cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་ལྔ་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དབང་གི་ལྷ་མོའི་བརྒྱུད་འདེབས་དོན་ཡོད་ཞགས་པ།

དམ་ཆོས་ཡང་ཟབ་སྒྲོལ་མའི་ཐུགས་ཐིག་ལས༔ དབང་གི་ལྷ་མོའི་བརྒྱུད་འདེབས་དོན་ཡོད་ཞགས་པ་

བཞུགས༔ ཨེ་མ་ཧོ༔ རྒྱལ་ཀུན་སོར་རྟོག་ཡེ་ཤེས་ལྷ་ལམ་དུ༔ ཚད་མེད་ཐུགས་རྗེའི་

འོད་ཟེར་འབུམ་བརྡལ་ཞིང་༔ མཚན་གྱི་སྣང་བས་ལས་ཉོན་སྲིད་པའི་སྨག༔ སེལ་མཛད་བཅོམ་ལྡན་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་གཉིས་སྣང་སྲིད་ཞིའི་ཆོས༔ རང་རིག་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས༔ ཤེས་རབ་སྟོང་དབྱིངས་མཚན་དཔེའི་ཆ་གང་ཞིང་༔ འགྲོ་ཡིད་མཁའ་ལ་ཤར་བས་ཁམས་གསུམ་གྱི༔ དགེ་ལེགས་ཀུན་དའི་དགའ་ཚལ་ཅིག་ཅར་དུ༔ བཞད་མཛད་དབང་གི་ལྷ་མོ་རིག་བྱེད་མར༔ གསོལ་བ་འདེབས་སོ་བདག་གི་གདུལ་བྱའི་ཁམས༔ དབང་དུ་འདུས་ཤིང་གནོན་པར་བྱིན་གྱིས་རློབས༔ རྒྱལ་གསུང་ཐེག་ཆེན་གངས་ཀྱི་རི་བོའི་སྤོར༔ མཐའ་བྲལ་དབུ་མའི་སེང་གེའི་ང་རོ་ཡིས༔ ལོག་རྟོག་རི་སྐྱེས་མཐའ་དག་སྤ་བཀོང་བའི༔ འཛམ་གླིང་མཛེས་རྒྱན་ནཱ་གརྫུ་ན་ལ༔ གསོལ་བ་འདེབས་སོ་ཤེས་རབ་བདུད་རྩིའི་རོས༔ ཉོན་མོངས་ནད་ཀུན་འཇོམས་པར་བྱིན་གྱིས་རློབས༔ མཐའ་ཡས་རྒྱལ་བའི་མཁྱེན་བརྩེའི་ཆུ་མཚོ་ལས༔ རང་བྱུང་སྤྲུལ་པའི་སྐུ་མཆོག་མ་ཎི་ཀ༔ གང་གི་ཞབས་སེན་ཟླ་ཤེལ་འོད་དཀར་པོས༔ ལྷ་སྲིན་ཟིལ་གནོན་མཚོ་སྐྱེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་རང་སྣང་འཁྲུལ་བའི་ཆོས༔ རིག་པའི་ངང་དུ་འདུ་བར་བྱིན་གྱིས་རློབས༔ རྒྱལ་སྲས་ཟུར་ཕུད་ལྔ་བའི་ཐུགས་རྗེའི་རྒྱུན༔ སྔོན་སྨོན་མེས་པོའི་རལ་ཁྲོད་འབབ་སྟེགས་ལས༔ གངས་ཅན་སྡུག་བསྔལ་ཚ་གདུང་སེལ་བའི་གཉེན༔ ལྷ་སྲས་མཚུངས་མེད་ཚངས་པའི་མེ་ཏོག་ལ༔ གསོལ་བ་འདེབས་སོ་གཞན་སྣང་གདུལ་བྱའི་ཁམས༔ དུས་ཀུན་ཟིལ་གྱིས་གནོན་པར་བྱིན་གྱིས་རློབས༔ དབྱིངས་ཀྱི་རྒྱལ་མོ་དབྱིངས་ལས་མ་གཡོས་ཀྱང་༔ མཁར་ཆེན་རྒྱུད་དུ་མི་མོའི་ཟོལ་བསྟན་ནས༔ གསང་ཆེན་བསྟན་པའི་མཛོད་འཛིན་མཁའ་འགྲོ་མ༔ ཡེ་ཤེས་རྗེ་མོ་རྒྱལ་ཡུམ་མཚོ་རྒྱལ་མར༔ གསོལ་བ་འདེབས་སོ་བཀའ་གཏེར་གདམས་པའི་མེས༔ བདུད་སྡེའི་འབུད་ཤིང་འཇོམས་པར་བྱིན་གྱིས་རློབས༔ གསང་ཆེན་སྡུད་པོ་གསང་བདག་སྒྱུ་མའི་གར༔ ལོག་རྟོག་སྙིང་ལ་འཁྲི་བའི་མཚོན་རྣོན་པོས༔ བསྣུན་པའི་མོད་ལ་ལྡང་མེད་འགུམ་མཛད་པའི༔ ཕུར་པའི་གྲུབ་བརྙེས་དཔལ་གྱི་དབང་ཕྱུག་ལ༔ གསོལ་བ་འདེབས་སོ་བདུད་སྡེའི་གཡུལ་ངོ་ལས༔ རྣམ་རྒྱལ་རུ་མཚོན་བསྒྲེང་བར་བྱིན་གྱིས་རློབས༔ ཕྱོགས་མེད་ལྷ་དང་བླ་མར་དག་སྣང་སྦྱངས༔ ཁྱད་པར་མཚོ་སྐྱེས་ཞབས་པད་སྙིང་དབུས་བརྟེན༔ སྔོན་སྨོན་དགེ་བའི་བག་ཆགས་དུས་སུ་སྨིན༔ ཟོལ་མེད་རྒྱལ་སྲས་ལུང་རིག་གླིང་པ་ལ༔ གསོལ་བ་འདེབས་སོ་བཟང་ངན་འབྲེལ་ཐོགས་འགྲོ༔ ཐར་ལམ་སྣང་བས་དགེ་བར་བྱིན་གྱིས་རློབས༔ གསུང་གི་དབང་ཕྱུག་དབང་གི་ལྷ་མོར་སྤྲུལ༔ སྲིད་པའི་དབང་ཕྱུག་དབང་ཆེན་བཀའ་སྡུད་བཅས༔ དབང་གི་ཕྲིན་ལས་དབང་བཙན་ཁམས་གསུམ་ཀུན༔ དབང་མཛད་དབང་གི་དཀྱིལ་འཁོར་ལྷ་ཚོགས་ལ༔ གསོལ་བ་འདེབས་སོ་རང་གཞན་བདེན་ཞེན་ཆོས༔ བདེན་མེད་དབང་དུ་སྡུད་པར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བཏབ་ནུས་པས་མ་དག་ལུས༔ སྣང་སྟོང་ལྷ་སྐུ་ལས་རླུང་སྔགས་སུ་སྦྱངས༔ ཀུན་རྟོག་ཆོས་སྐུར་སྨིན་གྲོལ་ལམ་མཆོག་གིས༔ ཚེ་འདིར་སྐུ་བཞིའི་རྒྱལ་ཐབས་དབང་བསྒྱུར་ཤོག༔ ཅེས་པའང་རང་སློབ་དགེ་བའི་བཤེས་གཉེན་ས་ར་ཧི་ཏ་བྷ་དྲའི་དགྱེས་སྐོང་དུ༔ དགོངས་གཏེར་ཌཱཀྐིའི་གསང་མཛོད་ལ་དབང་བསྒྱུར་བ་སྤྲུལ་མིང་ལུང་རིག་གླིང་པས་ཐོལ་བྱུང་དུ་སྨྲས་པ་གཉིས་སྣང་འཁྲུལ་བའི་འགྲོ་ཁམས་གཉིས་མེད་བདེ་སྟོང་དགོངས་པའི་དབང་དུ་བསྡུས་ནས་དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱུར་གྱུར་ཅིག༔ དགེའོ། །དགེའོ། །དགེའོ།།

དབང་གི་ལྷ་མོའི་སྒྲུབ་པ་ཁམས་གསུམ་ཡིད་དབང་འགུགས་པའི་ལྕགས་ཀྱུ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ དབང་གི་ལྷ་མོའི་སྒྲུབ་པ་ཁམས་གསུམ་ཡིད་དབང་འགུགས་པའི་ལྕགས་ཀྱུ་བཞུགས༔

ན་མོ་པདྨ་ཌཱཀྐི་ཧཱུྃ༔ རྒྱལ་ཡུམ་གསུང་གི་ལྷ་མོར་འདུད༔ དེ་ཡི་སྒྲུབ་པའི་ཐབས་ཟབ་མོ༔ སྣང་བ་མཐའ་ཡས་ཐུགས་ཀློང་ནས༔ ལེགས་བརྒྱུད་ནཱ་གརྫུ་ན་ཡིས༔ མཁས་པ་པདྨ་ཐོད་ཕྲེང་ལ༔ སྙན་བརྒྱུད་ཐུགས་ཀྱིས་བརྣག་པའི་ཆོས༔ བདག་ཉིད་ཌཱཀྐིའི་རྗེ་མོ་ཡི༔ ཐུགས་དབྱིངས་སྟོང་གསལ་སྒྲོམ་དུ་སྦས༔ དུས་བབས་ལས་སྐལ་ལྡན་པ་ཡི༔ འགྲོ་ཕན་གཞན་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་སྦྱོར་དངོས་རྗེས་གསུམ་ལས༔ ཤིན་ཏུ་དབེན་ཞིང་ཉམས་དགའ་བ༔ ས་མདོག་དམར་ཅིང་སྣུམ་བག་ལྡན༔ དབང་གི་རྒྱུན་འབེབས་རྩི་ཤིང་རྒྱས༔ སྒྲུབ་པའི་གནས་སུ་ཤེས་པར་བྱ༔ བཀྲ་ཤིས་ས་ལ་གཞོན་ནུ་མའི༔ རྡུལ་གྱིས་ཆག་ཆག་བཏབ་པའི་སྟེང་༔ ཐིག་བརྒྱད་དཀྱིལ་འཁོར་སྤྱི་ལྟར་ལ༔ དབུས་སུ་ཟླ་གམ་པད་འདབ་བཞི༔ ལྕགས་ཀྱུ་པདྨ་དམར་པོའི་ཕྲེང་༔ ཚོམ་བུ་དབང་མདོག་ལྷ་ཡི་གྲངས༔ དབང་གི་གཏོར་མ་རྒྱན་ལྡན་པ༔ ལྕགས་ཀྱུ་ཧྲཱིཿཡིག་མཚན་པ་ལ༔ སྐུ་རྟེན་དར་དམར་གུར་གྱིས་བརྒྱན༔ ཚེས་བརྒྱད་ཤིས་པའི་དུས་སུ་བརྩམས༔ སྒྲུབ་པའི་དབང་ཐོབ་དམ་ཚིག་གཙང་༔ བསྟན་དང་འགྲོ་ལ་ཕན་པའི་ཕྱིར༔ དབང་གི་ཕྲིན་ལས་བསྒྲུབ་འདོད་པས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེ༔ ཧྲཱིཿ སངས་རྒྱས་ཆོས་དང་དགེ་འདུན་སྐྱབས་ཀུན་གྱི༔ བདག་ཉིད་རྗེ་བཙུན་བླ་མ་རིག་བྱེད་མ༔ སྒོ་གསུམ་གུས་པས་བྱང་ཆུབ་སྙིང་པོའི་བར༔ གཞན་དོན་སངས་རྒྱས་བསྒྲུབ་ཕྱིར་སྐྱབས་སུ་མཆི༔ ལན་གསུམ༔ སྨོན་འཇུག་སེམས་མཆོག་བསྐྱེད་པ་ནི༔ ཧྲཱིཿ རྒྱལ་ཀུན་གསུང་གི་ལྷ་མོ་ཁྱོད་བསྒྲུབས་ནས༔ མཐའ་ཡས་འགྲོ་ཀུན་སྲིད་པའི་སྡུག་བསྔལ་ལས༔ བདེ་ཆེན་ཡེ་ཤེས་མཆོག་གི་དབུགས་དབྱུང་ཕྱིར༔ བྱང་ཆུབ་སེམས་བསྐྱེད་ནམ་ཡང་བཏང་མི་བྱ༔ ལན་གསུམ༔ ཚོགས་ཞིང་སྤྱན་སྔར་ཚོགས་བསགས་ནི༔ ཧྲཱིཿ ཤེས་རབ་དབྱིངས་ལས་ཤར་བའི་དབང་གི་ལྷ༔ བདག་ལུས་དཔག་མེད་སྤྲུལ་ཏེ་གུས་ཕྱག་འཚལ༔ དངོས་བཤམས་ཡིད་སྤྲུལ་བླ་མེད་མཆོད་སྤྲིན་འབུལ༔ དངོས་གྲུབ་རྒྱུན་གཅོད་ཉེས་པའི་ཚོགས་ཀུན་བཤགས༔ ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་༔ ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་དོན་མཛད་རྣམས་བསྐལ་བརྒྱར་བཞུགས་གསོལ་འདེབས༔ འགྲོ་ཀུན་སངས་རྒྱས་འཐོབ་པར་བྱ་བའི་ཕྱིར༔ དུས་གསུམ་དགེ་ཚོགས་ཟག་མེད་དབྱིངས་སུ་བསྔོ༔ དེ་ནས་བགེགས་ཀྱི་གཏོར་མ་ནི༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ རང་ཉིད་དབང་ཆེན་རྒྱལ་པོ་ཡི༔ ང་རྒྱལ་བརྟན་པོས་བཀའ་བསྒོ་ནི༔ ཧྲཱིཿ འཁོར་འདས་བདག་གཞན་ཡེ་ནས་མ་གྲུབ་ཀྱང་༔ གཉིས་འཛིན་དབང་གིས་གནོད་བྱེད་ཀུན་བརྟགས་འདྲེ༔ ལན་ཆགས་བླ་གླུད་གཏོར་མས་ཚིམ་པར་གྱིས༔ གནས་འདིར་ཡང་དག་བྱང་ཆུབ་སྒྲུབ་པ་ལ༔ བར་གཅོད་མ་བྱེད་གཞན་དུ་འགྲོ་བར་གྱིས༔ གལ་ཏེ་བཀའ་དང་དམ་ལས་འདས་པ་ན༔ བདག་ཉིད་ཁྲོ་རྒྱལ་སྐུ་ལས་མེ་མཚོན་ཐུན༔ འཕྲོས་པས་རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་བསྐྲད༔ བསྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧྲཱིཿ སྟེང་འོག་ཕྱོགས་མཚམས་རིགས་ལྔའི་ཕྱག་མཚན་དང་༔ འཇིགས་བྱེད་ཁྲོ་བཅུ་མེ་དཔུང་འབར་བས་གཏམས༔ སྲུང་བའི་གུར་ཁང་རྡོ་རྗེའི་ཆོས་བདུན་ལྡན༔ ལོག་འདྲེན་ནམ་ཡང་རྒྱུ་བའི་སྐབས་མེད་གྱུར༔ ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿབཛྲ་ཀྲོ་ཏ་ཛྭ་ལ་རཀྵ་རཀྵ་བྷྲུཾ༔ དབྱིངས་ནས་བྱིན་ཆེན་དབབ་པ་ནི༔ སྤོས་བསྲེག་རོལ་མོ་གདུང་དབྱངས་ཀྱིས༔ ཧཱུྃ༔ སྟོང་ཆེན་དབྱིངས་ལས་ཤར་བའི་རྗེ་བཙུན་མ༔ རིག་བྱེད་དབང་གི་ལྷ་མོ་སྤྲུལ་འཁོར་བཅས༔ མཁའ་ལ་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟར༔ མཛེས་སྡུག་སྐུ་ཡི་གར་བསྒྱུར་ལམས་སེ་ལམ༔ ཚངས་དབྱངས་གསུང་གི་གླུ་ལེན་ཀྱུ་རུ་རུ༔ ཟིལ་གནོན་ཐུགས་ཀྱི་དགོངས་ཀློང་ཏ་ལ་ལ༔ གནས་འདིར་བདག་ཅག་སྐལ་ལྡན་འདུས་པའི་འཁོར༔ དམ་རྫས་སྨན་རཀ་ཉེར་སྤྱོད་ཡོ་བྱད་རྫས༔ སྐུ་གསུང་ཐུགས་རྟེན་གནས་དང་སྤྱན་གཟིགས་རྣམས༔ བདེ་ཆེན་ཞིང་གི་རྟེན་དང་བརྟེན་པ་རུ༔ ད་ལྟ་སྐད་ཅིག་ཉིད་ལ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་པདྨ་ཌཀྐི་ཧྲཱིཿཛྙཱ་ན་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ ཞེས་བརྗོད་རོལ་མོ་དྲག་ཏུ་དཀྲོལ༔ མཆོད་རྫས་བསངས་སྦྱངས་བྱིན་བརླབ་ནི༔ སྭ་བྷ་ཝཱ་ཡི་སྔགས་བརྗོད་ཅིང་༔ ཧྲཱིཿ སྟོང་པའི་ངང་ལས་རང་ཤར་རྟེན་འབྲེལ་རྫས༔ སྨན་གཏོར་རཀྟ་ཕྱི་ནང་མཆོད་པའི་ཚོགས༔ ཡེ་ཤེས་ཟག་མེད་ཀུན་ཏུ་བཟང་པོའི་འཕྲུལ༔ གཅིག་ལས་དུ་མར་འཆར་བའི་རྣམ་རོལ་ཅན༔ བློ་འདས་རྒྱལ་བའི་ཞིང་ཀུན་ཁྱབ་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་མ་ཧཱ་སརྦ་པཱུ་ཛ་ཨཱཿཧཱུྃ༔ དེ་ཡིས་སྔོན་འགྲོའི་ལས་རིམ་རྫོགས༔ ས་མ་ཡཱ༔ དངོས་གཞི་རྟེན་དང་བརྟེན་པར་བཅས༔ ཏིང་འཛིན་གསུམ་གྱིས་འདི་བཞིན་བསྐྱེད༔ ཧྲཱིཿ འདི་ལྟར་འཁྲུལ་བས་བསྡུས་པའི་སྣང་སྲིད་ཆོས༔ མ་སྐྱེས་མི་འགགས་སྤྲོས་པ་མེད་པའི་དབྱིངས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ༔ ཤེས་རབ་ཕ་རོལ་ཕྱིན་མ་དེ་ཀ་འོ༔ ཨོཾ་ཤུ་ནྱ་ཏ་ཛྙཱ་ན་སྭ་བྷ་ཝ་ཨཱཿ དེ་ལྟར་མ་རྟོགས་མཁའ་ཁྱབ་འགྲོ་བ་རྣམས༔ བདག་མེད་ཆོས་ལ་བདག་རྟོག་མཚན་མར་བཟུང་༔ སྲིད་གསུམ་དུཿཁ་དྲག་པོས་མནར་བ་ཀུན༔ སྐུ་གསུམ་འདུ་འབྲལ་མེད་ལ་འགོད་པར་བྱ༔ མ་ཧཱ་ཀ་རུ་ཎི་ཀ་ས་མ་དྷཱི་ཧཱུྃ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རང་རིག་ཧྲཱིཿ དྭངས་གསལ་པདྨ་རཱ་གའི་འོད་ཟེར་འབར༔ དེ་ལས་རཾ་ཡཾ་ཁཾ་འཕྲོས་དངོས་འཛིན་ཆོས༔ བསྲེགས་གཏོར་བཀྲུས་ཏེ་མི་དམིགས་སྟོང་པར་སྦྱངས༔ སླར་ཡང་ཧྲཱིཿ་ཡིག་སྟོང་ཆེན་ནམ་མཁའ་ལ༔ འོད་ཟེར་འཕྲིག་འགུལ་ཉི་མའི་སྙིང་པོ་ལྟར༔ འཁོར་འདས་དབང་བསྒྱུར་སྣང་སྲིད་ཟིལ་གྱིས་གནོན༔ ཨེ་ཡཾ་ཁཾ་རཾ་ལཾ་ཡིག་འཕྲོ་འདུ་ལས༔ ཨེ་ལས་ནམ་མཁའ་མཐིང་ནག་བློ་འདས་དབྱིངས༔ ཡཾ་ལས་རླུང་དཀྱིལ་ལྗང་ནག་རྒྱ་གྲམ་དབྱིབས༔ ཁཾ་ལས་ཆུ་མཚོ་དཀར་པོ་ཟླུམ་པོར་འཁྱིལ༔ རཾ་ལས་དམར་གསལ་མེ་རི་ཕྱི་ནས་འཁྲིགས༔ ལཾ་ལས་ས་གཞི་པདྨ་དམར་པོའི་མདངས༔ སོར་རྟོག་ཡེ་ཤེས་རང་རྩལ་བདེ་ཆེན་ཞིང་༔ དེ་སྟེང་ཁ་དོག་ལྔ་ལྡན་བྷྲུཾཿཡིག་ལས༔ རིན་ཆེན་ཕོ་བྲང་ཤར་ཤེལ་ལྷོ་བཻཌཱུར༔ ནུབ་ཕྱོགས་བྱུ་རུ་བྱང་ཕྱོགས་ཨིནྡྲ་ནཱི༔ དབུས་ཉིད་ཟླ་གམ་དམར་པོ་འོད་དུ་འབར༔ དེ་ཕྱིར་སྣ་ཚོགས་པདྨ་འདབ་བཞི་མཛེས༔ སྒོ་གྲུ་རྟ་བབས་འདོད་རྣམས་ཕ་གུ་དང་༔ དྲྭ་ཕྱེད་ཤར་བུ་མདའ་ཡབ་ཆོས་འཁོར་གདུགས༔ ཐབས་ཤེས་ཟུང་འཇུག་རི་དྭགས་ཕོ་མོས་མཚན༔ མཁའ་ལས་ཧྲཱིཿདམར་དབུས་ཀྱི་ཟླ་གམ་སྟེང་༔ པདྨ་ཉི་མ་དབང་ཕྱུག་ཁྱོ་ཤུག་དང་༔ འཇིགས་བྱེད་དུས་ཀྱི་སྒྲ་གཅན་བསྣོལ་བའི་ཁར༔ མ་བཅོས་རང་བྱུང་སྐད་ཅིག་དྲན་རྫོགས་སུ༔ པདྨ་ཌཱཀྐི་ཀུ་རུ་ཀུལླེ་དམར༔ ཁྲོ་འཛུམ་རྔམ་བཞད་ཞལ་གྱི་མཆེ་བ་གཙིགས༔ ཕྱག་བཞིའི་དང་པོ་གཉིས་ཀྱི་པདྨ་ཡི༔ ལྕགས་ཀྱུ་ཞགས་པ་དེ་འོག་མེ་ཏོག་མདའ༔ ཨུཏྤལ་གཞུར་འགེངས་ཞབས་གཉིས་འདོར་སྟབས་བགྲད༔ དར་སྔོན་སྟོད་གཡོགས་ལྗང་ཁྲའི་སྨད་དཀྲིས་ཀླུབས༔ རིན་ཆེན་དབུ་རྒྱན་ཨུཏྤལ་དོ་ཤལ་དང་༔ ནོར་བུའི་སྙན་རྒྱན་དབུ་སྐྲ་འཕྱང་འཕྲུལ་ལ༔ མུ་ཏིག་ཟར་ཚག་དབང་སྔོན་གཙུག་རྒྱན་རྔམ༔ མདུན་གཡས་བཀའ་སྡོད་མ་ཧཱ་དེ་ཝ་དམར༔ གཅེར་བུ་ལིང་ག་བསྒྲེང་ཞིང་བདེ་ཉམས་རྒྱས༔ དར་གྱི་སྟོད་གཡོགས་རིན་ཆེན་རྒྱན་ཆས་བརྗིད༔ སྤྱི་བོར་ཟླ་ཚེས་གཡོན་མདུན་ཨུ་མ་དམར༔ ལྷ་མོའི་ཆ་བྱད་གཉིས་ཀས་ཁམས་གསུམ་གྱི༔ སྐྱེ་འགྲོའི་ཡིད་འགུགས་ལྕགས་ཀྱུ་ཞགས་པ་འཛིན༔ སྤྱི་བོར་རིགས་བདག་པདྨ་ཧེ་རུ་ཀ༔ སྐུ་མདོག་དམར་པོ་ཁྲོ་བོའི་ཆ་བྱད་ཅན༔ གཡས་པས་པད་ཕྲེང་གཡོན་པས་དབང་གི་རྒྱ༔ རྟ་སྐད་རྔམ་འཚེར་དེ་ཡི་སྤྱི་བོ་རུ༔ སྣང་མཐའ་སྤྲུལ་སྐུའི་ཆ་ལུགས་མཚན་དཔེ་འབར༔ གཙོ་མོའི་ཐུགས་ཀར་ཉི་སྟེང་པདྨ་དམར༔ འདབ་བརྒྱད་ལྟེ་བར་ཧྲཱིཿལས་སྔགས་འབྲུས་བསྐོར༔ དེ་ལས་ཛ་ཧཱུྃ་བཾ་ཧོ་བཞི་སྤྲོས་པས༔ ཤར་དུ་ཁམས་གསུམ་བླ་ཡིད་འགུགས་བྱེད་མ༔ ལྷོ་རུ་སྲིད་གསུམ་སྣང་སེམས་འཆིང་བྱེད་མ༔ ནུབ་ཏུ་ཆེ་བཙན་ཡིད་དབང་རྨོངས་བྱེད་མ༔ བྱང་དུ་ཁེངས་ལྡན་འདོད་པས་མྱོས་བྱེད་མ༔ ཀུན་ཀྱང་དབང་མདོག་གཅེར་བུ་ཆགས་པའི་ཉམས༔ བདེ་བའི་གར་འཁྱུགས་ལྕགས་ཀྱུ་ཞགས་པ་བསྣམས༔ དབུ་སྐྲ་ཕྱམ་འགྲོལ་ཨུཏྤལ་དོ་ཤལ་དང་༔ དར་གྱི་སྟོད་གཡོགས་སྙན་རྒྱན་ནོར་བུས་སྤྲས༔ དེ་མཐར་ལྷ་དང་དྲང་སྲོང་དབང་གི་ལྷ༔ ཀུན་ཀྱང་རྗེ་ཡི་འཁོར་དུ་འབངས་བསྡུས་བཞིན༔ ཁབ་ལེན་རྡོ་དང་ལྕགས་ཕྱེའི་སྣང་ཚུལ་ལྟར༔ རང་དབང་བྲལ་བས་བྲན་དུ་འཁོད་པར་བསམ༔ དེ་ནས་དབང་བསྐུར་རྒྱས་གདབ་ནི༔ ཧྲཱིཿ གཙོ་འཁོར་གནས་ལྔར་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ལས་འོད་འཕྲོས་རིགས་ལྔ་ཡབ་ཡུམ་བཅུ༔ སྤྱན་དྲངས་ཡེ་ཤེས་དབང་བསྐུར་གསོལ་བཏབ་པས༔ ཀུན་གྱི་ཐུགས་ནས་ཡུམ་སྤྲོས་བུམ་པའི་ཆུས༔ གློ་བུར་སྒྲིབ་གཉིས་བཀྲུས་ཤིང་ཡེ་ཤེས་ལྔའི༔ དབང་རྟགས་སྣང་མཐའ་བླ་མའི་ངོ་བོ་རུ༔ བཞུགས་པ་ཁམས་གསུམ་སྲིད་ཞིའི་དབང་ཕྱུག་ཆེ༔ འཁྲུལ་མེད་རྒྱལ་ཀུན་སྤྱི་དཔལ་ཆེན་པོར་གྱུར༔ དེ་ནས་ཡེ་ཤེས་ལྷ་ཚོགས་རྣམས༔ སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ ཧྲཱིཿ སྐྱེ་འགག་གཉིས་མེད་ཆོས་སྐུ་བདེ་བ་ཆེ༔ གཤེགས་བྱོན་སྐྱེ་བྲི་མེད་པར་རྟག་བཞུགས་ཀྱང་༔ རང་དབང་མངོན་དུ་མ་གྱུར་ཁམས་གསུམ་འགྲོ༔ ཚད་མེད་སྙིང་རྗེས་སྒྲོལ་ཕྱིར་སྤྱན་འདྲེན་གཤེགས༔ ཧྲཱིཿ རྒྱལ་ཀུན་སོར་རྟོག་ཡེ་ཤེས་རང་རྩལ་ལས༔ ཆགས་མེད་ཆགས་པ་ཆེན་པོའི་ཚུལ་བསྟན་ནས༔ བསྟན་འགྲོའི་ཕན་བདེ་སྤེལ་མཛད་དབང་གི་ལྷ༔ བཅོམ་ལྡན་རིག་བྱེད་དབང་མོ་གཤེགས་སུ་གསོལ༔ ཁམས་གསུམ་མོ་རྒྱུད་ཆགས་པའི་སྒྱུ་ཐབས་ཀྱིས༔ རང་དབང་བརྟན་པ་བྲལ་བར་དབང་བསྡུས་ནས༔ ཟག་མེད་བདེ་ལ་འགོད་མཛད་སྙིང་རྗེའི་གཏེར༔ ལྷ་ཆེན་མ་ཧཱ་དེ་ཝ་གཤེགས་སུ་གསོལ༔ སྲིད་གསུམ་ཕོ་རྒྱུད་དཔའ་ཟིལ་རབ་བཅོམ་ནས༔ དཀའ་ཐུབ་བརྟན་པ་ཟློག་བྱེད་ལང་ཚོའི་དཔྱིད༔ གདུལ་དཀའི་བློ་སེམས་འགུགས་མཛད་ཆགས་པའི་ཡུམ༔ བཙུན་མོ་ཨུ་མ་དེ་ཝི་གཤེགས་སུ་གསོལ༔ ཁམས་གསུམ་སྣོད་བཅུད་སྐྱེ་རྒུའི་བླ་ཡིད་སེམས༔ འགུགས་འཆིང་རྨོངས་དང་མྱོས་བྱེད་ཕྲ་མེན་མ༔ དགའ་སྤྲོ་དངས་བའི་ཚུལ་གྱིས་སྤྱན་འདྲེན་ན༔ གང་འདོད་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ རྒྱལ་ཀུན་ཐུགས་ཀྱི་བདག་ཉིད་སྣང་མཐའ་ཡས༔ འཁོར་འདས་ཡོངས་ལ་དབང་བསྒྱུར་ཧྱཱ་གྷྲི༔ གཞན་ཡང་དབང་གི་ལྷ་ཚོགས་གཙོ་དང་འཁོར༔ མཆོག་ཐུན་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་ཧྱཱ་གྷྲི་ཝ་པདྨ་ཌཀྐཱི་ནི་ཛཿཧཱུྃ་བཾ་ཧོ་བཛྲ་ས་མ་ཡཱ་ཛ་ཛ༔ བརྟན་པར་བཞུགས་སུ་གསོལ་བ་ནི༔ ཧྲཱིཿ དབྱིངས་ནས་དྲངས་པའི་ཤེས་རབ་སྤྲུལ་པའི་ལྷ༔ ཐབས་ཀྱིས་བསྐྱེད་པའི་གཞན་དབང་མཚན་མའི་སྐུར༔ ཡེ་ནས་འདུ་འབྲལ་མེད་ཀྱང་རིམ་གཉིས་ཀྱིས༔ ཚོགས་རྫོགས་དངོས་གྲུབ་སྩོལ་ཕྱིར་བརྟན་པར་བཞུགས༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ གུས་པས་བརྡ་ཕྱག་འཚལ་བ་ནི༔ ཧྲཱིཿ ཀུན་ཏུ་རྨོངས་པས་སྲིད་པར་འཁྱམས་པའི་འགྲོ༔ བདེ་ཆེན་ཞིང་གི་དཔལ་དང་ཡོན་ཏན་ལ༔ མངོན་པར་སྤྱོད་ནས་སྟོབས་བཅུ་ཡོངས་རྫོགས་ཕྱིར༔ བདག་རྟོག་ང་རྒྱལ་བྲལ་བས་བརྡ་ཕྱག་འཚལ༔ ཁམས་གསུམ་འགྲོ་ཀུན་སྐུ་གསུམ་ཞིང་ཁམས་སུ༔ མངོན་པར་སྒྲོལ་མཛད་དབང་གི་ལྷ་མོ་ཡི༔ རང་མདངས་སྤྲུལ་འཁོར་མ་ལུས་ཡོངས་རྫོགས་ལ༔ དམིགས་མེད་རང་མདངས་ལྟ་བའི་ཀློང་དུ་འདུད༔ མ་ཧཱ་གུ་རུ་ཀུ་རུ་ཀུལླེ་ན་མོ་ན་མ་ཡ་དྷཱི༔ ཕྱི་ནང་མཆོད་པའི་སྤྲིན་ཚོགས་འབུལ་བ་ལ༔ དང་པོ་ཕྱི་མཆོད་རྣམ་ལྔ་གུས་པས་འབུལ༔ ཧྲཱིཿ ཡིད་འོང་འདབ་སྟོང་མེ་ཏོག་ཀུན་ཏུ་མཛེས༔ ལྷན་སྐྱེས་སྦྱར་བྱུང་བསུང་ཞིམ་མངར་བའི་དྲི༔ རང་བྱུང་རྫས་ཀྱི་སྣང་གསལ་མུན་པ་སེལ༔ བཟང་པོའི་སྨན་དང་སྦྱར་བའི་དྭངས་བསིལ་ཆུ༔ རོ་བརྒྱ་ནུས་ལྡན་འཆི་མེད་བདུད་རྩིའི་ཟས༔ སྙན་འཇེབས་ཡིད་འཕྲོག་སྒྲ་སྙན་རོལ་མོའི་ཚོགས༔ དབང་མཛད་ལྷ་མོ་འཁོར་དང་བཅས་ལ་འབུལ༔ བཞེས་ནས་བཀྲེན་ཅན་བསོད་ནམས་མི་ལྡན་པའི༔ བདག་སོགས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་བར༔ མངོན་མཐོའི་འབྱོར་བས་འཚོ་བའི་དངོས་གྲུབ་སྩོལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿས་པཱ་རི་ཝཱ་རི་ཨརྒྷཾ་ནས་ཤཔྟ་མ་ཧཱ་པཱུ་ཛ་པྲ་ཏིཥྩ་ཡེ་སྭཱ་ཧཱ༔ ནང་མཆོད་ཐོག་མར་སྨན་སྦྲེང་འདི་སྐད་དོ༔ ཧྲཱིཿ རང་བྱུང་བདེ་བ་ཆེན་པོའི་ཐོད་སྣོད་དུ༔ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བའི༔ འཆི་མེད་བདུད་རྩི་སྨན་གྱི་མཆོད་པ་འདི༔ རྩ་གསུམ་དབང་གི་ལྷ་ལ་མཆོད་པར་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྤྲོ་ན་བརྒྱུད་པའི་སྨན་མཆོད་སྦྱར༔ མཐེབ་སྲིན་གྱིས་བླངས༔ གནས་གསུམ་དུ་གཏུགས༔ ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཧྲཱིཿ རཀྟའི་མཆོད་པ་འབུལ་བ་ནི༔ ཧྲཱིཿ རང་བྱུང་ཡུམ་གྱི་མཁའ་དབྱིངས་སྣོད་མཆོག་ཏུ༔ བདེ་སྟོང་ཟུང་འཇུག་དབང་རྫས་ལི་ཁྲིའི་རྡུལ༔ ཆགས་མེད་ཆགས་པའི་རྫས་མཆོག་དམ་པ་འདི༔ རིག་བྱེད་ལྷ་མོའི་དཀྱིལ་འཁོར་ལྷ་ལ་འབུལ༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ དམ་རྫས་གཏོར་མའི་མཆོད་པ་ནི༔ ཧྲཱིཿ ཟབ་ཡངས་རིན་ཆེན་སྣ་ཚོགས་གཏོར་གཞོང་དུ༔ འབྲུ་སྨན་དཀར་མངར་ཤ་ཁྲག་གཏོར་མ་བཤམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་བདེན་པའི་མཐུས༔ དབང་གི་ལྷ་མོ་སྤྲུལ་བར་བཅས་ལ་འབུལ༔ མ་ཧཱ་བྷ་ལིངྟ་ཁ་རཾ་ཁཱ་ཧི༔ གསང་བ་སྦྱོར་སྒྲོལ་དོན་དམ་མཆོད་པ་ལས༔ དང་པོ་སྦྱོར་མཆོད་བདེ་བའི་ངང་དུ་འབུལ༔ ཧྲཱིཿ ཆགས་ཅན་ཡིད་འགུགས་རིགས་ལྔའི་ཕྱག་རྒྱ་མར༔ འདུ་ཤེས་གསུམ་ལྡན་བདེ་མཉམ་སྦྱོར་བའི་བཅུད༔ ཉི་ཟླའི་དྭངས་མ་གཅིག་ཏུ་འདྲེས་པའི་རྫས༔ སྣང་སྲིད་ཟག་མེད་དཀྱིལ་འཁོར་ལྷ་ལ་འབུལ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ མ་ཧཱ་སུ་ཁ་བྷོ་དྷི་ཙིཏྟ་པུ་ཛ་ཧོ༔ ལོག་འདྲེན་སྒྲོལ་ཕྱིར་བསྒྲལ་མཆོད་འབུལ་བ་ནི༔ ཧྲཱིཿ ལྷན་སྐྱེས་མ་རིག་སྲིད་པའི་དགྲ་བགེགས་རྣམས༔ སྐུ་གསུམ་རྟོག་བྲལ་བྲུབ་ཁུང་འབར་བར་བཀུག༔ ལྷ་སྔགས་ཏིང་འཛིན་ཡེངས་མེད་མཚོན་ཆས་བསྒྲལ༔ དབང་མཛད་དཀྱིལ་འཁོར་ལྷ་ཚོགས་དགྱེས་ཕྱིར་འབུལ༔ མ་ཧཱ་ཏ་ན་སརྦ་པུ་ཙ་ཧོ༔ དབྱིངས་རིག་གཉིས་མེད་གསང་མཆོད་ནི༔ ཧྲཱིཿ དམིགས་མེད་རང་བྱུང་སྤྲོས་བྲལ་དབྱིངས་ཀྱི་ཀློང་༔ ཟག་བྲལ་འཕོ་མེད་རིག་པའི་ཡེ་ཤེས་ཆེ༔ ཅིར་ཡང་འདུ་འབྲལ་མེད་པ་མཆོད་པའི་མཆོག༔ ཐམས་ཅད་གཏན་མེད་རང་གྲོལ་ངང་དུ་འབུལ༔ མ་ཧཱ་དྷརྨ་དྷརྟུ་པུ་ཛ་ཨཱཿཧཱུྃ༔ དེ་ནས་སྒོ་གསུམ་གུས་པས་བསྟོད་པ་ནི༔ ཧྲཱིཿ སྲིད་དང་ཞི་བའི་ཆོས་ཁམས་མ་ལུས་པ༔ ཀུན་ཀྱང་བློ་ཡིས་བཏགས་པའི་འཁྲུལ་བའི་རྩལ༔ རང་བཞིན་མེད་པ་དབྱིངས་ཀྱི་མཁའ་ཀློང་དུ༔ སྡུད་མཛད་ཆགས་བྲལ་དབང་གི་ལྷ་མོར་བསྟོད༔ སྐུ་མདོག་དམར་མོ་འོད་དང་གཟི་བརྗིད་འབར༔ ཐིག་ལེ་ཉག་གཅིག་ཁྲོ་འཛུམ་ཆགས་པའི་ཞལ༔ ཚད་མེད་ཕྱག་བཞིས་འགྲོ་ཁམས་དབང་དུ་སྡུད༔ བཅོམ་ལྡན་འདས་མ་རིག་བྱེད་དབང་མོར་བསྟོད༔ དབང་གི་ལྕགས་ཀྱུས་འགུགས་ཤིང་ཞགས་པས་འཆིང་༔ ཨུཏྤལ་མདའ་གཞུས་སྐྱེ་རྒུའི་སྙིང་རྩ་འདར༔ སྲིད་ཞིར་མི་གནས་སྒྲ་གཅན་གདན་དུ་བརྫིས༔ འཁོར་འདས་སྤྱི་དཔལ་གསུང་གི་བདག་མོར་བསྟོད༔ དབང་ཕྱུག་ཆེན་པོས་མོ་རྒྱུད་བྲན་དུ་འཁོལ༔ ཨུ་མ་དེ་ཝས་ཕོ་རྒྱུད་ལས་ལ་མངགས༔ རིགས་བཞིའི་ཕྲ་མེན་གླིང་བཞིའི་ཕྱྭ་གཡང་སྡུད༔ འཇིག་རྟེན་དྲེགས་པའི་རྗེ་བོར་སྟོན་ལ་འདུད༔ རིགས་ཀྱི་ཁྲོ་བོ་དབང་གི་རྟ་སྐད་འཚེར༔ ལོག་འདྲེན་ཚར་གཅོད་ས་ལམ་བར་ཆད་སེལ༔ མཐའ་ཡས་འོད་ལྡན་རྒྱུད་དྲུག་འགྲོ་ཀུན་སྒྲོལ༔ བདེ་ཆེན་དབང་གི་ལྷ་ལ་ཕྱག་འཚལ་བསྟོད༔ གཞན་ཡང་དབང་གི་ལས་ཀྱིས་བསྟན་དང་འགྲོར༔ བདེ་སྐྱིད་སྤེལ་ཅིང་ཉེས་ཀུན་སེལ་མཛད་པའི༔ ལྷ་དང་སྲུང་མ་དམ་ཅན་རྒྱ་མཚོ་ལ༔ སྒོ་གསུམ་གུས་པ་ཆེན་པོས་བསྟོད་པར་བགྱི༔ འདོད་པའི་དོན་ལ་གསོལ་བ་འདི་བཞིན་འདེབས༔ ཧོ༔ དགོངས་ཤིག་བཅོམ་ལྡན་འདས་མ་དབང་གི་ལྷ༔ བསྟན་འགྲོར་ཕན་པའི་དམ་བཅའ་ལྷུར་བླངས་ཏེ༔ རྩེ་གཅིག་སེམས་ཀྱིས་འཕགས་མ་ཁྱོད་སྒྲུབ་ན༔ དགྱེས་པའི་ཞལ་བསྟན་བརྩེ་བའི་ཐུགས་ཀྱིས་དགོངས༔ སྐྱེ་རྒུ་དབང་སྡུས་བདག་གི་བྲན་དུ་ཁོལ༔ ཟས་གོས་འབྲུ་ནོར་བུ་དཔལ་རིགས་རྒྱུད་འཁོར༔ ཐམས་ཅད་མ་ལུས་ཡིད་ལ་འདོད་པའི་དོན༔ ནོར་བུའི་གཏེར་བཞིན་ཐོགས་མེད་དེང་སྩོལ་ཅིག༔ ཅེས་དང་འཛབ་བཟླས་ཀྱི་དམིགས་པ་ལ༔ བསྙེན་དང་སྒྲུབ་པ་ལས་ལ་སྦྱོར༔ དང་པོ་བསྙེན་པའི་རིམ་པ་ནི༔ བདག་ཉིད་དབང་གི་ལྷ་མོའི་ཐུགས་ཀ་རུ༔ ཉི་དཀྱིལ་སྟེང་དུ་པདྨ་འདབ་བརྒྱད་དམར༔ ལྟེ་བར་ཧྲཱིཿདམར་མར་མེ་ལྟ་བུར་གསལ༔ སྔགས་འབྲུ་གཡོན་བཀོད་འོད་ཟེར་གཡས་སུ་འཁོར༔ ཡེངས་མེད་སྔགས་ཀྱི་རྒྱལ་པོ་འདི་ཉིད་བཟླ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ རྡོ་རྗེའི་བཟླས་དང་ཡིད་བཟླས་བྱ༔ དེ་ནས་ཤུབ་བུར་བཟླ་བར་བྱ༔ གྲངས་བསྙེན་འབྲུ་འབུམ་ལས་སུ་རུང་༔ དུས་བསྙེན་ཟླ་བ་བརྒྱད་དུ་འོ༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ རྟགས་ནི་ཞལ་མཐོང་གསུང་ཐོས་དང་༔ རྨི་ལམ་ཁྲོམ་འདུ་ཉི་ཟླ་འཆར༔ དར་ཕྱར་དུང་འབུད་ཁྲི་ལ་འདུག༔ བུད་མེད་བཟང་མོས་ཟས་གོས་སྟེར༔ རིག་བྱེད་འགྲུབ་ལ་ཉེ་བའི་རྟགས༔ ས་མ་ཡཱ༔ སྒྲུབ་པའི་བསྙེན་དམིགས་འདི་ལྟར་རོ༔ རང་ཉིད་ལྷ་མོའི་ཐུགས་ཀར་པད་ཉིའི་སྟེང་༔ རྟ་མཆོག་རྒྱལ་པོ་ཁྲོ་འཛུམ་འདོར་སྟབས་བགྲད༔ རྒྱན་མེད་པད་ཕྲེང་དབང་རྒྱས་ལྕགས་ཀྱུ་གདེངས༔ རལ་ཁྲོད་རྟ་སྐད་སྒྲ་ཡིས་ཁམས་གསུམ་འགུགས༔ དེ་ཡི་ཐུགས་དབུས་ཙིཏྟ་པད་རཱ་གའི༔ རྡོ་རྗེ་རྩེ་ལྔའི་ཁོང་གསེང་ཉི་མའི་སྟེང་༔ ཧྲཱིཿདམར་མཐའ་ལ་སྔགས་འབྲུ་གཡས་སུ་འཁོར༔ གསལ་སྣང་བརྟན་པོས་སྒྲུབ་པའི་སྔགས་འདི་བཟླ༔ ཨོཾ་ཧྲཱིཿཧྱ་གྷྲི་ཝ་ཀུ་རུ་ཀུལླེ་པ་ཤཾ་སིདྡྷི་ཧཱུྃ༔ ཞེས་པ་འབུམ་ཕྲག་དྲུག་ཏུ་བཟླ༔ དངོས་ཉམས་ལུས་འདར་སེམས་འཕྱོ་དང་༔ རྨི་ལམ་རྟ་སྐད་འཚེར་དང་གཞན༔ ཆེ་བཙན་འདུ་སོགས་རྟགས་མང་འབྱུང་༔ རེ་དོགས་མེད་པར་སྲིད་ཞིའི་ཆོས༔ མཉམ་པར་བརྡལ་བའི་ངང་མདངས་བསྐྱངས༔ ས་མ་ཡཱ༔ ལས་སྦྱོར་དམིགས་པ་འདི་ལྟ་སྟེ༔ རང་ཉིད་དབང་གི་ལྷ་མོའི་ཐུགས་ཀ་རུ༔ རྟ་མཆོག་ཐུགས་ཀར་ཧྲཱིཿདམར་སྔགས་ཕྲེང་འཁོར༔ འོད་ཟེར་ཡར་འཕྲོས་མཆོད་པའི་ལྷ་མོ་ཡིས༔ རྒྱལ་བ་མཆོད་ཅིང་སྐུ་གསུང་ཐུགས་ཀྱི་དབྱིག༔ དངོས་གྲུབ་འབྲུ་གསུམ་རྣམ་པར་ཚུར་བསྡུས་ནས༔ བདག་ཐིམ་རྒྱལ་ཀུན་སྤྱི་མེས་ཡུམ་ཆེན་མོར་གྱུར༔བསམ་བཟླས་པའི་སྔགས་འདི་ནན་ཏན་བྱ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ ཧྱ་གྷྲི་ཝ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་༔ སླར་ཡང་འོད་ཟེར་དམར་པོ་ནི༔ གློག་ཞགས་ལྟར་མྱུར་འགྲོ་བ་ཡོངས་ལ་ཕོག༔ ཀུན་ཀྱང་བདག་ལ་མོས་ཤིང་དབང་འདུས་ནས༔ ཐམས་ཅད་རིག་བྱེད་ལྷ་མོའི་གསང་གསུམ་དང་༔ དབྱེར་མེད་བདེ་བ་ཆེན་པོའི་ངང་མདངས་བསྐྱངས༔ གོང་གི་སྔགས་དེ་འབྲུ་འབུམ་རེ༔ ཆགས་པའི་སེམས་ཀྱིས་བཟླ་བར་བྱ༔ གཞན་ཡང་དབང་སྡུད་ལས་སྦྱོར་གྱི༔ དམིགས་གནད་ཟུར་གསལ་དག་ལས་ཤེས༔ ས་མ་ཡཱ༔ རྗེས་སུ་ཚོགས་ཀྱི་རིམ་པ་ནི༔ སྲིད་པའི་འདོད་ཡོན་བཟའ་བཏུང་རིགས༔ ཤིང་ཏོག་ཤ་ཆང་དཀར་མངར་ཟས༔ བདུད་རྩིས་བསངས་སྦྱངས་སྔགས་ཀྱིས་བརླབས༔ ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ནས་རཾ་ཡཾ་ཁཾ༔ འཕྲོས་པས་མ་དག་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩི་ལྔ༔ རྩ་གསུམ་ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། ཚོགས་ཞིང་ལྷ་ཚོགས་སྤྱན་འདྲེན་བྱ་བ་ནི༔ ཧྲཱིཿ བདེ་ཆེན་དབང་གི་དཀྱིལ་འཁོར་ཡངས་པ་ནས༔ བདེ་སྟོང་དབྱེར་མེད་བཅོམ་ལྡན་རིག་བྱེད་མ༔ རིགས་ཀྱི་བདག་པོ་རྟ་མཆོག་སྣང་མཐའ་ཡས༔ བཀའ་སྡོད་སྤྲུལ་འཁོར་མ་ལུས་དབྱིངས་ནས་བཞེངས༔ ཞལ་ཟས་འདོད་ཡོན་ཚོགས་ཀྱི་དགའ་སྟོན་ལ༔ སྐྱེ་མེད་ཀློང་ནས་འགགས་མེད་ཚུལ་གྱིས་གཤེགས༔ འདིར་འཚོགས་སྐལ་ལྡན་ཕོ་མོ་དམ་རེ་གཙང་༔ ཚོགས་ཁང་སྤྲུལ་པའི་གྲོང་ཁྱེར་བཀོད་རེ་ལེགས༔ ཚོགས་རྫས་ཡོ་བྱད་སྣ་ཚོགས་དྭངས་རེ་སྤྲོ༔ འདིར་གཤེགས་རྡོ་རྗེའི་གླུ་གར་དགྱེས་པར་རོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་ཧྲཱིཿ བཛྲ་ས་མ་ཡཱ་ཛ་ཛཿ དེ་ནས་ཚོགས་ཀྱི་བསྐང་བ་བྱ་བ་ནི༔ སྨན་རཀ་གཏོར་མ་མར་མེ་རྣམ་བཞི་པོ༔ བརྒྱའམ་ཉེར་གཅིག་གང་འཛོམས་རིག་མའམ༔ མཚན་ལྡན་བུ་མོས་བཏེགས་ཏེ་འབུལ་བར་བྱ་༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་ཀུན་བཟང་གི༔ མཆོད་པའི་སྤྲིན་གྱིས་རྒྱལ་བའི་ཞིང་ཁམས་ཀུན༔ ཁྱབ་པར་བསམ་ལ་སྙན་པའི་དབྱངས་དང་བཅས༔ ཧྲཱིཿ བཀའ་དྲིན་རྨད་དུ་བྱུང་བའི་དཀྱིལ་འཁོར་ནས༔ སྣང་བ་མཐའ་ཡས་པདྨ་རིགས་ཀྱི་གཙོ༔ རྟ་མཆོག་རྒྱལ་པོ་འཁོར་འདས་ཡོངས་ཀྱི་དཔལ༔ དབང་གི་ལྷ་མོས་འགྲོ་ཁམས་ཟིལ་གྱིས་གནོན༔ ཀླུ་སྒྲུབ་སྙིང་པོ་གསུང་གི་གྲུབ་བརྒྱའི་གཙོ༔ པདྨ་འབྱུང་གནས་གངས་ཅན་ཕན་བདེའི་སྲོག༔ དགོངས་ཤིག་རྩ་བ་བརྒྱུད་པའི་བླ་མ་རྣམས༔ མི་མངོན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་འབུལ༔ ཉམས་ཆག་ཉེས་ཀུན་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཧྲཱིཿ ཁྱད་པར་ཐུགས་དམ་བསྐང་བའི་རྫས་ཀྱི་མཆོག༔ རྟོག་མེད་བདེ་སྐྱོང་འཁོར་ལོའི་སྣོད་མཆོག་ཏུ༔ ཟག་བྲལ་རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ རྒྱུ་དྲུག་རྩ་བ་ཆགས་པའི་སིནྡྷུ་ར༔ དུག་ལྔ་སེར་སྣ་དབྱིངས་གྲོལ་དམར་ཆེན་པོ༔ ཕྱི་ནང་གསང་བའི་དམ་རྫས་འབྲུ་སྨན་བཅུད༔ གང་འདོད་དམིགས་པའི་གཏེར་འབྱུང་བྷ་ལིངྟ༔ སྐུ་ཡི་དམ་ཚིག་ཉམས་པ་དབྱིངས་སུ་བསྐང་༔ བརྟན་གཡོ་སྣོད་བཅུད་མུན་སེལ་འོད་དུ་གསལ༔ ཡེ་ཤེས་ལྔ་ལྡན་ཞུན་ཆེན་སྒྲོན་མེ་འབར༔ ཐུགས་དམ་བསྐང་བའི་རྫས་མཆོག་འདི་དག་གིས༔ བདག་ལུས་འགྱུར་མེད་ལྷ་སྐུར་བྱིན་གྱིས་རློབས༔ སེམས་ཅན་ཀུན་གྱི་ལུས་ལ་དབང་བསྒྱུར་ནས༔ བདག་གི་བྲན་དུ་ཁོལ་ལ་ཟིལ་གྱིས་གནོན༔ མཐར་ཐུག་བྱང་ཆུབ་མཆོག་གི་ས་ལ་སྦྱོར༔ གསུང་གི་དམ་ཚིག་ཉམས་པ་དབྱིངས་སུ་བསྐང་༔ བདག་གི་ངག་ལ་གསུང་གིས་བྱིན་གྱིས་རློབས༔ སེམས་ཅན་ཀུན་གྱི་ངག་ལ་བདག་དབང་བསྒྱུར༔ སྙན་གྲགས་བསྟོད་བསྔགས་སྒྲོགས་ལ་ཟིལ་གྱིས་གནོན༔ མཐར་ཐུག་བྱང་ཆུབ་མཆོག་གི་ས་ལ་སྦྱོར༔ ཐུགས་ཀྱི་དམ་ཚིག་ཉམས་པ་དབྱིངས་སུ་བསྐང་༔ བདག་ཡིད་འཕོ་མེད་ཐུགས་སུ་བྱིན་གྱིས་རློབས༔ སེམས་ཅན་ཀུན་གྱི་ཡིད་ལ་བདག་དབང་བསྒྱུར༔ དད་མོས་ཆགས་པའི་སེམས་ཀྱི་བྲན་དུ་གྱིས༔ མཐར་ཐུག་བྱང་ཆུབ་མཆོག་གི་ས་ལ་སྦྱོར༔ ཧྲཱིཿ དངོས་གྲུབ་འདོད་རྒུའི་ཆར་འབེབས་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ ཞི་ཆགས་ཁྲོ་བོའི་གར་མཛད་ཡི་དམ་ལྷ༔ གཤིན་རྗེ་རྟ་མཆོག་ཡང་དག་ཆེ་བའི་མཆོག༔ རྡོ་རྗེ་གཞོན་ནུ་མ་མོ་རིག་པ་འཛིན༔ མཆོད་བསྟོད་དྲག་སྔགས་སྒྲུབ་སྡེ་བརྒྱད་ཀྱི་གཙོ༔ ཁྱད་པར་ཚེ་རབས་སྔོན་ནས་ད་ལྟའི་བར༔ ལས་ཀྱིས་འབྲེལ་ཞིང་མེ་ཏོག་ཕོག་པའི་ལྷ༔ མི་མངོན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་འབུལ༔ ཉམས་ཆག་ཉེས་ཀུན་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཧྲཱིཿ བར་ཆད་ཀུན་སེལ་ཕྲིན་ལས་དཀྱིལ་འཁོར་ནས༔ བདེ་བའི་ཡེ་ཤེས་རང་གནས་སྟོན་པའི་མ༔ རང་བྱུང་བཅུ་དྲུག་དགའ་བའི་འབྱུང་གནས་མོ༔ དབྱིངས་ཀྱི་ཡུམ་ལྔ་སྒྲོལ་མ་དཀར་སྔོན་ཡུམ༔ ཁྱད་པར་དབང་གི་ལྷ་མོ་རིག་བྱེད་མ༔ འདས་དང་མ་འདས་ཡེ་ཤེས་འཇིག་རྟེན་དང་༔ ལས་དང་ཤ་ཟ་སྤྲུལ་འཁོར་དམ་ཚིག་ཅན༔ ཞིང་རྡུལ་གྲངས་མཉམ་མ་སྲིང་ཌཀྐཱིའི་ཚོགས༔ མི་མངོན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་འབུལ༔ ཉམས་ཆག་ཉེས་ཀུན་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཧྲཱིཿ སློབ་དཔོན་བཀའ་གཏད་དམ་བླངས་དཀྱིལ་འཁོར་ནས༔ ཚེ་རབས་ལས་དང་སློབ་དཔོན་ཕ་མེས་བརྒྱུད༔ མགོན་པོ་སྡེ་ལྔ་རལ་གཅིག་དཔལ་ལྷ་མོ༔ དུད་སོལ་བསྟན་སྐྱོང་གཟའ་བཙན་ཤན་པ་དམར༔ རྡོར་ལེགས་པེ་ཧར་དཀོར་སྲུང་དམ་ཚིག་ཅན༔ ཁྱད་པར་དབང་གི་བཀའ་སྡོད་དབང་ཕྱུག་ཆེ༔ ཡབ་ཡུམ་ཕྲ་མེན་ལས་བྱེད་སྲུང་མའི་ཚོགས༔ མི་མངོན་དབྱིངས་ནས་བསྐང་བའི་གནས་འདིར་གཤེགས༔ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་འབུལ༔ ཉམས་ཆག་ཉེས་ཀུན་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ དེ་ལྟར་བསྐང་བཤགས་ཕུལ་བའི་བྱིན་རླབས་ཀྱིས༔ བསྟན་འགྲོའི་དོན་དུ་བྱང་ཆུབ་སེམས་བསྐྱེད་ནས༔ དབང་གི་ཕྲིན་ལས་ཐོགས་མེད་འདིར་བརྩམས་པས༔ གང་བཅོལ་ཕྲིན་ལས་འགྲུབ་པར་མཛད་དུ་གསོལ༔ ཅེས་བརྗོད་ཡི་གེ་བརྒྱ་པས་ནོངས་པ་བཤགས༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས༔ དང་པོ་དཀྱིལ་འཁོར་ལྷ་ལ་འབུལ་བ་ནི༔ ཧྲཱིཿ འདོད་ཡོན་དྲུག་ལྡན་ཚོགས་ཀྱི་མཆོད་པ་འདི༔ དབང་གི་ལྷ་མོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བདག་གཞན་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་སྦྱངས༔ སྐུ་བཞི་ཡེ་ཤེས་འགྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་ཀུ་རུ་ཀུལླེ་གྷ་ན་ཙཀྲ་པུ་ཛ་ཧོ༔ གཉིས་པ་བཤགས་ཚིག་བརྗོད་ཅིང་འབུལ༔ ཧོ༔ དབང་གི་ལྷ་མོ་གཙོ་འཁོར་དགོངས་སུ་གསོལ༔ བདག་གི་ཐོག་མེད་དུས་ནས་ད་ལྟའི་བར༔ སྡོམ་གསུམ་ཉམས་ཆག་བགྱིས་དང་བགྱིད་དུ་བསྩལ༔ མི་འཆབ་འགྱོད་སེམས་དྲག་པོས་བཤགས་ཤིང་བསྡམས༔ ཉེས་པ་སོར་ཆུད་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས་པར་བགྱི༔ གསུམ་པ་ཚོགས་ཀྱི་ཐ་མ་བསྒྲལ་སྟབས་ནི༔ ཧཱུྃ་ཧྲཱིཿ དངོས་འཛིན་འཁྲུལ་སྣང་ལས་ཤར་དགྲ་དང་བགེགས༔ དམིགས་པའི་ལིང་ག་འདི་ལ་ཁུག་ཅིག་ཛ༔ རང་རིག་ཡེ་ཤེས་ལས་སྤྲུལ་ཕུར་པས་གདབ༔ སྔགས་ཀྱི་མཚོན་ཆས་གཏུབས་པའི་ཕུང་ཁམས་རྫས༔ ཤ་ཁྲག་དྭངས་མ་བདུད་རྩིར་བྱིན་བརླབས་ནས༔ སྤྲུལ་པའི་ལྷ་ཚོགས་དགྱེས་ཕྱིར་ཞལ་དུ་བསྟབས༔ མ་ཧཱ་ཧ་ལ་པཉྩ་མཾ་ས་རཀྟ་ཀེང་ནི་རི་ཏི་ཁཱ་ཧི༔ ཞེས་བརྗོད་དམིགས་མེད་ངང་དུ་བཞག༔ དེ་ནས་དཀྱིལ་འཁོར་གཙོ་བོ་སློབ་དཔོན་ལ༔ གུས་པས་ཕྱག་བཅས་ཐབས་ཤེས་རྫས་བཟུང་ནས༔ ཧོ༔ དགོངས་ཤིག་བདེ་གཤེགས་རྒྱལ་བ་སྲས་དང་བཅས༔ ཀུན་གྱི་བདག་ཉིད་རྡོ་རྗེ་སློབ་དཔོན་ཆེ༔ གདན་གསུམ་དཀྱིལ་འཁོར་ལྷ་ཡི་གྲོང་ཁྱེར་དུ༔ ཡུལ་དྲུག་ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ ཅེས་བརྗོད་བསྣོལ་མའི་ཕྱག་རྒྱས་དྲངས༔ དེ་ནས་བླ་མས་འདི་སྐད་དོ༔ ཨེ་མ་ཧོ༔ འདོད་པའི་ཡོན་ཏན་རང་བཞིན་མེད་པ་སྟེ༔ དངོས་པོར་བཟུང་བས་སྲིད་པའི་སྡུག་བསྔལ་བསྐྱེད༔ བདག་མེད་མཉམ་པར་རོལ་བའི་ལམ་གྱི་གྲོགས༔ སྤང་བླང་དགག་སྒྲུབ་མེད་པར་བདག་གིས་སྤྱོད༔ ཨ་ལ་ལ་ཧོ༔ དེ་ནས་ཚོགས་ཀྱི་ལྷག་མ་ཁ་ཕྲུ་གདབ༔ ཕཻཾ་གྱིས་སྤྱན་དྲངས་ཚིལ་ཆེན་དུད་པ་གཏོང་༔ རྐང་གླིང་ཐོད་རྔ་དང་བཅས་འདི་སྐད་དོ༔ ཧྲཱིཿ སྔོན་གྱི་བདེ་གཤེགས་དཔལ་ཆེན་ཧེ་རུ་ཀས༔ དྲེགས་པ་རུ་ཏྲའི་བྲན་གཡོག་དཔུང་དང་བཅས༔ དྲག་པོའི་ཕྲིན་ལས་ཀྱིས་བཏུལ་བྲན་དུ་བཀོལ༔ དཀྱིལ་འཁོར་མཐའ་གྲལ་ལྷག་མའི་ཟས་ལ་དབང་༔ འདིར་གཤེགས་དམ་རྫས་ཕ་འབབ་འདི་བཞེས་ལ༔ སྒྲུབ་པོའི་གེགས་སེལ་མཐུན་རྐྱེན་ལས་བཞི་སྒྲུབས༔ ཨོཾ་ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ དེ་ནས་ཐུགས་དམ་དབྱིངས་སུ་བསྐུལ་བ་ནི༔ ཧཱུྃ༔ འཇིགས་རུང་གར་དགུས་རྔམ་པའི་ཕོ་བྲང་ནས༔ མ་རུངས་གདུག་པ་ཞིང་བཅུའི་ཁྲི་སྟེང་དུ༔ དབང་མཛད་ཁྲོས་པའི་རྒྱལ་མོ་རིག་བྱེད་མ༔ དབང་གི་ཕྲིན་ལས་བསྒྲུབ་ཕྱིར་སྐུར་བཞེངས་ཤིག༔ དངོས་པོ་མེད་ལ་དངོས་པོར་བཟུང་བ་ཡིས༔ སྲིད་པའི་བདེ་བས་ཁེངས་པའི་རྒྱལ་བློན་དང་༔ ཆགས་པའི་རྦ་རླབས་ཁོང་ནས་གཡོ་བ་ཡི༔ དྲེགས་ལྡན་བཙུན་མོའི་སྙིང་རྩ་ད་བསྒུལ་ཅིག༔ རིན་ཆེན་འབྲུ་ནོར་ཀ་ཆ་དཀོར་དང་ནོར༔ པདྨའི་ལྕགས་ཀྱུས་ཟུངས་ལ་ཞགས་པས་ཆིངས༔ བདག་གི་བསྟན་པའི་གསོས་དང་དགེ་འདུན་སྡེ༔ བཤད་སྒྲུབ་འཚོ་བའི་མཐུན་རྐྱེན་འདིར་སྩོལ་ཅིག༔ བླ་མ་དཀོན་མཆོག་མཆོད་པའི་ཡོ་བྱད་དང་༔ ངན་སློང་དབུལ་པོའི་རེ་འདོད་སྐོང་བའི་ཕྱིར༔ འཇུངས་པའི་ཟས་ནོར་དབང་མེད་མཐུ་ཡིས་ཕྲོག༔ ཕན་བདེ་སྤེལ་ལ་བྱང་ཆུབ་གྲོགས་མཛོད་ཅིག༔ ཅེས་བསྐུལ༔ ཆད་ཐོའི་རིམ་པ་འདི་བཞིན་བྱ༔ ཧྲཱིཿ སྔོན་ཚེ་བསྐལ་པ་དང་པོའི་དུས་ཀྱི་ཚེ༔ དབང་ཆེན་རྒྱལ་པོ་པདྨ་ཧེ་རུ་ཀས༔ འཁོར་འདས་དབང་བསྒྱུར་རྟ་སྐད་གསུམ་བསྒྲགས་ཚེ༔ སྲིད་ཞིའི་ཁམས་ཀུན་དབང་བསྡུས་བྲན་དུ་བཀོལ༔ གནས་གསུམ་མཁའ་འགྲོས་རྒྱལ་བསྟན་བསྲུང་བ་དང་༔ རྣལ་འབྱོར་ཚེ་བསྲིང་སྒྲུབ་པའི་གྲོགས་བྱ་ཞེས༔ ཇི་ལྟར་ཞལ་བཞེས་དམ་རྫས་གཏོར་མ་ལོངས༔ ཅི་བཅོལ་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཧྲཱིཿ དེ་འོག་རིག་བྱེད་དབང་གི་ལྷ་མོ་ཡིས༔ ཁམས་གསུམ་ཆེ་བཙན་དབང་ཕྱུག་ཡབ་ཡུམ་སོགས༔ དྲེགས་པ་མ་ལུས་དབང་བསྡུས་ཟིལ་མནན་ཚེ༔ གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ་སོགས༔ གྲུབ་བརྙེས་རིག་འཛིན་དུ་མས་བསྙེན་སྒྲུབ་བརྩམས༔ དམ་ཅན་སྤྱི་དང་དབང་ཕྱུག་འཁོར་བཅས་ཀྱིས༔ བཀའ་ཡི་དམ་རྫས་མཆོད་གཏོར་ལེན་པ་དང་༔ སྔགས་ཀྱི་རྣལ་འབྱོར་གང་བཅོལ་ལས་སྒྲུབ་ཅིང་༔ རྒྱལ་བསྟན་སྐྱོང་ལ་འདོད་དགུའི་ཆར་འབེབས་ཞེས༔ ཇི་ལྟར་ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ ཧྲཱིཿ དེ་འོག་རྩོད་ལྡན་སྙིགས་མའི་དུས་བབས་ཚེ༔ རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་གནས་ཀྱིས༔ གྲུབ་པའི་རྒྱལ་མོ་མཁར་ཆེན་མཚོ་རྒྱལ་སོགས༔ ལས་སྐལ་ལྡན་པའི་ལང་གྲོ་ལོ་ཙཱ་དང་༔ འོ་བྲན་དབང་ཕྱུག་ཨ་ཙར་གསལ་སྣང་རྣམས༔ རིག་བྱེད་ལྷ་མོའི་སྨིན་གྲོལ་གདམས་པ་ཡིས༔ རྗེས་སུ་བཟུང་ཚེ་དཔལ་ལྡན་སྔགས་སྲུང་དང་༔ དབང་ཕྱུག་ཆེན་པོ་རིགས་བཞིའི་ཕྲ་མེན་མས༔ ཟབ་ཆོས་བརྒྱུད་འཛིན་བུ་བཞིན་སྐྱོང་བ་དང་༔ ཟས་ནོར་གོས་སོགས་མཐུན་རྐྱེན་སྒྲུབ་པོ་ཞེས༔ ཇི་ལྟར་ཞལ་བཞེས་ཁས་བླངས་དམ་བཅས་བཞིན༔ གནས་སྐབས་འཚོ་བའི་ཟས་ནོར་མཐུན་རྐྱེན་སྤྲོད༔ སྐྱེ་འགྲོ་ཕོ་མོའི་བློ་སེམས་ཡེངས་སུ་ཆུག༔ གནས་སྐབས་བྲན་ཁོལ་མཐར་ཐུག་གང་འབྲེལ་ཀུན༔ བྱང་ཆུབ་སྙིང་པོ་ཐོབ་པར་མཛད་དུ་གསོལ༔ བྷ་ལིངྟ་ས་མ་ཡཱ་པུ་ཛ་ཁཱ་ཧི༔ ཞེས་བརྗོད་གཏོར་མ་གཙང་སར་གཤེགས༔ བཤལ་ཆུ་འབྲུ་གསུམ་བརྗོད་པ་ཡིས༔ བདུད་རྩིར་བྱིན་བརླབས་འདི་བཞིན་འབུལ༔ ཧྲཱིཿ རྒྱལ་བའི་བསྟན་པ་སྐྱོང་བར་ཞལ་བཞེས་པའི༔ མ་རུངས་འཇིགས་པའི་གཟུགས་སྟོན་བདུད་མོ་བཞི༔ ཡིད་འོང་སྒེག་མཛེས་བཞད་ཚུལ་ལྷ་མོ་བཞི༔ ཚེ་སྲིང་དཔལ་སྐྱེད་ནོར་བདག་གནོད་སྦྱིན་བཞི༔ བསྟན་མ་བཅུ་གཉིས་བཤལ་ཆུ་གཏོར་མ་ལོངས༔ སངས་རྒྱས་བསྟན་པ་ཡུན་ཏུ་བསྲིང་བ་དང་༔ ལྟ་ལོག་མུ་སྟེགས་དྲུངས་ནས་འབྱིན་པ་སོགས༔ བསྟན་དང་འགྲོ་ལ་བདེ་སྐྱིད་ལེགས་པའི་ཚོགས༔ གོང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ གཏོར་གཞོང་ཁ་སྦུབ་དམ་སྲི་དགུག་གཞུག་བྱ༔ ཧྲཱིཿ ཆོས་དང་སྲིད་ལ་བར་དུ་གཅོད་པ་ཡི༔ དམ་སྲིའི་སྡེ་དཔུང་མ་ལུས་འདིར་ཁུག་ལ༔ སྟོང་ཆེན་རི་རབ་འབར་བའི་འོག་ཏུ་མནན༔ ཐར་མེད་ཆུ་སྲིན་རྔམ་པའི་ཁ་རུ་བཏབ༔ ཇི་སྲིད་བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བ་མེད་པར་རྒྱས་གདབ་བོ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་ནན༔ རྗེས་ལ་མཆོད་བསྟོད་ཚེ་འགུགས་དང་༔ དངོས་གྲུབ་ལེན་པ་འདི་བཞིན་བྱ༔ ཧྲཱིཿ རིག་བྱེད་དབང་གི་ལྷ་མོ་འཁོར་བཅས་ཀྱི༔ མཚན་དཔེ་འཇོ་སྒེག་སྐུ་ཡི་དཀྱིལ་འཁོར་ནས༔ འགྱུར་བ་མེད་པའི་ཚེ་དང་གཟི་བརྗིད་དཔལ༔ ད་ལྟ་ཉིད་དུ་བདག་གི་ལུས་ལ་སྩོལ༔ ཚངས་དབྱངས་དྲུག་ཅུ་གསུང་གི་དཀྱིལ་འཁོར་ནས༔ འགག་པ་མེད་པའི་མཐུ་ནུས་རིག་སྔགས་དཔལ༔ ད་ལྟ་ཉིད་དུ་བདག་གི་ངག་ལ་སྩོལ༔ འཁྲུལ་མེད་མཁྱེན་བརྩེ་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་སྙིང་རྗེའི་གཏེར༔ ད་ལྟ་ཉིད་དུ་བདག་གི་ཡིད་ལ་སྩོལ༔ ཁ་སྦྱོར་བདུན་དང་སྟོབས་བཅུ་མི་འཇིགས་བཞི༔ རྣམ་གྲོལ་ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་ནོངས་པ་བཤགས་པ་ནི༔ ཧྲཱིཿ རིག་བྱེད་དབང་གི་ལྷ་མོའི་དཀྱིལ་འཁོར་ནས༔ ཚེ་རབས་ནས་གོམས་ལས་ཉོན་སྡིག་སྒྲིབ་ཀུན༔ རྣམ་མཁྱེན་ཐོབ་པའི་གེགས་སུ་གྱུར་པ་རྣམས༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི༔ བརྩེ་བའི་ཐུགས་ཀྱིས་མཐོལ་བཤགས་དེང་བཞེས་ནས༔ ཚངས་པ་མཆོག་གི་དངོས་གྲུབ་འདིར་སྩོལ་ཅིག༔ ཡི་གེ་བརྒྱ་པ་ལན་གསུམ་བརྗོད༔ དེ་ནས་སྐུ་གསུང་ཐུགས་རྟེན་ལ༔ བརྟན་བཞུགས་རྩ་བའི་སྔགས་ཤམ་དུ༔ སུ་པྲ་ཏིཥྛ་བཛྲ་བརྗོད༔ བདག་བསྐྱེད་བསྐྱེད་རིམ་བསྡུ་བ་ནི༔ ཧྲཱིཿ ཀུན་བརྟགས་སྣང་བ་སྒོམ་པའི་བསྐྱེད་རིམ་ལྷ༔ དམིགས་མེད་སྤྲོས་བྲལ་སྟོང་པའི་དབྱིངས་སུ་ཨཿ སླར་ཡང་རྗེས་ཐོབ་རིག་བྱེད་དབང་གི་ལྷ༔ ཕྱག་རྒྱ་གཅིག་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ༔ རྩ་སྔགས་བརྗོད་ཅིང་རང་གི་ལུས༔ རྡོ་རྗེའི་གོ་ཆས་གཏམས་པར་བསམ༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུཾ༔ ཡེ་ཤེས་མེ་ཡི་ཀློང་དུ་བཞུགས་པར་བསམ༔ ཛྭ་ལ་རཾ་ཛྙཱ་ན་ཧཱུྃ་ཨཱཿ དགེ་ཚོགས་འགྲོ་ལ་བསྔོ་བ་ནི༔ ཧྲཱིཿ བདག་གཞན་ཀུན་གྱི་དུས་གསུམ་དགེ་བའི་ཚོགས༔ བསྟན་འགྲོར་ཕན་ཕྱིར་བྱང་ཆུབ་ཆེན་པོར་བསྔོ༔ དེ་མཐུས་གནས་སྐབས་སྲིད་གསུམ་དབང་འདུས་ནས༔ མཐར་ཐུག་འགྲོ་བའི་དེད་དཔོན་མཆོག་འགྲུབ་ཤོག༔ ཤིས་པ་བརྗོད་ཅིང་མེ་ཏོག་འཐོར༔ ཨེ་མ་ཧོ༔ རྒྱལ་ཀུན་རིགས་བདག་བཅོམ་ལྡན་འདས༔ སྣང་བ་མཐའ་ཡས་བཀྲ་ཤིས་ཤོག༔ འཁོར་འདས་དབང་བསྒྱུར་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོའི་བཀྲ་ཤིས་ཤོག༔ རྒྱལ་ཡུམ་གོས་དཀར་དབང་གི་ལྷ༔ རིག་བྱེད་དབང་མོའི་བཀྲ་ཤིས་ཤོག༔ གྲུབ་བརྙེས་སྣང་སྲིད་ཟིལ་གྱིས་གནོན༔ པདྨ་རྒྱལ་པོའི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཤིས་པས་དགེ་བར་འགྱུར༔ དགའ་སྟོན་བུ་མོ་ཁྱེའུ་དང་༔ ཁྲིམས་ལྡན་ཟས་ཀྱིས་མཉེས་པར་བྱ༔ ས་མ་ཡཱ༔ དེ་ལྟར་ཟབ་ཆོས་མཁའ་འགྲོའི་བརྡ༔ རྟེན་འབྲེལ་འཕྲོ་ཅན་གྱུར་པ་ཡང་༔ སྔོན་སྨོན་ལས་འཕྲོ་དབང་བཙན་མཐུས༔ ཨ་ཙར་འོ་བྲན་དཔལ་དབང་སྤྲུལ༔ ཟུང་གིས་རྟེན་འབྲེལ་འཕྲོ་མཐུད་ལས༔ རྩ་གསུམ་ལྷ་དང་བླ་མ་ཡི༔ བྱིན་རླབས་མཐུ་ཡིས་ཕབ་པའོ༔

