་ཆོས༔ དྲན་པས་འཇིགས་སྐྱོབ་གདམས་པ་འདིར༔ བརྩོན་པས་ཚེ་ཡི་གེགས་སེལ་ཞིང་༔ གནས་སྐབས་རྐྱེན་ངན་ཀུན་ལས་གྲོལ༔ ཚེ་ཆོས་སྲིད་ནོར་སིདྡྷི་ཐོབ༔ མཐར་ཐུག་འཕགས་མ་རིགས་བདག་དང་༔ དབྱེར་མེད་འགྲུབ་པར་ཐེ་ཚོམ་མེད༔ སྔོན་དུས་པདྨས་མཚོ་རྒྱལ་ལ༔ ཡེ་ཤེས་དགོངས་པས་རྒྱས་བཏབ་པ༔ དུས་བབས་སྐལ་བ་ལྡན་པ་ཡི༔ གདམས་པའི་མཆོག་ཏུ་འགྱུར་ངེས་སོ༔ གུ་ཧྱ༔ ཞེས་པ་ཡང་དུས་བབས་ཀྱི་གཏེར་སྟོན་མཆོག་གྱུར་ལུང་རིག་གླིང་པས་རིག་རྩལ་ཌཀྐཱིའི་བརྡ་རིས་ལས་ཕབ་པ་འགྲོ་ཀུན་འཇིགས་བརྒྱད་གཡུལ་ལས་གྲོལ་ཞིང་ཡུམ་ཆེན་མོའི་གོ་འཕང་མངོན་དུ་འགྱུར་བར་ཤོག་ཅིག་གུ༔ ཤུ་བྷཾ༔

མཎྚལ་འདོན་འགྲིགས་ཧོར་བླས་མཛད་པ།

༄༅།། ན་མོ་ཨཱརྱ་ཏཱ་རེ་ཡེ༔ འདིར་སྒྲོལ་མའི་མཎྜལ་བཞི་པའི་ཆོ་གའི་ལག་ལེན་བློ་གསོས་འཁྱེར་བདེ་བཀོད་པ་ནི། དང་པོ་དཀོན་མཆོག་རྟེན་དང་རྗེ་བཙུན་མའི་སྣང་བརྙན་བྱིན་ཅན་བཀྲམ་ལ་མཆོད་པས་ལེགས་པར་བསྐོར། རྣལ་འབྱོར་པ་རང་རང་གིས་རྣམ་འཇོམས་དང་ཡིག་བརྒྱ་གསུངས་བཞིན་ཡན་ལག་ལྔ་ཁྲུས་དང་བཅས་དེའི་ཉིན་གཙང་སྦྲ་ལ་གནས། དེ་ནས་རྟེན་གྱི་དྲུང་དུ་ཕྱག་གསུམ་འཚལ་ནས་གདན་ལ་བཞུགས་ཏེ། དྲིལ་བསིལ་བཅས་སྔོན་གྱི་བསྐལ་པ། བསམ་ལྷུན་རྒྱས་བསྡུས་ཅི་ལྕོགས་དང་། རང་ཉིད་ལྷར་གསལ་ནས་སྡེ་མཆོད་དང་བགེགས་ལ་བཀའ་བསྒོ་མཚམས་གཅོད་སྲུང་བའི་འཁོར་ལོ་བསྒོམ། དེ་ནས་རང་གཞུང་གི་སྐྱབས་འགྲོ་ནི། ན་མོ་བསླུ་མེད་སོགས་གསུམ། སེམས་བསྐྱེད་འགྲོ་དོན་སྲིད་སོགས་གསུམ། ཡན་ལག་བདུན་པ་ཇི་སྙེད་སུ་དག་ནས་བདག་གིས་བསྟོད། ཅེས་པའི་བར་དེ་ནས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་འདོན། རྗེས་སུ་མཎྜལ་རྒྱས་པ་བཞི་བཀོད་ནས་སྟེགས་ལ་བཞག །མཆོད་པའི་སྤྲིན་གཟུངས་སྔགས་དང་། དཀོན་མཆོག་གསུམ་གྱི་སོགས་འདོན། མེ་ཏོག་དམ་པ་སོགས་ཤོ་ལོ་ཀ་གསུམ་གྱི་མཐར། རོལ་མོ་ཅི་ཡོད་བསྒྲགས་ནས། འདོད་ཆགས་ཞེ་སྡང་སོགས་ནས་ཆེན་པོ་བསྔོ་བར་རོ། དེ་ནས་མདུན་རྟེན་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་སོགས་ནས་ཕྱི་སྣོད་ཕོ་བྲང་སོགས་ནས་ཏིཥྛ་ལྷན་བར་གཞུང་བཞིན་རྗེས་བཟང་སྤྱོད་ནས་བྱུང་ཡན་ལག་བདུན་པ་དང་། མཆོད་པའི་མཎྜལ་རྒྱས་པ་བཀོད་ནས། སྟོན་པ་བླ་མེད་སངས་རྒྱས་སོགས་ནས་གསུམ་ལ་མཆོད་པ་འབུལ༔ གཞུང་གི་ཚོགས་བསགས་མཎྜལ་སོགས་ནས་གོང་འཕེལ་ཤོག༔ དེ་ནས་སྒྲོལ་མ་དངོས་ཀྱི་མཆོད་པ་ནི། པོ་ཊ་ལ་ཡི་སོགས། ལྷ་དང་ལྷ་མིན་སོགས། ཡུམ་ལ་ཕྱག་འཚལ་བསྟོད༔ བྱས་ནས་ཕྱག་དང་བཅས་ཏེ་ཕྱག་འཚལ་ཉེར་གཅིག་ལན་གཉིས། དེ་ནས་སྟན་བདེ་བ་ལ་བཞུགས་ནས་མཎྜལ་བྱི་དོར་ནས། རྗེ་བཙུན་འཕགས་མ་སྒྲོལ་མ་དང་ཞེས་དཔལ་མོས་གསུངས་པའི་ཡན་ལག་བདུན་པའི་རྗེས་མཎྜལ་སོ་བདུན་འབུལ་བ་དང་། འདོད་པའི་དོན་ལ་གསོལ་བ་འདེབས་པ་ནི། ཨེ་མ་ཧོ༔ ཐུགས་བསྐྱེད་སོགས་ཤྭ་ལོ་ཀ་དང་། རྗེ་བཙུན་བཅོམ་ལྡན་འདས་མ་སོགས་ནས། བཀྲ་ཤིས་ཤོག་ནས་གཅིག །མཎྜལ་བཞི་བའི་ཆོ་ག་གྲངས་བསོགས་པའི་སྐབས་དང་། གཉིས་གསུམ་བདུན་འདོན་ལུགས། པོ་ཊ་ལ་ཡི་མན་དང་། ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག་ཡན་གྱི་བར་དཀྱུས་བཞིན་ནོ། དེ་ནས་རྗེས་ཀྱི་བྱ་བ་ལ། གཏོར་མ་ཆ་བཞི་མགྲོན་སོ་སོ་ལ་འབུལ་བ་ནི། དང་པོ་དཀོན་མཆོག་གསུམ་དང་རྗེ་བཙུན་མ་ལ་གཏོར་མ་འབུལ་བ་ནི། དཀར་ཟླུམ་རིལ་བུ་ཅན་རྒྱན་ལྡན་དཀར་གསུམ་མངར་གསུམ་དང་བཅས་བཤམས་ལ། སྒྲོལ་མའི་གཟུངས་རིང་ལན་གསུམ་གྱི་མཐར་རང་གཞུང་གི། རྗེ་བཙུན་འཕགས་མ་ཐུགས་རྗེའི་སོགས་ནས་ཐོབ་པར་མཛད་དུ་གསོལ༔ མགོན་པོ་ཡོན་ཏན་གྱི་མགྲོན་ལ་གཏོར་མ་དཀར་དམར་ཆབ་ཀྱིས་བྲན་ལ། གསོལ་བསྡུས་དང་སྡེ་མཆོད་རང་མོས་དང་། རང་གཞུང་འདོད་གསོལ་སྐབས། ཡེ་ཤེས་འཇིག་རྟེན་ལས་གྲུབ་སོགས་ཤོ་ལོ་ཀ་འདོན་པ་ནི། ཕྲིན་ལས་མཛོད༔ དེ་ནས་བགེགས་རིགས་ལན་ཆགས་ཀྱི་མགྲོན་དང་རིགས་དྲུག་སྙིང་རྗེའི་མགྲོན་ལ་གླུད་དང་ལན་ཆགས་ཁ་འབར་མའི་སྔགས་ཀྱིས་བསྔོས་ལ་བདེན་པའི་ཆོས་བཤད་ནས། བགེགས་རིགས་མགྲོན་ལ་སོགས་ནས་མྱུར་དུ་འཐོབ་པར་ཤོག༔ བསྔོ་བ་སྨོན་ལམ་ཤིས་བརྗོད་རང་གཞུང་དང་གཞན་ནས་བྱུང་བ་བཞིན་མཐའ་ལེགས་པར་བརྒྱན་པར་བྱའོ། །ཞེས་རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་དག་སྣང་གི་ཆོས་སྡེའི་སྒྲོལ་མ་མཎྜལ་བཞི་བའི་ཟིན་བྲིས་འདི་ཡང་ཤེས་རབ་ཀྱི་བློ་རྩལ་སྒེག་པ་ཀུན་བཟང་དང་སྒྲུབ་བརྩོན་དམ་པ་མདོ་སྔགས་གཉིས་ཀྱི་དགྱེས་སྐོང་དུ་ཆོས་མེད་ཟོག་པོ་ས་ར་ཧི་ཏས་ལྷག་བསམ་དག་པས་བྲིས་པ་དགེ་ལེགས་འཕེལ༔

འཕགས་མ་དབྱངས་ཅན་ལྷ་མོའི་བརྒྱུད་འདེབས་སྙིང་གི་མུན་སེལ།

༄༅།། འཕགས་མ་དབྱངས་ཅན་ལྷ་མོའི་བརྒྱུད་འདེབས་སྙིང་གི་མུན་སེལ་བཞུགས་སོ༔ ཨོཾ་སྭ་ར་སྭ་སྟི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རབ་འབྱམས་ཞིང་གི་ལས་ཅན་སྐྱེད་ཚལ་དུ༔ ཤར་བའི་མོད་ལ་ཕན་བདེའི་འོད་སྣང་གིས༔ ཐར་ལམ་འདབ་སྟོང་ཅིར་ཡང་དགོངས་མཛད་པའི༔ སྨྲ་བའི་ཉི་མ་ཤཱཀྱའི་རྒྱལ་པོ་ལ༔ གསོལ་བ་འདེབས་སོ་གཏི་མུག་མུན་པ་སོལ༔ མཁྱེན་རབ་སྣང་བ་རྒྱས་པར་བྱིན་གྱིས་རློབས༔ རྒྱལ་ཀུན་ཐུགས་བསྐྱེད་ཀུན་གསལ་ལམ་ཡངས་པོར༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ལང་ཚོས་མཛེས༔ ས་གསུམ་སྐལ་བཟང་ཀུན་དྷའི་གཉེན་གཅིག་པུ༔ བློ་མཆོག་ཟླ་བ་འཇམ་དབྱངས་གཞོན་ནུ་ལ༔ གསོལ་བ་འདེབས་སོ་ཐེག་གསུམ་བདུད་རྩིའི་ཆར༔ བདག་ཡིད་ཆུ་མཚོར་འཁྱིལ་བར་བྱིན་གྱིས་རློབས༔ ཚངས་ཆེན་ཆགས་པའི་གདོང་གི་འབྲུག་སྒྲ་ཡིས༔ ཕྱི་ནང་གྲུབ་མཐའ་འཛིན་པའི་མདོངས་མཐའ་ཅན༔ གཅིག་ཏུ་དགའ་བའི་འཁྲི་ཤིང་སློང་མཛད་པ༔ མཚོ་སྐྱེས་ན་ཆུང་རྡོ་རྗེ་དབྱངས་ཅན་མར༔ གསོལ་བ་འདེབས་སོ་བློ་ལྡན་གཞོན་ནུའི་ཡིད༔ ཟག་མེད་བདེ་བས་ཚིམ་པར་བྱིན་གྱིས་རློབས༔ དཔག་ཡས་རྒྱལ་བ་སྲས་བཅས་བྱིན་ནུས་གཟུགས༔ གཅིག་བསྡུས་སྐྱེ་རྒུའི་སྐྱབས་གཅིག་སྤྲུལ་པའི་སྐུ༔ རང་བྱུང་པདྨའི་སྡོང་པོར་དགྱེས་རོལ་བ༔ གངས་ཅན་ལྷ་གཅིག་ཨོ་རྒྱན་ཆེན་པོ་ལ༔ གསོལ་བ་འདེབས་སོ་ཐུགས་བསྐྱེད་ཞལ་བཞེས་མཐུས༔ ཤེས་བྱའི་ཆོས་ཀུན་རྟོགས་པར་བྱིན་གྱིས་རློབས༔ བཅུ་དྲུག་ལང་ཚོའི་རྣམ་འགྱུར་མཐོང་བས་ཀྱང་༔ སྲིད་པའི་གདུང་སེལ་ཞི་བའི་བློ་རྨོངས་འཇོམས༔ མཐའ་བྲལ་བློ་འདས་གཟུགས་སྐུར་རོལ་པའི་འཕྲུལ༔ གསང་ཆེན་མཛོད་འཛིན་མཁའ་འགྲོ་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་སྐྱེ་མེད་དགོངས་པའི་དོན༔ རྩོལ་མེད་རྒྱུད་ལ་འཆར་བར་བྱིན་གྱིས་རློབས༔ ཟུར་ཕུད་ལྔ་པའི་ཐུགས་བསྐྱེད་ཆུ་གཏེར་ལས༔ གངས་ཅན་ལེགས་བྱས་དེད་དཔོན་གྱིས་བོས་མགྲོན༔ བསྟན་འགྲོའི་དབུལ་སེལ་ལྷ་སྲས་ཡིད་བཞིན་ནོར༔ ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ གསོལ་བ་འདེབས་སོ་རང་སྣང་དབང་དུ་འདུས༔ གཞན་སྣང་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས༔ མོས་གུས་སེམས་ཀྱི་བཀོད་མའི་ཆུ་མིག་ཏུ༔ མ་དག་འཁྲུལ་བའི་རྙོག་མས་ཆེར་གོས་པ༔ ཟབ་གཏེར་ལུང་སྟོན་ནོར་བུ་ཀེ་ཏ་ཀས༔ འཁྲུད་མཛད་གྲུབ་དབང་བྱང་ཆུབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་སྨོན་འཇུག་སེམས་མཆོག་དང་༔ འབྲལ་མེད་གཞན་དོན་འགྲུབ་པར་བྱིན་གྱིས་རློབས༔ ཚེ་རབས་ཀུན་ཏུ་ཨོ་རྒྱན་བླ་མ་ཡིས༔ རྗེས་བཟུང་དམ་པ་དུ་མའི་སྨིན་གྲོལ་མཐུས༔ སྔོན་སྨོན་ལས་ཀྱི་འཕྲོ་སད་དག་སྣང་ཆོས༔ ཟོལ་མེད་འགྲོ་ལ་སྟོན་མཛད་ནིརྨ་ཀ༔ རྒྱལ་བའི་མྱུ་གུ་ལུང་རིག་གླིང་པ་ལ༔ གསོལ་བ་འདེབས་སོ་མདོ་རྒྱུད་མན་ངག་ཆོས༔ གོ་མྱོང་རྟོགས་པས་གྲོལ་བར་བྱིན་གྱིས་རློབས༔ དེ་ལྟར་སྨོན་ལམ་ལུང་བསྟན་བརྒྱུད་པ་དང་༔ ཀུན་མཁྱེན་ཆོས་རྗེ་ནས་བརྒྱུད་སྙན་བརྒྱུད་ཀྱི༔ ཆུ་ཀླུང་ཐམས་ཅད་མ་དྲོས་མཚོ་ལ་བཞིན༔ གཅིག་འདུས་རང་བྱུང་རྟོགས་པའི་ཡེ་ཤེས་ཆེ༔ རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མ་ལ༔ གསོལ་བ་འདེབས་སོ་སྒྲིབ་དག་རྫོགས་སངས་རྒྱས༔ གཉུག་མའི་རང་ངོ་འཕྲོད་པར་བྱིན་གྱིས་རློབས༔ གཞན་ཡང་ཚེ་རབས་སྔོན་ནས་ད་ལྟའི་བར༔ དམ་ཚིག་དབང་དང་ཤེས་རབ་རྒྱུད་དོན་བཀྲོལ༔ མན་ངག་ལུང་སྦྱིན་ཉམས་ཆག་སྐོང་མཛད་པའི༔ བཀའ་དྲིན་འཁོར་མེད་རྩ་བརྒྱུད་བླ་མ་ལ༔ གསོལ་བ་འདེབས་སོ་གཟུང་འཛིན་གློ་བུར་ཆོས༔ ཡེ་གྲོལ་མཁའ་ལ་དེངས་པར་བྱིན་གྱིས་རློབས༔ ངོ་བོ་ཆོས་ཉིད་གཅིག་དང་དུ་བྲལ་གཤིས༔ ཞི་དང་ཁྲོ་གར་གདུལ་བྱའི་བློ་རིམ་བཞིན༔ ཅིར་ཡང་སྟོན་མཛད་ཡི་དམ་དཀྱིལ་འཁོར་ལྷ༔ གནས་གསུམ་མཁའ་འགྲོ་དམ་ཅན་སྲུང་མ་ལ༔ གསོལ་བ་འདེབས་སོ་ཤེས་དང་ཤེས་བྱའི་ཆོས༔ དབྱིངས་གཅིག་ངང་དུ་གྲོལ་བར་བྱིན་གྱིས་རློབས༔ ཞེས་པའང་བན་སྤྲང་ཀུ་སུ་ལུ་པ་ལུང་རྟོགས་མིང་གིས་བྲིས་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག༔

དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ་བཞུགས༔

དྷིཿཧྲཱིཿན་མ་ཛྙཱ་ཡེ༔ མ་ལུས་རྒྱལ་བ་ཀུན་གྱི་ཡུམ༔ ངག་གི་དབང་ཕྱུག་ལྷ་མོར་འདུད༔ འགྲོ་བའི་བློ་ཡི་མུན་སེལ་ཕྱིར༔ ཤེས་རབ་རྒྱལ་མོའི་སྒྲུབ་པ་བསྟན༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ དང་པོ་ཟླ་བ་གང་རུང་གི༔ ཡར་ཚེས་རྒྱལ་དང་ཕྲད་པ་འམ༔ དམར་ཕྱོགས་འཕྲོད་སྦྱོར་ལ་ཡང་རུང་༔ དཀོན་མཆོག་མཆོད་དང་སྦྱིན་གཏོང་དང་༔ རྟེན་བཞེངས་མཎྜལ་ཚོགས་བསགས་རྣམས༔ སྔོན་དུ་གང་བྱས་འགྲུབ་པ་ཡི༔ ཐོ་རེངས་དུས་སུ་ཡན་ལག་ལྔ༔ དག་པར་བཀྲུས་ནས་ཤ་ཆང་དང་༔ འཁྲིག་སོགས་མི་གཙང་ཟས་སྤྱོད་ལམ༔ ཀུན་སྤངས་རབ་བྱུང་གསོ་སྦྱོང་དང་༔ ཁྱིམ་པ་ཡིན་ཀྱང་དུས་ཁྲིམས་བླངས༔ དཀྱིལ་འཁོར་རི་རྒྱུད་བཟང་པོའི་སར༔ དྲི་བཟང་ཆག་གདབ་ཐིག་བརྒྱད་གདབ༔ མུ་ཁྱུད་གསུམ་བསྐོར་མཐའ་རྡོ་ར༔ མེ་རིས་བསྐོར་བའི་དབུས་མ་ལ༔ པདྨ་འདབ་མ་བཅུ་དྲུག་པ༔ ལྟེ་བར་ཧྲཱིཿདང་མཐར་དབྱངས་ཡིག༔ མི་ནུས་འབྲས་དཀར་ཚོམ་བུ་དང་༔ དབྱངས་ཀྱི་ཡི་གེ་དག་པར་བརྗོད༔ གཉིས་པར་འདབ་མ་སོ་བཞི་བར༔ གསལ་བྱེད་འབྲི་འམ་ཚོམ་བུ་དང་༔ ཡི་གེ་འབྲུ་བརྗོད་གསུམ་པ་ལ༔ མཚོ་རྫིང་སྐྱེད་ཚལ་རི་མོ་བྱ༔ དབུས་སུ་མཉྫིར་སྐུ་རྟེན་དང་༔ མདུན་དུ་ཟླུམ་གཏོར་དཀར་པོ་ལ༔ དབྱངས་གསལ་གྲངས་ཀྱི་བཤོས་བུས་བསྐོར༔ པདྨ་དཀར་དམར་རྒྱན་དང་བཅས༔ མཐའ་བསྐོར་བདུག་སྤོས་མར་མེ་དང་༔ དྲི་ཆབ་བཤོས་སྐྱེམས་ཉེར་སྤྱོད་འགོད༔ ས་མ་ཡཱ༔ དངོས་བཞི་ཡུལ་དེའི་གཞི་བདག་ལ༔ གཏོར་མ་བྱིན་ཅིང་ཤེས་རབ་ལྷ༔ སྒྲུབ་ལ་བར་ཆད་མ་བྱེད་ཅེས༔ བདེན་པའི་ཚིག་གིས་བཀའ་ཡང་བསྒོ༔ ནག་ཕྱོགས་གླགས་ལྟ་བདུད་ཀྱི་རིགས༔ གཏོར་མ་འབར་མའི་སྔགས་ཀྱིས་བསྔོ༔ རང་ཉིད་ཡི་དམ་གང་ཡིན་དེའི༔ ང་རྒྱལ་དྲག་པོས་ཕ་མཐར་བསྐྲད༔ སྟེང་འོག་སྲ་བརྟན་རྡོ་རྗེའི་གུར༔ ཡེ་ཤེས་མེ་ཡིས་གཏམས་པར་བྱ༔ མདུན་མཁར་རྒྱལ་བ་སྲས་དང་བཅས༔ སྐྱབས་ཀྱི་ཡུལ་དུ་སྤྱན་དྲངས་ཏེ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་ནི༔ ཧྲཱིཿ ཡེ་ནས་རྣམ་གྲོལ་སྟོན་པ་རྫོགས་སངས་རྒྱས༔ ཡེ་ཤེས་རང་གསལ་དོན་དམ་རྟོགས་པའི་ཆོས༔ ཡེ་བབས་སྐྱོན་བྲལ་ཡང་དག་འཕགས་པའི་ཚོགས༔ ཀུན་འདུས་རྒྱལ་ཡུམ་མཆོག་ལ་སྐྱབས་སུ་མཆི༔ སེམས་བསྐྱེད་མཁའ་ཁྱབ་འགྲོ་དོན་དུ༔ སངས་རྒྱས་གོ་འཕང་གྲུབ་པའི་བློས༔ ཧྲཱིཿ གཏི་མུག་མུན་པས་འཁོར་བར་འཁྱམས་པའི་འགྲོ༔ ཀུན་མཁྱེན་རྒྱལ་བའི་གོ་འཕང་ལ་འགོད་ཕྱིར༔ ཤེས་རབ་བློ་ཡི་ལྷ་མོ་དབྱངས་ཅན་མའི༔ གསང་གསུམ་སྒོམ་བཟླས་བརྩོན་པར་དམ་བཅའ་འོ༔ ཚོགས་བསགས་ཡན་ལག་བདུན་པ་ནི༔ ཧྲཱིཿ མ་རིག་རྨོངས་པའི་གཉེན་པོ་ཤེས་རབ་ལྷར༔ སྒོ་གསུམ་རྩེ་གཅིག་དད་པས་ཕྱག་འཚལ་ལོ༔ དུས་གསུམ་ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཉམས་གྲིབ་བརྗེད་ངེས་ཉེས་ལྟུང་བག་ཆགས་བཤགས༔ རྨད་བྱུང་ཐོས་བསམ་སྒོམ་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ སེམས་ཅན་དོན་བྱས་རྒྱལ་ཀུན་བཞུགས་གསོལ་འདེབས༔ དགེ་ཚོགས་འགྲོ་བ་རྣམ་མཁྱེན་ཐོབ་ཕྱིར་བསྔོ༔ ཚོགས་ཞིང་མི་དམིགས་ངང་ལ་བཞག༔ ལྷ་ཡི་རྣལ་འབྱོར་བསྒོམ་པ་ནི༔ ཧྲཱིཿ ཕྱི་ནང་གཞན་གསུམ་གྱིས་བསྡུས་ཆོས་རྣམས་ཀུན༔ རང་བཞིན་མ་གྲུབ་སྐྱེ་འགག་གནས་གསུམ་བྲལ༔ སྟོང་པའི་རྩལ་ལས་སྣང་བ་འགགས་མེད་ཤར༔ སྣང་ཙམ་ཉིད་ནས་སྟོང་པ་ཨེ་མ་ཧོ༔ དེ་ལྟར་མ་རྟོགས་ཁམས་གསུམ་འགྲོ་བ་རྣམས༔ བདག་མེད་བདག་བཟུང་མི་རྟག་རྟག་པར་གོལ༔ མི་གཙང་གཙང་ཞེན་སྡུག་བསྔལ་བདེ་བར་འཁྲུལ༔ དེ་དག་ཚད་མེད་བརྩེ་བས་རྗེས་འཛིན་ཕྱིར༔ ཕྱི་སྣོད་གཞལ་ཡས་ཀུན་བཟང་རྣམ་འཕྲུལ་ཞིང་༔ བཀོད་ལེགས་མཛེས་སྡུག་ཡིད་འོང་ཕོ་བྲང་དབུས༔ རང་སེམས་ཧྲཱིཿཡིག་དཀར་པོའི་འཕྲོ་འདུ་ལས༔ བདག་ཉིད་རྒྱལ་ཀུན་གསུང་གི་དབང་ཕྱུག་མ༔ དབྱངས་ཅན་ལྷ་མོ་དཀར་ལ་སྔོ་བསངས་མདོག༔ དགྱེས་པའི་ཞལ་ལ་འཛུམ་པའི་སྤྱན་དཀྱུས་རིང༔ མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས༔ ཞལ་གཅིག་ཕྱག་གཉིས་རིན་ཆེན་པྲོག་ཞུ་དང་༔ ནོར་བུའི་དོ་ཤལ་གསེར་གཡུའི་གདུ་བུ་འཁྲོལ༔ སྐུ་སྟོད་ལྷ་གོས་ལྗང་ཁྲའི་སྟོད་གཡོགས་མཛེས༔ ནུ་འབུར་ཆགས་པའི་མེ་ཏོག་རབ་ཏུ་རྒྱས༔ ཕྱག་གཉིས་བཻཌཱུར་རྒྱུད་མང་གླེགས་བམ་བསྣམས༔ ཞབས་གཉིས་ཕྱེད་སྐྱིལ་སྨད་དཀྲིས་འཇའ་ཚོན་མདངས༔ དམར་སེར་བཅུ་དྲུག་འདབ་རྒྱས་ཟེའུ་འབྲུའི་དབུས༔ ཉ་གང་ཟླ་བའི་གདན་ལ་སྒེག་ཅིང་འགྱིངས༔ སྤྱི་བོར་པད་དཀར་ཟླ་བའི་གདན་སྟེང་དུ༔ དྷིཿཡིག་དམར་སེར་ལས་བྱུང་བླ་མ་ནི༔ འཇམ་དབྱངས་གཞོན་ནུ་གུར་གུམ་གསར་བའི་མདོག༔ རལ་གྲི་པོ་ཏི་ལོངས་སྐུའི་ཆ་བྱད་རྫོགས༔ རྡོ་རྗེའི་སྐྱིལ་ཀྲུང་མཚན་དཔེའི་འོད་ཟེར་འཕྲོ༔ འཛུམ་པའི་སྤྱན་གྱིས་གཙོ་མོའི་ཞལ་ལ་བལྟ༔ མཐའ་བསྐོར་རྩ་གསུམ་ལྷ་ཚོགས་ཁྲོམ་ལྟར་འཚོགས༔ ཕྱི་རོལ་པད་འདབ་བཅུ་དྲུག་མདུན་ངོས་ནས༔ གཡོན་བསྐོར་ཚུལ་དུ་དབྱངས་ཡིག་བཅུ་དྲུག་པོ༔ ཁ་དོག་ལྔ་ལྡན་འོད་ཀྱི་འཕྲོ་འདུ་ལས༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་སྣ་ཚོགས་མདོག༔ ཞལ་འཛུམ་བཞད་མདངས་དར་དང་རིན་ཆེན་རྒྱན༔ ལྟ་བས་མི་ངོམ་ལྷ་ཡི་ན་ཆུང་མ༔ ཕྱག་གཉིས་གཡས་རྣམས་ཨུཏྤལ་ལྟེ་བ་རུ༔ ཤེས་བྱའི་ཆོས་ཀུན་སྟོན་པའི་གླེགས་བམ་དང་༔ གཡོན་རྣམས་རང་རྟགས་ཞབས་གཉིས་བཞེངས་སྟབས་འགྱིངས༔ དེའི་ཕྱིར་པདྨ་འདབ་མ་སོ་བཞི་ལ༔ མདུན་ནས་གཡས་བསྐོར་ཀ་ལི་སུམ་བཅུ་བཞི༔ དཀར་སེར་དམར་ལྗང་སྔོ་མཐིང་ཁ་དོག་ཅན༔ གནས་མཆོག་སོ་གཉིས་དག་ལ་བཞུགས་པ་ཡི༔ རྡོ་རྗེ་མཐོང་བྱེད་ལ་སོགས་དཔའ་བོ་ནི༔ སུམ་བཅུ་རྩ་གཉིས་ལྷ་བུ་གཞོན་མཛེས་སྒེག༔ སྐུ་མདོག་སྣ་ཚོགས་ཞལ་འཛུམ་དགྱེས་པའི་ཉམས༔ རིན་ཆེན་པྲོག་ཞུ་ལྔ་ལྡན་དར་གྱི་གོས༔ ཕྱག་གཉིས་གཡས་རྣམས་མཆོག་སྦྱིན་གཡོན་གླེགས་བམ༔ ཆོས་ཀུན་མ་འདྲེས་སོ་སོར་སྟོན་པའི་བརྡར༔ ཞབས་གཉིས་ཕྱེད་སྐྱིལ་ཧ་དང་ཀྵཿཡིག་ལས༔ རིག་བྱེད་སྨྲ་བའི་དབང་ཕྱུག་ཕུར་བུ་དང་༔ ཚངས་པ་གདོང་བཞི་རང་རྟགས་ཞི་འཛུམ་བཞད༔ མཐའ་བསྐོར་ཤེས་རབ་མཆོག་སྟེར་ལྷ་ཡི་ཚོགས༔ མ་འདྲེས་མཁའ་ལ་འཇའ་ཚོན་ཇི་བཞིན་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་༔ གཙོ་བོ་ཡབ་ཡུམ་ཐུགས་སྲོག་དྷཱིཿདང་ཧྲཱིཿ གཞན་རྣམས་དབྱངས་གསལ་རང་མདོག་འོད་ཟེར་གྱིས༔ རབ་འབྱམས་རྒྱལ་ཀུན་ཤེས་རབ་ལྷ་ཡི་ཚུལ༔ སྤྱན་དྲངས་བསྐྱེད་པའི་ལྷ་དང་གཉིས་མེད་གྱུར༔ ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་ནི༔ ཨོཾ༔ རང་བྱུང་འཕོ་མེད་ཆོས་སྐུའི་ཀློང་ཡངས་ནས༔ རང་རྩལ་འགགས་མེད་ཡེ་ཤེས་རོལ་པའི་ལྷ༔ སྨྲ་བའི་དབང་ཕྱུག་མཚོ་བྱུང་དབྱངས་ཅན་མ༔ མ་ལུས་འཁོར་བཅས་ཐུགས་རྗེས་བརྩེར་དགོངས་ནས༔ གཏི་མུག་འཐིབས་པོས་ནོན་པའི་འགྲོ་བ་རྣམས༔ ཤེས་བྱ་ཀུན་གསལ་ཐར་པའི་ལམ་འགོད་ཕྱིར༔ བུ་ཡི་གདུང་བའི་སྨྲེ་སྔགས་འདིར་གསོན་ལ༔ མ་ཁྱོད་མཁྱེན་གཉིས་ཤུགས་ཀྱིས་གཤེགས་སུ་གསོལ༔ ཐོག་མ་མེད་ནས་ལས་ཉོན་གྱིས་མནར་བས༔ བདག་ཅག་རང་བྱུང་ཡེ་ཤེས་ཞལ་མ་མཐོང་༔ དུས་འདིར་གཏན་བདེའི་གོ་སར་དབུགས་དབྱུང་བའི༔ རྒྱལ་ཡུམ་སྒྲ་དབྱངས་ལྷ་མོ་གནས་འདིར་སྤྱོན༔ དབྱངས་གསལ་ཐབས་ཤེས་ཡི་གེའི་འཕྲོ་འདུ་ལས༔ གནས་ཡུལ་སྐྱོང་མཛད་ཤེས་རབ་ལྷ་ཡི་ལྷ༔ སྨྲ་བའི་ཉི་མ་གདོང་བཞིའི་དབང་པོ་སོགས༔ མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་སྭ་ར་སྭ་སྟི་པྲཛྙཱ་དེ་ཝཱི་གུ་རུ་དེ་ཝཱ་ཌཱཀྐི་ནི་དྷརྨཱ་པ་ལ་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་དམ་ཡེ་བཞུགས་གསོལ་ནི༔ ཧྲཱིཿདྷཱི༔ རྨད་བྱུང་ཤེས་རབ་མཆོག་གི་དཔལ་སྟེར་བའི༔ སྒྲ་དབྱངས་ངག་གི་ལྷ་མོ་ཡབ་དང་ཡུམ༔ སྣང་བའི་དཔལ་སྟེར་ཡེ་ཤེས་ལྷ་ཡི་ཚོགས༔ དམ་ཚིག་རྟེན་ལ་དབྱེར་མེད་བརྟན་བཞུགས་ཤིང་༔ སྒྲིབ་གསུམ་མུན་པ་མ་ལུས་མཐར་བསྐྲད་ནས༔ ཐོས་བསམ་སྒོམ་གསུམ་ཡང་དག་དཔལ་སྩོལ་ཅིག༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བདག་ལྟ་སེལ་ཕྱིར་གུས་པས་ཕྱག་འཚལ་ནི༔ ཧྲཱིཿ ཡེ་ནས་རང་རིག་ལྷ་དང་དབྱེར་མེད་ཀྱང་༔ ཇི་བཞིན་མ་རྟོགས་ཉོན་མོངས་ཤེས་བྱའི་སྒྲིབ༔ དོན་དམ་བདག་མེད་ལྷ་མོའི་རང་ཞལ་མཆོག༔ མངོན་དུ་བྱེད་ཕྱིར་སྐུ་གསུམ་ཡེ་ཤེས་ལྷར༔ རྣམ་རྟོག་བཅོས་མའི་ཀུན་རྫོབ་རོལ་པའི་ཕྱག༔ འཕྲུལ་དགའི་ལྷ་ཡི་རྣམ་འགྱུར་ཇི་ལྟ་བུར༔ དད་དང་གུས་པ་ཆེན་པོས་བཙལ་བར་བགྱི༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ མཆོད་པའི་བྱེ་བྲག་གསུམ་ལས་དང་པོ་ནི༔ ཧྲཱིཿ འདབ་སྟོང་དྲི་བཟང་ཁང་པ་སྤྱན་ལ་འབུལ༔ ལྷན་སྐྱེས་སྦྱར་བྱུང་བསུང་ཞིམ་ཤངས་ལ་འབུལ༔ སྙན་འཇེབས་དྲུག་ལྡན་གླུ་དབྱངས་སྙན་ལ་འབུལ༔ རོ་ལྡན་འཆི་མེད་ཟས་མཆོག་ལྗགས་ལ་འབུལ༔ རེག་འཇམ་ན་བཟའ་སྣ་ཚོགས་སྐུ་ལ་འབུལ༔ ཉམས་རྟོགས་བདེ་སྟོང་སྒྱུ་མ་ཐུགས་ལ་འབུལ༔ སྣང་གསལ་སྤྱན་གཟིགས་མཆོད་པའི་བྱེ་བྲག་ཀུན༔ ཡོན་ཏན་ཀུན་ལྡན་འཕགས་མའི་ཚོགས་ལ་འབུལ༔ བཞེས་ནས་ཚོགས་དྲུག་འཁྲུལ་བའི་སྒྲིབ་ཚོགས་ཀུན༔ གནས་གྱུར་ཡེ་ཤེས་དྲུག་ལྡན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས།ཤཔྟ་པྲ་ཏིཥྩ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ བློས་སྤྲུལ་རིན་ཆེན་སྣ་བདུན་དང་༔ ཉེ་བའི་སྣ་བདུན་འབུལ་བ་ནི༔ ཧྲཱིཿ རྩིབས་སྟོང་གླིང་བཞི་ཟིལ་གནོན་འཁོར་ལོ་དང་༔ དབུལ་སེལ་འདོད་རྒུའི་དཔལ་སྩོལ་མ་ཎི་ཀ༔ སྐྱོན་བྲལ་ཡོན་ཏན་བརྒྱད་ལྡན་དགའ་བདེའི་ལྗོན༔ འདོད་སྦྱིན་རིན་ཆེན་མཛོད་འཆང་བློ་གྲོས་ལྡན༔ ས་གསུམ་བགྲོད་ལ་མྱུར་བའི་རྟ་ཡི་མཆོག༔ མགྲིན་པ་བདུད་རྩིའི་བུམ་བཟང་གཉིས་འཐུང་དབང་༔ དགྲ་སྡེའི་གཡུལ་ལས་རྣམ་རྒྱལ་དཔའ་བོ་སྟེ༔ མི་དབང་ལ་འོས་རིན་ཆེན་བདུན་གྱི་ཚོགས༔ ཤེས་རབ་ལྷ་མོ་སྤྲུལ་བར་བཅས་ལ་འབུལ༔ གཞན་ཡང་ཉེ་བར་སྤྱོད་པའི་རིན་པོ་ཆེ༔ དར་ཟབ་རཏྣའི་ཁྲི་སྟན་ཆེ་མཐོ་བརྗིད༔ རྣོ་ངར་རྒོལ་བ་འཇོམས་པའི་རལ་གྲི་དང་༔ ལེགས་སྤྱོད་ཆར་གྱི་གདུང་སེལ་ཀླུ་ཡི་པགས༔ ཚ་བའི་གདུང་སེལ་དར་གྱི་ལྡིང་གུར་མཛེས༔ རྡུལ་དྲིའི་སྐྱོན་སེལ་རྔ་ཡབ་ནོར་བུའི་རྒྱན༔ སྣོད་མཆོད་ཡོལ་གོ་བཅུད་འཛིན་འདོད་འཇོའི་བ༔ པཉྩ་ལི་ཀ་སྲབ་འཇམ་བདེ་བསྐྱེད་གོས༔ ངག་གི་དཔལ་སྟེར་ངག་དབང་ལྷ་མོར་འབུལ༔ བཞེས་ནས་བསོད་ནམས་མི་ལྡན་བདག་ཅག་ལ༔ ཡང་དག་འཕགས་ནོར་བདུན་གྱི་དངོས་གྲུབ་སྩོལ༔ ཨོཾ་སྭ་ར་སྭ་སྟི་པྲཛྙཱ་དེ་ཝཱི་སཔྟ་མ་ཧཱ་རཏྣ་པཱུ་ཙི་ཏེ་ཨཱཿཧཱུྃ༔ བློས་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ་བ་ནི༔ ཧྲཱིཿ གཞན་ཡང་འཕགས་པ་ཀུན་ཏུ་བཟང་པོ་ཡི༔ རྣམ་པར་འཕྲུལ་བའི་ཏིང་འཛིན་ལས་བྱུང་བའི༔ དཔག་མེད་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི༔ རིན་ཆེན་རི་རབ་འདོད་འབྱུང་ཡིད་བཞིན་ནོར༔ དཔག་བསམ་ལྗོན་ཤིང་མ་རྨོས་ལོ་ཏོག་འཁྲུངས༔ སྐྱེད་མོས་ཚལ་དང་པད་མཚོར་ངང་པས་བརྒྱན༔ དར་ཟབ་འཕན་གདུགས་རྒྱལ་མཚན་བླ་བྲེ་དང་༔ རྔ་ཡབ་གདུབ་སིལ་ལྷ་མོ་བཅུ་དྲུག་གི༔ གླུ་གར་རོལ་མོ་འཇིག་རྟེན་སྣང་བྱེད་པའི༔ ཉི་ཟླ་རྒྱུ་སྐར་ལྷ་མིའི་ཉེར་སྤྱོད་རྫས༔ གོས་རྒྱན་ཁང་པ་གནས་དང་ཡོ་བྱད་ཚོགས༔ མཁའ་ལ་སྤྲིན་ཕུང་འཐིབས་པ་ཇི་བཞིན་དུ༔ བློ་འདས་རང་བྱུང་ཆེན་པོའི་ཏིང་འཛིན་གྱིས༔ མཆོག་གསུམ་རབ་འབྱམས་རྒྱལ་བ་མ་ལུས་པའི༔ མཁྱེན་རབ་བདག་ཉིད་རྗེ་བཙུན་འཇམ་པའི་དབྱངས༔ བློ་གྲོས་གཏེར་འཆང་སྒྲ་དབྱངས་ལྷ་མོ་ཡི༔ རང་རྩལ་སྤྲུལ་འཁོར་མ་ལུས་ཐམས་ཅད་ལ༔ གུས་པས་འབུལ་ལོ་བརྩེ་བས་ཉེར་བཞེས་ནས༔ ཤེས་བྱ་ཀུན་མཁྱེན་དངོས་གྲུབ་བསྩལ་དུ་གསོལ༔ པྲཛྙཱ་དེ་ཝཱི་སྭ་ར་སྭ་སྟི་ས་པཱ་རི་ཝཱ་ར་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱ་ཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧྲཱིཿ ངོ་མཚར་རྨད་བྱུང་རྒྱལ་ཀུན་བསྐྱེད་པའི་ཡུམ༔ སྲིད་དང་མྱ་ངན་འདས་པའི་ཆོས་སོ་ཅོག༔ སྐྱེ་མེད་དབྱིངས་སུ་སྡུད་མཛད་ངག་གི་ལྷ༔ ཤེས་རབ་ཕ་རོལ་ཕྱིན་མ་ཁྱོད་ལ་བསྟོད༔ མཚན་བཟང་དཔེ་བྱད་འཇོ་སྒེག་ཚངས་སྲས་མོ༔ ཁ་བའི་རྡུལ་བརྩེགས་ཟླ་འོད་ཀྱིས་སྤྲས་ལྟར༔ དཀར་ལ་ཅུང་ཟད་སྔོ་བསངས་འཛུམ་པའི་ཞལ༔ བལྟ་བས་མི་ངོམ་མཚུངས་པ་མེད་ལ་བསྟོད༔ ཕྱག་ཞབས་པདྨ་གཞོན་ནུའི་དཔལ་འཕྲོག་པ༔ གདུ་བུའི་བུང་བ་སིལ་ཁྲོལ་གླུ་དབྱངས་སྒྲོག༔ ཚུལ་ཁྲིམས་བསུང་ཞིམ་སྲིད་ཞིའི་གདུང་བ་སེལ༔ ཟག་མེད་བཅུ་དྲུག་ལང་ཚོས་སྒེག་ལ་བསྟོད༔ བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་མ་ལུས་པ༔ ཏམ་བུ་ར་ཡི་སྒྲ་དབྱངས་ཀྱིས་སྟོན་པའི༔ སྲས་བཅས་རྒྱལ་བའི་གསུང་གི་མཛོད་འཆང་བ༔ ཚངས་དབྱངས་དྲུག་ཅུའི་བདག་ཉིད་མཆོག་ལ་བསྟོད༔ དམིགས་མེད་མཁྱེན་པས་སྲིད་མཚོ་ལས་བརྒལ་ཀྱང་༔ ཚད་མེད་སྙིང་རྗེས་ཚངས་པའི་བུ་མོར་སྤྲུལ༔ ཆགས་པ་མེད་ཀྱང་ཆགས་པའི་སྒྱུ་ཐབས་ངོམ༔ བློ་འདས་བློ་གྲོས་ལྷ་མོར་སྟོན་ལ་བསྟོད༔ བྱམས་བརྩེའི་དབང་ཕྱུག་འཕགས་པའི་ཚེམས་ལས་བྱུང་༔ བདེ་ལེགས་བྱེ་བའི་སྒྲ་ལྡན་མཚོ་ལས་སྐྱེས༔ དྲན་པ་ཙམ་གྱིས་གཏི་མུག་སེལ་མཛད་པ༔ ཤེས་བྱའི་དཔལ་སྟེར་ལྷ་ལ་ཕྱག་འཚལ་བསྟོད༔ འཛབ་དམིགས་གཙོ་འཁོར་རྣམ་གསུམ་ལས༔ དང་པོ་གཙོ་མོ་རིགས་བདག་གི༔ ཐུགས་ཀར་པདྨ་དཀར་པོ་འདབ་བརྒྱད་དབུས༔ ཟླ་བའི་དལ་ལ་ཧྲཱིཿདྷིཿདཀར་གསལ་དང་༔ དམར་སེར་མཐའ་མར་སྔགས་ཀྱིས་གཡས་བསྐོར་བའི༔ ཡིག་འབྲུ་དྭངས་གསལ་ཉི་ཟླ་འཆར་ཀའི་འོད༔ བལྟར་མི་བཟོད་པ་ལྟ་བུར་སེམས་གཏད་དེ༔ ཏིང་འཛིན་གོམས་ཕྱིར་དང་པོ་ཡིད་བཟླས་བྱ༔ ཨོཾ་ཧྲཱི་དྷཱིཿཔྲཛྙཱ་དེ་ཝཱི་སྭ་ར་སྭ་སྟི་མཉྫུ་ཤྲཱི་མ་ཏི་ཝརྡྷ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཙོ་བོ་ཡབ་ཡུམ་གཟུངས་སྔགས་འདི༔ འབུམ་ཕྲག་བརྒྱད་ཀྱི་གྲངས་ཡིན་ནོ༔ གཉིས་པ་ངག་གིས་ཤུབ་བུར་བཟླ༔ དམིགས་པ་སྔགས་ཀྱི་ཡི་གེ་དེ་རྣམས་ལས༔ རང་སྒྲ་བུང་བས་མེ་ཏོག་བཅུད་འཚོལ་བཞིན༔ སྙན་ལ་ལྡེམ་པ་དར་དིར་སྒྲོགས་པ་ཡི༔ སྒྲ་དབྱངས་ཤིན་ཏུ་སྙན་ལ་སེམས་བཟུང་སྟེ༔ ངག་སྒྲིབ་འདག་ཕྱིར་ཤུབ་བུར་བཟླས་པར་བྱ༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད་པས་མཉེས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཚུར་ལ་བསྡུས༔ བདག་ཉིད་ལ་ཐིམ་སླར་ཡང་འོད་ཀྱི་ཕྲེང་༔ མཁའ་ལས་ཉི་ཤར་ལྟ་བུར་ཕྱོགས་བཅུར་འཕྲོས༔ པཎྜི་ཏ་དང་སྒྲ་ཚད་སྙན་ངག་གི༔ ཚིག་དོན་ཤེས་རབ་འོད་ལྔའི་ཚུལ་དུ་བཀུག༔ རང་གི་སྐུ་དང་སྔགས་འཁོར་རིགས་བདག་ལ༔ ཐིམ་པས་འཁོར་འདས་ཀུན་གྱི་དབང་ཕྱུག་ཆེ༔ སྨྲ་བའི་སེང་གེ་ཡབ་ཡུམ་གསང་གསུམ་དང་༔ དབྱེར་མེད་བདེ་སྟོང་ཡེ་ཤེས་ངང་ལ་བཞག༔ ཡེངས་མེད་ངང་དུ་རྡོར་བཟླས་འགོག་བཟླས་ཀྱི༔ བཟླས་པ་བརྩོན་པས་རབ་འབྲིང་ཐ་མའི་རྟགས༔ རབ་ནི་མཁྱེན་རབ་ལྷ་ཡི་ཞལ་མཐོང་ཞིང་༔ གསུང་ཐོས་སྔར་མ་མཐོང་བའི་ཆོས་ཀུན་ཤེས༔ འབྲིང་གི་ཉམས་སྣང་ལྷ་སྔགས་གསལ་བར་འབྱུང་༔ ཐ་མ་རྨི་ལམ་ཁྲུས་བྱེད་གོས་དཀར་གྱོན༔ ཤེལ་དང་མེ་ལོང་གླེགས་བམ་གླིང་བུ་རྙེད༔ མཁའ་ལ་འཕུར་དང་ཉི་ཟླ་ཤར་སོགས་རྨིས༔ མདོར་ན་བྱིང་རྨུགས་རྒོད་སོགས་སེམས་ཀྱི་སྒྲིབ༔ ཤས་ཆུང་ཉམས་གསལ་ཆོས་ཀྱི་ཚིག་དོན་ལ༔ བློ་གྲོས་མྱུར་བའི་རྟགས་སོགས་ངེས་པར་འབྱུང་༔ དེ་ཚེ་བཟང་ངན་རྣམ་རྟོག་ཅི་བྱུང་ཡང་༔ རེ་དོགས་སྤངས་པ་གུ་ཡངས་ཕྱམས་བརྡལ་བ༔ བློ་འདས་རང་བབས་གཉུག་མའི་ཤེས་པ་ལ༔ རང་སར་གློད་པ་གནད་ཀྱི་མན་ངག་གོ༔ ས་མ་ཡཱ༔ དེ་ལྟར་ཟླ་བ་དྲུག་གམ་བདུན་ཕྲག་བདུན༔ བརྩོན་པས་བསྒྲུབས་ཀྱང་རྟགས་མཚན་མ་བྱུང་ན༔ རིག་བྱེད་མཛོད་འཛིན་ཚངས་པའི་བུ་མོ་དང་༔ རྒྱ་གར་མཁས་པ་པདྨ་བདག་གིས་བསླུས༔ ཚིག་འདི་བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དེ་ནས་འཁོར་གྱི་ལྷ་མོ་བཅུ་དྲུག་པོའི༔ ཐུགས་ཀར་དབྱངས་ཡིག་བཅུ་དྲུག་ཟླ་གདན་ལ༔ མར་མེ་ལྟར་འབར་དེ་མཐར་དབྱངས་ཡིག་ནི༔ གཡོན་བསྐོར་བུང་བ་ཚང་ཞུགས་སྒྲ་ལྟ་བུ༔ སྙན་ལ་གསལ་དྭངས་ཆུ་བོའི་རྒྱུན་བཞིན་བཟླ༔ ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ རྀ་རཱྀཿ ལྀ་ལཱྀཿ ཨེ་ཨཻཿ ཨོ་ཨཽཿ ཨཾ་ཨ༔ རིང་ཐུང་སྤེལ་མའི་དབྱངས་ཡིག་རྣམས༔ འབུམ་ཕྲག་བཟླས་པས་ངག་སྒྲིབ་བྱང་༔ ཤེས་རབ་སྣང་བ་ཆེར་འཕེལ་བས༔ ངག་གི་དབང་ཕྱུག་ཆེན་པོར་འགྱུར༔ དེ་ནས་འཁོར་གྱི་དཔའ་བོ་སོ་གཉིས་དང་༔ རིགས་བྱེད་བདག་པོ་ཕུར་བུའི་ཐུགས་ཀར་ཧ༔ འཇིག་རྟེན་མེས་པོ་ཚངས་པའི་ཐུགས་ཀར་ཀྵ༔ རང་མདོག་གསལ་བྱེད་སོ་བཞིའི་སྔགས་གཡས་འཁོར༔ འོད་ཟེར་ཕར་འཕྲོས་གནས་མཆོག་སོ་བཞི་ཡི༔ རྡོ་རྗེ་མཐོང་བྱེད་ལ་སོགས་ཐུགས་རྒྱུད་བསྐུལ༔ དེ་དག་བྱིན་རླབས་མཁྱེན་པའི་ཡེ་ཤེས་ཉིད༔ འོད་ལྔའི་རྣམ་པར་བདག་མདུན་དབྱངས་ཅན་མ༔ གཙོ་འཁོར་ལ་ཐིམ་རིག་པའི་གནས་ལྔ་སོགས༔ ཤེས་བྱ་ཀུན་ལ་ཐོགས་མེད་སྤོབས་པ་རྙེད༔ སླར་ཡང་འོད་ཟེར་རྒྱུད་དྲུག་འགྲོ་ལ་ཕོག༔ གཏི་མུག་གཙོར་གྱུར་ཉོན་མོངས་དྲུག་པོ་ཡི༔ བག་ཆགས་རྒྱུ་འབྲས་མ་ལུས་བྱང་ཞིང་དག༔ ཐམས་ཅད་དབྱངས་ཅན་ཡབ་ཡུམ་རིགས་ལྔར་གྱུར༔ སྔགས་སྒྲས་ཁམས་གསུམ་ཀུན་ཀྱང་གང་བར་བསམ༔ ཀ་ཁ་ག་གྷ་ང་༔ ཙ་ཚ་ཛ་ཛྷ་ཉ༔ ཊ་ཋ་ཌ་ཌྷ་ཎ༔ ཏ་ཐ་ད་དྷ་ན༔ པ་ཕ་བ་བྷ་མ༔ ཡ་ར་ལ་ཝ༔ ཤ་ཥ་ས་ཧ་ཀྵ༔ དེ་ལྟར་གསལ་བྱེད་འབུམ་ཕྲག་གཅིག་བཟླས་པས༔ རྩ་ཁམས་ཐབས་ཤེས་ཡིག་འབྲུ་ཉམས་པ་སོས༔ དོན་གྱི་ཡི་གེ་སྐྱེ་མེད་དོན་རྟོགས་ནས༔ རྟགས་ཀྱི་ཡི་གེ་མཚན་དཔེའི་སྐུ་ཐོབ་ནས༔ སྤྲུལ་པའི་ཡི་གེའི་བསྟན་འགྲོ་བདེ་ལ་འགོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་གཏོར་མ་འབུལ་བའི་རིམ་པ་ནི༔ དཀར་གཏོར་ཆ་བཞི་འབྲུ་གསུམ་སྔགས་ཀྱིས་བརླབས༔ དང་པོ་དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་ལ༔ དད་དང་གུས་པའི་སེམས་ཀྱིས་ཚིག་འདིས་འབུལ༔ ཧྲཱིཿ གཏི་མུག་ལ་སོགས་ཉོན་ཤེས་ཀུན་སྤངས་ཤིང་༔ སྟོབས་བཅུ་མི་འཇིགས་ཀུན་རྟོག་རྫོགས་སངས་རྒྱས༔ འདོད་ཆགས་སྒྲིབ་པའི་འཁོར་རྒྱུ་ལས་ཉོན་ཀུན༔ སྤངས་གཉེན་དབྱིངས་གྲོལ་ཞི་གྱུར་དམ་པའི་ཆོས༔ ཞེ་སྡང་སྲིད་པའི་མེ་ལྕེ་རབ་ཞི་ནས༔ དགེ་སྦྱོང་ཆོས་བཞིས་རྒྱུད་གྲོལ་འཕགས་པའི་སྡེ༔ དཀར་དམར་གཙང་མར་སྦྱར་བའི་གཏོར་མ་འདི༔ ཀུན་བཟང་མཆོད་སྤྲིན་མཆོག་ཏུ་བློས་སྤྲུལ་ཏེ༔ གུས་པས་འབུལ་ལོ་བརྩེ་བས་ཉེར་བཞེས་ནས༔ ཚོགས་རྫོགས་སྒྲིབ་དག་དོན་གཉིས་མྱུར་འགྲུབ་མཛོད༔ ན་མོཿརཏྣ་ཏྲ་ཡ་ཡཱ༔ ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧཱི༔ གཉིས་པ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དཔལ་མགོན་མགྲོན་ལ་བརྩེ་གདུང་ཚུལ་གྱིས་འབུལ༔ ཧྲཱིཿ ངོ་བོ་ཡེ་གྲོལ་ཆོས་སྐུའི་རང་བཞིན་ལས༔ རྩལ་སྣང་འགགས་མེད་ཞི་ཁྲོ་རབ་འབྱམས་ལྷ༔ གང་འདུལ་སྤྲུལ་པའི་དྲེགས་པ་གཙོ་འཁོར་ཚུལ༔ འཇིག་རྟེན་འདས་ཀྱང་འཁོར་བའི་རྣམ་རོལ་ཅན༔ དཔལ་མགོན་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ ཁྱད་པར་ཤེས་རབ་གཏེར་སྲུང་དུད་སོལ་མ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔བརྩེ་གདུང་གྲོགས་ཀྱི་ཚུལ་དུ་བྷ་ལིང་ཏ༔ འབུལ་ལོ་དགྱེས་ཤིང་ཆགས་པས་འདི་བཞེས་ལ༔ དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང་༔ མཐུན་རྐྱེན་ཐོས་པས་ཆོས་ལ་སྤྲོ་བ་འཕེལ༔ བསམ་པས་ཆོས་ཀྱིས་རང་རྒྱུད་ལས་སུ་རུང་༔ བསྒོམས་པས་ཆོས་ཉིད་རང་ངོ་འཕྲོད་པ་ཡི༔ གནས་སྐབས་བསྟན་འགྲོའི་རྒུད་པ་སེལ་བ་དང་༔ མཐར་ཐུག་རང་གཞན་དོན་གཉིས་སྒྲུབ་པ་ལ༔ ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་པར་མཛོད༔ ཨོཾ་དྷརྨ་པཱ་ལ་ཤྲཱིཿན་ཐ་གུ་ཎ་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ ཞེས་ཕུལ་གསུམ་པ་ནོར་རྒྱུན་ལྷ་མོ་ལ༔ མ་ལ་གདུང་བཞིན་ཚིག་འདིས་དབུལ་བར་བྱ༔ ཧྲཱིཿ བསྐལ་མང་སེམས་ཅན་ཕོངས་ཤིང་ཉམ་ཐག་པ༔ རྗེས་སུ་སྐྱོང་བར་དམ་བཅས་ནོར་རྒྱུན་མ༔ ཟག་མེད་འདོད་ཡོན་ལྔ་ལྡན་བཤོས་གཙང་མཆོག༔ གདུངས་ཤིང་གུས་པས་འབུལ་ལོ་དགྱེས་བཞེས་ནས༔ ཤེས་རབ་བློ་གཏེར་ལྷ་མོ་སྒྲུབ་པ་ལ༔ ཕྲག་དོག་རུ་ངའི་ཀོ་ལོང་མ་མཛད་པར༔ རིག་པའི་གནས་སོགས་མཁས་པའི་དཔལ་ཐོབ་ཀྱང་༔ འཚོ་བའི་ཡོ་བྱད་མཆོད་སྦྱིན་ཚོགས་བསགས་རྫས༔ མི་ཟད་ནོར་གྱི་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་བ་སུ་དྷ་རཱི་དེ་ཝཱི་ས་པ་རི་ཝ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ བཞི་པ་སྔགས་དྲུག་སྤྱི་དང་ལན་ཆགས་མགྲོན༔ ཀུན་ལ་སྙིང་རྗེའི་སེམས་ཀྱིས་བསྔོ་བ་ནི༔ ཁ་འབར་མ་ཡི་སྔགས་ཀྱིས་ལན་བདུན་བསྔོ༔ ཧྲཱིཿ འགྲོ་བ་རིགས་དྲུག་སྡུག་བསྔལ་སོ་སོ་ལ༔ བག་ཆགས་དབང་གིས་སྤྱོད་པའི་འགྲོ་རྣམས་དང་༔ ཁྱད་པར་ཚེ་རབས་སྔོན་ནས་ད་ལྟའི་བར༔ བདག་གིས་བསད་བཅད་རྐུན་བརྡེག་ལོག་པར་གཡེམ༔ རྫུན་ཕྲས་བསླུས་ཤིང་རྩུབ་མོས་སེམས་སུན་ཕྱུང་༔ ཀྱལ་ཀས་མགོ་བསྐོར་བརྣབ་སེམས་གཞན་ནོར་རྔམ༔ གནོད་སེམས་ཕན་པ་བྲལ་དང་ལོག་པར་བལྟས༔ མདོར་ན་ཆོས་དང་འགལ་ཀུན་ལན་ཆགས་རྒྱུ༔ བྱང་ཞིང་དག་ནས་འགྲོ་དྲུག་ལས་སྒྲིབ་བྱང་༔ དོན་གཉིས་སྒྲུབ་ལ་ཐོགས་མེད་མཐུ་ཐོབ་ཤོག༔ ཅེས་པས་བསྔོ་བཞིན་མཆོད་ཅིང་བསྟོད༔ སླར་ཡང་གདུང་བས་གསོལ་བ་འདི་བཞིན་གདབ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རྒྱལ་བ་ཀུན་གྱི་ཡབ༔ མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས༔ ཕུལ་བྱུང་བློ་གྲོས་མཆོག་གི་དཔལ་སྩོལ་བའི༔ ངག་གི་དབང་ཕྱུག་ལྷ་མོ་སྒྲ་ལྡན་མ༔ སྟོང་ཉིད་ཡེ་ཤེས་བཅུ་དྲུག་ལས་བྱུང་བའི༔ རྡོ་རྗེ་སྒེག་མོ་ལ་སོགས་མཆོད་པའི་ལྷ༔ རྡོ་རྗེ་མཐོང་བྱེད་ཀུན་ཏུ་མཐོང་བྱེད་དང་༔ རྡོ་རྗེ་སྒྲ་མཁས་རྡོ་རྗེ་དབྱངས་མཁན་སོགས༔ ཤེས་རབ་སྤོབས་པ་མཆོག་སྦྱིན་སུམ་ཅུ་བཞི༔ གཙོ་འཁོར་མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་ནི་ཐོག་མ་མེད་ནས་གཏི་མུག་མཐུས༔ ཁམས་གསུམ་གནས་སུ་སྡུག་བསྔལ་དུ་མས་མནར༔ བདེ་བ་འདོད་ཀྱང་བདེ་བའི་རྒྱུ་འབྲས་ལ༔ རྟག་ཏུ་རྨོངས་པས་དགེ་བཅུ་ཡལ་བར་དོར༔ མི་དགེའི་ལས་བཅུ་སྦྲང་རྩིར་སྤྱོད་བཞིན་བྱང་༔ སྡུག་བསྔལ་འབྲས་བུས་བྱང་ཆུབ་ལམ་དང་རིང་༔ ཐོས་པའི་མིག་ཟུམ་བསམ་པའི་ཁོང་སྙིང་རུལ༔ བསྒོམ་པའི་ལུས་ཚུགས་ཤོར་ནས་སྐྱེ་འཆི་ཡི༔ མལ་དུ་ཆུད་ནས་འགྱུར་དང་འདུ་བྱེད་དང་༔ སྡུག་བསྔལ་བརྒྱུད་མས་བཅིངས་པ་འདིར་གཟིགས་ལ༔ དམིགས་པ་མེད་པའི་ཐུགས་རྗེས་རྒྱུད་བསྐུལ་ནས༔ ཚིག་དོན་གནས་ལ་རིག་པའི་སྒོ་འཕར་ཕྱེ༔ མདོ་རྒྱུད་མཁའ་ལ་རླབས་ཆེན་དགོངས་པས་བགྲོད༔ དཀའ་བའི་རྒྱུད་དོན་ཤེས་རབ་གསུམ་གྱིས་ཁྲོལ༔ རང་དོན་ཞི་མཐའ་ཚད་མེད་སྙིང་རྗེས་བརྒལ༔ སྲིད་པའི་མུན་སྨག་སྟོང་ཉིད་སྒྲོན་མེས་བསལ༔ གསོལ་བཏབ་འབྲས་བུ་དུས་འདིར་མཆིས་པར་མཛོད༔ ཀྱེ་མ་ཀྱེ་ཧུད་རྒྱལ་ཡུམ་ངག་གི་ལྷ༔ མཁྱེན་རབ་བདག་པོ་ཡབ་དང་སྤྲུལ་འཁོར་ལ༔ གསོལ་བ་འདེབས་སོ་བརྩེ་བའི་ཐུགས་ཀྱིས་དགོངས༔ དགྱེས་ཆགས་འཛུམ་པའི་སྤྱན་གྱིས་ཉེར་གཟིགས་ནས༔ བདག་སོགས་ཐོས་བསམ་སྒོམ་ལ་རྨོངས་པ་རྣམས༔ ཇི་ལྟར་ཉི་མའི་ཟེར་གྱིས་པདྨོ་ལྟར༔ བློ་གྲོས་ཤེས་བྱའི་གནས་ལ་འཇུག་སྤྲོ་ཞིང་༔ རུས་སྦལ་ངང་པས་ཆུ་ལས་འོ་མ་ལྟར༔ གནས་དང་གནས་མིན་འབྱེད་པའི་སྤོབས་པ་ཐོབ༔ ལེགས་པའི་འབྱུང་གནས་བཤེས་གཉེན་མ་བཞིན་བསྙེན༔ དགེ་བའི་རྩ་བ་ཚུལ་ཁྲིམས་མིག་ལྟར་སྲུང་༔ བདེ་ལེགས་ཉེ་ལམ་ཏིང་འཛིན་ལས་སུ་རུང་༔ ས་བཅུའི་ཐེམ་སྐས་ཤེས་རབ་སྙིང་པོ་རྟོགས༔ དོན་གཉིས་མྱུར་དུ་འགྲུབ་པ་ཁྱེད་རང་མཁྱེན༔ ཤེས་བྱའི་གནས་ཀུན་རྟོགས་པ་ཁྱེད་རང་མཁྱེན༔ བར་ཆད་གཡུལ་ལས་རྒྱལ་བ་ཁྱེད་རང་མཁྱེན༔ དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ བསམ་དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་བརྒྱ་འམ་ཉི་ཤུ་གཅིག༔ བདུན་ནམ་གསུམ་སོགས་ཅི་ནུས་འབད༔ རྗེས་རིམ་གཤེགས་གསོལ་བྱ་བ་ནི༔ ཧྲཱིཿ སྣང་བ་ཀུན་བརྟགས་སེམས་ཀྱིས་བསྐྱེད་པའི་ལྷར༔ རང་བཞིན་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ རང་གྲོལ་མཉམ་པ་ཆོས་ཀྱི་དབྱིངས་སུ་གཤེགས༔ སླར་ཡང་བདག་ཅག་དུས་ཀུན་སྐྱོང་བར་མཛོད༔ ཡང་ན་རྟེན་ལ་བསྟིམ་བཞུགས་མེ་ཏོག་འཐོར༔ ཐུན་མཚམས་འཇམ་དཔལ་སྐུ་དང་དབྱངས་ཅན་མའི༔ སྐུ་ལ་སེམས་བཟུང་ཕྱག་སྐོར་ཤེས་རབ་ལྷའི༔ གཟུངས་དང་མཚན་བརྗོད་ཐུགས་རྟེན་ལ་སོགས་བརྩོན༔ དུས་ཀུན་དགེ་བའི་ཤིས་བརྗོད་བྱ་བ་ནི༔ ཧྲཱིཿ རང་བྱུང་གཉུག་མ་ཤེས་རབ་དབྱིངས་ཀྱི་ཡུམ༔ འགྲོ་འདུལ་སྤྲུལ་པ་ངག་གི་ལྷ་མོ་མཆོག༔ དུས་ཀུན་ཤེས་རབ་སྣང་བའི་དཔལ་འབར་བས༔ བདག་སོགས་རྨོངས་མུན་སེལ་བའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་འཐོར་ཞིང་སྨོན་ལམ་ནི༔ ཧྲཱིཿ བདག་གིས་དུས་ཀུན་རྩ་གསུམ་བསྙེན་དང་བསྒྲུབས༔ དགེ་བཅུའི་ལམ་ཞུགས་དེ་བཞིན་འགྲོ་རྣམས་ཀྱི༔ ལེགས་བྱས་དངོས་པོ་མ་ལུས་གཅིག་བསྡུས་ནས༔ ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་ཕྱིར་བསྔོ༔ མཐའ་ཡས་འཕགས་པ་རྣམས་ཀྱི་ཐུགས་བསྐྱེད་མཐུས༔ བསྟན་འཛིན་རྣམས་ཀྱི་བཞེད་དོན་འཆད་རྩོད་རྩོམ༔ སྐལ་བཟང་རྣམས་ཀྱིས་ཉམས་ལེན་ཀློག་དང་སྒོམ༔ དེ་ཀུན་རྣམ་གྲོལ་མཆོག་ལ་རེག་གྱུར་ཅིག༔ ཕ་མཐའ་ཡས་པའི་སྐྱེ་འཕགས་ཐམས་ཅད་ཀྱིས༔ རང་གཞན་དོན་དུ་འབད་པ་མ་ལུས་པ༔ དགེ་བ་གསུམ་ལྡན་རྣམ་མཁྱེན་གོ་འཕང་ལ༔ འདུ་འབྲལ་མེད་པར་དོན་གཉིས་ལྷུན་གྲུབ་ཤོག༔ དེ་ལྟར་ཤེས་རབ་བློ་འཕེལ་དབྱངས་ཅན་མ༔ སྒྲུབ་ཐབས་གཏི་མུག་མུན་སེལ་ཟབ་མོ་འདི༔ རྒྱལ་ཡུམ་དབྱངས་ཅན་བླ་མ་འཇམ་པའི་དབྱངས༔ མི་དང་མི་ཡིས་ལབ་པའི་ཚུལ་ལྟ་བུར༔ བདག་ཉིད་བློ་ལྡན་མཆོག་སྲེད་རྩལ་གྱིས་ཞུས༔ ད་ལྟ་མངའ་བདག་ཡབ་སྲས་གྲོགས་ཀྱི་མཆོག༔ མི་བརྗེད་གཟུངས་ཐོབ་མཚོ་རྒྱལ་སྙིང་སྒྲོམ་སྦོས༔ དུས་བབས་ལས་དང་སྐལ་ལྡན་དམ་པ་དེའི༔ རང་བྱུང་དགོངས་པའི་ཀློང་ལས་རང་བབས་ཆོས༔ རྟོག་གེའི་ཡུལ་མིན་བཅོས་བསྒྱུར་མེད་པར་ཕབ༔ ཤེས་རབ་སྣང་བ་འཕེལ་བའི་གྲོགས་སུ་ཤོག༔ ས་མ་ཡཱ༔ གུ་ཧྱ༔ ཞེས་པའང་དགོངས་གཏེར་དག་སྣང་ཟབ་མོའི་ཆོས་སྡེ་ལས་བྱུང་བ་བཞིན་ལུང་ཟིན་སྤྲུལ་པའི་གང་ཟག་རྣམས་ཀྱིས་བསྐུལ་ངོར༔ རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་དང་རིགས་བདག་གྲུབ་དབང་བླ་མའི་བྱིན་རླབས་ཀྱི་བདུད་རྩིས་དབུགས་དབྱུང་ཐོབ་པའི་རིག་འཛིན་སྐལ་ལྡན་ལུང་རིག་གླིང་པས་སྤེལ་བ་དུས་གསུམ་དགེ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

དབྱངས་ཅན་གསོལ་འདེབས་ཤེས་རབ་སྣང་བ།

༄༅།། དབྱངས་ཅན་གསོལ་འདེབས་ཤེས་རབ་སྣང་བ་བཞུགས༔ ཨེ་མ་ཧོ༔ ཤེས་བྱའི་མཁའ་ལ་མཁྱེན་རབ་ཉི་མ་ཤར༔ ཐུགས་རྗེའི་ཟེར་གྱིས་གདུལ་བྱའི་མུན་པ་སེལ༔ ཐར་ལམ་སྣང་བས་ཕན་བདེའི་པད་ཚལ་འབྱེད༔ བརྒྱུད་པ་དགུ་ལྡན་བླ་མར་གསོལ་བ་འདེབས༔ ལྷ་མིའི་སྟོན་པ་རྣམ་འདྲེན་ཤཱཀྱའི་རྒྱལ༔ གཏི་མུག་མུན་སེལ་རྒྱལ་སྲས་འཇམ་དཔལ་དབྱངས༔ ལེགས་བཤད་གཏེར་མཛོད་མཚོ་བྱུང་ངག་གི་ལྷར༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ རྒྱལ་ཀུན་སྤྱི་གཟུགས་བློ་ལྡན་མཆོག་སྲེད་རྩལ༔ ཟབ་གཏེར་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ༔ ཐེག་གསུམ་ཆོས་ཀྱི་སྐྱེད་ཚལ་ཀླུའི་དབང་པོར༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ སྙིགས་མའི་མུན་སེལ་གྲུབ་དབང་བྱང་ཆུབ་གླིང་༔ དག་སྣང་ཆོས་ཀྱི་སྒོ་འབྱེད་ལུང་རྟོགས་མཚན༔ སྨིན་གྲོལ་གདམས་པའི་རྒྱུད་སྨིན་ཆོས་ཀྱི་བདག༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དབྱངས་གཅིག་ཏུ༔ ཏཾ་བུ་ར་ཡི་རྒྱུད་ལས་སྟོན་མཁས་པ༔ ཚངས་པའི་བུ་མོ་ཕྱི་ནང་རྗེས་འཛིན་ལྷར༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ མདོ་སྔགས་ཆོས་ཀྱི་རྣམ་གྲངས་བཀའ་གཏེར་གཉིས༔ མ་དྲོས་མཚོ་ལ་ཆུ་ཀླུང་ཀུན་འདུས་ལྟར༔ གཅིག་དྲིལ་གདམས་པ་ཟབ་མོས་ཉམས་བླངས་མཐུས༔ ཚེ་འདིར་གནས་ལྔ་རིག་པའི་དཔལ་ཐོབ་ཤོག༔ དེ་ཡང་རང་དོན་གཅིག་པུ་མ་ཡིན་པར༔ གང་འབྲེལ་འགྲོ་ལ་གནས་སྐབས་མཐར་ཐུག་ཏུ༔ ཕན་དང་བདེ་བའི་རྟེན་འབྲེལ་ཕུན་སུམ་ཚོགས༔ རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པའང་བཙུན་པ་དམ་ཆོས་དྲི་མེད་ཀྱིས་ངོར༔ སྤྲང་བན་རྒྱ་སྤྲུལ་བས་སོ༔

རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས།

དབྱངས་ཅན་ཐུགས་སྒྲུབ་ཟབ་མོ་ལས༔ རྒྱུན་ཁྱེར་སྙིང་པོའི་བཅུད་བསྡུས་བཞུགས༔

ཤེས་རབ་རིག་པའི་ལྷ་མོར་འདུད༔ རྣལ་འབྱོར་སྤྲོས་མེད་རྒྱུན་ཁྱེར་དོན༔ ངག་གི་དབང་ཕྱུག་ལྷ་མོ་ཡི༔ རྒྱུན་ཁྱེར་སྙིང་པོ་དྲིལ་ཏེ་བཤད༔ ཤིན་ཏུ་དབེན་ཅིང་ཉམས་དགའ་བར༔ ཁྲུས་དང་གཙང་སྦྲ་སྔོན་སོང་བས༔ མདུན་མཁར་མཆོག་གསུམ་སྐྱབས་ཡུལ་དམིགས༔ ན་མོ༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་རང་བཞིན་ཅན༔ རྒྱལ་ཡུམ་ཤེས་རབ་ལྷ་མོ་ལ༔ སྐྱབས་སུ་མཆིའོ་མཁའ་མཉམ་འགྲོ༔ རྣམ་གྲོལ་ལ་འགོད་སེམས་བསྐྱེད་དོ༔ ལན་གསུམ་ཡན་ལག་བདུན་པ་ནི༔ མཆོག་གསུམ་སྐྱབས་ཡུལ་ལྷ་རྣམས་ལ༔ སྒོ་གསུམ་གུས་པས་ཕྱག་མཆོད་འབུལ༔ ཉམས་ཆག་བཤགས་ཤིང་དགེ་ལ་སྤྲོ༔ ཆོས་གསུང་བསྐུལ་ཞིང་བཞུགས་གསོལ་འདེབས༔ དགེ་ཚོགས་འགྲོ་ལ་ཡོངས་རྫོགས་བསྔོ༔ ཀུན་ཀྱང་རྣམ་གྲོལ་མཆོག་ཐོབ་ཤོག༔ ཚོགས་ཞིང་ཆོས་དབྱིངས་ཀློང་དུ་གཤེགས༔ དེ་ནི་སྔོན་འགྲོའི་རྒྱུད་སྦྱངས་ཡིན༔ དངོས་གཞི་ལྷ་ཡི་རྣལ་འབྱོར་ལ༔ བརྟེན་ནས་ཚོགས་གཉིས་རྫོགས་ཐབས་བསྟན༔ ཧྲཱིཿ ཆོས་ཀུན་རང་བཞིན་སྤྲོས་བྲལ་ཡང་༔ རྟེན་འབྲེལ་སྙིང་པོའི་རང་རྩལ་ལས༔ རང་སེམས་ཧྲཱིཿཡིག་དཀར་ལ་དྭངས༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་མཆོད༔ མར་འཕྲོས་སེམས་ཅན་ལས་ཉོན་སྦྱངས༔ མཁས་རྣམས་ཤེས་བྱའི་དཔལ་ཡོན་བསྡུས༔ ཡོངས་གྱུར་པད་ཟླའི་གདན་གྱི་སྟེང་༔ ངག་གི་དབང་ཕྱུག་དབྱངས་ཅན་ལྷ༔ དཀར་ལ་སྔོ་བསངས་མཛེས་འཛུམ་ཞལ༔ ཕྱག་གཉིས་གླེགས་བམ་རྒྱུད་མངས་སྦྲེང་༔ ཕྱེད་སྐྱིལ་དར་གོས་རིན་ཆེན་བརྒྱན༔ མཛེས་སྒེག་ལང་ཚོ་ལྟ་ན་སྡུག༔ ནོར་བུའི་པྲོག་ཞུ་ཅོད་པན་འཕུར༔ མཁྱེན་གཉིས་སྤྱན་དཀྱུས་ཕྲ་ལ་རིང་༔ སྤྱི་བོར་རྒྱལ་ཀུན་མཁྱེན་པའི་གཏེར༔ འཇམ་དཔལ་གཞོན་ནུ་གུར་གུམ་མདོག༔ རལ་གྲི་པོ་ཏི་ཆོས་སྒྲ་སྒྲོག༔ དགྱེས་ཞལ་པད་ཟླའི་གདན་ལ་རོལ༔ སྤྱན་གཉིས་གཙོ་མོར་འཛུམ་བཅས་གཟིགས༔ མ་འགགས་གཙོ་བོ་ཡབ་ཡུམ་གྱི༔ ཐུགས་རྗེའི་རང་གདངས་སྤྲུལ་པའི་འཁོར༔ ཕྱི་རོལ་འདབ་མ་བཅུ་དྲུག་དང་༔ སུམ་ཅུ་རྩ་བཞིའི་གདན་གྱི་སྟེང་༔ པདྨ་ཟླ་གདན་མཛེས་པའི་ཁྲིར༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་དང་༔ གནས་མཆོག་སོ་གཉིས་དཔའ་བོ་རྣམས༔ མཁྱེན་རབ་ལྷ་ཡི་རྣམ་རོལ་གར༔ དཀར་སེར་དམར་ལྗང་མཐིང་འོད་འབར༔ ཀུན་ཀྱང་ལྷ་བུ་གཞོན་ནུའི་ཉམས༔ མཆོད་པའི་གར་མཁན་རྣམས་ལ་ནི༔ དགྱེས་འཛུམ་ཆགས་པའི་སྤྱན་རས་གཡོ༔ བློ་ལྡན་ཕུར་བུ་དམར་གསལ་བཞད༔ ཕྱག་གཡས་དྲང་སྲོང་རྒྱལ་མཚན་ངོམ༔ གཡོན་པས་གཏེར་བུམ་གླེགས་བམ་མཚན༔ རྨ་བྱའི་ཁྲི་ལ་དགྱེས་པར་རོལ༔ དར་དང་རཏྣའི་རྒྱན་ཕྲེང་མཛེས༔ ཚངས་པ་གདོང་བཞི་གསེར་མདོག་སྒེག༔ ཞལ་བཞིས་རིག་བྱེད་རྣམ་བཞི་སྟོན༔ གསེར་གྱི་འཁོར་ལོའི་གདན་གྱི་སྟེང་༔ ངང་པའི་ཤིང་རྟ་དག་ལ་བཞུགས༔ གཡས་པས་རིག་བྱེད་གླེགས་བམ་དང་༔ གཡོན་པ་རྔ་ཡབ་ནོར་བུས་མཚན༔ ཞབས་གཉིས་ཙོག་པུའི་སྟབས་སུ་འགྱིང་༔ དར་གོས་རྒྱན་གྱིས་རབ་ཏུ་བརྒྱན༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གི་འོད་ཟེར་གྱིས༔ རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ཏེ༔ ཡུམ་རྣམས་ཕྱག་གི་བུམ་པ་ཡིས༔ བདུད་རྩི་རྒྱུན་གྱི་ཁྲུས་བྱས་པས༔ སྒྲིབ་གཉིས་དག་སྟེ་ལྷ་རྣམས་ཀྱི༔ སྐུ་ཡི་གནས་ཀུན་བདུད་རྩིས་གང་༔ ཆུ་ལྷག་སྤྱི་བོར་བརྟན་པ་ལ༔ གཙོ་བོ་ཡབ་ཡུམ་སྤྱི་བོ་རུ༔ སྣང་བ་མཐའ་ཡས་པདྨ་དང་༔ གླེགས་བམ་བསྣམས་པས་དབུ་བརྒྱན་ཅིང་༔ འཁོར་རྣམས་རིགས་ལྔ་རང་རྟགས་རྒྱས༔ མཚན་པས་དབྱིངས་བཞུགས་ཡེ་ཤེས་ལྷ༔ མ་ལུས་འཁོར་བཅས་སྤྱན་དྲངས་གྱུར༔ སྤོས་རོལ་གདུང་བའི་དབྱངས་དང་བཅས༔ ཧྲཱིཿ རང་བྱུང་ཆོས་དབྱིངས་ཕོ་བྲང་དང་༔ ལྷོ་ཕྱོགས་ཚངས་པའི་ཞལ་གྱི་མཚོ༔ རི་བོ་རྩེ་ལྔ་གནས་ཡུལ་ནས༔ ངག་གི་ལྷ་མོ་སྤྲུལ་འཁོར་བཅས༔ དད་དང་དམ་ཚིག་གཉན་པོ་ཡིས༔ གནས་འདིར་བརྩེ་གདུང་མོས་པའི་བློས༔ སྤྱན་དྲངས་དམ་ཚིག་རྟེན་ལ་བཞུགས༔ ཨོཾ་པྲཛྙཱ་དེ་ཝཱི་མཉྫུ་ཤྲཱིི་བཛྲ་ས་མ་ཡཱ་ཛ༔ ས་མ་ཡཱ་ཏིཥྛ་ལྷན༔ ཕྱག་འཚལ་གུས་པས་བརྡ་ཕྱག་འཚལ༔ ཧྲཱིཿ རང་བྱུང་སྐྱེ་མེད་མཁའ་ཀློང་ལས༔ འགྲོ་བློའི་གཏི་མུག་མུན་སེལ་བ༔ མཁྱེན་རབ་ལྷ་མོ་སྤྲུལ་འཁོར་བཅས༔གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ མཆོད་པའི་བྱེ་བྲག་འབུལ་བ་ནི༔ ཧྲཱིཿ དངོས་སུ་འབྱོར་དང་ཡིིད་ལས་སྤྲུལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་བྱེ་བྲག་གིས༔ ཤེས་རབ་ལྷ་མོ་འཁོར་བཅས་ཀྱིས༔ ཚོགས་དྲུག་སྲེད་ལེན་མི་མངའ་ཡང་༔ བདག་ཅག་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ གུས་པས་འབུལ་ལོ་དགྱེས་པར་བཞེས༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དང་༔ ཉེ་བའི་ལོངས་སྤྱོད་འདོད་ཡོན་ལྔ༔ གནས་དང་ཡོ་བྱད་འབྱོར་བའི་ཚོགས༔ ལྷ་དང་ཀླུ་ཡི་ཉེར་སྤྱོད་རྫས༔ འཕགས་པའི་ཞིང་དང་འཇིག་རྟེན་ཁམས༔ ཀུན་དུ་འགེངས་པའི་མཆོད་སྤྲིན་འབུལ༔ བཞེས་ནས་འགྲོ་རྣམས་ཐམས་ཅད་ཀྱི༔ ཚོགས་རྫོགས་གཏི་མུག་མུན་པ་སེལ༔ ཤེས་བྱ་ཀུན་མཁྱེན་དངོས་གྲུབ་སྩོལ༔ ཨོཾ་པྲཛྙཱ་དེ་ཝཱི་ས་པཱ་རི་ཝ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཨཱཿཧཱུྃ༔ སྒོ་གསུམ་གུས་པས་འདི་བཞིན་བསྟོད༔ ཧྲཱིཿ གཏི་མུག་འཁོར་བའི་རྒྱ་མཚོ་ལས༔ རྟག་པར་འཁྲུལ་བའི་འགྲོ་བ་ཀུན༔ ཡང་དག་ལམ་ལ་སྒྲོལ་མཛད་མ༔ ལྷ་མོ་དབྱངས་ཅན་ཁྱོད་ལ་བསྟོད༔ ངོ་བོ་སྐྱེ་བ་མེད་པ་ལས༔ རྣམ་པ་གདུལ་བྱའི་འགྲོ་དོན་དུ༔ ཚངས་པའི་བུ་མོའི་རྣམ་པར་འཕྲུལ༔ ཆགས་མེད་ཆགས་པའི་སྒྱུ་ཐབས་ཅན༔ ཆགས་བྲལ་ཡེ་ཤེས་ལུས་འཆང་བ༔ འཇམ་དབྱངས་མཁྱེན་པའི་གཏེར་ཆེན་པོ༔ འཁོར་དང་སྤྲུལ་པའི་གར་བསྒྱུར་ཞིང་༔ འགྲོ་བློའི་མུན་པ་སེལ་ལ་བསྟོད༔ འཛབ་ཀྱི་དམིགས་བཟླས་འདི་ལྟར་བྱ༔ ཧྲཱིཿ རང་ཉིད་ངག་གི་དབང་ཕྱུག་མའི༔ ཐུགས་དབུས་དྭངས་ཤེལ་བུམ་པ་རུ༔ ཐབས་ཤེས་ཉི་ཟླའི་ག་འུའི་དཀྱིལ༔ ཐུགས་སྲོག་ཧྲཱིཿཡིག་གསལ་ལ་འཚེར༔ གཡས་བསྐོར་སྔགས་ཀྱི་ཕྲེང་བ་ནི༔ འོད་ལྔའི་ཁ་དོག་ཅན་དུ་འཁོར༔ ཨོཾ་པྲཛྙཱ་དེ་ཝཱི་མཉྫུ་ཤྲཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་འབུམ་ཕྲག་གསུམ་ལྔ་བདུན༔ གང་ཟག་བློ་དང་འཚམས་པར་བཟླས༔ ཐུན་མཐར་གསོལ་བ་འདེབས་པ་ནི༔ དྷཱིཿཧྲཱིཿ རྒྱལ་བ་ཀུན་གྱི་ཡུམ་གྱུར་མཆོག༔ མཁྱེན་གཉིས་ཡོན་ཏན་མཐར་ཕྱིན་པའི༔ ངག་གི་དབང་ཕྱུག་དབྱངས་ཅན་མ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ནི་ཚེ་རབས་ཐོག་མེད་ནས༔ ལས་ཉོན་བག་ཆགས་རྒྱ་མཚོར་བྱིང་༔ ཐོས་བསམ་སྒོམ་པའི་ནོར་དང་བྲལ༔ དོན་གཉིས་སྒྲུབ་པའི་བསམ་པ་སྟོར༔ རིགས་དྲུག་སྡུག་བསྔལ་རྦ་ལ་གཡེང༔ ཁྱེད་ལ་གདུང་བས་གསོལ་འདེབས་ན༔ མི་དགེའི་ལས་དང་སྡིག་པའི་གྲོགས༔ ཉོན་མོངས་རྟོག་པའི་ལྕགས་སྒྲོག་ལས༔ ད་ལྟ་ཉིད་དུ་ཐར་བར་མཛོད༔ ཐོས་པའི་མིག་གིས་ཡང་དག་ལམ༔ ཚུལ་བཞིན་མཐོང་བར་བྱིན་གྱིས་རློབས༔ བསམ་བྱའི་ཆོས་ཀུན་ཁོང་དུ་ཆུད༔ གོམས་པས་ཚེ་འདིར་བྱང་ཆུབ་ཆོས༔ མ་ལུས་རྒྱུད་ལ་ཡོངས་རྫོགས་ནས༔ དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ རང་དོན་ཞི་མཐར་མི་ཞེན་པར༔ ཕན་བདེའི་རྩ་ལག་རྒྱལ་བའི་བསྟན༔ འཆད་རྩོད་རྩོམ་དང་བཤད་སྒྲུབ་ཀྱི༔ འཛིན་སྐྱོང་སྤེལ་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་རྗེས༔ རང་སེམས་འཕྲོ་འདུས་བསྐྱེད་པའི་ལྷ༔ མི་དམིགས་སྟོང་པའི་ངང་དུ་བཞག༔ རྗེས་ཐོབ་དགེ་རྩ་འགྲོ་ལ་བསྔོ༔ དུས་གསུམ་ཤིས་པ་བརྗོད་པར་བྱ༔ བྱ་སླ་ཚེགས་ཆུང་དོན་ཆེ་བར༔ རྣལ་འབྱོར་ཀུན་གྱིས་ཉམས་ལེན་ཕྱིར༔ ཡང་ཟབ་དགོངས་པའི་གཏེར་དུ་གདམས༔ བློས་བྱས་རྟོག་གེའི་ཚིག་ལས་འདས༔ བློ་བྲལ་སྣང་བའི་བརྡ་རུ་འཆར༔ འགྲོ་དོན་གང་འབྲེལ་ཤེས་རབ་འཕེལ༔ གུ་ཧྱ༔ ཞེས་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་དབྱངས་ཅན་མའི་རྒྱུན་ཁྱེར་བསྡུས་པ་གཞན་ལ་ཕན་པའི་གང་ཟག་མཆོག་དེས་བསྐུལ་ངོར༔ རང་བྱུང་རིག་པའི་རྩལ་ལས་ཤར་བ་དགོངས་པའི་གཏེར་དུ་ངེས་པ་རྙེད་དེ་བཅོས་བསླད་མེད་པར་རྒྱ་སྤྲུལ་མིང་པས་བྲིས་པ་ཛ་ཡནྟུ༔ དགེའོ༔

སྨན་གྱི་ལྷ་མོའི་གཏོར་འབུལ་སྨན་གྱི་སྐྱེད་ཚལ།

དབྱངས་ཅན་ཐུགས་ཀྱི་སྒྲུབ་པ་ལས༔ སྨན་གྱི་ལྷ་མོའི་གཏོར་འབུལ་སྨན་གྱི་སྐྱེད་ཚལ་ཞེས་བྱ་བ་བཞུགས་སོ༔

ཤེས་རབ་དབྱིངས་ཀྱི་རྗེ་མོར་འདུད༔ སྨན་གྱི་ལྷ་མོ་སྤུན་བདུན་ལ༔ ཚེས་བརྒྱད་ཉ་དང་གནམ་སྟོང་བཅུ༔ ཉེར་ལྔ་ལ་སོགས་དུས་བཟང་པོར༔ རྒྱུ་སྐར་རྒྱལ་དང་གཟའ་ཕུར་བུ༔ གཙང་སྦྲ་ལྡན་པས་མཆོད་གཏོར་བརྩམ༔ དངུལ་ལམ་ཟངས་དམར་སྣོད་གཙང་དུ༔ འབྲས་བཤོས་ཟླུམ་པོ་གཙོ་འཁོར་བདུན༔ ཤ་ཁྲག་སྒོག་ཙོང་མ་གོས་པར༔ དཀར་མངར་འོ་ཕུད་སྨན་འབྲུར་བཅས༔ སྤོས་བདུག་རོལ་མོ་སྙན་དབྱངས་ཀྱིས༔ རང་ཉིད་དབྱངས་ཅན་ལྷ་མོར་བསྒོམ༔ ཐུགས་ནས་འོད་ཟེར་ཟླ་ཤེལ་ལྟར༔ འཕྲོས་པས་སྨན་གྱི་ལྷ་མོ་བདུན༔ ལྷོ་ཕྱོགས་རྒྱ་མཚོའི་གླིང་འགྲམ་ནས༔ དགྱེས་ཤིང་མོས་པའི་ཐུགས་དང་བཅས༔ མདུན་མཁར་ཏ་ལེར་བྱོན་པ་ནི༔ པད་ཟླར་བཞེངས་ཏེ་བཞུགས་བསམ་ལ༔ མཆོད་རྫས་སྔགས་དྲུག་ཕྱག་རྒྱས་སྦྱངས༔ དེ་ནས་མཆོད་འབུལ་ཚིག་འདི་གྱེར༔ དྷཱིཿཧྲཱིཿ སྔོན་ཚེ་བཻཌཱུར་སྣང་བའི་གྲོང་ཁྱེར་དུ༔ འགྲོ་ཀུན་ནད་སེལ་སངས་རྒྱས་བཅོམ་ལྡན་འདས༔ སྨན་ལྷ་བདེ་གཤེགས་མཆེད་བརྒྱད་སྤྱན་སྔ་རུ༔ ལྷ་དང་དྲང་སྲོང་ཁྱད་པར་མཚོ་ལྡན་མའི༔ ཕྲིན་ལས་ཐོགས་མེད་སྒྲུབ་པར་ཞལ་བཞེས་པའི༔ སྨན་གྱི་ལྷ་མོ་སྤུན་བདུན་གནས་འདིར་གཤེགས༔ དྭངས་གསལ་པདྨ་དཀར་པོ་ཟླ་གདན་ལ༔ དགྱེས་ཤིང་བརྩེ་བའི་ཚུལ་གྱིས་མདུན་མཁར་བཞུགས༔ ཤེས་རབ་ལྷ་མོ་ཚུལ་བཞིན་བསྒྲུབ་པ་ལ༔ འབྱུང་འཁྲུགས་ནད་ཀུན་ཞི་ཕྱིར་གུས་ཕྱག་འཚལ༔ ཁྱེད་རྣམས་དགྱེས་པ་བསྐྱེད་པའི་མཆོད་རྫས་ནི༔ སྨན་ཤིང་མེ་ཏོག་ལོ་འདབ་འབྲས་བུར་བཅས༔ དྭངས་བསིལ་ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་ཆབ༔ ཙནྡན་དཀར་དམར་བསྲེགས་པའི་བསུང་ཞིམ་དྲི༔ ཡིད་འོང་འབྲུ་མར་ཏིལ་གྱི་སྒྲོན་མེ་སྦར༔ དཀར་གསུམ་འབྲུ་སྨན་སྦྱར་བའི་ལྷ་ཡི་བཤོས༔ སིལ་སྙན་གླིང་བུ་འབུད་དཀྲོལ་རོལ་མོས་མཆོད༔ སྨན་གྱི་ལྷ་མོ་ཉོན་མོངས་གདུང་སེལ་མ༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ བདག་ཅག་ཤེས་རབ་མིག་དང་རབ་བྲལ་བས༔ མི་དགེ་བཅུ་སྤྱོད་ཉམས་གྲིབ་མཛེ་ཡུགས་གོས༔ གནས་མལ་མཆོད་རྫས་འབག་རྩོག་དྲི་མས་གོས༔ ཐམས་ཅད་མ་ལུས་མཐོལ་བཤགས་བཟོད་པར་བཞེས༔ ཧྲཱིཿ སྔོན་ཚེ་འཕགས་མའི་བཀའ་ཉན་རྒྱལ་པོའི་སྲས༔ བར་དུ་སྨན་གྱི་གཉེར་འཛིན་ནད་ཀུན་འཇོམས༔ ཐ་མ་དབྱངས་ཅན་ཤེས་རབ་མིག་འབྱེད་ལྷ༔ འགྲོ་བའི་སྐྱབས་གྱུར་སྨན་གྱི་ལྷ་མོར་བསྟོད༔ སྤྲུལ་པའི་རྣམ་རོལ་གཅིག་ཏུ་མ་ངེས་ཀྱང་༔ སྐུ་མདོག་དཀར་དམར་བཅུ་དྲུག་ན་ཚོད་ལ༔ ལང་ཚོའི་སྐྱོན་བྲལ་ལྟ་བས་ཆོག་མི་ཤེས༔ སྨན་གྱི་ལྗོན་པ་མེ་ཏོག་རྒྱས་པའི་ཚལ༔ ཡིད་འོང་གླིང་བུས་གཞན་ཡིད་ཚིམ་ལ་བསྟོད༔ དར་དང་རིན་ཆེན་ནོར་བུའི་དོ་ཤལ་དང་༔ རཏྣའི་སོར་གདུབ་སྙན་རྒྱན་གསེར་གཡུས་སྤྲས༔ མུ་ཏིག་སྣ་ཚོགས་འཕྱངས་འཕྲུལ་གདུ་བུ་འཁྲོལ༔ མཁའ་ལ་གར་བསྒྱུར་མངོན་ཤེས་སྟོན་ལ་བསྟོད༔ ཁྱོད་ལ་རྩེ་གཅིག་མཆོད་ཅིང་འདོད་གསོལ་ནི༔ རྒྱལ་བསྟན་བཤད་དང་སྒྲུབ་པས་འཛིན་པའི་སྡེ༔ མི་ཤེས་རྨོངས་པའི་མུན་པར་མི་འཕྱན་པར༔ ཤེས་རབ་གསལ་བའི་སྣང་བས་དབུགས་དབྱུང་མཛོད༔ ལོག་རྟོག་ཚིག་གི་དོན་ལ་རབ་རྨོངས་ཤིང་༔ སྡེབ་ལེགས་སྤེལ་མའི་ཕྲེང་མཛེས་མི་འཛིན་པར༔ རྟག་ཏུ་འཁྲུལ་བའི་ནོངས་པས་གོས་པ་རྣམས༔ སྒྲ་ཚད་རིག་པའི་རྒྱན་གྱིས་མཛེས་པར་མཛོད༔ འདུ་ཁམས་རྙོག་པའི་ནད་ཀྱིས་དཀྲུགས་པ་རྣམས༔ ཐུགས་བརྩེའི་སྨན་ཆེན་བདུད་རྩིས་གསོ་བར་མཛོད༔ བཟོ་རིག་འཕྲུལ་གྱི་ལྡེ་མིག་གིས་ཕྱེ་ནས༔ ཆུང་ངུའི་རིན་ཐང་ཆེན་པོར་སྤེལ་བར་མཛོད༔ ཁྱད་པར་རྒྱལ་གསུང་རང་བཞིན་བརྗོད་པ་དང་༔ ཕྱི་རོལ་དཔེ་སོགས་འཁྱོག་པོའི་བཤད་སྲོལ་ཀུན༔ བསླུ་མེད་བྱང་ཆུབ་སྙིང་པོའི་ལམ་མཆོག་ལ༔ སྐལ་ལྡན་རྣམས་ཀྱི་ཉམས་ལེན་འཕེལ་བར་མཛོད༔ ཅེས་བརྗོད་གཏོར་མ་མེ་ལ་བསྲེག༔ དམ་ཉམས་ཡུགས་མཛེ་དམེ་གྲིབ་འཛེམས༔ འདི་ནི་རིག་གནས་སྨན་ལ་སོགས༔ གང་བསླབ་བར་ཆད་མེད་པར་འགྱུར༔ མཚོ་རྒྱལ་དགོངས་པའི་གསང་མཛོད་ནས༔ འགྲོ་ལ་ཕན་ཕྱིར་སྐལ་ལྡན་གྱི༔ མིང་འཛིན་ཆོས་གཟུགས་པ་དེས་བྲིས༔ ཆོས་རྒྱུད་འཛིན་པའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལུང་རིག་གླིང་པ། མཆན།