སྨན་མཆོད་ལྡེབ་ཤར་ཧོར་བླས་མཛད་པ།

༄༅། སྨན་གྱི་མཆོད་པ་ནི༔ ཨོཾ་ཨཱཿཧཱུྃ༔ རྒྱལ་ཀུན་སྤྱི་གཟུགས་འཆི་མེད་སྣང་མཐའ་ཡས༔ སྣང་སྲིད་དབང་སྡུད་བཅོམ་ལྡན་རྟ་གདོང་འབར༔ སྟོབས་བཅུའི་དབང་ཕྱུག་རྗེ་བཙུན་རིག་བྱེད་མ༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ འཛམ་གླིང་མཛེས་རྒྱན་ནཱ་གརྫུ་ན་དང་༔ རྒྱལ་དང་རྒྱལ་བའི་བྱེད་པོ་མཚོ་སྐྱེས་རྗེ༔ གངས་ཅན་ཕན་བདེའི་གཞིར་གྱུར་ལྷའི་མེ་ཏོག༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ སྐད་གཉིས་སྨྲ་བ་ལོ་ཆེན་ཀླུ་ཡི་དབང་༔ ཕྲིན་ལས་འགྲོ་འདུལ་དཔལ་གྱི་ཨི་ཤྭ་ར༔ འཕུར་འགྲོའི་ཚོགས་རྗེ་ཛྙཱ་ན་ས་ག་ར༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཟབ་གཏེར་ལུང་སྟོན་ལག་ན་རྡོ་རྗེ་དང་༔ ཟབ་མོའི་གཏེར་འབྱིན་ལུང་རིག་འགྲོ་འདུལ་རྩལ༔ ཟབ་གཏེར་བསྟན་པ་མཐར་ཕྱིན་ཆོས་ཀྱི་བདག༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ དབང་གི་བཀའ་སྡོད་ལྷ་ཆེན་ཡབ་དང་ཡུམ༔ གླིང་བཞིའི་ཕྱྭ་འགུགས་ཕྲ་མེན་རིགས་བཞི་སོགས༔ དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ༔ སྨན་མཆོད་འབུལ་ལོ་དབང་གི་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ རང་བྱུང་བྷནྡྷའི་སྣོད་མཆོག་ཨ་མྲྀ་ཏ༔ ཟག་མེད་བདུད་རྩིའི་བཅུད་ལ་ལོངས་སྤྱད་ནས༔ མཆོག་ཐུན་དངོས་གྲུབ་ཚེ་འདིར་ཐོབ་པ་དང་༔ དབང་གི་སྒྲུབ་འབྲས་དུས་འདིར་བསྩལ་དུ་གསོལ༔ ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཧྲཱིཿ ཆོས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་ལུང་རིག་གླིང་པས་རྗེས་སུ་བཟུང་ཞིང་རྟེན་འབྲེལ་ཟབ་མོའི་འཕྲོ་ལེགས་པར་མཐུད་པའི་སྐལ་ལྡན་ཧོར་གྱི་བན་དྷེས་རང་གཞན་ལ་ཕན་ཕྱིར་བྲིས་པ་ཛ་ཡནྟུ༔

རྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ།

རིག་བྱེད་ལྷ་མོའི་ཐུགས་སྒྲུབ་ལས༔ རྒྱུན་ཁྱེར་རཱ་གའི་ལྕགས་ཀྱུ་བཞུགས༔

རྒྱལ་ཀུན་འདུས་པའི་ལྷ་ལ་འདུད༔ འཕགས་མ་རིག་བྱེད་ལྷ་མོ་ཡི༔ རྒྱུན་ཁྱེར་པདྨ་དམར་པོའི་ཕྲེང་༔ ནོར་བུའི་ལྕགས་ཀྱུ་འདི་རུ་བསྟན༔ ས་མ་ཡཱ༔ རྣལ་འབྱོར་སྒོ་གསུམ་བག་ཕབ་སྟེ༔ བདེ་བའི་སྟན་ལ་ལེགས་བསྡད་ནས༔ ཐོག་མར་སྐྱབས་སེམས་ཚོགས་བསགས་ནི༔ མཆོག་གསུམ་ངོ་བོ་རྒྱལ་བའི་ཡུམ༔ འཕགས་མ་རིག་བྱེད་ལྷ་མོ་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཞན་དོན་སྨོན་འཇུག་སེམས་བསྐྱེད་དོ༔ ང་རྒྱལ་སྤངས་ཏེ་གུས་ཕྱག་འཚལ༔ སེར་སྣའི་གཉེན་པོར་མཆོད་ཚོགས་འབུལ༔ ཤེས་བྱའི་སྒྲིབ་སྦྱངས་སྡིག་ཀུན་བཤགས༔ ཕྲག་དོག་སྤངས་ལ་རྗེས་ཡི་རང༔ གཏི་མུག་མུན་སེལ་ཆོས་འཁོར་བསྐུལ༔ ལོག་པར་མི་ལྟ་བཞུགས་པར་གསོལ༔ འདོད་ཞེན་སྤངས་ཏེ་དགེ་རྩ་ཀུན༔ གཞན་དོན་རྫོགས་བྱང་ཐོབ་ཕྱིར་བསྔོ༔ དངོས་གཞི་སྐད་ཅིག་དྲན་རྫོགས་སུ༔ ཧྲཱིཿ ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ སྐད་ཅིག་རང་སེམས་རྒྱལ་བའི་ཡུམ༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་ཁྲོ་ཆགས་བཞད༔ བྱི་རུའི་ལྷུན་པོར་ཉི་ཤར་བཞིན༔ ལྷམ་མེར་གཟི་བརྗིད་འོད་དུ་འབར༔ དང་པོའི་ཕྱག་གཉིས་མེ་ཏོག་གི༔ མདའ་གཞུ་སྐྱེ་འགྲོའི་སྙིང་ལ་གཟིར༔ འོག་གཉིས་ལྕགས་ཀྱུས་དམིགས་བྱ་འགུགས༔ ཞགས་པས་འཆིང་ཞིང་ཐར་ལམ་འགོད༔ ཞབས་གཉིས་པད་ཉི་དབང་ཕྱུག་གི༔ སོག་ཕྲག་ཨུ་མའི་སྙིང་གར་བརྫིས༔ དབུ་ལ་པདྨའི་རྒྱན་ལྡན་པའི༔ པྲོག་ཟེ་རུས་རྒྱན་རྣམ་ལྔ་དང་༔ དར་གོས་ཨུཏྤལ་དམར་པོའི་ཕྲེང་༔ ཞི་ཁྲོ་འཆོལ་བའི་རྒྱན་ཆས་སྒེག༔ སྤྱི་བོར་རིགས་བདག་སྣང་མཐའ་ཡས༔ གནས་གསུམ་འཁོར་ལོ་པདྨ་དང་༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ འབྲུ་གསུམ་འོད་ཟེར་དཔག་མེད་འཕྲོས༔ བདེ་ཆེན་ཞིང་དང་རྔ་ཡབ་གླིང་༔ གསུང་གི་གནས་ཡུལ་དུར་ཁྲོད་ནས༔ རིག་བྱེད་ལྷ་མོའི་རྣམ་པ་རུ༔ སངས་རྒྱས་བྱང་སེམས་ཆར་ལྟར་བབས༔ རང་ཉིད་བསྐྱེད་པའི་ལྷ་ལ་ཐིམ༔ དབང་ལྷ་རིགས་ལྔས་དབང་བསྐུར་བས༔ འདོད་ཆགས་ལ་སོགས་སྒྲིབ་ཀུན་དག༔ གསུང་གི་བདེ་གཤེགས་དབུ་རྒྱན་གྱུར༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སོགས༔ སྐུ་གསུམ་རྒྱལ་བའི་ཞིང་རྣམས་ནས༔ རིག་བྱེད་ལྷ་མོ་སྤྱན་འདྲེན་གཤེགས༔ རང་དང་དབྱེར་མེད་བརྟན་པར་བཞུགས༔ རང་ལས་སྤྲུལ་པའི་ལྷ་མོ་ཡིས༔ མེ་ཏོག་དྲི་ཞིམ་སྣང་གསལ་སྒྲོན༔ དྲི་ཆབ་ཞལ་ཟས་རོལ་མོའི་སྒྲ༔ དབང་པོ་དྲུག་ལ་གུས་པས་མཆོད༔ སོ་སོར་ཐིམ་པས་དགྱེས་པ་བསྐྱེད༔ འགྱུར་མེད་སྟོང་གསལ་སྒྱུ་མའི་སྐུར༔ འགགས་མེད་ཚངས་དབྱངས་ཞི་བའི་གསུང་༔ འཁྲུལ་མེད་ཡེ་ཤེས་རྣམ་ལྔའི་ཐུགས༔ རིག་བྱེད་ལྷ་མོར་ཕྱག་འཚལ་བསྟོད༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་དབུས་ཨུཏྤལ་ལྟེ་བ་རུ༔ ཧྲཱིཿདམར་ནོར་བུའི་འོད་ལྟར་འཚེར༔ སྔགས་ཕྲེང་གཡོན་བསྐོར་འོད་ཟེར་འཕྲོས༔ རྒྱལ་ཀུན་བྱིན་རླབས་ནུས་མཐུ་བསྡུས༔ འགྲོ་བའི་ལས་ཉོན་སྒྲིབ་པ་སྦྱངས༔ དབང་བསྡུས་ཐར་ལམ་མཆོག་བཀོད་ནས༔ སྣང་སྲིད་དག་པ་རབ་འབྱམས་ངང་༔ ཡེངས་མེད་སྔགས་ཀྱི་རྒྱལ་པོ་བཟླ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ༔ རྩ་བའི་སྔགས་གྲངས་འབྲུ་འབུམ་མོ༔ ས་མ་ཡཱ༔ ལས་སྦྱོར་དབང་སྡུད་བཞི་ཡིན་ཏེ༔ དང་པོ་དགེ་འདུན་དབང་སྡུད་ནི༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་ལས་དབང་གི་ལྷ་ཡི་མཆོག༔ འཇམ་དབྱངས་དམར་པོ་རལ་པོད་འཛིན༔ འཆད་རྩོད་རྩོམ་པའི་ཆོས་སྒྲ་སྒྲོག༔ དགེ་འདུན་ཐམས་ཅད་དབང་བསྡུས་ནས༔ བདག་གིས་ཅི་བཅོལ་དགེ་བའི་ལས༔ ཐམས་ཅད་སྒྲུབ་པའི་གྲོགས་བྱེད་བསམ༔ རྩ་སྔགས་ཤམ་བུར་འདི་ཉིད་བཟླ༔ སངྒ་སརྦ་པ་ཤཾ་ཀུ་རུ་སིདྡྷི་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་དགེ་འདུན་ཀུན་དབང་འདུ༔ ས་མ་ཡཱ༔ གཉིས་པ་སྐྱེས་པ་དབང་སྡུད་ནི༔ རང་ཉིད་ཀུ་རུ་ཀུལླེ་ཡི༔ ཐུགས་ལས་སྤྲུལ་པའི་ལྷ་མོ་ནི༔ ཨུ་མ་དྷེ་ཝི་སྐུ་མདོག་དམར༔ ཆགས་པའི་ལང་ཚོའི་བྷ་ག་རྒྱས༔ ལྕགས་ཀྱུ་ཞགས་པས་སྒོ་གསུམ་འཆིང་༔ དབང་བསྡུས་གནས་སྐབས་བྲན་དུ་བཀོལ༔ མཐར་ཐུག་ཐར་ལམ་མཆོག་འགོད་བསམ༔ རྩ་སྔགས་ཤམ་བུར་སྔགས་འདི་བཟླ༔ མ་ཧཱ་རཱ་ག་ན་ར་པ་ཤཾ་ཀུ་རུ་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་སྐྱེས་པ་ཀུན་དབང་འདུས༔ གསུམ་པ་བུད་མེད་དབང་སྡུད་ནི༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་ལས་སྤྲུལ་པའི་དབང་གི་ལྷ༔ མ་ཧཱ་དེ་ཝ་དམར་གསལ་བཞད༔ ལྕགས་ཀྱུ་རླུང་གི་ཞགས་པ་བསྣམས༔ ལིང་ག་དམར་པོ་གྱེན་དུ་བསྒྲེངས༔ འཇིག་རྟེན་བུད་མེད་བཙུན་མོ་དང་༔ དཔལ་ཆེན་མོ་དང་མཛེས་མ་ཀུན༔ ཆགས་པས་བདག་གི་དབང་དུ་འདུས༔ བྲན་བཀོལ་ཅི་བསྒོའི་ལས་སྒྲུབ་ཅིང་༔ མཐར་ཐུག་འཕགས་མའི་གསང་གསུམ་དང༔ དབྱེར་མེད་ཐར་ལམ་མཆོག་འགོད་བསམ༔ རྩ་སྔགས་ཤམ་བུར་སྔགས་འདི་བཟླས༔ མ་ཧཱ་རཱ་ག་ན་རཱི་སརྦ་པ་ཤཾ་ཀུ་རུ་སིདྡྷི་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་བུད་མེད་ཀུན་དབང་འདུས༔ བཞི་བ་ནོར་རྫས་དབང་སྡུད་ནི༔ རང་ཉིད་རིག་བྱེད་དབང་མོ་ཡི༔ ཐུགས་ལས་འདོད་པའི་ལྷ་མོ་དམར༔ གཡས་པས་ལྕགས་ཀྱུས་གང་འདོད་ནོར༔ ཁབ་ལེན་རྡོ་ཡིས་ལྕགས་བཞིན་སྡུད༔ གཡོན་པས་ཞགས་པས་རང་ཁྱིམ་དྲངས༔ གསེར་དངུལ་ལ་སོགས་རིན་ཆེན་རིགས༔ འབྲུ་སྨན་རྐང་འགྲོས་དར་གོས་ཟས༔ ཡོ་བྱད་སྣ་ཚོགས་བྱུར་བུར་སྤུངས༔ གནས་སྐབས་དབུལ་ཕོངས་བཀྲེས་སྐོམ་སེལ༔ མཆོད་སྦྱིན་དགེ་བའི་ཚོགས་འཕེལ་ཞིང་༔ དོན་གཉིས་འགྲུབ་པའི་རྒྱུར་གྱུར་བསམ༔ རྩ་སྔགས་ཤམ་བུར་འདི་ཉིད་བསྙེན༔ བ་སུ་རཏྣ་མ་ཎི་པ་ཤཾ་ཀུ་རུ་སིདྡྷི་ཧོ༔ དེ་ཡང་ཅི་མང་བཟླས་པར་བྱ༔ དེས་ནི་ནོར་རྫས་གང་དམིགས་འདུ༔ ཀུན་ལ་དམིགས་པའི་འཕྲོ་འདུ་དང་༔ གཞན་ཕན་སེམས་བསྐྱེད་ཀྱིས་ཟིན་གཅེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྗེས་ལ་མཆོད་བསྟོད་ནོངས་པ་བཤགས༔ བསྔོ་སྨོན་ཤིས་བརྗོད་རིམ་པ་ནི༔ ཧྲཱིཿ ཡུལ་དྲུག་འདོད་ཡོན་ལྷ་མོ་ལྔས༔ མཆོད་རྫས་དཔག་མེད་རབ་ཐོགས་ནས༔ རིག་བྱེད་དབང་པོ་དྲུག་ལ་འབུལ༔ དགྱེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ་དྷུཔྤེ་སོགས་ནས་ཤཔྟ་སརྦ་པཱུ་ཙ་ཧོ༔ ཆགས་མེད་སྟོང་ཉིད་དབྱིངས་ཀྱི་ཡུམ༔ ཆགས་པའི་དབང་གིས་འགྲོ་དོན་དུ༔ འདོད་པའི་ལྷ་མོའི་སྐུར་སྟོན་པ༔ འཕགས་མའི་གསང་གསུམ་བསྟོད་པར་བགྱི༔ འདིས་མཚོན་དགེ་བ་འགྲོ་ལ་བསྔོ༔ ཀུན་ཀྱང་དབང་གི་ཕྲིན་ལས་ཀྱིས༔ ལོག་རྟོག་འཁྲུལ་བ་དབྱིངས་གྲོལ་ནས༔ ཀུན་མཁྱེན་ཡེ་ཤེས་མཆོག་ཐོབ་ཤོག༔ གཞན་ཕན་བྱང་སེམས་མཆོག་ལྡན་པས༔ གང་བརྩམས་གེགས་མེད་ཕྲིན་ལས་འགྲུབ༔ ས་ལམ་མཐར་ཕྱིན་དོན་གཉིས་འགྲུབ༔ དུས་གསུམ་དགེ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རིག་བྱེད་རྒྱུན་ཁྱེར་ཟབ་མོ་འདི༔ ལས་སྐལ་ལྡན་པའི་གང་ཟག་གིས༔ བསྐུལ་ངོར་དག་སྣང་ཆོས་མཛོད་ནས༔ སྤེལ་བའི་བཀའ་ཡི་གནང་བ་ནི༔ ཏཱ་རེ་ཡུམ་གྱིས་བརྡས་གནང་ལྟར༔ སྐལ་ལྡན་ལུང་རིག་གླིང་པས་བྲིས༔ ལོག་རྟོག་ཅན་ལ་གུ་ཧྱ་རྒྱ༔ གྲུབ་པའི་རྟགས་མཚན་མ་བྱུང་བར༔ འཆལ་བར་གྱུར་ན་དབང་གིས་ལྷས༔ བཀའ་ཆད་འབྱུང་བར་གདོན་མི་ཟ༔ དེ་ཕྱིར་སྙིང་གི་དཀྱིལ་དུ་སྦོས༔ ཟབ་གཏེར་སྲུང་མས་བྱ་ར་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཡིད་བཞིན་དབང་རྒྱལ་རྡོ་གྲུབ་ཀྱིས་མཛད་པ།

རིག་བྱེད་ལྷ་མོའི་ཉམས་ལེན་རྒྱུན་ཁྱེར་སྙིང་པོར་དྲིལ་བ་ཡིད་བཞིན་དབང་རྒྱལ་བཞུགས་སོ༔ ན་མོ་ཀུ་རུ་ཀུལླེ་ཡེ༔ འདིར་རིག་བྱེད་ལྷ་མོའི་རྒྱུན་ཁྱེར་ནི༔ ན་མོ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ རིག་བྱེད་དབང་གི་ལྷ་མོ་དང་༔ གཉིས་སུ་མེད་པར་སྐྱབས་སུ་མཆི༔ འགྲོ་དོན་བྱེད་པར་སེམས་མཆོག་བསྐྱེད༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་གསུམ་མཆོད་པར་འབུལ༔ དུས་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས༔ རབ་འབྱམས་ལས་ལ་རྗེས་ཡི་རང་༔ དབང་གི་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་དོན་ལ་དགོངས་བརྟན་པར་བཞུགས༔ དགེ་ཚོགས་འགྲོ་ཀུན་ཡོངས་ལ་བསྔོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ སྲིད་ཞིའི་གནས་ཀུན་ཡོངས་ཁྱབ་གྱུར༔ སརྦ་པཱུ་ཙ་ས་མ་ཡེ་ཧཱུྃ༔ ཧྲཱིཿ ཆོས་རྣམས་ངོ་བོ་སྤྲོས་བྲལ་ལ༔ རང་བཞིན་ལྷུན་གྲུབ་སྣ་ཚོགས་གཞི༔ ཐུགས་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་ལས༔ སྲུང་འཁོར་ལྔ་རིམ་མེ་དཔུང་དབུས༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་དང་པོ་གཉིས༔ མདའ་གཞུ་འགེངས་ཤིང་འོག་མ་གཉིས༔ ལྕགས་ཀྱུ་ཞགས་པ་འཛིན་པར་བསྐྱེད༔ གནས་གསུམ་ཡི་གེ་ཐུགས་སྲོག་ཧྲཱིཿ དེ་ལས་འོད་འཕྲོས་རིག་བྱེད་མ༔ འཁོར་དང་བཅས་པ་འདིར་གཤེགས་ལ༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་ཚོགས་བཞེས༔ ཕྱག་འཚལ་རིག་བྱེད་ལྷ་མོ་ལ་འོ༔ གསང་གསུམ་ཡོན་ཏན་དྲན་པས་བསྟོད༔ ཐུགས་ཀར་ཆུ་སྐྱེས་རཱ་གའི་མདོག༔ དེ་སྟེང་ཚ་ཟེར་གདན་ལ་ཧྲཱིཿ བྱུ་རུའི་མདོག་ཅན་མཐའ་བསྐོར་དུ༔ སྔགས་ཕྲེང་གཡོན་བསྐོར་འོད་ཟེར་གྱིས༔ འཕགས་མཆོད་འགྲོ་དོན་ཆེར་བྱས་ཏེ༔ ཚུར་འདུས་སྲིད་ཞི་དབང་བསྡུས་བསམ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ སླར་ཡང་ཐུགས་སྲོག་ཧྲཱིཿའོད་ཀྱིས༔ རྒྱལ་བ་ཀུན་མཆོད་བྱིན་ནུས་དང་༔ མཆོག་དམན་འགྲོ་ཀུན་དབང་བསྡུས་བསམ༔ ཨོཾ་ཀུ་རུ་ཀུལླེ་ལོ་ཀ་སརྦ་པ་ཤང་ཀུ་རུ་ཧོ༔ ཅི་ནུས་བཟླས་ཤིང་མཆོད་བསྟོད་རྗེས༔ སྣང་སྲིད་འོད་དམར་རྣམ་པར་ཞུ༔ རང་ལ་བསྟིམས་ནས་དམིགས་མེད་བཞག༔ སླར་ཡང་དུས་ཀུན་རིག་བྱེད་མའི༔ ང་རྒྱལ་ངང་ནས་སྤྱོད་ལམ་བྱ༔ འདི་ནི་གནམ་བསྐོས་གོང་མ་ཡི༔ བཀའ་ཡིས་བསྔགས་པ་རྒྱུན་དབང་གི༔ བཙུན་མོ་དེ་ཝཱི་བིརྱ་རས༔ བྱིན་གྱིས་བརླབས་པས་ལུགས་གཉིས་ཀྱི༔ བློ་གྲོས་མིག་ཐོབ་གང་དེ་ཡི༔ བཞེད་པ་ཇི་བཞིན་རྫོགས་ཆེན་གྱི༔ རྣལ་འབྱོར་ཀུན་བཟང་གཞན་ཕན་པས༔ སྨྲས་འདི་བསྟན་འགྲོར་ཕན་ཕྱིར་བསྔོ༔ དགེའོ༔ དགེའོ༔ དགེའོ༔

ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་འབུལ་ཐབས་བསམ་འཕེལ་ནོར་བུ།

༄༅།། འཕགས་པ་ཛཾ་བྷ་ལ་དམར་པོའི་ཆུ་སྦྱིན་འབུལ་ཐབས་བསམ་འཕེལ་ནོར་བུ་ཞེས་བྱ་བ་བཞུགས་སོ༔

རྒྱལ་ཀུན་གསུང་གི་དབང་ཕྱུག་ཆེ༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ༔ མགོན་པོ་ཛཾ་ལྷར་སྐྱབས་སུ་མཆི༔ དོན་གཉིས་བསྒྲུབ་ཕྱིར་སེམས་བསྐྱེད་དོ༔ ཨོཾ་སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་རང་མདུན་དུ༔ པདྨ་ཉི་སྟེང་འབྲུག་དམར་པོ༔ གློག་ལྟར་འཁྱུག་ཅིང་བརྗིད་པའི་སྟེང་༔ ཛཾཿ་ཡིག་དབང་མདོག་ཡོངས་གྱུར་ལས༔ མགོན་པོ་ཛཾ་ལྷ་སྐུ་མདོག་དམར༔ རྔམ་བརྗིད་ཁྲོ་འཛུམ་ཆགས་པའི་ཉམས༔ ཕྱག་གཡས་ནོར་བུ་ཐུགས་ཀར་འཛིན༔ ཕྱག་གཡོན་ནོར་སྐྱུགས་ནེ་འུ་ལེ༔ སྐུ་སྐེད་བརྟེན་ཅིང་ཞབས་གཡས་བསྐུམ༔ གཡོན་བརྐྱང་འགྱིང་བག་ཚུལ་གྱིས་བཞུགས༔ ཞལ་འཛུམ་སྤྱན་གསུམ་སྨིན་མ་སེར༔ དབུ་སྐྲ་ཐོར་ཅོག་རྒྱན་གྱིས་སྤུད༔ དར་གྱི་སྟོད་གཡོགས་སྨད་དཀྲིས་དང་༔ ཕྱག་ཞབས་གདུ་བུ་སྙན་རྒྱན་འཁྲོལ༔ ནོར་བུ་ཨུཏྤལ་ཕྲེང་བས་བརྒྱན༔ དེ་ལྟར་གསལ་བའི་གནས་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས༔ བདེ་ཆེན་ཞིང་དང་ལྕང་ལོ་ཅན༔ གར་བཞུགས་གནས་ནས་ཛཾ་བྷ་ལ༔ དབང་གི་ལྷ་ཚོགས་ཡེ་ཤེས་སེམས༔ སྤྱན་དྲངས་མདུན་གྱི་དམ་ཚིག་པར༔ ཛཿཧཱུྃ་བཾ་ཧོཿགཉིས་མེད་གྱུར༔ ཛཾ་ལྷའི་ལྟོ་བར་ཡིད་བཞིན་ནོར༔ དབང་གི་རྒྱལ་པོ་གཟི་བརྗིད་འབར༔ འོད་ཟེར་མེ་ལྕེ་དམར་པོ་ཡིས༔ བུ་ག་ཐམས་ཅད་ཁྱབ་པར་འབར༔ སྐོམ་པའི་ཟུག་རྔུས་གདུང་བ་ལ༔ བདག་ཉིད་སྤྱན་རས་གཟིགས་གསལ་བའི༔ ཕྱག་གཡས་ཟླ་སྟེང་ཧྲཱིཿདཀར་ལས༔ འོད་འཕྲོས་བདུད་རྩིའི་རྒྱུན་བབས་པ༔ ཛཾ་དམར་ལྗགས་ཀྱི་སྦུ་གུ་ནས༔ སྦུབས་ཆུས་དྲངས་བཞིན་གསོལ་བ་ཡིས༔ སྐོམ་པའི་གདུང་བ་རབ་བསལ་བས༔ ཐུགས་རྒྱུད་དགྱེས་ཏེ་ཐུགས་མཆོག་ནས༔ རིན་ཆེན་ཟུར་བརྒྱད་དཔལ་བེའུའི་སྒོ༔ ཕྱེས་ནས་འབྲུ་ནོར་གསེར་དངུལ་སོགས༔ འདོད་དགུའི་ཆར་ཆེན་བབས་པ་ཡིས༔ བདག་གིས་འདོད་པའི་དངོས་གྲུབ་ཀུན༔ འབད་པ་མེད་པར་ཐོབ་ནས་ཀྱང་༔ བསྟན་འགྲོའི་དབུལ་བ་ཀུན་སེལ་གྱུར༔ ཨོཾ་ཛཾ་བྷ་ལ་ཧྲཱི་ད་ཡ་ཧཱུྃ་ཧཱུྃ་བསྡུས་བསྡུས་སྭཱ་ཧཱ༔ བརྒྱ་རྩ་བརྒྱད་ཀྱིས་ཆུ་གཙང་འབུལ༔ མཇུག་ཏུ། ཨཱརྱ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་བ་ལིངྟ་ཁཱ་ཧི་སྭཱ་ཧཱའིབར་གྱིས་མཆོད༔ རྒྱལ་ཀུན་འགྲོ་ལ་རྗེས་བརྩེ་བས༔ དབུལ་བ་སེལ་ཕྱིར་ནོར་གྱི་ལྷ༔ རབ་དམར་ཆགས་པའི་ལང་ཚོ་ཅན༔ གནོད་སྦྱིན་ཛཾ་ལྷར་ཕྱག་འཚལ་བསྟོད༔ དེང་ནས་ཚེ་རབས་ཐམས་ཅད་དུ༔ མགོན་པོ་ཛཾ་ལྷར་སྐྱབས་སོང་མཐུས༔ དབུལ་བའི་སྡུག་བསྔལ་རྒྱུན་བཅད་ནས༔ བསྟན་འགྲོའི་ཕན་བདེ་སྤེལ་བར་ཤོག༔ ནོར་གྱི་ལོངས་སྤྱོད་མི་ཟད་ཅིང་༔ མཆོད་སྦྱིན་རླབས་ཆེན་བགྱིད་ནུས་པའི༔ སྤོབས་པ་མཆོག་དང་རབ་ལྡན་ནས༔ མགོན་པོ་ཁྱེད་དང་དབྱེར་མེད་ཤོག༔ ཅེས་བསྔོ་སྨོན་གདབ༔ སེར་སྣའི་མེ་ཡིས་རབ་གདུང་བའི༔ ཉམ་ཐག་འགྲོ་བ་བདག་གཞན་ལ༔ བསོད་ནམས་ལོངས་སྤྱོད་ཆར་ཆེན་པོས༔ ཡིད་བཞིན་རེ་སྐོངས་དངོས་གྲུབ་སྩོལ༔ ཛཾ་བྷ་ལ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཆུ་སྦྱིན་ལྕེ་ལ་རེག་ཅིང་ཕྱོགས་བཅུར་གཏོར༔ ཡང་ན་འབབ་ཆུའི་ནང་དུ་བསྐྱལ༔ ཛཾ་ལྷ་ཡེ་ཤེས་སེམས་དཔའི་ཚོགས༔ མཁའ་ལ་འཇའ་ཚོན་ཇི་བཞིན་དུ༔ ཆོས་ཀྱི་དབྱིངས་སུ་བཛྲ་མུཿ སླར་ཡང་དུས་གསུམ་འབྱོན་པར་གསོལ༔ དམ་ཚིག་ལྷ་ཚོགས་འོད་ཕུང་དུ༔ གྱུར་ཏེ་བདག་གི་ཐུགས་ཀར་བསྟིམ༔ ཡེ་ཤེས་པ་གཤེགས་དམ་ཚིག་བསྡུ༔ དགེ་བ་འདི་ཡིས་དཔལ་འབྱོར་ཚོགས༔ དབྱར་གྱི་མཚོ་ལྟར་ཆེར་འཕེལ་ནས༔ སྐྱེ་དགུའི་ཕན་བདེའི་སྣང་བ་ལ༔ རྟག་ཏུ་སྤྱོད་པའི་བཀྲ་ཤིས་ཤོག༔ ཨོ་རྒྱན་ཟབ་ཆོས་བླ་མ་བདེ་མཆོག་གི༔ དབུལ་སེལ་ཛཾ་ལྷ་དམར་པོའི་ཆུ་སྦྱིན་གྱི༔ གཞུང་དོན་འདོན་བདེར་བསྒྲིགས་པའི་མན་ངག་སྤྲིན༔ པདྨ་དོན་ལྡན་བློ་མཚོའི་དཔལ་ལས་བསྐྲུན༔ དགེའོ༔ དགེའོ༔ དགེའོ༔

ཛམ་དམར་སྔགས་བྱང་།

༈ ཛམ་དམར་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ༔ ཛམ་སེར་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ༔ ཛམ་ནག་སྔགས་ནི། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ༔ ཛམ་དཀར་སྔགས་ནི། ཨོཾ་པདྨ་ཀྲོ་ཏ་ཨཱརྱ་ཛམྦྷ་ལ་ཧྲཱི་ད་ཡ་ཧཱུྃ་ཕཊ༔ ཅེས་པ་འདི་ནི་ཞིབ་པར་བུམ་གཏེར་སོགས་སུ་བྲི་དགོས་པའི་ཕྱིར་གལ་ཆེའོ། རྣམ་ཐོས་སྲས་ཀྱི་སྔགས་ནི། ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ནོར་རྒྱུན་ལྷ་མོའི་སྔགས་ནི། ཨོཾ་བ་སུ་དྷ་རཱི་སྭཱ་ཧཱ༔ ནོར་ལྷ་ཚོགས་བདག་གི་སྔགས། ཨོཾ་བྷྲུཾ་ག་ན་པ་ཏི་སྭཱ་ཧཱ༔ རྒྱས་པར་གཞན་དུ་ལྟོས་ཤིག

རིག་བྱེད་ལྷ་མོའི་དབང་སྡུད་ལས་ཚོགས་བཅུ་པ།

རིག་བྱེད་ལྷ་མོའི་ཐུགས་ཀྱི་སྒྲུབ་པ་ལས༔ དབང་སྡུད་ལས་ཚོགས་བཅུ་པ་བཞུགས་སོ༔

རྒྱལ་ཀུན་ཡུམ་མཆོག་གོས་དཀར་མོ༔ རིག་བྱེད་ལྷ་མོའི་སྐུར་བསྟན་ནས༔ སྐྱེ་རྒུ་མཐའ་དག་དབང་བསྒྱུར་བའི༔ འཕགས་མ་མཆོག་གི་ཞབས་ལ་འདུད༔ དེ་ཡི་དབང་ཐོབ་དམ་ཚིག་ལྡན༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ གང་འདོད་དབང་གི་ཕྲིན་ལས་བརྩམས༔ ས་མ་ཡཱ༔ དང་པོ་མདའ་དར་སྣ་ལྔ་ལ༔ བརྟེན་ནས་ཡུལ་ལྷ་དབང་སྡུད་ཐབས༔ གཙང་མའི་མདའ་ལ་དར་ཚོན་བཏགས༔ ཡུངས་ཐུན་བརྡེག་ཅིང་གུ་གུལ་བདུག༔ སྒྲུབ་པའི་རྟེན་དུ་མཆོད་གྲལ་བཤམས༔ དང་པོ་ཕྲིན་ལས་གཞུང་བཞིན་ལ༔ སྒྲུབ་པའི་རྗེས་སུ་ལས་སྦྱོར་སྐབས༔ རང་ཉིད་རིག་བྱེད་ལྷ་མོ་ཡི༔ ཐུགས་ཀའི་སྔགས་ཕྲེང་གཡོན་བསྐོར་ཚུལ༔ ཤུགས་དྲག་ཇོ་འཁོར་མྱུར་བསྐྱོད་བཞིན༔ སྔགས་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས༔ མཚལ་ལྟར་དམར་བའི་གཟི་བྱིན་གྱིས༔ ཡུལ་དེའི་གཞི་བདག་ཆེ་ཕྲ་ཀུན༔ ཇི་ལྟར་རྗེ་ཡིས་འབངས་བཀུག་ལྟར༔ དད་གུས་ཆགས་སེམས་གདུང་བའི་བློས༔ བདག་ཉིད་རིག་བྱེད་དབང་མོ་ལ༔ བླ་མ་རྒྱལ་པོ་ཕ་མ་དང་༔ མཛའ་གྲོགས་ཇི་བཞིན་བཏུད་གྱུར་པས༔ རིགས་བདག་རྟ་མགྲིན་རྒྱལ་པོ་ཡིས༔ ཕྱིན་ཆད་དམ་ལས་མི་འདའ་བའི༔ པདྨའི་ཕྲེང་བ་གཙུག་ཏུ་བཞག༔ རིག་བྱེད་གསང་བའི་མེ་ཏོག་ནས༔ བྱང་སེམས་བདུད་རྩི་དམར་པོ་ཡིས༔ ཁྲུས་བྱས་སྙིང་གར་ཐིམ་གྱུར་པས༔ ཇི་སྲིད་བདག་གཞན་བྱང་ཆུབ་བར༔ ཕན་གྲོགས་བྱེད་པར་ཁས་བླངས་བསམ༔ རྩ་སྔགས་ཡིག་འབྲུ་བརྒྱད་པའི་གཤམ༔ བྷུ་མི་པ་ཏི་ལོ་ཀ་པ་ལ་ཛ་ཛ༔ ཨ་ཀརྴ་ཡ་ཁུག་ཁུག༔ ཡུལ་ལྷ་ཆྒཻ་མོ་ཞེས་བྱ་བ་བདག་གི་གྲོགས་སུ་ཁུག་ཁུག༔ དུང་དུང་༔ སློང་སློང་༔ ཛུ་ཛུ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ སྟོང་རྩ་བཟླས་པས་རྨི་ལམ་དུ༔ རྟ་པ་ཆེ་བཟང་བཙུན་པ་དང་༔ བུད་མེད་མཛེས་མ་འདུས་སོགས་འབྱུང་༔ མདའ་དར་གཡབ་ཅིང་འགུག་པ་བྱ༔ ས་མ་ཡཱ༔ ཡུལ་ལྷ་དབང་སྡུད་དྲེགས་པའི་སྙིང་སྒུལ་ཞེས་བྱ་བ་ ས་མ་ཡཱ༔ བླ་མ་དབང་དུ་སྡུད་པའི་ཐབས༔ རྡོར་དྲིལ་རབ་གནས་ལྡན་པ་གཅིག༔ བླ་མ་དྲེགས་སྙེམས་ཆེ་བཙན་གྱི༔ སྲོག་འཁོར་བླ་རྡོ་ཡིན་པར་དམིགས༔ རྒྱུན་དུ་སྒྲུབ་ཚེ་མཆོད་པའི་གྲལ༔ རང་གིས་བརྡུང་དཀྲོལ་བྱས་པའི་སྒྲས༔ གང་དམིགས་དེ་ཉིད་དབང་བསྡུས་བསམ༔ བསྙེན་སྐབས་དམིགས་པའི་ཁ་བསྒྱུར་ནི༔ བདག་ཉིད་རིག་བྱེད་ལྷ་མོའི་ཐུགས་སྲོག་མཐར༔ ཧྲཱིཿཡིག་དམར་པོ་རང་སྒྲ་སྒྲོགས་པ་ལས༔ བར་མ་ཆད་པར་ཧྲཱིཿདམར་རྒྱུན་བྱུང་སྟེ༔ གང་དམིགས་བླ་མ་དྲེགས་སྙེམས་དེ་ཉིད་ཀྱི༔ སྙིང་གར་ཕོག་པས་ཁབ་ལེན་ལྕགས་བསྒུལ་ལྟར༔ དད་མོས་མཐུན་སྡེབ་གདུང་བའི་བློ་དང་བཅས༔ ལུས་ཀྱིས་ཐལ་སྦྱར་ངག་གིས་བསྟོད་དབྱངས་སྒྲོགས༔ བརྟན་པ་བྲལ་ཏེ་བདག་གི་དབང་འདུས་བསམ༔ རྩ་སྔགས་འབྲུ་བརྒྱད་ཤམ་བུ་རུ༔ གུ་རུ་ཆྒཻ་མོའི་ལུས་སྒུལ༔ ངག་སྒུལ༔ ཡིད་དཀྲུགས༔ ཙིཏྟ་ཨ་པ་ར་ཁུག་ཁུག༔ སྡུས་སྡུས༔ དུང་དུང་༔ རཏྣ་དྷ་ར་སིདྡྷི་པ་ཤཾ་ཀུ་རུ་སྭཱ་ཧཱ༔ གུ་རུ་ཆྒཻ་མོ་བདག་གི་གྲོགས་སུ་འདུས་འདུས༔ བློ་ཡེང༔ སྣང་བ་བསྒྱུར༔ སྤ་བཀོང་༔ སིདྡྷི་ཕ་ལ་སྐྱོལ་སྐྱོལ༔ དྲིལ་བུ་སྒྲོགས་ཤིང་དུས་རྒྱུན་དུ༔ རང་གི་བྲན་ནམ་གྲོགས་པོའམ༔ སྦྱིན་བདག་ཚུལ་དུ་འདུད་པར་བསམ༔ ས་མ་ཡཱ༔ བླ་མ་དབང་སྡུད་ཁེངས་དྲེགས་ཟིལ་གནོན་ཞེས་བྱ་བ་ས་མ་ཡཱ༔ ཆོས་འཁོར་རི་ཁྲོད་ལ་སོགས་པར༔ བཙུན་པ་ཕལ་པ་དབང་སྡུད་ན༔ བཙུན་པ་བཟང་ངན་འདྲེས་མ་ཡི༔ ལུས་རྡུལ་གོས་དུམ་དར་གྱིས་དྲིལ༔ ལྷུང་བཟེད་ནང་བཅུག་དགེ་འདུན་ཀུན༔ འདུ་བའི་སྲོག་གི་འཁོར་ལོ་བསམ༔ བསྙེན་སྐབས་དམིགས་པའི་འཕྲོ་འདུ་ནི༔ རང་ཉིད་དབང་གི་ལྷ་མོའི་ཐུགས་སྲོག་ལས༔ འཇམ་དཔལ་དབྱངས་སོགས་ལྷ་སྐུའི་འཕྲོ་འདུ་དང་༔ ཐེག་པ་ཆེ་ཆུང་ཆོས་ཀྱི་ཆར་བབས་པས༔ ཕྱོགས་བཅུའི་དགེ་འདུན་སྦྲང་རྩིར་བུང་བ་བཞིན༔ བར་མཚམས་མེད་པར་བདག་གི་མདུན་དུ་འོང་༔ དད་མོས་ཐལ་སྦྱར་ལྷ་མོའི་ཕྱག་མཚན་མདས༔ ཕོག་པས་བདག་ལ་བླ་མ་མཁན་སློབ་དང་༔ སློབ་དཔོན་ཚུལ་དུ་གུས་འདུད་འབྲལ་མེད་བསམ༔ རྩ་སྔགས་ཤམ་བུར་འདི་བཏགས་བསྙེན༔ སང་ག་སརྦ་སིདྡྷི་པ་ཤཾ་ཀུ་རུ༔ ཡུལ་ཆྒཻ་མོ་ཞེས་བྱ་བའི་བཙུན་པ་ཐམས་ཅད་དུང་དུང་༔ ཁུག་ཁུག༔ སློང་སློང་༔ བློ་ཡེང་ཡེང༔ སྣང་བ་སྒྱུར་སྒྱུར༔ སརྦ་སངྒ་པ་ཤངྐུ་རུ་སྭཱ་ཧཱ༔ རྨི་ལམ་གྲུབ་པའི་རྟགས་བྱུང་ན༔ གོས་དུམ་དབང་གི་སྦྱིན་བསྲེག་བྱ༔ ས་མ་ཡཱ༔ བཙུན་པ་དབང་སྡུད་འཕགས་ཚོགས་སྤྲིན་སྡུད་ཅེས་བྱ་བ་ ཕོ་རྒྱུད་རྒྱལ་བློན་འབངས་ཕལ་པ༔ དབང་སྡུད་དམིགས་པའི་ཁ་བསྒྱུར་ནི༔ རང་ཉིད་རིག་བྱེད་དབང་གི་ལྷ་མོར་བསྒོམས༔ མདུན་དུ་གང་དམིགས་དེ་ཉིད་ཐལ་སྦྱར་ཚུལ༔ སྙིང་གར་ཨུཏྤལ་དམར་པོ་སྐྱེས་མ་ཁད༔ དེ་ཡི་མིང་ཡིག་ཁ་དོག་དཀར་པོ་ནི༔ བཀྲག་མདངས་འོད་དང་གཟི་བརྗིད་ལྡན་པར་བསམ༔ བདག་ཉིད་དབང་གི་ལྷ་མོའི་ཕྱག་མཚན་མདའ༔ ཨུཏྤལ་དམར་པོའི་སྦུབས་ནས་རང་སྲོག་སྔགས༔ བུང་བ་དམར་པོ་སྔགས་སྒྲ་འུར་འུར་སྒྲོགས༔ རྣ་བ་གཡོན་ཞུགས་དེ་ཡི་མིང་ཡིག་ནི༔ ཡིག་འབྲུ་རེ་རེ་བཞིན་དུ་ཚུར་བླངས་ནས༔ སྣ་བུག་གཡས་ནས་བདག་གི་གསང་བར་ཞུགས༔ ཐུགས་ཀའི་སྔགས་ལ་ཕོག་པས་བདག་དབང་འདུས༔ དེ་ཡི་མིང་ཡིག་ཟད་ཅིང་སྙིང་ག་རུ༔ ཨུཏྤལ་སྐམ་ནས་འགྱེལ་ལ་ཁད་པ་ཡི༔ སྙིང་གར་བདག་གི་ཐུགས་ཀའི་འོད་དམར་པོས༔ ཕོག་པས་ཐལ་སྦྱར་ཆགས་སེམས་གུས་པའི་བློས༔ བདག་ལ་དད་ཅིང་བྲན་དུ་ཁས་བླངས་བསམ༔ རྩ་སྔགས་ཤམ་བུར་འདི་བཏགས་བསྙེན༔ རཱ་ཛ་ཆྒཻ་མོ་ཞེས་བྱ་བའི་སྲོག་དུང་དུང་༔ སྙིང་རྩ་སྒུལ་སྒུལ༔ བདག་གི་དབང་དུ་དུང་དུང་༔ བྲན་དུ་སྡུས་སྡུས༔ བློ་ཡེང་ཡེང༔ སྣང་བ་སྒྱུར་སྒྱུར༔ སིདྡྷི་ཕ་ལ་སྐྱོལ་སྐྱོལ༔ ཅེས་པའང་སྲོག་སྔགས་སྟོང་རྩ་བཟླས༔ བསོད་ནམས་ཅན་གྱི་གང་ཟག་དེ༔ གལ་ཏེ་དབང་དུ་མ་འདུས་ན༔ བསྙེན་པ་བསྐྱལ་ཞིང་སྦྱིན་བསྲེག་བྱ༔ ཕལ་པའི་དམངས་ལ་སྨོས་ཅི་དགོས༔ ས་མ་ཡཱ༔ ཕོ་རྒྱུད་དབང་སྡུད་བུང་བས་བཅུད་སྡུད་ཅེས་བྱ་བ་ ས་མ་ཡཱ༔ མོ་རྒྱུད་དབང་དུ་སྡུད་འདོད་ན༔ རང་ཉིད་ལྷ་མོའི་ཐུགས་ཀ་ནས༔ འོད་འཕྲོས་དབང་ཕྱུག་ཆེན་པོ་བསྐུལ༔ ལིང་ག་དམར་པོ་གྱེན་བསྒྲེང་བའི༔ སྦུབས་ནས་བྱང་སེམས་དཀར་པོ་དང་༔ འོད་དམར་ལྕགས་ཀྱུ་འབར་བ་ཡིས༔ གསང་བར་ཕོག་པས་བློ་རྨོངས་ཏེ༔ འདོད་པས་མྱོས་ཏེ་བདག་ཉིད་ཀྱི༔ དབང་དུ་འདུས་ཏེ་བྲན་བཀོལ་བསམ༔ རྩ་སྔགས་ཤམ་བུར་འདི་བཏགས་བསྙེན༔ བུ་མོ་ཆྒཻ་མོ་ཞེས་བྱ་བའི་བློ་ཡེངས་སུ་ཆུག་ཅིག༔ བདག་གི་བྲན་དུ་ཁོལ་ཅིག༔ སྣང་བ་སྒུལ་སྒུལ༔ ཛ་ཛ་ཛུ་ཛུ་སློང་སློང་ནཱ་རི་སརྦ་པ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ༔ སྟོང་བཟླས་དབང་འདུས་བྲན་དུ་འགྱུར༔ བུད་མེད་དབང་སྡུད་འདོད་པའི་ལྕགས་ཀྱུ་ཞེས་བྱ་བ་འཚོ་བའི་ཟས་སྣ་དབང་སྡུད་ན༔ རང་ཉིད་ལྷ་མོའི་ཐུགས་ཀའི་འོད་དམར་གྱིས༔ འཇིག་རྟེན་ཁམས་ཀྱི་ཟས་ལྷ་དབང་དུ་བསྡུས༔ བདག་གི་སློང་ཕོར་རཏྣའི་གཞོང་པ་རུ༔ དཀར་དམར་ཤ་ཁྲག་ཇ་ཆང་སྐྱེམས་ལ་སོགས༔ བདག་ལ་ཕུལ་བས་བཟའ་བཏུང་གང་འདོད་ཀུན༔ དུས་ཀུན་བར་མེད་འདུས་པས་གནས་སྐབས་སུ༔ བཀྲེས་སྐོམ་དབུལ་བའི་གདུང་བ་སེལ་བར་བསམ༔ ཁམ་ཟས་སློང་ཕོར་སྔགས་བཏབ་གར་ཕྱིན་ཀྱང་༔ ཅི་འདོད་བཟའ་བཏུང་འབྱུང་བར་ཐེ་ཚོམ་མེད༔ རྩ་སྔགས་ཤམ་བུར་འདི་ཉིད་བཏགས༔ ན་ན་ཁ་དྷེ་ཟས་ཀྱི་འདུ་བ་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཟས་དབང་དུ་སྡུད་པའི་མན་ངག་སྦྱིན་བདག་ལག་བསྒུལ་ཞེས་བྱ་བ་ ནོར་ཕྱུགས་དབང་དུ་བྱ་བ་ལ༔ གང་འདོད་སྤུ་སྣ་མཛོད་དུ་སྦ༔ སེམས་ཅན་རང་རང་གཡང་སྐར་ལ༔ བབས་ཚེ་ལས་སྦྱོར་རྩ་སྔགས་ཤམ༔ རཏྣ་དྷ་ར་ཨ་ཤྭ་ཀ་ཧསྟི་ཀ་དྷ་དི་པ་ལ་སྡུས་སྡུས་སརྦ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་སྟོང་རྩ་ཙམ་ཞིག་བཟླ༔ རྨི་ལམ་ཕྱུགས་ཀྱི་ཚོགས་འདུ་ཞིང་༔ འོ་ཞོ་བཏུང་སོགས་རྟགས་བྱུང་ཚེ༔ དངོས་གྲུབ་བླང་ཞིང་དམིགས་མེད་བཞག༔ ས་མ་ཡཱ༔ ནོར་ཕྱུགས་དབང་དུ་སྡུད་པའི་གདམས་པ་གནོད་སྦྱིན་དཀོར་མཛོད་ ནོར་སྒྲུབ་དམིགས་པའི་གབ་ཡིག་ནི༔ རང་ཉིད་དབང་གི་ལྷ་མོའི་ཐུགས་ཀ་ནས༔ འོད་དམར་བྱང་ཕྱོགས་ལྕང་ལོ་ཅན་དུ་འཕྲོས༔ གནོད་སྦྱིན་ཆེན་པོ་ངལ་བསོའི་བུ་ལ་ཕོག༔ གཉེན་ལ་ནོར་གྱིས་ཉམས་གསོས་སྤྲད་པ་ལྟར༔ རྟ་དང་བ་གླང་ནོར་ཕྱུགས་ཆེ་འབྲིང་ཆུང་༔ བདག་གི་ཕྱུགས་ལྷས་སྟོངས་པ་གང་བར་བསམ༔ འདྲེ་སྲིན་དབང་དུ་བསྡུ་འདོད་ན༔ ཕ་ཝཾ་ལོང་བུ་ཟུར་དྲུག་པ༔ ཏྲི་དྲུག་གྲི་ཁྲག་གིས་བྲིས་ཏེ༔ ཡུལ་དེའི་འདྲེ་སྲིན་ཐམས་ཅད་བཀུག༔ རང་དབང་མེད་པར་ཚུར་འདུས་ནས༔ བླ་རྡོའི་ཏྲི་དང་དབྱེར་མེད་བསམ༔ རང་ཉིད་ཀུ་རུ་ཀུལླེ་ཡི༔ ཐུགས་ལས་ཕྱག་རྒྱའི་ལྷ་མོ་བཞི༔ སྤྲོས་ཏེ་སྒོ་གསུམ་འགུགས་འཆིང་བསྡམས༔ མྱོས་ཏེ་བྲན་དུ་ཁས་བླངས་བསམ༔ རྩ་སྔགས་ཤམ་བུར་འདི་ཡང་བཟླ༔ ཏྲི་ཨཀྵ་ཡ་ཨ་ཀར་ཤ་ཡ་ཁུག་ཁུག་དུང་དུང་སྡུས་སྡུས་ཛ་ཧཱུྃ་བཾ་ཧོཿ དངོས་ཉམས་རྨི་ལམ་འདྲེ་གཟུགས་སྟོན༔ མི་སྙན་སྒྲ་འབྱིན་དྲི་ངན་མནམས༔ གང་བྱུང་རོ་སྙོམས་ངང་དུ་བཞག༔ རང་ཉིད་རྟ་མཆོག་རྒྱལ་པོར་བསམ༔ སྐུ་རགས་མི་ལྤགས་མདུད་པའི་ནང་༔ འདྲེ་སྲིན་བླ་རྡོ་བཙོན་དུ་བཟུང་༔ རྡོ་རྗེའི་མཁར་དུ་ཚུད་པ་ཡིས༔ གཡོ་མེད་བསམ་ལ་བསྟན་དགྲ་ལ༔ ཆོ་འཕྲུལ་ཐོངས་ཞེས་སྐབས་སུ་རྦད༔ ནང་ནུབ་བསང་གསུར་ལུས་སྦྱིན་སོགས༔ མ་བུའི་ཚུལ་དུ་ཚིམས་པར་བསྔོ༔ གཏོང་ཚེ་དམ་བཞག་མནའ་ཐོ་གདབ༔ འདྲེ་སྲིན་དབང་སྡུད་ཤ་རུལ་སྦྲང་བུ་ཞེས་བྱ་བ་ ལྟ་ལོག་ཁྲོ་གཏུམ་དབང་བསྡུ་ན༔ ཞེ་སྡང་སྦྲུལ་གྱི་པགས་པ་དང་༔ ཤོག་གུ་གཙང་མ་ལེགས་པར་སྦྱར༔ ཡུལ་དེའི་བདག་ལ་སྐུར་འབེབས་དང་༔ རྟག་ཏུ་སྡང་བའི་མི་ཕོ་མོ༔ སྔགས་བཙུན་ལ་སོགས་མིང་མཐའ་རུ༔ བདག་གི་དབང་དུ་ཁུག་ཅེས་འབྲི༔ མལ་འོག་སྟན་གྱི་འོག་ཏུ་སྦ༔ རྩ་སྔགས་ཤམ་བུར་འདི་ཉིད་བཏགས༔ ན་ར་ན་རཱི་སཾ་གྷ་མ་ན་མེ་ཏྲི་ཛ་ཛ༔ རང་ཉིད་ལྷ་མོའི་གནས་ལྔ་ལས༔ བྱམས་པའི་འོད་ཟེར་དཀར་དམར་མཐིང་༔ སེར་ལྗང་ཁོ་ཡི་གནས་ལྔར་ཕོག༔ ལྷན་སྐྱེས་ལྷ་ཡིས་བློ་སེམས་བསྐུལ༔ ཁོ་ཡང་བདག་ལ་བྱམས་སེམས་ཀྱིས༔ ཅི་སྨྲས་ཉན་ཅིང་བསྟོད་བསྔགས་བརྗོད༔ ཐལ་སྦྱར་ཆགས་སེམས་མོས་ལྡན་པས༔ རྟག་ཏུ་ཕན་གྲོགས་བྱེད་པར་བསམ༔ སྡང་སེམས་ཅན་རྣམས་དབང་སྡུད་བྱམས་པའི་ཟུར་མིག་ཅེས་བྱ་བ་ བསོད་ནམས་དབང་དུ་སྡུད་འདོད་ན༔ སྔོན་དུ་མཆོག་གསུམ་ཡུལ་རྣམས་ལ༔ མཆོད་འབུལ་དམན་ལ་སྦྱིན་པ་གཏོང་༔ སྐབས་སུ་ཞག་བདུན་བསྙེན་ཁ་གསོ༔ ལས་སྦྱོར་དམིགས་པའི་འཕྲོ་འདུ་ནི༔ རང་ཉིད་དབང་གི་ལྷ་མོའི་ཐུགས་ཀ་ནས༔ འོད་ཟེར་སྣ་ལྔའི་རྩེ་ལ་སྒེག་མོ་སོགས༔ མཆོད་པའི་ལྷ་མོས་མཆོད་རྫས་དཔག་མེད་ཐོགས༔ ཁ་བ་བུ་ཡུག་འཚུབ་ལྟར་ཕྱོགས་བཅུར་འཕྲོས༔ རབ་འབྱམས་ཞིང་གི་རྒྱལ་ཀུན་མཆོད་པས་མཉེས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་ག་ལྷ་རྫས་དཔག་མེད་དང་༔ ཡིག་འབྲུ་ཕྱག་མཚན་སྣ་ཚོགས་ཆར་ལྟར་བབས༔ བདག་ལ་ཐིམ་པས་རྒྱལ་བ་སྲས་བཅས་ཀྱི༔ མཐའ་ཡས་བསོད་ནམས་སྟོབས་ལ་དབང་བར་འགྱུར༔ རྩ་སྔགས་ཤམ་དུ་འདི་ཉིད་བཏགས༔ མ་ཧཱ་སརྦ་ཛ་ཡ་ཛི་ན་པུ་ཏྲ་པུཎྱཻ་པ་ཤངྐུ་རུ་སིདྡྷི་ཧཱུྃ༔ སླར་ཡང་ཐུགས་ལས་འོད་དམར་འཕྲོས་པ་ཡི༔ རྩེ་ལས་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ༔ ལྕགས་ཀྱུ་ཞགས་པ་ཐོགས་པ་སྐུ་མདོག་དམར༔ རྒྱལ་བློན་བཙུན་མོ་བན་བོན་རིག་གནས་མཁན༔ ཀུན་གྱི་སྙིང་ག་གསང་བའི་གནས་རྣམས་ནས༔ ལྕགས་ཀྱུས་བཟུང་སྟེ་རང་གི་མདུན་ཉིད་དུ༔ ཐལ་སྦྱར་ཆགས་པའི་སེམས་ཀྱིས་འཁོད་པ་ལ༔ བདག་གི་ཕྱག་མཚན་ཨུཏྤལ་མདས་གཟིར་བས༔ དེ་ཀུན་ཚེ་བསོད་དཔལ་འབྱོར་མ་ལུས་པ༔ ཨ་ཏྲི་ནྲྀ་གསུམ་འོད་ཀྱི་གོང་བུ་སེར༔ བདག་ལ་ཕུལ་བས་བདག་གི་གསང་བ་ནས༔ གྱེན་དྲངས་ཐུགས་ཀར་ཐིམ་པས་བསོད་ནམས་ཅན༔ ཀུན་དང་བདག་ཉིད་མཉམ་པའི་མདངས་ལྡན་བསམ༔ རྩ་སྔགས་ཤམ་བུར་སྟོང་རྩ་བཟླ༔ མ་ཧཱ་རཱ་ཛ་ར་ཛཱི་པནྚི་ཏ་ཛྭ་ཀི་སུ་སྟྲི་༼སུ་ཧྲིཏ྄་༽པུཎྱཻ་སརྦ་པ་ཤཾ་ཀུ་རུ་ཧཱུྃ་བྷྲུཾ་སྭཱ་ཧཱ༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ གཞན་གྱིས་བཀུར་དང་ཁྲི་ལ་འདུག༔ དགེ་བའི་རྟགས་མཚན་གང་བྱུང་ཡང་༔ དགག་སྒྲུབ་མེད་པར་རོ་སྙོམས་བཞག༔ བསོད་ནམས་འོད་ཟེར་དབང་སྡུད་ཐབས་མཁས་འོད་ཟེར་ཞེས་བྱ་བ་ ས་མ་ཡཱ༔ ཨེ་མ་ལྷ་མོ་རིག་བྱེད་མའི༔ དབང་སྡུད་ལས་ཚོགས་བཅུ་པ་འདི༔ ནཱ་གརྫུ་ནའི་ཐུགས་བརྒྱུད་ནས༔ པདྨ་ཐོད་ཕྲེང་རྩལ་ལ་གདམས༔ མཁའ་འགྲོའི་སྙིང་སྒྲོམ་དམར་པོར་སྦོས༔ དུས་བབས་བསྟན་འགྲོའི་དོན་ཆེད་དུ༔ དབང་གི་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཆོས་ལ་དབང་བའི་སྐལ་ལྡན་གཞན་ལ་ཕན་པས་བསྐུལ་ཞིང་བདག་འདྲ་ཤཱཀྱའི་དགེ་སྦྱོང་ལུང་རིག་གླིང་པས་མཉམ་བཞག་སྤྲོས་པ་ཀུན་བྲལ་དབྱིངས་ཀྱི་སྒྲོམ་ནས་བཏོན་ཏེ་དབེན་གནས་བདེ་ཆེན་པདྨོའི་ཚལ་ནས་བྲིས་པ་དགེ་བར་གྱུར་ཅིག །

ལྷ་ཆེན་ལྕམ་དྲལ་གཏོར་འབུལ་འདོད་རྒུའི་དཔལ་སྩོལ།

རིག་བྱེད་ལྷ་མོའི་ཐུགས་སྒྲུབ་ལས༔ ལྷ་ཆེན་ལྕམ་དྲལ་གཏོར་འབུལ་འདོད་རྒུའི་དཔལ་སྩོལ་བཞུགས༔

རིག་བྱེད་དབང་གི་ལྷ་མོར་འདུད༔ དེ་ཡི་བཀའ་སྡོད་ལྷ་ཆེན་པོ༔ ལྕམ་དྲལ་ཕྲ་མེན་བཅས་པ་ལ༔ མཆོད་གཏོར་ཚེས་བརྒྱད་ལ་སོགས་པར༔ བཤོས་དམར་ཡུམ་དང་ཕྲ་མེན་བཞི༔ གཏོར་མ་གཙོ་འཁོར་ལྔ་པ་བཤམས༔ ཤ་ཁྲག་དཀར་དམར་ཟས་ཕུད་བཅས༔ རང་ཉིད་རིག་བྱེད་མར་གསལ་བས༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བསྒྱུར༔ སྤོས་དཀར་དྲི་བཟང་དུད་པ་གཏོང་༔ རོལ་མོ་འཁྲོལ་ཞིང་འདི་སྐད་དོ༔ ཧྲཱིཿབྷྱོ༔ ཟླ་གམ་དཀྱིལ་འཁོར་དབང་གི་ད་ལ་ནས༔ སོར་རྟོག་ཡེ་ཤེས་གསུང་གི་རྡོ་རྗེའི་འཕྲུལ༔ པདྨ་དབང་ཆེན་དངོས་སྤྲུལ་སྲིད་གསུམ་བདག༔ མ་ཧཱ་དེ་ཝ་ལྕམ་དྲལ་བཀའ་སྡོད་བཅས༔ དད་གུས་གདུང་བའི་ཤུགས་ཀྱིས་སྤྱན་འདྲེན་ནོ༔ བརྩེ་ཆེན་ཐུགས་རྗེས་ཤུགས་ཕྱུང་གནས་འདིར་གཤེགས༔ ཆགས་བྲལ་པད་ཉིའི་གདན་ལ་དགྱེས་པར་བཞུགས༔ རབ་ཏུ་གུས་ཤིང་ཡོན་ཏན་དྲན་པས་འདུད༔ དབང་པོ་དྲུག་ལ་ཟག་མེད་བདེ་སྟེར་བའི༔ མཆོད་རྫས་རབ་འབྱམས་མ་ཚང་མེད་པས་མཆོད༔ ཁྱད་པར་དགྱེས་པའི་རྟེན་རྫས་དབང་གི་གནས༔ པདྨ་རཱ་གའི་ཁང་བཟང་བཀོད་མཛེས་ལེགས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན༔ ཉོན་མོངས་གདུང་སེལ་རྩ་བརྒྱད་སྟོང་སྦྱར་སྨན༔ རང་བྱུང་རྐྱེན་སྦྱར་ཞིང་བཅུའི་རཀྟ་དམར༔ སྨན་སྤོས་འབྲུ་བཅུད་བསྡུས་པའི་བྷ་ལིངྟ་༔ ཅང་ཤེས་རྟ་དང་འདོད་པ་འཇོ་བའི་བ༔ མ་རྨོས་ལོ་ཏོག་དཀར་མངར་ཤ་ཁྲག་ཟས༔ ཇ་ཆང་སྐྱེམས་ཕུད་བླ་རྡོ་སྲོག་འཁོར་དང་༔ ཡིད་འོང་མུ་དྲ་གདུང་སེལ་དར་གོས་ནོར༔ ཏིང་འཛིན་སྔགས་རྒྱ་བླ་མེད་མཆོད་སྤྲིན་གྱིས༔ སྲིད་པའི་མེས་པོ་ལྷ་ཆེན་ཡབ་དང་ཡུམ༔ ལས་བྱེད་ཕྲ་མེན་འགུགས་འཆིང་རྨོངས་པ་མྱོས༔ གཞན་ཡང་སྤྲུལ་དང་ཡང་སྤྲུལ་གསོལ་ལོ་མཆོད༔ ཐུགས་དམ་བསྐང་ངོ་ཉམས་ཆག་ཉེས་ལྟུང་བཤགས༔ ཧྲཱིཿ མ་ཧཱ་དེ་ཝ་སྲིད་གསུམ་ཆེ་བའི་མཆོག༔ སྙིང་རྗེའི་གཏེར་ཆེན་འགྲོ་བ་ཡོངས་ཀྱི་གཉེན༔ སྐུ་མདོག་དམར་པོ་སྐྱེ་རྒུའི་བླ་ཡིད་འགུགས༔ ལྕགས་ཀྱུ་ཞགས་པས་ཕྱག་རྒྱ་བསྒྱུར་ལ་བསྟོད༔ དཀའ་ཐུབ་གདུང་བཟློག་ཨུ་མ་དེ་ཝཱི་དམར༔ ལས་བྱེད་མཁའ་འགྲོས་གླིང་བཞིའི་ཕྱྭ་གཡང་འགུགས༔ དབང་གི་ཕྲིན་ལས་འདོད་དགུའི་ཆར་ཆེན་འབེབས༔ བཀའ་སྡོད་དྲེགས་པའི་སྤྱི་རྗེ་ཆེན་པོར་བསྟོད༔ ཁྱོད་ལ་འདོད་དོན་ཕྲིན་ལས་བཅོལ་བ་ནི༔ ཆོས་མཛད་ཡོངས་ཀྱི་ཚེ་དཔལ་འབྱོར་བ་སྤེལ༔ རྒྱལ་བསྟན་མི་ནུབ་སྲིད་མཐར་དར་ཞིང་རྒྱས༔ མཐའ་ཡས་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འཚོ༔ བསྟན་དང་འགྲོ་ལ་གནོད་པའི་ཚེ་སྲོག་ཕྲོག༔ གཞན་གྱིས་བདག་ལ་བསམ་ངན་སྦྱོར་རྩུབ་ཀྱིས༔ སྲེག་འཕང་མནན་གཏད་བྱད་ཕུར་རིག་སྔགས་ཟློག༔ གནས་སྐབས་གང་བཅོལ་ཕྲིན་ལས་ཐོགས་མེད་ཅིང་༔ མཐར་ཐུག་བདག་ལ་བཟང་ངན་གང་འབྲེལ་ཀུན༔ བདེ་ཆེན་ཞིང་དུ་སྐྱེལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་འབུལ༔ ཅི་བསམ་འགྲུབ་པར་གདོན་མི་ཟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ལུང་རིག་གླིང་པའི་དགོངས་གཏེར་ཡང་དག་གོ༔

རིག་བྱེད་མའི་བླ་རྡོ་བྲི་ཐབས་ཁྱད་འཕགས།

རིག་བྱེད་ཐུགས་སྒྲུབ་ཟབ་མོ་ལས༔ བླ་རྡོ་བྲི་ཐབས་ཁྱད་འཕགས་བཞུགས༔

རིག་བྱེད་མ་ལ་ཕྱག་འཚལ་ལོ༔ བླ་རྡོ་བྲི་ཐབས་དར་དམར་ལ༔ གྲོང་པའི་ཆོས་ཀྱིས་མ་གོས་པའི༔ བུ་མོའི་རྡུལ་ལམ་མ་རྙེད་ན༔ ལི་ཁྲི་གཙང་མས་རྒྱུ་སྐར་རྒྱལ༔ ཤར་ཚེ་བགེགས་བསྐྲད་གུ་གུལ་བདུག༔ ཤིན་ཏུ་གསང་བས་རྒྱ་སྐྱེགས་ཀྱི༔ ཁུ་བ་དང་བསྲེས་མུ་ཁྱུད་བཞིའི༔ ལྟེ་བར་མདའ་གཞུ་འགེངས་པའི་ལྟོར༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཁམས་གསུམ་གྱི་བླ་ཡིད་པ་ཤང་ཀུ་རུ་སྭཱ་ཧཱ༔ མུ་ཁྱུད་གཉིས་པར༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧྱཱ་གྷྲི་ཝ་པདྨ་དྷ་ར་སྭཱ་ཧཱ༔ འཆང་བ་པོའི་མིང་འདི་ཞེས་བྱ་བའི་དབང་དུ་བླ་མ་མཁན་སློབ་མཁས་བཙུན་བཟང་འཛོམས་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤངྐུ་རུ་སྭཱ་ཧཱ༔ དེ་མཐར་དབྱངས་ཡིག་བཅུ་དྲུག་འབྲི༔ མུ་ཁྱུད་གསུམ་པར་གོང་གི་སྔགས་ཤམ་དུ༔ ལྷ་འདྲེ་མི་གསུམ་ཆེ་བཙན་དྲེགས་པ་ཅན་ཐམས་ཅད་ཀྱི་བླ་ཡིད་སེམས་གསུམ་དབང་དུ་སྡུས་ཤིག་པ་ཤཾ་ཀུ་རུ་སྭཱ་ཧཱ༔ དེ་མཐར་གསལ་བྱེད་སོ་བཞི་འབྲི༔ མུ་ཁྱུད་བཞི་བར་གོང་གི་སྔགས་ཤམ་དུ༔ འཆང་བ་མིང་འདི་ཞེས་བྱ་བའི་དབང་དུ་རྒྱལ་པོ་བློན་པོ་བཙུན་མོ་ཡུལ་གྱི་གཙོ་བོ་དམངས་ཕལ་པ་ཐམས་ཅད་ཀྱི་བླ་ཡིད་སེམས་གསུམ་དབང་དུ་སྡུས་ཤིག༔ ཝ་ཤང་ཀུ་རུ་ཧོ༔ དེ་མཐར་ཡེ་དྷརྨ་དང་རིག་བྱེད་སྐུ་འབྲི་ཞིང་༔ ཚོན་བྱུགས་རྒྱ་བོད་གནས་ཆེན་ས༔ བུ་མོ་མགོ་གཙང་བཅུ་དྲུག་གི༔ སྐྲ་དང་ལུས་རྔུལ་རཀྟ་བྱུགས༔ རང་སྔགས་ཡེ་དྷར་བཏགས་པ་སྟོང་༔ རིག་བྱེད་ལྷ་མོ་དངོས་སུ་བསྒོམས༔ ཤིས་པ་བརྗོད་ཅིང་དར་ཚོན་ལྔས༔ དྲིལ་ནས་མགུལ་བཏགས་ཚེས་བརྒྱད་ལ༔ སྐུ་རུ་བསྒོམས་ཤིང་བཟླས་པ་བསྐྱལ༔ ཚོགས་དང་མཆོད་པ་གང་འགྲུབ་བྱ༔ ཤིན་ཏུ་གསང་བ་གནད་ཆེའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཡང་རིག་འཛིན་ལུང་རིག་གླིང་པས་རིག་བྱེད་དེ་ཝཱིའི་ཆ་ལག་ཏུ་དག་པར་ཕབ་པ་སརྦ་ཛ་ཡནྟུ༔

དབང་དང་བསྙེན་པའི་གབ་ཐིག་པདྨ་དམར་པོའི་མགུལ་རྒྱན།

རིག་བྱེད་ཐུགས་སྒྲུབ་ཟབ་མོ་ལས༔ དབང་དང་བསྙེན་པའི་གབ་ཐིག་པདྨ་དམར་པོའི་མགུལ་རྒྱན་བཞུགས་སོ༔

རྒྱལ་ཡུམ་རིག་བྱེད་ལྷ་མོར་འདུད༔ དེ་ཡི་དབང་ཆོག་རྗེས་གནང་ལ༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པ་ནི༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བརྒྱ་རྩ་བཟླས་ཤིང་བསྟོད་པ་ནི༔ ཁྲོ་བོའི་རྒྱལ་པོ་དག་བྱེད་བདུད་རྩི་འཁྱིལ༔ ཁམས་གསུམ་ཡོངས་ཀྱི་བགེགས་དང་ལོག་འདྲེན་འཇོམས༔ དུག་རྣམས་ཟག་མེད་བདུད་རྩིར་བསྒྱུར་མཛད་པ༔ དཀྱིལ་འཁོར་རྒྱ་མཚོའི་ཕྲིན་ལས་སྒྲུབ་ལ་བསྟོད༔ ལྷ་ཉིད་འོད་ཞུ་བུམ་ཆུར་གྱུར༔ ཡི་གེ་བརྒྱ་པས་བརྟན་པར་བྱ༔ ཐོག་མར་ཀུན་སློང་བཅོས་པ་དང་༔ སྲིད་གསུམ་མི་རྟག་འཁོར་བའི་གནས༔ སྡུག་བསྔལ་རང་བཞིན་རྒྱུ་འབྲས་ཀྱི༔ སྣང་ཚུལ་བསླུ་མེད་ལ་སོགས་པས༔ སློབ་མའི་ཡིད་རབ་དད་བྱས་ཏེ༔ ཆོས་འདིའི་ལོ་རྒྱུས་བཤད་པ་ནི༔ དེ་ཡང་རང་བཞིན་རྣམ་པར་དག་པ་བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་བཀོད་ལེགས་ཡོན་ཏན་ཕུན་སུམ་ཚོགས་པའི་གནས་སུ༔ སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་སྐུ་སྟོན་པ་འོད་སྣང་ཚེ་མཐའ་ཡས་པས༔ ཡུམ་མཆོག་གོས་དཀར་དབང་གི་ལྷ་མོ་ལ་སོགས་སེམས་དཔའ་སེམས་མའི་འཁོར་གྱི་ཚོགས་ལ༔ དུས་གསུམ་འཕོ་འགྱུར་མེད་པ་མ་བཅོས་མཉམ་བརྡལ་དོན་དམ་བློ་ལས་འདས་པའི་དུས་སུ་རྒྱལ་བ་ཀུན་གྱི་གསུང་གི་རང་གདངས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཕ་མཐའ་ཡས་པ་བསྐོར་བའི་སྐབས་སུ་དབང་གི་ལྷ་མོ་རིག་བྱེད་དབང་མོའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་བསྩལ་བའི་དོན་ཀུན་བདག་ཉིད་མཁས་པ་རྒྱལ་པོའི་གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོའི་དྲུང་དུ་གཏུགས་ཤིང་ཞུས་ཏེ༔ དེ་ཉིད་སྒྲུབ་ཐབས་དུ་མར་བྱས་ཏེ་མཚོ་རྒྱལ་ལ་སོགས་ལས་སྐལ་ལྡན་པའི་རྗེ་འབངས་ཡོངས་ལ་རང་རང་གི་ཆོས་སྐལ་དུ་གཏད་ནས་སྨོན་ལམ་མཐའ་རྒྱས་བཙན་པར་བྱས་པ་ཕྱི་ནང་གི་གཏེར་ཁ་དཔག་ཏུ་མེད་པ་ཞིག་ཡོད་པ་ལས༔ འདི་ནི་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་གསུང་གི་སྒྱུ་འཕྲུལ་ལས་བྱུང་བའི་སྐལ་ལྡན་ལུང་རིག་གླིང་པར་འབོད་པ་དེ་ཉིད་ཀྱི་ཉམས་སྣང་སྒྱུ་མའི་ཟློས་གར་ལས་དཔལ་རི་པདྨ་འོད་དང་གནས་མཆོག་པོ་ཊ་ལ་སོགས་སྤྲུལ་པའི་ཞིང་ཁམས་དུ་མར་རིག་འཛིན་གྲུབ་བརྒྱའི་རྒྱལ་པོ་པདྨ་ཐོད་ཕྲེང་རྩལ་དང་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ལ་སོགས་པས་རྗེས་སུ་བཟུང་ཞིང་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་ཐོབ་པའི་ནང་ཚན་ལྷ་མོ་རིག་བྱེད་མའི་རྗེས་གནང་ཟབ་མོ་ བསྩལ་བའི་སྐབས་སུ་བབས་པ་ལ་མཎྜལ་ཕུལ་མཛོད༔ དེ་ནས་སློབ་མས་མཎྜལ་ཕུལ༔ རྗེས་གནང་ཞུ་བའི་ཐོག་མ་རུ༔ མདུན་མཁར་རིག་བྱེད་ལྷ་མོ་ལ༔ སྐྱབས་གནས་ཀུན་གྱིས་བསྐོར་བར་དམིགས༔ སྐྱབས་འགྲོ་སེམས་བསྐྱེད་ཚོགས་བསག་བྱ༔ དེ་རྗེས་སྡོམ་བཟུང་འདི་ཡང་བྱ༔ ཧོ༔ རྩ་གསུམ་དབང་གི་དཀྱིལ་འཁོར་དུ༔ བླ་མ་ཡི་དམ་མཁའ་འགྲོ་ཀུན༔ མི་འབྲལ་སྐུ་གསུང་ཐུགས་མཆོག་གི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྲུང༔ ཞེས་པ་ལན་གསུམ་དེ་ཡི་རྗེས༔ དབང་དོན་གསོལ་བ་འདེབས་པ་ནི༔ ཧོ༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་ཡི་དམ་ལྷ༔ བསྟན་འགྲོའི་དོན་ཕྱིར་བདག་གིས་སེམས་བསྐྱེད་ནས༔ དབང་གི་ཕྲིན་ལས་སྒྲུབ་མཛད་རིག་བྱེད་མའི༔ རྗེས་གནང་ཟབ་མོ་བདག་ལ་བསྩལ་དུ་གསོལ༔ དེ་ནས་ཡེ་ཤེས་བྱིན་འབེབས་ནི༔ སློབ་བུ་རིག་བྱེད་ལྷ་མོར་བསྒོམས༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་བསྟིམས༔ བརྟན་པར་བྱ་ཞིང་རོལ་མོ་འཁྲོལ༔ སྤོས་བསྲེག་གར་བསྒྱུར་དམིགས་པ་གཏད༔ ས་མ་ཡཱ༔ དངོས་གཞི་སྐུ་གསུང་ཐུགས་གསུམ་གྱི༔ རྗེས་གནང་ཟབ་མོ་གཞུང་བཞིན་བསྐུར༔ ཕྱག་མཚན་ལྕགས་ཀྱུ་ཞགས་པ་གཏད༔ ཧྲཱིཿ དབང་གི་ལྕགས་ཀྱུས་ཁམས་གསུམ་སྙིང་ནས་འདྲེན༔ ཞགས་པ་དམར་པོས་སྐྱེ་འགྲོའི་བླ་ཡིད་འཆིང་༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་འདི་གཏད་པས༔ དབང་གི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་ཤོག༔ རྩ་སྔགས་གཤམ་དུ༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ པདྨའི་མདའ་གཞུ་ལག་ཏུ་གཏད༔ ཧྲཱིཿ ཆོས་ཀུན་སྟོང་པར་ཤེས་པའི་ཨུཏྤལ་མདའ༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གཞུར་འགེངས་ཏེ༔ དད་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས༔ སྲིད་གསུམ་བྱང་ཆུབ་ལམ་ལ་མྱུར་འདྲེན་ཤོག༔ རྩ་སྔགས་ཤམ་བུར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྲོག་ཡིག་གཏད་སོགས་གཞུང་བཞིན་ནོ༔ ས་མ་ཡཱ༔ བསྙེན་པ་བཟླས་པའི་གབ་ཐིག་ནི༔ དབང་སྡུད་རིམ་པ་གང་ལའང་༔ དམིགས་པ་རང་རང་གཞུང་བཞིན་ལ༔ བཟླས་པ་སོ་སོར་ཅི་ནུས་བྱ༔ དེ་རྗེས་སྤྱི་དྲིལ་བཟླས་པ་ནི༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ༔ ཧྱ་གྷྲི་ཝ་པདྨ་དྷ་རཱི་ཨ་ཏྲི་ནྲྀཿསརྦ་ལོ་ཀ་ཕོ་རྒྱུད་མོ་རྒྱུད་ཡུལ་ཁམས་མངའ་ཐང་ལོངས་སྤྱོད་དང་བཅས་པ་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ཙམ་བཟླས་པར་མི་ནུས་ན༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསརྦ་ལོ་ཀ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཤིན་ཏུ་བསྡུས་པར་བཟླ་འདོད་ན༔ ཧྲཱིཿཔ་ཤཾ་ཀུ་རུ་སྭཱ་ཧཱ༔ སྤྲོ་ན་གཞན་ལས་བྱུང་བ་ཡི༔ དམིགས་པ་བསྙེན་སྔགས་བཟླས་པ་སོགས༔ བྱང་ཆུབ་སེམས་དང་རབ་ལྡན་པས༔ གང་ལྟར་བྱས་ཀྱང་འགལ་མེད་དོ༔ ཡང་ཟབ་གབ་ཐིག་གདམས་པ་འདི༔ སྙིང་ལས་གཅེས་པས་ཕག་ཏུ་སྦོས༔ བཀའ་སྲུང་ལྷ་ཆེན་ལྕམ་དྲལ་གྱིས༔ སྣོད་མིན་བྱུང་ན་དབང་པོ་སྣུབ༔ ལས་སྐལ་ལྡན་ལ་གཏད་དོ་རྒྱ༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དག་སྣང་ལས་བྱུང་བ་བཞིན་བློ་བཅོས་སྤངས་ཏེ་བྲིས་པའོ།།

ལྷ་མོ་རིག་བྱེད་མའི་ལོ་རྒྱུས་མགོ་སྤྲུལ་གྱིས་བྲིས་པ།

༄༅། ལྷ་མོ་རིག་བྱེད་མའི་ལོ་རྒྱུས་ནི། སྤྱིར་རྒྱུད་སྡེ་བཞི་ཀ་ནས་འདིའི་ལྷ་སྔགས་མང་དུ་གསུངས་ཤིང་། ཁྱད་པར་དཔལ་ཀྱཻ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། ཧྲཱིཿལས་བྱུང་བའི་ལྷ་མོ་ནི། །ཁ་ཏོག་དམར་ཞིང་ཕྱག་བཞི་མ། །མདའ་དང་གཞུ་ཡི་ལག་པ་མ། །ཨུཏྤ་ལ་དང་ལྕགས་ཀྱུ་འཛིན། །འདི་ནི་བསྒོམ་པ་ཙམ་གྱིས་ནི། །འཇིག་རྟེན་གསུམ་པོ་དབང་དུ་བྱེད། །ཅེས་སོགས་ཀྱིས་ས་བོན་སྐུ་མདོག་ཕྱག་མཚན་སྔགས་དང་བཅས་པ་རྒྱས་པར་གསུངས་པ་བཞིན་བླ་མེད་ཀྱི་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ཡིན། དེ་ལའང་བཀའ་གཏེར་གཉིས་ལས། བཀའ་མ་ནི། སྔོན་རྒྱལ་པོ་ལྷན་སྐྱེས་རོལ་པ་ཞེས་བྱ་བ་ལོངས་སྤྱོད་དང་མངའ་ཐང་བསམ་གྱིས་མི་ཁྱབ་པ་མངའ་ཞིང་། བཙུན་མོ་སྲས་དང་བྲན་འཁོར་མང་དུ་ཡོད་པ་ཞིག་ལ་བཙུན་མོ་སྣང་ཆེན་མ་བྱ་བ་ཞིག་ཡོད་པ་དེའི་དྲུང་དུ་རྒྱལ་པོ་ཡུན་རིང་དུ་མ་འཁོར་བས་བཙུན་མོ་དེས་གཡོག་མོ་ཞིག་ལ་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཚོལ་ཅིག་ཅེས་སྨྲས་པས། གཡོག་མོ་དེས་སྤྱིར་ཚོང་འདུས་རྣམས་སུ་དྲིས་ཤིང་། བྱེ་བྲག་ཏུ་སྐུད་པ་འཚོང་བའི་ཚོང་འདུས་ཤིག་ཏུ་ཕྱིན་ཏེ་དྲིས་པ་ན། དེ་དག་གི་ནང་ནས་བུད་མེད་སྨུག་ནག་ཤིན་ཏུ་མཛེས་པ་ཞིག་པ་ན་རེ། རྒྱལ་པོ་དབང་དུ་བྱ་བའི་ཐབས་ང་ལ་ཡོད་པ་ཡིན་ཟེར། གཡོག་མོས་དེའི་ཞབས་ལ་གཏུགས་ཏེ་རྗེས་སུ་བཟུང་བར་གསོལ་བ་བཏབ་པས། དེའི་ཞལ་ནས་གང་དབང་དུ་བྱ་བ་དེ་ལ་འདི་བྱིན་ཅིག་ཅེས་ཁ་ཟས་ཀྱི་ཁྱད་པར་ཞིག་གནང་བ་ཁྱེར་ཏེ་བཙུན་མོ་སྣང་ཆེན་མ་ལ་རྒྱུ་མཚན་བརྗོད་ཅིང་གཏད་པ་ན། བཙུན་མོའི་བསམ་པར་འདི་རྒྱལ་པོ་ལ་བྱིན་ན་མི་ལེགས་པ་འབྱུང་སྲིད་སྙམ་ནས། ཁ་ཟས་དེ་བཤུལ་ཐག་མི་རིང་བའི་མཚོ་ཞིག་གི་ནང་དུ་འཕངས་བས། དེར་ཀླུའི་རྒྱལ་པོ་དེ་དབང་དུ་འདུས་ཏེ། དགུང་རེ་བཞིན་བཙུན་མོ་དེའི་དྲུང་དུ་འོང་ཞིང་དགའ་མགུར་བརྩེ་བས། མི་རིང་བ་ཞིག་ན་བཙུན་མོ་ལ་མངལ་ཆགས་པར་གྱུར་ཏོ། རྒྱལ་པོའི་བསམ་པར། ང་དེའི་དྲུང་དུ་མ་ཕྱིན་པས་སྐྱེས་པ་གཞན་དང་འགྲོགས་སོ་སྙམས་ནས་ཆད་པ་གཅོད་པར་བརྩམས་པ་ན། བཙུན་མོས་སྔར་གྱི་ཚུལ་རྣམས་རྒྱལ་པོ་ལ་བསྙད་པས། རྒྱལ་པོ་ན་རེ། བརྟགས་ཤིང་དཔྱད་པར་བྱའོ་ཟེར་ནས། གཡོག་མོ་དེ་སྐུད་འཚོང་གི་གནས་སུ་བལྟར་བཏང་བས། སྔར་གྱི་བུད་མེད་སྨུག་ནག་མཛེས་མ་དེ་བཞུགས་འདུག་པ་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་དགྱེས་ནས་ཆད་པས་གཅོད་པ་བཏང་སྟེ་རྗེ་བཙུན་རིག་བྱེད་མ་ཡིན་པར་ཤེས་ནས་ཕོ་བྲང་དུ་གདན་དྲངས་ནས་ཞབས་ལ་གཏུགས། རྗེས་སུ་བཟུང་བར་གསོལ་བ་བཏབ་པ་བཞིན་བྱིན་གྱིས་བརླབས་པས་རྒྱལ་པོས་མི་རིང་བར་དངོས་གྲུབ་ཐོབ་ནས་གྲུབ་ཐོབ་ལྷན་སྐྱེས་རོལ་བ་ཞེས་བྱ་བར་གྲགས་ཤིང་། འདིའི་རྩ་བའི་སྒྲུབ་ཐབས་ཀྱང་མཛད། དེ་ནས་རིམ་པར་རྡོ་རྗེ་གདན་པ་ཆེ་ཆུང་། བ་རི་ལོཙྪ་བ། བླ་མ་ས་སྐྱ་བ་ཆེན་པོ་སོགས་ནས་བརྒྱུད་པ་ཡིན། གཏེར་མ་ལ་མང་དུ་ཡོད་པ་ལས། འདིར་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཀུ་རུ་ཀུལླེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དཔག་ཏུ་མེད་པ་མཛད་ནས་ཕྱི་འབྱུང་ལྔའི་དབྱིངས་དང་། ནང་རིག་པའི་ཀློང་རྣམས་སུ་གཏེར་དུ་སྦས་པ་ལས། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་འགྲོ་འདུལ་ལུང་རིག་གླིང་པ་རྩལ་གྱིས་ཐུགས་རྒྱུད་དགོངས་པའི་ཀློང་སྒྲོམ་ནས་བཏོན་པའི་ཟབ་ཆོས་དབང་གི་རྒྱལ་པོའི་མཛོད་ལས་བྱུང་བའི་ལྷ་མོ་ཀུ་ཀུལླེའི་རྗེས་སུ་གནང་བ་བསྩལ་བའི་སྐབས་སུ་བབས་པ་ཡིན། ། ཞེས་སོགས་བརྗོད། མགོ་སྤྲུལ་བས་སོ།།

བྱིན་འབེབས།

༄༅།། དེ་ནས་བྱིན་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སོགས། ཨཏྨ་ཀོ྅་ཧཾ༔ ཧྲཱིཿ ཆོས་ཀུན་མི་དམིགས་སྟོང་པའི་ངང་༔ སྟོང་པའི་ངང་ལས་སློབ་མ་ཡི༔ སེམས་ཉིད་རྒྱལ་བའི་ཡུམ་ཆེན་མོ༔ ཀུ་རུ་ཀུལླེ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་བཞི་ཁྲོ་ཆགས་བཞད༔ བྱུ་རུའི་ལྷུན་པོར་ཉི་ཤར་བཞིན༔ ལྷམ་མེར་གཟི་བརྗིད་འོད་དུ་འབར༔ དང་པོའི་ཕྱག་གཉིས་མེ་ཏོག་གི༔ མདའ་གཞུ་སྐྱེ་འགྲོའི་སྙིང་ལ་གཟིར༔ འོག་གཉིས་ལྕགས་ཀྱུས་དམིགས་བྱ་འགུགས༔ ཞགས་པས་འཆིང་ཞིང་ཐར་ལམ་འགོད༔ ཞབས་གཉིས་པད་ཉི་དབང་ཕྱུག་གི༔ སོག་ཕྲག་ཨུ་མའི་སྙིང་གར་བརྫིས༔ དབུ་ལ་པདྨའི་རྒྱན་ལྡན་པའི༔ པྲོག་ཟེ་རུས་རྒྱན་རྣམ་ལྔ་དང་༔ དར་གོས་ཨུཏྤལ་དམར་པོའི་ཕྲེང་༔ ཞི་ཁྲོ་འཆོལ་བའི་རྒྱན་ཆས་སྒེག༔ སྤྱི་བོར་རིགས་བདག་སྣང་མཐའ་ཡས༔ གནས་གསུམ་འཁོར་ལོ་པདྨ་དང་༔ རྡོ་རྗེ་རྩེ་ལྔའི་ལྟེ་བ་རུ༔ འབྲུ་གསུམ་འོད་ཟེར་དཔག་མེད་འཕྲོས༔ བདེ་ཆེན་ཞིང་དང་རྔ་ཡབ་གླིང་༔ གསུང་གི་གནས་ཡུལ་དུར་ཁྲོད་ནས༔ རིག་བྱེད་ལྷ་མོའི་རྣམ་པ་རུ༔ སངས་རྒྱས་བྱང་སེམས་ཆར་ལྟར་བབས༔ ཁྱེད་རང་རྣམས་ལ་ཐིམ་པར་གྱུར༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་སོགས༔ སྐུ་གསུམ་རྒྱལ་བའི་ཞིང་རྣམས་ནས༔ རིག་བྱེད་ལྷ་མོ་སྤྱན་འདྲེན་གཤེགས༔ ཁྱེད་རང་ལུས་ངག་ཡིད་གསུམ་ལ༔ འཕགས་མ་རིག་བྱེད་ལྷ་མོ་ཡི༔ གསང་བ་གསུམ་གྱི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝཱ་ཌཀྐཱི་ནི་ཀུ་རུ་ཀུལླེ་ནྲཱིཿ ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཕཻཾ་ཕཻཾ་ཛ་ཛཿ དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར་དུ་ཁྱེད་རང་རྣམས་དང་རོ་གཅིག་ཏུ་བརྟན་པའི་མོས་པ་མཛོད༔ ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔

རྗེས་གནང་འཆིང་བྱེད་ནོར་བུའི་ཞགས་པ།

རིག་བྱེད་ཐུགས་སྒྲུབ་ཡིད་འགུགས་ལྕགས་ཀྱུ་ལས༔ རྗེས་གནང་འཆིང་བྱེད་ནོར་བུའི་ཞགས་པ་ཞེས་བྱ་བ་བཞུགས༔

དབང་གི་ལྷ་མོ་རིག་བྱེད་མ༔ རིགས་བདག་གོས་དཀར་ཡུམ་ལ་འདུད༔ དེ་ཡི་སྒྲུབ་ཐབས་རྩ་བའི་ཆོས༔ རྗེས་གནང་འདི་བཞིན་ཉམས་སུ་ལོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ལ་སྦྱོར་བ་དངོས་གཞི་རྗེས༔ དབེན་པར་དབང་གི་མཎྜལ་ལ༔ དབང་གཏོར་དམར་པོ་རྒྱན་ལྡན་དང་༔ ཟངས་བུམ་ཉེར་ལྔས་བཀང་བ་ལ༔ དར་དམར་མགུལ་ཆིངས་སྐུ་རྟེན་གཟུགས༔ བྱུ་རུའི་ཙནྡན་དམར་པོ་ཡི༔ བགྲང་ཕྲེང་ཐུགས་རྟེན་མེ་ལོང་ལ༔ ལི་ཁྲིའི་དགའ་འཁྱིལ་ཧྲཱིཿམཚན་འབྲི༔ ཨ་ནྲྀ་ཏྲི་གསུམ་དཀར་སེར་ནག༔ ཚོན་གྱིས་བྱུགས་དང་བཀྲ་ཤིས་རྟགས༔ སྨན་རཀ་ཉེར་སྤྱོད་མཐའ་ནས་བསྐོར༔ བདག་མདུན་རྫས་རྣམས་ལྷ་རུ་བསྐྱེད༔ ཁྱད་པར་བུམ་ལྷ་རིག་བྱེད་མར༔ ཡང་ཡང་གསལ་ཞིང་བཟླས་པ་བྱ༔མཆོད་བསྟོད་བྱ་ཞིང་སྒྲུབ་པའི་རྫས༔ གནས་གསུམ་གཏུགས་ཤིང་དངོས་གྲུབ་བླངས༔ སྲོད་ལ་སློབ་མས་མཎྜལ་འབུལ༔ ཡི་གེ་བརྒྱ་པས་ཁྲུས་ནས་ཕྱུང་༔ བསེ་རག་བགེགས་ལ་བླ་གླུད་གཏོང་༔ ཧཱུྃ་བཞིའི་སྔགས་ཀྱིས་ཕ་མཐར་བསྐྲད༔ སྲུང་འཁོར་བསྒོམས་ཤིང་བུམ་པ་ནི༔ ལྷར་བསྒོམས་སྐུ་ཡི་རྗེས་གནང་སྦྱིན༔ ཧྲཱིཿ བུམ་པ་བདེ་ཆེན་ལྷ་ཡི་ཞིང་ཁམས་སུ༔ ནང་བཅུད་དབང་ལྷ་དམར་པོའི་སྐུ་རུ་གསལ༔ དབང་ལ་མོས་པའི་སྐལ་ལྡན་སློབ་མ་ལ༔ དབང་འགྲུབ་སྐུ་ཡི་རྗེས་གནང་ཐོབ་པར་ཤོག༔ རྩ་སྔགས་ཤམ་དུ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བགྲང་ཕྲེང་བཟླས་ལུང་མགྲིན་པར་སྦྱིན༔ ཧྲཱིཿ སྔགས་ཀྱི་ཡིག་འབྲུ་དབང་གི་ཕྲེང་བར་བསྡུས༔ རང་སྒྲ་དང་བཅས་རིག་བྱེད་ལྷ་མོའི་གསུང་༔ དབང་འདོད་སློབ་བུའི་ངག་ལ་འདི་སྦྱིན་པས༔ དབང་གི་ཕྲིན་ལས་རྗེས་གནང་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུར༔ ཝཀྐཱ་ཨ་བྷི་ཥིཉྩ་ཨཱཿ མེ་ལོང་ཧྲཱིཿམཚན་སྙིང་ཁར་གཏུགས༔ ཧྲཱིཿ ཆོས་དབྱིངས་སྒྲིབ་བྲལ་དྭངས་གསལ་མེ་ལོང་ལ༔ མཁྱེན་བརྩེ་ནུས་པའི་ཐུགས་སྲོག་ཡི་གེ་ཧྲཱིཿ དབང་བསྒྱུར་སེམས་ལ་ཐུགས་ཀྱི་རྗེས་གནང་བས༔ རིག་བྱེད་དབང་མོའི་བྱིན་རླབས་མྱུར་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྷ་འདྲེ་མི་གསུམ་སྲོག་ཡིག་གཏད༔ ཧྲཱིཿ ལྷས་ནི་རྒྱུད་དུལ་བདེ་སྐྱིད་དངོས་གྲུབ་སྟེར༔ འདྲེ་ཡིས་གནོད་ཀུན་དགྲ་རྐུན་སྐྱེལ་བསུ་བཞིན༔ མི་ནི་ཟས་ནོར་ཀུན་གྱི་འབྱུང་གནས་ཆེ༔ ཀུན་ཀྱང་དབང་འདུས་བྱང་ཆུབ་མཆོག་འགོད་ཤོག༔ རྩ་སྔགས༔ ཨ་ཏྲི་ནྲྀ་པ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད་སྦྱིན་པ་ནི༔ ཧྲཱིཿ རྒྱལ་བའི་མཚན་དཔེའི་སྐུ་ཡི་ཆ་ཤས་ལས༔ གདུགས་སོགས་བཀྲ་ཤིས་རྟགས་ཀྱི་དགེ་མཚན་ཤར༔ སྐལ་ལྡན་སློབ་བུའི་ལུས་ལ་དབང་བསྐུར་བས༔མི་མཐུན་ཀུན་ཞི་མཐུན་རྐྱེན་ཕུན་ཚོགས་ཤོག༔ མངྒ་ལཾ་ཨཥྚ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱལ་སྲིད་སྣ་བདུན་སློབ་བུར་གཏད༔ ཧྲཱིཿ བསོད་ནམས་ཤུགས་དྲག་ས་སྐྱོང་རིན་པོ་ཆེར༔ འཁོར་ལོ་ལ་སོགས་རྒྱལ་སྲིད་རྣམ་པ་བདུན༔ འབད་རྩོལ་མེད་པར་ཐོབ་པ་ཇི་བཞིན་དུ༔ ཁྱོད་ལ་དབང་བསྐུར་འབྱོར་བས་མངོན་མཐོ་ཤོག༔ སཔྟ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་གཏོར་མ་གནས་བཞིར་གཏུགས༔ ཨོཾ་ཨཱཿཧཱུྃ༔ རིགས་བདག་སྣང་མཐའ་ཡས་པས་བྱིན་གྱིས་རློབས་ཤིག༔ པདྨ་ཧེ་རུ་ཀ་ཡིས་བྱིན་གྱིས་རློབས་ཤིག༔ རིག་བྱེད་དབང་གི་ལྷ་མོས་བྱིན་གྱིས་རློབས་ཤིག༔ རིག་འཛིན་ནཱ་གརྫུ་ནས་བྱིན་གྱིས་རློབས་ཤིག༔ སྤྲུལ་སྐུ་པདྨ་རྒྱལ་པོས་བྱིན་གྱིས་རློབས་ཤིག༔ ཅེས་སོགས་བརྒྱུད་པའི་མཚན་ནས་བརྗོད༔ དེས་ཀྱང་མཆོད་སྦྱིན་ལ་སོགས་པའི༔ དམ་ཚིག་ཁས་བླངས་མཎྜལ་འབུལ༔ ཤིས་པ་བརྗོད་པས་མཐའ་རྒྱས་བྱ༔ རྗེས་གནང་འཆིང་བྱེད་ནོར་བུ་འདིས༔ གནས་སྐབས་གེགས་སེལ་མཐུན་རྐྱེན་འགྲུབ༔ སྣང་བ་དབང་དུ་འདུས་པར་འགྱུར༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནས༔ སྐལ་ལྡན་དོན་དུ་ཡི་གེར་བཀོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

འཕགས་མ་ནོར་རྒྱུན་མའི་གསོལ་འདེབས་ཡིད་བཞིན་ཆར་འབེབས།

༄༅།། འཕགས་མ་ནོར་རྒྱུན་མའི་གསོལ་འདེབས་ཡིད་བཞིན་ཆར་འབེབས་བཞུགས།

ན་མོ་མ་ཧཱ་གུ་རུ་རཏྣ་སཾ་བྷ་ཝ། །རིགས་ཀུན་ཁྱབ་བདག་ཀུན་བཟང་གདོད་མའི་མགོན། །རིགས་ལྔའི་སྤྱི་མེས་དྲུག་པ་རྡོ་རྗེ་འཆང་། །སྟོབས་བཅུའི་དབང་ཕྱུག་བདེ་གཤེགས་རིན་ཆེན་མང་། །གསོལ་བ་འདེབས་སོ་བསྟན་འགྲོའི་དབུལ་བ་སོལ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར་ཆེན་ཕོབས། །དྲན་པས་གདུང་སེལ་འཕགས་མ་ནོར་རྒྱུན་ལྷ། །ས་བརྒྱད་ངལ་བསོ་རྒྱལ་ཆེན་རྣམ་ཐོས་སྲས། །རྒྱལ་ཀུན་སྤྱི་གཟུགས་རཏྣ་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་བསྟན་འགྲོའི་དབུལ་བ་སོལ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར་ཆེན་ཕོབས། །བོད་ཡུལ་ཐུགས་རྗེས་འཛིན་མཛད་མཚོ་རྒྱལ་ཡུམ། །གངས་ཅན་བདེ་བའི་གཞིར་གྱུར་ཁྲི་སྲོང་རྗེ། །ལོག་འདྲེན་ནུས་མཐུས་ཚར་གཅོད་ཤྲཱི་ཨིནྡྲ། །གསོལ་བ་འདེབས་སོ་བསྟན་འགྲོའི་དབུལ་བ་སོལ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར་ཆེན་ཕོབས། །དག་སྣང་ཆོས་ལ་དབང་བ་ལུང་རིག་གླིང་། །རྒྱལ་བས་ལུང་བསྟན་བཀའ་བབས་སྐྱེས་མཆོག་ཚོགས། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་བསྟན་འགྲོའི་དབུལ་བ་སོལ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར་ཆེན་ཕོབས། །གང་སྐུ་དགེ་འདུན་གང་གསུང་དམ་པའི་ཆོས། །གང་ཐུགས་སངས་རྒྱས་མཆོག་གསུམ་ཀུན་འདུས་པའི།། ནོར་རྒྱུན་ལྷ་མོ་སྤྲུལ་འཁོར་བཅས་པ་ལ། །གསོལ་བ་འདེབས་སོ་བསྟན་འགྲོའི་དབུལ་བ་སོལ། །མཆོག་ཐུན་དངོས་གྲུབ་ཡིད་བཞིན་ཆར་ཆེན་ཕོབས། །དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས། །གནས་སྐབས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་འཕེལ་ཞིང་རྒྱས། །གང་བརྩམ་ལས་ཀུན་ཡིད་བཞིན་འགྲུབ་པར་ཤོག །མཐར་ཐུག་རང་དོན་སྲིད་པའི་མཚོ་ལས་བརྒལ། །གཞན་དོན་ཇི་སྲིད་འཁོར་བ་མ་སྟོང་བར། །རྟོག་མེད་དཔག་བསམ་ཤིང་ལས་འདོད་འབྱུང་བཞིན། །འགྲོ་ཀུན་ཕན་བདེའི་གཞི་རུ་འགྱུར་བར་ཤོག །ཅེས་པའང་དགོངས་གཏེར་ཆོས་ཀྱི་བདག་པོར་གྱུར་པའི་ངུར་སྨྲིག་འཛིན་པའི་རྒྱལ་མཚན་དམ་པ་ས་ར་ཧི་ཏ་བྷ་ཏྲའི་ངོར་ལུང་རིག་མིང་གིས་བྲིས་པ་ཛ་ཡནྟུ།། ༈ གསོལ་འདེབས་ཅུང་ཟད་རྒྱས་པར་སྤྲོ་ན། དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས། །བསྐྱེད་རིམ་ལ་བརྟེན་ནོར་རྒྱུན་ལྷ་མོ་ཡི། །སྣང་སྟོང་སྒྱུ་མའི་ལྷ་སྐུ་གསལ་བརྟན་པས། །རྒྱལ་ཀུན་སྐུ་ཡི་ཕྱྭ་གཡང་བཅུད་བསྡུས་ནས། །མཚན་དཔེས་བརྒྱན་པའི་རིན་ཆེན་སྐུར་འགྲུབ་ཤོག །གྲག་སྟོང་རྡོ་རྗེའི་བཟླས་པ་མཐར་སོན་ཅིང་། །སྒྲ་གྲགས་སྔགས་སུ་ཤེས་པའི་གདེང་ལྡན་ནས། །འཕགས་མཆོག་གསུང་གི་ཕྱྭ་གཡང་དཔལ་འབར་བས། །ཡན་ལག་དྲུག་ཅུ་ཚངས་པའི་དབྱངས་ཐོབ་ཤོག །མི་དམིགས་ཟབ་གསལ་དབྱེར་མེད་ཏིང་འཛིན་གྱི། །སྟོང་ཉིད་སྙིང་རྗེས་རྫོགས་རིམ་མཐར་ཕྱིན་ནས། །རྟོག་ཚོགས་ཆོས་ཀྱི་སྐུ་རུ་གནས་འགྱུར་ཤོག །གནས་སྐབས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཞི། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་འཕེལ་ཞིང་རྒྱས། །གང་བརྩམ་ལས་ཀུན་ཡིད་བཞིན་འགྲུབ་པར་ཤོག །

བསེ་རག་བཀར་བ་འདྲེ་ངན་མཐར་བསྐྲད།

ནོར་རྒྱུན་ལྷ་མོའི་ཐུགས་སྒྲུབ་ལས༔ བསེ་རག་བཀར་བ་འདྲེ་ངན་མཐར་བསྐྲད་བཞུགས༔

འཕགས་མ་ནོར་རྒྱུན་ལྷ་མོ་དང་༔ གསང་བདག་ཁྲོ་བོའི་རྒྱལ་ལ་འདུད༔ ནོར་ལྷ་གསང་སྒྲུབ་འདི་བརྩམས་ཚེ༔ བསེ་རག་བཀར་བ་འདིར་བརྩོན་བྱ༔ ཞེས་ཕྱིར་སྐྱེ་སྔོན་ཚོགས་བསགས་པའི༔ གང་ཟག་མཆོག་རྣམས་མ་གཏོགས་པ༔ འདི་འདྲའི་གདམས་པ་ཉམས་བླང་ཚེ༔ སྒབ་འདྲེ་བསེ་རག་དག་གིས་གནོད༔ དེ་ཕྱིར་ཡས་གླུད་འདི་གལ་ཆེ༔ སྡེར་ཆག་སྣོད་དུ་སྦང་ཟན་ལ༔ བསེ་རག་རྒྱལ་པོ་རི་བོང་ཞོན༔ ལག་གཉིས་བཟེད་ཅིང་གད་མོ་དགོད༔ གོས་ངན་ཧྲུལ་པོ་གྱོན་པའི་ཚུལ༔ གཡས་སུ་ནོར་ལ་གོད་ཁ་དང་༔ མི་འདོད་གཏོང་བའི་འབྱུང་པོ་ནི༔ བསེ་རག་ཤ་ཟན་ཞེས་བྱ་བ༔ བཤའ་སེལ་ཁུར་ཞིང་སྟྭ་རེ་ཐོགས༔ སྐེད་ལ་བཤའ་གྲི་རྗེན་པར་འཆང་༔ ཁྲག་གིས་སྦགས་པའི་གོས་ཧྲུལ་གྱོན༔ གཡོན་དུ་ཟས་ཀྱི་ལག་འགོང་མོ༔ བུད་མེད་གཟུགས་རིད་ཡོན་པོར་བལྟ༔ གོས་ངན་ཐག་ཧྲུལ་སྐེད་དུ་འཆང་༔ མདུན་དུ་འབྲུ་ཆང་དཀར་སྐྱུར་ལ༔ རྒྱུན་དུ་རྐུ་བའི་བློ་རྐུན་ཞེས༔ མི་སྐྱ་སིང་མོའི་ཕོར་པ་ཐོགས༔ རྒྱབ་ཏུ་ཡུལ་གྲོང་དམ་སྲི་མོ༔ བུད་མེད་རལ་ཅན་ཐགས་ཆ་ཁུར༔ དེ་འདྲའི་གཟུགས་ཀྱི་མཐའ་འཁོར་དུ༔ ཆངས་བུ་ཏིང་ལོ་གཏོར་མ་དང་༔ ཕོ་མོའི་གླུད་དང་རྟ་ནོར་ལུག༔ བྱ་ངན་སྲོག་ཆགས་གོང་མ་སྲེག༔ ཕག་དང་བོང་བུ་རྟོལ་ལུ་རྣམས༔ ཕྱོགས་མཚམས་བརྒྱད་དུ་དགོད་པར་བྱ༔ ཚ་སྒོག་རམ་རུག་ཁྱི་སྤྱང་བྲུན༔ ཐག་འབྲེང་ཆད་དུམ་གཡེར་མ་དང་༔ སྐྱུར་བསླད་རུས་དུམ་རྫས་རྣམས་བླུག༔ རང་ཉིད་གསང་བའི་བདག་པོ་ཡིས༔ ང་རྒྱལ་ལྡན་པས་སྔགས་དྲུག་དང་༔ ཕྱག་རྒྱ་དྲུག་དང་ལྷ་དྲུག་གིས༔ བྱིན་གྱིས་བརླབས་ཤིང་གཟུགས་དེ་ལ༔ ལོག་འདྲེན་འགུགས་པ་འདི་སྐད་དོ༔ ཀྱཻ༔ སྔོན་ཚེ་ཡེ་ཐོག་བསྐལ་པ་དང་པོའི་དུས༔ མི་རྣམས་བསོད་ནམས་ཚོགས་གཉིས་རབ་རྫོགས་ཏེ༔ རྣམ་རྟོག་ཕྲ་མོ་ཟས་ནོར་བདག་འཛིན་དང་༔ གཞན་ལ་རྐུ་དང་སེར་སྣས་བཅིངས་པ་སོགས༔ མ་དག་རྒྱུད་ལ་གློ་བུར་སྣང་བའི་འདྲེ༔ བསེ་རག་སྤུན་ལྔ་འགོང་པོ་སྤུན་དགུ་སྲིད༔ ཕལ་ཆེར་ལོ་ཏོག་ཞོ་ཆང་ཟས་བཅུད་རྐུ༔ ཕལ་ཆེར་ནོར་ལ་གོད་ཁ་བཤའ་གྲི་ཐོགས༔ ཕལ་ཆེར་ཡོད་ལ་མི་དགའ་མེད་ལ་དགའ༔ ཚོང་འགྲུལ་བློ་ཉེས་མི་ཁའི་སྣ་འདྲེན་བྱེད༔ དེང་འདིར་བདག་གིས་ནོར་ལྷ་སྒྲུབ་པ་ལ༔ བར་ཆད་བྱེད་པའི་བསེ་རག་འགོང་པོའི་རིགས༔ རང་ལ་འཁོར་རམ་གཞན་གྱི་ཟླ་ལས་བྱུང་༔ ཡུལ་ལ་གནས་ཤིང་ཟས་ནོར་གོས་རྗེས་འབྲང༔ མེད་སྲི་ལྟོགས་འགོང་འབྱུང་པོ་གང་ཡིན་པ༔ བསླུ་མེད་སངས་རྒྱས་ཆོས་དང་དགེ་འདུན་དང་༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཁྱད་པར་གསང་བདག་བཛྲ་པཱ་ཎི་དང་༔ ནོར་ལྷ་ཡབ་ཡུམ་འཁོར་བཅས་བདེན་པའི་མཐུས༔ བསེ་རག་སྤུན་ལྔ་གཟུགས་བརྙན་འདི་ལ་ཁུག༔ འགྲོ་དབང་མེད་ཅིང་ལྕགས་ཀྱུས་སྙིང་ནས་ཟུང་༔ ཞགས་པས་འཆིང་ཞིང་ལྕགས་སྒྲོག་ཡན་ལག་སྡོམས༔ དྲིལ་བུས་མྱོས་ནས་བཀའ་ཉན་གསུང་སྡོད་གྱུར༔ སརྦ་བུདྡྷ་ས་མ་ཡཱ་ཏྲི་ཨ་ཀར་ཤ་ཡ་ཛ་ཛ༔ ཏིང་འཛིན་ལྡན་པས་ལྔ་གསུམ་བདུན་གྱིས་འགུགས༔ དེ་ནས་ཡས་གླུད་སྦྱིན་པ་འདི་སྐད་དོ༔ ཀྱཻ༔ ཉོན་ཅིག་བསེ་རག་རྒྱལ་པོ་གཞོན་ནུ་འབར༔ བྱ་སེལ་ཁུར་བའི་ཤན་པ་ལག་དམར་དང་༔ ཟས་ལ་རྐུ་བའི་འགོང་པོ་འཇུར་འགེགས་མ༔ སྐྱུར་ལ་དགའ་བའི་ལྟོགས་འགོང་མེད་སྲི་དང་༔ འབྱུང་པོ་ཀུན་གྱི་སྣ་འདྲེན་ཡུལ་འདྲེ་མོ༔ ཁྱེད་ཅག་ཀུན་ལ་ལན་ཆགས་རྔན་པ་སྦྱིན༔ ཞོ་བསླད་ཆང་གི་སྦང་མ་སྒོག་པ་དང་༔ རམ་རུག་རུས་དུམ་ཟས་ཀྱི་སྐལ་བར་བསྔོ༔ ཝ་སྤྱང་ཁྱི་ཡི་བྲུན་རྣམས་སྣོམ་པའི་དྲི༔ གོས་ངན་ལྭ་བ་ཧྲུལ་པོ་ཀོ་ལྤགས་ཀྱི༔ དུམ་བུ་ལ་སོགས་གོས་ཀྱི་སྐལ་བར་བསྔོ༔ སྲེག་པ་ཁྱིམ་བྱ་རི་བོང་ཞོན་པ་དང་༔ ཕག་ནག་རིལ་ཚེ་བོང་བུ་ལ་སོགས་པ༔ སྲོག་ཆགས་ཐ་མ་ཕྱུགས་ཀྱི་གླུད་དུ་བསྔོ༔ ཐག་འབྲེང་ཆང་དུམ་ཇ་ཡི་བསྐོལ་རོ་སོགས༔ ཁྱོད་ལ་གང་འདོད་ཟས་གོས་ནོར་ཕྱུགས་དང་༔ ཕག་ཚིལ་ཏིང་ལོ་སྒྲོན་མེའི་མཆོག་ཏུ་བསྔོ༔ གོ་གསུམ་ཐལ་བ་སྒྱེད་གསུམ་དྲེག་པ་དང་༔ དབུལ་པོ་གསུམ་གྱི་ཟས་ལྷག་བསྡུས་པ་རྣམས༔ དགའ་བས་ལོངས་ལ་གནས་འདིར་མ་འཁོར་བར༔ ཤར་ཕྱོགས་ལུས་འཕགས་གླིང་ཞེས་བྱ་བར་དེངས༔ དེ་ན་ངོ་མཚར་འདོད་པའི་ཡོན་ཏན་ཆེ༔ ནམ་མཁའ་དཀར་པོའི་གཟི་འོད་ཡ་ལ་ལ༔ མི་རྣམས་ལུས་འཕགས་གཟི་བརྗིད་ལྟ་ན་སྡུག༔ དཀོར་ནོར་ལོངས་སྤྱོད་དཔག་མེད་རྫ་ལྟར་སྤུངས༔ ཆོས་བོན་དྲག་སྔགས་ཐུན་གྱི་མིང་ཡང་མེད༔ དེ་རུ་སོང་ལ་ཅི་བདེར་ལོངས་སྤྱོད་ཀྱིས༔ བདག་གི་ནོར་ལྷ་བསྒྲུབ་པའི་གནས་མཆོག་འདིར༔ སྐད་ཅིག་ཙམ་ཡང་སྡོད་པའི་གནས་མ་མཆིས༔ གལ་ཏེ་བཀའ་ལས་འདའ་ཞིང་འདིར་འཁོར་ན༔ དཀོན་མཆོག་གསུམ་དང་བཛྲ་པཱ་ཎི་དང་༔ རྩ་གསུམ་ནོར་ལྷ་རྒྱ་མཚོའི་བདེན་སྟོབས་ཀྱིས༔ ཁྱེད་རྣམས་མགོ་བོ་ཚལ་པ་བརྒྱར་འགས་ཤིང་༔ ལུས་ཀྱང་རྡུལ་ཕྲན་བཞིན་དུ་གཞིག་པར་འགྱུར༔ དེ་བས་འདི་རུ་མ་འདུག་གཞན་དུ་དེངས༔ བཛྲ་པཱ་ཎིའི་སྔགས་ཤམ་དུ༔ སུཾ་བྷ་ནི་དང་དྲག་སྔགས་བརྗོད༔ དཀར་ནག་རྡོ་ཐུན་དག་གིས་བྲབ༔ ཡས་གླུད་ཁྱིམ་གྱི་བདག་པོ་དེའི༔ ལོ་བདུད་ཕྱོགས་སུ་བསྐྱལ་བར་བྱ༔ ས་མ་ཡཱ༔ རྗེས་ལ་སྲུང་འཁོར་བསྒོམ་པ་ནི༔ ཧྲཱིཿ རྩ་གསུམ་ནོར་ལྷ་རྒྱ་མཚོའི་དཀྱིལ་འཁོར་འདིར༔ འདུ་བར་མི་འོས་སྒབ་འདྲེ་བསེ་རག་རྣམས༔ སྲུང་བའི་གུར་ཁང་རྡོ་རྗེའི་གོ་ཆ་ལས༔ ནམ་ཡང་འདའ་བའི་གོ་སྐབས་མེད་པར་གྱུར༔ གལ་ཏེ་གནོད་ཚེའི་བསམ་པས་འདིར་འོང་ན༔ ཡེ་ཤེས་ལྔ་ལྡན་མེ་ཡིས་བསྲེག་པར་འགྱུར༔ དཀོན་མཆོག་བཀའ་ལས་འདས་པའི་ཆད་པ་ཡིས༔ མགོ་བོ་འགས་ཤིང་སྙིང་ཡང་དུམ་བུར་འཐོར༔ ཁྲོ་བོ་ཁྲོ་མོའི་མཚོན་ཆའི་ཆར་འབེབས་པས༔ ནམ་ཡང་བདེ་བའི་གོ་སྐབས་དང་བྲལ་ནས༔ གཞན་ལ་གནོད་བསམ་རང་ལ་སྨིན་པར་འགྱུར༔ དེ་བས་སྲུང་བའི་མཚམས་འདིར་མ་འདུག་ཅིག༔ གསང་བདག་ཁྲོ་བོའི་སྔགས་ཤམ་དུཿ དྲག་སྔགས་བཛྲ་རཀྵ་བརྗོད༔ བྱ་ཁྱུང་རིགས་ལྔའི་སྔགས་བྱང་དང་༔ ཁྲོཾ་ཡིག་བྲིས་པ་ཁྱིམ་གྱི་སྒོ༔ ནོར་ཕྱུགས་ར་བ་རྣམས་ལ་གདགས༔ སངས་རྒྱས་སྟོང་གི་སྐུ་སྲུང་བ༔ གསང་བདག་རྡོ་རྗེ་འཛིན་པ་ཉིད༔ ཡེ་ཤེས་ཁྱུང་ལྔའི་སྐུར་བཞེངས་ནས༔ རྟེན་དང་གཉིས་སུ་མེད་པ་ཡི༔ བགེགས་རིགས་མ་ལུས་སྲུང་བར་བསམ༔ རྡོ་རྗེ་འཛིན་དང་བྱ་ཁྱུང་ལྔའི༔ སྔགས་ལ་རྟེན་འབྲེལ་སྙིང་པོ་གདགས༔ ཤིས་བརྗོད་མེ་ཏོག་འཐོར་བར་བྱ༔ ཨེ་མ་ནོར་ལྷའི་ཆོ་ག་འདིར༔ འཇུག་པའི་ཐོག་མར་ཚོགས་བསགས་ཕྱིར༔ རྩ་གསུམ་སྲུང་མར་ཚོགས་གཏོར་དང་༔ ཆུ་སྦྱིན་གྲངས་ལྡན་ཁྱད་པར་དུ༔ ཉ་གྲོག་སྦྱིན་གཏོང་ལ་སོགས་བྱ༔ དེ་རྗེས་ཡས་གླུད་འདི་བརྩམས་ནས༔ བསྙེན་སྒྲུབ་ཚུལ་བཞིན་བསྐྱལ་བ་ན༔ ལོངས་སྤྱོད་འཕེལ་བར་གདོན་མི་ཟ༔ གུ་ཧྱ༔ དགེའོ༔ ཁྲོ་རྒྱལ་ལག་ན་རྡོ་རྗེའི་དབུགས་དབྱུང་ལུང་བསྟན་ཐོབ་པའི་ལུང་རིག་མིང་གིས་བྲིས་པའོ༔

འགོང་བཀར་དང་འགོང་པོ་སྤུན་དགུའི་ལམ་བསྟན།

༄༅།། འགོང་པོ་བཀར་བ་ནི། ཧཱུྃ། །བླ་མ་རྣམས་དང་དཀོན་མཆོག་གསུམ། །གཟུ་དཔང་གཉན་པོ་བཞུགས་སུ་གསོལ། །ལྷ་སྲུང་གཉན་པོ་མཐུ་རྩལ་ཅན། །བདག་ཅག་རྣམས་ལ་དགོངས་སུ་གསོལ། །སྙན་ཆར་དམ་པ་གསན་དུ་གསོལ། །སྲུང་མ་རྣམས་ལ་མཐུ་དཔང་སྐྱབས་མགོན་མཛོད། །གདོན་བགེགས་ཞི་བར་སྨེ་འདོར་བར། །དྲག་པོའི་ཕྲིན་ལས་མཛད་དུ་གསོལ། །གདོན་བགེགས་འགོང་པོ་དེ་རྣམས་ནི། །ལྷ་མིའི་བར་དུ་ཞུགས་ནས་ཀྱང་། །བྱིན་རླབས་མི་འོང་ཚད་མི་འགྲུབ། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །ལྷ་མིའི་བར་ནས་མར་ལ་ཕྱུང་། །སྐུང་སར་ཕུད་དོ་བཀར་རོ་གནས་སུ་བཀར། །ཡང་ཡོན་བདག་ཁང་ཁྱིམ་འགོང་པོ་ཞུགས་པ་ན། །སྐས་འོག་ཉལ་ནས་མི་ལ་མེད་འདྲེ་བྱེད། །མི་གྲངས་འཕེལ་དུ་མི་སྟེར་དབྱུག་པ་བཟུང་། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །ཁང་ཁྱིམ་ནང་ནས་མར་ལ་ཕྱུང་། །སྐུང་སར་ཕུད་དོ་བཀར་རོ་གནས་སུ་བཀར། །ཡང་ཕོ་ཡི་སེམས་ལ་ཞུགས་ཏེ་བསྒྱུར། །གཅིག་ལ་གཅིག་ཁྲོ་བཟའ་ཚང་འཐབ་མོ་བྱེད། །ནད་མང་བྱ་བྱེད་སོ་ནམ་ལས་མི་འགྲུབ། །འགྲོ་སྙམ་འདུག་སྙམ་རྣམ་གཡེང་མང་བ་སོགས། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །བཟའ་ཚང་ནང་ནས་འགོང་པོ་མར་ལ་ཕྱུང་། །སྐུང་སར་ཕུད་དོ་བཀར་རོ་གནས་སུ་བཀར། །ཡང་གདོན་སྲི་འགོང་པོ་ཐབ་ཀར་ཞུགས། །ཇ་སོགས་བཟའ་བཏུང་སྙིང་པོ་མེད། །རྩམ་སྒྲོར་ཞུགས་ནས་ཟད་སླ་འགྲོ། །འོ་མར་ཞུགས་ནས་མར་མི་འོང་། །ཆང་ལ་ཞུགས་ནས་སྐྱུར་བར་བྱེད། །བཟའ་བཏུང་ལོངས་སྤྱོད་ཞུགས་པའི་འདྲེ། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །བཟའ་བཏུང་འགོང་པོ་མར་ལ་ཕྱུང་། །སྐུང་སར་ཕུད་དོ་བཀར་རོ་གནས་སུ་བཀར། །ཡང་གདོན་སྲི་འགོང་པོ་ཕྱུགས་རར་ཞུགས། །གོད་ཁ་གོད་འདྲེ་མང་བར་བྱེད། །མ་འབྲི་རྒོད་མར་ཞུགས་པ་ན། །མངལ་དུ་བུ་ཡང་སྟོར་བར་བྱེད། །དེ་ཕྱིར་ཕྱུགས་ཀྱི་འགོང་པོ་རྣམས། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །ཕྱུགས་ཀྱི་ར་བར་འགོང་པོ་མར་ལ་ཕྱུང་། །ཕྱུགས་ལ་མ་རྐུ་གཡང་ལ་མ་འཇབ་ཅིག །ཟོ་བཤལ་དང་ནི་རྐྱལ་བཤལ་གྱིས། །ཚིམ་པར་གྱིས་ལ་རང་ གནས་བཀར། །སྐུང་སར་ཕུད་དོ་བཀར་རོ་གནས་སུ་བཀར། །ཡང་ལོ་ཐོག་ཞིང་ལ་གནོད་བྱེད་འགོང་པོ་ནི། །རྩ་བར་འབུ་སྲིན་རྩེ་མོ་བཙའ་སད་དང་། །སེར་བའི་སྣ་འདྲེན་འབྲས་བུ་མི་སྨིན་པའི། །ལོ་ཉེས་གནོད་བྱེད་ཐམས་ཅད་རྣམས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །འདྲེ་གདོན་འགོང་པོ་དེ་དག་རྣམས། །མར་ལ་ཕྱུང་ངོ་སྐུང་སར་ཕུད་དོ་གནས་སུ་བཀར། ། ལམ་བསྟན་པ་ནི། ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །མུན་པ་ནག་པོའི་གཏིང་རུམ་ན། །གྲིབ་ཡུལ་ནག་པོ་གནས་རེ་བདེ། །འདྲེ་སྲིན་འགོང་པོའི་གནས་མལ་དེ་ན་ཡོད། །འདི་རུ་མ་གནས་རྒྱལ་བའི་བཀའ་བཞིན་སོམས། །སྐད་ཅིག་ཉིད་ལ་གནས་དེར་བགྲོད་ལ་སོང་། །འགོང་པོ་བཀར་བ་རྫོགས་སོ། །

༈ འགོང་པོ་སྤུན་དགུ་ལ་ལམ་བསྟན་པ་ནི། ཀྱཻ། མི་ལ་འགོང་པོ་སྤུན་དགུ་རྣམས། །རི་བོང་ཞྭ་རུ་གྱོན་ལ་སོང་། །སྲེག་པ་འཕྲུ་རུ་བཙུགས་ལ་སོང་། །ཐལ་ཟན་རྫོངས་སུ་ཁྱེར་ལ་སོང་། །བྱིའུ་ཚང་སྟན་དུ་གྱིས་ལ་སོང་། །བཙོད་མཚུར་རྒྱབ་ཏུ་ཁུར་ལ་སོང་། །མུག་ཟས་སྣ་ཚོགས་ཁུར་ལ་སོང་། །བོང་གསོབ་རྒྱབ་ཏུ་ཁུར་ལ་སོང་། །འགལ་དུམ་ཁུར་པོ་ཁུར་ལ་སོང་། །ཟོ་བཤལ་རྐྱལ་བཤལ་སྐོམ་དུ་འཐུང་ལ་སོང་། །ཡས་དགུ་ཐལ་བདུན་རྫོངས་སུ་འདེབས། །འདི་རུ་མ་འདུག་གཞན་དུ་དེངས། །བཀར་རོ་མཚམས་བཅད་རྫོངས་འདེབས་སོ། །དཔག་ཚད་སྟོང་དུ་འགྲོ་བར་གྱིས། །སོང་ཞིག་འགོང་པོ་སྤུན་དགུའི་ཚོགས། །ཁྱོད་རྣམས་རང་རང་གནས་སུ་དེངས།

བསེ་རག་བཀར་བ་གསང་སྔགས་གླིང་པའི་གཏེར་བྱོན།

༄༅།། ཀུན་བཟང་དགོངས་པའི་གསང་མཛོད་ལས༔ བསེ་རག་བཀར་བ་བཞུགས༔

༄༅།། ཀུན་བཟང་དགོངས་པའི་གསང་མཛོད་ལས༔ བསེ་རག་བཀར་བའི་ལས་ཚོགས་ནི༔ གས་ཆག་ཅན་གྱི་སྣོད་ནང་དུ༔ འགབ་འདྲེ་རི་བོང་ལ་ཞོན་པ༔ ལག་པར་སྲེ་མོང་ཕུང་ཐོད་འཛིན༔ སག་ཞུ་གྱོན་པ་དེའི་མདུན་དུ༔ མི་ཁ་བྲ་མཆུ་བྱ་གཤོག་ཅན༔ ལག་ན་ཤ་ཟུང་ཞགས་པ་འཛིན༔ གཡས་སུ་གོད་འདྲེ་བྱ་མགོ་ཅན༔ ལག་ན་བ་དན་ཁྲག་ཕོར་འཛིན༔ གཡོན་དུ་མོ་འདྲེ་ཐགས་ཆ་ཁུར༔ ལག་ན་ནལ་བུ་འཛིན་ཅིང་རྩེ༔ གཞན་ཡང་དེ་ཡི་མཐའ་བསྐོར་དུ༔ ཕོ་གླུད་མོ་གླུད་ནོར་ཕྱུགས་གླུད༔ ཟ་འཕྲོ་འཐུང་འཕྲོ་ཕྱུགས་ཀྱི་སྤུ༔ ཞོ་ལད་ཆང་ལད་རམ་པ་དང་༔ ཟོ་བཤལ་རྐྱལ་བཤལ་ཆང་བུ་འབྲུ༔ ཏིང་ལོ་མཐེབ་སྐྱུ་གློ་དུམ་སོགས། གླུད་རྫས་ཡོ་བྱད་འཚོག་པར་བྱ༔ རྫས་རྣམས་བྱིན་གྱིས་བརླབས་བྱས་ཏེ༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་རྒྱལ༔ སྲིད་པ་གསུམ་ན་ང་དབང་ཆེ༔ ཉོན་ཅིག་འབྱུང་པོ་བགེགས་ཀྱི་ཚོགས༔ ས་འོག་ས་སྟེང་ས་བླར་རྒྱུ༔ འབྱུང་པོ་མི་མིན་བགེགས་ཀྱི་རིགས༔ བསེ་རག་གཞོན་ནུའི་རྒྱལ་པོ་ཆེ༔ ནོར་ལ་གང་སྟོང་གཏོང་བའི་བདག༔ མདོས་གླུད་ལེན་ཕྱིར་འདིར་འདུས་ཤིག༔ ཕོ་ཉ་མི་ཁ་བྲ་མཆུ་དང་༔ གནོད་བྱེད་ཕུང་སྲི་གོད་འདྲེའི་རིགས༔ མི་སྲི་བསེན་མོ་རལ་པ་ཅན༔ གནོད་པར་རྩོམ་པའི་བགེགས་ཀྱི་རིགས༔ ཐན་བདག་འགོང་པོ་ཕུང་སྲིའི་ཚོགས༔ མ་ལུས་འཁོར་དང་བཅས་པ་ཀུན༔ གླུད་ཀྱི་མགྲོན་ལ་འདིར་འདུས་ཤིག༔ བསྔོས་པའི་གླུད་གཏོར་རྫོངས་འདི་ལོངས༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ ཀྱཻ༔ ད་ནི་ཁྱོད་ལ་རྫོངས་འདེབས་སོ༔ བཙུན་པ་སྟག་ཤར་བྱིས་པ་ཆུང་༔ གཟུགས་བྱང་གཅིག་རྫོངས་ཕོ་གླུད་དང་༔ རྒྱལ་མོ་བུ་མོ་ན་ཆུང་མོ༔ གཟུགས་གསུམ་གཅིག་རྫོངས་མོ་གླུད་འབུལ༔ རྟ་མཆོག་མཛོ་མོ་འབྲི་དང་གསུམ༔ གཟུགས་གཅིག་ལ་རྫོངས་ནོར་གླུད་འབུལ༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ དཀར་མངར་ཤ་ཁྲག་མན་ཆད་དང་༔ བསླད་ཟས་སྦང་མ་ཡན་ཆད་ཀྱི༔ བསོགས་བསོགས་ཟོས་ཟོས་ཟད་པའི་འཕྲོ་རྣམས་དང་༔ དར་ཟབ་སྟག་གཟིག་མན་ཆད་དང་༔ གོས་ངན་རས་ཧྲུལ་ཡན་ཆད་ཀྱི༔ གོས་གྱོན་རྙིང་པའི་འཕྲོ་རྣམས་ཀྱིས༔ བསེ་རག་ཁྱོད་ལ་རྫོངས་འདེབས་སོ༔ གསེར་དངུལ་བང་མཛོད་མན་ཆད་ནས༔ ཁབ་དང་སྐུད་པ་ཡན་ཆད་ཀྱིས༔ བསོགས་བསོགས་སྟོངས་པའི་འཕྲོ་རྣམས་ཀྱིས༔ བསེ་རག་ཁྱོད་ལ་རྫོངས་འདེབས་སོ༔ བདག་ལ་ནོར་རྫས་ཅི་ཡོད་ཀྱིས༔ ཡར་མཆོད་མར་སྦྱིན་བྱས་ནས་ཟད༔ ལྷག་མ་ཕྲན་བུ་ཅི་ཡོད་པས༔ བསེ་རག་ཁྱོད་ལ་རྫོངས་འདེབས་སོ༔ ཞོ་ལད་སྦང་མ་རྐྱལ་བཤལ་གྱིས༔ བསེ་རག་གཞོན་ནུ་ཚིམ་གྱུར་ཅིག༔ ཏིང་ལོ་ཆང་བུ་མཐེབ་སྐྱུ་ཡིས༔ མི་ཁ་བྲ་མཆུ་ཚིམ་གྱུར་ཅིག༔ ཕོ་གླུད་མོ་གླུད་ནོར་གླུད་ཀྱིས༔ གོད་འདྲེ་ཕུང་འདྲེ་ཚིམ་གྱུར་ཅིག༔ ནམ་མཁའ་རྒྱང་བུ་ཐགས་ཆ་ཡིས༔ མོ་སྲི་བསེན་མོ་ཚིམ་གྱུར་ཅིག༔ ཟ་འཕྲོ་འཐུང་འཕྲོ་འབྲུ་སྣ་ཡིས༔ འགོང་པོའི་སྡེ་ཚོགས་ཚིམ་གྱུར་ཅིག༔ ཞྭ་ངན་གོས་ངན་ལྷམ་ངན་གསུམ༔ ངན་གསུམ་རྫོངས་ཀྱིས་ཚིམ་གྱུར་ཅིག༔ རྫ་ཆག་ཕོར་ཆག་སྡེར་ཆག་གསུམ༔ ཆག་གསུམ་རྫོངས་ཀྱིས་ཚིམ་གྱུར་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ མི་ཕྱུགས་གཉིས་ལ་གནོད་མ་བྱེད༔ མི་ཡི་ཚེ་དང་ཕྱུགས་ཀྱི་གཡང་༔ ཟས་ཀྱི་བཅུད་དང་ལུས་ཀྱི་བཀྲག༔ མ་རྐུ་མ་ཁྱེར་མ་ཕྲོག་ཅིག༔ འོ་མ་རུལ་དང་ཞོ་མི་ཆགས༔ ཆང་ལ་ཁ་ཚ་སྐྱུར་ཕོག་ཅིང་༔ ནོར་རྫས་འདུ་ཡང་མི་ཕན་པ༔ སེམས་ཅན་འོ་མ་མི་སྟེར་ཞིང་༔ འཕག་དང་རྡུང་ཞིང་རི་ལ་འཆོར༔ འོ་བཤིགས་མར་མི་འབྱུང་བ་རྣམས༔ བསེ་རག་ཁྱོད་ཀྱི་འཕྲུལ་ཡིན་པས༔ ཐམས་ཅད་བཟློག་ཅིང་སྒྱུར་ལ་སོང༔ དྲེལ་རྟས་རྔ་རྔོག་འཆའ་བ་དང་༔ འདྲོག་ཅིང་སྒ་བཅག་ཡུལ་དོན་པ༔ ཞིང་ལ་སད་སེར་འབུ་སྲིན་འཚེ༔ བྱི་བས་གནོད་པ་ཐན་པས་འཇིགས༔ སྙེ་མ་སྐྱེས་ཀྱང་འབྲུ་མེད་པ༔ འགོང་པོ་ཁྱོད་ཀྱིས་བཟློག་ཏུ་གསོལ༔ གཞན་ཡང་བདག་ཅག་དཔོན་སློབ་ལ༔ རྨི་ལྟས་མཚན་མ་ངན་པ་དང་༔ ཆགས་ཆེ་ཉམ་ང་བཀྲ་མི་ཤིས༔ ཐན་ལྟས་རྦོད་གཏོང་ཐམས་ཅད་དང་༔ མི་མཐུན་ཕྱོགས་རྣམས་མ་ལུས་པ༔ ཟློག་ཅིང་སྡང་བའི་དགྲ་ལ་སྒྱུར༔ ལམ་བསྟན་ནི༔ ཀྱཻ༔ ད་ནི་ཁྱོད་ལ་ལམ་བསྟན་ནོ༔ ཁྲོ་བོ་ཁྲོ་མོའི་སྤྲིན་ཕུང་འཁྲིགས༔ ཡང་སྤྲུལ་ཁྲོ་ཆུང་སེར་ལྟར་གཏིབས༔ རིག་སྔགས་གདུག་པའི་མཚོན་ཆ་འབར༔ འདྲེ་གདོན་འདུག་པའི་གནས་མི་བདེ༔ བསེ་རག་གཞོན་ནུའི་རྒྱལ་པོ་ཁྱོད༔ འདི་ནས་ཆུ་བོའི་གཞུང་ལམ་ལ༔ འདུག་པའི་གནས་ཤིག་བདེ་བར་མཆིས༔ རྒྱ་ནག་རྒྱལ་པོའི་ཕོ་བྲང་ཡོད༔ ཟས་སྣ་བཏུང་བ་ཅིས་མི་འཛོམ༔ ཕྱྭ་གཡང་ལོངས་སྤྱོད་དེ་རུ་ཆེ༔ སྣང་སྲིད་ལྷ་འདྲེ་ཀུན་གྱི་གནས༔ འདི་རུ་མ་འདུག་དེ་རུ་སོང་༔ བཀའ་བཞིན་མི་འགྲོ་འདིར་འདུག་ན༔ ཡེ་ཤེས་ཁྲོ་རྒྱལ་རྔམ་པ་ཡིས༔ གསོད་ཅིང་གཞོམ་པར་ཐེ་ཚོམ་མེད༔ རང་གཟུགས་གླུད་ཀྱིས་ཚིམ་གྱིས་ལ༔ སྣང་སྲིད་ལྷ་འདྲེའི་ཚོགས་གྲལ་སོང་༔ ང་ཡིས་བདེ་བར་ལམ་བསྟན་གྱི༔ དེ་རིང་ཉི་མ་ཕན་ཆད་ལ༔ གནས་འདིར་མ་ལྡོག་མ་གནོད་ཅིག༔ བཀའ་དང་དམ་ལ་མ་འདའ་བར༔ ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཅེས་བདེན་སྟོབས་བརྗོད་ཅིང་དྲག་སྔགས་དང་ཧཱུྃ་བཞིས་ཕྱིར་བསྐྲད༔ ཀ་ཅ་ནོར་རྫས་ཀུན་ལ་ཚེར་ལྕག་གིས་བྲབ་ཅིང་གླུད་བསྐོར་ནས་ཆུ་བོའི་གཞུང་ལ་བསྐྱལ་བར་བྱའོ༔ འགོང་པོའི་གནོད་པ་སེལ་བའི་མན་ངག་ཟབ་པོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་ཀུན་བཟང་དགོངས་པའི་གསང་མཛོད་ཀྱི་ཆོས་སྡེ་ལས༔ ཛམ་བྷ་ལའི་སྒྲུབ་ཐབས་ཀྱི་ཆ་ལག་འདི་ནི་རིག་འཛིན་གསང་སྔགས་གླིང་པས་དགོངས་ཀློང་ཆོས་ཉིད་ཀྱི་དབྱིངས་མཛོད་ནས་གདན་དྲངས་ཤིང་དག་པར་ཕབ་པས་ཡི་གེ་པ་ནི་དགེ་སྦྱོང་པདྨ་བསྟན་འཛིན་གྱིས་བྲིས་པ་དགེ་ལེགས་འཕེལ༔

བསེ་རག་བཀར་བའི་ལྷན་ཐབསཨ་ར་གས་མཛད་པ།

༄༅།། ཧཱུྃ། རང་ཉིད་ཡི་དམ་གནས་གྱུར་ནས། །དྲན་རྫོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ལ་དམར་བའི་མདོག །གཡས་པས་རྡོ་རྗེ་ནམ་མཁར་ཕྱར། །གཡོན་པས་སྡིག་མཛུབ་མེ་འབར་མཛད། །ཁྲོ་བོའི་ཆས་ཀུན་སྐུ་ལ་རྫོགས། །ཞབས་གཉིས་འདོར་སྟབས་དགྲ་བགེགས་མནན། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། །འོག་མིན་གནས་ནས་བདུད་རྩི་འཁྱིལ་བ་རེ། །མེ་འབར་ཚྭ་ཚྭ་འཕྲོ་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྚ་ལི་སོགས། ཅི་མང་བཟླས་ལ་ནས་ཐུན་སྔགས། ཨོཾ་བཛྲ་ཨརྒྷཾ་སོགས། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་སོགས་ནས། བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད།

༈ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་འགོང་པོ་བསེ་རག་རྣམས་ཀྱི་རང་རང་གི་ཡིད་དང་མཐུན་པའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཟའ་བཏུང་གོས་རྒྱན་ཀ་ཆ་དཀོར་ནོར་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གྱུར་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར༔ ཨོཾ་ཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་སོགས། སྔགས་དྲུག་ཕྱག་དྲུག་དང་དེ་བཞིན་གཤེགས་པ་བཞིའི་མཚན་གྱིས་ལེགས་པར་བསྔོ།

ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། གཟུངས་སྔགས་སོགས་ནས། བདེན་པ་ཆེན་པོའི་མཐུས། ཡོན་གྱི་བདག་པོ་འདི་ཞེས་བྱ་བའི་མི་ནོར་འཁོར་དང་བཅས་པའི་གཡང་ར་བ་སྒོ་བཞི་ལ་བར་དུ་གཅོད་པའི་སྒབ་འདྲེ་གནོད་བྱེད་ལན་ཆགས་བསེ་རག་མུ་གེའི་རྒྱལ་པོ་ལ་སོགས་པའི་སྲིན་མོ་ཁ་དགུ། མཚན་ཅན་མའི་གཙོར་བྱས་བཙའ་བྱེད་མིག་ཐན། ཐན་བྱེད་ཁ་སྐྱ། སེར་བྱེད་ལག་རྡུམ། སྐྱི་འདེང་ཤ་སྐམ། ལྕགས་ཐེལ་སྔོན་མོ། ཨརྒྷ་ཆང་རྐུན། བྷེ་ཉ་ཞོ་རྐུན། བརྙབ་པ་ལག་རིང་། ཐེའུ་རང་སྟོང་འཁྲུག ལྟོགས་པའི་སྒབ་འདྲེ། གནོད་བྱེད་མུ་གེ། སྤུན་དགུ་འཁོར་དང་བཅས་པ་ཐམས་ཅད་ས་འོག་ས་སྟེང་ས་བླ་བར་མ་གར་གནས་ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་གླུད་གཟུགས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཊ་ཀཱི་ཧཱུྃ་ཛ༔ ཞེས་པ་འདི་ལྷ་མོ་དཔལ་གྱི་གཡང་སྐྱབས་ཀྱི་བསེ་རག་བཀར་བས་ལྷན་ཐབས་ལས་སོ། །དེ་ནས་དངོས་ལ་འཇུག རཱ་ག་ཨ་སྱས་སོ།

༈ བདེན་བརྗོད་ནི། ན་མོ་རྗེ་བཙུན་སོགས། བདེན་པ་ཆེན་པོའི་བྱིན་རླབས་ལ་བརྟེན་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་གནོད་པར་བྱེད་པའི། འགོང་པོ་སྤུན་དགུ། བཙའ་བྱེད་མིག་དམར། ཐན་བྱེད་ཁ་སྐྱ། སྐྱི་འདེང་ཤྭ་སྐམ། ལྕགས་ཐེ་སྔོན་པོ། ཨ་གྷེ་ཆང་རྐུན། བྷེ་ཉ་ཞོ་རྐུན། སྙབ་པ་ལག་རིང་། ཡམ་ཤུད་དམར་པོ། ཐེའུ་རང་སྟོང་འཁྲུགས། སྲིན་མོ་མི་རྐུན་སོགས།

ནོར་རྒྱུན་ལྷ་མོའི་ལས་བྱང་འདོད་འབྱུང་གཏེར་བུམ།

༄༅༎ སདྡྷརྨསཾགམབྷཱིརཔདྨསྱཙིཏྟཏིལཀཾབྷྱཿབསུདྷཱརཱདེབཱིཀརྨཀལྤཀམསཾབྷབནིདྷཱིཀུམྦྷབིཧརཏིསྨ།།

༄༅།།སདྡྷརྨསཾགམབྷཱིརཔདྨསྱཙིཏྟཏིལཀཾབྷྱཿབསུདྷཱརཱདེབཱིཀརྨཀལྤཀམསཾབྷབནིདྷཱིཀུམྦྷབིཧརཏིསྨ།།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ ནོར་རྒྱུན་ལྷ་མོའི་ལས་བྱང་འདོད་འབྱུང་གཏེར་བུམ་བཞུགས་སོ༔