ལས་ཚོགས་ཤེས་རབ་བློ་འཕེལ།

དབྱངས་ཅན་ཐུགས་སྒྲུབ་ཟབ་མོ་ལས༔ ལས་ཚོགས་ཤེས་རབ་བློ་འཕེལ་བཞུགས༔

༔ སྭ་ར་སིདྡྷི་ཧཱུྃ༔ དབྱངས་ཅན་ལས་ཚོགས་ཕྱི་ནང་གསང་༔ ལས་ལྡན་སྐྱེས་བུའི་དོན་དུ་བསྟན༔ ས་མ་ཡཱ༔ དང་པོ་ཕྱི་ཡི་ལས་ཚོགས་གསུམ༔ ཉི་ཟླ་མར་མེའི་རྟེན་གསུམ་ལ༔ བརྟེན་ནས་ཤེས་རབ་འཕེལ་བའི་ཐབས༔ བདག་ཉིད་ཨོ་རྒྱན་མཁན་པོས་སྟོན༔ སྒྲིབ་བྲལ་རྒྱལ་བའི་དགོངས་པ་ཡི༔ མཚོན་བྱེད་ཕྱི་ཡི་ནམ་མཁའ་ལ༔ མཁྱེན་རབ་བརྡ་རྟགས་ཉི་དཀྱིལ་གྱི༔ ཤེས་རབ་འཕེལ་ཐབས་དམིགས་པ་ནི༔ དབྱར་སྟོན་དགུན་དཔྱིད་ར་བ་བཞིའི༔ བཅོ་ལྔ་ལྷུམས་ཞུགས་བལྟམས་དང་འདས༔ བདུད་འདུལ་དུས་ཆེན་རྣམ་པ་བཞིར༔ མན་ངག་རྙིང་མའི་ལུགས་འདིར་བཤད༔ དེ་ཚེ་ཐོ་རངས་སྔ་བར་ལངས༔ ཤ་ཆང་སྤངས་སོགས་ཁྲུས་གཙང་སྦྲ༔ གསོ་སྦྱོང་བརྟུལ་ཞུགས་རྟེན་དྲུང་བླང་༔ བདག་གིས་འགྲོ་ཀུན་དབྱངས་ཅན་མའི༔ གོ་འཕང་ལ་འགོད་རྒྱལ་ཀུན་གྱི༔ བསྟན་དང་འགྲོ་ཕན་བགྱིད་སྙམ་པའི༔ སེམས་བསྐྱེད་ལྡན་པས་ཉམས་སུ་ལོངས༔ ཉི་མ་རྩེ་ཤར་དུས་ཀྱི་ཚེ༔ དངུལ་ལམ་འཁར་བའི་མེ་ལོང་ལ༔ བཟང་དྲུག་སྨན་གྱི་སྐུ་རྟེན་འབྲི༔ རང་ཉིད་དབྱངས་ཅན་ལྷ་མོ་ཡི༔ མངོན་རྟོགས་གཞུང་བཞིན་བསམ་པ་ཡི༔ ཐུགས་ཀར་མཁྱེན་པའི་ཡེ་ཤེས་ནིི༔ ཉི་མ་སྤྲིན་བྲལ་འོད་འབར་བསམ༔ མེ་ལོང་དར་སེར་ལྡིང་གུར་བཅས༔ ཚོམ་བུ་དབུས་བཞག་རང་སྒྲུབ་རྫས༔ མཁའ་ལ་ཤར་བའི་ཉི་མ་གསུམ༔ དབྱེར་མེད་དབྱངས་ཅན་ལྷ་རུ་གསལ༔ རྩ་སྔགས་སྟོང་བཟླས་ཤམ་བུ་རུ༔ སུརྱ་ཛྙཱ་ན་ཝརྡྷ་ཤུདྡྷེ་པྲཛྙཱ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་འམ་ཉེར་གཅིག་བཟླ༔ དེ་ཚེ་དམིགས་པ་འདི་བཞིན་བྱ༔ བདག་མདུན་མཁའ་ཡི་ལྷ་གསུམ་གྱི༔ ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ ཞལ་གཅིག་ཕྱག་བཞི་མདའ་གཞུ་དང་༔ རལ་གྲི་པོ་ཏི་འཛིན་པ་ནི༔དམར་སེར་ལོངས་སྐུ་ཞབས་ཕྱེད་སྐྱིལ༔ དེ་ཡི་ཐུགས་ཀར་ཉི་དཀྱིལ་ལ༔ གཙོ་བོ་ཡབ་ཡུམ་སྔགས་ཀྱིས་བསྐོར༔ འོད་ཟེར་བཙོ་མའི་གསེར་ཞུན་མདངས༔ འཇིག་རྟེན་གསུམ་གྱི་འགྲོ་ལ་ཕོག༔ སྡིག་སྒྲིབ་བག་ཆགས་རྒྱུ་འབྲས་སྤྱི༔ ཁྱད་པར་གཏི་མུག་རྨོངས་པ་ལས༔ གྱུར་པས་བྱིངས་འཐིབས་ཆོས་སྤངས་ལས༔ མ་ལུས་མུན་པར་སྒྲོན་མེ་བཞིན༔ དག་ཅིང་ཤེས་རབ་སྣང་བ་རྒྱས༔ རིགས་བདག་འཇམ་དབྱངས་གཞོན་ནུ་དང་༔ དབྱེར་མེད་མངོན་སངས་རྒྱས་པར་བསམ༔ རྩ་སྔགས་ཤམ་བཅས་ཅི་མང་མཐར༔ སྨོན་ལམ་བཟང་པོ་སྤྱོད་པ་ཡི༔ ཀུན་ཏུ་བཟང་པོ་ཇི་བཞིན་གདབ༔ རྗེས་སུ་མཐུན་གྱུར་འདི་ཡང་བརྗོད༔ ཀྱེ་ཧོ༔ དགོངས་ཤིག་མཚོ་བྱུང་ངག་དབང་དབྱངས་ཅན་མ༔ རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་པའི་དབྱངས༔ ཤེས་བྱ་ཀུན་གཟིགས་བློ་ལྡན་མཆོག་སྲེད་རྩལ༔ རྩ་བརྒྱུད་བླ་མ་ཡི་དམ་ལྷག་པའི་ལྷ༔ གནས་གསུམ་མཁའ་འགྲོ་ཡེ་ཤེས་འཇིག་རྟེན་གྱི༔ ལྷ་དང་སྲུང་མ་དྲང་སྲོང་གྲུབ་པའི་ཚོགས༔ བདག་སོགས་རྨོངས་པས་འཐིབས་པའི་འགྲོ་ཀུན་གྱི༔ ལྷན་སྐྱེས་གློ་བུར་མ་རིག་ལས་བྱུང་བའི༔ ལས་དང་བག་ཆགས་བྱང་བར་མཛད་དུ་གསོལ༔ མཁའ་ཡི་ནོར་བུ་ཉི་མའི་འོད་ཟེར་གྱིས༔ ཕོག་པས་སེམས་ཅན་མུན་པས་བསྒྲིབས་ཀུན་གྱི༔ གཏི་མུག་ལས་གྱུར་སྡུག་བསྔལ་མ་ལུས་པ༔ ད་ལྟ་ཉིད་དུ་བྱང་བར་མཛད་དུ་གསོལ༔ ཤེས་རབ་གསུམ་གྱི་སྣང་བ་རབ་རྒྱས་པས༔ ཐོས་པས་སྤང་བླང་ཤེས་པར་མཛད་དུ་གསོལ༔ བསམ་པས་རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ བསྒོམས་པས་གཞན་རྒྱུད་གྲོལ་བར་མཛད་དུ་གསོལ༔ ཇི་ལྟ་ཇི་སྙེད་མཁྱེན་པའི་རྫོགས་སངས་རྒྱས༔ རྩོལ་མེད་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ འདི་ལྟར་གསོལ་བཏབ་སྨོན་འབྲས་ཆུད་གསོན་ན༔ སློབ་པ་ལམ་གྱི་དམ་བཅའ་སྟོང་གྱུར་པས༔ འགྲོ་ཕན་མཐར་ཕྱིན་ཐུགས་བསྐྱེད་གང་དུ་ཡལ༔ དེ་བས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ མཐར་ནི་དམིགས་མེད་ངང་དུ་བཞག༔ གལ་ཏེ་དུས་མེ་ཞུགས་པ་ན༔ སྔར་བཞིན་བསྒོམས་པའི་ཀུན་རྫོབ་ལྷ༔ མཐའ་བྲལ་ངང་དུ་རྒྱས་གདབ་ཅིང་༔ ཉི་ཟླ་སྒྲ་གཅན་མ་ལུས་ཀུན༔ འཇམ་དཔལ་རྡོ་རྗེ་དུས་དགྲའི་གཤེད༔ ཡེ་ཤེས་དབྱིངས་སུ་རོ་གཅིག་པའི༔ རོ་མཉམ་ལྟ་བའི་ངང་དུ་འཇོག༔ སྔགས་ཀྱང་སྒྲ་གཅན་མ་གྲོལ་བར༔ བཟླ་བཞིན་མེ་ལོང་སྐུ་དེ་ཉིད༔ དབང་བླང་ཆུ་ཀླུང་ཆེན་པོར་འཁྲུ༔ ཆུ་ལ་མྱོང་བའི་སེམས་ཅན་ཀུན༔ འཇམ་དཔལ་ཡབ་ཡུམ་སྐུ་གསུང་ཐུགས༔ མྱུར་དུ་འགྲུབ་པའི་སྨོན་ལམ་གདབ༔ འདི་བཞིན་བྱང་ཆུབ་སེམས་ལྡན་པས༔ བརྩོན་ན་དབང་པོའི་རིམ་པ་ཡི༔ སེམས་ཅན་རྣམས་ལ་ཕན་པ་མཆོག༔ དེ་བཞིན་འགྲུབ་པར་གདོན་མི་ཟ༔ དུས་བཞིའི་འབྲིང་པོ་བཞི་ཡི་ཉ༔ ཚངས་པའི་བུ་མོ་བལྟམས་པ་དང་༔ དྲང་སྲོང་ཕུར་བུའི་དུས་གཉན་ལ༔ ཐོ་རངས་ནས་བཟུང་སྲོད་ལ་སོགས༔ ཉིན་ཞག་ཁྲུས་དང་གཙང་སྦྲ་དང་༔ ཡན་ལག་བརྒྱད་པའི་སྡོམ་པ་བཟུང་༔ གཏི་མུག་འཐིབས་པའི་འགྲོ་བ་རྣམས༔ ཡང་དག་འཕགས་པའི་ལམ་མཆོག་ལ ༔ཁྲིད་ནས་རྣམ་གྲོལ་མྱུར་ཐོབ་དོན༔ སེམས་བསྐྱེད་འཇུག་པ་སྔོན་སོང་ནས༔ མེ་ལོང་སྟེང་དུ་ག་བུར་ཆུས༔ དབྱངས་ཅན་སྐུ་བྲིས་དེའི་ཐུགས་ཀར༔ ཟླ་བ་འོད་ཟེར་འཕྲོ་བ་འབྲི༔ རང་དང་སྒྲུབ་རྫས་ལྷ་རུ་གསལ༔ མེ་ལོང་དྲི་བྲལ་དར་གྱིས་དྲིལ༔ མདུན་མཁར་ཉ་རྒྱས་ཟླ་བ་དེ༔ དབྱངས་ཅན་སྐུ་རུ་བསྒོམ་པ་ཡི༔ ཐུགས་ཀར་ཟླ་རྒྱས་ཧྲཱིཿདཀར་མཚན༔ སྤྱི་བོར་འཇམ་དཔལ་ཡེ་ཤེས་སེམས༔ དཀར་པོ་གངས་རིའི་ཕུང་པོར་འགྲན༔ གཡས་པས་མཆོག་སྦྱིན་གཡོན་ཨུཏྤལ༔ དེ་སྟེང་རལ་གྲི་གླེགས་བམ་མཛེས༔ རང་དང་མེ་ལོང་ཟླ་བ་གསུམ༔ ཡེ་ཤེས་ལྷ་ཡི་ང་རྒྱལ་བསྒོམ༔ འོད་ཟེར་དཔག་མེད་རབ་འཕྲོས་པས༔ ཁམས་གསུམ་རིགས་དྲུག་སེམས་ཅན་ཀུན༔ གཏི་མུག་མུན་པར་འཁྱམས་པ་ཡི༔ ལས་ཉོན་བག་ཆགས་དྲི་མ་དག༔ ཤེས་རབ་སྣང་བ་རབ་རྒྱས་པས༔ འཇམ་དཔལ་ཡབ་ཡུམ་མཐུ་ནུས་ཐོབ༔ མ་དག་སྣང་བ་མིང་མེད་པར༔ དག་པའི་ཞིང་ཁམས་པདྨོ་བཀོད༔ ལྷ་སྔགས་ཡེ་ཤེས་རོལ་པར་དམིགས༔ རྩ་སྔགས་སྟོང་རྩའི་ཤམ་བུ་རུ༔ ཙནྡྲ་ཛྙཱ་ན་པྲཛྙཱ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱའམ་ཉེར་གཅིག་བཟླ༔ ཡེངས་མེད་དྲན་པའི་འཛིན་ཕུར་རྟོད༔ གལ་ཏེ་སྒྲ་གཅན་འཇུག་པ་ན༔ རང་དང་ཟླ་བ་དུས་ཀྱི་ཞུགས༔ སྒྲུབ་རྫས་མི་དམིགས་སྟོང་དབྱིངས་སུ༔ དོན་དམ་དུས་ཀྱི་དཔའ་བོ་ཡིས༔ ཀུན་རྫོབ་ལྷར་འཛིན་རྟོག་པ་བཅོམ༔ ཆོས་དབྱིངས་མཉམ་པ་ཆེན་པོའི་རྩལ༔ བསྐྱེད་རིམ་ལ་འབད་ཟླ་བ་དེ༔ གཟའ་ལས་མ་གྲོལ་བར་དུ་འབད༔ རྗེས་སུ་བཟང་སྤྱོད་སྨོན་ལམ་དང་༔ མཐུན་འགྱུར་ཚིག་འདིས་བསྔོ་སྨོན་བྱ༔ ཀྱེ་ཧོ༔ མཁྱེན་རབ་མཆོག་མངའ་ཟླ་བའི་སྲིང་མོ་དང་༔ བློ་གྲོས་འདོད་འཇོ་རྗེ་བཙུན་འཇམ་པའི་དབྱངས༔ གསོལ་བ་འདེབས་སོ་ཐུགས་རྗེས་ཉེ་བར་དགོངས༔ བདག་སོགས་ལས་ཉོན་གཏི་མུག་མུན་པ་ཀུན༔ ཤེས་རབ་སྣང་བས་བསལ་བར་མཛད་དུ་གསོལ༔ རྒྱུ་རྐྱེན་རྨོངས་པ་ལས་བྱུང་མི་དགེ་བཅུའི༔ བག་ཆགས་ཀུན་གཞིར་ཉལ་བའི་སྒྲིབ་པ་ཀུན༔ ད་ལྟ་ཉིད་དུ་བྱང་བར་མཛད་དུ་གསོལ༔ གནས་ལྔ་རིག་པ་ཐོས་པའི་ཤེས་རབ་ཀྱིས༔ གནས་དང་གནས་མིན་ཤེས་པར་བྱིན་གྱིས་རློབས༔ ཁམས་དང་སྐྱེ་མཆེད་རྟེན་འབྲེལ་བསམ་བྱའི་ཆོས༔ རང་གཞན་རྒྱུད་ལ་འབྱོར་བར་བྱིན་གྱིས་རློབས༔ གོ་མྱོང་རྟོགས་པའི་བསམ་གཏན་རྣམ་གསུམ་གྱི༔ སྒོམ་པས་གཞན་དོན་འགྲུབ་པར་བྱིན་གྱིས་རློབས༔ དེ་ལྟར་སྨོན་འབྲས་ཆུད་མི་ཟ་བ་རུ༔ བྱིན་གྱིས་རློབས་ཤིག་རྗེ་བཙུན་འཇམ་པའི་དབྱངས༔ སྨྲ་བའི་དབང་ཕྱུག་ངག་གི་དངོས་གྲུབ་ཀྱིས༔ བསྟན་འགྲོར་ཕན་པར་མཛོད་ཅིག་དབྱངས་ཅན་ལྷ༔ དོན་དམ་བརྗོད་བྲལ་ཡེ་ཤེས་ཆེན་པོའི་རྩལ༔ ཤེས་བྱའི་དཔལ་དུ་འབར་བར་མཛད་དུ་གསོལ༔ ཅེས་བརྗོད་མི་དམིགས་ངང་དུ་བཞག༔ མཐར་ནི་མེ་ལོང་ཀླུང་དུ་འཁྲུ༔ ཆུ་དེར་མྱོང་བའི་སེམས་ཅན་ཀུན༔ མཁྱེན་རབ་ཡེ་ཤེས་འཇམ་པའི་དབྱངས༔ རྩོལ་མེད་འགྲུབ་པར་སྨོན་ལམ་ནི༔ ངག་གིས་བརྗོད་ཅིང་ཡིད་ལ་བསམ༔ ཟླ་བ་ལ་བརྟེན་རང་གཞན་གྱི༔ ཤེས་རབ་འཕེལ་བའི་ཐབས་ཟབ་མོ༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་པས༔ བརྩོན་པས་ཤེས་རབ་མེ་ལྟར་འབར༔ ལས་སྒྲིབ་འདག་པར་གདོན་མི་ཟ༔ ཐ་མ་བཞི་ཡི་བཅུ་བཞི་དང་༔ ཉེར་ལྔ་ཚེས་བཅུ་བརྒྱད་རྣམས་ལ༔ བརྒྱ་བྱིན་ཚངས་པ་ཆེན་པོ་དང་༔ ཉེ་སྲས་བརྒྱད་ཀྱི་དུས་གཉན་ལ༔ གཙང་སྦྲ་གསོ་སྦྱོང་སྨྲ་བ་བཅད༔ མེ་ལོང་ངོས་སུ་སྐུ་བརྙན་གྱི༔ ཐུགས་ཀར་མར་མེ་འབར་བ་འབྲི༔ རང་དང་མདུན་རྟེན་ཨ་ལོ་ཀེ༔ དབྱངས་ཅན་སྐུ་གསལ་སྙིང་ག་རུ༔ ཡེ་ཤེས་སེམས་དཔའ་འཇམ་པའི་དབྱངས༔ འཇམ་དཔལ་དམར་པོ་པོད་རལ་ཅན༔ ལོངས་སྐུའི་རྒྱན་རྫོགས་དེའི་ཐུགས་ཀར༔ མཁྱེན་རབ་མར་མེ་འབར་བར་བསམ༔ རྩ་སྔགས་སྟོང་རྩའི་ཤམ་བུ་རུ༔ ཨཱ་ལོ་ཀེ་ཛྙཱ་ན་པྲཛྙཱ་སིདྡྷི་ཧཱུྃ༔ མར་མེའི་རྒྱུན་བཟུང་ཡེངས་མེད་འབར༔ མཐར་ནི་མི་དམིགས་ངང་དུ་བཞག༔ ཀྱེ་ཧོ༔ དགོངས་ཤིག་རང་བྱུང་ཐོག་མའི་སངས་རྒྱས་ནས༔ བརྒྱུད་གསུམ་བླ་མ་ཤེས་རབ་ལྷག་པའི་ལྷ༔ མ་ལུས་འཁོར་དང་བཅས་པའི་ནུས་མཐུ་ཡིས༔ མར་མེ་གསལ་བའི་འོད་ཟེར་འདིས་མཚོན་པའི༔ ཉི་ཟླ་གཟའ་སྐར་སྣང་བའི་འོད་རྣམས་ཀུན༔ མཁྱེན་རབ་ལྷ་ཡི་སྐུ་རུ་འགྱུར་བར་ཤོག༔ འོད་ཀྱིས་ཕོག་པའི་སེམས་ཅན་ཐམས་ཅད་ཀུན༔ སྒྲིབ་གཉིས་མུན་པའི་སྨག་ལས་གྲོལ་བར་ཤོག༔ མཁྱེན་བརྩེ་ནུས་པའི་དཔལ་ཡོན་རབ་རྫོགས་པའི༔ རྒྱལ་བའི་བྱིན་རླབས་འགྲོ་ལ་རྫོགས་པར་ཤོག༔ ཅེས་པའང་ངག་ཏུ་བརྗོད་ཅིང་ཡིད་ལ་བསམ༔ དེ་བཞིན་ཆུ་ཀླུང་ཆེན་པོ་ལ༔ མྱོང་ཚད་ཤེས་རབ་འཕེལ་བའི་ཐབས༔ རྡོ་བ་འཇམ་ངོས་དབྱངས་ཅན་སྐུ༔ བཞེངས་སྟབས་ཕྱག་ན་རྒྱུད་མངས་སྦྲེང་༔ སྤྱི་བོར་བླ་མ་འཇམ་པའི་དབྱངས༔ གཞུང་བཞིན་འབྲི་ཞིང་དེའི་མཐའ་མར༔ རྩ་སྔགས་གཡས་བསྐོར་ཡིག་མགོ་ཕྱི༔ མཐའ་ལ་ཤམ་བུ་འདི་བཞིན་བྱ༔ ཤེས་བྱ་གསལ་མཛད་འཇམ་དབྱངས་དབྱངས་ཅན་ལྷ༔ ཁྱེད་རྣམས་འཁོར་བཅས་ཐུགས་རྗེས་ཆུ་བོ་འདིར༔ མྱོང་བའི་སེམས་ཅན་ལས་ཉོན་སྒྲིབ་ཀུན་དག༔ མཁྱེན་རབ་དབང་ཕྱུག་ཁྱེད་དང་དབྱེར་མེད་མཛོད༔ ཅེས་དང་དབྱངས་གསལ་དག་ཀྱང་བཀོད༔ ཡར་མར་ཚེས་བརྒྱད་བཅུ་བཅོ་ལྔ༔ གང་རུང་སྐར་མ་རྒྱལ་ཕུར་འཛོམས༔ རྟེན་ལ་རབ་གནས་ཆུ་ཀླུང་ཆེ༔ བཀོད་མའི་ཆུ་མིག་ཕུག་ཀྱང་རུང་༔ དཀྱིལ་འཁོར་ཚོམ་བུ་སྐབས་དང་བསྟུན༔ གཞི་བདག་བགེགས་ལ་གཏོར་མ་བསྔོ༔ རང་དང་སྒྲུབ་རྫས་ལྷ་རུ་གསལ༔ རྩ་སྔགས་ཞག་པོ་བདུན་ཕྲག་བར༔ ཤམ་བུ་དང་བཅས་བཟླ་བར་བྱ༔ ཤམ་བུ་སྔགས་ནི་འདི་བཞིན་ནོ༔ པཱ་ཎི་ཛྙཱ་ན་པྲཛྙཱ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ཚེ་རང་དང་རྡོ་སྐུ་དང་༔ ཆུ་ཀླུང་ཆེན་པོ་ལྷ་རུ་གསལ༔ འོད་ཟེར་འཕྲོས་པས་ཕྱོགས་བཅུ་ཡི༔ རྒྱལ་དང་ཉན་རང་བྱང་ཆུབ་སེམས༔ ལྷ་དང་དྲང་སྲོང་ལ་སོགས་པའི༔ མཁྱེན་རབ་འོད་ལྔའི་རྣམ་པར་བསྡུས༔ ཆུ་ཀླུང་ལྷ་ལ་ཐིམ་པའི་མཐུས༔ མྱོང་བས་ངན་སོང་གནས་སྟོངས་ཤིང་༔ མཁྱེན་རབ་འཕགས་པའི་གོ་འཕང་ཐོབ༔ ཤེས་བྱའི་ཆོས་ཀུན་རྟོགས་པ་ཡིས༔ བསྟན་འགྲོའི་གསོས་སུ་འགྱུར་བར་བསམ༔ དེ་ནི་ཕྱི་ཡི་ལས་ཚོགས་ཏེ༔ གང་འབྲེལ་དོན་དང་ལྡན་པར་འགྱུར༔ ས་མ་ཡཱ༔ གཉིིིིས་པ་ནང་གི་ལས་ཚོགས་ལ༔ ཤེས་རབ་རྒྱུ་ནི་ཚོགས་གཉིས་ཏེ༔ སྐྱབས་འགྲོ་སེམས་བསྐྱེད་མཆོད་དང་སྦྱིན༔ སྡིག་བཤགས་ཕྱག་འཚལ་ཡན་ལག་བདུན༔ སྲོག་བླུ་རྟེན་བཞེངས་གསུངས་རབ་ཀློག༔ དད་གུས་ལ་སོགས་བརྩོན་པ་ནི༔ སྤྱི་ཆིངས་ཡིན་པས་ཤེས་པར་བྱ༔ ཤེས་རབ་རྐྱེན་ནི་དགེ་བའི་བཤེས༔ མཁས་པ་བསྟེན་དང་གནས་ལྔ་སོགས༔ ཐོས་བསམ་བྱས་ལས་འབྱུང་འགྱུར་ཞིང་༔ ཤེས་རབ་འཕེལ་ཐབས་འཇམ་དབྱངས་དང་༔ བློ་ཡི་ལྷ་མོ་བསྒྲུབས་ལས་འབྱུང་༔ ཤེས་རབ་བརྟེན་ནི་ལུས་ངག་སེམས༔ དེ་ཡི་ཉེས་སྐྱོན་བསལ་བའི་ཐབས༔ རྣམ་པ་དྲུག་ཏུ་འདི་རུ་སྟོན༔ དང་པོ་མིག་གི་ནད་ཀྱི་རིགས༔ ལིང་ཏོག་སྐྱ་རིབ་ཁྲག་མཁྲིས་འཁྲུགས༔ སྔོན་ཚེ་མར་མེའི་འོད་བསད་ཅིང་༔ གཞན་ལ་མིག་ལོག་སོང་བས་འབྱུང་༔ རྐྱེན་ནི་དམ་ཚིག་ཉམས་དང་འཆལ༔ ཀུན་རྫོབ་དོན་དམ་བྱང་སེམས་ཉམས༔ མཛེ་དང་དམེ་འཁོན་ཡུགས་གྲིབ་སོགས༔ དུག་གསུམ་ནད་ཀྱི་རྒྱུ་འབྲས་ལས༔ བྱུང་ཕྱིར་ལྷ་སྔགས་ཏིང་ངེ་འཛིན༔ རྫས་དང་བསྲུང་ཐབས་རྣམ་པ་ལྔ༔ དང་པོ་ཡར་ཚེས་བཟང་པོ་ལ༔ དབེན་པར་ཁྲུས་དང་གཙང་སྦྲ་དང་༔ གསོ་སྦྱོང་བླངས་ལ་ཆོ་ག་བསྒྲུབ༔ བསྙེན་ཚེ་རང་ཉིད་དབྱངས་ཅན་མའི༔ སྤྱན་གཉིས་མིག་འབྲས་འོད་དཀར་དབུས༔ ཟླ་བའི་གདན་ལ་དྲན་རྫོགས་སུ༔ ས་སྙིང་དཀར་མོ་མྱུ་གུ་དྲིལ༔ ཕྱེད་སྐྱིལ་སྒེག་མོ་ཁུ་ཚུར་རྒྱས༔ མཉམ་སྦྱོར་བྱང་ཆུབ་སེམས་ཀྱི་རྒྱུན༔ གསལ་དྭངས་འོད་རྒྱུན་ལྟར་བབས་པས༔ མིག་གི་རྩ་འཁོར་ལྟེམ་གྱིས་གང་༔ འོད་ཟེར་མཁའ་ཁྱབ་འཕྲོས་པ་ཡིས༔ ཕྱོགས་བཅུའི་སངས་རྒྱས་ཉན་རང་སྲས༔ ལྷ་དང་དྲང་སྲོང་གསལ་བྱེད་ལྷ༔ ཁ་ཆར་བུ་ཡུག་འཚུབས་བཞིན་བྱོན༔ རང་ཉིད་སྤྱན་འབྲས་སེམས་མ་ལ༔ ཐིམ་པས་མིག་གི་ནད་དང་གདོན༔ གྲིབ་དང་མི་གཙང་དབྱིངས་སུ་ཡལ༔ ལྷ་ཡི་སྤྱན་དང་ཤ་ཡི་མིག༔ ཤེས་རབ་སྤྱན་སོགས་སྤྱན་ལྔ་ཡི༔ ཡོན་ཏན་མ་ལུས་འོད་དཀར་གྱི༔ རྣམ་པས་རང་ལ་ཐིམ་གྱུར་པས༔ འཇིག་རྟེན་རྡུལ་ཕྲན་ཇི་སྙེད་ཀྱི༔ གྲངས་མཉམ་སེམས་ཅན་ཀུན་མཐོང་ཞིང་༔ དེ་དག་མིག་ནད་ལ་སོགས་པའི༔ ནད་དང་སྡུག་བསྔལ་ཀུན་བསལ་ནས༔ ཀུན་གྱིས་སྤྱན་ལྔའི་ཡོན་ཏན་ཐོབ༔ སྣང་སྲིད་དག་པའི་བློ་སྦྱོང་བྱ༔ དེ་ནི་ལྷ་ཡི་སྐུར་བསྒོམས་ནས༔ མིག་འབྱེད་གདམས་པའི་ཡང་ཞུན་ཡིན༔ མཐར་ནི་བལྟ་བྱ་ལྟ་བྱེད་སོགས༔ གྲུབ་མཐའ་བྲལ་བའི་གནས་ལུགས་སྐྱོང་༔ དེ་ནས་སྔགས་ཀྱི་རིམ་པ་ནི༔ རྩ་སྔགས་ཤམ་བུར་སྔགས་འདི་གདགས༔ ཨོཾ་ཀྵི་ཧི་ར་ཛ་ལ་སྱེ་ལོ་ཙ་ཤུདྡྷ་བི་ཤུདྡྷེ་སྭཱ་ཧཱ༔ བསྙེན་ཚད་སྔོན་དུ་མ་སོང་ན༔ སྔོན་དུ་སྔགས་བསྙེན་འབྲུ་འབུམ་བཟླ༔ དེ་རྗེས་སྔགས་ཤམ་གདགས་པ་ལ༔ ཁྲི་བཟླས་ཐུན་སྐབས་རྫོགས་སངས་རྒྱས༔ མཆོག་གིས་བཀའ་བསྩལ་མིག་ནད་རྣམས༔ ཞི་བར་བྱེད་པའི་གཟུངས་ཀྱང་བཟླ༔ གལ་ཏེ་འཕྲལ་རྐྱེན་གྲིབ་རིགས་ལ༔ རྩ་སྔགས་ཤམ་བུར་རྣམ་འཇོམས་དང་༔ སྨེ་བ་བརྩེགས་པའི་སྔགས་བཏགས་ནས༔ ཁྲུས་བདུན་སྔགས་ཀྱང་ཅི་མང་བཟླ༔ རླུང་མཁྲིས་ཁྲག་དང་བད་ཀན་དང་༔ ལྡན་འདུས་ནད་ཀྱིས་མིག་བསྒྲིབས་ན༔ རྩ་སྔགས་ཤམ་བུར་སྨན་ལྷའི་གཟུངས༔ བརྒྱ་འམ་ཉེར་གཅིག་སྐབས་བསྟུན་བཟླ༔ ཡང་ཟབ་ཏིང་འཛིན་རིམ་པ་ནི༔ གྲིབ་ལ་རྡོ་རྗེ་རྣམ་འཇོམས་དང་༔ སྨེ་བ་བརྩེགས་པ་མདུན་མཁར་དམིགས༔ དེ་བཞིན་ནད་རིགས་ཐམས་ཅད་ལ༔ སྨན་གྱི་བླ་མ་བསྐྱེད་པ་ལ༔ བདག་ཉིད་དབྱངས་ཅན་ཐུགས་ཀར་ཧྲཱིཿ རིགས་བདག་འཇམ་དབྱངས་ཐུགས་ཀར་དྷཱི༔ དེ་བཞིན་ས་སྙིང་ཐུགས་ཀ་རུ༔ ཟླ་བའི་དལ་ལ་རང་སྔགས་བསྐོར༔ མདུན་བསྐྱེད་ཐུགས་ཀར་ཟླ་བའི་སྟེང་༔ ཧཱུྃ་ཡིག་རང་མདོག་རང་སྔགས་བསྐོར༔ འོད་འཕྲོས་རྒྱལ་ཀུན་བྱིན་རླབས་བཅུད༔ འོད་ལྔ་བལྟར་མི་བཟོད་པ་བཞི༔ རྣམ་པར་རང་དང་མིག་གི་འབྲས༔ ས་སྙིང་གསལ་བ་ལ་ཐིམ་པས༔ མིག་ནད་རྒྱུ་རྐྱེན་འབྲས་བུ་བཅས༔ བ་མོར་ཉི་ཟེར་ཕོག་བཞིན་དག༔ ཤེས་རབ་ཡེ་ཤེས་སྒྲིབ་མེད་སྤྱན༔ རྣམ་པར་དག་པའི་སེམས་ཅན་ལ༔ ཐོགས་མེད་གཟིགས་པས་དེ་དག་ཀུན༔ སྒྲིབ་དག་མཆོག་ཐུན་དངོས་གྲུབ་ཀུན༔ ཐོགས་མེད་འགྲུབ་བསམ་སྔགས་ལ་འབད༔ ཏིང་འཛིན་ལུས་རྩལ་རྫོགས་པ་ཡང་༔ སྔགས་ཀྱི་འདབ་གཤོག་ཆད་པ་ན༔ མཁའ་ལ་བགྲོད་པའི་སྐབས་ཡོད་དམ༔ རྫས་སྲུང་མིག་སྨན་གཙོ་བོ་ལ༔ གྲིབ་རིགས་རྣམས་ལ་བཟང་དྲུག་དང་༔ རླུང་ནད་རྣམས་ལ་འབྲུ་མར་ལ༔ ཛ་ཏིའི་ཕྱེ་མ་ཁྲག་མཁྲིས་ལ༔ ཙནྡན་དཀར་དམར་ཚ་ནད་ལ༔ ག་བུར་སྦྱར་བའི་གཟུངས་ཆུས་བྱུག༔ བསྲུང་བའི་འཁོར་ལོ་འབྲི་བ་ལ༔ ལེབ་ཤོག་དཀར་པོ་དྲི་བྲལ་ལ༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ དབུས་སུ་ཧྲཱིཿདྷཱིཿདེ་ཡི་མཐར༔ ཀྵི་ཧི་ར་ཛའི་སྔགས་ཤམ་དུ༔ བུདྡྷ་བཻ་རོ་ཙ་ན་ཨོཾ༔ དབྱངས་ཅན་ལྷ་མོ་ཡབ་དང་བཅས༔ མིག་མཐོང་སེམས་དཔའ་ས་ཡི་སྙིང༔ རྣམ་སྣང་ལ་སོགས་རྒྱལ་ཀུན་གྱིས༔ འཆང་བ་པོ་ཡི་མིག་ལ་བསྲུང་༔ རཀྵ་རཀྵ༔ དེ་བཞིན་མདུན་ནས་གཡས་བསྐོར་དུ༔ འདབ་མ་བཞི་ཡི་དང་པོ་རུ༔ ཨོཾ་ཀྵི་ཧི་ར་ཛ་ལ་སྱེ་ཨ་ཀྵོ་བྷྱ་ཧཱུྃ༔ བྱང་ཆུབ་རྡོ་རྗེ་མཐོང་བྱེད་དང་༔ རྡོར་སེམས་ལ་སོགས་རྡོ་རྗེའི་རིགས༔ ཀུན་གྱི་བྱིན་རླབས་ནུས་པའི་མཐུས༔ བསྲུང་བ་འདི་འཆང་གང་ཟག་ལ༔ ཞེ་སྡང་ལས་གྱུར་རླུང་ནད་ལས༔ བྱུང་བའི་མིག་གི་ནད་གདོན་གྲིབ༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ དེ་བཞིན་འདབ་མ་གཉིས་པ་ལ༔ རྩ་སྔགས་ཤམ་བུར་རཏྣ་སཾ་བྷ་ཝ་ཏྲཾ༔ ཀྵི་ཧཱི་ར་ཛ་ལ་སྱེ་དྷ་ན༔ རིན་ཆེན་འབྱུང་གནས་ཡབ་ཡུམ་དང་༔ དབྱངས་ཅན་སེམས་མ་ས་སྙིང་སོགས༔ རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱི༔ བྱིན་རླབས་ཐུགས་རྗེ་ནུས་པའི་མཐུས༔ བསྲུང་བ་འདི་འཆང་གང་ཟག་ལ༔ ང་རྒྱལ་ལས་གྱུར་ཚ་བའི་ནད༔ དེ་ལས་བྱུང་བའི་མིག་ནད་གདོན༔ གྲིབ་དང་མི་གཙང་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ འདབ་མ་གསུམ་པར་རྩ་སྔགས་མཐར༔ པདྨ་དྷ་ར་ཧྲཱིཿ ཀྵི་ཧི་ར་ཛ་ལ་སྱེ་དེ་ཝཱི༔ སྣང་མཐའ་ཡབ་ཡུམ་དབྱངས་ཅན་ལྷ༔ གཙོ་འཁོར་ས་སྙིང་ཡབ་ཡུམ་སོགས༔ པདྨ་རིགས་ཀྱི་ལྷ་རྣམས་ཀྱི༔ ཐུགས་རྗེ་བྱིན་རླབས་ནུས་པའི་མཐུས༔ བསྲུང་བ་འདི་འཆང་གང་ཟག་ལ༔ འདོད་ཆགས་ལས་གྱུར་ཁྲག་མཁྲིས་ཀྱི༔ མིག་ནད་གྲིབ་གདོན་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ འདབ་མ་བཞི་བར་རྩ་སྔགས་ཤམ༔ ཀརྨ་ཨརྠ་སིདྡྷི་ཨ༔ ཀྵི་ཧི་ར་ཛ་ལ་སྱེ་ཧ༔ འཇམ་པའི་རྡོ་རྗེ་ཡབ་དང་ཡུམ༔ དོན་གྲུབ་ལས་རབ་རིགས་ཀྱི་ལྷ༔ མ་ལུས་འཁོར་དང་བཅས་པ་ཡི༔ ཐུགས་རྗེ་བྱིན་རླབས་བདེན་སྟོབས་མཐུས༔ ཕྲག་དོག་ལས་གྱུར་བད་ཀན་ནད༔ གདོན་བཅུའི་གནོད་པ་ལས་བྱུང་བའི༔ མིག་གི་ནད་རིམས་གྲིབ་རིགས་ལས༔ བསྲུང་བ་འདི་འཆང་གང་ཟག་ལ༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ མུ་ཁྱུད་གསུམ་པ་དབྱངས་ཡིག་མཐར༔ བསྲུང་བ་འདི་འཆང་གང་ཟག་ལ༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་གིས༔ ཤེས་རབ་འཆལ་བས་སྡོམ་གསུམ་གྱི༔ ཉམས་ཆག་ཉེས་སྒྲིབ་ལས་བྱུང་བའི༔ མིག་ནད་གདོན་དང་གྲིབ་རིགས་ལས༔ བསྲུང་བ་འདི་འཆང་གང་ཟག་ལ༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ མུ་ཁྱུད་བཞི་བར་གསལ་བྱེད་མཐར༔ རིག་པ་སྲུང་འཁོར་ཟབ་མོ་འདིི༔ སུས་འཆང་སྐལ་ལྡན་དམ་པ་ལ༔ གནས་ཡུལ་དཔའ་བོ་ཉེར་གཉིས་དང་༔ བློ་ལྡན་འཇིག་རྟེན་བྱེད་པ་པོའི༔ ནུས་མཐུ་ཐབས་ལས་རྨོངས་པའི་རྒྱུས༔ ཆོས་སྤངས་གསང་ཆེན་སྨོད་པ་སོགས༔ ལས་སྒྲིབ་ལྕི་བའི་རྒྱུ་འབྲས་ཀྱིས༔ མིག་ལོང་རིམས་ནད་མནའ་ཡི་གྲིབ༔ འཁོན་དང་སྤར་ཁའི་ཆད་པ་སོགས༔ འཇིགས་བརྒྱད་སྡུག་བསྔལ་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ མུ་ཁྱུད་ལྔ་བར་ཕྱོགས་ལྔ་རུ༔ སྤྱན་འབྲས་ལྔ་ཡིས་མཚན་པ་ཡི༔ ཕྱག་མཚན་ལྔ་ཡི་བར་རྣམས་སུ༔ ཡེ་དྷར་འབྲི་ཞིང་མིག་ནད་ལས༔ སྲུངས་ཤིག་རཀྵའི་ཤམ་ཡང་གདགས༔ བཟང་དྲུག་སེལ་མེད་དམ་རྫས་དང་༔ ཨ་ཀ་རུ་དང་མིག་སྨན་བྱུག༔ དེ་ཉིད་ལྷར་གསལ་ཡེ་ཤེས་དབབ༔ ཡེ་དྷར་བརྒྱ་རྩས་བརྟན་པར་བྱ༔ བྱང་ཆུབ་སེམས་ལྡན་གང་ཟག་གིས༔ སུ་ལ་བཏགས་པའི་མི་དེ་ཡི༔ མིག་ནད་གྲིབ་དང་ལིང་ཏོག་བྱུང་༔ ཤ་འཛེར་རྡུལ་དང་གྲྭ་མ་སོང་༔ འོད་ཀྱིས་བསྒྲིབས་སོགས་ཉེས་སྐྱོན་ལས༔ ཐར་བར་ཐེ་ཚོམ་ཡོད་རེ་ཀན༔ སྲུང་བ་བཏགས་པའི་གང་ཟག་དེའི༔ དམ་ཚིག་ལྷ་སྐུ་རྙིང་པ་ཡི༔ སྤྱན་དབྱེ་མར་མེ་མེ་ཏོག་འབུལ༔ མཐོང་ཚད་འགྲོ་ལ་ཕན་སེམས་བྱ༔ སྤང་བྱ་མིག་ལོག་སྡང་མིག་དང་༔ ལོག་པར་སྤྱོད་ལ་ལྟ་བ་སྡོམ༔ ས་མ་ཡཱ༔ སྣང་བའི་དབང་པོའི་ནད་བཅོས་ནས༔ ཤེས་རབ་འཕེལ་བའི་གདམས་པ་བཤད༔ སྒྲ་འཛིན་ནད་ཀྱི་རྒྱུའི་གཙོ་བོ་༔ གཙུག་ལག་ཁང་གི་རོལ་མོ་འཕྲོག༔ ཆོས་ཉན་དུས་སུ་རྒྱབ་བསྟན་ཅིང་༔ སྐུ་གཟུགས་ལ་སོགས་སྙན་རྒྱན་བཀྲོལ༔ གཞན་གྱི་རྣ་བར་མི་སྙན་བརྗོད༔ རྐྱེན་ནི་སྡོམ་དང་དམ་ཚིག་འཆལ༔ གྲིབ་ཕོག་མི་གཙང་ཞྭ་གོས་གྱོན༔ གདོན་གྱི་གནོད་པ་གྲིབ་ཕོག་སོགས༔ སེལ་ཐབས་གཙོ་བོ་ཚོགས་བསགས་ཤིང་༔ དཀོན་མཆོག་སྐྱབས་འགྲོ་སེམས་བསྐྱེད་འབད༔ ལྷ་སྔགས་ཏིང་འཛིན་རྫས་སྲུང་འཁོར༔ ཡར་ཚེས་བཟང་པོར་དབུ་འཛུགས་པས༔ རང་ཉིད་དབྱངས་ཅན་རིགས་བདག་དང་༔ འཁོར་སོགས་རང་གཞུང་ལྟར་དུ་བསྒོམ༔ གཙོ་མོའི་སྙན་ཁུང་འོད་ལྔའི་དཀྱིལ༔ ཟླ་བའི་དལ་ལ་ཏྲཾ་ཡིག་གཉིས༔ ཡོངས་གྱུར་ནམ་མཁའི་སྙིང་པོ་ནི༔ ནམ་མཁའི་མདོག་ཅན་མ་ལེ་ཡུམ༔ རང་མདོག་ནོར་བུ་དྲིལ་འཛིན་པ༔ ཕྱེད་སྐྱིལ་ལོངས་སྐུའི་ཐུགས་ཀར་ཏྲཾ༔ བཻཌཱུར་མདོག་ཅན་མཐར་རྩ་སྔགས༔ ཏྲཾ་ཨ་གརྦྷ་མ་ལེ་ཤཔྟ་དྷ་ར་ཤུདྡྷེ་སྭཱ་ཧཱ༔ ཞེས་པ་མུ་ཏིག་ཕྲེང་ལྟར་མཛེས༔ འོད་ཟེར་ཡར་འཕྲོས་རྒྱལ་ཀུན་གྱི༔ ལྷ་ཡི་སྙན་གྱི་བྱིན་རླབས་བསྡུས༔ རང་གི་རྣ་བའི་ལྷ་ལ་ཐིམ༔ ཤ་འཛེར་རླུང་འོན་བད་ཀན་ཁྲག༔ མཁྲིས་པ་ལྡན་འདུས་གཟའ་ཀླུའི་དུག༔ མདོར་ན་རྣ་བར་སྒྲ་འགགས་སྐྱོན༔ ཉེས་ཀུན་ཉི་མས་མུན་ལྟར་བསལ༔ མར་འཕྲོས་འགྲོ་དྲུག་ཁྱོན་ཀུན་ཁྱབ༔ ཆོས་སྒྲས་ཐམས་ཅད་དགའ་བར་བྱས༔ རྣ་བ་ལ་སོགས་ནད་གདོན་བསལ༔ ལྷ་སྙན་དྲི་མེད་དཔལ་ལ་བཀོད༔ དེ་ལྟར་ལྷ་ཡི་སྐུར་བསྒོམས་ནས༔ སྔགས་ཀྱི་རིམ་པ་རང་ཉིད་ནི༔ དབྱངས་ཅན་རིགས་བདག་འཁོར་བཅས་ཀྱི༔ ཐུགས་ཀར་རང་སྔགས་གཞུང་ལྟར་བསྒོམ༔ རྩ་སྔགས་གསལ་དག་བརྗོད་པའི་མཐར༔ ཤཔྟ་དྷ་ར་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པ་སྦྱར་ནས་ཞག་བདུན་བཟླས༔ རྟགས་ནི་རྣ་བར་སྒྲ་ཐོས་ཤིང་༔ མཛེར་བུ་ཕྱུང་དང་འུར་སྒྲ་འཆད༔ སྲོག་ཆགས་ཕྱིར་འབྱིན་ཉམས་གསལ་དང་༔ ཐེ་ཚོམ་མེད་པའི་བརྡ་འབྱུང་འགྱུར༔ ཏིང་འཛིན་མདུན་བསྐྱེད་དམིགས་པ་ནི༔ རླུང་མཁྲིས་ཁྲག་འཁྲུགས་ལ་སོགས་པར༔ རང་མདུན་ཟླ་དཀྱིལ་རིན་ཆེན་ཁྲིར༔ བཅོམ་ལྡན་སྨན་ལྷ་སྐུ་མདོག་སྔོ༔ ཕྱག་གཡས་སྨན་མཆོག་ཨ་རུ་ར༔ ལོ་འདབ་རྒྱས་པ་མཆོག་སྦྱིན་རྒྱས༔ འཛིན་ཅིང་གཡོན་པ་ལྷུང་བཟེད་ནང་༔ རླུང་ལ་འབྲུ་མར་ཁྲག་ཏིག་ཏ༔ མཁྲིས་པ་རང་སྨན་སོ་ལྔ་དང་༔ བད་ཀན་ནོར་བུའི་ཐང་སོགས་བསྣམས༔ ཐུགས་ཀར་འོད་ཀྱི་རྡོ་རྗེ་མཐིང་༔ ལྟེ་བར་ཟླ་དཀྱིལ་ཧཱུྃ་རང་མདོག༔ མཐའ་མར་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་འགྲོ་ཀུན་རྣ་བའི་ནད༔ རྒྱུ་རྐྱེན་འབྲས་བུར་བཅས་པ་བསལ༔ ལྷ་ཡི་རྣ་བའི་ཡོན་ཏན་གྱིས༔ སེམས་ཅན་ཁམས་ཀུན་ཚིམས་པར་བྱས༔ བདེ་སྐྱིད་མཐར་ཐུག་ཐར་ལམ་བཀོད༔ གཟའ་ཀླུ་སོགས་ལ་སྨན་རྒྱལ་ཉིད༔ གསང་བདག་སྐུར་འགྱུར་རང་སྔགས་དང་༔ ཏིང་འཛིན་དམིགས་པས་འཕྲུལ་ཤེས་བྱ༔ སྔགས་བསྡུས་ཁ་བསྒྱུར་འདི་བཞིན་བྱ༔ ཨོཾ་དེ་ཝཱི་སྭ་ར་སྭ་སྟི་བྷཻ་ཥ་ཛ་ཡེ་བཻཌཱུརྱ་པྲ་བྷ་རཱ་ཛ་ཡ་ཤཔྟ་དྷ་ར་ཤུདྡྷ་བི་ཤུདྡྷེ་སྭཱ་ཧཱ༔ དེ་བཞིན་བཛྲ་པཱ་ཎིར་བསྒྱུར༔ རྫས་ནི་རླུང་འོན་བཅོས་པའི་ཐབས༔ གནའ་བའི་མགོ་རུས་རྙིང་པ་ཡི༔ ཁུ་བ་འབྲུ་མར་ཐང་བསྙིལ་ལ༔ ཛ་ཏིའི་བྱེ་མས་ཁ་འདའ་སྦྱར༔ རླངས་པ་ཅན་ལ་སྔགས་བཏབ་ནས༔ རྣ་བར་བདུག་ནས་འཐུང་བས་སེལ༔ གདོན་དང་གྲིབ་ལ་བཟང་དྲུག་དང་༔ འབྲས་བུ་༼ཨ་བར་སྐྱུར་གསུམ། མཆན།༽གསུམ་དང་ཚ་ནད་ལ༔ ཚ་བའི་སྨན་གསུམ་གྲང་བ་ལ༔ ཛ་ཏི་དང་སྦྱར་ཆུ་གཙང་ལ༔ སྔགས་སྟོང་བཟླས་ནས་རྣ་བར་བླུགས༔ གདོན་ལ་སྐྱེས་ཆེན་གདུང་རུས་དང་༔ སེལ་མེད་དམ་རྫས་ཆོས་སྨན་ལ༔ སྔགས་བཟླས་ཡུངས་དཀར་ཐུམ་བུར་བཅས༔ ལུས་ལ་གདགས་པས་མཆོག་ཏུ་ཕན༔ སྒྲ་འཛིན་རྒྱལ་པོའི་སྲུང་འཁོར་ནི༔ གྲོ་ཤོག་དཀར་འཇམ་གཙང་མ་ལ༔ འཁོར་ལོ་མུ་ཁྱུད་ལྔ་བའི་ལྟོར༔ དྷཱིཿཧྲཱིཿཏྲཾ་ཡིག་གསུམ་གྱིས་མཚན༔ དེ་མཐར་འདོད་གསོལ་ཚིག་འདི་སྦྱར༔ སྲུང་བ་འདི་འཆང་གང་ཟག་ལ༔ སྔོན་ལས་འཕྲལ་རྐྱེན་རྣ་བའི་ནད༔ མ་ལུས་ལུས་པ་མེད་པ་ལས༔ འཇམ་པའི་རྡོ་རྗེ་དབྱངས་ཅན་མ༔ ནམ་མཁའི་སྙིང་པོ་ཡབ་ཡུམ་དང་༔ བྷུདྡྷ་རིགས་ཀྱི་ལྷ་ཚོགས་ཀྱིས༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ མུ་ཁྱུད་གཉིས་པར་འདབ་མ་བཞིའི༔ ཤར་དུ་ཨོཾ་དང་མཉྫུ་ཤྲཱི༔ སྭ་ར་སྭ་སྟི་ཨ་ཀྵོ་བྷྱ་ཧཱུྃ༔ འཇམ་དབྱངས་ཡབ་ཡུམ་མི་བསྐྱོད་པ༔ རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཀྱིས༔ སྲུང་བ་འདི་འཆང་གང་ཟག་ལ༔ དྲི་ཟའི་གདོན་ལས་གྱུར་པ་ཡི༔ རྣ་བའི་ནད་རྣམས་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ ལྷོ་རུ་ཡབ་ཡུམ་རྩ་སྔགས་ཤམ་དུ༔ རཏྣ་སཾ་བྷ་ཝ་ཏྲཾ་སྭ༔ འཇམ་དཔལ་ཡབ་ཡུམ་རིན་ཆེན་འབྱུང་༔ རཏྣ་རིགས་ཀྱི་ལྷ་ཚོགས་ཀྱིས༔ སྲུང་འཁོར་འདི་འཆང་གང་ཟག་ལ༔ གཤིན་རྗེའི་གདོན་ལས་གྱུར་པ་ཡི༔ རྣ་བའི་ནད་རྣམས་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ ནུབ་ཏུ་ཡབ་ཡུམ་སྔགས་ཀྱི་ཤམ༔ པདྨ་དྷ་ར་ཛྙཱ་ན་ཧྲཱིཿ འཇམ་དབྱངས་ཡབ་ཡུམ་སྣང་མཐའ་ཡས༔ པདྨ་རིགས་ཀྱི་ལྷ་ཚོགས་ཀྱིས༔ སྲུང་བ་འདི་འཆང་གང་ཟག་ལ༔ ཀླུ་དབང་གདོན་ལས་གྱུར་པ་ཡི༔ རྣ་བའི་ནད་རྣམས་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ བྱང་དུ་ཡབ་ཡུམ་སྔགས་ཀྱི་ཤམ༔ ཨ་མོ་གྷ་ཨརྠ་སིདྡྷི་ཧཱ༔ འཇམ་དབྱངས་ཡབ་ཡུམ་དོན་ཡོད་གྲུབ༔ ཀརྨ་རིགས་ཀྱི་ལྷ་ཚོགས་ཀྱིས༔ སྲུང་བ་འདི་འཆང་གང་ཟག་ལ༔ ཕྲག་དོག་གནོད་སྦྱིན་ལས་གྱུར་པའི༔ རྣ་བའི་ནད་རྣམས་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ མུ་ཁྱུད་གསུམ་པར་དབྱངས་ཡིག་མཐར༔ རང་སྔགས་ཤམ་བུར་འདོད་གསོལ་ནི༔ འཇམ་དཔལ་དབྱངས་དང་སྒྲའི་ལྷ་མོ༔ ལྷ་མོ་བཅུ་དྲུག་བདེན་མཐུ་ཡིས༔ འཆང་བ་པོ་ཡི་གང་ཟག་ལ༔ ནད་རིགས་བཞི་བརྒྱ་རྩ་བཞི་ཡི༔ རྐྱེན་ལས་གྱུར་པའི་ནད་སྤྱི་དང་༔ ཁྱད་པར་རྣ་བའི་ནད་ཀུན་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ མུ་ཁྱུད་བཞི་བར་གསལ་བྱེད་མཐར༔ རང་སྔགས་ཤམ་བུར་འདོད་གསོལ་ནི༔ གནས་ཡུལ་དཔའ་བོ་སོ་བཞི་དང་༔ རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་དབྱངས༔ རྒྱ་མཚོའི་བུ་མོའི་བདེན་སྟོབས་ཀྱིས༔ རྐྱེན་ངན་ཉི་ཁྲི་བྱད་ཕུར་དང་༔ གནས་ཡུལ་སྲུང་མའི་བཀའ་ཆད་ཀྱིས༔ ནད་རིགས་སྤྱི་དང་ཁྱད་པར་དུ༔ རྣ་བའི་ནད་གདོན་བག་ཆགས་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ མུ་ཁྱུད་ལྔ་བར་པ་ཏྲ་དང་༔ རིགས་ལྔའི་ཕྱག་མཚན་ཕྱོགས་སུ་བཀོད༔ བཟང་དྲུག་ཁུག་ཆོས་རིན་ཆེན་ལྔ༔ སེལ་མེད་དམ་རྫས་སྐྱེས་ཆེན་གྱི༔ གདུང་རུས་ཁབ་ལེན་རྡོ་ཕྱེ་བྱུགས༔ དཀར་སྔོ་སེར་དམར་མཛེས་ཚོན་བསྒྱུར༔ སྔོན་ལས་འཕྲལ་རྐྱེན་ནད་སྤྱི་དང་༔ རྣ་བའི་ནད་རྣམས་ཐམས་ཅད་ལས༔ སྲུང་བ་འདི་འཆང་གང་ཟག་དེ༔ རྒྱལ་བར་འགྱུར་བ་གདོན་མི་ཟ༔ གཞན་ཡང་རོལ་མོ་སྙད་མེད་ལ༔ དབྱངས་ཅན་ཡབ་ཡུམ་བསྐྱེད་པ་ཡི༔ གསུང་དབྱངས་འགགས་མེད་ཆོས་ཀྱི་སྒྲས༔ ཁམས་གསུམ་ཀུན་གྱི་རྣ་བའི་ནད༔ སྡུག་བསྔལ་རྒྱུ་འབྲས་རབ་བསལ་ནས༔ ལྷ་ཡི་རྣ་བ་རབ་གསང་བས༔ རྒྱལ་བའི་གསུང་དང་འགྲོ་བའི་སྐད༔ མ་ལུས་ཐོས་ཤིང་སྔར་མེད་པའི༔ ཆོས་ཀྱི་ཚིག་དོན་རྟོགས་པར་བསམ༔ སྔགས་ཀྱི་རྒྱལ་པོ་འདི་ཉིད་བཟླ༔ ཨོཾ་ཨཱཿཧཱུྃ་མཉྫུ་ཤྲཱི་སྭ་ར་སྭ་སྟི་ཛྙཱ་ན་ཤཔྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་བརྒྱ་ཕྲག་དེའི་ཤམ་དུ༔ དབྱངས་གསལ་དེའི་མཐར་རོལ་མོའི་སྔགས༔ བཟླ་ཞིང་རོལ་མོ་དྲག་ཏུ་འཁྲོལ༔ ཐོས་ཚད་སྒྲ་འཛིན་སྐྱོན་ལས་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་མཆོག་གྱུར་སྣ་ཡི་ནད༔ འབྱུང་བའི་རྒྱུ་ནི་ལས་ཉོན་དང༔ ཁྱད་པར་སྤོས་ལ་རློམ་དང་རྐུ༔ རྟེན་གསུམ་མདུན་དུ་དྲི་ངན་དང་༔ སྒོག་ཙོང་ཤ་ཡི་རླངས་པ་ལ༔ རྐྱེན་ནི་འབྱུང་བའི་ནད་དང་གདོན༔ ཟས་གོས་གྲིབ་ཀྱི་བྱེ་བྲག་སྟེ༔ དེ་རྣམས་སེལ་ཕྱིར་བསྙེན་སྒྲུབ་ནི༔ སྔོན་དུ་སོང་ངམ་གློ་བུར་དུ༔ དབེན་པར་རང་ཉིད་དབྱངས་ཅན་མ༔ གཞུང་ལྟར་བསྒོམས་པས་ཤངས་ཀྱི་སྦུབས༔ འོད་ལྔ་འཁྱིལ་བ་ཨ་ཡིག་ལས༔ སེམས་དཔའ་ཀུན་བཟང་གསེར་མདོག་འཛུམ༔ མ་ལེ་ཡུམ་འཁྲིལ་ཡབ་ཡུམ་གྱིས༔ འཁོར་ལོ་དྲིལ་བུ་སྤོས་ཕོར་བསྣམས༔ ཕྱེད་སྐྱིལ་ལོངས་སྤྱོད་དེའི་ཐུགས་ཀར༔ ཟླ་བའི་གདན་ལ་ཨཱཿཡིག་སེར༔ མཐའ་མར་རྩ་བའི་སྔགས་ཀྱི་ཤམ༔ དྷུ་པ་ཛྙཱ་ན་དྷ་ར་སྭཱ་ཧཱ༔ ཞེས་པས་བསྐོར་དམིགས་ལྷ་སྐུ་ལ༔ སེམས་བཟུང་གཉིས་པ་བཟླ་བྱའི་སྔགས༔ ཨོཾ་མཉྫུ་ཤྲཱི་སྭ་ར་སྭ་སྟི་ཨ་ས་མནྡ་བྷ་ཏྲ་མ་ལེ་དྷུ་པ་དྷ་ར་ཛྙཱ་ན་པྲཛྙཱ་སརྦ་སིདྡྷི་ཧཱུྃ༔ གཟུངས་ཀྱི་རྒྱལ་པོ་སྟོང་རྩ་བཟླ༔ ཁ་ཟས་སྒོག་པ་ཤ་ཆང་སྤངས༔ གལ་ཏེ་རླུང་ནད་ལ་ཕན་ན༔ ཆང་ལ་མར་ཁུ་བསྲེས་པ་ལ༔ འབྲུ་གསུམ་སྔགས་ཀྱི་བརྒྱ་རྩ་ཡིས༔ བྱིན་བརླབས་ཡེ་ཤེས་བདུད་རྩི་ནི༔ དཀར་དམར་མཐིང་གསུམ་ནད་ཀྱི་སྨན༔ རེག་པས་མྱོང་གྲོལ་ལ་དམིགས་བཏུང་༔ ཁ་ཟས་སྨན་སྣ་གཞན་དག་ཀྱང་༔ གསུམ་པ་དམིགས་པ་རང་ཉིད་ཀྱི༔ མདུན་དུ་རིན་ཆེན་ཁྲི་ཡི་སྟེང་༔ པད་ཟླ་ལ་གནས་སྨན་གྱི་བླ༔ བཻཌཱུར་མདོག་ཅན་གཡས་པ་ཡིས༔ མཆོག་སྦྱིན་ཨ་རུ་རྣམ་རྒྱལ་བསྣམས༔ གཡོན་པས་སྤོས་ཀྱི་སྣོད་ནང་དུ༔ དྷུ་ལས་དྲི་འཛིན་ནད་སེལ་སྨན༔ དྲི་ཞིམ་འཐིབས་པའི་ཐུགས་ཀ་རུ༔ རང་སྔགས་བཻཌཱུར་གཟུངས་རྣམས་ནི༔ ཧཱུྃ་སྔོན་མཐའ་ལ་འཁོར་བ་ལས༔ འོད་འཕྲོས་འགྲོ་དྲུག་ནད་གདོན་སྤྱི༔ ཁྱད་པར་སྣ་ཡི་ནད་ཀྱི་རིགས༔ ཚ་བས་གཟེར་དང་གྲང་བས་ཕྱིད༔ སྲིན་བུའི་རིགས་ཀྱིས་འཚེ་བ་དང་༔ བད་ཀན་ལས་གྱུར་འཐིབས་ཤིང་མྱོས༔ མ་ལུས་བསལ་ནས་ལྷ་ཡི་ཤིང་༔ ཚུལ་ཁྲིམས་དྲི་ལ་བསྣོམས་ནུས་ཤིང་༔ ལྷན་སྐྱེས་དྲི་ཀུན་ཐོགས་མེད་དུ༔ ཤེས་པའི་དཔལ་ལ་ལོངས་སྤྱོད་བསམ༔ རྫས་ནི་སྒོག་སྐྱ་བཟང་པོ་དྲུག༔ ཙནྡན་ཤིང་ཀུན་གླ་རྩི་རྣམས༔ ཕྱེ་རུ་བཏགས་ཤིང་སྔགས་ཀྱིས་བཏབ༔ ཆུ་གཙང་དང་སྦྱར་སྣ་རུ་བླུག༔ གྲིབ་རིགས་སྣ་ནད་ཀུན་ལ་ཕན༔ ཚ་བ་ཤས་ཆེར་གཟེར་བ་ན༔ ཙནྡན་དམར་པོ་གངས་ཀྱི་ཆུ༔ མེ་ཏོག་ལུག་རུ་སེར་པོ་དང་༔ སྤང་སྤོས་སྦྱར་ཏེ་སྣ་རུ་བླུག༔ མདུན་བསྐྱེད་སྨན་བླའི་སྔགས་མང་བཟླ༔ འོད་ཟེར་གྲང་རེག་ཟླ་ལྟར་བསིལ༔ སྣ་བུག་སེམས་དཔའི་ཐུགས་རྒྱུད་བསྐུལ༔ ནད་སོས་དམིགས་པ་སྲང་ལ་གཞུར༔ གྲང་བར་སྔར་གྱི་རྫས་རྣམས་དང་༔ ག་བུར་མཚལ་དཀར་སྦྱར་བ་དང་༔ འོད་ཟེར་ཉི་ལྟར་ཚ་བའི་ངད༔ འབྱུང་བའི་ནད་སོས་ཕན་པར་བསམ༔ སྲིན་ལ་ནག་པོ་དགུ་སྦྱོར་ལ༔ སྔགས་བཏབ་སྣ་རུ་བླུགས་སམ་བདུག༔ ཕན་པའི་རྟགས་མཚན་ཡིད་ཆེས་འབྱུང་༔ སྲུང་བ་རྒྱ་ཤོག་དྲི་མེད་ལ༔ མུ་ཁྱུད་ལྔས་བསྐོར་དབུས་མ་ལ༔ ཨཱཿཡིག་བྲིས་པའི་མཐའ་ལ་ནི༔ ཨོཾ་དྷཱིཿཧྲཱིཿམཉྫུ་ཤྲཱི་སྭཱ་ཧཱ༔ སྭ་ར་སྭ་སྟི་པྲཛྙཱ་དེ་ཝཱི་སྭཱ་ཧཱ༔ ཨ་ས་མནྟ་བྷ་ཏྲ་མ་ལྱེ་སྭཱ་ཧཱ༔ འཆང་བ་པོ་ལ་སྣ་ཡི་ནད་ཐམས་ཅད་ཀྱིས་མི་ཚུགས་པར་སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ མུ་ཁྱུད་གཉིས་པར་སྔགས་དེའི་ཤམ༔ འཆང་བ་པོ་ལ་ནད་དང་གདོན༔ ཁྱད་པར་གྲིབ་རིགས་སྲིན་བུས་ཟོས༔ རླུང་དང་བད་ཀན་ཁྲག་མཁྲིས་འཁྲུགས༔ གློ་བུར་གདོན་གྱི་གནོད་པ་ལས༔ བྱུང་བའི་སྣ་ནད་དྲི་འཛིན་སྐྱོན༔མ་ལུས་ལུས་པ་མེད་པ་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ མུ་ཁྱུད་གསུམ་པར་དབྱངས་བཅུ་དྲུག༔ བཞི་བར་གསལ་བྱེད་སུམ་བཅུའི་ཤམ༔ འདོད་གསོལ་བྱ་བ་མན་ངག་གོ༔ ལྔ་བར་རིགས་ལྔའི་ཕྱག་མཚན་དང་༔ མཚམས་སུ་རྟེན་སྙིང་འདོད་གསོལ་སྦྱར༔ བཟང་དྲུག་སེལ་མེད་དམ་རྫས་བྱུགས༔ སྣར་མ་བེའུ་སྐར་མ་ལ༔ འཕྲོད་སྦྱོར་ལེགས་པའི་རབ་གནས་ནི༔ ལྷར་བསྐྱེད་བསྟིམས་བརྟན་གཞུང་གཞན་བཞིན༔ སྒོས་ཆོས་ཡེ་དྷར་བརྒྱ་རྩ་བརྒྱད༔ མི་ཚིག་བར་མ་ཆོད་པར་བཟླ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ གསང་སྔགས་ཐབས་དང་རྟེན་འབྲེལ་དང་༔ མོས་གུས་ཉེར་ལེན་ཡིན་པས་བརྩོན༔ ས་མ་ཡཱ༔ དབང་པོའི་སྒོ་མཆོག་ལྕེ་ཡི་ནད༔ སེལ་ཐབས་ལྷ་སྔགས་ཏིང་འཛིན་རྫས༔ སྲུང་འཁོར་ལྔ་སྟེ་དང་པོ་ནི༔ ལྕེ་ནད་བྱུང་བའི་རྒྱུ་ཡི་གཙོ༔ རྫུན་སོགས་ངག་གི་མི་དགེ་བཞི༔ ཁྱད་པར་བླ་མ་དཀོན་མཆོག་བསླུས༔ སེམས་དཔའ་ལ་སོགས་གང་ཟག་གི༔ རྒྱུད་ཚོད་འཇལ་བའི་སྒྲོ་སྐུར་ལ༔ རྐྱེན་ནི་གསུང་གི་དམ་ཚིག་ཉམས༔ གཞན་ཡང་གདོན་གྲིབ་འབྱུང་བ་འཁྲུགས༔ རྣམ་གྲངས་ལྐུགས་དང་དིག་དང་འཛེར༔ མགྲིན་པ་སྐྲང་དང་གློ་ལུ་ཞིང་༔ ཀླག་ཅོར་སྨྲ་སོགས་ངག་གི་སྐྱོན༔ གྲངས་མེད་དེ་དག་སེལ་བའི་ཕྱིར༔ རང་ཉིད་གཞུང་ལྟར་ལྷ་རུ་བསྒོམ༔ ལྗགས་དཀྱིལ་འོད་ལྔ་འཁྲིགས་པའི་ཀློང་༔ པད་དཀར་ཟླ་བའི་གདན་གྱི་དཀྱིལ༔ ཧྲཱིཿཡིག་ཟླ་བ་ཞུན་མའི་མདོག༔ སྐད་ཅིག་དྲན་རྫོགས་སྤྱན་རས་གཟིགས༔ དཀར་པོ་ཕྱག་གཡས་མཆོག་སྦྱིན་རྒྱ༔ གཡོན་པ་པད་དཀར་ཐུགས་ཀར་བསྣམས༔ རི་དྭགས་པགས་པའི་སྟོད་གཡོགས་དང་༔ དར་དམར་ཤམ་ཐབས་ལོངས་སྐུའི་ཆས༔ སྒྲོལ་མ་དཀར་མོ་ཡུམ་དང་སྦྱོར༔ ཨུཏྤལ་དྲིལ་འཛིན་ཡབ་ལ་སྦྱོར༔ ཕྱེད་སྐྱིལ་ལྗགས་རྩེར་ཟླ་གདན་ལ༔ ཧྲཱིཿམཐར་སྔགས་ཀྱིས་བསྐོར་བར་བསྒོམས༔ དེ་ལྟར་སྐུ་ལ་སེམས་བཟུང་བས༔ ལྕེ་ནད་གྲེ་འགགས་ནད་ལས་གྲོལ༔ གཉིས་པ་སྔགས་ཀྱི་རིམ་པ་ནི༔ ཨོཾ་མཉྫུ་ཤྲཱི་སྭ་ར་སྭ་སྟི་དེ་ཝཱི་ལོ་ཀི་ཤྭ་ར་ཏ་རེ་ཛི་ཧཱ་ཛྭ་ར་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་སྟོང་རྩ་བརྒྱད་དམ་ལྔ༔ མ་ཡེངས་སྒྲ་དག་གསལ་བར་བཟླས༔ གལ་ཏེ་དེ་ལྟར་མི་ནུས་ན༔ ཡིད་ཀྱིས་བཟླ་བ་མན་ངག་གོ༔ གསུམ་པ་ཏིང་འཛིན་འཕྲོ་འདུ་ནི༔ རང་མདུན་པད་ཟླའི་གདན་གྱི་སྟེང་༔ ནད་སེལ་བཅོམ་ལྡན་སྨན་གྱི་བླ༔ དམར་པོ་ཅུང་ཟད་ཆགས་པའི་ཉམས༔ གཡས་པས་སྨན་གྱི་སྡོང་པོ་འཛིན༔ གཡོན་པས་རྡོ་རྗེའི་ལྗགས་ཀྱི་དཀྱིལ༔ ཨཱཿལས་ཆོས་སྒྲས་སྟོང་ཁམས་འགེང་༔ བཞེངས་སྟབས་སྨན་གྱི་སྡོང་པོ་ལ༔ རྒྱབ་རྟེན་སྨན་གྱི་ལྷ་མོ་བདུན༔ འཚོ་མཛད་མ་དང་དུག་སེལ་མ༔ སྨྲ་མཛད་མ་དང་འདོད་སྟེར་མ༔ ནད་འཇོམས་མ་དང་ཀུན་སྐྱོབ་མ༔ ཆོས་སྒྲ་སྒྲོག་མ་ཐམས་ཅད་ཀྱང་༔ དཀར་མོ་འཇོ་སྒེག་ལྷ་མོའི་རྒྱན༔ རིན་ཆེན་སྣ་ཚོགས་དོ་ཤལ་སྤུད༔ གླིང་བུ་འབུད་པའི་སྒྲ་དབྱངས་ཀྱིས༔ འགྲོ་དྲུག་སྡུག་བསྔལ་སྤྱི་བྱེ་བྲག༔ སྨྲ་བ་ངག་གི་སྐྱོན་ཀུན་ལས༔ འགྲོ་བ་ཐམས་ཅད་རབ་བསྒྲལ་ནས༔ ཚངས་དབྱངས་དྲུག་ཅུའི་དཔལ་ཐོབ་ནས༔ ཁམས་གསུམ་ལ་གནས་སྐྱེ་རྒུའི་ཚོགས༔ བཅོམ་ལྡན་གསུང་གི་རྡོ་རྗེ་མཆོག༔ འཇམ་དཔལ་ཡབ་ཡུམ་སྐུ་ཐོབ་དམིགས༔ སླར་ཡང་དམིིགས་པའི་འཕྲོ་འདུ་ནི༔ མདུན་བསྐྱེད་བཅོམ་ལྡན་སྨན་གྱི་བླའི༔ ལྗགས་སྟེང་ཟླ་ཉི་ཁ་སྦྱོར་ནང་༔ པདྨ་དམར་པོ་འདབ་བརྒྱད་པའི༔ ལྟེ་བར་ཧཱུྃ་དམར་མཐའ་སྐོར་དུ༔ ཨོཾ་བྷཻ་ཥ་ཛྱཻ་གུ་རུ་བཻཌཱུརྱ་ཛི་ཧ་སྭ་ར་མེ་གྷ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྔགས་དེ་མར་མེ་ལྟར་གསལ་ལས༔ འོད་ལྔའི་ཕྲེང་བས་ངག་གི་ནད༔ དིག་ལྐུགས་ཁ་འཆལ་ལྕེ་སྐྲང་དང་༔ མགྲིན་པ་འགགས་པའི་ནད་རྣམས་ཀྱིས༔ གཟིར་བའི་འགྲོ་བ་ཀུན་ལ་ཕོག༔ སྒྲིབ་པ་བག་ཆགས་རྒྱུ་དང་རྐྱེན༔ ནད་ཀྱི་འབྲས་བུར་བཅས་པ་བསལ༔ ཡང་དག་རྒྱལ་བའི་གསུང་ཐོས་ནས༔ ཆོས་སྒྲས་འཇིག་རྟེན་ཀུན་གང་བསམ༔ མཐར་ནི་མི་དམིགས་གཤིས་ལ་ལྷོད༔ རྫས་ནི་སེལ་མེད་དམ་རྫས་དང་༔ སྐྱེ་བདུན་ཤ་ཁྲག་དེ་བཞིན་དུ༔ དགེ་བའི་བཤེས་ཀྱི་ཤངས་མཚལ་དང་༔ བཟང་དྲུག་༼ཛ་སུག་ཀོ་གསུམ། ཅུ་གུར་ལི་གསུམ། མཆན། ༽རུ་རྟའི་སྐྱོབ་དང་བཅས༔ ཞི་བར་སྔགས་བཏབ་ལྕེ་ལ་མྱང་༔ མགྲིན་པ་འགགས་ན་ཁོང་དུ་མིད༔ ཡང་ན་སྲུང་འཁོར་ཟབ་མོ་ནི༔ དར་དམར་ཡང་ན་ཤོག་བུ་ལ༔ མཚལ་བྱུགས་མུ་ཁྱུད་བཅུ་རུ་བཀོད༔ དབུས་སུ་དྷཱི༔ཧྲཱིཿསྒྲུབ་སྔགས་ཤམ༔ བཅོམ་ལྡན་སྣང་བ་མཐའ་ཡས་དང་༔ འཇམ་དབྱངས་ཡབ་ཡུམ་ནུས་མཐུ་ཡིས༔ སྲུང་བ་འདི་འཆང་གང་ཟག་ལ༔ ངག་གི་མི་དགེ་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ མུ་ཁྱུད་གཉིས་པར་དབྱངས་ཅན་དྲུག༔ གསུམ་པར་གསལ་བྱེད་སུམ་ཅུ་བཞི༔ བཞི་བར་རྟེན་འབྲེལ་སྙིང་པོ་དང་༔ ལྔ་བར་འཇམ་དབྱངས་དམ་བཅའི་གཟུངས༔ དྲུག་པར་སྨན་བླའི་གཟུངས་རྣམས་དང་༔ བདུན་པར་སྒོ་གསུམ་བཅིངས་གྲོལ་གཟུངས༔ བརྒྱད་པར་མཁའ་འགྲོ་ཞི་དྲག་སྔགས༔ དགུ་པ་མེ་རི་བཅུ་པ་རུ༔ ལྗགས་ཀྱིས་མཚན་པའི་ཕྱག་མཚན་ལྔ༔ འདོད་གསོལ་རྒྱས་བསྡུས་རིག་པས་འཕྲུལ༔ སྔར་གྱི་རྫས་བྱུགས་རབ་ཏུ་གནས༔ རང་གི་བླ་གཟའ་དར་བར་བཏགས༔ ལུས་ལ་བཏགས་པ་ཙམ་གྱིས་ཀྱང་༔ ལྕེ་མགྲིན་ནད་ལས་གྲོལ་བར་ངེས༔ ཆད་ལྷག་ཐེ་ཚོམ་སྤང་བ་གནད༔ ས་མ་ཡཱ༔ དེ་ནས་དབང་པོ་ཐམས་ཅད་ཀྱི༔ རྒྱལ་པོ་ལུས་སེམས་ཟུང་འབྲེལ་ལ༔ ནད་གདོན་གཏི་མུག་འཐིབས་པའི་མཐུས༔ ཤེས་རབ་འཆལ་བས་ཉེས་ཀུན་འབྱུང་༔ དེ་དག་སེལ་བའི་ཐབས་ཟབ་མོ༔ རྣམ་པ་ལྔ་རུ་ཤེས་པར་བྱ༔ དང་པོ་ལྷ་ཉིད་གཞུང་ལྟར་བསྒོམ༔ ཁྱད་པར་ནད་རིགས་ཀུན་འཇོམས་པའི༔ སྨན་མཆོག་བདུད་རྩིའི་བུམ་པ་སྟོན༔ ས་མ་ཡཱ༔ རང་ཉིད་དབྱངས་ཅན་ལྷ་མོའི་ཐུགས་ཀ་རུ༔ འོད་སྣང་ལས་གྲུབ་སེང་ཁྲི་པད་ཟླའི་སྟེང་༔ མཐའ་ཡས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་བཅུད༔ བདག་ཉིད་ཨོ་རྒྱན་སྨན་གྱི་བླ་མ་ནི༔ སྐུ་མདོག་མཐིང་གསལ་བཻཌཱུརྱ་ཡི་མདོག༔ མཚན་དཔེའི་དཔལ་འབར་ཞལ་གཅིག་ཕྱག་གཉིས་པ༔ རྡོ་རྗེ་སྐྱིལ་ཀྲུང་ཚངས་པར་སྤྱོད་པའི་ཆས༔ ཕྱག་གཡས་མཆོག་སྦྱིན་ཨ་རུ་རྣམ་རྒྱལ་འཛིན༔ གཡོན་པ་ལྷུང་བཟེད་བདུད་རྩི་སྨན་གྱིས་བཀང་༔ འགྲོ་ཀུན་འབྱུང་བཞིའི་ནད་གདོན་ཀུན་ལས་སྐྱོབ༔ ཐུགས་ཀར་དྲི་བྲལ་པདྨ་འདབ་སྟོང་དབུས༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་མཐིང་གསལ༔ མཐའ་བསྐོར་གཟུངས་སྔགས་བཻཌཱུར་ཕྲེང་ལྟར་མཛེས༔ གནས་ལྔར་རིགས་ལྔ་སྨན་གྱི་བླ་མའི་ཚུལ༔ རྡོ་རྗེའི་རིགས་དང་དེ་བཞིན་བྷུདྡྷ་དང་༔ རིན་ཆེན་པདྨ་ལས་ཀྱི་ཕྱག་རྒྱ་འཆང་༔ འགྲོ་ཀུན་སྲིད་པའི་དུཿཁ་ལས་གྲོལ་ཕྱིར༔ སྙིང་ཁའི་གཟུངས་སྔགས་གཡས་བསྐོར་འོད་ལྔ་འཕྲོས༔ ཁམས་གསུམ་འགྲོ་བའི་དུག་གསུམ་རྒྱུ་དང་རྐྱེན༔ འབྱུང་བཞིའི་ནད་གདོན་མ་ལུས་ཕྱིར་བསལ་ནས༔ བདེ་སྟོང་ཡེ་ཤེས་རང་བྱུང་རིག་པའི་ངང་༔ འཁོར་འདས་རོ་མཉམ་སྣོད་བཅུད་ལྷ་སྔགས་ངང་༔ བཟླས་པ་སྔགས་ཀྱི་རྒྱལ་པོ་རྩེ་གཅིག་བཟླ༔ ཏདྱ་ཐཱ། གྷུ་མེ་སོགས། སྨན་གཟུངས་རྒྱས་པ་དང་༔ བསྡུས་པ་བཻཌཱུརྱ་ཡི་གཟུངས༔ ཡང་བསྡུས་སྙིང་པོ་འདི་ཉིད་འབད༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་བྷཻ་ཥ་ཛྱཻ་བཻཌཱུརྱ་པྲ་བྷ་རཱ་ཛ་ཡེ་སྭཱ་ཧཱ༔ ཞེས་པ་འབུམ་ཕྲག་རབ་ཡིན་ལ༔ འབྲིང་དུ་ཁྲི་ལྔ་ཐ་མ་ཡང་༔ སྟོང་ཕྲག་ལྔ་རུ་བཟླས་པར་བྱ༔ དེ་ཚེ་རྟགས་ཀྱི་རིམ་པ་ནི༔ ལྷ་ཞལ་མཇལ་དང་གསུང་ཐོས་དང་༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ བདུད་རྩི་འཐུང་དང་མེ་ཏོག་འཐུ༔ གཏེར་རྙེད་ལ་སོགས་འབྱུང་བར་འགྱུར༔ དེ་ཚེ་གང་ལའང་སྙེམས་མེད་པར༔ གནས་ལུགས་བབས་ཀྱི་ངང་མདངས་བསྐྱངས༔ སླར་ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས༔ ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ནས༔ སངས་རྒྱས་སྨན་བླ་བདེ་གཤེགས་མཆེད་བདུན་དང་༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་གྲོང་ཁྱེར་ནས༔ ཨོ་རྒྱན་མཁས་པ་སྨན་གྱི་རིག་འཛིན་ཚོགས༔ སྨན་རྒྱལ་སྐུ་གསུང་ཐུགས་དང་སྨན་གྱི་ཆར༔ མཚོ་ལ་ཁ་བ་བབས་པ་ཇི་བཞིན་དུ༔ སྔགས་སྒྲ་འུར་འུར་གཟི་མདངས་འོད་དུ་འཁྲིགས༔ རང་གི་སྐུ་དང་ཐུགས་ཀའི་ཡེ་ཤེས་སེམས༔ གཟུངས་སྔགས་རྣམས་ལ་ཐིམ་པས་དེ་དག་ལས༔ བདུད་རྩིའི་ཆུ་རྒྱུན་འོ་རྒྱུན་བཞིན་དུ་བབས༔ མགོ་དང་ཡན་ལག་སྙིང་དང་ནང་ཁྲོལ་ནད༔ ཐམས་ཅད་མུན་པར་ཉི་མ་ཤར་བཞིན་དེངས༔ དེ་བཞིན་སྡུག་བསྔལ་ནད་ཀྱིས་གདུང་རྣམས་ལ༔ ཕོག་པས་དེ་ཀུན་ལས་ཉོན་ནད་གདོན་བྱང་༔ ལུས་སེམས་དབང་པོ་བདེ་བའི་མཆོག་ཐོབ་ནས༔ སྨན་གྱི་བླ་མས་སྨོན་ལམ་བཏབ་པ་རྣམས༔ སེམས་ཅན་ཀུན་གྱི་རྒྱུད་ལ་ཡོངས་རྫོགས་ཤིང་༔ ཀུན་ཀྱང་རྒྱལ་བའི་གོ་འཕང་ཐོབ་པར་བསམ༔ དེ་ལྟར་ལྷ་སྔགས་ཏིང་འཛིན་གསུམ༔ འབྲལ་མེད་རྒྱུན་དུ་སྔགས་བཟླས་ན༔ སྔོན་གྱི་ལས་ལའང་ཕན་སྲིད་ན༔ འཕྲལ་རྐྱེན་ནད་ལ་སྨོས་ཅི་འཚལ༔ ནད་རྣམས་སོ་སོར་ཕན་པའི་སྨན༔ འཇིག་རྟེན་མེས་པོ་ཚངས་པ་དང་༔ བཅོམ་ལྡན་སྨན་གྱི་བླ་མ་དང་༔ དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས༔ དྲི་མེད་གསུང་གི་གནད་བཞིན་སྦྱོར༔ ལག་ལེན་མཐོང་བརྒྱུད་འཆུག་མེད་ལ༔ བརྟེན་པ་རྒྱལ་བའི་ཕྲིན་ལས་ཡིན༔ ལུས་ལ་བཅང་བས་ནད་སེལ་ཞིང་༔ གཏི་མུག་རྨོངས་པ་ཀུན་འཇོམས་པའི༔ སྲུང་འཁོར་ཤེས་རབ་གོ་ཆ་ནི༔ ལེབ་ཤོག་དྲི་བྲལ་གཙང་མ་ལ༔ འཁོར་ལོ་མུ་ཁྱུད་ལྔ་རུ་བསྐོར༔ ནད་འཇོམས་གཙོ་བོར་བྱེད་པ་ལ༔ བཅོམ་ལྡན་སྨན་བླའི་སྐུ་མཆོག་ནི༔ ཚངས་པར་སྤྱོད་པའི་ཆ་ལུགས་ཅན༔ མུ་ཁྱུད་དབུས་སུ་ལེགས་པར་འབྲི༔ གནས་ལྔར་ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ མུ་ཁྱུད་གཉིས་པར་སྨན་བླའི་གཟུངས༔ ཅི་མང་བྲིས་མཐར་འདོད་གསོལ་ནི༔ རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ བཅོམ་ལྡན་སྨན་གྱི་བླ་མ་དང་༔ རྒྱལ་བ་སྲས་བཅས་ཐུགས་རྗེའི་མཐུས༔ སྲུང་བ་འདི་འཆང་གང་ཟག་ལ༔ ཞེ་སྡང་ལས་གྱུར་རླུང་ནད་དང་༔ འདོད་ཆགས་ལས་གྱུར་མཁྲིས་པ་དང་༔ གཏི་མུག་ལས་གྱུར་བད་ཀན་ནད༔ ང་རྒྱལ་ཕྲག་དོག་ལྡན་འདུས་ནད༔ མ་ལུས་ཀུན་ལས་བསྲུང་དུ་གསོལ༔ བཛྲ་རཀྵ་རཀྵ་བྷྲུཾ༔ མུ་ཁྱུད་གསུམ་པར་རྩ་སྔགས་ནི༔ ཅི་མང་མཐའ་ལ་འདོད་གསོལ་ནི༔ རྒྱལ་ཀུན་མཁྱེན་རབ་འཇམ་པའི་དབྱངས༔ ངག་གི་དབང་ཕྱུག་དབྱངས་ཅན་མ༔ ཤེས་རབ་ལྷ་མཆོག་ཐུགས་རྗེའི་མཐུས༔ སྲུང་བ་འདི་འཆང་གང་ཟག་ལ༔ གཏི་མུག་རྨོངས་པའི་གཞན་དབང་གིས༔ བྱིང་རྨུགས་འཐིབས་པའི་གྲིབ་རིགས་ལས༔ སྲུངས་ཤིག་རཀྵ་རཀྵ་ཧཱུྃ༔ མུ་ཁྱུད་བཞི་པར་དབྱངས་གསལ་མཐར༔ འདོད་གསོལ་ཚིག་ནི་འདི་བཞིན་སྦྱར༔ ངག་གི་ལྷ་མོའི་རང་རྩལ་ལས༔ དགའ་བ་བཅུ་དྲུག་ཡེ་ཤེས་མདངས༔ རྡོ་རྗེའི་ལྷ་མོ་བཅུ་དྲུག་དང་༔ རྡོ་རྗེ་མཐོང་དང་ཀུན་མཐོང་བྱེད༔ ཐོས་དང་ཀུན་ཏུ་ཐོས་པར་བྱེད༔ སྣོམ་དང་ཀུན་ཏུ་སྣོམ་པར་བྱེད༔ མྱོང་དང་ཀུན་ཏུ་མྱོང་བྱེད་དང་༔ རེག་དང་ཀུན་ཏུ་རེག་བྱེད་དེ༔ ཤེས་དང་ཀུན་ཤེས་བྱེད་པ་སྟེ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ ཚོགས་དྲུག་ཡེ་ཤེས་རྣམ་དྲུག་ཏུ༔ གནས་དག་དཔའ་བོ་བཅུ་གཉིས་དང་༔ ཤེས་རབ་སྦྱིན་དང་ཤེས་འཆལ་སྲུང་༔ ཤེས་རབ་མི་འཁྲུགས་ཤེས་བྱ་ལ༔ ཀུན་བརྩོན་ཤེས་རབ་མཆོག་ཏུ་བརྟན༔ ཤེས་རབ་རྣམ་འབྱེད་ཀུན་ཤེས་པའི༔ ཐབས་ལ་མཁས་དང་ཤེས་རབ་ཀྱི༔ སྟོབས་ཆེན་ཤེས་བྱ་སྨོན་པས་འགྲུབ༔ ཤེས་རབ་རྣམ་གྲོལ་བདུད་ལས་རྒྱལ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ ཕ་རོལ་ཕྱིན་བཅུའི་རང་རྩལ་ལས༔ རྣམ་པར་ཤར་བའི་དཔའ་བོ་བཅུ༔ ཤེས་རབ་སྲོག་སྦྱིན་ཤེས་བྱ་ཀུན༔ མ་བླངས་མཁྱེན་དཔལ་ཤེས་རབ་ཀྱི༔ ཚངས་སྤྱོད་ཤེས་རབ་བདེན་པར་སྨྲ༔ ཤེས་རབ་ཀུན་སྡུད་ཤེས་རབ་ཀྱི༔ ཉེས་སེལ་ཤེས་རབ་ཀུན་ཏུ་འཇམ༔ ཤེས་རབ་རློམ་མེད་ཤེས་རབ་ཀྱི༔ ཀུན་ཕན་ཤེས་རབ་མཐའ་ལས་གྲོལ༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི༔ སློབ་པ་ལམ་དུས་དགེ་བ་བཅུ༔ ཡོངས་སུ་སྨིན་པའིི་དཔའ་བོ་བཅུ༔ ལྷ་ཡི་བླ་མ་འཇིག་རྟེན་མེས༔ སུམ་ཅུ་རྩ་བཞིའི་ནུས་སྟོབས་མཐུས༔ སྲུང་བ་འདི་འཆང་གང་ཟག་གི༔ འདོད་པ་ལས་གྱུར་ཤེས་རབ་འཆལ༔ གནས་ཡུལ་དཔའ་བོའི་བཀའ་ཆད་ཀྱིས༔ ཤེས་རབ་བསྒྲིབས་དང་ནད་གདོན་ཉེན༔ བར་དུ་གཅོད་པ་ཐམས་ཅད་ལས༔ སྲུངས་ཤིག་རཀྵ་རཀྵ་བྷྲུཾ༔ ལྔ་པར་རྟེན་འབྲེལ་སྙིང་པོའི་མཐར༔ སྲུང་བ་འདི་འཆང་གང་ཟག་གི༔ ནད་གདོན་བར་ཆད་རྐྱེན་རྣམས་དང་༔ ཤེས་རབ་འཆལ་བའི་ཉེས་པ་ཀུན༔ སངས་རྒྱས་རྟེན་འབྲེལ་མཁྱེན་པའི་མཐུས༔ མ་ལུས་མྱུར་དུ་བྱང་གྱུར་ཅིག༔ ཤེས་རབ་ཟབ་ཅིང་མྱུར་བ་དང་༔ ཤེས་རབ་མཆོག་ཏུ་བརྟན་གྱུར་ཅིག༔ རྟེན་འབྲེལ་བསླུ་མེད་དམ་ཆོས་མཐུས༔ ཞེས་དང་དེ་བཞིན་འདི་ལྟར་སྦྱོར༔ རྟེན་འབྲེལ་དོན་གོམས་འཕགས་པའི་མཐུས༔ སྔར་ལྟར་འདོད་གསོལ་སྦྱར་བར་བྱ༔ དེ་མཐར་མུ་ཁྱུད་གཅིག་ལ་ནི༔ ཕྱག་མཚན་ལྔ་དང་དེ་ཡི་མཐར༔ མེ་རི་རྡོ་ར་ཚོན་གྱིས་བསྒྱུར༔ ཤེས་རབ་མྱུར་བའི་གང་ཟག་གིས༔ ཆད་ལྷག་མེད་པར་གསེར་དངུལ་ལམ༔ རྒྱ་མཚལ་སྣག་ཚ་དག་ཀྱང་རུང་༔ བ་བྱུང་བཟང་དྲུག་རིན་ཆེན་ལྔ༔ སྨན་ལྔ་དྲི་ལྔ་འབྲུ་སྣ་ལྔ༔ སྙིང་པོ་ལྔ་དང་གྷི་ཝཾ་དང་༔ དཔའ་བོ་བཅུ་གཉིས་རྫས་ཀྱིས་བྱུགས༔ སྐར་མ་རྒྱལ་དང་ཕུར་བུ་ལ༔ ཆོ་ག་ལྡན་པས་རབ་གནས་བྱ༔ འབྲས་བུ་གསུམ་དང་དབྱངས་ཅན་མའི༔ སྐུ་དང་ལྷན་དུ་སྒྲུབ་རྟེན་འཛུགས༔ རྟེན་དེ་དབྱངས་ཅན་རིགས་བདག་དང་༔ གཙོ་འཁོར་ཡོངས་རྫོགས་ཡེ་ཤེས་སེམས༔ སྨན་རྒྱལ་ལ་སོགས་མ་འདྲེས་གསལ༔ སྨྲ་བཅད་ཞག་བདུན་བསྙེན་ཁ་གསོ༔ ལུས་ལ་བཅངས་ཤིང་མོས་གུས་བྱ༔ དམ་ཚིག་ཆོས་ཉན་ཆོས་དོན་སེམས༔ ཁྱད་པར་སྟོང་ཉིད་སྙིང་རྗེ་ནི༔ ཤེས་རབ་སྲོག་གི་དྭངས་མར་བསྒོམ༔ མཁས་ལ་གུས་ཤིང་དམན་ལ་བྱམས༔ རང་ལས་གཞན་དག་ཆོས་ལ་འཛུད༔ བླ་མར་མི་སྨོད་ཡི་དམ་ལྷར༔ སྐད་ཅིག་ཐེ་ཚོམ་མི་བྱ་ཞིང་༔ དུས་ཀུན་དགེ་ལ་བརྩོན་པར་བྱ༔ དེ་ལྟར་བླ་རྡོ་སྲུང་འཁོར་འདི༔ ལུས་ལ་ཚུལ་བཞིན་སུས་འཆང་བ༔ གནས་སྐབས་ནད་རིགས་ཀུན་ལས་རྒྱལ༔ ཤེས་རབ་བློ་གྲོས་གློག་ལྟར་མྱུར༔ བརྗེད་ངེས་འཐིབས་པའི་སྐྱོན་ལས་གྲོལ༔ རྒྱལ་དང་རྒྱལ་སྲས་མཁྱེན་རབ་ལྷས༔ རྗེས་འཛིན་རྒྱལ་ཆེན་བཞི་ལ་སོགས༔ དཀར་ཕྱོགས་སྐྱོང་བས་རྟག་ཏུ་སྲུང་༔ འཕོས་ཚེ་དག་པའི་སྣང་བ་འཆར༔ ཐོས་བསམ་ལྡན་པས་འགྲོ་བ་འདུལ༔ ས་མ་ཡཱ༔ དེ་ལྟར་ཕྱི་ནང་གསང་གསུམ་གྱི༔ ཤེས་རབ་སྒྲུབ་པའི་ཐབས་ཟབ་མོ༔ རྒྱུད་ལས་མན་ངག་བཅུད་དུ་དྲིལ༔ བདག་ཉིད་མཁས་མཆོག་ཨོ་རྒྱན་རྗེས༔ སྐལ་ལྡན་བུ་ལ་སྨོན་ལམ་བཏབ༔ མཚོ་རྒྱལ་ཙིཏྟའི་སྦུབས་སུ་སྦོས༔ ལས་འཕྲོ་སད་པའི་སྐལ་ལྡན་ལ༔ བླ་མ་ལྷ་དང་བཅས་པ་ཡིས༔ དག་སྣང་ལུང་སྟོན་སྙིང་ལ་ཤར༔ ཐེ་ཚོམ་སྤོངས་ལ་ཡི་གེར་སྤེལ༔ གང་འབྲེལ་དོན་དང་ལྡན་པར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ཞེས་པ་འདིའང་ལུང་ཟིན་སྤྲུལ་པའི་གང་ཟག་ས་ར་ཧི་ཏ་སོགས་ཀྱིས་བསྐུལ་ངོར༔ རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་དང་རིགས་བདག་གྲུབ་དབང་བླ་མའི་བྱིན་རླབས་བདུད་རྩིས་དབུགས་དབྱུང་ཐོབ་པའི་རིག་འཛིན་སྐལ་ལྡན་ལུང་རིག་གླིང་པས་སྤེལ་བ་དུས་གསུམ་དགེ་བའི་རྒྱུར་གྱུར་ཅིག༔

དབྱངས་ཅན་རྗེས་གནང་གི་ཆོས་བཤད་བསྡུས་པ།

༄༅།། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་མཚོ་བྱུང་ངག་གི་ལྷ་མོའི་རྗེས་གནང་ཟབ་མོ་ཚུལ་བཞིན་དུ་གསན་ནས་ཉམས་སུ་བླང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས་བླང་བྱའི་ཆོས་འདུ་ཤེས་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་སྒོ་ནས་ལེགས་པར་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་དབྱངས་ཅན་ལྷ་མོའི་རྗེས་གནང་ཟབ་མོ་བསྐུར་བར་བྱེད་པ་ལ་ངེས་ཤེས་བསྐྱེད་ཕྱིར་ཆོས་དང་གང་ཟག་གི་ལོ་རྒྱུས་ཅུང་ཟད་བརྗོད་ན། རང་གཞུང་ལས། དབྱངས་ཅན་ཕྱི་ནང་གསང་གསུམ་གྱི༔ ཤེས་རབ་སྒྲུབ་པའི་ཐབས་ཟབ་མོ༔ རྒྱུད་ལས་མན་ངག་བཅུད་དུ་དྲིལ༔ བདག་ཉིད་མཁས་མཆོག་ཨོ་རྒྱན་རྗེས༔ སྐལ་ལྡན་བུ་ལ་སྨོན་ལམ་གདབ༔ མཚོ་རྒྱལ་ཙིཏྟའི་སྦུབས་སུ་སྦོས༔ ལས་འཕྲོ་སད་པའི་སྐལ་ལྡན་ལ༔ བླ་མ་ལྷ་དང་བཅས་པ་ཡིས༔ དག་སྣང་ལུང་སྟོན་སྙིང་ལ་ཤར༔ ཐེ་ཚོམ་སྤོངས་ལ་ཡི་གེར་སྤེལ༔ གང་འབྲེལ་དོན་དང་ལྡན་པར་འགྱུར༔ ཅེས་དང་། འདོན་པ་པོ་དེ་ཉིད་ཀྱི་རྣམ་ཐར་དང་ཡིད་ཆེས་ཚིག་ཅུང་ཟད་ཅིག་བརྗོད་ན། ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་ཕྱོགས་ནས་འབྱུང༔ ཞེས་དང་། དེ་བཞིན་དུ་དམ་ཆོས་བདེ་ཆེན་ལམ་མཆོག་དང་། ཨོ་རྒྱན་གཏེར་བདག་གླིང་པའི་ཟབ་ལམ་བདེར་གཤེགས་ཀུན་འདུས། གཡུ་ཁོག་མཁའ་འགྲོའི་ལུང་བསྟན་སོགས་དམ་པའི་སྐྱེས་བུ་དུ་མས་ལུང་གིས་བསྔགས་པའི་གཏེར་སྟོན་རིན་པོ་ཆེ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་སྨྲོས་ན་འགྲོ་འདུལ་རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་དབྱངས་ཅན་སྒྲུབ་ཐབས་གཏི་མུག་མུན་སེལ་གྱི་རྗེས་གནང་ཟབ་མོ་སྦྱིན་པར་བྱ་སྟེ། ཇི་སྐད་དུ། དབྱངས་ཅན་རྗེས་གནང་ཟབ་མོ་འདི༔ ལྟ་སྤྱོད་ཟུང་འབྲེལ་སློབ་དཔོན་གྱིས༔ མོས་གུས་ཡིད་ཆེས་སློབ་མ་ལ༔ ཕན་ཚུན་རྟེན་འབྲེལ་མ་འཆུགས་པར༔ སྨོན་ལམ་གཏད་རྒྱ་སུས་ཐོབ་པ༔ སྔོན་ལས་ངན་པའི་སྒྲིབ་པ་ཡང་༔ རེ་ཞིག་སྲབ་པ་ལྟར་གྱུར་ན༔ འཕྲལ་རྐྱེན་བྱིང་རྨུགས་བརྗེད་ངས་ཀྱི༔ ཤེས་སྒྲིབ་འདགས་པར་གདོན་མི་ཟ༔ ཤེས་བྱ་ཆུང་བའི་གང་ཟག་ཀྱང་༔ ཤེས་རབ་དབྱར་མཚོ་ལྟར་འཕེལ་ནས༔ བསྟན་ལ་ཕན་པའི་འཆད་རྩོད་རྩོམ༔ ཐོགས་མེད་འབྱུང་བར་སོམ་ཉི་བྲལ༔ ཆོས་འདིར་དབང་བའི་གང་ཟག་བདུན༔ ཁྱད་པར་ལུང་ཟིན་སྐལ་ལྡན་གཉིས༔ མགྲིན་པར་སྨེ་བ་འདབ་བརྒྱད་དབྱིབས༔ གཞན་ལས་ཁྱད་འཕགས་གཟུངས་སྤོབས་ལྡན༔ དེ་ལྟ་བུ་ལ་འཕྲོད་པར་གྱིས༔ འགྲོ་དོན་ཕྱོགས་མེད་འབྱུང་བར་འགྱུར༔ ཞེས་གསུངས་པ་དེ་ཉིད་ཀྱི་དབང་བསྐུར་བ་ལ་སློབ་དཔོན་གྱི་བགྱིས་འོས་བླ་མ་སོགས།

དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་སོག་པོ་ཀུན་དགས་མཛད་པ།

༄༅། འཕགས་མ་དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་བཞུགས། དེ་ལ་སློབ་དཔོན་གྱིས་དབང་སྒྲུབ་ཀྱི་ཆོ་ག་བསྙེན་པ་དང་བཅས་པ་སོང་མཚམས། གཏེར་གཞུང་ལས། ལྷ་སྔགས་འོད་ཀྱིས་སྲིད་ཞི་ཡི༔ དྭངས་བཅུད་མ་ལུས་ཐམས་ཅད་དང་༔ ཤེས་བྱ་རིག་གནས་བཅུ་ཕྲག་སོགས༔ ཇི་སྙེད་བཀའ་བསྟན་འཆད་དང་རྩོམ༔ ཀུན་ཀྱང་ཁབ་ལེན་ལྕགས་ཕྱེ་ལྟར༔ རང་རང་སྒྲུབ་རྫས་རྣམས་ལ་ཐིམ༔ ཞེས་བརྗོད་དེ་སླར་ཡང་བསྙེན་པ་ཅི་ནུས་བཟླས་ལ། ཆོ་གའི་རང་གཞུང་གི་མཆོད་བསྟོད་བྱ། དེའི་རྗེས་སུ།ཧྲཱིཿ ངག་གི་དབང་ཕྱུག་གཙོ་འཁོར་སོགས་ནས། དངོས་གྲུབ་སྩོལ༔ བར་དང་ཡིག་བརྒྱ་ཅི་ནུས་བཟླ། སྐབས་འདིར་སྒྲུབ་རྫས་ལ་བརྟེན་ཏེ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དངོས་གྲུབ་བསྐུལ་ཚིག་གིས་ལེན་པ་ནི། ཧྲཱིཿ སྨྲ་བའི་རྒྱལ་མོ་སོགས་མཐར་རྩ་སྔགས་ལ་ཤམ་བཏགས་པས་དངོས་གྲུབ་ལེན། དེ་ནས་ཐལ་མོ་སྦྱར་ཏེ་སྙན་གསན་དབབ་པ། ཨེ་མ་ཧོ༔ ཡི་དམ་ལྷ་ཚོགས་འཕགས་མ་སོགས། དེ་ནས་སློབ་མ་རྣམས་དབང་གྲལ་དུ་འདུས་པ༔ ལས་བུམ་རྡོ་རྗེ་རྣམ་འཇོམས་ཀྱིས་བསྒྲུབས་པས་ཁྲུས་བྱ། བགེགས་གཏོར་བཤམས་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་དུ་ཁྂ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཕྱག་རྒྱ་དང་བཅས་གསུམ་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿས་བཀུག །ནམ་མཁའ་མཛོད་སྔགས་གསུམ་གྱིས་བསྔོས་ལ། བཀའ་བསྒོ་ཞིང་བསྐྲད་པ་ནི། ན་མོ༔ རིག་འཛིན་རྩ་བརྒྱུད་སོགས། ཁྱད་པར་དུ་བླ་མ་དང་གཉིས་སུ་མེད་པ་རིག་སྔགས་ཀྱི་ལྷ་མོ་སྒྲ་དབྱངས་མཚོ་བྱུང་ལྷ་མོ་ངག་གི་དབང་མོ། འཁོར་ལྷ་ཡི་གཙོ་བོ་མགྲིན་སྔོན་ཅན་དང་། བྲམ་ཟེའི་བླ་མ་སྙན་ངག་མཁན་ལ་སོགས་པའི་བདེན༴སོགས། རྡོ་རྗེའི་སློབ་མ་རྣམས་བྱིན་རླབས་རྗེས་གནང་གི་ཆོ་གས་རྗེས་སུ་འཛིན་པ་ལ་བར་དུ་གཅོད་པའི་འབྱུང་པོ་མི་མིན་བགེགས་ཀྱི་ཚོགས་ཐམས་ཅད་ཕྱིར་དེངས་ཤིག ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ལ། ཨོཾ་བཛྲ་རཀྵ་རཀྵཿ ཞེས་སྲུང་འཁོར་སྒོམ་སྐབས་འདིར་སྡིག་སྦྱང་གི་རིམ་པ་ནི། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་སྤྱོད་ཡུལ་སངས་རྒྱས་ལམ་ཁྱེར་ན་ཡོད་པ་ལྟར་བྱས་ན་འཇུག་པ་ཟོར་ཡངས་པས་དེ་ཉིད་ལྟར་མཛད་ན་ལེགས། ༈ ཟ་བྱེད་རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའི་སྡིག་སྦྱང་རྫོགས་འཕྲལ། ༈ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡུལ་བྲལ་འོད་སྣང་མཐའ་ཡས་པའི་གོ་འཕང་དེ་ཉིད་འཐོབ་པར་བྱ། དེའི་ཆེད་དུ་རིགས་ཀྱི་ལྷ་མོ་ངག་དབང་སྒྲ་དབྱངས་དཔལ་འཛིན་མའི་བྱིན་རླབས་རྗེས་གནང་གི་རིམ་པ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཀྱང་ཚུལ་དང་མཐུན་པར་གསལ་བཏབ་སྟེ་གསན་པར་ཞུ། གང་ཞིག་གསན་པར་བྱ་བའི་ཆོས་ནི། སྤྱིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་མཐའ་ཡས་པའི་གདུལ་བྱ་སོ་སོའི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་མཐུན་པར་ཇི་སྙེད་ཅིག་བསྟན་པ་སྟེ། མདོ་སྡེ་ཡོན་ཏན་བཀོད་པ་ལས། གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་ཅན་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་།། ཞེས་གསུངས་པ་བཞིན་སེམས་ཅན་གྱི་རིགས་སོ་སོའི་མོས་པ་དང་རྗེས་སུ་མཐུན་པར་གསུངས་པ་རྣམས་སྒོ་བསྡུ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་སྟེ། ཇི་སྐད་དུ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་བཞིན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་བཤད་པས། ད་ལམ་འདི་ནི་འབྲས་བུ་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་པ་སྟེ། དེ་ལའང་བོད་འདིར་འགྱུར་སྔ་ཕྱིའི་ཁྱད་པར་གཉིས་ལས། འདི་ནི་སྔ་འགྱུར་རྙིང་མའི་ཁོངས་སུ་འདུ་ཞིང་། དེ་ལ་ཡང་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ་གཉིས་སུ་ཡོད་པ་ལས་འདི་གཏེར་མ། དེ་ལའང་རྒྱ་ཆེ་བ་ས་གཏེར། ཟབ་མོ་དགོངས་པའི་གཏེར། ཉེ་བརྒྱུད་དག་སྣང་མ་དང་གསུམ་གྱི་བཀའ་སྲོལ་མཆིས་པ་ལས། ད་ལམ་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བགྱིས་ན། ཆོས་ཀྱི་བདག་པོ། ཆོས་གཏེར་བབ་ཚུལ། བརྒྱུད་པ་འདྲེན་པ་དང་གསུམ་ལས། དང་པོ་ཆོས་ཀྱི་བདག་པོ་ནི། རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་བྱོན་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོའི་བྱིན་གྱིས་བརླབས་པའི་བུ། བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན། ཞེས་ཤིན་ཏུ་གསལ་བར་བསྟན་པ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲུབ་དབང་རྫོགས་ཆེན་བཞི་བ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་ལུང་བསྟན་ལས། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ༔ ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན༔ རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན༔ འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས༔ སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང་༔ སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་འབར༔ མ་རིག་འཁྲུལ་བའི་སྨག་རུམ་བསལ་བར་བྱས༔ བྱི་བའི་ཚང་ཁང་ཀུ་ཤ་སྔོ་ལྗང་སྟེང་༔ ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས༔ ཞེས་རྗེས་སུ་བསྔགས་པའི་ལུང་དོན་རང་ལོ་ཉེར་ལྔ་རྫོགས་མཚམས་འདག་སྦྱར་ལ་བཞུགས་ནས་བསམ་པ་ལྷུན་གྲུབ་འབུམ་དྲུག་དང་། ཚིག་བདུན་གསོལ་འདེབས་འབུམ་ཕྲག་བདུན་གྱི་གྲངས་བསགས་པའི་གླང་ཟླའི་ཚེས་བཅུའི་ཐོ་རངས་ཁར། ཨོ་རྒྱན་ཆེན་པོ་དང་མཁའ་འགྲོ་མཚོ་རྒྱལ་ཡབ་ཡུམ་ལ་གདུང་ཤུགས་མཆི་མ་འཁྲུགས་པའི་སྒོ་ནས་གསོལ་འདེབས་དྲག་པོ་བྱས་པའི་རྐྱེན་གྱིས་ཐ་མལ་གྱི་སྣང་བ་འདི་དག་རང་འགགས་སུ་སོང་ནས་ཡིད་ཤེས་ཀྱི་ངོར། ཟངས་མདོག་དཔལ་རིའི་མཁའ་འགྲོ་རིག་འཛིན་རྒྱ་མཚོའི་གཙོ་བོ་ཨོ་རྒྱན་ཆེན་པོ་དང་མཁར་ཆེན་ཡབ་ཡུམ་བཞུགས་པའི་རྒྱལ་ཐབས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་དང་། ལག་ལེན་གྱི་མཆོད་དཔོན་གཉགས་ཛྙཱ་ན་ཀུ་མ་རས་མཛད་ནས། རྡོ་རྗེ་ཕུར་པའི་སྒྲུབ་ཆེན་དང་འབྲེལ་བར་ཞག་བདུན་ཕྲག་གསུམ་དུ་བསྡད་པའི་སྣང་བ་ཤར། རྗེས་སུ་དབང་ལེན་སྐབས་སུ་གུ་རུའི་གསུང་གིས་ཁྱོད་ཟབ་ཆོས་ཀྱི་གདམས་པ་བརྒྱ་རྩ་ལ་དབང་ན་ཡང་དམ་གྲིབ་ཀྱི་དབང་གིས་ཉུང་ངུ་ཙམ་ལས་ཕབ་པར་དཀའ་ཞེས་བཀའ་གནང་ཞིང་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་ཞིག་བླུད་པའི་སྣང་བ་དང་། ཤོག་དྲིལ་སེར་པོ་དང་དམར་པོ་དཀར་པོ་གསུམ་བསྩལ་བ་ཁོང་དུ་ཟོས་པས། གླེགས་བམ་བརྒྱ་ཕྲག་ཏུ་ལོང་བ་ཙམ་ལ་ཡང་ཐོགས་པ་མེད་པའི་ཤེས་རབ་ཅན་དུ་གྱུར། དགུང་གྲངས་སོ་དགུར་སླེབས་ཚེ་ཞབས་བསྙུན་སྐབས། ནུབ་གཅིག་ཉིང་འཁྲུལ་གྱི་སྣང་བར་དར་དཀར་པོའི་གུར་དབུས་སུ་སྟག་ལྤགས་ཀྱིས་བཀབ་པའི་ཁྲི་འུར་སྐྱབས་རྗེ་གྲུབ་དབང་ཀུན་བཟང་གཞན་ཕན་ཉིད་དངོས་སུ་མཇལ་ཞིང་རིགས་བཞིའི་མཁའ་འགྲོའི་འཁོན་སྦྱངས་ཁྲུས་དང་། དར་སྣ་ལྔ་བསྩལ་ཅིང་བླ་མ་དམ་པས་ཟབ་ཆོས་ཀྱི་ཁ་བྱང་མཚོ་རྒྱལ་དགོངས་པའི་གསང་མཛོད་དང་། ལུང་བསྟན་དྭངས་ཤེལ་མེ་ལོང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་སོགས་ཤོག་དྲིལ་གྱི་ཚུལ་དུ་གནང་ནས་སླར་བླ་མ་ཉིད་ཨོ་རྒྱན་ཆེན་པོ་དང་། འཁོར་རྣམས་རྒྱ་བོད་ཀྱི་པཎ་གྲུབ་ཕལ་ཆེར་དུ་གནས་འགྱུར་ནས་རྟ་མཆོག་ཡང་གསང་ཁྲོས་པ་ལྟ་བུའི་དབང་བསྐུར་བའི་ཉམས་ཤར་བ་ལྟ་བུའི་དག་སྣང་གི་རྟོགས་པ་བརྗོད་པ་མཐའ་ཡས་པ་ཞིག་ཏུ་གྱུར། ཆོས་གཏེར་བབ་པའི་ཚུལ་ནི། དུས་ལ་བབ་པ་ན་མཉམ་བཞག་གི་བསམ་གཏན་དབྱིངས་རིག་འདུ་འབྲལ་མེད་པའི་ཀློང་ནས། ཤེས་རབ་རང་བྱུང་གི་སྒྲོམ་ས་རྡོ་ཕལ་པའི་དངོས་རྒྱ་མི་མཚོན་པ། དགོངས་བརྒྱུད་དག་སྣང་གི་བརྡ་རིས་མུ་མཐའ་མེད་པ་བབ་པ་ལགས། དེ་ལ་བརྒྱུད་པ་འདྲེན་ཚུལ་ནི། གནད་བྱང་སྙིང་པོ་དོན་གསལ་ལས། ཨ་ཙར་སྤྲུལ་པ་ཕན་པའི་མིང་༔ ཞེས་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར་འགྲོ་འདུལ་སྤྲུལ་པའི་སྐུ་བསམ་གཏན་ཡེ་ཤེས་གླིང་པ་ལ་སྨིན་གྲོལ་གདམས་ངག་དང་བཅས་པ་ཚངས་སྤྲུགས་སུ་བསྩལ་ཞིང་། གཞན་ཡང་ཁ་བྱང་གསར་རྙིང་ལྡེ་མིག་ལས། ད་ལྟའི་རྗེ་ཡི་ཆོས་སློབ་ལྔ༔ མོས་གུས་སྙིང་སྟོབས་དད་ལྡན་པ༔ མ་འོངས་དྷརྨ་དབང་དང་ཚེ༔ གསུངས་པ་བཞིིན་སྦས་པའི་རྣལ་འབྱོར་སྒྲུབ་པའི་རྒྱལ་མཚན་འཛིན་པའི་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་མཚན་ཅན་གྱིས་འཛིན་སྐྱོང་སྤེལ་བར་མཛད་དེ་ཉམས་སུ་བླངས་པ་སྟེ། འཕགས་མ་སྒྲ་དབྱངས་ལྷ་མོ་འདི་ཉིད། ཕྱི་ལྟར་ན་རིག་བྱེད་པ་རྣམས་ཀྱི་འདོད་ཚུལ་ལ། རྒྱ་གར་ལྷོ་ཕྱོགས་པདྨས་ཁེབས་པའི་མཚོ་ཆེན་པོ་ཡིད་དུ་འོང་བའི་ནང་ནས་སྒྲ་དབྱངས་རྣམ་པ་མི་འདྲ་བ་མང་པོའི་གདངས་འབྱིན་པ་ལ་ཡིད་ཆགས་ཏེ། ལྷ་ཚངས་པ་ཆེན་པོས་ཡུན་རིང་དུ་གཟིགས་པས་ཚངས་པའི་ཞལ་ནས་སྒྲ་དབྱངས་ཐམས་ཅད་འདུས་པའི་བུ་མོ་བྱུང་བར་གྲགས་པ་དང་། ནང་ལྟར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཚེམས་ལས་སྤྲུལ་པར་གྲགས་པ་སྟེ། དོན་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཁྱེན་རབ་ཡེ་ཤེས་ཐམས་ཅད་གཅིག་ཏུ་སྡུད་ཅིང་དབྱེར་མེད་པར་མངའ་བའི་ལྷ་མོ་འདི་ཉིད་ལྷག་པའི་ལྷར་བཟུང་སྟེ་གསང་སྔགས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་ཐབས་སོ། །ཕྱོགས་གང་ནས་ཀྱང་རྩོད་པ་མེད་པའི་ཆོས་སྡེ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས། རྩ་བ་རྗེ་བཙུན་སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ་སྒྲུབས་ཐབས་ཕྱི་སྐོར་ནང་སྐོར་གསང་སྐོར་སོགས་ཡོད་པ་ལས་འདིར་དབྱངས་ཅན་ལྷ་མོ་མཚོ་བྱུང་ངག་གི་དབང་མོའི་བྱིན་རླབས་རྗེས་གནང་གི་སྒོ་ནས་སློབ་མ་རྗེས་འཛིན་གྱི་རིམ་བགྱི་བ་ལ་བདག་སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་གྲུབ་ཟིན་པས་ད་སློབ་མ་ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་ཡོན་མཎྜལ་གྱི་རིམ་པ་ཞིང་ཁམས་འབུལ་བ་ཐུགས་ལ་གདགས་པར་ཞུ། སློབ་མས་མཎྜལ་ཕུལ། ༈ ཨོཾ་མ་ཧཱ་ཤུ་ནྱ་སོགས། ཞེས་བརྗོད་པས་འདི་ལྟར་སྣོད་བཅུད་དུ་སྣང་བའི་འཛིན་ཞེན་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས། སྟོང་ཉིད་འོད་གསལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་དུ་དག་པའི་ངང་ལས་སྐད་ཅིག་གིས་སློབ་མ་ཁྱོད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་རྣམ་པ་སྒྲ་དབྱངས་མཚོ་བྱུང་ལྷ་མོ་དུང་གི་མདོག་ལྟ་བུ། ལང་ཚོའི་མཚར་སྡུག་རྫོགས་པའི་སྐུ་ཅན་རྒྱན་དང་ན་བཟའི་ཆ་ལུགས་རྫོགས་པ། ཕྱག་གཉིས་ཀྱིས་ནོར་བུ་བཻཌཱུརྱའི་རྒྱུད་མངས་པང་དུ་སྒྲོགས་པ། ཞབས་གཉིས་རྟ་བབས་ཀྱི་སྐྱིལ་ཀྲུང་གིས་ཟླ་བའི་གདན་ལ་འགྱིང་ཚུལ་གྱིས་བཞུགས་པ། དེའི་ཐུགས་དབུས་དྭངས་མ་མི་ཤིགས་པའི་ཐིག་ལེ་འོད་ལྔའི་གུར་ཁང་དུ་འཁྲིགས་པའི་ཀློང་ན་ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེ་རྣོན་པོ་གཞོན་ནུའི་ཚུལ་ཅན་གུར་གུམ་གྱི་མདོག་ལྟ་བུ། མཚན་དཔེའི་ལང་ཚོ་ལ་འཁོར་ལོས་སྒྱུར་རྒྱལ་གྱི་ཆ་ལུགས་སྤྲས་པ། ཕྱག་གཡས་རལ་གྲི་དང་གཡོན་པས་ཨུཏྤ་ལའི་ཟེའུ་འབྲུའི་རྩེར་ཤེར་ཕྱིན་གྱི་གླེགས་བམ་བརྟེན་པའི་སྡོང་བུ་ཐུགས་ཀར་བཟུང་བ། ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་སྐར་ཆེན་གྱི་བཀྲག་མདངས་ལྟར་འཚེར་བ་ལས་འོད་ཟེར་སེར་པོ་སྤྲིན་གྱི་ལྕུག་མ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རབ་འབྱམས་ཕྱོགས་དུས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱོད་རང་རྣམས་ལྷར་གསལ་བ་ལ་སིབ་སིབ་ཐིམ་པར་མོས་ཤིག ཅེས་དང་རྩ་སྔགས་ཀྱི་མཐར་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧྲཱིཾཿཧྲཱིཾཿ མང་དུ་བརྗོད་རོལ་མོ་སྒྲོགས། ༈ དེ་ནས་བྱིན་རླབས་རྗེས་གནང་གི་བཀའ་དྲིན་སྩོལ་བའི་ཆེད་དུ་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་མཁྱེན་རབ་སོགས། དེ་ནས་སྐུ་ཕྱག་རྒྱའི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་དབྱངས་ཅན་མར་གསལ་བའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རིགས་རྣམ་པར་སྣང་མཛད་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་སྐུའི་བྱིན་རླབས་མཐའ་དག་བསྡུས་ཏེ་སློབ་མའི་ལུས་ལ་ཐིམ་པས་མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ་པའི་མོས་པ་མཛོད། ཨོཾ༔ ངག་གི་དབང་ཕྱུག་སོགས་དེ་ནས་གསུང་གི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་སྒྲ་དབྱངས་མར་གསལ་བའི་མགྲིན་པར་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རིགས་སྣང་བ་མཐའ་ཡས་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་གསུང་གི་བྱིན་རླབས་ཡོངས་རྫོགས་བསྡུས་ཏེ་སློབ་མའི་ངག་ལ་ཐིམ་པས་མཐར་ཐུག་ཚངས་པའི་དབྱངས་ཀྱི་གསུང་ཐོབ་པའི་མོས་པ་མཛོད། ཨཱཿ གསུང་གི་ཉི་མ་སོགས། དེ་ནས་ཐུགས་ཀྱི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་མཚོ་བྱུང་མར་གསལ་བའི་སྙིང་གར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རིགས་རྡོ་རྗེ་མི་བསྐྱོད་པ་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་བསྡུས་ཏེ་སློབ་མའི་སྙིང་གར་ཐིམ་པས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་བརྙེས་པའི་མོས་པ་མཛོད། ཧཱུྃ༔ སྨྲ་བའི་ལྷ་མོ་སོགས། དེ་ནས་འདོད་རྒུའི་ཡོན་ཏན་གྱི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་ངག་གི་ལྷ་མོར་གསལ་བའི་ལྟེ་བར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རིགས་རིན་ཆེན་འབྱུང་ལྡན་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སློབ་མའི་ལྟེ་བར་ཐིམ་པས་མཐར་ཐུག་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་དབང་འབྱོར་བའི་མོས་པ་མཛོད། སྭ༔ ངག་གི་ལྷ་མོ་མཚོ་བྱུང་སོགས། དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་ཚངས་པའི་བུ་མོར་གསལ་བའི་གསང་བར་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རིགས་དོན་ཡོད་གྲུབ་པར་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བྱིན་རླབས་ལུས་པ་མེད་པར་བསྡུས་ཏེ་སློབ་མའི་གསང་བར་ཐིམ་པས་མཐར་ཐུག་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པའི་མོས་པ་མཛོད། ཧྲཱིཿ ངག་དབང་ལྷ་མོ་སོགས། ༈ དེ་ལྟར་རྗེ་བཙུན་མ་སྒྲ་དབྱངས་མཚོ་བྱུང་ལྷ་མོའི་བྱིན་རླབས་རྗེས་གནང་གི་རིམ་པ་ལེགས་པར་ཐོབ་པའི་དམ་ཚིག་ཏུ། རང་གཞུང་ལས། དེའི་དམ་ཚིག་ཚོགས་དྲུག་གི༔ དྲན་རྟོག་ཤར་དང་བྱ་བྱེད་ལ༔ མིག་གི་འབྱེད་འཛུམ་ལག་པ་ཡི༔ བརྐྱང་བསྐུམ་ཚུན་ཆད་དུས་རྟག་ཏུ༔ གཞན་ལ་ཕན་བདེའི་འབྱུང་གནས་སུ༔ ཤེས་པས་དགེ་བཅུར་བརྩོན་འགྲུས་བརྩམ༔ ཞེས་གསུངས་པའི་དམ་ཚིག་གི་བསྲུང་བྱ་ཐམས་ཅད་འདིར་ཡོངས་སུ་བསྡུས་ཏེ་ཁས་བླངས་པའི་སྒོ་ནས་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་སུ་ཟློས་པ་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་གནང་ལེགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ༈ དེ་ལྟར་རྗེས་གནང་ཟབ་མོ་བསྐུར་བས་མཚོན་དགེ་རྩ་ཐམས་ཅད་མཐའ་ཡས་པའི་སེམས་ཅན་མ་ལུས་པ་མི་གནས་པའི་མྱང་འདས་དམ་པ་མངོན་དུ་བྱའོ་སྙམ་པས་བསྔོ་བ་སྨོན་ལམ་ལྷན་ཅིག་མཐུན་འགྱུར་གནང་བར་ཞུ། ཞེས་འཕགས་མ་དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་འདི་ནི། སྔ་སོར་འགྲོ་འདུལ་སྤྲུལ་པའི་སྐུ་གཞན་ཕན་ལགས་ནས་དགོས་ཞེས་བཀའ་ཕེབས་ཡོད་ཐོག་རྗེས་སོར་སྒྲུབ་པའི་རྒྱལ་མཚན་འཛིན་པའི་མཆོག་སྤྲུལ་ཆོས་ལོས་འབྲི་གཞི་དང་བཅས་ཏེ་འདི་ལྟ་བུ་གྱིས་ཤིག་གསུངས་པ་དང་དུ་བླངས་ཏེ། རྨོངས་རྟུལ་ཐ་ཆུང་པ་སོག་པོ་ཀུན་དགས་ངེས་ལེགས་སྒྲུབ་སྡེའི་རི་ཞོལ་ནགས་ཚལ་ཉམས་དགའ་བའི་བསྟི་གནས་སུ་བགྱིས་པས་སྐྱེས་མཆོག་དམ་པ་རྣམས་ཞབས་པད་བརྟན་ནུས་པའི་རྒྱུར་གྱུར་ཅིག་གུ། དགེའོ། དགེའོ། །དགེའོ།།

དབྱངས་ཅན་མའི་ལོ་རྒྱུས་ཉུང་ངུ་མགོ་སྤྲུལ་གྱིས་མཛད་པ།

༄༅། དབྱངས་ཅན་མའི་ལོ་རྒྱུས་ནི། དེ་ཡང་དོན་ལ་ལྷ་མོ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཉིད་ཡིན་ཞིང་། སྤྱིར་རྒྱུད་སྡེ་ཀུན་དང་། ཁྱད་པར་དུ་མདོ་སྡེ་ཟ་མ་ཏོག་དང་། འཇམ་དཔལ་རྩ་བའི་རྒྱུད་དང་། གསེར་འོད་དམ་པ་སོགས་ནས་གསལ་བར་གསུངས་ལ། འཇིག་རྟེན་སྤྲུལ་རྒྱུད་ལྟར་ན། སྔོན་འཇིག་རྟེན་འདི་ཆགས་ནས་མི་རིང་བར་རྫོགས་ལྡན་གྱི་ཐོག་མའི་སྐབས་ཤིག་ཏུ་རི་རབ་ཀྱི་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོ་བདུད་རྩིའི་རང་བཞིན་དུ་གནས་པ་ཞིག་ཡོད་པ་ཕྱོགས་ཀུན་ནས་རླུང་གིས་བསྐྱོད་པའི་རླབས་ལས། སྲིད་པ་གསུམ་གྱི་བརྟན་གཡོའི་སྒྲ་སྐད་སྙན་པ་དུ་མ་དཔག་ཚད་བྱེ་བ་ཁྱབ་པར་གནས་སོ། །དེའི་ཚེ་ཚངས་པ་ཆེན་པོ་འཆི་མེད་ཅེས་བྱ་བས་སྒྲ་དེ་ཚངས་པའི་གྲོང་ཁྱེར་དུ་ཐོས་ནས་ལོ་སྟོང་གི་བར་སྒྲ་དེའི་རོ་མྱང་ནས་བསྡད་པའི་ཚེ། སྒྲ་སྐད་དེ་རྣམས་འདུས་པ་ལས་ལྷ་མོ་འཚེར་སྒེག་དང་ལྡན་པ་ཞིག་འཁྲུངས་སོ། །དེ་ལྟར་རྒྱ་མཚོ་ཡུམ་གྱི་དོད་དང་། ཚངས་པའི་བསམ་པ་ནི་ཡབ་ཀྱི་དོད་ཡིན་པས་ཚངས་པའི་སྲས་མོ་དང་། མཚོ་ལས་བྱུང་བས་མཚོ་བྱུང་ལྷ་མོ་དང་། རྒྱ་མཚོའི་བུ་མོ། སྒྲ་ལས་བྱུང་བས་སྒྲ་དབྱངས་ལྷ་མོ་ཞེས་གྲགས་ལ། ལྷོ་ཕྱོགས་ཀྱི་རྒྱ་མཚོ་ནི་གཤིན་རྗེའི་གནས་ཡིན་པས་གཤིན་རྗེའི་སྲིང་མོ་ཞེས་ཀྱང་གྲགས་སོ། །གང་གི་ཚེ་ལྷ་མོ་དེ་ནམ་མཁའ་ལ་འདུག་ཏེ། གང་སྐྱེ་དགུ་རྣམས་བདེན་པ་དང་ཚུལ་ཁྲིམས་དང་མི་འཚེ་བ་ལ་གནས་པའི་ཚེ་ལྷ་མོ་དེ་དགའ་བས་གར་མཛད་པས་བརྟན་གཡོ་ཐམས་ཅད་ལས་ཡིད་དུ་འོང་བའི་སྒྲ་མཐའ་ཡས་པ་འབྱུང་ཞིང་། ཡིད་ཅན་རྣམས་བློ་གྲོས་རྒྱས་ཤིང་བརྗོད་པ་ལེགས་པ་ཡིན་ལ། སྐྱེ་རྒུ་རྣམས་དེ་ལྟ་བུའི་སྤྱོད་པ་ལས་ལྡོག་པའི་ཚེ་ལྷ་མོ་དེ་ཕྱིར་ཕྱོགས་དེ་འདུག་པས་སྒྲ་ཐམས་ཅད་ཉམས་ཏེ་ཡིད་ཅན་རྣམས་རྨོངས་ཤིང་བརྗོད་མི་མཁས་པར་འགྱུར་བ་ཡིན་ཞིང་དེ་ཚེ་དབྱངས་ཅན་མ་ཞེས་གྲགས་པར་བཤད། རང་ཅག་ནང་པའི་ཐེག་པ་ཐུན་མོང་པའི་ལུགས་ལྟར་ན། སྤྱན་རས་གཟིགས་ཀྱིས་འགྲོ་བ་མཐའ་དག་ཐུགས་རྗེ་ཆེན་པོས་སྐྱོབས་པར་དགོངས་ཤིང་སྤྱན་ཆབ་གཡས་གཡོན་ལས་སྒྲོལ་མ་དཀར་ལྗང་དང་། ཚེམས་ཀྱི་མཆེ་བ་ལས་དབྱངས་ཅན་ལྷ་མོ་སོགས་སྤྲུལ་པར་གྲགས་ཤིང་། རང་འདྲའི་སྒྲ་དབྱངས་ལྷ་མོ་མང་པོ་སྐུ་ལས་སྤྲུལ་ནས་སེམས་ཅན་གྱི་དོན་བྱེད་པར་བཞེད་དེ། ལྷ་མོ་བརྒྱད་ཁྲི་བཞི་སྟོང་སྐུ་ལས་སྤྲོས་པའི་མཚམས་སུ་བདུད་སྡིག་ཅན་གྱིས་རྒྱུན་བཅད་པས་འཇིག་རྟེན་ན་མཁས་པ་ཉུང་བ་ནི་རྒྱུ་དེས་ལན་ཞིང་། ལྷ་མོ་རབ་བཀྲམ་ཞིག་བྱུང་ན་སྐྱེ་འགྲོ་ཐམས་ཅད་མཁས་པ་འབའ་ཞིག་ཏུ་འགྲོ་རྒྱུ་ཡིན་པར་ཡང་བཞེད་པ་མང་ངོ་། །ཐུན་མོང་མ་ཡིན་པའི་ལུགས་ལྟར་ན་ཉག་གཅིག་ཆོས་ཀྱི་དབྱིངས་ནས་ཡེ་ཤེས་སྒྱུ་མའི་སྣང་བརྙན་ཆུ་ཟླའི་རོལ་གར་བཞིན་དུ་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་རྣམས་སུ་ཡེ་ནས་རང་བྱུང་རང་ཤར་ཆེན་པོར་གནས་པར་འདོད་དོ། །དེ་ལྟ་བུའི་འཕགས་མ་དེ་ཉིད་ལའང་སྒྲུབ་ཐབས་ཀྱི་རྣམ་གྲངས་མང་དུ་ཡོད་པ་ལས། འདིར་སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་རྗེས་སུ་གནང་བ་ཟབ་མོ་བསྐུར་བའི་སྐབས་སུ་བབས་པ་ཡིན། ཞེས་སོགས་བརྗོད། མགོ་སྤྲུལ་བས་སོ། །

རྗེས་གནང་བྱིན་རླབས་སྒོ་འབྱེད།

ཡང་ཟབ་དབྱངས་ཅན་ཐུགས་སྒྲུབ་ལས༔ རྗེས་གནང་བྱིན་རླབས་སྒོ་འབྱེད་བཞུགས༔

པྲཛྙཱ་དེ་ཝཱི་སིདྡྷི་ཧཱུྃ༔ དུས་གསུམ་རྒྱལ་བས་བསྔགས་པའི་ཡུམ༔ ཤེས་རབ་སྒྲ་དབྱངས་ལྷ་མོར་འདུད༔ དེ་ཡི་སྒྲུབ་པ་བྱེད་འདོད་ལ༔ རྗེས་གནང་བྱིན་རླབས་སྒོ་འཕར་འབྱེད༔ ས་མ་ཡཱ༔ དབེན་ཞིང་སྤྲོ་བ་འཕེལ་བའི་གནས༔ གོང་མས་བསྙེན་སྒྲུབ་བྱིན་བརླབས་ཤུལ༔ མཁས་པའི་བཞུགས་མལ་ས་ལ་ནི༔ དཀྱིལ་འཁོར་བློ་དང་འཚམས་པར་བྱ༔ ཐིག་ཚོན་འབྲིའམ་སྤྲོས་མེད་ལ༔འབྲུ་ཚོམ་ལྔ་བཀོད་དབུས་མ་ལ༔ དབྱངས་ཅན་སྐུ་དང་མདུན་དུ་ཐུགས༔ མར་མེ་གཡས་སུ་ཡོན་ཏན་བཤོས༔ རྒྱབ་ཏུ་གསུང་གཟུགས་གཡོན་ཕྲིན་ལས༔ མེ་ལོང་དྷཱི༔ཧྲཱིཿས་མཚན་པ་བཀོད༔ མཐའ་བསྐོར་ལྷོ་ནུབ་ནས་བརྩམས་ཏེ༔ བདུག་སྤོས་སྔོན་པོའི་ཉེར་སྤྱོད་བཤམས༔ སློབ་དཔོན་རང་ཉིད་མདུན་གྱི་རྫས༔ སྒྲུབ་གཞུང་ཇི་བཞིན་བསྙེན་པ་གསོ༔ སྒོམ་སྒྲུབ་དམིགས་པའི་སྲང་ལ་གཞུར༔ ལྷ་སྔགས་འོད་ཀྱིས་སྲིིད་ཞི་ཡི༔ དྭངས་བཅུད་མ་ལུས་ཐམས་ཅད་དང་༔ ཁྱད་པར་མཁས་པ་ཐམས་ཅད་དང་༔ ཤེས་བྱ་རིག་གནས་བཅུ་ཕྲག་སོགས༔ ཇི་སྙེད་བཀའ་བསྟན་འཆད་རྩོད་རྩོམ༔ ཀུན་ཀྱང་ཁབ་ལེན་ལྕགས་ཕྱེ་ལྟར༔ རང་དང་སྒྲུབ་རྫས་རྣམས་ལ་བསྟིམ༔ མཆོད་བསྟོད་ནོངས་པ་འདི་བཞིན་བཤགས༔ ཧྲཱིཿ ངག་གི་དབང་ཕྱུག་གཙོ་འཁོར་བསྟེན་པ་ལ༔ གཙང་སྦྲ་ཞན་ཅིང་བརྩོན་འགྲུས་ཆུང་བ་དང་༔ སྔགས་ཀྱི་སྐྱོན་ལ་མི་ཚིག་བར་བཅད་ནས༔ ཏིང་འཛིན་བྱིང་རྨུགས་ཉམས་ཆག་མ་ལུས་པ༔ མི་འཆབ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཉེར་གཅིག་གམ༔ ཡང་ན་བདུན་གྱིས་ལྷག་ཆད་སྐོང་༔གསོལ་བ་བཏབ་རྗེས་སྒྲུབ་རྫས་ནི༔ ལྷར་གསལ་དངོས་གྲུབ་ཚིག་འདིས་བསྐུལ༔ ཧྲཱིཿ སྨྲ་བའི་རྒྱལ་མོ་མཚོ་ལྡན་དབྱངས་ཀྱི་ལྷ༔ མཁྱེན་པའི་གཏེར་མཛོད་རྗེ་བཙུན་འཇམ་དཔལ་དབྱངས༔ མཚན་དཔེ་འགྱུར་མེད་སྐུ་ཡི་དངོས་གྲུབ་ཀྱིས༔ རྣལ་འབྱོར་ལུས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ འགགས་མེད་ཚངས་དབྱངས་གསུང་གི་དངོས་གྲུབ་ཀྱིས༔ རྣལ་འབྱོར་ངག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ འཁྲུལ་མེད་སྟོང་གསལ་ཐུགས་ཀྱི་དངོས་གྲུབ་ཀྱིས༔ རྣལ་འབྱོར་སེམས་ལ་བྱིན་གྱིས་བརླབ་ཏུ་གསོལ༔ རྡོ་རྗེ་ལྷ་མོ་བཅུ་དྲུག་ཤེས་རབ་དབྱིག༔ སྟོང་ཉིད་དགའ་བ་བཅུ་དྲུག་དངོས་གྲུབ་ཀྱིས༔ ཡོན་ཏན་འདོད་འབྱུང་བྱིན་རླབས་བདག་ལ་སྩོལ༔ གནས་མཆོག་སོ་གཉིས་ཞིང་བཞུགས་ཤེས་རབ་ལྷ༔ མཁྱེན་པའི་གཏེར་གྱི་ཚོགས་དྲུག་ཕར་ཕྱིན་བཅུའི༔ རང་རྩལ་འགགས་མེད་དཔའ་བོ་སུམ་ཅུ་གཉིས༔ ཕྲིན་ལས་ཐོགས་མེད་འགྲོ་འདུལ་དངོས་གྲུབ་ཀྱིས༔ རབ་འབྱམས་ལས་ཀུན་འགྲུབ་པར་བྱིན་གྱིས་རློབས༔ རྩ་སྔགས་ཤམ་བུར་དབྱངས་གསལ་མཐར༔ ཀཱ་ཡ་ཝཀྐ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་རྫས་གནས་ལྔར་གཏུགས་བྱས་ཏེ༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ དེ་ནས་སློབ་མར་རྗེས་གནང་བས༔ ལྷ་ལ་སྙན་གསན་འདི་བཞིན་དབབ༔ ཨེ་མ་ཧོ༔ ཡི་དམ་ལྷ་མཆོག་འཕགས་མ་གཙོ་འཁོར་དགོངས༔ དེང་འདིར་ཤེས་རབ་ལྷ་མོ་སྒྲུབ་འདོད་པའི༔ སྐལ་ལྡན་རྣམས་ལ་རྗེས་གནང་བྱིན་རླབས་སྒོ༔ བརྩེ་བའི་ཐུགས་རྗེས་ཉེ་བར་བསྩལ་དུ་གསོལ༔ ལན་གསུམ༔ བདག་ཉིད་དམ་ཚིག་བྲན་གྱི་ཚུལ༔ ལྷ་ཉིད་རྗེ་བོར་མོས་པ་ཡི༔ ཞུས་དོན་འགྲུབ་བསམ་མི་དམིགས་བཞག༔ ལས་བུམ་རྡོ་རྗེ་རྣམ་འཇོམས་ཀྱི༔ གཟུངས་རིང་ལན་གསུམ་བཟླས་ཤིང་བསྒྲུབ༔ དེ་རྗེས་སློབ་མ་མདུན་དུ་འཁོད༔ རྡོ་རྗེ་རྣམ་འཇོམས་ཁྲུས་ནས་ཕྱུང་༔ བགེགས་ལ་གླུད་གཏོར་ཆབ་ཀྱིས་བྲན༔ སྭ་བྷ་ཝ་ཡི་སྔགས་ཀྱིས་སྦྱངས༔ འདོད་ཡོན་ལྔ་ལྡན་ཕུང་པོར་བསམ༔ གནོད་མཛེས་སྔགས་ཀྱིས་ཚིམས་པར་བསྔོ༔ རང་ཉིད་འཇིག་རྟེན་གསུམ་རྒྱལ་གྱི༔ སྙེམས་པས་མཐར་བསྐྲད་སྲུང་འཁོར་བསྒོམ༔ སྡིག་སྦྱང་ཏིལ་དང་མེ་ཆུ་བཤམས༔ སློབ་མའི་སྙིང་གར་སྡིག་སྒྲིབ་ནི༔ ཡི་གེ་ཀཾ་ཡིག་འཕྲེད་ཉལ་སྒོམ༔ ལྟེ་བར་བྱང་ཆུབ་སེམས་ཀྱི་མེ༔ གཏུམ་མོ་ཚ་ཞིང་ཕྲ་ལ་མྱུར༔ འབར་བས་ཀཾ་ཡིག་མགོ་གྱེན་བསྟན༔ རླུང་གིས་དེད་ཅིང་སྣ་བུག་གཡས༔ དུག་ལྔའི་ལས་དང་ལྷན་ཅིག་བུད༔ མདུན་དུ་མེ་ཡི་ངོ་བོ་ནི༔ རྡོ་རྗེ་ཌཱཀྐི་ཞལ་གདངས་པའི༔ ནང་དུ་ཏིལ་ལ་སྡིག་གཟུགས་ཀྱིས༔ ཐིམ་པ་ལྗགས་ཀྱི་མེ་ཡིས་བསྲེགས༔ བསྐལ་པའི་ཆུ་ཡིས་བཀྲུས་ཤིང་བཤལ༔ ཨོཾ་སརྦ་པ་པཾ་ཛྭ་ལ་རཾ་ཁཾ་བི་ཤུདྡྷེ་ཤྭ་དྷ་ན་ཡེ་སྭཱ་ཧཱ༔ འདི་ནི་གཏེར་གཞུང་དུ་མི་སྣང་ཡང་རང་བཟོས་བཞག མཆན། མཐར་ནི་སྦྱང་བྱ་སྦྱོང་བྱེད་ཀུན༔ མི་དམིགས་སྟོང་པའི་ངང་དུ་བཞག༔ སློབ་མས་ཤེལ་དང་མེ་ལོང་དང་༔ སྒྲ་སྙན་ལ་སོགས་ཤེས་རབ་ཀྱི༔ རྟེན་འབྲེལ་རྫས་ཀྱི་མཎྜལ་འབུལ༔ བླ་མས་ཆོས་ཀྱི་ཆེ་བ་དང་༔ ལས་འབྲེལ་མི་རྟག་ངེས་འབྱུང་གིས༔ རྒྱུད་བསྐུལ་ཡིད་རབ་ཚིམ་པར་བཤད༔ སློབ་མས་ཕྱག་འཚལ་གསོལ་གདབ་ནི༔ ཀྱེ༔ ངག་དབང་རྡོ་རྗེ་གླུ་མ་ཡི༔ སྨྲ་བའི་སྤོབས་པ་མཆོག་ཐོབ་ཕྱིར༔ རིགས་བདག་བླ་མ་མཁྱེན་པའི་གཏེར༔ ཤེས་རབ་ལྷ་མོའི་རྗེས་གནང་སྩོལ༔ ལན་གསུམ་ཞུས་རྗེས་བླ་མ་ཡིས༔ གནང་བ་སྩོལ་བའི་ཚིག་འདི་བསྒྲགས༔ ཧོ༔ སྔོན་ནས་ལས་ཀྱི་འཕྲོ་ལྡན་ཅིང་༔ ཐོས་བསམ་སྒོམ་ལ་བརྩོན་འདོད་ཅིང་༔ ཤེས་རབ་ལྷ་ལ་མོས་པའི་བུ༔ དེང་འདིར་བྱིན་རླབས་རྗེས་གནང་བྱ༔ མདུན་མཁར་ཚོགས་ཞིང་གསལ་གདབ་པའི༔ དམིགས་པ་འབོག་ཅིང་སྐྱབས་སེམས་ཀྱི༔ ལན་གསུམ་རྗེས་ཟློས་བྱ་རུ་གཞུག༔ སློབ་མའི་ཕུང་ཁམས་ཀྱིས་མཚོན་པའི༔ སྣོད་བཅུད་མི་དམིགས་སྟོང་པར་བསམ༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སློབ་མ་སྒྲ་དབྱངས་ལྷ་མོར་བསྐྱེད༔ སྙིང་ཁར་ཡེ་ཤེས་འཇམ་པའི་དབྱངས༔ དམར་སེར་བཀྲག་མདངས་ལྡན་པར་སྒོམ༔ དེ་ཡི་ཐུགས་ཀར་དྷཱིཿཡིག་ལས༔ འོད་འཕྲོས་སངས་རྒྱས་བྱང་སེམས་ཀུན༔ འཇམ་དབྱངས་ཡབ་ཡུམ་སྐུ་དང་སྔགས༔ ཕྱག་མཚན་བུ་ཡུག་འཚུབ་བཞིན་བྱོན༔ བསྐྱེད་པའི་སྐུ་དང་དབྱེར་མེད་བསམ༔ རོལ་མོ་འཁྲོལ་ཞིང་རྩ་སྔགས་བརྗོད༔ དམིགས་པ་ཡང་གསལ་ཕེབས་པའི་རྟགས༔ ལུས་འདར་དབུགས་འཚངས་སྣང་བ་བུན༔ ལེགས་སྦྱར་སྐད་སྨྲ་བདེ་སྟོང་འབར༔ ཏིཥྛའི་སྔགས་ཀྱིས་བརྟན་པར་བྱ༔ དེ་ནས་དངོས་གཞིར་རྣམ་གྲངས་ལྔའི༔ རྗེས་གནང་ཞུ་ཕྱིར་གསོལ་འདེབས་ནི༔ ཀྱེ་ཧོ་མཁྱེན་རབ་བདག་ཉིད་བླ་མ་རྗེ༔ མཁྱེན་པའི་གཏེར་ཆེན་སྨྲ་བའི་དབང་ཕྱུག་མའི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྗེས་གནང་ཟབ་མོས་བདག་རྒྱུད་བྱིན་གྱིས་རློབས༔ དེ་ནས་རིགས་བདག་བླ་མ་ཡི༔ སྐུ་རྟེན་སྤྱི་བོར་བཞག་བྱས་ཏེ༔ ཨོཾ༔ ངག་གི་དབང་ཕྱུག་དབྱངས་ཅན་མའི༔ འགྱུར་མེད་སྐུ་ཡི་བྱིན་རླབས་མཐུས༔ སྐལ་ལྡན་ལུས་ལ་བྱིན་གྱིས་རློབས༔ མཚན་དཔེས་བརྒྱན་པའི་སྐུ་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ཚེ་དཔོན་སློབ་གཉིས་ཀ་ཡིས༔ དམིགས་པ་སྐུ་རྟེན་དབྱངས་ཅན་མའི༔ སྤྱི་བོར་རྣམ་སྣང་སྐུ་མདོག་དཀར༔ འཁོར་ལོ་དྲིལ་འཛིན་སྤྱི་བོར་ཨོཾ༔ འོད་ཟེར་བུང་བའི་ཚོགས་འཕྲོས་པས༔ རྒྱལ་ཀུན་སྐུ་ཡི་རྩི་བཅུད་བསྡུས༔ སློབ་མའི་ལུས་ལ་ཐིམ་པ་ཡིས༔ མཚན་དཔེའི་སྐུ་ཡི་རྗེས་གནང་ཐོབ༔ དེ་མཐར་དེ་ཡི་དམ་ཚིག་ཏུ༔ གཟུགས་སྣང་ལྷ་སྐུའི་རོལ་པར་བསམ༔ གསུང་རྟེན་དབྱངས་གསལ་མགྲིན་པར་བཞག༔ ཨཱཿ གསུང་གི་ཉི་མ་དབྱངས་ཅན་མའི༔ འགགས་མེད་གསུང་གི་བྱིན་རླབས་མཐུས༔ སྐལ་ལྡན་ངག་ལ་བྱིན་གྱིས་རློབས༔ ཚངས་དབྱངས་དྲུག་ཅུའི་གསུང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཝཀྐཱ་ཨ་བྷི་ཥིཉྩ་ཨཱཿ དེ་ཚེ་གཉིས་ཀས་དམིགས་པ་ནི༔ ལྷར་གསལ་མགྲིན་པར་སྣང་མཐའ་དམར༔ པདྨ་དྲིལ་འཛིན་མགྲིན་པར་ཨཱཿ འོད་ཟེར་གློག་ཞགས་མྱུར་འཕྲོས་པས༔ རྒྱལ་ཀུན་གསུང་གི་དངོས་གྲུབ་བསྡུས༔ སློབ་མའི་ངག་ལ་ཐིམ་པ་ཡིས༔ ཚངས་དབྱངས་གསུང་གི་རྗེས་གནང་ཐོབ༔ དེ་མཐར་དེ་ཡི་དམ་ཚིག་ཏུ༔ སྒྲ་གྲགས་སྔགས་ཀྱི་རོལ་པར་བསམ༔ ཐུགས་རྟེན་མར་མེ་སྙིང་ཁར་གཏུགས༔ ཧཱུྃ༔ སྨྲ་བའི་རྒྱལ་མོ་སྒྲ་ལྡན་མའི༔ འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་མཐུས༔ སྐལ་ལྡན་སེམས་ལ་བྱིན་གྱིས་རློབས༔ མཁྱེན་གཉིས་བརྩེ་བའི་ཐུགས་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་སློབ་དཔོན་དམིགས་པ་ནི༔ སྒྲུབ་རྫས་ལྷར་བསྐྱེད་སྙིང་ག་རུ༔ མི་བསྐྱོད་རྡོ་རྗེ་དྲིལ་འཛིན་མཐིང་༔ ཐུགས་ཀར་ཧཱུྃ་སྔོན་འོད་ཟེར་མཛེས༔ རྒྱལ་ཀུན་ཐུགས་ཀྱི་བཅུད་བསྡུས་ཤིང་༔ སློབ་བུའི་སྙིང་ཁར་ཐིམ་པ་ཡིས༔ མཁྱེན་གཉིས་ཐུགས་ཀྱི་རྗེས་གནང་ཐོབ༔ དེ་མཐར་དེ་ཡི་དམ་ཚིག་ཏུ༔ དྲན་རྟོག་མི་དམིགས་སྟོང་པའི་རྩལ༔ ཤར་ཚད་ཆོས་ཀྱི་ཚིག་དོན་གཞལ༔ ཡོན་ཏན་གཏོར་མ་ལྟེ་བར་བཞག༔ སྭ༔ ངག་གི་ལྷ་མོ་མཚོ་བྱུང་མའི༔ འདོད་འབྱུང་ཡོན་ཏན་བྱིན་རླབས་མཐུས༔ སྐལ་ལྡན་ཀུན་གཞིར་བྱིན་གྱིས་རློབས༔ མི་ཟད་ཡོན་ཏན་མཆོག་ཐོབ་ཤོག༔ རྩ་སྔགས་ཤམ་བུར། གུ་ཎ་ཨ་བྷི་ཥིཉྩ་སྭ༔ དེ་ཚེ་དེ་ཡི་དམིགས་པ་ནི༔ སྔར་བཞིན་ལྷ་བསྐྱེད་ལྟེ་བ་རུ༔ རིན་འབྱུང་སེར་པོ་རིན་ཆེན་དྲིལ༔ ལྟེ་བ་སྭ་སེར་གསེར་ཞུན་མདངས༔ འོད་འཕྲོས་རྒྱལ་ཀུན་ཡོན་ཏན་བཅུད༔ རབ་བསྡུས་སློབ་བུའི་ལྟེ་བར་བསྟིམ༔ མི་ཟད་ཡོན་ཏན་རྗེས་གནང་ཐོབ༔ དེ་ཡི་དམ་ཚིག་དུས་ཀུན་ཏུ༔ གཞན་ཕན་བློ་དང་མི་འབྲལ་བ༔ ཡོན་ཏན་འབྱུང་བའི་སྒོ་འཕར་ཕྱེ༔ ཕྲིན་ལས་མེ་ལོང་གསང་བར་བཞག༔ ཧཱ༔ ངག་དབང་ལྷ་མོ་རྒྱལ་ཡུམ་གྱི༔ རབ་འབྱམས་ཕྲིན་ལས་བྱིན་རླབས་མཐུས༔ སྐལ་ལྡན་ཚོགས་དྲུག་བྱིན་གྱིས་རློབས༔ འགྲོ་དོན་ཕྲིན་ལས་ཀུན་འགྲུབ་ཤོག༔ རྩ་སྔགས་ཤམ་བུར། ཀརྨ་ཨ་བྷི་ཥིཉྩ་ཧཱ༔ དེ་ཚེ་དཔོན་སློབ་དམིགས་པ་ནི༔ སྒྲུབ་པོ་ལྷར་གསལ་གསང་བ་རུ༔ དོན་གྲུབ་ལྗང་ཁུ་རྒྱ་གྲམ་དྲིལ༔ གསང་བར་ཧཿལྗང་རྗེས་ཆགས་འོད༔ རབ་འཕྲོས་རྒྱལ་ཀུན་ཕྲིན་ལས་བཞིའི༔ བཅུད་བསྡུས་སློབ་བུའི་གསང་བར་བསྟིམ༔ དེ་ཡི་དམ་ཚིག་ཚོགས་དྲུག་གི༔ དྲན་རྟོག་ཤར་དང་བྱ་བྱེད་ལ༔ མིག་གི་འབྱེད་འཛུམ་ལག་པ་ཡི༔ བརྐྱང་བསྐུམ་ཚུན་ཆད་དུས་རྟག་ཏུ༔ གཞན་ལ་ཕན་བདེ་འབྱུང་གནས་སུ༔ ཤེས་པས་དགེ་བཅུར་བརྩོན་འགྲུས་བརྩམ༔ ས་མ་ཡཱ༔ དེ་ལྟར་རྗེས་གནང་རྣམ་ལྔ་ལ༔ རྫས་དང་བསྐུལ་ཚིག་སྔགས་བྱང་དང་༔ ཕན་ཡོན་དམིགས་པ་དམ་ཚིག་དྲུག༔ མཚམས་སྦྱོར་སྤྱི་ཆིངས་ཤེས་པར་བྱ༔ དབྱངས་ཅན་རྗེས་གནང་ཟབ་མོ་འདི༔ ལྟ་སྤྱོད་ཟུང་འབྲེལ་སློབ་དཔོན་གྱིས༔ མོས་གུས་ཡིད་ཆེས་སློབ་མ་ལ༔ ཕན་ཚུན་རྟེན་འབྲེལ་མ་འཆུགས་པར༔ སྨོན་ལམ་གཏད་རྒྱ་སུས་ཐོབ་པ༔ སྔོན་ལས་ངན་པའི་སྒྲིབ་པ་ཡང་༔ རེ་ཞིག་སྲབ་པ་ལྟར་གྱུར་ན༔ འཕྲལ་རྐྱེན་བྱིང་རྨུགས་བརྗེད་ངེས་ཀྱིས༔ ཉེས་སྒྲིབ་འདགས་པར་སྨོས་ཅི་འཚལ༔ ཤེས་བྱ་ཆུང་བའི་གང་ཟག་ཀྱང་༔ ཤེས་རབ་དབྱར་མཚོ་ལྟར་འཕེལ་ནས༔ བསྟན་ལ་ཕན་པའི་འཆད་རྩོད་རྩོམ༔ ཐོགས་མེད་འབྱུང་བར་སོམ་ཉི་བྲལ༔ ཆོས་འདིར་དབང་བའི་གང་ཟག་བདུན༔ ཁྱད་པར་ལུང་ཟིན་སྐལ་ལྡན་གཉིས༔ མགྲིན་པར་སྨེ་བ་འདབ་བརྒྱད་དབྱིབས༔ གཞན་ལས་ཁྱད་འཕགས་གཟུངས་སྤོབས་ལྡན༔ དེ་ལྟ་བུ་ལ་འཕྲོད་པར་གྱིས༔ བཀའ་ཡི་སྲུང་མས་མེལ་ཚེ་མཛོད༔ ས་མ་ཡཱ༔ གུ་ཧྱ༔ ཞེས་པའང་དགོངས་གཏེར་དག་སྣང་ཟབ་མོའི་ཆོས་སྡེ་ལས་བྱུང་བ་བཞིན་ལུང་ཟིན་སྤྲུལ་པའི་གང་ཟག་གཞན་ལ་ཕན་དེས་བསྐུལ་ངོར་རྒྱལ་དབང་མཚོ་སྐྱེས་བླ་མའི་དབུགས་དབྱུང་ཐོབ་པའི་རིག་འཛིན་ལུང་རིག་གླིང་པས་ཕབ་པ་དགེའོ༔

འོད་ཟེར་ཅན་མའི་བརྒྱུད་འདེབས་ལས་ཅན་སྙིང་གི་དགའ་སྟོན།

༄༅།། འཕགས་མ་འོད་ཟེར་ཅན་མའི་བརྒྱུད་པའི་གསོལ་འདེབས་ལས་ཅན་སྙིང་གི་དགའ་སྟོན་ཞེས་བྱ་བ་བཞུགས། ཨོཾ་ཨཱ༔ཧཱུྃ༔ ཨཱརྱ་མ་རི་ཙཻ་སརྦ་སིདྡྷི་ཧཱུྃ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རིགས་བརྒྱའི་མཛོད་འཆང་ལྔ་ལྡན་རྡོ་རྗེ་སེམས། །ཟབ་གསང་རྒྱུད་སྡེའི་སྡུད་པོ་གསང་བའི་བདག །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ལོག་འདྲེན་བདག་ལྟ་ཟིལ་གནོན་དུས་ཀྱི་དགྲ། །རྡུལ་བྲལ་འདྲེན་མཆོག་མཚོན་ཆའི་རྒྱལ་པོ་སྟེ། །སྐལ་བཟང་གདུལ་བྱའི་སྒྲོན་མེ་ཟས་གཙང་སྲས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་ཀུན་བྱིན་ནུས་གཅིག་བསྡུས་ཐོད་ཕྲེང་རྩལ། །གངས་ཅན་བསྟན་པའི་གཞི་འཛིན་ལྷའི་མེ་ཏོག །བདེ་སྟོང་དགའ་བཞིའི་གར་མཁན་མཁར་ཆེན་བཟའ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ལྔ་རིག་སྨྲ་བའི་ཁྱུ་མཆོག་རྣམ་སྣང་མཛད། །ཟབ་གཏེར་ལུང་སྟོན་གྲུབ་དབང་ཆོས་ཀྱི་རྗེ། །སྨོན་ལམ་འཕྲོ་སད་སྐལ་ལྡན་ལུང་རིག་གླིང་། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །དྲན་པས་འཇིགས་པ་ཀུན་སྐྱོབ་རྒྱལ་བའི་ཡུམ། །བདུད་ལས་རྣམ་རྒྱལ་ལྷ་མོ་འོད་ཟེར་ཅན། །རིགས་བཞིའི་སེམས་མ་སྒོ་སྲུང་སྤྲུལ་པར་བཅས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ངེས་འབྱུང་བློ་ཡིས་འཁོར་བར་ཡིད་དབྱུང་ནས། །རང་གཞན་དོན་ཀུན་ཐབས་དང་རྟེན་འབྲེལ་མཐུས། །སྒྲུབ་པའི་བརྩོན་པ་ནམ་ཡང་མི་འདོར་བས། །བྱང་ཆུབ་ལམ་ལ་ཚུལ་བཞིན་སློབ་པར་ཤོག །གཉིས་འཛིན་དབང་གིས་ཐག་ཁྲར་སྦྲུལ་མཐོང་བཞིན། །གདོད་ནས་གྲུབ་པ་མེད་པའི་ཆོས་ཉིད་ལ། །སྣ་ཚོགས་སྣང་བ་ཀུན་བརྟགས་གློ་བུར་དགྲ། །རང་བཞིན་མཉམ་པའི་དབྱིངས་སུ་སྒྲོལ་ནུས་ཤོག །མ་དག་ཕུང་པོ་ལྔ་ཡིས་བསྡུས་པ་ཡིས། །རང་བྱུང་དབྱིངས་ལ་སྒྲིབ་པའི་ལྕགས་ཀྱི་ཁམས། །སྨིན་བྱེད་དབང་བཞིའི་གདམས་པའི་གསེར་འགྱུར་རྩིས། །སྐུ་བཞིའི་ཡོན་ཏན་གཞལ་མེད་མྱུར་ཐོབ་ཤོག །མངོན་བྱང་ལྔ་ཡིས་བསྐྱེད་པ་ལྷའི་ཕྱག་རྒྱ། །གཡོ་ཐོབ་གོམས་བརྟན་བསྐྱེད་རིམ་མཐར་སོན་ནས། །ཐ་མལ་ལས་རླུང་འགྱུ་བ་དབྱིངས་སུ་དག །གཞོམ་མེད་རྡོ་རྗེའི་གསུང་ལ་དབང་འབྱོར་ཤོག །སྲུང་བའི་གོ་ཆ་རྡོ་རྗེའི་ཆོས་བདུན་ལྡན། །རྒོལ་ངན་མཚོན་ཆས་ནམ་ཡང་མི་ཚུགས་ཤིང་། །བཟློག་པའི་འཁྲུལ་འཁོར་གནམ་ལྕགས་འབར་བའི་མེས། །ལོག་འདྲེན་བྱད་མའི་ཀླད་པ་འགེམ་པར་ཤོག །རྨི་ལམ་ལས་བྱུང་དགྲ་གདོན་གཡུལ་ངོ་ལས། །རང་བཞིན་རྟོགས་པའི་དཔའ་བོ་རྣམ་པར་རྒྱལ། །རང་བབས་གཉུག་མ་ཤེས་རབ་དབྱིངས་ཀྱི་ཡུམ། །ཚེ་འདིར་མྱུར་འགྲུབ་དོན་གཉིས་མཐར་ཕྱིན་ཤོག །ཅེས་པ་འདི་ཡང་ཟབ་ཆོས་འདི་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པ་སྔོན་ལས་ཀྱིས་ཉེ་བར་འབྲེལ་བའི་བཙུན་པ་ཀརྨ་སིདྡྷིས་བསྐུལ་ངོར་གྲུབ་དབང་རྫོགས་ཆེན་པ་ཡབ་སྲས་ཀྱི་བཀའ་དྲིན་ཁོ་ནའི་འཚོ་བ་རྒྱ་སྤྲུལ་མིང་གྱི་ན་བས་བྲིས་པ་དགེ་ལེགས་འཕེལ།དགེའོ།།

སྐྱབས་ཡུལ་གསལ་གདབ།

༄༅། །སྐྱབས་ཡུལ་ལྷ་ཚོགས་མདུན་གྱི་ནམ་མཁའ་ལ། །པདྨ་འདབ་བཞི་མུ་ཁྱུད་འདབ་བརྒྱད་མཛེས། །དེ་དབུས་ཉི་མ་ཟླ་བའི་གདན་གྱི་ཁར། །དཀྱིལ་འཁོར་གཙོ་མཆོག་ལྷ་མོ་འོད་ཟེར་ཅན། །འདབ་བཞིར་ལས་བཞིའི་དཀྱིལ་འཁོར་གདན་སྟེང་དུ། །རིགས་བཞིའི་མཁའ་འགྲོ་རང་མདོག་ཕྱག་མཚན་རྫོགས། །དེ་རྒྱབ་འདབ་བརྒྱད་མུ་ཁྱུད་མཛེས་པའི་སྟེང་། །མཁའ་འགྲོ་མ་བརྒྱད་ཞི་དྲག་གར་དགུའི་ཉམས། །ཕྱོགས་མདོག་རང་རྟགས་སྒེག་དཔའ་ཁྲོས་པའི་སྐུ། །སྒོ་བཞིར་ལས་བྱེད་མཁའ་འགྲོ་རིགས་བཞི་གསལ། །བར་མཚམས་དགུག་འཆིང་སྡོམ་དགྱེས་ལས་བྱེད་ཚོགས། །ཕྱོགས་བཅུར་ཆོས་སྐྱོང་མཁའ་འགྲོ་སྤྲིན་ལྟར་གཏིབས། །བརྩེ་བའི་ཐུགས་རྗེས་ཞལ་ཕྱོགས་མཁྱེན་པས་གཟིགས། །བདག་དང་བྱམས་པའི་ཕ་མ་སེམས་ཅན་རྣམས། །སྡང་བའི་དགྲ་བགེགས་གནོད་བྱེད་མ་ལུས་པ། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །མི་འབྲལ་ཐུགས་ཀྱིས་སྐྱབས་གནས་མཛད་དུ་གསོལ། །

འོད་ཟེར་ཅན་མའི་སྒྲུབ་ཐབས་ལོག་འདྲེན་མཐར་བྱེད།

ཡང་ཟབ་འཕགས་མའི་ཐུགས་ཐིག་ལས༔ འོད་ཟེར་ཅན་མའི་སྒྲུབ་ཐབས་ལོག་འདྲེན་མཐར་བྱེད་བཞུགས་སོ༔