ན་མོཿཨཱརྱ་བཱ་སུ་དྷ་ར་ཡེ༔ སྐུ་གསུམ་རྒྱལ་བའི་ཕྲིན་ལས་མ༔ འགྲོ་བའི་དབུལ་བ་སེལ་བའི་ཕྱིར༔ ལོངས་སྤྱོད་གཏེར་ལ་མངའ་བརྙེས་པའི༔ ནོར་རྒྱུན་ལྷ་མོར་གུས་པས་འདུད༔ ས་མ་ཡཱ༔ ནོར་རྒྱུན་ལྷ་མོའི་སྒྲུབ་པ་འདི༔ ལས་ལྡན་ཉམས་སུ་ལེན་པ་དེས༔ དབེན་གནས་ཉམས་དགའ་བྱིན་ཆགས་ཤིང་༔ དགྲ་འདྲེའི་གནོད་པ་མེད་པའི་སར༔ དཀྱིལ་འཁོར་ལས་གཞུང་རྒྱས་པ་ལྟར༔ ཡང་ན་འབྲུ་ཚོམ་ལེགས་པར་བཀོད༔ གཡང་བཤོས་འབྲས་ཀྱི་སྙེ་མའི་དབྱིབས༔ གཙོ་འཁོར་བརྒྱད་དང་ལྡན་པར་བཤམས༔ གཞུང་བཞིན་གཡང་རྫས་འཚོགས་བྱས་ནས༔ མཐའ་མར་མཆོད་པས་མཛེས་པར་བསྐོར༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ ངེས་འབྱུང་སྐྱོ་ཤས་རང་རྒྱུད་བརླན༔ སྔོན་འགྲོའི་ཆོས་ལ་སྦྱོང་བ་ནི༔ སྦྱོར་བའི་ཆོས་དྲུག་ལེགས་པར་བསྟན༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ཧཱུྃ༔ ཡེ་ནས་རྣམ་གྲོལ་སྟོན་པ་རྫོགས་སངས་རྒྱས༔ ཡེ་ཤེས་རང་གསལ་དོན་དམ་རྟོགས་པའི་ཆོས༔ ཡེ་བབ་སྐྱོན་བྲལ་ཡང་དག་འཕགས་པའི་ཚོགས༔ ཀུན་འདུས་རྒྱལ་ཡུམ་མཆོག་ལ་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོ༔ འདོད་ཞེན་སེར་སྣས་འཁོར་བར་འཁྱམས་པའི་འགྲོ༔ ཀུན་མཁྱེན་རྒྱལ་བའི་གོ་འཕང་འཐོབ་བྱའི་ཕྱིར༔ ངེས་ཤེས་བློ་ཡིས་ལྷ་མོ་ནོར་རྒྱུན་མའི༔ གསང་གསུམ་སྒོམ་བཟླས་བརྩོན་པར་དམ་བཅའ་འོ༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ བྱང་ཆུབ་ཆེན་པོར་བསྔོ༔ བཞི་པ་བགེགས་ལ་བཀའ་བསྒོ་ནི༔ བླ་གླུད་ཆངས་བུ་མར་མེ་དང་༔ ཟས་ལྷག་གོས་རྙིང་དུམ་བུར་བཅས༔ ཁ་འབར་མ་ཡི་སྔགས་ཀྱིས་བསྔོ༔ བདེ་གཤེགས་བཞི་ཡི་མཚན་ཡང་བརྗོད༔ ཧཱུྃ༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ སེར་སྣ་འཇུར་གེགས་རྒྱུ་འབྲས་ལས༔ ཟས་གོས་ནོར་གྱི་སྒབ་འདྲེ་རྣམས༔ དབུལ་ཞིང་ཕོངས་པའི་སྣ་འདྲེན་བྱེད༔ ལན་ཆགས་བླ་གླུད་འདི་ཁྱེར་ལ༔ ཤར་ཕྱོགས་ལུས་འཕགས་གླིང་དུ་དེངས༔ ཧཱུྃ་བཞིའི་སྔགས་ཀྱིས་བཀའ་བསྒོ་བྱ༔ ལྔ་བ་སྲུང་འཁོར་བསྒོམ་པ་ནི༔ ཧོ༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་འདིར༔ ཡེ་ནས་གླགས་ལྟ་བགེགས་ཀྱི་རིགས༔ མ་སྐྱེས་མི་འབྱུང་གནས་ཡུལ་བྲལ༔ དོན་དམ་གཉུག་མའི་སྲུང་གུར་ཕུབ༔ བཛྲ་རཀྵ་རཀྵ་ཧཱུྃ༔ དྲུག་པ་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ༔ དབྱིངས་ནས་ཡི་གེ་འབྲུ་གསུམ་གྱིས༔ མཆོད་རྫས་དངོས་འཛིན་བསྲེགས་གཏོར་བཀྲུས༔ ཟབ་ཡངས་རིན་ཆེན་སྣོད་མཆོག་ཏུ༔ འདོད་འབྱུང་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཙ་ཧ་ཧོ་ཧྲཱིཿ དེ་ཡིས་སྦྱོར་བའི་ཆོས་དྲུག་རྫོགས༔ དངོས་གཞི་རིམ་པ་བརྒྱད་ཡིན་ཏེ༔ དང་པོ་སྤྲོས་མེད་བསྐྱེད་རིམ་ནི༔ ཨཱཿ འཁོར་འདས་ཆོས་ཀུན་བློ་ལས་འདས༔ མ་སྐྱེས་མི་འགག་ཆོས་ཀྱི་དབྱིངས༔ སྟོང་ཉིད་ནམ་མཁའ་ལྟ་བུའི་ངང་༔ མ་རྟོགས་དབུལ་བས་ཉམ་ཐག་འགྲོར༔ རྗེས་ཆགས་སྙིང་རྗེའི་རང་གཟུགས་ལས༔ རང་སེམས་འདོད་འབྱུང་དབང་གི་རྒྱལ༔ བཾ་ཡིག་གསེར་མདོག་ཡོངས་གྱུར་ལས༔ ཕྱི་སྣོད་དག་པའི་ཞིང་ཁམས་དབུས༔ གནས་ཁང་རིན་ཆེན་ཕོ་བྲང་དཀྱིལ༔ འདབ་བརྒྱད་གདན་དབུས་ཟླ་དཀྱིལ་ཁར༔ སྤྲོ་བསྡུས་དོན་གཉིས་བྱས་པ་ལས༔ ནོར་རྒྱུན་ལྷ་མོ་གསེར་གྱི་མདོག༔ ཞལ་གཅིག་ཕྱག་གཉིས་ཞི་འཛུམ་བཞད༔ ཕྱག་གཡས་འབྲས་ཀྱི་སྙེ་མའི་སྟེང་༔ བསམ་འཕེལ་ནོར་བུའི་འབྲས་བུ་དང་༔ ཕྱག་གཡོན་རིན་ཆེན་གཏེར་བུམ་ནང་༔ ཟས་ནོར་ཡིད་བཞིན་ཆར་ལྟར་འབེབས༔ རིན་ཆེན་སྣ་ཚོགས་རྒྱན་ཕྲེང་དང་༔ སྣ་ཚོགས་དར་གྱི་ན་བཟའ་གསོལ༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་འགྱིངས༔ ཕྱོགས་མཚམས་བརྒྱད་པོའི་པད་ཟླའི་སྟེང་༔ ནོར་སྟེར་འཁོར་གྱི་ལྷ་མོ་བརྒྱད༔ ཀུན་ཀྱང་གསེར་མདོག་གཙོ་མོའི་ཆས༔ དབང་མོའི་སྤྱི་བོར་པད་ཟླའི་སྟེང་༔ རིགས་བདག་བདེ་གཤེགས་རིན་ཆེན་མང་༔ མཆོག་སྦྱིན་མཉམ་བཞག་ལོངས་སྐུའི་ཆས༔ མཐའ་བསྐོར་ནོར་ལྷ་གཏེར་བདག་བརྒྱད༔ ལྷ་དང་དྲང་སྲོང་རིག་པ་འཛིན༔ སྒོ་སྲུང་རྒྱལ་ཆེན་སྡེ་བཞི་སོགས༔ མ་འདྲེས་མཁའ་ལ་འཇའ་ཚོན་བཞིན༔ སྐད་ཅིག་དྲན་རྫོགས་ཆེན་པོར་བསྒོམ༔ གཉིས་པ་སྤྱན་འདྲེན་སྤོས་རོལ་བཅས༔ ཨེ་མ་ཧོ༔ ཆོས་དབྱིངས་སྤྲོས་བྲལ་བློ་འདས་ཀློང་༔ དུས་གསུམ་རྒྱལ་བའི་ཕྲིན་ལས་ཀྱིས༔ སེམས་ཅན་ཉམ་ཐག་སེལ་བའི་ལྷ༔ འཕགས་མ་ནོར་རྒྱུན་ལྷ་མོ་ལ༔ འཁོར་གྱི་གྲོགས་མོ་བརྒྱད་དང་བཅས༔ ནོར་ལྷ་གཏེར་བདག་རིག་པ་འཛིན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ རྩོད་ལྡན་སྙིགས་མའི་ཡང་མཐའ་འདིར༔ ཉམ་ཐག་དབུལ་བའི་སེམས་ཅན་རྣམས༔ ཟས་ཀྱིས་ཕོངས་ཤིང་ནོར་གྱིས་དབུལ༔ མགོན་མེད་སྡུག་བསྔལ་དྲག་པོས་མནར༔ ཁྱེད་མིན་རེ་ས་གཞན་མ་མཆིས༔ གདུང་བའི་ང་རོས་འབོད་ལགས་ན༔ བརྩེ་ཆེན་ཐུགས་རྗེས་གཤེགས་སུ་གསོལ༔ ཨོཾ་བ་སུ་དྷ་རི་ནི་མ་ཧཱ་རཏྣ་ནི་དྷི་པ་ཏི་བཛྲ་ས་མ་ཡཱ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བདག་མདུན་དམ་ཚིག་གཞལ་ཡས་འདིར༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་ལྷ༔ འདུ་འབྲལ་མེད་པར་བཞུགས་ནས་ཀྱང་༔ འགྲོ་བའི་དབུལ་བ་བསལ་དུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་བ་གུས་པས་ཕྱག་འཚལ་ནི༔ ཧོཿ བདག་ཅག་བསོད་ནམས་མི་ལྡན་པས༔ ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར༔ ནོར་རྒྱུན་ལྷ་མོ་གཙོ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙ་ཧོ༔ ལྔ་པ་མཆོད་སྤྲིན་འབུལ་བ་ནི༔ ཧོ༔ དངོས་སུ་བཤམས་དང་ཡིད་ལས་བྱུང་༔ བདག་ཏུ་བཟུང་དང་མ་བཟུང་བའི༔ ཉེར་སྤྱོད་ལྔ་དང་རྒྱལ་སྲིད་བདུན༔ བཀྲ་ཤིས་རྫས་རྟགས་བཅུ་དྲུག་སོགས༔ སྲིད་པའི་འདོད་ཡོན་མ་ལུས་པ༔ ཡངས་པའི་བློ་ཡིས་རབ་བླངས་ནས༔ འཕགས་མ་ནོར་རྒྱུན་ལྷ་མོ་ལ༔གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འདི་ནས་བྱང་ཆུབ་མ་ཐོབ་བར༔དབུལ་བས་ཉམ་ཐག་བདག་གཞན་འགྲོར༔ བརྩེ་ཆེན་ཐུགས་རྗེས་བཟུང་དུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྟ་སཔྟ་མ་ཧཱ་རཏྣ་མངྒ་ལཾ་ཨཥྚ་སརྦ་པཱུ་ཙ་སྥ་ར་ཎ་ས་མ་ཡཱ་ཨཱ་ཧཱུྃ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཨེ་མ་ཧོ༔ བསྐལ་མང་གོང་ནས་སྙིང་རྗེའི་མཐུས༔ འགྲོ་བའི་སྡུག་བསྔལ་སེལ་བའི་ཕྱིར༔ འདོད་འབྱུང་ཡིད་བཞིན་ལྷ་མོར་སྤྲུལ༔ ནོར་གྱི་བདག་མོར་ཕྱག་འཚལ་བསྟོད༔ སྐུ་ནི་མཚན་དཔེའི་འཇོ་སྒེག་ཅན༔ གསུང་དབྱངས་སྦྱིན་ཞེས་ཆོས་སྒྲ་སྒྲོགས༔ འཁྲུལ་མེད་མཁྱེན་བརྩེ་ནུས་པའི་ཐུགས༔ གསང་གསུམ་ཡོན་ཏན་དྲན་པས་བསྟོད༔ ཡེ་ཤེས་གཅིག་གི་རོལ་པ་ལས༔ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅས༔ ཀུན་ཀྱང་ཕན་བདེའི་དཔལ་སྟེར་བའི༔ རྒྱལ་ཀུན་ཕྲིན་ལས་རྫོགས་ལ་བསྟོད༔ བདུན་པ་བཤགས་པ་བྱ་བ་ནི༔ ཀྱཻ་མ་དགོངས་ཤིག་ཐུགས་རྗེ་ཅན༔ བདག་འདྲའི་སེམས་ཅན་ལས་ངན་པས༔ དངོས་མེད་སྒྱུ་མའི་ནོར་རྫས་ལ༔ བདག་ཏུ་བཟུང་ཤིང་སེར་སྣས་བསྡམས༔ མཆོད་སྦྱིན་གཏེར་གྱི་སྒོ་ཡང་བཀག༔ རྟག་ཏུ་དབུལ་ཞིང་ཉམ་ཐག་པ༔ བཀྲེན་ལྡན་བདག་གིས་གདུང་བའི་བློས༔ སྔར་བྱས་སྡིག་པའི་ལས་ཀུན་བཤགས༔ སྒྲིབ་མེད་ཡེ་ཤེས་སྤྱན་ལྡན་པས༔ མ་ལུས་བྱང་ཞིང་དག་པ་དང་༔ སྦྱིན་པའི་ཕ་རོལ་ཕྱིན་པར་མཛོད༔ བརྒྱད་པ་འཛབ་ཀྱི་དགོངས་པ་ནི༔ རང་ཉིད་འཕགས་མའི་ཐུགས་ཀ་རུ༔ འདོད་འབྱུང་རིན་ཆེན་ཟུར་བརྒྱད་དབུས༔ ཟླ་སྟེང་བཾ་ཡིག་གསེར་མདོག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་ཟེར་དབང་པོའི་གཞུ་ལྟར་འཕྲོས༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ འགྲོ་དོན་སྨོན་ལམ་ཐུགས་རྗེའི་མཐུ༔ སེམས་ཅན་དོན་དུ་རབ་དགོངས་ནས༔ བདག་གཞན་དབུལ་བ་སེལ་བར་བསམ༔ ཨོཾ་བཱ་སུ་དྷ་རི་ནི་ཧཱུྃ༔ ཞེས་པ་འབྲུ་འབུམ་དག་ཏུ་བཟླ༔ སླར་ཡང་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་ཁ་དོག་ལྔ་ལྡན་པ༔ འཇིག་རྟེན་བདུན་པོའི་གནས་སུ་འཕྲོས༔ བཀྲེས་སྐོམ་ཚ་གྲང་སྡུག་བསྔལ་བསལ༔ ཕྱི་སྣོད་རིན་ཆེན་བརྩེགས་པའི་ཞིང་༔ ནང་བཅུད་འགྲོ་བ་མཐོ་དམན་ཀུན༔ ས་བཅུའི་དབང་ཕྱུག་ནོར་རྒྱུན་མའི༔ གསང་བ་གསུམ་དང་དབྱེར་མེད་བསམ༔ ཡེངས་མེད་སྔགས་ཀྱི་རྒྱལ་པོ་འདི༔ སྒྲ་ཟུར་མ་ཉམས་ཤུབ་བུར་བཟླ༔ ཨོཾ་ཨཱཿཧཱུྃ་བཱ་སུ་དྷ་རི་ནི་མ་ཧཱ་པུརྞྱེ་ཛྙཱ་ན་མ་མ་པུཥྚཾ་ཀུ་རུ་སརྦ་སིདྡྷི་ཧཱུྃ་བྷྲུཾ༔ སུམ་འབུམ་ཉི་ཁྲི་ལ་སོགས་བཟླས༔ དངོས་ཉམས་རྨི་ལམ་རྟགས་དང་སྦྱར༔ སྐབས་སུ་ཟས་ནོར་དབང་སྡུད་ནི༔ རྒྱས་པར་གཞན་དུ་ཤེས་བྱ་ཞིང་༔ བསྡུ་ན་དམིགས་པ་འདི་བཞིན་ཆོག༔ བདག་ཉིད་འཕགས་མའི་ཐུགས་ཀ་ལས༔ འོད་ཟེར་གསེར་གྱི་ལྕུགས་མ་ལྟར༔ འཁོར་གྱི་ལྷ་མོ་བརྒྱད་པོ་ཡི༔ ཐུགས་ཀར་ཟླ་སྟེང་བཾ་ཡིག་བརྒྱད༔ བསྒྲུབ་སྔགས་གཡས་བསྐོར་དག་ཏུ་འཁོར༔ ཕོག་པས་ཕྱི་སྣོད་ཕྱོགས་བཅུའི་ཞིང་༔ ནོར་ལྷ་ཀུན་གྱི་རྒྱུད་བསྐུལ་ཏེ༔ འཇིག་རྟེན་ཟས་ནོར་མ་ལུས་པ༔ སྦུར་མ་རླུང་གིས་དེད་པ་བཞིན༔ རང་དབང་མེད་པར་འུབ་ཀྱིས་བསྡུས༔ བདག་གི་མཆོད་སྦྱིན་ལས་བྱེད་པའི༔ མཐུན་རྐྱེན་ཆར་དུ་བསྙིལ་བར་གྱུར༔ གོང་གི་སྒྲུབ་སྔགས་ཤམ་བུ་རུ༔ ཟས་གོས་ནོར་སོགས་གང་འདོད་པ༔ ལེགས་སྦྱར་སྐད་དམ་བོད་སྐད་དུ༔ སྦྱར་ནས་སྤེལ་ཚིག་རིགས་པས་འཕྲུལ༔ ས་མ་ཡཱ༔ དེ་ལྟར་ཉམས་སུ་སུས་བླངས་པ༔ ཚེ་རབས་མཆོག་སྦྱིན་འབྱུང་བ་ཡི༔ ཤིན་ཏུ་བཀྲེན་ལྡན་མི་ཡིན་ཀྱང་༔ འཕགས་མའི་ཐུགས་རྗེས་རྗེས་བཟུང་ནས༔ ལོངས་སྤྱོད་རིམ་གྱིས་འཕེལ་བར་འགྱུར༔ སྦྱིན་ཤུགས་ལྡན་པའི་གང་ཟག་གིས༔ བདུན་ཕྲག་རེ་རེར་ཉམས་བླངས་ན༔ ལོངས་སྤྱོད་དབྱར་གྱི་ཆུ་ལྟར་རྒྱས༔ ཞལ་མཇལ་གསུང་ཐོས་རྟགས་མཚན་འབྱུང་༔ རྗེས་ཀྱི་རིམ་པ་ལ་ཡང་དྲུག༔ མཎྜལ་འབུལ་དང་ཆུ་སྦྱིན་དང་༔ གཏོར་མ་ཚོགས་ཀྱི་ལོངས་སྤྱོད་འབུལ༔ འཕྲོག་མའི་ལན་ཆགས་རྟེན་གསུམ་བཞེངས༔ ཀུན་ཀྱང་ཚོགས་གཉིས་རྫོགས་པའི་ཐབས༔ གཞན་ལས་ཁྱད་པར་འཕགས་པའོ༔ དང་པོ་མཎྜལ་འབུལ་བ་ནི༔ རིན་ཆེན་འཁར་ཟངས་རྡོ་ཤིང་སོགས༔ འབྱོར་བ་རབ་འབྲིང་ཐ་མ་ཡི༔ རིན་ཆེན་སྨན་འབྲུ་ཕྱེ་མ་ལས༔ ཚོམ་བུ་རིགས་མཐུན་གཞན་དང་སྦྱར༔ ཡང་ན་ཚིག་དོན་གཉིས་ཀ་ནི༔ མཐུན་པར་འདི་བཞིན་དབུལ་བར་བྱ༔ ཨེ་མ་ཧོ༔ འོག་གཞི་རྣམ་དག་དབང་ཆེན་གསེར་གྱི་གཞིར༔ དྲི་བཟང་སྤོས་ཆུས་བྱུགས་ཤིང་ཆག་ཆག་གདབ༔ རིན་ཆེན་མེ་ཏོག་སིལ་མ་གཅལ་དུ་བཀྲམ༔ དབུས་ཀྱི་ཚོམ་བུ་རིན་ཆེན་རི་བོ་ལ༔ ཕྱོགས་བཞིར་གླིང་བཞི་མཚམས་བཞིར་གླིང་ཕྲན་བཞི༔ རིན་ཆེན་རི་བོ་འདོད་འབྱུང་དཔག་བསམ་ཤིང་༔ འདོད་འཇོའི་བ་དང་ཡིད་འོང་སྐྱེད་མོས་ཚལ༔ རྡོ་རྗེ་གླུ་གར་སྒེག་མོ་ཕྲེང་ཐོགས་མ༔ ཉི་ཟླ་ནོར་བུ་རྣམ་རྒྱལ་ཁང་བཟང་དང་༔ གདུགས་དང་རྒྱལ་མཚན་བཀོད་ལེགས་མཆོད་པའི་སྤྲིན༔ བདག་ལུས་ལོངས་སྤྱོད་དགེ་བའི་རྩ་བར་བཅས༔ ཕྱི་ནང་གསང་བའི་མཎྜལ་མཛེས་པ་འདི༔ བླ་མ་དཀོན་མཆོག་འཕགས་མ་ནོར་རྒྱུན་མ༔ ཁྱེད་ཤེས་རེ་ལྟོས་སྐྱབས་ཡུལ་ལྷ་ལ་འབུལ༔ ཚེ་རབས་མཆོད་སྦྱིན་གཡེལ་དང་དཀོར་ལ་འབག༔ རྐུ་འཕྲོག་རློམ་སེམས་སེར་སྣ་ལ་སོགས་པའི༔ ལས་ཉོན་བག་ཆགས་མུན་པ་ཀུན་དག་ནས༔ ཚོགས་ཆེན་གཉིས་རྫོགས་འགྲོ་བ་ཐམས་ཅད་ཀྱི༔ ཕན་བདེའི་གཏེར་དང་འདོད་འབྱུང་རྫིང་བུ་རུ༔ བདག་ནི་དེང་ནས་བྱང་ཆུབ་མ་ཐོབ་བར༔ མངོན་དུ་འགྱུར་བར་མཆོག་གསུམ་ཐུགས་རྗེས་ཟུངས༔ ཏྲཾ་གུ་རུ་རཏྣ་མཎྜལ་པཱུ་ཙ་མེ་གྷ་ཨཱ་ཧཱུྃ༔ བརྒྱ་སྟོང་ཁྲི་འབུམ་ལ་སོགས་པ༔ ཚོམ་བུ་བཀོད་དེ་ལེགས་པར་འབུལ༔ གཉིས་པ་ཆུ་སྦྱིན་གཏོང་བ་ནི༔ ཟངས་གཞོང་ལ་སོགས་སྣོད་གཙང་དུ༔ འཕགས་མའི་སྐུའམ་བཤོས་གཙང་ལ༔ ཟླུམ་གཏོར་འབྲས་ཀྱི་སྙེ་མའི་དབྱིབས༔ རྒྱན་དང་ལྡན་པ་ལེགས་པར་བཤམས༔ ཤ་ཆང་སྤྱོད་ལམ་མི་གཙང་སྤང་༔ ཁྲུས་བྱས་བྱང་ཆུབ་སེམས་ལྡན་པས༔ སྭ་བྷ་ཝ་ཡི་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་ཕྱི་སྣོད་ཞིང་༔ གཏོར་གཞོང་བཀོད་ལེགས་གཞལ་ཡས་དབུས༔ དམིགས་རྟེན་འཕགས་མ་ནོར་རྒྱུན་ལྷ༔ རྒྱན་དང་ཆ་ལུགས་རྫོགས་པ་ཡི༔ སྤྱི་བོར་པད་ཟླའི་གདན་སྟེང་དུ༔ དེ་བཞིན་གཤེགས་པ་རིན་ཆེན་མང་༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཅན༔ གཡོན་པས་མཉམ་བཞག་ནོར་བུ་བསྣམས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་༔ ཚངས་པར་སྤྱོད་པའི་ཆ་ལུགས་ཅན༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ ཕྱོགས་བཅུའི་རྒྱལ་བའི་ཐུགས་རྒྱུད་བསྐུལ༔ འགྲོ་བའི་དབུལ་བ་སེལ་བའི་ཕྱིར༔ ཀུན་ཀྱང་ནོར་ལྷའི་སྐུར་བཞེངས་ནས༔ དམིགས་རྟེན་རྫས་དང་དབྱེར་མེད་བསམ༔ རང་ཉིད་ཐ་མལ་གསལ་བ་ཡིས༔ ལག་གཡས་ཆུ་གཙང་དཀར་གསུམ་བཅས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བརླབས༔ རྩ་བའི་སྔགས་ནི་བརྒྱ་རྩ་བརྒྱད༔ ཤམ་བུར་ཁ་འབར་མ་ཡི་སྔགས༔ ཉེར་གཅིག་བཟླ་བཞིན་འདོན་བསྒོམ་ནི༔ ཨོཾ་ཨཱཿཧཱུྃ༔ བདག་གཞན་འགྲོ་བ་སེམས་ཅན་གྱི༔ དབུལ་བའི་གདུང་བ་རྒྱུན་གཅོད་ཕྱིར༔ དཀར་གསུམ་བདུད་རྩིའི་རྒྱ་མཚོ་འདི༔ བདེ་གཤེགས་རྒྱལ་བ་རིན་ཆེན་མང་༔ ནོར་རྒྱུན་ལྷ་མོ་གཙོ་འཁོར་ལ༔ གུས་པའི་བློ་ཡིས་འབུལ་ལགས་ན༔ བརྩེ་བའི་ཐུགས་རྗེས་རབ་བཞེས་ནས༔ སེམས་ཅན་སྡུག་བསྔལ་བསལ་དུ་གསོལ༔ ཅེས་པ་བདུན་ནམ་ཉེར་གཅིག་བརྗོད༔ ཆུ་རྒྱུན་བར་མ་ཆད་པ་རུ༔ མཆོག་སྦྱིན་ཕྱག་རྒྱས་རྟེན་ལ་འབུལ༔ དེ་ཚེ་དམིགས་པའི་རིམ་པ་ནི༔ རིགས་བདག་བདེ་བར་གཤེགས་པ་ཡི༔ མཆོག་སྦྱིན་ལས་ནི་བདུད་རྩིའི་རྒྱུན༔ བར་མ་ཆད་པ་བྱུང་བ་ཡིས༔ ཡི་དྭགས་ལ་སོགས་འགྲོ་ཀུན་གྱི༔ བཀྲེས་སྐོམ་དབུལ་ཕོངས་སེལ་བར་བསམ༔ དེ་བཞིན་འཕགས་མ་ནོར་རྒྱུན་མའི༔ ཕྱག་གཡས་འབྲས་ཀྱི་སྙེ་མ་དང་༔ ཕྱག་གཡོན་གཏེར་གྱི་བུམ་པ་ལས༔ ཟས་གོས་རིན་ཆེན་ཆར་བབས་པས༔ བདག་གི་གནས་ཁང་བང་མཛོད་དང་༔ ཡུལ་ཁམས་ཡོངས་སུ་གང་བར་བསམ༔ མཐར་ནི་ལྷ་གཤེགས་དགེ་བ་བསྔོ༔ རྫས་རྣམས་ཉམ་ཐག་འགྲོ་ལ་སྦྱིན༔ ས་མ་ཡཱ༔ གསུམ་པ་གཏོར་མ་འབུལ་བ་ནི༔ དཀར་གསུམ་གཙང་མའི་བཤོས་བུ་ནི༔ ཟུར་བརྒྱད་སྙེ་མ་ལྟ་བུ་ལ༔ ཕྱོགས་མཚམས་བརྒྱད་དུ་འཁོར་བརྒྱད་བསྐོར༔ རིན་ཆེན་ལ་སོགས་སྣོད་དུ་བཤམས༔ འབྲུ་སྨན་གདབ་ཅིང་ཆུ་གཙང་བྲན༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ འཕགས་མའི་སྐུར་གསལ་ཐུགས་ཀ་ནས༔ འོད་ལྔ་ལྕགས་ཀྱུ་ལྟ་བུར་འཕྲོས༔ ཕྱོགས་བཅུའི་རྒྱལ་དང་བྱང་ཆུབ་སེམས༔ རྩ་གསུམ་སྲུང་མ་ནོར་ལྷའི་ཚོགས༔ འཕགས་མ་ནོར་རྒྱུན་ལྷ་མོ་ཡི༔ རྣམ་པར་དབྱིངས་ནས་སྤྱན་དྲངས་ཏེ༔ མདུན་མཁར་དགྱེས་བཞིན་བཞུགས་པར་གྱུར༔ གཏོར་མར་བ་ཡི་འོ་མས་བྲན༔ སྟོང་པ་ཉིད་བསྒོམས་སྔགས་ཀྱིས་སྦྱངས༔ བྷྲུཾ་ལས་རིན་ཆེན་སྣོད་མཆོག་ཏུ༔ ཨཿལས་དཀར་གསུམ་གཏོར་མ་ནི༔ ཟག་མེད་བདུད་རྩིའི་གཏེར་ཆེན་པོ༔ ལྷ་རྣམས་དགྱེས་པའི་དཔྱིད་དུ་གྱུར༔ འབྲུ་གསུམ་སྔགས་ཚིག་ལན་གསུམ་བརྗོད༔ བ་སུ་དྷ་རིའི་སྔགས་གཤམ་དུ༔ ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཉི་ཤུ་རྩ་གཅིག་བརྗོད༔ འདོད་དོན་དངོས་གྲུབ་ཞུ་བ་ནི༔ ཧོ༔ གཙང་སྦྱར་རོ་ལྡན་ལྷ་ཡི་བཤོས༔ ཡིད་འཕྲོག་འདོད་དགུའི་དཔལ་ལྡན་པ༔ ནོར་ལྷ་གཙོ་འཁོར་རྣམས་ལ་འབུལ༔ བདག་གཞན་འགྲོ་བ་སེམས་ཅན་གྱི༔ བཀྲེས་སྐོམ་དབུལ་ཕོངས་རྒྱུན་བཅད་ནས༔ མི་ཟད་གཏེར་ལ་དབང་བསྒྱུར་བའི༔ ཀུན་མཁྱེན་ཡེ་ཤེས་བསྩལ་དུ་གསོལ༔ གརྫ་གརྫ་སྭ་བྷ་ཝ༔ བསོད་ནམས་འདི་ཡིས་སོགས་བརྗོད༔ གཏོར་མགྲོན་གཤེགས་ཤིང་དགེ་རྩ་བསྔོ༔ གཏོར་མ་ཆུ་བོའི་གཞུང་དུ་འབུལ༔ བཀའ་གཏེར་སྲུང་དང་གཏོར་བསྔོས་གང་ལྕོགས་འདོན༔ དེ་ནས་ཚོགས་ལ་འཇུག་པ་ནི༔༼ ཐོག་མར་བཤགས་པ་དང་ཚོགས་སྤྱན་འདྲེན་གཞན་ལས་ལེན། མཆན།༽ བཞི་པ་ཚོགས་མཆོད་འབུལ་བ་ནི༔ དཀར་གསུམ་མངར་གསུམ་ཤིང་ཏོག་དང་༔ ཟན་བཤོས་ཁུར་བ་གཙང་མར་བཤམས༔ ཚོགས་ཞིང་སྤྱན་འདྲེན་གཏོར་མའི་སྐབས༔ ཤེས་པར་བྱ་ཞིང་ཚོགས་མཆོད་ནི༔ དཀར་གསུམ་བདུད་རྩིས་ལེགས་པར་བྲན༔ བདག་ཉིད་ལྷར་གསལ་ཐུགས་ཀ་ནས༔ རཾ་ལས་མེ་འབར་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་ཉེས་སྐྱོན་གཏོར༔ ཁཾ་ལས་ཆུ་བྱུང་དག་པར་བཀྲུས༔ རཾ་ཡཾ་ཁཾ༔ ལན་གསུམ་བརྗོད༔ སླར་ཡང་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་སྔགས་ཀྱི་འོད་ཟེར་གྱིས༔ སྟོང་གསུམ་དང་མཉམ་ཚོགས་སྣོད་དུ༔ རྫས་རྣམས་ལྷུན་པོ་རྒྱ་མཚོ་ལྟར༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ ཟག་མེད་བདེ་བསྐྱེད་ནུས་ལྡན་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མ་ཧཱ་གྷ་ན་ཙཀྲ་མེ་ག་ཨ་ཧཱུྃ༔ ཚོགས་ཕུད་འབུལ་ཞིང་བཤགས་པ་ནི༔ ཧོ༔ རིགས་དྲུག་ཉམ་ཐག་འགྲོ་བ་རྣམས༔ ཚད་མེད་སྙིང་རྗེས་མི་འདོར་བའི༔ རྒྱལ་ཀུན་ཡུམ་གཅིག་ནོར་རྒྱུན་མའི༔ རིགས་བདག་གཙོ་འཁོར་སྤྲུལ་པར་བཅས༔ ཚོགས་ཀྱི་ལོངས་སྤྱོད་འདི་བཞེས་ལ༔ ཉེས་ལྟུང་བཤགས་པའི་དཔང་པོ་མཛོད༔ བདག་སོགས་ལས་ངན་འགྲོ་བ་རྣམས༔ མི་རྟག་རྟག་བཟུང་ནོར་རྫས་བསྡམས༔ མི་གཙང་གཙང་བཟུང་ལུས་ལ་ཆགས༔ མི་བདེན་བདེན་བཟུང་འཁྲུལ་བར་སྤྱོད༔ སྡུག་བསྔལ་བདེར་བཟུང་ནོར་རྫས་བསགས༔ ཚེ་རབས་མཆོད་སྦྱིན་ལས་དང་བྲལ༔ རྒྱུ་ལས་འབྲས་སྨིན་ད་ལྟ་འདིར༔ ཟས་ཀྱིས་བཀྲེས་ཤིང་སྐོམ་གྱིས་གདུང་༔ གོས་ནོར་ལ་སོགས་འདོད་རྒུས་སྤངས༔ ད་ནི་འཕགས་མཆོག་ནོར་གྱི་ལྷར༔ གནོང་འགྱོད་བློ་ཡིས་ཉེས་པ་བཤགས༔ ཚོགས་རྫོགས་རྫས་ཀྱི་གཏང་རག་འབུལ༔ ཉམས་ཆག་སྒྱུ་མའི་རང་བཞིན་ཅན༔ འདུས་མ་བྱས་པའི་མཁའ་ཀློང་དུ༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་གྷ་ན་ཙཀྲ་སརྦ་པཱུ་ཙ་ཁཱ་ཧི་ཁཱ་ཧི༔ གཞན་ཡང་ཡི་གེ་བརྒྱ་པ་སོགས༔ བཤགས་ཚིག་སྔགས་ཀྱིས་དག་པར་སྦྱངས༔ དེ་ཚེ་སྐལ་ལྡན་མི་ཡི་ཚོགས༔ འདུས་སམ་གློ་བུར་བྱུང་བ་ལ༔ ཚོགས་ཀྱི་ལོངས་སྤྱོད་དགའ་སྟོན་འབུལ༔ དེས་ནི་བསོད་ནམས་ཚོགས་རྫོགས་ཤིང་༔ སྟོང་ཉིད་བློ་འདས་རྒྱས་ཐེབས་ན༔ ཡེ་ཤེས་ཚོགས་ཆེན་ངེས་པར་རྫོགས༔ ས་མ་ཡཱ༔ ལྔ་པ་འཕྲོག་མའི་མགྲོན་རྣམས་ལ༔ ལན་ཆགས་སྦྱིན་པས་ཚོགས་བསག་ནི༔ སྔར་གྱི་ཚོགས་ལྷག་བཤམས་པའམ༔ ཡང་ན་ཟན་གྱི་ཆངས་བུ་ནི༔ བརྒྱའམ་ཉེར་གཅིག་བདུན་ལ་སོགས༔ འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབས༔ རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ ཚད་མེད་སྙིང་རྗེའི་ལྷ་ཆེན་པོ༔ འཕགས་པ་ཁ་སར་པཱ་ཎི་བསྒོམ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཅན༔ ཐུགས་ལས་འོད་དཀར་ལྕགས་ཀྱུའི་དབྱིབས༔ སྙིང་རྗེའི་ཤུགས་དྲག་མྱུར་འཕྲོས་པས༔ བར་མ་དོ་ནས་འགྲོ་རྣམས་ལ༔ གནོད་ཅིང་འཚེ་བ་འཕྲོག་མའི་མགྲོན༔ དགའ་ཞིང་གུས་པས་མདུན་དུ་བཀུག༔ བདེན་པའི་སྟོབས་བརྗོད་ཡང་ཡང་དུ༔ སྙིང་རྗེ་ལྡན་པས་མགྲོན་དུ་གཉེར༔ ཕྱག་གཡས་མཆོག་སྦྱིན་ཨ་དཀར་ལས༔ ཟས་གོས་ནོར་གྱི་ཆར་ཆེན་བབས༔ ལན་ཆགས་འཕྲོག་མའི་མགྲོན་ཀུན་གྱི༔ ཡིད་དང་མཐུན་པའི་ལོངས་སྤྱོད་བྱུང་༔ བཀྲེས་སྐོམ་དབུལ་ཕོངས་རྒྱུན་བཅད་ནས༔ དགའ་མགུ་རངས་པའི་སེམས་ལྡན་པས༔ དུས་མིན་འཆི་བའི་འཇིགས་པ་ལས༔ འགྲོ་བ་མང་པོ་སྐྱོབ་པར་གྱུར༔ ཁ་འབར་མ་ཡི་སྔགས་ཚིག་གིས༔ ཆངས་བུ་རེ་རེ་བཞིན་དུ་བསྔོ༔ རིན་ཆེན་མང་དང་གཟུགས་མཛེས་དང་༔ འཇམ་ཀླས་འཇིགས་ཀུན་བྲལ་བ་ལ༔ ཕྱག་འཚལ་སྙིང་ནས་སྐྱབས་སུ་མཆི༔ ཐོག་མེད་དུས་ནས་ད་ལྟའི་བར༔ ཟས་ནོར་གོས་དང་གནས་ཁང་དང་༔ གྲོང་དང་བཞོན་པ་ལ་སོགས་པའི༔ ལན་ཆགས་ཤ་འཁོན་གཉེར་བ་ལ༔ བསྔོ་འོ་སྦྱིན་ནོ་ཚིམ་གྱུར་ཅིག༔ ཧ་རི་ཀ་དང་ལྔ་རྩེན་དང་༔ འཕྲོག་མ་བུ་དང་བཅས་པ་ལ༔ ལན་ཆགས་བཤོས་གཙང་འདི་བསྔོས་པས༔ འགྲོ་བའི་བཀྲག་དང་གཟི་མདངས་དང་༔ ཤ་ཁྲག་དྲོད་དབུགས་འཕྲོག་པ་ལས༔ ཉེས་པ་མཐོང་ནས་སླར་ལ་ལྡོག༔ ཕན་པའི་སེམས་དང་རབ་ལྡན་པས༔ ཆུ་ཟམ་གཡང་དང་འཇིགས་ལས་སྒྲོལ༔ རྟག་ཏུ་ཕན་པའི་གྲོགས་མཛོད་ཅིག༔ ལྷག་པའི་བསམ་པ་དང་ལྡན་པས༔ འདི་ལ་བརྩོན་པ་རབ་བསྐྱེད་ན༔ འཆི་བ་བླུ་བའི་གདམས་པ་སྟེ༔ ཚེགས་ཆུང་དོན་ཆེ་བྱིན་རླབས་མྱུར༔ མཐར་ནི་མཆོག་དམན་མགྲོན་རྣམས་གཤེགས༔ བདག་བསྐྱེད་མི་དམིགས་མཉམ་པར་བཞག༔ དགེ་བསྔོ་ཤིས་བརྗོད་སྤྱི་ལྟར་བྱ༔ དྲུག་པ་རྟེན་གསུམ་བཞེངས་པ་ནི༔ བདེ་གཤེགས་སྐུ་གསུང་ཐུགས་ཀྱི་རྟེན༔ རང་གི་གང་མོས་སྒྲུབ་པ་ལ༔ དབུལ་བ་སེལ་བའི་ཆེད་དུ་ནི༔ ནོར་རྒྱུན་ལྷ་མོའི་ཆོ་ག་བརྩམས༔ རྟེན་དེ་གཡང་རྫས་མཆོག་ཏུ་བསྔགས༔ མདུན་བསྐྱེད་ལྷ་རྣམས་རྟེན་དེར་བསྟིམ༔ སྐབས་སུ་གཡང་འགུགས་རིམ་པ་ནི༔ ཨེ་མ་ཧོ༔ དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ བར་དུ་གྲངས་མེད་བསྐལ་པར་ཚོགས་གཉིས་བསགས༔ གཞན་ཕན་སྤྱོད་པ་རྒྱ་མཚོའི་མཐར་སོན་པའི༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་གཡང་ཁུག་ཅིག༔ སྲོག་གཅོད་ལ་སོགས་མི་དགེའི་ལས་བགྱིས་པས༔ བཀྲག་མདངས་ཉམས་ཤིང་ཡན་ལག་སྐྱོན་དང་ལྡན༔ ལུས་ལ་མི་དགེའི་མཚན་མ་གང་ཤར་བ༔ མཚན་དཔེའི་སྐུ་ཡི་ནུས་པས་བསལ་དུ་གསོལ༔ མི་ཤིགས་འགྱུར་མེད་སྐུ་ཡི་གཡང་ཁུག་ཅིག༔ རྫུན་ཕྲ་ལ་སོགས་ལས་རླུང་སྐྱོན་ཞུགས་པས༔ ངག་གི་མི་དགེའི་རང་གཟུགས་ཕྱིར་ཤར་ནས༔ ལྐུགས་དང་གཞན་ཡིད་མི་བདེའི་ཉེས་སྐྱོན་ཀུན༔ ཚངས་དབྱངས་གསུང་གི་ནུས་པས་བསལ་དུ་གསོལ༔ འགགས་མེད་ཆོས་མཐུན་གསུང་གི་གཡང་ཁུག་ཅིག༔ བརྣབ་སེམས་འདོད་པའི་རེ་འབྲས་མི་སྟེར་བས༔ ཟས་གོས་ནོར་གྱིས་རྒུད་པའི་རྒྱུ་རྐྱེན་ལས༔ སྡུག་བསྔལ་གསུམ་གྱི་འཁྲུལ་བས་མནར་བའི་ཡིད༔ རྟོག་བྲལ་ཐུགས་ཀྱི་ནུས་པས་བསལ་དུ་གསོལ༔ མཁྱེན་བརྩེ་ནུས་གསུམ་ཐུགས་ཀྱི་གཡང་ཁུག་ཅིག༔ ལས་ངན་མི་དགེའི་བག་ཆགས་ཕྱིར་ཤར་བས༔ སྣོད་བཅུད་ཕྱྭ་གཡང་རྒུད་པ་མ་ལུས་ཀུན༔ མཆོག་གསུམ་བྱིན་རླབས་ནུས་པས་ཕྱིར་བསྐྲད་ནས༔ སྐུ་གསུམ་ཞིང་གི་ཕྱྭ་གཡང་འདིར་ཁུག་ཅིག༔ འགྲོ་བའི་ལས་ཉོན་སྡུག་བསྔལ་རྒྱུན་བཅད་ནས༔ རྟག་ཏུ་མངོན་མཐོ་ངེས་ལེགས་ཡོན་ཏན་གྱིས༔ བདེ་ནས་བདེ་བར་ཁྲིད་བྱེད་དགེ་བའི་གསུང་༔ ཐེག་གསུམ་དམ་པའི་ཆོས་ཀྱི་གཡང་ཁུག་ཅིག༔ སྡུག་བསྔལ་རྦ་ཀློང་འཁྲུགས་པའི་འཁོར་མཚོ་ལས༔ ངེས་འབྱུང་ཐུགས་ཀྱིས་བསྐུལ་བས་རྐྱེན་བྱས་ཏེ༔ གྲོལ་ནས་གྲོལ་བའི་ལམ་མཆོག་སྟོན་མཛད་པའི༔ མཆོག་དམན་འཕགས་པའི་ཚོགས་ཀྱི་གཡང་ཁུག་ཅིག༔ ཚེ་སྔོན་སྦྱིན་ལ་དཔའ་བའི་བརྟུལ་ཞུགས་ཀྱིས༔ ལུས་དང་ལོངས་སྤྱོད་སྲིད་ཀྱི་མངོན་མཐོ་བས༔ དྲེགས་ལྡན་ཟིལ་གྱིས་གནོན་པའི་ལྷ་ཡི་དབང་༔ ཚངས་དང་ཁྱབ་འཇུག་དབང་པོའི་གཡང་ཁུག་ཅིག༔ གཙུག་ཏོར་ནོར་བུའི་འོད་ཀྱིས་ས་འོག་གི༔ མུན་པ་རབ་སེལ་འཇིག་རྟེན་ལོ་འབྲས་བསྐྱེད༔ སངས་རྒྱས་བསྟན་ལ་རབ་དགའ་མཐུ་སྟོབས་ལྡན༔ ཀླུ་རྒྱལ་དགའ་བོ་འཇོག་པོའི་གཡང་ཁུག་ཅིག༔ བསོད་ནམས་མཐུ་ལས་གསེར་འཁོར་རྩིབས་སྟོང་གི༔ རྒྱལ་སྲིད་རིན་ཆེན་བདུན་གྱིས་སྣ་དྲངས་ཏེ༔ གླིང་བཞིའི་འཇིག་རྟེན་རྒུད་པ་སེལ་མཛད་པའི༔ མི་དབང་འཁོར་ལོས་བསྒྱུར་བའི་གཡང་ཁུག་ཅིག༔ གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་ཞིང་ཁམས་ནས༔ རྣམ་དཀར་མཐུ་ལས་ཚེ་བསོད་དཔལ་འབྱོར་གྱི༔ མངོན་པར་མཐོ་བའི་རྒྱལ་བཙུན་བློན་དང་འབངས༔ བསོད་ནམས་བསགས་ལྡན་རྣམས་ཀྱི་གཡང་ཁུག་ཅིག༔ སྲ་བའི་གོས་དང་རྣོ་བའི་མཚོན་ཆ་ཡིས༔ ཕ་རོལ་དགྲ་སྡེའི་གཡུལ་ངོ་ཕམ་བྱས་ནས༔ ཕྱོགས་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་ཅན༔ དམག་དཔོན་རིན་ཆེན་དམ་པའི་གཡང་ཁུག་ཅིག༔ བཟོད་དང་ཚུལ་ཁྲིམས་དགེ་བའི་ལོ་འབྲས་ལས༔ བག་ཡོད་འཇིག་རྟེན་ཁྲིམས་དང་རབ་ལྡན་པས༔ ཡིད་འོང་ལྟ་ན་སྡུག་པའི་ངང་ཚུལ་ཅན༔ བཙུན་མོ་རིན་ཆེན་དམ་པའི་གཡང་ཁུག་ཅིག༔ གཏོང་ལ་དཔའ་བའི་ཕྱག་གིས་སྦྱིན་པའི་སྒོ༔ རབ་ཏུ་ཕྱེས་པས་འདོད་རྒུའི་དཔལ་སྟེར་བའི༔ སྐྱེ་བོ་ཡོངས་ཀྱིས་བསྔགས་འོས་བློ་གྲོས་ལྡན༔ བློན་པོ་རིན་ཆེན་དམ་པའི་གཡང་ཁུག་ཅིག༔ ཡིད་འོང་གངས་རིའི་རྒྱལ་པོ་ལྟར་བརྗིད་ཅིང་༔ ནོར་བུའི་ཏོག་དང་གསེར་གྱི་དྲྭ་བས་གཡོགས༔ མཆེ་བ་དྲུག་ལྡན་རིན་ཐང་ཆེ་བའི་ནོར༔ གླང་པོ་རིན་ཆེན་དམ་པའི་གཡང་ཁུག་ཅིག༔ གང་ཞིག་མྱུར་བའི་ཤུགས་ཀྱིས་རབ་བསྐྱོད་པས༔ ས་དང་རྒྱ་མཚོའི་ཕ་མཐར་རིང་མིན་ཅིང་༔ ཅང་ཤེས་ཞོན་པའི་ཁྱུ་མཆོག་ཟླ་བྲལ་བ༔ རྟ་མཆོག་རིན་ཆེན་དམ་པའི་གཡང་ཁུག་ཅིག༔ སྲིད་པའི་ཁམས་འདིར་འདོད་རྒུའི་ཟས་དང་ནོར༔ གསོལ་བ་བཏབ་པས་འབད་མེད་སྟེར་བྱེད་པའི༔ བདེ་གཤེགས་སྨོན་ལམ་ལས་གྲུབ་འབྱུང་བའི་བཅུད༔ ནོར་བུ་རིན་ཆེན་དམ་པའི་གཡང་ཁུག་ཅིག༔ ཚོགས་གཉིས་རྫོགས་པའི་བདེ་གཤེགས་སྐུ་མཆོག་ལས༔ མི་མཐུན་རྒུད་པ་སེལ་བའི་བརྡ་རྟགས་སུ༔ སྲིད་ཞིའི་ལེགས་ཚོགས་འབྱོར་བས་མངོན་མཐོ་བ༔ བཀྲ་ཤིས་རྟགས་བརྒྱད་དམ་པའི་གཡང་ཁུག་ཅིག༔ ལྷ་དབང་ལ་སོགས་གདུལ་བྱའི་ཚོགས་རྣམས་ཀྱིས༔ རྫོགས་སངས་རྒྱས་ལ་མཆོད་པའི་མཎྜལ་དུ༔ ལེགས་པའི་ཡོན་ཏན་བརྒྱད་ཀྱིས་རབ་བསྔགས་པའི༔ བཀྲ་ཤིས་རྫས་བརྒྱད་དམ་པའི་གཡང་ཁུག་ཅིག༔ ས་ཡི་སྙིང་པོ་གསེར་དང་ས་ལེ་སྦྲམ༔ སྲ་བརྟན་འབྱུང་བའི་རྒུད་པ་སེལ་བའི་གསོས༔ ཡུམ་ཆེན་སངས་རྒྱས་སྤྱན་མའི་བྱིན་རླབས་ཀྱིས༔ འབྱུང་བ་ས་ཡི་ཕྱྭ་གཡང་འདིར་ཁུག་ཅིག༔ ཆུ་ཡི་སྙིང་པོ་ཆུ་ཤེལ་རིན་ཆེན་སྤུག༔ རླན་གཤེར་འབྱུང་བའི་ནུས་པ་གསོ་བའི་བཅུད༔ ཡུམ་ཆེན་མ་མཱ་ཀི་ཡི་བྱིན་རླབས་ཀྱིས༔ འབྱུང་བ་ཆུ་ཡི་ཕྱྭ་གཡང་འདིར་ཁུག་ཅིག༔ མེ་ཡི་སྙིང་པོ་མེ་ཤེལ་པད་རག་ཟངས༔ སྲེག་པ་དྲོད་ཀྱི་རྒུད་པ་སེལ་བའི་གསོས༔ ཡུམ་ཆེན་ན་བཟའ་དཀར་མོའི་བྱིན་རླབས་ཀྱིས༔ འབྱུང་བ་མེ་ཡི་ཕྱྭ་གཡང་འདིར་ཁུག་ཅིག༔ རླུང་གི་སྙིང་པོ་ག་བུར་ཨིནྡྲ་གཡུ༔ བསྐྱོད་པ་འབྱུང་བའི་རྒུད་པ་སེལ་བའི་གསོས༔ ཡུམ་ཆེན་དམ་ཚིག་སྒྲོལ་མའི་བྱིན་རླབས་ཀྱིས༔ འབྱུང་བ་རླུང་གི་ཕྱྭ་གཡང་འདིར་ཁུག་ཅིག༔ ནམ་མཁའི་སྙིང་པོ་དར་ཟབ་ཟ་འོག་གོས༔ དབྱིངས་ཁྱབ་འབྱུང་བ་རྒུད་པ་སེལ་བའི་གསོས༔ ཡུམ་ཆེན་དབྱིངས་ཕྱུག་མ་ཡི་བྱིན་རླབས་ཀྱིས༔ འབྱུང་བ་ནམ་མཁའི་ཕྱྭ་གཡང་འདིར་ཁུག་ཅིག༔ གཞན་ཡང་རྟེན་གསུམ་མཆོད་རྫས་ཡོ་བྱད་གོས༔ ལྷ་དང་བླ་མའི་བྱིན་རླབས་འདིར་ཁུག་ཅིག༔ ཁྲབ་རྨོག་གོ་མཚོན་འཕྲུལ་འཁོར་དྲེགས་མྱུར་ཤུགས༔ དཔའ་རྩལ་སྐྱེ་བོའི་ཕྱྭ་གཡང་འདིར་ཁུག་ཅིག༔ མཛེས་པའི་གོས་དང་མཆོར་པོའི་རིན་ཆེན་རྒྱན༔ མོ་བཙུན་མཛངས་མའི་ཕྱྭ་གཡང་འདིར་ཁུག་ཅིག༔ རྟ་ནོར་ལུག་གསུམ་འདོད་རྒུ་སྟེར་བའི་ནོར༔ ཁ་དྲག་ཕྱུག་པོའི་ཕྱྭ་གཡང་འདིར་ཁུག་ཅིག༔ ནས་འབྲས་གྲོ་སྲན་ཏིལ་དང་ཡུངས་དཀར་ཟས༔ འབྲུ་སྣ་དགུ་ཡི་ཕྱྭ་གཡང་འདིར་ཁུག་ཅིག༔ གཞན་ཡང་ཁྱིམ་ལྷ་ཞིང་ལྷ་འགོ་བའི་ལྷ༔ ཕ་ལྷ་མ་ལྷ་སྲོག་སྐྱོབ་བྱེད་པའི་ལྷས༔ འཕགས་མ་ནོར་རྒྱུན་ལྷ་མོའི་བཀའ་བཞིན་དུ༔ སྲིད་དང་ཞི་བའི་ཕྱྭ་གཡང་མ་ལུས་པ༔ དེང་འདིར་བདག་ཅག་རྣམས་ལ་བསྩལ་དུ་གསོལ༔ དར་སྣ་ལྔ་ཡིས་མདའ་དར་གཡབ༔ མེ་ཏོག་འཐོར་ཞིང་བཀྲ་ཤིས་བརྗོད༔ གལ་ཏེ་བུམ་གཏེར་དང་འབྲེལ་ན༔ བུམ་པ་གཏད་ཅིང་སྦྱིན་བདག་ལ༔ སེར་སྣ་རྐུ་འཕྲོག་ཉེས་སྐྱོན་དང་༔ མཆོད་སྦྱིན་དགེ་བའི་ཕན་ཡོན་བཤད༔ སྤང་བླང་དགོས་པར་བཀའ་ཡང་བསྒོ༔ ས་མ་ཡཱ༔ མཐར་ནི་གཏང་རག་མཆོད་བསྟོད་བྱ༔ གཡང་རྫས་གཏོར་མ་དངོས་གྲུབ་ཏུ༔ དམིགས་པས་བླངས་ཤིང་ཚིག་འདིས་བསྐུལ༔ ཨེ་མ་ཧོ༔ ཕྱོགས་བཅུའི་རབ་འབྱམས་ཞིང་ཁམས་ནས༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཁྱད་པར་འཕགས་མཆོག་ནོར་རྒྱུན་མ༔ ནོར་ལྷ་རྒྱ་མཚོ་འཁོར་དང་བཅས༔ འགྱུར་མེད་སྐུ་ཡི་དངོས་གྲུབ་སྩོལ༔ འགགས་མེད་གསུང་དང་འཁྲུལ་མེད་ཐུགས༔ ཡོན་ཏན་རེ་སྐོང་ཕྲིན་ལས་ཀྱིས༔ འགྲོ་ལ་ཕན་བདེའི་མཆོག་སྟེར་བའི༔ དངོས་གྲུབ་དམ་པ་དེང་འདིར་སྩོལ༔ རྩ་སྔགས་ཤམ་བུར་སྐུ་གསུང་ཐུགས༔ སིདྡྷི་ཕ་ལའི་སྔགས་ཤམ་སྦྱར༔ སྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱང་༔ ནོངས་བཤགས་བརྗོད་པ་གཞན་དུ་ཤེས༔ ཡི་གེ་བརྒྱ་པས་འཁོན་གྲིབ་སྦྱངས༔ རྫོགས་པའི་རིམ་པ་འདི་ལྟར་བྱ༔ ཧོ༔ ཕྱི་སྣོད་གཞལ་ཡས་འོད་དུ་ཞུ༔ ནང་བཅུད་གཙོ་འཁོར་ལྷ་ལ་བསྟིམ༔ དེ་ཡང་མི་དམིགས་གདོད་མའི་གཤིས༔ སྟོང་ཆེན་ཐིག་ལེ་ཉག་གཅིག་ཏུ༔ མ་བཅོས་སྤྲོས་མེད་ཨེ་མ་ཧོ༔ ཐུན་མཚམས་དགེ་བ་འདི་བཞིན་བསྔོ༔ ཧོ༔ བདག་གཞན་ཀུན་གྱི་དུས་གསུམ་དུ༔ རྣམ་དཀར་དགེ་བ་ཅི་བསགས་པ༔ ཉམ་ཐག་དབུལ་བའི་འགྲོ་ལ་བསྔོ༔ ཀུན་ཀྱང་རྫོགས་སངས་རྒྱས་ཐོབ་ཤོག༔ མཐར་སྡུད་ཤིས་པ་བརྗོད་པ་ནི༔ ཨེ་མ་ཧོ༔ སྣོད་ཀྱི་འཇིག་རྟེན་ལོ་འབྲས་ལེགས༔ བཅུད་ཀྱི་སེམས་ཅན་བདེ་ཞིང་སྐྱིད༔ རྒྱལ་བའི་དགོངས་པ་ཇི་བཞིན་དུ༔ ཐོགས་མེད་འགྲུབ་པའི་བཀྲ་ཤིས་ཤོག༔ མཆོག་གསུམ་བདེན་པའི་བྱིན་རླབས་དང་༔ ནོར་རྒྱུན་ལྷ་མོའི་ཐུགས་བསྐྱེད་མཐུས༔ འགྲོ་བའི་སྡུག་བསྔལ་རྒྱུན་ཆད་ནས༔ དགེ་ལེགས་འབྱུང་བའི་བཀྲ་ཤིས་ཤོག༔ རྒྱལ་བའི་བསྟན་པ་བཤད་སྒྲུབ་ཀྱིས༔ འཛིན་མཛད་དགེ་འདུན་འདུས་པའི་སྡེ༔ ཐུགས་མཐུན་ཡོ་བྱད་ཕུན་སུམ་ཚོགས༔ དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཡང་ཟབ་འཕགས་མའི་ཐུགས་ཐིག་ལས༔ ནོར་རྒྱུན་ལྷ་མོའི་སྒྲུབ་པ་འདི༔ ཆོས་དང་ལྡན་པའི་རྒྱགས་ཕྱེ་ཡིན༔ དབུལ་བ་སེལ་བའི་ནོར་བུ་ཡིན༔ འདོད་རྒུ་འབྱུང་བའི་གཏེར་བུམ་ཡིན༔ དགོངས་གཏེར་བཅུད་ཀྱི་སྙིང་པོ་ཡིན༔ གང་འབྲེལ་འབད་མེད་འཚེངས་ནུས་པས༔ གདམས་པ་ཟབ་མོ་འདི་ཉིད་ལ༔ བཀའ་སྲུང་སྨན་གྱི་ལྷ་མོ་དང་༔ གནོད་སྦྱིན་ཟུང་གིས་སྲུངས་ཤིག་རྒྱ༔ གུ་ཧྱ༔ སྤྲང་བན་ལུང་རིག་གླིང་པ་ཡིས༔ བཅོས་མིན་དག་སྣང་ཆོས་སྐོར་ལས༔ སྐལ་ལྡན་ཡི་གེའི་རིས་སུ་ཕབ༔ དགེ་བས་བསྟན་འགྲོའི་དབུལ་སེལ་ཤོག༔ དགེའོ༔ དགེའོ༔ དགེའོ༔

འཕགས་མ་ནོར་རྒྱུན་ལྷ་མོའི་སྒྲུབ་ཐབས་འདོད་རྒུའི་གཏེར་བུམ། j

༄༅༎ སཏྡྷཱརྨསཾགམབྷཱིརཔདྨསྱཙིཏྟལིལཀཾཥུ།།ཨཱརྱབཱསུདྷརཱདེབཱིནོཔིཀཔྲཀཱམནིདྷིཀུམྦྷབིཧརཏིསྨཿ

༄༅༎ སཏྡྷཱརྨསཾགམབྷཱིརཔདྨསྱཙིཏྟལིལཀཾཥུ།།ཨཱརྱབཱསུདྷརཱདེབཱིནོཔིཀཔྲཀཱམནིདྷིཀུམྦྷབིཧརཏིསྨཿ

༄༅།། སཏྡྷཱརྨསཾགམབྷཱིརཔདྨསྱཙིཏྟལིལཀཾཥུ། །ཨཱརྱབཱསུདྷརཱདེབཱིནོཔིཀཔྲཀཱམནིདྷིཀུམྦྷབིཧརཏིསྨཿ

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ འཕགས་མ་ནོར་རྒྱུན་ལྷ་མོའི་སྒྲུབ་ཐབས་འདོད་རྒུའི་གཏེར་བུམ་བཞུགས་སོ༔

མཐའ་ཡས་འགྲོ་བའི་དབུལ་བ་ཀུན༔ བསལ་མཛད་འཕགས་མ་མཆོག་ལ་འདུད༔ དེ་ཡི་སྒྲུབ་ཐབས་ཟབ་མོ་གཅིག༔ དུས་མཐའི་སྐལ་ལྡན་སྙིང་ལ་གདམས༔ དེ་ལ་སྦྱོར་བ་དངོས་གཞི་རྗེས་དང་གསུམ༔ རི་རབ་འབྲས་ཀྱི་སྙེ་མ་འམ༔ བུམ་བཟང་ནོར་བུའི་དབྱིབས་འདྲ་བར༔ རྒྱལ་དང་མགོ་ལག་བྲེ་ཕུལ་སོགས༔ གཟའ་ཕུར་སྤེན་པ་འཕྲོད་ལེགས་དུས༔ དཀྱིལ་འཁོར་མདའ་གང་གྲུ་གང་བ༔ ཆེ་ཆུང་ཇི་ལྟར་རིག་པའི་ངོས༔ རྒྱལ་པོའི་ཕོ་བྲང་ས་སྣ་ལ༔བ་ཡི་འོ་མ་དྲི་བཟང་ཆུས༔ ཆག་ཆག་ལེགས་པར་གདབ་པའི་སྟེང་༔ དབང་མོས་བཀལ་བའི་སྲད་བུ་ལ༔ དབྱིངས་ནས་སྲིད་ཞིའི་ཕྱྭ་དང་གཡང་༔ རིགས་ལྔའི་སྔགས་འབྲུའི་ཚུལ་དུ་བཀུག༔ ངག་ནས་ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཁ་དོག་སྣ་ལྔའི་འོད་དུ་འཚེར༔ ཐིག་སྐུད་སྨན་ལྔའི་ཆལ་གྱིས་སྦགས༔ མཚན་ལྡན་གཙང་མ་ཡང་ན་ནི༔ ཁྱེ་འུ་གྲོང་པའི་ཆོས་མ་གོས༔ གྲོགས་སུ་བཀུག་ལ་རང་ཉིད་རྣམ་ཐོས་སྲས༔ ཐུགས་ཀའི་འོད་ཟེར་ནོར་རྒྱུན་མའི༔ གསང་བའི་པདྨོར་འབྲེལ་བ་ཡིས༔ ཟུང་འཇུག་སྲིད་པའི་དྭངས་མ་ཀུན༔ བདག་ལ་ཐིམ་པའི་ང་རྒྱལ་གྱིས༔ ཤར་ནུབ་ལྷོ་བྱང་ཐིག་བརྒྱད་གདབ༔ མུ་ཁྱུད་ལྔ་རིམ་ལྟེ་བ་ལ༔ འདབ་བཞི་དབུས་སུ་སྐུ་གཟུགས་འབྲི༔ ཕྱོགས་བཞིར་ལཾ་མཾ་པཾ་ཏཾ་བཞི༔ ཕྱོགས་མདོག་དེ་རྒྱབ་འདབ་བརྒྱད་ལ༔ པཾ་ཡིག་བརྒྱད་དང་དེའི་ཕྱི་རོལ༔ རིན་ཆེན་ཟུར་བརྒྱད་ཕྱོགས་མཚམས་སུ༔ ཛཾ་ཡིག་བརྒྱད་དང་འོད་ལྔའི་ཕྲེང་༔ ནོར་བུའི་ཕྲེང་བ་བཀོད་ལེགས་འབྲི༔ དེ་དབུས་མཉྫུའི་ཁྲིའུའི་ཁར༔ སྒྲུབ་རྟེན་དར་གྱིས་དྲིལ་ཏེ་སྦ༔ དེ་ཡང་སྐུ་འམ་རིན་ཆེན་ལྔ༔ ཐ་མ་གཡང་རྫས་གང་རུང་ཞིག༔ ཁྲུས་བྱས་བགེགས་བསྐྲད་དུད་པས་བདུག༔ ནོར་རྒྱུན་ལྷ་མོ་དངོས་སུ་བསྐྱེད༔ མདུན་དུ་འབྲས་ཀྱི་ཕྱེ་གཙང་ལ༔ གཏོར་མ་ནོར་བུ་མིག་གསུམ་དབྱིབས༔ ཉི་ཟླ་ནོར་བུས་བརྒྱན་པ་ལ༔ དར་གུར་ཕུབ་ཅིང་ལྷ་ཙཀ་གཟུགས༔ ལྷ་གྲངས་བཤོས་ཟླུམ་མཐའ་ནས་བསྐོར༔ ཡོ་བྱད་དཀོར་ནོར་གཡང་གི་རྫས༔ ཕྱེ་མར་ཆང་ཕུད་མར་ཐུད་རི༔ བྱུ་རུ་རྒྱལ་ལག་གཡས་འཁྱིལ་དུང་༔ མིག་དགུའི་གཟི་མཆོང་ཅེ་སྤྱང་ར༔ གླང་པོའི་མཆེ་བ་བྲིས་འབུར་ལ༔ ཚོན་གྱིས་བྱུགས་ཤིང་ཡིད་འོང་དགྲམ༔ ས་མ་ཡཱ༔ དེ་ནས་དངོས་གཞི་སྐྱབས་འགྲོ་ནི༔ ཨེ་མ་ཧོ༔ མཆོག་གསུམ་ལྷ་དང་དྲང་སྲོང་ནོར་གྱི་ལྷ༔ ཚོགས་གཉིས་མཐར་སོན་ཡོན་ཏན་འདོད་རྒུའི་གཏེར༔ ཀུན་ལ་བདག་གཞན་དབུལ་བ་རྒྱུན་གཅོད་ཕྱིར༔ ཐེ་ཚོམ་སྤངས་ཏེ་ཁྱེད་ཤེས་སྐྱབས་སུ་མཆི༔ ལན་གསུམ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོ༔ ཐོག་མེད་དུས་ནས་ལྷན་སྐྱེས་ཀུན་བརྟག་གིས༔ རང་ཞལ་སྒྲིབ་ཏེ་སྲིད་གསུམ་སྡུག་བསྔལ་ལ༔ དབང་མེད་སྤྱོད་ཅིང་ཕོངས་རྒུད་ཉམ་ཐག་འགྲོ༔ སྐུ་གཉིས་གོ་སར་འགོད་ཕྱིར་སེམས་བསྐྱེད་དོ༔ དེ་ཡང་ལན་གསུམ་ཚོགས་བསགས་ནི༔ མདུན་མཁར་ནོར་རྒྱུན་ལྷ་མོ་འཁོར་དང་བཅས༔ དད་པས་སྤྱན་དྲངས་དགྱེས་པས་གདན་ལ་བཞུགས༔ གུས་པས་ཕྱག་འཚལ་མཆོད་སྤྲིན་ཡིད་ཀྱིས་དབུལ༔ སེར་སྣ་རྐུ་ཕྲོག་དཀོར་སྒྲིབ་ཉེས་ཀུན་བཤགས༔ འགྲོ་ཀུན་དགེ་ལ་ཡི་རང་ཟབ་རྒྱས་ཆོས༔ རྒྱུན་མི་འཆད་པར་རྒྱལ་ཀུན་བཞུགས་གསོལ་འདེབས༔ དུས་གསུམ་དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ༔ ལན་གསུམ་གཞི་བགེགས་གཏོར་མ་འབྲུ་གསུམ་གྱིས༔ བྱིན་གྱིས་བརླབས་ཏེ་ཚིག་འདིས་བསྔོ་ཞིང་འབུལ༔ ཧཱུྃ༔ ཕྱོགས་སྐྱོང་བཅུ་དང་ལྷ་ཀླུ་རྒྱལ་ཆེན་བཞི༔ ཡུལ་ལྷ་གཉུག་གནས་དཀར་མངར་གཏོར་མ་བཞེས༔ བྱང་ཆུབ་སྒྲུབ་པའི་ཡོ་བྱད་ཟས་དང་ནོར༔ ཅི་འདོད་དུས་འདིར་བདག་ལ་བསྩལ་དུ་གསོལ༔ ཚེ་སྔོན་ལན་ཆགས་སྒབ་འདྲེ་བསེ་རག་རིགས༔ གཏོར་མ་ཆངས་བུ་ཏིང་ལོ་མཐེབ་སྐྱུ་དང་༔ ཟ་འཕྲོ་འཐུང་ལྷག་རྒྱན་གོས་འདི་དག་གིས༔ ཚིམ་པར་གྱིས་ལ་གནོད་འཚེའི་བསམ་པ་སྤོངས༔ འདི་རུ་མ་སྡོད་རྒྱ་མཚོའི་ཕ་མཐར་དེངས༔ བཀའ་ལས་འདས་ན་རྒྱལ་བའི་བཀའི་ཆད་པས༔ ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་བྲབ༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ རང་གི་འདུག་གནས་རྡོ་རྗེ་འགྲེང་བརྩིག་མཁར༔ མཚན་ཉིད་བདུན་ལྡན་སྟེང་འོག་རྒྱ་གྲམ་གྱི༔ ལྟེ་བ་ཡེ་ཤེས་ལྷ་དང་སྲུང་མས་གཏམས༔ མི་ཆོད་མི་ཤིགས་རྒྱལ་བའི་ཕོ་བྲང་མཆོག༔ ཀུན་ཏུ་བཟང་པོའི་གཞལ་མེད་ཁང་པར་གྱུར༔ བཛྲ་རཀྵ་རཀྵ་བྷྲུཾ༔ དེ་ནི་འཇུག་པའི་ཆོས་ལྔའོ༔ དེ་ནས་སྨན་རཀ་གཏོར་མ་དང་༔ ཉེར་སྤྱོད་གཡང་རྫས་ཞལ་ཟས་ཚོགས༔ བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསངས༔ བྱིན་ཆེན་དབབ་པ་སྤོས་རོལ་བཅས༔ ཨེ་མ་ཧོ༔ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས༔ གང་འདུལ་གདུལ་བྱའི་རྒུད་པ་སེལ་བའི་ལྷ༔ འཕགས་མཆོག་ཐུགས་རྗེའི་མངའ་བདག་ནོར་རྒྱུན་མ༔ ཡུམ་བཞིའི་རྣམ་འཕྲུལ་འབྱུང་བཞིའི་ལྷ་མོ་དང་༔ གྲོགས་མོ་ནོར་གྱི་གཏེར་མཛོད་ཛམ་བྷ་ལ༔ ཕྱོགས་སྐྱོང་རྒྱལ་ཆེན་གནོད་སྦྱིན་སྤྲུལ་འཁོར་བཅས༔ བདག་དང་གནས་ཁང་མཆོད་རྫས་ཡོ་བྱད་ལ༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ བྱིན་ཆེན་ད་ལྟ་ཉིད་དུ་དབབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་བ་སུ་དྷ་རི་ཤྲི་དེ་ཝི་ཛམ་བྷ་ལ་ནི་དྷི་པ་ཏི་སརྦ་སིདྡྷི་ཕེཾ༔ ཨ་ལ་ལ་ཧོ༔ ཞེས་པས་བག་དྲོ་བྱིན་འཐིབས་འབྱུང་༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ བྷྲུཾ༔ལས་རང་བྱུང་གཞལ་ཡས་ཁང་པ་རུ༔ ཨོཾ་ལས་ཕྱི་ནང་གསང་བའི་མཆོད་པའི་རྫས༔ ཨཱཿཡིག་འོད་ཀྱིས་ཟག་མེད་བདུད་རྩིར་ཞུ༔ ཧཱུྃ་སྤྲོས་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལྟར༔ ལྷ་རྣམས་དགྱེས་པ་བསྐྱེད་པའི་རྫས་སུ་གྱུར༔ བྷྲུཾ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་དང་མཆོད་སྔགས་བརྗོད༔ ཉམས་ལེན་གདམས་པ་སྐུ་གསུང་ཐུགས༔ སྐུ་ནི་བསྐྱེད་རིམ་བསྒོམ་པར་བྱ༔ གསུང་ནི་ངག་བཟླས་རླུང་ལ་སྦྱང་༔ ཐུགས་ནི་རྫོགས་རིམ་སྤྲོས་བྲལ་དབྱིངས༔ དང་པོ་ལྷ་བསྐྱེད་སྤྱན་དྲངས་བཞུགས༔ ཕྱག་འཚལ་མཆོད་བསྟོད་ཉམས་ཆག་བཤགས༔ རིམ་པ་བདུན་གྱིས་ལེགས་པར་བསྟན༔ ས་མ་ཡཱ༔ དང་པོ་ནི༔ ཨཱཿ འཁོར་འདས་ཆོས་རྣམས་མ་ལུས་པ༔ དང་པོ་མ་སྐྱེས་སྟོང་པ་ཉིད༔ བར་དུ་མི་གནས་རྟེན་འབྲེལ་གཤིས༔ ཐ་མ་འགག་མེད་འགྲོ་ཡུལ་བྲལ༔ དེ་ལྟར་མ་རྟོགས་འགྲོ་བ་རྣམས༔ བཀྲེས་སྐོམ་ཚ་གྲང་ཕོངས་ཤིང་དབུལ༔ འཁྲུལ་སྣང་བག་ཆགས་རྒྱུན་གཅོད་ཕྱིར༔ རང་རིག་འདོད་འབྱུང་ཡི་གེ་བྷྲུཾ༔ གསེར་མདོག་དབྱིངས་ལས་འཇའ་ལྟར་ཤར༔ དེ་ལས་ཨེ་ཡཾ་རཾ་བཾ་ལཾ༔ མཐིང་ལྗང་དམར་དཀར་སེར་བའི་མདོག༔ མཁའ་རླུང་མེ་ཆུ་གསེར་གྱི་གཞིར༔ བྷྲུཾཿལས་ལྔ་ལྡན་བྷྲུཾཿཡིག་སྤྲོས༔ རྒྱལ་ཡུམ་འཕགས་མ་ནོར་རྒྱུན་མའི༔ བགྲང་ཡས་བསོད་ནམས་ལས་གྲུབ་པའི༔ རིན་ཆེན་སྣ་ལྔའི་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི༔ ཤར་ཤེལ་ལྷོ་ཕྱོགས་བཻཌཱུརྱ༔ ནུབ་ཕྱོགས་པད་རག་བྱང་ཕྱོགས་གསེར༔ དབུས་ཉིད་ཨིནྡྲ་མརྒད་ལྗང་༔ འདོད་སྣམ་བྱི་རུའི་དོ་ར་རུ༔ མཆོད་རྫས་ཐོགས་པའི་སྒེག་མོ་འཁོད༔ མུ་ཏིག་ཟར་ཚག་ནོར་བུའི་སྒྲོམ༔ གསེར་གྱི་ཀ་བ་སྟོང་ཕྲག་བརྒྱ༔ ཆུ་ཤེལ་དྭངས་མའི་བསིལ་ཁང་དང་༔ ངོ་མཚར་འཇའ་ཚོན་བ་ལང་མིག༔ ཡིད་འཕྲོག་གདུགས་ཏོག་ཆོས་འཁོར་དང་༔ བྱམས་ལྡན་རི་དྭགས་ཕོ་མོས་མཛེས༔ ཕྱོགས་མཚམས་རྫིང་བུ་གཏེར་བུམ་དང་༔ དཔག་བསམ་ལྗོན་པའི་བསིལ་གྲིབ་ལ༔ འདོད་འཇོའི་བ་དང་ས་སྲུང་དབང་༔ ཅང་ཤེས་རྟ་མཆོག་སྙན་སྒྲོག་བྱ༔ སྐྱེད་ཚལ་ལྷ་དང་ལྷ་མོས་གང་༔ མཆོད་པའི་གླུ་གར་རོལ་མོས་བྲེལ༔ གཞལ་མེད་དབུས་སུ་པད་འདབ་བཞི༔ དེ་རྒྱབ་འདབ་བརྒྱད་དེ་ཡི་མཐར༔ རིན་ཆེན་ཟུར་བརྒྱད་མུ་ཁྱུད་ཟླུམ༔ ལྟེ་བར་གཏེར་བུམ་ལུད་པའི་སྟེང༔ སྣ་ཚོགས་པད་ཟླ་ཉི་མའི་ཁར༔ རང་སེམས་ནོར་བུ་བྷྲུཾཿམཚན་པ༔ ཡོངས་གྱུར་འཕགས་མ་ནོར་རྒྱུན་མ༔ གསེར་སྦྱངས་བཙོ་མའི་ཁ་དོག་ལ༔ མཛེས་འཛུམ་སྲིད་ཞིའི་གདུང་བ་འཇོམས༔ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགས༔ ཞལ་ནས་རྟག་ཏུ་སྦྱིན་ཞེས་གསུངས༔ ཕྱག་གཡས་འབྲས་ཀྱི་སྙེ་མ་ལས༔ ནོར་དང་འབྲུ་ཡི་ཆར་ཆེན་འབེབས༔ སེམས་ཅན་དབུལ་བའི་སྡུག་བསྔལ་སེལ༔ ཕྱག་གཡོན་གཏེར་གྱི་ནེ་འུ་ལེ༔ རིན་ཆེན་སྣ་ཚོགས་ཁ་ནས་ལུད༔ སྐུ་ལ་དར་སྔོན་སྟོད་གཡོགས་དང་༔ དར་སྣ་འཇའ་རིས་ཤམ་ཐབས་མཛེས༔ ནོར་བུའི་དོ་ཤལ་གསེར་སྐེད་སྒེག༔ རཏྣའི་དབུ་རྒྱན་རྣ་རྒྱན་དང་༔ མཐོན་མཐིང་དབུ་སྐྱེས་སྐུ་རྒྱབ་ཁེབས༔ གསེར་གཡུ་མུ་ཏིག་ལན་ཚར་ཅན༔ ཞབས་གཉིས་བཞེངས་པའི་སྟབས་ཀྱིས་རོལ༔ རིགས་བདག་བདེ་གཤེགས་རིན་ཆེན་མང་༔ གསེར་མདོག་ལོངས་སྤྱོད་རྫོགས་པའི་ཆས༔ མཆོག་སྦྱིན་མཉམ་བཞག་ནོར་བུས་མཚན༔ ཕྱོགས་བཞིར་པད་ཟླའི་གདན་གྱི་ཁར༔ ཤར་དུ་ལཾ་ལས་སྤྱན་མ་དཀར༔ གཡས་པས་རྡོ་རྗེ་གཡོན་གཏེར་བུམ༔ ལྷོ་རུ་མཾ་ལས་མ་ཀི་སེར༔ ཕྱག་གཡས་རིན་ཆེན་གཡོན་གཏེར་བུམ༔ ནུབ་ཏུ་བཾ་ལས་གོས་དཀར་དམར༔ ཕྱག་གཡས་པདྨ་གཡོན་གཏེར་བུམ༔ བྱང་དུ་ཏཾ་ལས་སྒྲོལ་མ་ལྗང་༔ ཕྱག་གཡས་རྒྱ་གྲམ་གཡོན་གཏེར་བུམ༔ གཙོ་མོའི་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་སེམས་མ་དབྱིངས་ཕྱུག་མ༔ ས་བོན་ཐུགས་སྲོག་མཱུཾ་སྔོན་པོ༔ ཉི་མ་འཆར་ཀའི་བཀྲག་ལྟར་འཚེར༔ འཁོར་བཞི་ལོངས་སྤྱོད་རྫོགས་པའི་ཆས༔ རིན་པོ་ཆེ་ཡི་དབུ་རྒྱན་དང་༔ སྙན་ཆ་གདུ་བུ་རྒྱན་ཕྲེང་མཛེས༔ དར་སྣའི་སྟོད་གཡོགས་སྨད་དཀྲིས་གསོལ༔ ཞབས་གཉིས་ཕྱེད་དཀྱིལ་ཚུལ་གྱིས་བཞུགས༔ ཕྱི་རོལ་ཕྱོགས་མཚམས་པད་ཟླའི་སྟེང་༔ པཾ་ཡིག་ཕྱོགས་མདོག་མཚམས་བཞི་སེར༔ འོད་ཟེར་འཕྲོ་འདུས་ཡོངས་གྱུར་ལས༔ འགྲོ་བའི་དབུལ་སེལ་ལྷ་མོ་བརྒྱད༔ ཤར་དུ་དབུལ་སེལ་དཔལ་མོ་དཀར༔ ལྷོ་རུ་དབུལ་སེལ་དཔལ་ལྡན་སེར༔ ནུབ་ཏུ་དབུལ་སེལ་བཀྲ་ཤིས་དམར༔ བྱང་དུ་དབུལ་སེལ་དོན་གྲུབ་ལྗང་༔ མཚམས་བཞིར་ནོར་སྦྱིན་ལྷ་མོ་བཞི༔ གསེར་མདོག་ཞི་འཛུམ་མཚན་དཔེས་སྤྲས༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་འབྲས་ཀྱི་སྙེ་མ་དང་༔ གཡོན་པས་ནོར་གྱི་རྐྱལ་པ་བསྣམས༔ བཞེངས་སྟབས་ནོར་བུའི་རྒྱན་ཕྲེང་དང་༔ དར་གྱི་ན་བཟའ་ལྷབ་ལྷུབ་གསོལ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ ཤར་དུ་མགོན་པོ་ཛམ་ལྷ་སེར༔ ཕྱག་གཡས་ཡིད་བཞིན་ནོར་བུ་བསྣམས༔ ལྷོ་རུ་གང་བ་བཟང་པོ་ནི༔ གསེར་མདོག་ཕྱག་གཡས་གཏེར་གྱི་བུམ༔ ནུབ་ཏུ་གནོད་སྦྱིན་ཡང་དག་ཤེས༔ དུང་མདོག་གསེར་གྱི་གྲི་རིང་གཡས༔ བྱང་དུ་འབྲོག་གནས་སྐུ་མདོག་ནག༔ ཁྲོ་ཚུལ་བསེ་མདུང་དམར་པོ་བསྣམས༔ ཤར་ལྷོ་འཇམ་པོ་འཁྱིལ་བ་ནི༔ པད་དཀར་མདོག་ཅན་གཡས་ཤིང་ཏོག༔ ལྷོ་ནུབ་ལྔས་རྩེན་སེར་སྐྱ་ནི༔ ཕྱག་གཡས་ཁང་བུ་བརྩེགས་པ་འཛིན༔ ནུབ་བྱང་གནོད་སྦྱིན་ནོར་བུ་བཟང་༔ དཀར་པོ་ཕྱག་གཡས་གཡས་འཁྱིལ་དུང་༔ བྱང་ཤར་གནོད་སྦྱིན་བུམ་པའི་ལྟོ༔ དམར་སེར་ཕྱག་གཡས་ཟ་མ་ཏོག༔ ཀུན་ཀྱང་གཡོན་པ་ནེ་འུ་ལེ༔ ནོར་བུ་ཁྲ་ཆེམ་སྐྱུག་པ་འཛིན༔ རང་མདོག་དང་མཚུངས་ཅང་ཤེས་ནི༔ མྱུར་མགྱོགས་རླུང་གི་ཤུགས་ཅན་ཞོན༔ སྐུ་ལ་གསེར་དང་བཻཌཱུརྱ༔ བསེ་གཡུ་དུང་གི་ཁྲབ་རྨོག་གསོལ༔ ཉི་མ་འབུམ་གྱི་གཟི་འོད་འབར༔ ཡིད་བཞིན་དབང་གི་རྒྱལ་པོ་ལྟར༔ ཡིད་ལ་དྲན་པས་འདོད་རྒུ་སྟེར༔ དེ་ཡི་ཕྱི་རོལ་མུ་ཁྱུད་ལ༔ གནོད་སྦྱིན་བཀའ་ཉན་ཀླུ་ཆེན་བརྒྱད༔ སྐུ་མདོག་སྣ་ཚོགས་སྦྲུལ་མཇུག་ཅན༔ ཕྱག་རྣམས་ཐལ་སྦྱར་ནོར་བུ་འཛིན༔ རིན་ཆེན་པྲོག་ཞུ་དར་གོས་གསོལ༔ ནོར་བུའི་ཅོད་པཎ་གདེངས་ཀ་གཡོ༔ གཞན་ཡང་ལྷ་ཀླུ་མི་འམ་ཅི༔ སྡེ་བརྒྱད་ནོར་ལྷའི་ཚོགས་རྣམས་ཀུན༔ ཕྱྭ་གཡང་དངོས་གྲུབ་སྩོལ་མཛད་པའི༔ འཁོར་ཚོགས་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཤར་སྒོར་ཚོགས་བདག་གླང་གདོང་དཀར༔ ལྷོ་སྒོར་ཚངས་པ་གསེར་མདོག་འཛུམ༔ ནུབ་སྒོར་དབང་ཕྱུག་ལེ་བརྒན་མདོག༔ བྱང་སྒོར་ཙི་ཊ་དམར་སྨུག་ཁྲོ༔ ཀུན་ཀྱང་རང་རྟགས་ཕྱག་མཚན་འཛིན༔ མ་འདྲེས་འཇའ་ཚོན་ལྟ་བུར་གསལ༔ དེ་ནས་དབང་བསྐུར་རྒྱས་གདབ་ནི༔ ལྷ་རྣམས་སྤྱི་བོར་ཨོཾ་དཀར་པོ༔ འོད་ཟེར་སྤོས་དུད་ལྟ་བུར་འཕྲོས༔ རྒྱལ་ཀུན་སྐུ་ཡི་བྱིན་རླབས་བསྡུས༔ ཡོངས་གྱུར་རྣམ་སྣང་ལོངས་སྐུའི་ཆས༔ དཀར་པོ་འཁོར་ལོ་དྲིལ་བུ་འཛིན༔ སྐུ་ཡི་བདག་ཉིད་རྒྱས་གདབ་གྱུར༔ མགྲིན་པར་ཨཱཿཡིག་བྱི་རུའི་མདོག༔ འོད་ཟེར་ཉི་མའི་ཟེར་ལྟར་འཕྲོས༔ རྒྱལ་ཀུན་གསུང་གི་བྱིན་རླབས་བསྡུས༔ ཡོངས་གྱུར་སྣང་མཐའ་སྐུ་མདོག་དམར༔ པདྨ་དྲིལ་འཛིན་ལོངས་སྐུའི་ཆས༔ གསུང་གི་དབང་ཕྱུག་རྒྱས་གདབ་གྱུར༔ སྙིང་གར་ཧཱུྃ་ཡིག་ནམ་མཁའི་མདོག༔ འོད་ཟེར་དབང་པོའི་གཞུ་ལྟར་འཕྲོས༔ རྒྱལ་ཀུན་ཐུགས་ཀྱི་བྱིན་རླབས་བསྡུས༔ ཡོངས་གྱུར་མི་བསྐྱོད་སྐུ་མདོག་མཐིང་༔ རྡོ་རྗེ་དྲིལ་འཛིན་ལོངས་སྤྱོད་རྫོགས༔ ཐུགས་ཀྱི་དབྱིངས་སུ་རྒྱས་གདབ་གྱུར༔ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས༔ དབང་ལྷ་རིགས་ལྔ་སྤྱན་དྲངས་ཏེ༔ ཐུགས་ཀ་ནས་བྱོན་ཡུམ་ལྔ་ཡིས༔ ཟག་མེད་བདུད་རྩིས་ཁྲུས་བྱས་པས༔ གློ་བུར་ཉོན་ཤེས་སྒྲིབ་པ་དག༔ ཆུ་ཡི་ལྷག་མ་ཡར་ལུད་པས༔ གཙོ་མོར་རིན་ཆེན་འབྱུང་ལྡན་དང་༔ འཁོར་རྣམས་ལ་ནི་སྒྲོལ་མ་ཡི༔ དབུ་རྒྱན་དཀྱིལ་འཁོར་ཐམས་ཅད་ཀྱི༔ ཆོས་ཀྱི་འབྱུང་གནས་ཆེན་པོ་རུ༔ ཡིད་བཞིན་སྤྲིན་ཕུང་འཕྲོ་བར་གྱུར༔ སྤྱན་འདྲེན་སྤོས་དང་རོལ་མོའི་སྒྲ༔ གདུང་བའི་དབྱངས་བཅས་འདི་སྐད་དོ༔ ཨེ་མ་ཧོ༔ རྒྱལ་ཀུན་ཐུགས་དབྱིངས་ཆོས་སྐུ་སྤྲོས་བྲལ་ལ༔ འགྲོ་བའི་དོན་དུ་འབད་རྩོལ་མི་མངའ་ཡང་༔ ཐུགས་བསྐྱེད་དམ་བཅའ་བསླུ་བ་མེད་པའི་ཕྱིར༔ རིན་ཆེན་འདོད་རྒུའི་གཏེར་མཛོད་ནོར་རྒྱུན་མ༔ སྒྲིབ་བྲལ་མཁྱེན་པའི་སྤྱན་གྱིས་ཉེར་གཟིགས་ནས༔ སྙིགས་དུས་འགྲོ་བའི་དབུལ་བ་སེལ་དོན་དུ༔ བཟོད་མེད་གདུང་ཤུགས་དྲག་པོས་སྤྱན་འདྲེན་ན༔ བརྩེ་ཆེན་ཐུགས་རྗེའི་སྟོབས་ཀྱིས་གཤེགས་སུ་གསོལ༔ ངོ་བོ་གཅིག་ལས་རྣམ་པ་སོ་སོར་སྣང་༔ ཚོགས་བརྒྱད་འཛིན་པ་དག་པའི་རང་རྩལ་ལས༔ ངོ་མཚར་ཡན་ལག་བརྒྱད་ལ་དབང་བསྒྱུར་བའི༔ གྲོག་སྟེར་ལྷ་མོ་རྣམ་བརྒྱད་གཤེགས་སུ་གསོལ༔ སྲིད་པའི་འཆིང་བ་སེར་སྣ་ལས་གྲོལ་ཞིང་༔ དམིགས་པ་མེད་པ་སྦྱིན་པའི་ཕ་རོལ་ཕྱིན༔ གཏོང་ལ་གོམས་པའི་སྒོ་འཕར་རབ་ཡངས་པའི༔ གནོད་སྦྱིན་ནོར་ལྷ་མཆེད་བརྒྱད་གཤེགས་སུ་གསོལ༔ རྒྱལ་ཀུན་ཡོན་ཏན་མི་ཟད་ནམ་མཁའི་མཛོད༔ འགྲོ་བ་གང་ལ་གང་འདོད་འབད་མེད་སྩོལ༔ དྲན་པས་སྲིད་པའི་སྡུག་བསྔལ་མཐར་མཛད་པ༔ བདེ་གཤེགས་རིན་ཆེན་འབྱུང་གནས་གཤེགས་སུ་གསོལ༔ གཞན་ཡང་འགྲོ་བའི་ཚེ་བསོད་དཔལ་འབྱོར་དང་༔ ལེགས་ཚོགས་མི་ཉམས་གོང་དུ་འཕེལ་མཛད་པའི༔ ལྷ་ཀླུ་གནོད་སྦྱིན་སྡེ་བརྒྱད་ནོར་གྱི་ལྷ༔ སྤྲུལ་འཁོར་ཞིང་གི་རྡུལ་སྙེད་གཤེགས་སུ་གསོལ༔ ཨོཾ་བ་སུ་དྷཱ་རཱི་ནི་རཏྣ་སཾ་བྷ་ཝེ་ཛཾ་བྷ་ལ་མ་ཧཱ་རཱ་ཛ་ཨེ་ཧྱ་ཧི་བཛྲ་ས་མ་ཡཱ་ཛ་ཛཿ དམ་ཚིག་ཡེ་ཤེས་ལྷ་ཚོགས་དང་༔ དབྱེར་མེད་བརྟན་པར་བཞུགས་གསོལ་ནི༔ ཧྲཱིཿ ཀུན་བརྟགས་བློ་ཡིས་བསྐྱེད་པའི་གཟུགས་བརྙན་ལྟར༔ དོན་དམ་དབྱིངས་ནས་བྱོན་པའི་ཡེ་ཤེས་པ༔ སོ་སོ་མ་ཡིན་རང་བཞིན་མཉམ་པའི་ངང་༔ ཆུ་ལ་ཆུ་བཞག་ཇི་བཞིན་བརྟན་པར་བཞུགས༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ནི༔ ཧོ༔ སྲིད་པར་འཁྱམས་པའི་འགྲོ་བ་མ་ལུས་ཀུན༔ བདག་མེད་བདག་བཟུང་ཐ་མལ་འདོད་ཡོན་ལྔ༔ སེར་སྣས་བསྡམས་ཤིང་འདོད་པས་བརྐུས་དང་འཕྲོག༔ ཡི་དྭགས་རྒྱུ་མཐུན་རྒྱུ་འབྲས་གནས་དག་ཕྱིར༔ སྦྱིན་པའི་ཕར་ཕྱིན་མ་ལུས་ཡོངས་རྫོགས་པའི༔ རྒྱལ་ཡུམ་འཕགས་མ་ནོར་རྒྱུན་ལྷ་མོ་ལ༔ རྡུལ་སྙེད་ལུས་སྤྲུལ་གུས་པས་ཕྱག་འཚལ་ལོ༔ དེ་མཐུས་དུག་ལྔའི་སྒྲིབ་པ་གནས་དག་ནས༔ མ་དག་སྒོ་ལྔ་ཡེ་ཤེས་ལྔ་རུ་གྱུར༔ མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་པ༔ སྲིད་ཞིའི་མཐའ་ལས་སྒྲོལ་བར་བྱིན་གྱིས་རློབས༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ མཆོད་པ་ལ་ཡང་རྣམ་པ་གསུམ༔ ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་ནི༔ ཨེ་མ་ཧོ༔ ལྷ་ཀླུ་མི་ཡི་འཇིག་རྟེན་ཁམས་རྣམས་སུ༔ བདག་པོས་ཡོངས་སུ་བཟུང་དང་མ་བཟུང་བའི༔ འདབ་ལྡན་མེ་ཏོག་དྲི་ཞིམ་བདུག་སྤོས་དང་༔ སྣང་གསལ་སྒྲོན་མེ་དྲི་བཟང་སྦྱར་བའི་ཆབ༔ ཞིམ་མངར་རོ་བརྒྱ་ལྡན་པའི་ཞལ་ཟས་རྣམས༔ བདེ་གཤེགས་རྒྱལ་ཡུམ་ལྷ་མོ་ནོར་རྒྱུན་མ༔ གཙོ་འཁོར་སྤྲུལ་བར་བཅས་པ་མ་ལུས་ལ༔ བཀྲེས་སྐོམ་དབུལ་བས་ཉེན་པའི་སེམས་ཅན་རྣམས༔ འབྱོར་པ་ཆེན་པོའི་གནས་ལ་འཇོག་ཕྱིར་འབུལ༔ ཨོཾ་བཛྲ་པུཥྤེ་དྷུཔྤེ་སོགས་ཤཔྡ་པུ་ཛ་ཧོ༔ ནང་མཆོད་རྒྱལ་སྲིད་སྣ་བདུན་དང་༔ བཀྲ་ཤིས་རྫས་རྟགས་འབུལ་བ་ནི༔ ཨེ་མ་ཧོ༔ སྲིད་པའི་འདོད་ཡོན་ཀུན་གྱི་ཕུལ་དུ་གྱུར༔ མི་དབང་བསོད་ནམས་བསགས་པའི་རྒྱུ་འབྲས་ལས༔ བསླུ་མེད་བདེན་པའི་རང་རྟགས་མངོན་གྱུར་པ༔ གསེར་འཁོར་རྩིབས་སྟོང་ལྷ་རྫས་བཻཌཱུརྱ༔ བུད་མེད་རིན་ཆེན་ལུགས་ཟུང་མཁྱེན་ལྡན་བློན༔ འགྲོས་མགྱོགས་གཡུལ་ལས་རྣམ་རྒྱལ་གླང་པོ་རྟ༔ ཕ་རོལ་ཟིལ་གནོན་དམག་དཔོན་རིན་ཆེན་བདུན༔ བཀྲེན་ལྡན་བདག་ཅག་བསོད་ནམས་དཔལ་ཐོབ་ཕྱིར༔ རྒྱལ་ཡུམ་འཕགས་མ་གཙོ་འཁོར་བཅས་ལ་འབུལ༔ ཨོཾ་སཔྟ་མ་ཧཱ་རཏྣ་པུ་ཛ་ཧོ༔ ཀུན་མཁྱེན་རྒྱལ་བའི་སྐུ་ཡི་གནས་རྣམས་ལས༔ མི་དགེའི་མཚན་མ་སེལ་བའི་བཀྲ་ཤིས་རྟགས༔ རིན་ཆེན་གསེར་གདུགས་ཤེས་རབ་གསེར་ཉ་ཟུང་༔ གཡས་འཁྱིལ་དུང་དཀར་འདབ་སྟོང་པདྨོ་བཀྲ༔ འདོད་འབྱུང་བུམ་བཟང་བཅུད་འཛིན་དཔལ་བེ་འུ༔ གཡུལ་ལས་རྣམ་རྒྱལ་འཁོར་ལོ་རིན་ཆེན་ཏེ༔ སྲིད་ཞིའི་དཔལ་ཀུན་ཡོངས་རྫོགས་ངོ་མཚར་རྫས༔ བློ་ཡིས་བླངས་ཏེ་འཕགས་མ་གཙོ་འཁོར་ལ༔འགྲོ་ཀུན་དབུལ་བའི་སྡུག་བསྔལ་སེལ་ཕྱིར་འབུལ༔ མངྒ་ལཾ་ཨཥྚ་པུ་ཛ་ཧོ༔ སྔོན་ཚེ་བདེ་གཤེགས་རྒྱལ་བའི་དབང་པོ་ལ༔ ལྷ་ཀླུ་མི་སོགས་བསོད་ནམས་བསགས་རྣམས་ཀྱིས༔ ཕུལ་བ་ཤིས་བྱེད་རྫས་སུ་བྱིན་བརླབས་པའི༔ གཟུགས་སྒྲ་དྲི་རོ་རེག་བྱའི་བདེ་བསྐྱེད་པ༔ སྒྲིབ་བྲལ་མེ་ལོང་སྙན་སྒྲོག་སྐྱེ་ལྔ་དུང་༔ གཉིས་འཐུང་མགྲིན་པའི་བཅུད་བཟང་སིནྡྷུ་ར༔ བགེགས་འཇོམས་ཡུངས་དཀར་དཔག་བསམ་བིལ་བའི་འབྲས༔ བྱང་ཆུབ་བརྙེས་པའི་རྩྭ་མཆོག་བཅུད་ལྡན་ཞོ༔ ཕན་བདེའི་འབྱུང་གནས་རྒྱལ་ཡུམ་མཆོག་ལ་འབུལ༔ ཁྱེད་རྣམས་སྲེད་ལེན་ཞེན་པ་མི་མངའ་ཡང་༔ བདག་ཅག་སེར་སྣས་བསྡམས་པའི་ལས་ངན་འགྲོའི༔ ཚོགས་གཉིས་ཡོངས་སུ་རྫོགས་ཕྱིར་བཞེས་སུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་རཏྣ་སརྦ་པུ་ཛ་ཧོ༔ གསང་མཆོད་རང་རིག་བྱང་ཆུབ་སེམས༔ འདུ་འབྲལ་མེད་པར་འབུལ་བ་ནི༔ ཨེ་མ་ཧོ༔ མཆོད་ཡུལ་ཡོན་ཏན་ཀུན་རྫོགས་འཕགས་མ་དང་༔ མཆོད་རྫས་སྲིད་ཞིའི་དཔལ་ཡོན་མ་ལུས་པ༔ མཆོད་བྱེད་རང་རིག་བྱང་ཆུབ་སེམས་ཀྱི་ངང་༔ སྤང་བླང་རེ་དོགས་དགག་སྒྲུབ་བྲལ་བ་རུ༔ སྟོང་ཆེན་དབྱིངས་སུ་མཉམ་པ་སེམས་ཀྱི་གཤིས༔ སྐྱེ་འགག་གནས་གསུམ་བྲལ་བའི་མཆོད་པ་ནི༔ རྒྱལ་བ་ཀུན་གྱིས་མཆོད་པའི་མཆོག་ཏུ་བསྔགས༔ མ་ཧཱ་དྷརྨ་དྷརྟུ་པུ་ཛ་ཧོ༔ དེ་ནས་བསྟོད་པ་བྱ་བ་ལ༔ རྣམ་གྲངས་གཉིས་ལས་དང་པོ་ནི༔ གཙོ་མོའི་སྐུ་གསུང་ཐུགས་ལ་བསྟོད༔ ཐལ་སྦྱར་གདུང་བའི་དབྱངས་དང་བཅས༔ ཨེ་མ་ཧོ༔ ལྷུན་པོའི་སྤོ་ལ་ཉི་མའི་དཀྱིལ་འཁོར་བཞིན༔ གྲགས་ལྡན་ལྷ་ཀླུ་ཆེ་དགུའི་གཙུག་ཏོར་རྩེར༔ མཚན་དཔེའི་ལང་ཚོ་སུས་ཀྱང་འགྲན་བྲལ་བ༔ ནོར་རྒྱུན་ལྷ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཚངས་པའི་དབྱངས་བཞིན་འགྲོ་བའི་ཁམས་ཀུན་ཁྱབ༔ ཐེག་གསུམ་ཆོས་སྒྲས་གཏི་མུག་གཉིད་ལས་སློང་༔ ཐོས་པས་སྲིད་པའི་སྡུག་བསྔལ་ཀུན་སེལ་བ༔ རྒྱལ་ཡུམ་འཕགས་མའི་གསུང་ལ་ཕྱག་འཚལ་བསྟོད༔ ཤེས་བྱའི་ཆོས་ཀུན་མ་འདྲེས་སོ་སོར་མཁྱེན༔ ཚད་མེད་སྙིང་རྗེའི་འགྲོ་ལ་བུ་བཞིན་དགོངས༔ དམིགས་པ་མེད་ཀྱང་འགྲོ་བའི་དབུལ་བ་སེལ༔ རིན་ཆེན་འདོད་འབྱུང་དཔའ་མོའི་ཐུགས་ལ་བསྟོད༔ དེ་ནས་འཁོར་གྱི་བསྟོད་པ་ནི༔ ཧྲཱིཿ བསྐལ་མང་གོང་ནས་བྱང་ཆུབ་ཐུགས་བསྐྱེད་ཀྱིས༔ མཐའ་ཡས་འགྲོ་བའི་དབུལ་བ་སེལ་བའི་ཕྱིར༔ སྦྱིན་པའི་ཕ་རོལ་ཕྱིན་པ་ཡོངས་རྫོགས་པའི༔ ནོར་རྒྱུན་ལྷ་མོ་བརྒྱད་ལ་ཕྱག་འཚལ་བསྟོད༔ བྱང་ཕྱོགས་རིན་ཆེན་དབང་གི་གཞལ་ཡས་སུ༔ བསོད་ནམས་སྟོབས་ཀྱི་ཚེ་དཔལ་འབྱོར་བ་དང་༔ སྙན་དང་གྲགས་པས་མངོན་མཐོ་ཡིད་བཞིན་གཏེར༔ གནོད་སྦྱིན་ནོར་སྐྱོང་བརྒྱད་ལ་ཕྱག་འཚལ་བསྟོད༔ མཐའ་ཡས་རྒྱལ་བ་ཀུན་གྱི་རིགས་བདག་མཆོག༔ སྐྱོན་མེད་ཡོན་ཏན་ཀུན་རྫོགས་བདེ་བར་གཤེགས༔ མཆོག་ཐུན་དངོས་གྲུབ་རིན་ཆེན་འབྱུང་གནས་ཆེ༔ མ་ལུས་འགྲོ་བའི་མགོན་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་གཅིག་ལ་ཡེ་ཤེས་རྣམ་པ་ལྔའི༔ རང་གདངས་མ་འགགས་རིགས་ཀྱི་ཡུམ་མཆོག་ལྔ༔ གཙོ་མོའི་ཐུགས་རྗེ་ཡེ་ཤེས་སེམས་མའི་སྣང་༔ དོན་དམ་དབྱིངས་ཀྱི་ལྷ་ལ་ཕྱག་འཚལ་བསྟོད༔ སྟོང་གསུམ་ཁམས་ཀྱི་འབྱུང་བཞིའི་བཅུད་གསོས་ཏེ༔ རིན་ཆེན་རྩི་བཅུད་འབྲུ་སྨན་འཕེལ་མཛད་ཅིང་༔ འགྲོ་བའི་དབུལ་སེལ་རྒྱལ་བའི་བསྟན་པ་སྲུང་༔ ནོར་བདག་ཀླུ་ཆེན་བརྒྱད་ལ་ཕྱག་འཚལ་བསྟོད༔ གཞན་ཡང་འགྲོ་ལ་ཕན་བདེ་འབྱུང་བའི་གནས༔ རྒྱལ་ཀུན་ཕྲིན་ལས་མི་ཟད་ནོར་གྱི་ལྷ༔ སྤྲུལ་དང་ཡང་སྤྲུལ་སྒོ་སྲུང་རྣམ་པ་བཞི༔ གཙོ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛབ་བཟླས་བྱ་བ་ལ༔ གསུམ་ལས་དང་པོ་བསྙེན་པ་ནི༔ བདག་ཉིད་འཕགས་མ་ནོར་རྒྱུན་མའི༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་སེར༔ དེ་སྟེང་བཾཿཡིག་གསེར་གྱི་མདོག༔ མཐའ་བསྐོར་སྔགས་ཕྲེང་འབྲུ་བརྒྱད་པ༔ ཤིན་ཏུ་ཕྲ་བའི་གཟུགས་ཅན་ནི༔ ཉི་མའི་སྙིང་པོ་ཇི་བཞིན་དུ༔ བལྟར་མི་བཟོད་པའི་ཚུལ་དུ་བསྒོམ༔ དེ་ལ་སེམས་གཏད་སྔགས་འདི་བགྲང་༔ ཨོཾ་བཱ་སུ་དྷཱ་རཱི་ནི་སྭཱ་ཧཱ༔ གྲངས་བསྙེན་འབུམ་ཕྲག་བརྒྱད་ཡིན་ལ༔ དུས་བསྙེན་བདུན་ཕྲག་དེ་ཡི་གྲངས༔ མཚན་མའི་བསྙེན་པ་རྟགས་དང་སྦྱར༔ རྟགས་ནི་དངོས་ཉམས་རྨི་ལམ་དུ༔ གཏེར་རྙེད་ཉི་ཟླ་ཤར་བ་དང་༔ དྲི་བཟང་འཐུལ་དང་འབྲུའི་ཆར་བབས༔ ལོ་ལེགས་བརྔ་སོགས་དགེ་བའི་རྟགས༔ བྱུང་ཚེ་སྒྲུབ་རྫས་དངོས་གྲུབ་བླངས༔ ས་མ་ཡཱ༔ དེ་ལྟར་བཟླས་པའི་ཕན་ཡོན་ནི༔ འབུམ་ཕྲག་གཅིག་གིས་ཟས་རྙེད་ཅིང་༔ གཉིས་ཀྱིས་འཇམ་ལེགས་གོས་དང་འཕྲད༔ གསུམ་གྱིས་ནོར་རྫས་རྐང་ཕྲན་འདུ༔ བཞི་ཡིས་ཚོང་དང་མགྲོན་ལས་རྒྱལ༔ ལྔ་ཡིས་རྒྱལ་ཕྲན་ལོངས་སྤྱོད་ཐོབ༔ དྲུག་གིས་ཟས་ནོར་གོས་གསུམ་འཛོམས༔ བདུན་གྱིས་བུ་ནོར་སྲིད་ལ་དབང་༔ བརྒྱད་ཀྱིས་འདི་ཕྱིའི་དབུལ་བ་སེལ༔ སྐྱེ་བ་ལྔ་བརྒྱར་ལོངས་སྤྱོད་ལྡན༔ མཐར་ཐུག་ཐར་པའི་ལམ་མཆོག་བགྲོད༔ གུ་ཧྱ༔ དེ་ནས་སྒྲུབ་པའི་དམིགས་པ་ནི༔ གཙོ་མོའི་ཐུགས་སྲོག་སྔར་བཞིན་ལ༔ རིགས་བདག་བདེ་གཤེགས་རིན་ཆེན་མང་༔ མཚན་དཔེ་ཡོངས་རྫོགས་ཐུགས་དབུས་སུ༔ དྭངས་ཤེལ་གསེར་མདོག་བུམ་པ་མཛེས༔ དེ་ཡི་ལྟེ་དབུས་པད་ཟླའི་སྟེང་༔ ཏྲཱཾཿམཐར་སྔགས་ཕྲེང་གསེར་མདོག་མཛེས༔ དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་༔ ངོ་མཚར་ཞིང་གི་བྱིན་རླབས་བསྡུས༔ རང་དང་ཡུལ་ཁམས་སྒྲུབ་རྫས་ལ༔ ཐིམ་པས་རྒྱལ་བའི་རྟེན་བརྟེན་པ༔ དེ་བཞིན་མཐའ་ཡས་འགྲོ་བ་ཀུན༔ ཕན་བདེའི་མཆོད་སྡོང་ཆེན་པོར་བསྒོམ༔ ཡེངས་མེད་ངང་ནས་སྔགས་འདི་བགྲང་༔ ཨོཾ་རཏྣ་སཾ་བྷ་ཝཱ་ཏྲཾ་ཛྙཱ་ན་པཉྩ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ འདི་ཡང་འབུམ་ཕྲག་གསུམ་དུ་བཟླ༔ ཚེ་འདིར་དབུལ་འདྲེའི་གནོད་པ་ཞི༔ ཚེ་བསོད་ལུང་རྟོགས་ཡོན་ཏན་འཕེལ༔ ཕྱི་མ་དཔལ་དང་ལྡན་པ་རུ༔ ས་བཅུ་བགྲོད་ལ་ཐེ་ཚོམ་མེད༔ གཞན་ཡང་སྒྲུབ་པའི་དམིགས་པ་ནི༔ ནོར་རྒྱུན་གྲོགས་མོ་ལྷ་མོ་བརྒྱད༔ ཀུན་གྱི་ཐུགས་ཀར་པད་ཟླའི་སྟེང་༔ བཾཿཡིག་གསེར་མདོག་རེ་རེས་མཚན༔ སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར༔ དེ་ལས་འོད་ཟེར་གསེར་ཞུན་མའི༔ མདངས་འདྲ་ལྷ་ཀླུ་གནོད་སྦྱིན་དང་༔ གླིང་བཞིའི་འགྲོ་བ་ཀུན་ལ་ཕོག༔ དེ་དག་ཚེ་བསོད་དཔལ་འབྱོར་རྒྱས༔ དེ་བཞིན་བདག་ལ་སྐྱེས་ཀྱི་ཚུལ༔ ཟས་གོས་ནོར་དང་འབྲུ་ཡི་གཏེར༔ ཆར་ཆེན་འབེབས་པ་བཞིན་བྱུང་ནས༔ ཡུལ་ལྗོངས་རྣམས་དང་ཁང་ཁྱིམ་སྣོད༔ མེར་མེར་ཕྱུར་ཕྱུར་གང་བར་བསམ༔ ཨོཾ་བ་སུ་དྷཱ་རཱི་ནི་ན་ན་ཁ་དྷེ་ཝསྟྲ་རཏྣ་སིདྡྷི་ཕ་ལ་བྷྲུཾ་སྭཱ་ཧཱ༔ འདི་ཉིད་འབུམ་ཕྲག་ལས་མི་དམན༔ ཡེངས་མེད་སྨྲ་བཅད་བཟླས་གྱུར་ན༔ ཟས་ནོར་གོས་དང་རིན་ཆེན་འབྲུ༔ ཅི་འདོད་འབྱུང་བར་གདོན་མི་ཟ༔ ལས་སྦྱོར་དམིགས་པ་འདི་ལྟ་སྟེ༔ འཁོར་གྱི་ནོར་ལྷ་མཆེད་བརྒྱད་པོ༔ ཀུན་གྱི་ཐུགས་ཀར་རིན་པོ་ཆེ༔ གོང་བུའི་རྣམ་པར་གསལ་བའི་དབུས༔ པད་ཟླའི་སྟེང་དུ་ཐུགས་སྲོག་ཛཾ༔ རང་མདོག་གཟི་མདངས་མེ་ལྟར་འབར༔ རང་རང་སྔགས་ཀྱིས་བསྐོར་བ་ལས༔ འོད་ཟེར་འཇའ་ཚོན་ལྟ་བུར་འཕྲོས༔ ཁམས་གསུམ་སྲིད་པའི་ཕྱྭ་གཡང་དང་༔ སྐྱེ་འགྲོ་ཀུན་གྱི་ཚེ་བསོད་དཔལ༔ རང་དབང་མེད་པར་དབང་བསྡུས་ནས༔ བདག་དང་སྒྲུབ་རྫས་ཡུལ་ཁམས་ལ༔ ཐིམ་པས་བསྟན་དང་འགྲོ་བ་ཡི༔ ཞབས་ཏོག་བསྒྲུབ་པའི་མཐུན་རྐྱེན་ཀུན༔ འབད་མེད་ལྷུན་གྱིས་འགྲུབ་པར་བསམ༔ ཨོཾ་ཛཾ་བྷ་ལ་ཡེ་སྭཱ་ཧཱ༔ ཨོཾ་མཱ་ཎི་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་པུརྣ་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་སཾ་པྲ་ཛེ་ན་ཡེ་སྭཱ་ཧཱ༔ ཨོཾ་པཱཉྩི་ཀ་ཡེ་སྭཱ་ཧཱ༔ ཨོཾ་པུ་ཙི་ཀུནྜ་ལེ་སྭཱ་ཧཱ༔ ཨོཾ་ཀུ་བཱེ་ར་ཡེ་སྭཱ་ཧཱ༔ ཨོཾ་གུ་ཧྱ་ཋ་ན་ཡེ་སྭཱ་ཧཱ༔ དེ་དག་སོ་སོའི་སྔགས་ཤམ་དུ༔ ཨ་ཏྲི་ནྲྀ་རཏྣ་སིདྡྷི་ཕ་ལ་ཁུག་སྐྱོལ༔ ན་ན་ཁ་དྷེ་ཝཥྚ་མ་ཎི་པུ་ཏྲ་སརྦ་སིདྡྷི་ཕ་ལ་ཧོ༔ སྔགས་ཤམ་དག་དང་མ་འབྲེལ་བར༔ ཀུན་ཀྱང་རང་སྔགས་སྟོང་ཙམ་བཟླ༔ ཤམ་དང་སྦྱར་བ་བརྒྱ་ཕྲག་གཅིག༔ འདིས་ནི་སྲིད་གསུམ་གནོད་སྦྱིན་འདུ༔ ཅི་དགོས་ཟས་ནོར་ལོངས་སྤྱོད་འབུལ༔ ནོར་གྱི་དབང་ཕྱུག་ཆེན་པོར་འགྱུར༔ སྒབ་འདྲེ་ཅུང་ཟད་སྡང་སྲིད་པས༔ རང་གི་ཡི་དམ་གང་རུང་ངམ༔ གསང་བའི་བདག་པོའི་བསྙེན་སྒྲུབ་ལ༔ བརྟེན་ཏེ་དེ་ཉིད་གནོན་པའི་ཐབས༔ ཟབ་གནད་གཞན་ལ་ལྟ་བ་གཅེས༔ དེ་ནས་ལས་སྦྱོར་དམིགས་པ་ནི༔ ཟབ་ལས་ཆེས་ཟབ་རྣོ་མྱུར་བ༔ གསང་བའི་གབ་ཐིག་འདི་བཞིན་ནོ༔ བདེ་གཤེགས་རིན་ཆེན་མང་ཉིད་ཀྱི༔ ཐུགས་ལས་བཱཻ་ཡིག་གསེར་མདོག་འཕྲོས༔ ནོར་རྒྱུན་མདུན་གྱི་གདན་ལ་བབས༔ གདོང་ལྔའི་དབང་པོ་ཉལ་སྟབས་སྟེང་༔ ཡོངས་གྱུར་རྒྱལ་པོ་རྣམ་ཐོས་སྲས༔ གསེར་མདོག་ཁྲོ་འཛུམ་སྒེག་པའི་གཟུགས༔ རཏྣའི་པྲོག་ཞུ་དར་གྱི་གོས༔ ལྷབ་ལྷུབ་རིན་ཆེན་རྒྱན་ཕྲེང་མཛེས༔ གཡས་པས་རྒྱལ་མཚན་ནོར་བུའི་ཏོག༔ གཡོན་པས་ནོར་སྐྱུགས་ནེའུ་ལེ་བཙིར༔ ཕྱེད་སྐྱིལ་ཆགས་པའི་ཉམས་ཅན་གྱི༔ སྤྱན་ཟུང་གཙོ་མོའི་ཞལ་ལ་བལྟ༔ ཡབ་ཡུམ་ཆགས་པའི་འོད་ཟེར་གྱིས༔ ཆེ་བཙན་རྒྱལ་བཙུན་བློན་དང་འབངས༔ ཀུན་གྱི་སྙིང་རྩ་དབང་མེད་བསྒུལ༔ བཅུད་ཅན་ཟས་དང་མདངས་ལྡན་གོས༔ གཡང་ཅན་ནོར་དང་བྱམས་ལྡན་གྲོགས༔ ཐོས་བསམ་སྒོམ་གསུམ་ཡོན་ཏན་དང་༔ སྲིད་དང་ཞི་བའི་ཕྱྭ་གཡང་ཀུན༔ མ་ལུས་བདག་གི་དབང་འདུས་ནས༔ ཕྱོགས་ལས་རྣམ་རྒྱལ་ཆེན་པོར་བསྒོམ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐཱི་ནི་དྷརྨཱ་པཱ་ལ་བ་སུ་དྷ་རཱི་ནི་བཻ་ཤྲཱ་མ་ཎ་ཡེ་ཛཾ་བྷ་ལ་རཏྣ་བྷ་ཏྲ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ཡང་ཅི་ནུས་བཟླས་པར་བྱ༔ འདི་ནི་ཤིན་ཏུ་ཟབ་པ་སྟེ༔ བཙུན་མོས་བློ་བསྒྱུར་རྒྱལ་པོ་ལྟར༔ གནོད་སྦྱིན་དབང་པོ་རྣམ་ཐོས་སྲས༔ དགྱེས་པས་སྒྲུབ་པོའི་རྣལ་འབྱོར་གྱི༔ རེ་འདོད་སྐོང་བར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