རིགས་ཀུན་དཀྱིལ་འཁོར་གཙོ་བོ་མཆོག༔ པདྨ་ཐོད་ཕྲེང་རྩལ་ལ་འདུད༔ ཤེས་རབ་དབྱིངས་ཀྱི་ཌཱཀྐི་མ༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ མ་འོངས་འགྲོ་བའི་དོན་ཕྱིར་དུ༔ ཕྱི་རབས་སྐལ་ལྡན་སྐྱེས་བུ་ལ༔ སྨོན་ལམ་ཟབ་མོས་མཚམས་སྦྱར་ནས༔ དབྱིངས་རིག་དགོངས་པའི་གཏེར་དུ་གཏམས༔ དུས་བབ་པདྨ་བདུད་འདུལ་གྱིས༔ རྣམ་རོལ་དམ་པའི་བཀས་བསྐུལ་ཚེ༔ ཚོམ་མེད་རིག་རྩལ་ཀློང་རྡོལ་ནས༔ སྐལ་བཟང་འགྲོ་ཀུན་སྨིན་གྲོལ་ཤོག༔ ས་མ་ཡཱ༔ དེ་ཡང་འཕགས་མའི་ཆོས་སྐོར་ལས༔ འོད་ཟེར་ཅན་གྱི་སྒྲུབ་ཐབས་བསྟན༔ སྙིགས་དུས་སྡིག་སྤྱོད་སྐྱེ་བོ་ཡི༔ ཆོས་སྤྱོད་རྣལ་འབྱོར་ལོངས་སྤྱོད་ལ༔ རྐུ་འཕྲོག་བཅོམ་བརླག་ངན་ཤོམ་ཚེ༔ ཟབ་གནད་འདི་ལས་ལྷག་པ་མེད༔ དེ་ཕྱིར་འདི་ལས་ལྷག་པ་མེད༔ དེ་ཕྱིར་རྒྱུན་དུ་ཉམས་ལེན་གཅེས༔ དབེན་པར་དཀྱིལ་འཁོར་མདའ་གང་སྟེང་༔ དཀྱིལ་འཁོར་སྒོ་གྲུ་རྫོགས་པ་འམ༔ ཡང་ན་སྤྲོས་མེད་འབྲུ་ཚོམ་དགོད༔ གསེར་རམ་སེར་པོའི་སྣོད་གཙང་མར༔ གྲུ་བཞི་སུམ་བརྩེགས་གདན་གྱི་ཁར༔ འབྲས་བུ་གསུམ་དང་བཤོས་གཙང་གིས༔ གྲུ་བཞི་རྒྱས་པའི་གཏོར་མ་ནི༔ ཉི་ཟླས་མཚན་པའི་མཐའ་བསྐོར་དུ༔ རང་འདྲའི་བཤོས་བུ་བཞི་བརྒྱད་བཞི༔ མེ་རི་དར་ཚོན་མཛེས་པར་བྱ༔ གཡས་གཡོན་སྨན་རཀ་མདུན་ངོས་སུ༔ རིན་ཆེན་བུམ་པ་གཙང་ཆུས་བཀང་༔ སེལ་མེད་དམ་རྫས་རིལ་བུ་བླུགས༔ གོས་རྒྱན་བདུད་རྩིའི་ཤིང་འབྲས་ཀྱི༔ ཁ་རྒྱན་སྐུ་གཟུགས་གསེར་བྲིས་གཟུགས༔ དབང་དང་འབྲེལ་ན་རྒྱ་མཚལ་གྱི༔ གཟུངས་སྔགས་ཤམ་བཅས་བྲིས་པ་ཤར༔ དར་སེར་ཅོད་པན་དབུ་རྒྱན་ལྷོ༔ ཕྱག་མཚན་ཉི་ཟླའི་ཞགས་པ་ནུབ༔ མདའ་དར་སེར་པོ་རལ་གྲི་བྱང་༔ མཚམས་བཞིར་བྷནྡྷ་ཆང་བཀང་དང་༔ རིག་མའི་གཟུགས་ལ་དར་དམར་གཡོགས༔ དྭངས་ཤེལ་རྨ་བྱའི་སྒྲོ་ཕོད་དང་༔ མཐའ་རྟེན་རྫས་རྟགས་རི་མོའི་མཐར༔ ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་བསྐོར༔ དངོས་གཞི་ཉམས་སུ་ལེན་པ་ལ༔ སྔོན་འགྲོ་དངོས་རྗེས་ས་བཅད་གསུམ༔ ཐོག་མར་མདུན་མཁར་མཆོག་གསུམ་ལྷ༔ སྤྲིན་ཕུང་འཐིབས་བཞིན་བྱོན་པ་ལ༔ དང་པོ་སྐྱབས་སུ་འགྲོ་བ་འདི་སྐད་དོ༔ ན་མོ༔ བསླུ་མེད་སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ༔ ཀུན་འདུས་འཕགས་མ་འོད་ཟེར་ཅན་གྱི་ལྷར༔ འགྲོ་ཀུན་འཁོར་བའི་འཇིགས་ལས་སྒྲོལ་བའི་ཕྱིར༔ བདག་ཅག་སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོ༔ ཕ་མ་འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས༔ བསྒྲལ་ནས་རྣམ་མཁྱེན་སངས་རྒྱས་ས་ཐོབ་ཕྱིར༔ སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བར་བྱ༔ ཚོགས་བསག་པ་ནི༔ སྐྱབས་གནས་ཀུན་འདུས་འཕགས་མའི་ལྷ་ཚོགས་ལ༔ བདག་ལུས་རྡུལ་གྱི་གྲངས་མཉམ་རབ་སྤྲུལ་ནས༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཞིང་༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཐོག་མ་མེད་ནས་བཅས་དང་རང་བཞིན་གྱི༔ ཉེས་པའི་ཚོགས་ཀུན་སྟོབས་བཞིའི་གཉེན་པོས་བཤགས༔ མཐའ་ཡས་འཕགས་མ་རྣམས་དང་སོ་སྐྱེ་ཡི༔ དགེ་ཚོགས་མ་ལུས་ཀུན་ལ་རྗེས་ཡི་རང་༔ དབང་པོའི་ཁམས་དང་བསམ་པའི་ཁྱད་པར་བཞིན༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མཐའ་ཡས་འགྲོ་རྣམས་མྱང་འདས་མ་ཐོབ་བར༔ རྟག་པར་འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ བདག་གཞན་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཀུན་ཀྱང་འཕགས་མའི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་པས་ཚོགས་བསགས་ཤིང་རྒྱུད་དག་པར་བྱས་ནས༔ བཞི་པ་སྡོམ་པ་བཟུང་བ་ནི༔ ཧོ༔ སྐྱབས་ཀུན་བདག་ཉིད་འོད་ཟེར་ཅན་གྱི་ལྷར༔ ཇི་སྲིད་བྱང་ཆུབ་མ་ཐོབ་དེ་བར་དུ༔ བླ་མ་ཡི་དམ་མཁའ་འགྲོའི་ལྷ་ཚོགས་ལ༔ བསྙེན་སྒྲུབ་ལས་སྦྱོར་སྒྲུབ་པར་དམ་བཅའ་ཞིང་༔ གསང་སྔགས་སྡོམ་པ་དཀྱིལ་འཁོར་གསུམ་ལྡན་དུ༔ བདག་གི་སྒོ་གསུམ་འབད་པས་བསྒྲུབ་པར་བྱ༔ དེ་ཡིས་སྔོན་འགྲོའི་ཆོས་གསུམ་རྫོགས༔ དངོས་གཞི་བགེགས་ལ་བཀའ་བསྒོ་ཞིང་༔ གཏོར་མ་འབྲུ་གསུམ་སྔགས་ཀྱིས་བརླབས༔ ཧཱུྃ༔ ང་ནི་རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན༔ མཐུ་སྟོབས་ནུས་པ་བསྐལ་པའི་མེ་ལྟར་འབར༔ དམ་མེད་བདུད་རིགས་བར་ཆད་འབྱུང་པོའི་རིགས༔ གསང་ཆེན་སྒྲུབ་ལ་འདུ་བར་མི་དབང་ཞིང་༔ གནས་འདིར་སྡོད་པའི་སྐལ་བ་མ་མཆིས་པས༔ གཏོར་མ་ལོངས་ལ་རྒྱ་མཚོའི་ཕ་མཐར་དེངས༔ བཀའ་ལས་འདའ་ན་རྡུལ་དུ་བརླག་པར་གྱུར༔ དེ་བས་མ་འདུག་བདེ་བར་ཕྱིར་སོང་ཞིག༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་བརྡེག༔ གཉིས་པ་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ཕྱི་མཚམས་མི་ཤིགས་རྡོ་རྗེ་སྲུང་བའི་གུར༔ ནང་མཚམས་ལྷ་སྔགས་ཏིང་འཛིན་དམིགས་པའི་འཕྲུལ༔ གསང་མཚམས་ཆོས་དབྱིངས་འགྱུར་མེད་བརྗོད་བྲལ་ཀློང་༔ བློ་འདས་ལྟ་བའི་ངང་ནས་མཚམས་བཅད་དོ༔ བཛྲ་རཀྵ་རཀྵ་བྷྲུཾ༔ གསུམ་པ་ཡེ་ཤེས་བྱིན་འབེབས་ནི༔ ཧཱུྃ་ཧྲཱིཿ སྐྱེ་མེད་ཆོས་སྐུ་རྒྱལ་ཡུམ་ཀུན་ཏུ་བཟང་༔ ཟབ་གསལ་སྤྲོས་པ་བྲལ་བའི་བྱིན་ཕོབ་ཅིག༔ མ་འགགས་རང་གསལ་ཡེ་ཤེས་ལྔ་ཡི་འཕྲུལ༔ རིགས་ལྔ་ཡབ་ཡུམ་སྲས་བཅས་བྱིན་ཕོབ་ཅིག༔ ཐུགས་རྗེ་འགགས་མེད་བདུད་འདུལ་མཁའ་འགྲོའི་གཙོ༔ འོད་ཟེར་ཅན་མ་འཁོར་བཅས་བྱིན་ཕོབ་ཅིག༔ དྲི་མེད་བརྫུས་སྐྱེས་རིག་འཛིན་ཐོད་ཕྲེང་རྩལ༔ དགོངས་བརྡ་སྙན་བརྒྱུད་བླ་མས་བྱིན་ཕོབ་ཅིག༔ དངོས་གྲུབ་ཆར་འབེབས་ཡི་དམ་ཞི་དང་ཁྲོའི༔ མ་སྲིང་དམ་ཅན་སྲུང་མས་བྱིན་ཕོབ་ཅིག༔ བདག་ཅག་རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ མཆོད་རྫས་ཡོ་བྱད་ཟག་མེད་བདུད་རྩིར་བསྒྱུར༔ ཁ་སྦྱོར་བདུན་དང་གྲུབ་པ་ཡ་བརྒྱད་སོགས༔ མཆོག་ཐུན་ཚེ་འདིར་ཐོབ་པའི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནི་མ་རི་ཙྱཻ་ཛྙཱ་ན་ཨ་ཝེ་ཤ་ཡ་ཕེཾ་ཕེཾ་ཧཱུྃ་ཧཱུྃ་ཧཱུྃ༔ བཞི་པ་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དངོས་བཤམས་མཆོད་པའི་ཡོ་བྱད་མ་ལུས་པ༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བྱིན་བརླབས་ནས༔ འཛད་མེད་ནམ་མཁའ་མཛོད་ཀྱི་རང་བཞིན་དུ༔ ཐོགས་མེད་ཅིར་ཡང་འཆར་བའི་རྫས་སུ་གྱུར༔ ཨོཾ་ཨཱཿསརྦ་པཱུ་ཛ་ས་མ་ཡཱ་ཧོ༔ ལྔ་པ་བསྐྱེད་རིམ་ལྷ་བསྐྱེད་ནི༔ དྲན་རྫོགས་བརྫུས་སྐྱེས་བག་ཆགས་སྦྱོང༔ ཧཱུྃ༔ འཁོར་འདས་མི་དམིགས་ཆོས་དབྱིངས་བརྗོད་བྲལ་ཀློང་༔ མ་རྟོགས་འགྲོ་ལ་ཤུགས་བྱུང་སྙིང་པོའི་རྩལ༔ ཟུང་འཇུག་དྷི་ཡིག་མཁའ་ལ་འཇའ་ལྟར་ཤར༔ དེ་ལས་རིམ་བརྩེགས་འབྱུང་ལྔའི་དཀྱིལ་འཁོར་སྟེང་༔ རྒྱུ་རྐྱེན་ལས་འདས་རང་བྱུང་གཞལ་ཡས་ཁང་༔ སྒོ་གྲུ་རྟ་བབས་མཚན་ཉིད་བརྡ་རྟགས་རྫོགས༔ པདྨ་འདབ་བཞི་མུ་ཁྱུད་འདབ་བརྒྱད་མཛེས༔ སྣ་ཚོགས་པདྨ་ཉི་མའི་གདན་གྱི་ཁར༔ དེ་དབུས་རང་སེམས་སྐད་ཅིག་དྲན་རྫོགས་སུ༔ མཱུཾཿལས་ལྷ་མོ་འོད་ཟེར་ཅན་མ་ནི༔ གསེར་མདོག་ཁྲོ་འཛུམ་བཞད་པའི་ཞལ་མངའ་བ༔ ཕྱག་གཉིས་གཡས་པས་ཉི་ཟླའི་ཞགས་པ་དང་༔ གཡོན་པས་འབྱུང་བཞིའི་བཅུད་བསྡུས་བུམ་པ་བསྣམས༔ དོར་སྟབས་བདུད་བཞིའི་གདན་ལ་རབ་ཏུ་འགྱིང༔ ཐོད་ཕྲེང་སྦྲུལ་ཆུན་དུར་ཁྲོད་དཔའ་བོའི་ཆས༔ ནོར་བུའི་དོ་ཤལ་དར་དཔྱངས་ཅོད་པཎ་འཕུར༔ རིགས་བདག་བཅོམ་ལྡན་རིན་ཆེན་འབྱུང་གནས་བཞུགས༔ ཐུགས་ལས་སྤྲུལ་པ་ཕྱོགས་བཞིར་པད་ཉིའི་སྟེང་༔ ཤར་དུ་དགྲ་བགེགས་ས་འོག་གནོན་མཛད་མ༔ ཞི་བའི་ལྷ་མོ་འོད་ཟེར་ཅན་མ་དཀར༔ ཁྲོ་འཛུམ་ཕྱག་གཡས་རི་རབ་གྲུ་བཞི་བསྣམས༔ ལྷོ་རུ་དགྲ་བགེགས་མེ་ཡིས་སྲེག་མཛད་པའི༔ རྒྱས་པའི་ལྷ་མོ་འོད་ཟེར་ཅན་མ་དམར༔ ཕྱག་གཡས་རབ་འབར་མེ་ཡི་ཕྲེང་བ་བསྣམས༔ ནུབ་ཏུ་དགྲ་བགེགས་ཆུ་ཡིས་གཡེངས་མཛད་མ༔ དབང་གི་ལྷ་མོ་འོད་ཟེར་ཅན་མ་སྔོ༔ འཇིགས་རུང་ཕྱག་གཡས་ཆུ་བོའི་རྒྱུན་ཆེན་འབེབས༔ བྱང་དུ་དགྲ་བགེགས་རླུང་གིས་བསྐྱོད་མཛད་མ༔ དྲག་པོའི་ལྷ་མོ་འོད་ཟེར་ཅན་མ་ལྗང་༔ ཕྱག་གཡས་སྣ་ཚོགས་དར་གྱི་བསིལ་ཡབ་བསྣམས༔ དེ་ཡི་ཕྱི་རིམ་འདབ་བརྒྱད་གདན་གྱི་ཁར༔ ཤར་དུ་སངས་རྒྱས་སྤྱན་མ་གསེར་གྱི་མདོག༔ ལྷོ་རུ་འཕགས་མཆོག་མ་ཀི་བཻ་ཌཱུར་མདངས༔ ནུབ་ཏུ་གོས་དཀར་ལྷ་མོ་ལེ་བརྒན་མདོག༔ བྱང་དུ་དམ་ཚིག་སྒྲོལ་མ་མ་རྒད་མདངས༔ ཀུན་ཀྱང་ཞི་དྲག་མ་ངེས་གར་དགུའི་ཉམས༔ ཕྱག་གཡས་རང་རྟགས་གཡོན་པས་ཉི་མའི་ཟེར༔ རབ་འབར་ལྟ་བས་མི་བཟོད་འོད་དུ་འབར༔ དར་དཔྱངས་སྟག་ཤམ་ཐོད་སྦྲུལ་དོར་སྟབས་འགྱིང༔ མཚམས་བཞིར་ལ་སེ་མ་ལེ་དྷཱུ་པེ་མ༔ རྡོ་རྗེ་གླུ་མ་ཞི་འཛུམ་ལོངས་སྐུའི་ཆས༔ རབ་མཛེས་བཞེངས་སྟབས་མཆོད་པའི་སྤྲིན་ཕུང་གཡོ༔ སྒོ་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཕྱོགས་མདོག་ཁྲོ་གཏུམ་དུར་ཁྲོད་ཆས་ཀྱིས་སྤྲས༔ འཇིགས་བྱེད་ཆེན་མོའི་གཡོན་རྣམས་ཉི་ཟླའི་ཞགས༔ རབ་འབར་མེ་ཡི་ཀློང་དུ་འགྱིང་སྟབས་བཞུགས༔ གཞན་ཡང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ༔ རྩ་གསུམ་ཆོས་སྐྱོང་ཕན་མཛད་ལྷ་ཡི་ཚོགས༔ དྭངས་མའི་མཚོ་ལ་གཟའ་སྐར་བཀྲ་བ་ལྟར༔ མ་འདྲེས་ཡོངས་རྫོགས་གཙོ་དང་འཁོར་དུ་བཅས༔ ཆོས་དབྱིངས་ལྷུན་གྲུབ་འོད་གསལ་འདུས་མ་བྱས༔ དག་པ་རབ་འབྱམས་༼མ་བསྐྱེད་ཡོངས་གྲུབ་གསལ༔ སྨད་ལས་ནང་། མདུན་བསྐྱེད་དཀྱིལ་འཁོར་རྟེན་དང་། སོགས་བྱོན་པར་གྱུར༔ གཙོ་འཁོར་ཀུན་གྱི་༽ གནས་གསུམ་ཡི་གེ་ལས༔ འོད་འཕྲོས་བདེ་ཆེན་ཞིང་དང་པོ་ཊ་ལ༔ རྒྱ་གར་མྱ་ངན་མེད་པའི་དགའ་ཚལ་ནས༔ རྩ་གསུམ་སངས་རྒྱས་བྱང་སེམས་དྲང་སྲོང་ཚོགས༔ ལྷ་མོ་འོད་ཟེར་ཅན་གྱི་རྣམ་པ་རུ༔ སྤྱན་དྲངས་མདུན་གྱི་མཁའ་ལ་སྤྱོན་པར་བསམ༔ དྲུག་པ་སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ རྩེ་གཅིག་གདུང་བས་ཐུགས་རྒྱུད་འདི་བཞིན་བསྐུལ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཁྱབ་བརྡལ་མཉམ་པ་ཆེན་པོ་ལ༔ སྤྱན་དྲངས་གཤེགས་བཞུད་མཚན་མ་མི་མངའ་ཡང་༔ རིག་རྩལ་འགགས་མེད་རྟེན་འབྱུང་རོལ་པ་ལས༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུའི་ཚུལ༔ གང་འདུལ་གཟུགས་སྐུའི་རྣམ་རོལ་མཐའ་ཡས་པས༔ དུས་གསུམ་འགྲོ་བའི་སྡུག་བསྔལ་སེལ་མཛད་ལྷ༔ རྣམ་མཁྱེན་སངས་རྒྱས་བྱང་སེམས་དྲང་སྲོང་ཚོགས༔ ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི༔ མ་ངེས་ཅིར་ཡང་འཆར་བའི་ཆོ་འཕྲུལ་སྟོན༔ ཁྱད་པར་དགྲ་བགེགས་བདུད་སྡེ་འདུལ་མཛད་པའི༔ དཔལ་ལ་རབ་དཔའ་ལྷ་མོ་འོད་ཟེར་ཅན༔ རིགས་བཞི་འཁོར་དང་བཅས་པ་མ་ལུས་ཀུན༔ དད་མོས་གདུང་བས་སྤྱན་འདྲེན་འདིར་གསོན་ལ༔ དམ་བཅས་ཐུགས་རྗེས་དབང་གིས་འདིར་གཤེགས་ཤིག༔ སྙིགས་མའི་རང་གཟུགས་གཟུགས་ཅན་གཟུགས་མེད་ཚོགས༔ མ་ལུས་ལྷག་མེད་གཞོམ་ཕྱིར་འདིར་གཤེགས་ཤིག༔ ཨོཾ་ཨཱརྱ་མ་རི་ཙྱཻ་ཨེ་ཧྱ་ཧི་བཛྲ་ས་མ་ཡཱ་ཕེཾ་ཕེཾ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ས་དམ་ཡེ་དབྱེར་མེད་བསམ༔ བདུན་པ་གཉིས་མེད་བཞུགས་སུ་གསོལ་བ་ནི༔ ཧོ༔ ཡེ་དག་ཆོས་དབྱིངས་རྩལ་ལས་ཤར་བའི་ལྷ༔ བདུད་བཞིའི་གཡུལ་ལས་རྣམ་རྒྱལ་འོད་ཟེར་ཅན༔ གཙོ་དང་འཁོར་བཅས་དམ་ཚིག་ཡེ་ཤེས་པ༔ འདུ་འབྲལ་མེད་པའི་ངང་དུ་བརྟན་བཞུགས་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བརྒྱད་པ་སྒོ་གསུམ་གུས་པས་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ངོ་བོ་ཡེ་དག་ཆོས་སྐུ་སྤྲོས་དང་བྲལ༔ རང་བཞིན་ལྷུན་གྲུབ་ལྔ་ལྡན་ལོངས་སྤྱོད་རྫོགས༔ ཐུགས་རྗེ་འགགས་མེད་དགྲ་བགེགས་འཇོམས་མཛད་པ༔ ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ༔ གང་ཐུགས་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་༔ གདུལ་བྱའི་དབང་གིས་དྲག་པོའི་གར་གྱིས་རོལ༔ ལོག་འདྲེན་དགྲ་སྡེ་ཆམ་ལ་འབེབས་མཛད་པ༔ འཇིགས་བྱེད་དཔའ་མོ་ཁྱོད་ལ་ཕྱག་འཚལ་ལོ༔ ལས་བཞིའི་སྒྱུ་འཕྲུལ་འབྱུང་བཞིར་དབང་བསྒྱུར་ཅིང་༔ རིགས་ཀྱི་ཡུམ་བཞིར་མཆོད་པའི་སྤྲིན་སྤྲོ་བ༔ སྒོ་སྲུང་ཆེན་མོ་བདུད་བཞིའི་གཡུལ་ལས་རྒྱལ༔ མ་ལུས་སྤྲུལ་པར་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ དགུ་པ་མཆོད་པའི་བྱེ་བྲག་རྣམ་གསུམ་ལས༔ དང་པོ་ཕྱི་མཆོད་ནི༔ ཧཱུྃ་ཧྲཱིཿ འཇིགས་བྱེད་དུས་དགྲའི་དབང་པོ་དགྱེས་པའི་ཡུམ༔ རྒྱལ་ཡུམ་ཕྲིན་ལས་ལྷ་མོ་འོད་ཟེར་ཅན༔ གཙོ་འཁོར་སྤྲུལ་པར་བཅས་པའི་ཚོགས་རྣམས་ལ༔ ངོ་མཚར་མཆོད་པའི་བྱེ་བྲག་འབུལ་བ་ནི༔ དངོས་སུ་འབྱོར་དང་ཡིད་སྤྲུལ་ལས་བྱུང་བའི༔ མེ་ཏོག་མནྡྷ་ར་དང་ཀུ་མུད་ཏ༔ ཡིད་འོང་བལྟ་ན་སྡུག་པ་སྤྱན་ལ་འབུལ༔ ཙནྡན་བསུང་ཞིམ་ལྷན་སྐྱེས་སྦྱར་བྱུང་དྲི༔ ཉོན་མོངས་གདུང་སེལ་ངད་ལྡན་ཤངས་ལ་འབུལ༔ པི་ཝཾ་གླིང་བུ་བརྡུང་དཀྲོལ་སྙན་པའི་སྒྲ༔ སྣ་ཚོགས་རོལ་མོའི་བྱེ་བྲག་སྙན་ལ་འབུལ༔ ཟག་མེད་བདེ་བས་ཚིམ་བྱེད་རོལ་ལྡན་ཟས༔ ལྷ་ཡི་བདུད་རྩི་དྲི་བྲལ་ལྗགས་ལ་འབུལ༔ སྲབ་འཇམ་ཡངས་པ་ཁ་དོག་ལྔ་ལྡན་གོས༔ ཐོགས་མེད་སྒྲིབ་བྲལ་སྣང་སྟོང་སྐུ་ལ་འབུལ༔ བདེ་གསལ་མི་རྟོག་སྟོང་ཉིད་རིག་པའི་རྩལ༔ སྤང་བླང་གཉིིས་འཛིན་ཀུན་བྲལ་ཐུགས་ལ་འབུལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་པུ་ཛ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡཱ་ཨཱཿཧཱུྃ༔ གཉིས་པ་ནང་མཆོད་ནི༔ ཧོ༔ སྣང་སྟོང་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔ གཟུགས་ཀྱི་སྒེག་མོ་དཀར་གསལ་མེ་ལོང་བསྣམས༔ ཚོར་སྟོང་དྲི་ཡི་བྱེ་བྲག་ཇི་སྙེད་པ༔ དྲི་ཡི་ལྷ་མོ་སེར་མོ་སྤོས་ཕོར་བསྣམས༔ མྱོང་སྟོང་རོ་ཡི་བྱེ་བྲག་ཇི་སྙེད་པ༔ རོ་ཡི་ལྷ་མོ་མར་མེ་ཞལ་ཟས་ཐོགས༔ བདེ་སྟོང་རེག་བྱའི་བྱེ་བྲག་ཇི་སྙེད་པ༔ གོས་ཀྱི་ལྷ་མོ་ལྗང་གུའི་ན་བཟའ་སྒྲོན༔ གྲག་སྟོང་སྒྲ་ཡི་བྱེ་བྲག་ཇི་སྙེད་པ༔ སྒྲ་ཡི་ལྷ་མོ་སྔོན་མོས་རོལ་མོ་དཀྲོལ༔ ཡིད་ཡུལ་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ༔ ཆོས་ཀྱི་ལྷ་མོ་མཐིང་གསལ་གླེགས་བམ་བསྣམས༔ དབང་པོ་དྲུག་ལ་ཟག་མེད་བདེ་བསྐྱེད་ཕྱིར༔ ཡུལ་དྲུག་མཆོད་པའི་ལྷ་མོའི་རྣམ་རོལ་གྱིས༔ འཕགས་མ་འོད་ཟེར་ཅན་གྱི་ལྷ་ཡི་ཚོགས༔ དུས་གསུམ་ཀུན་ཏུ་འདོད་ཡོན་དྲུག་གིས་མཆོད༔ རུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་དྷརྨཱ་དྷརྟུ་མ་ཧཱ་མུ་ཏྲ་སརྦ་པུ་ཙ་ཧོ༔ གསུམ་པ་གསང་བའི་མཆོད་པ་ལའང་གསུམ༔ དང་པོ་བདུད་རྩི་སྨན་གྱི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་སྟོང་གསལ་བྷནྡྷའི་སྣོད་མཆོག་ཏུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ ཉོན་མོངས་ཡེ་ཤེས་ལྔ་རུ་གནས་དག་ཕྱིར༔ དཔའ་མོ་འོད་ཟེར་ཅན་གྱི་ལྷ་ལ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ རིགས་ཀུན་ཁྱབ་བདག་སྐྱེ་མེད་རྡོ་རྗེ་འཆང་༔ དཀྱིལ་འཁོར་རྒྱ་མཚོའི་སྤྲོ་བསྡུ་རྡོ་རྗེ་སེམས༔ གསང་ཆེན་རྒྱུད་སྡེའི་མངའ་བདག་རྡོ་རྗེ་ཆོས༔ སྨན་མཆོད་འབུལ་ལོ་མཐུ་ནུས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ འཆི་བདག་གཤིན་རྗེ་ཚར་གཅོད་འཇམ་པའི་དབྱངས༔ བདུད་བཞིའི་དགྲ་ལས་རྣམ་རྒྱལ་མཚོན་ཆའི་སྡེ༔ ལོག་རྟོག་མུན་འཇོམས་ཐུབ་དབང་ཉིན་མོར་བྱེད༔ སྨན་མཆོད་འབུལ་ལོ་མཐུ་ནུས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ རྩ་གསུམ་སྤྱི་གཟུགས་མཚོ་སྐྱེས་བླ་མ་རྗེ༔ གངས་ཅན་བསྟན་པའི་སྲོག་ཤིང་ཁྲི་སྲོང་ཞབས༔ བདེ་ཆེན་སྒྱུ་མའི་རང་གཟུགས་མཚོ་རྒྱལ་ཡུམ༔ སྨན་མཆོད་འབུལ་ལོ་མཐུ་ནུས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ གནས་ལྔ་རིག་པའི་པཎ་གྲུབ་ཀླུའི་དབང་པོ༔ ཟབ་གཏེར་སྒོ་འཕར་འབྱེད་མཛད་བྱང་ཆུབ་གླིང་༔ སྨོན་ལམ་འཕྲོ་མཐུད་སྐལ་ལྡན་ལུང་རིག་རྩལ༔ སྨན་མཆོད་འབུལ་ལོ་མཐུ་ནུས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ འཇིགས་མཛད་དགྲ་ལས་རྣམ་རྒྱལ་འོད་ཟེར་ཅན༔ འབྱུང་བཞིའི་ཀློང་དུ་དགྲ་དཔུང་རྒྱས་འདེབས་པའི༔ རིགས་བཞི་སེམས་མ་སྒོ་སྲུང་དམ་ཅན་ལ༔ སྨན་མཆོད་འབུལ་ལོ་མཐུ་ནུས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཐར་ལམ་མཆོག་སྟོན་རྩ་བརྒྱུད་བླ་མ་དང་༔ གྲུབ་གཉིས་འདོད་སྟེར་ཡི་དམ་རྒྱུད་སྡེའི་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་ཆོས་སྐྱོང་ལ༔ སྨན་མཆོད་འབུལ་ལོ་མཐུ་ནུས་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ དེ་ལྟར་བདུད་རྩི་སྨན་མཆོད་ཕུལ་བའི་མཐུས༔ ཅིར་སྣང་ཐམས་ཅད་བདུད་རྩི་ལམ་དུ་སློང་༔ འཆི་མེད་དོན་དམ་སྐུ་གསུང་ཐུགས་མཆོག་གི༔ དངོས་གྲུབ་དུས་འདིར་ཐོབ་པར་བྱིན་གྱིས་རློབས༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐཱ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་པའང་སྤྲུལ་སྐུ་ཐུབ་བསྟན་གྱིས་བསྐུལ་ངོར་རྒྱ་སྤྲུལ་མིང་གིས་སོ།། གཉིས་པ་ཆགས་མེད་རཀྟའི་མཆོད་པ་ནི༔ ཧོ༔ ཉོན་མོངས་རྩ་བ་རྒྱུ་དྲུག་བསྒྲལ་བའི་ཁྲག༔ བཅུ་དྲུག་ཡིད་འོང་བདེ་བའི་སིནྡྷུ་ར༔ ཆགས་བྲལ་ཆགས་པ་ཆེན་པོའི་ཡེ་ཤེས་རྫས༔ བདུད་འདུལ་ཌཀྐིའི་གཙོ་མོ་མཆོག་ལ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ གསུམ་པ་དམ་རྫས་གཏོར་མའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ ཀུན་བརྟགས་སྣང་བ་ཕྱི་སྣོད་གཏོར་གཞོང་དུ༔ གཞན་དབང་འཁྲུལ་བ་ནང་བཅུད་གཏོར་མས་གཏམས༔ ཡོངས་གྲུབ་གཞི་ཡི་གནས་ལུགས་མངོན་གྱུར་ཕྱིར༔ དགྲ་བགེགས་དཔུང་འཇོམས་འཕགས་མའི་ཚོགས་ལ་འབུལ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ བཅུ་པ་གཙོ་འཁོར་ཡོངས་རྫོགས་བསྟོད་པ་ནི༔ ཨེ་མ་ཧོ༔ རབ་འཇིགས་སྒེག་དཔའ་ཁྲོ་གཏུམ་དཔའ་མོའི་སྐུ༔ དགོད་གཤེ་དྲག་ཤུལ་དྲག་སྔགས་རྔམ་པའི་གསུང་༔ ཆོས་ཉིད་ཞི་ལས་ཚད་མེད་སྙིང་རྗེའི་ཐུགས༔ ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་བསྟོད༔ མཚན་ཙམ་དྲན་པས་དགྲ་སྡེའི་གཡུལ་ངོ་འཇོམས༔ མཆོག་ཐུན་དངོས་གྲུབ་འདོད་དགུའི་དཔལ་སྟེར་ཞིང་༔ གྲངས་མེད་རྒྱལ་ཀུན་དགྱེས་མཛད་འཕགས་མའི་མཆོག༔ འཇིགས་མཛད་གཤིན་རྗེ་ཟིལ་གྱིས་གནོན་ལ་བསྟོད༔ རབ་འབར་བསྐལ་མེ་འཁྲུགས་དབུས་བདུད་བཞིའི་ཁྲིར༔ ཉི་མ་འབུམ་ལས་ལྷག་པའི་འོད་འཕྲོ་ཞིང་༔ ཞི་ཆགས་ཁྲོ་བོའི་ཉམས་དགུའི་རྣམ་རོལ་གར༔ མ་ངེས་ཅིར་ཡང་བསྒྱུར་ལ་ཕྱག་འཚལ་བསྟོད༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་སྒྱུ་འཕྲུལ་ལས༔ བདུད་སྡེའི་དཔུང་ཚོགས་འབྱུང་བཞིའི་དབྱིངས་སུ་སྒྲོལ༔ ལས་བཞིར་དབང་མཛད་གཙོ་འཁོར་སྤྲུལ་པར་བཅས༔ བདག་གི་སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ བཅུ་གཅིག་བསྙེན་པའི་ལས་རིམ་ལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབ༔ ཐ་མ་ལས་ལ་སྦྱར་བའོ༔ དང་པོ་ཏིང་ངེ་འཛིན་རྩེ་གཅིག་བསྙེན་པ་ནི༔ བདག་ཅག་རྒྱལ་ཡུམ་དཔའ་མོའི་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་གཤིན་རྗེ་གཤེད༔ མཐིང་ནག་ཁྲོ་གཏུམ་ཐོད་དབྱུག་བྷན་དམར་བསྣམས༔ པད་ཉིའི་གདན་ལ་ཁྲོ་ཆས་ཡོངས་རྫོགས་གསལ༔ དེ་ཡི་ཐུགས་ཀར་རབ་འབར་ཉི་མའི་དབུས༔ ཙིཏྟ་རིན་ཆེན་གསེར་གྱི་མཆོད་རྟེན་གྱི༔ བུམ་ནང་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི༔ ལྟེ་བར་མཱུཾ་ཡིག་གསེར་མདོག་གཟི་འོད་འབར༔ དེ་མཐར་སྔགས་ཕྲེང་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བས་འཕགས་མཆོད་བྱིན་རླབས་བསྡུས༔ ཁམས་གསུམ་འགྲོ་ཀུན་སྒྲིབ་སྦྱངས་བདེ་ཆེན་བཀོད༔ གཞན་འཕྲུལ་དབང་བྱེད་བདུད་དགྲའི་དཔུང་དང་བཅས༔ ཚར་བཅད་བྲན་བཀོལ་སྟོབས་ནུས་བདག་ལ་ཐིམ༔ འཁོར་འདས་ཀུན་ལ་མངའ་དབང་བསྒྱུར་བར་བསམ༔ ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ༔ སྔགས་ཀྱི་རྒྱལ་པོ་ཡིག་འབྲུ་དྲུག༔ ཐོག་མར་ཡིད་ཀྱི་ཡུལ་དུ་གསལ༔ བར་དུ་འབྱུང་འཇུག་སྔགས་སུ་སྦྱངས༔ ཐ་མར་སྐྱོན་ལྔ་སྤང་བར་བཟླ༔ གྲངས་ཀྱི་བསྙེན་པ་འབྲུ་དྲུག་དྲུག༔ དུས་ཀྱི་བསྙེན་པ་ཟླ་བ་བཞི༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ སངས་རྒྱས་བྱང་སེམས་ཞལ་མཇལ་དང་༔ དབང་བསྐུར་དབུགས་དབྱུང་ལུང་སྟོན་འབྱུང་༔ ཡང་ན་རྨི་ལམ་ཉམས་སྣང་ལ༔ ཉི་ཟླ་ཤར་དང་ཆུ་ཆེན་བརྒལ༔ རི་རྩེར་ཕྱིན་དང་དགྲ་ལས་རྒྱལ༔ གཅན་གཟན་སྤྲེའུ་སྦྲུལ་ལ་སོགས༔ བསད་བསྐྲད་ཁ་བཅིང་བརྡུང་བ་སོགས༔ རྐྱེན་ལས་གྲོལ་དང་དགྲ་གདོན་འདུལ༔ རྟགས་མཚན་བློ་ཡི་རིམ་བཞིན་འབྱུང་༔ ས་མ་ཡཱ༔ བར་དུ་སྒྲུབ་པའི་དམིགས་པ་ནི༔ གཙོ་འཁོར་ཡོངས་རྫོགས་གནས་གསུམ་འབྲུ་གསུམ་མཚན༔ པད་ཉིའི་སྟེང་དུ་ལས་བཞིའི་ཐུགས་ཀར་མཱུཾ༔ རང་མདོག་སྔགས་ཀྱི་འོད་ཟེར་ཕྱོགས་བཅུར་འཕྲོས༔ སྤྱན་མ་ལ་སོགས་ཡུམ་བཞིའི་སྙིང་ག་རུ༔ ཨུཏྤལ་ཕྱོགས་མདོག་ལྟེ་བར་ལཾ་མཾ་དང་༔ པཾ་ཏཾ་མཆོད་པའི་ལྷ་མོ་རྣམ་པ་བཞི༔ ཐུགས་ཀྱི་ས་བོན་དྷུ་པུ་གྷན་བཾ་མཚན༔ སྒོ་སྲུང་ཛཿཧཱུྃ་བཾ་ཧོ་སྒོམ་པ་ལས༔ སྔགས་ཀྱི་འོད་ཟེར་དབང་པོའི་གཞུ་ལྟ་བུ༔ བུང་བ་ཚང་ཞུགས་རང་སྔགས་སྒྲ་དང་བཅས༔ ཕྱོགས་བཅུར་འཕྲོས་པས་རྒྱལ་ཀུན་མཆོད་པས་མཉེས༔ བྱིན་རླབས་དངོས་གྲུབ་འབྲུ་གསུམ་རྣམ་པར་བསྡུས༔ དགྲ་བགེགས་ཚར་བཅད་སྣང་སྲིད་ལྷ་ཡི་འཁོར༔ དག་པ་རབ་འབྱམས་ངང་ནས་འཛབ་སྔགས་བཟླ༔ ཨོཾ་ཨཱརྱ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ འབྲུ་དགུ་འབུམ་བཟླས་མཆོག་ཐུན་གྱི༔ དངོས་གྲུབ་ཏིང་འཛིན་རིམ་པ་ཤེས༔ གསུམ་པ་ལས་སྦྱོར་རིམ་པ་ནི༔ བསྲུང་བཟློག་གཉིས་ལས་དང་པོ་ནི༔ རང་ཉིད་འཕགས་མའི་ཐུགས་ཀར་ཡེ་ཤེས་སེམས༔ དེ་ཡི་ཐུགས་དབུས་མཆོད་རྟེན་འོད་འབར་བའི༔ བུམ་ནང་མཱུཾ་ཡིག་ཐིག་ལེར་བླ་མ་དང་༔ མ་ཡི་མིག་ཏུ་རང་སེམས་ནྲིཿལྗང་ཁུ༔ ཞབས་ཀྱུར་ནོར་ཕྱུགས་ཀུན་ཀྱང་བཀྲག་མདངས་འཚེར༔ འབྱུང་བཞིའི་བཅུད་བསྡུས་ཕ་ལམ་རྡོ་རྗེའི་ཁར༔ བར་ཆད་བགེགས་ཀྱིས་ནམ་ཡང་མི་ཚུགས་ཤིང་༔ ཉི་ཟླའི་གའུ་རིམ་དགུའི་འོད་ཟེར་འབར༔ བལྟར་མེད་གཞུར་མེད་བཅིང་དུ་མེད་པར་བསམ༔ སྔགས་བཟླའི་དུས་སུ་མཱུཾ་མཐར་སྔགས་གཡོན་འཁོར༔ རྒྱལ་ཀུན་བྱིན་རླབས་ཐུགས་རྗེའི་སྟོབས་འདུས་པས༔ ཆོས་བདུན་ལྡན་པ་འཕོ་འགྱུར་མེད་པར་བསམ༔ ཨོཾ་མཱ་རཱི་ཙྱཻ་མཱུཾ༔ མ་མ་ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ གཞན་བསྲུང་ད་ན་པ་ཏིས་བསྒྱུར༔ ནོར་རྫས་བ་སུ་དེ་བཞིན་དུ༔ དགེ་འདུན་བསྲུང་བ་སང་གྷ་དང་། སྐྱེས་པ་ན་ར་མོ་ན་རི༔ བླ་མར་གུ་རུ་བུ་ཆུང་ལ༔ པུ་ཏྲ་ལ་སོགས་སྔགས་དམིགས་གཟབ༔ ཁྲི་གཅིག་ཏིང་འཛིན་ལྡན་པར་བཟླ༔ དེས་ནི་གང་བསྲུང་རྡོ་རྗེའི་གུར༔ དགྲ་དང་བགེགས་ཀྱིས་མི་ཚུགས་པའི༔ རྡོ་རྗེ་འཛིན་པའི་ནུས་པར་འགྲན༔ དེ་བས་རྟག་ཏུ་འབད་པ་གཅེས༔ བཟློག་པའི་སྔགས་དམིགས་འདི་ལྟ་སྟེ༔ རང་ཉིད་འོད་ཟེར་ཅན་མ་གཙོ་འཁོར་གྱི༔ ཐུགས་ཀར་ཉི་མའི་དཀྱིལ་འཁོར་དབུས་སུ་མཱུཾ༔ མཐའ་བསྐོར་དྲག་སྔགས་འོད་འབར་གཡོན་དུ་འཁོར༔ བཟློག་པའི་སྔགས་སྒྲ་འབྲུག་སྟོང་ལྡིར་བ་བཞིན༔ གཞལ་ཡས་ཕྱི་རོལ་ཉི་མ་ཟླ་བའི་གུར༔ སྟེང་འོག་མདུན་རྒྱབ་བསྣོལ་མའི་གུར་ཁང་མཐར༔ གཤིན་རྗེ་ཡབ་ཡུམ་ཁྲོ་གཟུགས་རྡུལ་ལྟར་འཚུབས༔ ཕྱག་མཐིལ་ཉི་ཟླའི་ཆ་ལང་བརྡབ་པ་ཡིས༔ སྔ་དགྲ་བརྡར་དང་ཕྱི་དགྲ་གྲོས་ངན་ཤོམ༔ ད་དགྲ་ཐད་ལངས་རྐུ་འཕྲོག་ཇག་ཆོམ་དམག༔ བླ་ཚེ་སྲོག་ལ་འཇབ་པའི་མི་མ་ཡིན༔ གདོན་བགེགས་འབྱུང་པོ་ཏིལ་འབྲུ་ཙམ་དུ་བརླག༔ རྣམ་ཤེས་སྐྱེ་མེད་ཆོས་སྐུའི་ཀློང་དུ་བསྟིམ༔ ཁམས་གསུམ་ཀུན་ལས་བདག་ཉིད་རྒྱལ་བར་བསམ༔ ཨོཾ་མ་རི་ཙྱཻ་བ་ཏ་ལི་བ་ཏ་ལི་བྷ་ར་ཧ་མུ་ཁི་སརྦ་དུཥྚན་པྲ་ཏུཥྚན་གནོད་བྱེད་དགྲ་ཇག་ཆོམ་རྐུན་རྒྱལ་བསེན་ཡུལ་འདྲེ་འབྱུང་པོ་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་བྷྱོ་བྷྱོ་ཟློག་ཟློག༔ དེ་ཚེ་ཆོམ་རྐུན་ལ་སོགས་སྒྲིབ་བྱེད་པ༔དམིགས་པ་ཟབ་མོའི་རིམ་པ་འདི་ལྟར་རོ༔ རང་ཉིད་གཙོ་འཁོར་ཕྱི་རོལ་ཉི་ཟླའི་གུར༔ དེ་རྒྱབ་ཕག་རྒོད་སེར་པོ་གཏུམ་ཞིང་རྔམ༔ འུར་སྒྲ་འབྲུག་ལྟར་སྒྲོགས་ཤིང་རི་རབ་ཚོགས༔ ཐལ་བར་རློག་ཅིང་རྒྱ་མཚོ་ཧུབ་ཀྱིས་འདྲེན༔ འཇིགས་བྱེད་བལྟར་མི་བཟོད་པའི་གུར་ཁང་བཙན༔ གཙོ་འཁོར་ཀུན་གྱི་ཐུགས་ལས་སྤྲུལ་བ་ཡི༔ ལྷ་མོ་འོད་ཟེར་ཅན་མ་ཕག་རྒོད་ཆིབས༔ ཁབ་སྐུད་འཛིན་པ་རྡུལ་ལྟར་འཚུབས་པ་ཡིས༔ བདག་ལ་རྐུན་ཇག་གསོད་ཤོམ་དམག་སྣ་འདྲེན༔ མི་མིན་ལོག་འདྲེན་འབྱུང་པོ་སྡོང་ཟླ་བཅས༔ ཀུན་གྱི་ཁ་མིག་བཙེམས་ཤིང་ཕ་ལམ་གྱི༔ རྡོ་རྗེའི་ཞལ་བས་གཡོགས་ནས་སྲིད་མཐའི་བར༔ བསྟན་འགྲོ་སྤྱི་དང་ཁྱད་པར་སྒྲུབ་པ་པོའི༔ ལུས་དང་ལོངས་སྤྱོད་འཚེ་བ་ཀུན་བྲལ་གྱུར༔ ཨོཾ་མ་རི་ཙྱཻ་མཱུཾ༔ དགྲ་བགེགས་འབྱུང་པོ་ཐམས་ཅད་ཀྱི་ཙཀྵུ་བྷནྡྷ་བྷནྡྷ་མུ་ཁཾ་བཛྲ་ད་ཧ་ད་ཧ་ཕཊ་ཕཊ༔ ཅེས་དང་དྲང་སྲོང་བདེན་ཚིག་སྔགས་འདི་བརྗོད༔ སྟོན་པ་སངས་རྒྱས་བདུད་བཞིའི་དགྲ་ལས་རྒྱལ༔ སྐྱོབས་པ་དམ་ཆོས་འཁོར་བའི་གཡུལ་ལས་རྒྱལ༔ འདྲེན་པ་དགེ་འདུན་མུ་སྟེགས་ཚོགས་ལས་རྒྱལ༔ འོད་ཟེར་ཅན་མ་དགྲ་བགེགས་བདུད་ལས་རྒྱལ༔ གཤིན་རྗེ་གཤེད་པོ་དུས་མིན་འཆི་ལས་རྒྱལ༔ དྲང་སྲོང་དྲི་མེད་ལོག་འདྲེན་ཀུན་ལས་རྒྱལ༔ པདྨ་ཐོད་ཕྲེང་ལྷ་སྲིན་དཔུང་ལས་རྒྱལ༔ རྒྱལ་བ་བསླུ་མེད་དེ་དག་ཐུགས་རྗེའི་མཐུ༔ རིག་སྔགས་དམིགས་པ་ལྷག་བསམ་བདེན་སྟོབས་ཀྱིས༔ ཆོས་མཛད་སྤྱི་དང་རྣལ་འབྱོར་བདག་ཅག་ལ༔ སྔ་དགྲ་བྱས་དང་ད་དགྲ་སྲོག་ལ་རྒོལ༔ དཀོར་ལ་རྐུ་དང་ནོར་དང་ལོངས་སྤྱོད་ཕྲོག༔ མི་འདོད་བར་དུ་གཅོད་པ་ཐམས་ཅད་ཟློག༔ དངོས་སུ་མགོ་ན་ཏིལ་བརྡུང་བྱེད་པ་དང་༔ ལྐོག་ནས་ངན་སྦྱོར་གྲོས་ཤོམ་བྱེད་པ་ཟློག༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་བརྒྱད་ཟློག༔ རླུང་མཁྲིས་བད་ཀན་འགོ་བའི་ནད་རིགས་ཟློག༔ དུས་མིན་འཆི་བའི་རྐྱེན་ངན་ཐམས་ཅད་ཟློག༔ ཆོས་ལ་བར་ཆད་བདུད་བཞིའི་འཚེ་བ་ཟློག༔ དེ་མཐར་རང་སྔགས་ཤམ་བུ་རུ༔ ཡང་ཟློག་སྔགས་དང་ ཏྲིཾ་དུ་ཞེས༔ དྲང་སྲོང་ཞི་ཁྲོའི་སྔགས་མང་བཟླ༔ སྔོན་ཚེ་སངས་རྒྱས་བདུད་ལས་རྒྱལ་བ་དང་༔ བར་དུ་དྲང་སྲོང་ཕས་རྒོལ་ཀུན་ལས་རྒྱལ༔ ཐ་མ་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ སྡེ་བརྒྱད་དམག་དཔུང་འཚེ་བ་ལས་རྒྱལ་ལྟར༔ དེང་འདིར་འཕགས་མའི་བསྒོམ་བཟླས་ཟབ་མོའི་མཐུས༔ དགྲ་རྐུན་བདུད་སྲིན་བར་ཆད་ཐམས་ཅད་ལས༔ བདག་དང་བསྲུང་བྱ་རྣམ་པར་རྒྱལ་གྱུར་ནས༔ ཁམས་གསུམ་ཀུན་གྱིས་མཆོད་འོས་དམ་པར་གྱུར༔ འགྲོ་ཀུན་ཕན་བདེའི་རྩ་ལག་མཆོག་གྱུར་ཤོག༔ ཅེས་པའི་སྨོན་ལམ་བཏབ་རྗེས་འཁོར་འདས་ཆོས༔ མི་དམིགས་བློ་འདས་ལྟ་བའི་ངང་མདངས་བསྐྱངས༔ ཐུན་སྐབས་མཆོད་པ་ནོངས་བཤགས་སྤྱི་ལྟར་བྱ༔ སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་ལ༔ ཚོགས་བསགས་བསྐང་བ་བསྡུ་རིམ་ཤིས་བརྗོད་སོགས༔ དང་པོ་གཙང་མའི་གདན་གྱི་ཁར༔ ཤ་དང་ཟན་སོགས་བཟའ་བ་གཡས༔ ཆང་དང་སྐྱེམས་རིགས་བཏུང་བ་གཡོན༔ སྤང་བླང་མེད་པར་དམ་རྫས་བཤམས༔ བདུད་རྩི་འཁྱིལ་བའི་སྔགས་ཀྱིས་སྦྱངས༔ བྱུར་དང་མི་གཙང་ཆབ་ཀྱིས་བསལ༔ ཧྲཱིཿ བདག་ཉིད་འཕགས་མར་གསལ་བའི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་ཀྱི་དངོས་འཛིན་དང་༔ མི་གཙང་སྐྱོན་ཀུན་བསྲེགས་གཏོར་དག་པར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བསྒྱུར༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་སྤོས་རོལ་དང་༔ གདུང་བའི་དབྱངས་ཀྱིས་རྩེ་གཅིག་འདི་སྐད་དོ༔ ཨེ་མ་ཧོ༔ སྤྲོས་པ་ཀུན་བྲལ་ཆོས་དབྱིངས་ཞིང་ཁམས་ནས༔ ཀུན་བཟང་ཡབ་ཡུམ་སྟོང་གསལ་རོལ་རྩལ་ལས༔ རིགས་ལྔའི་རྒྱལ་བ་ཐུབ་དབང་འདྲེན་པ་སྟོང་༔ པདྨ་ཐོད་ཕྲེང་བརྒྱུད་གསུམ་རིག་པ་འཛིན༔ རྒྱུད་སྡེའི་ལྷ་ཚོགས་བདུད་འདུལ་ཌཱཀྐིའི་གཙོ༔ རྒྱལ་ཀུན་བསྐྱེད་ཡུམ་ལྷ་མོ་འོད་ཟེར་ཅན༔ སྤྲུལ་དང་ཡང་སྤྲུལ་གཙོ་འཁོར་རོལ་གར་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཞལ་ཟས་ཚོགས་ཀྱི་ཡོ་བྱད་མཆོད་པར་འབུལ༔ བཞེས་ནས་ལོག་འདྲེན་དགྲ་བགེགས་འདུལ་བ་དང་༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་བསྩལ་དུ་གསོལ༔ གསུམ་པ་ཚོགས་རྫས་རིམ་པ་གསུམ་དུ་སྤྲོས༔ དང་པོ་ལྷ་ལ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ ཕྱི་སྣོད་སྣང་བ་རྣམ་དག་ཞིང་མཆོག་ཏུ༔ ནང་བཅུད་སེམས་ཅན་རྣམ་དག་ཚོགས་ཀྱི་རྫས༔ དངོས་བཤམས་བཟའ་བཏུང་ལོངས་སྤྱོད་དམིགས་པའི་རྟེན༔ ཡིད་སྤྲུལ་འདོད་ཡོན་དྲུག་གི་ལྷ་མོའི་ཚོགས༔ ངོ་མཚར་མཆོད་པའི་རྫས་མཆོད་འདི་འབུལ་བས༔ བདུད་ལས་རྣམ་རྒྱལ་འཕགས་མའི་ལྷ་ཚོགས་ཀྱིས༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་ག་ན་ཙཀྲ་པུ་ཙ་ཁཱ་ཧི༔ བཞི་པ་བཤགས་པ་བྱ་བ་ནི༔ ཧོ་སྡིག་ལྡན་བདག་གིས་ཚེ་རབས་ཐོག་མེད་ནས༔ ད་ལྟའི་བར་བསགས་མི་དགེའི་ལས་རྣམས་དང་༔ སོ་བྱང་སྔགས་ཀྱི་དམ་སྡོམ་ལས་འགལ་བས༔ མནར་མེད་དམྱལ་བ་ཆེན་པོའི་རྒྱུ་བསགས་པ༔ གྷ་ན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ རྩ་གསུམ་བདག་ཉིད་འོད་ཟེར་ཅན་གྱི་ལྷ༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ དག་ཚངས་མཆོག་གི་དངོས་གྲུབ་ཐོབ་པར་མཛོད༔ ལྔ་པ་ཚོགས་རྫས་ཐ་མ་མདུན་དུ་བཀོད༔ བདག་ཉིད་འོད་ཟེར་ཅན་མའི་ཐུགས་ཀ་ནས༔ ཕྱག་རྒྱའི་ལྷ་མོས་དགྲ་བགེགས་མདུན་གྱི་རྟེན༔ གསལ་བ་ལ་བསྟིམ་འགུག་གཞུག་དྲག་ཏུ་བྱ༔ དེ་ནས་ཕུར་པ་འདྲིལ་ཞིང་འདི་སྐད་དོ༔ ཧཱུྃ༔ དང་པོ་མ་རིག་བར་དུ་དུག་ལྔ་བསྐྱེད༔ ཐ་མ་དཀོན་མཆོག་བསྟན་འགྲོར་གནོད་ཅིང་འཚེ༔ ཁྱད་པར་སྔོན་ལས་འཕྲལ་རྐྱེན་ལས་བྱུང་བའི༔ བདག་ལ་གནོད་བྱེད་དགྲ་བགེགས་དམ་སྲིའི་ཚོགས༔ གཟུགས་ལ་ཕོབ་ཅིག་ཕྱག་རྒྱའི་ལྷ་མོའི་ཚོགས༔ དབྱིངས་སུ་སྒྲོལ་ཅིག་བཛྲ་ཀཱི་ལ་ཡ༔ སྐྱེ་མེད་ཡུམ་གྱི་མཁའ་རུ་རྒྱས་བཏབ་བོ༔ རྒྱལ་བའི་སྲས་གྱུར་ཟག་མེད་འགྲོ་བ་ལ༔ དྲག་པོའི་ལས་ཀྱི་ཕན་པ་བསྒྲུབ་པར་བྱ༔ ཨོཾ་མ་རི་ཙྱཻ་བཛྲ་ཀཱི་ལ་ཡ་སརྦ་དུཥྚན་དགྲ་བགེགས་འབྱུང་པོ་ཐམས་ཅད་མ་ར་ཡ་ཕཊ་ཕཊ༔ ཅེས་བསྒྲལ་ཤ་ཁྲག་དྭངས་མའི་བདུད་རྩིར་དམིགས༔ ཨ་མྲྀ་ཏས་བྲན་ལ་འདི་སྐད་འབུལ༔ ཧོ༔ དཀྱིལ་འཁོར་གཙོ་མཆོག་ལྷ་མོ་འོད་ཟེར་ཅན༔ དུས་གསུམ་རྒྱལ་བའི་ཕྲིན་ལས་སྒྲུབ་མཛད་མ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་ལ༔ དགྲ་བགེགས་ཤ་ཁྲག་ཟག་མེད་བདུད་རྩིར་འབུལ༔ དེང་ནས་དྲག་པོའི་ལས་ལ་དབང་བསྒྱུར་ཞིང་༔ རཱུ་ཊ་སྡེ་གསུམ་འདུལ་བའི་མཐུ་ལྡན་ཤོག༔ རཱུ་ཊ་སརྦ་ཤ་ཏྲུན་ཨ་མུ་ཀ་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀེཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ལས་ཀྱི་སློབ་བུ་ཡིས༔ བཟའ་བཏུང་བསྣོལ་བའི་ཚུལ་གྱིས་བཟུང་༔ དཀྱིལ་འཁོར་བདག་པོར་འབུལ་བ་ནི༔ ཨེ་མ་ཧོ༔ གཙང་མའི་གཉིས་འཛིན་འཁྲུལ་བའི་བློ༔ རང་བཞིན་བརྟགས་པས་མཁའ་ལྟར་སྟོང་༔ གྲོལ་འཁྲུལ་གཉིས་མེད་རྒྱལ་བའི་ཐུགས༔ མཉམ་པ་ཆེན་པོས་བཞེས་སུ་གསོལ༔ མཆོག་གི་རྡོ་རྗེ་སློབ་དཔོན་གྱིས༔ པད་སྐོར་ཕྱག་རྒྱས་བླང་བར་བྱ༔ ཧོ༔ རང་བཞིན་མི་དམིགས་ཆོས་དབྱིངས་དག་པའི་ཀློང་༔ བརྟགས་དཔྱད་ལས་འདས་འཁོར་གསུམ་མཉམ་པ་ཉིད༔ དེ་ཕྱིར་ཡུལ་དྲུག་མཆོད་པའི་རྒྱན་དུ་ཆེ༔ སྤང་བླང་མེད་པས་དམ་རྫས་རོལ་བར་བྱ༔ ཨ་ལ་ལ་ཧོ༔ དྲུག་པ་ཚོགས་ལྷག་ཟག་མེད་བདུད་རྩིར་དམིགས༔ ཕཻཾ༔གྱིས་མགྲོན་བཀུག་སྔགས་ཀྱིས་བྱིན་བརླབ་བྱ༔ ཧཱུྃ་ཧྲཱིཿ ཚོགས་ཀྱི་ལྷག་མ་དབང་གི་ཤུགས་འགྲོ་ནི༔ ཞི་བའི་ལས་མཛད་རྡོ་རྗེ་ཕྲ་མེན་མ༔ རྒྱས་པའི་ལས་མཛད་རིན་ཆེན་ཕྲ་མེན་མ༔ དབང་གི་ལས་མཛད་པདྨ་ཕྲ་མེན་མ༔ དྲག་པོའི་ལས་མཛད་ལས་ཀྱི་ཕྲ་མེན་མ༔ སྣ་ཚོགས་ལས་མཛད་བི་ཤྭ་ཕྲ་མེན་མ༔ ཚོགས་ལྷག་དམ་རྫས་ཕ་འབབ་འདི་ལོངས་ལ༔ ཆོས་མཛད་སྤྱི་དང་རྣལ་འབྱོར་བར་ཆད་སྲུངས༔ ཨོཾ་ཨུ་ཙུཥྚ་བྷ་ལིང་ཏ་ཁཱ་ཧི༔ བདུན་པ་བསྐུལ་ཞིང་ཆད་མདོ་བསྒྲགས་པ་ནི༔ གཏོར་མ་སྨན་རཀ་བྲན་ཞིང་བྱིན་བརླབས་ལ༔ ཧཱུྃ་ཧྲཱིཿ བཞེངས་ཤིག་བཞེངས་ཤིག་འཕགས་མ་འོད་ཟེར་ཅན༔ དམིགས་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་སྒྱུ་འཕྲུལ་རོལ་པ་ཚད་མེད་པས༔ སངས་རྒྱས་བསྟན་དགྲ་སེམས་ཅན་སྤྱི་ཡི་དགྲ༔ རྣལ་འབྱོར་དགོས་དགྲ་སྒྲོལ་ཕྱིར་སྐུར་བཞེངས་འཚལ༔ བདག་ཅག་རྩེ་གཅིག་བྱང་ཆུབ་དོན་གཉེར་ཡང་༔ འཚོ་བའི་ཡོ་བྱད་འཕགས་མཆོད་སེམས་ཅན་ལ༔ ཕན་བདེའི་རྩ་ལག་བསྟན་པའི་ཞབས་ཏོག་ཕྱིར༔ སྒྱུ་མའི་ནོར་རྫས་བསགས་པ་རྐུ་འཕྲོག་བཅོམ༔ ལུས་ལ་བརྡུང་བརྡེག་སྨ་དབབ་མཐོ་གནོན་པའི༔ དམ་སྲི་མི་མིན་བརྫུ་རུ་ཞུགས་པ་རྣམས༔ གསོད་དང་དབྱེ་བ་རིང་དུ་བསྐྲད་པ་དང་༔ འདུན་ངན་གྲོས་ཤོམ་བྱེར་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ་གཏོར་མ་མཚོན་ཆར་དམིགས་བྱས་ཏེ༔ དགྲ་ཡི་ཕྱོགས་སམ་ལོ་བདུད་ས་རུ་བསྐྱལ༔ བརྒྱད་པ་ཆད་མདོ་བསྒྲག་པ་ནི༔ གཏོར་མ་བསངས་སྦྱངས་འབྲུ་གསུམ་སྔགས་ཀྱིས་བརླབས༔ སྨན་རཀ་བྲན་ཞིང་བྱིན་གྱིས་བརླབས་ལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་བསྐལ་པ་དང་པོ་འདས་པའི་དུས༔ འཇིག་རྟེན་ཞིང་ཁམས་དགྲ་ལས་རྒྱལ་བ་རུ༔ རྡུལ་བྲལ་སྟོན་པ་མཚོན་ཆའི་རྒྱལ་པོ་དེས༔ མངོན་པར་སངས་རྒྱས་ཆོས་འཁོར་བསྐོར་བའི་ཚེ༔ འཕགས་མ་མཆོག་གིས་བྱང་ཆུབ་ཐུགས་བསྐྱེད་ནས༔ བརྩོན་པས་རླབས་ཆེན་སྤྱོད་པ་དང་དུ་བླངས༔ མ་འོངས་ལྷ་མོ་འོད་ཟེར་ཅན་མ་རུ༔ རྒྱལ་བའི་ལུང་བསྟན་དབུགས་དབྱུང་མཛད་པའི་ཚེ༔ ཚངས་སོགས་ལྷ་ཀླུ་གནོད་སྦྱིན་སྡེ་དཔོན་ཀུན༔ རྒྱལ་ཡུམ་དཔའ་མོའི་མཚན་ཙམ་འཛིན་པ་ཡང་༔ བསྲུང་ཞིང་སྐྱོབ་པར་དམ་བཅའ་མཛད་པ་ལྟར༔ དམ་ཚིག་བཀའ་ཡི་གཏོར་མ་འདི་བཞེས་ལ༔ བར་ཆད་གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་རྫོགས་ལྡན་མི་མཇེད་འཇིག་རྟེན་དུ༔ རྒྱལ་བའི་དབང་པོ་ཤཱཀྱ་ཐུབ་པ་ཡིས༔ གྲངས་མེད་འཁོར་ལ་ཟབ་རྒྱས་ཆོས་འཁོར་བསྐོར༔ འོད་ཟེར་ཅན་གྱི་རྒྱུད་དང་གཟུངས་ལ་སོགས༔ རང་རང་བློ་དང་མཐུན་པར་བསྟན་པའི་ཚེ༔ རྒྱལ་ཆེན་བཞི་སོགས་དཀར་ཕྱོགས་ལྷ་རྣམས་ཀྱིས༔ སངས་རྒྱས་བསྟན་པ་བསྲུང་བར་མ་ཆད་དམ༔ བསྟན་འཛིན་བར་ཆད་བསལ་བར་མ་ཆད་དམ༔ སྒྲུབ་ལ་དངོས་གྲུབ་སྩོལ་བར་མ་ཆད་དམ༔ སེམས་ཅན་བདེ་སྐྱིད་སྤེལ་བར་མ་ཆད་དམ༔ ཇི་ལྟར་ཁས་བླངས་དམ་ལས་མ་འདའ་བར༔ མཐུན་པའི་དམ་རྫས་བཤོས་བུ་འདི་བཞེས་ལ༔ སངས་རྒྱས་བསྟན་སྲུང་རྣལ་འབྱོར་སྐུ་ཚེ་སྲིངས༔ སྒྲུབ་པའི་རྟགས་ཕྱུང་སེམས་ཅན་བདེ་ལེགས་མཛོད༔ ཧཱུྃ་ཧྲཱིཿ དེ་འོག་སྙིགས་དུས་བསྐལ་པ་བར་མ་ལ༔ བདག་ཉིད་ཨོ་རྒྱན་མཁས་པ་པདྨ་དང་༔ འཇམ་དཔལ་ཚངས་པའི་མེ་ཏོག་རྗེ་འབངས་ཚོགས༔ ཁྱད་པར་ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་ཡུམ༔ སྤྲུལ་པའི་གང་ཟག་སྟོན་འཁོར་བཅས་པ་ཡིས༔ རྒྱུད་དང་མན་ངག་ཆོས་འཁོར་བསྐོར་བའི་ཚེ༔ གསང་སྔགས་བཀའ་ཡི་སྲུང་མ་ཐམས་ཅད་ཀྱིས༔ ཟབ་ཆོས་བསྲུང་ཞིང་རྣལ་འབྱོར་སྐྱོང་ངོ་ཞེས༔ ཇི་ལྟར་ཁས་བླངས་དམ་བཅས་མཛད་པ་བཞིན༔ མཆོད་གཏོར་བཞེས་ལ་ལས་བཞིའི་ཕྲིན་ལས་སྒྲུབས༔ ཧཱུྃ་ཧྲཱིཿ དེ་འོག་ཆེར་སྙིགས་བསྐལ་པ་ཐ་མ་ལ༔ ཨོ་རྒྱན་རྗེ་ཡིས་རྗེས་གནང་ལུང་བསྟན་ནས༔ མ་འོངས་སྙིགས་མའི་སེམས་ཅན་བརྩེར་དགོངས་ཏེ༔ གཏེར་སྟོན་བརྒྱ་རྩ་སྤྲུལ་པ་ཡང་སྤྲུལ་ལ༔ ཟབ་གསང་གཏེར་གྱི་ལུང་བྱང་འབོག་པ་དང་༔ བརྡ་ཡིག་ཤོག་སེར་གཏེར་ལ་མངའ་གསོལ་ཚེ༔ སྤྲུལ་པའི་ལས་ཅན་ལུང་རིག་གླིང་པ་ཡིས༔ དགོངས་གཏེར་ཐུགས་མཛོད་ཆོས་འཁོར་བསྐོར་བའི་དུས༔ ཆོས་མཛོད་སྲུང་མ་གསང་སྔགས་རལ་གཅིག་མ༔ སྲོག་དང་དམ་ཚིག་གཅིག་མའི་རེ་མ་ཏིས༔ བཀའ་བཞིན་རྗེས་སུ་བསྒྲུབ་པར་མ་ཆད་དམ༔ རྣལ་འབྱོར་ཚེ་བསོད་བསྲུང་བར་མ་ཆད་དམ༔ གང་བཅོལ་ཕྲིན་ལས་བསྒྲུབ་པར་མ་ཆད་དམ༔ ཅི་བཅོལ་བཀའ་ཡི་གཏོར་མ་འདི་བཞེས་ལ༔ འདོད་པའི་དོན་ཀུན་མྱུར་དུ་སྒྲུབ་པར་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་རེ་མ་ཏི་མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ ཞེས་བརྗོད་ལྟ་བའི་གདེང་བསྐྱེད་གཏོར་མ་གཤེགས༔ དགུ་པ་བསྟན་སྐྱོང་གཏོར་མ་བྱིན་གྱིས་བརླབས༔ ཧཱུྃ་ཧྲཱིཿ སྔོན་ཚེ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཞག་པའི་མ་སྲིང་ཌཱཀྐི་ནི༔ བདུད་དང་སྨན་མོ་གནོད་སྦྱིན་བུ་མོ་རྣམས༔ གངས་ཅན་ཆོས་ཀྱི་སོ་ཀ་བསྲུང་བ་དང་༔ རྟག་ཆད་ལྟ་བ་བསྟན་པའི་མུ་སྟེགས་ཚོགས༔ སྒྲོལ་བར་དམ་བཅས་ཁས་བླངས་ཇི་བཞིན་དུ༔ བཤལ་ཆུ་བདུད་རྩིའི་སྐྱེམས་བཟང་འདི་བཞེས་ལ༔ མུ་སྟེགས་ལོག་རྟོག་རྡུལ་དུ་བརླག་པ་དང་༔ སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཏ་ཏ་ཏི་ཏི་ཧྲཱིང་ཧྲཱིང་ཁཱ་ཧི༔ བཅུ་པ་བྲོ་བརྡུང་བྱ་བ་ནི༔ དགྲ་བགེགས་གཏོར་གཞོང་རི་རབ་བསམ་པའི་འོག༔ འགུག་གཞུག་རྒྱས་བཏབ་ངག་ནས་འདི་བརྗོད་དོ༔ ཧཱུྃ་ཧཱུྃ་ཧྲཱིཿ ཁྲོ་མོ་ཡུམ་གྱི་ཤེས་རབ་བྲོ༔ བདག་འཛིན་དམ་སྲིའི་མགོ་ལ་བརྡུང་༔ འོད་ཟེར་ཅན་མའི་ཐུགས་བསྐྱེད་བྲོ༔ དགྲ་བགེགས་བདུད་བཞིའི་སྙིང་ལ་བརྡུང་༔ རྣལ་འབྱོར་ལྷ་སྔགས་ཏིང་འཛིན་བྲོ༔ དགྲ་རྐུན་བགེགས་ཀྱི་སྟེང་དུ་བརྡུང་༔ དྲག་པོའི་བརྟུལ་ཞུགས་རྨད་བྱུང་བྲོ༔ ཆོས་སྲིད་དམ་སྲིི་གནོན་ཕྱིར་བརྡུང་༔ བསྐལ་པའི་བར་དུ་མ་ལྡང་ཅིག༔ མ་ར་ཡ་ནན༔ སྟྭཾ་བྷ་ཡ་ནན༔ དེ་ནས་གཏོར་གཞོང་འབྲུ་གཙང་གིས་བཀང་སྟེ༔ ཚེ་འགུགས་མཆོད་བསྟོད་ནོངས་བཤགས་སྤྱི་ལྟར་བྱ༔ བཅུ་གཅིག་དངོས་གྲུབ་ལེན་པ་ནི༔ དམ་རྫས་གཏོར་མ་གནས་ལྔར་གཏུགས༔ བདུད་རྩིའི་བཅུད་རོལ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བའི་ཡུམ་མཆོག་རྗེ་བཙུན་མ༔ འཕགས་མ་འོད་ཟེར་ཅན་མའི་ལྷ་ཚོགས་ཀྱིས༔ མི་ཤིགས་རྟག་བརྟན་མཚན་དཔེའི་རང་བཞིན་ཅན༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བརྗོད་བྲལ་རང་གདངས་ཡན་ལག་དྲུག་ཅུའི་དབྱངས༔ འགགས་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ དམིགས་བསམ་རྟོག་བྲལ་མཁྱེན་བརྩེ་ཕ་མཐའ་ཡས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་དང་༔ རྒྱལ་ཡུམ་ཁྱོད་ཀྱི་གསང་གསུམ་དབྱེར་མེད་པར༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པ་དང་༔ མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཅུ་གཅིག་པ་དགེ་བ་བསྔོ་བ་ནི༔ ཧཱུྃ་ཧྲཱིཿ བདག་གིས་ཚེ་རབས་འདི་ནས་གཞན་དག་ཏུ༔ དགེ་བའི་རྩ་བ་ཅི་དང་གང་བསགས་པ༔ འགྲོ་ཀུན་དགེ་རྩ་མ་ལུས་ཐམས་ཅད་དང་༔ གཅིག་ཏུ་བསྡུས་ཏེ་རྫོགས་བྱང་ཐོབ་ཕྱིར་བསྔོ༔ དེ་མཐུས་རྒྱལ་ཁམས་མི་ཕྱུགས་ནད་རིམས་ཞི༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས༔ རྒྱལ་བསྟན་དར་རྒྱས་བསྟན་འཛིན་ཞབས་པད་བརྟན༔ དགེ་ལེགས་ཡིད་བཞིན་འབྱུང་བའི་རྒྱུ་རུ་བསྔོ༔ བཅུ་གསུམ་མདུན་བསྐྱེད་རྟེན་ལ་བསྟིམས་པའམ༔ ཡང་ན་གཤེགས་གསོལ་བདག་བསྐྱེད་བསྡུ་རིམ་ནི༔ ཧཱུྃ་ཧྲཱིཿ བསྐྱེད་པའི་གཞལ་ཡས་སྣོད་བཅུད་འོད་དུ་ཞུ༔ ལྷ་སྐུ་སྔགས་ཕྲེང་ས་བོན་ནཱ་དར་ཡལ༔ གདོད་ནས་དག་པ་དུས་མེད་རིག་པའི་གཤིས༔ སྨྲ་བསམ་བརྗོད་བྲལ་འོད་གསལ་ཆེན་པོར་ཨཱཿ དེས་ནི་རྟག་པར་ལྟ་བའི་མཐའ་བསལ་ཞིང་༔ ཆད་མཐའ་བསལ་ཕྱིར་རང་ཉིད་དྲན་རྫོགས་སུ༔ གཉུག་མའི་ལྷ་སྐུ་འོད་ཟེར་ཅན་མ་ཡི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གྱུར༔ རྡོ་རྗེའི་གོ་ཆས་སྲུང་བའི་གུར་དུ་སྦ༔ ཨོཾ་བཛྲ་ཀཱ་ཝ་ཙི་རཀྵ་རཀྵ་མཾ༔ བཅུ་གཉིས་ཤིས་པ་བརྗོད་པ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་བློ་འདས་གདོད་མའི་ཕོ་བྲང་ནས༔ ཆོས་སྐུའི་སྟོན་པ་འཁོར་བཅས་བཀྲ་ཤིས་ཤོག༔ མ་འགགས་རང་གསལ་ངེས་པ་ལྔ་ལྡན་པ༔ ལོངས་སྐུ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག༔ གང་འདུལ་ཐུགས་རྗེའི་སྤྲུལ་པའི་རོལ་གར་ཅན༔ དུས་གསུམ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་ཀུན་སྤྱི་གཟུགས་ཁམས་གསུམ་སྐྱེ་དགུའི་མགོན༔ རིག་འཛིན་པདྨ་ཡབ་ཡུམ་བཀྲ་ཤིས་ཤོག༔ གངས་ཅན་མུན་སེལ་བསྟན་པའི་སྒྲོན་མེ་སྦར༔ ཐུགས་སྲས་རྗེ་འབངས་གྲོགས་ཀྱིས་བཀྲ་ཤིས་ཤོག༔ བྱིན་རླབས་མཆོག་རྩོལ་སྨིན་ཅིང་གྲོལ་མཛད་པའི༔ དྲིན་ཆེན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག༔ དངོས་གྲུབ་གཉིས་སྩོལ་གང་བརྩམས་དེ་ཡི་འགྲུབ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ མཚན་ཙམ་ཐོས་ཤིང་དྲན་པས་འཇིགས་ཀུན་སྐྱོབས༔ ལྷ་མོ་འོད་ཟེར་ཅན་མའི་བཀྲ་ཤིས་ཤོག༔ སྨོན་ལམ་དུས་བབས་ལས་འཕྲོ་གཏེར་ལ་དབང་༔ ཆོས་བདག་བརྒྱུད་འཛིན་སྐྱེས་བུའི་བཀྲ་ཤིས་ཤོག༔ ཡངས་པའི་རྒྱལ་ཁམས་རྫོགས་ལྡན་དཔལ་ལ་སྤྱོད༔ རྒྱལ་བསྟན་མི་ནུབ་དར་རྒྱས་བཀྲ་ཤིས་ཤོག༔ མེ་ཏོག་འཐོར་ཞིང་མཐའ་བསྡུས་མི་མངོན་བྱ༔ ཨེ་མ་ཡང་ཟབ་ཐུགས་ཀྱི་ཐིག་ལེ་ལས༔ སྙིང་པོའི་བཅུད་བསྡུས་ཨོ་རྒྱན་མཁས་པ་ཡི༔ ལས་སྐལ་ལྡན་པ་མཚོ་རྒྱལ་ལ་སོགས་པའི༔ རྗེ་འབངས་རྣམས་ལ་བརྩེ་བའི་ཐུགས་ཀྱིས་གདམས༔ མ་འོངས་དོན་ཕྱིར་དགོངས་པའི་གཏེར་རྒྱ་སྦས༔ དུས་བབ་སྐྱེས་བུའི་སྙིང་ལ་ཐོགས་མེད་ཤར༔ ཉམས་སུ་བླངས་པས་ཡིད་ཆེས་རྟགས་ཐོན་འགྱུར༔ གསང་བར་སྤྱད་པས་བར་ཆད་གཡུལ་ལས་རྒྱལ༔ བསླུ་མེད་རྩ་གསུམ་མཁའ་འགྲོས་རྗེས་སུ་གནང་༔ ལས་འཕྲོ་ལྡན་པས་འགྲོ་དོན་སྤྱོད་པར་ཤོག༔ གུ་ཧྱ༔ ཞེས་པའང་དག་སྣང་དགོངས་གཏེར་ཟབ་མོའི་ཆ་ལག་ཏུ་ཡོད་པ་སྐྱབས་རྗེ་རིན་པོ་ཆེ་པདྨའི་རྒྱལ་ཚབ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པ་དང་ལས་ལྡན་གྱི་སྐྱེས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་དམ་པ་བསྟན་འཛིན་ལྷུན་གྲུབ་རྣམ་གཉིས་ཀྱིས་བཀའི་གནང་བ་ཐོབ་པ་ལ་བསྟེན་ནས་གྲུབ་དབང་མཚོ་སྐྱེས་བླ་མའི་ཞབས་རྡུལ་སྤྱི་བོར་ཐོབ་པ་སྤྲུལ་མིང་པ་ལུང་རིག་གླིང་པས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ།།

ཡང་བཟློག་དང་དྲང་སྲོང་ཞི་ཁྲོའི་སྔགས།

༄༅།། རྩ་སྔགས་མཐར། ཡང་བཟློག་སྔགས་ནི། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ༔ མ་ནི་མ་ར་ནི་བྷྱོ༔ མ་ར་དུ་ན་བྷྱོ༔ རག་མོ་རག་ཤན་བྷྱོ༔ ཏིང་ཡ་རཀྴ་བྷྱོ་མ་ར་ཡ༔ ཡ་མ་རཱ་ཛ༔ ཀི་ལ་ཡ་བྷྱོ་བྷྱོ༔༈ དྲང་སྲོང་ཞི་བའི་སྔགས་ནི། ཨོཾ་ཏྲིཾ་དུ་ཏྲི་ན་ཏྲཾ་དུ་ཛ་ཛ༔ དྲང་སྲོང་ཁྲོ་བོའི་སྔགས། ཨོཾ་ལོག་ཏྲི་པ་ལ་ནན༔ ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙི་ཙ་ར་ཙི་ཙ་ར། བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ་རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ གནོད་བྱེད་ཙི་དུ་སོད་ཙི་དུ་སོད༔ ལུས་ཤིག་ལྷུ་རུ་གཏུབ་ཧ་ལ་པ་ཏི་ནན༔ འཁོར་བ་ཐུལ་གནོད་བྱེད་འབྱུང་པོ་ཀཱ་ཝ་ཙི་རླག་རླག༔ གནོད་བྱེད་དགྲ་བགེགས་འབྱུང་པོ་མ་རཱ་ཡ་རྦད་ནན༔ མངྒ་ལཾ།

གབ་ཐིག་གི་ཉི་མའི་འོད་ཟེར་རྒྱ་ལྷས་བྲིས་པ།

འོད་ཟེར་ཅན་མའི་གབ་ཐིག་གི་བུ་ཡིག་ཉི་མའི་འོད་ཟེར་ཞེས་བྱ་བ་བི་ཧ་རམ༔ ཨོཾ་ཨཱརྱ་མ་རི་ཙེ་ན་མ་ཡ་ཏི༔ རྒྱལ་ཀུན་སྐུ་ཡི་ལྷ་མཆོག་འཇམ་པའི་དབྱངས༔ མ་རྟོགས་ལོག་འདྲེན་འདུལ་ཕྱིར་ཁྲོ་མོའི་སྐུར༔ ཡོངས་བཞེངས་ཡ་མན་ཏ་ཀའི་སྒྲོལ་བའི་ཡུམ༔ འཕགས་མ་འོད་ཟེར་ཅན་གྱི་ལྷ་ལ་འདུད༔ དེང་འདིར་འཕགས་མའི་བསྙེན་སྒྲུབ་རྣལ་འབྱོར་མ༔ ཉེ་བར་མཁོ་བའི་སྔགས་བྱང་སྲུང་བཟློག་ཀྱི༔ གབ་ཡིག་རྡོ་རྗེའི་གོ་ཁྲབ་བུ་ཡིག་ཚུལ༔ གསལ་བྱེད་ཉི་མའི་འོད་ཟེར་འདི་རུ་སྤྲོ༔ དང་པོ་ལྷ་སོ་སོའི་སྔགས་བྱང་རྩ་བའི་ཡིག་འབྲུ་དྲུག་པའི་སྔགས༔ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ འབུམ་ཕྲག་དྲུག་གམ་ཟླ་བཞི་རྟགས་མཚན་སྦྱར༔ བསྒྲུབ་པའི་སྔགས་ལས་གཙོ་དང་འཁོར་གཉིས་ལས༔ ཐོག་མར་གཙོ་མོ་རང་གི་བསྒྲུབ་སྔགས་ནི༔ ཨོཾ་ཨཱརྱ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ འབུམ་ཕྲག་དགུ་ཡིས་མཆོག་ཐུན་དངོས་གྲུབ་ཐོབ༔ དེ་ནས་འཁོར་གྱི་ལྷ་ཚོགས་སྒྲུབ་པའི་སྔགས༔ རིགས་བཞི་འོད་ཟེར་ཅན་དང་སེམས་མ་བཞི༔ མཆོད་པའི་ལྷ་མོ་བཞི་དང་སྒོ་སྐྱོང་བཞི༔ སོ་སོར་མ་འཆོལ་འདི་བཞིན་བཟླས་པར་བསམ༔ ཨོཾ་བཛྲ་མ་རི་ཙྱཻ་ཤནྟིཾ་ཀུ་རུ་མཱུཾ་སྭཱ་ཧཱ༔ ཨོཾ་རཏྣ་མ་རི་ཙྱཻ་པུཥྚིཾ་ཀུ་རུ་མཱུཾ་སྭཱ་ཧཱ༔ ཨོཾ་པདྨ་མ་རི་ཙྱཻ་པ་ཝཾ་ཤ་ཀུ་རུ་མཱུཾ་སྭཱ་ཧཱ༔ ཨོཾ་ཀརྨ་མ་རི་ཙྱཻ་མ་ར་ཡ་ཀུ་རུ་མཱུཾ་སྭཱ་ཧཱ༔ ཞེས་རྣམས་སོ་སོར་ཁྲི་ཕྲག་དྲུག་དྲུག་བཟླས༔ ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ༔ ཨོཾ་བཛྲ་མ་མཱ་ཀི་དྲཾ༔ ཨོཾ་བཛྲ་པཉྩ་རེ་དེ་ཧེ་དེ་ཧེ་སིདྡྷི་བོ་དྷི་ལོ་ཀི་ཏ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ སོ་སོར་ཁྲི་ཕྲག་གསུམ་གསུམ་བཟླས་ལ་འབད༔ ཨོཾ་བཛྲ་ལ་སེ་ཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་མ་ལེ་ཏྲཾ་སྭཱ་ཧཱ༔ ཨོཾ་བཛྲ་དྷུ་པེ་ཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ནིརྟི་ཨཱ་སྭཱ་ཧཱ༔ གོང་བཞིན་ཁྲི་ཕྲག་གསུམ་གསུམ་བཟླས་པར་བྱ༔ ཨོཾ་བཛྲ་ཨངྐུ་ཤ་ཡ་ཛ་སྭཱ་ཧཱ༔ ཨོཾ་བཛྲ་པ་ཤ་ཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་སྥོ་ཊ་བཾ་སྭཱ་ཧཱ༔ ཨོཾ་བཛྲ་གྷནྡྷེ་ཧོ་སྭཱ་ཧཱ༔ ཁྲི་ཕྲག་རེ་རེ་བཟླས་པས་ལས་བཞི་འགྲུབ༔ བསྲུང་དང་བཟློག་པའི་དམིགས་པ་གཞུང་བཞིན་བྱ༔ ས་མ་ཡཱ༔ ༈ གཉིས་པ་སྲུང་བཟློག་ཙཀྲ་བྲི་ཐབས་ནི། ཞིང་ལྤགས་འམ་ནི་གྲོ་གར་ཟླུམ་བསྐོར་ལ༔ སྲུང་ཟློག་ཆེ་ཆུང་མཚམས་པར་མུ་ཁྱུད་བརྒྱད་བསྐོར་བའི༔ དབུས་སུ་བདུད་འདུལ་མཆོད་རྟེན་གསེར་མདོག་མཛེས། བུམ་པའི་ལྟོ་བར་ཨོཾ་ཨཱཿཧཱུྃ་གསུམ་བརྩེགས་མར་བྲིས༔ དེ་རྒྱབ་འཁོར་ལོ་རྩིབས་བཞི་དམར་སེར་གྱིས༔ ཤར་ནས་བརྩམས་ཏེ་གཡས་བསྐོར་ཚུལ་གྱི་ནི༔ ཨོཾ་བཛྲ་མ་རི་ཙྱཻ་མཱུཾ༔ ཤནྟིཾ་ཀུ་རུ་རཀྵ་རཀྵ་བྷྲུཾ༔ ལྷོར། ཨོཾ་རཏྣ་མ་རི་ཙྱཻ་མཱུཾ༔ པུཥྚིཾ་ཀུ་རུ་རཀྵ་རཀྵ་བྷྲུཾ༔ ནུབ་ཏུ། ཨོཾ་པདྨ་མ་རི་ཙྱཻ་མཱུཾ༔ པ་ཤཾ་ཀུ་རུ་རཀྵ་རཀྵ་བྷྲུཾ༔ བྱང་། ཨོཾ་ཀརྨ་མ་རི་ཙྱཻ་མཱུཾཿ མ་ར་ཡ་ཀུ་རུ་རཀྵ་རཀྵ་བྷྲུཾ༔ ཞེས་དང་། མཚམས་བཞིར་རི་རབ་མེ་དཔུང་དང་༔ ཆུ་བོ་རླུང་རི་རྩེ་མོ་ནང་བསྟན་བྲི༔ དེ་ཕྱིར་རྩིབས་བརྒྱད་དམར་པོ་ཤར་ནས་བཟུང་༔ ཨོཾ་བུདྡྷ་ལོ་ཙ་ནི་ཧཱུྃ་བཛྲ་རཀྵ་རཀྵ་བྷྲུཾ༔ ལྷོར། ཨོཾ་བཛྲ་མ་མཱ་ཀི་ཏྲཾ་རཀྵ་རཀྵ་བྷྲུཾ༔ ནུབ་ཏུ། ཨོཾ་བཛྲ་པཉྩ་རེ་དེ་ཧེ་དེ་ཧེ་སིདྡྷི་བོ་དྷཾ་ལོ་ཀ་ཏ་རཾ་པ་ཡེ་སྭཱ་ཧཱ༔ རཀྵ་རཀྵ་ཛྙཱ་བྷྲུཾ༔ བྱང་། ཨོཾ་བཛྲ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ་རཀྵ་རཀྵ་བྷྲུཾ༔ ཤར་ལྷོར། ཨོཾ་བཛྲ་པུཥྚཾ་ཧཱུྃ་སྭཱ་ཧཱ་རཀྵ་རཀྵ་བྷྲུཾ༔ ལྷོ་ནུབ་ཏུ། ཨོཾ་བཛྲ་དྷུ་པེ་ཏྲཾ་སྭཱ་ཧཱ༔ རཀྵ་རཀྵ་བྷྲུཾ༔ ནུབ་བྱང་དུ། ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿསྭཱ་ཧཱ༔ རཀྵ་རཀྵ་བྷྲུཾ༔ བྱང་ཤར་དུ། ཨོཾ་བཛྲ་མ་ལེ་ཏྲཾ་སྭཱ་ཧཱ༔ རཀྵ་རཀྵ་བྷྲུཾ༔ མཚམས་ཀྱི་ཕྱོགས་བཞིར་རྡོ་རྗེ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཤར་ལྷོ་ལ་སོགས་པའི༔ མཚམས་སུ་མེ་ཏོག་བདུག་སྤོས་མར་མེ་དང་༔ ཐོད་རྔ་ལ་སོགས་རྩེ་མོ་ནང་བསྟན་བྲི༔ བར་མཚམས་ཉི་ཟླའི་ཞགས་པས་མཛེས་པར་བྱ༔ དེ་ཕྱིར་རྩིབས་བཞི་སེར་ནག་ཤར་ངོས་སུ༔ ཨོཾ་བཛྲ་ཨངྐུ་ཤ་ཡ་ཛཿ བཛྲ་རཀྵ་རཀྵ་བྷྲུཾ༔ ལྷོ་རུ། ཨོཾ་བཛྲ་རཏྣ་པ་ཤ་ཧཱུྃ༔ བཛྲ་རཀྵ་རཀྵ་བྷྲུཾ༔ ནུབ་ཏུ། ཨོཾ་བཛྲ་སྥོ་ཌ་བཾ༔ བཛྲ་རཀྵ་རཀྵ་བྷྲུཾ༔ བྱང་། ཨོཾ་བཛྲ་གྷནྡྷེ་ཧོ༔ བཛྲ་རཀྵ་རཀྵ་བྷྲུཾ༔ མཚམས་བཞིར་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ ཉི་ཟླ་ནང་བསྟན་ཚུལ་དུ་འོ༔ དེ་རྒྱབ་མུ་ཁྱུད་ལྗང་གུར་བྱས་པ་ལ༔ ཨོཾ་ཨཱརྱ་མ་རི་ཙྱཻ་མཱུཾཿ མ་མ་ཀཱ་ཡ་ཝཀྐ་ཙིཏྟ་རཀྵ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ བདག་ཅག་དཔོན་སློབ་མི་ནོར་ལོངས་སྤྱོད་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ དེ་རྒྱབ་དབྱངས་ཡིག་གསལ་བྱེད་ལེགས་པར་བྲི༔ དེ་ལ་ལི་ཁྲི་དག་གིས་མཛེས་པར་བྱུག༔ དེ་རྒྱབ་རྡོ་ར་དེ་རྒྱབ་མེ་རི་བྲི༔རབ་གནས་ལྡན་པས་མི་མཐུན་ཕྱོགས་ལས་བསྲུང་༔ ས་མ་ཡཱ༔ ཨོཾ་མ་རི་ཙྱཻ་ད་ན་པ་ཏི་བ་སུ་མ་ཎི་སཾ་ག་ན་ར་ན་རི་གུ་རུ་པུ་ཏྲ་རཀྵ་རཀྵ་ཀུ་རུ་བྷྲུཾ་སྭཱ་ཧཱ༔ ༈ ད་ནི་བཟློག་པའི་ཙཀྲ་བྱ་བ་ནི༔ གྲུ་བཞི་རྒྱ་ཁྱོན་སྔར་དང་འདྲ་བ་ལ༔ མུ་ཁྱུད་དྲུག་བསྐོར་ལྟེ་བར་མཱུཾཿཡིག་གིས༔ ཀླད་ཀོར་ནས་བརྩམས་ཡིག་མགོ་ནང་བསྟན་གྱི༔ ཨོཾ་ཨཱརྱ་མ་རི་ཙྱཻ་མཱུཾཿ གནོད་བྱེད་བྱད་མ་དགྲ་བགེགས་ཐམས་ཅད་ཀྱི་བསམ་ངན་སྦྱོར་རྩུབ་རིག་སྔགས་ཀྱི་ནུས་པ་ཐམས་ཅད་ཕྱིར་ཟློག་ཅིག༔ དེ་རྒྱབ་རྩིབས་བཞི་མཐིང་ནག་གཡོན་བསྐོར་ཤར་ནས༔ ཨོཾ་བཛྲ་མ་རི་ཙྱཻ་མཱུཾཿ ཤར་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཕྱིར་ཟློག་ཅིག༔ ལྷོར། ཨོཾ་རཏྣ་མ་རི་ཙྱཻ་མཱུཾཿ ལྷོ་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཕྱིར་ཟློག་ཅིག༔ ནུབ་ཏུ། ཨོཾ་པདྨ་མ་རི་ཙྱཻ་མཱུཾ༔ ནུབ་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཕྱིར་ཟློག་ཅིག༔ བྱང་། ཨོཾ་ཀརྨ་མ་རི་ཙྱཻ་མཱུཾ༔ བྱང་ཕྱོགས་ཀྱི་དགྲ་བགེགས་ཐམས་ཅད་ཕྱིར་ཟློག་ཅིག༔ མུ་ཁྱུད་གསུམ་པར༔ ཨོཾ་མ་རི་ཙྱཻ་བ་ཏ་ལི་བ་ཏ་ལི་བྷ་ར་ཧ་མུ་ཁཾ་སརྦ་དུཥྚན་པྲ་དུཥྚན་གནོད་བྱེད་དགྲ་ཇག་ཆོམ་རྐུན་རྒྱལ་བསེན་ཡུལ་འདྲེ་འབྱུང་པོ་ཐམས་ཅད་ཀྱི་རིག་སྔགས་ཀྱི་ནུས་པ་ཐམས་ཅད་ཕྱིར་ཟློག་ཅིག་མ་ར་ཡ་བྷྱོ་བྷྱོ༔ ཟློག་ཟློག་བྷྱོ་ཟློག་ཅིག༔ བཞི་པར། ཨོཾ་མ་རི་ཙྱཻ་མཱུཾ་དགྲ་བགེགས་གནོད་བྱེད་འབྱུང་པོ་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བཛྲ་ད་ཧ་ད་ཧ་ཕཊ་བྷྱོ་བྷྱོ་ཟློག་ཟློག༔ ནང་པ་སངས་རྒྱས་ཕྱི་བ་མུ་སྟེགས་བར་དྲང་སྲོང་དགྲ་བགེགས་གནོད་བྱེད་བྱད་མ་ལྷ་སྲུང་དང་བཅས་པའི་བྱད་ཁ་ཟོར་ཁ་མཐུ་ཁ་ཕུར་ཁ་རིག་སྔགས་དམོད་མོ་རྦོད་གཏོང་མི་ནད་ཕྱུགས་ནད་གཞན་གྱི་བསམ་སྦྱོར་ངན་པ་ཐམས་ཅད་དགྲ་ལ་ཟློག་ཅིག༔ ལྔ་པར་འཁོར་ལོ་རྡོ་རྗེ་ནོར་བུ་པདྨ་རྒྱ་གྲམ་རལ་གྲི་ཕུར་པ་ཐོད་པའི་དབྱུག་ཏོ་མེ་དཔུང་ཉི་ཟླ་བཅས་རྩེ་ཕྱིར་བསྟན་གྱིས་བྲི་བར་བྱའོ༔ དྲུག་པ་མེ་རི་སྨུག་ནག་གིས་ཀུན་ནས་བསྐོར་བའོ༔ ཆོ་ག་ལྡན་པ་རབ་གནས་ལེགས་པར་བྱེད་ན་བཟློག་པར་མི་འགྱུར་གང་ཡང་མེད་དོ༔ དེ་དག་གི་འཁོར་ལོ་ཇི་ལྟར་བྱ་བའི་རིམ་པའོ༔ སྨྲས་པ༔ རྒྱལ་ཡུམ་ལྷ་མོ་འོད་ཟེར་ཅན་མ་ཡི༔ བུ་ཡིག་གསལ་བྱེད་ཉི་མའི་འོད་ཟེར་ཞེས༔ རྒྱལ་དབང་པདྨའི་རྒྱལ་ཚབ་ལུང་རིག་གླིང་༔ གང་གི་སྙན་བརྒྱུད་རྡོ་རྗེ་ཚིག་རྐང་ལྟར༔ རྨོངས་པ་དེ་ཝ་ཨ་ཡུ་རཀྵས་བྲིས༔ དགེ་བས་བསྟན་དགྲ་དམ་ཉམས་སྒྲོལ་ནུས་ཤོག ༔སརྦ་མངྒ་ལཾ། དགེའོ།།

ལས་བུམ་དང་མཚམས་ལྷ་བསྐྱེད་སོགས།

རང་གི་མདུན་དུ་ལས་བུམ་ཚུལ་བཞིན་བཤམས་ལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲི་ཧེ་རུ་ཀ་ཧཱུྃ་ཕཊ། མ་ཧཱ་ཀྲོ་དྷི་ཤྭ་རི་སྟྭཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རཾ་ཡཾ་ཁཾ་འཕྲོས་པས་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་ལས་བུམ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉི་ལ་ཧཱུྃ་འཕྲོ་འདུས་ཡོངས་སུ་གྱུར་པ་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུར་གྱུར། རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱས་རེག་སྟེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུན་ཌ་ལི་ཧཱུྃ། ཞེས་བརྒྱ་རྩ་བརྒྱད་བཟླས་པས། ལྷ་འོད་དུ་ཞུ་བ་ལས་ཁྲོ་བོའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། དཀར་གཏོར། རང་ཉིད་འཕགས་པ་སོགས་ཉིན་དང་པོར་སྡེ་མཆོད་མཇུག ཚངས་པ་བརྒྱ་བྱིན་སོགས། བཀའ་བསྒོ། གཉིས་པ་དངོས་གཞིའི་ལས་རིམ་ལ༔ བཀའ་བསྒོ་སྲུང་འཁོར་བསྒོམ་པ་དང་༔ ཡེ་ཤེས་བྱིན་འབེབས་མཆོད་རྫས་བརླབས༔ ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཕྱག༔ མཆོད་བསྟོད་བསྙེན་བཟླས་བཅུ་གཅིག་གོ༔ ཞེས་པའི་དང་པོ་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ སྐད་ཅིག་གཉུག་མའི་རང་རིག་རྩལ༔ རྒྱལ་ཡུམ་དཔའ་མོ་འོད་ཟེར་ཅན༔ གསེར་མདོག་གར་དགུའི་ཉམས་ལྡན་བརྗིད༔ རྒྱལ་ཀུན་མཐུ་ནུས་སྟོབས་དཔལ་འབར༔ ཨོཾ་ཨཱརྱ་མ་རཱི་ཙྱཻ་མུཾ་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་མཎྜལ་ཧཱུྃ་ཕཊ༔ ཅེས་ལྷ་ཡི་ང་རྒྱལ་བཟུང་ཞིང་བགེགས་གཏོར་རཾ་ཡཾ་ཁཾ་གིས་བསངས་སྦྱངས༔ སྟོང་པའི་ངང་ལས་རིན་པོའི་ཆེ་སྣོད་ཟབ་ཅིང་ཡངས་པར་གཏོར་མ་ཁ་དོག་དྲི་རོ་བཅུད་དང་ནུས་པ་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་འཕྲོས་པས་གང་བར་བསམ་ལ༔ ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས༔ ཨོཾ་སརྦ་བྷུ་ཏ་ཨ་ཀར་ཤ་ཡ་ཛ༔མགྲོན་བཀུག་ཅིང་༔ ཨོཾ་སརྦ་བིགྷྣཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་བ་ལིངྟ་ཡེ་སྭཱ་ཧཱ༔ ལན་གསུམ་གྱིས་ཚིམ་པར་བསྔོས་ལ༔ མཚམས་ལྷ་བསྐྱེད་པ་ནི༔ ཨོཾ་མ་ཧཱ་རུ་ཏྲ་མ་རི་ཙྱཻ་ཨཏྨ་ཀོ྅་ཧཾ༔ རང་ཉིད་སྐད་ཅིག་གིས་རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན་མ་སྐུ་མདོག་དམར་པོ་འཇིགས་སུ་རུང་བ་ཞལ་གཅིག་ཁྲོ་མོའི་བཞིན་གཟུགས་དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ་ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་བཞི་གངས་རི་ལྟར་གཙིགས་པ༔ ཕྱག་གཉིས་ཉི་ཟླའི་ཆ་ལང་རྡེབ་པ༔ ཞབས་གཉིས་པད་ཉི་དགྲ་བགེགས་ཀྱི་སྟེང་ན་འགྱིང་བ༔ སྐུ་ལ་རུས་རྒྱན་སྟག་ཤམ་སོགས་འཆོལ་བའི་ཆས་ཅན༔ བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་རང་སྣང་གི་དཔའ་བོའི་ཡབ་དང་སྦྱོར་བའི་སྐུར་གྱུར༔ ཧཱུྃ༔ ང་ནི་རྒྱལ་ཡུམ་སོགས། བགེགས་ཚོགས་ལོག་པར་འདྲེན་པའི་གདུག་པ་ཅན་བསྙེན་སྒྲུབ་ལས་གསུམ་གྱི་མཐོང་ཐོས་མི་བཟོད་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མི་གནས་པར་གཞན་དུ་དེངས་ཤིག༔ གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་བརྡེག༔ རྒྱས་པར་ལས་བྱང་ལྟར་རོ༔ བསྡུ་ན༔ ཧཱུྃ་ཧྲཱིཿ ཕྱི་མཆོད་སྣང་སྲིད་འདོད་ཡོན་ལྔ༔ ནང་མཆོད་སྦྱོར་སྒྲོལ་སྨན་རཀ་གཏོར༔ གསང་མཆོད་ཆོས་ཉིད་གཉུག་མའི་ངང་༔ འཕགས་མའི་གསང་གསུམ་མཉེས་གྱུར་ཅིག༔ མ་ཧཱ་པཉྩ་པུ་ཛ་ཧོ༔ བསྟོད་པ་ནི༔ ཨེ་མ་ཧོ༔ སྐད་ཅིག་ཡིད་ལ་དྲན་པས་ཀྱང་༔ ཉོན་མོངས་ཉེས་ཕོངས་མ་ལུས་འཇོམས༔ བདེ་ཆེན་ཡེ་ཤེས་སྣང་བ་སྩོལ༔ རྒྱལ་ཡུམ་འོད་ཟེར་ཅན་མར་བསྟོད༔ དངོས་གྲུབ་བླང་བ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བའི་ཡུམ་མཆོག་རྗེ་བཙུན་མ༔ འཕགས་མ་འོད་ཟེར་ཅན་མའི་ལྷ་ཚོགས་ཀྱིས༔ མི་ཤིགས་རྟག་བརྟན་མཚན་དཔེའི་རང་བཞིན་ཅན༔ འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བརྗོད་བྲལ་རང་གདངས་ཡན་ལག་དྲུག་ཅུའི་དབྱངས༔ འགགས་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ༔ དམིགས་བསམ་རྟོག་བྲལ་མཁྱེན་བརྩེ་ཕ་མཐའ་ཡས༔ འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རྣལ་འབྱོར་བདག་གི་ལུས་ངག་ཡིད་གསུམ་དང་༔ རྒྱལ་ཡུམ་ཁྱེད་ཀྱི་གསང་གསུམ་དབྱེར་མེད་པར༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པ་དང་༔ མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སོ། །དགེའོ།།

མཆོད་བསྟོད་ནོང་བཤགས་རྒྱ་སྤྲུལ་གསུམ་པས་མཛད་པ།

ཨོཾ་ཨརྱ་མ་རི་ཙྱཻ་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ༔ བསྟོད་པ་ནི༔ ཧོ༔ གཞི་དབྱིངས་སྤྲོས་བྲལ་ཆོས་སྐུའི་མཁའ་འགྲོ་མས༔ སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་སྟོན་ཅིང་༔ འགྱུར་མེད་སྐུ་ཡི་མཁའ་འགྲོ་གར་མཛད་མ༔ འགགས་མེད་གསུང་གི་མཁའ་འགྲོས་བརྡ་གླུ་ལེན༔ འཁྲུལ་མེད་ཐུགས་ཀྱིས་མཁའ་འགྲོས་བརྡ་མཛོད་རྡོལ༔ དབྱེར་མེད་མཁའ་འགྲོའི་སྐུ་གསུང་ཐུགས་ཡོན་དང་༔ དཀྱིལ་འཁོར་ཡོངས་རྫོགས་མཁའ་འགྲོའི་ལྷ་ལ་བསྟོད༔ ནོངས་བཤགས་ནི༔ ཧཱུྃ་ཧྲཱིཿ རྒྱལ་ཡུམ་འོད་ཟེར་ཅན་མའི་དཀྱིལ་འཁོར་དུ༔ དགྲ་གཉེན་ཕྱོགས་རིས་ཞེན་པའི་དམིགས་འཛིན་དང་༔ ཏིང་འཛིན་བྱིང་རྨུགས་འཐིབ་གཉིད་རྒོད་པ་དང་༔ གསང་སྔགས་བཟླས་བརྗོད་མ་ཚང་གཡེང་བ་སོགས༔ བརྗོད་མེད་ཤེས་རབ་ཡུམ་གྱི་ཀློང་དུ་ཨཱ༔ ཨོཾ་བཛྲ་སཏྭ་སོགས་ལན་གསུམ། ཞེས་པ་འདི་འོད་ཟེར་ཅན་མའི་སྒྲུབ་དཀྱིལ་དུ་འཇུག་སྐབས་བསླབ་གསུམ་ལྡན་པའི་མཆེད་པོ་ཐུབ་བསྟན་གཞན་ཕན་ཟླ་བའི་འོད་ཟེར་དང་ཐུབ་བསྟན་བློ་གྲོས་བཟང་པོ་གཉིས་ནས་བསྐུལ་བ་དང་གཞན་ཡང་རྨི་ལྟས་བཟང་པོ་སོགས་ལ་རྐྱེན་བྱས་ནས་ཤཱཀྱའི་དགེ་ཚུལ་ཐུབ་བསྟན་ངག་དབང་གྲགས་པས་དགེ་འདུན་བཅུ་ཕྲག་ལྔའི་ཚོགས་དབུས་སུ་སྦྱར་བའོ།། དགེའོ།། དགེའོ།། དགེའོ།། སརྦ་མངྒ་ལཾ།།

ཚེ་འགུགས།

༄༅། མདའ་དར་གཡབ་ཅིང་། ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་གསུམ་བདག་ཉིད་དབྱིངས་ནས་བཞེངས༔ སྣང་སྲིད་ཀུན་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ཧཱུྃ༔ ཁྲག་གི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ མཱ་མ་ཀཱི་ཡིས་ཚེ་སྩོལ་ཅིག༔ མི་འགྱུར་མི་ཤིགས་བརྟན་པར་མཛོད༔ ཤ་ཡི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་ས་ཡི་བཅུད་བསྡུས་ལ༔ སངས་རྒྱས་སྤྱན་མས་ཚེ་སྩོལ་ཅིག༔ མི་འགྱུར་མི་ཤིགས་བརྟན་པར་ཤོག༔ དྲོད་ཀྱི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ གོས་དཀར་མོ་ཡི་ཚེ་སྩོལ་ཅིག༔ མི་འགྱུར་མི་ཤིགས་བརྟན་པར་ཤོག༔ དབུགས་ཀྱི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་རླུང་གི་བཅུད་བསྡུས་ལ༔ དམ་ཚིག་སྒྲོལ་མས་ཚེ་སྩོལ་ཅིག༔ མི་འགྱུར་མི་ཤིགས་བརྟན་པར་ཤོག༔ སེམས་ཀྱི་ཁམས་ནས་ཚེ་ཉམས་ན༔ འབྱུང་བ་ནམ་མཁའི་བཅུད་བསྡུས་ལ༔ དབྱིངས་ཕྱུག་མ་ཡིས་ཚེ་སྩོལ་ཅིག༔ མི་འགྱུར་མི་ཤིགས་བརྟན་པར་ཤོག༔ ཤར་ཀྱི་ཚེ་བདག་ལཱ་སྱ་མ༔ དཀར་མོ་ཚེ་ཡི་བུམ་པ་འཛིན༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ལྷོ་ཡི་ཚེ་བདག་མ་ལྱེ་མ༔ སྔོན་མོ་ཚེ་ཡི་བུམ་པ་འཛིན༔ གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ནུབ་ཀྱི་ཚེ་བདག་གིརྟི་མ༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ ཀླུ་དབང་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ བྱང་གི་ཚེ་བདག་ནིརྟི་མ༔ ལྗང་གུ་ཚེ་ཡི་བུམ་པ་འཛིན༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ཤར་ལྷོའི་ཚེ་བདག་དྷུཔྤེ་མ༔ དཀར་མོ་ཚེ་ཡི་བུམ་པ་འཛིན༔ མེ་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ལྷོ་ནུབ་ཚེ་བདག་པུཥྤེ་མ༔ སེར་མོ་ཚེ་ཡི་བུམ་པ་འཛིན༔ སྲིན་པོའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ ནུབ་བྱང་ཚེ་བདག་ཨཱ་ལོ་ཀེ༔ དམར་མོ་ཚེ་ཡི་བུམ་པ་འཛིན༔ རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔ བྱང་ཤར་ཚེ་བདག་གྷནྡྷེ་མ༔ ལྗང་གུ་ཚེ་ཡི་བུམ་པ་འཛིན༔ དབང་ལྡན་ལག་ནས་ཚེ་ཁུག་ལ༔ དེར་འདིར་སྒྲུབ་མཆོག་རྣམས་ལ་སྩོལ༔

བརྒྱུད་འདེབས་བསྡུས་པ་ལོག་འདྲེན་བརླག་མཛད་རྒྱ་ལྷས་མཛད་པ།

༄༅། འོད་ཟེར་ཅན་མའི་བརྒྱུད་འདེབས་བསྡུས་པ་ལོག་འདྲེན་བརླག་མཛད་བཞུགས། ཨེ་མ་ཧོ། རྡུལ་བྲལ་སྟོན་པ་མཉམ་མེད་མཚོན་ཆའི་སྡེ། །དུས་དགྲའི་གཤེད་གྱུར་འཇམ་དཔལ་གཤིན་རྗེའི་གཤེད། །དེ་ཡི་སྦྱོར་ཡུམ་ཨཱརྱ་མ་རི་ཙྱཻ། །གསོལ་བ་འདེབས་སོ་དགྲ་སྡེའི་སྦྱོར་ངན་ཤིགས། །དྲག་སྔགས་བཀའ་བབས་ཤནྟིཾ་གརྦྷ་རྗེ། །བྷོ་ཊའི་རྒྱན་གཅིག་བྱང་ཆུབ་རྡོ་རྗེའི་ཞབས། །རྒྱལ་བའི་གདུང་འཚོབ་ལུང་རིག་གླིང་པ་ལ། ། གསོལ་བ་འདེབས་སོ་དགྲ་སྡེའི་སྦྱོར་ངན་ཤིགས། །དེ་ལྟར་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །མ་རིག་རྒྱུ་ལས་བྱུང་བའི་དགྲ་སྡེའི་དཔུང་། །ཤེས་རབ་རིག་པའི་མཚོན་འཁོར་གྱིས་གཞོམས་ཏེ། །རང་བྱུང་གདོད་མའི་རྒྱལ་སྲིད་ལ་དབང་ཤོག །ཅེས་པའི་བརྒྱུད་འདེབས་ཉུང་བསྡུས་འདི། །རང་ལ་ཉེར་མཁོའི་དུས་བྱུང་ཚེ། །རྨོངས་པ་དེ་ཝའི་མིང་གིས་བྲིས། །ཉེས་མཆིས་ལྷ་ལ་བཟོད་པར་གསོལ། །དགེ་བས་འགྲོ་རྣམས་སངས་རྒྱས་ཤོག །སརྦ་མངྒ་ལཾ། །དགེའོ། །དགེའོ། །དགེའོ།།

རྒྱུན་ཁྱེར་བསྡུས་པ་ཉི་ཟླའི་ཞགས་པ།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ཟབ་མོ་ལས༔ རྒྱུན་ཁྱེར་བསྡུས་པ་ཉི་ཟླའི་ཞགས་པ་བཞུགས་སོ༔

དྲན་པ་ཙམ་གྱིས་དགྲ་སྡེའི་དཔུང་༔ འཇོམས་མཛད་འོད་ཟེར་ཅན་མར་འདུད༔ དེ་ཡི་རྒྱུན་ཁྱེར་ཡང་ཟབ་ནི༔ སྐལ་ལྡན་དོན་དུ་འདི་རུ་བཀོད༔ ས་མ་ཡཱ༔ ལྷ་མོ་འོད་ཟེར་ཅན་མ་ལ༔ བརྩོན་པའི་སེམས་ཀྱིས་སྒྲུབ་འདོད་པ༔ སྤྲོས་པ་མེད་པའི་གང་ཟག་གི༔ རྒྱུན་ཁྱེར་ཟབ་མོ་འདི་ཉིད་ལ༔ སྦྱོར་དངོས་རྗེས་དང་རྣམ་པ་གསུམ༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་དང་༔ ཡན་ལག་བཅུ་པས་ཚོགས་གཉིས་བསགས༔ གཉིས་པ་ལྷ་བསྐྱེད་སྤྱན་དྲངས་དང་༔ བཞུགས་གསོལ་ཕྱག་འཚལ་མཆོད་བསྟོད་བཟླས༔ རྗེས་ལ་བསྡུ་རིམ་བསྔོ་སྨོན་དང་༔ ཤིས་པ་བརྗོད་པས་མཐའ་བརྒྱན་ནོ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བདག་སོགས་འགྲོ་བ་མ་ལུས་ཀུན༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ དཀོན་མཆོག་གསུམ་གྱི་རང་བཞིན་ཅན༔ འོད་ཟེར་ཅན་མར་སྐྱབས་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ འགྲོ་རྣམས་སྲིད་མཚོ་ལས་སྒྲོལ་ཕྱིར༔ འཕགས་མ་འོད་ཟེར་ཅན་མ་ཡི༔ བསྐྱེད་རྫོགས་བསྒོམ་བཟླས་ཉམས་བླངས་ནས༔ རྩེ་གཅིག་བརྩོན་པར་དམ་བཅའ་འོ༔ གསུམ་པ་ཡན་ལག་བཅུ་པ་ནི༔ ཧོ༔ རྒྱལ་ཀུན་བསྐྱེད་ཡུམ་འོད་ཟེར་ཅན༔ མདུན་གྱི་ནམ་མཁར་གཤེགས་ཤིང་བཞུགས༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ གུས་པས་ཕྱག་འཚལ་ཕྱི་ནང་གི༔ མཆོད་སྤྲིན་བསམ་ལས་འདས་པས་མཆོད༔ སྒོ་གསུམ་དམ་སྡོམ་ཉམས་པ་བཤགས༔ སྐྱེ་འཕགས་དགེ་ལ་ཡིད་རབ་སྤྲོ༔ བླ་མེད་གསང་ཆེན་ཆོས་འཁོར་བསྐོར༔ འགྲོ་མགོན་རྟག་པར་བཞུགས་གསོལ་འདེབས༔ དགེ་ཚོགས་མཁའ་ཁྱབ་འགྲོ་བ་ཀུན༔ བླ་མེད་བྱང་ཆུབ་ཐོབ་པར་བསྔོ༔ དེ་ཡིས་སྦྱོར་བའི་ལས་རྣམས་རྫོགས༔ ས་མ་ཡཱ༔ གཉིས་པ་དངོས་གཞི་རྣམ་གྲངས་བདུན༔ དང་པོ་ལྷ་བསྐྱེད་རིམ་པ་ནི༔ ཨཱ༔ ཆོས་ཀུན་རང་བཞིན་སྟོང་པའི་ངང་༔ རང་སེམས་མཱུཾཿཡིག་གསེར་མདོག་ལས༔ འོད་འཕྲོས་ཕྱི་སྣོད་དག་པའི་ཞིང་༔ ནང་བཅུད་དཔའ་བོ་མཁའ་འགྲོའི་གྲོང་༔ མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས༔ པད་ཉི་བདུད་དགྲ་བསྣོལ་མའི་ཁྲིར༔ སྐད་ཅིག་དྲན་རྫོགས་འཕགས་མ་ནི༔ འོད་ཟེར་ཅན་མ་གསེར་མདོག་མཛེས༔ ཞི་འཛུམ་ཡུད་ཙམ་ཁྲོས་པའི་ཉམས༔ སྟོད་གཡོགས་སྔོན་པོ་ཨཾ་རག་དཀར༔ དམར་སེར་དབུ་སྐྲ་ཐོད་པས་བཅིངས༔ ཕྱག་གཉིས་ཉི་ཟླ་ཆ་ལང་རྡེབ༔ ཞབས་གཉིས་དོར་སྟབས་རིགས་ཀྱི་བདག༔ རྣམ་པར་སྣང་མཛད་དབུ་རྒྱན་ཅན༔ ཕྱོགས་བཞིར་ལས་བཞིའི་ཕྲིན་ལས་བདག༔ དགྲ་སྡེ་འབྱུང་བ་ཆེན་པོ་བཞིས༔ བརླག་མཛད་རིགས་བཞི་ཕྱོགས་ཀྱི་མདོག༔ གཞན་ཡང་སྤྲུལ་པ་ཡང་སྤྲུལ་བཅས༔ དངོས་མེད་མཁའ་ལ་སྒྱུ་མའི་སྤྲིན༔ སྣ་ཚོགས་སྤྲོ་བསྡུ་གནས་གསུམ་ལས༔ ཡིག་འབྲུའི་འོད་ཀྱིས་རྒྱལ་བ་ཀུན༔ བདུད་དགྲ་འོད་ཟེར་ཅན་མ་ཡི༔ རྣམ་པར་མདུན་མཁར་སྤྱན་དྲངས་གྱུར༔ གཉིས་པ་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ༔ རབ་འབྱམས་རྒྱལ་ཀུན་ཐུགས་རྗེའི་འཕྲུལ༔ དྲན་པ་ཙམ་གྱིས་བདུད་སྡེའི་དཔུང་༔ འཇོམས་མཛད་དཔའ་མོ་འོད་ཟེར་ཅན༔ འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་རི་ཙྱཻ་ས་པ་རི་ཝ་ར་བཛྲ་ས་མ་ཡཱ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ལྷར་སྣང་བདེན་མེད་སྒྱུ་མའི་འཕྲུལ༔ དབྱིངས་ནས་སྤྱན་དྲངས་དོན་དམ་ལྷ༔ འཕོ་མེད་རྟག་ཁྱབ་ལྷུན་གྲུབ་ཏུ༔ བྱང་ཆུབ་བར་དུ་བརྟན་པར་བཞུགས༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་གུས་པས་ཕྱག་འཚལ་བ་ནི༔ ཧོ༔ སྐྱེ་མེད་ཤེས་རབ་དབྱིངས་ཀྱི་ཡུམ༔ འགགས་མེད་གཟུགས་སྐུའི་རྣམ་པར་ཤར༔ རྩོལ་མེད་ཐུགས་རྗེའི་བདག་ཉིད་ཅན༔ ལྷ་མོ་འོད་ཟེར་ཅན་མར་འདུད༔ ན་མོ་ན་མ་ཡ་དྷི༔ ལྔ་པ་མཆོད་ཚོགས་འབུལ་བ་ནི༔ ཧོ༔ ཕྱི་མཆོད་སྲིད་པའི་འདོད་ཡོན་ལྔ༔ ནང་མཆོད་སྦྱོར་སྒྲོལ་སྨན་རཀ་གཏོར༔ གསང་མཆོད་ཆོས་ཉིད་གཉུག་མའི་ངང་༔ འཕགས་མའི་གསང་གསུམ་མཉེས་གྱུར་ཅིག༔ མ་ཧཱ་སརྦ་པུ་ཛ་ཧོ༔ དྲུག་པ་གསང་གསུམ་བསྟོད་པ་ནི༔ ཨེ་མ་ཧོ༔ སྐད་ཅིག་ཡིད་ལ་དྲན་པས་ཀྱང་༔ ཉོན་མོངས་ཉེས་ཕོངས་མ་ལུས་འཇོམས༔ བདེ་ཆེན་ཡེ་ཤེས་སྣང་བ་སྩོལ༔ རྒྱལ་ཡུམ་འོད་ཟེར་ཅན་མར་བསྟོད༔ ཉི་མ་ཟླ་བའི་མདུན་ནས་འགྲོ༔ འོད་ཀྱིས་སྲིད་གསུམ་སྣང་བས་འགེངས༔ སུས་ཀྱང་རྒོལ་བར་མི་ནུས་པའི༔ ཕྱོགས་ལས་རྣམ་རྒྱལ་ཆེན་པོར་བསྟོད༔ བདུན་པ་བཟླས་པ་བྱ་བ་ནི༔ རང་ཉིད་འོད་ཟེར་ཅན་མ་ཡི༔ ཐུགས་ཀར་ཉི་སྟེང་མཱུཾ་ཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་ནུས་བསྡུས༔ དུས་གསུམ་དགྲ་སྡེ་ཚར་བཅད་ནས༔ ཚེ་བསོད་སྟོབས་ནུས་རང་ལ་བསྡུས༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེ༔ རྣམ་རྒྱལ་དཔའ་མོ་ཆེན་པོར་བསམ༔ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ རྩ་སྔགས་འབྲུ་དྲུག་འབྲུ་འབུམ་བཟླ༔ སྒྲུབ་སྔགས་ནི༔ ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ ལས་སྦྱོར་སྔགས་ནི་འདི་བཞིན་ནོ༔ ཨོཾ་མ་རི་ཙྱཻ་བ་ད་ལི་བ་ད་ལི་བྷ་ར་ཧ་མུ་ཁི༔ སརྦ་དུཥྚན་པྲ་དུཥྚན་དགྲ་སྡེའི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ སྒྲུབ་སྔགས་འབུམ་ལ་ལས་སྦྱོར་ཁྲི༔ སངས་རྒྱས་བྱང་སེམས་ཞལ་མཇལ་དང་༔ རྨི་ལམ་ཉི་ཟླའི་གདན་ལ་འདུག༔ བུད་མེད་མཛེས་མས་ཟས་གོས་སྦྱིན༔ ཉམས་དགའ་བག་སྤྲོ་རྟགས་འབྱུང་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་བསྡུ་རིམ་བྱ་བ་ནི༔ ཧཱུྃ༔ སྣང་བ་ལྷ་ཡི་ཆོ་འཕྲུལ་ཀུན༔ སྟོང་གསལ་སེམས་ཀྱི་དབྱིངས་སུ་བསྡུ༔ རང་བཞིན་མེད་ལ་བསལ་བཞག་དང་༔ འགྲོ་འོང་གཉིས་མེད་ཀློང་དུ་ཨཱ༔ དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧོ༔ བདག་གི་དུས་གསུམ་རྣམ་དཀར་དགེ༔ འགྲོ་ཀུན་སངས་རྒྱས་ཐོབ་པར་བསྔོ༔ དེ་མཐུས་ལྷ་མོ་འོད་ཟེར་ཅན༔ ཚེ་འདིར་འགྲུབ་པའི་རྒྱུ་རུ་སྨོན༔ ཤིས་བརྗོད་མཐའ་རྒྱན་བྱ་བ་ནི༔ ཨེ་མ་ཧོ༔ གྲངས་མེད་གོང་ནས་ཐུགས་བསྐྱེད་མཐུས༔ བསྐལ་མང་བྱང་ཆུབ་སྤྱོད་པ་སྤྱད༔ དྲན་པ་ཙམ་གྱིས་བདུད་དཔུང་འཇོམས༔ འོད་ཟེར་ཅན་མའི་བཀྲ་ཤིས་ཤོག༔ བརྟན་གཡོའི་ཁམས་ཀུན་བདེ་ཞིང་སྐྱིད༔ རྒྱལ་བསྟན་མི་ནུབ་དར་ཞིང་རྒྱས༔ བསྟན་འཛིན་ཞབས་བརྟན་མཛད་ཕྲིན་རྒྱས༔ ཅི་བསམ་འགྲུབ་པའི་ཤིས་པ་སྩོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་འོད་ཟེར་ཅན་མ་ཡི༔ རྒྱུན་ཁྱེར་ཡང་ཟབ་གཏམས་པ་འདིས༔ གང་འབྲེལ་བར་ཆད་བདུད་ལས་རྒྱལ༔ འགྲོ་དོན་བསྟན་པ་མཐའ་རྒྱས་ཤོག༔ དགེའོ།།

བསྐང་བཤགས་ཉེས་ལྟུང་ཀུན་བྱང་།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ལས༔ བསྐང་བཤགས་ཉེས་ལྟུང་ཀུན་བྱང་ཞེས་བྱ་བ་བཞུགས་སོ༔

རྒྱལ་ཡུམ་དཔའ་མོའི་ཞབས་ལ་འདུད༔ རྣལ་འབྱོར་བར་ཆད་སེལ་བའི་མཆོག༔ འོད་ཟེར་ཅན་མ་སྒྲུབ་པའི་ཚེ༔ བསྐང་བཤགས་ཉེས་ལྟུང་ཀུན་བྱང་འདི༔ བརྩོན་པས་ཉམས་སུ་བླང་བར་གྱིས༔ ས་མ་ཡཱ༔ དེ་ཡང་ཆོས་མཐུན་གང་ཟག་ལ༔ སྔོན་ལས་ངན་པའི་རྒྱུ་འབྲས་སམ༔ གློ་བུར་དགྲ་དང་བགེགས་ཀྱིས་འཚེ༔ རྨི་ལམ་བཀྲ་ལྟས་ངན་པ་འམ༔ ཉམས་གྲིབ་གསོ་འམ་བྱང་དགོས་ན༔ རྩ་གསུམ་སྤྱི་དང་འོད་ཟེར་ཅན༔ སྙིགས་དུས་སྐྱོབས་པའི་ལྷར་ངེས་པས༔ བསྙེན་སྒྲུབ་ཚོགས་བསྐང་བཤགས་པར་འབད༔ དེས་ནི་སྐྱོན་སེལ་བདེ་ལེགས་འབྱུང་༔ དཀྱིལ་འཁོར་སྒྲུབ་རྫས་རང་གཞུང་བཞིན༔ སླ་ཆོས་དེས་ཆོག་མི་བྱ་བར༔ བཀོད་ལེགས་བཤམས་ཤིང་བསྙེན་སྒྲུབ་བརྩམས༔ མཆོད་པ་ནོངས་བཤགས་ཚོགས་རྫས་བཀྲམ༔ བྱིན་རླབས་བསངས་སྦྱངས་ཚོགས་ཕུད་འབུལ༔ བསྐང་རྫས་དངོས་བཤམས་ཡིད་ལས་སྤྲུལ༔ འབྲུ་གསུམ་ནམ་མཁའ་མཛོད་ཀྱི་སྔགས་༔ ལན་གསུམ་བརྗོད་པས་སྦྱངས་སྤེལ་བསྒྱུར༔ སྤོས་རོལ་དབྱངས་དང་གདུང་ཤུགས་ཀྱིས༔ སྤྱན་དྲངས་བསྐང་བཤགས་འདི་བཞིན་བྱ༔ ཧཱུྃ་ཧྲཱིཿ རང་བཞིན་སྐུ་གསུམ་དག་པའི་ཕོ་བྲང་ནས༔ བརྒྱུད་གསུམ་རིག་འཛིན་བླ་མ་གནས་འདིར་གཤེགས༔ སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་ཅིང་བསྟོད༔ ཉམས་ཆག་ཉེས་ལྟུང་སྒྲིབ་པ་ཀུན་བྱང་ནས༔ བདག་ལ་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ༔ སྔོན་ཚེ་ཐུགས་བསྐྱེད་སྨོན་ལམ་མཐར་ཕྱིན་མཐུས༔ སྙིགས་དུས་འགྲོ་བའི་ནད་མཚོན་མུ་གེ་ལས༔ སྐྱོབས་མཛད་དཔའ་མོ་འོད་ཟེར་ཅན་གྱི་ལྷ༔ རིགས་བཞིའི་ཡུམ་དང་སེམས་མ་མཆོད་འབུལ་བའི༔ རྡོ་རྗེའི་ལྷ་མོ་སྒོ་སྲུང་ཆེན་པོ་བཞི༔ སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས༔ ཐུགས་དམ་ཐུགས་རྗེས་དབང་གིས་གནས་འདིར་གཤེགས༔ རང་མཐུན་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྐྱེ་འགག་འགྱུར་མེད་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྫོགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་ཧྲཱིཿ རང་བྱུང་སྐྱེ་མེད་ཆོས་སྐུའི་མཁའ་ཀློང་ནས༔ རང་གསལ་འགགས་མེད་གཟུགས་སྐུའི་རོལ་གར་སྟོན༔ རང་ཤར་དམིགས་མེད་ཐུགས་རྗེའི་མངའ་བདག་མཆོག༔ རྒྱལ་ཡུམ་འོད་ཟེར་ཅན་མའི་ཐུགས་དམ་བསྐང་༔ རྣམ་ཤེས་རྣམ་དག་མེ་ལོང་ཡེ་ཤེས་འཕྲུལ༔ ཞེ་སྡང་དགྲ་གདོན་ས་འོག་གནོན་མཛད་པའི༔ ཞི་བའི་ལས་མཛད་དཔའ་བའི་འོད་སྟོང་འཕྲོ༔ ཞི་མཛད་འོད་ཟེར་ཅན་མའི་ཐུགས་དམ་བསྐང་༔ ཚོར་བ་རྣམ་དག་མཉམ་ཉིད་ཡེ་ཤེས་འཕྲུལ༔ ང་རྒྱལ་དགྲ་གདོན་དབྱིངས་སུ་སྲེག་མཛད་མ༔ རྒྱས་པའི་ལས་མཛད་ཁྲོས་པའི་ཉམས་བརྒྱ་འབར༔ རྒྱས་མཛད་འོད་ཟེར་ཅན་མའི་ཐུགས་དམ་བསྐང་༔ འདུ་ཤེས་དབྱིངས་གྲོལ་ཀུན་རྟོག་ཡེ་ཤེས་འཕྲུལ༔ འདོད་ཆགས་དགྲ་གདོན་སྐྱེ་མེད་ཀློང་དུ་འཁྲུད༔ དབང་གི་ལས་མཛད་ཆགས་པའི་སྒེག་ཉམས་སྟོན༔ དབང་མཛད་འོད་ཟེར་ཅན་མའི་ཐུགས་དམ་བསྐང་༔ འདུ་ཤེས་རང་དག་བྱ་གྲུབ་ཡེ་ཤེས་སྐུ༔ ཕྲག་དོག་དགྲ་གདོན་བྱར་མེད་རླུང་གིས་གཏོར༔ དྲག་པོའི་ལས་མཛད་རྔམ་པའི་ང་རོ་རྒོད༔ དྲག་ཤུལ་འོད་ཟེར་ཅན་མའི་ཐུགས་དམ་བསྐང་༔ རྡོ་རྗེ་རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན༔ འགྱུར་མེད་རྡོ་རྗེའི་ཐུགས་ལ་མངའ་བརྙེས་པས༔ དམིགས་མེད་ཆོས་དབྱིངས་ཀློང་དུ་དགྲ་བགེགས་སྒྲོལ༔ ཐུགས་མཆོག་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ རིན་ཆེན་རིགས་ཀྱི་ཡུམ་མཆོག་མ་མཱ་ཀི༔ མི་ཟད་ཡོན་ཏན་གཏེར་ལ་མངའ་བརྙེས་པས༔ སྣ་ཚོགས་ཤེས་བྱའི་རྩལ་གྱི་དགྲ་བགེགས་གཞོམ༔ ཡོན་ཏན་རིན་ཆེན་སེམས་མའི་ཐུགས་དམ་བསྐང་༔ པདྨ་རིགས་ཀྱི་ཡུམ་མཆོག་གོས་དཀར་མོ༔ འགགས་མེད་རྡོ་རྗེའི་གསུང་ལ་མངའ་བརྙེས་པས༔ གྲགས་སྟོང་བརྗོད་མེད་སྔགས་ཀྱིས་དགྲ་གདོན་འདུལ༔ གསུང་མཆོག་པདྨ་སེམས་མའི་ཐུགས་དམ་བསྐང་༔ ལས་རབས་རིགས་ཀྱི་ཡུམ་མཆོག་དམ་ཚིག་སྒྲོལ༔ སྣ་ཚོགས་འགྲོ་འདུལ་ཕྲིན་ལས་མངའ་བརྙེས་པས༔ ཐབས་མཁས་མཛད་པས་དགྲ་གདོན་སྤ་བཀོང་མཛད༔ ཕྲིན་ལས་ཀརྨ་སེམས་མའི་ཐུགས་དམ་བསྐང་༔ རྒྱལ་ཀུན་དགྱེས་པ་བསྐྱེད་མཛད་ལྷ་མོའི་ཚུལ༔ སྣ་ཚོགས་མཆོད་པའི་ཡོ་བྱད་མངའ་བརྙེས་པས༔ དགྲ་གདོན་ལོངས་སྤྱོད་དཀྱིལ་འཁོར་རྫས་སུ་གྱུར༔ མཆོད་པའི་ལྷ་མོ་བཞི་ཡི་ཐུགས་དམ་བསྐང་༔ ཐུགས་རྗེའི་ལྕགས་ཀྱུས་དགྲ་གདོན་གནས་ནས་འདྲེན༔ བྱམས་པའི་ཞགས་པས་བདེ་ཆེན་ཞིང་དུ་འཆིང་༔ དགའ་བའི་ལྕགས་སྒྲོག་སྐུ་གསུམ་ཀློང་དུ་སྡོམ༔ བཏང་སྙོམས་དྲིལ་བུས་མཉམ་ཉིད་དོན་ལ་སྦྱོར༔ སྒོ་སྲུང་ཁྲོ་མོ་བཞི་ཡི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་དབང་པོ་དྲུག་ལ་ཉེར་སྤྱོད་རྫས༔ ནང་མཆོད་དམ་རྫས་སྨན་གཏོར་རུ་དྷི་ར༔ གསང་མཆོད་སྦྱོར་སྒྲོལ་ཆོས་དབྱིངས་རིག་པའི་གཤིས༔ འཁོར་འདས་མཉམ་ཉིད་ལྟ་བའི་ཀློང་དུ་བསྐང་༔ ཡེངས་མེད་འཛིན་བྲལ་སྒོམ་པའི་ཀློང་དུ་བསྐང་༔ སྒྱུ་མའི་ཆོ་འཕྲུལ་སྤྱོད་པའི་ངང་དུ་བསྐང་༔ རེ་དོགས་དམིགས་མེད་འབྲས་བུ་ཀློང་དུ་བསྐང་༔ གསལ་དག་བརྟན་གསུམ་བསྐྱེད་པའི་ཏིང་འཛིན་གྱིས༔ སྣོད་བཅུད་དག་པ་རབ་འབྱམས་ཀློང་དུ་བསྐང་༔ སྲིད་གསུམ་ཡེ་གྲོལ་འོད་གསལ་ཆེན་པོའི་སྦུབས༔ མཐའ་བྲལ་རྫོགས་རིམ་མཉམ་པའི་ཀློང་དུ་བསྐང་༔ ཐ་མལ་ལས་རླུང་ངག་གི་བརྗོད་པ་ཀུན༔ གྲག་སྟོང་མི་ཤིགས་ནཱ་དའི་དབྱིངས་སུ་བསྐང་༔ རྩ་ཁམས་ཀུན་རྫོབ་ལས་རླུང་ཐིག་ལེའི་འཕྲུལ༔ ལྷན་སྐྱེས་དགའ་བཞིའི་ཡེ་ཤེས་ཀློང་དུ་བསྐང་༔ རྐྱེན་ངན་གློ་བུར་འཁྲུལ་བའི་དགྲ་དང་བགེགས༔ རང་རྩལ་དག་ཆེན་སྒྱུ་མའི་ཀློང་དུ་བསྐང་༔ ཉམས་ཆག་ཉེས་ལྟུང་འཁོར་བའི་རྟོག་ཚོགས་རྣམས༔ སྐྱེ་མེད་རང་གྲོལ་སྐུ་གསུམ་ཀློང་དུ་བསྐང་༔ ཧཱུྃ་ཧྲཱིཿ དེ་ལྟར་ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས༔ མཁན་པོ་སློབ་དཔོན་རྡོ་རྗེ་སྤུན་གྲོགས་དང་༔ ཡི་དམ་ལྷ་མཆོག་མ་སྲིང་ཌཱཀྐི་མ༔ བཀའ་སྲུང་གཏེར་བདག་དམ་ཅན་ཐམས་ཅད་ཀྱི༔ སྤྱན་སྔར་ཁས་བླངས་དམ་ཚིག་ཉམས་ཆག་ཀུན༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ ཉམས་ཆག་རྟོག་སྒྲིབ་མ་ལུས་དབྱིངས་སུ་གྲོལ༔ དགྲ་བགེགས་མཚོན་རྩེ་དུག་ནད་འཇིགས་ཚོགས་སོལ༔ ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་བསྐྱེད༔ ཕ་རོལ་ལོག་འདྲེན་སྤ་བཀོང་ཆམ་ལ་ཕོབ༔ སྦས་པའི་གཏེར་ཁ་དུས་བབས་ལུང་བྱང་སྤྲོད༔ ཉམས་རྟོགས་རྩལ་རྒྱས་རང་སྣང་དབང་དུ་བསྡུས༔ སྒྲུབ་པའི་རྟགས་ཐོན་གཞན་སྣང་ཟིལ་གྱིས་གནོན༔ མཆོག་ཐུན་དངོས་གྲུབ་ད་ལྟ་ཉིད་དུ་སྩོལ༔ ཅེས་དང་ཡི་གེ་བརྒྱ་པ་ཉེར་གཅིག་གམ༔ བདུན་ལྔ་གསུམ་བརྗོད་ལྟ་བའི་ངང་མདངས་བསྐྱངས༔ ས་མ་ཡཱ༔ གུ་ཧྱ༔ ཞེས་པ་འདི་དག་སྣང་དགོངས་པའི་གཏེར་ལ་དབང་བ་བདག་ཆོས་གཟུགས་པ་ལུང་རིག་གླིང་པས་རང་བྱུང་ཆོས་དབྱིངས་དག་པའི་སྒྲོམ་ནས་བཏོན་ཏེ་སྤེལ་བས་དུས་གསུམ་དགྲ་གདོན་འབྱུང་པོ་རྨིང་མེད་དུ་བརླག་ནས་རྒྱལ་བསྟན་མི་ནུབ་དར་ཞིང་རྒྱས་ནས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །

སྣང་སྲིད་ཐམས་ཅད་སོགས་ལྡེབ་ཤར།

༄༅།། ཧཱུྃ། སྣང་སྲིད་ཐམས་ཅད་གཞལ་ཡས་ཁང་། །གཟུགས་སྣང་ཐམས་ཅད་ཡི་དམ་ལྷ། །དྲེགས་པ་ཐམས་ཅད་བྲན་དུ་ཁོལ། །ང་ལས་ཆེ་བཙན་སུ་ཡང་མེད། །ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །ལོངས་སྐུ་འཇིགས་པའི་ཆ་ལུགས་བཞེངས། །ཞི་རྒྱས་དབང་དང་དྲག་པོ་ཡི། །མངོན་སྤྱོད་ཚུལ་བཞིན་འགྲུབ་པར་མཛོད། །ཤནྟིཾ་པུཥྚཾ་ཝ་ཤཾ་མཱ་ར་ཡ་ཕཊ༔ ༈ སྣོད་བཅུད་དཀྱིལ་འཁོར་སོགས། བསྐུལ་བ་ལ་འཇུག་གོ།

དྲག་བསྐུལ་ཀླུ་བདུད་ཁྲོས་པའི་ང་རོ།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ལས༔ དྲག་བསྐུལ་ཀླུ་བདུད་ཁྲོས་པའི་ང་རོ་བཞུགས༔

རྒྱལ་ཡུམ་དཔའ་མོ་འོད་ཟེར་ཅན་ལ་འདུད༔ དེ་ཡི་སྒྲུབ་པ་ཟབ་མོ་ཉམས་བླང་སྐབས༔ ལོག་འདྲེན་སྒྲོལ་ཕྱིར་ཐུགས་དམ་རྒྱུད་བསྐུལ་ཕྱིར༔ དམར་གྱི་གཏོར་མ་དགྲ་བགེགས་བཀུག་བྱས་ནས༔ མི་མཐུན་བཟློག་ཕྱིར་དྲག་པོའི་དབྱངས་རོལ་བཅས༔ རྔམ་པའི་ང་རོ་དང་བཅས་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྐྱེ་མེད་ཆོས་དབྱིངས་རྣམ་དག་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུ་སྐྱེ་འགག་འདུས་མ་བྱས༔ སྤྱན་འདྲེན་ཐུགས་དམ་རྒྱུད་བསྐུལ་མི་འཚལ་ཏེ༔ ལོག་འདྲེན་འདུལ་ཕྱིར་དྲག་པོའི་ལས་ལ་བསྐུལ༔ སྐུ་ནི་གར་དགུའི་ཉམས་ལྡན་སྲིན་མོའི་གཟུགས༔ གསུང་ནི་དྲག་ཤུལ་རྡོ་རྗེའི་གད་མོ་དགོད༔ ཐུགས་ནི་ཞི་བ་ཆེན་པོར་གཡོ་མེད་ཀྱང་༔ དགྲ་གདོན་ཆམ་ལ་དབབ་ཕྱིར་དབྱིངས་ནས་བཞེངས༔ གདོད་ནས་སེམས་ཉིད་བདེ་གཤེགས་སྙིང་པོའི་གཤིས༔ བདེ་སྡུག་མཚན་འཛིན་སྤྲོས་པའི་མཐའ་བྲལ་ཀྱང་༔ མ་རིག་གསུམ་གྱིས་མཚན་མར་འཛིན་པ་ཡི༔ དགྲ་གདོན་གཡུལ་ངོ་ཟློག་ཕྱིར་དྲག་ཏུ་བསྐུལ༔ ཁྱད་པར་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན༔ སྙིང་ནས་དམོད་ཅིང་ཐབས་ཀྱིས་བསྣུབ་ལ་བརྩོན༔ བཤད་སྒྲུབ་གཞི་འཛིན་བླ་མར་གཤེ་ཞིང་སྡང་༔ དམ་ཉམས་ཞིང་བཅུ་སྒྲོལ་བའི་དུས་ལ་བབས༔ སྐྱེ་རྒུ་ཡོངས་ཀྱི་སྲོག་དང་ལོངས་སྤྱོད་ལ༔ གནོད་ཅིང་འཚེ་བར་བྱེད་པའི་དམ་སྲིའི་རིགས༔ ཇག་ཆོམ་རྐུན་པོའི་བརྫུ་རུ་ཞུགས་པ་ཡི༔ མ་རབས་སྡིག་སྤྱོད་འདུལ་བའི་དུས་ལ་བབས༔ ཡང་དགོས་རྩོད་ལྡན་སྙིགས་མའི་སྐྱེ་བོ་རྣམས༔ དངོས་སུ་ཕྲོག་ཅིང་ལྐོག་ཏུ་ནོར་རྫས་རྐུ༔ ཆོས་དང་རྒྱབ་འགལ་སྲོག་གཅོད་མི་དགེའི་རིགས༔ རྟག་ཏུ་བརྩོན་རྣམས་དྲག་པོས་ཚར་ཆོད་ཅིག༔ ཧཱུྃ་བྷྱོ༔ ཤར་ཕྱོགས་རྡོ་རྗེ་འབར་བའི་དུར་ཁྲོད་ནས༔ མེ་ལོང་ཡེ་ཤེས་ལྷ་མོ་འོད་ཟེར་ཅན༔ ཞེ་སྡང་མེ་ལྟར་འབར་བའི་དགྲ་བགེགས་རྣམས༔ བྱམས་པ་ཆེན་པོའི་དབྱིངས་སུ་ཚར་ཆོད་ཅིག༔ ལྷོ་ཕྱོགས་རིན་ཆེན་འབར་བའི་དུར་ཁྲོད་ནས༔ མཉམ་ཉིད་ཡེ་ཤེས་ལྷ་མོ་འོད་ཟེར་ཅན༔ ང་རྒྱལ་རི་ལྟར་སྙིལ་བའི་དགྲ་བགེགས་རྣམས༔ བཏང་སྙོམས་ཆེན་པོའི་ཀློང་དུ་སྤ་བཀོང་ཤིག༔ ནུབ་ཕྱོགས་པདྨ་འབར་བའི་དུར་ཁྲོད་ནས༔ སོར་རྟོག་ཡེ་ཤེས་ལྷ་མོ་འོད་ཟེར་ཅན༔ འདོད་ཆགས་ཆུ་ལྟར་འཁྲུགས་པའི་དགྲ་བགེགས་རྣམས༔ ཆགས་བྲལ་ཆེན་པོའི་ངང་དུ་ཟིལ་གནོན་ཅིག༔ བྱང་ཕྱོགས་རྒྱ་གྲམ་འབར་བའི་དུར་ཁྲོད་ནས༔ བྱ་གྲུབ་ཡེ་ཤེས་ལྷ་མོ་འོད་ཟེར་ཅན༔ ཕྲག་དོག་རླུང་ལྟར་འཚུབས་པའི་དགྲ་བགེགས་རྣམས༔ སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་རྡུལ་དུ་རློགས༔ དབུས་ཕྱོགས་འོད་ཟེར་འབར་བའི་དུར་ཁྲོད་ནས༔ ཆོས་དབྱིངས་ཡེ་ཤེས་ལྷ་མོ་འོད་ཟེར་ཅན༔ གཏི་མུག་མུན་ལྟར་གཏིབས་པའི་དགྲ་བགེགས་རྣམས༔ འོད་གསལ་བདེ་ཆེན་ཀློང་དུ་འཇོམས་པར་མཛོད༔ རྒྱ་གར་མྱ་ངན་མེད་པའི་སྐྱེད་ཚལ་ནས༔ སྤྲུལ་པའི་ལྷ་མོ་ཉི་ཟླའི་འོད་ཟེར་ཅན༔ ཐུགས་བསྐྱེད་དམ་བཅའི་སྟོབས་ཀྱིས་ཆེར་ཁྲོས་ནས༔ དགྲ་རྐུན་དབང་པོའི་སྒོ་རྣམས་རབ་སྡོམས་ཤིག༔ ཧཱུྃ་ཧྲཱིཿ དྲག་མོ་འོད་ཟེར་ཅན་གྱི་སྒྱུ་འཕྲུལ་ལས༔ རྒྱལ་ཀུན་དགྱེས་པ་བསྐྱེད་པའི་ལྷ་མོ་བརྒྱད༔ ཟག་མེད་ཡེ་ཤེས་ཀློང་ནས་སྐུར་བཞེངས་ཏེ༔ ཟག་བཅས་ལོག་རྟོག་དབང་ཤེས་རྒྱུན་ཆོད་ཅིག༔ མ་རིག་དབང་གིས་གཟུགས་ལ་ཞེན་པའི་དགྲ༔ དེ་ཡི་རྒྱུད་ལས་སྡུག་བསྔལ་བསྐྱེད་པའི་འདྲེ༔ སྣང་སྟོང་བདེ་བ་ཆེན་པོའི་མཚོན་ཆ་ཡིས༔ ལོག་རྟོག་མིག་ཤེས་འཁྲུལ་བའི་སྐྱེ་རྒྱུན་ཆོམས༔ ཀུན་བརྟགས་དབང་གིས་སྒྲ་ལ་ཞེན་པའི་དགྲ༔ དེ་ཡི་རྒྱུ་ལས་སྡུག་བསྔལ་བསྐྱེད་པའི་འདྲེ༔ གྲག་སྟོང་ཡེ་ཤེས་རོལ་པའི་མཚོན་རྣོན་པོས༔ འཁྲུལ་རྟོག་སྒྲ་འཛིན་དབང་པོ་རྩད་ནས་ཆོད༔ ཉོན་ཡིད་དབང་གིས་དྲི་ལ་ཞེན་པའི་དགྲ༔ དེ་ཡི་རྒྱུ་ལས་སྡུག་བསྔལ་བསྐྱེད་པའི་འདྲེ༔ ཚོར་སྟོང་ཟག་མེད་གནམ་ལྕགས་ཞུན་མའི་མེས༔ ཉིང་འཁྲུལ་ཚང་ཚིང་འཁྲིགས་པའི་ནགས་ཚལ་སྲེག༔ སྐྱེ་མཆེད་དབང་གིས་རོ་ལ་ཆགས་པའི་དགྲ༔ དེ་ཡི་རྒྱུ་ལས་སྡུག་བསྔལ་བསྐྱེད་པའི་འདྲེ༔ མྱོང་སྟོང་ཞེན་མེད་མཐའ་བྲལ་མཚོན་ཆ་ཡིས༔ གཞན་ཡང་དགྲ་འདྲེ་ལོག་སྨྲའི་ཞེན་ཐག་ཆོད༔ སྲེད་ལེན་དབང་གིས་རེག་བྱར་ཞེན་པའི་དགྲ༔ དེ་ཡི་རྒྱུ་ལས་སྡུག་བསྔལ་བསྐྱེད་པའི་འདྲེ༔ རིག་སྟོང་ཟག་མེད་བདེ་བའི་མཚོན་ཆ་ཡིས༔ ལུགས་འབྱུང་རྟེན་འབྲེལ་སྐྱེ་བའི་འཁོར་རྒྱུན་ཆོད༔ མེད་ལ་ཡོད་འཛིན་རྟག་ཆད་སྣང་བའི་དགྲ༔ ཡོད་མེད་མཐའ་ཞེན་སྡུག་བསྔལ་ཀུན་འབྱུང་འདྲེ༔ བདག་མེད་རྟོགས་པའི་ཤེས་རབ་མཚོན་ཆ་ཡིས༔ འཁྲུལ་མེད་རང་བྱུང་ཡེ་ཤེས་ཀློང་དུ་སྒྲོལ༔ ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་རྩ་གསུམ་དམ་ཅན་ཚོགས༔ གསན་དུ་གསོལ་ལོ་འཕགས་མ་འོད་ཟེར་ཅན༔ ཐུགས་དམ་བསྐུལ་ལོ་དམ་ཅན་དྲེགས་པའི་སྡེ༔ དབྱིངས་ནས་བཞེངས་ཤིག་དགྲ་འདྲེའི་གཤེད་དུ་ཆས༔ དམ་ཅན་ཕོ་རྒྱུད་ཚོགས་རྣམས་གཡས་ནས་ཆས༔ དགྲ་བོའི་ཕོ་རྒྱུད་མ་ལུས་གྲི་རུ་སོད༔ སྲུང་མ་མོ་རྒྱུད་ཚོགས་རྣམས་གཡོན་ནས་ཆས༔ དགྲ་བོའི་མོ་རྒྱུད་མ་ལུས་མངལ་ནས་སྐོམ༔ ཡུལ་ལྷ་དྲག་རྩལ་ཅན་རྣམས་རྒྱབ་ནས་ཆས༔ དགྲ་བོའི་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ བདག་གི་ཚེ་རབས་སྲུང་མ་མདུན་ནས་ཆས༔ དགྲ་རྐུན་ཇག་ཆོམ་ལུས་སྲོག་སོ་སོར་ཕྲོལ༔ ཁྱད་པར་སྔ་དགྲ་བརྡར་བའི་དམ་ཉམས་ཀྱི༔ མགོ་བོ་ཆོད་ལ་དོན་སྙིང་རྔམ་ཟས་གྱིས༔ ཕྱི་དགྲ་ཡིད་ལ་བརྣག་པའི་ལོག་འདྲེན་གྱི༔ བསམ་ངན་རླུང་ལ་བསྐུར་བའི་དབང་པོ་སྣུབས༔ ད་ལྟ་ལག་ཏུ་ལེན་པའི་དགྲ་རྐུན་གྱི༔ མིག་དབང་སྐུད་པས་ཚེམས་ལ་ཚ་གྲང་གི༔ ནད་ཡམས་ཆར་དུ་ཕོབ་ལ་མི་ནོར་རློགས༔ མདོར་ན་ལོག་སྦྱོར་ཤོམ་པའི་དགྲ་འདྲེ་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་ཟད་པས༔ གནམ་ལྕགས་ཐོག་མདས་བྲག་རུལ་བཤིག་པ་ལྟར༔ ད་ལྟ་སྐད་ཅིག་བརླག་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་དམར་གཏོར་དགྲ་བགེགས་ཀྱི༔ ཤ་ཁྲག་རུས་པར་དམིགས་ཏེ་ཕུལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་ཌཱཀྐིའི་བརྡ་རིས་མཆོག༔ རིག་པ་དབྱིངས་ཀྱི་སྒྲོམ་དུ་སྦས༔ དུས་བབས་པདྨའི་ཐུགས་རྗེའི་མཐུས༔ ལས་སྐལ་ལྡན་པས་བསྐུལ་བའི་ངོར༔ སྐལ་ལྡན་ལུང་རིག་གླིང་པས་སྤེལ༔ གུ་ཧྱ༔

གསེར་སྐྱེམས་བདུད་རྩིའི་རོལ་མཚོ་ཧོར་བླས་ཁ་བསྐང་བ།

༄༅།། གསེར་སྐྱེམས་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།། དེ་ལས་བསྒྲལ་ལས་ཀྱི་ཐོག་མར་བརྔན་སྦྱིན་གཏོར་སྐྱེམས་བཟང་པོ་བསམ་ལ་བསང་ཆུ་འཐོར་ཏེ། རཾ་ཡཾ་ཁཾ༔ གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ བདུད་བཞིའི་དཔུང་འཇོམས་སྟོན་པ་རྫོགས་སངས་རྒྱས༔ སྲིད་ཞིའི་སྡུག་བསྔལ་ལས་སྐྱོབས་དམ་པའི་ཆོས༔ ཡང་དག་ཐར་པའི་ལམ་སྟོན་དགེ་འདུན་སྡེ༔ གསེར་སྐྱེམས་འདི་བཞེས་བདེན་རྫུན་དཔང་པོ་མཛོད༔ བྱིན་རླབས་རྩ་བ་བརྒྱུད་ལྡན་བླ་མ་དང་༔ དངོས་གྲུབ་གཏེར་མཛོད་ཡི་དམ་ཞི་དྲག་ལྷ༔ བར་ཆད་ཀུན་སེལ་གནས་གསུམ་མཁའ་འགྲོའི་ཚོགས༔ གསེར་སྐྱེམས་འདི་བཞེས་བདེན་རྫུན་དཔང་པོ་མཛོད༔ ཁྱད་པར་འཕགས་མ་བདུད་འདུལ་མ་རཱི་ཙྱཻ༔ རིགས་བཞི་ལྷ་མོ་མཆོད་པའི་དེ་ཝི་བརྒྱད༔ སྒོ་མ་རྣམ་བཞི་དཀྱིལ་འཁོར་འཁོར་ལོའི་ལྷ༔ གསེར་སྐྱེམས་འདི་བཞེས་དམ་ཉམས་དགྲ་བགེགས་སྒྲོལ༔ འཇིགས་བརྒྱད་དགྲ་ལས་རྣམ་རྒྱལ་འོད་ཟེར་ཅན༔ འབྱུང་བཞིའི་ཀློང་དུ་དགྲ་དཔུང་རྒྱས་འདེབས་པའི༔ རིགས་བཞིའི་སེམས་མ་སྒོ་སྲུང་དམ་ཅན་ལྷ༔ གསེར་སྐྱེམས་འདི་བཞེས་དགྲ་གདོན་ཆོམ་རྐུན་སྒྲོལ༔ སྔགས་སྲུང་ཁྲོ་མོ་མ་མོ་རལ་གཅིག་མ༔ བཀའ་ཡི་སྲུང་མ་དུད་སོལ་ལྷ་མོ་སོགས༔ དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཚོགས༔ གསེར་སྐྱེམས་འདི་བཞེས་དམ་ཉམས་དགྲ་བགེགས་སྒྲོལ༔ ཅེས་པས་ཕུད་ཕྱོགས་བཅུར་གཏོར་ལ་གཟུ་དཔང་བྱའོ།། སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་གསུང་སོར་བཞག་ནས་ས་ར་ཧི་ཏ་རང་གིས་ཁ་བསྐང་འཁྱེར་བདེར་བཀོད་པ་སརྦ་ཛ་ག་ཏམ༔

བསྒྲལ་ལས་ཐོག་མདའ་དམར་པོ།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ལས༔ བསྒྲལ་ལས་ཐོག་མདའ་དམར་པོ་བཞུགས༔

རྒྱལ་ཡུམ་དཔའ་མོའི་ཞབས་ལ་འདུད༔ འཕགས་མ་འོད་ཟེར་ཅན་མ་ཡི༔ ཡང་ཟབ་ཐུགས་ཀྱི་སྒྲུབ་པ་ཡི༔ ཆ་ལག་སྒྲོལ་ལས་ཐོག་མདའ་སྟོན༔ ས་མ་ཡཱ༔ རབ་ཏུ་དབེན་ཅིང་རྩུབ་པའི་གནས༔ གཅན་གཟན་མི་རྒོད་རྒྱུ་བའི་སར༔ མི་བསད་ས་ལ་དུག་ཁྲག་གིས༔ ཆག་ཆག་གདབ་པའི་ཐིག་བརྒྱད་གདབ༔ མ་ཏྲཾ་ལྟོ་བར་གྲུ་གསུམ་དཀྱིལ༔ མཱུཾ་མཐར་གཡས་གཡོན་ཧཱུྃ་བྷྱོ་དང་༔ མདུན་རྒྱབ་ཕཊ་ཛ་བྲིས་པའི་མཐར༔ དུར་ཁྲོད་རྡོ་ར་མེ་རིས་བསྐོར༔ དབུས་སུ་བྲུབ་ཁུང་བང་རིམ་གསུམ༔ དེ་ནས་དགྲ་འདྲེའི་ལིངྒ་ནི༔ ཟག་རྫས་བྱུག་ཤིང་ཚོན་སྐུད་དཀྲིས༔ རྩང་མཚེ་ཡུངས་དང་མཚོན་ཆས་བསྐོར༔ དེ་སྟེང་མཉྫུ་ཁྲིའུའི་ཁར༔ ལྕགས་སམ་མཚན་ངན་ཐོད་པ་རུ༔ འབྲུ་ནག་ཁྲག་ཆང་གིས་སྦགས་པས༔ དམར་གཏོར་གཙོ་འཁོར་བཅོ་བརྒྱད་པ༔ ཉི་ཟླའི་ཞགས་པ་མེ་རིས་བརྒྱན༔ ཤ་ཁྲག་སྙིང་དང་ལིང་གས་བརྒྱན༔ རྩང་མཚེ་དུག་གི་ལོ་མས་སྤྲས༔ རྩེ་མོར་སྲིད་པའི་བྱ་ཁྱུང་གཟུགས༔ དར་ནག་གདུགས་ཀྱི་གུར་ཡང་ཕུབ༔ རྣལ་འབྱོར་ལྷ་སྔགས་ཏིང་འཛིན་གསལ༔ རྩ་གསུམ་སྲུང་མ་ཡུལ་ལྷ་ལ༔ གསེར་སྐྱེམས་ཕུལ་ནས་གཟུ་དཔང་ནི༔ ཧོ༔ དགོངས་ཤིག་རྩ་ བརྒྱུད་བླ་མ་གཟུ་དང་དཔང་༔ དང་པོ་སྨིན་བྱེད་དབང་གི་དཀྱིལ་འཁོར་བསྟན༔ བར་དུ་གྲོལ་བྱེད་གདམས་པས་ལམ་ལ་བཙུད༔ ཐ་མ་གྲུབ་འབྲས་རེ་བའི་སློབ་བུ་ཡི༔ བསླབ་པའི་ཁྲིམས་རལ་རྡོ་རྗེ་མཆེད་ལ་བརྙས༔ ཕ་མ་འགྲོ་ལ་ལོག་སྦྱོར་སྡིག་རྒྱུན་སྤེལ༔ དམ་ལོག་འདི་ལ་བཀའ་ཆད་མ་བྱུང་ན༔ རྩ་གསུམ་སྲུང་མའི་ནུས་མཐུ་གང་དུ་ཐལ༔ གསོན་ཅིག་ཡི་དམ་སྒྲུབ་སྡེ་ཆེན་པོ་བརྒྱད༔ དང་པོར་བླ་མ་བསྟེན་ནས་གདམས་ཁྲིད་ཞུས༔ བར་དུ་དམན་པའི་ས་བཟུང་བསྙེན་བསྒྲུབ་བྱས༔ ད་ལྟ་བསྟན་འགྲོར་ཕན་འདོད་རྣལ་འབྱོར་ལ༔ གྲོང་ཕལ་སྐྱེ་བོས་བརྙས་ཤིང་རྐུ་ཕྲོག་བཅོམ༔ མ་ཉེས་ཁ་ཡོག་སྲོག་ལ་རྒོལ་བའི་ཚེ༔ དམ་ཅན་སྲུང་མས་ནུས་རྩལ་མ་ཕྱུང་ན༔ བསྙེན་སྒྲུབ་བརྩོན་པས་བྱས་པ་དོན་མེད་དམ༔ གཟུ་དཔང་དྲང་ཤན་མཛོད་ཅིག་མཁའ་འགྲོའི་ཚོགས༔ མ་སྲིང་རྒྱ་མཚོར་བློ་སེམས་རྩེ་གཅིག་གཏད༔ དབང་བའི་གནས་སམ་རྣལ་འབྱོར་གར་སྡོད་དུ༔ ཚོགས་གཏོར་མཆོད་པ་དུས་སུ་ཕུལ་ལགས་ཀྱང་༔ ལས་ངན་ཁྱིམ་པས་བརྙས་ཤིང་གཤེ་སྐུར་བཏབ༔ མགོ་ལ་ཏིལ་བརྡུང་ལྐོག་ཏུ་འབུ་བཞིན་འབུག༔ བསམ་སྦྱོར་ལོག་པས་སྡོད་དུ་མི་སྟེར་བ༔ འདི་ལ་མཐོང་ཆོས་བཀའ་ཆད་མི་འབེབ་ན༔ རྣལ་འབྱོར་སྒྲུབ་ལ་བརྩོན་པ་ཆུད་རེ་གཟན༔ དམ་ཚིག་གཉན་ལ་འདུས་ཤིག་བསྟན་སྲུང་ཚོགས༔ ཚེ་སྔོན་དགེ་འབྲས་ལས་བྱུང་ལོངས་སྤྱོད་ལྡན༔ མི་ཆོས་གཙང་མས་ཕ་མ་རྒན་རབ་བཀུར༔ གཉེན་ལ་བརྩེ་གདུང་གྲོགས་ལ་ཁྲེལ་མ་བཅུག༔ ཀུན་ལ་ཕན་སེམས་ཡོངས་ཀྱི་ངོ་བསྲུང་ཀྱང་༔ དམ་ཉམས་སྐྱེ་བོས་ནོར་རྫས་རྐུ་ཕྲོག་བྱས༔ བྱམས་ཤིང་དྲིན་གྱིས་བསྐྱངས་པའི་གཉེན་གྱིས་སྡང་༔ བརྩེ་གདུང་ཡིད་ལ་མཛའ་བའི་གྲོགས་ཀྱིས་བསླུས༔ མཐོ་བར་སླེབ་དོགས་རང་མཉམ་དགྲ་རུ་ལངས༔ དམ་ཅན་རྒྱ་མཚོས་དེ་རིང་དཔང་མཛོད་ལ༔ སྡང་དགྲ་ལས་ངན་དམ་ཉམས་ཞིང་བཅུའི་རིགས༔ དེ་རིང་སྒྲོལ་བའི་ལས་ལ་ཐུགས་མ་གཡེལ༔ ཧཱུྃ་བྷྱོ༔ དགོངས་ཤིག་དཔའ་མོ་འོད་ཟེར་ཅན་མ་དགོངས༔ གསོན་ཅིག་གསང་སྔགས་རིག་སྔགས་གཟུངས་སྔགས་ལྷ༔ གཟུ་དཔང་མཛོད་ཅིག་རྩ་གསུམ་སྲུང་མའི་ཚོགས༔ དེ་རིང་དགྲ་བོ་དམ་ཉམས་ལས་ངན་གྱིས༔ བདག་དང་རེ་ལྟོས་སྦྱིན་བདག་དད་ལྡན་ལ༔ སྔ་དགྲ་བྱས་ཤིང་ཕྱི་དགྲ་བསམ་ངན་འཆང་༔ ད་ལྟ་དངོས་སུ་སྡང་བའི་དགྲ་བོ་དང་༔ ཚེ་ལ་རྐུ་ཞིང་སྲོག་ལ་འཇབ་པ་དང་༔ ནོར་ལ་གོད་ཁ་མི་ལ་བྱེ་བྲལ་བཏང་༔ མི་འདོད་སྣ་འདྲེན་བགེགས་དང་དམ་སྲིའི་རིགས༔ ད་ལྟ་སྐད་ཅིག་སྒྲོལ་བའི་ཤུགས་ཕྱུངས་ཤིག༔ དེ་ནས་བྲུབ་ཁུང་བསྐྱེད་པ་ནི༔ ཐོག་མར་མདུན་བསྐྱེད་གསལ་གདབ་ནི༔ མདུན་བསྐྱེད་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས༔ སྟོང་པའི་ངང་ལས་མཱུཾཿཡིག་གསེར་ཞུན་མདོག༔ དེ་ལས་འོད་འཕྲོས་སྐུ་གསུམ་ཞིང་ཁམས་ཀྱི༔ རྒྱལ་ཀུན་བྱིན་རླབས་ནུས་མཐུ་ཚུར་བསྡུས་ཤིང་༔ འོད་ཟེར་མར་འཕྲོས་བསྟན་འགྲོར་གནོད་པ་ཡི༔ ཞིང་བཅུའི་དགྲ་བགེགས་ཚེ་བསོད་དཔལ་འབྱོར་བསྡུས༔ ཡོངས་གྱུར་འཇིགས་རུང་དུར་ཁྲོད་བརྒྱད་ཀྱི་དབུས༔ ཐོད་མཁར་གྲུ་གསུམ་གནམ་ལྕགས་འབར་བའི་ཏོག༔ མི་རོའི་རྒྱལ་མཚན་ཞིང་ལྤགས་སྟག་གཟིག་འཕན༔ ཉི་ཟླའི་མཐོངས་ཁང་རབ་རྔམ་མེ་འབར་དཀྱིལ༔ འོད་ཟེར་རྩིབས་བཞི་རྩིབས་བརྒྱད་དེ་དབུས་སུ༔ སྣ་ཚོགས་པད་ཉི་དགྲ་བགེགས་ཕོ་མོའི་ཁྲི༔ ཁ་སྦུབ་གན་རྐྱལ་བསྣོལ་མར་བརྫིས་པའི་སྟེང་༔ རང་རིག་ཡི་གེ་མཱུཾཿཡིག་འོད་ཞུ་བ༔ ཕྱོགས་བཅུའི་ཁྲོ་རྒྱལ་ཡུམ་གཅིག་འོད་ཟེར་ཅན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བགྲད༔ གཡས་ཞལ་དཀར་བཞད་གཡོན་ཞལ་དམར་ལ་ཁྲོ༔ དབུས་ཞལ་གསེར་མདོག་ཉི་མའི་འོད་སྟོང་འབར༔ ཕྱག་གཡས་དང་པོས་ཉི་ཟླའི་ཞགས་པ་དང་༔ གཡོན་གྱི་དང་པོས་རྩེ་གསུམ་བར་བ་གཉིས༔ གྲི་ཐོད་ཐ་གཉིས་རལ་གྲི་ཁབ་སྐུད་བསྣམས༔ དུར་ཁྲོད་ཆས་བརྒྱད་འཇིགས་པའི་ཆ་ལུགས་རྫོགས༔ སྤྱི་བོར་བྱ་ཁྱུང་གནམ་ལྕགས་སྤུ་གྲིའི་སྒྲོ༔ རྭ་བར་རིགས་བདག་རིན་འབྱུང་ལོངས་སྐུའི་ཆས༔ ཕྱོགས་བཞིར་རིགས་བཞིའི་ལྷ་མོ་འོད་ཟེར་ཅན༔ རབ་ཁྲོས་ཕྱོགས་མདོག་ཕྱག་མཚན་གཡས་རིམ་བཞིན༔ རི་རབ་མེ་དཔུང་ཁྲག་མཚོ་བསྐལ་པའི་རླུང་༔ གཡོན་རྣམས་ལས་བཞིའི་ཕུར་འདྲིལ་ཁྲོ་མོའི་ཆས༔ རྩིབས་བརྒྱད་མཆོད་པའི་ཕྱག་རྒྱ་ཆེན་མོ་བརྒྱད༔ དགྲ་བྱེད་བགེགས་ཀྱི་གཉེན་པོར་ཆེར་ཁྲོས་པ༔ གཡས་རྣམས་རལ་གྲི་དགྲ་སྟྭ་རྩེ་གསུམ་དང་༔ མེ་དཔུང་རི་རབ་ཐོད་དབྱུག་མདུང་ཐུང་དང་༔ རྡོ་རྗེ་རྩེ་ལྔ་གཡོན་རྣམས་ཐོད་ཁྲག་བསྣམས༔ ཞབས་རྣམས་དོར་སྟབས་འཇིགས་རུང་དུར་ཁྲོད་ཆས༔ སྒོ་བཞིར་འགུགས་འཆིང་སྡོམ་མྱོས་སྒོ་མ་བཞི༔ དཀར་སེར་དམར་ལྗང་རབ་འཇིགས་ཁྲོ་མོའི་ཆས༔ གཡས་རྣམས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཡོན་རྣམས་ལས་བཞིའི་བྱ་ཁྱུང་སྤྲོ་བསྡུ་བྱེད༔ གནས་གསུམ་སྐུ་གསུང་ཐུགས་ཀྱི་ཡིག་འབྲུས་མཚན༔ དེ་ལས་འོད་འཕྲོས་འོག་མིན་གནས་མཆོག་དང་༔ ཁྱད་པར་མྱ་ངན་མེད་པའི་སྐྱེད་ཚལ་ནས༔ རྒྱལ་ཡུམ་དཔའ་མོ་འོད་ཟེར་ཅན་མ་ཡི༔ ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ མཁའ་ལ་ཆར་སྤྲིན་དྲག་པོ་འཁྲུགས་པ་ལྟར༔ སྡང་མིག་གློག་ཞགས་རྔམ་པའི་འབྲུག་སྒྲ་བཅས༔ སྐད་ཅིག་ཙམ་གྱིས་མདུན་མཁར་བྱོན་པར་གྱུར༔ དེ་ནས་བརྟན་པར་བཞུགས་གསོལ་ནི༔ ཧཱུྃ༔ རང་བཞིན་དབྱིངས་ནས་བྱོན་པའི་ཡེ་ཤེས་ལྷ༔ བློས་བྱས་དམིགས་པས་བསྐྱེད་པའི་དམ་ཚིག་པ༔ སྒྲུབ་རྫས་རྟེན་དང་གཉིས་སུ་མེད་པ་རུ༔ དབྱིངས་ཉིད་མཉམ་པ་ཆེན་པོར་ཏིཥྛ་ལྷན༔ བཛྲ་ས་མ་ཡཱ་ཏིཥྛ་ཧོ༔ དེ་ནས་གུས་ཕྱག་འཚལ་བ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་བརྡལ་ཁྱབ་ཀློང་ཡངས་ལས༔ འགགས་མེད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཤར༔ གང་འདུལ་དགྲ་བགེགས་གཤེད་དུ་ཆེར་ཁྲོས་པ༔ དཔའ་བརྟུལ་ཁྲོ་མོའི་ཉམས་བརྒྱ་འབར་ལ་འདུད༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཞིང་བཅུ་བསྒྲལ་བའི་ཕུང་ཁམས་ལས་བྱུང་བའི༔ ཁྲག་གི་ཡོན་ཆབ་རྦ་ཀློང་ཆལ་ཆིལ་འཁྲུགས༔ དབང་པོ་རྣམ་ལྔའི་མེ་ཏོག་རྔམས་ཤིང་འཇིགས༔ བམ་རོ་བསྲེགས་པའི་དྲི་ངད་སྤྲིན་ལྟར་འཁྲིགས༔ ཚིལ་ཆེན་བཞུས་པའི་སྒྲོན་མེ་ཉི་ལྟར་འབར༔ ཁྲག་མཁྲིས་དུག་དང་སྦྱར་བའི་དྲི་ཆབ་སྦྲེངས༔ དུག་གསུམ་ཤ་ཁྲག་རུས་པ་ལྷུན་པོར་སྤུངས༔ ཐོད་རྔ་གསང་བའི་རྔེའུ་ཆུང་རྐང་གླིང་སྒྲ༔ དུར་ཁྲོད་གནས་སུ་སྲིན་པོའི་ཉེར་སྤྱོད་རྫས༔ རང་བཞིན་ཟག་མེད་ཡེ་ཤེས་བདུད་རྩིའི་སྤྲིན༔ གཤིན་རྗེ་གཤེད་པོའི་སྒྲོལ་ཡུམ་འོད་ཟེར་ཅན༔ ལས་བཞིའི་ཁྲོ་མོ་སྤྲུལ་འཁོར་བཅས་ལ་འབུལ༔ ཨོཾ་ཨཱརྱ་མ་རི་ཙྱཻ་མ་ཧཱ་ཤ་མ་ཤ་ན་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་ཨ་མྲྀ་ཏ་པུ་ཙ་མེ་གྷ་ས་མཱུ་ཏྲ་སྥ་ར་ཎ་ས་མ་ཡཱ་ཨཱ་ཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ རྣམ་ཐར་སྒོ་གསུམ་སྤྲོས་པ་མེད་པའི་མཁར༔ ལོག་རྟོག་ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་ལྷ༔ ཐུགས་ཉིད་ཞི་བ་སྙིང་རྗེའི་ངང་ཉིད་ལས༔ རབ་ཁྲོས་ཞེ་སྡང་མེ་དཔུང་འབར་ལ་བསྟོད༔ ལོག་རྟོག་འཁྲུལ་བའི་ངག་སྒྲིབ་མ་ལུས་པ༔ བརྗོད་མེད་ནཱ་དའི་དབྱིངས་སུ་རྒྱས་འདེབས་ཕྱིར༔ ཧཱུྃ་ཕཊ་བྷྱོ་ཟློག་གད་རྒྱངས་ཆེར་སྒྲོགས་པས༔ བསྟན་འགྲོ་སྤྱི་དགྲའི་ཀླད་པ་འགེམས་ལ་བསྟོད༔ དགྲ་ལས་རྣམ་པར་རྒྱལ་བའི་ཏིང་འཛིན་མཐུས༔ གང་གི་མཚན་ཙམ་ཐོས་སམ་དྲན་པས་ཀྱང་༔ ཕ་རོལ་རྒོལ་བའི་ནུས་སྟོབས་འཇོམས་མཛད་པ༔ མི་ཟད་ཡོན་ཏན་མ་ལུས་རྫོགས་ལ་བསྟོད༔ བསྐལ་མང་ཐུགས་བསྐྱེད་སྨོན་ལམ་མཐུས་བསྐྱེད་པའི༔ མཚན་དཔེའི་ཡོན་ཏན་བལྟ་བས་མི་ངོམ་ཡང་༔ ཞེ་སྡང་ཅན་ལ་བཟོད་དཀའི་འཇིགས་གཟུགས་སྟོན༔ དཔའ་གཏུམ་ཁྲོ་མོ་འོད་ཟེར་ཅན་མར་བསྟོད༔ ལས་བཞིའི་ཕྲིན་ལས་འཁོར་གྱི་ཚུལ་དུ་སྟོན༔ དགྲ་བགེགས་ས་ཡིས་གནོན་དང་ཆུ་ལ་བསྐྱོན༔ མེ་ཡིས་བསྲེག་དང་རླུང་གིས་གཡེངས་ཤིང་གཏོར༔ དབྱེ་བསད་བསྐྲད་རྨོངས་ལས་རྣམས་གྲུབ་ལ་བསྟོད༔ དེ་ནས་དྲག་པོའི་འཛབ་དམིགས་ནི༔ བདག་མདུན་གཙོ་མོའི་ཐུགས་ཀ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་དྲུག་པའི༔ ལྟེ་བར་ཉི་མའི་དཀྱིལ་འཁོར་སྟེང་༔ མཱུཾཿཡིག་གསེར་མདོག་འོད་སྟོང་འབར༔ རྩིབས་དྲུག་སྔགས་འབྲུ་གཡོན་དུ་འཁོར༔ འོད་ཟེར་མེ་ཏོག་མཚོན་ཆའི་ཆར༔ གང་དམིགས་དགྲ་འདྲེའི་སྟེང་དུ་བབས༔ ལོག་འདྲེན་བྱད་མ་རྨིང་མེད་བརླགས༔ བདག་ཕུར་འབེབས་གསུམ་གྲུབ་མཐའ་གཅིག༔ སྟོང་ཆེན་ཡུམ་གྱི་ངང་དུ་བསམ༔ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ ཞེས་དང་སྔགས་ཤམ་འདི་ཡང་བཏགས༔ དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མཱ་ར་རྦད༔ བྷྱོ་ཟློག་སོད་སྟྭཾ་བྷ་ཡ་ནན༔ ཞེས་བཏགས་བརྒྱ་ཉེར་གཅིག་བཟླ༔ ༈ མདུན་དཀྱིལ་རྒྱལ་ཡུམ་དྲག་མོ་འོད་ཟེར་ཅན༔ ལས་བཞིའི་དཔའ་མོ་སྤྲུལ་འཁོར་དང་བཅས་གསལ༔ དེ་འོག་གྲུ་གསུམ་དམར་ནག་བྱད་མའི་རྫོངས༔ ཕྱི་ནས་ཞེ་སྡང་མེ་ལྕེ་ལྷབ་ལྷབ་འབར༔ ནང་ནས་འདོད་ཆགས་ཁྲག་མཚོ་སིར་སིར་ཁོལ༔ བར་དུ་གཏི་མུག་མུན་ནག་ཐིབ་ཐིབ་འཐིབས༔ ཁ་ཁྱེར་ཤ་ཟན་བྱ་ཆེན་ལྷབ་ལྷབ་ལྡིང་༔ སྐེད་པར་གཅན་གཟན་ཕོ་མོ་ངར་ངར་འཐབ༔ རྩ་བར་སྦལ་སྦྲུལ་སྡོམ་སྡིག་ཉིལ་ཉིལ་འཐབ༔ དེ་སྟེང་གཡས་སུ་དཔའ་བོ་ཕོ་ཚོགས་འགྱིང་༔ གཡོན་དུ་དཔའ་མོ་མོ་ཚོགས་ཆེམ་ཆེམ་འཁྲབ༔ ཁ་དོག་མཐིལ་ཡངས་གཏིང་ཟབ་འཇིགས་རུང་ནང་༔ ནྲྀ་དང་ཏྲི་ཡིག་དུད་ཁ་ཡོངས་གྱུར་ལས༔ གང་དམིགས་དགྲ་བགེགས་དེ་ཉིད་ཉམ་ཐག་གཟུགས༔ མིག་ནས་མཆི་མ་འཛགས་ཤིང་འོ་དོད་འབོད༔ རྐང་ལག་ལྕགས་བསྡམས་སྐྲ་གཟེངས་མྱ་ངན་ལྡན༔ སྙིང་གའི་ཏྲིའམ་ནྲྀ་ལས་འོད་ནག་འཕྲོས༔ གནོད་བྱེད་མ་ལུས་འདུས་པའི་ངོ་བོར་བསམ༔ དེ་ནས་དགུག་གཞུག་དྲག་ཏུ་བྱ་བ་ནི༔ བདག་མདུན་ཐུགས་ལས་འོད་ཟེར་དམར་ནག་འཕྲོས༔ དེ་ལས་འགུགས་བྱེད་ཕོ་ཉ་རྡུལ་ལྟར་འཚུབས༔ བསྟན་འགྲོའི་གནོད་བྱེད་སྤྱི་དགྲ་དགོས་དགྲ་དང་༔ ཁྱད་པར་བདག་ལ་དངོས་སུ་གཤེ་ཞིང་སྡང་༔ ནོར་རྫས་ཕྲོག་ཅིང་བརྡུང་བརྡེག་སྨ་དབབ་བྱེད༔ ལྐོག་ནས་བསམ་ངན་རྐུ་ཤོམ་ཟས་དུག་སྦྱོར༔ མི་ཁ་སྒྲོ་སྐུར་གཏམ་ངན་ཕྱོགས་སུ་བཀྲམ༔ གསོད་ཤོམ་མཐུ་བྱད་ཁ་རྗེ་དབང་ཐང་ལ༔ གནོད་ཅིང་ལེགས་པའི་ལམ་ལ་བར་གཅོད་པའི༔ དགྲ་བགེགས་དམ་སྲི་འབྱུང་པོའི་བླ་ཚེ་སྲོག༔ ལྕགས་ཀྱུས་བཀུག་ཅིང་ཞགས་པས་རབ་ཏུ་བཅིངས༔ ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས་བྱས་ཏེ༔ རང་དབང་མེད་པར་ཉེས་ཅན་བཙོན་ཁྲིད་ལྟར༔ མདུན་དུ་གྲུ་གསུམ་དགྲ་བགེགས་གཟུགས་ལ་བསྟིམས༔ དེ་ནས་དཀོན་མཆོག་བདེན་སྟོབས་ཀྱིས༔ འགུགས་པའི་རིམ་པ་འདི་བཞིན་བྱ༔ ན་མོ༔ རྩ་བརྒྱུད་རིག་འཛིན་བླ་མ་ཡབ་སྲས་དང་༔ བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ༔ ཡི་དམ་རྒྱུད་སྡེ་བཞི་དྲུག་དཀྱིལ་འཁོར་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང་༔ ཁྱད་པར་དུས་གསུམ་ཁྲོ་རྒྱལ་ཀུན་གྱི་ཡུམ༔ གཞན་གྱིས་མི་ཐུབ་ལྷ་མོ་འོད་ཟེར་ཅན༔ མ་ལུས་འཁོར་དང་བཅས་པའི་བདེན་སྟོབས་ཀྱིས༔ སངས་རྒྱས་བསྟན་དགྲ་སེམས་ཅན་སྤྱི་ཡི་དགྲ༔ རྣལ་འབྱོར་བདག་ཅག་ལྟོས་བཅས་ཐམས་ཅད་ལ༔ སྔ་དགྲ་ལག་བརྡར་གནོད་འཚེའི་སྣ་འདྲེན་བྱས༔ ཕྱི་དགྲ་ཡིད་ལ་དམིགས་ཤིང་གྲོས་ངན་ཤོམ༔ ད་དགྲ་དངོས་སུ་རྐུ་ཕྲོག་སྲོག་ལ་རྒོལ༔ ཚེ་བསོད་སྟོབས་འབྱོར་ཟ་ཐང་དཔལ་ཁ་ཕྲོག༔ གནས་སྐབས་བདེ་སྐྱིད་མཐར་ཐུག་ཐར་ལམ་འགོག༔ མདོར་ན་ཡིད་ལ་དམིགས་པའི་དགྲ་བགེགས་ཀྱི༔ བླ་ཚེ་རྣམ་ཤེས་སྲོག་དབུགས་དང་བཅས་པ༔ གླིང་བཞི་གླིང་ཕྲན་སྟོང་གསུམ་འཇིག་རྟེན་ཁམས༔ རི་རྩེ་མཚོ་གཏིང་ཉི་ཟླ་སྤྲིན་གྱི་གསེབ༔ ཆོས་བོན་སྲུང་མའི་སྐྱབས་འོག་གར་ཡོད་ཀྱང་༔ གཟུགས་ལ་བྲིས་ཤིང་ཡིད་ལ་དམིགས་པའི་རྟེན༔ གྲུ་གསུམ་སྣོད་དུ་བཅུག་པའི་ལིང་ག་ལ༔ སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག༔ ཅེས་པ་ལན་གྲངས་མང་དུ་བརྗོད༔ དེ་མཐར་འགུགས་སྔགས་ཅི་མང་ནི༔ གསང་སྔགས་ལས་སྦྱོར་སྤྱི་དང་བསྟུན༔ དེ་ནས་ཕྱག་རྒྱ་རྣམ་པ་བཞིས༔ རྒྱས་གདབ་དམིགས་བཟླས་འདི་ཡང་བྱ༔ ཧཱུྃ་ཧཱུྃ༔ དཀོན་མཆོག་བདེན་མཐུས་བཀུག་པའི་དགྲ་བགེགས་རྣམས༔ ཛཿཡིག་ལས་སྐྱེས་ཕོ་ཉ་ལྕགས་ཀྱུ་ཅན༔ གྲངས་མེད་འཕྲོས་པས་ལྕགས་ཀྱུས་སྙིང་ནས་བཟུང་༔ དམ་ཉམས་དགྲ་བགེགས་རང་དབང་མེད་པར་བཀུག༔ དམིགས་རྟེན་གཟུགས་དང་དབྱེར་མེད་གཅིག་ཏུ་གྱུར༔ ཧཱུྃ་ཡིག་ལས་བྱུང་ཕོ་ཉ་ཞགས་པ་ཅན༔ བདག་མདུན་ཐུགས་ལས་གྲངས་མེད་འཕྲོས་པ་ཡིས༔ ཞགས་པ་ནག་པོས་ཡན་ལག་རབ་ཏུ་བསྡོམ༔ དམིགས་རྟེན་གཟུགས་དང་ཐ་དད་མེད་པར་གྱུར༔ བཾཿཡིག་ལས་སྐྱེས་ཕོ་ཉ་ལྕགས་སྒྲོག་ཅན༔ རྡུལ་ལྟར་འཚུབས་པས་རྐང་ལག་ལྕགས་སུ་བཅུག༔ དམིགས་པའི་གཟུགས་དང་དབྱེ་བ་མེད་པ་རུ༔ རབ་ཏུ་བསྡམས་པས་རང་དབང་མེད་པར་གྱུར༔ ཧོ་ལས་བྱུང་བའི་ཕོ་ཉ་དྲིལ་བུ་ཅན༔ གྲངས་མེད་འཕྲོས་པས་དགྲ་བགེགས་གང་ཡིན་གྱི༔ ཡིད་མྱོས་དྲན་པ་སྟོར་ཏེ་དབང་མེད་པར༔ གཟུགས་དང་དབྱེར་མེད་མཉམ་པ་ཉིད་དུ་གྱུར༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ བཛྲ་ཨང་ཀུ་ཤ་ཡ་ཛ༔ རཏྣ་པ་ཤ་ཧཱུྃ༔ པདྨ་སྥོ་ཌ་བཾ༔ ཀརྨ་གྷནྡྷེ་ཧོ༔ དེ་ནས་ལྷ་དང་དབྱེ་བ་ནི༔ གུ་གུལ་བདུག་ཅིང་བྱ་འུག་སྒྲོས༔ དབྱེ་རྒྱ་དང་བཅས་འདི་སྐད་དོ༔ ཧཱུྃ༔ དམ་ཉམས་ཞིང་བཅུ་ཚང་བའི་དགྲ་བགེགས་འདིས༔ མི་ཆོས་གཙང་མ་ཁྲེལ་དང་ངོ་ཚ་ཉམས༔ ལྷ་དང་བླ་མ་མཁན་སློབ་ཁྱད་དུ་གསོད༔ དེ་ཕྱིར་དཀར་ཕྱོགས་སྐྱོང་བའི་ལྷ་དང་དབྱེ༔ ཕ་ལ་བརྙས་ཤིང་མནའ་ཆད་རིང་དུ་བོར༔ ཕོ་ལྷ་གཉན་པོའི་ཚོགས་དང་རིང་དུ་དབྱེ༔ མ་ལ་བརྡེགས་ཤིང་བུད་མེད་སྡུག་ལ་གཏད༔ མ་ལྷ་མཛངས་མའི་ཚོགས་དང་རྒྱང་རིང་དབྱེ༔ བསང་དང་མཆོད་རྫས་མནའ་སྡིག་མི་གཙང་མནོལ༔ ཡུལ་ལྷ་རྒྱབ་རྟེན་ཚོགས་དང་སོ་སོར་ཕྱེ༔ དམ་ཉམས་མགོན་སྐྱབས་ཀུན་དང་བྲལ་བར་གྱུར༔ གལ་ཏེ་སྡིག་ཅན་འདི་ཡི་སྐྱབས་མཛད་ན༔ ཡེ་ཤེས་ལྷ་རྣམས་ཐུགས་དམ་དབྱིངས་སུ་ཉམས༔ འཇིག་རྟེན་ལྷ་རྣམས་རྒྱལ་བའི་བཀའ་ཆད་དང་༔ ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ དགྲ་བགེགས་ལ་འགོ་བའི་ལྷ་ཐམས་ཅད་པྲ་ཝེ་ཤ་ཡ་ཕཊ༔ ཨུ་ཙུ་ཏ་ཡ་ཕཊ༔ དེ་ནས་སླར་ཡང་གཟུགས་བརྙན་ལ༔ དབབ་ཅིང་དམིགས་པས་རྒྱས་འདེབས་ནི༔ ཧཱུྃ་ཧཱུྃ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ ཐུགས་དམ་མ་གཡེལ་དྲག་པོའི་ལས་ལ་བྱོན༔ བསྟན་འགྲོའི་གཤེད་མ་དམ་ཉམས་སྡིག་ཅན་འདི༔ ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་སྟེང་འོག་ཏུ༔ འགོ་བའི་ལྷ་དང་བཅས་ཏེ་བྲོས་པ་ན༔ རིགས་ལྔའི་མཁའ་འགྲོ་མཚམས་ཀྱི་ཤུགས་འགྲོ་དང་༔ སྟེང་འོག་མཁའ་སྤྱོད་ས་སྤྱོད་མཁའ་འགྲོའི་ཚོགས༔ ཕྱོགས་མཚམས་སྟེང་འོག་ཕྱོགས་སྐྱོང་འཁོར་དང་བཅས༔ དགྲ་བགེགས་བྲོས་ལམ་ཆོད་ལ་གཟུགས་ལ་ཕོབ༔ དབྱེར་མེད་རོ་གཅིག་ཨ་བེ་ཤ་ཡ་ཨ༔ ཞེས་པས་གཟུགས་ལིང་ག་ལ་བརྟན་པར་བསམ༔ དེ་ནས་བྱད་དུ་གཞུག་པ་ནི༔ ལིང་ག་བྱད་ཐག་སྔོ་དམར་དཀྲིས༔ ཧཱུྃ༔ ཞིང་བཅུ་ཚང་བའི་དགྲ་བགེགས་དམ་སྲི་འདི༔ དཀར་པོ་ལྷ་ཡི་བྱད་དུ་བཅུག་སྟེ་རྨུག༔ དམར་པོ་བཙན་གྱི་བྱད་དུ་བཅུག་སྟེ་བསྡམས༔ ཁྲ་བོ་གཟའ་ཡི་བྱད་དུ་བཅུག་སྟེ་རྨུགས༔ ནག་པོ་བདུད་ཀྱི་བྱད་དུ་བཅུག་སྟེ་མྱོས༔ འཆི་བདག་གཤིན་རྗེའི་བྱད་དུ་བཅུག་སྟེ་གསོད༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ དགྲ་བགེགས་དམ་ཉམས་སྡེ་བརྒྱད་དྲེགས་པ་རྣམས་ཀྱི་བྱད་དུ་ཆུག་ཅིག༔ ལུས་ངག་ཡིད་གསུམ་ཆིངས་ཤིག་སྡོམས་ཤིག་མཱ་ར་ཡ་ཕཊ་ཕཊ༔ དེ་ནས་ལྷ་དང་སྲུང་མའི་མདུན༔ དགྲ་བོའི་ཉེས་པ་ཆེར་བསྒྲགས་པ༔ ཧཱུྃ༔ དཔལ་ཆེན་སྒྲུབ་པ་སྡེ་བརྒྱད་ལྷ་ཚོགས་དང་༔ ཁྱད་པར་འོད་ཟེར་ཅན་མ་སྙན་གསོན་ཅིག༔ བསྒྲལ་བའི་ཞིང་གྱུར་དམ་ཉམས་ལས་ངན་འདིས༔ གཉིས་འཛིན་བག་ཆགས་དྲག་པོས་རྒྱུད་བསྐུལ་ཏེ༔ དང་པོ་རྒྱལ་བའི་བསྟན་པ་གཉན་པོ་བཤིག༔ བར་དུ་སྡིག་བཅུ་མཚམས་མེད་ལས་ལ་བརྩོན༔ ཐ་མ་ངན་སོང་འཁོར་བའི་གཏིང་རྡོ་བྱས༔ དེ་ཕྱིར་འདི་ཉིད་སྙིང་རྗེའི་ཡུལ་གྱུར་ཀྱང་༔ གདུག་པ་ཅན་རྣམས་ཞི་བས་མི་འདུལ་ཕྱིར༔ སྟོང་ཉིད་མེ་ལོང་ཡེ་ཤེས་རང་རྩལ་ལས༔ ཞེ་སྡང་དྲག་པོས་སྒྲོལ་བའི་དུས་ལ་བབས༔ ཞེས་བརྗོད་རབ་གཏུམ་དྲག་པོ་བསམ༔ བསྟན་འགྲོའི་དོན་དུ་འབད་པར་བྱ༔ དེ་ནས་རྫས་ཀྱི་ཕུར་པ་ལ༔ རཀྟ་བྱུགས་ཤིང་ཡུངས་ཐུན་བརྡེག༔ གུ་གུལ་དུད་པས་བདུག་བྱས་ནས༔ སྔགས་དང་དམིགས་པ་འདི་བཞིན་བྱ༔ ཧཱུྃ༔ མཚན་མ་རྫས་ཀྱི་ཕུར་པ་མངོན་སྤྱོད་ལས༔ དྲག་པོ་སྒྲོལ་བའི་ཕོ་ཉར་མངག་པའི་ཕྱིར༔ གུ་གུལ་བདུག་པས་བགེགས་བསྐྲད་བྱིན་ཆེན་དབབ༔ ཡུངས་ཐུན་གྱིས་བརྡེག་དཔའ་བོའི་ངར་ཡང་བསྐྱེད༔ དམར་ཆེན་བྱུགས་པས་བཟོད་དཀའི་གཟི་མདངས་འབར༔ ལོག་འདྲེན་སྒྲོལ་བའི་སྟོབས་ནུས་ལྡན་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོའི་སྲོག་ལ་མཱ་ར་ཡ༔ ཞེས་པ་ལན་གསུམ་སྐབས་དང་བསྟུན༔ སྤྲོ་ན་སྔགས་རིམ་གཞན་ལྟར་བྱ༔ དེ་ནས་ཕུར་བུ་ལྷར་བསྐྱེད་ནི༔ གསལ་བ་གསུམ་གྱི་ཏིང་འཛིན་གནད༔ རང་ཉིད་ལྷ་མོ་འོད་ཟེར་ཅན༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ༔ ཕྱག་དྲུག་ཞི་རྒྱས་དབང་དྲག་དང་༔ སྲུང་ཟློག་ཕུར་པ་དུང་གསེར་ཟངས༔ གནམ་ལྕགས་སེང་ལྡེང་སྐྱེར་ཕུར་འདྲིལ༔ རབ་ཏུ་ཁྲོས་པའི་ང་རྒྱལ་བསྐྱེད༔ ལིང་ག་དམ་ཉམས་དམིགས་པའི་དགྲ༔ ཉམ་ཐག་སྐྱབས་དང་བྲལ་བར་བསམ༔ ཕུར་བུ་རྒྱལ་བ་ཐམས་ཅད་ཀྱི༔ མངོན་སྤྱོད་ལས་ལ་རབ་བསྔགས་པའི༔ རྡོ་རྗེ་གཞོན་ནུ་དངོས་སུ་བསྒོམས༔ དམིགས་པའི་སྤྱི་ཆིང་ཟབ་མོ་འོ༔ ས་མ་ཡཱ༔ བསྒྲལ་གནད་རྫོང་འཕྲང་སྲོག་གསུམ་སྟེ༔ འདི་ལྟར་འཁོར་འདས་གཉིས་བསྡུས་ཆོས༔ ཀུན་ཀྱང་མ་སྐྱེས་བློ་ལས་འདས༔ སྒྲོལ་བྱེད་བསྒྲལ་ཡུལ་སྒྲོལ་བའི་ལས༔ བདག་ཕུར་འབེན་གསུམ་གྲུབ་མཐའ་གཅིག༔ ཡོད་མེད་རྟག་ཆད་གཉིས་སུ་མེད༔ དེ་ལྟར་རྟོགས་པའི་ལྟ་བ་ནི༔ བློ་ལས་འདས་པ་ལྟ་བའི་རྫོང་༔ རྒྱུ་དུས་སྙིང་རྗེ་ཆེན་པོ་ཡིས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ བསྟན་དགྲ་སྒྲོལ་བར་དམ་བཅས་པ༔ རང་རིག་བྱང་ཆུབ་སེམས་ཀྱི་རྩལ༔ ཡེངས་མེད་གོམས་པར་བྱས་པ་ཉིད༔ ཞེ་སྡང་བརྣག་པའི་ངར་བཏབ་ཀྱང་༔ བདེན་གཉིས་ཟུང་འཇུག་སྒོམ་པའི་འཕྲང་༔ མངོན་སྤྱོད་གསང་སྔགས་ལས་ཀྱི་མཐའ༔ གསོད་པ་ཤན་པའི་ཚུལ་བཟུང་ཡང་༔ གསོ་བ་རྒྱལ་བའི་སྲས་ཉིད་དུ༔ གསེར་འགྱུར་རྩི་ཡིས་ལྕགས་ཐེབས་བཞིན༔ བསྟན་སྲོག་བཟུང་བ་སྤྱོད་པའི་སྲོག༔ དེ་ལྟར་ལྡན་པའི་བསྒྲལ་ལས་ལ༔ སྡིག་སྐྱོན་དྲི་མས་མ་གོས་ཤིང་༔ འཚེངས་པ་གསུམ་དང་འབྲེལ་བའོ༔ དེ་ནས་རང་སེམས་སྟོང་པའི་ངང་༔ ཆོས་དབྱིངས་ཕུར་བུའི་རང་མདངས་ལས༔ ཚད་མེད་སྙིང་རྗེའི་ཕུར་པ་ཤར༔ དེ་ཉིད་མཚན་མ་རྫས་ཕུར་ལ༔ བརྟེན་ནས་དོན་གཉིས་འབྱུང་བའི་ཕྱིར༔ ཟབ་མོ་སྔགས་ཀྱིས་སྦྱང་བ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ སྟོང་ཉིད་ངང་ལས་རང་གི་སོར་མོ་བཅུར༔ ཟླ་ཉིའི་སྟེང་དུ་འབྲུ་བཅུ་ཡོངས་གྱུར་ལས༔ རིགས་ལྔ་ཡབ་ཡུམ་བཅུར་གྱུར་བདེ་སྟོང་ངང་༔ མཉམ་སྦྱོར་སྲས་མཆོག་བཛྲ་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་སྲིན་པོ་ཁྲོས་པའི་གཟུགས༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་རྣོ་བའི་དབལ༔ ཡེ་ཤེས་མེ་ཡི་ཚྭ་ཚྭ་འཕྲོ་བར་བསམ༔ དེ་ནས་མངོན་སྤྱོད་ལས་སྒྲུབ་ཅིང༔ ཁམས་གསུམ་འཁོར་བར་མི་ལྡོག་ཅིང་༔ སྐུ་གསུམ་དབྱིངས་རྒྱས་འདེབས་པའི་ཕྱིར༔ ཕུར་བུར་དབང་བསྐུར་བྱ་བ་ནི༔ ཕུར་བུའི་དཔྲལ་བར་ཟླ་དང་ཨོཾ་དཀར་པོ༔ མགྲིན་པར་འདབ་བརྒྱད་སྟེང་དུ་ཨཱཿ་དམར་པོ༔ ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ༔ བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས་བདག་ཉིད༔ དེ་ལས་དཀར་དམར་མཐིང་ཀའི་འོད་ཟེར་འཕྲོས༔ རྒྱལ་ཀུན་གསང་བ་གསུམ་གྱི་བྱིན་རླབས་བསྡུས༔ ཕུར་བུར་ཐིམ་པས་སྲས་མཆོག་ཀཱི་ལ་ཡ༔ སྐུ་ལུས་འགྱིང་བས་ཁམས་གསུམ་ཟིལ་གནོན་ཅིང་༔ གསུང་སྔགས་བསྒྲགས་པས་སྲིད་གསུམ་དབང་དུ་སྡུད༔ ཐུགས་ཀྱི་དགོངས་པས་དུག་གསུམ་དབྱིངས་སྒྲོལ་བའི༔ མངོན་སྤྱོད་ལས་ལ་ཐོགས་པ་མེད་པར་གྱུར༔ དེ་ནས་ཕུར་བུ་དགྲ་གཟུགས་ཀྱི༔ སྙིང་གི་དཀར་ནག་མཚམས་སུ་བཏབ༔ བདག་ཉིད་དཔའ་མོ་འོད་ཟེར་ཅན་མ་ཡིས༔ ཕུར་བུ་དགྲ་བོའི་སྙིང་གར་བཏབ་པའི་ཚེ༔ ཚེ་སྲོག་ངོ་བོ་རྣྲི་ཡིག་ལྗང་ཁུ་དེ༔ ཕུར་རྩེར་བླངས་ཏེ་བདག་ཉིད་ཁྲོས་མ་ཡི༔ ཐུགས་ཀའི་ས་བོན་ལ་ཐིམ་རང་ཉིད་ཀྱི༔ ཚེ་ཡི་གསོས་སུ་གྱུར་ཏེ་ཚེ་བསོད་རྒྱས༔ བསྟན་འགྲོའི་གསོས་སུ་ཡུན་རིང་འཚོ་བར་གྱུར༔ ཅེས་བསམ་དེ་ནི་ཚེ་ལུང་ཞེས་བྱ་རྣལ་འབྱོར་ཚེ་ཡི་སྒྲུབ་པ་ཟབ་མོ་འོ༔ དེ་ནས་ཁྲུས་ལུང་ཟབ་མོའི་དགོངས་པ་ནི༔ ཟབ་ལས་ཆེས་ཟབ་དམིགས་གནད་འདི་བཞིན་ནོ༔ བདག་ཉིད་འཕགས་མའི་གནས་གསུམ་འབྲུ་གསུམ་དང་༔ ཕུར་བུའི་གནས་གསུམ་ཡིག་འབྲུའི་འོད་ཟེར་གྱིས༔ དགྲ་བོའི་ལུས་ངག་ཡིད་གསུམ་མི་དགེ་བཅུས༔ བསགས་པའི་ལས་ངན་སྡིག་སྒྲིབ་མ་ལུས་བཀྲུས༔ དེ་ཡི་རྣམ་ཤེས་ཨཱཿཡིག་དཀར་པོར་གྱུར༔ ཕུར་རྩེར་ཡེ་ཤེས་ལྔ་ཡི་འོད་འཕྲོས་པས༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བླངས་པ་ལྟར༔ འུབ་བསྡུས་དབྱིངས་ཡུམ་ཀུན་ཏུ་བཟང་མོ་ཡི༔ མཁའ་རུ་འཕངས་པས་རྡོ་རྗེ་སེམས་དཔའི་སྐུ༔ གཞན་དོན་མཐར་ཕྱིན་རྒྱལ་བའི་སྲས་སུ་གྱུར༔ ཐབས་ཤེས་ཟུང་འཇུག་ཡི་གེ་ཕཊ་དྲག་པོས༔ དབྱིངས་སུ་བསྟིམས་ལ་ཡུམ་དོན་མཉམ་པར་བཞག༔ དེས་ནི་ཞིང་བཅུའི་ལས་ངན་རྒྱུན་བཅད་ནས༔ སྨིན་གྲོལ་གདམས་པས་རྒྱུད་སྦྱངས་སྨིན་སློབ་དང་༔ ཁྱད་མེད་དོན་གཉིས་འགྲུབ་པའི་མན་ངག་གོ༔ དེ་ནས་འབྱུང་བཞིའི་ཐུན་བཞི་ལས༔ དགྲ་བགེགས་འབྱུང་ལྔ་བཤིག་པའི་ཕྱིར༔ ཐོག་མར་རི་རབ་གཟུགས་བརྡེག་ལ༔ ཧཱུྃ༔ ང་ནི་རྡོ་རྗེ་མཁའ་འགྲོ་འོད་ཟེར་ཅན༔ འབྱུང་བ་ས་ཡི་ཁམས་ལ་དབང་བསྒྱུར་བས༔ ཡུམ་ཆེན་སངས་རྒྱས་སྤྱན་དང་གཉིས་སུ་མེད༔ ཞིང་བཅུའི་ཤ་དང་འབྱུང་བ་སར་འཛིན་པ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་རྡུལ་དུ་རློགས༔ རྩ་སྔགས་ཤམ་བུར་ལས་སྦྱོར་གདགས༔ ཁྲག་མཚོ་ཆུ་ཡི་ཟོར་བརྡེག་ལ༔ ཧཱུྃ༔ ང་ནི་རིན་ཆེན་མཁའ་འགྲོ་འོད་ཟེར་ཅན༔ འབྱུང་བ་ཆུ་ཡི་ཁམས་ལ་དབང་བསྒྱུར་བས༔ ཡུམ་ཆེན་མཱ་མ་ཀཱི་དང་གཉིས་སུ་མེད༔ ཞིང་བཅུའི་ཁྲག་དང་འབྱུང་བ་ཆུར་འཛིན་པ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་རྡུལ་དུ་རློགས༔ རྩ་སྔགས་ཤམ་བུར་ལས་སྦྱོར་གདགས༔ མེ་འབར་སྲེག་བྱེད་ཐུན་བརྡེག་ལ༔ ཧཱུྃ༔ ང་ནི་པདྨ་མཁའ་འགྲོ་འོད་ཟེར་ཅན༔ འབྱུང་བ་མེ་ཡི་ཁམས་ལ་དབང་བསྒྱུར་བས༔ ཡུམ་ཆེན་གོས་དཀར་མོ་དང་གཉིས་སུ་མེད༔ ཞིང་བཅུའི་དྲོད་དང་འབྱུང་བ་མེར་འཛིན་པ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་རྡུལ་དུ་རློགས༔ རྩ་སྔགས་ཤམ་བུར་ལས་སྦྱོར་གདགས༔ རླུང་གཡབ་རེ་བས་གཟུགས་བརྡེག་ལ༔ ཧཱུྃ༔ ང་ནི་ལས་ཀྱི་ཁྲོ་མོ་འོད་ཟེར་ཅན༔ འབྱུང་བ་རླུང་གི་ཁམས་ལ་དབང་བསྒྱུར་བས༔ ཡུམ་ཆེན་དམ་ཚིག་སྒྲོལ་དང་གཉིས་སུ་མེད༔ ཞིང་བཅུའི་དབུགས་དང་འབྱུང་བ་རླུང་འཛིན་པ༔ དམིགས་མེད་ཆོས་ཀྱི་དབྱིངས་སུ་རྡུལ་དུ་རློགས༔ རྩ་སྔགས་ཤམ་བུར་ལས་སྦྱོར་གདགས༔ དེ་ནས་ཐུན་སྣོད་གྲུ་གསུམ་དུ༔ འཇིགས་རུང་དུག་གི་མེ་ཏོག་དང་༔ གུ་གུལ་སྦྱར་སྤོས་རོ་ཞུན་མེ༔ ཁྲག་ཆབ་དུག་གི་བཤོས་ཟུར་གསུམ༔ ཐོད་རྔ་འཁྲོལ་ཞིང་ཚིག་དང་བསྟུན༔ མཆོད་པའི་ཕྱག་རྒྱ་ཆེན་པོ་བརྒྱད༔ ཁྲོས་པས་དགྲ་བགེགས་ཚོགས་བརྒྱད་ཀྱི༔ དབང་ཡུལ་འབྲེལ་ཐག་བཅད་པར་བསམ༔ རང་རང་ཐུན་རྫས་གཟུགས་ལ་བརྡེག༔ ཧཱུྃ༔ འཇིགས་རུང་མི་བསྲུན་ཁྲོ་མོ་བརྒྱད་པོ་ཡིས༔ དགྲ་བགེགས་རྣམ་ཤེས་འབྲེལ་བ་རྒྱུན་ཆོད་ཕྱིར༔ དུག་གི་མེ་ཏོག་མིག་ལ་བྲབ་པ་ཡིས༔ ལོག་རྟོག་འཁྲུལ་བའི་མི་ཤེས་རྒྱུན་ཆོད་ཅིག༔ རྩ་སྔགས་ཤམ་བུར་ལས་སྦྱོར་གདགས༔ གུ་གུལ་རོ་སྲེག་དུད་པ་སྣར་བདུག་པས༔ གཉིས་རྟོག་དྲི་འཛིན་ཤེས་པ་དབྱིངས་སུ་ཆོམས༔ ཞུན་ཆེན་སྦྱར་བའི་མེ་ལྕེས་ལུས་བསྲེགས་པས༔ མ་རིག་ལུས་ངན་ཤེས་པ་ཐལ་བར་ཐོངས༔ དམར་ཆེན་ཁྲག་ཆབ་འཁྲུགས་པས་རབ་བརྡེག་པས༔ སྡུག་བསྔལ་ཉོན་ཡིད་ཤེས་པ་རྡུལ་དུ་རློགས༔ དུག་ཟས་ཁྲག་གིས་སྦྲུས་པ་ཁར་བླུགས་པས༔ སྡིག་སྤྱོད་རོ་འཛིན་ཤེས་པ་རྩད་ནས་ཆོད༔ རཱུ་ཏྲ་ཕོ་མོའི་ཐོད་རྔའི་སྒྲ་བསྒྲགས་པས༔ འཁོར་རྩ་སྒྲ་འཛིན་དབང་ཤེས་རྒྱུན་ཐག་ཆོད༔ རྟོག་བྲལ་ནམ་མཁའི་སྒོང་ཟོར་སྙིང་བརྡེག་པས༔ ཀུན་གཞི་འཁྲུལ་བའི་བག་ཆགས་དྲུང་ནས་ཕྱུང་༔ རྩ་སྔགས་ཤམ་བུར་ལས་སྦྱོར་གདགས༔ དེ་ནས་ཕུར་བུ་གནས་དྲུག་ཏུ༔ བཏབ་སྟེ་ཚིག་དོན་ཡིད་ལ་བསམ༔ ཧཱུྃ༔ བདག་ཉིད་དཔའ་མོ་འོད་ཟེར་ཅན་མ་ཡི༔ ཕྱག་གཡས་དང་པོས་དངུལ་གྱི་ཕུར་པ་གདེངས༔ དགྲ་བགེགས་སྤྱི་བོའི་གཙུག་ཏུ་བཏབ་པ་ཡིས༔ ལས་ངན་སྒྲིབ་གཉིས་བག་ཆགས་ཞི་བར་མཛད༔ ཞི་མཛད་ཀི་ལ་ཡཱ་ཡི་ཕྲིན་ལས་མཛོད༔ ཕྱག་གཡོན་དང་པོས་གསེར་ཕུར་གྲུ་བཞི་གདེངས༔ དགྲ་བགེགས་དཔྲལ་བའི་དཀྱིལ་དུ་བཏབ་པ་ཡིས༔ ལས་ངན་རྒྱུན་བཅད་ཡོན་ཏན་རྒྱས་པར་མཛད༔ རྒྱས་མཛད་ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཕྱག་གཡས་བར་བས་ཟངས་ཕུར་ཟླ་གམ་འདྲིལ༔ དགྲ་བགེགས་སྙིང་གི་དཀྱིལ་དུ་གདབ་པ་ཡིས༔ ལས་སྒྲིབ་ཆོས་ཀྱི་དབྱིངས་སུ་དབང་སྡུད་མཛད༔ དབང་མཛད་ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཕྱག་གཡོན་བར་བས་ལྕགས་ཕུར་ཟུར་གསུམ་འདྲིལ༔ དགྲ་བགེགས་མགྲིན་པའི་རྩ་ལ་བཏབ་པ་ཡིས༔ ཁམས་གསུམ་རྒྱུད་འབྲེལ་ངག་སྒྲིབ་དབྱིངས་སུ་སྒྲོལ༔ སྒྲོལ་མཛད་ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཕྱག་གཡས་ཐ་མས་སེང་ལྡེང་ཕུར་པ་འདྲིལ༔ དགྲ་བགེགས་ལྟེ་བའི་རྩ་ལ་བཏབ་པ་ཡིས༔ སྲིད་གསུམ་རྩད་གཅོད་རྣལ་འབྱོར་སྒོ་གསུམ་སྲུངས༔ སྲུང་མཛད་ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ ཕྱག་གཡོན་ཐ་མས་དུག་ཤིང་ཕུར་པ་འདྲིལ༔ དགྲ་བགེགས་གསང་བའི་གནས་སུ་བཏབ་པ་ཡིས༔ རྟེན་འབྲེལ་ལུགས་འབྱུང་ཆོས་ཀྱི་དབྱིངས་སུ་ཟློག༔ བཟློག་མཛད་ཀཱི་ལ་ཡ་ཡི་ཕྲིན་ལས་མཛོད༔ སྤྲོ་ན་རང་རང་ཚིག་མཚམས་སུ༔ རྩ་སྔགས་ཤམ་བུར་ལས་སྦྱོར་སྔགས༔ མེ་དཔུང་མར་གྲགས་སོ་ལྔ་བ༔ གདགས་ཤིང་རྫས་ཕུར་སོ་སོར་བཅའ༔ བསྡུས་ན་ཀུན་གྱི་མཇུག་ཏུ་གཅིག༔ དེ་ནས་ལིང་ག་མཚོན་གྱིས་གཏུབས༔ མཁས་པས་རྐང་པ་གཡོན་ནས་བརྩམས༔ ཧཱུྃ་ཧཱུྃ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ ཤ་ཟ་མཁའ་འགྲོ་གིང་ཆེན་སྤྲུལ་བར་བཅས༔ རི་རབ་རྡུལ་བརླག་རྒྱ་མཚོ་ཧུབ་ཀྱིས་རྔུབ༔ བཟོད་དཀའ་ཕྱག་མཚན་མཚོན་ཆའི་ཆར་ཕོབ་ལ༔ དགྲ་བགེགས་གཟུགས་ཕུང་ཐལ་བའི་རྡུལ་དུ་རློགས༔ རྩ་སྔགས་ལས་སྦྱོར་སྔགས་ཤམ་དུ༔ དགྲ་བགེགས་དམ་སྲི་ལོག་འདྲེན་འབྱུང་པོ་ཐམས་ཅད་ཀྱི་སྲོག་ལ་མ་ར་ཡ་རྦད༔ དེ་ནས་ལིང་རོར་བདུད་རྩི་བྲན༔ གཏོར་མ་འབུལ་ཞིང་དམིགས་པ་ནི༔ ལྷ་མོ་འོད་ཟེར་ཅན་མ་ཡི༔ ལྷ་ཚོགས་གཙོ་འཁོར་དྲག་ཏུ་ཁྲོས༔ གནམ་ས་ལྟ་བུའི་ཞལ་གདངས་པས༔ དགྲ་བགེགས་ལོག་འདྲེན་ཐམས་ཅད་ཀྱི༔ ཤ་རུས་ཆེམ་ཆེམ་གསོལ་བར་བསམ༔ ཧཱུྃ༔ དོན་དམ་ཆོས་དབྱིངས་སྐྱེ་མེད་ཞལ་ཕྱེས་ཤིག༔ ཀུན་བཟང་འཁྲུལ་བའི་བག་ཆགས་དབྱིངས་སུ་བསྟབས༔ རྩ་བརྒྱུད་རིག་འཛིན་བླ་མ་ཞལ་ཕྱེས་ཤིག༔ ཉམས་ཆག་རྟོག་སྒྲིབ་ཀ་དག་ཀློང་དུ་བསྟབས༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཞལ་ཕྱེས་ཤིག༔ བཟང་ངན་བླང་དོར་མཉམ་ཉིད་དབྱིངས་སུ་བསྟབས༔ མ་སྲིང་ཌཱཀྐི་རྒྱ་མཚོ་ཞལ་ཕྱེས་ཤིག༔ སྡུག་བསྔལ་འཁྲུལ་རྟོག་བདེ་ཆེན་དབྱིངས་སུ་བསྟབས༔ ཁྱད་པར་རྒྱལ་ཡུམ་དཔའ་མོ་མ་རི་ཙྱཻ༔ གཙོ་འཁོར་སྤྲུལ་བ་དམ་ཅན་རྒྱ་མཚོའི་ཚོགས༔ འཇིགས་རུང་གནམ་ས་ལྟ་བུའི་ཞལ་གདངས་ལ༔ རྣོ་དབལ་སྤུ་གྲི་ལྟ་བུའི་མཆེ་བ་གཙིགས༔ བཟོད་དཀའ་ཐོག་མདའ་ལྟ་བུའི་ལྗགས་བསྐྱངས་ནས༔ སྟོང་ཁམས་ཡངས་པ་ལྟ་བུའི་མགྲིན་པ་རུ༔ དགྲ་བགེགས་དམ་སྲི་ལོག་འདྲེན་བསྒྲལ་བ་ཡི༔ ཤ་ཁྲག་རུས་པ་དབང་པོ་ནང་རོལ་བཅས༔ ལྷག་མ་མེད་པར་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཁམས་གསུམ་འཁོར་བར་སྐྱེ་བའི་རྒྱུན་ཆོད་ལ༔ འཁྲུལ་མེད་ཆོས་ཀྱི་དབྱིངས་སུ་རྒྱས་ཐོབ་ཅིག༔ རྩ་སྔགས་ཤམ་བུར་༔ མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་ཀེཾ་ནི་རི་ཏི་ལ་ཁཱ་ཧི༔ ཞེས་བརྗོད་དབྱིངས་སུ་མཉམ་པར་བཞག༔ ས་མ་ཡཱ༔ བསྒྲལ་ལས་གནམ་ལྕགས་ཐོག་མདའ་འདིས༔ གང་དམིགས་དགྲ་བགེགས་མ་ལུས་པ༔ རྡུལ་དུ་བརླག་པར་གདོན་མི་ཟ༔ གང་བབས་ཐོ་ཅོར་བརྩམ་མི་བྱ༔ བཀའ་སྲུང་དབྱིངས་ཀྱི་མ་མོ་དང་༔ གཏེར་སྲུང་དུད་སོལ་ལྷ་མོ་ཡིས༔ ཆུད་མི་ཟ་བར་སྲུངས་ཤིག་རྒྱ༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་གིས༔ རིག་པ་དབྱིངས་ཀྱི་སྒྲོམ་བུ་རུ༔ བདག་ཉིད་རྒྱལ་དབང་པདྨ་ཡིས༔ དགོངས་པའི་དབྱིངས་ཀྱི་རྒྱས་བཏབ་པ༔ དུས་བབས་ལས་སྐལ་ལྡན་ལ་སྣང་༔ ཐེ་ཚོམ་ཅན་ལ་ཕག་ཏུ་སྦོས༔ དད་ཅན་ཆོས་ཀྱི་སྐལ་བར་ཤོག༔ གུ་ཧྱ༔ བདག་འདྲ་སྤྲང་བན་དགེ་སྦྱོང་བྷུ་སུ་ཀུ་བ་སྐལ་ལྡན་ལུང་རིག་གླིང་པར་འབོད་པས་རང་བྱུང་པདྨ་ཡབ་ཡུམ་རྡོ་གྲུབ་ལག་ན་རྡོ་རྗེ་དག་པའི་སྣང་ངོར་ཡང་ཡང་མཇལ་ཏེ་ཟབ་མོ་གཏེར་ལ་དབང་བར་འཁྲུལ་མེད་ཀྱི་ལུང་བྱང་བསྩལ་པ་ལ་ངེས་པ་རྙེད་དེ་དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་དང་ལྡན་པས་བྲིས་པའི་དགེ་བས་བསྟན་དགྲ་མ་ལུས་དབྱིངས་སུ་བསྒྲལ་ནས་དུས་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ འདི་དག་སྣང་དུ་བབས་པ་ཡོད་ཀྱང་དཀོར་འབྱམས་ལེ་ལོའི་དབང་གིས་ཕྱི་བཤོལ་དུ་ལུས་པ་ལྷོ་བྲག་མར་པ་ལོ་ཙཱའི་སྲས་ཀྱི་ཐུ་བོ་དར་མ་དབང་ཕྱུག་ཏུ་གྲགས་པའི་རྣམ་རོལ་ཡིན་ནམ་སྙམ་པའི་སྤྲུལ་པའི་སྐུ་ཐུབ་བསྟན་འོད་ཟེར་ནས་གསང་ཆེན་ཌཀྐིའི་ཚོགས་ཀུན་མགྲོན་དུ་འབོད་པའི་རྫས་ཀྱི་མཆོག་ཏུ་གྲགས་པ་མཚན་ལྡན་ཐོད་པའི་ཌ་མ་རུ་དང་ལྷ་རྫས་དར་དཀར་སྲིད་དུ་རིང་བ་བཅས་བཀས་བསྐུལ་བའི་ངོ་མ་ཆོག་པ་དང་༔ དད་ལྡན་མི་དབང་དཔའ་བོའི་རིགས་ལས་བྱུང་བའི་སྦྱིན་བདག་གིས་བསྐུལ་ངོར་གྲུབ་དབང་རྫོགས་ཆེན་པའི་སློབ་འབངས་ཐ་ཤལ་པས་སུག་བྲིས་བགྱིས་པ་དགེའོ། །སརྦ་མངྒ་ལམ།།

འགུག་པ་ཧོར་བླས་མཛད་པ།

༄༅།། ཛ༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་ལ་སོགས་མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་འཇིགས་བྱེད་དུས་དགྲའི་སྒྲོལ་ཡུམ་ཁྲོ་མོ་མ་རི་ཙྱཻ། དགྲ་བགེགས་འབྱུང་པོ་གནོན་མཛད་རིགས་བཞིའི་འོད་ཟེར་ཅན་མ། ཚོགས་བརྒྱད་ཡུལ་སྣང་འཇོམས་མཛད་རྒྱལ་ཡུམ་ཁྲོ་མོ་རྣམ་བརྒྱད། འགུགས་འཆིང་སྡོམ་མྱོས་བྱེད་པའི་སྒོ་སྲུང་ལས་བཞིའི་ཏ་ཀྲིཏ། སྤྱན་གཅིག་ཁྲག་མཚོ་ཁོལ་བའི་སྔགས་སྲུང་ཁྲོས་མ་རག་གདོང་། བསྟན་དགྲའི་སྲོག་གི་གཤེད་མ་མ་མོ་དུད་པའི་སོལ་བ་ཅན་ལ་སོགས་པའི་བཀའ་སྲུང་གཏེར་བདག་དམ་ཅན་རྒྱ་མཚོའི་ལྷ་ཚོགས་འཁོར་དང་བཅས་པའི་བཀའ་བདེན་པ་དང་། མགོན་པོ་ཕོ་རྒྱུད་ལྷ་མོ་མོ་རྒྱུད་ལ་སོགས་ཡེ་ཤེས་དང་འཇིག་རྟེན་ལས་གྲུབ་པའི་བཀའ་གཏེར་གྱི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཕོ་ལྷ་དགྲ་ལྷ་ཡུལ་ལྷ་ཟོ་དོར་རྣམས་ཀྱི་བདེན་པ་དང་། གསང་སྔགས་རྣལ་འབྱོར་པ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་སྤྱིར་སངས་རྒྱས་བསྟན་པའི་བསྟན་དགྲ། སེམས་ཅན་ཡོངས་ཀྱི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅས་པ་ན་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་པའི་རྐྱེན། ལན་པ་མེད་པའི་སྲོག་ལ་རྒོལ་བ། བསྡོས་པ་མེད་པའི་ཟས་ནོར་འཕྲོག་པ། ཟོས་པ་མེད་པའི་བུ་ལོན་རྙོག་པ། དོ་སྡོ་ཞིང་ཕོད་བཙུགས་པའི་དགྲ་ཡ། གྱོད་ཡ། འཁོན་ཡ། འཛིང་ཡ་བྱེད་པའི་དགྲ་བོ་མཐོ་ལ་ཁ་ན་ཇག་པ་རྟ་སྒ་སྟོད་མི། དམའ་ལུང་ཁུང་ན་རྐུན་མ་ཐག་འབྲེང་ཐོགས་མི། རྐུན་ཁ་ཤོམ་བྱེད་མི། འཇབ་ལག་ཤོམ་བྱེད་མི། ཁ་མཆུ་དང་རྩོད་ཡ་བྱེད་མི། མཐུ་མེད་དང་ལྷ་མེད་ཟེར་མི་ལ་སོགས་པ་མདོར་ན་བསམ་པ་ངན་པ་ཡིད་ལ་འཆང་ཞིང་སྦྱོར་བ་རྩུབ་མོ་ལག་ཏུ་ལེན་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་མཐོ་རི་བོའི་རྩེ། དམའ་རྒྱ་མཚོའི་གཏིང་། བར་ཉི་ཟླའི་སྐྱབས་ཞབས། སྔགས་པ་ནུས་པ་ཅན་གྱིས་གུར་ཁང་། སྲིད་པ་གསུམ་གང་ན་གནས་ཀྱང་སྐད་ཅིག་རང་དབང་མེད་པར་གཟུགས་ལིང་ག་མིང་བྱང་བུར་བཀོད་པ་འདི་ལ་ཁུག་ཅིག། རྣྀ་ཏྲི་ཧུར་ཐུམ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨ་བེ་ཤ་ཡ་ཨ་ཨ༔ ཞེས་རོལ་མོ་དང་བཅས་པས་འགུག་གཞུག་ལན་གསུམ་བྱས་ལ། ན་མོ་རྩ་བརྒྱུད་སོགས་འདོན། ཅེས་པ་འདི་ཡང་ས་ར་ཧི་ཏས་སོ།། ༈ བླ་འགུགས་ལྡེ་མིག་ནི། གནོད་བྱེད་དགྲ་ཇག་ཆོམ་རྐུན་གྱི་བླ་ཤ་རི་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུམ་ཐུམ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུན་ཏྲི་བྷྱོ་ཛ་ཛ་ཧཱུྃ་བཾ་ཧོ༔ འདི་ནི་བླ་འགུགས་ལྡེ་མིག་ཡིན༔ ལྡེ་མིག་འདི་དང་མི་ལྡན་ན༔ བསད་ལས་བྱེད་པ་དོན་མེད་ཡིན༔ ཞེས་གསུངས་པ་ལྟར་རོ༔ ༈ བླ་འགུགས། ནྲི་ཤ་ཀུ་རུ་ནྲི་ཤ་ཀུ་རུ༔ ཁོ་སོ་ཝ་ཏེ་ཡཾ་རི་ཏེ༔ ཡཾ་སེན་ཡཾ་སེན་མེན་ཡཾ་སོས་སྙིང་ཚལ་པ་བཾ་རིལ་རྦད༔ གནོད་བྱེད་དགྲ་རྐུན་ཇག་པའི་བླ་རྟེན་སྲོག་རྟེན་ཐམས་ཅད་ཁུག་ཅིག་ཛ་ཛཿ

བླ་འགུགས་སྔགས་སོགས་ལྡེབ་ཤར།

༈ ཨོཾ་མ་རི་ཙྱཻ་བ་ཏ་ལི་བྷ་ར་ཧ་མུ་ཁཾ་སརྦ་དུཥྚན་པྲ་དུཥྚན་གནོད་བྱེད་དགྲ་ཇག་ཆོམ་རྐུན་རྒྱལ་བསེན་ཡུལ་འདྲེ་འབྱུང་པོ་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་བྷྱོ་བྷྱོ་ཟློག༔ ཨོཾ་མ་རི་ཙྱཻ་མུཾ༔ དགྲ་བགེགས་འབྱུང་པོ་ཐམས་ཅད་ཀྱི་ཙཀྵུ་བྷནྡྷ་བྷནྡྷ་མུ་ཁཾ་བཛྲ་ད་ཧ་ད་ཧ་ཕཊ་ཕཊ༔ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མ་ར་ཡ་རྦད་བྷྱོ་ཟློག་སྟྭཾ་བྷ་ཡ་ནན༔ ཛྭ་ལ་རཾ་ཁ་ཧི༔

བཟློག་པ་གཉིས་འཐུང་མཚོན་འཁོར།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ལས༔ བཟློག་པ་གཉིས་འཐུང་མཚོན་འཁོར་བཞུགས༔