རྒྱུན་ཁྱེར་འདོད་འབྱུང་ནོར་བུ་མཇུག་མི་ཚང་བ།

༁ྃ༔ ཡང་ཟབ་འཕགས་མའི་ཐུགས་སྒྲུབ་ལས༔ རྒྱུན་ཁྱེར་འདོད་འབྱུང་ནོར་བུ་བཞུགས༔ རྒྱལ་ཀུན་ཡོན་ཏན་རང་གཟུགས་ལས༔ དབུལ་སེལ་ནོར་རྒྱུན་ལྷ་མོ་ཡི༔ རྒྱུན་ཁྱེར་འདོད་འབྱུང་ནོར་བུ་འདི༔ ཆོས་མཛད་ཕོངས་པ་སེལ་ཕྱིར་བསྟན༔ ས་མ་ཡཱ༔ སྔོན་འགྲོ་རྗེས་དང་རྣམ་པ་གསུམ༔ སྔོན་དུ་འགྲོ་བའི་ཆོས་དྲུག་ལས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ མདུན་མཁར་བདེ་གཤེགས་རིན་ཆེན་མང་༔ ནོར་རྒྱུན་ལྷ་མོ་མཆོག་གསུམ་ལྷ༔ ཡིད་ངོར་མངོན་སུམ་ཇི་བཞིན་གསལ༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ མཆོག་གསུམ་རྒྱལ་བ་ཀུན་འདུས་པའི༔ ནོར་རྒྱུན་ལྷ་མོ་འཁོར་བཅས་ལ༔ ཁྱེད་ཤེས་དད་པས་སྐྱབས་སུ་མཆི༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ འགྲོ་ཀུན་སྲིད་ཞིའི་དབུལ་བ་ལས༔ བསྒྲལ་ནས་རྣམ་མཁྱེན་མཆོག་འགོད་ཕྱིར༔ ནོར་རྒྱུན་འཕགས་མའི་སྒྲུབ་པ་ལ༔ རྩེ་གཅིག་བརྩོན་པར་དམ་བཅའ་འོ༔ གསུམ་པ་ཚོགས་བསགས་ཡན་ལག་ནི༔ ཧོ༔ སྲིད་གསུམ་གྲོང་ཁྱེར་ཉམ་ཐག་འགྲོ༔ ཕོངས་པ་ཀུན་ལས་སྒྲོལ་མཛད་ཅིང་༔ འདོད་རྒུའི་དངོས་གྲུབ་མཆོག་སྩོལ་བའི༔ དཀྱིལ་འཁོར་ལྷ་ལ་གུས་ཕྱག་འཚལ༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ སེར་སྣ་ལ་སོགས་ལས་ཉོན་བཤགས༔ ཚོགས་གཉིས་རྫོགས་ཕྱིར་ཆོས་འཁོར་བསྐོར༔ སེམས་ཅན་དོན་དུ་རྟག་བཞུགས་གསོལ༔ དགེ་རྩ་རྣམ་གྲོལ་ཐོབ་འདོད་བློས༔ མ་གྱུར་མཁའ་ཁྱབ་ཡོངས་ལ་བསྔོ༔་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདི་མན་ནས་མ་དཔེ་མ་ཚང་།

རང་གི་ཐུགས་ཀ་ནས་སོགས་ལྡེབ་ཤར།

༄༅། རང་གི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་གསུམ་ནོར་ལྷ་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་མཁྱེན་བརྩེ་ནུས་གསུམ་གྱི་མཐུ་སྟོབས་བཀྲག་མདངས་གཟི་བརྗིད། ཕྱི་སྣོད་འབྱུང་བ་ལྔའི་བཅུད་ཀྱི་དྭངས་མ་དང་བཅས་པ་ཐམས་ཅད་ཕྱོགས་ཕྱོགས་ནས་འདུས་ཏེ་ནམ་མཁའ་ནས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཆར་ལྟར་དུ་བབས། ས་འོག་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་གཏེར་ཁ་རྡོལ། ས་སྟེང་ནས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཟས་གོས་ནོར་གསུམ་ལ་སོགས་ཅི་འདོད་ཀྱི་དངོས་གྲུབ་ཐམས་ཅད་ཤིང་ལོ་སྐམ་པོ་རླུང་གིས་དེད་པ་ལྟར་འུབ་འུབ་ཡོམ་ཡོམ་དུ་བསྡུས་ནས་བདག་དང་སྦྱིན་བདག་གི་གནས་ཁང་དང་ས་ཕྱོགས་ཡུལ་ཁམས་ཐམས་ཅད་དུ་སྤུངས་ནས་མེར་མེར་དེང་དེང་གང་བས་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམ། ཨོཾ་བ་སུ་དྷ་རི་སྭཱ་ཧཱ༔ ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ཛཾ་བྷ་ལ་ཡེ་སྭཱ་ཧཱ༔ ཨོཾ་པུརྣ་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་མ་ཎི་བྷ་ཏྲ་ཡེ་སྭཱ་ཧཱ༔ ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ༔ ཨོཾ་སཾ་པྲ་ཛེ་ན་ཡེ་སྭཱ་ཧཱ༔ ཨོཾ་གུ་ཧྱ་ཋ་ན་ཡེ་སྭཱ་ཧཱ༔ ཨོཾ་པཉྩི་ཀ་ན་ཡེ་སྭཱ་ཧཱ༔ ཨོཾ་པི་ཙི་ཀུཎྜ་ལི་ཡེ་སྭཱ་ཧཱ༔

གཡང་འགུགས་བསྡུས་པ་ཁབ་ལེན་ལྕགས་ཕྱེ།

ནོར་རྒྱུན་ལྷ་མོའི་ཐུགས་སྒྲུབ་ལས༔ གཡང་འགུགས་བསྡུས་པ་ཁབ་ལེན་ལྕགས་ཕྱེ་བཞུགས༔

རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་ནི༔ སུས་ཀྱང་འགོག་མེད་ནོར་རྒྱུན་མའི༔ བསྐྱེད་རྫོགས་བསྡུས་པའི་ཆ་ལག་ཏུ༔ ཚིག་ཉུང་དོན་འདུས་གཡང་འགུགས་བསྟན༔ ས་མ་ཡཱ༔ སྐུ་གསུང་ཐུགས་རྟེན་ཡིད་འོང་དགྲམ༔ སྤོས་བསྲེགས་མདའ་དར་སྣ་ལྔ་གཡབ༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ༔ གདུང་བའི་བློ་ཡིས་གསོལ་གདབ་ཅིང་༔ སྲིད་ཞིའི་ཕྱྭ་གཡང་མ་ལུས་པ༔ འོད་ཟེར་ཁ་དོག་སྣ་ལྔའི་ཚུལ༔ བདག་གནས་ཡོ་བྱད་བསྒྲུབ་རྫས་ལ༔ བསྡུས་ནས་ཐིམ་བསམ་འདི་སྐད་བརྗོད༔ ཨེ་མ་ཧོ༔ བསླུ་མེད་སྟོན་པ་རྫོགས་པའི་སངས་རྒྱས་དང་༔ སྲིད་ཞིའི་སྡུག་བསྔལ་ལས་སྒྲོལ་དམ་པའི་ཆོས༔ རང་གཞན་འཁོར་མཚོ་ལས་སྒྲོལ་དགེ་འདུན་སྡེ༔ སྐྱབས་གནས་དཀོན་མཆོག་གསུམ་གྱིས་གཡང་ཁུག་ཅིག༔ བྱིན་རླབས་ཀུན་འབྱུང་རྩ་བརྒྱུད་བླ་མ་དང་༔ གྲུབ་གཉིས་འདོད་དགུའི་ཆར་འབེབས་ཡི་དམ་ལྷ༔ བར་ཆད་ཀུན་སེལ་གནས་གསུམ་མཁའ་འགྲོའི་ལྷ༔ རྒྱབ་རྟེན་རྩ་བ་གསུམ་གྱིས་གཡང་ཁུག་ཅིག༔ བློ་འདས་སྤྲོས་བྲལ་འཕོ་མེད་ཆོས་ཀྱི་སྐུ༔ རང་བཞིན་གསལ་རྫོགས་མཚན་དཔེ་ལོངས་སྤྱོད་རྫོགས༔ བཟོ་སྐྱེས་མཆོག་གི་རྣམ་རོལ་སྤྲུལ་པའི་གར༔ རྣམ་འདྲེན་སྐུ་གསུམ་ལྷ་ཚོགས་གཡང་ཁུག་ཅིག༔ རང་རིག་ངོ་བོ་འཁོར་འདས་འཆར་བའི་གཞི༔ རང་བཞིན་གསལ་སྣང་ལྷུན་གྲུབ་སྒོ་བརྒྱད་རྩལ༔ ཕན་གནོད་སྣ་ཚོགས་ཐུགས་རྗེ་འགག་མེད་འཕྲུལ༔ ཀུན་འདུས་རིག་ཀློང་ཕྱྭ་གཡང་འདིར་ཁུག་ཅིག༔ ཁྱད་པར་ཡེ་ཐོག་བསྐལ་པ་དང་པོའི་དུས༔ གཞན་དོན་སྨོན་ལམ་མཐར་ཕྱིན་བཅོམ་ལྡན་འདས༔ སྲིད་ཞིའི་དཔལ་འབྱོར་འདོད་འབྱུང་རིན་ཆེན་མང་༔ ཐུགས་བསྐྱེད་སྨོན་ལམ་ཕྱྭ་གཡང་འདིར་ཁུག་ཅིག༔ དེ་ཡི་ཐུགས་རྗེའི་རང་གཟུགས་འགག་མེད་པ༔ མཐའ་ཡས་འགྲོ་བའི་རྒུད་པ་ཀུན་སེལ་བའི༔ ནོར་གྱི་བདག་མོ་ལྷ་མོ་ནོར་རྒྱུན་མས༔ ཕྱི་ནང་སྣོད་བཅུད་ཕྱྭ་གཡང་འདིར་ཁུག་ཅིག༔ རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་འཛམ་གླིང་འདིར༔ བདེ་གཤེགས་འོད་དཔག་མེད་དང་པད་དཀར་འཆང་༔ འཆི་མེད་པད་འབྱུང་འཇིགས་སྐྱོབས་སྒྲོལ་མ་ཡུམ༔ བགྲང་ཡས་ལྷ་ཚོགས་ཕྱྭ་གཡང་འདིར་ཁུག་ཅིག༔ རྒྱལ་བ་ཁྱེད་རྣམས་ཐུགས་བསྐྱེད་སྨོན་ལམ་མཐུས༔ འགྲོ་ཀུན་སེམས་ཉིད་དབྱིངས་སུ་གཅིག་པ་དང་༔ དཀར་པོའི་ས་བོན་ཀུན་ལ་འབད་མེད་ཕྱིར༔ བསོད་ནམས་ལྡན་རྣམས་ཕྱྭ་གཡང་འདིར་ཁུག་ཅིག༔ ཁྱད་པར་ཚེ་དཔལ་སྟོབས་འབྱོར་མངའ་ཐང་གིས༔ སྲིད་འདིར་མངོན་པར་མཐོ་བའི་གྲགས་པ་ཅན༔ ཚངས་དང་བརྒྱ་བྱིན་ཁྱབ་འཇུག་ཉི་ཟླ་སོགས༔ སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་འདིར་ཁུག་ཅིག༔ སངས་རྒྱས་བསྟན་ལ་རབ་དགའ་བྱ་བ་བྱས༔ ཆར་ཆུ་དུས་འབེབས་རྩི་བཅུད་ལོ་ཏོག་སྤེལ༔ ས་འོག་མུན་སེལ་འགྲོ་བའི་རྒུད་པ་འཇོམས༔ ཀླུ་རྒྱལ་འཁོར་བཅས་ཕྱྭ་གཡང་འདིར་ཁུག་ཅིག༔ བསོད་ནམས་སྟོབས་ཀྱིས་གླིང་བཞིའི་ནམ་མཁའ་ལ༔ རིན་ཆེན་སྣ་བདུན་གཞལ་མེད་ཕོ་བྲང་དགུས༔ མངོན་པར་འཕགས་པའི་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་ནོར་སྐྱོང་ཕྱྭ་གཡང་འདིར་ཁུག་ཅིག༔ སྦྱིན་སོགས་དགེ་བཅུའི་དཔུང་ཚོགས་མཐོ་བའི་མཐུས༔ གསེར་འཁོར་ལ་སོགས་རིན་ཆེན་སྣ་བདུན་གྱིས༔ རང་གཞན་དོན་བསྒྲུབ་ཕན་བདེའི་འབྱུང་གནས་མཆོག༔ འཁོར་ལོས་སྒྱུར་རྒྱལ་ཕྱྭ་གཡང་འདིར་ཁུག་ཅིག༔ རྣམ་དཀར་ལས་ལ་གྲུབ་པའི་འཇིག་རྟེན་འདིར༔ ནས་འབྲས་གྲོ་སྲན་ལ་སོགས་འབྲུ་སྣ་དགུ༔ ཁ་མངར་སྐྱུར་སོགས་ཡིད་འོང་སྐོམ་གྱི་རིགས༔ བཀྲེས་སྐོམ་གདུང་སེལ་ཟས་གཡང་འདིར་ཁུག་ཅིག༔ ཉིན་མཚན་ཚ་གྲང་གདུང་བ་སེལ་བའི་གོས༔ དར་ཟབ་གོས་རས་ཐེར་ཕྲུག་པགས་པའི་རིགས༔ དྲོ་འཇམ་མཛེས་བརྗིད་ཡིད་འོང་མཚུངས་མེད་པའི༔ ལྷ་མིའི་གོས་ཀྱི་ཕྱྭ་གཡང་འདིར་ཁུག་ཅིག༔ རིན་ཆེན་གཏེར་བུམ་ཡིད་བཞིན་ནོར་བུ་མཆོག༔ གསེར་དངུལ་ཟངས་ལྕགས་རཱ་ག་ཤེལ་དང་གཡུ༔ དཀོར་ནོར་རིན་ཐང་ཆེ་བའི་འདོད་འཇོའི་བ༔ རྟ་གླང་ནོར་ཕྱུགས་ཕྱྭ་གཡང་འདིར་ཁུག་ཅིག༔ ཡང་དགོས་འཆད་རྩོད་རྩོམ་མཁས་དམ་པའི་རིགས༔ ཤེས་ལྡན་དཔའ་རྩལ་ཀུན་འཛོམས་མི་ཡི་རྗེ༔ ཡིད་འོང་རིགས་རྒྱུད་ཀུན་སྟེར་མཛའ་ན་མོ༔ རིགས་ལྡན་མི་ཡི་ཕྱྭ་གཡང་འདིར་ཁུག་ཅིག༔ ཁྲིམས་ལྡན་བཙུན་པའི་དཀོར་ནོར་རྟེན་གསུམ་མཆོད༔ རྩལ་ལྡན་སྐྱེ་བོའི་དཀོར་ནོར་གོ་ཁྲབ་མཚོན༔ འཕྲུལ་ལྡན་མཛེས་མའི་དཀོར་ནོར་རིན་ཆེན་རྒྱན༔ ཉེར་སྤྱོད་མཁོ་དགུའི་ཕྱྭ་གཡང་འདིར་ཁུག་ཅིག༔ སྦྱིན་སོགས་དགེ་བ་བཅུ་ལ་འབད་པ་དང་༔ སྲོག་གཅོད་ལ་སོགས་མི་དགེའི་ལས་བཅུ་དོར༔ ཁྱིམ་ནས་ཡང་དག་ལྟ་ལ་དད་ལྡན་པའི༔ ཆོས་མཐུན་སྐྱེས་བུའི་ཕྱྭ་གཡང་འདིར་ཁུག་ཅིག༔ ལྟ་བ་སྤྲོས་བྲལ་བློ་ལས་འདས་པ་དང་༔ སྒོམ་པ་ཡེངས་མེད་འཛིན་མེད་མཉམ་པར་བརྡལ༔ སྤྱོད་པ་ཤུགས་འབྱུང་ཆོས་སྤྱོད་བཅུ་དང་མཐུན༔ ལྟ་སྒོམ་སྤྱོད་གསུམ་ཕྱྭ་གཡང་འདིར་ཁུག་ཅིག༔ རང་དོན་འགྱུར་མེད་ཆོས་སྐུའི་བཙན་ས་ཟིན༔ གཞན་དོན་ལྷུན་གྲུབ་འགྲོ་ཀུན་བུ་བཞིན་སྐྱོང་༔ ཕྲིན་ལས་རྩོལ་མེད་ཡིད་བཞིན་དཔག་བསམ་ལྗོན༔ བསླུ་མེད་འབྲས་བུའི་ཕྱྭ་གཡང་འདིར་ཁུག་ཅིག༔ དེ་ལྟར་ནོར་རྒྱུན་ལྷ་མོ་ཡི༔ གཡང་འགུགས་ཁབ་ལེན་ལྕགས་ཕྱེ་འདི༔ བཅུ་དྲུག་བཞུས་པའི་གསེར་ཕྱེ་བཞིན༔ འགྱུར་མེད་རྒྱལ་དབང་པདྨའི་བཀའ༔ འཕོ་མེད་མཚོ་རྒྱལ་དགོངས་ཀློང་ལས༔ འཆུགས་མེད་ཆོས་བདག་སྐྱེས་བུས་སྤེལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་སྐལ་ལྡན་ལུང་རིག་གླིང་པ་ལ་དག་སྣང་དུ་ཤར་བ་ལེ་ལོའི་དབང་གིས་ཡི་གེར་འཁོད་དུ་མ་བྱུང་བ་དུས་བབས་སྦྱིན་བདག་གཏོང་ཕོད་ལ་བརྩོན་པ་ཨོ་རྒྱན་རིག་འཛིན་དང་། ཁྱེད་ཤེས་ཀྱི་དད་པ་དང་ལྡན་པའི་ཆོས་བདག་རིག་རྩལ་གཉིས་ཀྱིས་བསྐུལ་ངོར་རང་ཉིད་ཀྱིས་སྨྲས་བཞིན་སྤྲུལ་པའི་སྐུ་ཐུབ་བསྟན་འོད་ཟེར་གྱིས་ཡི་གེར་ཕབ་པ་དུས་གསུམ་ཀུན་ཏུ་་དགེ་བར་གྱུར་ཅིག། མངྒ་ལམ།།

གཡང་འགུགས་དབུལ་བ་ཀུན་སེལ་ཞབས་དཀར་བས་མཛད་པ།

༄༅།། གཡང་འགུགས་དབུལ་བ་ཀུན་སེལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ། གཡང་འགུགས་བྱེད་པར་འདོད་པས། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་ཡི་དམ་མངོན་རྟོགས་སྒོམ་པ་རྣམས་སྔོན་དུ་བཏང་། དེ་ནས་དངོས་གཞི་ལ་གཡང་རྟེན་མཆོད་པ་རྒྱས་པར་བཤམས། མདའ་དར་ཕྱོགས་ཀུན་ཏུ་གཡོ་བཞིན་དུ་འདི་སྐད་དོ།། ཀྱཻ། ནོར་བདག་ཛཾ་ལྷ་འཁོར་བཅས་ཀྱིས། །གནས་འདིར་ཕྱྭ་གཡང་འགུགས་པའི་ཕྱིར། །འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། །ཁབ་ལེན་རྡོ་ཡིས་ལྕགས་བླངས་ལྟར། །སྟེང་ཕྱོགས་ལྷ་ཡི་གོས་གཡང་ཁུག །འོག་ཕྱོགས་ཀླུ་ཡི་ནོར་གཡང་ཁུག །བར་གྱི་མི་ཡི་བུ་གཡང་ཁུག །འཇིག་རྟེན་ཁམས་ཀྱི་ཟས་གཡང་ཁུག །ལུས་འཕགས་ཡུལ་གྱི་ལུས་གཡང་ཁུག །འཛམ་བུའི་གླིང་གི་ཆོས་གཡང་ཁུག །བ་གླང་སྤྱོད་ཀྱི་ནོར་གཡང་ཁུག །སྒྲ་མི་སྙན་གྱི་ཚེ་གཡང་ཁུག །རྒྱ་གར་རྒྱལ་པོའི་འབྲས་གཡང་ཁུག །རྒྱ་ནག་རྒྱལ་པོའི་ཇ་གཡང་ཁུག །རོང་པ་རྣམས་ཀྱི་ནས་གཡང་ཁུག །འབྲོག་པ་རྣམས་ཀྱི་མར་གཡང་ཁུག །རྒྱལ་སྲིད་སྣ་བདུན་གཡང་ཁུག་ཅིག །བཀྲ་ཤིས་རྟགས་བརྒྱད་གཡང་ཁུག་ཅིག །རིན་ཆེན་སྣ་བདུན་གཡང་ཁུག་ཅིག །བཀྲ་ཤིས་རྫས་བརྒྱད་གཡང་ཁུག་ཅིག །གཡང་རྣམས་གཅིག་ཀྱང་མ་ལུས་པ། །སྟེང་འོག་ཕྱོགས་མཚམས་ཀུན་ནས་འོང་། །གཡང་རྟེན་འདི་དག་ཐམས་ཅད་ལ། །ཐིམ་ནས་གཉིས་སུ་མེད་པར་གྱུར། །གཡང་ཀུན་འཕེལ་ནས་ནང་རྣམས་གང་། །གཡས་གཡོན་ཁྱིམ་མཚེས་ནང་དུ་སོང་། །ས་ཆ་ཡུལ་ཕྱོགས་ཐམས་ཅད་ལ། །བཀྲ་ཤིས་གཡང་ཀུན་འཁྱིལ་བར་ཤོག །བསྭོ་བསྭོ་ཆའོ་ལྷ་རྒྱལ་ལོ།། ཡང་རྒྱས་པར་སྤྲོ་ན་མདའ་དར་གཡབ་བཞིན། ཨོཾ་ཕན་བདེའི་འབྱུང་གནས་ཆོས་ཀྱི་གཡང་། །རྒྱལ་བ་ཡབ་སྲས་བཤད་པའི་གཡང་། །མི་ལ་རས་པའི་སྒོམ་པའི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཚེ་དཔག་མེད་མགོན་ཚེ་ཡི་གཡང་། །རྣམ་ཐོས་སྲས་ཀྱི་མཛོད་ཀྱི་གཡང་། །རྗེ་བཙུན་སྒྲོལ་མའི་བུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཚེ་རིང་རྣམ་དྲུག་ཚེ་ཡི་གཡང་། །མཐུན་པ་སྤུན་བཞིའི་མཐུན་པའི་གཡང་། །རྒྱ་ནག་ཧྭ་ཤང་བུ་ཡི་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །གེ་སར་རྒྱལ་པོའི་རྟ་ཡི་གཡང་། །འདོད་འཇོ་བ་ཡི་འོ་མའི་གཡང་། །གཡང་མོ་ལུག་གི་བལ་དཀར་གཡང་། །དེ་རིང་གནས་འདིར་གཡང་དུ་ལེན། །ཁམས་གསུམ་ཀུན་གྱི་ཟས་ནོར་ཀུན། །རང་དབང་མེད་པར་འདུ་བར་ཤོག །སྲིད་ཞིའི་བདེ་སྐྱིད་མ་ལུས་པ། །རང་བཞིན་ཤུགས་ཀྱིས་འབྱུང་བར་ཤོག །ཡིད་བཞིན་ནོར་དང་དཔག་བསམ་ཤིང་། །གཏེར་ཆེན་བུམ་བཟང་ཇི་བཞིན་དུ། །གཡང་རྟེན་འདི་ལས་དགོས་འདོད་ཀུན། །འབད་རྩོལ་མེད་པར་འབྱུང་བར་ཤོག །ཁ་གཡང་བཀྲ་ཤིས་བརྗོད་པ་བཞིན།།མི་གཡང་རབ་ཏུ་འཕེལ་དུ་གསོལ།།ནོར་གཡང་རབ་ཏུ་འཕེལ་དུ་གསོལ།།ཟས་གཡང་རབ་ཏུ་འཕེལ་དུ་གསོལ། །མཇུག་ཏུ། ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པར་གྱུར་ཅིག །ས་གཞི་ཐམས་ཅད་ལ་བྱིན་ཆགས་པར་གྱུར་ཅིག །ཕྱི་ནང་ཐམས་ཅད་ལ་གཡང་འཁྱིལ་བར་གྱུར་ཅིག །ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ། གཞན་ཡང་སྨོན་ལམ་བཀྲ་ཤིས་ཤེས་ཚད་བརྗོད་པར་བྱའོ།། ཞེས་གཡང་འགུགས་དབུལ་བ་ཀུན་སེལ་ཞེས་བྱ་བ་འདི་ནི་ཁྱུང་དགོན་སྤྲུལ་སྐུ། ཉང་གི་མཚམས་པ། ལྷ་ཁང་དབུ་མཛད་སོགས་རེབ་ཀོང་སྔགས་མང་གིས་བསྐུལ་ངོར་བླ་མ་ཞབས་དཀར་བས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ།། འདིས་ཀྱང་སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བར་གྱུར་ཅིག །སརྦ་མངྒ་ལཾ།།

ནོར་རྒྱུན་མའི་རྗེས་གནང་ནོར་བུའི་ལྕགས་ཀྱུ།

ནོར་རྒྱུན་ལྷ་མོའི་ཐུགས་སྒྲུབ་ལས༔ རྗེས་གནང་ནོར་བུའི་ལྕགས་ཀྱུ་བཞུགས༔

རྒྱལ་བ་ཀུན་གྱི་ཕྲིན་ལས་ནི༔ འགྲོ་བའི་དབུལ་བ་སེལ་བའི་ཕྱིར༔ ནོར་རྒྱུན་ལྷ་མོའི་སྐུར་བཞེངས་ནས༔ འདོད་རྒུའི་རེ་བ་སྐོང་ལ་འདུད༔ དེ་ཉིད་བསྒྲུབ་པའི་ཐབས་ཚུལ་གྱི༔ ཐོག་མར་སྨིན་བྱེད་རྗེས་གནང་ལ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ དང་པོ་དཀྱིལ་འཁོར་མདའ་གང་སྟེང་༔ དཀྱིལ་འཁོར་གཞུང་བཞིན་རྡུལ་ཚོན་ནམ༔ རས་བྲིས་ཡང་ན་འབྲས་དཀར་གྱི༔ ཚོམ་བུ་ལྷ་ཡི་གྲངས་མཉམ་བཀོད༔ དབུས་སུ་རིན་ཆེན་བུམ་པ་ནི༔ ཕྱི་རྒྱུད་ཉེར་ལྔའི་བུམ་བཅུད་དང་༔ བ་ཡི་འོ་མས་སུམ་ཆ་བཀང༔ ཤར་དུ་རྡོ་རྗེ་ཐུགས་ཀྱི་རྟེན༔ སྤྱན་མའི་སྐུ་དང་ལྷན་ཅིག་འགོད༔ ལྷོ་རུ་པྲོག་ཞུ་ཡོན་ཏན་རྟེན༔ མ་མཱ་ཀི་ཡི་སྐུ་གཟུགས་དང་༔ ནུབ་ཏུ་དྲིལ་བུ་གསུང་གི་རྟེན༔ གོས་དཀར་མོ་ཡི་སྣང་བརྙན་བཤམས༔ བྱང་དུ་གཏོར་མ་ཕྲིན་ལས་རྟེན༔ ལྷ་ཡི་གྲངས་དང་མཉམ་པ་ལ༔ དམ་ཚིག་སྒྲོལ་མའི་སྐུ་གཟུགས་དང་༔ ལྷན་ཅིག་དར་ལྗང་ཅོད་པཎ་གཟུངས༔ ཤར་ལྷོར་རིན་ཆེན་སྣ་ལྔ་དང་༔ ལྷོ་ནུབ་དྲི་ལྔ་དེ་བཞིན་དུ༔ ནུབ་བྱང་སྨན་ལྔ་བྱང་ཤར་མཚམས༔ འབྲུ་སྣ་ལྔ་ཡི་ཕུར་མ་བཀོད༔ དེ་ནི་སྔོན་འགྲོའི་རིམ་པ་འོ༔ གཉིས་པ་དངོས་གཞིར་རྣམས་གྲངས་ལྔ༔ དང་པོ་བུམ་པ་བསྒྲུབ་པ་ནི༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ མི་དམིགས་སྟོང་པའི་ངང་ཉིད་ལས༔ རིན་པོ་ཆེ་ཡི་བུམ་པ་ནི༔ ཞབས་ཞུམ་ལྟོ་ལྡིར་མགྲིན་པ་ཕྲ༔ ཁ་གཡེལ་མཚན་ཉིད་ཀུན་ཚང་བའི༔ ནང་ནི་རིན་ཆེན་གཞལ་ཡས་ཁང་༔ ནོར་རྒྱུན་ལྷ་མོའི་ལྷ་ཚོགས་ཀུན༔ སྣང་སྟོང་དབྱེར་མེད་ཟུང་འཇུག་སྐུ༔ མཁའ་ལ་འཇའ་ཚོན་བཀྲ་བ་བཞིན༔ མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ༔ བདག་ཉིད་ལྷ་རུ་གསལ་བ་ཡི༔ ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ བུམ་ནང་ལྷ་ཡི་ཐུགས་རྒྱུད་བསྐུལ༔ བདག་མདུན་བུམ་པའི་ལྷ་རྣམས་ལས༔ འོད་ཟེར་སྤོས་རེང་དུ་བ་ལྟར༔ ཕྱོགས་བཅུར་འཕྲོས་པས་རྩ་གསུམ་ལྷའི༔ ཐུགས་རྗེ་ནུས་མཐུ་ཐམས་ཅད་དང་༔ སྐྱེ་རྒུ་ཡོངས་ཀྱི་ཕྱྭ་གཡང་བཅུད༔ ཐམས་ཅད་བསྡུས་ནས་བུམ་ལྷར་ཐིམ༔ སྐུ་ལས་བདུད་རྩིའི་རྒྱུན་བབ་པས༔ བུམ་པ་ལྟེམ་གྱིས་གང་བར་བསྒོམ༔ རྩ་སྔགས་ཤམ་བུར་དབྱངས་གསལ་དང་༔ ཨ་བྷི་ཥིཉྩའི་སྔགས་ཀྱང་གདགས་༔ གཟུངས་ཐག་བུམ་པའི་ཁ་རུ་དགོད༔ བདག་བསྐྱེད་བཟླས་པའི་སུམ་ཆ་ཙམ༔ བཟླས་པ་སྒྲུབ་པ་ལས་རུང་སྟེ༔ དེ་བཞིན་ལས་བུམ་གཞལ་ཡས་ཁང་༔ དག་བྱེད་བདུད་རྩི་ཐབས་སྦྱོར་བསྐྱེད༔ ཨ་མྲྀ་ཏ་ཡི་སྔགས་གྲངས་ཀྱང་༔ བརྒྱ་རྩ་བརྒྱད་བཟླས་དེ་ཡི་མཐར༔ མཆོད་བསྟོད་བྱ་ཞིང་བུམ་པའི་ལྷ༔ འོད་དུ་ཞུ་ནས་བུམ་ཆུར་བསྟིམས༔ དེ་བཞིན་དབང་རྫས་སོ་སོ་ཡང་༔ ལྷ་བསྐྱེད་དམིགས་པའི་སྤྲོ་བསྡུར་འབད༔ ལྷ་ལ་དབང་མི་ཟ་བའི་ཕྱིར༔ བདག་འཇུག་རྒྱས་བསྡུས་གང་རུང་བྱ༔ གཉིས་པ་སློབ་མ་མདུན་དུ་འཁོད༔ ཁྲུས་བྱས་བགེགས་ལ་གཏོར་མ་བྱིན༔ སྔགས་དང་ཡུངས་ཐུན་རོལ་མོས་བསྐྲད༔ སྲུང་འཁོར་བསྒོམ་ཞིང་བློ་སྦྱོང་བའི༔ ཆོས་བཤད་ཅི་རིགས་སྔོན་སོང་ནས༔ འདོད་དོན་འདིས་ཀྱང་གསལ་གདབ་བྱ༔ ད་ལམ་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་འདི་ནི་ཇི་ལྟར་བྱུང་བའི་ལོ་རྒྱུས་དང་༔ བརྒྱུད་པའི་རིམ་པ་རྗེས་གནང་ཐོབ་པའི་ཕན་ཡོན་བསྟན་པ་དང་གསུམ་ལས༔ དང་པོ་ལོ་རྒྱུས་ནི༔ སྔོན་ཚེ་བསྐལ་པ་དང་པོའི་དུས་སུ་འཇིག་རྟེན་གྱི་ཁམས་རིན་ཆེན་འབྱུང་བ་ཞེས་བྱ་བར་རྫོགས་པའི་སངས་རྒྱས་རིན་ཆེན་མང་མཚན་དཔེའི་ཡོན་ཏན་དུ་མས་བརྒྱན་པའི་སྐུ༔ བ་སྤུའི་བུ་ག་རེ་རེ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཆར་ཆེན་པོ་བབས་པས་སེམས་ཅན་བགྲང་དུ་མེད་པའི་དབུལ་བའི་སྡུག་བསྔལ་མཐའ་དག་སེལ་ནུས་པའི་བདག་ཉིད་ཅན་དེའི་ཐུགས་རྗེས་ཉེ་བར་བསྐུལ་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་རང་གཟུགས་ནོར་རྒྱུན་ལྷ་མོ་མཆེད་ལྔ་དང་༔ གཞན་ཡང་འཇིག་རྟེན་གྱི་ཕྱྭ་གཡང་ལ་དབང་བའི་ནོར་ལྷ་ཆེན་པོ་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་འདིར་འབྱུང་ཞིང་༔ ཁྱད་པར་སྤྲུལ་པའི་ལྷ་མོ་ཆེན་མོ་འདི་ཉིད་ཚོང་དཔོན་དེས་པ་བཞིན་བཟང་ཞེས་བྱ་བའི་བུ་མོ་ནོར་ལྡན་ཞེས་བྱ་བར་སྐུ་འཁྲུངས་པའི་ཚུལ་བསྟན༔ དེ་ཉིད་ཀྱིས་ནོར་བུ་རིན་པོ་ཆེ་བསམ་འཕེལ་ཞེས་བྱ་བ་བདེ་བར་གཤེགས་པ་དེ་ལ་ཕུལ་ནས་སེམས་ཅན་ཉམ་ཐག་པ་རྣམས་སྐྱོབ་པའི་མགོན་དང་དཔུང་གཉེན་དུ་འགྱུར་བར་ཐུགས་བསྐྱེད་ནས་སྨོན་ལམ་ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲས་སོ༔ དེ་བཞིན་གཤེགས་པ་དགོས་འདོད་འབྱུང་བའི་གཏེར༔ ཟླ་བ་ཉ་རྒྱས་དྲི་མ་མེད་པའི་ཞལ༔ མགོན་མེད་སེམས་ཅན་ཉམ་ཐག་སྐྱོབ་མཛད་པ༔ བདག་གི་སྨོན་ལམ་བཏབ་པ་འདི་དག་གསོན༔ ཇི་སྲིད་འཁོར་བའི་མཐའ་འདི་མ་སྟོངས་བར༔ བདག་ནི་མངོན་པར་རྫོགས་པར་འཚང་མི་རྒྱ༔ བཀྲེས་སྐོམ་ནོར་གྱིས་ཕོངས་པ་གང་དག་ལ༔ ཟས་གོས་གནས་མལ་ཡོ་བྱད་ལ་སོགས་པ༔ འབད་མེད་འབྱུང་བའི་གཏེར་དུ་བདག་གྱུར་ཅིག༔ སེམས་ཅན་དེ་དག་ཚེ་རབས་ཐམས་ཅད་དུ༔ ལྷ་མིའི་འབྱོར་བ་ཅན་གྱི་ལུས་ཐོབ་ནས༔ བདེ་གཤེགས་བསྟན་པ་སྲི་ཞུས་མཆོད་པ་དང་༔ དབུལ་བའི་སེམས་ཅན་གཞན་དག་རྗེས་འཛིན་ཤོག༔ ཅེས་པ་ལ་སོགས་པའི་སྨོན་ལམ་མང་དུ་བཏབ་པའི་མཐར༔ བདེ་བར་གཤེགས་པ་དེ་ཉིད་ལས་བསླབ་པའི་གཞི་ལྔ་མནོས་ཤིང་༔ ཏིང་འཛིན་གྱི་སྒོ་དུ་མ་དང་ཁྱད་པར་དུ་ནམ་མཁའ་མཛོད་ཅེས་བྱ་བའི་ཏིང་འཛིན་དང་༔ དགོས་འདོད་མ་ལུས་ཡོངས་སུ་འབྱུང་བའི་ཏིང་འཛིན་ལ་སོགས་པ་དཔག་ཏུ་མེད་པ་ལ༔ ལོ་དུ་མར་སྦྱངས་ཤིང་གོམས་པར་བྱས༔ དེ་ནས་བཟུང་སྟེ་ཚེ་རབས་བརྒྱ་ཕྲག་མང་པོར་ཚོགས་གཉིས་ཀྱི་བྱ་བ་མཐའ་དག་མཐར་ཕྱིན་པར་བྱས་པས༔ ས་བརྒྱད་པའི་བྱང་ཆུབ་སེམས་མར་གྱུར་པ་དང་༔ སླར་ཡང་ནོར་གྱི་རྒྱུན་ཞེས་བྱ་བའི་ཏིང་འཛིན་ལ་འཇུག་ལྡང་གི་སྒོ་ནས་ལྷ་མོའི་སྐུ་རུ་སྤྲུལ་ཏེ༔ བྱང་ཕྱོགས་ལྕང་ལོ་ཅན་ཞེས་བྱ་བའི་སྟེང་གི་ནམ་མཁར་ཡིད་ལས་བྱུང་བའི་གཞལ་མེད་ཁང་བཀོད་པ་ཕུན་སུམ་ཚོགས་པར་ལྷ་དང་དྲང་སྲོང་སེམས་དཔའ་དང་སེམས་མ་གྲངས་མེད་པའི་འཁོར་དང་ལྷན་ཅིག་པར་བཞུགས་ཏེ༔ གང་ཞིག་གསོལ་བ་ཇི་ལྟར་བཏབ་པའི་སེམས་ཅན་རྣམས་ལ་འདོད་རྒུའི་རེ་བ་མ་ལུས་པ་སྐོང་བར་བྱེད་པ་དཔག་བསམ་གྱི་ཤིང་ལྗོན་པ་དང་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཀྱང་ལྷག་པར་བཞུགས་སོ༔ གཉིས་པ་ཇི་ལྟར་བརྒྱུད་པའི་རིམ་པ་ནི༔ ཡེ་ཐོག་གདོད་མའི་རྒྱལ་བ་ཁྱད་ཆོས་དྲུག་གིས་མངོན་པར་འཕགས་ཏེ་སེམས་ཉིད་དགོས་འདོད་འབྱུང་བའི་གཏེར་ཆེན་པོ་ལ་དབང་བསྒྱུར་ནས༔ རིགས་ལྔའི་འཁོར་རྣམས་ལ་དགོངས་བརྒྱུད་ཀྱི་ཚུལ་དང་༔ རྒྱལ་བ་ཀུན་གྱི་ཡོན་ཏན་མ་ལུས་པའི་མཛོད་ལ་མངའ་བརྙེས་པའི་བདེ་གཤེགས་རིན་ཆེན་འབྱུང་ལྡན་གྱིས་རིན་ཆེན་རིགས་ཀྱི་སེམས་དཔའ་སེམས་མ་དང་གཞན་ཡང་རིག་པ་འཛིན་པའི་འཁོར་རྣམས་ལ་མཚན་དཔེ་འབར་བའི་སྐུའི་བརྡ་དང་བརྡའི་སྒོ་ནས་བརྒྱུད་ཅིང་དེ་ཡི་སྤྲུལ་པའི་རང་གཟུགས་ནོར་རྒྱུན་ལྷ་མོ་རིགས་ལྔའི་རྣམ་པར་བྱོན་པས་བདག་ཉིད་ཆེན་པོ་པདྨ་སཾ་བྷ་ཝ་ལ་གདམས་པ་ཟབ་མོ་སྙན་བརྒྱུད་དུ་བསྩལ་ནས་བདག་གིས་ཀྱང་སྤྲུལ་པའི་རྗེ་འབངས་སྐལ་བ་དང་ལྡན་པ་རྣམས་ལ་སྨོན་ལམ་གཏད་རྒྱ་དང་བཅས་ཏེ་དགོངས་པ་འཕོ་འགྱུར་མེད་པའི་དབྱིངས་སུ་གསལ་སྣང་སྟོང་ལ་མ་འགགས་པ་ཆོས་ཀྱི་གཏེར་དང་གཞན་ཡང་འབྱུང་བའི་ཁམས་སུ་སྦས་པ་གཏད་རྒྱ་སྨོན་ལམ་གྱི་བརྒྱུད་པ་ཡིན་ནོ༔ ཁྱད་པར་གྱི་གདམས་པ་ཟབ་མོ་འདི་ཡང་ཐུགས་ཀྱི་གཟུངས་མ་མཁར་ཆེན་མཚོ་རྒྱལ་ལ་གདམས་ཤིང་དེའི་སྤྲུལ་པའི་གང་ཟག་དམན་པའི་ཚུལ་འཆང་བ་ཞིག་ལ༔ རྟེན་འབྲེལ་རབ་འབྲིང་ཐ་མའི་དབང་གིས་དངོས་སམ་དགོངས་པའི་གཏེར་དུ་འབྱུང་བར་ལུང་བསྟན་པ་ནི༔ བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་ཡིན་ནོ༔ གསུམ་པ་རྗེས་གནང་ཐོབ་པའི་ཕན་ཡོན་ནི༔ གདམས་པ་འདི་ལྟ་བུ་ལ་གུས་ཞིང་ཡིད་ཆེས་པའི་འཕགས་མའི་རྗེས་གནང་ཟབ་མོ་འདི་ཉིད་བསྙེན་སྒྲུབ་དང་འབྲེལ་བར་འབོགས་པས་ཚེ་རབས་ཐམས་ཅད་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མི་འབྱུང་ཞིང་ནོར་དང་ཡོ་བྱད་ཕུན་སུམ་ཚོགས་པར་གྱུར་པ་དང་༔ སྐྱེ་བ་འདི་ཉིད་ལའང་འབད་རྩོལ་གྱི་རྐྱེན་ཕྲན་བུ་ཙམ་གྱིས་གང་འདོད་པའི་ཟས་གོས་ལོངས་སྤྱོད་ཅི་རིགས་པ་འབྱུང་བ་དང་༔ ཁྱད་པར་དུ་བདེ་གཤེགས་རིན་ཆེན་མང་གི་མཚན་ཙམ་ཐོས་པས་ཀྱང་ངན་སོང་གསུམ་དུ་འགྲོ་བའི་གོ་སྐབས་མ་མཆིས་པར་བདེ་འགྲོའི་ལམ་ནས་བདེ་འགྲོར་འགྲོ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སོགས་ཕན་ཡོན་ཚད་མ་མཆིས་པར་འབྱུང་བའི་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད༔ རཏྣ་ལྔ་དང་འབྲུ་ལྔ་སོགས༔ ཡིད་འཐད་ཡོ་བྱད་སློབ་བུས་དབུལ༔ གསུམ་པ་རྗེས་གནང་ཐོག་མ་རུ༔ ཐལ་སྦྱར་གསོལ་བ་འདི་བཞིན་གདབ༔ ཨེ་མ་ཧོ༔ འགྲོ་བའི་མགོན་པོ་བདེ་བར་གཤེགས༔ རིན་ཆེན་མང་དང་དབྱེར་མེད་པའི༔ སློབ་དཔོན་བདག་ལ་དགོངས་སུ་གསོལ༔ དབུལ་སེལ་ལྷ་མོ་ནོར་རྒྱུན་མའི༔ རྗེས་གནང་ཟབ་མོའི་བཀའ་དྲིན་ཞུ༔ ལན་གསུམ་གསོལ་བ་བཏབ་རྗེས་སུ༔ རྡོ་རྗེ་འཛིན་པས་ལན་འདི་སྦྱིན༔ ཀྱཻ་ཧོ༔ སྔོན་གྱི་ཚེ་རབས་དུ་མ་རུ༔ ཚོགས་གཉིས་བསགས་པའི་སྐལ་ལྡན་གྱིས༔ འཕགས་མ་བསྙེན་ཅིང་སྒྲུབ་འདོད་ན༔ སྨིན་བྱེད་རྗེས་གནང་སྦྱིན་པར་བྱ༔ དེ་ནས་དངོས་གཞིའི་རིམ་པ་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིས༔ རྗེས་གནང་ལྔ་དང་འཁོར་རྣམས་ཀྱི༔ བྱིན་རླབས་སོ་སོར་སྦྱིན་པ་ཡི༔ ཐོག་མར་བྱིན་འབེབས་འདི་ལྟར་བྱ༔ སློབ་བུ་ནོར་རྒྱུན་ལྷ་མོར་གསལ༔ སྤོས་བདུག་རོལ་མོའི་སྒྲ་ཡང་འཁྲོལ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨ་བེ་ཤ་ཡ་ཕེཾ་ཕེཾ་བརྗོད༔ བུམ་པ་སྐུ་ཡི་རྗེས་གནང་ནི༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ ནོར་ལྷ་རྒྱ་མཚོའི་བཅུད་ཀྱིས་གཏམས༔ སྐུ་ཡི་རྗེས་གནང་འདི་སྦྱིན་པས༔ ལུས་ཀྱི་རྐུ་འཕྲོག་རྣམ་སྨིན་དག༔ སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག༔ མཱུཾ་དྷ་ཏུ་ཤྭ་རི་བ་སུ་དྷ་རཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སློབ་བུའི་སྤྱི་བོར་བཞག༔ བུམ་ཆུ་བདུད་རྩི་ལྕེ་ལ་སྦྱིན༔ ཡོན་ཏན་རྗེས་གནང་པྲོག་ཞུ་ནི༔ སློབ་བུའི་མགོ་ལ་བསྐོན་བྱས་ཏེ༔ ཏྲཾ༔ གང་ཞིག་འབད་རྩོལ་མི་དགོས་པར༔ བསམ་པ་ཙམ་གྱིས་དགོས་འདོད་ཀུན༔ ལྷུན་གྱིས་གྲུབ་པའི་ཡོན་ཏན་དབང་༔ སློབ་བུའི་ཡིད་ཤེས་ལ་བསྐུར་བས༔ སྣ་ཚོགས་རྟོག་པའི་སྒྲིབ་ཀུན་དག༔ དབུལ་སེལ་འདོད་འབྱུང་དབང་ཐོབ་ཤོག༔ བཛྲ་མ་མ་ཀཱི་ཏྲཾ་བཱ་སུ་དྷ་རཱི་གུརྣ་ཨ་བྷི་ཥིཉྩ་ཧཱུྃ༔ དྲིལ་བུ་སློབ་བུའི་ལག་གཡོན་བཞག༔ དཀུ་ལ་བརྟེན་ནས་ལན་གསུམ་དཀྲོལ༔ ཧྲཱིཿ རྟོག་པ་མེད་ལས་ཆོས་ཀྱི་སྒྲ༔ གདུལ་བྱའི་མཐུན་སྣང་བཞིན་སྟོན་པའི༔ གསུང་གི་རྗེས་གནང་འདི་བྱིན་པས༔ ལས་ཉོན་ངག་གི་སྒྲིབ་པ་དག༔ ཚངས་དབྱངས་དྲུག་ཅུའི་དཔལ་ཐོབ་ནས༔ གང་སྨྲས་འགྲོ་ལ་ཕན་པར་ཤོག༔ ཧྲཱིཿར་ག་ར་ཏི་ཛྙཱ་ན་པུནྡྷ་བཱ་སུ་དྷ་རཱི་ཝཀྐ་ཨ་བྷི་ཥིཉྩ་ཧྲཱིཿ ཕྲིན་ལས་གཏོར་མའི་རྗེས་གནང་ནི༔ སྤྱི་བོར་གཞག་ཅིང་ཚིག་འདི་བརྗོད༔ ཧཱ༔ ཇི་ལྟར་མཁའ་ལས་འཇའ་ཚོན་བཞིན༔ སེམས་ཅན་བསམ་པའི་ཁྱད་པར་ལྟར༔ རྒྱལ་བའི་ཕྲིན་ལས་མི་བཟད་པ༔ གཏོར་མའི་རྗེས་གནང་འདི་བྱིན་པས༔ མཆོད་སྦྱིན་བཀག་པའི་ལས་སྒྲིབ་དག༔ ཅི་འདོད་འགྲོ་ལ་སྦྱིན་ནུས་པའི༔ དཔལ་ཡོན་ཁྱོད་ཀྱི་ཐོབ་པར་ཤོག༔ ཏཱཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་བ་སུ་དྷ་རི་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ རྡོ་རྗེ་ཐུགས་ཀྱི་རྗེས་གནང་ནི༔ སྙིང་གར་བཞག་ཅིང་བརྡ་དོན་སྤྲད༔ ཧཱུྃ༔ སེམས་ཀྱི་རང་བཞིན་སྤྲོས་དང་བྲལ༔ དེ་ཉིད་རྟོགས་པས་དགོས་འདོད་འབྱུང་༔ ཐུགས་ཀྱི་རྗེས་གནང་འདི་བྱིན་པས༔ རློམ་སེམས་སེར་སྣའི་སྒྲིབ་པ་དག༔ སྨོན་འཇུག་བྱང་ཆུབ་སེམས་གཉིས་འབྱུང་༔ རྒྱལ་བའི་ཐུགས་ཀྱི་དབང་ཐོབ་ཤོག༔ བུདྡྷ་ལོ་ཙཱ་ནི་ཛྙཱ་ན་ཝརྡྷ་བཱ་སུ་དྷ་རཱི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་རིགས་ཀྱི་ཡུམ་ལྔ་ལས༔ དབྱིངས་ཕྱུག་མ་ཡི་རྗེས་གནང་ནི༔ སྐུ་གཟུགས་སློབ་བུའི་སྤྱི་བོར་བཞག༔ ཧཱུྃ༔ སེམས་དང་ནམ་མཁའ་གནས་དག་པའི༔ བདེ་གཤེགས་རིགས་ཀྱི་ཡུམ་མཆོག་མ༔ གཙོ་མོའི་རྗེས་གནང་འདི་བྱིན་པས༔ རྟོག་པ་མེད་ལས་འདོད་འབྱུང་གཏེར༔ ནམ་མཁའ་མཛོད་ལ་དབང་བསྒྱུར་ཤོག༔ མཱུཾ་དྷ་ཏུ་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྤྱན་མའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ གཟུགས་དང་ས་ཁམས་གནས་དག་པའི༔ རྡོ་རྗེ་རིགས་ཀྱི་ཡུམ་མཆོག་མ༔ སྤྱན་མའི་རྗེས་གནང་འདི་བྱིན་པས༔ མིག་གིས་མཐོང་བའི་འགྲོ་ཀུན་ལ༔ ཅི་འདོད་སྦྱིན་ནུས་དབང་ཐོབ་ཤོག༔ ཧཱུྃ་བུདྡྷ་ལོ་ཙཱ་ནི་ཨ་བྷི་ཥིཉྩ་ཧཱུྃ༔ མ་ཀཱིའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ ཚོར་བ་ཆུ་ཁམས་གནས་དག་པའི༔ རིན་ཆེན་རིགས་ཀྱི་ཡུམ་མཆོག་མ༔ བདག་ཉིད་མ་ཡི་རྗེས་གནང་གིས༔ སྐལ་ལྡན་ཁྱོད་ཀྱི་རྒྱུད་གྲོལ་ནས༔ མཚན་ཐོས་ཙམ་གྱིས་འགྲོ་བ་ཀུན༔ ཕོངས་པའི་འཇིགས་ལས་སྒྲོལ་ནུས་ཤོག༔ བཛྲ་མ་མཱ་ཀི་ཏྲཾ་ཨ་བྷི་ཥིཉྩ་ཧཱུྃ༔ གོས་དཀར་སྐུ་གཟུགས་སྤྱི་བོར་བཞག༔ ཧྲཱིཿ འདུ་ཤེས་མེ་ཁམས་གནས་དག་པའི༔ པདྨ་རིགས་ཀྱི་ཡུམ་མཆོག་མ༔ གོས་དཀར་རྗེས་གནང་འདི་བྱིན་པས༔ ཡིད་ལ་དྲན་པའི་སེམས་ཅན་རྣམས༔ མགོན་སྐྱབས་དཔུང་གཉེན་ནུས་པ་ཡི༔ དབང་འདི་ཁྱོད་ཀྱི་ཐོབ་པར་ཤོག༔ ཧྲཱིཿསནྡྷ་རེ་ཀ་ཛྙཱ་ན་ཝ་མེ་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་མའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ འདུ་བྱེད་རླུང་ཁམས་གནས་དག་པའི༔ ལས་ཀྱི་རིགས་ཀྱི་ཡུམ་མཆོག་མ༔ སྒྲོལ་མའི་རྗེས་གནང་འདི་སྦྱིན་པས༔ རླུང་གིས་རེག་པའི་སེམས་ཅན་ཀྱང་༔ ཕན་བདེའི་དཔལ་ལ་འགོད་ནུས་ཤོག༔ ས་མ་ཡཱ་ཏཱ་རེ་བཱི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་མོའི་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ བསྐལ་པ་དཔག་མེད་སྔོན་རོལ་ནས༔ བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་ཡི༔ ཡིད་བཞིན་འདོད་སྟེར་ནོར་རྒྱུན་མའི༔ གསང་གསུམ་རྗེས་གནང་འདི་བྱིན་པས༔ ལུས་ངག་ཡིད་ཀྱི་སྒྲིབ་དག་ནས༔ སྒོ་གསུམ་འགྲོ་བའི་དཔལ་དུ་ཤོག༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨ་བྷི་ཥིཉྩའི་སྔགས་ཀྱང་གདགས༔ སྔགས་ཕྲེང་སློབ་བུའི་ལག་ཏུ་བྱིན༔ སྔགས་རྣམས་རྗེས་ཟློས་ལན་གསུམ་བྱ༔ སློབ་བུས་ལུས་གནད་དྲང་པོར་བསྲང་༔ རླུང་གནད་སྟེང་འོག་ཁ་སྦྱོར་འཆང་༔ སེམས་གནད་སྤྲོས་པ་བྲལ་བ་ལས༔ རང་གདངས་འོད་གསལ་ལྷུན་གྱིས་གྲུབ༔ སྲིད་དང་ཞི་བའི་འདོད་འབྱུང་གཏེར༔ ནོར་རྒྱུན་ལྷ་མོའི་ཐུགས་དང་བསྲེ༔ ཐུགས་ཀྱི་རྗེས་གནང་ཟབ་མོ་འོ༔ རྣམ་སྲས་སྐུ་རྟེན་སྤྱི་བོར་བཞག༔ ཧཱུྃ༔ བདེ་གཤེགས་རིན་ཆེན་འབྱུང་གནས་ཉིད༔ གནོད་སྦྱིན་རྒྱལ་པོའི་སྐུ་རུ་སྤྲུལ༔ དྲན་པ་ཙམ་གྱིས་འདོད་འབྱུང་གཏེར༔ རྣམ་མང་ཐོས་སྲས་ངལ་བསོའི་བུས༔ བྱང་ཆུབ་བར་དུ་རྗེས་བཟུང་ནས༔ སྐལ་ལྡན་ཁྱོད་དང་འབྲལ་མེད་ཤོག༔ ཨོཾ་བཱཻ་ཤྲཱ་མ་ཎ་ཡཀྴ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ ནོར་ལྷ་བརྒྱད་ཀྱི་སྐུ་རྟེན་རྣམས༔ སྤྱི་བོར་བཞག་ནས་འདི་སྐད་བརྗོད༔ ཧོ༔ སྔོན་དུས་རྒྱལ་བའི་སྤྱན་སྔ་རུ༔ འགྲོ་ལ་ཕན་པར་དམ་བཅས་ཏེ༔ རླབས་ཆེན་ཚོགས་གཉིས་བསགས་པའི་མཐུས༔ བསྟན་འགྲོའི་དབུལ་བ་སེལ་བའི་ལྷ༔ ནོར་ལྷ་ཆེན་པོ་མཆེད་བརྒྱད་ཀྱི༔ རྗེས་གནང་ཟབ་མོ་འདི་སྦྱིན་པས༔ ཚེ་རབས་རྐུ་འཕྲོག་ལན་ཆགས་བྱང་༔ འཕགས་ལམ་ཡན་ལག་བརྒྱད་ལ་དབང་༔ བསྟན་འགྲོའི་དཔལ་དུ་འགྱུར་བར་ཤོག༔ ཨོཾ་བཱ་སུ་དྷ་རཱི་དེ་ཝ་ཨཥྚ་པུཥྚཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ རིན་ཆེན་སྣ་ལྔ་ལག་ཏུ་གཏད༔ ཧཱུྃ༔ གསེར་དངུལ་ཟངས་ལྕགས་བྱུ་རུ་དང་༔ དགོས་འདོད་འབྱུང་བའི་རིན་པོ་ཆེ༔ རྒྱལ་བའི་ཐུགས་བསྐྱེད་ལས་བྱུང་བའི༔ ནོར་གྱི་དམ་པ་འདི་སྦྱིན་པས༔ དཀོན་མཆོག་མཆོད་དང་ཉམ་ཐག་འགྲོའི༔ དབུལ་བའི་སྡུག་བསྔལ་སེལ་ནུས་ཤོག༔ ཨོཾ་བཱ་སུ་དྷ་རི་པཱཉྩ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཡིད་འོང་དྲི་ལྔ་ལག་ཏུ་སྦྱིན༔ བདེན་ཚིག་སྨོན་ལམ་འདི་བཞིན་བརྗོད༔ ཧོ༔ ཙནྡན་དཀར་དམར་ཨ་ཀ་རུ༔ ཛ་ཏི་ཡིད་འོང་ག་བུར་ཏེ༔ ཡིད་འཕྲོག་དྲི་ལྔ་འདི་བྱིན་པས༔ དབང་པོ་སྒོ་ལྔ་དང་འབྲེལ་བའི༔ མཐོང་ཐོས་དྲན་རེག་འགྲོ་བ་ཀུན༔ མངོན་མཐོའི་དཔལ་ལ་འགོད་ནུས་ཤོག༔ ཨོཾ་བཱ་སུ་དྷ་རི་དྲི་མ་དྷུ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ སྨན་སྣ་ལྔ་རྣམས་ལག་ཏུ་གཏད༔ ཧོ༔ ཚ་གྲང་འབྱུང་བ་འཁྲུག་པ་ལས༔ འདུ་བའི་ནད་རྣམས་སེལ་བའི་སྨན༔ འབྲས་བུ་གསུམ་དང་སླེ་ཏྲེས་དང་༔ དྲོད་སྨན་རྣམ་པ་ལྔ་སྦྱིན་པས༔ དུག་ལྔའི་ནད་ཀྱིས་གཟིར་བའི་འགྲོ༔ དད་དང་བརྩོན་འགྲུས་དྲན་པ་སོགས༔ སྟོབས་ལྔའི་དཔལ་ལ་འགོད་ནུས་ཤོག༔ ཨོཾ་བཱ་སུ་དྷ་རི་བྷཻ་ཥ་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ འབྲུ་སྣ་རྣམ་ལྔ་ལག་ཏུ་བྱིན༔ ཧོ༔ བཀྲེས་པའི་དབུལ་བ་འདོར་ནུས་པའི༔ ནས་འབྲས་གྲོ་དང་སྲན་མ་ཏིལ༔ འཕགས་པའི་ཐུགས་བསྐྱེད་ལས་བྱུང་བའི༔ འབྲུ་སྣ་ལྔ་པོ་འདི་གཏད་པས༔ བཀྲེས་ཕོངས་དབུལ་བའི་སེམས་ཅན་རྣམས༔ ཚད་མེད་ཐུགས་རྗེས་རྗེས་འཛིན་ཤོག༔ ཨོཾ་བཱ་སུ་དྷ་རི་ར་ས་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཀུན་གྱི་མཐའ་རྟེན་དུ༔ ཡོངས་སུ་རྫོགས་པའི་རྗེས་གནང་ནི༔ བདེ་གཤེགས་རིན་ཆེན་མང་གི་སྐུ༔ གསེར་མདོག་དར་གྱི་སྦུབས་སུ་གཞུགས༔ དེ་ཡི་སྔགས་བྱང་གསེར་བྲིས་དང་༔ རྣམ་རྒྱལ་མཆོད་རྟེན་རྣམ་པ་གསུམ༔ སློབ་བུའི་གནས་གསུམ་ལ་གཏུགས་ཏེ༔ ཨོཾ༔ ལུས་ཀྱི་སྐྱོན་སྤངས་མཚན་དཔེར་ལྡན༔ བདེ་གཤེགས་རིན་ཆེན་མང་གི་སྐུའི༔ རྗེས་གནང་དམ་པ་འདི་སྦྱིན་པས༔ ལུས་སྒྲིབ་དག་ནས་བསྐྱེད་རིམ་དབང་༔ བདེ་གཤེགས་སྐུ་ཡི་དཔལ་ཐོབ་ཤོག༔ བདེ་གཤེགས་མཚན་གྱི་སྔགས་ཤམ་དུ༔ ཀཱ་ཡ་ཨ་བྷི་ཥིཉྩ་གདགས༔ ཨཱཿ ངག་གི་སྐྱོན་སྤངས་ཚངས་དབྱངས་ལྡན༔ བདེ་གཤེགས་རིན་ཆེན་འབྱུང་ལྡན་གྱི༔ གསུང་གི་རྗེས་གནང་འདི་སྦྱིན་པས༔ ངག་གི་སྒྲིབ་དག་བཟླས་བརྗོད་དབང་༔ བདེ་གཤེགས་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཝཀྐ་གདགས༔ ཧཱུྃ༔ སེམས་ཀྱི་སྐྱོན་སྤངས་མཁྱེན་བརྩེར་ལྡན༔ ཆོས་ཀུན་གཟིགས་པ་རྒྱལ་བའི་ཐུགས༔ བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་རྫོགས༔ ཐུགས་ཀྱི་རྗེས་གནང་འདི་བྱིན་པས༔ སེམས་ཀྱི་སྒྲིབ་དག་རྫོགས་རིམ་དབང་༔ བདེ་གཤེགས་ཐུགས་ཀྱི་དཔལ་ཐོབ་ཤོག༔ རྩ་བའི་མཚན་སྔགས་ཤམ་བུ་རུ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་རྒྱལ་སྲིད་སྣ་བདུན་དང་༔ བཀྲ་ཤིས་རྫས་རྟགས་དག་ཀྱང་སྦྱིན༔ ཚིག་གི་ཁ་བསྒྱུར་གཞན་དུ་ཤེས༔ ས་མ་ཡཱ༔ བཞི་པ་དམ་ཚིག་བསྒྲག་པ་ནི༔ ཨེ་མ་ཧོ༔ སྐལ་བ་ལྡན་པའི་སློབ་བུ་རྣམས༔ བསྟན་དང་འགྲོ་བའི་དོན་ཆེད་དུ༔ དབུལ་སེལ་ནོར་ལྷ་བསྒྲུབ་འདོད་ན༔ རྐུ་འཕྲོག་ཚོང་དང་གཡོ་ཁྲམ་སྤོངས༔ ནོར་ལ་སེར་སྣས་མ་བཅིང་བར༔ བདེ་གཤེགས་སྐུ་དང་གསུང་རྟེན་བཞེངས༔ ཞིང་མཆོག་དགེ་འདུན་སྡེ་ལ་ཕུལ༔ འབྱུང་པོ་འཕྲོག་མ་གཏོར་མས་བརྔན༔ ཉམ་ཐག་འགྲོ་ལ་ཟས་སྐོམ་སྦྱིན༔ འབྱོར་ལྡན་ནོར་ལ་ཕྲག་དོག་སྤོངས༔ དེ་ལྟར་འབད་པས་བསྒྲུབ་པ་ན༔ མི་འདོད་བཞིན་དུ་ཟས་ནོར་འདུ༔ ཅི་འདོད་དཔལ་ཀུན་ནོར་ལྷས་སྟེར༔ དེ་ཕྱིར་སྙིང་ནས་དམ་བཅའ་ཟུང་༔ དེ་ལྟར་བསྒྲུབ་པར་ཁས་བླངས་པ༔ རྗེས་ཟློས་བྱ་ཞིང་སེམས་ལ་བཞག༔ ལྔ་པ་དགའ་སྟོན་ཅི་ནུས་བྱ༔ རྗེས་ཀྱི་རིམ་པ་འདི་ལྟ་སྟེ༔ དེ་ལྟར་དབང་ཞུས་བླ་མ་ལ༔ རྟག་ཏུ་བརྙས་པའི་སེམས་སྤོང་ཞིང་༔ སངས་རྒྱས་བྱང་སེམས་དངོས་སུ་བསྒོམ༔ ཉམ་ཐག་འགྲོ་བ་གང་མཐོང་ཡང་༔ སྙིང་རྗེའི་སེམས་ཀྱིས་སྦྱིན་གཏོང་བྱ༔ དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད༔ ཅེས་ནོར་རྒྱུན་ལྷ་མོའི་རྗེས་གནང་འདི་ཟབ་གསང་སྙིང་པོའི་དོན་ལ་སྤྱོད་པའི་སློབ་བུ་གཞན་ཕན་བཟང་པོས་བསྐུལ་ཞིང་སུག་བྲིས་བགྱིས་པ་རིག་འཛིན་ལུང་རིག་གླིང་པས་སྙིང་མཛོད་སྨུག་པོའི་སྒྲོམ་ནས་ལེགས་པར་བསྩལ་པ་འགྲོ་རྣམས་དབུལ་བའི་འཇིགས་པ་བསལ་ཏེ་ཏ་ཐཱ་ག་ཏ་རཏྣ་སམ་བྷའི་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ལ་དབང་འབྱོར་བར་ཤོག་ཅིག༔ མངྒ་ལམ༔