གདོད་མའི་སྟོང་ཆེན་ཆོས་དབྱིངས་ཡུམ་གྱི་མཁར༔ སྐྱེ་མེད་རང་བྱུང་འགྲོ་ངོར་གང་འདུལ་གཟུགས༔ ཚད་མེད་སྙིང་རྗེས་ཆེར་ཁྲོས་ཞིང་བཅུའི་གཤེད༔ གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་བསྟན་པ་ཆེས་ཆེར་ཉམས་པའི་མཐུས༔ སེམས་ཅན་བདེ་སྐྱིད་མར་འགྲིབ་སྡུག་བསྔལ་མནར༔ དེ་ཚེ་འགྲོ་རྣམས་མི་དགེ་བཅུ་ལ་སྤྱོད༔ ཁྱད་པར་དུས་རྒྱུན་ཉེས་མེད་རི་དྭགས་གསོད༔ ལོངས་སྤྱོད་ལྡན་རྣམས་སྙིང་གི་ཚེར་མར་མཐོང་༔ རང་ཉིད་ཕོངས་ལས་གཞན་འབྱོར་སྡུག་བསྔལ་བྱེད༔ དེ་ཚེ་ལྷ་ཀླུ་དཀར་ཕྱོགས་གཞི་བདག་འཁྲུགས༔ སྲོག་ཆགས་མི་སྡུག་བཙས་པ་ལྷག་ཆད་དང་༔ སྐར་མ་རྟགས་ཅན་ས་རལ་བྲག་སྙིལ་དང་༔ ཁྱད་པར་རྒྱ་འདྲེ་སྤུན་དགུ་སྙིང་ཞུགས་པས༔ བན་བོན་དམ་ལོག་རྒྱ་འདྲེ་སྲུང་མར་གྱུར༔ མཐུ་བྱད་ལས་བརྩོན་ཆོས་མཛད་གློ་བུར་འཆི༔ ཁྲིམས་རལ་བཙུན་གཟུགས་ས་སྟེང་ཐུབ་བསྟན་བཤིག༔ ཕ་བུ་ཡིན་ཀྱང་གསོད་ལ་ཐེ་མི་ཚོམ༔ དྲིན་གྱིས་བསྐྱངས་པའི་རྡོ་རྗེ་སློབ་དཔོན་གྱིས༔ ཅུང་ཟད་ཙམ་གྱིས་བཀྱོན་ཡང་དེ་མ་ཐག༔ དམ་ལོག་སློབ་བུས་ངོས་ལྐོག་གཤེ་ཞིང་བརྡེག༔ དེ་འདྲའི་དུས་ངན་བརྗོད་པར་མི་རུང་བས༔ འགྲོ་རྣམས་ཅི་བྱ་ངོས་མི་ཟིན་པའི་ཚེ༔ པདྨ་བདག་དང་ཡེ་ཤེས་མཚོ་རྒྱལ་དང་༔ བཻ་རོ་ཆོས་རྒྱལ་ལ་སོགས་རྗེ་འབངས་ཀྱི༔ སྤྲུལ་བ་ཡང་སྤྲུལ་ནམ་མཁའི་སྐར་ལྟར་བཀྲ༔ ལ་ལ་མི་དཔོན་ལ་ལ་བླ་ཆེན་ཚུལ༔ ལ་ལ་བྱ་བྲལ་ལ་ལ་འཁྲུལ་ཞིག་དང་༔ ལ་ལ་གཏེར་ཆེན་འགའ་ཞིག་གཏེར་ཕྲན་འདོན༔ ཕལ་ཆེར་རིག་གནས་མཁན་དང་ཕྲིན་སྒྲུབ་ཀྱི༔ ཕྱག་བཞེས་བསྟན་རྒྱུན་སྤེལ་དང་ཁྱད་པར་དུ༔ ཐོས་བསམ་འཆད་རྩོད་རྩོམ་དང་སྒྲུབ་ལ་བརྩོན༔ སྣ་ཚོགས་གཟུགས་ཀྱིས་བསྟན་འགྲོའི་རྒུད་པ་སེལ༔ སེམས་ཅན་བདེ་སྐྱིད་གོང་འཕེལ་མཛད་པ་དགོངས༔ ཡང་དགོས་བསྟན་ཞབས་གཟུགས་བརྙན་གྱིས་འཛིན་ཚེ༔ མཚོ་རྒྱལ་བདག་ཉིད་སྤྲུལ་བ་མང་དུ་འབྱུང་༔ པད་འབྱུང་ཐུགས་རྗེས་རྗེས་བཟུང་མཐའ་མིའི་རིགས༔ ཤེས་ཆུང་བློ་མང་གཏད་མེད་བྱིས་པའི་ཚུལ༔ ཚིག་རྩུབ་སེམས་དཀར་གཞན་གྱིས་བསྒྱུར་བར་སླ༔ རྒྱལ་གྱི་མིང་ཅན་པདྨ་བདག་ལ་མོས༔ འཕགས་མ་སྒྲོལ་མ་རྟག་པར་ཡིད་ལ་བཅངས༔ ལྷ་སྲས་སྤྲུལ་བའི་བླ་མས་དུས་ཀུན་སྐྱོངས༔ དེ་ལ་བྱང་ཁམས་དངོས་གཏེར་དབང་བའམ༔ ཡང་ན་རང་བྱུང་དགོངས་པའི་ཀློང་རྡོལ་ནས༔ མཁའ་འགྲོའི་བརྡ་རིས་སྙིང་ལ་བརྗེད་མེད་འཆར༔ ཕྱི་ནང་གསང་བའི་ཟབ་ཆོས་མི་འབྱུང་བས༔ འཕགས་མ་གཞན་གྱིས་མི་ཐུབ་འོད་ཟེར་ཅན༔ དེ་ཡི་སྒྲུབ་ཐབས་དྲག་པོ་མངོན་སྤྱོད་ལས༔ ཟློག་པའི་རིམ་པ་འདི་ཡིས་གང་དམིགས་ཟློག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འཇིགས་རུང་དུར་ཁྲོད་གནས་སོགས་སུ༔ སྐྱང་ནུལ་དཀྱིལ་འཁོར་གནས་དང་འཚམས་པ་རུ༔ མ་ཏྲཾ་སྔོ་སྐྱའི་གཟུགས་བྲིས་ལྟོ་བ་རུ༔ རྩིབས་བཞི་མཚམས་བརྒྱད་རྡོ་ར་མེ་རིས་བསྐོར༔ ཁྲི་འུར་ལྕགས་སྣོད་ནང་དུ་དམར་གྱི་གཏོར༔ ལྷ་གྲངས་ཞུན་མེ་མཚེ་ཡུངས་རྒྱུ་མ་དང་༔ ནང་རོལ་སྣ་ཚོགས་རྩང་ཕུར་ཉེར་བརྒྱད་བསྐོར༔ དར་མཐིང་གུར་ཕུབ་སྲིད་པའི་ཁྱུང་གཟུགས་བཀོད༔ མི་རྐང་གླིང་བུ་འབུད་ཅིང་དར་ཤིང་བརྡབ༔ ཚིལ་ཆེན་བདུག་ལ་རྔ་བརྡུང་དྲག་རོལ་བཅས༔ སྔགས་པས་གོས་ནག་རལ་བསིག་རྔམ་སྒྲ་ཡིས༔ ཧཱུྃ་བྷྱོ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ བསམ་བརྗོད་བློ་ལས་འདས་པའི་དཀྱིལ་འཁོར་ནས༔ རྒྱལ་ཡུམ་དཔའ་མོ་རྡོ་རྗེ་བདག་མེད་མ༔ གཞན་གྱིས་མི་ཐུབ་ཁྲོ་མོ་འོད་ཟེར་ཅན༔ དམིགས་མེད་ཆོས་སྐུ་ཞི་བའི་ངང་ཉིད་ལས༔ གདུལ་བྱ་མི་བསྲུན་གཞན་སྣང་འདུལ་བའི་ཕྱིར༔ ཚད་མེད་སྙིང་རྗེས་ཤུགས་ཀྱིས་ཆེར་ཁྲོས་པ༔ དེ་རིང་བཟློག་བསྒྱུར་དྲག་པོའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ གྲུ་གསུམ་མཐིང་ནག་ཟླ་གམ་གསུམ་ལྡན་དབུས༔ ཆགས་བྲལ་པད་ཉི་དགྲ་བགེགས་བསྣོལ་བའི་སྟེང་༔ བདུད་ཀྱི་བདུད་ཆེན་ལྷ་ཡི་ཡང་ལྷ་གཙོ༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བགྲད༔ རྩ་ཞལ་གསེར་མདོག་ཉི་མའི་འོད་སྟོང་འབར༔ འདོད་ཁམས་ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན༔ འདོད་ཆགས་རྒྱུ་རྐྱེན་ལས་བསྐྱེད་སྡུག་བསྔལ་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ གཡས་ཀྱི་ཞལ་དཀར་ཞི་འཛུམ་བཞད་པ་ཡིས༔ གཟུགས་ཁམས་ལྷ་སྲིན་འབྱུང་པོ་དབང་དུ་སྡུད༔ ཞེ་སྡང་རྒྱུ་རྐྱེན་ལས་བསྐྱེད་སྡུག་བསྔལ་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ གཡོན་ཞལ་དམར་པོ་སྒེག་ཅིང་ཆགས་པའི་ཉམས༔ གཟུགས་མེད་ཁམས་ཀྱི་བག་ཆགས་དྲུང་ནས་འབྱིན༔ ལྷན་སྐྱེས་གཏི་མུག་གིས་བསྐྱེད་སྡུག་བསྔལ་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཕྱག་གཡས་དང་པོ་བསིལ་བྱེད་ཟླ་དཀྱིལ་གདེངས༔ རང་དོན་ཉན་རང་ཞི་མཐའ་སྟོངས་པར་མཛོད༔ ཁྱབ་པ་འདུ་བྱེད་བག་ཆགས་ཤེས་སྒྲིབ་བཅས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཕྱག་གཡོན་དང་པོ་ཉི་མའི་ཚ་ཟེར་འབར༔ དུག་ལྔའི་མེ་ཡི་ཚ་ངར་འཁོར་རྒྱུན་གཅོད༔ སྲིད་གསུམ་བག་ཆགས་རྒྱུ་རྐྱེན་འབྲས་བུར་བཅས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ གཡས་ཀྱི་བར་བས་གྲི་གུག་མཁའ་ལ་གདེངས༔ རྟེན་འབྲེལ་ལུགས་འབྱུང་འཁོར་བའི་སྐྱེ་རྒྱུན་གཅོད༔ སྲིད་པར་སྐྱེ་བའི་མྱ་ངན་སྡུག་བསྔལ་བཅས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཕྱག་གཡོན་བར་བས་དུང་ཁྲག་ཐུགས་ཀར་འཛིན༔ མ་མོ་མཁའ་འགྲོའི་བཀའ་ཆད་རིམས་ནད་འཇོམས༔ ཁྲག་ནད་དམར་ཡམས་གློ་བུར་འཚེ་བའི་གཤེད༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཐ་མ་གཉིས་ན་ཁབ་སྐུད་བརྒྱུས་ཏེ་བསྣམས༔ བསྟན་འགྲོར་གནོད་པའི་གྲོས་ངན་ཁ་མིག་ཚེམས༔ མི་ཁ་གྱོད་སྣ་གླེང་བརྗོད་གཏམ་ངན་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཞབས་བཞི་བརྐྱང་བསྐུམ་དོར་སྟབས་དྲག་པོར་བགྲད༔ བདུད་བཞི་དམ་སྲིའི་སྤྱི་ནས་གནོན་པར་བྱེད༔ མཐའ་བཞིའི་དམག་དཔུང་བསམ་སྦྱོར་གཡོ་འཁྲུག་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ དབུ་སྐྲ་ཁམ་སེར་སྲིད་རྩེར་མེ་ལྟར་འབར༔ གཟའ་དང་རྒྱུ་སྐར་མ་ལུས་བྲན་དུ་ཁོལ༔ གཟའ་བརྒྱད་དལ་ཡམས་རྒྱུ་སྐར་འཁྲུགས་པའི་ནད༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ སྐུ་སྟོད་གླང་ཆེན་ཀོ་རློན་ཁྲག་འཛག་གསོལ༔ གཏི་མུག་རྨོངས་པའི་བག་ཆགས་རྨིང་མེད་བརླགས༔ རྨོངས་བྱེད་བདུད་ཀྱིས་འཐིབས་ནད་བྱིང་རྨུགས་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ སྐུ་སྐེད་མི་ལྤགས་གཡང་གཞི་དཀྲིས་ཤིང་འགྱིང་༔ འདོད་ཆགས་གཡེངས་པའི་འཁྲུལ་རྟོག་དྲུངས་ནས་འབྱིན༔ ཆགས་བྱེད་བཙན་གྱི་གློ་བུར་གྲི་འཐབ་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ སྐུ་སྨད་ང་རྒྱལ་གཟིག་ཤམ་ལྷུབ་གྱོན་མཛད༔ རྒྱལ་འགོང་སྲོག་བདག་མ་ལུས་སྤ་ཟིལ་བཀོང་༔པེ་ཧར་དཀར་ནག་ཁྲ་གསུམ་གནོད་པ་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཞི་རྒྱན་དར་དང་མེ་ཏོག་གསེར་གདུབ་སྤྲས༔ ལྷ་ཀླུ་གནོད་སྦྱིན་བུ་མོ་ལས་ལ་འགྱེད༔ སྣང་སྲིད་མོ་རྒྱུད་གཡེན་སྦྱོར་དམོད་བྱང་ཀུན༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ སྦྲུལ་ཆུན་ལྔ་དང་བྱུག་རྫས་གསུམ་གྱིས་བྱུགས༔ ཀླུ་རིགས་ལྔ་དང་མཁའ་འགྲོ་ཟིལ་གྱིས་གནོན༔ མཛེ་ནད་སྣ་དགུ་ཡན་ལག་ཞ་གྲུམ་ནད༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཧཱུྃ༔ འཁོར་གྱི་འོད་ཟེར་ཅན་མ་ལས་བཞིའི་མདོག༔ དགྲ་བགེགས་གནོན་ཕྱིར་རི་རབ་གྲུ་བཞི་བསྣམས༔ ས་བདག་ལྷ་སྲིན་འབྱུང་པོ་དབང་དུ་སྡུད༔ ས་ལས་བསྐྱེད་པའི་འདྲེ་སྲིན་སྡུག་བསྔལ་རིགས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ དགྲ་བགེགས་རྦ་ལ་བསྐྱོན་ཕྱིར་ཆུ་རྒྱུན་འབྲུབ༔ ཆུ་གནས་ལྷ་སྲིན་འབྱུང་པོ་དབང་དུ་སྡུད༔ ཆུ་ཡིས་བསྐྱེད་པའི་ཀླུ་སྲིན་གཉན་ནད་རིགས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ དགྲ་བགེགས་དབྱིངས་སུ་སྲེག་བྱེད་མེ་དཔུང་འབར༔ མེ་ལས་བསྐྲུན་པའི་སྣང་སྲིད་ལྷ་འདྲེའི་ཚོགས༔ དབང་བསྡུས་ཟིལ་གནོན་བྲན་དང་ཕོ་ཉར་འགྱེད༔ མེ་གནས་ལྷ་སྲིན་འབྱུང་པོའི་བྱད་ཕུར་སོགས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ དགྲ་གདོན་རྨང་མེད་བརླག་ཕྱིར་འཐོར་རླུང་འཚུབས༔ རླུང་ལས་བསྐྱེད་པའི་ལྷ་སྲིན་འབྱུང་པོའི་ཚོགས༔ དབང་དུ་བསྡུས་ཤིང་བྲན་དང་ཕོ་ཉར་འགྱེད༔ གཏོར་བྱེད་རླུང་ལྷའི་གདོན་དང་བྱད་ཕུར་རྣམས༔ དགྲ་གདོན་དམ་སྲི་བྱད་མའི་སྟེང་དུ་ཟློག༔ ཧཱུྃ་བྷྱོ༔ སྔོན་ཚེ་བདེ་གཤེགས་མཚོན་ཆའི་རྒྱལ་པོའི་སྡེའི༔ སྤྱན་སྔར་ཐུགས་བསྐྱེད་དམ་བཅའ་མཐར་ཕྱིན་པའི༔ རྒྱལ་ཡུམ་དཔའ་མོ་འོད་ཟེར་ཅན་མ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམ་པ་ལྔའི༔ སྤྲུལ་བ་ཡང་སྤྲུལ་རིག་སྔགས་ལྷ་མོའི་ཚོགས༔ བསམ་གྱིས་མི་ཁྱབ་ཉི་ཟེར་རྡུལ་ལྟར་འཚུབ༔ ཀུན་ཀྱང་སྐུ་ནི་འཇིགས་རུང་གར་དགུའི་ཉམས༔ ཧཱུྃ་ཕཊ་བྷྱོ་ཟློག་དྲག་ཤུལ་རྡོ་རྗེའི་གསུང་༔ སྐྱེ་མེད་ཀློང་ནས་བྱམས་བརྩེའི་ཐུགས་མངའ་བ༔ བསྟན་འགྲོའི་དོན་དུ་མི་མངོན་དབྱིངས་ནས་བསྐུལ༔ མི་མཐུན་ཕྱོགས་ཀུན་བཟློག་པའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ སྟེང་གི་ཕྱོགས་ནས་ཚངས་པ་བརྒྱ་བྱིན་སོགས༔ ལྷ་གདོན་ཕོ་མོས་གདུག་རྩུབ་སྟོན་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ འོག་གི་ཕྱོགས་ནས་དགའ་བོ་འཇོག་པོ་སོགས༔ ཀླུ་རིགས་རྣམ་བཞིས་གདུག་རྩུབ་སྟོན་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ཤར་གྱི་ཕྱོགས་ནས་དྲི་ཟ་ཕོ་མོ་ཡིས༔ ནད་དང་སྡུག་བསྔལ་ལྟས་ངན་གཏོང་བ་དང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ལྷོ་ཡི་ཕྱོགས་ནས་གཤིན་རྗེ་ཕོ་མོ་ཡིས༔ ནད་དང་སྡུག་བསྔལ་ལྟས་ངན་གཏོང་བ་དང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ནུབ་ཀྱི་ཕྱོགས་ནས་ཆུ་བདག་ཕོ་མོ་ཡིས༔ ནད་དང་སྡུག་བསྔལ་ལྟས་ངན་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ བྱང་གི་ཕྱོགས་ནས་རླུང་ལྷ་ཕོ་མོ་ཡིས༔ ནད་དང་སྡུག་བསྔལ་ལྟས་ངན་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ཤར་ལྷོའི་མཚམས་ནས་མེ་ལྷའི་གདོན་ཚོགས་ཀྱིས༔ མི་ཕྱུགས་དལ་ཡམས་ཐན་ལྟས་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ལྷོ་ནུབ་སྲིན་པོ་ཕོ་མོའི་གདོན་ཚོགས་ཀྱིས༔ མི་ཕྱུགས་དལ་ཡམས་ཐན་ལྟས་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ནུབ་བྱང་མཚམས་ནས་རླུང་ལྷའི་གདོན་ཚོགས་ཀྱིས༔ མི་ཕྱུགས་དལ་ཡམས་ཐན་ལྟས་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ བྱང་ཤར་དབང་ལྡན་ཕོ་མོའི་གདོན་ཚོགས་ཀྱིས༔ མི་ཕྱུགས་དལ་ཡམས་ཐན་ལྟས་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ཁྲིམས་ལྡན་བཙུན་པས་ཆོས་ཟོར་འཕེན་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ དམ་ལྡན་སྔགས་པས་ཐུན་ཟོར་འཕེན་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ནུས་ལྡན་བོན་པོས་བཙོ་ཟོར་འཕེན་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ཞེ་སྡང་མེ་ལྟར་འབར་བའི་སྐྱེ་བོ་ཡིས༔ བསམ་ངན་དམོད་ཚིག་མདའ་ཟོར་འཕེན་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ འདོད་ཆགས་ཆུ་ལྟར་འཁྲུགས་པའི་ཡུགས་ས་མོས༔ བསམ་ངན་དམོད་ཚིག་དུལ་ཟོར་རྡེབ་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ང་རྒྱལ་བྲག་ལྟར་གཟེང་བའི་སྔགས་བཙུན་གྱིས༔ བསམ་ངན་དམོད་ཚིག་ཟོར་སྣ་བརྡེག་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ ཕྲག་དོག་ཁྱི་ལྟར་ཟུག་པའི་བྲན་ཁོལ་གྱིས༔ བསམ་ངན་དམོད་ཚིག་གྲོས་ངན་གཤོམ་པ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིའི་སྟེང་དུ་ཟློག༔ གཏི་མུག་མུན་ལྟར་གཏིབས་པའི་གདོན་ཚོགས་ཀྱིས༔ བསམ་ངན་དམོད་ཚིག་གོད་ཁ་གཏོང་བ་ཡང་༔ དགྲ་གདོན་ཆོམ་རྐུན་དམ་སྲིིའི་སྟེང་དུ་ཟློག༔ ཧཱུྃ་བྷྱོ༔ ཕན་བདེའི་འབྱུང་ནས་རྒྱལ་བའི་བསྟན་པ་ལ༔ དངོས་སམ་བརྒྱུད་ནས་བསམ་ངན་སྦྱོར་རྩུབ་ཀྱིས༔ ལོག་པར་ཤོམ་པའི་བདུད་དང་དམ་སྲིའི་རིགས༔ དེ་རིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ བཟློག་གོ་ལྷ་སྔགས་ནུས་པའི་མཐུ་ཡིས་ཟློག༔ བསྒྱུར་རོ་དམར་ཆེན་གཏོར་ཟོར་འདི་ཡིས་བསྒྱུར༔ ཡངས་པའི་རྒྱལ་ཁམས་ཆོས་དང་མཐུན་པ་ཡི༔ ཁྲིམས་ཀྱིས་བསྐྱངས་ཤིང་བསྟན་ལ་གུས་མཆོད་པའི༔ ཆོས་ལྡན་རྒྱལ་པོའི་ཆོས་སྲིད་རྒྱལ་ཁྲིམས་ལ༔ དངོས་སམ་བརྒྱུད་ནས་བསམ་ངན་སྦྱོར་རྩུབ་ཀྱིས༔ ལོག་པར་ཤོམ་པའི་བདུད་དང་དམ་སྲིའི་རིགས༔ དེ་རིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ བཟློག་གོ་ལྷ་སྔགས་ནུས་པའི་མཐུ་ཡིས་ཟློག༔ བསྒྱུར་རོ་དམར་ཆེན་གཏོར་ཟོར་འདི་ཡིས་བསྒྱུར༔ དགེ་བཅུའི་ཆོས་ལ་མོས་ཤིང་དཀོན་མཆོག་གསུམ༔ རྟག་ཏུ་བླ་མར་ཁུར་བའི་སྦྱིན་བདག་ལ༔ དངོས་སམ་བརྒྱུད་ནས་བསམ་ངན་སྦྱོར་རྩུབ་ཀྱིས༔ ལོག་པར་ཤོམ་པའི་བདུད་དང་དམ་སྲིའི་རིགས༔ དེ་རིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ བཟློག་གོ་ལྷ་སྔགས་ནུས་པའི་མཐུ་ཡིས་ཟློག༔ ལོག་པར་ཤོམ་པའི་ནུས་པའི་མཐུ་ཡིས་ཟློག༔ བསྒྱུར་རོ་དམར་ཆེན་གཏོར་ཟོར་འདི་ཡིས་བསྒྱུར༔ རྟེན་གསུམ་མཇལ་ཞིང་སྒོ་གསུམ་དཀའ་སྤྱད་ཀྱིས༔ རྟག་ཏུ་ཆོས་འདོད་ཉམ་ཆུང་རྣལ་འབྱོར་ལ༔ ལུས་ཀྱིས་བརྡེག་ཅིང་ངག་གིས་ཡ་ག་བསྒྲགས༔ སེམས་ཀྱིས་བསམ་ངན་དངོས་སུ་ནོར་རྫས་འཕྲོག༔ ལྐོག་ནས་འཇབ་ཅིང་གྲོས་ངན་སྦྱོར་རྩུབ་གཤོམ༔ སྡང་བྱེད་དགྲ་བོ་ལས་ངན་སྡིག་ཅན་རྣམས༔ བཟློག་གོ་ལྷ་སྔགས་ནུས་པའི་མཐུ་ཡིས་ཟློག༔ བསྒྱུར་རོ་དམར་ཆེན་གཏོར་ཟོར་འདི་ཡིས་བསྒྱུར༔ རྨང་མེད་རྩད་ནས་བརླག་པའི་ཕྲིན་ལས་མཛོད༔ གཞན་ཡང་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔དམག་ཇག་གྲོས་ངན་གཤོམ་པའི་དམག་དཔོན་དང་༔ངན་སེམས་འདུན་པ་གཅིག་དྲིལ་དམག་མི་རྣམས༔ རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོ་དང་༔ ཁྱད་པར་འཕགས་མ་འོད་ཟེར་ཅན་མ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་མཐུ་དང་༔ ཆོས་ཉིད་རྣམ་དག་ཆོས་ཅན་རྟེན་འབྲེལ་མཐུས༔ ལྟ་བྱེད་མིག་ལ་རྣོ་དབལ་མདའ་ཟོར་རྒྱོབ༔ ལོག་རྟོག་འཁྲུལ་བའི་མིག་ཤེས་དབྱིངས་སུ་ཟློག༔ མ་རིག་འཁྲུལ་བའི་སྐྱེ་རྒྱུན་རྩད་ནས་ཆོད༔ ཉན་པའི་རྣ་བར་ཡུངས་དཀར་ཐུན་ཟོར་རྡེག༔ གཉིས་འཛིན་འཁྲུལ་བའི་དགྲ་ཀུན་སྟོང་པར་ཟློག༔ སྲིད་པའི་རྩ་བ་བདག་ལྟ་དྲུངས་ནས་ཕྱུང་༔ སྣོམ་པའི་སྣ་ལ་དམར་ཆེན་གཏོར་ཟོར་རྒྱོབ༔ ཀུན་བརྟགས་འཁྲུལ་བའི་དྲི་འཛིན་དབྱིངས་སུ་ཟློག༔ དངོས་མེད་བདག་ཏུ་འཛིན་པའི་བག་ཆགས་ཕྱུང་༔ སྨྲ་བའི་ལྕེ་ལ་རྣོ་བའི་མཚོན་ཟོར་རྒྱོབ༔ མི་དགེའི་འབྲེལ་རྒྱུན་རོ་འཛིན་རྩད་ནས་ཆོད༔ རྒོལ་ངན་ལོག་སྨྲའི་ཚོགས་ཀུན་དབྱིངས་སུ་ཟློག༔ ལས་རླུང་འཁྲུལ་བའི་བག་ཆགས་དྲུངས་ནས་ཕྱུང་༔ བདག་འཛིན་ལུས་ཀྱི་རྟེན་ཕུར་རྩད་ནས་ཆོད༔ བག་ཆགས་ཀུན་གཞིའི་ཁང་རུལ་རྨིང་ནས་འགྱེལ༔ དངོས་འཛིན་ཡིད་ཀྱི་རྣམ་ཤེས་དབྱིངས་སུ་གཏོར༔ ཆགས་སྡང་ཉོན་ཡིད་འབྲེལ་ཐག་རྩད་ནས་ཆོད༔ ལོག་ཤེས་སྒོ་ལྔའི་འཛིན་ཞེན་རྨིང་མེད་ཐོངས༔ མདོར་ན་སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི༔ གཟུགས་ཅན་དགྲ་བོ་གཟུགས་མེད་གདོན་དང་བགེགས༔ འབྱུང་བའི་གཡོ་འཁྲུག་ཐན་དང་ལྟས་ངན་སོགས༔ སྲིད་དང་ཞི་བའི་ལེགས་ཚོགས་སྒྲུབ་པ་ལ༔ བར་དུ་གཅོད་པའི་མི་མཐུན་ཕྱོགས་རྣམས་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཅེས་བརྗོད་ལྟ་བའི་གདེངས་ལྡན་ན༔ ཐལ་མོ་རྡེབ་ཅིང་དམོད་ཚིག་བརྗོད༔ རྩ་བའི་སྔགས་ལ་དྲག་པོའི་སྔགས༔ མེ་དཔུང་འབར་བའི་རྣོ་སོ་གདགས༔ ཧཱུྃ་ཕཊ་བྷྱོ་ཟློག་མཐའ་རྟེན་བཅས༔ རྣལ་འབྱོར་རིགས་པས་འཕྲུལ་ཤེས་བྱ༔ ས་མ་ཡཱ༔ དེ་ལྟར་བཟློག་བསྒྱུར་ཟབ་མོ་འདི༔ ཐེ་ཚོམ་མེད་པའི་རྣལ་འབྱོར་བས༔ གཞུང་བཞིན་བསྙེན་སྒྲུབ་སྔོན་སོང་ནས༔ ལས་སྦྱོར་ཚུལ་འདི་བརྩམས་པ་ན༔ སྟོབས་ལྡན་རྒྱལ་པོ་དགྲར་ལངས་ཀྱང་༔ བཟློག་པར་མི་འགྱུར་ཡོད་རེ་ཀན༔ དེ་བཞིན་གཟུགས་མེད་གདོན་གྱི་རིགས༔ གང་དང་གང་ལ་བརྩམས་པ་ཀུན༔ རྩི་སྦུར་མེ་ལྕེ་འཕྲད་པ་བཞིན༔ བརླག་པར་མི་འགྱུར་གང་ཡང་མེད༔ རང་བྱུང་པདྨའི་བྱིན་རླབས་ལས༔ མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཕྱི་སྒྲུབ་ཆོས་སྡེའི་ཆ་རྐྱེན་དུ༔ བཟོ་བཅོས་མེད་པར་ཕབ་པ་འདིས༔ བསྟན་དང་འགྲོ་ལ་གནོད་པ་ཡི༔ དགྲ་གདོན་དམ་སྲིའི་རིགས་གྱུར་ཀུན༔ གནམ་ལྕགས་མཚོན་ཆས་བྲག་རི་བཞིན༔ རྨིང་མེད་བརླག་པའི་རྒྱུར་གྱུར་ཅིག༔ ཅེས་སྔོན་ལས་བག་ཆགས་བཟང་པོའི་དུས་སུ་སད་པའི་སྐལ་ལྡན་ལུང་རིག་གླིང་པས་རང་བྱུང་རིག་པའི་སྒྲོམ་ནས་བཏོན་ཏེ་སྨྲས་པ༔ ཟབ་ཆོས་ལ་དབང་བར་ལུང་བྱང་ལས་བྱུང་བའི་དགེ་སྦྱོང་གཞན་ཕན་མིང་གིས་བྲིས་པ་དུས་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ དགེའོ། །དགེའོ། །དགེའོ། །

བཟློག་བསྡུས་རྒྱ་སྤྲུལ་གསུམ་པས་མཛད་པ།

ཧཱུྃ་བྷྱོ༔ བརྗོད་མེད་ཤེས་རབ་དབྱིངས་ཀྱི་མཁའ་འགྲོ་མས༔ སྣ་ཚོགས་འགྲོ་འདུལ་སྤྲུལ་བའི་སྐུར་སྟོན་ཅིང་༔ རྩོལ་མེད་ཐུགས་ཀྱི་དགྱེས་པ་སྐོང་བའི་ཕྱིར༔ གང་བཅོལ་ཕྲིན་ལས་བསྒྲུབ་པའི་དུས་ལ་བབས༔ ཧཱུྃ་བྷྱོ༔ ཤར་ཕྱོགས་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མས༔ སྤྲོས་བྲལ་མཚན་མའི་དགྲ་བགེགས་དབྱིངས་སུ་ཟློག༔ གཉིས་འཛིན་བསྒོམ་པའི་དགྲ་བགེགས་དབྱིངས་སུ་ཟློག༔ སྤང་བླང་སྤྱོད་པའི་དགྲ་བགེགས་དབྱིངས་སུ་ཟློག༔ རེ་དོགས་འབྲས་བུའི་དགྲ་བགེགས་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་རིན་ཆེན་དབྱིངས་ཀྱི་མཁའ་འགྲོ་མས༔ ལྟ་སྤྱོད་ཕྱོགས་ལྷུང་དགྲ་བགེགས་དབྱིངས་སུ་ཟློག༔ སྦྱོར་སྒྲོལ་མཚན་མའི་དགྲ་བགེགས་དབྱིངས་སུ་ཟློག༔ མདོ་སྔགས་འགལ་འདུའི་དགྲ་བགེགས་དབྱིངས་སུ་ཟློག༔ ཕྱོགས་ཞེན་གྲུབ་མཐའི་དགྲ་བགེགས་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་པདྨ་དབྱིངས་ཀྱི་མཁའ་འགྲོ་མས༔ མི་ཤེས་རྨོངས་པའི་དགྲ་བགེགས་དབྱིངས་སུ་ཟློག༔ སྔགས་སྤྱོད་ཐོ་ཅོའི་དགྲ་བགེགས་དབྱིངས་སུ་ཟློག༔ ང་རྒྱལ་རང་མཐོང་དགྲ་བགེགས་དབྱིངས་སུ་ཟློག༔ གཟུང་འཛིན་མཚན་མའི་དགྲ་བགེགས་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ བྱང་ཕྱོགས་ཀརྨ་དབྱིངས་ཀྱི་མཁའ་འགྲོ་མས༔ རྒྱལ་བསྟན་ལས་བཞིའི་དགྲ་བགེགས་དབྱིངས་སུ་ཟློག༔ བསྟན་འཛིན་སྐུ་ཚེའི་དགྲ་བགེགས་དབྱིངས་སུ་ཟློག༔ མཚང་འབྲུ་རྒོལ་བའི་དགྲ་བགེགས་དབྱིངས་སུ་ཟློག༔ ཁ་ཟེར་ངན་སྨོད་དགྲ་བགེགས་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ དབུས་ཕྱོགས་རྣམ་སྣང་དབྱིངས་ཀྱི་མཁའ་འགྲོ་མས༔གསང་སྔགས་འབྲས་བུའི་དགྲ་བགེགས་དབྱིངས་སུ་ཟློག༔གཞན་ཕན་བྱམས་པའི་དགྲ་བགེགས་དབྱིངས་སུ་ཟློག༔ སོ་ཐར་བསླབ་པའི་དགྲ་བགེགས་དབྱིངས་སུ་ཟློག༔ ཟུང་འཇུག་སྤྱོད་པའི་དགྲ་བགེགས་དབྱིངས་སུ་ཟློག༔ བྷྱོ་བྷྱོ་ཟློག་ཟློག་དགྲ་བགེགས་དབྱིངས་སུ་ཟློག༔ ཧཱུྃ་བྷྱོ༔ མཐོ་མཐོ་ཆེན་པོའི་ཆགས་སྡང་དབྱིངས་སུ་ཟློག༔ དམའ་དམའ་སྤྲང་པོའི་ཆགས་སྡང་དབྱིངས་སུ་ཟློག༔ བར་མ་མཉམ་པའི་ཆགས་སྡང་དབྱིངས་སུ་ཟློག༔ དགྲ་གཉེན་ཞེན་འཛིན་དགྲ་བགེགས་དབྱིངས་སུ་ཟློག༔ རྐུན་ཇག་སྡེ་འཁྲུགས་དགྲ་བགེགས་དབྱིངས་སུ་ཟློག༔ ཕ་སྤུན་ནང་འཁོན་དགྲ་བགེགས་དབྱིངས་སུ་ཟློག༔ ཤྭོ་རྩིས་ཞེན་རྩོད་དགྲ་བགེགས་དབྱིངས་སུ་ཟློག༔ ཁེ་ཚོང་ལོག་འཚོའི་དགྲ་བགེགས་དབྱིངས་སུ་ཟློག༔ ངན་སྔགས་དུག་སྦྱོར་རྐྱེན་རྣམས་དབྱིངས་སུ་ཟློག༔ ནད་རིགས་གདོན་བགེགས་རྐྱེན་རྣམས་དབྱིངས་སུ་ཟློག༔ སད་སེར་བཙའ་ཐན་ངན་པ་དབྱིངས་སུ་ཟློག༔ མི་ཕྱུགས་ནད་ཡམས་གོད་ཁ་དབྱིངས་སུ་ཟློག༔ དུས་དང་འབྱུང་བཞིའི་གཡོ་འཁྲུག་དབྱིངས་སུ་ཟློག༔ མི་འདོད་གནོད་པའི་རྐྱེན་ངན་དབྱིངས་སུ་ཟློག༔ བོད་ཡུལ་བཀྲ་མི་ཤིས་པ་དབྱིངས་སུ་ཟློག༔ བྷྱོ་བྷྱོ་བཟློག་བཟློག་སྐྱེ་མེད་དབྱིངས་སུ་ཟློག༔ བསྒྱུར་རོ་ཤར་གྲོལ་རིས་མེད་དབྱིངས་སུ་བསྒྱུར༔ ཆོད་ཅིག་ཐེག་པ་རིམ་དགུའི་དབྱིངས་སུ་ཆོད༔ བྷྱོ་ཟློག་བསྒྱུར་ཆོད་ཆོས་ཀྱི་དབྱིངས་སུ་ཨཱཿ ཞེས་པ་འདི་ཤཱཀྱའི་དགེ་སློང་ཐུབ་བསྟན་བསམ་གཏན་བཟང་པོ་ནས་འོད་ཟེར་ཅན་མ་ལ་གཞན་གྱིས་ཁ་འཚབ་ཀྱི་ཟློག་བསྡུས་འགའ་ལས་མེད་པས་ཁྱོད་ཀྱིས་ཟློག་བསྡུས་ཤིག་དགོས་ཞེས་ཡང་ཡང་བསྐུལ་བ་དང་། གཞན་ཡང་མང་ཐོས་ངེས་དོན་ལ་ཉེ་བའི་སྔགས་བཙུན་རོལ་པའི་ཡེ་ཤེས་སོགས་ཀྱིས་བསྐུལ་མ་གནང་བ་ལ་བརྟེན་ནས་བཙུན་གཟུགས་འཛིན་པ་ལུང་རྟོགས་ནས་གང་དྲན་སྦྱར་བ་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག༔

བཟློག་བསྡུས་སྐུ་གསུམ་ཞལ་ངོམས་གཞོན་ནུ་ཡེ་ཤེས་རྡོ་རྗེས་སྦྱར་བ།

༄༅།། བཟློག་བསྡུས་སྐུ་གསུམ་ཞལ་ངོམས་བཞུགས་སོ།། ཧཱུྃ༔ གདོད་ནས་རྣམ་དག་ཆོས་སྐུ་ཡུམ་ཆེན་མོའི། །མཁའ་དབྱིངས་རྣམ་ཐར་གསུམ་གྱི་གཞལ་ཡས་ནས། །མ་འགགས་རིག་གདངས་ཡེ་ཤེས་ཀློང་དགུའི་གར། །ལོངས་སྤྱོད་རྫོགས་པ་འོད་ཟེར་ཅན་མའི་སྐུ། །ལྷ་ཚོགས་དམ་ཅན་རྒྱ་མཚོར་ཡོངས་ཤར་བ། །གཉིས་སྣང་འཁོར་བའི་དགྲ་གདོན་བཟློག་པའི་ཕྱིར། །གར་དགུའི་ཉམས་བརྒྱས་མཁའ་ལ་འཇའ་ཚོན་བཞིན། །དེ་རིང་སྔགས་འཆང་བདག་གི་གྲོགས་ལ་བཞེངས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས། །བྱུང་བའི་ནད་གདོན་ཆགས་ཆེ་ཉམ་ང་དང་། །ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་། །བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན། །བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ།། ཅེས་ཟློག་བསྡུས་སྐུ་གསུམ་ཞལ་ངོམ་འདི་གཅོད་སྨྱོན་གཞོན་ནུ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཡི་དམ་གང་ལའང་སྦྱར་ཆོག་པ་བླ་མའི་ཞལ་གསུང་ངོ་།། དགེའོ།། བཀྲ་ཤིས་པར་གྱུར་ཅིག༔

བཟློག་བསྡུས་ཨ་ར་གས་མཛད་པ།

༈ བཟློག་བསྡུས་ནི། རྒྱལ་ཀུན་ཕྲིན་ལས་ལྷ་མོའི་སྐུར་ཤར་མ། །བཅོམ་ལྡན་འོད་ཟེར་ཅན་མའི་ནུས་མཐུ་ཡིས། །མི་ཁ་བྲ་མཆུ་འཐབ་རྩོད་འཁྲུག་ལོང་ཟློག །ནད་ཡམས་དལ་ཡམས་དགྲ་ཇག་ཆོམ་རྐུན་ཟློག །མདོར་ན་མི་མཐུན་རྐྱེན་ངན་བར་ཆད་ཟློག །འདོད་པའི་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་ར་ག་ཨ་སྱས་སྦྱར་བའོ།།དགེའོ།།

ཁྱུང་བཟློག་ལྟས་ངན་ཀུན་འཇོམས།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ལས༔ ཁྱུང་བཟློག་ལྟས་ངན་ཀུན་འཇོམས་བཞུགས༔

སྲས་བཅས་རྒྱལ་བ་བསྐྱེད་པའི་ཡུམ༔ འཕགས་མ་འོད་ཟེར་ཅན་མར་འདུད༔ དེ་ཡི་ཐུགས་སྒྲུབ་ཟབ་མོའི་སྐབས༔ ལྟས་ངན་ཀུན་འཇོམས་ཁྱུང་བཟློག་བརྩམས༔ དེ་ཡང་ཁྱུང་གཏོར་གཙོ་འཁོར་དགུ༔ ཕྱི་ལྟར་ཡེ་ཤེས་ཁྱུང་ཆེན་ལ༔ ཉེ་བའི་སྲས་བརྒྱད་དག་གིས་བསྐོར༔ ནང་ལྟར་ཆེ་མཆོག་ཧེ་རུ་ཀར༔ སྒྲུབ་སྡེ་བརྒྱད་ཀྱི་གཙོ་བོས་བསྐོར༔ གསང་བ་བདག་ཉིད་པད་འབྱུང་ལ༔ བཀའ་བབས་རིག་འཛིན་བརྒྱད་ཀྱིས་བསྐོར༔ དག་དྲན་བྱ་ཞིང་དམིགས་པས་བསྒྱུར༔ གཏོར་མར་ཁྱུང་གི་སྐུ་འཛུགས་ཤིང་༔ མཐིང་ནག་དར་གྱི་གུར་ཡང་ཕུབ༔ ཐན་དང་ལྟས་ངན་གང་བྱུང་བ༔ ཟློག་ཅིག་སྒྱུར་ཅིག་ཅེས་པ་ནི༔ ཁྱུང་གི་སྔགས་ཤམ་དག་ལ་འདྲེ༔ གཏོར་མ་རྣམས་ཀྱི་རྩེ་ལ་འཛུགས༔ བ་སུ་ཏ་ཡིས་ཞགས་པས་བསྐོར༔ མཚེ་རྩང་ཡུངས་དཀར་དག་གིས་བརྒྱན༔ རང་ཉིད་འཕགས་མའི་ང་རྒྱལ་གྱིས༔ རྔ་བརྡུང་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཁྲོཾ་བྷྱོ༔ རྒྱལ་ཀུན་ཐུགས་དབྱིངས་ཞི་བ་ཆོས་སྐུ་ལས༔ ཞི་ཆགས་ཁྲོ་མོའི་རྣམ་འགྱུར་མི་མངའ་ཡང་༔ གདུག་ཅན་སྣང་ངོར་ཤིན་ཏུ་ཁྲོས་པའི་ལྷ༔ ཆེ་མཆོག་ཡབ་ཡུམ་ཡེ་ཤེས་ཁྱུང་ཆེན་སྤྲུལ༔ བཞེངས་ཤིག་སྐུ་གསུམ་དག་པའི་དབྱིངས་ནས་བཞེངས༔ ཁམས་གསུམ་སྲིད་གསུམ་དུག་གསུམ་ལས་གྱུར་པའི༔ ཕོ་གདོན་མོ་གདོན་ཀླུ་གདོན་ལྟས་ངན་ཀུན༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ ཚོགས་བརྒྱད་གནས་གྱུར་ཉེ་བའི་སྲས་ཆེན་བརྒྱད༔ སྒྲུབ་སྡེ་བརྒྱད་ཀྱི་གཙོ་བོའི་སྐུ་རུ་སྤྲུལ༔ སྤར་ཁ་བརྒྱད་ཀྱི་ལྟས་ངན་མི་མཐུན་ཕྱོགས༔ འཕགས་ལམ་ཡན་ལག་བརྒྱད་ཀྱི་ཀློང་དུ་ཟློག༔ རྒྱལ་ཀུན་རིགས་བདག་བཅོམ་ལྡན་འཆི་མེད་མགོན༔ ཡེ་ཤེས་ཁྱུང་ཆེན་གཙུག་གི་རྒྱན་དུ་མཛེས༔ འཁྲུལ་སྣང་བདུད་བཞིའི་ཆོ་འཕྲུལ་ལས་བྱུང་བའི༔ དུས་མིན་འཆི་བའི་ཐན་དང་ལྟས་ངན་ཟློག༔ ཀུན་རྫོབ་སྣང་ངོར་རི་རབ་འབར་བའི་རྩེར༔ དཔག་བསམ་འདོད་འབྱུང་ཤིང་གི་སྡོང་པོ་ལ༔ རབ་གཏུམ་ཁྲོས་པའི་ཁྲོ་རྒྱལ་ག་རུ་ཌ༔ ཁྲོ་ཆུའི་ལུས་ལ་མེ་ཡི་གཤོག་པ་ཅན༔ ཁྲག་མཚོར་ཁོལ་བའི་སྤྱན་གསུམ་སྡང་མིག་བགྲད༔ སྲིད་གསུམ་གདུག་ཅན་འབྱུང་པོ་བསྔངས་ཤིང་བརྒྱལ༔ ཕྱག་ཞབས་གནམ་ལྕགས་འབར་བའི་སྡེར་མོ་ལ༔ སྦྲུལ་རིགས་ལྔས་བརྒྱན་ཀླུ་རྣམས་ཞལ་དུ་གསོལ༔ སྐན་སྒྲ་བརྡབ་པས་སྟེང་གི་འཇིག་རྟེན་གཡོ༔ ཐན་དང་ལྟས་ངན་བཟློག་པའི་དུས་ལ་བབས༔ ཧཱུྃ་ཁྲོཾ་བྷྱོ༔ གནམ་ལྕགས་རྭ་གཉིས་སྲིད་རྩེར་གཟེང་བ་ཡིས༔ སྟེང་ཕྱོགས་ལྷ་ཁམས་མ་ལུས་བསྔངས་ཤིང་བརྒྱལ༔ ལྷ་གདོན་འབྱུང་པོ་ཐན་དང་ལྟས་ངན་ཀུན༔ དགྲ་རྐུན་ཇག་ཆོམ་གཤོམ་པའི་གཟུགས་ཅན་དང་༔ ཚེ་སྲོག་བླ་ལ་འཇབ་པའི་གཟུགས་མེད་བགེགས༔ གནོད་ཅིང་འཚེ་བར་བྱེད་པའི་སྟེང་དུ་ཟློག༔ མེ་ཡི་གཤོག་པ་ཕྱོགས་བཅུར་བརྡབ་པ་ཡིས༔ ཕྱོགས་སྐྱོང་བཅུ་ཡི་ཐན་དང་ལྟས་ངན་ཀུན༔ རྐུན་ཇག་གྲོས་ངན་ཤོམ་པའི་གཟུགས་ཅན་དང་༔ གཟུགས་མེད་གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློག༔ ཁྲོས་པའི་ཞལ་རྔམས་རྐན་སྒྲ་བརྡབ་པ་ཡིས༔ བར་སྣང་གཉན་གྱི་སྡེ་ཚོགས་འབོག་ཅིང་བརྒྱལ༔ དེ་དག་ལས་བྱུང་ཐན་དང་ལྟས་ངན་ཀུན༔ ལྐོག་ནས་འཇབ་ཅིང་རྐུན་ཤོམ་བྱེད་པ་དང་༔ དངོས་སུ་བརྡུང་བརྡེག་ཇག་ཆོམ་ཤོམ་པའི་དགྲ༔ ཚེ་སྲོག་བླ་ལ་འཇབ་པའི་གདོན་དང་བགེགས༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ ལྕགས་སྡེར་བསྒྲད་ཅིང་དུག་སྦྲུལ་གསོལ་བ་ཡིས༔ འོག་ཕྱོགས་ཀླུ་ཡི་སྡེ་རིགས་རྡུལ་དུ་བརླགས༔ ཀླུ་ལས་གྱུར་པའི་ཐན་དང་ལྟས་ངན་དང་༔ མཛེ་རིགས་བཅོ་བརྒྱད་ནད་དང་རྐྱེན་ངན་ཀུན༔ རྐུན་ཇག་ཤོམ་པའི་གཟུགས་ཅན་དགྲ་བོ་དང་༔ ཚེ་བསོད་ལ་སྡང་གཟུགས་མེད་བགེགས་ཀྱི་ཚོགས༔ བྱད་མ་རྦོད་གཏོང་བན་བོན་སྟེང་དུ་ཟློག༔ ཧཱུྃ་བྷྱོ༔ཛ༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཤར་ཕྱོགས་དྲི་ཟའི་ལས་བྱུང་གདོན་དང་བགེགས༔ ཤར་གྱི་ཕྱོགས་ནས་ལྟས་ངན་གང་བྱུང་བ༔ ཤར་གྱི་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ལྷོ་ཕྱོགས་གཤིན་རྗེ་ལས་བྱུང་གདོན་དང་བགེགས༔ ལྷོ་ཡི་ཕྱོགས་ནས་ལྟས་ངན་གང་བྱུང་བ༔ ལྷོ་ཕྱོགས་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ནུབ་ཕྱོགས་ཀླུ་ལས་བྱུང་བའི་གདོན་དང་བགེགས༔ ནུབ་ཀྱི་ཕྱོགས་ནས་ལྟས་ངན་གང་བྱུང་བ༔ ནུབ་ཕྱོགས་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ བྱང་ཕྱོགས་གནོད་སྦྱིན་ལས་བྱུང་གདོན་དང་བགེགས༔ བྱང་གི་ཕྱོགས་ནས་ལྟས་ངན་གང་བྱུང་བ༔ བྱང་ཕྱོགས་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཤར་ལྷོ་མེ་ལྷ་ལས་བྱུང་གདོན་དང་བགེགས༔ ཤར་ལྷོ་མཚམས་ནས་ལྟས་ངན་གང་བྱུང་བ༔ ཤར་ལྷོའི་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ལྷོ་ནུབ་སྲིན་པོ་ལས་བྱུང་གདོན་དང་བགེགས༔ ལྷོ་ནུབ་མཚམས་ནས་ལྟས་ངན་གང་བྱུང་བ༔ ལྷོ་ནུབ་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ནུབ་བྱང་རླུང་ལྷ་ལས་བྱུང་གདོན་དང་བགེགས༔ ནུབ་བྱང་མཚམས་ནས་ལྟས་ངན་གང་བྱུང་བ༔ ནུབ་བྱང་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ བྱང་ཤར་དབང་ལྡན་ལས་བྱུང་གདོན་དང་བགེགས༔ བྱང་ཤར་མཚམས་ནས་ལྟས་ངན་གང་བྱུང་བ༔ བྱང་ཤར་དགྲ་བགེགས་འབྱུང་པོའི་སྟེང་དུ་ཟློག༔ ཧཱུྃ་ཁྲོཾ་བྷྱོ༔ གཞན་ཡང་ལྟས་ངན་བཟློག་ཅིང་བསྒྱུར་བ་ནི༔ རྡོ་རྗེའི་རྭ་ཅོ་སྲིད་རྩེར་གཟེངས་པ་ཡིས༔ རྭ་ཅན་ལྟས་ངན་མ་ལུས་བཟློག་ཏུ་གསོལ༔ གནམ་ལྕགས་མཆུ་ཡིས་སྦྲུལ་རིགས་གསོལ་བ་ཡིས༔ མཆུ་ཅན་ལྟས་ངན་མ་ལུས་བཟློག་ཏུ་གསོལ༔ སྤུ་གྲི་མེ་འབར་གཤོག་པ་བརྡབ་པ་ཡིས༔ གཤོག་ཅན་ལྟས་ངན་མ་ལུས་བཟློག་ཏུ་གསོལ༔ རྣོ་ངར་གནམ་ལྕགས་སྡེར་མོ་བསྒྲད་པ་ཡིས༔ སྡེར་ཅན་ལྟས་ངན་མ་ལུས་བཟློག་ཏུ་གསོལ༔ གཞན་ཡང་མཁའ་ལ་གནས་པའི་འདབ་ཆགས་དང་༔ རི་གནས་ཆུ་གནས་བདག་བཟུང་དུད་འགྲོའི་རིགས༔ གང་དང་གང་ལས་ལྟས་ངན་བྱུང་བ་ཀུན༔ ལྐོག་ནས་འཇབ་པའི་དགྲ་རྐུན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་དམག་ཇག་སྟེང་དུ་ཟློག༔ གྲོས་ངན་གཤོམ་པའི་གཙོ་བོའི་སྟེང་དུ་ཟློག༔ སྔ་དགྲ་བྱས་ཟིན་ཡིད་ལ་བརྣག་པ་ཟློག༔ ད་དགྲ་དངོས་སུ་གཤོམ་པའི་དགྲ་བགེགས་ཟློག༔ ཕྱི་དགྲ་བྱེད་འགྱུར་བསམ་ངན་ཤོམ་པ་ཟློག༔ མེ་ལ་སྦྱིན་སྲེག་རླུང་ལ་འཁོར་ལོ་བསྐོར༔ ས་ལ་མནན་གཏད་ཀླུ་གཏད་ཆུ་ལ་བྱས༔ བསམ་ངན་ཞེ་ལ་འཆང་བའི་དམོད་ངན་སྒྲོགས༔ བདག་ལ་སྡང་བྱེད་བྱད་མའི་སྟེང་དུ་ཟློག༔ ལུས་ལས་བྱུང་བའི་ནད་དང་ལྟས་ངན་ཟློག༔ སྐྱེ་མེད་ལྷ་སྐུ་བསྐྱེད་པའི་ངང་དུ་ཟློག༔ ངག་ལས་བྱུང་བའི་ནད་དང་ལྟས་ངན་ཟློག༔ འགགས་མེད་གྲག་སྟོང་བཟླས་བརྗོད་ངང་དུ་ཟློག༔ ཡིད་ལས་བྱུང་བའི་ནད་དང་ལྟས་ངན་ཟློག༔ དམིགས་མེད་སྟོང་ཉིད་སྙིང་རྗེའི་ངང་དུ་ཟློག༔ མཐའ་བརྒྱད་སྤྲོས་པ་ལས་བྱུང་ལྟས་ངན་ཟློག༔ མཐའ་བྲལ་དབུ་མ་ཆེན་པོའི་དབྱིངས་སུ་ཟློག༔ སྣང་སྲིད་དངོས་པོར་འཛིན་པའི་ཞེན་པ་ཀུན༔ ཞེན་མེད་ཕྱག་རྒྱ་ཆེན་པོའི་དབྱིངས་སུ་ཟློག༔ འཁོར་འདས་སྣང་སྲིད་ཞེན་འཛིན་ཕྲ་རགས་ཀུན༔ རང་བྱུང་རྫོགས་པ་ཆེན་པོའི་དབྱིངས་སུ་ཟློག༔ མདོར་ན་བདག་གཞན་དགྲ་རུ་འཛིན་པ་དང་༔ མེད་ལ་ཡོད་སྣང་རྨི་ལམ་སྟག་མོ་བཞིན༔ སྐྱེ་འགག་གནས་གསུམ་བྲལ་བའི་མཁའ་དབྱིངས་སུ༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛད་དུ་གསོལ༔ ཐལ་མོ་རྡེབ་ཅིང་ཁྱུང་སྔགས་ཤམ༔ དགྲ་གདོན་ལྟས་ངན་ཐམས་ཅད་ཨ་ཡ་མ་དུ་རུ་ཙ་ཤ་ན་བྷྱོ་བྷྱོ་ཟློག་ཟློག༔ སྤྲོ་ན་ལོག་ཏྲིའི་སྔགས་ཤམ་ཁྱུང་༔ ཟློག་སྔགས་དམོད་ཚིག་ཅི་རིགས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཡིས་མི་བཟློག་གང་ཡང་མེད༔ གསང་སྔགས་ཆོས་ཀྱི་བྱིན་རླབས་ནི༔ དད་པ་ཅན་ལ་ངེས་པར་འབྱུང་༔ ཐེ་ཚོམ་ཅན་གྱི་སྤྱོད་ཡུལ་མིན༔ དེ་ཕྱིར་སྙིང་ལ་གུ་ཧྱ་རྒྱ༔ སྐལ་ལྡན་ལུང་རིག་གླིང་པའི་དག་སྣང་མའོ༔ ༈ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད༔ བྷྱོ་བཟློག་སོད་སྟྭཾ་བྷ་ཡ་ནན༔

རྩང་བཟློག་མཚོན་ཆའི་འཁོར་ལོ།

འོད་ཟེར་ཅན་མའི་གཏོར་བཟློག་ལས༔ རྩང་བཟློག་མཚོན་ཆའི་འཁོར་ལོ་བཞུགས་སོ༔

དབྱིངས་ཀྱི་ཁྲོས་མའི་སྐུ་ལ་འདུད༔ ཕྱི་རབས་རྣལ་འབྱོར་སྐལ་ལྡན་གྱིས༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ དྲག་པོའི་ལས་ཀྱི་རྩང་བཟློག་འདི༔ ཉམས་སུ་ལོངས་དང་བར་ཆད་སེལ༔ དེ་ཡང་གཏོར་མ་རྩང་གི་གྲངས༔ སུམ་ཅུ་རྩ་གཉིས་སྲིན་མོའི་འགྲོས༔ བཙུགས་པས་དགྲ་བགེགས་ཕུང་ཁམས་ཀྱི༔ ཤ་ཁྲག་འབུལ་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ དུར་ཁྲོད་དྲག་པོའི་ཕོ་བྲང་འདིར༔ རྒྱལ་ཡུམ་ཁྲོ་མོ་མ་རི་ཙྱཻའི༔ སྒྲོལ་བའི་ཕྲིན་ལས་བརྩམས་པའི་ཚེ༔ དམར་ནག་རྩང་གིས་དགྲ་གདོན་བགེགས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དང་པོ་རྩང་བྱུང་ཐོག་མའི་དུས༔ བདག་འཛིན་སྲིད་པའི་མཚོན་རྣོན་པོ༔ སུས་ཀྱང་མ་བྱས་རང་ལས་བྱུང་༔ ཁམས་གསུམ་སྲིད་པའི་སྡུག་བསྔལ་ཀུན༔ ཐམས་ཅད་བྱུང་ཞིང་འགྲོ་དྲུག་མནར༔ ཆེ་མཆོག་ཀུན་བཟང་སྟོན་པ་ཡིས༔ བདག་འཛིན་སྲིད་པའི་རྩ་བ་དེ༔ བདག་མེད་ཤེས་རབ་མཚོན་གྱིས་བཅད༔ གསང་ཆེན་ཐབས་ཀྱི་ཕྱག་རྒྱར་བཅས༔ ཐབས་ཀྱིས་བསྣུན་པས་བར་ཆད་ཀུན༔ རང་སར་གྲོལ་ནས་དབྱིངས་སུ་བཟློག༔ དེ་འོག་བསྐལ་པའི་བར་མ་ལ༔ བདུད་པོ་མ་ཊཾ་རུ་ཏྲ་དེའི༔ ཡང་དག་ལྟ་བ་ལོག་པར་གོལ༔ ལས་ངན་སྨིན་ནས་འཇིགས་པའི་གཟུགས༔ རྩེ་གསུམ་མཚོན་ཆ་ལག་ཆར་བྱུང་༔ རྒྱལ་ཀུན་བཀའ་བགྲོས་རྟ་ཕག་གིས༔ རུ་ཊ་བསྒྲལ་ནས་མཚོན་ཆ་ཡང་༔ གསང་སྔགས་ཕྱག་མཚན་ཁ་ཊཱཾ་ཀ༔ དུག་གསུམ་རྩད་གཅོད་བརྡ་རུ་བསྔགས༔ དེ་རྗེས་བསྐལ་པ་ཐ་མ་ལ༔ མེ་རླུང་གནས་པའི་ལྷོ་ནུབ་མཚམས༔ དུག་ཤིང་ནག་པོའི་ཚལ་དབུས་སུ༔ སློབ་དཔོན་ཤནྟིཾ་གར་བྷ་ཡིས༔ གདུག་རྩུབ་དྲག་པོའི་ཤིང་རྣམས་ལ༔ དམར་ནག་རྩང་གི་ཕུར་པ་བྱས༔ དུག་ཁྲག་སྔགས་ཀྱིས་ངར་བླུད་ནས༔ ལས་བྱེད་སྤྲུལ་པའི་མཚོན་ཆར་བསྔགས༔ དེ་བཞིན་རྣལ་འབྱོར་བདག་ཅག་གིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མཁའ་འགྲོའི་དལ་ཡམས་ཐན་ལྟས་རིགས༔ བན་བོན་བྱད་ཕུར་བཟློག་པའི་ཕྱིར༔ དུག་ཤིང་སྐྱེར་བའི་རྩང་ཕུར་འདི༔ སྔགས་དང་ཕྱག་རྒྱས་མཚོན་ཆར་བརླབས༔ དེ་རིང་བཟློག་པའི་ཕྲིན་ལས་བཅོལ༔ ཧཱུྃ་བྷྱོ༔ འོད་ཟེར་ཅན་མའི་བཀའ་ཉན་པའི༔ མཁའ་འགྲོ་སོ་གཉིས་ཐུགས་དམ་བསྐུལ༔ དྲག་པོའི་རྩང་ལ་བརྟན་པར་བཞུགས༔ ཕྱག་མཚན་མཚོན་ཆས་དགྲ་གདོན་བཟློག༔ ཤར་ནས་རྒྱལ་འགོང་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་བཟློག༔ ལྷོ་ནས་གཤིན་རྗེ་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་དྲག་པོའི་རྩང་གིས་བཟློག༔ ནུབ་ནས་ཀླུ་བདུད་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་བཟློག༔ བྱང་ནས་གནོད་སྦྱིན་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་བཟློག༔ ཤར་ལྷོ་མེ་ལྷའི་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ ལྷོ་ནུབ་སྲིན་པོའི་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ ནུབ་བྱང་རླུང་ལྷའི་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ བྱང་ཤར་དབང་ལྡན་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ སྟེང་གདོན་གཟའ་དང་རྒྱུ་སྐར་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ འོག་གདོན་ཀླུ་གཉན་ས་བདག་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ ཧཱུྃ་བྷྱོ༔ སྔོན་ལས་བརྡུང་བརྡེག་བསད་བཅད་མཐུས༔ ལུས་ལ་ན་ཚ་བྱུང་བ་དང་༔ ཚེ་ལ་བར་དུ་གཅོད་པ་ཀུན༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ གཞན་ལ་གཤེ་སྐུར་ངན་ཚིག་མཐུས༔ ངག་ལ་དིག་ལྐུགས་གཏོང་བ་དང་༔ མི་ཁ་སྒྲོ་སྐུར་བྱུང་བ་ཡང་༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ ཡིད་ཀྱིས་བསམ་ངན་དུག་གཡོས་མཐུས༔ བརྒྱལ་འབོག་སྨྱོ་རེངས་སེམས་མི་གནས༔ བསམ་ཚད་ལོག་པར་གྱུར་པ་ཡང་༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ རང་སྐྱོན་ངན་པས་སྣ་དྲངས་ནས༔ བན་བོན་སྔགས་པས་དམོད་ཚིག་གཤེ༔ ཆོས་སྔགས་བཙོ་ཟོར་རྡེབ་པ་ཡང་༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ རང་དབང་མ་ཐོབ་གཞན་དབང་གྱུར༔ གསང་ཆེན་དབང་ཁྲིད་གདམས་པ་ལ༔ དབང་ཡོད་གཟུ་ལུམ་རས་གཅོད་ཐན༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ ཅེས་བརྗོད་བཟློག་སྔགས་གཏོར་མ་བཅས༔ དེས་ནི་སྲིད་དང་ཞི་བ་ཡི༔ མི་འདོད་རྐྱེན་ངན་ཐམས་ཅད་དང་༔ ཁྱད་པར་བྱད་ཕུར་རིམས་ནད་སོགས༔ མེ་ལྕེས་རྩི་ཐུར་གཞོབ་པ་ལྟར༔ ལྷག་མེད་བཟློག་པར་ཐེ་ཚོམ་མེད༔ ཅེས་པའང་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་དག་པར་ཕབ་པའོ།།དགེའོ།། ༈ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མཱ་ར་ཡ་རྦད་ཧཱུྃ་ཕཊ་བྷྱོ་ཟློག༔

གཏོར་འགུགས།

༄༅།། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་རྒྱལ་ཡུམ་ལྷ་མོ་འོད་ཟེར་ཅན་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་སྟོབས་ཀྱིས། སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མའི་སྐུ་དགྲ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ། སྔ་དགྲ་ལག་ཏུ་བརྡར་ཞིང་གནོད་འཚེ་སྣ་འདྲེན་བྱེད་པ། ཕྱི་དགྲ་ཡིད་ལ་བསམ་ཞིང་གྲོས་ངན་གཤོམ་པ། ད་དགྲ་དངོས་སུ་རྐུ་ཕྲོག་སྲོག་ལ་རྒོལ་བ། ཚེ་བསོད་སྟོབས་འབྱོར་ཟ་ཐང་དཔལ་ཁ་ཕྲོག་པ། གནས་སྐབས་བདེ་སྐྱིད་ལ་བར་དུ་གཅོད་ཅིང་མཐར་ཐུག་ཐར་ལམ་འགོག་པ། མདོར་ན་ཡིད་ལ་དམིགས་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ་དང་། གཟུགས་མེད་གནོད་པར་བྱེད་པའི་བགེགས་ཀྱི་བླ་སྲོག་རྣམ་པར་ཤེས་པ་ས་འོག་ས་སྟེང་ས་བླ་སྲིད་པ་གསུམ་དང་། ཆོས་བོན་སྲུང་མའི་སྐྱབས་འོག་གང་དུ་གནས་ཀྱང་སྐད་ཅིག་རང་དབང་མེད་པར་དྲག་པོ་ཐུན་གྱི་གཏོར་མ་འདི་ལ་ཁུག་ཅིག

ཐུན་གཏོར།

༄༅།། ཐུན་གཏོར་ནི། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ཤིང་དགྲ་བགེགས་འགུགས་བསྟིམ་སྤྱི་ལྟར་བྱ། རཾ་ཡཾ་ཁཾ༔བརྗོད་པས་སྟོང་པར་བསམ། སྟོང་པའི་ངང་ལས་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་ཤ་ལྔ་བདུད་རྩི་ལྔ་ཞུ་བ་ལས། ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ། རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པའི་ཕུང་པོ་སྟོང་གསུམ་གང་བ་འདོད་རྒུ་ཡིད་བཞིན་འབྱུང་བ་ཅན་དུ་གྱུར་པར་བསམ། རྩ་སྔགས་མཐར། ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་ཕུལ༔ བཛྲ་པུཥྤེ་སོགས་ནས་ཤཔྟ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་ལ། བསྟོད་ཅིང་ཕྲིན་ལས་བཅོལ་བ་ནི། མཚན་ཐོས་ཙམ་གྱིས་བདུད་དགྲའི་འཇིགས་པ་ལས། །སྐྱབས་མཛད་མཆོག་ཐུན་དངོས་གྲུབ་སྩོལ་བའི་ལྷ། །རྒྱལ་ཀུན་ཕྲིན་ལས་དབང་ཕྱུག་འོད་ཟེར་ཅན། །གཙོ་འཁོར་སྤྲུལ་བར་བཅས་ལ་ཕྱག་འཚལ་བསྟོད། །གཟུང་འཛིན་དགྲ་བགེགས་མ་ལུས་དབྱིངས་སྒྲོལ་བའི། །ཤ་ཁྲག་རུས་པ་དོན་སྙིང་ནང་རོལ་ཚོགས། །རྨད་བྱུང་མཆོད་པའི་སྤྲིན་དུ་བྱིན་བརླབས་པའི། །དམ་རྫས་དམར་གྱི་གཏོར་མ་ཆེན་པོ་འདི། །དཔའ་མོ་འོད་ཟེར་ཅན་མ་འཁོར་བཅས་ལ། །འབུལ་ལོ་དགྱེས་པར་བཞེས་ནས་བདག་ཅག་གི། །ནད་གདོན་ཀུན་ཞི་ཚེ་བསོད་ཡོན་ཏན་རྒྱས། །མོས་པ་དབང་འདུས་ལོག་འདྲེན་ཚར་གཅོད་མཛོད། །ཁྱད་པར་བསྟན་དང་འགྲོ་བའི་བདེ་སྐྱིད་ལ། །བར་ཆད་རྩོམ་པའི་གཟུགས་ཅན་གཟུགས་མེད་ཀུན། །མངོན་སྤྱོད་རོལ་པ་དྲག་པོའི་ཕྲིན་ལས་ཀྱིས། །མིང་ལྷག་མེད་པར་ཐལ་བ་རྡུལ་དུ་རློགས། །མདོར་ན་རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །ཆོས་དང་སྲིད་ཀྱི་འདོད་པའི་དོན་འབྲས་ཀུན། །ཇི་ལྟར་ཡིད་ལ་རེ་ཞིང་སྨོན་པ་བཞིན། །གེགས་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་སོ།། དགེའོ།།

ཕྱི་སྒོ་དབྱེ་བ།

༄༅།། ཕྱི་སྒོ་དབྱེ་བ་ནི། ཧཱུྃ་བྷྱོ༔ ད་ནི་ཟོར་གྱི་ལམ་ཕྱེ་འཚལ། །ད་ནི་གཏོར་ཟོར་དགྲ་ལ་འཕེན། །འཇིགས་མཛད་དུས་དགྲའི་དབང་མོ་ཆེ། །དཔའ་མོ་འོད་ཟེར་ཅན་མ་ཡི། །ཕོ་བྲང་ཕྱི་སྒོ་སྲུང་མ་རྣམས། །གསེར་སྐྱེམས་འདི་བཞེས་ཟོར་ལམ་ཕྱེས། །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟའི་དམག་ཚོགས་འཁོར་བཅས་རྣམས། །གསེར་སྐྱེམས་འདི་བཞེས་ཟོར་ལམ་ཕྱེས། །དམག་དཔུང་བསྐྱོད་ལ་ཟོར་ལམ་ཕྱེས། །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེའི་དམག་ཚོགས་འཁོར་བཅས་རྣམས། །གསེར་སྐྱེམས་འདི་བཞེས་ཟོར་ལམ་ཕྱེས། །དམག་དཔུང་བསྐྱོད་ལ་ཟོར་ལམ་ཕྱེས། །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །ཀླུ་ཡི་དམག་ཚོགས་འཁོར་བཅས་རྣམས། །གསེར་སྐྱེམས་འདི་བཞེས་ཟོར་ལམ་ཕྱེས། །དམག་དཔུང་བསྐྱོད་ལ་ཟོར་ལམ་ཕྱེས། །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་དམག་ཚོགས་འཁོར་བཅས་རྣམས། །གསེར་སྐྱེམས་འདི་བཞེས་ཟོར་ལམ་ཕྱེས། །དམག་དཔུང་བསྐྱོད་ལ་ཟོར་ལམ་ཕྱེས། །ཕྱོགས་མཚམས་སྟེང་འོག་ལ་གནས་པའི། །སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀྱང་། །མཆོད་སྦྱིན་གསེར་སྐྱེམས་འདི་བཞེས་ལ། །སྒོ་བ་རྣམས་ཀྱིས་སྒོ་ཕྱེས་ཤིག །འཕྲང་བ་རྣམས་ཀྱིས་འཕྲང་སོལ་ཅིག །སྟེང་གི་ལྷ་རྣམས་ཞབས་བསྐུམས་ཤིག །འོག་གི་ཀླུ་རྣམས་དབུ་ཁུག་ཅིག །བར་གྱི་གཉན་རྣམས་སྐུ་ཟུར་ཅིག །གཏོར་ཟོར་གཉན་ལ་ཟོར་འཕྲོས་པས། །ཕོག་ན་རྡུལ་དུ་བརླག་པར་འགྱུར། །དེ་བས་ཐམས་ཅད་སྐུ་བསྐྱོད་ལ། །དྲག་པོའི་ཟོར་གྱི་སྡོང་གྲོགས་མཛོད།། ཞེས་བརྗོད། དེ་ནས་ནང་སྒོ་དབྱེ།

མཆོད་བསྟོད་སོགས་ལྡེབ་ཤར།

༄༅།། གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད་ནི། ཧཱུྃ༔ དངོས་སུ་འབྱོར་དང་སོགས་ཀྱིས་མཆོད། བསྟོད་པ་ནི། གདོད་མའི་སྟོང་ཆེན་ཆོས་དབྱིངས་ཡུམ་གྱི་མཁར༔ སྐྱེ་མེད་རང་བྱུང་འགྲོ་ངོར་གང་འདུལ་གཟུགས༔ ཚད་མེད་སྙིང་རྗེ་ཆེར་ཁྲོས་ཞིང་བཅུའི་གཤེད༔ གཙོ་འཁོར་སྤྲུལ་པར་བཅས་ལ་ཕྱག་འཚལ་བསྟོད༔ བཟོད་གསོལ་དང་། དངོས་གྲུབ་ལེན་པ་ནི། ཨོཾ༔ འཇིགས་པ་བརྒྱད་སྐྱོབ་ཞི་བའི་དངོས་གྲུབ་སྩོལ༔ འབྱོར་པ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལ༔ མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལ༔དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ༔ ལས་བཞི་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ དེ་ནས། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ་སོགས་འདོན།

ཟོར་སྒྲུབ།

ཟོར་བསྒྲུབ་ནི། གཏོར་མའི་ལྷ་ཚོགས་ལ་མཆོད་བསྟོད། བཟོད་གསོལ་རྣམས་བསྡུས་ཙམ་བྱས་ལ། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ གཏོར་ཆེན་གྱི་ཡེ་ཤེས་པ་རྣམས་རང་ལ་བསྟིམ༔ དམ་ཚིག་པ་རྣམས་འོད་དུ་ཞུ་བ་ལས་ངོ་བོ་རྒྱལ་ཡུམ་དཔའ་མོ་འོད་ཟེར་ཅན་གྱི་ལྷ་ཚོགས་ལ༔ རྣམ་པ་གཏོར་ཆེན་ཟོར་རྫས་དང་བཅས་པ་མེ་དང་མཚོན་གྱི་ཚྭ་ཚྭ་འཕྲོ་ཞིང་༔ ནད་དང་དུག་གི་རླངས་སྤྲིན་གཡོ་བ༔ སྟོང་གསུམ་སྐད་ཅིག་ལ་བརླག་ནུས་པའི་རང་བཞིན་ཅན་དུ་གྱུར་པར་བསམ་ལ། ཨོཾ་མ་རི་ཙྱཻ་བ་ཏ་ལི་བ་ཏ་ལི་བྷ་ར་མུ་ཁི་སརྦ་དུཥྚཾ་པྲ་དུཥྚཾ་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་སྭཱ་ཧཱ༔ ཟོར་ཡ་ཟོར་ཡ༔ ཐུན་ཡ་ཐུན་ཡ༔ དགྲ་བགེགས་འབྱུང་པོའི་སྲོག་ལ་མྱོག་རྦད༔ སརྦ་ཙིཏྟ་གཟེར་ཐུམ༔ ཨེ་ཧུར་ཐུམ་ཏྲིག་ནན་རྦད་ཛ༔ མང་དུ་བཟླའོ།

ཟོར་ལས་པདྨའི་མིང་གིས་མཛད་པ།

༄༅། ཡང་དྲག་སྒྲུབ་གཞན་ལྟར་ན། དམར་གཏོར་དམག་ལྟོའི་ཚུལ་དུ་འབུལ་ན། གཏོར་འགུགས། རྩ་སྔགས་ལ་ཁཱ་ཧི་བཏགས་པས་འབུལ། ཐུན་གཏོར་ལྟར་ལ་མཆོད་བསྟོད་དོར། འདོད་དོན་ནི། ཧཱུྃ་ཧཱུྃ༔ རྒྱལ་ཡུམ་ཁྲོ་མོའི་ལྷ་ཚོགས་འཁོར་བཅས་སོགས། ནམ་ཡང་ལྡོག་མེད་ཟློག་པའི་ཕྲིན་ལས་མཛོད།། ཅེས་བསྒྱུར་བ་ལས་འདྲའོ།། དེ་ནས་ནང་སྒོ་དབྱེ། དེ་ནས་རྗེས་ཀྱི་བྱ་བའི་རིམ་པ་ལ། དང་པོ་ཟོར་ལམ་དབྱེ་བ་ནི། དཀར་གཏོར་དང་གསེར་སྐྱེམས་བྱིན་གྱིས་བརླབས་ལ། ཧཱུྃ༔ ཉི་ཟླ་གཟའ་དང་རྒྱུ་སྐར་ཚོགས་རྣམས་དང་༔ ཚངས་པ་ལ་སོགས་སྟེང་ན་གནས་པ་ཡི༔ མཐོ་བའི་ལྷ་རྣམས་ཐམས་ཅད་ཞབས་བསྐུམ་ལ༔ དེ་རིང་རྣལ་འབྱོར་བདག་གི་ཟོར་ལམ་ཕྱེས༔ ས་ཡི་ལྷ་མོ་བསྟན་མ་འཁོར་བཅས་དང་༔ གདེངས་ཅན་ལ་སོགས་ས་བདག་ཀླུ་གཉན་སོགས༔ འོག་ན་གནས་པ་ཐམས་ཅད་དབུ་ཐུམ་ལ༔ དེ་རིང་རྣལ་འབྱོར་བདག་གི་ཟོར་ལམ་ཕྱེས༔ དབང་པོ་མེ་ལྷ་གཤིན་རྗེ་སྲིན་པོ་སོགས༔ ཕྱོགས་དང་མཚམས་ན་གནས་པ་ཐམས་ཅད་དང་༔ དྲི་ཟ་ལ་སོགས་བར་སྣང་གནས་པ་རྣམས༔ གཡས་དང་གཡོན་དུ་ཅུང་ཟད་གཟུར་མཛོད་ལ༔ དེ་རིང་རྣལ་འབྱོར་བདག་གི་ཟོར་ལམ་ཕྱེས༔ དྲེགས་པ་སྡེ་བརྒྱད་མ་ལུས་ཐམས་ཅད་དང་༔ ཡུལ་འདིའི་གཞི་བདག་གཉན་པོ་འཁོར་བཅས་ཀྱི༔ ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར༔ དེ་རིང་རྣལ་འབྱོར་བདག་གི་ཟོར་ལམ་ཕྱེས༔ ཟོར་འདི་དམིགས་པའི་ཡུལ་དུ་ཕོག་མ་ཐག༔ ནག་པོའི་སྡེ་རྣམས་རྡུལ་དུ་བརླགས་པ་དང་༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཐར་ཕྱིན་ནས༔ སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་གསེར་སྐྱེམས་ཕྱོགས་བཅུར་གཏོར་ལ་སྒོ་དབྱེའོ། །དེ་རྗེས་གཏོར་མ་ལྷར་གསལ་བའི་ཡེ་ཤེས་པ་རྣམས། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ༔ གཏོར་མར་བསྒོམ་པའི་སྤྲུལ་གཞི་ཡེ་ཤེས་པ་རྣམས་བདག་ཉིད་ལྷར་གསལ་བ་ལ་བསྟིམ། དེ་ནས་ནང་སྒོ་དབྱེ་བ་ནི། སྒོ་རྣམས་རིམ་པར་ཕྱེ་བར་བསམ་ལ། ཧཱུྃ་བྷྱོ༔ རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན་མ་ཡི༔ ཕོ་བྲང་ཤར་གྱི་སྒོ་སྐྱོང་ལྕགས་ཀྱུ་དཀར༔ སྙིང་རྗེ་ཚད་མེད་དྲག་པོའི་ལས་མཛད་མ༔ ཤར་གྱི་སྒོ་ཕྱེ་དྲི་ཟའི་གདུག་རྩུབ་རྣམས༔ བསྟན་པའི་དགྲ་ལ་བསྒྱུར་བའི་ལས་མཛད་ཅིག༔ ཛ༔བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ་བྷྱོ༔ ཕོ་བྲང་ལྷོ་ཡི་སྒོ་སྲུང་ཞགས་པ་སེར༔ བྱམས་པ་ཚད་མེད་དྲག་པོའི་ལས་མཛད་མ༔ ལྷོ་ཡི་སྒོ་ཕྱེས་གཤིན་རྗེའི་གདུག་རྩུབ་རྣམས༔ བསྟན་དགྲའི་སྟེང་དུ་བསྒྱུར་བའི་དུས་ལ་བབས༔ ཧཱུྃ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ་བྷྱོ༔ ཕོ་བྲང་ནུབ་ཀྱི་སྒོ་སྲུང་ལྕགས་སྒྲོག་དམར༔ དགའ་བ་ཚད་མེད་དྲག་པོའི་ལས་མཛད་མ༔ ནུབ་ཀྱི་སྒོ་ཕྱེས་ཀླུ་ཡི་གདུག་རྩུབ་རྣམས༔ ཉམས་པའི་དགྲ་ལ་བསྒྱུར་བའི་ལས་མཛོད་ཅིག༔ བཾ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ་བྷྱོ༔ ཕོ་བྲང་བྱང་གི་སྒོ་སྲུང་དྲིལ་བུ་ལྗང་༔ བཏང་སྙོམས་ཚད་མེད་དྲག་པོའི་ལས་མཛད་མ༔ བྱང་གི་སྒོ་ཕྱེས་གནོད་སྦྱིན་གདུག་རྩུབ་རྣམས༔ དེ་རིང་བསྟན་པའི་དགྲ་ལ་བསྒྱུར་བའི་ཕྱིར༔ བསད་མནན་བཟློག་པའི་ཕྲིན་ལས་དུས་ལ་བབས༔ ཧོ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་སྒོ་དབྱེ་སྟེ་ཟོར་གྱི་ལམ་བསལ། དེ་རྗེས་བཞེངས་བསྐུལ་ནི་དྲག་བསྐུལ་ཀླུ་བདུད་ཁྲོས་པའི་ང་རོ་འམ་ཡང་ན་དྲག་བསྐུལ་མཇུག་གི། ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་རྩ་གསུམ་དམ་ཅན་ཚོགས༔ གསན་དུ་གསོལ་ལོ་འཕགས་མ་འོད་ཟེར་ཅན༔ ཐུགས་དམ་བསྐུལ་ལོ་དམ་ཅན་དྲེགས་པའི་སྡེ༔ དབྱིངས་ནས་བཞེངས་ཤིག་དགྲ་སྡེའི་གཤེད་དུ་ཆོས༔ དམ་ཅན་ཕོ་རྒྱུད་ཚོགས་རྣམས་གཡས་ནས་ཆོས༔ དགྲ་བོའི་ཕོ་རྒྱུད་མ་ལུས་གྲི་རུ་སོད༔ སྲུང་མ་མོ་རྒྱུད་ཚོགས་རྣམས་གཡོན་ནས་ཆོས༔ དགྲ་བོའི་མོ་རྒྱུད་མ་ལུས་མངལ་ནས་སྐོམ༔ ཡུལ་ལྷ་དྲག་རྩལ་ཅན་རྣམས་མདུན་ནས་ཆོས༔ དགྲ་བོའི་ལྷ་སྲུང་རང་གཤེད་རང་ལ་ཕོབ༔ བདག་གི་ཚེ་རབས་སྲུང་མ་མདུན་ནས་ཆོས༔ དགྲ་རྐུན་ཇག་ཆོམ་ལུས་སྲོག་སོ་སོར་ཕྲོལ༔ ཁྱད་པར་སྔ་དགྲ་བརྡར་བའི་དམ་ཉམས་ཀྱི༔ མགོ་བོ་ཆོད་ལ་དོན་སྙིང་རྔམ་ཟས་གྱིས༔ ཕྱི་དགྲ་ཡིད་ལ་བརྣག་པའི་ལོག་འདྲེན་གྱི༔ བསམ་ངན་རླུང་ལ་སྐུར་བའི་དབང་པོ་སྣུབ༔ ད་དགྲ་ལག་ཏུ་ལེན་པའི་དགྲ་རྐུན་གྱི༔ མིག་དབང་སྐུད་པས་ཚེམས་ལ་ཚ་གྲང་གི༔ ནད་ཡམས་ཆར་ཆུ་ཕོབ་ལ་མི་ནོར་རློགས༔ མདོར་ན་ལོག་སྦྱོར་གཤོམ་པའི་དགྲ་འདྲེ་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་བཟད་པས༔ གནམ་ལྕགས་ཐོག་མདས་བྲག་རི་བཤིག་པ་ལྟར༔ ད་ལྟ་སྐད་ཅིག་བརླག་པའི་ཕྲིན་ལས་མཛོད༔ ཅེས་བསྐུལ་ཞིང་། ལས་བྱང་བསྐུལ་བ་དང་ཆད་མདོ་བཏང་མཐར། ཟ་ལམ་མདུན་ར་གསུར་བཏང་རྐང་གླིང་བཤུག་པ་དང་བཅས་ཏེ་འདི་སྐད་དོ། ཧཱུྃ་བྷྱོ༔ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉར་སྟོན༔ དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་ལྕམ་སྲིང་ཚུལ༔ ཕྱོགས་མཚམས་སྟེང་འོག་དྲེགས་པའི་བཀའ་བསྒྱུར་ལ༔ བདག་དང་བསྲུང་བྱ་འཁོར་དང་བཅས་པ་ལ༔ སྡེ་བརྒྱད་དྲེགས་པའི་བཀའ་ཆད་ཕོག་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་རྐྱེན་ངན་བར་ཆད་མ་ལུས་པ༔ དམ་ཉམས་སྡང་དགྲ་གནོད་པའི་བགེགས་ལ་བསྒྱུར༔ བཟློག་གོ་སྔོན་ལས་འཕྲལ་རྐྱེན་མི་མཐུན་ཕྱོགས༔ བསྟན་འགྲོར་གནོད་པའི་ཞིང་བཅུའི་སྟེང་དུ་བཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བཏང་ངོ་། དེ་ནས་ཟོར་ལམ་བསྟན་པ་ནི། གསེར་སྐྱེམས་སྔོན་དུ་འགྲོ་བས་དགྲ་བགེགས་བཀུག་སྟེ་དམིགས་པའི་འབེན་བཅས་ལ། བྷྱོ༔ བདག་གིས་མ་ཉེས་མ་ལན་ནོ༔ དུས་གསུམ་སངས་རྒྱས་གཟུ་དང་དཔང་༔ དམ་ཅན་སྲུང་མ་གཟུ་དང་དཔང་༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་༔ བདག་གི་སྡོང་དང་གྲོགས་མཛོད་ཅིག༔ དམ་ཉམས་དགྲ་བགེགས་གནོད་བྱེད་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ རྣལ་འབྱོར་བདག་ལ་དགོས་དགྲ་བྱས༔ དགྲ་བགེགས་སྟེང་དུ་གཏོར་ཟོར་འཕེན༔ རྣལ་འབྱོར་བདག་གི་ཟོར་ཁ་འདི༔ སྟེང་གི་ལྷ་ལ་མི་འཕེན་ནོ༔ འོག་གི་ཀླུ་ལ་མི་འཕེན་ནོ༔ བར་གྱི་བཙན་ལ་མི་འཕེན་ནོ༔ གསེར་སྐྱེམས་དམ་པ་འདི་བཞེས་ལ༔ མཐོ་བ་རྣམས་ཀྱིས་ཞབས་བསྐུམས་ཤིག༔ དམའ་བ་རྣམས་ཀྱིས་དབུ་ཐུམ་ཞིག༔ གདོང་ནས་འདུག་པ་སྐུ་ཟུར་ཅིག༔ སོ་སོ་རང་རང་གནས་སུ་གཤེགས༔ ཀོ་ལོང་གདུག་རྩུབ་མ་མཛད་ཅིག༔ ཁྱོད་ལ་གནོད་ཅིང་འཚེ་མི་བྱེད༔ བདག་གི་སྡོང་གྲོགས་གཉན་པོ་མཛོད༔ བྷྱོ༔ ད་ནི་ཟོར་འཕེན་གང་དུ་འཕེན༔ ཟོར་འདི་སྡང་བའི་དགྲ་ལ་འཕེན༔ ཟོར་འདི་ཟ་བའི་འདྲེ་ལ་འཕེན༔ ཟོར་འདི་ཕུང་བའི་སྲི་ལ་འཕེན༔ ཟོར་འདི་དགྲ་བགེགས་སྟེང་དུ་འཕེན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། དེ་ནས་ཟོར་འཕེན་པ་དངོས་ནི་ཟོར་རྫས་རྣམས་དང་གཏོར་ཟོར་ཐོགས་ཏེ༔ ཧཱུྃ་བྷྱོ༔ རྒྱལ་ཡུམ་ཁྲོ་མོའི་དམག་ཚོགས་དགྲ་ལ་བྷྱོ༔ སྡང་དགྲ་གདོན་བགེགས་ཐལ་བའི་རྡུལ་དུ་རློགས༔ ལས་ངན་དགྲ་བོ་ཡིད་ལ་བརྣག་པ་འདིས༔ མི་སོད་ཁྱིམ་ཤིགས་ནོར་ཕྱུགས་ཐལ་བར་རློགས༔ དགྲ་བགེགས་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ༔ བྷྱོ་བྷྱོ་ཟ་བའི་འདྲེ་ལ་བྷྱོ༔ བྷྱོ་བྷྱོ་ཕུང་བའི་སྲི་ལ་བྷྱོ༔ ཟོར་ཟོར་དམིགས་པའི་ཡུལ་དུ་ཟོར༔ ཅེས་བརྗོད་ལ་དྲག་སྔགས་བཟླ་ཞིང་འཕང་ངོ་། དེ་ནས་ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་གཅིག་གིས་མཚམས་བཅད་པར་བསམ་ལ༔ ཧཱུྃ་ཁྲོཾ་བཛྲ་ག་རུ་ཊ་བྷྱོ་ཟློག༔ ཅེས་བཟླ། དེ་རྗེས་བདག་གཞན་བསྲུང་བྱ་ཐམས་ཅད་རྡོ་རྗེའི་གུར་དུ་ཚུད་པར་བསམ་ལ་སྲུང་འཁོར་གསལ་བཏབ་སྟེ། ཧཱུྃ༔ ཕྱི་མཚམས་མི་ཤིགས་རྡོ་རྗེ་སྲུང་བའི་གུར༔ ནང་མཚམས་ལྷ་སྔགས་ཏིང་འཛིན་དམིགས་པའི་འཕྲུལ༔ གསང་མཚམས་ཆོས་དབྱིངས་འགྱུར་མེད་བརྗོད་བྲལ་ཀློང་༔ བློ་འདས་ལྟ་བའི་ངང་ནས་མཚམས་གཅོད་དོ༔ བཛྲ་རཀྵ་རཀྵ་བྷྲུཾ༔ དེ་ནས་ཕྱིར་སྒོ་གཅོད་ཕྱིར་གདོང་ཕྱིར་བསྟན་ཏེ། ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ར་ཙ་དུན་ལིང་ཤག་རྦད་ནན༔ ཁ་ལ་ཛ་མ་ལིང་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཞེས་བདུན་ནམ་ཉེར་གཅིག་བཟླ་འོ། །རྗེས་ཀྱི་བྱ་བ་བསྟན་མ། བྲོ་བརྡུང་། ཚེ་འགུགས། མཆོད་བསྟོད། དངོས་གྲུབ་ལེན་པ། བཟོད་གསོལ། བསྡུ་རིམ། ལྷར་ལྡང་། དགེ་བསྔོ་ཤིས་བརྗོད་བཅས་པས་མཐའ་བརྒྱན་པར་བྱའོ། །ཞེས་པ་འདི་རང་འདྲའི་བློ་དམན་རྣམས་ལ་ཉེ་བར་མཁོ་ཕྱིར་སྔོན་བྱོན་མཁས་པའི་དབང་པོ་རྣམས་ཀྱི་གསུང་ལས་ཚུར་བཏུས་ཏེ་རྨོངས་པ་པདྨའི་མིང་གིས་བྲིས་པ་དགེ་བར་གྱུར་ཅིག དགེའོ། །དགེའོ། །དགེའོ།།

མནན་པའི་ལས་རིམ་མི་གསལ་བ།

༄༅།། དེ་ནས་ཉིན་ཐ་མ་ལ་བབ་ཚེ་འོད་ཟེར་ཅན་མའི་གཞུང་གི་ལས་བྱང་མཐའ་རྫོགས་ནས་འཕང་བའི་ལས་ལ་འཇུག་ཚེ། ཟོར་འཕེན་གྱི་ལིང་ག་དང་མནན་ལིང་གཉིས་ཀ་ཟོར་བརྡེག་རྗེས་གང་དུ་མནན་པའི་སར་ཁྱེར་ནས། དང་པོ་གསེར་སྐྱེམས་བཏང་ལ་མནན་དོང་བརྐོ་ཞིང་མནན་ཆས་རྣམས་མདུན་དུ་བཞག་རཀྟ་བྲན་ཞིང་མཐར་ཞལ་བསྟབས་ཐུན་གཏོར་བཅས་སོ། །གཉིས་པ་བདག་ཉིད་ལྷའི་ང་རྒྱལ་བཟུང་ནས་ལས་རྦད་མ་གཏོགས་དཀྱུས་བཞིན་བཏང་ཞིང་ཐུན་བརྡེག་ལས་སྦྱོར་ནི། ཧཱུྃ། བདག་ཉིད་རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །རྒྱལ་ཀུན་བསྐྱེད་པའི་ཡུམ་གྱི་སྐུར་གསལ་བའི། །ཕྱག་གཡས་གནམ་ལྕགས་རལ་གྲི་མཁའ་ལ་ཕྱར། །ཕྱག་གཡོན་ཉི་ཟླའི་ཞགས་འཛིན་དགྲ་བགེགས་འདུལ། །ཨོཾ་ཨཱརྱ་མ་རི་ཙྱཻ་མཱུཾ༔ ཧཱུྃ་ཧཱུྃ་ཧཱུྃ། ཕྱག་གཡས་རལ་གྲི་མེ་འབར་སར་བསྣུན་པས། །ས་གཞི་ཚལ་པར་གས་པའི་དབྱིངས་རུམ་ནས། །མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། །དེ་དབུས་ཀླུ་བདུད་ནག་པོ་ཏི་པ་ཙ། །ཆུ་སྲིན་འབར་བའི་གདོང་ཅན་ཡར་ལ་བཞེངས། །ཁ་གདངས་གནམ་ས་བགྲད་ཅིང་ལྗགས་གློག་འཁྱུགས། །ཚེམས་དང་མཆེ་བ་གངས་རི་ལྟ་བུར་གཙིགས། །སྤྱན་གཉིས་ཉི་མ་ཟླ་བ་བཞིན་དུ་གསལ། །སྦྲུལ་ཞགས་ནད་རྐྱལ་འཛིན་ཁྱོད་ཞལ་ཕྱེས་ཤིག །གནམ་ས་བགྲད་པ་ཙམ་གྱི་ཁ་ནང་དུ། །དམ་ཉམས་དགྲ་བོ་གནོད་པར་བྱེད་པ་པོ། །མི་ནོར་འཁོར་དང་བཅས་པ་འདི་དག་རྣམས། །ཟས་སུ་གཏད་དོ་བསྟབ་བོ་ནྲི་ཏྲི་ཛ༔ ཞེས་དང་སྐབས་འདིར་ལིང་ག་དགྲ་བགེགས་དངོས་སུ་གསལ། །ཡང་བསྐྱར་གྱི་འགུགས་པ་འདི་ཉིད་ཅི་ནུས་བརྗོད། ན་མོ། མཆོག་གསུམ་རྩ་གསུམ་ཞི་ཁྲོ་རབ་འབྱམས་སྤྱི། །ཁྱད་པར་བཅོམ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །མཉམ་མེད་སྟོན་པ་རྡུལ་བྲལ་མཚོན་ཆའི་སྡེ། །རྒྱལ་ཡུམ་འཕགས་མ་འོད་ཟེར་ཅན་མ་དང་། །རིགས་བཞི་སེམས་མ་བཞི་དང་མཆོད་ལྷ་བཞི། །སྒོ་སྐྱོང་རྣམ་བཞི་བཀའ་སྡོད་སྤྲུལ་པར་བཅས། །ཆོས་ཉིད་འགྱུར་མེད་རྒྱུ་འབྲས་བསླུ་མེད་པས། །རྒྱལ་བསྟན་ལ་གནོད་ཉེས་མེད་འགྲོ་ལ་འཚེ། །བདག་དང་བསྲུང་བྱར་དུས་གསུམ་བསམ་སྦྱོར་གནག །དོ་བསྡོ་ཕོད་བཙུགས་འགྲས་བཙལ་ཐུབ་ཚོད་བྱས། །དམག་ཇག་རྐུན་སྣ་དགྲ་གྱོད་མི་ཁ་འབེབས། །ཕན་བདེ་འགོག་ཅིང་ལོག་སྦྱོར་རྩོམ་པའི་དགྲ། །གནོད་ཅིང་འཚེ་བྱེད་གཟུགས་མེད་བགེགས་རིགས་བཅས། །ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ མགུལ་ནས་ཆིངས་ཤིག་བཛྲ་པ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾ༔ མྱོས་པར་གྱིས་ཤིག་བཛྲ་གྷནྡྷེ་ཧོ༔ ཕྱེས་ཤིག་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ དབྱེར་མེད་བསྟིམས་ཤིག་ཨ་ཝེ་ཤ་ཡ་ཨཱ༔ ཞེས་ཅི་ནུས་དང་དགུག་གཞུག་ཀྱང་བྱའོ། །གཡག་རུ་ལག་ཏུ་ཐོགས་ལ། ཧཱུྃ༔ རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་སྲོག་བདག་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །སྲོག་བདག་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་ཚེ་ལེན་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །ཚེ་ལེན་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་མི་ཟན་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །མི་ཟན་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་སྲོག་བདག་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །སྲོག་བདུད་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་ཤ་ཟ་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །ཤ་ཟ་ཆེན་པོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་ཁྲག་འཐུང་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །ཁྲག་འཐུང་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་བདུད་སྲིན་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །བདུད་སྲིན་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་གཤིན་རྗེ་ནག་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །གཤིན་རྗེ་ནག་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་ཁྲམ་བདག་ཆེན་མོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །ཁྲམ་བདག་ཆེན་མོ་ཁྱོད་ལ་གཏད། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །ཁྱོད་ནི་ནག་པོ་ཆེན་པོ་སྟེ། །མིང་དང་རུས་སུ་བྲིས་པ་ཡི། །དགྲ་བགེགས་སྡིག་ཅན་དམ་ཉམས་འདི། །ནག་པོ་ཆེན་མོ་ཁྱོད་ལ་གཏད། །ཡིད་ལ་བརྣག་པའི་དགྲ་བོ་འདི། །རྒྱལ་ཡུམ་ཁྲོ་མོ་ཁྱོད་ལ་གཏད། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་རྣམས་ལ་གཏད། །གཏད་དོ་དགྲ་བོ་མ་ཤོར་ཅིག །གཏད་པ་ཡིན་པས་དང་དུ་ལོངས། །སྡང་བའི་དགྲ་ལ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ས་མ་ཡཱ་ཛ་ཛཿ ཞེས་བརྗོད་ནས་མནན་དོང་དུ་འཕང་ངོ་། །བཞི་པ་མནན་པ་དངོས་ལ་འཇུག་པ་གཡག་རུ་མནན་དོང་དུ་ཁ་སྦུབ་ཏུ་བསྒྱུར་ལ། ཐུན་རྫས་རཀྟ་གཏོར་ཞིང་། ཁུང་ཆུད་ས་བདག་ཀླུ་གཉན་ཀུན་དགའ་ཞིང་། །ཕྲུ་གུ་ཐམས་ཅད་ཙིར་སྒྲ་ཏིར་ཏིར་སྒྲོགས། །མནན་པའི་ལས་སྦྱོར་དམ་ཉམས་དགྲ་བོ་རྣམས། །བསྐལ་པ་མ་སྟོངས་བར་དུ་མི་ཐར་བས། །ཆུ་སྲིན་ཁ་བསྡམ་ཉི་ཟླ་གཟས་ཟིན་ལྟར། །མུན་ནག་དགུ་རིམ་རང་གནས་རྒྱ་མཚོའི་གཏིང་། །རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་སོང་། །ཞེས་དང་། འཆི་བདག་གཤིན་རྗེ་ནག་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ། དམ་ཉམས་པའི་དགྲ་བོ་འདིའི་ཚེ་དང་བསོད་ནམས་བཀྲག་དང་གཟི་མདངས་ཁ་རྗེ་དབང་ཐང་ལུས་ལོངས་སྤྱོད་དང་བཅས་པ་རྣམས་ཟས་སྐལ་དུ་གཏད་དོ། །འཐུང་སྐལ་དུ་གཏད་དོ། །དཀོར་སྐལ་དུ་གཏད་དོ། །ནོར་སྐལ་དུ་གཏད་དོ། །མ་ཤོར་ཅིག དེ་ནས་ནམ་ཡང་ལྡང་མེད་དུ་བྱ་བ་ནི། ཧཱུྃ༔ ང་ནི་རྒྱལ་ཡུམ་འོད་ཟེར་ཅན། །ཆེ་བའི་ལྷ་ཡང་ང་ཡི་འཁོར། །སྣང་སྲིད་ལྷ་འདྲེ་ང་ཡི་བྲན། །དེ་བས་ཐམས་ཅད་ང་ལ་ཉོན། །སངས་རྒྱས་བསྟན་ལ་སྡང་བ་ཡི། །ཞིང་བཅུ་ཚང་བའི་དགྲ་བོ་འདི། །མི་ནོར་རིགས་རྒྱུད་ཡུལ་མཁར་བཅས། །ད་ནི་མནན་པའི་དུས་ལ་བབ། །རི་རབ་རི་ཡི་མར་ཞབས་ན། །རིམ་པ་དགུ་ཡི་ས་འོག་ན། །ཉི་ཟླ་ལྟ་བུའི་མིག་བགྲད་ཅིང་། །གངས་རི་བསྣོལ་བའི་མཆེ་བ་གཙིགས། །གནམ་ས་ལྟ་བུའི་ཁ་གདངས་པའི། །འཆི་བདག་གཤིན་རྗེ་ནག་པོ་ཡི། །ཁ་རུ་བྲུབ་པོ་མ་ཤོར་ཅིག །མགུལ་དུ་བསྟིམ་མོ་མ་བཏང་ཞིག །བཅོལ་ལོ་གཤིན་རྗེའི་དོང་དུ་བཅོལ། །གཏད་དོ་བདུད་ཀྱི་ཟས་སུ་གཏད། །བཅིང་ངོ་འཆི་བདག་ལྟོ་བར་བཅིང་། །མནན་ནོ་རི་རབ་འོག་ཏུ་མནན།། ཅེས་པའི་མཐར་འགུགས་པ་ཅི་མང་དང་། ཨོཾ་ཨཱརྱ་མ་རི་ཙྱཻ་སོགས། ལས་སྦྱོར་སྔགས་བཅས་ཚང་བར་བརྗོད་ནས། ལོ་དང་ཟླ་བ་ལ་དགྲ་དར་བ་སོགས་ནས། སྟྭཾ་བྷ་ཡ་ནན༔ ཞེས་བརྗོད་པ་དང་བཅས་ཆབས་ཅིག་ས་རྡོ་རྗེའི་དབྱིབས་ལ་མེ་ཆུ་གོ་ཟློག་གི་རྒྱས་གདབ་ཅིང་དུར་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཀབ་ལ། ནམ་མཁའ་རླུང་མེ་ཆུ་ས་རི་རབ་འོག །ནྲྀ་ཏྲི་གནོད་བྱེད་སྟྭཾ་བྷ་ཡ་ལམ་ནན། །མནན་པ་ཡིན་པས་སྡང་བར་མ་གྱུར་ཅིག །སངས་རྒྱས་དོན་ཡོད་གྲུབ་པས་རྒྱས་གདབ་བོ། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ས་མ་ཏི།། རྡོ་རྗེའི་བྲོ་ཡིས་རྒྱས་གདབ་ཅིང་། ཧཱུྃ༔ ང་ནི་རྒྱལ་ཡུམ་འཁོར་དང་བཅས། །སྒེག་སོགས་ཉམས་དགུ་ལྡན་པའི་གར། །ཉི་ཟླ་འབར་བའི་ལྟ་སྟངས་དང་། །རྡོ་རྗེ་འབར་བའི་སྟངས་སྟབས་ཀྱིས། །གཡས་རོལ་བདེ་ཆེན་ཐབས་ཀྱི་བྲོ། །གཡོན་རོལ་སྟོང་ཉིད་ཤེས་རབ་བྲོ། །མཉམ་པའི་སྟངས་སྟབས་ཟུང་འཇུག་བྲོ། །ཡེ་ཤེས་རོལ་པ་ཆེན་པོའི་གར། །དགྲ་བགེགས་སྤྱི་བོར་ཆེམས་སེ་ཆེམ། །གཟུགས་ཕུང་རྡུལ་རླག་ཤིགས་སེ་ཤིག །རྣམ་ཤེས་སྐྱེ་མེད་ཀློང་དུ་བསྒྲལ། །དགྲ་བགེགས་མིང་ཡང་མེད་པར་བྱས། །བླ་མ་དཀོན་མཆོག་དབུ་འཕང་མཐོ། །ལྷ་དང་སྲུང་མ་མངའ་ཐང་རྒྱས། །སངས་རྒྱས་བསྟན་པ་གཉན་པོ་དང་། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཨོཾ་ཛ་ཡེ་བི་ཛ་ཡེ་སྭཱ་ཧཱ། ཞེས་བརྗོད། ༈ ཨོཾ་མ་རི་ཙྱཻ་སྭཱ་ཧཱ༔ དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མ་ར་ཡ་རྦད། བྷྱོ་ཟློག་སོད་སྟྭཾ་བྷ་ཡ་ནན། ལོ་དང་ཟླ་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཞག་དང་ཟ་མ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དགྲ་མགོ་ཐོག་ཏུ་བབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། སྔ་དགྲ་ལག་ཏུ་བརྡར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཕྱི་དགྲ་ཡིད་ལ་བསམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མགོ་ལ་ཏིལ་བརྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མ་ར་ཡ་རྦད་ནན། སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། རྒྱབ་ནས་འདེད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མདུན་ནས་རྩང་བཞིན་བཙུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། ཟ་ལམ་དུ་དུག་གཡོས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། འགྲོ་ལམ་དུ་རྩང་འཛུགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བྱམས་པ་གཉེན་གྱིས་བརྗོད་དུ་མ་འཇུག་ཅིག་མཱ་ར་མ་རྦད་ནན། སྡང་བ་དགྲ་ཡིས་སྒྲོག་ཏུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན། མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན། མགར་གྱི་སོལ་མལ་དུ་གླེང་དུ་མ་འཇུག་ཅིག་མ་ར་ཡ་རྦད་ནན། དགེ་འདུན་གྱི་ཚོགས་གྲལ་དུ་གླེང་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན། སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག་ཅིག་མཱ་ར་ཡ་རྦད་ནན། བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། སྟོང་མིག་མང་གི་བྲ་མཆུ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གཙོ་བོའི་མདུན་ཁང་དུ་མི་ཁ་གླེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། གསོད་གཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། འཕྲོག་བཅོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། དམག་ཇག་གྲོས་ངན་ཤོམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ངོ་ལ་སྤྲེལ་ལྟར་འཛེག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཀེག་བདུད་གཤེད་གསུམ་ལ་བབ་པ་ཐམས་ཅད་མཱ་ར་ཡ་ནན། བྱད་ཁ་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། རྦད་འདྲེ་རྦོད་གཏོང་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན། མནན་བསྲེག་འཕང་གསུམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནན། མི་ཁ་དང་དགྲ་སྣ་ཆུ་ལྟར་འཁྲུགས་པ་ཐམས་ཅད་མ་ར་ཡ་རྦད་ནན། ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན། རྨི་ལྟས་མཚན་ངན་ཐན་ལྟས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། འགབ་འདྲེ་དམ་སྲི་ཟ་འདྲེ་ཤི་གཤེད་འགོང་པོ་སྲི་ངན་བསེ་རག་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། རྒྱལ་སྲི་བློན་སྲི་ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་རྒན་སྲི་གཞོན་སྲི་དུར་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གོད་སྲི་ཕུང་སྲི་གྱོད་སྲི་བྱུར་སྲི་ཉེས་སྲི་དགྲ་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། དཀར་འདྲེ་དབུལ་འདྲེ་བང་འདྲེ་ཐབ་འདྲེ་བསེ་རག་འགོང་པོ་ཐེའུ་རང་གོད་འདྲེ་ཕུང་འདྲེ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། སད་སེར་བཙའ་ཐན་འབུ་སྲིན་བྲ་བྱི་ལ་སོགས་གཏོང་བའི་ཟ་འདྲེ་ཕུང་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན། གནོད་བྱེད་རྒྱལ་བསེན་ཐེའུ་རང་ཤི་འདྲེ་གསོན་འདྲེ་གཅན་གཟན་ཕོ་མོ་ཐམས་ཅད་མཱ་ར་ཡ་རྦད་ནན། ནད་མཚོན་མུ་གེ་གཏོང་བའི་འདྲེ་གདོན་རྒྱལ་བསེན་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་ནན། བདུད་དང་རྣམ་རྟོག་དམ་སྲི་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བསྟན་དགྲའི་ལུས་ངག་ཡིད་གསུམ་ཚེ་བླ་སྲོག་གསུམ་དབང་ཐང་རླུང་རྟ་བསོད་ནམས་སྟོབས་ནུས་ལྷ་སྲུང་རྒྱབ་རྟེན་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། བསྐལ་པ་མ་སྟོང་བར་དུ་མ་ལྡང་ཞིག་མཱ་ར་ཡ་རྦད་ནན། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན། ཅེས་བརྗོད་པའམ། ༈ བསྡུས་པ་ལ་དགའ་ན། རྩ་སྔགས་དང་། བདག་དང་བསྲུང་བྱའི་ཡིད་ལ་བརྣག་པའི་དགྲ་བགེགས་བྱད་མ་དམ་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན། དགྲ་སྣ་གྱོད་སྣ་ཇག་སྣ་རྐུན་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ནད་སྣ་རིམས་སྣ་གདོན་སྣ་གོད་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གཅན་སྣ་ཐན་སྣ་དམོད་སྣ་བྱད་སྣ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ངན་སྨྲས་གླེང་བརྗོད་མི་ཁ་བྲ་མཆུ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན། གཏད་ཁྲམ་མནན་སྔགས་ཧོམ་ཟོར་བྱད་ཕུར་རྦོད་གཏོང་ཐམས་ཅད་མཱ་ར་ཡ་རྦད་ནན། མདའ་གྲི་མདུང་གྲི་ཆུ་གྲི་རྦབ་གྲི་ལ་སོགས་པ་སྲོག་འཕྲོག་གྲི་ཡི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཆེ་སྲི་ཆུང་སྲི་དགྲ་སྲི་དུར་སྲི་གོད་སྲི་དམ་སྲི་ལ་སོགས་པ་ཕུང་བྱེད་སྲི་ངན་གྱི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཤི་འདྲེ་གསོན་འདྲེ་ཡུལ་འདྲེ་བཀར་འདྲེ་དབུལ་འདྲེ་རྨང་འདྲེ་ལ་སོགས་པའི་ཟ་བྱེད་འདྲེ་ཡི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཕོ་གདོན་མོ་གདོན་ཀླུ་གདོན་གནས་གདོན་ལུས་གདོན་སེམས་གདོན་ལ་སོགས་པའི་འཚེ་བྱེད་གདོན་གྱི་རིགས་སུ་གྱུར་པ་ཐམས་ཅད་མཱ་ར་ཡ་རྦད་ནན། མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་ལ་སོགས་འཇིགས་པ་དང་དུས་མ་ཡིན་པར་འཆི་བ་ཐམས་ཅད་མཱ་ར་ཡ་རྦད་ནན། དམ་ཉམས་ཀླ་ཀློ་མཐའ་དམག་དུས་འཁྲུག་མེ་ཆུ་ས་གཡོ་ལ་སོགས་བསྟན་དང་འགྲོ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད་ནན། མདོར་ན་ནད་དང་སྡུག་བསྔལ་རྐྱེན་ངན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན། ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན༔ ཅེས་བརྗོད། དྲང་སྲོང་ཁྲོ་བོའི་སྔགས་ནི། ཨོཾ་ལོཀ་ཏྲི་པ་ལ་ནན༔ ས་ག་པ་ཤ་ནན༔ ནཱ་ག་དུ་དུ་ནན༔ མ་མཾ་མ་མཾ། ཙི་ཙ་ར་ཙི་ཙ་ར༔ བཾ་རུ་ལུ་བཾ་རུ་ལུ༔ རྦད་ཏྲ་ཀོ་ཤ་ཡ༔ རྦད་ཏྲ་ཀོ་ཤ་ཡ༔ ཧོ་ར་ཧོ་ར༔ གནོད་བྱེད་ཙི་དུ་སོད་ཙི་དུ་སོད༔ ལུས་ཤིག་ལྷུ་རུ་གཏུབ༔ ཧ་ལ་པ་ཏི་རྦད་ནན༔ འཁོར་བ་ཐུལ༔ གནོད་བྱེད་འབྱུང་པོ་ཀཱ་ཝ་ཙི་རླག་རླག༔ གནོད་བྱེད་དགྲ་བགེགས་འབྱུང་པོ་མཱ་ར་ཡ་རྦད་ནན༔

རྒྱལ་དབྱངས་རྒྱ་སྤྲུལ་གསུམ་པས་མཛད་པ།

ཨེ་མ་ཧོ༔ སྔོན་ཚེ་རྫོགས་སངས་རྒྱས་པའི་བསྐལ་པ་ལ༔ སྟོན་པ་བདེ་གཤེགས་ཉོན་མོངས་གཡུལ་འགྱེད་ཚེ༔ མཉམ་བཞག་རྡོ་རྗེ་མཐར་འཛིན་གཡུལ་ལས་རྒྱལ༔ བར་དུ་མཁས་པ་རྒྱན་དྲུག་མཆོག་གཉིས་ཀྱིས༔ གཏན་ཚིགས་རིགས་པས་མུ་སྟེགས་གཡུལ་འགྱེད་ཚེ༔ ཚད་མ་གསུམ་གྱིས་ལོག་རྟོག་གཡུལ་ལས་རྒྱལ༔ ཐ་མར་བོད་ཡུལ་བསྟན་པའི་སྒྲོན་མེ་མཆོག༔ མཐུ་སྟོབས་སྤྲུལ་པས་ལྷ་འདྲེའི་གཡུལ་ལས་རྒྱལ༔ ཧཱུྃ་བྷྱོ་ཕཊ་ཀྱིས་འདྲེ་སྲིན་གཡུལ་ལས་རྒྱལ༔ དེ་མཐར་གྲུབ་པའི་རྗེ་འབངས་ཉེར་ལྔ་དེ༔ བན་བོན་བསྟན་པའི་བདེན་རྫུན་གཡུལ་ལས་རྒྱལ༔ ཐོགས་མེད་སྤྲུལ་བས་གཡུང་དྲུང་བོན་ལས་རྒྱལ༔ ད་ལྟ་ལྷ་མོ་འོད་ཟེར་ཅན་གྱི་ལྷ༔ སྙིགས་མའི་དམ་སྲི་དགྲ་རྐུན་གཡུལ་འགྱེད་ཚེ༔ འབྱུང་བཞིའི་མཚོན་ཆས་མི་མཐུན་གཡུལ་ལས་རྒྱལ༔ དེང་དུས་ལས་ཅན་སྐལ་བཟང་བདག་ཅག་རྣམས༔ ཟབ་ཆོས་སྒྲུབ་པའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ གསལ་བརྟན་དག་གསུམ་བསྙེན་སྒྲུབ་མཐར་ཕྱིན་ཅིང་༔ རྟོག་བྲལ་བསྒོམ་མེད་གནས་ལུགས་མངོན་གྱུར་ཏེ༔ ཉོན་ཤེས་སྒྲིབ་པའི་བག་ཆགས་དགྲ་ཚོགས་ལས༔ ད་ནི་རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ༔ ལྷ་རྒྱལ་ལོ༔ ཅེས་པ་འདི་རྒྱ་སྤྲུལ་གསུམ་པའི་མིང་འཛིན་ལུང་རྟོགས་ནས་བྲིས་པ་བཀྲ་ཤིས་པར་གྱུར་ཅིག།

ཚེ་སྒྲུབ་བདུད་རྩིའི་ཡང་བཅུད་མགོ་སྤྲུལ་གྱིས་སྦྱར་བ།

འོད་ཟེར་ཅན་མའི་ཐུགས་སྒྲུབ་ཀྱི༔ ཚེ་སྒྲུབ་བདུད་རྩིའི་ཡང་བཅུད་བཞུགས༔ སྐབས་གང་རུང་ལ། བདག་མདུན་ཐུགས་ཀའི་འོད་ཟེར་གྱིས༔ སྐུ་གསུམ་ཞིང་གི་རྒྱལ་བ་དང་༔ ཚེ་བདག་དཔའ་མོའི་དངོས་གྲུབ་བྱིན༔ འཁོར་འདས་ཀུན་གྱི་དྭངས་བཅུད་བསྡུས༔ བདག་དང་བསྲུང་བྱའི་བླ་ཚེ་གསོས༔ འཆི་ཆེད་རིག་འཛིན་འགྲུབ་པར་བསམ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་རི་ཙྱཻ་ཨ་ཡུརྡ་ཏེ་བྷྲུཾ་སྭཱ་ཧཱ༔ ཞེས་བཟླས་ལ་ཚེ་འགུགས་ནི༔ ཧཱུྃ་ཧྲཱིཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ༔ རྒྱལ་ཡུམ་དཔའ་མོ་འཇིགས་པ་ཀུན་སྒྲོལ་མ༔ གསང་སྔགས་རྗེས་འཛིན་ལྷ་མོ་འོད་ཟེར་ཅན༔ འཆི་མེད་མཆོག་སྩོལ་གཙུག་ཏོར་རྣམ་རྒྱལ་མས༔ བདག་དང་བསྲུང་བྱའི་ལུས་ངག་ཡིད་གསུམ་ལ༔ བྱིན་རླབས་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ༔ མདའ་དར་ཐོགས་ལ། མཱུཾ་ཧྲཱིཿ ཚེ་བདག་དཔའ་མོའི་ཐུགས་རྗེའི་འོད་ཟེར་གྱིས༔ སྐུ་གསུམ་སྟོན་པ་ཡོངས་ཀྱི་བྱིན་རླབས་དང་༔ ཉན་རང་བྱང་སེམས་མཁྱེན་བརྩེའི་ཚེ་བཅུད་བསྡུས༔ བསྲུང་བྱའི་བླ་ཚེ་འཁྱམས་པ་སོར་ཆུད་ནས༔ གསལ་སྟོང་རིག་པ་ཆོས་སྐུའི་ཀློང་ཡངས་སུ༔ འཆི་མེད་ཚེ་ཡི་དྭངས་བཅུད་སྩལ་དུ་གསོལ༔ གོང་གི་སྔགས་བརྗོད། ཧྲཱིཿ ཤར་གྱི་ཕྱོགས་ནས་དྲི་ཟ་ཕོ་མོ་ཡིས༔ སྨྱོ་འབོག་བརྒྱལ་ནད་ཤུགས་ཀྱིས་ཚེ་བརྐུས་ཤིང༔ རྣམ་གཡེང་བྱིང་རྒོད་མཐུ་ཡིས་བླ་ཉམས་པ༔ རྡོ་རྗེ་མཁའ་འགྲོས་ས་ཡི་ཁམས་ནས་ཁུག༔ དྲི་ཟ་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ ཧྲཱིཿ ལྷོ་ཡི་ཕྱོགས་ནས་གཤིན་རྗེ་ཕོ་མོ་ཡིས༔ དྲག་ཤུལ་རླུང་མཁྲིས་ཤུགས་ཀྱིས་ཚེ་བརྐུས་ཤིང༔ གསང་གསུམ་དམ་ལས་འགལ་བས་བླ་ཉམས་པ༔ རིན་ཆེན་མཁའ་འགྲོས་ཆུ་ཡི་ཁམས་ནས་ཁུག༔ གཤིན་རྗེ་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ ཧྲཱིཿ ནུབ་ཀྱི་ཕྱོགས་ནས་ཀླུ་དབང་ཕོ་མོ་ཡིས༔ མཛེ་ཤུ་ཕོལ་མིག་ཤུགས་ཀྱིས་ཚེ་བརྐུས་ཤིང༔ ཆད་ལྟ་མཐར་འཛིན་སྟོབས་ཀྱིས་བླ་ཉམས་པ༔ པདྨ་མཁའ་འགྲོས་མེ་ཡི་ཁམས་ནས་ཁུག༔ ཀླུ་དབང་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ ཧྲཱིཿ བྱང་གི་ཕྱོགས་ནས་གནོད་སྦྱིན་ཕོ་མོ་ཡིས༔ བྱིང་རྨུག་འཐིབ་གསུམ་ཤུགས་ཀྱིས་ཚེ་བརྐུས་ཤིང༔ གཏི་མུག་རྨོངས་པའི་སྟོབས་ཀྱིས་བླ་ཉམས་པ༔ ལས་ཀྱི་མཁའ་འགྲོས་རླུང་གི་ཁམས་ནས་ཁུག༔ གནོད་སྦྱིན་ཕོ་མོའི་ཚེ་ཡི་བཅུད་བསྡུས་ལ༔ འཆི་མེད་རིག་འཛིན་ཚེ་ཡི་གསོས་སུ་སྩོལ༔ སྔགས་བཟླ། ཧྲཱིཿ ཤར་ལྷོ་མེ་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ལྷོ་ནུབ་སྲིན་པོའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ནུབ་བྱང་རླུང་ལྷའི་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ བྱང་ཤར་དབང་ལྡན་ལག་ནས་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ སྟེང་ནས་ཚངས་པ་ཉི་ཟླའི་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ འོག་ནས་མཐའ་ཡས་འཇོག་པོའི་ཚེ་ཁུག་ལ༔ དེང་འདིར་སྒྲུབ་མཆོག་ཚེ་ཡི་གསོས་སུ་སྩོལ༔ ཤ་ཡི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ སྲ་བརྟན་འབྱུང་བ་ས་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་བུདྡྷ་ལོ་ཙའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ ཁྲག་གི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ མཉེན་ལྕུགས་འབྱུང་བ་ཆུ་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་མ་མ་ཀི་ཡི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ དྲོད་ཀྱི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ དྲོད་གསལ་འབྱུང་བ་མེ་ཡི་དབྱིངས་ནས་ཁུག༔ ཡུམ་མཆོག་གོས་དཀར་ལྷ་མོའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ དབུགས་ཀྱི་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ ཡངས་བསྐྱོད་འབྱུང་བ་རླུང་གི་དབྱིངས་ནས་ཁུག༔ ཡུམ་མཆོག་དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ རྣམ་ཤེས་ཁམས་ནས་ཉམས་པའི་ཚེ་དང་སྲོག༔ སྟོང་གསལ་འབྱུང་བ་ནམ་མཁའི་དབྱིངས་ནས་ཁུག༔ ཡུམ་མཆོག་ཀུན་ཏུ་བཟང་མོའི་བྱིན་རླབས་ཀྱིས༔ ཉམས་པ་སོར་ཆུད་སྲོག་གི་ཀ་བ་ཚུགས༔ སྒོ་གསུམ་གཡེང་ཞིང་དམ་སྡོམ་ཉམས་པ་ཡིས༔ ཚེ་སྲོག་ཆད་ཉམས་འཐོར་དང་ཡར་བ་རྣམས༔ རྩ་གསུམ་ཚེ་ལྷའི་ནུས་མཐུའི་འོད་ཟེར་གྱིས༔ ཆད་པ་མཐུད་ལ་ཉམས་པ་འཕེལ་ཞིང་རྒྱས༔ འཐོར་བ་སྡུས་ལ་ཡར་བ་མྱུར་དུ་ཁུག༔ མི་ཤིག་མི་འགྱུར་ཚེ་ཡི་དངོས་གྲུབ་སྩོལ༔ གོང་གི་སྔགས་དང་ཚེ་གཟུངས་བཟླ་བཞིན་ཚེ་མདའ་སྤྱི་བོར་བཞག ཚེ་ཆང་ལ། མཱུཾ་ཧྲཱིཿ མངར་གསུམ་ཚེ་ཡི་བཅུད་བསྡུས་ཚེ་ཡི་ཆང་༔ རིགས་སྔགས་གྲུབ་པ་རྣམས་ཀྱི་ཚེ་ཡི་སྐྱེམས༔ བསྲུང་བྱའི་ངག་གི་འཁོར་ལོར་ལེགས་བྱིན་པས༔ དུས་མིན་ཚེ་ཡི་བར་ཆད་སྒྲོལ་བར་ཤོག༔ སྔགས་བཟླ་ཞིང་བླུད། ཚེ་རིལ་ལ། མཱུཾ་ཧྲཱིཿ དཀར་མངར་ཚེ་ཡི་བཅུད་དྲིལ་རིལ་བུ་འདི༔ སྔོན་གྱི་དྲང་སྲོང་གྲུབ་པའི་ཚེ་ཡི་ཟས༔ བསྲུང་བྱའི་མགྲིན་པ་ནས་ཞུགས་ལུས་ཀུན་གང༔ དུས་མིན་འཆི་བའི་ཚེ་གེགས་ལས་གྲོལ་ཤོག༔ སྔགས་བཟླ་ཞིང་བྱིན། དེ་ནས་དངོས་གྲུབ་ཀྱི་རྫས་བླངས་ལ། མཱུཾ་ཧྲཱིཿ དུས་གསུམ་རྒྱལ་བའི་ཡུམ་མཆོག༴སོགས་ནས། དཔལ་ཐོབ་ཤོག༔ སྔགས་བརྗོད་ལ། ཀ་ཡ༴སོགས། ཧཱུྃ་ཨཱ༔ ཅེས་བརྗོད་གནས་གསུམ་གཏུག༔ ཚེ་གཟུངས་བཟླ། རྒྱས་གདབ་ནི། ཨཱ༔ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ་དང་སྲོག༔ བསྲུང་བྱའི་ཤ་ཁྲག་དྲོད་དབུགས་རྣམ་ཤེས་ལ༔ འགྱུར་མེད་ཡེ་ཤེས་ལྔ་རུ་རྒྱས་གདབ་པས༔ དངོས་དང་དངོས་མེད་བར་ཆད་མཚན་མ་ཡིས༔ ནམ་ཡང་གླགས་མི་རྙེད་པར་རཀྵ་བྷྲུཾ༔ སྔགས་མཐར། བཛྲ་རཀྵ་རཀྵ་བྷྲུཾ༔ སྤྱི་བོར་མདའ་དར་རྒྱ་གྲམ་དུ་བཞག་ལ་ཤིས་བརྗོད་བྱའོ། །ཞེས་པ་འདི་ཡང་སྐྱིད་པ་བླ་མ་མཁྱེན་རབ་རྒྱ་མཚོའི་དགོངས་བཞེད་བཞིན་དགོངས་གཏེར་ཐང་རྒྱལ་ཚེ་སྒྲུབ་ལས་མགོ་སྤྲུལ་གྱིས་བཀོལ་ནས་བྲིས་པའོ། །དགེའོ། །དགེའོ། །དགེའོ། །

དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ།

འོད་ཟེར་ཅན་གྱི་དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ་བཞུགས༔

རང་བྱུང་ཡེ་ཤེས་མཁའ་འགྲོའི་གཙོ༔ མཚན་ཐོས་ཙམ་གྱིས་འཇིགས་ཀུན་སྐྱོབས༔ ལྷ་མོ་འོད་ཟེར་ཅན་ལ་འདུད༔ དབང་ཆོག་གཡུལ་ལས་རྣམ་རྒྱལ་བསྟན༔ དང་པོ་དཀྱིལ་འཁོར་བཀོད་ལེགས་སྟེང༔ གཞུང་ལྟར་དབང་རྫས་ཡོ་བྱད་ཚང་བར་བཤམས༔ བསྙེན་སྒྲུབ་གཞུང་བསྲང་བུམ་པ་བསང༔ སྟོང་པའི་ངང་ལས་བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་རང་སེམས་ཀྱི་རྩལ་ལས་མཱུྃ༔ཡིག་གསེར་བཙོ་མ་ལྟ་བུ་ཞུ་བ་ལས་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་མཆོག་བར་ཆད་གཡུལ་ལས་རྣམ་པར་རྒྱལ་བའི་ལྷ། དཔའ་མོ་འོད་ཟེར་ཅན་མ་གཙོ་འཁོར་སྤྲུལ་པར་བཅས་པ་མཁའ་ལ་འཇའ་ཚོན་བཞིན་བཀྲ་ལམ་མེར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡི་གེ་འབྲུ་གསུམ་དང་རང་རང་གི་ཐུགས་སྲོག་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། སླར་འདུས་པ་ལས་འོད་ཟེར་བདུད་རྩི་ཁ་དོག་སྣ་ལྔའི་བཅུད་དུ་ཁོལ་བས་བུམ་པ་ལྟེམ་གྱིས་གང་བར་བསམ༔ རྩ་སྔགས་ཤམ་བུར་ཨ་བྷི་ཥིཉྩ་བཏགས༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ སྔགས་བཟླས་འོད་ཞུ་བུམ་ཆུར་བསྟིམས༔ མཆོད་བསྟོད་དངོས་གྲུབ་དབང་ཡིད་ལེན༔ བསྲུང་མ་སྤྱི་དང་བྱེ་བྲག་གསོལ༔ ཚོགས་ཀྱི་འཁོར་ལོས་ཉམས་ཆགས་བསྐང༔ དེ་ནས་སློབ་མ་མདུན་དུ་འཁོད༔ ལས་བུམ་ཆུ་ཡིས་སྡིག་པ་འཁྲུ༔ ལན་ཆགས་བགེགས་ལ་གཏོར་མ་ནི༔ རཾ་ཡཾ་ཁཾ་གིས་བསང་སྦྱངས་ནས༔ ཨོཾ་ཨཱ༔ཧཱུྃ་གིས་བདུད་རྩིར་བསྒྱུར༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བསྔོ༔ ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟའི་བར་དག་ཏུ༔ ལན་ཆགས་བསྙེགས་ཤིང་བུ་ལོན་མ་འཁོར་བའི༔ གནོད་བྱེད་བགེགས་རིགས་ཚེ་ལ་རྐུ་བ་དང༔ སྲོག་ལ་འཇབ་ཤིང་ལུས་ལ་ན་ཚ་གཏོང༔ ཆོས་སྲིད་བར་ཆད་བྱེད་པའི་ལོག་འདྲེན་རྣམས༔ འདོད་ཡོན་ལྔ་ལྡན་གཏོར་མས་ཚིམས་གྱིས་ལ༔ ཞི་བདེའི་སེམས་དང་ལྡན་པས་གཞན་དུ་དེངས༔ གལ་ཏེ་མི་འགྲོ་གནས་འདིར་འཚེ་བྱེད་ན༔ བདག་ཉིད་གཤིན་རྗེ་གཤེད་པོའི་ཏིང་འཛིན་གྱིས༔ ཐལ་བའི་རྡུལ་དུ་བརླགས་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་ནས་བསྲུང་འཁོར་བསྒོམས༔ མི་རྟག་ལས་འབྲས་ཆོས་བཤད་ཀྱིས༔ རྒྱུད་སྦྱང་བྱས་རྗེས་གདམས་པ་འདིའི༔ ལོ་རྒྱུས་མདོར་བསྡུས་འདི་ཉིད་བརྗོད༔ དེ་ཡང་རྒྱལ་བ་ཐབས་ལ་མཁས་པས་གདུལ་བྱ་རྣམས་ཞི་བ་དང་དྲག་པོའི་སྒོ་ནས་ཡང་དག་པའི་ས་ལ་འགོད་པར་མཛད་པའི་ཕྱིར། ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་རྣམས་ཀྱང་། བཀའ་གཏེར་དག་སྣང་གི་སྲོལ་ཀ་གསུམ་དུ་འདུས་པ་ལས། ད་ལམ་འདི་ཉིད་ནི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན་ཅིང་། དེ་ཡང་འཕགས་མ་འོད་ཟེར་ཅན་མ་འདི་ཉིད་ཡེ་ནས་འཕོ་འགྱུར་མེད་པ་ཆོས་དབྱིངས་ཀུན་ཏུ་བཟང་མོ་དང་དབྱེར་མ་མཆིས་པ་ལས། སླར་གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོར་བཅོམ་ལྡན་འདས་འཇམ་དཔལ་ཡ་མནྟའི་སྦྱོར་ཡུམ་གྱི་སྐུར་བསྟན་ནས་མུ་སྟེགས་ལོག་པར་འདྲེན་པ་རྣམས་དྲག་པོའི་སྒོ་ནས་གསད་པ་དང་། དབྱེ་བ་སོགས་རྨད་དུ་བྱུང་བའི་མཛད་པས་གསང་སྔགས་ཀྱི་རྣལ་འབྱོར་པ་རྣམས་དབུགས་དབྱུང་བར་མཛད་ཅིང་། གདུལ་བྱ་མ་དག་པ་རྣམས་ཀྱི་སྣང་ངོར། དེ་བཞིན་གཤེགས་པ་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་བསྟན་པའི་ཚེ། བདག་གི་མིང་ཙམ་ཡིད་ལ་དྲན་པས་ཀྱང་ཕ་རོལ་གྱི་དགྲ་དང་བདུད་ཀྱི་ཚོགས་བྱེ་བ་ཁྲག་ཁྲིག་དུ་མས་བལྟར་མེད་པ་དང་། གཞུར་མེད་པ་དང་། མགོ་བྲེག་ཏུ་མེད་པ་དང་། རྣམ་པར་གཞོམ་དུ་མེད་པར་གྱུར་ཅིག་ཅེས་པ་ལ་སོགས་པའི་སྨོན་ལམ་བཏབ་ཅིང་། ཉི་མ་དང་ཟླ་བའི་མདུན་དུ་འགྲོ་ཞིང་རྒྱ་གར་མྱ་ངན་མེད་པའི་ཤིང་གི་དྲུང་དུ་ཏིང་འཛིན་བསྒོམ་པ་ལས་རིགས་སྔགས་གྲུབ་པའི་ལྷ་མོ་རྣམས་ཀྱི་གཙོ་མོར་གྱུར་པ་དེ་ཉིད་ཀྱི་རྒྱུད་དང་རྟོགས་་པ་བརྗོད་པ་སོགས་གསང་བའི་བདག་པོས་རིག་པ་འཛིན་པའི་འཁོར་རྣམས་་བསྟན་ཅིང་ཆགས་བྲལ་སྤྲུལ་པའི་སྐུ་མཉམ་མེད་ཤཱཀྱའི་རྒྱལ་པོས་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་གཟུངས་དང་ཕན་ཡོན་མཐའ་ཡས་པ་བསྟན། དེ་དག་གི་དོན་སྐུ་གསུམ་རྒྱལ་བའི་བདག་ཉིད་པདྨ་སཾ་བྷ་ཝས་ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང་། མངའ་བདག་ཡབ་སྲས། དཔལ་གྱི་དབང་ཕྱུག་སོགས་ལ་བསྩལ་བ་ཉིད་མ་འོངས་པའི་དོན་དུ་སྒྲུབ་ཐབས་སུ་བྱས་ཏེ་དངོས་དང་། ཐུགས་གཏེར་ཅི་རིགས་པར་སྦས་པ་ལས། འདི་ཉིད་ནི་མཁར་ཆེན་བཟའ་ཉིད་ཀྱི་ཐུགས་དབྱིངས་བདེ་སྟོང་བརྗོད་བྲལ་གྱི་ཀློང་དུ་མི་བརྗེད་པའི་རྒྱས་བཏབ་པ་ཉིད། སླར་ཁམས་དབུས་གཙང་གསུམ་དུ་མཚོ་རྒྱལ་གྱི་སྤྲུལ་པ་གཏེར་ཆེན་དང་གཏེར་ཕྲན་སོགས་མ་ངེས་པའི་སྤྲུལ་བསྒྱུར་འགྱེད་པ་ལས་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གཏེར་བློན་གྱི་ཚུལ་དུ་བྱུང་བ་སྐལ་ལྡན་ལུང་རིག་གླིང་པ་རྩལ་དུ་འབོད་པ་ཉིད་ཕྱོགས་མེད་ཀྱི་ལྷ་དང་བླ་མའི་ཚོགས་ལ་ཁྱེད་ཤེས་ཀྱི་བློ་གཏད་ནུས་པའི་དག་སྣང་འབྱམས་ཀླས་པ་ལས། ཁྱད་པར་གྲུབ་དབང་བླ་མ་ཀུན་བཟང་གཞན་ཕན་ཉིད་ཚེ་རབས་ཀྱི་ཡོངས་འཛིན་དུ་ངེས་ཤེས་རྙེད་ནས་རྩེ་གཅིག་གསོལ་འདེབས་ལ་བརྩོན་པའི་སྐབས་སུ། དམ་པ་དེ་ཉིད་དང་མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ཉམས་སྣང་རྨི་ལམ་གྱི་སྣང་བར་པོ་ཊ་ལ་དང་པདྨ་འོད་སོགས་སུ་ཁྲིད་ཅིང་གུ་རུ་རིན་པོ་ཆེ་དང་། རྗེ་བཙུན་འཕགས་མ་སྒྲོལ་མ། གཞན་ཡང་ལྷ་དང་རིག་འཛིན་དུ་མས་དགོངས་གཏེར་ཟབ་མོའི་ཆོས་ལ་མངའ་གསོལ་ཞིང་དབུགས་དབྱུང་བའི་སྣང་བ་ཤར་བའི་ཚེ། སྒྲུབ་ཐབས་ཟབ་མོ་མང་དུ་བབས་པ་ཡང་བདུད་དང་བདུད་ཀྱི་རིས་ཀྱི་ལྷས་བརླབས་པ་སོགས་མ་ཡིན་པར་རྡོ་རྗེའི་ལུང་གིས་དཔང་པོ་བྱས་ན། སྤྲུལ་པའི་གཏེར་སྟོན་རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་གཏེར་ལུང་ལས། བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ འདི་ནི་རྩ་བའི་ཆོས་བདག་སྐྱེས་བུ་ཡིན༔ ཞེས་པ་དང་། རིག་འཛིན་གསང་སྔགས་གླིང་པའི་གཏེར་བྱོན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་པ་སོགས་ཡིད་ཆེས་པའི་ལུང་བྱང་མང་དུ་སྣང་བ་ལྟར་དགོངས་གཏེར་དག་སྣང་ཟབ་མོའི་ནང་ཚན་དགྲ་རྐུན་ལོག་འདྲེན་ཐམས་ཅད་རྨིང་མེད་དུ་བྱེད་པ་ལྷ་མོ་འོད་ཟེར་ཅན་མའི་དབང་ཆོག་བར་ཆད་གཡུལ་ལས་རྣམ་རྒྱལ་འདི་ཉིད་ཞུ་བའི་ཡོན་དུ་མཎྚལ་ཕུལ་མཛོད། སློབ་མས་མཎྚལ་ཕུལ་རྗེས་གདོང་གཡོག་དང་། རིགས་བརྟགས་མེ་ཏོག་གཏད་རྗེས་འདི་སྐད་དུ༔ གསོལ་བ་འདེབས་པའི་ཚིག་ནི་འདི་བཞིན་བརྗོད༔ ཀྱཻ་ཧོ༔ རྡོ་རྗེ་སློབ་དཔོན་འགྲོ་མགོན་བླ་མ་རྗེ༔ བར་ཆད་གཡུལ་ལས་རྣམ་པར་རྒྱལ་བའི་ཕྱིར༔ གཤིན་རྗེའི་ཡུམ་གཅིག་འོད་ཟེར་ཅན་མ་ཡི༔ དབང་ཆོག་ཟབ་མོ་བདག་ལ་སྩལ་དུ་གསོལ༔ ཅེས་པས་གསོལ་བ་བཏབ་རྗེས་ལན་འདི་བརྗོད༔ ཀྱེ་ཧོ་གསང་སྔགས་ཟབ་མོའི་སྣོད་རུང་བའི༔ སྐལ་ལྡན་ཁྱོད་ཉིད་འོད་ཟེར་ཅན་མ་ཡི༔ དབང་དང་སྒྲུབ་ཐབས་ཟབ་མོར་རབ་མོས་ཤིང་༔ ལྷ་རུ་བསྙེན་ན་ངེས་པར་སྦྱིན་པར་བྱ༔ མནའ་ཆུ་བླུད་ཅིང་ཚིག་འདིས་བརྡ་སྤྲོད་བྱ༔ ཤིན་ཏུ་ཟབ་མོ་གསང་སྔགས་དབང་འདི་ལ༔ མོས་ཤིང་འདུན་པ་ལས་ཀྱི་འཕྲོ་ལྡན་ཡང་༔ བདག་ལ་བརྙས་ཤིང་དམ་ཚིག་ཁྱད་བསད་ན༔ མནར་མེད་མེ་ཡིས་བསྲེག་ཅིང་འཚོད་ངེས་པས༔ མི་ཉམས་རྟག་ཏུ་བསྲུང་བའི་མནའ་དོར་ཅིག༔ བཛྲ་ས་མ་ཡཱ་ན་ར་ཀན༔ དེ་ནས་དཀྱིལ་འཁོར་ཤར་སྒོར་ཕྱག་འཚལ་ཏེ༔ སྒོ་དབྱེའི་ཐོག་མར་བྱིན་ཆེན་དབབ་པ་ནི༔ ཤཱུ་ནྱའི་སྔགས་ཀྱིས་སློབ་མ་བསངས་བྱས་ཏེ༔ སློབ་མའི་རྣམ་སྨིན་ཤ་ཁྲག་སྟོང་པར་སྦྱང་༔ སྟོང་པའི་ངང་ལས་སྐད་ཅིག་གིས་སློབ་མའི་རིག་པ་མཱུཾ་ཡིག་གསེར་གྱི་མདོག་ཅན་གསལ་བ་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད༔ མར་འཕྲོས་འགྲོ་དྲུག་དུ་སྣང་བའི་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་བག་ཆགས་དང་བཅས་པ་དབྱིངས་སུ་སྦྱངས༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད༔ དེ་དག་གི་དཔའ་རྩལ་ནུས་པ་ཐམས་ཅད་ཚུར་བསྡུས་རང་ལ་ཐིམ་པ་ལས་མཁའ་ལ་འཇའ་ཚོན་ཤར་བ་ལྟར་སློབ་མའི་ཕུང་ཁམས་འོད་སེར་པོའི་རང་བཞིན་དུ་ལྟེམས་ཀྱིས་ཞུ་བ་ལས་འཕགས་མ་འོད་ཟེར་ཅན་མ་ཁྲོ་གཏུམ་དྲག་ཤུལ་གྱི་རྩལ་གྱིས་ས་གསུམ་ལོག་འདྲེན་འབྱུང་པོ་རྨིང་མེད་དུ་བྱེད་པའི་དཔའ་རྩལ་ཉི་མ་འབུམ་ཕྲག་ཤར་བ་ལས་ཀྱང་བལྟར་མི་བཟོད་པའི་རྣམ་འགྱུར་ཅན༔ ཞལ་གཅིག་ཁྲོ་འཛུམ་བཞད་པའི་ང་རོས་བདུད་དང་མུ་སྟེགས་ཡོངས་ཀྱི་ཀླད་པ་འགེམས་པ༔ ཕྱག་གཉིས་གཡས་པས་སྣང་བྱེད་ཉི་མའི་དཀྱིལ་འཁོར་དམར་གྱི་ལི་ལི་བསྐོར་བས་དགྲ་རྐུན་ཇག་ཆོམ་བྱེད་པ་ཐམས་ཅད་ཀྱི་མིག་གཉིས་དྲུང་ནས་འབྱིན་པ༔ གཡོན་པས་གསལ་བྱེད་ཟླ་བའི་དཀྱིལ་འཁོར་དཀར་ལ་དྭངས་པ་ཕྱོགས་བཅུར་གཡུགས་པས་བགེགས་དང་ལོག་འདྲེན་བར་ཆད་རྩོམས་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་རྨོངས་ཤིང་རེངས་པར་བྱེད་པ༔ ཞབས་གཉིས་གྱད་ཀྱི་དོར་སྟབས་སུ་བགྲད་ནས་མ་རུང་བདུད་བཞིའི་སྙིང་གར་བྲོ་ཁྲིག་ཁྲིག་ཏུ་བརྡུང་བ༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་ཞིང་ཐུར་དུ་གྲོལ་བ་ཐོད་སྐམ་རིགས་ལྔའི་ཅོད་པཎ་གྱིས་སྤྲས་པ༔ སྐུ་སྟོད་ལ་དར་སྔོན་པོའི་སྟོད་གཡོག་དང་སྐུ་སྨད་ལ་དར་དཀར་པོའི་སྨད་དཀྲིས་སྟག་གི་ཤམ་ཐབས་ཁྲག་འཛག་པ་དང་བཅས་པས་ཀླུབ་པ༔ དུག་སྦྲུལ་འཇིགས་པའི་སྐ་རགས་ཀྱིས་བཅིངས་པ༔ འདུ་བྱེད་གནས་སུ་དག་པའི་མགོ་ཕྲེང་ལྔ་བཅུ་དང་༔ མེ་ཏོག་སྣ་ཚོགས་པའི་དོ་ཤལ་སོགས་ཞི་དྲག་སྤེལ་མའི་ཆས་ཅན༔ འཆོལ་བའི་ཁྲོ་མོ་ཆེན་མོ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཅན་དུ་གསལ་བའི་གནས་གསུམ་ཨོཾ་དཀར་ཨཱ༔དམར་ཧཱུྃ་མཐིང་གིས་མཚན་དང་༔ ཧ་ཁོག་ཏུ་མཱུཾ་ཡིག་གསེར་གྱི་མདོག་ཅན་གསལ་བ་ལས་འོད་ཟེར་ལྕགས་ཀྱུ་ལྟར་ཕྱོགས་བཅུར་འཕྲོས་པས་རྒྱ་གར་མྱ་ངན་མེད་པའི་ཤིང་དྲུང་༔ རྩུབ་འགྱུར་གཤིན་རྗེ་རོལ་བའི་དུར་ཁྲོད་སོགས་གནས་ཡུལ་ཐམས་ཅད་ན་བཞུགས་པའི་ལྷ་མོ་འོད་ཟེར་ཅན་མ་དང་༔ གཞན་ཡང་སྐུ་གསུམ་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བས༔ མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་བྱིན་ཆེན་དབབ་པའི་མོས་པ་རྩེ་གཅིག་ཏུ་གྱིས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་སྤྲོས་པ་ཉེར་ཞིའི་མཁའ་དབྱིངས་ལས༔ གཟུགས་སྐུ་འགགས་མེད་ཞི་དང་ཁྲོ་བོའི་གར༔ དགྲ་བགེགས་འདུལ་མཛད་ལྷ་མོ་འོད་ཟེར་ཅན༔ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ ཁྲོས་པའི་གར་གྱིས་ས་གསུམ་གཡོ་ཞིང་འགུལ༔ དཔའ་བའི་རྩལ་གྱིས་ལོག་འདྲེན་སྙིང་རྩ་འདར༔ བཞད་པའི་གད་རྒྱངས་བདུད་སྲིན་ཀླད་པ་འགེམས༔ ཞི་བའི་ཐུགས་ཀྱིས་སྒྲུབ་མཆོག་བུ་བཞིན་སྐྱོངས༔ དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི༔ ལུས་ངག་ཡིད་གསུམ་བྱིན་གྱིས་རླབ་ཏུ་གསོལ༔ བགེགས་དང་ལོག་འདྲེན་བར་ཆད་བསལ་དུ་གསོལ༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩལ་དུ་གསོལ༔ ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་མ་རི་ཙྱཻ་མཱུཾ་ཛྙཱ་ན་བཛྲ་ཨ་བཻ་ཤ་ཡ་ཕཻཾ༔ སྤོས་རོལ་དང་བཅས་བྱིན་ཆེན་དབབ་པའི་རྟགས༔ ལུས་འདར་དབུགས་དངངས་བདེ་གསལ་མི་རྟོག་འབྱུང༔ སྤྱན་དྲངས་ལྷ་རྣམས་སློབ་མའི་སྒོ་གསུམ་དང༔ དབྱེར་མེད་བསམ་ལ་ཏིཥྛ་བཛྲ་གྱིས༔ བརྟན་པར་བྱས་རྗེས་དཀྱིལ་འཁོར་སྒོ་དབྱེའི་ཕྱིར༔ གསོལ་བ་འདེབས་ཕྱིར་ཚིག་འདིས་སྙན་གསན་དབབ༔ ཀྱཻ་ཧོ་ཚད་མེད་རྣམ་བཞིའི་བདག་ཉིད་ཆེན་མོ་བཞི༔ རང་བྱུང་ལྷ་ཞལ་མ་རིག་འཛིན་པས་སྒྲིབ༔ དཀྱིལ་འཁོར་སྒོ་ཕྱེ་ཐར་བའི་གྲོང་མཆོག་ཏུ༔ དེ་རིང་ཉིད་ནས་སྨིན་པར་མཛད་དུ་གསོལ༔ ཅེས་པས་གསོལ་བཏབ་དཀྱིལ་འཁོར་ཤར་སྒོ་ནས༔ རིག་པའི་མེ་ཏོག་ལྷ་ལ་འབུལ་བ་ནི༔ ཨེ་མ་ངོ་མཚར་དཀྱིལ་འཁོར་ལྷག་པའི་ལྷ༔ ལས་ཀྱིས་འབྲེལ་བ་གང་ཡིན་དེ་ཉིད་ལ༔ བདག་གི་རིག་པའི་མེ་ཏོག་འདི་ཕུལ་བས༔ བཞེས་ནས་མཆོག་ཐུན་ལས་བཞིའི་དངོས་གྲུབ་སྩོལ༔ བཛྲ་པུཥྤེ་པྲ་ཏིཙྪ་ཧོ༔ ཞེས་པས་ལྟོས་མེད་བློ་ཡིས་ཕུལ་བ་ན༔ དབུས་སུ་མཆོག་དང་ཕྱོགས་བཞིར་ལས་བཞི་འགྲུབ༔ གསང་བའི་མིང་ལ་ཕོ་མོའི་ཁྱད་པར་གྱིས༔ དཔལ་ཆེན་འོད་ཟེར་མཆོག་དང་དེ་བཞིན་དུ༔ ཞི་རྒྱས་དབང་དྲག་འོད་ཟེར་ཞེས་པས་བརྒྱན༔ སླར་ཡང་ལྷ་རྣམས་དགྱེས་པས་མེ་ཏོག་དེ༔ དབང་རྟགས་ཅོད་པཎ་ཚུལ་དུ་བསྩལ་བར་བསམ༔ མིག་དར་དབྱེ་བ་རྡོ་རྗེའི་ཐུར་མ་ཐོགས༔ ཧོ༔ སྐལ་ལྡན་ཁྱོད་ཀྱིས་མ་རིག་གཉིས་འཛིན་ལ༔ རྟག་ཏུ་སྤྱོད་པས་རང་བྱུང་ལྷ་ཞལ་བསྒྲིབས༔ ད་ནི་འཁྲུལ་རྟོག་ཐེ་ཚོམ་ལིང་ཐོག་བསལ༔ ཆོས་དབྱིངས་གདོད་མའི་ཡེ་ཤེས་མངོན་གྱུར་ཤོག༔ ཛྙཱ་ན་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་པས་གདོང་གཡོག་བཀྲོལ་ཞིང་དཀྱིལ་འཁོར་གྱི༔ རྣམ་དག་བཤད་པ་ཕྱག་ཤིང་གིས་བསྟན་ཏེ༔ ཧོ༔ ཡེ་ནས་རིག་པ་སྤྲོས་པས་དབེན་མོད་ཀྱང༔ ཀུན་རྫོབ་དཀྱིལ་འཁོར་བརྡ་རྟགས་གཉིས་ལ་བརྟེན༔ དཀྱིལ་འཁོར་གྲུ་བཞི་ལས་བཞི་ལྷུན་གྱིས་གྲུབ༔ ཚད་མེད་བཞི་མཚོན་ཡེ་ཤེས་སྒོ་བཞིར་བྱུང༔ འཕགས་ལམ་ཡན་ལག་བརྒྱད་ཀྱི་རྟ་བབས་མཛེས༔ འདོད་ཡོན་སྣམ་བུ་དམར་པོ་དབང་གི་བརྡ༔ ཡུལ་དྲུག་མ་སྤངས་མཆོད་པའི་ལྷ་མོའི་གར༔ ཕ་གུ་སེར་པོ་ཚོགས་གཉིས་ཟུང་དུ་འབྲེལ༔ དྲྭ་བ་དཀར་པོ་དགེ་བཅུའི་ཡོན་ཏན་རྫོགས༔ ཤར་བུ་ཆུ་འབེབས་དབང་ལྔའི་ནུས་སྟོབས་རྒྱས༔ རི་དྭགས་ཕོ་མོ་སྟོང་ཉིད་སྙིང་རྗེར་འབྲེལ༔ ཆོས་ཀྱི་འཁོར་ལོ་རང་བྱུང་མཐའ་དང་བྲལ༔ ཀུན་ལ་ཁྱབ་པའི་ཡེ་ཤེས་གདུགས་ཀྱི་ཚུལ༔ གདོད་ནས་འཕོ་མེད་རང་རིག་དཔའ་མོའི་སྐུ༔ ཉོན་མོངས་རྣམ་གྲོལ་ཞི་རྒྱས་དབང་དྲག་བཞིའི༔ ལས་བཞི་སྒྲུབ་མཛད་རིགས་བཞིའི་འོད་ཟེར་ཅན༔ འབྱུང་བཞི་གནས་དག་སྤྱན་སོགས་རིགས་བཞིའི་ཡུམ༔ ཚད་མེད་རྣམ་བཞིའི་ཕྱག་རྒྱས་སྒོ་བཞི་སྲུང་༔ དེ་ལྟར་ལྟོས་ལ་རང་བྱུང་རིག་པའི་གཤིས༔ འདུ་འབྲལ་མེད་པའི་རང་ངོ་ཤེས་པར་གྱིས༔ དེ་རྗེས་དངོས་གཞི་བུམ་པའི་དབང་དོན་དུ༔ མཎྚལ་ཕུལ་རྗེས་གསོལ་བ་འདི་བཞིན་འདེབས༔ ཀྱཻ་ཧོ༔ རིག་འཛིན་རྒྱལ་པོ་ཧེ་རུ་ཀ༔ བུམ་པའི་དབང་གིས་ལུས་ཀྱི་སྒྲིབ་སྦྱང་ནས༔ བསྐྱེད་རིམ་གོམས་ཤིང་བླ་མ་སྤྲུལ་པའི་སྐུ༔ ད་ལྟ་ཉིད་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་པས་གསོལ་བཏབ་བུམ་དབང་བསྐུར་བ་ནི༔ ཧཱུྃ༔ སྟོང་གསལ་དབྱེར་མེད་ཆོས་དབྱིངས་བུམ་པ་རུ༔ རང་བྱུང་སྐུ་གསུམ་དཀྱིལ་འཁོར་ལྷ་ཚོགས་བཞུགས༔ སྐལ་ལྡན་སློབ་བུ་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་མཐར་ཕྱིན་ལུས་ཀྱི་སྒྲིབ་དག་ཤོག༔ ཅེས་པས་བུམ་པ་མགོ་བོའི་གནས་ལྔར་བཞག༔ ཨོཾ་མ་རི་ཙྱཻ་བུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་བཛྲ་རཏྣ་པདྨ་དང༔ ཀརྨ་ཞེས་མཐར་ཨ་བྷི་ཥིཉྩ་བཏགས༔ བུམ་ཆུ་བླུད་ཅིང་དབུ་རྒྱན་མགོར་བཅིངས་ཏེ༔ ཧཱུྃ༔ ཉོན་མོངས་ང་རྒྱལ་བདག་ཏུ་ལྟ་བ་ལས༔ རྣམ་པར་རྒྱལ་ནས་རྒྱལ་བའི་རྒྱལ་ཚབ་ཏུ༔ དེ་རིང་འཕགས་མས་ཁྱོད་ལ་དབང་བསྐུར་བས༔ རྟག་ཏུ་བྱང་ཆུབ་རྒྱལ་སྲིད་མ་ཉམས་མཛོད༔ ཨོཾ་མ་རི་ཙྱཻ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སློབ་དཔོན་གཤིན་རྗེ་གཤེད་པོར་གསལ༔ ཐུགས་ཀའི་འོད་ཀྱིས་འཕགས་མའི་ལྷ་ཚོགས་རྣམས༔ སྐུ་རྟེན་དབྱེར་མེད་སློབ་མའི་སྤྱི་བོར་བྱོན༔ བྱིན་རླབས་ནུས་མཐུའི་རྩལ་ཆེན་རྫོགས་པར་བསམ༔ དང་པོ་གཙོ་མོའི་སྐུ་སྤྱི་བོར་བཞག་ཏེ༔ ཧཱུྃ་ཧྲཱིཿ ཉོན་མོངས་བརྒྱད་ཁྲིའི་རྩ་བ་བདག་ལྟའི་དགྲ༔ དེ་ལས་བསྐྱེད་པའི་ལོག་འདྲེན་ཕས་རྒོལ་ཚོགས༔ ཐམས་ཅད་སྒྲོལ་མཛད་འོད་ཟེར་ཅན་མ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་བསྐུར་བས༔ བདུད་དང་ལོག་འདྲེན་གཡུལ་ལས་རྣམ་རྒྱལ་ནས༔ ཁམས་གསུམ་དཔའ་མོའི་གོ་འཕང་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཤར་ཕྱོགས་ཞི་བའི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་བརྒྱད༔ ཞི་མཛད་འོད་ཟེར་ཅན་མའི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་གནོན་པའི་མཐུ་ལྡན་རྣམས༔ རྡོ་རྗེ་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་ཤནྟིཾ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷོ་ཕྱོགས་རྒྱས་པའི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ ཚེ་དང་དཔལ་འབྱོར་ལ་སོགས་ལེགས་རྒུའི་ཚོགས༔ རྒྱས་མཛད་འོད་ཟེར་ཅན་མའི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་ཆུ་བོར་འདོར་བ་དང་༔ རིན་ཆེན་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་པུཥྚིཾ་ཨ་བྷི་ཥིཉྩ་ཧཱུྃ༔ ནུབ་ཕྱོགས་དབང་གི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ བརྟན་གཡོའི་དངས་བཅུད་དབང་དུ་སྡུད་མཛད་མ༔ དབང་མཛད་འོད་ཟེར་ཅན་མའི་དབང་བསྐུར་བས༔ དགྲ་བགེགས་ལོག་འདྲེན་བསྲེག་པའི་ལས་ཀྱིས་གཞོམས༔ པདྨ་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་པ་ཤཾ་ཨ་བྷི་ཥིཉྩ་ཧཱུྃ༔ བྱང་ཕྱོགས་དྲག་པོའི་འོད་ཟེར་ཅན་མའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ ཕས་རྒོལ་བསམ་ངན་སྦྱོར་རྩུབ་མ་ལུས་པ༔ ཚར་གཅོད་མ་རི་ཙྱཻ་ཡི་དབང་བསྐུར་བས༔ ལོག་འདྲེན་མ་ལུས་རླུང་གིས་གཏོར་བ་དང༔ ལས་ཀྱི་རིགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་མ་རི་ཙྱཻ་ད་ཧ་པ་ཙ་ཨ་བྷི་ཥིཉྩ་ཧཱུྃ༔ མཚམས་བཞིའི་སེམས་མ་བཞི་ཡི་དབང་བསྐུར་ཞིང༔ ཧཱུྃ་ཧྲཱིཿ རྡོ་རྗེའི་ཡུམ་མཆོག་སངས་རྒྱས་སྤྱན༔ རིན་ཆེན་ཡུམ་མཆོག་མ་མ་ཀཱི༔ པདྨ་ཡུམ་མཆོག་གོས་དཀར་མོ༔ ལས་ཀྱི་ཡུམ་མཆོག་དམ་ཚིག་སྒྲོལ༔ ཡུམ་བཞི་སེམས་མའི་སྐུར་སྤྲུལ་བས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ རིགས་ཀྱི་སེམས་མ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་བུདྡྷ་ལོ་ཙ་ནི་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བཛྲ་མ་མ་ཀི་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་བཛྲ་པཉྩ་རེ་དེ་ཧེ་དེ་ཧེ་སིདྡྷི་བི་དྷི་ལོ་ཀ་ཏ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱཧཱ༔ ཨ་བྷི་ཥིཉྩ་ཧཱུྃ༔ མཆོད་པའི་ལྷ་མོ་བཞིའི་སྐུ་ཐོགས་ཏེ༔ ཧཱུྃ་ཧྲཱིཿ གཟུགས་ཀྱི་ལྷ་མོ་པུཥྤེ་མེ་ཏོག་འཐོར༔ བདུག་པའི་ལྷ་མོ་དྲི་ཞིམ་སྤྲིན་ཕུང་འཐིབས༔ སྣང་གསལ་ལྷ་མོ་འོད་འབར་མར་མེ་སྒྲོན༔ རྒྱན་ཕྲེང་ལྷ་མོས་ནོར་བུའི་དོ་ཤལ་སྤུད༔ ཡིད་འོང་ལྷ་མོ་བཞི་ཡི་དབང་བསྐུར་བས༔ ཕྱོགས་བཅུའི་རྒྱལ་བ་མཆོད་པས་མཉེས་པ་དང་༔ ཡོ་བྱད་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ བཛྲ་པུ་ཙ་ཙ་ཏུར་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་སྲུང་བཞིའི་སྐུ་ཐོགས་ཏེ༔ ཛཿ འགུགས་པའི་ཁྲོ་མོས་དགྲ་བགེགས་སྙིང་ལ་གཟིར༔ ཧཱུྃ༔ འཆིང་བའི་ལྷ་མོས་དགྲ་བགེགས་ཡན་ལག་བཅིང༔ བཾ༔ སྡོམ་བྱེད་དཔའ་མོས་དགྲ་བགེགས་དབང་པོ་བསྡམ༔ ཧོ༔ མྱོས་བྱེད་མཁའ་འགྲོས་ལོག་འདྲེན་རྡུལ་དུ་རློགས༔ སྒོ་སྲུང་ཁྲོ་མོ་བཞི་ཡི་དབང་བསྐུར་བས༔ ལོག་འདྲེན་བདུད་བཞིའི་གཡུལ་ལས་རྒྱལ་བར་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ དེ་རྗེས་གསང་བའི་དབང་བསྐུར་ནི༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ ཐོད་པའི་བདུད་རྩི་ལྕེ་ལ་བཞག༔ ཧཱུྃ་ཧྲཱིཿ རང་བྱུང་བྷནྡྷ་དུམ་བུ་གཅིག་པའི་ནང༔ ཟག་མེད་ཡེ་ཤེས་དཀར་དམར་བདུད་རྩིས་གཏམས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ བཟླས་པ་སྔགས་ཀྱིས་ངག་སྒྲིབ་གནས་དག་ནས༔ བླ་མ་ལོངས་སྐུའི་གོ་འཕང་མྱུར་ཐོབ་ཤོག༔ ཨོཾ་མ་རི་ཙྱཻ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཤེས་རབ་དབང་གི་རྗེས་གནང་བྱ་བ་ནི༔ མུ་ཏྲའི་གཟུགས་ཀྱི་གསང་བའི་གནས་བསྟན་ཏེ༔ ཧཱུྃ་ཧྲཱིཿ དུག་ལྔ་ཡེ་ནས་ངོ་བོས་སྟོང་པ་ལ༔ གཙང་སྨེའི་བློ་དང་ཐོ་ཅོར་སྤྱད་པ་ན༔ ངན་སོང་གནས་ནས་སྡུག་བསྔལ་མྱོང་འགྱུར་བས༔ རྣམ་ཐར་གསུམ་ལྡན་ང་ཡི་པདྨོར་ལྟོས༔ དགའ་བཞི་བདེ་བའི་ཡེ་ཤེས་ངོས་ཟུང་ལ༔ ཚེ་འདིར་སངས་རྒྱས་གསང་སྔགས་ཉེ་ལམ་སྒྲུབས༔ ཨོཾ་བཛྲ་མུ་ཏྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ འདི་ནི་ཤིན་ཏུ་གསང་བའི་དབང་ཡིན་ཏེ༔ དམ་ཚིག་ཤེས་རབ་མ་ལ་མི་སྨོད་ཅིང༔ བླ་མར་བསྙེན་བཀུར་མར་ངོའི་ཚེས་བཅུ་ལ༔ ཚོགས་ཀྱི་མཆོད་པ་དམ་རྫས་མི་སྤངས་ཤིང༔ རང་སེམས་བདེ་སྟོང་ཡེ་ཤེས་ལམ་ཁྱེར་བྱ༔ ཚིག་དབང་ཞུ་ཕྱིར་མཎྚལ་ཕུལ་རྗེས་སུ༔ གསོལ་བ་འདེབས་པ་འདི་བཞིན་བརྗོད་པར་བྱ༔ ཀྱཻ་ཧོ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཧེ་རུ་ཀ༔ བརྡ་རྟགས་ཙམ་གྱིས་རང་རིག་མངོན་སུམ་དུ༔ སྟོན་བྱེད་ཚིག་གི་དབང་མཆོག་བསྐུར་ནས་ཀྱང༔ ཆོས་སྐུའི་རྒྱལ་སར་དབུགས་དབྱུང་མཛད་དུ་གསོལ༔ དེ་རྗེས་བླ་མས་མན་ཤེལ་ཟུར་དྲུག་དང་༔ མེ་ལོང་བསྟན་ལ་ཚིག་འདིས་ངོ་སྤྲོད་བྱ༔ ཀྱཻ་ཧོ༔ འཁོར་ཚོགས་འདུས་པའི་སྐལ་ལྡན་རྣམས༔ རང་བྱུང་སྤྲོས་བྲལ་སེམས་ཀྱི་གཤིས༔ གང་དུ་མ་གྲུབ་ངོ་བོ་སྟོང་༔ རང་བཞིན་གསལ་བ་དྭངས་ཤེལ་ལྟར༔ ཡེ་ཤེས་ལྔ་ཡི་འཇའ་ཚོན་འཁྱུད༔ བརྡ་དོན་རང་ངོ་འཕྲོད་པའི་ཚེ༔ རང་བྱུང་ངང་དུ་མཉམ་པར་ཞོག༔ ཛྙཱ་ན་དྷརྨ་དྷརྟུ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ནི་དབང་བཞི་ཡོངས་རྫོགས་ཐོབ༔ བཟླས་པ་སྔགས་ཀྱི་རྗེས་གནང་ནི༔ སྔགས་ཕྲེང་ཐོགས་ཏེ༔ སློབ་མ་ལྷ་མོ་འོད་ཟེར་ཅན་དུ་གསལ་བའི་ཐུགས་ཀར་མཱུཾ་ལ་སྔགས་ཕྲེང་གསེར་གྱི་བ་ཐག་ལྟ་བུས་བསྐོར་བ་ལ༔ བླ་མ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀར་ཧཱུྃ་ལས་འོད་ཟེར་མཐིང་ནག་འཕྲོས་པས་བསྐུལ་ཏེ་སྔགས་ཕྲེང་གཡོན་དུ་ཀྱི་ལི་ལི་འཁོར་བའི་འོད་ཀྱིས་ལོག་འདྲེན་གྱི་བར་ཆད་ལས་རྣམ་པར་རྒྱལ་བར་གྱུར༔ ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ༔ རྩ་སྔགས་དང་ནི་ལས་སྦྱོར་སྔགས་རྣམས་ཀྱི༔ རྗེས་ཟློས་བྱས་རྗེས་བླ་མས་སྔགས་ཕྲེང་ནི༔ སྤྱི་བོར་བཀོད་དེ་དབྱངས་གསལ་སྔགས་དང་བཅས༔ བཅོམ་ལྡན་དཔལ་ཆེན་ཡ་མནྟ་ཀའི་ཡུམ༔ འཕགས་མ་འོད་ཟེར་ཅན་མའི་ལྷ་ཚོགས་ཀྱི༔ སྔགས་ཀྱི་དངོས་གྲུབ་ཚེ་འདིར་ཐོབ་པ་དང༔ བར་ཆད་དགྲ་ལས་རྣམ་པར་རྒྱལ་བར་ཤོག༔ ཅེས་བརྗོད་དེ་རྗེས་གཏོར་མ་སྤྱི་བོར་བཞག༔ བརྒྱུད་པའི་གསོལ་འདེབས་བཀའ་གཏད་འདི་བཞིན་བྱ༔ ཨོཾ་ཨཱ༔ཧཱུྃ༔ བརྗོད་བྲལ་ཆོས་སྐུ་ཡུམ་ཆེན་ཀུན་ཏུ་བཟང་༔ ངེས་པ་ལྔ་ལྡན་ཡུམ་མཆོག་རིགས་ལྔའི་གཙོ༔ ཐུགས་རྗེའི་སྤྲུལ་པ་ལྷ་མོ་འོད་ཟེར་ཅན༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ རྡུལ་བྲལ་སྟོན་པ་མཚོན་ཆའི་རྒྱལ་པོའི་སྡེ༔ བཅོམ་ལྡན་མཉམ་མེད་ཤཱཀྱ་སེང་གེ་དང༔ རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་རྩལ༔ ཆོས་རྒྱལ་རྗེ་འབངས་ཡོངས་ལ་གསོལ་བ་འདེབས༔ སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ༔ ཅེས་སོགས་བརྒྱུད་པའི་གསོལ་འདེབས་ཡང་ཡང་བྱ༔ གཞན་ཡང་བཀའ་གཏད་སྨོན་ལམ་མཐའ་རྒྱས་བྱ༔ དེ་རྗེས་རྡོ་རྗེ་སློབ་དཔོན་འོས་པ་ཡི༔ སློབ་མ་ལ་ནི་རྡོ་རྗེ་དྲིལ་བུ་དང༔ གླེགས་བམ་གཏད་ཅིང་ཚིག་འདིས་མངའ་ཡང་གསོལ༔ ཨེ་མ་ཧོ༔ ཀ་དག་འཕོ་མེད་རིག་པའི་རྡོ་རྗེ་དང༔ རིག་རྩལ་ཆོས་ཀྱི་སྒྲ་སྙན་དྲིལ་བུ་ཟུང༔ ཐབས་ཤེས་དབྱེར་མེད་བརྡ་དོན་རྟགས་ཀྱི་དབང༔ སྒྲུབ་ཐབས་ཡང་གསང་ཟབ་གཏེར་ཌཱཀྐིའི་ཆོས༔ རྟག་ཏུ་རང་གིས་ཉམས་སུ་ལེན་པ་དང༔ གཞན་ལ་བཤད་ཅིང་སྒོམ་སྒྲུབ་འགྲོ་དོན་གྱིས༔ ཅེས་པས་གཏད་ཅིང་གཞན་ཡང་མཐའ་རྟེན་དབང༔ རྒྱལ་སྲིད་རིན་ཆེན་བདུན་པོ་གཏད་བཞིན་དུ༔ ཧཱུྃ་ཧྲཱིཿ ཆོས་ཀྱི་འཁོར་ལོས་སྲིད་པའི་བག་ཆགས་སྦྱངས༔ ཡང་དག་དགེ་བཅུའི་སྔོན་འགྲོ་མཁའ་ལ་འཕར༔ དད་པ་འཁོར་ལོ་རིན་ཆེན་དབང་བསྐུར་བས༔ མི་ཁོམ་བདུད་བཞིའི་དགྲ་ལས་རྒྱལ་བར་ཤོག༔ ཨོཾ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ འཕགས་པའི་ཡོན་ཏན་འདོད་རྒུ་དཔལ་སྟེར་ཅིང༔ ཐར་དང་མངོན་མཐོའི་བདེ་དགའ་ལ་སྦྱོར་བའི༔ བག་ཡོད་བཙུན་མོ་རིན་ཆེན་དབང་བསྐུར་བས༔ རྟག་ཏུ་ཐེག་ཆེན་ཆོས་ལ་སྤྱོད་པར་ཤོག༔ ཨོཾ་ས་ཏྲི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བསོད་ནམས་རྒྱ་མཚོ་ལས་བསྐྲུན་ཕན་བདེའི་གཏེར༔ འགྲོ་རྣམས་ཕོངས་པའི་སྡུག་བསྔལ་ལས་སྒྲོལ་བའི༔ ལྷག་བསམ་ནོར་བུ་རིན་ཆེན་དབང་བསྐུར་བས༔ སྨོན་འཇུག་བྱང་ཆུབ་སེམས་དང་མི་འབྲལ་ཤོག༔ ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཤིན་ཏུ་བགྲོད་དཀའི་ལམ་ཡང་མྱུར་དུ་ཕྱིན༔ རྫུ་འཕྲུལ་ཤུགས་ལྡན་འགྲོ་རྣམས་འགྲོ་རྣམས་སྨོན་པའི་གནས༔ བརྩོན་འགྲུས་རྟ་མཆོག་རིན་ཆེན་དབང་བསྐུར་བས༔ ཕྱི་བཤོལ་ལེ་ལོའི་བདུད་ལས་རྒྱལ་བར་ཤོག༔ ཨོཾ་དུ་རཾ་ག་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ གནོད་བྱེད་གང་གིས་མི་ཚུགས་ཕ་རོལ་འཇོམས༔ ཐམས་ཅད་དབང་བྱེད་དཔའ་བའི་གོ་ཆ་ཅན༔ བཟོད་པ་དམག་དཔོན་རིན་ཆེན་དབང་བསྐུར་བས༔ ངན་འགྲོ་ལོག་པའི་དཔུང་རྣམས་ཚར་གཅོད་ཤོག༔ ཨོཾ་ཁརྒ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ བཟོད་དཀའ་ཉོན་མོངས་མཐའ་དག་ལས་རྒྱལ་ཞིང༔ ཤིན་ཏུ་དེས་པས་གཞན་དག་དགའ་བར་བྱེད༔ བློ་གྲོས་ཁྱིམ་བདག་རིན་ཆེན་དབང་བསྐུར་བས༔ འཇིག་རྟེན་ཀུན་གྱི་དབང་ཕྱུག་ཐོབ་པར་ཤོག༔ ཨོཾ་མ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཀུན་རྟོགས་ཤིང་ཡངས་པའི་དོན་ལ་གནས༔ ཁྱུ་མཆོག་རླབས་ཆེན་ཚོགས་ཀུན་མཛེས་པའི་རྒྱན༔ བསམ་གཏན་གླང་པོ་རིན་ཆེན་དབང་བསྐུར་བས༔ ཀུན་རྫོབ་དོན་དམ་དབྱིངས་གཅིག་རྟོགས་པར་ཤོག༔ ཨོཾ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་བསྐུར་བཀྲ་ཤིས་ཅི་མང་བརྗོད་མཐའ་རྒྱས་བྱ༔ དམ་ཚིག་ཁས་བླངས་མཎྚལ་འབུལ་བ་དང༔ རང་ལུས་ལོངས་སྤྱོད་དགའ་སྟོན་ཡང་དག་བྱ༔ ས་མ་ཡཱ༔ དབང་ཆོག་བར་ཆད་ཀུན་སེལ་འདིས༔ གནས་སྐབས་རྐྱེན་ངན་ཀུན་ལས་གྲོལ༔ མཐར་ཐུག་སྐུ་བཞིའི་དཔལ་ལ་སྤྱོད༔ བདག་ཉིད་པདྨ་སཾ་བྷ་ཝས༔ རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ལ༔ དབང་བརྒྱུད་གདམས་པ་ཡོངས་རྫོགས་ཞུས༔ ཐུགས་ཀྱི་གཟུངས་མ་མཚོ་རྒྱལ་དང༔ མངའ་བདག་རྒྱལ་པོ་ཡབ་ཡུམ་སྲས༔ མཁར་ཆེན་སྲས་པོ་ལ་སོགས་པའི༔ སྐལ་ལྡན་འགའ་ལ་གཏད་རྒྱ་བྱས༔ ཕལ་ཆེར་ས་འོག་གཏེར་དུ་སྦས༔ འགའ་ཞིག་དགོངས་གཏེར་སྨོན་ལམ་བྱས༔ དུས་བབས་སྒྲགས་མདའི་རྒྱལ་པོ་ཡི༔ སྐྱེ་རྒྱུད་རིག་པ་འཛིན་ལ་གཏོད༔ བརྡ་འགྲོལ་ལང་གྲོའི་རྣམ་རོལ་དེས༔ ཚུལ་བཞིན་ཡི་གེར་ཕབ་ནས་ཀྱང༔ བསྟན་འགྲོའི་དོན་ཆེན་སྤྱོད་པར་ཤོག༔ ཅེས་འཕགས་མ་འོད་ཟེར་ཅན་མའི་དབང་ཆོག་བར་ཆད་གཡུལ་ལས་རྣམ་པར་རྒྱལ་བ་འདི་ཉིད་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཨོ་རྒྱན་ཆེན་པོ་དང་དབྱེར་མེད་པ་དུས་མཐའི་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་བའི་བཀའ་གསུང་གསེར་གྱི་ཅོད་པཎ་གྱིས་དབུགས་དབྱུང་ཐོབ་ཅིང་དམ་པ་དེ་ཉིད་ཀྱི་བཀའ་དྲིན་ཁོ་ནས་ཟབ་མོའི་གཏེར་ལ་ལོངས་སྤྱོད་པར་འདོད་པའི་རྒྱ་སྤྲུལ་མིང་ལུང་རིག་གླིང་བས་སུག་བྲིས་སུ་བགྱིས་ཏེ་ཕུལ་བས་དུས་གསུམ་ཀུན་ཏུ་བར་ཆད་བདུད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། །

དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་མགོ་སྤྲུལ་གྱིས་མཛད་པ།

དཔའ་མོ་འོད་ཟེར་ཅན་མའི་དྲག་པོའི་ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་ཞེས་བྱ་བ་བཞུགས་སོ།། འཆི་བདག་བདུད་དཔུང་འཇོམ་མཛད་ཧེ་རུ་ཀའི། །སྦྱོར་ཡུམ་མཁའ་འགྲོའི་གཙོ་མོ་མ་རི་ཙྱཻར། །གུས་པས་བཏུད་ནས་མངོན་སྤྱོད་དྲག་པོའི་ལས། །དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་འབྲི། །དེ་ཡང་བསྙེན་སྒྲུབ་ཐེམ་པའི་རྣལ་འབྱོར་བས་ཤིན་ཏུ་མ་རུང་བའི་དགྲ་དང་ཇག་ཆོམ་རྐུན་པོ་གདུག་པ་ཅན་རྣམས་མནན་པའི་ལས་ཀྱི་སྦྱོར་བ་རྩོམ་པར་འདོད་པས། གང་དུ་བྱ་བའི་གནས་སུ། རང་གཞུང་ལས། མི་བསད་ས་ལ་དུག་ཁྲག་སྦྲུས༔ དབུས་སུ་བྲུབ་ཁུང་བང་རིམ་གསུམ༔ དེ་ནང་དགྲ་འདྲེའི་ལིང་ག་ནི༔ ཟག་རྫས་བྱུགས་ཤིང་ཚོན་སྐུད་དཀྲིས༔ རྩང་མཚེ་ཡུངས་དང་མཚོན་ཆས་བསྐོར༔ ཅེས་དང་། ཁྲིའུར་ལྕགས་སྣོད་དམར་གྱི་གཏོར༔ ལྷ་གྲངས་མཚེ་ཡུངས་རྩང་ཕུར་བསྐོར༔ ཞེས་སོགས་གསུངས་པ་རྣམས་དཀྱུས་ལྟར་དང་། གཞན་ཡང་ཐུན་རྫས། མནན་སྣོད། ཕུང་རེ། བྱད་ཐག རོ་གཡམ་སོགས་བསགས་པ་མཐོང་བརྒྱུད་བཞིན་བྱའོ། །དེ་ནས་བདག་གི་རྣལ་འབྱོར་སྒྲུབ་པའི་རིམ་པ་རྣམས་གྲུབ་ནས་སྐབས་སུ་བབ་པ་ན། དགྲ་མནན་ཁོ་ནའི་ཚེ་ཐོག་མར་བསྐུལ་བ་ནི། རྒྱས་པར་སྤྲོ་ན་དྲག་བསྐུལ་ཀླུ་བདུད་ཁྲོས་པའི་ང་རོ་ཚང་བར་གཏོང་བའམ། ཅུང་ཟད་བསྡུ་ན། ཧཱུྃ་བྷྱོ༔ དགོངས་སུ་གསོལ་ལོ་རྩ་གསུམ་དམ་ཅན་ཚོགས༔ གསན་དུ་གསོལ་ལོ་འཕགས་མ་འོད་ཟེར་ཅན༔ ཐུགས་དམ་བསྐུལ་ལོ་དམ་ཅན་དྲེགས་པའི་སྡེ༔ དབྱིངས་ནས་བཞེངས་ཤིག་དགྲ་འདྲེའི་གཤེད་དུ་ཆས༔ དམ་ཅན་ཕོ་རྒྱུད་ཚོགས་རྣམས་གཡས་ནས་ཆས༔ དགྲ་བོའི་ཕོ་རྒྱུད་མ་ལུས་གྲི་རུ་སོད༔ བསྲུང་མ་མོ་རྒྱུད་ཚོགས་རྣམས་གཡོན་ནས་ཆས༔ དགྲ་བོའི་མོ་རྒྱུད་མ་ལུས་མངལ་ནས་སྐོམས༔ ཡུལ་ལྷ་དྲག་རྩལ་ཅན་རྣམས་རྒྱབ་ནས་ཆས༔ དགྲ་བོའི་ལྷ་སྲུང་རང་གཤེད་རང་ལ་ཕོབས༔ བདག་གི་ཚེ་རབས་བསྲུང་མ་མདུན་ནས་ཆས༔ དགྲ་རྐུན་ཇག་ཆོམ་ལུས་སྲོག་སོ་སོར་ཕྲོལ༔ ཁྱད་པར་སྔ་དགྲ་བརྡར་བའི་དམ་ཉམས་ཀྱི། །མགོ་བོ་ཆོད་ལ་དོན་སྙིང་རྔམ་ཟས་གྱིས། །ཕྱི་དགྲ་ཡིད་ལ་བརྣག་པའི་ལོག་འདྲེན་གྱི། །བསམ་ངན་རླུང་ལ་སྐུར་ལ་དབང་པོ་སྣུབས། །ད་དགྲ་ལག་ཏུ་ལེན་པའི་དགྲ་རྐུན་གྱི། །མིག་དབང་སྐུད་པས་ཚེམས་ལ་ཚ་གྲང་གི། །ནད་ཡམས་ཆར་དུ་ཕོབས་ལ་མི་ནོར་རློགས། །མདོར་ན་ལོག་སྦྱོར་ཤོམ་པའི་དགྲ་འདྲེ་ལ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་མི་ཟད་པས། །གནམ་ལྕགས་ཐོག་མདས་བྲག་རུལ་བཤིགས་པ་ལྟར། །ད་ལྟ་སྐད་ཅིག་བརླག་པའི་ཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །གསེར་སྐྱེམས་ནི། རཾ་ཡཾ་ཁཾ། བརྗོད་པས། གསེར་སྐྱེམས་ཟག་མེད་བདུད་རྩིའི་རྒྱ་མཚོར་གྱུར་བར་བསམ་ལ། ཨོཾ་ཨཱ༔ཧཱུྃ་གིས་བྱིན་གྱིས་བརླབས་ལ། རྩ་རྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ཚོགས། །ཁྱད་པར་རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །རིགས་བཞི་ཁྲོ་མོ་བརྒྱད་སོགས་སྤྲུལ་འཁོར་བཅས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །དཔལ་མགོན་ཕྱག་དྲུག་རལ་གཅིག་དུད་སོལ་མ། །དྲང་སྲོང་རྡོར་ལེགས་སྡེ་དཔོན་སྔགས་ཚོགས། །འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། ། གསེར་སྐྱེམས་འདི་བཞེས་དགྲ་ཇག་ཆོམ་རྐུན་སྒྲོལ། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་གཏེར་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་མངོན་སྤྱོད་ཕྲིན་ལས་མཛོད། །ཅེས་ཕུལ་ལོ། །གཟུ་དཔང་ནི། ཧཱུྃ་བྷྱོཿ དགོངས་ཤིག་རྩ་གསུམ་སྲུང་མ་རྣམས། །གསོན་ཅིག་ཁྲོ་མོ་འོད་ཟེར་ཅན། །གཟིགས་ཤིག་སྤྲུལ་པ་ཡང་སྤྲུལ་འཁོར། །གཟུ་དཔང་མཛོད་ཅིག་མཁྱེན་ལྡན་རྣམས། །ཐབས་ཀྱིས་གདུལ་དཀའ་འདུལ་བའི་ཕྱིར། །ཐུགས་རྗེས་ཡེ་ཤེས་སྐུར་བཞེངས་ལ། །དབྱིངས་ནས་དགོངས་ཤིང་གཟིགས་སུ་གསོལ། །རྣལ་འབྱོར་སྒྲུབ་པོའི་གཟུ་དཔང་མཛོད། །རིག་འཛིན་བདག་ལ་དགྲ་བྱུང་ན། །མ་ཉེས་མ་ཡོ་སྲུང་མས་མཁྱེན། །གཟུ་དང་དཔང་དུ་དཀོན་མཆོག་བཞུགས། །ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད། །དམ་ཉམས་དགྲ་བོ་ལས་ངན་འདིས། །རྒྱལ་བསྟན་བཤིགས་ཤིང་མཆོག་གསུམ་སྨད། །བླ་མའི་ཐུགས་དཀྲུགས་འདུས་སྡེ་བརྙས། །རྟེན་གསུམ་བཤིག་ཅིང་མཚམས་མེད་སྤྱད། །ལུས་ཀྱིས་དཀོར་འཕྲོག་བརྡུང་བརྡེག་བྱས། །ངག་གིས་ངན་བརྗོད་ཡ་ག་བསྒྲགས། །ཡིད་ཀྱིས་བསམ་ངན་དུག་ལྟར་གཡོས། །ཚེ་དང་སྲོག་ལ་བར་ཆད་བྱས། །སྔ་དགྲ་ཇག་ཆོམ་རྐུ་འཕྲོག་བྱས། །ཕྱི་དགྲ་བསམ་ངན་དུག་ལྟར་གཡོས། །ད་དགྲ་ངན་སྦྱོར་སྣ་ཚོགས་བརྩམས། །མི་ཕྱུག་ནོར་ལ་བྱེ་བྲལ་གཏོང་། །ཉམས་པ་བདུན་ལྡན་ཞིང་བཅུ་ཚངས། །འབྲས་བུ་ཤིན་ཏུ་བརྣག་དཀའ་ལ། །ཐོག་མེད་ཡེ་ཤེས་སྤྱན་ལྡན་རྣམས། །མྱུར་དུ་མངོན་སྤྱོད་ཕྲིན་ལས་མཛོད། །དམིགས་བྱ་བསྐྱེད་པ་ནི། ཨེ་སྥ་ར་ཎ་ཕཊ། མདུན་བསྐྱེད་རྒྱལ་ཡུམ་ཁྲོ་མོའི་དཀྱིལ་འཁོར་གྱི་འོག་ཕྱོགས་སུ་དགྲ་བོ་བྲུབ་པའི་བཙོན་དོང་ཨེ་ལས་གྲུ་གསུམ་གནམ་ལྕགས་ཀྱི་ཁང་སྒྲོམ་དམར་ནག་འབར་བ། ཁ་དོག་ཅིང་གཏིང་ཟབ་པའི་ནང་དུ་ནྲྀ་དང་ཏྲི་ལས་བསྒྲལ་བའི་ཞིང་བཅུ་དང་ཉམས་པ་བདུན་ལ་གཏོགས་པའི་དགྲ་བགེགས་གང་ལ་བྱ་བ་དེ་རྣམས་མྱ་ངན་གྱི་ཕྱག་རྒྱ་ཅན་ཉམས་ཐག་པའི་གཟུགས་སུ་གནས་པར་གྱུར་བར་བསམ་ལ། ཕོ་ཉ་སྤྲོ་བ་ནི། བདག་མདུན་ཐུགས་ལས་འོད་ཟེར་དམར་ནག་འཕྲོས༔ དེ་ལས་འགུགས་བྱེད་ཕོ་ཉ་རྡུལ་ལྟར་འཚུབསཿ བསྟན་འགྲོར་གནོད་བྱེད་སྤྱི་དགྲ་སྒོས་དགྲ་དང༔ ཁྱད་པར་བདག་ལ་དངོས་སུ་གཤེ་ཞིང་སྡང༔ ནོར་རྫས་ཕྲོགས་ཤིང་བརྡུང་བརྡེག་སྨྲ་ཕབ་བྱེད༔ ལྐོག་ནས་བསམ་ངན་རྐུ་ཤོམ་ཟས་དུག་སྦྱོར༔ མི་ཁ་སྒྲོ་སྐུར་གཏམ་ངན་ཕྱོགས་སུ་བཀྲམ༔ གསོད་ཤོམ་མཐུ་གཏད་ཁ་རྗེ་དབང་ཐང་ལ༔ གནོད་ཅིང་ལེགས་པའི་ལམ་ལ་བར་གཅོད་པའི༔ མུ་སྟེགས་ཀླ་ཀློ་མཐའ་དམག་བོད་ཆེན་དགྲ༔ ཡིད་ལ་དམིགས་པའི་ཇག་ཆོམ་རྐུན་པོ་དང༔ ཕུང་བྱེད་དམ་སྲི་འབྱུང་པོའི་བླ་ཚེ་སྲོག༔ ལྕགས་ཀྱུས་བཀུགས་ཤིང་ཞགས་པས་རབ་ཏུ་བཅིང་༔ ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས་བྱས་ཏེ༔ རང་དབང་མེད་པར་ཉེས་ཅན་བཙོན་ཁྲིད་ལྟར༔ མདུན་དུ་གྲུ་གསུམ་དགྲ་གཟུགས་རྫས་ལ་བསྟིམས༔ འགུགས་པ་ནི། ན་མོ། རིག་འཛིན་རྩ་རྒྱུད་ཀྱི་བླ་མ། ཡི་དམ་རྒྱལ་བ་ཞི་ཁྲོ། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བསླུ་བ་མེད་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་བཀའ་བདེན་པ་དང་། གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་དྲག་མོ་འོད་ཟེར་ཅན་གྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པའི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་འགྱུར་བ་མེད་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། མུ་སྟེགས་ཀླ་ཀློ་མཐའ་དམག་རྒྱ་འདྲེ་དགྲ་སྲི་གདུག་པ་ཅན་རྣམས་དང་། ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་ཇག་ཆོམ་རྐུན་པོ་ཡིད་ལ་དམིགས་པ་རྣམས་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གྱི་ཁོང་གང་ན་གནས་ཀྱང་སྐད་ཅིག་རང་དབང་མེད་པར་དགྲ་གཟུགས་ལིང་ཀ་མིང་རུས། བླ་རྟེན་རྫས་དང་བཅས་པ་འདི་རྣམས་དང་དབྱེར་མེད་དུ་ཁུག་ཅིག ཨོཾ་ཨཱརྱ་མ་རི་ཙྱཻ་མཱུཾ་སྭཱཧཱ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛཿ ནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ༔ ཁོ་སོ་པ་ཏི་ཡཾ་རི་ཏི༔ ཡཾ་སེན་ཡཾ་སེན་མེན་ཡཾ༔ སྙིང་ཚལ་པ་བཾ་རིལ་རྦད༔ གནོད་བྱེད་མཐའ་དམག་ཡུལ་འདྲེ་དགྲ་རྐུན་ཇག་པའི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཐམས་ཅད་ཁུག་ཅིག་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ ལན་གསུམ་མམ་དགུ་སོགས་ཀྱིས་འགུགས་གཞུག་དྲག་པོ་རྟགས་ཐོན་དུ་བྱ། བསྒྲལ་མནན་ལྟོ་སྦྱར་ཏེ་གཏོང་སྐབས་བསྒྲལ་ལས་ཀྱི་གཞུང་གི་འགུགས་པའི་བར་བརྗོད་པས་འཐུས་ཕྱིར་འདི་ཡན་གཏོང་མི་དགོས། དེ་ནས་གང་ལྟར་ཡང་ཁྱད་པར་དུ་དགྲ་བོའི་བླ་འགུགས་པ་ནི། ཧཱུྃ་བྷྱོ༔ ད་ནི་དགྲ་བོ་བསྒྲལ་བའི་དུས་ལ་བབས། །ཇག་ཆོམ་རྐུན་པོ་འགུགས་པའི་དུས་ལ་བབས། །ད་ལྟ་ནམ་གྱི་སྲོད་ལ་བབས་དུས་འདིར། །དམ་ཉམས་ཆོམ་རྐུན་ལས་ལ་གཡེངས་བའི་དུས། །དགྲ་བོའི་བླ་ཚེ་རྣམ་ཤེས་བླ་ཚེ་གཡེངས་བའི་ཚེ། །བླ་འཁྱམས་ལས་ངན་མྱུར་དུ་ཁུག་ལ་ཤོག བྷྱོ༔ ད་ལྟ་ནམ་གྱི་གུང་ལ་བབས་པའི་དུས། །སེམས་མེད་འབྱུང་བ་ཆུ་ཡང་གཉིད་ལོག་གི། །དགྲ་བོ་ལས་ངན་སྡིག་ཅན་གཉིད་ལོག་ཚེ། །བླ་ཡིད་འཁྱམས་པོ་མྱུར་དུ་ཁུག་ལ་ཤོག །བྷྱོ༔ ད་ལྟ་ནམ་གྱི་ཐོ་རངས་ལ་བབས་ཚེ། །དམ་ཉམས་དགྲ་བོའི་བླ་ཚེ་ཤེས་པ་འཕྱོ། །དགྲ་བོའི་བླ་ཚེ་རྣམ་ཤེས་འཕྱོ་བའི་དུས། །བླ་ཚེ་འཁྱམས་པོ་མྱུར་དུ་ཁུག་ལ་ཤོག །བྷྱོ༔ ད་ལྟ་ནམ་ལང་ཉི་མ་ཤར་བའི་དུས། །མི་ཕྱུགས་ཐམས་ཅད་ལས་ལ་འགྲིམ་དུས་སུ། །དགྲ་བོའི་རྣམ་ཤེས་སྒོ་རུ་ཐོན་པའི་དུས། །བླ་ཡིད་འཁྱམས་པོ་མྱུར་དུ་ཁུག་ལ་ཤོག །བྷྱོ༔ ད་ལྟ་ཉི་མའི་གུང་ལ་བབས་པའི་དུས། །དགྲ་རྐུན་ཇག་པའི་རྣམ་ཤེས་བྱིང་ཞིང་མྱོས། །དགྲ་བོའི་བླ་ཚེ་འཐོམས་ཤིང་མྱོས་པའི་དུས། །བླ་ཡིད་སེམས་གསུམ་མྱུར་དུ་ཁུག་ལ་ཤོག །བྷྱོ༔ ད་ལྟ་ཉི་ནུབ་གྲིབ་སོ་ཕོག་པའི་དུས། །སྙིང་མི་དགའ་ཞིང་ཤེས་པ་འཐིབ་ཅིང་རྨུགས། །དགྲ་བོའི་བླ་ཚེ་རྣམ་ཤེས་རྨོངས་པའི་དུས། །ལས་ངན་བླ་འཁྱམས་མྱུར་དུ་ཁུག་ལ་ཤོག །བླ་འཁྱམས་ལས་ངན་འཕྱོ་བའི་དུས་དྲུག་ལ། །བླ་གཤེད་ཕོ་ཉ་ཁྱེད་རྣམས་མྱུར་དུ་རྒྱུགས། །མགོན་མེད་བྱིའུ་ཕྲུག་རྒྱ་ཁྲས་ཟིན་པ་ལྟར། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །བྷྱོ༔ དགྲ་བོའི་བླ་འཁྱམས་མི་རུ་བརྫུ་བ་ན། །ཕོ་ཉ་གནོད་སྦྱིན་སྲིན་མོའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག ། དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་སྟག་མོའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་དགོ་བར་བརྫུ་བ་ན། །ཕོ་ཉ་ལྕགས་དོམ་ནག་པོའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག ། དགྲ་བོའི་བླ་འཁྱམས་ལུག་ཏུ་བརྫུ་བ་ན། །ཕོ་ཉ་ལྕགས་ཀྱི་སྤྱང་མོའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་ར་རུ་བརྫུ་བ་ན། །ཕོ་ཉ་བྱི་རུའི་ཁྱི་མོའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་བྱ་རུ་བརྫུ་བ་ན། །ཕོ་ཉ་བྱ་རྒྱལ་ཁྱུང་གི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །དགྲ་བོའི་བླ་འཁྱམས་གླ་བར་བརྫུ་བ་ན། །ཕོ་ཉ་གསེར་གྱི་འཕར་བའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག ། དགྲ་བོའི་བླ་འཁྱམས་བོང་བུར་བརྫུ་བ་ན། །ཕོ་ཉ་ཟངས་ཀྱི་དྲེད་མོའི་སྐུར་སྤྲུལ་ལ། །རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག །བྷྱོ༔ དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ། །ཕོ་ཉ་གཉེན་པོ་བརྒྱད་ཀྱི་སྐུར་སྤྲུལ་ནས། །བྲུབ་ཁུང་ཐར་མེད་བཙོན་དོང་འདིའི་ནང་དུ། །དགྲ་གཟུགས་རྟེན་ལ་དམ་ཉམས་བླ་སྲོག་ཁུག །བླ་ཚེ་སྲོག་ལ་དྲག་པོའི་ཕུར་བུ་ཐོབ། །ཕུར་མཚོན་ཐུན་གྱིས་ལུས་སེམས་ཕྱེ་མར་ཐོངས། །དགྲ་བོའི་བླ་སྲོག་སྟེང་དུ་མཱ་ར་ཡ། །སྲོག་རྩ་དམར་པོ་རྦད་ཀྱིས་ཆོད་ལ་ཤོག །ར་དང་ལུག་དང་བོང་བུ་རྣམ་པ་གསུམ། །བླ་རྟགས་ཡིན་པས་མྱུར་དུ་ཁུག་ལ་ཤོག །སོ་དང་སེན་མོ་པགས་པ་གསུམ་པོ་ནི། །ཕྱི་རྟགས་ཡིན་པས་ད་ལྟ་ཁྱེར་ལ་ཤོག །རྣ་བ་ལྕེ་དང་མིག་བུ་གསུམ་པོ་ནི། །དབང་རྟགས་ཡིན་པས་མྱུར་དུ་ཁྱེར་ལ་ཤོག །གློ་བ་སྙིང་དང་མཆིན་པ་གསུམ་པོ་ནི། །དོན་སྙིང་ཡིན་པས་མ་ཐོག་ཁྱེར་ལ་ཤོག །གཉེ་མ་སྒྱུ་མ་མཁལ་མ་གསུམ་པོ་ནི། །ནང་ཁྲོལ་ཡིན་པས་མ་འགྱངས་ཁྱེར་ལ་ཤོག །ཤ་ཁྲག་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་པའི་ཕྲིན་ལས་ད་ལྟ་མྱུར་འགྲུབ་མཛོད། །ཅེས་བསྐུལ་ཞིང་། རྩ་སྔགས་མཐར། གནོད་བྱེད་མཐའ་དམག་ཡུལ་འདྲེ་དགྲ་ཇག་ཆོམ་རྐུན་ཐམས་ཅད་ཀྱི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོགས་མྱོགས༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོགས༔ ལིང་ཤག༔ ལིང་ཐུཾ༔ ཙ་མུནྟྲི་བྷྱོ་ཛ༔ ཞེས་བླ་འགུགས་ལྡེ་མིག་གི་སྔགས་ཅི་ནུས་དང་། ཡང་རྩ་སྔགས་མཐར། ནྲྀ་ཛ་ཏིལ་བཾ་རིལ༔ ཨ་ཀརྴ་ཡ་ཛ་ཛཿ ནྲྀ་ཤ་ཀུ་རུ་ནྲྀ་ཤ་ཀུ་རུ༔ ཁོ་སོ་བ་ཏི༔ ཡཾ་རི་ཏི༔ ཡཾ་སེན་ཡཾ་སེན༔ སྙིང་ཚལ་པ་བཾ་རིལ་རྦད༔ གནོད་བྱེད་མཐའ་དམག་ཡུལ་འདྲེ་དགྲ་རྐུན་ཇག་པའི་བླ་རྟེན་ཚེ་རྟེན་སྲོག་རྟེན་ཐམས་ཅད་ཁུག་ཅིག་ཛ་ཛ༔ ཞེས་བཏགས་པའང་མང་དུ་བཟླས་ལ། བསྒྲལ་མནན་ལྟོ་སྦྱར་ཚེ་ཕྱག་རྒྱ་རྣམ་བཞིས་རྒྱས་བཏབ་པ་སོགས་ནས་ཚེ་ཁྲུས་ཀྱི་དགོངས་པའི་མཇུག་བར་བསྒྲལ་ལས་ཀྱི་དཀྱུས་ལྟར་བཏང་ནས་འོག་གི་བསད་དམིགས་ལ་འཇུག མནན་པ་ཁོ་ནའི་སྐབས་ཕྱག་རྒྱ་རྣམ་བཞིས་རྒྱས་གདབ་འདིར་ལེན་ཏེ། ཧཱུྃ་ཧཱུྃ༔ དཀོན་མཆོག་བདེན་མཐུས་བཀུགས་པའི་མཐའ་བཞིའི་དམག༔ དགྲ་ཇག་ཆོམ་རྐུན་ཡུལ་འདྲེ་ཕུང་སྲི་རྣམས༔ ཛཿཡིག་ལས་སྐྱེས་ཕོ་ཉ་ལྕགས་ཀྱུ་ཅན༔ གྲངས་མེད་འཕྲོས་པས་ལྕགས་ཀྱུས་སྙིང་ནས་བཟུང་༔ དམ་ཉམས་དགྲ་བགེགས་རང་དབང་མེད་པར་བཀུགས༔ དམིགས་རྟེན་གཟུགས་དང་དབྱེར་མེད་གཅིག་ཏུ་གྱུར༔ ཧཱུྃ་ཡིག་ལས་སྐྱེས་ཕོ་ཉ་ཞགས་པ་ཅན༔ བདག་མདུན་ཐུགས་ལས་གྲངས་མེད་འཕྲོས་པ་ཡིས༔ ཞགས་པ་ནག་པོས་ཡན་ལག་རབ་ཏུ་བསྡམ༔ དམིགས་རྟེན་གཟུགས་དང་ཐ་དད་མེད་པར་གྱུར༔ བཾ་ཡིག་ལས་སྐྱེས་ཕོ་ཉ་ལྕགས་སྒྲོག་ཅན༔ རྡུལ་དུ་འཚུབས་པས་རྐང་ལག་ལྕགས་སུ་བཅུག༔ དམིགས་པའི་གཟུགས་དང་དབྱེ་བ་མེད་པ་རུ༔ རབ་ཏུ་བསྡམ་པས་རང་དབང་མེད་པར་གྱུར༔ ཧོ་ལས་བྱུང་བའི་ཕོ་ཉ་དྲིལ་བུ་ཅན༔ གྲངས་མེད་འཕྲོས་པས་དགྲ་བགེགས་གང་ཡིན་གྱི༔ ཡིད་མྱོས་དྲན་པ་སྟོར་ཏེ་དབང་མེད་པར༔ གཟུགས་དང་དབྱེར་མེད་མཉམ་པ་ཉིད་དུ་གྱུར༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ བཛྲ་ཨངྐུ་ཤ་ཡ་ཛ༔ རཏྣ་པ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གནྚེ་ཧོ༔ དེ་ནས་ལྷ་དང་དབྱེ་བ་ནི། དམར་གཏོར་དང་ཕུད་ཀོང་ཨ་ཀ་རོས་བྱིན་གྱིས་བརླབས་ལ། རྩ་སྔགས་དང་བཱ་ལིང་ཏའི་སྔགས་ཀྱིས་ཕུལ་ནས། ཧཱུྃ་བྷྱོ༔ ཡེ་ཤེས་སྤྱན་ལྡན་ལྷ་སྲུང་དམ་ཚིག་ཅན༔ ཁྱེད་རྣམས་ཐུགས་རྗེ་ཕྲིན་ལས་དུས་ལ་བབས། །ཞིང་བཅུ་ཉམས་པ་བདུན་ཚང་དགྲ་བོ་ལ། །བསྲུང་སྐྱོབས་བྱེད་པའི་ཡེ་ཤེས་ལྷ་ཡོད་ན། །མགོན་སྐྱབས་མ་མཛད་འགྲ་འདིའི་བདུད་དུ་ཕོབས༔ ཐུགས་རྗེ་ཆེན་པོས་ཆོས་ཀྱི་དབྱིངས་སུ་སྒྲོལ། །དགྲ་འདི་སྐྱོབས་བྱེད་འཇིག་རྟེན་ལྷ་འདྲེ་རྣམས། །དགྱེས་མཆོད་གཏོར་སྐྱེམས་བཞེས་ལ་རིང་དུ་སྤོངས། །ཕུང་བྱེད་དགྲ་འདྲེའི་སྲོག་གཤེད་མ་མཛད་ན། །བསྲུང་བྱ་སྲུང་བྱེད་ཆབ་གཅིག་འཇོམ་པར་འགྱུར། །དེ་བས་དམ་ཉམས་ཕུང་བྱེད་སྡིག་ཅན་དགྲ། །སྐྱོབས་བྱེད་ལྷ་དང་ཕྱེས་ལ་བདུད་དང་སྤྲོད། །ཞིང་བཅུ་ལྡན་པའི་དམ་ཉམས་དགྲ་བོ་རྣམས། །སྲུང་སྐྱོབས་བྱེད་པའི་ལྷ་དང་ད་ལྟ་ཕྲོལ། །བསྲུང་བཟློག་མཁན་གྱི་བན་བོན་རྡུལ་དུ་རློགས། །རུས་ནས་ཉེ་བའི་ཕ་སྤུན་ནང་ནས་ཤིག །ཤ་ནས་ཉེ་བའི་ཞང་པོ་གྲི་རུ་སོད། །མནའ་ཐོས་སྦྲེལ་བའི་གྲོགས་པོ་བདུད་དུ་ཕོབ། །ཕ་མིང་མ་སྲིང་བྱམས་པའི་མགོ་བོ་ཆོད། །བུ་ཚ་རིགས་རྒྱུད་འཛིན་པའི་སྙིང་ཁྲག་འཐུང་། །སྲིད་སྡེ་ཁྱིམ་ཚང་དགོས་ཚན་དགྲ་རུ་སློངས། །ཕོ་རྒྱུད་རབ་ཆད་སྒོང་ཚལ་ཧུར་ཐུམ་སོད། །མོ་རྒྱུད་མགོ་ལ་ཡུག་རབས་རྒྱུན་མ་གཅོད། །མགྱོགས་པའི་རྟ་སོད་སྲ་བའི་གོ་ཆ་ཤུས། །རྣོ་བའི་མཚོན་དབྲོག་དཔའ་བའི་དོན་སྙིང་ཕྱུངས། །རུ་བའི་སྦྲ་གཏུབ་ཐུ་བའི་སྒོ་ཁྱི་སོད། །སྡུག་བསྔལ་ཆར་དྲག་བཞིན་དུ་བར་མ་གཅོད། །མྱ་ངན་མེ་ཆེན་བཞིན་དུ་འབར་དུ་ཆུག །བསམ་པའི་དོན་རྣམས་འགྲུབ་པའི་སྐབས་མ་གཏོང་། །ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་དང་། །རྒན་སྲི་གཞོན་སྲི་དར་སྲི་གོད་སྲི་དང་། །དགྲ་སྲི་མཚོན་སྲི་ནད་སྲི་མ་ལུས་ཕོབས། །ལྟས་ངན་གདོན་བགེགས་གློ་བུར་ཡེ་འདྲོག་དང་། །ནད་ཡམས་དུས་མིན་འཆི་བ་མཐའ་དག་ཀུན། །གནོད་སྡང་གདུག་སེམས་ལྡན་རྣམས་སྟེང་དུ་བཟློག །བཀྲ་མི་ཤིས་དང་མི་རུང་སྣ་ཚོགས་ཀྱིས། །ལོ་ཟླ་ཞག་དང་ཟ་མར་མ་འགྱང་བར། །མངོན་སྤྱོད་དྲག་པོས་མྱུར་སྒྲོལ་ཕྲིན་ལས་མཛོད། །དབྱེ་རྒྱ་བཅས། རྩ་སྔགས་མཐར། མ་མ་ཏྲག་རུ་ཏྲ་མ་ར་ཡ་ཕྱེ་ཕྱེ། ཨ་ནྲྀ་ཏྲག་རཀྴ་མ་ར་ཡ་ཕྱེ་ཕྱེ། ཡ་མ་ར་ཛ། ཀླུ་ལིང་ཡ་ཀུན་སང་། མོ་ལྕགས་སང་སང་ཀུ་ཏ་ཀུ་ཏ་ཧཱུྃ་ཕཊ། ཕུང་བྱེད་དམ་སྲི་དགྲ་ཇག་ཆོམ་རྐུན། མུ་སྟེགས་ཀླ་ཀློ་མཐའ་དམག་ཡུལ་འདྲེ་གདུག་པ་ཅན་རྣམས་ཀྱི་ཕ་ལྷ་མ་ལྷ་ཞང་ལྷ་ཡུལ་ལྷ་སྲོག་ལྷ་ཐམས་ཅད་དང་ཕྱེས་ཤིག ཕོ་སྲི་མོ་སྲི་ཞང་སྲི་དགྲ་སྲི་ཡུལ་འདྲེ་སྲོག་གཅོད་ཀྱི་ཤན་པ་རྣམས་དང་སྤྲོད་ཅིག ཅེས་བརྗོད་ཅིང་། བདག་གི་ཤངས་སྒྲོམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་སྤྲུལ་པའི་ཁྲོ་ཚོགས་ནམ་མཁའ་གང་བར་འཕྲོས། ཁོའི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་བསྐྲད་པར་བསམ་མོ། དེ་ནས་བསད་དམིགས་ནི། བདག་མདུན་ལྷ་ཚོགས་ཐུགས་ཀ་ནས། །བྷྲུཾ་འཕྲོས་དམིགས་བྱའི་སྙིང་གར་ཞུགས། །གནམ་ལྕགས་ཙཀྲ་རྩིབས་དྲུག་པ། །རྣོ་དབལ་གཅོད་པའི་དབལ་ངར་ཅན། །སྤུ་གྲི་རེག་གཅོད་རླུང་ལྟར་འཁོར། །ཤ་རུས་ནང་ཁྲོལ་དུམ་བུར་གཏུབ། །རྔམ་ཤིང་ཧབ་དིར་ཟ་བར་གྱུར། །ཨོཾ་མ་རི་ཙྱཻ་སྭཱཧཱ། ཞེས་དང་ལས་སྦྱོར་དྲག་སྔགས་མེ་དཔུང་མ་བཅས་པའི་མཐར། དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མ་ར་ཡ་རྦད། བྷྱོ་བཟློག་སོད་སྟྭཾ་བྷ་ཡ་ནན། ཅེས་ཏིང་འཛིན་གསལ་བཞིན་ངར་ལྡན་དུ་བཟླས་ནས་ཐུན་ལ་བསྔགས་ནས་བརྡེག་པར་བྱ། བསད་རྟགས་ཐོན་ནས་མནན་དམིགས་ནི། ཧཱུྃ་བྷྱོ༔ བདག་མདུན་ཐུགས་ལས་དཔའ་མོ་འོད་ཟེར་ཅན། །གསེར་མདོག་ཁབ་སྐུད་འཛིན་པ་གྲངས་མེད་འཕྲོས། བྱད་ཕུར་མཐུ་གཏད་རྦོད་གཏོང་རིགས་སྔགས་མཁན། །དགྲ་ཇག་ཆོམ་རྐུན་གནོད་སྡང་གདུག་སེམས་ཅན། །མཐོ་གནོན་སྨྲ་ལབ་ངན་བརྗོད་གྱོད་གླེང་མཁན། །ཐམས་ཅད་ཁ་མིག་བཙེམས་ནས་ནུས་མེད་བྱས། །སླར་ཡང་ཁྲོ་མཚོན་ཐུན་རྫས་ཆེས་ཆེར་འཕྲོས། །སྡང་བྱེད་དགྲ་དང་གནོད་བྱེད་བགེགས་རྣམས་ཀྱི། །བླ་སྲོག་རྣམ་ཤེས་གཟུགས་བྱང་ལིང་ཀ་དང་། །དབྱེར་མེད་བཀུག་བསྟིམ་བརྡེག་ཅིང་གཞོབ་ཏུ་བསྲེགས། །གཟིར་ཞིང་བཅོམ་པས་བག་ཆགས་སྣང་གཟུགས་ཀྱི། །དབང་པོའི་སྒོ་རྣམས་གནམ་ལྕགས་ཞུན་མས་གཡོག །གནས་ལྔར་གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པ། །ལྟེ་བར་སྣ་ཚོགས་རྡོ་རྗེས་མཚན་པ་དང་། །ཚིག་བཞིར་རྒྱ་གྲམ་ལྕི་ཞིང་འཐས་པ་རེས། །སྒོ་གསུམ་གཡོ་འགུལ་སྨྲ་བསམ་མེད་པར་མནན། །དེ་སྟེང་འོད་ཟེར་ཅན་མའི་ལྷ་ཚོགས་ཀྱིས། །རྔམས་བརྗིད་བྲོ་གར་འཁྲབ་པས་སྡང་མེད་གྱུར། ཨོཾ་མ་རི་ཙྱཻ་བ་ཏ་ལི་བ་ཏ་ལི་བ་ར་ཧ་མུ་ཁཾ་སརྦ་དུཥྚཾ་པྲ་དུཥྚཾ་གནོད་བྱེད་དགྲ་ཇག་ཆོམ་རྐུན་རྒྱལ་བསེན་ཡུལ་འདྲེ་འབྱུང་པོ་དམ་སྲི་ཀླ་ཀློ་མུ་སྟེགས་རྒྱ་འདྲེ་མཐའ་དམག་གདུག་པ་ཅན་ཐམས་ཅད་ཀྱི་ཙཀྵུ་མུ་ཁཾ་བྷནྡྷ་བྷནྡྷ་ཧཱུྃ་ཧཱུྃ་ཕཊ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན༔ སྟཾ་བྷ་ཡ་ནན་ནན༔ ཅེས་སོགས་མནན་རྟགས་ཐོན་བར་བཟླ་ཞིང་། ཐུན་རྫས་རྣམས་དྲེགས་པ་ལྷ་སྲིན་སྡེ་བརྒྱད་འདུས་པའི་དམག་ཚོགས་ནད་མཚོན་དུག་གི་ཐོག་སེར་དྲག་པོ་དམིགས་བྱའི་སྙིང་གར་གཟིར་ཞིང་བསྡིགས་པས་གཟུགས་ཕུང་བྱེ་མའི་མཁར་ཆུས་བཤིགས་པ་ལྟར་རྡུལ་དུ་བཅོམ་ནས་མཐར་རྣམ་ཤེས་ཀྱི་ངོ་བོ་ནྲྀ་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་དེ་ཡང་ནག་སྐེམ་གྱིས་བསད་པར་བསམ་ལ། ཧཱུྃ་བྷྱོ༔ དྲག་མོ་འོད་ཟེར་ཅན་མ་ཡི། །ཕོ་ཉར་བསྔགས་པ་ཐུན་གྱི་བདག །དགྲ་བགེགས་སྒྲོལ་ཕྱིར་ལས་ལ་ཡ། །སྣ་ཚོགས་དྲག་པོ་ཐུན་གྱི་རྫས། །གློག་ལྟར་འཁྱུག་ཅིང་ཐོག་ལྟར་འབེབ། །དགྲ་བགེགས་ལུས་སེམས་འབེན་ལ་ཡ། །རྩ་སྔགས་དང་དྲག་སྔགས་མེ་དཔུང་མའི་མཐར། དགྲ་བགེགས་བྱད་མ་ཇག་ཆོམ་རྐུན་པོ་དམ་སྲི་རྒྱ་འདྲེ་མཐའ་དམག་ཡིད་ལ་བརྣག་པ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མ་ར་ཡ་རྦད། བྷྱོ་བཟློག་སོད་སྟྭཾ་བྷ་ཡ་ནན། ནྲྀ་ཏྲི་སརྦ་ཤ་ཏྲུཾ་མ་ར་ཡ་རྦད། ཅེས་ཐུན་བརྡེག་ཅིང་། གདབ་ཀ་དང་འབྲེལ་ཚེ། འབྱུང་བཞིའི་ཐུན་བརྡེགས་ནས་བཟུང་བསྟབ་པའི་མཇུག་ཡན་བཏང་། དེ་ནས་ཐུན་གཏོར་ལ་དགུག་གཞུག་དང་བྱིན་རླབས་བྱས་ཏེ། རྩ་སྔགས་དང་། ནྲྀ་ཏྲི་སརྦ་ཤ་ཏྲུཾ་མ་ར་ཡ་མ་ཧཱ་བཱ་ལིང་ཏ་ཁ་ཁ་ཁ་ཧཱི་ཁ་ཧཱི། ལན་གསུམ་གྱིས་ཕུལ་ལ། བཛྲ་པུཥྤེ་སོགས་ཀྱིས་མཆོད། གང་གི་མཚན་ཙམ་སོགས་ཀྱིས་བསྟོད། ཧཱུྃ་བྷྱོ༔ རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན། །འཁོར་ཚོགས་སྤྲུལ་པར་བཅས་པ་རྣམས། །དམར་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་ཞི་ཞིང་ལེགས་ཚོགས་རྒྱས། །མོས་བཞི་དབང་སྡུད་ཕྲིན་ལས་མཛོད། །དགྲ་གདོན་བར་ཆད་དམ་སྲི་བདུད། །སྲོག་ལ་རྒོལ་བའི་གདུག་པ་ཅན། །མཐའ་དམག་སྣ་འདྲེན་སྡོང་ཟླར་བཅས། །མིང་ལྷག་མེད་པར་རྡུལ་དུ་རློགས། །མེ་ཆུ་ས་གཡོ་རླུང་འཇིགས་དང་། །ནད་མཚོན་མུ་གེ་ལྟ་ལོག་སོགས། །སྣོད་བཅུད་སྙིགས་མའི་འཕོ་འགྱུར་རྣམས། །བཟློག་བསྒྱུར་མནན་པའི་ཕྲིན་ལས་མཛོད། །ཅེས་བརྗོད། དེ་དང་འབྲེལ་བར། ཧཱུྃ་བྷྱོ༔ དཔའ་མོ་འོད་ཟེར་ཅན་མ་ཡི། །བསྙེན་བསྒྲུབ་གྲངས་ཐེམ་རྣལ་འབྱོར་བས། །བྱམས་བརྩེ་དྲིན་ལྡན་ཕ་དང་མས། །མཁས་པའི་ཐབས་ཀྱིས་བུ་བཅོས་བཞིན། །ཚར་གཅོད་དབྱིངས་སྒྲོལ་མངོན་སྤྱོད་ཀྱིས། །གདུལ་དཀའ་མ་ལུས་རྗེས་བཟུང་བའི། །དགེས་མཚོན་དུས་གསུམ་ལེགས་བྱས་ཀུན། །དམིགས་མེད་ངང་ནས་ཡོངས་ལ་བསྔོ། །དེ་མཐུས་བོད་དང་བོད་ཆེན་གྱིས། །མཚོན་པའི་ཡིད་ཅན་འགྲོ་བ་ཀུན། །མི་མཐུན་གཡུལ་ལས་རྣམ་རྒྱལ་ནས། །གཏན་བདེའི་དཔལ་ཡོན་ལོངས་སྤྱོད་ཤོག །ཅེས་དེ་ལྟར་ཉིན་མཚན་ཐུན་བཞིའམ་དྲུག་ཏུ་བསྒྲུབ་ཅིང་། དགུང་སྲོད་ཀྱི་ཐུན་ལ་ཚོགས་མཆོད་ཆོས་སྐྱོང་གི་བསྐང་གསོལ་དང་། སྒྲོལ་ལས་བཟློག་པའི་རིམ་པ་དང་གཞན་རྣམས་ལ་ཉེར་བསྡུ་ཙམ་བྱ། མནན་པའི་རྟགས་ཐོན་ནས་ཁ་བཅད་ཅིང་རེ་བས་དྲིལ་བ་སོགས་མན་ངག་ཟུར་རྒྱན་དུ་བཀོལ་བ་ལྟར་བྱའོ། །འཇིགས་བྱེད་ཡ་མནྟ་ཀའི་དགྱེས་སྐོང་ཡུམ། །ཁྲོ་མོ་འོད་ཟེར་སྟོང་འབར་དཔལ་ཆེན་མོའི། །ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་སྡོང་ཆེ། །མུན་པའི་མདངས་ལྡན་སྟོབས་ནུས་རྔམས་ཤིང་བརྗིད། །འདི་ནི་སྐྱེས་མཆོག་དམ་པའི་ཐུགས་བཞེད་བཞིན། །སྔགས་གཟུགས་འཛིན་དེས་འདི་ཙམ་བཏུས་པའི་མཐུས། །བསམ་སྤྱོད་ལོག་པའི་ཞིང་གྱུར་དགྲ་སྡེའི་དཔུང་། །བདེ་སྟོང་མཉམ་པའི་དབྱིངས་ཀློང་བྱང་ཆུབ་ཤོག །ཅེས་དཔའ་མོ་འོད་ཟེར་ཅན་གྱི་ལས་ཚོགས་དགྲ་སྲི་ཐམས་ཅད་གནོན་པའི་ཐབས་ཚུལ་ལྕགས་ཀྱི་མཆོད་རྟེན་ནག་པོ་ཞེས་བྱ་བ་འདི་ནི་སྔ་སོར་རང་སློབ་མཆོག་ཏུ་གྱུར་པ་མཁན་ཆེན་སྐལ་བཟང་དར་རྒྱས་རིན་པོ་ཆེ་མཆོག་གི་ཐུགས་བཞེད་སྐོང་ཕྱིར་བྱས་པ་ལས་ཅུང་ཟད་རྒྱས་པར་བཏང་ཞིང་། མནན་པ་དངོས་སོགས་ཕལ་ཆེར་འཐད་འོས་རྣམས་ཟུར་རྒྱན་དུ་བཀོལ་ནས། ཕྱུག་ཤུལ་ཕུར་སྐོར་གྱི་རིགས་ལས་བལྟམས་པའི་སྔགས་རྒན་གཅོལ་པོ་འགྱུར་མེད་ཞིང་སྐྱོང་མགོན་པོའམ། གར་དབང་འཇིགས་མེད་རྣམ་རྒྱལ་བཟང་པོར་འབོད་པ་དེས་བླ་མ་དམ་པ་སྐྱིད་པ་མཁྱེན་རབ་རྒྱ་མཚོའི་བཀས་བསྐུལ་ངོར། སུག་ལས་སུ་བསྟར་བའི་དགེ་བས་བསྟན་འགྲོ་ཡོངས་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག སརྦ་མངྒ་ལཾ།