གཏེར་བུམ་སྒྲུབ་ཐབས་འབྱུང་བའི་བཅུད་བསྡུས།

ནོར་རྒྱུན་ལྷ་མོའི་ཐུགས་སྒྲུབ་ལས༔ གཏེར་བུམ་སྒྲུབ་ཐབས་འབྱུང་བའི་བཅུད་བསྡུས་བཞུགས་སོ༔

འགྲོ་བའི་དབུལ་བ་སེལ་མཛད་པ༔ ནོར་རྒྱུན་ལྷ་མོའི་ཞབས་ལ་འདུད༔ སྙིགས་དུས་འགྲོ་བ་བསོད་ནམས་དམན༔ སྡིག་སྤྱོད་ལྷ་ཀླུ་འཁྲུགས་པ་ཡིས༔ ཆར་ཆུ་ལོ་འབྲས་དུས་མི་སྨིན༔ ཟས་གོས་བཅུད་མེད་ལྟོགས་ཤིང་འགོང་༔ མི་རྣམས་སེམས་ཞུམ་སྡུག་བསྔལ་མནར༔ དེ་ཚེ་བྱང་ཆུབ་སེམས་ལྡན་པས༔ གདམས་པ་ཟབ་མོ་འདི་ལ་འབད༔ ས་མ་ཡཱ༔ གཟའ་སྐར་ལེགས་པའི་དུས་སྦྱོར་ལ༔ ཡིད་དང་མཐུན་པའི་གནས་དལ་དུ༔ དཀྱིལ་འཁོར་གཞུང་བཞིན་ལེགས་བཀོད་དེ༔ མདུན་དུ་དར་རས་དཀར་པོའི་གདན༔ གྲུ་བཞི་འདབ་བརྒྱད་བྲིས་པའི་སྟེང་༔ ནས་དང་འབྲས་ཀྱི་ཚོམ་བུ་བཀོད༔ རབ་ལ་ལྕགས་ཀྱི་བུམ་པ་བྱ༔ འབྲིང་དུ་ཟངས་འཁར་ཐ་མ་ས༔ སྙིམ་པ་བཅོ་བརྒྱད་ཤོང་པ་འམ༔ ཡང་ན་དགུ་བདུན་ཙམ་གྱི་སྣོད༔ གས་ཆག་མེད་པ་ཚོན་གྱིས་བྱུག༔ བཀྲ་ཤིས་རྟགས་བརྒྱད་རི་མོ་བྱ༔ ནང་དུ་རྫས་སྣ་གཞུག་པ་ནི༔ བླ་མ་པདྨ་འབྱུང་གནས་དང་༔ ཡི་དམ་སྒྲུབ་སྡེ་བརྒྱད་ཀྱི་ལྷ༔ མཁའ་འགྲོ་སྒྲོལ་མ་ཉེར་གཅིག་དང་༔ ནོར་ལྷ་ཡབ་ཡུམ་བརྒྱད་ཀྱི་སྔགས༔ ཛམ་དཀར་སེར་དམར་ཁྱད་པར་དུ༔ ནོར་རྒྱུན་ལྷ་མོའི་སྔགས་མང་བྲི༔ རང་གིས་གང་བརྟེན་ཆོས་སྐྱོང་གི༔ གཟུངས་མཐར་སྦྱིན་བདག་འདི་ཞེས་ལ༔ ནོར་གྱི་དངོས་གྲུབ་སྩོལ་ཅིག་ཅེས༔ འདོད་གསོལ་ཤིས་བརྗོད་དང་བཅས་པ༔ གསེར་དངུལ་རྒྱ་མཚལ་སྣག་ཚས་བྲིས༔ ལྷ་ཤིང་སྲོག་རྟེན་སྣོད་ཀྱི་ཚད༔ མགོ་མཇུག་མ་ནོར་དར་སྣས་དྲིལ༔ རྒྱ་བོད་གནས་ཆེན་རྣམས་ཀྱི་ས༔ གསེར་དངུལ་ཟངས་ལྕགས་པད་རག་གཡུ༔ མེ་ཤེལ་ཆུ་ཤེལ་དར་སྣ་ལྔ༔ ག་བུར་ཛ་ཏི་སླེ་ཏྲེས་དང་༔ གུར་གུམ་ཙནྡན་དཀར་དང་དམར༔ འབྲས་བུ་གསུམ་དང་སྙིང་ཞོ་ཤ༔ ཀླུ་སྨན་སྣ་ཚོགས་གཡང་ཅན་རྫས༔ དཀར་གསུམ་དེ་བཞིན་ཤིང་ཐོག་རིགས༔ ཕྱུག་པོའི་ཞིང་ས་རྒྱལ་པོའི་ནོར༔ གཡང་ནོར་སྤུ་དང་ནས་འབྲས་གྲོ༔ ལེགས་པར་གཏམས་ཏེ་དར་སྣ་ལྔས༔ སྟེང་ནས་དགབ་ཅིང་དམ་པོར་བྱ༔ གུ་གུལ་བདུག་ཅིང་ཡུངས་ཐུན་བྲབ༔ བསེ་རག་འགོང་པོར་ལན་ཆགས་སྦྱིན༔ དཀོན་མཆོག་བདེན་པས་བཀའ་ཡང་བསྒོ༔ སྔགས་དམིགས་མཚམས་བཅད་དྲག་ཏུ་བྱ༔ ཕྱི་ནང་མཆོད་རྫས་གཡང་རྟེན་སོགས༔ གང་ཡོད་ལེགས་པར་བཀྲམ་བྱས་ནས༔ ཆོ་ག་སྒྲུབ་ཅིང་བསྙེན་པ་གཏོང་༔ སྐབས་སུ་གཏེར་བུམ་བསང་བྱས་ཏེ༔ ལྷ་དང་ལྷ་མིན་ཅོན་པཎ་གྱིས༔ སོགས། ཡུམ་ལ་ཕྱག་འཚལ་བསྟོད༔ ཕྱག་འཚལ་ས་གཞི་སྐྱོང་བའི་སོགས༴ཤྭ་ལོ་ཀ་ལན་བདུན་བརྗོད༔ མཆན། སྭ་བྷ་ཝའི་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་བྷྲུཾ་ཡིག་སྔོན་པོ་ལས༔ བཻཌཱུར་བུམ་པ་མཚན་ཉིད་ཚང་བའི་ནང་༔ ཡངས་ཤིང་རྒྱ་ཆེ་ནོར་ལྷ་བཞུགས་པའི་གནས༔ རིན་ཆེན་སྣ་ལྔའི་ཕོ་བྲང་བཀོད་ལེགས་དབུས༔ འདོད་འབྱུང་བུམ་པ་པདྨ་ཉི་ཟླའི་སྟེང་༔ སྐད་ཅིག་དྲན་རྫོགས་ལྷ་མོ་ནོར་རྒྱུན་མ༔ འཛམ་བུའི་གསེར་མདོག་ཞི་འཛུམ་སྒེག་ཅིང་འགྱིང་༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བཞེངས་པའི་སྟབས༔ སྐུ་སྟོད་དར་སྔོན་སྟོད་གཡོགས་གསེར་རིས་ཅན༔ སྨད་དཀྲིས་འཇའ་ཁྲ་ནོར་བུའི་སྐ་རགས་བསྡམས༔ མུ་ཏིག་མགུལ་རྒྱན་རིན་ཆེན་འཕྱང་འཕྲུལ་གཡོ༔ གསེར་གྱི་པྲོག་ཞུ་གཡུ་སྔོན་ཕྲ་ཚོམ་སྤྲས༔ ཕྱག་གཡས་འབྲས་ཀྱི་སྙེ་མ་འབྲུ་ཆར་འབེབས༔ ཕྱག་གཡོན་གཏེར་བུམ་སྣ་ཚོགས་ནོར་བུས་གཏམས༔ ཞལ་ནས་རྟག་ཏུ་སྦྱིན་ཞེས་ཆོས་སྒྲ་སྒྲོག༔ མདུན་དུ་བཻ་ལས་རྒྱལ་པོ་རྣམ་ཐོས་སྲས༔ བཙོ་མ་གསེར་གྱི་མདངས་ཕྲོག་དགྱེས་པའི་ཉམས༔ འཛུམ་པའི་སྤྱན་གྱིས་འཕགས་མའི་ཞལ་ལ་བལྟ༔ ཟ་འོག་བེར་བརྩེགས་དར་གོས་ལྷབ་ལྷུབ་གསོལ༔ རིན་ཆེན་པྲོག་ཞུ་གདུ་བུ་སྙན་རྒྱན་འཁྲོལ༔ གནག་སྣུམ་དབུ་སྐྲའི་ལྕང་ལོ་མུ་ཏིག་རྒྱན༔ ཕྱག་གཡས་རྒྱལ་མཚན་གཡོན་པས་ཡིད་བཞིན་ནོར༔ ཞབས་གཉིས་ཕྱེད་སྐྱིལ་པད་ཟླའི་གདན་ལ་རོལ༔ གཙོ་མོའི་སྤྱི་བོར་པད་ཟླའི་གདན་གྱི་སྟེང་༔ རྒྱལ་ཀུན་ཡོན་ཏན་བདག་ཉིད་རིན་ཆེན་མང་༔ མཆོག་སྦྱིན་མཉམ་བཞག་སྤྲུལ་སྐུའི་ཆ་ལུགས་ཅན༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ ཡབ་ཡུམ་མཐའ་བསྐོར་ཕྱོགས་མཚམས་བརྒྱད་པོ་རུ༔ ཛཾ་བྷ་ལ་དང་གང་བ་བཟང་པོ་དང་༔ མ་ཎི་བྷ་དྲ་གནོད་སྦྱིན་ཡང་དག་ཤེས༔ ཀུ་བེ་ར་དང་འབྲོག་གནས་ལྔ་རྩེན་དང་༔ འཇམ་པོ་འཁྱིལ་བ་རང་རང་ཡུམ་དང་བཅས༔ དཀར་སེར་དམར་ལྗང་སྔོ་མཐིང་གཟི་འོད་འབར༔ དར་སྣའི་ན་བཟའ་ནོར་བུའི་རྒྱན་ཆ་བརྗིད༔ ཕྱག་མཚན་སྣ་ཚོགས་འདོད་རྒུའི་གཏེར་ཆེན་པོ༔ བསྟན་དང་འགྲོ་བའི་དབུལ་བ་སེལ་བའི་ལྷ༔ ཀླུ་ཆེན་བརྒྱད་དང་ཚོགས་བདག་གླང་པོའི་གདོང་༔ ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས༔ དཀར་དམར་མཐིང་གསུམ་འོད་ཟེར་རབ་འཕྲོས་པས༔ དཔལ་ལྡན་ཞིང་དང་ལྕང་ལོ་ཅན་ལ་སོགས༔ དག་པའི་ཞིང་ཁམས་རབ་འབྱམས་ལེགས་བཞུགས་པའི༔ རིན་ཆེན་མང་སོགས་རྒྱལ་བ་སྲས་དང་བཅས༔ ངལ་བསོས་བུ་དང་འཕགས་མ་ནོར་རྒྱུན་མ༔ ནོར་ལྷ་རྒྱ་མཚོ་བདེན་ཚིག་གྲུབ་པའི་ཚོགས༔ རང་བཞིན་དབྱིངས་ནས་ཐུགས་རྗེའི་སྟོབས་ཀྱིས་སྤྱོན༔ སྒྲུབ་རྫས་རྟེན་དང་གཉིས་སུ་མེད་པར་གྱུར༔ སྤྱན་འདྲེན་སྤོས་རོལ་དབྱངས་དང་བཅས༔ མོས་གུས་ཤུགས་ཕྱུང་འདི་སྐད་བརྗོད༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་བདེ་ཆེན་དག་པའི་ཞིང་༔ རིན་ཆེན་ཆར་འབེབས་དཔལ་དང་ལྡན་པ་ནས༔ བདེ་གཤེགས་རྒྱལ་ཀུན་སྤྱི་གཟུགས་རིན་ཆེན་མང་༔ སངས་རྒྱས་བྱང་སེམས་རྡུལ་སྙེད་འཁོར་གྱིས་བསྐོར༔ རྩེ་གཅིག་གདུང་བའི་བློ་ཡིས་སྤྱན་འདྲེན་ན༔ བརྩེ་ཆེན་ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ སྙིགས་མའི་འགྲོ་མགོན་ཨོ་རྒྱན་ཐོད་ཕྲེང་རྩལ༔ རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་སོགས༔ འགྲོ་བའི་དབུལ་སེལ་སྨོན་ལམ་ཐུགས་རྗེའི་གཏེར༔ རྩེ་གཅིག་མོས་པས་གནས་འདིར་སྤྱན་འདྲེན་ན༔ ཐུགས་བསྐྱེད་དམ་བཅའི་ཤུགས་ཀྱིས་གཤེགས་སུ་གསོལ༔ འདོད་འབྱུང་ཞིང་དང་ལྕང་ལོ་ཅན་གྱི་གནས༔ ནོར་རྒྱུན་ལྷ་མོ་རྒྱལ་པོ་རྣམ་ཐོས་སྲས༔ ནོར་ལྷ་མཆེད་བརྒྱད་གྲོགས་བྱེད་ལྷ་མོ་བརྒྱད༔ ཀླུ་ཆེན་བརྒྱད་སོགས་གཏེར་བདག་ཕན་བྱེད་ལྷ༔ མ་ལུས་ལུས་པ་མེད་པའི་ཚོགས་རྣམས་ཀུན༔ དབུལ་བས་ཉམ་ཐག་བདག་གཞན་འགྲོ་དོན་དུ༔ མོས་པས་ཤུགས་ཕྱུང་མཐུན་པའི་རྫས་བསགས་ཏེ༔ གདུང་བའི་དབྱངས་ཀྱིས་གནས་འདིར་སྤྱན་འདྲེན་ན༔ སྒྲིབ་མེད་མཁྱེན་པའི་སྤྱན་གྱིས་ཉེར་གཟིགས་ནས༔ ཚད་མེད་ཐུགས་རྗེ་ཆེན་པོས་རྒྱུད་བསྐུལ་ཏེ༔ ཉམ་ཐག་དབུལ་བའི་འགྲོ་ལ་ཉེར་དགོངས་ནས༔ ཐུགས་བསྐྱེད་དམ་བཅའི་སྟོབས་ཀྱིས་གཤེགས་སུ་གསོལ༔ ནོར་ལྷ་འཁོར་བཅས་གནས་འདིར་གཤེགས་པའི་ཚེ༔ སྣ་ཚོགས་དར་སྣའི་ཅོད་པཎ་ལྷུབས་སེ་ལྷུབ༔ རིན་ཆེན་མུ་ཏིག་རྒྱན་ཕྲེང་སི་ལི་ལི༔ སྣ་ཚོགས་འབྲུ་ཡི་ཆར་འབེབས་ཉི་ལི་ལི༔ ཕྱག་ཞབས་གསེར་གཡུའི་གདུ་བུ་ཁྲོ་ལོ་ལོ༔ ག་བུར་ཙནྡན་དྲི་ཞིམ་ཐུ་ལུ་ལུ༔ ཅང་ཤེས་ཞོན་པའི་གོམ་སྟབས་ཁྲབས་སེ་ཁྲབ༔ ནོར་ལྷ་དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ རོལ་མོ་སྣ་ཚོགས་སྒྲ་སྐད་དི་རི་རི༔ དབུལ་འདྲེ་ཚར་གཅོད་ཧཱུྃ་སྒྲ་སངས་སེ་སང་༔ བདག་དང་སྒྲུབ་རྫས་རྟེན་དང་བརྟེན་པར་བཅས༔ ནོར་ལྷ་རྒྱ་མཚོའི་གནས་དང་ཡོ་བྱད་དང་༔ འཕགས་མའི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ གུ་རུ་དེ་ཝ་ཌཀྐི་ནི་བ་སུ་དྷ་རི་བཻ་ཤྲ་མ་ཎ་ག་ན་པ་ཏི་མ་ཎི་དྷ་ར་ཨ་བེ་ཤ་ཡ་ཕེཾ་ཕེཾ༔ བཛྲ་ས་མ་ཛ་ཛ༔ དེ་ནས་རྟེན་ལ་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ བྷྲུཾ་ལས་བྱུང་བའི་གཏེར་བུམ་གཞལ་ཡས་སུ༔ དམིགས་པས་བསྐྱེད་པའི་ནོར་ལྷ་རྒྱ་མཚོའི་སྡེ༔ སྒྲུབ་པའི་སྔགས་བྱང་འབྱུང་བའི་གཡང་རྫས་ལ༔ འདུ་འབྲལ་མེད་པའི་ཚུལ་གྱིས་བཞུགས་སུ་གསོལ༔ སྔོན་ཚེ་འགྲོ་བའི་དོན་དུ་ཐུགས་བསྐྱེད་ནས༔ དབུལ་སེལ་གཏེར་དང་མུན་སེལ་སྒྲོན་མེ་རུ༔ ཐུགས་བསྐྱེད་དམ་བཅའ་སྨོན་ལམ་བཏབ་པ་རྣམས༔ དུས་འདིར་བརྩེ་བ་ཆེན་པོས་མ་དགོངས་ན༔ རང་དོན་འགྲུབ་པའི་རྫོགས་སངས་རྒྱས་རྣམས་ཀྱང་༔ གཞན་དོན་ཐུགས་བསྐྱེད་ཉམས་པར་མི་འགྱུར་རམ༔ དེ་ཕྱིར་གདུང་བའི་ང་རོ་འདིར་གསོན་ལ༔ རྣམ་པར་རྟོག་པ་མེད་ཀྱང་སྨོན་ལམ་མཐུས༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར༔ སྒྲུབ་པའི་རྟེན་རྫས་འདི་ལ་ལེགས་བཞུགས་ནས༔ བདག་ལ་རེ་ལྟོས་སྦྱིན་པའི་བདག་པོ་ལ༔ བཅུད་ཅན་ཟས་དང་བརྗིད་ལྡན་གོས་སྩོལ་ཅིག༔ གཡང་ཅན་ནོར་དང་རྒྱུད་འཛིན་པུ་ཏྲ་དང་༔ མཛའ་བའི་གཉེན་དང་བརྟེན་པའི་གནས་གཞི་དང་༔ ཡིད་འོང་སྐྱེད་མོའི་ཚལ་དང་འདོད་འབྱུང་གཏེར༔ ཡིད་བཞིན་འགྲུབ་པའི་དངོས་གྲུབ་མཆོག་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཀྐི་ནི་བ་སུ་དྷ་རི་བཻ་ཤྲ་མ་ཎ་ག་ན་པ་ཏི་མ་ཎི་དྷ་ར་ཨཥྚ་བཛྲ་ས་མ་ཡཱ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་གུས་པས་ལྷ་ཕྱག་འཚལ་བ་ནི༔ ཧཱུྃ༔ གྲངས་མེད་བསྐལ་པ་མང་པོའི་སྔོན་རོལ་ནས༔ ཡང་དག་རྫོགས་པའི་སངས་རྒྱས་རིན་ཆེན་མང་༔ དྲན་པ་ཙམ་གྱིས་དབུལ་སེལ་འདོད་རྒུའི་གཏེར༔ བདག་གཞན་རེ་བ་སྐོང་ཕྱིར་གུས་ཕྱག་འཚལ༔ དེ་ཡི་སྤྱན་སྔར་ཐུགས་བསྐྱེད་དམ་བཅས་ནས༔ ཟས་གོས་ནོར་གྱིས་ཕོངས་པའི་སེམས་ཅན་ལ༔ ཅི་འདོད་དངོས་གྲུབ་སྟེར་བའི་ནོར་གྱི་ལྷ༔ འཕགས་མ་ནོར་རྒྱུན་དབང་མོར་གུས་ཕྱག་འཚལ༔ ས་བརྒྱད་ཐོབ་ཀྱང་འགྲོ་བའི་དབུལ་སེལ་ཕྱིར༔ གནོད་སྦྱིན་དབང་པོའི་སྲས་སུ་སྐུར་བཞེངས་ནས༔ འཛམ་བུའི་གླིང་གི་སེམས་ཅན་ལེགས་སྐྱོང་བའི༔ རྒྱལ་ཆེན་རྣམ་ཐོས་སྲས་ལ་གུས་ཕྱག་འཚལ༔ བདེ་གཤེགས་སྤྱན་སྔར་ཉེ་བའི་སྲས་ཆེན་བརྒྱད༔ གདུལ་བྱའི་དབང་གིས་ནོར་ལྷ་བརྒྱད་དུ་སྤྲུལ༔ སེམས་མ་ཆེན་མོ་དཔལ་ལྡན་བཀྲ་ཤིས་མ༔ ཡབ་ཡུམ་སྤྲུལ་པར་བཅས་ལ་གུས་ཕྱག་འཚལ༔ གཞན་ཡང་འགྲོ་བའི་ཁ་རྗེ་དབང་ཐང་དང་༔ ཚེ་དང་བསོད་ནམས་ཉམས་པ་གསོ་བའི་ལྷ༔ ཉི་ཟླ་ཚངས་པ་རྒྱུ་སྐར་ཉི་ཤུ་བརྒྱད༔ རྒྱལ་ཆེན་བཞི་དང་བཅས་ལ་གུས་ཕྱག་འཚལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཀྐི་ནི་བ་སུ་དྷ་ར་བཻ་ཤྲ་མ་ཎ་ག་ན་པ་ཏི་མ་ཎི་དྷ་ར་ཨཥྚ་ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ དེ་ནས་ཕྱི་ནང་མཆོད་པ་འབུལ་བ་ནི༔ ཨེ་མ་ཧོ༔ བདེ་གཤེགས་རིན་ཆེན་མང་དང་ནོར་རྒྱུན་མ༔ རྣམ་ཐོས་སྲས་པོ་ནོར་ལྷ་ཡབ་ཡུམ་བརྒྱད༔ ཀླུ་ཆེན་མཆེད་བརྒྱད་ཚོགས་བདག་གླང་པོའི་གདོང་༔ ནོར་ལྷ་རྒྱ་མཚོ་འཁོར་དང་བཅས་པ་ལ༔ རྙོག་མེད་ཡིད་འོང་ཞབས་བསིལ་མཆོད་པ་འབུལ༔ འདབ་ལྡན་དྲི་ཞིམ་མེ་ཏོག་མཆོད་པ་འབུལ༔ ཙནྡན་ག་བུར་སྤོས་ཀྱི་མཆོད་པ་འབུལ༔ མ་རིག་མུན་སེལ་སྒྲོན་མེའི་མཆོད་པ་འབུལ༔ བཟང་པོའི་དྲི་ཆབ་བྱུག་པའི་མཆོད་པ་འབུལ༔ རོ་བརྒྱ་ལྡན་པའི་ཞལ་ཟས་མཆོད་པ་འབུལ༔ འབུད་དཀྲོལ་སྙན་འཇེབ་རོལ་མོའི་མཆོད་པ་འབུལ༔ རྒྱལ་སྲིད་རིན་ཆེན་བདུན་གྱི་མཆོད་པ་འབུལ༔ གདུགས་སོགས་བཀྲ་ཤིས་རྟགས་བརྒྱད་མཆོད་པ་འབུལ༔ མི་དབང་རིན་ཆེན་བདུན་གྱི་མཆོད་པ་འབུལ༔ ཡིད་འོང་བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ༔ སྒེག་སོགས་ལྷ་མོ་བཅུ་དྲུག་མཆོད་པ་འབུལ༔ འདོད་འབྱུང་རིན་ཆེན་གཏེར་བུམ་མཆོད་པ་འབུལ༔ གསེར་དངུལ་རིན་ཆེན་སྣ་ལྔའི་མཆོད་པ་འབུལ༔ འདུ་བའི་ནད་སེལ་སྨན་ལྔའི་མཆོད་པ་འབུལ༔ བཀྲེས་པའི་གདུང་སེལ་འབྲུ་ལྔའི་མཆོད་པ་འབུལ༔ བཟང་པོའི་ངད་ལྡན་དྲི་ལྔའི་མཆོད་པ་འབུལ༔ ཚ་གྲང་གདུང་སེལ་གོས་ཀྱི་མཆོད་པ་འབུལ༔ གཞན་ཡང་བདག་ཏུ་བཟུང་དང་མ་བཟུང་བའི༔ རི་རབ་གླིང་བཞི་ཉི་ཟླ་གཟའ་སྐར་དང་༔ དཔག་བསམ་ཤིང་དང་འདོད་འབྱུང་མ་ཎི་ཀ༔ སྐྱེད་མོས་ཚལ་དང་ཁང་བཟང་འདོད་འཇོའི་བ༔ ཁྲུས་ཀྱི་རྫིང་བུ་མ་རྨོས་ལོ་ཏོག་དང་༔ གཏེར་གྱི་བུམ་པ་སྲིད་ཞིའི་འབྱོར་བའི་ཚོགས༔ བློ་ཡིས་བླངས་ཏེ་དཀྱིལ་འཁོར་ལྷ་ལ་འབུལ༔ དགྱེས་པར་བཞེས་ནས་བདག་གཞན་འགྲོ་བ་ལ༔ ཟས་གོས་ནོར་དང་ཆོས་སྲིད་ལེགས་རྒུའི་དཔལ༔ ཡིད་ལ་གང་འདོད་རེ་བ་བསྐང་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཀྐི་ནི་བ་སུ་དྷ་ར་བཻ་ཤྲ་མ་ཎ་ག་ན་པ་ཏི་མ་ཎི་དྷ་ར་ས་པཱ་རི་ཝ་ར་ཨརྒྷཾ་སོགས་ནས་ཤཔྟ་སཔྟ་མ་ཧཱ་རཏྣ་ཨཥྚ་མངྒ་ལཾ་པུ་ཙ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡཱ་ཨཱ་ཧཱུྃ༔ གསང་གསུམ་ཡོན་ཏན་རྗེས་དྲན་བསྟོད་པ་ནི༔ ཨེ་མ་ཧོ༔ མཐའ་ཡས་རྒྱལ་བ་ཀུན་གྱི་ཐུགས་རྗེ་ལས༔ མཐའ་ཡས་འགྲོ་བའི་དབུལ་བ་སེལ་བའི་ལྷ༔ མཐའ་ཡས་ཡོན་ཏན་ཀུན་ལ་དབང་འབྱོར་བའི༔ མཐའ་ཡས་རྒྱལ་ཡུམ་འཕགས་མ་ཁྱོད་ལ་བསྟོད༔ གྲངས་མེད་བསྐལ་མང་བྱ་དཀའི་སྤྱོད་པ་ཡིས༔ འཛད་མེད་སྦྱིན་པའི་སྒོ་འཕར་རབ་ཕྱེ་ནས༔ རབ་དགའ་ལ་སོགས་ས་ལམ་ཡོན་ཏན་ཀུན༔ ཡོངས་རྫོགས་ནོར་རྒྱུན་ལྷ་མོ་ཁྱོད་ལ་བསྟོད༔ སྐུ་ཡི་རང་བཞིན་ངོ་མཚར་མཚན་དཔེས་སྤྲས༔ གསུང་གི་བདག་ཉིད་ངོ་མཚར་ཚངས་པའི་དབྱངས༔ ཐུགས་མཆོག་རྟོག་བྲལ་ངོ་མཚར་མཁྱེན་བརྩེའི་དཔལ༔ གསང་གསུམ་ཡོན་ཏན་ངོ་མཚར་དྲན་པས་བསྟོད༔ བདེ་གཤེགས་རིན་ཆེན་མང་གི་ཐུགས་རྗེས་འཕྲུལ༔ འདོད་རྒུའི་ཆར་འབེབས་རྒྱལ་པོ་རྣམ་ཐོས་སྲས༔ ནོར་ལྷ་མཆེད་བརྒྱད་ཡབ་ཡུམ་ཚོགས་ཀྱི་བདག༔ འགྲོ་བའི་རེ་སྐོང་ནོར་ལྷའི་ཚོགས་ལ་བསྟོད༔ དེ་ནས་རང་གི་ཉེས་ལྟུང་བཤགས་པ་ནི༔ ཀྱེ་མ་དགོངས་ཤིག་ནོར་ལྷ་རྒྱ་མཚོའི་ཚོགས༔ བདག་གི་ཐོག་མ་མེད་ནས་ད་ལྟའི་བར༔ སེར་སྣའི་དབང་གིས་མཆོད་སྦྱིན་ལས་ལ་གཡེལ༔ འདོད་པའི་དབང་གིས་གཞན་གྱི་ནོར་རྫས་བརྐུས༔ ཆོག་ཤེས་མེད་པར་དཀོན་མཆོག་དཀོར་ལ་འབག༔ མི་དགེའི་རྒྱུ་ལས་འབྲས་བུ་མངོན་དུ་སྨིན༔ ཟས་གོས་མི་འབྱོར་ཡོ་བྱད་ནོར་དང་བྲལ༔ ཤིན་ཏུ་ཉམ་ཐག་འབྱོར་ལྡན་གཞན་གྱིས་བརྙས༔ སྐྱབས་མགོན་གཞན་ལ་རེ་ལྟོས་མི་འཆའ་བས༔ ཐུགས་རྗེས་དགོངས་ཤིག་འཕགས་མ་ནོར་རྒྱུན་མ༔ མཐུན་པའི་རྫས་བསགས་སྒྲུབ་པའི་རྟེན་དུ་བཙུགས༔ ལུས་ནི་ལྷར་གསལ་ངག་གིས་སྙིང་པོ་བཟླས༔ ཡིད་ཀྱི་དམིགས་པས་ཏིང་འཛིན་འཕྲོ་འདུ་གསལ༔ འདི་ལྟར་འབད་པའི་དོན་འབྲས་མ་མཆིས་ན༔ ནོར་ལྷ་ཁྱེད་རྣམས་ཐུགས་བསྐྱེད་ཇི་ལྟར་མཛད༔ སྨོན་ལམ་འགྲོ་བའི་དོན་ལས་གཞན་ཅི་ཞིག༔ དེ་ཕྱིར་བདག་གི་བཤགས་པ་དེང་བཞེས་ན༔ ལས་ཀྱི་སྒྲིབ་པ་མ་ལུས་བྱང་བ་དང་༔ དམ་ཆོས་སྒྲུབ་པའི་མཐུན་རྐྱེན་ཟས་གོས་ནོར༔ འབད་མེད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ དེ་ནས་དམིགས་པའི་འཕྲོ་འདུ་ནི༔ བསྒྲུབ་རྫས་ལྷར་གསལ་འཕགས་མའི་ཐུགས་ཀ་རུ༔ པད་ཟླའི་གདན་ལ་བཾ་ཡིག་གསེར་མདོག་མཐར༔ སྔགས་ཀྱིས་གཡས་བསྐོར་དེ་ལས་འོད་ཟེར་འཕྲོས༔ རྒྱལ་ཆེན་ཐུགས་སྲོག་བཻ་ཡིག་རང་མདོག་མཐར༔ རང་སྔགས་གཡོན་བསྐོར་ལ་ཕོག་ཐུགས་རྒྱུད་བསྐུལ༔ གཉིས་ཀའི་འོད་ཀྱིས་ཕྱི་སྣོད་འབྱུང་བ་བཞིའི༔ བཀྲག་མདངས་གཟི་བརྗིད་ནང་བཅུད་སེམས་ཅན་གྱི༔ ཚེ་དཔལ་བསོད་ནམས་འོད་ལྔའི་རྣམ་པར་བསྡུས༔ བདག་དང་བསྒྲུབ་རྫས་རྟེན་ལ་ཐིམ་པར་བསམ༔ དང་པོ་ཡུམ་སྔགས་སྟོང་རྩ་བཟླ༔ ཨོཾ་བ་སུ་དྷ་རི་སྭཱ་ཧཱ༔ དེ་རྗེས་ཡབ་སྔགས་སྟོང་རྩ་བཟླ༔ ཨོཾ་བཻ་ཤྲཱ་མ་ཎ་སྭཱ་ཧཱ༔ དེ་ནས་གཙོ་འཁོར་ཐམས་ཅད་ཀྱི༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཡབ་བརྒྱད་ཐུགས་ཀར་ཛཾ་ཡིག་བརྒྱད༔ ཡུམ་བརྒྱད་ཐུགས་ཀར་བཾ་ཡིག་བརྒྱད༔ རང་མདོག་སྔགས་ཀྱི་ཕྲེང་བ་ནི༔ ཡུམ་རྣམས་གཡས་ལ་ཡབ་རྣམས་གཡོན༔ འོད་ཟེར་ཕྲེང་ཐག་རབ་འཁོར་བས༔ སྲིད་དང་ཞི་བའི་ཕྱྭ་གཡང་ཀུན༔ བདག་མདུན་རྫས་ལ་ཐིམ་པ་ཡིས༔ གནས་ཁང་བང་མཛོད་མ་ལུས་པ༔ ཞིམ་དགུའི་ཟས་དང་མངར་རྒུའི་སྐྱེམས༔ སྲབ་འཇམ་གོས་དང་གཡང་ཅན་ནོར༔ མཁའ་དབྱིངས་སྤྲིན་ལས་ཆར་ལྟར་བབ༔ གསེར་འཛིན་གཞི་ལས་རླུང་ལྟར་འཐིབས༔ བར་སྣང་ཉི་ཟེར་རྡུལ་ལྟར་འཚུབས༔ བཀྲེས་སྐོམ་དབུལ་བ་རྒྱུན་བཅད་ནས༔ ལོངས་སྤྱོད་དབྱར་གྱི་མཚོ་ལྟར་རྒྱས༔ བསོད་ནམས་ཚོགས་ཆེན་རྫོགས་པར་བསམ༔ ནོར་ལྷ་ཕོ་མོའི་སྔགས་རྣམས་ནི༔ གཞན་ལས་བྱུང་ལྟར་བརྒྱ་རྩ་བཟླ༔ སླར་ཡང་རྩ་གསུམ་ཡོངས་རྫོགས་དང་༔ སྲུང་མ་ནོར་ལྷའི་སྔགས་རྣམས་ནི༔ གཅིག་དྲིལ་འདི་ལ་ཐུན་དུ་བཟུང་༔ སྨྲ་བ་བཅད་དེ་ནན་ཏན་བསྐྱེད༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཀྐི་ནི་བ་སུ་དྷ་ར་བཻ་ཤྲ་མ་ཎ་མ་ཎི་དྷ་ར་ཨཥྚ་ག་ཎ་པ་ཏི་དྷརྨ་པ་ལ་བ་སུ་ན་ན་ཁ་དྷེ་ཝསྟྲ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལ་རྟགས་ཀྱི་རིམ་པ་ནི༔ གང་ཟག་རབ་ཀྱིས་དངོས་ཞལ་མཇལ༔ འབྲིང་ཉམས་ཐ་མ་རྨི་ལམ་དུ༔ བུད་མེད་བཟང་མོས་དཀར་གསུམ་སོགས༔ ཟས་གོས་སྦྱིན་དང་ལོ་ལེགས་དང་༔ འབྲུ་སྣ་གསེར་དངུལ་གཏེར་ཁ་རྙེད༔ ཉམས་དགའ་ཤེས་པ་རབ་ཏུ་དྭངས༔ ནོར་ལྷ་འགྲུབ་པའི་རྟགས་སུ་བཤད༔ དེ་ནས་མཆོད་བསྟོད་ཐུན་སྐབས་སུ༔ དངོས་གྲུབ་བསྐུལ་བའི་རིམ་པ་ནི༔ མདའ་དར་གཡབ་ཅིང་སྤོས་དུད་བདུག༔ གཡང་འགུགས་དེ་མཐར་འདི་བཞིན་བརྗོད༔ ཧོ༔ དགོངས་ཤིག་ཐུགས་རྗེའི་བདག་ཉིད་ནོར་རྒྱུན་མ༔ ཡེ་ཤེས་སྤྱན་གྱིས་གཟིགས་ཤིག་རིན་ཆེན་མང་༔ ཐུགས་བསྐྱེད་དུས་ལ་བབ་པོ་རྣམ་ཐོས་སྲས༔ མཐུན་པའི་གྲོགས་ལ་སྤྱོན་ཅིག་ནོར་ལྷ་བརྒྱད༔ འདོད་རྒུའི་དངོས་གྲུབ་སྩོལ་ཅིག་ཚོགས་ཀྱི་བདག༔ རྣལ་འབྱོར་དཀའ་བས་ལྷ་སྔགས་ཏིང་འཛིན་གསལ༔ མཐུན་པའི་རྫས་བསགས་བསྒྲུབ་པའི་ཆོ་ག་བརྩམས༔ ནོར་ལྷ་བསྒྲུབ་པའི་ཞག་གྲངས་དེ་རིང་ཚང་༔ བདེ་སྐྱིད་ལེགས་པའི་ཉི་མ་དེ་རིང་ཤར༔ མཚན་དཔེ་སྐུ་ཡི་དངོས་གྲུབ་ད་སྩོལ་ཅིག༔ བདག་གཞན་ལུས་ལ་བཀྲག་མདངས་བསྐྱེད་དུ་གསོལ༔ ཚངས་དབྱངས་གསུང་གི་དངོས་གྲུབ་ད་སྩོལ་ཅིག༔ བདག་གཞན་ངག་ལ་དབྱངས་སྙན་བསྩལ་དུ་གསོལ༔ མཁྱེན་བརྩེ་ཐུགས་ཀྱི་དངོས་གྲུབ་ད་སྩོལ་ཅིག༔ བདག་གཞན་སེམས་ལ་རྟོགས་པ་བསྐྱེད་དུ་གསོལ༔ བཅུད་ལྡན་ཟས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ མདངས་ལྡན་གོས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ གཡང་ནོར་ཕྱུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ འབྲུ་སྣ་རྫས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ རིན་ཆེན་འདོད་རྒུའི་དངོས་གྲུབ་བསྩལ་དུ་གསོལ༔ རྒྱུད་འཛིན་རིགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ ཐོས་བསམ་སྒོམ་པའི་དངོས་གྲུབ་བསྩལ་དུ་གསོལ༔ འཆད་རྩོད་རྩོམ་པའི་དངོས་གྲུབ་བསྩལ་དུ་གསོལ༔ མདོར་ན་སྲིད་དང་ཞི་བའི་དཔལ་འབྱོར་ཀུན༔ རྣམ་དཀར་བསོད་ནམས་བསགས་པའི་དགེ་འབྲས་དང་༔ ནོར་ལྷ་རྒྱ་མཚོའི་ཐུགས་རྗེས་རབ་བསྡུས་ནས༔ བདག་དང་སྦྱིན་བདག་རྣམས་ལ་བསྩལ་དུ་གསོལ༔ གོང་གི་རྩ་གསུམ་སྔགས་ཤམ་དུ༔ ཀཱ་ཡ་ཝཀྐ་ཙིཏྟ་གུརྞ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དང་གཙོ་མོའི་སྔགས་ཤམ་དུ༔ མ་མ་བ་སུ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་འདི་ཡང་ཅི་མང་བཟླ༔ དཀར་གསུམ་ཟས་ཀྱི་ཞལ་སྤྲོ་ཞིང་༔ གཏེར་བུམ་སྦྱིན་བདག་ལག་ཏུ་གཏད༔ དེ་ནས་རྗེས་ཀྱི་རིམ་པ་ལ༔ བུམ་པ་གང་དུ་སྦ་བའི་སར༔ ཁྱེར་ནས་ཡུལ་དེའི་གཞི་བདག་ལ༔ གཏོར་མ་ཆང་ཕུད་སྔགས་ཀྱིས་བསྔོ༔ ཕྲག་དོག་མ་བྱེད་བཀའ་ཡང་བསྒོ༔ འཇོར་གྱིས་ས་བྲུས་འདི་སྐད་བརྗོད༔ ཧཱུྃ༔ སྔོན་ཚེ་བདེ་གཤེགས་སངས་རྒྱས་ཀྱིས༔ བདུད་སྡེ་བཏུལ་བའི་དཔང་པོ་མཛད༔ དབང་ཆེན་ས་ཡི་མངའ་བདག་མོ༔ ས་ཡི་ལྷ་མོ་བསྟན་མ་དང་༔ ས་གཞི་ཁྱོན་ལ་དབང་བསྒྱུར་བའི༔ ས་བདག་དབང་ཆེན་འཁོར་བཅས་ཀྱིས༔ རིན་ཆེན་གཏེར་བུམ་སྦ་བ་ལ༔ ཐུགས་ཁྲེལ་ཀོ་ལོང་མ་མཛད་པར༔ བདག་དང་སྦྱིན་བདག་གྲོགས་མཛོད་ལ༔ ཉམ་ཐག་དབུལ་བའི་སྡུག་བསྔལ་ཅན༔ མགོན་མེད་བདག་ལ་བརྩེར་དགོངས་ནས༔ གཡང་བུམ་གཏེར་རྫས་བཞེས་སུ་གསོལ༔ འདི་ནས་སྐྱེ་བ་ཐམས་ཅད་དུ༔ འབྱོར་ལྡན་ནོར་གྱི་དངོས་གྲུབ་སྩོལ༔ ཅེས་པས་གསོལ་བ་བཏབ་པའི་རྗེས༔ ཞི་བརྔན་བསང་སོགས་གང་འཛོམ་བྱ༔ དེ་ནས་བུམ་པ་ལེགས་པར་སྦ༔ ཧཱུྃ་ཧོ༔ སྔོན་གྱི་དུས་ནས་བདེ་གཤེགས་སངས་རྒྱས་ཀྱིས༔ ཆོས་དབྱིངས་འགྱུར་བ་མེད་པའི་གཞལ་ཡས་སུ༔ རིན་ཆེན་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས༔ འགྲོ་བའི་རྒྱུད་ལ་སྐུ་བཞིའི་དངོས་གྲུབ་བྱུང་༔ ས་བཅུ་ཕ་རོལ་ཕྱིན་པའི་སེམས་དཔའ་ཡིས༔ ཀུན་གཞི་རྣམ་པར་དག་པའི་གཞལ་ཡས་སུ༔ སྨོན་འཇུག་བྱང་ཆུབ་སེམས་ཀྱི་གཏེར་སྦས་པས༔ སྲིད་ཞིའི་མཐའ་ལས་གྲོལ་བའི་དངོས་གྲུབ་བྱུང་༔ རི་བོ་པོ་ཊ་ལ་ཡི་གཞལ་ཡས་ནས༔ གངས་ཅན་ལྷ་མཆོག་སྤྱན་རས་གཟིགས་དབང་གིས༔ རིན་ཆེན་འབྲུ་སྣ་ལྔ་ཡི་གཏེར་ཆེན་སྦས༔ བོད་ཡུལ་དབུལ་ཕོངས་སེལ་བའི་དངོས་གྲུབ་བྱུང་༔ སྤྲུལ་པའི་ཞིང་ཁམས་དཔལ་གྱི་རི་བོ་ནས༔ འགྲོ་མགོན་སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས༔ རིན་ཆེན་ཆོས་ནོར་རྫས་ཀྱི་གཏེར་ཆེན་སྦས༔ འགྲོ་དྲུག་སྡུག་བསྔལ་སེལ་བའི་དངོས་གྲུབ་བྱུང་༔ དེ་བཞིན་དེ་རིང་རྣལ་འབྱོར་བདག་ཅག་གིས༔ སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བའི་ཆེད༔ གཟུངས་སྔགས་ཆོས་སྐུའི་རིང་བསྲེལ་གཏེར་སྦེད་དོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ དམ་ཆོས་མི་ཟད་གཏེར་དང་འཕྲད་པར་ཤོག༔ གནས་ཆེན་ས་སྣ་རྣམས་ཀྱི་གཏེར་སྦེད་དོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ རྟེན་གཞི་ཡུལ་འཁོར་མཆོག་དང་འཕྲད་པར་ཤོག༔ གསེར་དངུལ་རིན་ཆེན་ལྔ་ཡི་གཏེར་སྦེད་དོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ འདོད་རྒུའི་རིན་ཆེན་གཏེར་དང་འཕྲད་པར་ཤོག༔ ནད་སེལ་སྨན་སྣ་ལྔ་ཡི་གཏེར་སྦེད་དོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ འབྱུང་འཁྲུག་ནད་སེལ་སྨན་དང་འཕྲད་པར་ཤོག༔ ནས་འབྲས་འབྲུ་སྣ་ལྔ་ཡི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ བཀྲེས་སྐོམ་གདུང་སེལ་ཟས་དང་འཕྲད་པར་ཤོག༔ འབྲུ་བཅུད་སྙིང་པོ་ལྔ་ཡི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ སྙིང་པོ་མི་ཟད་གཏེར་དང་འཕྲད་པར་ཤོག༔ ཁ་དོག་ལྔ་ལྡན་དར་སྣའི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ ཚ་གྲང་གདུང་སེལ་གོས་དང་འཕྲད་པར་ཤོག༔ གཡང་ཅན་ཕྱུག་པོའི་ནོར་གྱི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ འབྱོར་ལྡན་མི་ཟད་གཏེར་དང་འཕྲད་པར་ཤོག༔ ཁ་དྲག་རྒྱལ་བློན་ཟས་ནོར་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ རིགས་ལྡན་མི་ཟད་གཏེར་དང་འཕྲད་པར་ཤོག༔ གསལ་བ་ལྷ་སྐུར་བསྒོམ་པའི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐུ་ཡི་དམ་ཚིག་ཉམས་པ་སོར་ཆུད་ནས༔ མི་ཟད་གཟུགས་སྐུས་འགྲོ་དོན་བྱེད་པར་ཤོག༔ བཟླས་པ་སྙིང་པོ་སྔགས་ཀྱི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ གསུང་གི་དམ་ཚིག་ཉམས་ཆག་སོར་ཆུད་ནས༔ མི་ཟད་གསུང་གིས་འགྲོ་དོན་མཐར་ཕྱིན་ཤོག༔ འགྱུར་མེད་ཏིང་འཛིན་ཐུགས་ཀྱི་གཏེར་སྦས་སོ༔ སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་བར༔ ཐུགས་ཀྱི་དམ་ཚིག་ཉགས་ཆག་སོར་ཆུད་ནས༔ འཕོ་མེད་ཐུགས་ཀྱིས་འགྲོ་དོན་མཐར་ཕྱིན་ཤོག༔ མི་ཟད་རིན་ཆེན་གཏེར་བུམ་འདི་སྦས་པས༔ བདག་གཅིག་མ་ཡིན་དབུལ་བའི་སེམས་ཅན་ཀུན༔ འཕགས་མ་ནོར་རྒྱུན་ལྷ་མོས་རྗེས་བཟུང་ནས༔ ཇི་སྲིད་དབང་བཅུའི་ཡོན་ཏན་མ་ཐོབ་བར༔ དེ་སྲིད་དབུལ་བ་སེལ་བའི་གྲོགས་མཛོད་ཅིག༔ གལ་ཏེ་ཁྱིམ་དུ་སྦ་བ་ནི༔ གཡང་སྒམ་སོགས་སུ་ལེགས་པར་གཞུགས༔ དེ་ནས་རྒྱས་གདབ་བྱ་བ་ནི༔ ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་འཕོ་འགྱུར་མེད་པ་ཡི༔ བཀའ་རྟགས་ཕྱག་རྒྱས་གཏེར་འདི་རྒྱས་གདབ་བོ༔ དབུལ་འདྲེ་གཏི་མུག་གདོན་རྣམས་ཚར་བཅད་ནས༔ བདེ་གཤེགས་སྐུ་ཡི་རྒྱལ་སྲིད་ཐོབ་པར་ཤོག༔ མེ་ལོང་ཡེ་ཤེས་གསལ་སྒྲིབ་མེད་པ་ཡི༔ བཀའ་རྟགས་ཕྱག་རྒྱས་གཏེར་འདི་རྒྱས་གདབ་བོ༔ དབུལ་འདྲེ་ཞེ་སྡང་གདོན་རྣམས་མཐར་བསྐྲད་ནས༔ རྡོ་རྗེའི་ཐུགས་ཀྱི་རྒྱལ་སྲིད་ཐོབ་པར་ཤོག༔ མཉམ་ཉིད་ཡེ་ཤེས་ཕྱོགས་ལྷུང་མེད་པ་ཡི༔ བཀའ་རྟགས་ཕྱག་རྒྱས་གཏེར་འདི་རྒྱས་གདབ་བོ༔ དབུལ་འདྲེའི་ང་རྒྱལ་བསེ་རག་དབྱིངས་གྲོལ་ནས༔ རིན་ཆེན་ཡོན་ཏན་རྒྱལ་སྲིད་ཐོབ་པར་ཤོག༔ སོར་རྟོག་ཡེ་ཤེས་ཤེས་བྱ་ཀུན་མཁྱེན་པའི༔ བཀའ་རྟགས་ཕྱག་རྒྱས་གཏེར་འདི་རྒྱས་གདབ་བོ༔ དབུལ་འདྲེ་འདོད་ཆགས་འགོང་པོ་མཐར་བསྐྲད་ནས༔ པདྨ་གསུང་གི་རྒྱལ་སྲིད་ཐོབ་པར་ཤོག༔ བྱ་གྲུབ་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཡི༔ བཀའ་རྟགས་ཕྱག་རྒྱས་གཏེར་འདི་རྒྱས་གདབ་བོ༔ ཕྲག་དོག་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་ནས༔ ཕྲིན་ལས་གཞན་དོན་རྒྱལ་སྲིད་ཐོབ་པར་ཤོག༔ བཛྲ་རཏྣ་པདྨ་ཀརྨ་རཀྵ་རཀྵཿཧཱུྃ༔ ཞེས་པ་རིགས་ལྔའི་ཕྱག་རྒྱ་ཡིས༔ རྒྱས་གདབ་ཤིས་བརྗོད་མཐར་ཕྱིན་བྱ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ དབུལ་བའི་ཉམ་ཐག་འགྲོ་བ་ལ༔ སྦྱིན་གཏོང་བྱེད་པར་དམ་ཡང་བཅའ༔ བདག་གཞན་བསོད་ནམས་ཚོགས་རྫོགས་ནས༔ རྣམ་མཁྱེན་ཐོབ་པའི་སྨོན་ལམ་གདབ༔ ས་མ་ཡཱ༔ འཕགས་མ་ནོར་རྒྱུན་ལྷ་མོ་ཡི༔ ཕྱྭ་གཡང་བསྒྲུབ་པའི་ལས་ཚོགས་འདི༔ ཆོས་ལ་སྤྱོད་པའི་སྐལ་ལྡན་གྱི༔ མཐུན་རྐྱེན་ཟས་ནོར་གཏེར་ཁ་ཡིན༔ གུ་ཧྱ༔ ཞེས་དག་སྣང་ཟོལ་མེད་ཀྱི་ཆོས་སྡེ་ལས་བྱུང་བ་ལྟར་ཨོ་རྒྱན་གྱི་སངས་རྒྱས་པདྨ་ཀཱ་ར་དང་གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཐུགས་རྗེའི་འོད་ཟེར་གྱིས་བློ་གྲོས་ཀྱི་པདྨོ་རྣམ་པར་གྲོལ་བའི་ཤཱཀྱའི་དགེ་སྦྱོང་རིག་པ་འཛིན་པ་པདྨ་དོན་ལྡན་རྩལ་གྱིས་ལེགས་པར་སྨྲས་པ་ཐོས་བསམ་བསྒོམ་པའི་ཡོན་ཏན་ལ་མངོན་པར་སྤྲོ་ཞིང་བཅུ་ཕྲག་རིག་པའི་གནས་ལ་བརྩོན་འགྲུས་ཀྱི་བརྟུལ་ཞུགས་མ་ཉམས་པའི་ཤཱཀྱའི་དགེ་ཚུལ་ཐུབ་བསྟན་གཞན་ཕན་ཉི་མ་ཞེས་པའི་ལུང་ཟིན་གྱི་སྐྱེས་བུས་ཡི་གེའི་རིས་སུ་ལེགས་པར་ཕབ་པའི་དགེ་བས་འགྲོ་དྲུག་དབུལ་བའི་སེམས་ཅན་གཅིག་ཀྱང་མ་ལུས་པ་བདེ་གཤེགས་རིན་ཆེན་མང་གི་རྒྱལ་སྲིད་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག༔ དགེའོ༔ དགེའོ༔ དགེའོ༔

ཨོ་རྒྱན་མཁའ་འགྲོའི་གཡང་འགུགས་དཔག་བསམ་ལྗོན་ཤིང་འདོད་རྒུའི་རེ་སྐོང་། j

དག་སྣང་ཐུགས་ཀྱི་གཏེར་ཁ་ལས༔ ཨོ་རྒྱན་མཁའ་འགྲོའི་གཡང་འགུགས་དཔག་བསམ་ལྗོན་ཤིང་འདོད་རྒུའི་རེ་སྐོང་བཞུགས་སོ༔

ན་མོ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཡེ༔ དྲི་མེད་མཚོ་དབུས་པདྨའི་སྡོང་པོ་ལ༔ རང་བྱུང་ལྷུན་གྲུབ་འདོད་རྒུའི་གཏེར་མཛོད་མཆོག༔ ཕན་བདེའི་དཔལ་གྱིས་འགྲོ་ཁམས་སྐྱོང་མཛད་པ༔ ཨོ་རྒྱན་མཁའ་འགྲོའི་དབང་ཕྱུག་གཙུག་གི་རྒྱན༔ གང་དེའི་ཕྱི་ནང་གསང་བ་ཡང་གསང་གི༔ སྒྲུབ་ཐབས་རྒྱ་མཚོ་ལྟ་བུའི་ཡང་སྙིང་མཆོག༔ ནོར་ཆོས་སྲིད་ཞིའི་གཏེར་འབྱུང་མ་ཎི་ཀ༔ བསྟན་འགྲོའི་དབུལ་སེལ་བྱེད་པོ་འདི་ན་ངོམ༔ དེ་ཡང་བསམ་པ་ལྷུན་གྲུབ་ལས་ཚོགས་ཀྱི༔ ཆོ་ག་ཡོན་ཏན་གཏེར་མཛོད་སྤྱི་འགྲོས་ལྟར༔ ལེགས་པར་གྲུབ་རྗེས་བསྙེན་པ་གསོལ་འདེབས་མཚམས༔ བུམ་གཏེར་བསངས་སྦྱངས་གཡང་འགུགས་འདི་ལྟར་རོ༔ ཨོཾ་སྭ་བྷ་ཝས་དངོས་འཛིན་སྦྱངས་མཐར༔ རང་གི་མདུན་དུ་གཞི་མ་དཀར་པོའི་སྟེང་དུ༔ ཕྱི་རིན་པོ་ཆེའི་བུམ་པ་གཏེར་ཆེན་པོས་གཏམས་པའི་ནང་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཕོ་བྲང་༔ རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་མེད་ཁང་གི་དབུས་སུ་པདྨ་དང་ཉི་མའི་གདན་ལ་སེང་ལྕམ་དཀར་མོའི་སྟེང་དུ་ཡི་གེ་བཻཿལས་འོད་ཟེར་འཕྲོས་འཕགས་པ་མཆོད་སྣོད་བཅུད་ཀྱི་ཕྱྭ་གཡང་ཐམས་ཅད་བསྡུས་ནས་བུམ་པ་གཡང་རྫས་མདའ་དར་དང་བཅས་པ་རྣམས་ལ་བསྟིམ༔ བཻཿཡོངས་སུ་གྱུར་པ་ལས་ཨོ་རྒྱན་མཁའ་འགྲོའི་དབང་ཕྱུག་སྐུ་མདོག་གསེར་བཙོ་མའི་འོད་དུ་འབར་བ༔ དར་ཆེན་དགུ་བརྩེགས་ཀྱི་བེར་འདུང་སྐུ་ལ་མནབས་པ༔ ཞལ་གཅིག་ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན་ཞིང་༔ ཕྱག་གཉིས་གཡས་པས་རིན་པོ་ཆེའི་རྒྱལ་མཚན་སྐུ་ལ་བརྟེན་པ༔ གཡོན་པ་ནོར་བུ་སྣ་ཚོགས་ཀྱིས་བཀང་བའི་ནེའུ་ལེ་ལྟེ་བའི་ཐད་དུ་འཛིན་པ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ༔ དབུ་སྐྲ་མཐོན་མཐིང་ནོར་བུ་དབང་གི་རྒྱལ་པོའི་རྩེ་ཕྲན་གྱིས་སྤྲས་པ༔ རིན་པོ་ཆེའི་སྙན་རྒྱན་དང་༔ མགུལ་རྒྱན་དང་༔ དོ་ཤལ་ལ་སོགས་པ་མ་ཚང་བ་མེད་པས་རབ་ཏུ་མཛེས་པར་བརྒྱན་པ༔ དེའི་འཁོར་དུ་ནོར་ལྷ་མཆེད་བརྒྱད་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་མཁའ་ལ་སྤྲིན་ཕུང་འཐིབས་པ་བཞིན་གསལ་བའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་ཀྱི་ཕྱྭ་གཡང་ཐམས་ཅད་བསྡུས་ནས་བུམ་ནང་གི་གཡང་རྟེན་རྣམས་ལ་སིབ་སིབ་བསྟིམ་པར་བསམ་ལ༔ སྤོས་བདུགས༔ རོལ་མོ་མང་པོའི་སྒྲ་དང་བཅས་པ་ཨོ་རྒྱན་ཆེན་པོ་ལ་གདུང་བའི་སེམས་ཀྱིས་གསོལ་བ་བཏབ་ནས་གཡང་འགུགས་པ་འདི་སྐད་དོ༔ ཀྱཻ༔ སྔོན་ཚེ་འཛམ་གླིང་ལས་ཀྱི་ས་པ་འདིར༔ འཕགས་པ་རིགས་གསུམ་མགོན་པོའི་ཐུགས་བསྐྱེད་ལས༔ རྒྱ་མཚོར་སྐུ་འཁྲུངས་ཨོ་རྒྱན་པདྨ་འབྱུང་༔ མི་མངོན་དབྱིངས་ནས་གནས་འདིར་ཐུགས་རྗེས་གཟིགས༔ བསྐལ་པ་མར་འགྲིབ་ནད་མུག་མཚོན་གསུམ་གྱིས༔ འགྲོ་བའི་བདེ་སྐྱིད་ཁམས་རྣམས་ཉམས་པའི་ཚེ༔ མགོན་པོ་ཁྱོད་ཀྱི་ཐུགས་བསྐྱེད་རྗེས་དགོངས་ལ༔ ཕྱྭ་གཡང་བདེ་ལེགས་འཕེལ་བའི་དངོས་གྲུབ་སྩོལ༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་སྡོང་གྲོགས་མཛོད༔ སྔོན་ཚེ་བསྐལ་པ་རྫོགས་ལྡན་ཡར་འཕེལ་ལ༔ འགྲོ་བའི་ཁམས་རྣམས་དུག་ལྔ་ཤས་ཆུང་ཞིང་༔ དགེ་ལེགས་བརྩོན་པས་ཐམས་ཅད་བདེ་སྐྱིད་ལྡན༔ ནོར་དང་ལོངས་སྤྱོད་འབད་མེད་ཤུགས་ལས་འབྱུང་༔ སྣོད་བཅུད་བཀྲག་མདངས་བཅུད་རྣམས་ཕྱིར་མི་འཕོ༔ ད་དུས་དེང་སང་མར་འགྲིབ་སྙིགས་མ་ལ༔ སེམས་ཅན་རྣམས་ཀྱང་དུག་ལྔ་འཆོལ་ཉོག་སྤྱོད༔ མི་དགེ་བཅུ་དང་བརྣབ་སེམས་རྐུ་ཕྲོག་བརྩོན༔ དེ་མཐུས་སྡུག་བསྔལ་དང་ལྡན་དབུལ་ཞིང་ཕོངས༔ སྣོད་ཀྱི་དཔལ་ཉམས་རི་སྙིལ་ས་གཡོ་འབྱུང་༔ བཅུད་རྣམས་ཕྱིར་འཕོ་དགེ་འདུན་བསྲུང་སྡོམ་ཉམས༔ འདི་འདྲའི་ལས་ངན་འབྲས་བུས་གདུང་བའི་ཚེ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་མཁའ་འགྲོ་ནོར་ལྷའི་ཚོགས༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་ཕྲིན་ལས་མཛོད༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་དངོས་གྲུབ་སྩོལ༔ ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་ཀྱིས༔ གདུང་བའི་ཤུགས་བསྐྱེད་རྫས་དང་ཡོ་བྱད་བསགས༔ ཨོ་རྒྱན་ཆེན་པོ་ཁྱོད་ལ་གསོལ་འདེབས་ན༔ མི་མངོན་དབྱིངས་ནས་གནས་འདིར་ཐུགས་རྗེས་གཟིགས༔ ས་ཡི་བཅུད་ཉམས་རི་སྙིལ་ས་གཡོ་ཞིང་༔ འབྱུང་བའི་ཁམས་ཀྱི་རིན་ཆེན་གསེར་གཡུ་རྡོལ༔ ལོ་ཏོག་འབྲས་བུ་སད་སེར་ཐན་པས་འཇོམས༔ འོ་ཞོ་མར་གྱི་བཅུད་རྣམས་དབྱིངས་སུ་ཡལ༔ ལུས་ལ་བཀྲག་མདངས་མི་འབྱུང་ཐལ་སྐྱའི་མདོག༔ ཕྱི་ནང་སྣོད་བཅུད་དཔལ་འབྱོར་རྒུད་པའི་ཚེ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་མཁའ་འགྲོ་ནོར་ལྷའི་ཚོགས༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་ཕྲིན་ལས་མཛོད༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་དངོས་གྲུབ་སྩོལ༔ ཆུ་ཡི་བཅུད་ཉམས་ཆུ་ལོག་སྔར་མེད་འབྱུང་༔ རྒྱུན་འབབས་ཉམས་ཤིང་ཉ་སྲམ་ཚད་པས་གདུང་༔ ལན་ཚྭའི་བཅུད་ཉམས་ཟས་རྣམས་མ་ཞུ་བར༔ རླུང་མཁྲིས་བད་ཀན་ནད་ཀྱིས་སྐྱེ་འགྲོའི་ཁམས༔ རབ་ཏུ་མནར་ནས་འགྲོ་རྣམས་ཉམ་ཐག་ཚེ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་མཁའ་འགྲོ་ནོར་ལྷའི་ཚོགས༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་ཕྲིན་ལས་མཛོད༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་དངོས་གྲུབ་སྩོལ༔ མེ་ཡི་བཅུད་ཉམས་འབྱུང་བའི་ཚ་གྲང་ལྡོག༔ ཉི་མའི་འོད་ཉམས་ལུས་ཀྱི་དྲོད་མི་སྙོམས༔ ཚ་རིམས་བཙའ་ནད་མུ་གེས་འགྲོ་བའི་ཁམས༔ རབ་ཏུ་མནར་བས་མྱ་ངན་ཉམ་ཐག་ཚེ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་མཁའ་འགྲོ་ནོར་ལྷའི་ཚོགས༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་ཕྲིན་ལས་མཛོད༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་དངོས་གྲུབ་སྩོལ༔ རླུང་གི་བཅུད་ཉམས་སྔགས་ཀྱི་ནུས་པ་ཡལ༔ འགྲོ་བའི་ཁམས་གཡོ་ཟས་རྣམས་སྙིང་པོ་དབེན༔ ནོར་དང་རྫས་རྣམས་རླུང་ཁྱེར་ཤིང་བལ་བཞིན༔ རིན་ཐང་ཉམས་པའི་འགྲོ་རྣམས་ཡིད་ཕམ་ཚེ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་མཁའ་འགྲོ་ནོར་ལྷའི་ཚོགས༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་ཕྲིན་ལས་མཛོད༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་དངོས་གྲུབ་སྩོལ༔ འབྱུང་བའི་ཨ་མ་ནམ་མཁའི་བཅུད་ཉམས་པའི༔ ཕྱི་རྟགས་སྣོད་ཀྱི་ཁམས་རྣམས་ནུས་པ་ཆུང་༔ ནང་རྟགས་ཏིང་འཛིན་བསྐྱེད་རྫོགས་རྣོ་ངར་ཡལ༔ སེམས་ཅན་གཡེངས་པས་མནར་ཞིང་སྡུག་བསྔལ་ཚེ༔ ཐུགས་རྗེས་གཟིགས་ཤིག་མ་ཧཱ་གུ་རུ་རྗེ༔ བྱིན་གྱིས་རློབས་ཤིག་མཁའ་འགྲོ་ནོར་ལྷའི་ཚོགས༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་ཕྲིན་ལས་མཛོད༔ སྲིད་ཞིའི་དཔལ་འབྱོར་འགུགས་པའི་དངོས་གྲུབ་སྩོལ༔ ཀྱཻ༔ འབྱུང་བའི་ཁམས་རྣམས་ཉམས་པ་གསོ་བའི་རྫས༔ ས་ཡི་སྙིང་པོ་གསེར་དང་ས་ལེ་སྦྲམ༔ ཡུམ་ཆེན་སངས་རྒྱས་སྤྱན་མའི་བྱིན་རླབས་ཆགས༔ སྣོད་བཅུད་ཕྱྭ་གཡང་འགུགས་པའི་རྫས་སུ་བརྟེན༔ མ་ཧཱ་གུ་རུ་ཨོ་རྒྱན་པདྨ་འབྱུང་༔ ས་ཡི་སྙིང་པོ་འདི་ལ་གཡང་རྣམས་ཁུག༔ ཕྱྭ་གཡང་གོང་དུ་འཕེལ་བའི་དངོས་གྲུབ་སྩོལ༔ སྣོད་བཅུད་བཀྲག་མདངས་འཕེལ་བའི་སྡོང་གྲོགས་མཛོད༔ ཆུ་ཡི་སྙིང་པོ་ཆུ་ཤེལ་ཉ་ཕྱིས་དུང་༔ མ་མ་ཀཱི་ཡི་བྱིན་རླབས་ཆགས་པའི་རྫས༔ འབྱུང་བ་སྐྱེད་པར་བྱེད་པའི་མཐུ་དང་ལྡན༔ སྣོད་བཅུད་ཕྱྭ་གཡང་འཕེལ་བའི་རྫས་སུ་བརྟེན༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ ཆུ་ཡི་སྙིང་པོ་འདི་ལ་གཡང་རྣམས་ཁུག༔ ཕྱྭ་གཡང་གོང་དུ་འཕེལ་བའི་དངོས་གྲུབ་སྩོལ༔ སྣོད་བཅུད་བཀྲག་མདངས་གསོ་བའི་སྡོང་གྲོགས་མཛོད༔ མེ་ཡི་སྙིང་པོ་པད་རག་བྱུ་རུ་ཟངས༔ འབྱུང་བ་སྨིན་པར་བྱེད་པའི་རྫས་ཀྱི་མཆོག༔ ལྷ་མོ་གོས་དཀར་བྱིན་རླབས་ཆགས་པའི་རྟེན༔ སྣོད་བཅུད་ནུས་པ་གསོ་བའི་རྫས་སུ་བརྟེན༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ༔ མེ་ཡི་སྙིང་པོ་འདི་ལ་གཡང་རྣམས་ཁུག༔ ཕྱྭ་གཡང་གོང་དུ་འཕེལ་བའི་དངོས་གྲུབ་སྩོལ༔ སྣོད་བཅུད་ནུས་པ་སྨིན་པའི་སྡོང་གྲོགས་མཛོད༔ རླུང་གི་སྙིང་པོ་དར་ཟབ་འབྲུ་སྣ་ལྔ༔ འབྱུང་བའི་ཁམས་རྣམས་འཕེལ་འགྲིབ་གཉིས་ཀའི་རྫས༔ དམ་ཚིག་སྒྲོལ་མའི་བྱིན་རླབས་འདུ་འབྲལ་མེད༔ དེང་འདིར་ཚེ་བསོད་འཕེལ་བའི་རྫས་སུ་བརྟེན༔ ཨོ་རྒྱན་གུ་རུ་འགྲོ་མགོན་རིན་པོ་ཆེ༔ རླུང་གི་སྙིང་པོ་འདི་ལ་གཡང་རྣམས་ཁུག༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྣོད་བཅུད་སྟོབས་ནུས་འཕེལ་བའི་སྡོང་གྲོགས་མཛོད༔ ནམ་མཁའི་སྙིང་པོ་དྭངས་ཤེལ་མུ་མེན་ལྕགས༔ སྣོད་བཅུད་དྭངས་གསལ་སྲ་བརྟན་གཞོམ་བྲལ་རྫས༔ དབྱིངས་ཕྱུག་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ཏེ༔ སྣོད་བཅུད་གཡོ་འཁྲུགས་མེད་པའི་རྫས་སུ་བརྟེན༔ མ་ཧཱ་གུ་རུ་ཨོ་རྒྱན་ནོར་ལྷའི་ཚོགས༔ གཡང་རྣམས་རྫས་ལ་འགུགས་པའི་ཕྲིན་ལས་མཛོད༔ ཕྱྭ་གཡང་གོང་དུ་འཕེལ་བའི་དངོས་གྲུབ་སྩོལ༔ སྣོད་དང་བཅུད་ཀྱི་ནུས་པ་གསོ་བར་མཛོད༔ ཀྱཻ༔ གཞན་ཡང་སྣོད་བཅུད་ཉམས་པ་གསོ་བའི་རྫས༔ དར་ཟབ་ཁ་དོག་ལྔ་ལྡན་འབྱུང་བའི་བཅུད༔ འབྲུ་མར་རྩི་མར་ལན་ཚྭ་བུ་རམ་སྦྲང་༔ སྟག་རས་གཟིག་རས་ཁ་དོག་ལྔ་ལྡན་སྒྲོ༔ འབྱོར་ལྡན་ཟས་ནོར་མཁས་བཙུན་དཀོར་ནོར་རྫས༔ བཙན་ཕྱུག་འཕན་དར་འཛོམས་པའི་ཟས་ནོར་སོགས༔ མདོར་ན་ལེགས་པའི་དཔལ་དང་ལྡན་རྣམས་བསགས༔ ལྷ་སྒོམ་སྔགས་བཟླས་ཏིང་འཛིན་དམིགས་པའི་མཐུས༔ བུམ་པ་གཡང་སྒྱེ་མདའ་དར་ཕྱེ་མར་སོགས༔ གཡང་གི་རྫས་རྣམས་འཚོགས་པའི་མདུན་ས་རུ༔ སྣོད་བཅུད་ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད༔ ཚངས་པ་བརྒྱ་བྱིན་ལྷ་ཡི་གཡང་རྣམས་ཀུན༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ མཐའ་ཡས་འཇོག་པོ་ཀླུ་ཡི་གཡང་རྣམས་ཀུན༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ འཁོར་ལོས་སྒྱུར་སོགས་མི་ཡི་གཡང་རྣམས་ཀུན༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ རྒྱ་གར་མཁས་གྲུབ་རྣམས་ཀྱི་བཤད་སྒྲུབ་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ བོད་ཡུལ་གྲུབ་ཐོབ་རྣམས་ཀྱི་ནུས་མཐུའི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ རྒྱ་ནག་ཇ་དར་བློ་རིག་འཕྲུལ་གྱི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ སྟོང་གསུམ་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ ཐར་ལམ་སྣང་བ་རྒྱས་པ་ཆོས་ཀྱི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ མ་རིག་མུན་པ་སེལ་བ་ཤེས་རབ་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ ཕ་རོལ་སྟོབས་ནུས་ཕྲོག་པ་སྟོབས་ཀྱི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ མུ་གེའི་གདུང་བ་སེལ་བ་ཟས་ཀྱི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ ཆོས་ནོར་འཛད་པ་མེད་པ་གཏེར་གྱི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ དབུལ་ཕོངས་སྡུག་བསྔལ་འཇོམས་པ་གསེར་དངུལ་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ གདུང་རིགས་མངའ་ཐང་འཕེལ་བ་སྲིད་ཀྱི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ དུག་ལྔ་སྡུག་བསྔལ་འཇོམས་པ་དགེ་བཅུའི་གཡང་༔ གནས་འདིར་འགུགས་ཤིང་རྫས་ལ་བསྟིམ་པར་མཛོད༔ གནས་སྐབས་མཐར་ཐུག་བདེ་སྐྱིད་འཕེལ་བྱེད་པ༔ དཀོན་མཆོག་གསུམ་གྱི་བྱིན་རླབས་ནུས་པའི་གཡང་༔ གནས་འདིར་བཀྲ་ཤིས་རྫས་ལ་འགུགས་པར་མཛོད༔ ཕྱྭ་གཡང་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཅེས་མདའ་དར་གཡབ་ཅིང་གཡང་འགུགས་པར་བྱའོ༔ འདི་ནི་གྲུབ་དབང་རྫོགས་ཆེན་པའི་སློབ་འབངས་རྒྱ་སྤྲུལ་གྱིས་སོ༔