ཟུར་ཡིག་ལིང་ཀ་བྲི་ཐབས ་མགོ་སྤྲུལ་གྱིས་མཛད་པ།

༄༅། འོད་ཟེར་ཅན་མའི་དགྲ་མནན་ལ་ཉེ་བར་མཁོ་བའི་ཟུར་ཡིག་ལིང་ཀ་བྲི་ཐབས་ནི། དེ་ལ་ཐོག་མར་ལིང་ཤོག ཁ་ཡོལ། ལག་གདན། དུག་ཁྲག་སྦྱར་བའི་སྣག་ཚ། སྨྱུ་གུ་རྣམས་འདུ་བར་བྱས་ལ། དགྲ་འདྲེའི་ལིང་ག་ནྲྀ་དང་ཏྲི་ཡིག་བྲིས་པའི་ཛ་བཞི་དང་ཁྲམ་བཞིས་གཟིར། དེའི་སྟེང་ནས་ཨེ་ཧུར་ཐུཾ་རྦད་ཀྱིས་ཕྱོགས་བཞིར་བསྐོར། དེའི་འོག་ནས་ཡིག་མགོ་ནང་བསྟན་གྱིས། དམིགས་པའི་དགྲ་བོ་མིང་འདི་ཞེས་བྱ་བའི་བླ་སྲོག་རྣམ་པར་ཤེས་པ་ཁུག་ཅིག་ནྲྀ་ཨ་ཀརྴ་ཡ་ཛ་ཛ༔ མ་ར་ཡ་རྦད་ནན། དམ་ཉམས་དགྲ་བགེགས་མིང་འདི་ཞེས་བྱ་བའི་ཀཱ་ཡ་ལུས་ཀྱི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ ཝཀྐ་ངག་གི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ ཙིཏྟ་ཡིད་ཀྱི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་དགྲ་བོ་ཆེ་གེ་མོའི་ཁ་རྗེ་དབང་ཐང་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཚེ་བསོད་སྟོབས་འབྱོར་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མཐུ་རྩལ་ནུས་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མངའ་རིས་འཁོར་འབངས་ ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ འགོ་བའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ བླ་མཆོད་སྲུང་བྱེད་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ བར་བྲི། དེ་ནས་དགྲ་གཟུགས་སྐྱེ་མཆེད་དོད་པ་རིད་ཅིང་ཉམས་ཐག་པ་རྐང་ལག་ལྕགས་སྒྲོག་གིས་བསྡམ་པའི་དཔྲལ་བར། ཇི་འུ་གུང་ཀེག་ཤིང། སྤྱི་བོར་ནན། མིག་ལ་ལོང་། རྣ་བར་འོན། སྣ་ལ་འཚུབས། ཁ་ལ་ལྐུགས། ལག་པར་ཆག རྐང་པར་ཞ། ཚིགས་བཞིར་པུས་མོ་གཡས་ནས་ཛཿཧཱུཾ་བཾ་ཧོ་བྲི། དེའི་སྟེང་ནས་ཡིག་མགོ་ཕྱིར་བསྟན་གྱིས། ཨོཾ་སརྦ་ཛི་ན་ཧཱུྃ་ཛ༔ ཏྲི་ཛ་ཏྲིག་ནན༔ ནྲྀ་ཏྲི་མུ་ཏྲི་ལཾ་ནན༔ ཤནྟྲི་ག་ཏྲི་ནན༔ དགྲ་སྲི་ཕུང་སྲི་སརྦ་གུཾ་གུཾ་སྟྭཾ་བྷ་ཡ་ནན་ནན༔ སྔ་དགྲ་ལག་ཏུ་བརྡར་བ། ཕྱི་དགྲ་ཞེ་ལ་བརྣག་པ། ད་དགྲ་ཁྱི་བཞིན་སྡང་བ། མནའ་དང་ཆད་ལ་མི་སེམས་པའི་གཉེན་བཤེས་མཛའ་གྲོགས་སྨིན་གྲོལ་ཆོས་སྒོར་བཅུག་པའི་སློབ་བུ་དམ་ལས་ལོག་པ། ཟས་གོས་ནོར་གྱིས་བསྐྱངས་པའི་ཆུང་མ་སྙིང་རིང་ཕྱིར་ལ་འཁོར་བ། ཡུལ་སྡེར་མི་ཁའི་སྣ་འདྲེན་བྱེད་པ། དཀར་ནག་ལས་གཉིས་གོ་བརྗེ་བྱེད་པའི་ཁྲིམས་བདག་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་པའི་དགྲ་བོ་ཆེ་གེ་མོའི་མིག་གི་དབང་པོ། རྣ་བའི་དབང་པོ། སྣ་ཡི་དབང་པོ། ལྕེ་ཡི་དབང་པོ། ལུས་ཀྱི་དབང་པོ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཀུན་གཞིའི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། ཉོན་མོངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་པའི་དགྲ་བགེགས་འབྱུང་པོའི་མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ སྟེང་ཕྱོགས་ལྷ་ཡི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། ཤར་ཕྱོགས་དྲི་ཟའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། ལྷོ་ཕྱོགས་གཤིན་རྗེའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། ནུབ་ཕྱོགས་ཀླུ་ཡི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། བྱང་ཕྱོགས་གནོད་སྦྱིན་གྱི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། ཤར་ལྷོ་མེ་ལྷའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། ལྷོ་ནུབ་སྲིན་པོའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། ནུབ་བྱང་རླུང་ལྷའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། བྱང་ཤར་དབང་ལྡན་གྱི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི། འོག་ཕྱོགས་ས་བདག་གི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། སྒོས་དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་གི་སྒོས་དགྲ། གཞན་ཡང་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་ཇག་ཆོམ་རྐུན་རྒྱལ་བསེན་ཡུལ་འདྲེ་འགོང་པོ་སྤུན་དགུ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཞེས་པའི་བར་ཚང་བར་བྲིས་ལ། ཕྱི་ནས་རིམ་པར་མེ་རི་གཡས་སྐོར་དང་། རླུང་རི་གཡོན་སྐོར་ཆུ་རི་དང་བཅས་པས་བསྐོར་བ་བྲིས་ནས་ལིང་ཁྲུས་སོགས་བྱའོ། །ཞེས་པ་འདི་ཡང་མགོ་སྤྲུལ་བས་བྲིས་པའོ།། དགེ་ལེགས་འཕེལ།

དགྲ་མནན་གྱི་ཟུར་རྒྱན་གནམ་ལྕགས་རྡོ་རྗེའི་དྲྭ་བ་མགོ་སྤྲུལ་གྱིས་མཛད་པ།

༄༅། འོད་ཟེར་ཅན་མའི་དགྲ་མནན་གྱི་ཟུར་རྒྱན་གནམ་ལྕགས་རྡོ་རྗེའི་དྲྭ་བ་ཞེས་བྱ་བ་བཞུགས་སོ། །

༄༅། གཏུམ་ཆེན་དཔའ་མོ་གདུལ་དཀའི་གཤེད། །འོད་ཟེར་ཅན་ལ་ཕྱག་བགྱིས་ནས། །ལས་སྦྱོར་ལྕགས་ཀྱི་མཆོད་རྟེན་ལ། །ཟུར་རྒྱན་ཉུང་ཞིག་སྤེལ་བར་སྤྲོ། །དེ་ལ་ཐོག་མར་ལིང་ཤོག ཁ་ཡོལ། ལག་གདན། དུག་ཁྲག་སྦྱར་བའི་སྣག་ཚ། སྨྱུ་གུ། ཟག་རྫས། ལིང་ཁྲུས་ཀྱི་ཡོ་བྱད། གཏོར་གདུགས། ལིང་ཁེབས། རིན་ཆེན་བརྡར་ཕྱེ། ཚོན་སྐུད། གཡག་རྭ་གཡོན་མ། རྩང་ཕུར། ཉིན་ནས་བླངས་པའི་སྟེང་རྡོ། སྲིབ་ནས་བླངས་པའི་འོག་རྡོ། བླ་རྡོ་ནག་པོ། བླ་ཤིང་གླང་མ། གཡེར་མ། ཚྭ་སྒོག་རམ་གསུམ། སྦང་ཕྱེ་དང་། ཐལ་འཇིམ། ལྷ་དབྱེའི་རྫས་སོགས་དང་པོར་དགོས་པའི་ཡོ་བྱད་རྣམས་བསགས་ལ། དགྲ་འདྲེའི་ལིང་ཀ་ཟུར་ཡིག་ལྟར་བྲིས་ལ། ལིང་ཁྲུས་བྱ་བ་ནི། ཟངས་སྣོད་དུ་ཆུ་གཙང་བཤམས་ལ། རང་ཉིད་འཇམ་དཔལ་གཤིན་རྗེར་གསལ་བ་ཡི། །མདུན་དུ་བདུད་རྩིའི་རང་བཞིན་ཉལ་འགྲོའི་དབུས། །བཾ་ལས་ཆུ་ཡི་ལྷ་མོ་སྐུ་མདོག་དཀར། །ཕྱག་གཡས་མཆོག་སྦྱིན་གཡོན་པ་པདྨ་དམར། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་རིན་ཆེན་རྒྱན། །ཐུགས་ལས་འོད་འཕྲོས་རང་འདྲའི་ཡེ་ཤེས་དྲངས། །ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། །དེ་ཡི་ཕྱག་གཡས་མཆོག་སྦྱིན་བཾ་ཡིག་ལས། །བདུད་རྩིའི་རྒྱུན་བབ་ལིང་ཀ་བཤལ་བ་ཡིས། །རྣལ་འབྱོར་བདག་ཅག་ཁ་རླང་ར་རི་རྡུལ། །གཟས་པོའི་ཁ་རྗེ་དབང་ཐང་ཚེ་དཔལ་འབྱོར། །མ་ལུས་ཆུ་ཡི་ནང་དུ་སིབ་ཀྱིས་ཐིམ། །སླར་ཡང་ཆུ་ཡི་ལྷ་མོ་འོད་དུ་ཞུ། །ཆུ་དང་དབྱེར་མེད་བདུད་རྩིའི་རང་བཞིན་གྱུར། །ཨོཾ་ཡ་མནྟ་ཀ་ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཨ་ཡུ་པུཎྱཻ་མཱ་ར་ཡ་མ་མ་སརྦ་སིདྡྷི་སྭཱ་ཧཱ། ལན་གསུམ་བརྗོད་ཅིང་རང་གིས་ཆུ་ཧུབ་གཅིག་འཐུང་བས་ཚེ་བསོད་བཀྲག་མདངས་རྒྱས་པར་བསམ། ཆུ་ལྷག་གནས་ཁང་གི་ཕྱི་ནང་དུ་གཏོར་བས་བཀྲ་ཤིས་བྱིན་ཆགས་འབག་རྩོག་ཐམས་ཅད་དག་པར་བསམ། དེ་ནས་སྲིད་པའི་བྱེ་མའམ་ཞིང་ས་གཙང་མ་འཐོར་ཞིང་། ལཾ་ཧོ་ཤུདྡྷེ་སྭཱ་ཧཱ། ལན་གསུམ། ཆུ་ལྐུགས་རོ་སྐྲས་འཐོར་ཞིང་། བཾ་ཧོ་ཤུདྡྷེ་སྭཱ་ཧཱ། ལན་གསུམ། པྲ་རྐང་ངམ་ཤིང་ཚེ་ཟད་ཀྱི་མེས་བསྐོར་ཞིང་། རཾ་ཧོ་ཤུདྡྷེ་སྭཱ་ཧཱ། ལན་གསུམ། སྒྲོས་བྱབ་ཅིང་། ཡཾ་ཧོ་ཤུདྡྷེ་སྭཱ་ཧཱ། ལན་གསུམ། ལིང་ཀ་བར་སྣང་ལ་གཡུག་ཅིང་། ཨེ་ཧོ་རཾ་ཨེ་ན་རཾ་ཧོ་ཤུདྡྷེ་ཨ་ཨ། ཞེས་དང་། ཨ་རྐྱང་ཉེར་གཅིག་དབུགས་ཐེངས་གཅིག་ལ་བརྗོད་ནས། བདག་ཅག་གི་སྒོ་གསུམ་གྱི་དྲི་མས་གོས་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ཞེས་བརྗོད་ཅིང་སྟོང་པར་བལྟའོ། །དེ་ནས་ཆས་གཞུག་ནི། ལིང་སྙིང་རིན་པོ་ཆེའི་ཕྱེ་མ་དང་། ཟག་རྫས་ཡོད་ན་མི་འཐོར་བར་བྱུགས་ལ་ཤི་ལྟེབ་བམ་ཚོན་ལྟེབ་བྱས་ལ། བྱད་ཐག་སྔོ་དམར་གྱིས་དཀྲིས་ཏེ་རང་འཐག་གི་ལྟེ་མིག་ཏུ་དྲངས་ཤིང་། སརྦ་ནྲྀ་ཏྲི་རྦད་རྦུད་ནྲྀ་ཏྲི་རྦད་རྦུད་ཡ༔ ལན་བདུན་དང་། མངོན་སྤྱོད་ཀྱི་ལས་འདི་ཕར་ཐེབས་ཤིང་ཚུར་མི་ཐེབས་པར་གྱུར་ཅིག ཅེས་བརྗོད། དེ་བཞིན་དུ་སྒོའི་མ་ཐེམ་གྱི་འོག་ཏུ་ཕྱིར་འདྲེན་ཞིང་། སརྦ་ནྲྀ་ཏྲི་ལཾ་ནན་མཱ་ར་ཡ་རྦད་ནན༔ ལན་བདུན། ལས་འདི་མི་འགྱངས་བར་མྱུར་དུ་འགྲུབ་པར་གྱུར་ཅིག ཁྱིའི་སྦོ་འོག་ཏུ་དྲངས་ཤིང་། སརྦ་ནྲྀ་ཏྲི་རྦད་རྨུག་རྦད་ཡ༔ ལན་བདུན། གཟས་པོའི་ཁ་རྗེ་དང་རླུང་རྟ་རྒུད་པར་གྱུར་ཅིག ཡག་ཤིང་གི་བུག་པར་དྲངས་ཤིང་། སརྦ་ནྲྀ་ཏྲི་རྦད་ཁ་ཤི་རྦད་ཁ་ཤི༔ ལན་བདུན། དགྲ་བོའི་ཚེ་དང་བསོད་ནམས་དབང་ཐང་ཟད་ཅིང་སྟོང་པར་གྱུར་ཅིག རང་གི་རྒྱིད་ཁུང་གཡོན་པར་ཕྱིར་དྲངས་ཤིང་། ཨོཾ་བཛྲ་དུཥྚཾ་མཱ་ར་ཡ་བྷྱོ༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་རྦད་རྦུད་སོད་ནན༔ ལན་བདུན། བདག་ཅག་དང་བསྲུང་བྱ་རྣམས་རྒྱལ་ཞིང་དགྲ་བོ་ཕམ་བརླག་ལྷག་མེད་དུ་ཐོངས་ཤིག ཅེས་བརྗོད་ལ་མནན་ཐོད་དམ་གཡག་རུར་བཅུག་ལ་མདུན་དུ་བཞག ཡུལ་སྲོལ་མ་ནུབ་པར་སྟབས་གང་བདེར་དམིགས་རྟེན་རིན་པོ་ཆེ་ཞིག་ཀྱང་འཇོག་ཏུ་བཅུག ཐལ་འཇིམ་དང་སྦང་ཟན། གཡེར་མ། ཚྭ་སྒོག་རམ་པ་རྣམས་ཚན་བཅུར་བསྒྲིགས། བླ་རྡོ་གཅོག་མ་རག་པ་དང་། བླ་ཤིང་གཅོད་མ་རག་པ་བྱས་ལ། བསྐུལ་བ་དང་གསེར་སྐྱེམས་ནས་ལྷ་དབྱེའི་མཇུག་བར་དཀྱུས་གཅིག་ཏུ་བྱས་ལ། སྐྱེས་པ་སྟག་ལོ་པའམ་མིན་ཀྱང་གཅིག་གིས་དཔའ་རྡོ་ཕྱར་ལ། ཧཱུྃ་བྷྱོ༔ འཇམ་དཔལ་གཤིན་རྗེའི་དགྱེས་སྐོང་ཡུམ། །གཏུམ་ཆེན་དཔའ་མོ་འོད་ཟེར་ཅན། །གཙོ་འཁོར་སྤྲུལ་པར་བཅས་རྣམས་ཀྱི། །བྱིན་རླབས་མཐུ་སྟོབས་མཁའ་ལྟར་བརྡལ། །དགྲ་དཔུང་ཕམ་བྱེད་འོག་གི་རྡོ། །སྲ་མཁྲེགས་རྡོ་རྗེའི་གཞི་ལྟར་བརྟན། །ལྷ་རྣམས་རྒྱལ་བྱེད་སྟེང་གི་རྡོ། །ཐོག་ལྟར་འདྲིལ་ཞིང་རྒྱོག་ལྟར་འཕེན། །བསམ་སྦྱོར་གནག་པའི་དགྲ་སྲི་ཡི། །བླ་རྡོ་ནག་པོ་ཟན་ལས་སྙི། །དཔའ་མོ་འཁོར་བཅས་བདེན་སྟོབས་ཀྱིས། །རྒྱལ་བའི་བསྟན་པ་བཤིགས་པ་དང་། །བླ་མའི་སྐུ་ལ་བརྡོ་བ་སོགས། །ཞིང་བཅུ་ཉམས་པ་བདུན་ཚངས་བའི། །མཐའ་བཞིའི་གདུག་པའི་དམག་དཔུང་དང་། །ཕུང་བྱེད་དགྲ་སྲི་ཐམས་ཅད་ཀྱི། །བླ་དང་བླ་རྡོ་ཆབ་གཅིག་ཏུ། །སྐད་ཅིག་ཉིད་ལ་སིལ་བུར་ཐོངས། །དྲག་སྔགས་སོ་ལྔ་པ་བརྗོད་ཅིང་བརྡུང་ལ། བྲུབ་རྫས་བཅུ་ཚན་གྱི་སྟེང་དུ་བགོའོ། །དེ་ནས་བླ་ཤིང་དང་གྲི་ཆུང་ཐོགས་ལ། ཧཱུྃ་བྷྱོ༔ དགྲ་དཔུང་འཇོམ་མཛད་འོད་ཟེར་ཅན། །གཙོ་འཁོར་སྤྲུལ་པར་བཅས་རྣམས་ཀྱི། །མཁྱེན་བརྩེ་ནུས་སྟོབས་ཕྲིན་ལས་ཀྱིས། །མ་རུང་གདུལ་དཀའི་བླ་ཚེ་སྲོག །ངམ་ཤིང་སེ་རོག་གླང་མ་ལ། །འགུགས་འཆིང་སྡོམ་མྱོས་དབྱེར་མེད་བྱས། །ཤིང་རྩེ་ཐུར་དུ་བསྟན་པ་ཡིས། །དགྲ་དཔུང་མྱུར་དུ་ཉམ་ཐག་རྒུད། །ཁ་རྗེ་རླུང་རྟ་ཉམས་གྱུར་ཅིག །རེག་གཅོད་མཚོན་གྱི་རྣོ་དབལ་གྱིས། །ཤིང་མགོ་ཐུར་དུ་བཅད་པ་ཡིས། །དགྲ་སྡེའི་གནམ་གྱི་འཇུ་ཐག་ཆོད། །རྩ་བ་གྱེན་ལ་བཅད་པ་ཡིས། །ས་ཡི་རྟེན་ཕུར་མྱུར་དུ་ཕྱུངས། །ལོ་འདབ་ཡན་ལག་བྲེག་པ་ཡིས། །དགྲ་སྡེའི་མཐའ་རྩ་སྐྱེ་རྒྱུད་ཆོད། །ལྤགས་བཤུས་སྙིང་པོ་བྲུས་པ་ཡིས། །སྣ་འདྲེན་རྒྱབ་དཔུང་སྡོང་ཟླ་ཕྲོལ། །སྐེད་པ་དུམ་བུར་གཏུབ་པ་ཡིས། །དགྲ་སྲི་མིང་མེད་རྡུལ་དུ་རློགས། ལས་སྦྱོར་སྔགས་དང་དྲག་སྔགས་བཟླ་ཞིང་གཏུབ་ལ་གླང་ཁྲམ་བྱ་ཞིང་། ཧཱུྃ་བྷྱོ༔ འོད་ཟེར་ཅན་མའི་བྱིན་རླབས་དང་། །རིགས་བཞིའི་མཁའ་འགྲོའི་བདེན་པ་དང་། །ཁྲོ་མོ་བརྒྱད་ཀྱི་མཐུ་སྟོབས་དང་། །སྒོ་བཞི་སྤྲུལ་འཁོར་ཕྲིན་ལས་ཀྱིས། །སྔ་དགྲ་ལག་གིས་བརྡར་བ་དང་། །ཕྱི་དགྲ་ཞེ་ལ་བརྣག་པ་དང་། །ད་དགྲ་ཐད་དུ་ལྡང་བ་རྣམས། །ལྷ་དང་དྲི་ཟའི་ཁྲམ་ལ་ཐོབ། །སངས་རྒྱས་བསྟན་པའི་སྤྱི་དགྲ་དང་། །དཔལ་ལྡན་བླ་མའི་སྐུ་དགྲ་དང་། །རྣལ་འབྱོར་བདག་གི་སྒོས་དགྲ་རྣམས། །འཆི་བདག་གཤིན་རྗེའི་ཁྲམ་ལ་ཐོབ། །གཏད་མནན་ཕུང་སེལ་ཧོམ་ཟོར་ཐུན། །ངན་སྔགས་རྫས་སྦྱོར་དམོད་མོ་མཐུ། །ངན་དགུ་རྩུབ་བཅུའི་རྦོད་གཏོང་རྣམས། །ཀླུ་གཉན་ས་བདག་ཁྲམ་ལ་ཐོབ། །དམག་ཇག་རྐུན་སྣ་གྱོད་འབེབ་དང་། །ཕོད་བཙུགས་དོ་བདོ་རྩོད་ཤག་འདེབས། །ངན་བརྗོད་མི་ཁ་གླེང་བ་རྣམས། །གནོད་སྦྱིན་གདུག་པའི་ཁྲམ་ལ་ཐོབ། །བཀའ་འགལ་དམ་ལོག་བྱེད་པ་དང་། །མནའ་ཆད་ཁྲིམས་ལས་འགལ་བ་དང་། །མགོ་གཡོག་མགོ་སྐོར་བྱེད་པ་རྣམས། །སྲོག་བདག་རྒྱལ་པོའི་ཁྲམ་ལ་ཐོབ། །ཆུང་མ་སྙིང་རིང་ཕྱིར་འཁོར་དང་། །གཉེན་གྲོགས་ཉེ་བ་བསམ་ལོག་དང་། །བསྲུང་བྱ་ཡ་མ་ཐར་ལོག་རྣམས། །ཤ་ཟ་མ་མོའི་ཁྲམ་ལ་ཐོབ། །སྔགས་འཆང་བདག་ལ་ལྷ་མེད་དང་། །ལྷ་སྲུང་རྣམས་ལ་མཐུ་མེད་ཟེར། །མཐུ་བྱད་བུ་ལོན་ལྟར་སྙོག་རྣམས། །སྲིན་པོ་གཟའ་ཡི་ཁྲམ་ལ་ཐོབ། །དཀར་ནག་གོ་བརྗེ་མི་དཔོན་དང་། །བསྟན་བླ་བཙོང་བའི་སྔགས་བཙུན་དང་། །བསམ་སྤྱོད་ལོག་པའི་དགྲ་སྡེའི་དཔུང་། །དམུ་དང་བཙན་གྱི་ཁྲམ་ལ་ཐོབ། །སྨོན་ལམ་ལོག་པའི་དམ་སྲི་དང་། །གོད་འདྲེ་བསེ་རག་ཕུང་བྱེད་སྲི། །བར་དུ་གཅོད་པའི་རྒབ་འདྲེ་རྣམས། །དྲེགས་བྱེད་བདུད་ཀྱི་ཁྲམ་ལ་ཐོབ། །མུ་སྟེགས་ཀླ་ཀློ་མཐའ་བཞིའི་དམག །སྣ་འདྲེན་རྒྱབ་བརྟེན་སྡོང་ཟླ་བཅས། །བསྟན་འགྲོ་ཡོངས་ལ་གནོད་བྱེད་རྣམས། །དམ་ཅན་སྲུང་མའི་ཁྲམ་ལ་ཐོབ། །མ་ནོར་མ་འཁྲུལ་རྩིས་ལ་ཐོབ། །མ་ཡོ་མ་བཟུར་ཁྲམ་ལ་ཐོབ། །དགྲ་དཔུང་ཆོམ་ལ་བགེགས་དཔུང་ཤིགས། །ལས་འདི་མ་འགྱང་མྱུར་འགྲུབ་མཛོད། །ལས་སྦྱོར་གྱི་དྲག་སྔགས་བཟླ་ཞིང་བྲུབ་རྫས་བཅུ་ཚན་གྱི་སྟེང་དུ་སོ་སོར་བཞག་ལ་སྔོན་རབས་ཀྱི་སྨྲེང་གྱེར་བ་ནི། ཀྱཻ། སྔོན་དུས་དགྲ་སྲི་བྲུབ་མནན་གར་སྲིད་ན། །གནམ་ས་ལྕགས་ཟངས་ལས་གྲུབ་ཁྱོ་ཤུགས་གཉིས། །བསྡེབ་ལས་སྲིད་པའི་སྒོ་ང་རྣམ་བཞི་བྱུང་། །དུང་སྒོང་ཤར་བརྡོལ་རྒྱ་ཡི་དགྲ་སྲི་དང་། །གཡུ་སྒོང་ལྷོར་བརྡོལ་འཇང་གི་དགྲ་སྲི་སྲིད། །ཟངས་སྒོང་ནུབ་བརྡོལ་མོན་གྱི་དགྲ་སྲི་དང་། །ལྕགས་སྒོང་བྱང་བརྡོལ་ཧོར་གྱི་དགྲ་སྲི་ལང་། །མཐའ་བཞིའི་དམག་འཁྲུགས་འཛམ་གླིང་སྟོང་ལ་ཐུག །ལས་སྨོན་མཐུ་ལྡན་མཁས་པ་མི་བཞི་ཡིས། །བཀའ་བགྲོས་ཁྲོ་ཆེན་རྣམ་བཞིའི་ལས་སྦྱོར་གྱིས། །ཤར་ཕྱོགས་རྒྱ་ཡི་དགྲ་སྲི་གཟུགས་བྱང་དང་། །བླ་རྡོ་གླང་ཁྲམ་དགྲ་བྲུབ་ཡས་རྫས་རྣམས། །འཆོར་མེད་འཕར་སྤྱང་ཐོད་པའི་ནང་དུ་བྲུབ། །ལྡང་མེད་རྒྱ་ལམ་ཆེན་པོའི་བཞི་མདོར་མནན། །ལྷོ་ཕྱོགས་འཇང་གི་དགྲ་སྲི་མིང་རུས་གཟུགས། །བླ་རྡོ་གླང་ཁྲམ་ལ་སོགས་རྫས་དང་བཅས། །འཆོར་མེད་ཁྱི་ཕག་ཐོད་པའི་ནང་དུ་བྲུབ། །ལྡང་མེད་ལྷ་ཁང་ཐེམ་པའི་འོག་ཏུ་མནན། །ནུབ་ཕྱོགས་མོན་གྱི་དགྲ་སྲི་མིང་གཟུགས་དང་། །བླ་རྡོ་གླང་ཁྲམ་དགྲ་བྲུབ་རྫས་དང་བཅས། །འཆོར་མེད་རྟ་རྨིག་ཐོད་པའི་ནང་དུ་བྲུབ། །ལྡང་མེད་ལུང་གསུམ་འདུས་པའི་མདོ་རུ་མནན། །བྱང་ཕྱོགས་ཧོར་གྱི་དགྲ་སྲི་གཟུགས་ལིང་དང་། ། བླ་རྡོ་གླང་ཁྲམ་མི་ཁའི་རྫས་དང་བཅས། །འཆོར་མེད་གཡག་རྭ་གཡོན་པའི་ནང་དུ་བྲུབ། །ལྡང་མེད་མཆོད་རྟེན་བྱིན་ཅན་འོག་ཏུ་མནན། །དེ་ནས་ད་བར་ཕྱོགས་བཞིའི་དགྲ་ཚོགས་ཕམ། །འཛམ་གླིང་སྤྱི་དང་བོད་ཁམས་ལྷ་མི་རྒྱལ། །དེ་འོག་སྲིད་པ་ཡེ་སྨོན་རྒྱལ་པོ་ལ། །བདུད་རྒྱལ་ངམ་རྗེ་རྩོལ་པོ་དགྲར་ལང་ཚེ། །འཕྲུལ་གྱི་གཏོ་མཁན་སྔགས་འཆང་སྤྱན་དྲངས་ནས། །གཤིན་རྗེ་ནག་པོ་བསྒྲུབ་པའི་ལས་སྦྱོར་གྱིས། །ངམ་རྗེའི་བླ་བཟུང་བླ་རྟེན་རྫས་དང་བཅས། །མི་འཆོར་རོག་པོ་གཡག་གི་རྭ་གཡོན་ནང་། །ཚེ་བདུད་གཤིན་རྗེ་ནག་པོའི་ཕྲིན་ལས་ཀྱིས། །མི་ལྡང་རྒྱ་ལམ་སུམ་མདོར་དྲང་པོར་མནན། །དེ་ཡིས་ངམ་རྗེ་ཕམ་ནས་ངམ་ཁམས་བརླགས། །ཡེ་སྨོན་རྒྱལ་པོ་ཡོན་མཆོད་དགྲ་ལས་རྒྱལ། །ཡང་གཅིག་ཕྱྭ་རྗེ་ཡ་བརླ་བརྡལ་དྲུག་ལ། །ཁྱུང་རུ་ནག་པོས་བདུད་དམག་སྣ་དྲངས་ཚེ། །ལྷ་མཆོག་བདུད་དཔུང་ཀུན་འདུལ་སྤྱན་དྲངས་ནས། །དགྲ་གཟུགས་མིང་རུས་བླ་རྟེན་རྫས་དང་བཅས། །མི་འཆོར་གཡག་རྭ་གཡོན་པའི་ནང་དུ་བཅུག །མི་ལྡང་གསས་མཁར་ལ་བཙས་འོག་ཏུ་མནན། །དེ་ཡིས་ནག་པོ་བདུད་ཀྱི་དམག་ཚོགས་ཕམ། །ཡ་བརླ་བརྡལ་དྲུག་ལྷ་དང་བཅས་པ་རྒྱལ། །དེ་བཞིན་སྲིད་པའི་རྒྱལ་བུ་མཐིང་གྷེ་ལ། །སྲིན་པོ་སྙིང་དམར་དགྲར་ལང་དམག་བྱུང་ཚེ། །ཀོང་ཚེ་འཕྲུལ་རྒྱལ་འཇམ་དཔལ་ཁྲོས་པ་ཡི། །སྐུར་བཞེངས་དགྲ་ལིང་བླ་རྟེན་རྫས་དང་བཅས། །མི་འཆོར་གཡག་རྭ་གཡོན་པའི་ནང་དུ་བྲུབ། །མི་སྡང་ཅ་ཏི་ནག་པོའི་འོག་ཏུ་མནན། །དེ་ཡིས་སྲིན་པོའི་དམག་དཔུང་གཏན་ནས་ཕམ། །རྒྱལ་བུ་ཡོན་མཆོད་ལྷ་སྲུང་དང་བཅས་རྒྱལ། །དེ་རྗེས་འཕགས་ཡུལ་ཆོས་ཀྱི་རྒྱལ་པོ་ལ། །མུ་སྟེགས་དགྲར་ལང་རྒྱལ་བསྟན་ལ་གནོད་ཚེ། །སློབ་དཔོན་ཆེན་པོ་ཤནྟིཾ་གརྦྷ་སོགས། །པཎ་གྲུབ་མང་པོས་དྲག་སྔགས་དམོད་པ་བསྒྲུབས། །བསྲེགས་དང་འཕང་དང་མནན་པའི་ལས་སྦྱོར་གྱིས། །དགྲ་གཟུགས་མིང་རུས་བླ་རྟེན་རྫས་དང་བཅས། །འཆོར་མེད་ཧོམ་ཁུང་གྲུ་གསུམ་ནང་དུ་བྲུབ། །ལྡང་མེད་གཙུག་ལག་ཁང་ཆེན་སྒོ་འོག་མནན། །མུ་སྟེགས་སྡེ་ཚོགས་ཕམ་ཏེ་ཆམ་ལ་ཕབ། །ཆོས་རྒྱལ་ཡོན་མཆོད་རྒྱལ་ཏེ་བསྟན་པ་དར། །བོད་རྗེ་ཚངས་པ་ལྷ་ཡི་མེ་ཏོག་ལ། །མཐའ་མིས་དགྲ་ལྡང་བོད་ཁམས་ཕུང་ཉེ་ཚེ། །སློབ་དཔོན་པདྨ་མཁས་པ་བཻ་རོ་སོགས། །ལོ་པཎ་རྣམས་ཀྱིས་དབང་ཆེན་རྟ་མཆོག་བསྒྲུབ། །དགྲ་ལིང་མིང་རུས་བླ་རྟེན་དགྲ་རྫས་རྣམས། །འཆོར་མེད་ཁྱི་ཕག་ཐོད་པའི་ནང་དུ་བྲུབ། །ལྡང་མེད་ལྷ་ཁང་ཐེམ་པའི་འོགཏུ་མནན། །མཐའ་དམག་ཕམ་ནས་ལོ་པཎ་ད་བར་བདེ། །ཚ་རོང་རྒྱལ་པོ་མདོ་གཞེར་བཙན་པོ་ལ། །ཤར་ནས་དགྲ་ལྡང་འཁྲུགས་རྩོད་མི་བདེ་བྱུང་། །བཻ་རོ་ཙ་ན་གཡུ་སྒྲ་སྙིང་པོ་གཉིས། །གྲོས་བྱས་མགོན་པོ་ནག་པོའི་དགྲ་ཆོས་མཛད། །རྩྭ་གཟུགས་ལིང་ཀ་དགྲ་རྫས་མིང་རུས་བཅས། །མི་འཆོར་གཡག་རྭ་གཡོན་པའི་གཏིང་དུ་བྲུབ། །ལྡང་མེད་སྒྲུབ་གནས་གཉན་པོའི་འོག་ཏུ་མནན། །དགྲ་ཕམ་ཟིན་རྒྱལ་དགྲ་ཆོས་གཏེར་དུ་སྦས། །དེ་བཞིན་དེ་རིང་བདག་དང་ཡོན་བདག་གིས། །སྲིད་པ་དེ་རྣམས་ཀུན་ལ་དཔེ་བླངས་ནས། །རྒྱལ་ཡུམ་ཁྲོ་མོ་འོད་ཟེར་ཅན་མ་ཡི། །དྲག་ཤུལ་ལས་ལ་སྦྱོར་བའི་མངོན་སྤྱོད་ཀྱིས། །ཞིང་བཅུ་ཉམས་པ་བདུན་ལྡན་མཐའ་བཞིའི་དམག །དགྲ་ཇག་ཆོམ་རྐུན་ཡིད་ལ་བརྣག་པ་རྣམས། །རྩྭ་གཟུགས་ལིང་ཀ་བླ་རྡོ་གླང་ནག་ཁྲམ། །ཚྭ་སྒོག་རམ་གཡེར་ཐལ་འཇིམ་འདི་རྣམས་ལ། །འགུགས་འཆིང་སྡོམ་མྱོས་བྱས་ནས་དབྱེར་མེད་དུ། །གཡག་རྭ་གཡོན་པ་འདི་ཡི་གཏིང་དུ་རྫོངས། །བྲུབ་བོ་དགྲ་བོ་ནམ་ཡང་མ་འཆོར་ཅིག །མནན་ནོ་དགྲ་བོ་ལྡང་བར་མ་གྱུར་ཅིག །ཅེས་བརྗོད་ལ་གོང་དུ་བཤམས་པའི་དགྲ་རྫས་ཚན་པ་བཅུ་པོ་དང་། གཡག་རྭའི་ནང་གི་ལིང་ཀ་ལ་དམིགས་ཏེ། ན་མོ། མཆོག་གསུམ་སྐུ་གསུམ་རྩ་གསུམ་བདེན་པ་དང་། །དཔའ་མོ་འོད་ཟེར་ཅན་གྱི་མཐུ་སྟོབས་དང་། །དོན་དམ་འགྱུར་མེད་རྟེན་འབྱུང་བསླུ་མེད་མཐུས། །དགྲ་ཇག་ཆོམ་རྐུན་མཐའ་དམག་དམ་སྲི་སོགས། །གནོད་སྡང་གདུག་པའི་བསམ་སྦྱོར་ཅན་རྣམས་ཀྱི། །བླ་སྲོག་རྣམ་ཤེས་དགྲ་གཟུགས་མིང་རུས་དང་། །བླ་རྡོ་གླང་ཁྲམ་དགྲ་རྫས་འདི་རྣམས་ལ། །ཁུག་ཅིག་ནྲྀ་ཏྲི་ཨ་ཀརྴ་ཡ་ཛ། །ཛཿཧཱུྃ་བཾ་ཧོ༔ ཞེས་མང་དུ་བརྗོད་ལ། སྐྱེས་པ་སྟག་ལོ་པ་འམ་གང་ཡིན་དེས་དམོད་ཚིག་གང་ཤེས་བརྗོད་བཞིན། དགྲ་རྫས་ཚན་པ་རེ་རེ་བཞིན་རང་གི་རྒྱིད་ཁུང་གཡོན་ནས་ཕྱིར་འདྲེན་ཞིང་གཡག་རྭའི་ནང་དུ་བྲུབ་ལ། ཀྱཻ། ད་ནི་དགྲ་བོ་བྲུབ་པའི་དུས་ལ་བབས། །ཇག་ཆོམ་རྐུན་པོ་འཆིང་བའི་དུས་ལ་བབས། གདོན་བགེགས་དམ་སྲི་འདུལ་བའི་དུས་ལ་བབས། །དུས་འཁྲུགས་མཐའ་དམག་བཟློག་པའི་དུས་ལ་བབས། །ཕུང་འདྲེ་རྦད་འདྲེ་གནོན་པའི་དུས་ལ་བབས། །རྣལ་འབྱོར་བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཚེས་གཅིག་བཅུ་གཅིག་ཉི་ཤུ་གཅིག་རྣམས་ལ། །གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་གཉིས་བཅུ་གཉིས་ཉི་ཤུ་གཉིས་རྣམས་ལ། །གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་གསུམ་བཅུ་གསུམ་ཉི་ཤུ་གསུམ་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་བཞི་བཅུ་བཞི་ཉི་ཤུ་བཞི་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་ལྔ་བཅོ་ལྔ་ཉི་ཤུ་ལྔ་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་དྲུག་བཅུ་དྲུག་ཉི་ཤུ་དྲུག་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་བདུན་བཅུ་བདུན་ཉི་ཤུ་བདུན་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་བརྒྱད་བཅོ་བརྒྱད་ཉི་ཤུ་བརྒྱད་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་དགུ་བཅུ་དགུ་ཉི་ཤུ་དགུ་རྣམས་ལ། ། གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །ཚེས་བཅུ་ཉི་ཤུ་གནམ་སྟོང་གསུམ་པོ་ལ། །གནོད་པར་བྱེད་པའི་ཇག་ཆོམ་རྐུན་པོ་དང་། །བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བོ་རྣམས། །དགྲ་གཟུགས་མིང་རུས་བླ་རྡོ་གླང་ཁྲམ་དང་། །ཚྭ་སྒོག་རམ་གཡེར་སོགས་དང་དབྱེར་མེད་དུ། །ཕོང་ཐོད་ཀུན་འདུས་གཡག་རྭའི་ནང་དུ་བྲུབ། །མི་འཕར་ཕྱག་རྒྱ་རྣམ་བཞིའི་དམ་རྒྱས་བཅིང་། །བཅིང་འོག་དེ་ནས་གྲོལ་བར་མ་གྱུར་ཅིག །མི་ལྡང་རི་རབ་ལྷུན་པོའི་ལྗིད་ཀྱིས་མནན། །མནན་འོག་དེ་ནས་ལྡང་བར་མ་གྱུར་ཅིག །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ནན། །སྟཾ་བྷ་ཡ་ནན་ནན། །བར་བརྗོད། །དེ་ནས་དགྲ་མནན་ཞག་གྲངས་བསྐྱར་རྒྱུ་ཡིན་ན་མདུན་དཀྱིལ་གྱི་འོག་སོགས་སྐབས་གང་བདེར་དོང་བྲུས་ལ་གཡག་རྭ་མི་འགུལ་བར་བཞག་པའི་ཁར། ས་ཧོམ་གྲུ་གསུམ་ཕྱི་ནག་ནང་དམར་གྱི་ཁ་ཁྱེར་ལ་ཕོ་རྩང་དགུ་གཡས་སྐོར་དང་། མི་རྩང་དགུ་གཡོན་སྐོར་རྩང་ཐུང་གསུམ་ཧོམ་ཟུར་གསུམ་དུ་བཙུགས་པའི་སྟེང་རྒྱ་གྲམ་བྲིས་པའི་རྡོ་ལེབ་དང་། ལིང་ཁེབ་ཀྱིས་འགེབ་མ་རག་པ་བྱས་ལ། བསད་དམིགས་ནས་ཐུན་བརྡེགས་ཀྱི་མཇུག་བར་བཏང་ལ། ཐུན་རྗེས་མ་རྣམས་ལ་དགྲ་མནན་གྱི་སྔགས་དཀྱུས་མ་དག་གི་མཐར། རྒྱས་པར་སྤྲོ་ན་དམཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་དགྲ་མནན་གྱི་སྔགས་དང་། ལོ་ཟླ་མར་གྲགས་པ་དང་། ཡི་དམ་གང་ཡིན་གྱི་རྩ་སྔགས་ཤམ་དུ་འགུགས་པ་བསྒྲལ་བ་མནན་པ་ཀུན་ལ་སྦྱོར་རྒྱུ་མི་ཕམ་པས་མཛད་པ་དང་། གནམ་ཆོས་ལས་བྱུང་བའི་དགྲ་ཆིང་སོགས་ཀྱང་བརྗོད་ནུས་ན་ལེགས་ཤིང་མིན་ཀྱང་རུང་ངོ། །ཐུན་ཐམས་ཅད་ཀྱི་མཐར་ཐུན་གཏོར་འབུལ་ཞིང་། བསྔོ་སྨོན་གྱིས་རྣམ་མཁྱེན་ཐོབ་པའི་ལམ་དུ་བསྒྱུར་བ་ནི་འདྲ་བར་བྱ། དེ་ནས་གོ་གསུམ་གྱི་ཐལ་བ་དང་སྒྱེད་གསུམ་གྱི་དྲེག་པ་བསྡུས་པའི་ཐལ་འཇིམ་རི་རབ་ཀྱི་གཟུགས་མགོ་དགུ་བཙུགས་པ་དང་། བྱད་ཐག་སྔོ་དམར་དང་། ཁྱི་སྤུ་ར་བལ་གྱི་སྐུད་པ། ཕུང་རེ་ནག་པོ། ས་གཞི་འགས་བྱེད་ཀྱི་རལ་གྲི། གསེར་སྐྱེམས། དཀར་གཏོར། དམར་གཏོར། རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོ་ལེབ། མནན་དོང་གྲུ་གསུམ་རྒྱར་ཁྲུ་གང་བ། དཔང་དུ་ཁྲུ་དོ་དང་ཕྱེད་ཙམ་ལས་མི་ཟབ་པ། འབྱུང་བ་གོ་ལྡོག་གི་རྒྱུ་རླུང་གཡབ་དང་། མེ་ཆུ་སོགས་རྗེས་མར་དགོས་པའི་ཆས་ཀ་རྣམས་བསགས་ལ། གཡག་རྭ་དེ་ཚུར་བླངས་ནས་སྔར་བྲུབ་མཁན་གྱི་མི་དེའམ། གཅིག་གིས་རྭ་རྩེ་པུས་མོ་གཡས་པས་མནན་ལ། ལག་གཡོན་པས་ཐལ་འཇིམ་བཏེག་ནས། ཧཱུྃ་བྷྱོ༔ ང་ནི་གཏུམ་ཆེན་ཁྲོ་མོ་འོད་ཟེར་ཅན། །སྤྲུལ་པའི་ཁྲོ་ཚོགས་ནམ་མཁའི་མཐའ་ལྟར་ཁྱབ། །ཁམས་གསུམ་དབང་བསྡུས་སྲིད་གསུམ་ཟིལ་འོག་གནོན། །དཔའ་མོ་ང་ལས་ཆེ་བཙན་སུ་ཡང་མེད། །རོག་པོ་ཞོལ་ཆེན་གཡག་གི་རྭ་གཡོན་འདི། །ལས་ཀྱི་ཧོམ་ཁུང་གནམ་ལྕགས་ཁང་སྒྲོམ་འབར། །འགུགས་གཞུག་འཆིང་སྡོམ་མྱོས་བརྒྱལ་རྨོངས་རེངས་སོགས། །ལས་ཆེན་མངོན་སྤྱོད་བཅུ་གཉིས་མ་ཚང་མེད། །ཕྱོགས་བཅུའི་སྡང་སེམས་གདུག་རྩུབ་ལྡན་པ་ཡི། །དགྲ་འདྲེ་བྱུར་སྲི་རང་དབང་མེད་པར་བྲུབ། །བུ་ཡུག་འཚུབ་འདྲའི་གོ་གསུམ་ཐལ་བ་དང་། །མུན་ནག་འཐིབ་འདྲའི་སྒྱེད་གསུམ་དྲེག་པ་རྣམས། །གཅིག་ཏུ་སྦྲུས་པའི་ཡས་ཀྱི་ཐལ་འཇིམ་འདི། །ལྡང་མེད་གནོན་པའི་རི་རབ་ཆེན་པོ་སྟེ། །སྲིད་པའི་ཐལ་འཇིམ་མགོ་དགུ་ལས་ལ་བསྐུལ། །མཛོ་འགར་དྲེལ་ཁྱི་ར་ཕག་བ་གླང་སོགས། །མགོ་དགུ་སྲིད་པའི་འདྲེ་དགུ་ལང་འདྲ་ཡི། །སྣ་དགུར་རླུང་འཚུབ་ཁ་དགུས་དགྲ་སྲི་ཟོ། །བཅོ་བརྒྱད་མིག་ནས་མེ་འབར་དགྲ་བོ་སྲེགས། །ཆས་ཤིག་ཐལ་བ་སྐྱ་བོའི་འཚུབ་མས་གཡོགས། །རྒྱུགས་ཤིག་མྱོས་འཐིབ་བརྒྱལ་འབོག་རྨུག་ཏུ་ཆུག །ནོན་ཅིག་དགྲ་སྲི་ཁྱོག་པ་མེད་པར་ནོན། །མནན་འོག་འདི་ནས་ལྡང་བར་མ་གྱུར་ཅིག །རེ་བ་ནག་པོས་འགེབ་སྟངས་བྱ་ཞིང་། ཧཱུྃ་བྷྱོ༔ ཁྲོ་རྒྱལ་ཀུན་ཡུམ་དཔའ་མོ་འོད་ཟེར་ཅན། །གཙོ་འཁོར་སྤྲུལ་པར་བཅས་པའི་མཐུ་སྟོབས་ཀྱིས། །སྔོན་ཚེ་སྲིད་པ་ཡེ་སྨོན་རྒྱལ་པོ་ཡི། །རྨུ་གབ་ངམ་རྗེ་རྩལ་པོར་བཀབ་པ་དང་། །རྒྱ་གར་རྒྱལ་པོ་པཎ་གྲུབ་ཚོགས་བཅས་ཀྱི། །རྨུ་གབ་མུ་སྟེགས་རྣམས་ལ་བཀབ་པ་དང་། །སྤུ་རྒྱལ་བོད་རྗེ་བཙད་པོའི་རྨུ་གབ་དེ། །མཐའ་བཞིའི་དམག་ཚོགས་མགོ་ལ་ཇི་ལྟར་བཀབ། །དེ་བཞིན་འདིར་འདུས་རྣལ་འབྱོར་དཔོན་སློབ་ཀྱི། །རྨུ་གབ་བསྟན་དགྲ་ལས་ངན་མགོ་ལ་ཁོབ། །རྒྱུ་སྦྱོར་ཡོན་བདག་འདི་ཡི་རྨུ་གབ་དེ། །ཐད་དུ་ལང་བའི་དགྲ་བོའི་མགོ་ལ་ཁོབ། །འགོ་ཞིང་སྡོང་གྲོགས་མཛད་པའི་ལྷ་སྲུང་གི། །རྨུ་གབ་དགྲ་ཇག་ཆོམ་རྐུན་མགོ་ལ་ཁོབ། །དཀར་ཕྱོགས་སྐྱོང་བའི་ལྷ་སྲིན་སྡེ་བརྒྱད་ཀྱི། །རྨུ་གབ་ནག་ཕྱོགས་དགྲ་འདྲེའི་མགོ་ལ་ཁོབ། །རི་མགོ་སྨུག་པས་གཡོག་པར་མུན་འཐིབ་ལྟར། །དགྲ་མགོ་རེ་བ་ནག་པོས་ད་ཐུམས་ཤིག །ཉི་མ་གཟས་ཟིན་ལམ་མི་མཐོང་བ་ལྟར། །དགྲ་མིག་ཁྲག་གིས་ཁོངས་ལ་ལྡོང་བར་གྱིས། །བསྐལ་པའི་མུན་ནག་འཐིབ་བཞིན་རྨུགས་སུ་ཆུགས། །རྨུགས་འོག་དེ་ནས་སངས་བར་མ་གྱུར་ཅིག །བྱད་ཐག་གིས་དམ་པོར་བསྡམ་དེ་མདུད་སྟེང་ཐེལ་བརྒྱབ་ཅིང་། ཧཱུྃ་བྷྱོ༔ ཡེ་ཤེས་མཁའ་འགྲོའི་གཙོ་མཆོག་འོད་ཟེར་ཅན། །གཙོ་འཁོར་སྤྲུལ་པར་བཅས་པའི་ནུས་མཐུ་ཡིས། །ཉེས་བྱེད་དགྲ་བོ་མ་ཤོར་དམ་དུ་ཆིངས། །སྡེ་བརྒྱད་དྲེགས་པའི་བྱད་ཐག་ཞགས་པ་དང་། །དབྱེར་མེད་མ་མོའི་ནད་ཞགས་སྔོ་དམར་འདིས། །དམ་ཉམས་དགྲ་བོ་ལས་ངན་འཆོར་མེད་སྡོམས། །ཉེས་ཅན་རང་རང་ལས་ལས་གྲུབ་པ་ཡི། །བྱད་ཐག་ཁྱི་སྤུ་ར་བལ་སྐུད་པ་འདིས། །མ་འཆོར་དམ་དུ་ཟུངས་ལ་དྲག་ཏུ་སྡོམས། །ད་ལྟའི་བཟུང་འོག་འདི་ནས་མ་འཆོར་ཅིག །བཅིང་པ་མ་ཤིག་ཁྲོལ་བ་མེད་པར་ཆིངས། །ད་ལྟའི་བཅིང་འོག་འདི་ནས་མ་འགྲོལ་ཅིག །བསྡམ་པ་མ་ཀློད་ལྷོད་པ་མེད་པར་སྡོམས། །ད་ལྟའི་བསྡམ་འོག་འདི་ནས་མ་ལྷོད་ཅིག །མནན་པ་མ་བཀྱག་ཁྱོག་པ་མེད་པར་ནོན། །ད་ལྟའི་མནན་འོག་འདི་ནས་མ་འཕར་ཅིག །བྱང་ཆུབ་མཆོག་གི་སེམས་ལྡན་མ་གྱུར་བར། །བསྐལ་པ་སྟོང་ཡང་ལྡང་བར་མ་གྱུར་ཅིག །ཞེས་བརྗོད་དེ་སླ་ང་སོགས་སུ་བཞག་ལ། ཧཱུྃ་ཨེ་ཛ་བྷྲུཾ། ཐུགས་རྗེའི་རང་རྩལ་སྲིད་གསུམ་གང་བའི་ཚོགས། །གཅིག་ཏུ་དྲིལ་བའི་སྟོབས་ཤུགས་ནུས་པའི་དཔལ། །ཞིང་བཅུ་མཐར་བྱེད་གཤིན་ཡུལ་ཨེ་གསང་ཀློང་། །ཏིང་འཛིན་རྡོ་རྗེ་རྭ་རྣོན་བརྡ་རུ་སྣང་། །དབྱིངས་རྩལ་འགོག་མེད་དགྲ་འཇོམ་དཔའ་མོའི་སྤྲིན། །དྲག་སྔགས་ལུ་གུ་རྒྱུད་ཀྱི་ཐིག་ལེ་ཡིས། །ནམ་ཡང་གཞོམ་མེད་རྡོ་རྗེའི་ངོ་བོ་རུ། །སྲིད་པ་སྤུ་གྲིའི་འཁོར་ལོས་རྒྱས་ཐོབ་ཅིག །ཧཱ་སྭཱ་ཡེ་ཎ་མ་ཤྲ་ཧཱ་མ་དི་བཱ་ཝཾ་ཨེ་དྷ་རོ་ནི་ཡོ་ཙ་ཥན་ཏེ་དཏ་བཱ་ཧྱ་ཏོ་ག་ཐཱ་ཏ་ཥན་ཏེ་དུན་ཧེ་ཝ་བྷ་པྲ་ཏུ་ཧེ་མ་དྷར་ཡེ་ཨོཾ། བདུན་ནམ་ཉེར་གཅིག་དང་། ཨོཾ་ལཾ་ཨཱ༔ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། ཞེས་རྟེན་འབྲེལ་ནག་པོས་རབ་གནས་བྱས་ཤིང་ཐུན་རྡོ་ལྷག་མ་བྲབ་བོ། དེ་ནས་མནན་པ་དངོས་ལ་ཐུག་ཚེ། དཀར་གཏོར་དང་གསེར་སྐྱེམས་བཤམས་ལ། སྡེ་བརྒྱད་མཆོད་པ་འདོད་གསོལ་བཅས་བཏང་ལ། གཟུ་དཔང་ནི། ཧཱུྃ་བྷྱོ༔ མི་མངོན་དབྱིངས་ནས་དཀོན་མཆོག་གཟུ་དང་དཔང་། །རྩ་གསུམ་བསྲུང་མར་བཅས་པ་དགོངས་སུ་གསོལ། །བདག་ནི་སངས་རྒྱས་བསྟན་པའི་སྒོར་ཞུགས་ཤིང་། །སྒོ་གསུམ་རྒྱལ་བའི་བཀའ་ལྟར་དང་བླངས་ཀྱང་། །ཉམས་པའི་དགྲ་བོ་ལས་ངན་སྡིག་ཅན་འདིས། །བྱང་ཆུབ་སྒྲུབ་པའི་ཆོས་ལ་བར་བཅད་ཅིང་། །དང་པོ་སངས་རྒྱས་བསྟན་པ་གཉན་པོ་བཤིགས། །བར་དུ་གསང་སྔགས་ཐེག་པའི་དམ་ཡང་བཀྲལ། །ད་ལྟ་སྒྲུབ་པའི་རྣལ་འབྱོར་བདག་ལ་བསྡོས། །འདི་ལ་བསྒྲལ་བའི་ཞིང་བཅུ་ཚང་འདུག་པས། །རྩ་གསུམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས། །མ་གཡེལ་ཐུགས་དམ་ཕྲིན་ལས་དུས་ལ་བབས། །རེ་ཞིང་ལྟོས་པའི་ལྷ་ཚོགས་ར་མདར་བསྐུལ། །གནོད་སྡང་གདུག་སེམས་ལྡན་པའི་མཐའ་བཞིའི་དམག །དགྲ་ཇག་ཆོམ་རྐུན་ཡིད་ལ་བརྣག་པ་ཀུན། །ལྡོག་མེད་ཆོས་སྐུའི་གཞི་ཀློང་གནོན་པར་མཛོད། །ཅེས་བརྗོད་པས་འཐུས། ཀླུ་བདུད་གསལ་བ་ནི། རང་ཉིད་འོད་ཟེར་ཅན་མ་ཡི། །ཕྱག་གཡས་རལ་གྲི་སར་བཏབ་པས། །རྒྱ་མཚོ་ཆེན་པོ་སྔོ་མེར་འཁྲིགས། །དེ་ནང་ཀླུ་བདུད་མགོ་དགུ་པ། །རྩ་ཞལ་ཆུ་སྲིན་ཁ་གདངས་ཤིང་། །ཁ་རླངས་དུག་གི་སྤྲིན་ཕུང་འཁྲིགས། །ཞལ་ནས་ང་རོ་འབྲུག་སྟོང་ལྡིར། །ཕྱག་ནི་བཅོ་བརྒྱད་རྩ་ཕྱག་གིས། །དགྲ་བགེགས་ལེན་ཕྱིར་སྤར་བ་གདེངས། །ལྷག་མ་གཡས་རྣམས་ཆུ་གྲི་དང་། །གཡོན་པས་ནད་ཀྱི་རྐྱལ་བ་བསྣམས། །འཁོར་དུ་ཀླུ་རིགས་རྣམ་བཞིས་བསྐོར། །བདག་ཉིད་འཕགས་མའི་ཐུགས་ཀ་ནས། །འོད་ཟེར་འཕྲོས་པས་སྤྱན་དྲངས་གྱུར། །ནཱ་ག་ར་ཛ་བཛྲ་ས་མ་ཡཱ་ཛ༔ ཞེས་བསྡུ་རྒྱ་བྱ། བཛྲ་ས་མ་ཡཱ་ཧོ༔ ཏིཥྛན་ཏུ༔ ཞེས་རང་ཉིད་ལྷའི་ང་རྒྱལ་གྱིས་ཀླུ་བདུད་ཀྱི་མགོར་རྡོ་རྗེ་བཞག་སྟེ་དམ་ལ་བཞག་པར་མོས། དེ་ནས་རང་གི་ཐུགས་ཀ་ནས་སྒོ་མ་ཕྱག་རྒྱ་བཞི་སོགས་སྤྲོས་པས་དགྲ་བགེགས་ཐམས་ཅད་དབང་མེད་དུ་བཀུགས་ནས་ལིང་ཀ་ལ་བསྟིམ་པར་མོས་ལ། གོང་གི་འགུགས་ཐུང་དེའམ། ཡང་ན། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྩ་བ་གསུམ་གྱི་བྱིན་རླབས་དང་། །མཁའ་འགྲོ་ཆོས་སྐྱོང་ནུས་མཐུ་ཡིས། །དུས་འཁྲུགས་ཀླ་ཀློ་མཐའ་བཞིའི་དམག །དགྲ་ཇག་ཆོམ་རྐུན་ཕུང་སྲི་རྣམས། །དགྲ་གཟུགས་རྫས་ལ་མྱུར་དུ་ཁུག །ལན་གསུམ་མམ་བདུན་སོགས་དང་། བཛྲ་ཨངྐུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གཎྚེ་ཧོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ བཛྲ་ཨ་ཝེ་ཤ་ཡ་ཨཱ༔ ཞེས་འགུགས་གཞུག་བཅིང་མྱོས་བྱས་ལ་ལྷ་དང་དབྱེ་ཞིང་རྟེན་ལ་དབབ་ནས་བརྔན་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། འགུགས་གཞུག་དང་བྱིན་རླབས་སྤྱི་ལྟར་བྱས་ནས། ནཱ་ག་དུ་ཛ༔མ་ར་ཡ་རྦད། དགྲ་བགེགས་ཀྱི་མཾ་ས་ཙིཏྟ་རཀྟ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏི་གྷྲྀ་ཧྞ་ཁ་ཧཱི། ལན་གསུམ་སོགས་ཀྱིས་ཕུལ། ཧཱུྃ་བྷྱོ༔ ཀླུ་བདུད་ནག་པོ་ཏི་པ་ཙ། །དགྲ་བོའི་ཤ་ཁྲག་གཏོར་མ་འདི། །འབུལ་གྱིས་དགྱེས་པར་རོལ་ནས་ཀྱང་། །བསྟན་འགྲོར་གནོད་པའི་མཐའ་དམག་དང་། །ཞིང་གྱུར་དགྲ་ཇག་ཆོམ་རྐུན་རྣམས། །སྡོམ་འཛིན་མནན་པའི་ཕྲིན་ལས་མཛོད། །ཞེས་དམར་གཏོར་དོང་དུ་ཕུལ་ལ། མནན་བྱ་གཏད་པ་ནི། ཧཱུྃ་བྷྱོ༔ བདེ་གཤེགས་སྟོན་པ་སངས་རྒྱས་ཀྱི། །བསྟན་པ་རིན་ཆེན་འདི་ཉིད་ལ། །གནོད་ཅིང་འཚེ་བའི་དགྲ་བགེགས་སྲི། །ཀླུ་བདུད་ནག་པོ་ཁྱོད་ལ་གཏད། །ཕ་མ་འགྲོ་བ་སེམས་ཅན་ལ། །གནོད་སེམས་སྦྱོར་ངན་སྡུག་ལ་གཏད། །མ་རུང་བརླིང་སྙིང་དགྲ་གདོན་སྲི། །ཀླུ་བདུད་ནག་པོ་ཁྱོད་ལ་གཏད། །བསྟན་འཛིན་སྐྱེས་བུ་ཡོངས་ལ་འཚེ། །རྣལ་འབྱོར་བདག་ལ་བར་གཅོད་པའི། །དམ་ཉམས་སྡང་དགྲ་བགེགས་དང་སྲི། །ཀླུ་བདུད་ནག་པོ་ཁྱོད་ལ་གཏད། །ནམ་ཞིག་བྱང་ཆུབ་སེམས་ལྡན་ཞིང་། །འགྲོ་མང་བདེ་ལ་འགོད་ནུས་བར། །ཟུངས་ཤིག་ཆིངས་ཤིག་དྲག་ཏུ་སྡོམས། །བསྐལ་པའི་བར་དུ་མ་གཏིང་ཞིག །ཅེས་རང་གི་སྐེད་པར་གཡོན་དུ་ལན་གསུམ་བསྐོར་ནས་དོང་དུ་བསྐྱུར་ལ། རྭ་རྩེ་ཧོམ་ཟུར་མདུན་མར་བསྟན་ལ་བཞག་ཏེ། ཁུང་ཚུད་ས་བདགཀླུ་གཉན་རྣམས། །དགའ་ནས་ཙིར་སྒྲ་ཏི་རི་རི། །ཐར་མེད་ཀླུ་བདུད་ཁ་བསྡམ་ནས། །རང་གནས་ས་འོག་གྲོང་ཁྱེར་སོང་། །ཞེས་ཀླུ་བདུད་སླར་བཏང་ལ། །ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ། དགྲ་བགེགས་བྱད་མ་ཀླ་ཀློ་མུ་སྟེགས་མཐའ་དམག་དམ་སྲི་ཇག་ཆོམ་རྐུན་པོའི་ལུས་ངག་ཡིད་གསུམ་མ་ར་ཡ་རྦད་བྷྱོ་བཟློག་སོད་སྟྭཾ་བྷ་ནན། དམ་ཉམས་དགྲ་བོ་མིང་འདི་ཞེས་བགྱི་བའི་ཁ་རྗེ་དབང་ཐང་ཐམས་ཅད་མཱ་ར་ཡ༴སོགས་ནས། སྟྭཾ་བྷ་ཡ་ནན་བར་སོགས་བར་བརྗོད་ལ། དེའི་རིང་ལ་མཆོད་གཡོག་པ་སོགས་ཀྱིས་ས་དང་རྡོས་དམ་པོར་བརྫངས་ལ་རླུང་གཡབ་ཀྱིས་གཡབ་ཅིང་། མེ་སྦར་ཆུ་བླུགས་སས་མནན་ཞིང་རི་རབ་དང་རྡོ་རྗེ་རྒྱ་གྲམ་བྲིས་པའི་རྡོས་མནན། སླར་ཡང་ས་རྡོའམ་སྤང་གྲུ་གསུམ་བཀོག་པ་ཡོད་ན་དེས་མནན་ཏེ་ལས་རྗེས་མི་མངོན་པར་བྱ་ཞིང་། ཧཱུྃ་བྷྱོ༔ ཁྲག་འཐུང་ཀུན་ཡུམ་དཔལ་ཆེན་མོའི། །ཡེ་ཤེས་ཐུགས་རྗེའི་སྒྱུ་འཕྲུལ་གཟུགས། །ནམ་མཁའ་རླུང་མེ་ཆུ་དང་ས། །རི་རབ་ལྷུན་པོའི་འོག་ཏུ་གནོན། །རྒྱ་གྲམ་འབར་བས་རྒྱས་གདབ་བོ། །ནྲྀ་ཏྲི་སྟྭཾ་བྷ་ཡ་ལཾ་ནན། ཞེས་བརྗོད་ལ་རྡོ་རྗེ་བྲོ་ཡི་རྒྱས་གདབ་ནི། ཧཱུྃ་བྷྱོ༔ ང་ནི་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཐུགས་རྗེ་ཐབས་ཀྱི་སྤྲུལ་བསྒྱུར་འགྱེད། །སྒེག་དཔའ་འཇིགས་རུང་སྐུ་ཡི་གར། །དགོད་གཤེ་དྲག་ཤུལ་གསུང་གི་གར། །སྙིང་རྗེ་རྔམ་ཞི་ཐུགས་ཀྱི་གར། །ཉམས་དགུ་ལྡན་པའི་གར་བསྒྱུར་ཞིང་། །རྡོ་རྗེ་ཁྲོས་པའི་སྟངས་སྟབས་དང་། །ཉི་ཟླ་འབར་བའི་ལྟ་སྟངས་ཀྱིས། །གཡས་རོལ་བདེ་ཆེན་ཡེ་ཤེས་བྲོ། །གཡོན་རོལ་སྟོང་ཆེན་དབྱིངས་ཀྱི་བྲོ། །མཉམ་རོལ་ཐབས་ཤེས་ཟུང་འཇུག་བྲོ། །མ་བཅོས་འཁོར་གསུམ་བློ་འདས་བྲོ། །བློ་འདས་ཆོས་སྐུའི་བྲོ་བརྡུང་བས། །མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །ཞེས་བརྗོད་པས་ཆོས་སྐུའི་རང་ཞལ་ལ་བལྟའོ། །དྲག་མོ་འོད་ཟེར་ཅན་མའི་ལས་སྦྱོར་མཐིལ། །དགྲ་མནན་ལྕགས་ཀྱི་ནག་པོ་ལ། །ཟུར་རྒྱན་རྡོ་རྗེའི་དྲྭ་བ་འདི་བཀོད་མཐུས། །དགྲ་ཚོགས་བདག་མེད་གཞི་ཀློང་ནོན་གྱུར་ཅིག །ཅེས་འཕགས་མ་འོད་ཟེར་ཅན་གྱི་དྲག་པོའི་ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོའི་ཟུར་རྒྱན་གནམ་ལྕགས་རྡོ་རྗེའི་དྲྭ་བ་ཞེས་བྱ་བ་འདི་ཡང་སྙིང་གྲོགས་དམ་པ་རྡོ་རྗེའི་མཆེད་པོ་རིན་པོ་ཆེ་སྐྱིད་པ་བླ་མ་མཁྱེན་རབ་རྒྱ་མཚོའི་བཀས་བསྐུལ་མ་གནང་བ་ལ་བརྟེན་པ་དང་། རང་གིས་ཀྱང་མུ་སྟེགས་ཀླ་ཀློའི་ངན་སྦྱོར་དང་། མཐའ་བཞིའི་དམག་གི་འཇིགས་པ་སོགས་ལའང་ཕན་དུ་རེ་བའི་བསམ་སྦྱོར་དག་པས། མཆོག་གྱུར་སྤྲུལ་པའི་གཏེར་ཆེན་འགྲོ་མགོན་ལུང་རིག་གླིང་པའི་ཟབ་གཏེར་གྱི་ཆ་ལག་དཔའ་མོ་འོད་ཟེར་ཅན་གྱི་དྲག་པོའི་ལས་མཐའ་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་ཞེས་བྱ་བ་སྔ་སོར་རང་གིས་བསྒྲིགས་པ་ཉིད་ཅུང་ཟད་རྒྱས་སུ་བཏང་ཞིང་། དེའི་ཟུར་རྒྱན་དུ་མོས་པས་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་གསུང་སྒྲོས་དང་བསྟུན་ཏེ། མགོ་ལོག་ཕྱོགས་ཀྱི་སྤྲུལ་མིང་པ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོའམ། མིང་གཞན་འགྱུར་མེད་ཞིང་སྐྱོང་མགོན་པོར་འབོད་པའི་སྔགས་རྒན་མགོ་དཀར་གཅོལ་པོ་དེས་ཁྲིགས་སུ་བསྡེབ་པའི་དགེ་བས་དགྲ་བདུད་དམ་སྲི་མ་ལུས་པ་གཞི་གདོད་མའི་རྒྱལ་ཐབས་ལ་མངའ་དབང་འབྱོར་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །དགེའོ། །དགེའོ། །

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་དགྲ་མནན་སྔགས་ཁོལ་དུ་ཕྱུང་བ།

༄༅། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་དགྲ་མནན་སྔགས་ཁོལ་དུ་ཕྱུང་བ་ནི། ཨོཾ་མ་རི་ཙྱཻ་མཱུཾ་སྭཱ་ཧཱ། དམ་ཉམས་དགྲ་བོ་མུ་སྟེགས་ཀླ་ཀློ་མཐའ་བཞིའི་དམག་དཔུང་དམ་སྲི་ཇག་ཆོམ་རྐུན་པོ་ཐམས་ཅད་ཀྱི་ཀཱ་ཡ་ལུས་ཀྱི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ ཝཀྐ་ངག་གི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ ཙིཏྟ་ཡིད་ཀྱི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ དྲག་སྔགས་སོ་ལྔ་པ་དང་། དམ་ཉམས་དགྲ་བོ་དུས་འཁྲུགས་མཐའ་དམག་ཇག་ཆོམ་རྐུན་པོ་ཕུང་བྱེད་དམ་སྲི་ཐམས་ཅད་ཀྱི་ཁ་རྗེ་དབང་ཐང་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཚེ་བསོད་སྟོབས་འབྱོར་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མཐུ་རྩལ་ནུས་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མངའ་རིས་འཁོར་འབངས་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ འགོ་བའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ བླ་མཆོད་སྲུང་བྱེད་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཨོཾ་སརྦ་ཛི་ན་ཧཱུྃ་ཛ༔ ཏྲི་ཛ་ཏྲིག་ནན༔ ནྲྀ་ཏྲི་མུ་ཏྲི་ལཾ་ནན༔ ཤནྟྲི་ག་ཏྲི་ནན༔ དགྲ་སྲི་ཕུང་སྲི་སརྦ་གུཾ་གུཾ་སྟྭཾ་བྷ་ཡ་ནན་ནན༔ སྔ་དགྲ་ལག་ཏུ་བརྡར་བ། ཕྱི་དགྲ་ཞེ་ལ་བརྣག་པ། ད་དགྲ་ཁྱི་བཞིན་སྡང་བ། མནའ་དང་ཆད་ལ་མི་སེམས་པའི་གཉེན་བཤེས་མཛའ་གྲོགས། སྨིན་གྲོལ་ཆོས་སྒོར་བཅུག་པའི་སློབ་བུ་དམ་ལས་ལོག་པ། ཟས་གོས་ནོར་ནོར་གྱིས་བསྐྱངས་པའི་ཆུང་མ་སྙིང་རིང་ཕྱིར་ལ་འཁོར་བ། ཡུལ་སྡེར་མི་ཁའི་སྣ་འདྲེན་བྱེད་པ། དཀར་ནག་ལས་གཉིས་གོ་བརྗེ་བྱེད་པའི་ཁྲིམས་བདག་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་དགྲ་བོ་དུས་འཁྲུགས་མཐའ་དམག་ཇག་ཆོམ་རྐུན་པོ་ཕུང་བྱེད་དམ་སྲི་ཐམས་ཅད་ཀྱི་མིག་གི་དབང་པོ། རྣ་བའི་དབང་པོ། སྣ་ཡི་དབང་པོ། ལྕེ་ཡི་དབང་པོ། ལུས་ཀྱི་དབང་པོ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་དགྲ་བོའི་ཀུན་གཞིའི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས། ཉོན་མོངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་པའི་དགྲ་བགེགས་འབྱུང་པོའི་མ་རིག་པ། འདུ་བྱེད། རྣམ་པར་ཤེས་པ། མིང་དང་གཟུགས། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ སྟེང་ཕྱོགས་ལྷ་ཡི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཤར་ཕྱོགས་དྲི་ཟའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ལྷོ་ཕྱོགས་གཤིན་རྗེའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ནུབ་ཕྱོགས་ཀླུ་ཡི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ བྱང་ཕྱོགས་གནོད་སྦྱིན་གྱི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཤར་ལྷོ་མེ་ལྷའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ལྷོ་ནུབ་སྲིན་པོའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ནུབ་བྱང་རླུང་ལྷའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ བྱང་ཤར་དབང་ལྡན་གྱི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ འོག་ཕྱོགས་ས་བདག་གི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ། སྒོས་དཔལ་ལྡན་བླ་མའི་སྐུ་དགྲ། ཁྱད་པར་དུ་རྣལ་འབྱོར་པ་བདག་གི་སྒོས་དགྲ། གཞན་ཡང་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་ཇག་ཆོམ་རྐུན་རྒྱལ་བསེན་ཡུལ་འདྲེ་འགོང་པོ་སྤུན་དགུ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ༈ རྩ་སྔགས་དང་། ལོ་དང་ཟླ་བ་ལ་དགྲ་དར་བ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཞག་དང་ཟ་མ་ལ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལུས་དབང་ཐང་རླུང་རྟ་ལ་དགྲ་དར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དགྲ་མགོ་ཐོག་ཏུ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྔ་དགྲ་ལག་ཏུ་བརྡར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཕྱི་དགྲ་ཡིད་ལ་སེམས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ད་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མགོ་ལ་ཏིལ་བརྡུང་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སེམས་ལ་སྡུག་བསྔལ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལུས་ལ་ན་ཚ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྲོག་ལ་བར་ཆད་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟས་ནོར་ལ་གོད་ཁ་གཏོང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱབ་ནས་འདེད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མདུན་ནས་རྩང་བཞིན་འཛུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟུར་ནས་གཅོད་དགོས་ཟེར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཟ་ལམ་དུ་དུག་གཡོས་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགྲོ་ལམ་དུ་རྩང་འཛུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱམས་པ་གཉེན་གྱི་ས་བརྗོད་དུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ སྡང་བ་དགྲ་ཡིས་སྒྲོག་ཏུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ མཉན་པའི་གྲུ་ཚུགས་སུ་གླེང་དུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ མགར་གྱི་སོ་མལ་དུ་གླེང་དུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ དགེ་འདུན་གྱི་འཚོགས་གྲལ་དུ་གླེང་དུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ སྔགས་པའི་ཕུར་གྲལ་དུ་གླེང་དུ་མ་འཇུག་ཅིག་ཅིག་མཱ་ར་ཡ་རྦད་ནན༔ བརྒྱ་ཁ་མང་གི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སྟོང་མིག་མང་གི་བྲ་མཆུ་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཙོ་བོའི་མདུན་གྲལ་དུ་གླེང་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གསོད་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྐུ་ཤོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འཕྲོག་བཅོམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དམག་ཇག་གྲོས་ངན་ཤོམ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ལྐོག་ནས་འབུ་བཞིན་འབུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ངོ་ལ་སྤྲེལ་ལྟར་འཛེགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཀེག་བདུད་གཤེད་གསུམ་ལ་བབས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བྱད་ཁ་ཕུར་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྦད་འདྲེ་རྦོད་གཏོང་གཏོང་བ་ ཐམས་ཅད་མཱ་ར་ཡ་རྦད་ནན༔ མནན་སྲེག་འཕང་གསུམ་བྱེད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་རླུང་ལྟར་འཚུབ་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་སྣ་མེ་ལྟར་འབར་བ་ཐམས་ཅད་མཱ་ར་ཡ་རྦད་ནན༔ མི་ཁ་དང་དགྲ་ལྟར་ཆུ་ལྟར་འཁྲིགས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཡུལ་མི་ཁྱིམ་མཚེས་ཀྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྗེ་ཁོལ་སྐྱ་སེར་གྱི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྨི་ལྟས་མཚན་ངན་ཐན་ལྟས་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ འགབ་འདྲེ་དམ་སྲི་ཟ་འདྲེ་ཤི་གཤེད་འགོང་པོ་སྲི་ངན་བསེ་རག་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ རྒྱལ་སྲི་བློན་སྲི་ཕོ་སྲི་མོ་སྲི་ཆེ་སྲི་ཆུང་སྲི་གཞོན་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གོད་སྲི་ཕུང་སྲི་གྱོད་སྲི་བྱེས་སྲི་དགྲ་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དཀར་འདྲེ་དབུལ་འདྲེ་བང་འདྲེ་ཐབ་འདྲེ་བསེ་རག་འགོང་པོ་ཐེའུ་རིང་གོད་འདྲེ་ཕུང་སྲི་ངན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ སད་སེར་བཙའ་ཐན་འབུ་སྲིན་བྲ་བྱི་ལ་སོགས་གཏོང་བའི་ཟ་འདྲེ་ཕུང་སྲི་ཐམས་ཅད་མཱ་ར་ཡ་རྦད་ནན༔ གནོད་བྱེད་རྒྱལ་བསེན་ཐེའུ་རིང་ཤི་འདྲེ་གསོན་འདྲེ་གཅན་གཟན་ཕོ་མོ་ཐམས་ཅད་མཱ་ར་ཡ་རྦད་ནན༔ ནད་མཚོན་མུ་གེ་གཏོང་བའི་འདྲེ་གདོན་རྒྱལ་བསེན་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བདུད་དང་རྣམ་རྟོག་དམ་སྲི་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྟན་དགྲའི་ལུས་ངག་ཡིད་གསུམ་ཚེ་བླ་སྲོག་གསུམ་དབང་ཐང་རླུང་རྟ་བསོད་ནམས་སྟོབས་ནུས་ལྷ་སྲུང་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ གཞན་ཡང་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱི་ཟ་ཁ་སྟོན་པ་ཐམས་ཅད་མཱ་ར་ཡ་རྦད་ནན༔ བསྐལ་པ་སྟོང་གི་བར་དུ་མ་ལྡང་ཅིག་མཱ་ར་ཡ་རྦད་ནན། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན། དགྲ་བགེགས་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་ནན། ཞེས་བརྗོད།

འོད་ཟེར་ཅན་མའི་དགྲ་མནན་འདོན་འགྲིགས།

༄༅། འོད་ཟེར་ཅན་མའི་དགྲ་མནན་འདོན་འགྲིགས་ནི། བསྒྲུབ་པ་དང་འབྲེལ་ཚེ། སྨད་ཀྱི་བསྐུལ་བའི་འཕྲོས་བླ་གབ་མེད་པའི་སར་ལིང་ཁྲུས་དང་ཆས་གཞུག་བྱ། དེ་ནས་གསེར་གཟུ་ཧོམ་བསྐྱེད། འགུགས་པ་བཅས་སྤྱི་ལྟར་བཏང་མཐར། དགྲ་མནན་ལས། ཧཱུྃ་བྷྱོ། ད་ནི་དགྲ་བོ་བསྒྲལ་བའི་སོགས་ནས་ཁུག་ཅིག་ཅིག་ཛ་ཛ། དེ་ནས་སྨད་ལས་ཀྱི་ཧཱུྃ་ཧཱུྃ། དཀོན་མཆོག་བདེན་མཐུས་བཀུག་པའི་སོགས་ནས། གཞན་དོན་མཐར་ཕྱིན་རྒྱལ་བའི་སྲས་སུ་བསྐྱེད་བར་གཞུང་ལྟར་བཏང་། དེ་ནས་ཟུར་རྒྱན་ལས། བླ་རྡོ་གཅོག་པ། གླང་ཁྲམ། སྨྲེང་གྱེར། དགྲ་རྫས་བཅུ་ཚན་བྲུབ་པ་བཅས་བཏང་ནས། སྟཾ་བྷ་ཡ་ནན་ནན་བར་འདོན། དེ་ནས་དགྲ་མནན་གྱི་བསད་དམིགས། མནན་དམིགས། ནྲི་ཏྲི་ཤ་ཏྲུན་མ་ར་ཡ་རྦད་རྦད་བར་འདོན། དམ་ཆོས་པདྨའི་ཐུགས་ཐིག་གི་དགྲ་མནན་སྔགས། ལོ་ཟླ་མ་སོགས་འདོན། དེ་ནས་སྨད་ལས་ཀྱི་འབྱུང་བཞིའི་ཐུན་བརྡེག་ནས་བཟུང་ཞལ་བསྟབས་བཅས་འདོན། དེ་ནས་དགྲ་མནན་གྱི་ཐུན་གཏོར། དགེ་བསྔོ་བྱ། དྲང་བ་ལྷག་མ་སོགས་སྤྱི་ལྟར་རོ། དགུང་ཐུན་དང་སྲོད་ཐུན་ལ་རྒྱུན་ཁྱེར་ཉི་ཟླའི་ཞགས་པ་འདོན་ལ་བསྙེན་བསྟོད་མཇུག་དགྲ་མནན་གྱི་བསྐུལ་བ་ནས་བཟུང་དགེ་བསྔོའི་བར་ནག་འགྲོས་སུ་འདོན། ཟུར་རྒྱན་མི་དགོས། རྒྱུན་ཁྱེར་གྱི་བཟོད་གསོལ་ནས་བཀྲ་ཤིས་བར་བྱའོ།། ཉིན་ཐ་མ་ཆོ་གའི་བསྙེན་བསྟོད་མཇུག་དགྲ་མནན་ཚར་གཅིག་འདོན། སྨད་ལས་སྐབས་སུ་བླ་རྡོ་གླང་ཁྲམ་སོགས་ཟུར་རྒྱན་མི་དགོས། དགྲ་མནན་དང་སྨད་ལས་འདོན་ཚུལ་ཉིན་སྔ་མ་ལྟར་ལ། ཞལ་བསྟབས་མཇུག ཟུར་རྒྱན་ལས། ཧཱུྃ་བྷྱོ། ང་ནི་གཏུམ་ཆེན་ཁྲོ་མོ་འོད་ཟེར་ཅན། ཞེས་པ་ནས་བཟུང་། རྟེན་འབྲེལ་ནག་པོའི་རབ་གནས་བཅས་འདོན། དེ་ནས་དགྲ་མནན་གྱི་ཐུན་གཏོར། དགེ་བསྔོ། དྲང་བ། བཟློག་པ་སོགས་སྤྱི་ལྟར་རོ།། ༧ གཏོར་མ་འཕང་རྗེས། མནན་པ་བྱེད་སར་ཕྱིན་ལ། རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་སོགས། སྡེ་བརྒྱད་མཆོད་པ་འདོད་གསོལ་བཅས་བཏང་། དགྲ་མནན་གྱི་གཟུ་དཔང་ནས་བཟུང་། ནྲི་ཏྲི་སྟཾ་བྷ་ཡ་ལཾ་ནན་བར། དེ་ནས་བསྟན་མ། བྲོ་མནན། ཟུར་རྒྱན་ལས། ཧཱུྃ་བྷྱོ། ང་ནི་རྒྱལ་ཀུན་བསྐྱེད་པའི་ཡུམ། སོགས། དགྲ་མནན་མཇུག་གི་ཧཱུྃ་བྷྱོ། དཔའ་མོ་འོད་ཟེར་ཅན་མ་ཡི། སོགས། དགེ་བསྔོ་བྱ། ནང་དུ་ལོག་ནས་རྒྱལ་དབྱངས་སོགས་ཆོ་གའི་མཇུག་བསྡུའོ།། ༧ ཉིན་ཆོག་བྱེད་ན། འོད་ཟེར་ཅན་མའི་ལས་བྱང་། ཚོགས་བསྐང་། ལྷག་མའི་མཇུག ལིང་ཁྲུས། ཆས་གཞུག མནན་པ་དང་ཟུར་རྒྱན་སྦྱར་ཏེ་གཏོང་། ཐུན་གཏོར་མཇུག་ཆད་བསྐུལ། ཆད་ཐོ། མནན་པ་བྱ། བསྟན་མ་སོགས་སྤྱི་ལྟར་རོ།