མཚོ་རྒྱལ་ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ།

མཚོ་རྒྱལ་སྒྲུབ་པའི་ཟབ་ཏིག་ལས༔ ཕྱི་སྒྲུབ་འདོད་འབྱུང་གཏེར་བུམ་བཞུགས༔

ཌཀྐི་ནི་ན་མོ༔ དབེན་པར་ཆོས་མཐུན་རྣལ་འབྱོར་པས༔ མལ་ནས་ལངས་ཏེ་རླུང་རོ་བསལ༔ ཤེས་པ་གཉུག་མའི་བབ་དེ་རུ༔ བདག་ཉིད་མཚོ་རྒྱལ་རྣལ་འབྱོར་ལ༔ བརྟེན་ནས་བྱིན་རླབས་འཇུག་འདོད་ན༔ ལུས་གནད་ཆོས་བདུན་གཡོ་མེད་བཞག༔ ཨེ་མ་ཧོ༔ རང་ཉིད་ཐ་མལ་སྤྱི་གཙུག་ཏུ༔ པདྨ་དམར་པོ་འདབ་སྟོང་བརྡལ༔ ཉི་ཟླ་དར་གྱི་ལྷུབ་གདན་སྟེང་༔ གསུམ་ལྡན་རྩ་བའི་བླ་མ་དང་༔ དབྱེར་མེད་རྒྱལ་ཡུམ་མཁར་ཆེན་བཟའ༔ ཡེ་ཤེས་མཚོ་རྒྱལ་དཀར་དམར་མདངས༔ མཛེས་སྡུག་འཛུམ་མདངས་ཆགས་པའི་ཉམས༔ ཐིག་ལེ་ཉག་གཅིག་ཆོས་སྐུའི་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ གཡོན་པས་བྷནྡྷ་ལྟེ་བར་འཛིན༔ ཟག་མེད་ཡེ་ཤེས་བདུད་རྩིས་གཏམས༔ སྐུ་སྟོད་དར་སྔོན་སྟོད་གཡོགས་ལ༔ རྣམ་གྲོལ་མུ་ཏིག་རྒྱན་ཕྲེང་མཛེས༔ སྐུ་སྨད་དབང་མདོག་ཤམ་ཐབས་ལ༔ གསེར་སྐེད་ནོར་བུའི་སྐ་རགས་བསྡམས༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་འགྱིང་༔ གནག་སྣུམ་དབུ་སྐྲའི་ལན་ཚར་ལ༔ སྣ་ཚོགས་ནོར་བུའི་པྲོག་ཞུ་དང་༔ ལྷབ་ལྷུབ་དར་གྱི་ཅོད་པཎ་འཕུར༔ སྤྱི་བོར་པད་ཟླའི་གདན་གྱི་སྟེང་༔ རིགས་བདག་པདྨ་སཾ་བྷ་ཝ༔ རྒྱ་གར་པཎ་གྲུབ་ཆས་སུ་བཞུགས༔ མཁའ་འགྲོའི་ཐུགས་ཀར་པདྨ་དང༔ ཟླ་སྟེང་རྗེ་བཙུན་སྒྲོལ་མ་ལྗང་༔ གཡས་གཡོན་མཆོག་སྦྱིན་ཨུད་པ་ལ༔ ཕྱེད་དཀྱིལ་ལོངས་སྤྱོད་རྫོགས་པའི་ཚུལ༔ སྟེང་འོག་འཇའ་ཟེར་ཐིག་ལེའི་ཀློང༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་རྒྱུད་སྡེ་དྲུག་གི་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་ལྟར་འཁྲིགས༔ བྱིན་རླབས་ཆར་འབེབས་མཆོག་ཐུན་གྱི༔ དངོས་གྲུབ་འདོད་རྒུ་འབྱུང་བའི་གཏེར༔ སྐྱབས་ཀུན་འདུས་པའི་ངོ་བོ་རུ༔ ཁྱེད་ཤེས་དད་པས་ཡང་ཡང་དམིགས༔ ཡན་ལག་བདུན་པའི་ཚོགས་བསགས་ནི༔ ཧྲཱིཿ རྡུལ་སྙེད་ལུས་སྤྲུལ་སྐྱབས་ཡུལ་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ བདག་ལུས་ལོངས་སྤྱོད་དགེ་བའི་སྤྲིན༔ ཕངས་མེད་བློ་ཡིས་མཆོད་པར་འབུལ༔ སྒོ་གསུམ་ཉེས་བྱས་སྡིག་པའི་ཚོགས༔ སྟོབས་བཞིའི་སྒོ་ནས་བཤགས་པར་བགྱི༔ སྐྱེ་འཕགས་ཟག་བཅས་ཟག་མེད་ཀྱི༔ དགེ་བའི་ཚོགས་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་ནི༔ གདུལ་བྱའི་བློ་མཐུན་བསྐོར་བར་བསྐུལ༔ འགྲོ་ཀུན་བྱང་ཆུབ་མ་ཐོབ་བར༔ སྲིད་ཞི་མཉམ་བརྡལ་བཞུགས་གསོལ་འདེབས༔ དུས་གསུམ་ཀུན་ཏུ་བསགས་པ་ཡི༔ དགེ་ཚོགས་འགྲོ་དོན་བྱང་ཆུབ་རྒྱུར༔ དམིགས་མེད་ཡོངས་དག་ངང་དུ་བསྔོ༔ ཚེ་འདིར་རྣམ་མཁྱེན་མཆོག་ཐོབ་ཤོག༔ ཅེས་བརྗོད་གདུང་བའི་ཤུགས་བསྐྱེད་དེ༔ སྤྱན་འདྲེན་གསོལ་བ་འདི་ལྟར་གདབ༔ ཀྱཻ༔ ལྷོ་ནུབ་རྔ་ཡབ་པདྨ་འོད༔ རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ རྗེ་བཙུན་ཨོ་རྒྱན་ཐོད་ཕྲེང་རྩལ༔ བདག་གི་ཚོགས་བསགས་དད་པའི་ཞིང་༔ སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ༔ བྱོན་ནས་དགྱེས་བཞིན་བཞུགས་པར་གསོལ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ རང་བྱུང་ཤེས་རབ་ཕ་རོལ་ཕྱིན༔ གསང་ཆེན་བསྟན་པ་སྤེལ་བའི་ཕྱིར༔ མི་མོའི་གཟུགས་སུ་ལེགས་སྤྲུལ་པ༔ ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ བདག་གི་གཙུག་ཏོར་ནོར་བུའི་རྩེར༔ དགྱེས་པ་ཆེན་པོས་བྱོན་ནས་ཀྱང་༔ བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ༔ ཀྱཻ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན༔ གཅིག་བསྡུས་ཨོ་རྒྱན་སྤྲུལ་པའི་སྐུ༔ ཁྱེད་ལས་སྐྱབས་གཞན་བདག་ལ་མེད༔ རྒྱལ་དང་དེ་སྲས་རིག་འཛིན་ཚོགས༔ ཀུན་གྱི་བསྐྱེད་ཡུམ་མཁའ་འགྲོའི་གཙོ༔ གུ་རུའི་ཐུགས་ཀྱི་གཟུངས་མ་མཆོག༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་མ༔ འཇིགས་བརྒྱད་སྐྱོབས་མཛད་གསང་སྔགས་དང་༔ གཟུངས་སྔགས་རིག་སྔགས་ལྷ་མོའི་ཚོགས༔ ཀུན་འདུས་འཕགས་མ་སྒྲོལ་མཛད་ཡུམ༔ རྣམ་གསུམ་དབྱེར་མེད་གཅིག་པ་རུ༔ ངེས་ཤེས་གཏིང་ནས་རྙེད་ལགས་ན༔ ཐ་དད་མེད་པར་གསོལ་བ་འདེབས༔ བདག་སོགས་སྙིགས་མ་ལྔ་བདོའི་འགྲོ༔ ལས་དང་ཉོན་མོངས་དབང་སོང་བས༔ དགེ་བའི་ལས་ཀུན་རིང་དུ་སྤངས༔ མི་དགེ་སྡིག་པ་རྟག་ཏུ་སྤྱོད༔ སྡུག་བསྔལ་གསུམ་གྱི་རྦ་ལ་གཡེང༔ ཐར་མེད་རིགས་དྲུག་འཁོར་བའི་མཚོར༔ ཐར་འདོད་ངེས་འབྱུང་བློ་དང་བྲལ༔ སྐྱེ་རྒ་ན་འཆིས་བརྒྱུད་མར་མནར༔ ད་ནི་ཐར་འདོད་སེམས་ཡོད་ཀྱང་༔ ཐར་བའི་ནུས་པ་བདག་ལ་མེད༔ དེ་ཕྱིར་སྐྱབས་མཆོག་ཁྱེད་རྣམས་ལ༔ བདག་གི་ལུས་དང་ལོངས་སྤྱོད་དང་༔ དུས་གསུམ་དགེ་ཚོགས་མཆོད་པར་འབུལ༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་བདེ་སྡུག་སོགས༔ རྗེ་བཙུན་འཕགས་མ་ཁྱེད་རང་མཁྱེན༔ འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས༔ ཐུགས་རྗེས་ལྕགས་ཀྱུས་དྲང་དུ་གསོལ༔ མི་གཙང་སྒྱུ་མའི་འདུ་ཕུང་འདི༔ དག་པ་སྒྱུ་མའི་ལྷ་སྐུ་རུ༔ ད་ལྟ་ཉིད་དུ་བསྒྱུར་ཏུ་གསོལ༔ ཐ་མལ་ལས་རླུང་འཁྲུལ་བའི་ངག༔ བདེན་གཉིས་ཟབ་རྒྱས་ཚངས་པའི་དབྱངས༔ རྒྱལ་བའི་གསུང་དུ་བསྒྱུར་ཏུ་གསོལ༔ སྣ་ཚོགས་རྟོག་པས་བསླུས་པའི་ཡིད༔ རྟོག་བྲལ་མཁྱེན་བརྩེ་ནུས་པའི་བདག༔ རྒྱལ་བའི་ཐུགས་གསང་ཟབ་མོ་རུ༔ ད་ལྟ་ཉིད་དུ་བསྒྱུར་ཏུ་གསོལ༔ དུས་མིན་འཆི་བའི་བར་ཆད་རྐྱེན༔ ནད་དང་གདོན་དང་ཉེར་འཚེའི་རིགས༔ མདོར་ན་མི་མཐུན་གནོད་པའི་ཚོགས༔ མ་ལུས་ཞི་བར་མཛད་དུ་གསོལ༔ ཚེ་རིང་ལོངས་སྤྱོད་དཔལ་འབྱོར་དང་༔ ལུང་རྟོགས་བཤད་སྒྲུབ་ཉམས་རྟོགས་ཀྱི༔ ལེགས་པའི་ཡོན་ཏན་མ་ལུས་པ༔ གོང་དུ་འཕེལ་བར་མཛད་དུ་གསོལ༔ གནས་སྐབས་འཚོ་བའི་ཟས་དང་ནོར༔ རྒྱལ་བློན་བཙུན་མོ་འབངས་དང་འཁོར༔ སྣང་སྲིད་འདོད་པའི་ཡོ་བྱད་རྣམས༔ ཐོགས་མེད་དབང་དུ་འདུ་བར་མཛོད༔ གཟུགས་ཅན་མི་དང་གཟུགས་མེད་བགེགས༔ བྱད་ཕུར་རྦོད་གཏོང་གཏད་ཁྲམ་མཁན༔ ལོག་པར་འདྲེན་པའི་རིགས་མཐའ་དག༔ རྡུལ་དུ་བརླག་པར་མཛད་དུ་གསོལ༔ ནམ་ཞིག་འཆི་བའི་དུས་ཀྱི་ཚེ༔ མཁའ་སྤྱོད་མཁའ་འགྲོའི་ཕོ་བྲང་དུ༔ མཁའ་འགྲོའི་གཙོ་མོ་མཁར་ཆེན་བཟས༔ ལུང་བསྟན་དབུགས་དབྱུང་མཛད་དུ་གསོལ༔ རྒྱལ་དབང་པདྨ་ཡབ་ཡུམ་དང་༔ སྐད་ཅིག་ཙམ་ཡང་འབྲལ་མེད་པར༔ ས་བཅུའི་ཡོན་ཏན་མཐར་ཕྱིན་ནས༔ སྟོན་འཁོར་དགོངས་པ་མཉམ་པར་མཛོད༔ རང་དོན་ཆོས་སྐུ་མངོན་གྱུར་ནས༔ གཞན་དོན་འཁོར་བ་མ་སྟོང་བར༔ གང་འདུལ་སྤྲུལ་པ་དཔག་མེད་ཀྱང་༔ འགྲོ་དོན་ལྷུན་གྱིས་གྲུབ་པར་མཛོད༔ འདི་ནས་བཟུང་སྟེ་བྱང་ཆུབ་བར༔ བྱིན་གྱིས་རློབས་ཤིག་པདྨ་འབྱུང་༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ རྗེས་སུ་ཟུངས་ཤིག་མཚོ་རྒྱལ་ཡུམ༔ ཞེས་པས་གསོལ་བ་ཕུར་ཚུགས་གདབ༔ བསྙེན་པ་འདི་ཉིད་ཡེངས་མེད་དུ༔ བརྒྱ་སྟོང་ཁྲི་འབུམ་རྟགས་མཐོང་བྱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་ཕྲག་རེ་རེའི་མཚམས༔ གསོལ་འདེབས་བསྒྲགས་ཏེ་ནན་ཏན་བསྐྱེད༔ ཀ ས་མ་ཡཱ༔ རྗེས་སུ་དབང་བཞི་ལེན་པ་ནི༔ ཨེ་མ་ཧོ༔ རིགས་བརྒྱའི་ཁྱབ་བདག་ཌཱཀྐིའི་གཙོ༔ དགྱེས་པའི་སྨིན་མཚམས་ཨོཾ་དཀར་པོ༔ འོད་ཟེར་བུང་བའི་ཚོགས་ལྟ་བུ༔ འཕྲོས་ཏེ་བདག་གི་དཔྲལ་བར་ཐིམ༔ བུམ་པའི་དབང་ཐོབ་བསྐྱེད་རིམ་ལྷ༔ བསྒོམ་པའི་སྣོད་དུ་རུང་བར་བྱས༔ སྐུ་ཡི་དམ་ཚིག་ཉམས་པ་བསྐང་༔ སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག༔ མགྲིན་པའི་ལྗགས་རྩེར་ཨཱཿདམར་ལས༔ འོད་ཟེར་གློག་ཞགས་ལྟར་འཕྲོས་པས༔ གསང་བའི་དབང་ཐོབ་བཟླས་བརྗོད་སྔགས༔ བཟླས་པའི་སྣོད་དུ་རུང་བར་བྱས༔ གསུང་གི་དམ་ཚིག་ཉམས་པ་བསྐང་༔ ལོངས་སྐུའི་ས་བོན་རྒྱུད་ལ་བཞག༔ ཐུགས་ཀའི་དཔལ་བེའུ་ཧཱུྃ་སྔོན་ལས༔ འོད་ཟེར་སྤྲིན་གྱི་ཚོགས་བྱུང་བས༔ ཤེས་རབ་དབང་ཐོབ་ལྷན་སྐྱེས་ཀྱི༔ ཞུ་བདེའི་སྣོད་དུ་རུང་བར་བྱས༔ ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་༔ ཆོས་སྐུའི་ས་བོན་རྒྱུད་ལ་བཞག༔ ལྟེ་བར་དགའ་བ་འཁྱིལ་བར་ཧྲཱིཿ འོད་ཟེར་ལྔ་ལྡན་ཆར་རྒྱུན་བབས༔ ཚིག་གི་དབང་ཐོབ་རྫོགས་པ་ཆེའི༔ ཉམས་རྟོགས་འཕེལ་བའི་སྣོད་རུང་བྱས༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་བསྐང་༔ ངོ་བོ་ཉིད་སྐུའི་ས་བོན་བཞག༔ དེ་ལྟར་བདག་ལུས་གནས་བཞི་རུ༔ འོད་ཟེར་ཕོག་པས་སྒྲིབ་བཞི་དག༔ མཐར་ནི་རིགས་བདག་འོད་དུ་ཞུ༔ རང་དང་དབྱེར་མེད་ཐིམ་མ་ཐག༔ རང་ལུས་འོད་ལྔའི་ཐིག་ལེའི་དཀྱིལ༔ རང་སེམས་ཨཿཡིག་མཐིང་གར་གྱུར༔ དམིགས་མེད་སྟོང་པའི་དབྱིངས་སུ་ཡལ༔ ཨ་ཨ༔ མཐར་ནི་དགེ་བ་འགྲོ་ལ་བསྔོ༔ ཐུན་མཚམས་ཆོས་སྤྱོད་བཅུ་ལ་འབད༔ འདི་ཉིད་སྒྲུབ་པའི་དམ་ཚིག་ཏུ༔ བུད་མེད་ཡོངས་ལ་མི་སྨོད་ཅིང་༔ གཉུག་མ་རང་བབས་གནས་ལུགས་སྐྱོངས༔ འདིས་ནི་སྒྲིབ་དག་ཚོགས་གཉིས་རྫོགས༔ མཁའ་འགྲོ་ལུས་དང་གྲིབ་བཞིན་འགྲོགས༔ ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ཡིན༔ བཀའ་གཏེར་སྲུང་མར་བཅོལ་ལོ་རྒྱ༔ སྐལ་མེད་འགྲོ་ལ་གསང་ངོ་རྒྱ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ གུ་ཧྱ༔ བརྡ་ཐིམ༔ ཞེས་མཚོ་རྒྱལ་ཐུགས་ཀྱི་སྒྲུབ་པ་འདི་ཡང་གུ་རུ་མཚོ་སྐྱེས་རྡོ་རྗེའི་ལུང་གིས་བསྔགས་པའི་སྤྲུལ་པའི་གང་ཟག་ས་ར་ཧི་ཏ་བྷ་དྲས་ནན་གྱིས་བསྐུལ་ངོར༔ དུས་བབ་གཏེར་སྟོན་ལུང་རིག་གླིང་པ་རྩལ་གྱིས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་ཏེ་སྤེལ་བ་སརྦ་ཛ་ཡནྟུ༔

མཁའ་འགྲོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས།

མཁའ་འགྲོའི་གསོལ་འདེབས་དངོས་གྲུབ་ཆར་འབེབས་བི་ཛ་ཧ་རཾ། ཨོཾ་ཨཱ༔ཧཱུྃ། ཀུན་ཏུ་བཟང་མོ་བཛྲ་ཝ་ར་ཧི། །རྗེ་བཙུན་སྒྲོལ་མ་ཛྙཱ་ན་ས་ག་ར། །རིགས་བཞིའི་ལྷ་མོ་སྒོ་སྐྱོང་ལྷ་མོ་བཞི། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །པདྨ་འབྱུང་གནས་ཁྲི་སྲོང་དཔལ་དབང་ཕྱུག །ལང་གྲོ་ལོ་ཙཱ་བཀའ་བབས་བུ་ཆེན་དགུ། །བྱང་ཆུབ་རྡོ་རྗེ་ལུང་རིག་འགྲོ་འདུལ་རྩལ། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །ཟབ་གཏེར་མངའ་བདག་བརྒྱུད་འཛིན་སྐལ་ལྡན་དང་། །ཟབ་གཏེར་གཉེར་འཛིན་རལ་གཅིག་དུད་སོལ་མ། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། །གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །དེ་ལྟར་རྩེ་གཅིག་གསོལ་བཏབ་ལྷ་ཚོགས་ཀྱི། །གནས་བཞི་ལས་འཕྲོས་འོད་ཀྱིས་སྒྲིབ་བཞི་དག །སྣང་བཞི་མཐར་ཕྱིན་སྐུ་བཞི་མངོན་དུ་གྱུར། །རྒྱལ་ཀུན་ཡུམ་ཆེན་གོ་འཕང་མྱུར་ཐོབ་ཤོག །གུ་རུ་ཧ་རི་ནི་ས་སིདྡྷི་ཧཱུྃ། ཅེས་པ་འདི་ཡང་ས་ར་ཧི་ཏས་རང་ལ་ཉེ་བར་མཁོ་བའི་ཆེད་དུ་གང་དྲན་འཕྲལ་དུ་བྲིས་པའི་སྨྱུག་འཛིན་མཁན་པོ་ལུང་རྟོགས་ཀྱིས་བགྱིས་པ་དགེའོ།།

ཌཱཀྐིའི་ནང་སྒྲུབ་དངོས་གྲུབ་རྒྱ་མཚོ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཌཱཀྐིའི་ནང་སྒྲུབ་དངོས་གྲུབ་རྒྱ་མཚོ་བཞུགས༔

ཌཀྐཱི་ཛྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ རང་བྱུང་དབྱིངས་ཀྱི་མཁའ་འགྲོ་མ༔ པདྨ་ལས་འཁྲུངས་པདྨའི་ལྕམ༔ ཆགས་བྲལ་ཆགས་པའི་དབང་པོར་མཛད༔ ནང་སྒྲུབ་ཟབ་མོ་སྒྲུབ་པའི་གནས༔ གྲུབ་ཐོབ་ཞབས་ཀྱིས་བཅག་པ་འམ༔ གངས་རི་འགྱུར་མེད་གཡུ་མཚོ་འཁྱིལ༔ བྲག་དམར་ལྷུན་སྡུག་ནགས་ཚལ་འཐུག༔ རིག་པ་དྭངས་ཤིང་ཉམས་དགའ་བ༔ དཀར་སྐྱོང་གཉུག་མར་གནས་པས་སྲུངས༔ ཤར་ལྟ་དགྲ་འདྲེའི་འཚེ་བ་མེད༔ དེ་ལྟ་བུ་རུ་བསྒྲུབ་པར་བྱ༔ གཟའ་ཚེས་ལེགས་ཤིང་ཡར་མར་གྱི༔ དུས་བཟང་དག་ཏུ་དབུ་འཛུགས་གནས༔ གཡེལ་དང་མ་ཞུད་རྟེན་འབྲེལ་གཅེས༔ ས་མ་ཡཱ༔ དེ་ཡང་སྦྱོར་དངོས་རྗེས་གསུམ་ལས༔ སྒྲུབ་གཞི་མཎྜལ་མདའ་གང་དམར༔ གཞོན་ནུ་མ་ཡི་རྡུལ་གྱིས་བྲན༔ འདབ་བཞི་མུ་ཁྱུད་རྡོར་ཕྲེང་མེ༔ དབུས་སུ་ཨ་ཡིག་ཕྱག་མཚན་སྐུ༔ ཚོམ་བུ་ལི་ཁྲིས་བླུགས་པས་རུང་༔ སྒྲུབ་གཏོར་མཁའ་འགྲོའི་གཏོར་མ་ནི༔ འབྲས་བུ་གསུམ་དང་གེ་སར་གསུམ༔ ནས་འབྲས་གྲོ་ཏིལ་སྲན་ཡུངས་དཀར༔ བ་བྱུང་ལྔ་དང་རིགས་ལྡན་མཚལ༔ མེ་ཏོག་ཁུག་ཆོས་གླང་སྣ་དང༔ དབང་ལག་བསྲེས་ལ་གྲི་ཁུག་མཚན༔ པདྨ་སྤུངས་པའི་དབྱིབས་སུ་འོ༔ སྨན་རཀ་ཚོགས་ཀྱི་དམ་རྫས་བསགས༔ སྐུ་རྟེན་ཐོད་ཆང་ཤེལ་ཟུར་དྲུག༔ དར་དམར་གུར་ཕུབ་ཉེར་སྤྱོད་དགོད༔ རང་འདྲའི་འཁོར་བཞི་ཕྱོགས་ཚོན་བསྒྱུར༔ སྔོན་འགྲོ་རྒྱུད་སྦྱངས་རིམ་པ་བདུན༔ དང་པོ་འཁོར་བ་སྡུག་བསྔལ་ལས༔ ཐར་འདོད་བྱང་ཆུབ་དོན་གཉེར་བློས༔ མདུན་མཁར་ཏིང་འཛིན་རྣམ་རོལ་འཕྲུལ༔ པདྨ་འབྱུང་གནས་ཌཀྐཱིའི་གཙོ༔ རྩ་གསུམ་ལྷ་ཚོགས་གསལ་བཏབ་སྟེ༔ ཁྱེད་ཤེས་བློ་ཡིས་སྐྱབས་འགྲོ་ནི༔ ཨེ་མ་ཧོ༔ སྐྱེ་མེད་ཐུགས་ཀློང་རྣམ་མཁྱེན་རྫོགས་སངས་རྒྱས༔ འགགས་མེད་གསུང་མཆོག་བདེན་གཉིས་ཟུང་འཇུག་ཆོས༔ རྩོལ་མེད་སྐུ་ལ་ཐེག་གསུམ་དགེ་འདུན་རྫོགས༔ ཡེ་ཤེས་མཁའ་འགྲོའི་གཙོ་ལ་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔ ཧོ༔ དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ མཐའ་ཡས་འགྲོ་ཀུན་སྡུག་བསྔལ་མཐའ་དག་ལས༔ བསྒྲལ་ནས་ཡང་དག་གོ་འཕང་ལ་འགོད་ཕྱིར༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་བསྒྲུབ་པར་བགྱི༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ ཨེ་མ་ཧོ༔ བྱིན་རླབས་གཏེར་མཛོད་རྩ་གསུམ་དཀྱིལ་འཁོར་ལྷར༔ བདག་གཞན་ཕ་མ་མཁའ་ཁྱབ་འགྲོ་ཀུན་གྱིས༔ ཞིང་རྡུལ་ལུས་སྤྲུལ་སྒོ་གསུམ་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ༔ དངོས་གྲུབ་རྒྱུན་གཅོད་སྒོ་དྲུག་སྡིག་ལྟུང་བཤགས༔ སྐྱེ་འཕགས་ཚོགས་གཉིས་དགེ་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་འཁོར་འགྲོ་ལ་བསྐོར་བར་བསྐུལ༔ སྲིད་ཞི་མཉམ་ཉིད་མགོན་རྣམས་བཞུགས་གསོལ་འདེབས༔ དགེ་ཚོགས་འགྲོ་དོན་སྐུ་གསུམ་འཐོབ་ཕྱིར་བསྔོ༔ ལན་གསུམ༔ བཞི་པ་བགེགས་ལ་གཏོར་མ་ནི༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ལ༔ ཧཱུྃ༔ དང་པོ་གཞི་ལས་གློ་བུར་དུ༔ འཁྲུལ་བའི་ལས་ཉོན་སྡིག་པའི་རྒྱུས༔ ལྷན་སྐྱེས་ཐོག་མའི་མ་རིག་གདོན༔ སེམས་བྱུང་འཁོར་བའི་འདྲེ་བགེགས་རྣམས༔ ཀུན་རྫོབ་གཏོར་མས་ཚིམ་གྱིས་ལ༔ དོན་དམ་ཡུམ་གྱི་མཁའ་ལ་དེངས༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་བསྐྲད༔ ལྔ་པ་ལྷ་སྔགས་བསྲུང་འཁོར་ནི༔ ཧཱུྃ༔ ཕྱི་སྣོད་འབྱུང་ལྔ་མཁའ་འགྲོའི་དལ༔ ནང་བཅུད་ཕུང་ཁམས་རྟོག་ཚོགས་ལྷ༔ ང་ཡི་སྒོ་གསུམ་རྒྱལ་བའི་ཡུམ༔ བདག་མེད་རྡོ་རྗེ་རྣལ་འབྱོར་མ༔ སྲིད་གསུམ་ལོག་འདྲེན་ཐལ་བར་རློགས༔ ལྷ་སྔགས་ཁྲོ་མཚོན་སྲུང་བའི་གུར༔ མི་ཤིགས་རྡོ་རྗེའི་ཆོས་བདུན་ལྡན༔ བཛྲ་རཀྵ་རཀྵ་བྷྲུཾ༔ དྲུག་པ་མཆོད་རྫས་བྱིན་བརླབ་ནི༔ ཨེ་མ་ངོ་མཚར་སྒྱུ་མའི་འཕྲུལ༔ རྩ་གསུམ་མཆོད་རྫས་ཀུན་བཟང་སྤྲིན༔ འབྲུ་གསུམ་སྔགས་ཀྱིས་སྦྱངས་སྤེལ་བསྒྱུར༔ སྣང་སྲིད་འདོད་རྒུའི་དཔལ་དུ་གྱུར༔ ཛྙཱ་ན་ཙཀྲ་སརྦ་པཱུ་ཛ་ས་མ་ཡཱ་ཨཱཿཧཱུྃ༔ བདུན་པ་བྱིན་ཆེན་དབབ་པ་ནི༔ སྤོས་སྣ་སེལ་མེད་དམ་རྫས་དང་༔ རང་དང་བུད་མེད་གཞོན་ནུའི་སྐྲ༔ གླང་པོའི་ཉྭ་བཞིའི་ཤ་ཡང་བསྲེག༔ བཅུ་དྲུག་ཐོད་རྔ་རྐང་གླིང་སྒྲོག༔ ཨེ་མ་ཧོ༔ སྤྲོས་བྲལ་ནང་ དབྱིངས་ཆོས་སྐུའི་ཞིང་༔ བརྗོད་མེད་བློ་འདས་ཕོ་བྲང་ནས༔ ཡུམ་ཆེན་ཀུན་ཏུ་བཟང་མོ་སོགས༔ ཆོས་སྐུའི་ལྷ་ཚོགས་བྱིན་ཆེན་ཕོབ༔ མ་འགགས་ཡེ་ཤེས་འོད་ལྔར་འཁྲིགས༔ གཞོམ་བྲལ་བདེ་བ་ཆེན་པོ་ནས༔ བདག་མེད་རྡོ་རྗེ་རྣལ་འབྱོར་སོགས༔ ལོངས་སྐུའི་ལྷ་ཚོགས་བྱིན་ཆེན་ཕོབ༔ རང་སྣང་རྔ་ཡབ་དཔལ་རིའི་གྲོང་༔ རིག་འཛིན་མཁའ་འགྲོའི་ཚོགས་ཁང་ནས༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་སོགས༔ སྤྲུལ་སྐུའི་ལྷ་ཚོགས་བྱིན་ཆེན་ཕོབ༔ གཞན་ཡང་བདག་སོགས་འགྲོ་བ་རྣམས༔ སྡུག་བསྔལ་མཚོ་ལས་འདྲེན་པ་དང་༔ བདེ་ཆེན་ཐར་ལམ་སྟོན་མཛད་པ༔ སྐྱབས་གྱུར་མ་ལུས་བྱིན་ཆེན་ཕོབ༔ བདག་ཅག་ཐ་མལ་སྒོ་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ གནས་གྲོགས་ཡོ་བྱད་ལོངས་སྤྱོད་ལ༔ ལྷ་སྔགས་ཕྱག་རྒྱས་བྱིན་ཆེན་ཕོབ༔ གུ་རུ་དྷེ་ཝ་ཌཱཀྐི་དྷརྨ་པཱ་ལ་ཛྙཱ་ན་པཉྩ་ཨ་བེ་ཤ་ཡ་ཕཻཾ༔ ཞེས་བརྗོད་ཏིང་འཛིན་ངང་མདངས་སྐྱོངས༔ ས་མ་ཡཱ༔ དངོས་གཞི་བསྙེན་སྒྲུབ་ཡན་ལག་བཞིའི༔ གཞུང་བསྲིང་རིམ་པ་བདུན་གྱིས་སྟོན༔ དང་པོ་ཏིང་འཛིན་རྣམ་གསུམ་གྱིས༔ ལྷ་ཡི་རྣལ་འབྱོར་འདི་བཞིན་སྒོམས༔

ཨ༔ འདི་ལྟར་འཁོར་བ་མྱང་འདས་ཆོས༔ སྐྱེ་འགག་གནས་གསུམ་བྲལ་བ་སྟེ༔ ཡོད་མེད་རྟག་ཆད་མཐའ་ལས་འདས༔ སྲིད་ཞི་མཉམ་ཉིད་ཆོས་ཀྱི་དབྱིངས༔ མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་དྷརྨ་དྷརྟུ་སྭ་བྷ་ཝ་ཨཏྨ་ཀོ྅་ཧཾ༔ ཆོས་ཀུན་གནས་ལུགས་སྟོང་པ་ཉིད༔ མ་རྟོགས་གློ་བུར་འཁྲུལ་དབང་གིས༔ ལས་ཉོན་སྡུག་བསྔལ་རྒྱུ་འབྲས་ལ༔ སྤྱོད་པའི་སེམས་ཅན་སྙིང་རེ་རྗེ༔ མ་ཧཱ་ཀ་རུ་ཎི་ཀ་ཛྙཱ་ན་པཉྩ་ཨ་དརྴ་ཨ་ལ་ལ་ཧོ༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རྩལ༔ རང་སེམས་ཡི་གེ་ཨ་ཡིག་མཐིང་༔ དབྱིངས་ལས་འཇའ་ཚོན་བཀྲ་བ་བཞིན༔ དབྱངས་གསལ་ཡི་གེའི་སྤྲོ་བསྡུ་བསྒྱུར༔ སྟོང་ཉིད་ཨེ་ལས་དབྱིངས་ཕྱུག་མཁར༔ ཡཾ་ལས་རླུང་དཀྱིལ་དམ་ཚིག་སྒྲོལ༔ བཾ་ལས་དྭངས་བསིལ་མ་མ་ཀཱི༔ རཾ་ལས་མེ་དཔུང་ན་བཟའ་དཀར༔ ལཾ་ལས་ས་ཁམས་སངས་རྒྱས་སྤྱན༔ འབྱུང་ལྔ་མཁའ་འགྲོ་དཀྱིལ་འཁོར་དབུས༔ བྷྲུཾཿཡིག་ཁ་དོག་ལྔ་ལྡན་པ༔ ཡོངས་གྱུར་སྤྲུལ་པའི་གཞལ་མེད་ཁང་༔ སྒོ་གཅིག་ཟླ་གམ་དབང་གི་མདོག༔ པདྨ་དམར་པོ་འོད་དུ་འཚེར༔ ལྟེ་བར་ལང་ཚོ་ལྔ་བའི་དཀྱིལ༔ ཆགས་བྲལ་པདྨ་གེ་སར་ལ༔ཐབས་ཤེས་ཉི་ཟླའི་གདན་གྱི་ཁར༔ ཨཿལས་སྐད་ཅིག་དྲན་རྫོགས་སུ༔ སྐྱེ་མེད་ཆོས་སྐུ་དབྱིངས་ཀྱི་ཡུམ༔ འགགས་མེད་རྡོ་རྗེ་རྣལ་འབྱོར་མ༔ རྩོལ་མེད་ཐུགས་རྗེ་སྤྲུལ་པའི་སྐུ༔ བདག་ཉིད་ཡེ་ཤེས་མཚོ་རྒྱལ་མཐིང་༔ བཅུ་དྲུག་གཞོན་ཚུལ་ཆགས་པའི་ཉམས༔ འཛུམ་པའི་སྤྱན་དཀྱུས་ཐད་ཀར་གཟིགས༔ ཞལ་གཅིག་ཕྱག་གཉིས་ཞབས་ཕྱེད་དཀྱིལ༔ ཐོད་སྐམ་རྩེ་ཕྲན་རིན་ཆེན་རྒྱན༔ གནག་སྣུམ་དབུ་སྐྲའི་ལན་ཚར་མཛེས༔ ཕྱག་གཡས་ཐོད་རྔ་སྙན་ཐད་དཀྲོལ༔ གཡོན་པས་ཐོད་བུམ་བདུད་རྩིས་གཏམས༔ མེ་ཏོག་སྣ་ཚོགས་དོ་ཤལ་འཕྱང་༔ དར་དཀར་སྟོད་གཡོགས་རླུང་གིས་བསྐྱོད༔ དམར་པོ་གསེར་རིས་ཤམ་ཐབས་ལ༔ ལྗང་ཁྲའི་འཕུར་མ་མུ་ཏིག་རྒྱན༔ གསེར་གྱི་སྙན་རྒྱན་དྲིལ་ཆུང་འཁྲོལ༔ གཙུག་ཏོར་ནོར་བུའི་ཏོག་གིས་སྤྲས༔ སྤྱི་བོར་པདྨ་འདབ་སྟོང་ལ༔ ཉ་གང་ཟླ་བའི་དལ་གྱི་དབུས༔ རིགས་བདག་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ཆ་ལུགས་ཅན༔ མཐིང་གསལ་ལོངས་སྤྱོད་རྫོགས་སྐུར་གསལ༔ ཕྱོགས་བཞིར་པད་ཟླ་ཉི་མའི་གདན༔ ཤར་དུ་རྡོ་རྗེ་ཌཱཀྐི་དཀར༔ ལྷོ་རུ་རིན་ཆེན་ཌཱཀྐི་སེར༔ ནུབ་ཏུ་པདྨ་ཌཱཀྐི་དམར༔ བྱང་དུ་ཀརྨ་ཌཱཀྐི་ལྗང་༔ གཅེར་མོ་དར་དང་རུས་པའི་རྒྱན༔ ཐོད་སྐམ་དབུ་རྒྱན་སྟག་གཟིག་ཤམ༔ གཡས་རྣམས་རིགས་ཀྱི་ཕྱག་མཚན་དང་༔ གཡོན་རྣམས་དངུལ་དཀར་དྲིལ་བུ་འཁྲོལ༔ ཀུན་ཀྱང་གཞོན་ཚུལ་བདེ་བ་རྒྱས༔ ནུ་འབུར་ཆགས་པའི་ཆུ་སྐྱེས་བཞད༔ རྩ་གསུམ་རྒྱལ་ཀུན་འདུས་པའི་དཔྱིད༔ འཇའ་དང་འོད་ལྔ་འཁྲིགས་པའི་ཀློང་༔ སྟེང་གི་ཆ་ལ་བརྒྱུད་གསུམ་གྱི༔ བླ་མ་བར་དུ་ཡི་དམ་ལྷ༔ སྒྲུབ་སྡེ་བརྒྱད་དང་རྒྱུད་སྡེ་བཞི༔ འོག་གི་མཐའ་ལ་གནས་ཡུལ་གྱི༔ དཔའ་བོ་མཁའ་འགྲོ་སྲུང་མར་བཅས༔ མ་འདྲེས་མཁའ་ལ་གཟའ་སྐར་བཞིན༔ ཡིད་ཡུལ་ལྷམ་མེ་ལྷང་ངེར་གསལ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ དཀར་དམར་མཐིང་གའི་འོད་ཟེར་གྱིས༔ རང་བཞིན་སྐུ་གསུམ་ཞིང་ཁམས་ནས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་སྲུང་མའི་ཚོགས༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་དང་༔ རིགས་བདག་པདྨའི་རྣམ་པ་རུ༔ སྤྱན་དྲངས་ལྷ་དང་གཉིས་མེད་གྱུར༔ གཉིས་པ་སྤྱན་འདྲེན་སྤོས་རོལ་མོ༔ སྙིང་ཉེ་གདུང་དབྱངས་དྲག་པོས་བརྗོད༔ ཨེ་མ་ཧོ༔ རྒྱལ་ཀུན་ཐུགས་གསང་ཆོས་ཀྱི་དབྱིངས༔ ལྔ་ལྡན་ལོངས་སྤྱོད་རྫོགས་པའི་ཞིང་༔ ཁྱད་པར་རྔ་ཡབ་ལངྒའི་གླིང་༔ པདྨ་འོད་ཀྱི་ཕོ་བྲང་ནས༔ མཐའ་ཡས་རྒྱལ་བ་ཀུན་གྱི་ཡུམ༔ ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཆོག༔ མཚོ་རྒྱལ་རིགས་བདག་ཨོ་རྒྱན་རྗེ༔ ཡབ་ཡུམ་སྤྲུལ་བ་ཡང་སྤྲུལ་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང་༔ ཡི་དམ་སྒྲུབ་པ་བཀའ་བརྒྱད་ལྷ༔ མ་སྲིང་དམ་ཅན་རྒྱ་མཚོར་བཅས༔ ཤིན་ཏུ་སྙིང་ཉེ་གདུང་བའི་བློས༔ བརྩེ་ཆེན་ཁྱེད་རྣམས་རྗེས་དྲན་ནས༔ རྩེ་གཅིག་གུས་པས་གསོལ་འདེབས་ན༔ བདག་རྒྱུད་བྱིན་གྱིས་བརློབ་པའི་ཕྱིར༔ གནས་འདིར་སྔོན་གྱི་དམ་བཅའ་བཞིན༔ གཤེགས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་བཛྲ་ས་མ་ཡཱ་ཛ་ཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧྲཱིཿ ཤིན་ཏུ་སྒྲིབ་པ་བྲལ་བའི་སྐུ༔ འཕོ་མེད་རྡོ་རྗེའི་རང་བཞིན་ཅན༔ ཆགས་བྲལ་པདྨ་གེ་སར་བཞད༔ ཐབས་ཤེས་ཉི་ཟླའི་གདན་ཁྲི་ལ༔ དམ་ཚིག་བསྐྱེད་པའི་ལྷ་སྐུ་དང་༔ དབྱེར་མེད་བརྟན་པར་བཞུགས་སུ་གསོལ༔ ཛྙཱ་ན་སྭ་ར་ཌཱཀྐི་ནི་བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་བརྡ་ཕྱག་འཚལ་བ་ནི༔ ཨེ་མ་ཧོ༔ ངོ་བོ་སྤྲོས་བྲལ་ཆོས་སྐུའི་གདངས༔ རང་བཞིན་ལྷུན་གྲུབ་ལོངས་སྐུའི་རྩལ༔ ཐུགས་རྗེ་འགགས་མེད་སྤྲུལ་པའི་གར༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དང་༔ རང་སེམས་འདུ་འབྲལ་མེད་མོད་ཀྱང་༔ ཀུན་རྫོབ་གློ་བུར་སྒྲིབ་སྦྱང་ཕྱིར༔ སྤྲུལ་པའི་ཌཱཀྐི་སྣ་ཚོགས་ཀྱིས༔ འཕྲུལ་དགའི་ཚུལ་དུ་བརྡ་ཕྱག་འཚལ༔ ཛྙཱ་ན་ཌཱཀྐི་ནི་ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ ལྔ་པ་མཆོད་པའི་བྱེ་བྲག་ལ༔ གསུམ་ལས་དང་པོ་ཕྱི་མཆོད་ནི༔ ཨེ་མ་ཧོ༔ རང་སེམས་ཀུན་ཏུ་བཟང་པོའི་འཕྲུལ༔ དངོས་འབྱོར་ཚོགས་བསགས་ཡོ་བྱད་རྫས༔ མཛེས་པའི་མེ་ཏོག་སྤྱན་ལ་འབུལ༔ སྒྲ་སྙན་རོལ་མོ་སྙན་ལ་འབུལ༔ བཟང་པོའི་དྲི་ངད་ཤངས་ལ་འབུལ༔ རོ་བརྒྱའི་ཞལ་ཟས་ལྗགས་ལ་འབུལ༔ དྭངས་བསིལ་དྲི་ཆབ་སྐུ་ལ་འབུལ༔ བདེ་སྟོང་ཏིང་འཛིན་ཐུགས་ལ་འབུལ༔ རྟོག་བྲལ་བདེ་བ་ཆེན་པོ་རུ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་སརྦ་པཱུ་ཛ་ཨཱཿ གཉིས་པ་ནང་མཆོད་འབུལ་བ་ནི༔

ཧྲཱིཿ དབང་པོ་དྲུག་གི་ཉེར་སྤྱོད་ཡུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ རིག་མ་དཀར་དམར་མཐིང་ལྗང་སྔོ༔ ལག་པས་གར་བསྒྱུར་རྐང་པའི་སྟབས༔ མིག་འཕྲུལ་ལྟ་བུར་རབ་བསྒྱུར་ནས༔ མཆོད་རྫས་ཡོ་བྱད་དཔག་མེད་པས༔ མཆོད་དོ་དགྱེས་པར་བཞེས་ནས་ཀྱང་༔ སྣང་སྟོང་ཡབ་ཡུམ་ཟུང་འཇུག་ངང་༔ ཟག་མེད་བདེ་བའི་དངོས་གྲུབ་སྩོལ༔ རཱུ་པ་ཤཔྟ་གནྡྷེ་ར་ས་སྤར་ཤེ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ གསུམ་པ་སྨན་རཀ་གཏོར་གསུམ་དང་༔ དུག་ལྔ་དབྱིངས་སྒྲོལ་མཆོད་པ་ནི༔ ཧོ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ དུག་ལྔ་བདུད་བཞི་སེལ་བའི་རྩི༔ བདེ་ཆེན་ཆགས་པའི་མཁའ་དབྱིངས་ནས༔ རང་བྱུང་ཆགས་བྲལ་རཀྟ་དམར༔ ཟུང་འཇུག་གཏོར་བླུགས་དམ་ཚིག་རྫས༔ ཀུན་ཁྱབ་མ་འདྲེས་བྷ་ལིངྟ༔ འབུལ་ལོ་ལས་བཞིའི་དངོས་གྲུབ་སྩོལ༔ སརྦ་པཉྩ་རཀྟ་བྷ་ལིངྟ་པཱུ་ཛ་ཁཱ་ཧི༔ སྔོན་ལས་འཕྲལ་རྐྱེན་གློ་བུར་དགྲ༔ ཆོས་སྲིད་བར་ཆད་ནད་གདོན་བགེགས༔ བདག་མེད་ལྟ་བའི་དབྱིངས་སུ་སྒྲོལ༔ ཐམས་ཅད་བདག་རྟོག་འཁྲུལ་བ་རུ༔ ཤེས་རབ་ཆེན་པོས་མཉམ་པར་སྦྱོར༔ རང་སེམས་གཉུག་མའི་ངང་མདངས་སུ༔ རང་བབས་ཆོས་དབྱིངས་ངང་དུ་མཆོད༔ ཏ་ན་ག་ན་དྷརྨ་དྷརྟུ་པཱུ་ཛ་ཨཱཿཧཱུྃ༔ དྲུག་པ་རྩེ་གཅིག་ཡིད་ཀྱིས་བསྟོད་པ་ནི༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་ཆོས་སྐུ་ཡུམ་ཆེན་མོ༔ བཅུ་དྲུག་གཞོན་ནུ་ཆགས་པའི་ལང་ཚོར་ཤར༔ བདེ་སྟོང་ཡེ་ཤེས་རང་བབས་ཆེན་པོར་སྟོན༔ གསང་ཆེན་ཕྱག་རྒྱ་ཌཱཀྐིའི་དབང་མོར་བསྟོད༔ གདོད་ནས་སྤྲོས་པ་བྲལ་བའི་དོན་དམ་དབྱིངས༔ ཀུན་རྫོབ་སྒྱུ་མ་མཚན་དཔེ་འབར་བའི་སྐུ༔ མཐོང་བས་སྐྱེ་རྒུའི་སྙིང་གི་མུན་པ་སེལ༔ མཁར་ཆེན་རྒྱལ་མོ་ཡིད་འཕྲོག་དཔལ་ལ་བསྟོད༔ སྟོང་དབྱིངས་ལྷན་སྐྱེས་དོན་དམ་རྟོགས་པའི་ཆོས༔ ཀུན་རྫོབ་དྲང་ངེས་ལྡེམ་པོར་དགོངས་པའི་གསུང་༔ དྲི་ཟའི་གླུ་དབྱངས་བརྡ་གྲོལ་ཚངས་པའི་དབྱངས༔ ཐོས་པས་རྣམ་གྲོལ་གོ་སར་འགོད་ལ་བསྟོད༔ མཁྱེན་རབ་མཐའ་ཡས་ཤེས་བྱའི་ཆོས་ཀུན་གཟིགས༔ བརྩེ་ཆེན་ཐུགས་རྗེས་འགྲོ་ཀུན་བུ་བཞིན་སྐྱོང་༔ ཟག་མེད་བདེ་སྟོང་ཡེ་ཤེས་མཚོ་རྒྱལ་ཐུགས༔ ཀ་དག་སྒྲིབ་བྲལ་ཆོས་དབྱིངས་ངང་དུ་བསྟོད༔ ཌཱཀྐི་ཁྱོད་ཀྱི་གསང་ཡུམ་ཡོན་ཏན་ལ༔ རྩེ་གཅིག་བློ་ཡི་གུས་པས་བདག་བསྟོད་ན༔ ཤིན་ཏུ་ཉེ་བའི་ཐུགས་རྗེས་ཆར་རྒྱུན་གྱིས༔ སྒོ་གསུམ་སྐུ་བཞིའི་འབྲས་བུ་མྱུར་སྨིན་མཛོད༔ བདུན་པ་འཛབ་གྱི་དགོངས་པ་ནི༔ རང་ཉིད་མཚོ་རྒྱལ་ཐུགས་ཀ་རུ༔ ངོ་བོ་རྗེ་བཙུན་སྒྲོལ་མ་ལ༔ རྣམ་པ་སངས་རྒྱས་མཁའ་འགྲོ་མ༔ ཕག་མོ་དམར་ནག་ཕག་གདོང་ངུར༔ གྲི་ཐོད་ཕྱག་རྒྱ་འདོར་སྟབས་ཁྲོས༔ སྙིང་དབུས་ཐིག་ལེ་མཐིང་འོད་འབར༔ དགའ་བ་འཁྱིལ་བའི་དབུས་སུ་ཨཱཿ ཕྱོགས་བཞིར་ཧ་རི་ནི་ས་དང་༔ རྩ་སྔགས་ཕྲ་བའི་འོད་ཕྲེང་ནི༔ གཡོན་དུ་འགལ་མེ་ལྟར་འཁོར་བསམ༔ ཨ་ཧ་རི་ནི་ས་བཾ་ཌཱཀྐི་ནི་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཧཱུྃ༔ རྩ་སྔགས་ཡིག་འབྲུ་བཅོ་བརྒྱད་པ༔ འབྲུ་འབུམ་བྱེ་བ་རྟགས་དང་སྦྱར༔ རྟགས་ནི་དངོས་ཉམས་རྨི་ལམ་ལ༔ ཞལ་མཐོང་གསུང་ཐོས་ཕྱག་མཚན་རྙེད༔ ཉམས་དགའ་བག་དྲོ་དམ་རྫས་ལ༔ རྡུལ་དྲིས་མི་གོས་དྲི་བཟང་འཐུལ༔ དེ་དུས་རང་བབས་གཤིས་སུ་གློད༔ ས་མ་ཡཱ༔ གཞན་ཡང་ཚེ་བསྲིང་ཉམས་རྟོགས་འཕེལ༔ གང་འདོད་ཡེ་ཤེས་སེམས་དཔར་བསྒྱུར༔ སླར་ཡང་ཐུགས་སྲོག་སྔགས་ཕྲེང་ལས༔ འོད་ཟེར་དཀར་པོ་ཟླ་ཞུན་ལྟར༔ ཡར་འཕྲོས་རྒྱལ་ཀུན་སྐུ་གསུང་ཐུགས༔ མཉེས་ནས་བྱིན་རླབས་འབྲུ་གསུམ་གྱི༔ རྣམ་པར་རང་ལ་ཐིམ་པ་ཡིས༔ ཡེ་ཤེས་མཁའ་འགྲོའི་གསང་གསུམ་དང་༔ དབྱེར་མེད་ལྷ་ཡི་ང་རྒྱལ་བསྐྱེད༔ ཨ་ཧ་རི་ནི་ས་བཾ་ཛྙཱ་ན་སྭ་ར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པ་འབུམ་ཕྲག་གཅིག་ཏུ་བཟླ༔ གསོལ་འདེབས་སྤེལ་ཚིག་ཡང་ཡང་བྱ༔ ལས་སྦྱོར་དམིགས་པའི་འཕྲོ་འདུ་ནི༔ བདག་མདུན་ཐུགས་ཀའི་ཨཿཡིག་དང༔ ཧ་རི་ནི་སའི་སྔགས་འབྲུ་ལས༔ འོད་ཟེར་མཐིང་དཀར་སེར་དམར་ལྗང༔ རིགས་བཞིའི་མཁའ་འགྲོའི་ཐུགས་ཀར་ཕོག༔ དེ་དག་ཐུགས་ཀར་པད་ཉིའི་སྟེང༔ འབྲུ་བཞི་དཀར་སེར་དམར་ལྗང་མཐར༔ ཨོཾ་བཛྲ་ཌཱཀྐི་ནི་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་བཞིན་རཏྣ་པདྨ་དང་༔ ཀརྨ་ཞེས་པའི་སྔགས་ཀྱི་ཕྲེང༔ གཡོན་བསྐོར་འོད་ཀྱི་འཕྲོ་འདུ་ཡིས༔ བགེགས་དང་ལོག་འདྲེན་ཚར་བཅད་ཅིང་༔ ལྷ་འདྲེ་མི་གསུམ་དབང་དུ་བསྡུས༔ འགྲོ་ཀུན་བློ་སེམས་ཆོས་ལ་བསྒྱུར༔ རིགས་དྲུག་ལས་ཉོན་སྡུག་བསྔལ་སྦྱངས༔ ཀུན་ཀྱང་དག་པ་རབ་འབྱམས་ཀྱི༔ དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལ༔ ངེས་ཤེས་བསྐྱེད་དེ་སྔགས་འདི་བགྲང་༔ ཨཿཧ་རི་ནི་ས་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཤནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཕཊཿསྭཱ་ཧཱ༔ ཞེས་ཁྲི་གསུམ་བདུན་ལྔ་སོགས༔ སྐབས་སྦྱར་དེ་བཞིན་མཁའ་འགྲོ་བཞིའི༔ སྔགས་ཀྱང་མི་ཚིག་བར་མ་ཆོད༔ ཁྲི་ཕྲག་རེ་རེ་བཟླས་པ་ན༔ མ་དང་མཁའ་འགྲོ་དབང་དུ་འདུ༔ འབྱུང་བཞིའི་ནད་དང་བར་ཆད་སེལ༔ ཟས་ནོར་ལོངས་སྤྱོད་ཆར་བཞིན་འབེབས༔ འཕོས་ཚེ་མཁའ་སྤྱོད་ཞིང་དུ་འགྲོ༔ གསང་ཆེན་བསྟན་པའི་གསོས་སུ་གྱུར༔ ས་མ་ཡཱ༔ ཟབ་རྒྱ༔ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ བསོད་ནམས་བསགས་ཐབས་མཐའ་ཡས་ཀྱང་༔ འདི་ལས་ལྷག་པ་གཞན་ཡོད་མིན༔ མཁའ་འགྲོ་འདུ་བའི་ཚེས་བཅུ་སོགས༔ དུས་གཉན་རྣམས་སུ་དབེན་པ་རུ༔ དཀར་གསུམ་མངར་གསུམ་ཤ་དང་ཟན༔ འོ་ཞོ་ཆང་སྦྲང་བཟའ་བཏུང་རིགས༔ གཞན་ཡང་ཤིང་ཏོག་སྔོ་དང་སྒོག༔ མེ་ཏོག་སྣ་ཚོགས་སྨན་རཀ་དང་༔ སྤང་བླང་མེད་པའི་དམ་རྫས་བཤམས༔ དང་པོ་བགེགས་བསྐྲད་བསངས་སྦྱངས་དང་༔ བདུད་རྩི་བྲན་ནས་བྱིན་བརླབ་ནི༔ ཧཱུྃ་ཧྲཱིཿ གསང་བ་གསང་ཆེན་དཀྱིལ་འཁོར་འདིར༔ བདག་ཉིད་མཁའ་འགྲོའི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་གི་ཡི་གེ་སྤྲོས༔ དངོས་འཛིན་བགེགས་སྡིག་གྲིབ་མི་གཙང་༔ བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས༔ རཾ་ཡཾ་ཁཾ༔ ལན་གསུམ༔ སླར་ཡང་ཨོཾ་དཀར་ཨཱཿདམར་དང་༔ ཧཱུྃ་མཐིང་ཡི་གེའི་འོད་ཟེར་གྱིས༔ འདོད་ཡོན་ལྷ་མོ་བཅུ་དྲུག་གིས༔ མཆོད་པའི་ཡོ་བྱད་སྣ་ཚོགས་པས༔ རབ་འབྱམས་རྩ་གསུམ་སྲུང་མར་བཅས༔ དགྱེས་སྐོང་ཀུན་བཟང་རྣམ་འཕྲུལ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཨེ་མ་ཧོ༔ འོག་མིན་མཁའ་སྤྱོད་མཁའ་འགྲོའི་གྲོང་༔ མེ་རི་འབར་བ་རིགས་ལྔའི་ཞིང་༔ རྔ་ཡབ་པདྨ་འོད་ལ་སོགས༔ སྐུ་གསུམ་དག་པའི་ཕོ་བྲང་ནས༔ རྩ་གསུམ་རིག་འཛིན་སྲུང་མར་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཁྱད་པར་ཡུམ་ཆེན་མཚོ་རྒྱལ་མ༔ རིགས་བཞིའི་མཁའ་འགྲོ་འབུམ་ཕྲག་དང་༔ སྐྱབས་གྱུར་ལྷ་དང་དམ་ཅན་ཚོགས༔ ཚོགས་ལ་སྤྱན་འདྲེན་ད་ཚུར་སྤྱོན༔ ཛྙཱ་ན་སྭ་ར་ཌཱཀྐི་ནི་བཛྲ་ས་མ་ཡཱ་ཛ་ཛ༔ གསུམ་པ་ཚོགས་ཕུད་རིམ་པ་ལྔ་རུ་བཅད༔ དང་པོ་ལྷ་ལ་འབུལ་བ་ནི༔ ཧོ༔ བདེ་གཤེགས་རྒྱལ་བ་སྲས་དང་བཅས༔ ཀུན་གྱི་བསྐྱེད་ཡུམ་བླ་ན་མེད༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་ལ༔ འདོད་ཡོན་ལྔ་ལྡན་ཚོགས་མཆོད་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བཞི་པ་བཤགས་པ་བྱ་བ་ནི༔ ཚོགས་རྫས་བདུད་རྩིས་བྲན་ལ་འབུལ༔ ཨེ་མ་ཧོ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ བརྩེ་བ་ཆེན་པོས་དགོངས་སུ་གསོལ༔ བདག་ཅག་སེམས་ཅན་བློ་རྨོངས་པས༔ སོ་བྱང་སྔགས་གསུམ་དམ་ལས་འགལ༔ གནོང་ངོ་འགྱོད་དོ་མཐོལ་ལོ་བཤགས༔ ཚོགས་ཀྱི་འཁོར་ལོ་འདིས་མཚོན་པའི༔ དུས་གསུམ་དགེ་བའི་རྩ་བ་ཀུན༔ བླ་མེད་བྱང་ཆུབ་རྒྱུར་གྱུར་ནས༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚེ་འདིར་དོན་གཉིས་མྱུར་འགྲུབ་མཛོད༔ བསྐང་བཤགས་གཞན་དང་ཡི་གེ་བརྒྱ༔ ལྔ་བདུན་གསུམ་སོགས་ཅི་མང་བྱ༔ ལྔ་བ་བསྒྲལ་ཞིང་བསྟབ་པ་ནི༔ གཟུགས་ལ་ལོག་འདྲེན་འགུགས་ཤིང་བསྟིམས༔ ཛཿཧཱུྃ་བཾ་ཧོ༔ ཕྱག་རྒྱས་འཆིངས༔ ཧཱུྃ༔ མ་རིག་གསུམ་གྱི་རྒྱུས་བསྐྱེད་པའི༔ ལོག་པར་འདྲེན་པའི་དགྲ་དང་བགེགས༔ དམིགས་རྟེན་གཟུགས་ལ་ཁུག་ཅིག་ཛ༔ མཁའ་འགྲོའི་སྤྲུལ་པ་ཡང་སྤྲུལ་གྱིས༔ ཕྱག་མཚན་གྲི་གུག་ཏྲི་ཤུ་ལ༔ མཚོན་ཆས་ལུས་སེམས་སོ་སོར་ཕྱེ༔ རྣམ་ཤེས་སྟོང་ཉིད་དབྱིངས་སུ་བསྟིམ༔ ལུགས་འབྱུང་རྟེན་འབྲེལ་རྒྱུན་བཅད་ནས༔ གཟུགས་ཕུང་དཀྱིལ་འཁོར་ཞལ་དུ་བསྟབ༔ རུ་ཏྲ་ཧ་ལ་པཉྩ་མ་ཧཱ་སརྦ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་སྟོང་པའི་རང་མདངས་བསྐྱངས༔ དྲུག་པ་ལས་ཀྱི་མུ་དྲ་ཡིས༔ རྡོ་རྗེ་བླ་མར་ཚོགས་ཀྱིས་རྫས༔ ཐབས་ཤེས་བསྣོལ་མའི་ཕྱག་རྒྱས་དྲངས༔ སྙན་པའི་དབྱངས་ཀྱིས་འདི་སྐད་ཞུ༔ ཀྱཻ་ཧོ༔ དགོངས་ཤིག་དཀྱིལ་འཁོར་བདག་པོ་ཐོད་ཕྲེང་རྩལ༔ སྤང་བླང་བྲལ་བ་གསང་ཆེན་ཚོགས་ཀྱི་རྫས༔ རང་བཞིན་མཉམ་པ་ཆོས་ཉིད་ཀློང་ཡངས་སུ༔ ཐེ་ཚོམ་རེ་དོགས་གྲོལ་བའི་ངང་དུ་རོལ༔ རྡོ་རྗེ་སློབ་དཔོན་འདི་སྐད་བླངས༔ ཧོ༔ ལྷ་དང་བྲམ་ཟེ་གཙང་མས་འཆང་༔ ཁྱི་ཕག་གདོལ་བ་དམེ་བས་འཁྲུལ༔ སྤང་བླང་རྟོག་པས་འཁོར་བར་འཁྱམས༔ བདེ་སྟོང་མཉམ་པ་ཆེན་པོར་རོལ༔ ཅེས་དང་ཨ་ལ་ལ་ཧོ༔བརྗོད༔ དེ་ནས་འདུས་པ་ཐམས་ཅད་ཀྱི༔ བཟའ་བཏུང་ཐ་མལ་རྟོག་པ་སྤངས༔ དབང་བཞིའི་དམ་ཚིག་བཞིན་དུ་རོལ༔ མཇུག་ཏུ་བྱ་བ་དོན་ལྡན་ཕྱིར༔ བསྔོ་བས་རྒྱས་འདེབས་འདི་ལྟར་བྱ༔ ཨེ་མ་ཧོ༔ འཁོར་བ་རང་བཞིན་མ་གྲུབ་ཀྱང་༔ གློ་བུར་འཁྲུལ་བས་བསླུས་པ་ཡི༔ བདེ་སྡུག་སྣ་ཚོགས་ཅིར་སྣང་ཡང་༔ ལྷ་སྔགས་ཏིང་འཛིན་བསྒོམ་བཟླས་མཐུས༔ བདག་དང་འབྲེལ་ཐོགས་འགྲོ་བ་ཀུན༔ ཡེ་ཤེས་ཌཱཀྐིའི་གསང་གསུམ་དང་༔ ཚོམ་བུ་གཅིག་ཏུ་གྲོལ་བར་ཤོག༔ བདུན་པ་ལྷག་མ་བསྔོ་བ་ནི༔ ཁ་ཕྲུ་གདབ་ཅིང་ལྷག་མགྲོན་འགུགས༔ ཕེཾ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིར༔ ལེགས་ཉེས་སྟངས་འཛིན་སྲུང་མ་རྣམས༔ དཔལ་ཆེན་ཚོགས་ཀྱི་ལྷག་མ་ལོངས༔ རྣལ་འབྱོར་བར་ཆད་ཉུ་ལེ་སྒྲོལ༔ སེམས་དང་རིག་པ་ཤན་འབྱེད་པའི༔ ཐེ་ཚོམ་དྲྭ་བའི་སྒྲོག་མདུད་ཁྲོལ༔ གནས་སྐབས་འདུ་བ་རྣམ་གསུམ་གྱིས༔ ཆོས་མཐུན་བསམ་པ་འགྲུབ་པར་མཛོད༔ ཨུ་ཙུཥྚ་བྷ་ལིངྟ་ཁཱ་ཧི༔ བརྒྱད་པ་དབྱིངས་ནས་བསྐུལ་བ་ནི༔ ཧོ༔ བཞེངས་ཤིག་ཡེ་ཤེས་ཌཱཀྐིའི་ཚོགས༔ སྙིགས་དུས་ཆོས་ལ་བར་གཅོད་པའི༔ བདུད་དང་ལོག་འདྲེན་ཁ་དར་བས༔ བསྟན་དང་འགྲོ་བའི་བདེ་སྐྱིད་ཉམས༔ དེ་ཕྱིར་ཐུགས་དམ་དབྱིངས་ནས་བསྐུལ༔ དོན་དམ་ཆོས་སྐུའི་ཀློང་ཡངས་ནས༔ བཞེངས་བཞུད་མཚན་མ་མི་མངའ་ཡང་༔ ཀུན་རྫོབ་གཟུགས་སྐུའི་རྣམ་རོལ་གྱིས༔ གདུལ་དཀའི་ལོག་འདྲེན་ཆམ་ལ་ཕོབ༔ བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ དགུ་བ་ཐ་ཚིག་བསྒྲག་པའི་ཕྱིར༔ གཏོར་མ་སྨན་དང་རཀྟ་བྲན༔ ཨེ་མ་ཧོ༔ སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ རང་ཤེས་རིག་པའི་རྒྱལ་པོ་ཡིས༔ སྤང་བླང་མེད་པའི་ཐ་ཚིག་བསྒྲགས༔ བདག་རྟོག་ལྷ་འདྲེ་དམ་ལ་བཏགས༔ མཉམ་ཉིད་གཤིས་ཀྱི་གཏོར་མ་ལོངས༔ སྔོན་གྱི་ཐུགས་དམ་ཇི་བཞིན་དུ༔ སྲིད་ཞི་དབྱིངས་གྲོལ་ཕྲིན་ལས་མཛོད༔ དེ་འོག་བར་གྱི་བསྐལ་པ་ལ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དང་༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བདེ་སྟོང་མཉམ་པའི་ཏིང་འཛིན་གྱིས༔ གངས་ཅན་ལྷ་སྲིན་དམ་ལ་བཏགས༔ རང་སྣང་དབང་དུ་འདུས་པའི་མཐུས༔ གཞན་སྣང་འགྲོ་ཁམས་ཟིལ་གྱིས་མནན༔ གསང་ཆེན་བསྟན་པའི་རྒྱལ་མཚན་བསྒྲེངས༔ ཐ་ཚིག་ཕོག་པའི་ལྷ་འདྲེ་རྣམས༔ བཀའ་ཡི་གཏོར་མ་འདི་བཞེས་ལ༔ བསྟན་འགྲོའི་བདེ་སྐྱིད་སྤེལ་བར་མཛོད༔ དུས་སྙིགས་བསྐལ་པའི་མར་གཤམ་འདིར༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་ལ༔ དག་སྣང་གཏེར་ཁ་རྡོལ་བའི་ཚེ༔ གསང་སྔགས་སྲུང་མའི་ཚོགས་རྣམས་ཀྱིས༔ ཟབ་ཆོས་ཉམས་ལེན་སྐལ་ལྡན་ལ༔ འགལ་རྐྱེན་འཚེ་བ་སྲུང་བ་དང་༔ མཐུན་རྐྱེན་ལེགས་ཚོགས་སྤེལ་ལོ་ཞེས༔ ཇི་ལྟར་ཞལ་བཞེས་མཛད་པ་བཞིན༔ གཏོར་མ་བཞེས་ལ་ཕྲིན་ལས་མཛོད༔ བྷ་ལིངྟ་པཱུ་ཛ་ས་མ་ཡཱ་ཁཱ་ཧི༔ བཅུ་པ་བསྟན་མ་སྐྱོང་བ་ནི༔ གཏོར་མ་འབུལ་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱིཿ གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་རྟགས་ཕྱག་རྒྱས་དམ་བཞག་པའི༔ བསྟན་མ་བཅུ་གཉིས་འཁོར་དང་བཅས༔ བཤལ་ཆུ་བདུད་རྩིའི་བཅུད་རོལ་ལ༔ སངས་རྒྱས་བསྟན་པ་དར་བ་དང་༔ སེམས་ཅན་བདེ་སྐྱིད་འཕེལ་བར་མཛོད༔ མུ་སྟེགས་རྟག་ཆད་ལྟ་བ་སྒྲོལ༔ དགེ་འདུན་སྡེ་གཉིས་དབུ་འཕང་བསྟོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིངྟ་ཨ་མྲྀ་ཏ་ཁཱ་ཧི༔ བཅུ་གཅིག་རྟ་བྲོ་བརྡུང་བ་ནི༔ གཏོར་གཞོང་འོག་ཏུ་དམ་སྲི་བྲུབ༔ ཧཱུྃ་ཧཱུྃ༔ གསང་ཆེན་མཁའ་འགྲོའི་དཀྱིལ་འཁོར་འདིར༔ རྣལ་འབྱོར་ཆོས་སྲིད་བདེ་སྐྱིད་ལ༔ བར་དུ་གཅོད་པའི་དམ་སྲིའི་རིགས༔ མནན་ནོ་རི་རབ་གླིང་བཞིའི་འོག༔ འཆོར་མེད་ཕྱག་རྒྱ་བཞི་ཡིས་བཅིངས༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ ཨོཾ་ལཾ་ཨ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་ནན༔ བཅུ་གཉིས་དངོས་གྲུབ་བསྐུལ་བ་ནི༔ སྒྲུབ་གཏོར་ལྷ་རུ་ཤེས་པ་ལ༔ དབང་བཞི་ལེན་པའི་དམིགས་པ་དང་༔ ཚིག་འདིས་གསོལ་བ་གདབ་པར་བྱ༔ ཨེ་མ་ཧོ༔ རང་བྱུང་ཡེ་ཤེས་མཁའ་འགྲོ་མ༔ རྒྱལ་ཡུམ་ཛྙཱ་ན་ས་ག་ར༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ རྣལ་འབྱོར་ལུས་ལ་བྱིན་གྱིས་རློབས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགགས་མེད་གསུང་གི་དཀྱིལ་འཁོར་ནས༔ རྣལ་འབྱོར་ངག་ལ་བྱིན་གྱིས་རློབས༔ ཚངས་པའི་དབྱངས་ཀྱི་དངོས་གྲུབ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣལ་འབྱོར་སེམས་ལ་བྱིན་གྱིས་རློབས༔ མཁྱེན་དང་བརྩེ་བའི་དངོས་གྲུབ་སྩོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཛྙཱ་ན་སྭ་ར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཅུ་གསུམ་ནོངས་པ་བཤགས་པ་ནི༔ ཧོ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ དད་གུས་དམ་ཚིག་ལ་བརྟེན་ཀྱང་༔ བདག་ཅག་ལས་ཉོན་དབང་གྱུར་པས༔ ལྷ་དང་བླ་མར་མོས་གུས་ཆུང་༔ དམ་སྡོམ་འགལ་ཉམས་འདས་དང་རལ༔ མཐའ་མེད་འཁོར་བའི་རྒྱུར་གྱུར་པ༔ མ་ལུས་སྙིང་ནས་བཤགས་ལགས་ན༔ ཡེ་ཤེས་ལས་དང་འཇིག་རྟེན་པའི༔ མ་སྲིང་ཌཱཀྐིའི་ཚོགས་རྣམས་ཀྱིས༔ མཐོལ་བཤགས་དང་དུ་བཞེས་ནས་ཀྱང་༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཨོཾ་ས་མ་ཡཱ༔ ཨཱཿས་མ་ཡཱ༔ ཧཱུྃ་ས་མ་ཡཱ༔ ཌཱཀྐི་ནི་ས་ཏྭ་སོགས་ཡི་གེ་བརྒྱ་པ་བདུན་ནམ་ཉེར་གཅིག་ནི༔ སྐབས་བསྟུན་བཤགས་པ་ཡང་ཡང་བྱ༔ བཅུ་བཞི་བསྡུ་རིམ་གཤེགས་གསོལ་ནི༔ ཨེ་མ་ཧོ༔ ཀུན་གཞི་ཡེ་ཤེས་སྦྱང་བྱེད་བསྐྱེད་རིམ་ལྷ༔ ཕྱི་ནང་འོད་ཞུ་གཞལ་ཡས་འཁོར་ལ་ཐིམ༔ དེ་ཡང་རིམ་ཡལ་གཙོ་མོའི་ཐུགས་སྲོག་ལ༔ ཨ་ཡིག་སྟོང་ཆེན་གདོད་མའི་དབྱིངས་སུ་ཡལ༔ དབྱིངས་ནས་སྤྱན་དྲངས་རང་བྱུང་ཡེ་ཤེས་པ༔ རང་བཞིན་དག་པ་སྐུ་གསུམ་ཞིང་དུ་གཤེགས༔ རང་ཉིད་གཉུག་མའི་མཁའ་འགྲོའི་སྐུར་གསལ་བའི༔ གནས་གསུམ་ཡི་གེས་མཚན་པས་བར་ཆད་སྲུངས༔ ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་རཀྵ་རཀྵ༔ བཅོ་ལྔ་བསྔོ་སྨོན་རྒྱས་གདབ་ནི༔ ཨེ་མ་ཧོ༔ བདག་གི་དུས་གསུམ་བླ་མ་ཡི་དམ་ལྷ༔ མ་དང་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ བསྙེན་དང་སྒྲུབ་པ་ལས་སྦྱོར་ཡང་དག་བརྩམས༔ གཞན་ཡང་དགེ་བཅུའི་ལམ་ལ་ཞུགས་པ་ཡི༔ རྣམ་དཀར་ལས་ལ་བརྩོན་པ་ཅི་བགྱིས་པ༔ དགྲ་བགེགས་ལ་སོགས་མཁའ་ཁྱབ་འགྲོ་བ་རྣམས༔ ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ༔ གནས་སྐབས་ཌཱཀྐི་ཕྲིན་ལས་རབ་འབྱམས་ཀྱིས༔ རྗེས་བཟུང་གདུལ་བྱ་མ་ལུས་ཕན་བདེ་ཡི༔ དཔལ་ལ་སྦྱོར་བའི་རྟེན་འབྲེལ་ཕུན་ཚོགས་པ༔ ཡེ་ཤེས་མཚོ་རྒྱལ་ཉིད་དང་མཉམ་པར་ཤོག༔ བཅུ་དྲུག་བཀྲ་ཤིས་མཐུན་གྱུར་ནི༔ ཨེ་མ་ཧོ༔ རྨད་བྱུང་མཁའ་ལ་སྤྱོད་པའི་ཞིང་ཁམས་ནས༔ སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་འགྲོ་ཁམས་ལ༔ རྟག་ཏུ་གཟིགས་པ་ལྷུར་མཛད་ཌཱཀྐིའི་ཚོགས༔ རྒྱལ་ཡུམ་རྡོ་རྗེ་ཕག་མོའི་བཀྲ་ཤིས་ཤོག༔ དེ་ཉིད་གདུལ་བྱའི་དབང་གིས་གངས་ལྗོངས་འདིར༔ རང་བྱུང་མཚོ་སྐྱེས་བླ་མའི་ཕྲིན་ལས་པ༔ མཁར་ཆེན་རྒྱུད་འཁྲུངས་འགྲོ་དྲུག་སྡུག་བསྔལ་སེལ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་ཤོག༔ མ་དག་སྣང་ཞེན་ལྷ་ཡི་འཁོར་ལོར་སྦྱངས༔ ཐ་མལ་ལས་རླུང་གསང་ཆེན་སྔགས་སུ་དག༔ དྲན་རྟོག་རང་གྲོལ་ཆོས་སྐུའི་དགོངས་ཀློང་དུ༔ འགྲོ་ཀུན་ཕྱམ་གཅིག་གྲོལ་བའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ འདི་ནི་བྱིན་རླབས་ཀུན་གྱི་གཏེར༔ དངོས་གྲུབ་མ་ལུས་འབྱུང་བའི་སྒོ༔ ཤིན་ཏུ་ཟབ་པའི་སྙིང་ཐིག་མཆོག༔ ཟབ་གཏེར་དགོངས་པའི་སྒྲོམ་དུ་སྦས༔ དུས་བབ་ལས་སྐལ་ལྡན་པ་ཡིས༔ ཉམས་སུ་ལོངས་དང་བསླུ་རེ་ཀན༔ བཀའ་ཡི་སྲུང་མ་ཁྱབ་འཇུག་གིས༔ གཡེལ་མེད་མེལ་ཚེ་སྲུངས་ཤིག་རྒྱ༔ གུ་ཧྱ༔ བརྡ་ཐིམ༔

མཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ མཚོ་རྒྱལ་གསང་སྒྲུབ་བདེ་ཆེན་མྱུར་ལམ་བཞུགས༔

ན་མོ་ཛྙཱ་ན་ཌཱཀྐི་ནི༔ བདག་འདྲ་མཁར་ཆེན་མཚོ་རྒྱལ་གྱིས༔ གསང་སྒྲུབ་བདེ་ཆེན་མྱུར་ལམ་འདི༔ དག་སྣང་ཆོས་ཀྱི་རྩ་བ་རུ༔མ་འོངས་སྐལ་ལྡན་བཙས་སུ་བཞག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྣལ་འབྱོར་སྒྲུབ་པོ་འཁོར་བ་ལ་ངེས་འབྱུང་དང་ཐར་པ་ལ་བློ་རྩེ་གཅིག་ཏུ་འདུན་པའི་གང་ཟག་གིས༔ འདུ་འཛི་དང་གཡེང་བ་མེད་པའི་གནས་རབ་གངས་རི་བརྟན་ཆགས༔ འབྲིང་གཡུ་མཚོ་གཏན་འཁྱིལ༔ བྲག་རི་ལྷུན་ཆགས༔ ནགས་ཚལ་འཐུག་པོ༔ ཐ་མ་ཡང་མི་ཡི་རྒྱུ་འགྲུལ་མེད་ཅིང་ཡིད་དུ་འོང་བར་སྐུ་གསུང་ཐུགས་རྟེན་དང་མཆོད་པ་རྣམས་ལྔ་སོགས་བཀོད་ལེགས་པར་བྱ་ཞིང་༔ རང་ཉིད་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ཆོ་ག་འདི་ཉིད་བརྩམ་པར་བྱའོ༔ དེ་ལའང་སྦྱོར་དངོས་རྗེས་གསུམ་སྟེ༔ དང་པོ་སྦྱོར་བ་ལ༔ སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་༔ མཎྜལ་འབུལ་བ་དང་༔ སྡིག་སྒྲིབ་སྦྱང་ཕྱིར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ་བའོ༔ དང་པོ་རང་གི་མདུན་གྱི་ནམ་མཁར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་དང་དབྱེར་མེད་པ་ཨོ་རྒྱན་སྤྲུལ་པའི་སྐུ་ལ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོ༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས༔ གནས་གསུམ་དཔའ་བོ་མཁའ་འགྲོ༔ ནོར་ལྷ་གཏེར་བདག་དང་བཅས་པ་སྐྱབས་སུ་འོས་པའི་ཡུལ་ཐམས་ཅད་མངོན་སུམ་དུ་བཞུགས་པ་ལ་རྩ་བའི་ཕ་མ་དང་དགྲ་བགེགས་གཉིས་ཀྱི་གཙོས་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བར་མོས་ལ༔ ངག་ཏུ་ཚིག་འདི་སྐད་བརྗོད༔ ཀྱེ་ཀྱེ༔ བསླུ་མེད་གཏན་གྱི་སྐྱབས་གཅིག་བླ་མ་མཆོག༔ མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་དང་༔ དྲིན་ཆེན་མ་ཅིག་ཡེ་ཤེས་མཚོ་རྒྱལ་ལ༔ རྩ་གསུམ་དམ་ཅན་སྲུང་མས་བསྐོར་བ་རྣམས༔ བདག་གི་གཏན་གྱི་སྐྱབས་སུ་ངེས་ཤེས་པས༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་ཅིང་རྒྱུན་ཁྱེར་ཙམ་ལའང་གསུམ་དུ་ངེས་པར་བཀླག་གོ༔ དེའི་ཚེ་བྱིན་གྱིས་བརླབས་པའི་རྟགས་སྣ་ཚོགས་འབྱུང་ཞིང་རྨི་ལམ་དུའང་འཇིགས་པའི་གནས་ལས་གཞན་གྱིས་གྲོགས་བྱེད་པ་སོགས་འབྱུང་ངོ་༔ གཉིས་པ་སེམས་བསྐྱེད་པ་ནི༔ ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཕྱིར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་ཆོས་ཡང་དག་པ་དང་བསྟུན་ནས་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྩེ་གཅིག་ཏུ་བསྙེན་ཅིང་བསྒྲུབ་པར་བྱའོ་སྙམ་པའི་འདུན་པས༔ ངག་ནས་འདི་སྐད་བརྗོད་དོ༔ ཀྱེ་མ་ཀྱེ་མ་ཕ་མ་མཁའ་ཁྱབ་འགྲོ༔ ཀུན་ཀྱང་སྡུག་བསྔལ་རྒྱུ་འབྲས་ལས་བསྒྲལ་ནས༔ རྣམ་མཁྱེན་གཏན་གྱི་བདེ་བ་ལ་འགོད་ཕྱིར༔ བདག་གི་སྒོ་གསུམ་དམ་པའི་ཆོས་དང་བསྟུན༔ རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མའི༔ གསང་སྒྲུབ་མྱུར་ལམ་ཉམས་སུ་ལེན་པར་བྱའོ༔ གསུམ་པ་མཎྜལ་འབུལ་བ་ནི༔ ཕྱི་སྣོད་ཀྱི་འཇིག་རྟེན་རི་རབ་གླིང་བཞི་གླིང་ཕྲན་ཉི་ཟླ་ནོར་བུ་ལྷ་མིའི་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ནང་བཅུད་ཀྱི་སེམས་ཅན་རང་གི་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་རྩལ་ཡབ་ཡུམ་ལ་ཕངས་པ་མེད་པའི་སེམས་ཀྱིས་འབུལ་བར་བགྱིའོ་སྙམ་པའི་འདུན་པ་རྩེ་གཅིག་པས༔ ངག་ནས་འདི་སྐད་བརྗོད༔ ཨེ་མ་ཧོ༔ ཕྱི་སྣོད་རིན་ཆེན་རི་གླིང་ཁོར་ཡུག་དང་༔ ནང་བཅུད་སེམས་ཅན་དབང་ལྔའི་ལོངས་སྤྱོད་ཚོགས༔ ཁྱད་པར་བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ གཏན་གྱི་སྐྱབས་གཅིག་པད་འབྱུང་ཡབ་ཡུམ་དང་༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས་ལ་འབུལ༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག༔ ཏྲཾ་རཏྣ་མཎྜལ་ལ་པཱུ་ཙ་ཧོ༔ ཞེས་པའང་གྲངས་བསགས་ཤིང་ཅི་ནུས་ཕུལ་བས་དེའི་ཚེ་ཚོགས་རྫོགས་པའི་རྟགས་སྣ་ཚོགས་འབྱུང་ཞིང་རྨི་ལམ་དུའང་ལོ་ཏོག་ལེགས་ཤིང་ནོར་དང་འབྲུའི་གཏེར་ལ་སྤྱོད་པ་སོགས་དགེ་བའི་རྟགས་མཚན་ངེས་པར་འབྱུང་ངོ་༔ བཞི་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི༔ ཐར་པའི་ས་ལ་བར་དུ་གཅོད་པར་བྱེད་པའི་གེགས་སྡིག་སྒྲིབ་ལས་ཆེ་བ་གཞན་མེད་ཅིང་དེ་ཉིད་སྦྱང་བ་གལ་ཆེ༔ དེའང་སྟོབས་བཞིར་མ་འདུས་པ་མེད་པས༔ རང་གི་སྤྱི་བོར་རྩ་བའི་བླ་མ་ཨོ་རྒྱན་ཆེན་པོ་ཉིད་དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་བསྒོམ་པ་རྟེན་གྱི་སྟོབས་དང་༔ དེའི་སྤྱན་སྔར་རང་གི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྤྱི་དང་༔ ཁྱད་པར་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་བསླབ་བྱ་དམ་ཚིག་ཉམས་ཆག་འགལ་རལ་འདས་པ་ཐམས་ཅད་གཏན་གྱི་སྡུག་བསྔལ་དྲག་པོའི་རྒྱུར་མཐོང་ནས་སྙིང་ཐག་པ་ནས་གནོང་འགྱོད་དྲག་པོས་བཤགས་པ་རྣམ་པར་སུན་འབྱིན་པའི་སྟོབས་དང་༔ ཕྱིན་ཆད་སྲོག་ལ་བབས་ཀྱང་གཏན་གྱི་སྡུག་བསྔལ་དྲག་པོའི་རྒྱུར་གྱུར་པའི་སྡིག་པའི་ལས་དེ་ལྟ་བུ་སྙིང་ཐག་པ་ནས་མི་བྱེད་སྙམ་པའི་དམ་བཅའ་ཕུར་ཚུགས་སུ་བྱེད་པ་རྣམ་པར་སོར་ཆུད་པའི་སྟོབས་དང་༔ ལུས་ངག་ཡིད་གསུམ་གྱི་སྡིག་པ་དེ་དག་སྦྱང་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་སྐུ་སྤྱི་བོར་བསྒོམ༔ གསུང་ཡི་གེ་བརྒྱ་པ་ངག་ཏུ་བཟླས༔ ཐུགས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ༔ དེ་དག་ཚིག་དོན་དང་འབྲེལ་བར་ངག་ནས་འདི་སྐད་བརྗོད་དོ༔ ཨ༔ རང་ཉིད་ཐ་མལ་གནས་པའི་སྤྱི་གཙུག་ཏུ༔ པད་དཀར་ཟླ་བའི་གདན་ལ་ཧཱུྃ་ཡིག་ལས༔ རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་སྐུ༔ དཀར་གསལ་ཟླ་བ་ཞུན་མའི་ལང་ཚོ་ལ༔ ཐབས་ཤེས་དབྱེར་མེད་རྡོ་རྗེ་དྲིལ་ཕྱག་ཅན༔ བདེ་སྟོང་ཟུང་འཇུག་མཚོ་རྒྱལ་ཡུམ་དང་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་སྣང་ལ་རང་བཞིན་མེད༔ གསལ་སྟོང་འཛིན་མེད་ཆུ་ཟླ་ལྟ་བུར་བསྒོམས༔ བདག་ནི་ཚེ་རབས་ཐོག་མ་མེད་པ་ནས༔ ལས་ཉོན་དབང་གིས་སྡིག་པའི་ཁུར་གྱིས་ནོན༔ ཡང་དག་ཐར་པའི་ལམ་ལ་རྒྱབ་ཀྱིས་ཕྱོགས༔ བཟོད་དཀའི་སྡུག་བསྔལ་གསུམ་གྱིས་བཙོན་རར་བཅིངས༔ དེ་ལས་སྐྱོབ་ཕྱིར་ཁྱེད་ཤེས་དད་པའི་བློས༔ སྔར་བྱས་སྡིག་པ་བཤགས་ཤིང་ཕྱིན་ཆད་སྡོམས༔ སྐྱབས་མཆོག་ཁྱེད་ལ་རྩེ་གཅིག་གསོལ་འདེབས་ཕྱིར༔ སྐུ་བསྒོམ་སྔགས་བཟླས་ཏིང་འཛིན་རྩེ་གཅིག་ལ༔ བརྩོན་པར་བྱའོ་མགོན་ཁྱོད་ཐུགས་རྗེའི་མཐུས༔ ལས་ཉོན་སྡིག་སྒྲིབ་དག་པར་མཛད་དུ་གསོལ༔ ཡི་གེ་བརྒྱ་པ་ཐུན་དུ་བཅད་ལ་བཟླ༔ ཁྲི་འབུམ་བརྒྱ་སྟོང་ལ་སོགས་གྲངས་འཁྱོལ་ཚེ༔ སྡིག་སྒྲིབ་དག་པའི་རྟགས་མཚན་སྣ་ཚོགས་དང་༔ རྨི་ལམ་ནའང་ཁྲུས་བྱས་གངས་རིར་འཛེགས༔ ཉི་ཟླ་ཤར་དང་དངོས་སུ་ལུས་སེམས་ལ༔ དགེ་བའི་རྟགས་མཚན་སྣ་ཚོགས་འབྱུང་བར་ངེས༔ དེ་ཡན་ཆད་སྔོན་དུ་འགྲོ་བའི་ཆོས་ཏེ༔ སྣོད་དུ་བཅུད་བཟང་པོ་བླུགས་པ་ལ་ཐོག་མར་བཀྲུ་བཤལ་བྱེད་དགོས་པ་དང་ཆོས་མཚུངས་པས་འདི་རྣམས་ནི་ཟླ་བ་དྲུག་གམ་གསུམ་མམ་ཐ་ན་གཅིག་ལ་སོགས་པར་བརྩོན་པ་དྲག་པོས་ཉམས་སུ་ལེན་པར་བྱའོ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་ལའང་རྣམ་གྲངས་བདུན་ཏེ༔ ཞིང་ཁམས་སྦྱངས་ནས་ལུས་ཀྱི་སྟོང་ར་བསྒོམ་པ་དང་གཅིག༔ ཡེ་ཤེས་འཆར་བའི་སྣོད་ལུས་ཀྱི་རྩ་གསུམ་བསྒོམ་པ་དང་གཉིས༔ ཉོན་མོངས་པའི་རྒྱུ་མ་དག་པའི་རླུང་རོ་ཕྱིར་བསལ་བ་དང་གསུམ༔ སྐུ་ལྔ་འགྲུབ་པའི་ཉེ་རྒྱུ་ཡེ་ཤེས་ལྔའི་རླུང་ནང་དུ་སྡུད་པ་དང་བཞི༔ བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་འཆར་ཕྱིར་ཨ་ཤད་འབར་འཛག་བསྒོམ་པ་དང་ལྔ༔ རྒྱལ་ཀུན་འདུས་པའི་བདག་ཉིད་རིགས་ལྔའི་ལྷ་ཚོགས་ལ་བདེ་སྟོང་ཡེ་ཤེས་ཀྱི་མཆོད་པ་འབུལ་བ་དང་དྲུག༔ སྤྲོས་པའི་ཆོས་ཀུན་རྣམ་ཀུན་མཆོག་ལྡན་སྟོང་ཆེན་རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ་རྒྱས་འདེབས་པ་དང་བདུན་ནོ༔ དང་པོ༔ འདི་ལྟར་སྣང་བའི་ཡུལ་ཐམས་ཅད་དངོས་པོ་དང་མཚན་མ་མེད་པ་ནམ་མཁའ་ལྟ་བུ་ལ་གསལ་སྣང་མ་འགགས་པ་ཆུ་ཟླ་ལྟར་ཨོ་རྒྱན་མཁའ་འགྲོའི་གླིང་གི་བཀོད་པ་རུས་པའི་རི་རབ༔ རཀྟའི་རྒྱ་མཚོ༔ དུར་ཁྲོད་ཀྱི་ཆས་རྣམས་མ་ཚང་བ་མེད་པའི་དབུས་སུ་པདྨ་དང་བཾ་རོའི་གདན་ལ་རང་གི་རིག་པ་རྒྱུས་མ་བསྐྱེད་རྐྱེན་ལས་མ་བྱུང་འདི་ཞེས་བརྗོད་དུ་མེད་པ་དེ་ཉིད༔ སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་དུ་ཤར་ཏེ༔ ངོ་བོ་ཡེ་ཤེས་མཚོ་རྒྱལ་ལ༔ རྣམ་པ་རྡོ་རྗེ་ཕག་མོ་ཁམས་གསུམ་གྱི་འགྲོ་བ་རྣམས་ལ་དམིགས་པ་མེད་པའི་ཐུགས་རྗེའི་ཉམས་དམར་གསལ་ལང་ཚོ་རྒྱས་པའི་སྐུ་ཁྲོ་འཛུམ་ཆགས་པའི་རོས་རབ་ཏུ་མྱོས་པ༔ གཟུང་འཛིན་རྩ་བ་གཅོད་ཅིང་རྟོག་ཚོགས་དབྱིངས་སུ་རོལ་བའི་བརྡར་གྲི་ཐོད་ཀྱི་ཕྱག་རྒྱ་བསྒྱུར་ཞིང་འཁོར་བའི་སྐྱེ་སྒོ་དགག་ཕྱིར་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ༔ ཞི་བར་གནས་ཀྱང་འགྲོ་བའི་ཁམས་སུ་ཐུགས་རྗེས་འཇུག་པ་མི་འདོར་བའི་བརྡར་ཞབས་གཡོན་པས་བཾ་རོ་སེར་པོའི་སྙིང་གར་བརྫིས་པ༔ ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་ཕྱིར་རུས་པའི་རྒྱན་དྲུག༔ དཔའ་བོ་པདྨ་བཛྲ་དང་འདུ་འབྲལ་མེད་པའི་བརྡར༔ དུག་གསུམ་རྩད་གཅོད་ཀྱི་ཁ་ཊཱཾ་ཀ་བརླ་གཡོན་པ་ལ་བརྟེན་པ༔ གཙང་རྨེའི་རྣམ་རྟོག་གཞོམ་པའི་བརྡར་རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོག་པ༔ སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ༔ གསལ་ལ་འཛིན་པ་མེད་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུ༔ སྐུའི་ནང་སྟོང་པ་ཕྲུ་མ་ཕུས་བརྒྱངས་པ་ལྟ་བུ་གཅིག་ཏུ་བསམས་ཏེ༔ ངག་ཏུའང་འདི་སྐད་བརྗོད་དོ༔ ཨེ་མ་ཧོ༔ སྐྱེ་འགག་གནས་གསུམ་བྲལ་བ་སྣང་བའི་ཡུལ༔ སྐྱེ་བ་མེད་ལས་སྐྱེ་བའི་རང་གཟུགས་ཤར༔ ཨོ་རྒྱན་མཁའ་འགྲོའི་ཞིང་ཁམས་འཇིགས་རུང་བ༔ རུས་པའི་རི་རབ་རཀྟའི་རྒྱ་མཚོ་འཁྱིལ༔ རྩི་ཤིང་མཚོན་ཆ་སྒྲ་སྐད་ཧཱུྃ་ཕཊ་བྷྱོ༔ དུར་མེ་རབ་འབར་དུར་རླུང་ཁམ་ནག་འཚུབས༔ ཀེང་རུས་བྱ་གཅན་མང་པོ་རོ་ལ་རྔམ༔ ཐ་མལ་དངོས་འཛིན་བྲལ་བའི་ཞིང་གི་དབུས༔ པད་ཉི་བཾ་རོའི་གདན་ལ་རང་རིག་ཉིད༔ ཡེ་ཤེས་མཚོ་རྒྱལ་རྡོ་རྗེ་ཕག་མོའི་སྐུ༔ འགྲོ་ལ་རྗེས་སུ་ཆགས་པའི་སྐུ་མདོག་དམར༔ གཟུང་འཛིན་རྩད་གཅོད་གྲི་གུག་ཐོད་ཁྲག་བསྣམས༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་མཛེས༔ གནག་སྣུམ་དབུ་སྐྲའི་ལྕང་ལོ་སྤྱི་བོར་བཅིངས༔ ལྷག་མ་ཐུར་གྲོལ་ཐོད་སྐམ་པྲོག་ཞུས་སྤྲས༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར་སྒྲ་སྒྲོགས༔ ཡབ་དང་འབྲལ་མེད་ཁ་ཊཱཾ་མཆན་གཡོན་འཁྱུད༔ བརྐྱང་བསྐུམ་འདོར་སྟབས་སྣང་སྟོང་འོད་སྐུར་བསྒོམས༔ གཉིས་པ་རྩའི་སྟོང་ར་བསྒོམ་པ་ནི༔ རང་གི་སྐུའི་ནང་སྟོང་པའི་ལུས་ཀྱི་དབུས་དྲང་པོར་རྩ་ཨ་ཝ་དྷཱུ་ཏི་བདེ་བ་མཚོན་ཕྱིར་ཕྱི་དཀར་ལ༔ སྟོང་པ་མཚོན་ཕྱིར་ནང་དམར་བ༔ བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་ལ་གཞན་དུ་གོལ་ས་མེད་པའི་བརྡར་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ༔ གསང་བ་ཆེན་པོའི་ཐབས་ཀྱིས་ཟིན་པས་ཡང་དག་པའི་ལམ་ལ་བསྒྱུར་ཏུ་བཏུབ་པའི་བརྡར་པདྨའི་འདབ་མ་ལྟར་སྲབ་པ༔ དོན་དམ་ཡེ་ཤེས་ཀྱི་རྩ་དེ་ཉིད་གཅུན་པས་མ་རིག་པའི་མུན་པ་སེལ་ཅིང་ཐར་ལམ་སྣང་བའི་སྒྲོན་མེ་གཅིག་པུར་གྱུར་པའི་བརྡར་ཏིལ་གྱི་མར་མེ་ལྟར་གསལ་བ༔ དངོས་པོ་དང་མཚན་མར་འཛིན་པ་མཐའ་དག་དོན་དམ་པའི་དབྱིངས་སུ་རྣམ་པར་དག་པའི་བརྡར་ནང་སྟོང་པ་སྟེ༔ མཚན་ཉིད་བཞི་དང་ལྡན་པ༔ རྩ་དེ་ཉིད་ལ་གནད་དུ་བསྣུན་པས་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་རྩད་ནས་གཅོད་པའི་བརྡར་མར་སྣེ་ལྟེ་འོག་ཏུ་ཁ་ཟླུམ་པ༔ ཡང་དག་པའི་ལམ་ལ་འགྲོ་བའི་སྒོ་འཕྱུགས་པ་མེད་པའི་བརྡར་ཡར་སྣ་རྒྱ་མཐོང་ལྟར་ཁ་ཕྱེ་བ༔ རྩ་གཙོ་མོ་དེའི་གཡས་སུ་རོ་མ་དཀར་མོ༔ གཡོན་དུ་རྐྱང་མ་དམར་མོ་གཉིས་ཀའང་ཕྲ་ལ་དྲང་བ༔ མར་སྣ་གཉིས་དབུ་མའི་འདུས་མདོར་ཟུག་པ༔ ཡར་སྣ་གཉིས་དབུ་མ་དང་ལྷན་ཅིག་ཏུ་གནས་པ་དཔེར་ན་ཀ་བ་སུམ་སྒྲིལ་གྱི་རྣམ་པ་ལྟར་བསྒོམ་ལ༔ ངག་ཏུ་འདི་སྐད་བརྗོད་དོ༔ རང་ལུས་སྣང་སྟོང་འོད་ཀྱི་ཁང་པ་རུ༔ ཡེ་ཤེས་འཆར་བའི་རྩ་གསུམ་ཀ་བ་ལྟར༔ དབུ་མ་ཕྱི་དཀར་ནང་དམར་ཤིན་ཏུ་དྲང་༔ པད་འདབ་ལྟར་མཉེན་ཏིལ་གྱི་མེ་བཞིན་གསལ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ༔ ཡར་སྣ་སྤྱི་བོ་ཚངས་བུག་ཟང་ཐལ་ལེ༔ གཡས་སུ་རོ་མ་དཀར་མོ་ཕྲ་ལ་ལྡེམ༔ གཡོན་དུ་རྐྱང་མ་དམར་མོ་གསལ་ལ་འཚེར༔ མར་སྣ་གཉིས་པོ་དབུ་མའི་འདུས་མདོར་ཟུམ༔ ཡར་སྣ་མིག་གཉིས་ལ་ཟུག་ཁ་ཕྱེ་བ༔ ཡེ་ཤེས་རྣམ་ལྔ་འཆར་བའི་རྩ་རུ་བསྒོམ༔ གསུམ་པ་མ་དག་པའི་རླུང་རོ་ཕྱིར་བསལ་བ་ནི༔ རང་གི་ཚེ་རབས་ཐོག་མེད་ནས་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་རླུང་དུད་ཁའི་རྣམ་པ་ཅན་རོ་མའི་ནང་དུ་ཤུགས་དྲག་ལ་རྩུབ་པ་དང་༔ དེ་བཞིན་དུ་ཚེ་རབས་ཐོག་མེད་ནས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་རླུང་དམར་སྐྱའི་རྣམ་པ་ཅན་རྐྱང་མའི་ནང་དུ་ཤུགས་མྱུར་ལ་འཇམ་པ་དང་༔ ཚེ་རབས་ཐོག་མེད་ནས་གཏི་མུག་གི་སྒོ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་རྩ་དབུ་མའི་ནང་དུ་རླུང་ཁམ་ནག་གི་རྣམ་པ་ཅན་དལ་བུར་སྙོམས་པའི་ཤུགས་ཅན་དུ་གནས་པར་བསྒོམས་ལ༔ ཐོག་མར་སྣ་བུག་གཡས་སུ་རླུང་རོ་ལན་གསུམ་བུས་པས་ཞེ་སྡང་གི་རྟོག་པ་དང་དེས་བསྐྱེད་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་སངས་སངས་དག་པར་བསམ༔ དེ་བཞིན་དུ་སྣ་བུག་གཡོན་དུ་རླུང་རོ་ལན་གསུམ་བུས་པས་འདོད་ཆགས་ཀྱི་རྟོག་པ་དང་དེས་བསྐྱེད་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་སངས་སངས་དག་པར་བསམ༔ དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་རླུང་རོ་ལན་གསུམ་བུས་པས་གཏི་མུག་གི་རྟོག་པ་དང་དེས་བསྐྱེད་པའི་ལས་ཉོན་བག་ཆགས་ནད་གདོན་དང་བཅས་པ་ཐམས་ཅད་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་དུ་སངས་སངས་དག་པར་བསམ་ལ་ངག་ཏུའང་འདི་སྐད་བརྗོད་དོ༔ དམྱལ་བའི་རྒྱུར་གྱུར་ཞེ་སྡང་ལས་གྱུར་རླུང་༔ དུད་ཁའི་མདོག་ཅན་སྣ་བུག་གཡས་པ་ནས༔ ཆོས་ཉིད་སྟོང་པའི་མཁའ་ལ་ཡལ་བར་བསམ༔ ཡི་དྭགས་རྒྱུར་གྱུར་འདོད་ཆགས་ལས་གྱུར་རླུང་༔ དམར་སྐྱའི་མདོག་ཅན་སྣ་བུག་གཡོན་པ་ནས༔ ཆོས་ཉིད་སྟོང་པའི་མཁའ་ལ་ཡལ་བར་བསམ༔ དུད་འགྲོའི་རྒྱུར་གྱུར་གཏི་མུག་ལས་གྱུར་རླུང་༔ ཁམ་ནག་མདོག་ཅན་སྣ་བུག་གཉིས་ཀ་ནས༔ ཆོས་ཉིད་སྟོང་པའི་མཁའ་ལ་ཡལ་བར་བསམས༔ བཞི་པ་དག་པ་ཡེ་ཤེས་ཀྱི་རླུང་ལྔ་ནང་དུ་སྡུད་པ་ནི༔ ཡེ་ནས་རིག་པ་བདེ་གཤེགས་སྙིང་པོའི་རང་རྩལ་དུ་ཡེ་ཤེས་རྣམ་པ་ལྔ་འདུ་འབྲལ་མེད་པར་གནས་པ་ཉིད་མངོན་དུ་འགྱུར་བར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་རླུང་ལྔ་ནང་དུ་སྡུད་པ་ཡིན་ཏེ༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རླུང་ཁ་དོག་མཐིང་གའི་རང་བཞིན་ཅན་ཡི་གེ་ཧཱུྃ་འཇམ་ལ་རིང་བའི་སྒྲ་གདངས་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་མཚན་དཔེའི་བདག་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རླུང་ཁ་དོག་དཀར་པོའི་རང་བཞིན་ཅན་ཡི་གེ་ཨོཾ་སྙན་ལ་ལྡེམ་པའི་རང་སྒྲ་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་འགག་པ་མེད་པ་ཚངས་དབྱངས་ཡན་ལག་དྲུག་ཅུའི་བདག་ཉིད་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རླུང་ཁ་དོག་དམར་པོའི་རང་བཞིན་ཅན་ཡི་གེ་ཨཱཿཕྲ་ལ་ཟབ་པའི་རང་སྒྲ་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་དགོས་འདོད་མ་ལུས་པ་འབྱུང་བའི་བདག་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རླུང་ཁ་དོག་གསེར་ཞུན་མའི་རང་བཞིན་ཅན་ཡི་གེ་ཏྲཾ་བརྗིད་ལ་ལྷུན་ཆགས་པའི་རང་སྒྲ་དང་བཅས་པ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བདག་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རླུང་ཁ་དོག་ལྗང་གུའི་རང་བཞིན་ཅན་ཡི་གེ་ཧ་དྲག་ལ་མྱུར་བའི་རང་སྒྲ་དང་བཅས་པ༔ རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་མཐུ་དང་བདག་གིས་སྔོན་བསགས་ཀྱི་དགེ་བའི་རྩ་བའི་མཐུས་བསྐུལ་ཏེ༔ རང་གི་རླུང་ནང་དུ་རྔུབས་པ་དང་ཆབས་གཅིག་པར་འོད་ཟེར་ཁ་དོག་རྣམ་ལྔ་ཕྲ་ལ་འདྲིལ་བ་ཚོན་སྐུད་ལྟར་གཤིབས་ཏེ་བདག་གི་སྣ་བུག་གཉིས་ཀ་ནས་དལ་བུས་ཞུགས་ཏེ་རྩ་གསུམ་ལྟེམ་གྱིས་གང་བར་བསམས་ལ་འོག་རླུང་དྲག་ཏུ་འཐེན་ཅིང་༔ སྟེང་རླུང་ཐུར་དུ་མནན་ནས༔ བར་རླུང་ཐད་ཀར་བརྒྱངས་པ་དོན་ལ་བརྗོད་དུ་མེད་པའི་རིག་པ་ཆེན་པོའི་རང་ཞལ་བལྟ་བ་དང་མི་འབྲལ་བ་ནི་གནད་ཡང་དག་པའོ༔ ལྔ་པ་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཕྱིར་ཨ་ཤད་དང་ཧཾ་ཡིག་བསྒོམས་ཏེ་འབར་འཛག་བྱ་བ་ནི༔ རྩ་དབུ་མའི་མར་སྣེ་ལྟེ་བའི་ཐད་ཀར་ཨ་ཤད་མགོ་བོ་ཐུར་དུ་བསྟན་ཏེ་རྩེ་མོ་གྱེན་ལ་ཕྱོགས་པ༔ དེ་ཡང་མཚན་ཉིད་བཞི་དང་ལྡན་པ་སྟེ༔ རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་ལ་དྭངས་པ༔ ཏིལ་གྱི་མར་མེ་ལྟར་གསལ་ལ་འཚེར་བ༔ ཙནྡན་གྱི་མེ་ལྕེ་ལྟར་ཚ་ལ་མྱུར་བ༔ ཟངས་ཁབ་གྱེན་བསྟན་ལྟར་རྩེ་མོ་རྣོ་ལ་རིང་བ༔ ཡུམ་གོས་དཀར་མོའི་རང་བཞིན་ཅན་ཡིན་པར་བསམ་ལ༔ དབུ་མའི་ཡར་སྣ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཧཾ་ཡིག་དཀར་པོ་མགོ་བོ་ཐུར་དུ་བསྟན་པ༔ དེ་ཡང་མཚན་ཉིད་བཞི་དང་ལྡན་པ༔ སྟོན་ཀའི་ཟླ་བ་ལྟར་དཀར་བ༔ གངས་ཀྱི་ཆུ་རྒྱུན་ལྟར་བསིལ་བ༔ གཞོན་ནུའི་ཐིག་ལེ་ལྟར་བདེ་བའི་རང་བཞིན་དུ་གནས་པ༔ གང་ཡང་གོ་མ་འགགས་པ་ཆུ་ཟླའི་རང་བཞིན་གསལ་ལམ་མེ་བ་རྒྱལ་ཀུན་བསྐྱེད་པའི་ཡབ་གཅིག་དཔལ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསམ་མོ༔ དེ་ནས་འབར་འཛགས་སུ་བསྒོམ་པ་ནི༔ ལྟེ་བའི་ཨ་ཤད་གཏུམ་མོའི་མེ་དེ་ཇེ་ཕྲ་ཇེ་རིང་དུ་སོང་བ་ལས་ཚ་དྲོད་ལམ་ལམ་དུ་འབར་ནས་སྤྱི་བོའི་ཧཾ་ལ་མེ་ལྕེ་རེག་པ་ཙམ་གྱིས་ཧཾ་ལས་བདུད་རྩིའི་རྒྱུན་འོ་མའི་ཐིགས་པ་ལྟར་རིམ་གྱིས་བབས་ཏེ་མཐར་ཧཾ་དང་ཨ་ཤད་རོ་གཅིག་ཏུ་གྱུར་པ་ལས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་བརྗོད་དུ་མེད་པར་གནས་པ་ལ་སེམས་རྩེ་གཅིག་ཏུ་བཟུང་སྟེ་མཉམ་པར་འཇོག་པར་བྱའོ༔ དྲུག་པ་རིགས་ལྔའི་ལྷ་ཚོགས་རྣམས་ལ་བདེ་སྟོང་ཡེ་ཤེས་ཆེན་པོའི་མཆོད་པ་འབུལ་བ་ནི༔ རྩ་དབུ་མའི་ནང་གི་དཔྲལ་བའི་ཐད་ཀར་པད་ཟླའི་གདན་ལ་རྣམ་པར་སྣང་མཛད་ཡབ་ཡུམ་ལ་སྐུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ དེ་བཞིན་དུ་མགྲིན་པའི་ཐད་ཀར་པད་ཟླའི་གདན་ལ་སྣང་བ་མཐའ་ཡས་ཡབ་ཡུམ་ལ་གསུང་པདྨ་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ སྙིང་གའི་ཐད་ཀར་པད་ཟླའི་གདན་ལ་མི་བསྐྱོད་པ་ཡབ་ཡུམ་ལ་ཐུགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ ལྟེ་བའི་ཐད་ཀར་པད་ཟླའི་གདན་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་ལ་ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་ཚོགས་མ་ལུས་པས་བསྐོར་བ་དང་༔ གསང་གནས་ཀྱི་ཐད་ཀར་པད་ཟླའི་གདན་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་ཕྲིན་ལས་ཀྱི་རིགས་ཀྱི་ལྷ་མ་ལུས་པས་བསྐོར་བར་བསམ་པ་ནི་གང་ལ་མཆོད་པ་འབུལ་བའི་ཡུལ་གསལ་གདབ་པའོ༔ བདེ་བ་ཆེན་པོའི་མཆོད་པ་ཇི་ལྟར་འབུལ་བའི་ཚུལ་ནི༔ སྤྱི་བོར་ཧཾ་ཡིག་དང་ལྟེ་བའི་ཨ་ཤད་སྔར་ལྟར་གསལ་བ་ལས༔ ཨ་ཤད་ཀྱི་མེས་སྤྱི་བོའི་ཧཾ་ཡིག་བཞུས་པས་བདུད་རྩིའི་རྒྱུན་སྤྱི་བོའི་རྣམ་སྣང་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་སྐུ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་སྐུའི་དམ་ཚིག་ཉམས་ཆག་བསྐང་བུམ་པའི་དབང་ཐོབ༔ དགའ་བའི་ཡེ་ཤེས་མངོན་དུ་གྱུར༔ གཏི་མུག་དུད་འགྲོའི་སྐྱེ་སྒོ་ཆོད་དེ་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ དེ་བཞིན་དུ་བདུད་རྩིའི་རྒྱུན་མགྲིན་པའི་སྣང་མཐའ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་གསུང་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་གསུང་པདྨ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་གསུང་གི་དམ་ཚིག་ཉམས་ཆག་བསྐང་༔ གསང་བའི་དབང་ཐོབ༔ མཆོག་དགའི་ཡེ་ཤེས་མངོན་དུ་གྱུར༔ སེར་སྣ་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་དེ་ནུབ་ཕྱོགས་པདྨ་བརྩེགས་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ ཡང་བདུད་རྩིའི་རྒྱུན་སྙིང་གི་མི་བསྐྱོད་པ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་ཐུགས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཐུགས་ཀྱི་དམ་ཚིག་ཆག་ཉམས་བསྐང་༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཁྱད་པར་གྱི་དགའ་བའི་ཡེ་ཤེས་མངོན་དུ་གྱུར༔ ཞེ་སྡང་དམྱལ་བའི་སྐྱེ་སྒོ་ཆོད་དེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ ཡང་བདུད་རྩིའི་རྒྱུན་ལྟེ་བའི་རིན་ཆེན་འབྱུང་ལྡན་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་ཡོན་ཏན་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་ཡོན་ཏན་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་ཤེས་བྱ་ལྔ་ལ་སོགས་པའི་ཡན་ལག་གི་དམ་ཚིག་ཉམས་ཆག་བསྐང༔ དོན་དམ་པ་ཚིག་གི་དབང་ཐོབ༔ ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་མངོན་དུ་གྱུར༔ ང་རྒྱལ་གྱི་ལྷའི་སྐྱེ་སྒོ་ཆོད་དེ་ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ ཡང་བདུད་རྩིའི་རྒྱུན་གསང་གནས་ཀྱི་དོན་ཡོད་གྲུབ་པ་ཡབ་ཡུམ་གྱི་ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ་པས་ཕྲིན་ལས་བདེ་བ་ཆེན་པོའི་ཡེ་ཤེས་རབ་ཏུ་རྒྱས༔ ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཀྱང་བདུད་རྩིའི་རྒྱུན་བྱུང་བས་ཕྲིན་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ལ་མཉེས་པའི་མཆོད་པ་འབུལ༔ དེའི་བྱིན་རླབས་ཀྱིས་བདག་དང་ལམ་ཞུགས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་གསང་སྔགས་ཀྱི་དམ་ཚིག་ལ་གཏོགས་པའི་ལས་ཉོན་བག་ཆགས་ཕྲ་མོ་དང་བཅས་པའི་ཉམས་ཆག་ཐམས་ཅད་བསྐང་༔ གསང་སྔགས་ལམ་དབང་མ་ལུས་པ་མཐའ་དག་ཐོབ༔ དགའ་བཞི་ཞེན་པ་དང་བྲལ་བའི་ཡེ་ཤེས་མངོན་དུ་གྱུར༔ ཕྲག་དོག་ལྷ་མ་ཡིན་གྱི་སྐྱེ་སྒོ་ཆོད་དེ་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་དུ་སྟོན་འཁོར་དགོངས་པ་གཅིག་པའི་འབྲས་བུ་རང་རྒྱུད་ལ་མངོན་དུ་གྱུར་པར་བསམ་མོ༔ མཐར་སྐུ་ཐམས་ཅད་ཀྱང་ལས་ཀྱི་རིགས་ཀྱི་ལྷ་རྣམས་རིན་ཆེན་རིགས་ཀྱི་ལྷ་རྣམས་ལ་བསྟིམ༔ དེ་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ལ་བསྟིམ༔ དེ་པདྨ་རིགས་ཀྱི་ལྷ་ཚོགས་ལ་བསྟིམ༔ དེ་བདེ་གཤེགས་རིགས་ཀྱི་ལྷ་ཚོགས་ལ་བསྟིམ་ཞིང་དེ་ཡང་རང་གི་སེམས་ཉིད་དང་གཉིས་སུ་མེད་པ་ཨ་དཀར་པོ་གསལ་ལ་དྭངས་པར་བསམས་ཏེ་ཚངས་པའི་བུ་ག་ནས་དཔག་ཆེན་གྱིས་མདའ་འཕངས་པ་ལྟར་འོག་མིན་མཁའ་སྤྱོད་ཀྱི་གནས་སུ་འཕོ་བར་བསམ་པ་ནི་སྟེང་སྒོ་རྣལ་འབྱོར་གྲོལ་བའི་གདམས་ངག་ཡང་དག་པའོ༔ ཡང་བདེ་བ་ལམ་དུ་བྱེད་པའི་གང་ཟག་གིས་སྤྱི་བོའི་ཧཾ་ཡིག་འོད་དུ་ཞུ་ནས་རྣམ་སྣང་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་སྣང་མཐའ་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་མི་བསྐྱོད་པ་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་རིན་འབྱུང་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས་དོན་གྲུབ་ཡབ་ཡུམ་གཙོ་འཁོར་ལ་ཐིམ༔ དེ་ཡང་འོད་དུ་ཞུ་ནས་ཨ་ཤད་གཏུམ་མོའི་མེ་ལ་ཐིམ༔ དེ་ལ་སེམས་རྒྱུན་དུ་བཟུང་བ་ཙམ་གྱིས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བྱེད་པས་གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ཡིན་ནོ༔ བདུན་པ་སྤྲོས་པའི་ཆོས་ཀུན་རྣམ་ཀུན་མཆོག་ལྡན་སྟོང་ཉིད་བཙུན་མོའི་མཁའ་དབྱིངས་སུ་རྒྱས་འདེབས་པ་ནི༔ འདི་ལྟར་སྣང་བའི་འཁོར་འདས་བཟང་ངན་བདེ་སྡུག་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་དང་པོ་གང་ནས་ཀྱང་སྐྱེ་བ་མེད་པས་ནམ་མཁའ་ལ་ཤར་བའི་འཇའ་ཚོན་ལྟ་བུ༔ བར་དུའང་གནས་པ་མེད་པས་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ༔ མཐར་གང་དུའང་འགག་པ་མེད་པ་བུམ་པ་ཆག་པའི་ནང་གི་སྟོང་ཆ་ལྟ་བུ༔ དེ་བཞིན་དུ་རང་ལུས་མཁའ་འགྲོར་བསྒོམ་པ་དང་༔ ལུས་ལ་བརྟེན་པའི་རྩ་བསྒོམ་པ་དང་༔ རྩ་ལ་བརྟེན་པའི་ཐིག་ལེ་འབར་འཛག་བྱ་བ་དང་༔ དེས་བདེ་བའི་རྒྱུན་མཆོད་པའི་ཡུལ་རིགས་ལྔའི་ལྷ་ཚོགས་རྣམས་དང་༔ དེ་དག་མཆོད་པའི་བྱིན་རླབས་དང་ཕན་ཡོན་སོགས་དམིགས་པ་དང་བཅས་པའི་ཆོས་ཐམས་ཅད་དམིགས་པ་མེད་པ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་རྒྱས་འདེབས་པར་བྱ་བ་ལ༔ དམིགས་པ་ལ་བརྟེན་ཏེ་རྒྱས་འདེབས་པ་དང་༔ དམིགས་པ་མེད་པའི་ངང་དུ་མཉམ་པར་འཇོག་པའོ༔ དང་པོ་ནི༔ ཕྱིའི་ཞིང་གི་བཀོད་པ་མཐའ་དག་འོད་དུ་ཞུ་ནས་རང་ལུས་རྡོ་རྗེ་རྣལ་འབྱོར་མ་ལ་བསྟིམ༔ དེ་འོད་དུ་ཞུ་ནས་རྩ་གཙོ་མོ་གསུམ་ལ་ཐིམ༔ དེ་ཡང་འོད་དུ་ཞུ་ནས་ཨ་ཐུང་ལ་བསྟིམ༔ དེ་ཡང་ཇེ་ཕྲར་གྱུར་ཏེ་སྤུ་ཉག་ལྟར་ཤིན་ཏུ་ཕྲ་བ་ལ་སེམས་གཏད་དེ་དམིགས་པ་མེད་པའི་ངང་དུ་ཡུན་རིང་བར་བསྒོམ༔ དེ་ཡང་དོན་དམ་པའི་མཁའ་ལ་ཡལ་ཏེ་སྤྲོས་པ་མེད་པའི་ཀློང་དུ་མཉམ་པར་འཇོག་པའོ༔ གཉིས་པ་ནི༔ སྐྱེ་འགག་གནས་གསུམ་དང་བྲལ་བའི་སེམས་ཀྱི་རང་ངོ་ལ་བལྟས་པས༔བལྟ་བྱའི་ཡུལ་གྱི་བལྟ་བ་དང་༔དེ་ཡུན་རིང་དུ་གོམས་པར་བྱེད་པའི་སྒོམ་མཁན་དེའི་འབྲས་བུ་ཐོབ་པར་བྱ་བ་རྣམས་ཡེ་ནས་མ་གྲུབ་པའི་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ལས་མ་འདས་པས་རང་བབས་སུ་འཇོག་པའོ༔ ས་མ་ཡཱ༔ གསུམ་པ་རྗེས་ཀྱི་རིམ་པ་ལའང་གསུམ་སྟེ༔ སྤང་བྱའི་དམ་ཚིག་བསྟན་པ་དང་གཅིག༔ བསྒྲུབ་བྱའི་དམ་ཚིག་བསྟན་པ་དང་གཉིས༔ དགེ་བ་སེམས་ཅན་གྱི་དོན་དུ་བསྔོས་ཏེ་ཤིས་པ་བརྗོད་པ་དང་གསུམ་ལས༔ དང་པོ་ནི༔ མཁའ་འགྲོ་སྤྱིའི་དམ་ཚིག་ཏུ་བུད་མེད་ཡོངས་ལ་སྨད་པ་སྤང་བར་བྱ་བ་དང་༔ དབང་གི་དམ་ཚིག་ཏུ་བླ་མའི་གསང་ཡུམ་དང་རང་གི་རིག་མ་ལ་སྨད་པ་སྤང་བར་བྱ་བ་དང་༔ ལུས་ལྷར་བསྒོམ་པའི་དམ་ཚིག་ཏུ་རང་དང་གཞན་གྱི་ལུས་ལ་ཐ་མལ་དུ་བལྟས་ཏེ་བརྙས་ཤིང་སྐུར་བ་འདེབས་པ་སྤང་བ་དང༔ རྩ་བསྒོམ་པའི་དམ་ཚིག་ཏུ་ལུས་ཀྱི་རྩ་འཁྲུགས་པའི་ལས་དྲག་ཤུལ་གྱི་སྤྱོད་པ་སྤང་བ་དང་༔ འབར་འཛགས་ཀྱི་དམ་ཚིག་ཏུ་ལུས་ཀྱི་ཟུངས་རྟེན་དུ་གྱུར་པ་ཀུན་རྫོབ་ཀྱི་ཐིག་ལེ་ཉམས་པར་བྱ་བ་སྤང་བ་དང་༔ གཏུམ་མོའི་དམ་ཚིག་ཏུ་སྣམ་རས་དང་སྤུ་ཅན་གྱི་གོས་ལ་བདེ་དྲོད་འབར་བའི་བློ་ལྟོས་ཀྱི་རེ་གདེང་འཆའ་བ་སྤང་བའོ༔ གཉིས་པ་ནི༔ རང་བཞིན་གྱི་ལུས་ལྷའི་སྐུ་ཡིན་པས་རྟག་ཏུ་བསྐྱེད་རིམ་ལ་གནས་པས་དད་གུས་དང་སྲི་ཞུ་བྱ་བ་དང་༔ རྩ་སྤྲུལ་སྐུ༔ རླུང་ལོངས་སྐུ༔ ཐིག་ལེ་ཆོས་སྐུར་ཤེས་པས་ཐ་མལ་དུ་མི་ལྟ་བར་རྩ་མདུད་གྲོལ་བའི་ཐབས་ལ་འབད་པ་དང་༔ བདེ་དྲོད་འབར་བའི་ཕྱིར་གཏུམ་མོའི་གོས་ལ་བློ་གཏད་འཆོས་པ་དང་༔ ཀུན་རྫོབ་ཀྱི་ཐིག་ལེ་དགའ་བ་བཞིའི་ལམ་དུ་སློང་ཞིང་དོན་དམ་ཐིག་ལེ་ཆེན་པོ་རྒྱས་འདེབས་པར་བྱ་བ་ཡིན་ནོ༔ གསུམ་པ་ནི༔ དེ་ལྟར་མཁའ་འགྲོའི་གསང་སྒྲུབ་ཟབ་མོ་ལ་བརྟེན་པའི་དགེ་བའི་རྩ་བ་འདིས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྤྲུལ་སྐུ་ཡེ་ཤེས་མཁའ་འགྲོ་མ་མཁར་ཆེན་བཟས་རྗེས་སུ་བཟུང་ནས་རང་བཞིན་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོས་རིག་པ་ཆོས་ཉིད་མངོན་སུམ་གྱི་དོན་ཇི་ལྟ་བ་བཞིན་ངོ་སྤྲད༔ དེ་ཉིད་ལ་གོམས་པར་བྱས་པའི་ཉམས་ཀྱི་སྣང་བ་གོང་དུ་འཕེལ་ནས་རིག་པ་ཚད་ལ་ཕེབས་ནས་ལོངས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོའི་ཞིང་དུ་ས་བཅུ་དང་ལམ་ལྔའི་དཔལ་ཡོན་ཐམས་ཅད་དཀའ་བ་མེད་པར་མིག་འཕྲུལ་ལྟར་མྱུར་དུ་བགྲོད་ནས་ཆོས་ཟད་བློ་འདས་ཆེན་པོ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་ནང་གསལ་གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པའི་རྒྱུར་བསྔོ་བར་བགྱིའོ༔ དེ་ལྟར་བསྔོས་པའི་མཐུས་དེ་བཞིན་དུ་འགྲུབ་ནས་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག་ཅིག༔ ཅེས་འདུན་པ་རྩེ་གཅིག་པས་ངག་ཏུའང་འདི་བཞིན་དུ་བརྗོད་དོ༔ ཨེ་མ་ཧོ༔ སྤྲུལ་སྐུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས༔ བདག་གཞན་སེམས་ཅན་བརྩེ་བས་རྗེས་བཟུང་སྟེ༔ རང་བཞིན་རྫོགས་པ་ཆེན་པོའི་གསང་ལམ་ནས༔ ཆོས་ཉིད་མངོན་སུམ་དགོངས་དོན་སྟོན་ཕྱིར་བསྔོ༔ བློ་འདས་ལྟ་བའི་གདེང་ཚད་བརྟན་པོ་ཡིས༔ ཐོད་རྒལ་བསྒོམས་པས་ཉམས་སྣང་གོང་དུ་འཕེལ༔ རིག་པ་གནད་དུ་བསྣུན་པ་ཚད་ལ་ཕེབས༔ ལོངས་སྐུའི་མཁའ་འགྲོའི་རང་ཞལ་མཐོང་ཕྱིར་བསྔོ༔ ཆོས་ཀུན་ཆོས་ཉིད་གཅིག་གི་རོལ་པ་ལ༔ བཟང་ངན་སྤང་བླང་དགག་སྒྲུབ་དབྱིངས་སུ་ཡལ༔ རྟོག་པས་བཏགས་པའི་འཁོར་འདས་མིང་དུ་ཟད༔ ཆོས་སྐུ་མཁའ་འགྲོའི་གཏན་སྲིད་ཟིན་ཕྱིར་བསྔོ༔ དེ་ལྟར་བདག་གིས་དགེ་རྩ་བསྔོས་པའི་མཐུས༔ གནས་སྐབས་ནད་གདོན་འགལ་རྐྱེན་ཀུན་ལས་གྲོལ༔ ཆོས་མཐུན་བསམ་པ་མ་ལུས་ཡིད་བཞིན་འགྲུབ༔ འཇིག་རྟེན་མཁའ་འགྲོའི་ཚོགས་རྣམས་དབང་དུ་འདུས༔ ཤ་ཟ་མཁའ་འགྲོས་ལོག་འདྲེན་བར་ཆད་སྒྲོལ༔ ཡེ་ཤེས་མཁའ་འགྲོས་མ་ཡིས་བུ་བཞིན་དགོངས༔ མཐར་ཐུག་རང་དང་འབྲེལ་ཐོགས་འགྲོ་བ་ཀུན༔ རྔ་ཡབ་གླིང་དུ་པད་འབྱུང་ཡབ་ཡུམ་གྱིས༔ དབང་བསྐུར་ལུང་བསྟན་དབུགས་དབྱུང་མཛད་པའི་མཐུས༔ ས་བཅུ་ལམ་ལྔ་ཐོགས་མེད་བགྲོད་ནས་སླར༔ ཁམས་གསུམ་འདྲེན་པ་ཆོས་ཀྱི་རྒྱལ་པོར་ཤོག༔ དེ་ནས་ཤིས་པ་བརྗོད་པ་ནི༔ ཨེ་མ་ཧོ༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ཁམས་ཡོངས་ལ་གཟིགས༔ ཟབ་རྒྱའི་བརྡའ་འགྲོལ་ཟབ་གཏེར་ལག་ཏུ་སྤྲད༔ དྲིན་ལྡན་མ་ཅིག་མཚོ་རྒྱལ་བཀྲ་ཤིས་ཤོག༔ ངེས་མེད་སྨོན་ལམ་ལས་འཕྲོའི་ཕོ་བྲང་ནས༔ ཟབ་མོའི་གཏེར་ལ་ཟོལ་མེད་ངེས་ཤེས་སྐྱེས༔ ཟབ་རྒྱའི་གསང་མཛོད་འགྲོལ་ལ་བསྐུལ་བྱང་མཛད༔ ཟབ་གཏེར་སྟོན་འཁོར་འདུས་པའི་བཀྲ་ཤིས་ཤོག༔ བསླུ་མེད་རྒྱལ་བའི་བཀའ་དང་མི་འགལ་ཞིང་༔ རྩོད་མེད་ཡོངས་གྲགས་མཁས་པས་དབུགས་དབྱུང་མཛད༔ ཚད་མེད་ཐུགས་རྗེའི་བདག་ཉིད་པད་འབྱུང་གཏེར༔ མི་ནུབ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་མཁའ་འགྲོའི་གསང་སྒྲུབ་ཟབ་མོ་འདི་ཉིད་ཉམས་སུ་ཚུལ་བཞིན་དུ་ལེན་པའི་སྐལ་ལྡན་ལ་ཉམས་ལེན་གྱི་དྲོད་ཚད་མེ་ལྟར་འབར་ཞིང་མཆོག་ཐུན་གྱི་དངོས་གྲུབ་རིན་པོ་ཆེའི་གླིང་དུ་སོན་པ་ལྟར་ཅི་འདོད་ཀྱི་དངོས་གྲུབ་འབད་མེད་དུ་འབྱུང་བས་ངེས་ཤེས་ལྡན་པས་བརྩོན་པ་རྒྱུན་རིང་དུ་མཛད་པར་འཚལ་ལོ༔ སྨྲས་པ༔ མཁའ་འགྲོའི་གསང་སྒྲུབ་བདེ་ཆེན་མྱུར་ལམ་འདི༔ དད་ཅན་སྐྱེས་བུས་ཡང་ཡང་བསྐུལ་བའི་ངོར༔ པདྨས་རྗེས་བཟུང་ལུང་རིག་གླིང་པ་ཡིས༔ ཐོལ་བྱུང་ཡི་གེའི་རིས་སུ་ཕབས་པ་ཡི༔ དགེ་བས་མ་གྱུར་འགྲོ་བ་སེམས་ཅན་རྣམས༔ ཆོས་དབྱིངས་ཀུན་ཏུ་བཟང་མོའི་ས་ཐོབ་ཤོག༔ དགེའོ༔ དགེའོ༔ དགེའོ༔

བསྐང་བ་ཀུན་བཟང་མཆོད་སྤྲིན།

མཚོ་རྒྱལ་ཐུགས་སྒྲུབ་ཏིཀ་ལས༔ བསྐང་བ་ཀུན་བཟང་མཆོད་སྤྲིན་བཞུགས་སོ༔

གུ་རུ་པདྨ་ཌཱཀྐི་ནི༔ ཆོས་མཐུན་སྒྲུབ་བརྩོན་རྣལ་འབྱོར་པས༔ ཚོགས་གཉིས་ཡོན་ཏན་རྫོགས་པའི་ཕྱིར༔ བྱ་སླ་ཚེགས་ཆུང་དོན་ཆེ་བ༔ རྩ་གསུམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཚོགས་ཀྱི་འཁོར་ལོ་ཕུལ་བའི་ཚེ༔ བསྐང་བའི་རིམ་པ་འདི་ལྟར་བྱ༔ དེ་ཡང་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་སྒྲུབ་གནས་དབེན་པ་རུ༔ ཌཱཀྐིའི་དུས་གཉན་ཐམས་ཅད་དང་༔ ཁྱད་པར་དམར་ཕྱོགས་ཚེས་བཅུ་ལ༔ མཎྜལ་བྱི་དོར་ཆག་ཆག་གདབ༔ ལྷ་གྲངས་མཉམ་པའི་ཚོམ་བུ་བཀོད༔ ཕྱི་ནང་གསང་བའི་མཆོད་རྫས་དང་༔ ཡོལ་བ་བླ་བྲེ་གདུགས་དང་འཕན༔ རྒྱལ་མཚན་རོལ་མོ་བྱེ་བྲག་དང་༔ སྤོས་དང་མེ་ཏོག་གཙང་མའི་བཤོས༔ ཚོགས་རྫས་བཟའ་བཏུང་གྱ་ནོམ་བཤམས༔ གསང་སྔགས་སྒོར་ཞུགས་ཐམས་ཅད་ཀྱི༔ ཉམས་ཆག་མ་ལུས་བཤགས་པ་དང་༔ མཆོག་ཐུན་དངོས་གྲུབ་ཚེ་འདི་རུ༔ མྱུར་དུ་འགྲུབ་པའི་མོས་འདུན་གྱིས༔ རྩེ་གཅིག་བསྙེན་སྒྲུབ་གཞུང་བཞིན་བརྩམས༔ ས་མ་ཡཱ༔ གཉིས་པ་དངོས་གཞིའི་རིམ་པ་ནི༔ བསྐང་རྫས་སྔགས་དང་ཕྱག་རྒྱས་བརླབས༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ གནམ་ས་བར་སྣང་ཁྱབ་པར་དམིགས༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ དབང་པོ་དྲུག་ལ་ཟག་མེད་ཀྱི༔ དགྱེས་པ་བསྐྱེད་པའི་འདུན་པ་དང་༔ རོལ་མོ་དབྱངས་དང་སྤོས་དུད་སྦྱར༔ འབྲུ་སྣ་འཐོར་ཞིང་འདི་སྐད་དོ༔ ཨེ་མ་ཧོ༔ སྟོང་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ རིག་པ་གསལ་སྣང་མཆོད་པའི་རྫས༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ དགྱེས་པ་བསྐྱེད་པའི་ཡོ་བྱད་ནི༔ མེ་ཏོག་དྲི་ཞིམ་གསལ་བའི་སྒྲོན༔ བཟང་དྲུག་ཆུ་གཙང་རོ་ལྡན་བཤོས༔ ཡིད་འོང་སྙན་འཇེབས་རོལ་མོའི་སྒྲ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ དུག་ལྔ་དབྱིངས་གྲོལ་རཀྟ་དམར༔ འབྲུ་བཅུད་སྨན་སྤོས་གཏོར་མར་བཤམས༔ བདེ་སྟོང་མུ་དྲ་སྒེག་བཞད་འཛུམ༔ ཞིང་བཅུ་བསྒྲལ་བའི་ཕུང་ཁམས་ལས༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་སྒྲོན་མ་མཁྲིས་པའི་ཆབ༔ ཤ་རུས་ཞལ་ཟས་ཐོད་པ་དང་༔ གསང་བའི་རྔེའུ་ཆུང་རྐང་གླིང་སོགས༔ རྩ་གསུམ་རྟེན་རྫས་སྒྲུབ་པའི་རྫས༔ བསྐང་རྫས་མ་ཚང་མེད་པའི་ཚོགས༔ གདུགས་དང་བ་དན་བླ་བྲེ་འཕན༔ ཁང་བཟང་སྐྱེད་ཚལ་ཁྲུས་ཀྱི་རྫིང་༔ མ་རྨོས་ལོ་ཏོག་འདོད་འཇོའི་བ༔ རྒྱལ་སྲིད་རིན་ཆེན་སྣ་བདུན་དང་༔ བཀྲ་ཤིས་རྫས་རྟགས་བཅུ་དྲུག་པོ༔ གཅིག་ལས་དུ་མར་འཆར་བའི་འཕྲུལ༔ སྨོན་ལམ་དག་པའི་རྒྱལ་སྲིད་རྣམས༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར༔ འཛད་མེད་འདོད་རྒུའི་གཏེར་ཆེན་པོས༔ སྲིད་གསུམ་མ་ལུས་ཡོངས་གང་གྱུར༔ སྐབས་འདིར་སྔགས་དྲུག་ཕྱག་རྒྱ་དྲུག༔ དམིགས་པས་སྦྱང་སྤེལ་བསྒྱུར་བར་བྱ༔ དེ་ནས་བསྐང་མགྲོན་སྤྱན་འདྲེན་ནི༔ ཧྲཱིཿ ངོ་བོ་དག་པ་ཆོས་ཀྱི་དབྱིངས༔ རང་བཞིན་འགགས་མེད་སྐུ་ལྔའི་ཞིང་༔ མཁྱེན་བརྩེ་ནུས་པའི་ཕོ་བྲང་ནས༔ སྐུ་གསུམ་ལྷ་ཚོགས་གཤེགས་སུ་གསོལ༔ ཟབ་རྒྱས་སྨིན་གྲོལ་གདམས་པའི་མཛོད༔ བྱིན་རླབས་ཐུགས་རྗེའི་ཕོ་བྲང་ནས༔ དམ་ཚིག་དབང་དང་ཤེས་རབ་རྒྱུད༔ མན་ངག་ལུང་དང་ཉམས་ཆག་བསྐང་༔ དྲིན་ལྡན་བརྒྱུད་གསུམ་བླ་མ་རྣམས༔ ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀྱི༔ ཐེག་དགུའི་ལམ་ལ་ཞུགས་པ་རྣམས༔ ཚེ་འདིར་དོན་གཉིས་འགྲུབ་མཛད་པའི༔ ཡི་དམ་ཞི་ཁྲོ་སྒྲུབ་སྡེ་བརྒྱད༔ རང་སྣང་དག་པའི་ཕོ་བྲང་ནས༔ སྨོན་ལམ་ཤུགས་ཀྱིས་གཤེགས་སུ་གསོལ༔ རྩ་ཁམས་དག་པ་ཉེར་བཞིའི་ཡུལ༔ རླུང་ལྔའི་འགྲོས་དང་ཐིག་ལེ་ལྡན༔ ལྷན་སྐྱེས་དགའ་བཞིའི་མཆོག་སྩོལ་བའི༔ གནས་མཆོག་ཆེན་པོ་སོ་གཉིས་ནས༔ དཔའ་བོ་མཁའ་འགྲོ་ཡབ་ཡུམ་རྣམས༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ དམ་ཚིག་གཉན་པོས་རྒྱུད་སྦྲེལ་བའི༔ རྣལ་འབྱོར་ལེགས་ཉེས་སྟངས་འཛིན་ཅིང་༔ བར་ཆད་སེལ་བའི་ཕོ་བྲང་ནས༔ བརྒྱུད་གསུམ་དམ་ཅན་སྲུང་མའི་ཚོགས༔ ཕྲིན་ལས་སྒྲུབ་ཕྱིར་གཤེགས་སུ་གསོལ༔ ཚོགས་ཁང་རང་སྣང་སྤྲུལ་པའི་ཞིང་༔ ཚོགས་རྫས་ཟག་མེད་འདོད་ཡོན་ལྔ༔ རྣལ་འབྱོར་ཐབས་ཤེས་མཆེད་དང་ལྕམ༔ བྱ་སྤྱོད་ཆོས་ཉིད་རིག་པའི་གཤིས༔ ཐ་མལ་འཛིན་པས་མ་བསླད་པའི༔ འབྲས་བུ་ལམ་བྱེད་གསང་བའི་སྔགས༔ ཟབ་ཅིང་རྟོགས་དཀའི་ཉེ་ལམ་ནས༔ ཚེ་འདིར་མཁའ་སྤྱོད་འགྲུབ་པའི་ཕྱིར༔ དངོས་འབྱོར་ཡིད་སྤྲུལ་ཚོགས་ཀྱི་རྫས༔ མ་ཚང་མེད་པའི་ཡོ་བྱད་འདིས༔ བརྒྱུད་གསུམ་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་ཞི་ཁྲོའི་ཐུགས་དམ་བསྐང་༔ མ་དང་མཁའ་འགྲོའི་ཐུགས་དམ་བསྐང་༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་༔ འདུས་པའི་མཆེད་ལྕམ་ཐུགས་དམ་བསྐང་༔ རིགས་དྲུག་ཕ་མའི་ཐུགས་དམ་བསྐང་༔ ལན་ཆགས་མགྲོན་རིགས་ཐུགས་དམ་བསྐང་༔ ཨེ་མ་ཧོ༔ ཁྱད་པར་ཐུགས་དམ་བསྐང་བའི་ཡུལ༔ གངས་ཅན་བོད་ཀྱི་ལྷ་གཅིག་པུ༔ སྤྱན་རས་གཟིགས་དབང་སྤྲུལ་པའི་སྐུ༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔རྒྱལ་ཀུན་ཐུགས་གསང་ཤེས་རབ་ཡུམ༔ འགགས་མེད་གཟུགས་སྐུའི་རྣམ་འཕྲུལ་ཀུན༔ གཅིག་བསྡུས་གནས་གསུམ་མཁའ་འགྲོའི་གཙོ༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ གཞན་ཡང་གནས་སྐབས་མཐར་ཐུག་ཏུ༔ ལེགས་ཚོགས་དངོས་གྲུབ་ཀུན་སྩོལ་ཅིང་༔ བར་ཆད་ཀུན་ལས་སྐྱོབས་མཛད་པ༔ ལྷ་དང་སྲུང་མའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ བདག་དང་གསང་བ་སྔགས་ཀྱི་སྒོར༔ ཞུགས་ནས་སྡོམ་དང་དམ་ཚིག་ཀུན༔ ཡལ་བར་དོར་བའི་འགྲོ་རྣམས་ཀྱི༔ ཉམས་ཆག་མ་ལུས་སོར་ཆུད་ནས༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ལུས་ཀྱི་སྟངས་སྟབས་ཕྱག་རྒྱ་དང་༔ བསྐྱེད་རིམ་ལྷ་སྐུ་བསྒོམས་པའི་མཐུས༔ སྐུ་ཡི་དམ་ཚིག་ཉམས་པ་ཀུན༔ སྣང་སྟོང་ངང་དུ་བསྐང་གྱུར་ཅིག༔ ངག་གི་བཟླས་བརྗོད་དབྱངས་རོལ་དང་༔ ཡེ་ཤེས་རླུང་ལྔར་སྦྱངས་གོམས་མཐུས༔ གསུང་གི་དམ་ཚིག་ཉམས་པ་ཀུན༔གྲག་སྟོང་དབྱིངས་སུ་བསྐང་གྱུར་ཅིག༔ ཞུ་བདེའི་ཐིག་ལེ་སྦྱངས་བཏུལ་དང་༔ ཡིད་ཀྱི་སྒྲིབ་སྦྱངས་ལྟ་གོམས་མཐུས༔ ཐུགས་ཀྱི་དམ་ཚིག་ཉམས་པ་ཀུན༔ གསལ་སྟོང་ཀློང་དུ་བསྐང་གྱུར་ཅིག༔ རྩེ་གཅིག་མོས་པའི་གདུང་ཤུགས་དང་༔ རྒྱུན་དུ་གུས་པས་གསོལ་བཏབ་མཐུས༔ སློབ་དཔོན་མཆེད་ལ་ཉམས་པ་ཀུན༔ འབྲལ་མེད་ངང་དུ་བསྐང་གྱུར་ཅིག༔ སྐུ་བསྒོམས་སྔགས་བཟླས་ཏིང་འཛིན་གསལ༔ ལོ་ཟླ་དུས་དྲུག་བསྙེན་སྒྲུབ་མཐུས༔ ཞི་དྲག་ལྷ་ལ་ཉམས་པ་ཀུན༔ དཀྱིལ་འཁོར་གསུམ་དུ་བསྐང་གྱུར་ཅིག༔ ཚོགས་དང་གཏོར་མའི་རྣལ་འབྱོར་དང་༔ འགྲོ་དྲུག་རང་བཞིན་མེད་པ་རུ༔ ཤེས་ཀྱང་མཆོད་སྦྱིན་བསགས་སྦྱངས་མཐུས༔ དཔའ་བོ་མཁའ་འགྲོར་ཉམས་པ་ཀུན༔ དག་མཉམ་ཀློང་དུ་བསྐང་གྱུར་ཅིག༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད༔ མཐར་ནི་བཤགས་བྱ་བཤགས་ཡུལ་ཀུན༔ རང་བཞིན་མེད་པའི་གནད་ལ་སྦྱངས༔ འགྱོད་ཚངས་དྲུངས་ནས་འབྱིན་པ་ལ༔ ཀུན་ལས་ལྷག་པའི་མན་ངག་གོ༔ ས་མ་ཡཱ༔ ཞེས་འདི་གཏེར་སྟོན་ཆོས་བདག་དང་༔ རྟེན་འབྲེལ་བཟང་པོས་མཚམས་སྦྱར་དུས༔ རིག་རྩལ་བརྡ་ལས་ཐོགས་མེད་བྲིས༔ དགེ་འདིས་ཌཱཀྐིའི་ས་ཐོབ་ཤོག༔

བསྐང་བསྡུས་ཡིད་བཞིན་སྤྲིན་ཕུང་།

མཚོ་རྒྱལ་ཐུགས་ཀྱི་ཐིག་ལེ་ལས༔ བསྐང་བསྡུས་ཡིད་བཞིན་སྤྲིན་ཕུང་བཞུགས༔ པདྨ་ཌཱཀྐི་ན་མ༔ བསྐང་རྫས་བྱིན་བརླབས་སྔོན་སོང་ནས༔ དབྱངས་རོལ་དང་བཅས་འདི་སྐད་དོ༔ ཨེ་མ་ཧོ༔ ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན༔ སྐྱེ་མེད་མཁའ་ལ་འགག་མེད་སྤྲིན༔ ཡིད་བཞིན་འདོད་རྒུའི་ཆར་འབེབས་པའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔ མོས་གུས་ཕྱག་མཆོད་གསོལ་འདེབས་ཀྱིས༔ བརྒྱུད་གསུམ་བླ་མའི་ཐུགས་དམ་བསྐང་༔ སྐུ་བསྒོམ་གཟུངས་བཟླས་བསྙེན་སྒྲུབ་ཀྱིས༔ ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་༔ རྫོགས་རིམ་ཚོགས་གཏོར་བདེ་སྟོང་གིས༔ གནས་གསུམ་མཁའ་འགྲོའི་ཐུགས་དམ་བསྐང་༔ དམ་ཚིག་གཏོར་མཆོད་བརྩེ་གདུང་གིས༔ དམ་ཅན་སྲུང་མའི་ཐུགས་དམ་བསྐང་༔ ཁྱད་པར་རིགས་བདག་རྡོ་རྗེ་འཆང་༔ པདྨ་ཐོད་ཕྲེང་ཐུགས་དམ་བསྐང་༔ འཇིགས་པ་བརྒྱད་སྐྱོབ་རྒྱལ་བའི་ཡུམ༔ རྗེ་བཙུན་སྒྲོལ་མའི་ཐུགས་དམ་བསྐང་༔ དངོས་གྲུབ་འདོད་འབྱུང་མཁའ་འགྲོའི་གཙོ༔ ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ དུག་ལྔ་གནས་དག་ཡེ་ཤེས་ངང༔ ཌཱཀྐི་སྡེ་ལྔའི་ཐུགས་དམ་བསྐང་༔ རྟོག་ཚོགས་གནས་དག་ཁྱབ་བརྡལ་ཀློང་༔ གནས་ཡུལ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཧོ༔ དགོངས་ཤིག་པདྨ་ཐོད་ཕྲེང་རྩལ༔ གཟིགས་ཤིག་རྒྱལ་ཡུམ་མཚོ་རྒྱལ་མ༔ མཆོག་གསུམ་རྩ་གསུམ་སྲུང་མའི་ཚོགས༔ ཐུགས་རྗེའི་དབང་གིས་གསན་དུ་གསོལ༔ བདག་ཅག་ལས་ཉོན་བག་ཆགས་མཐུས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔའི༔ དམ་ཚིག་ཉམས་ཤིང་ཉེས་པ་བཤགས༔ མནར་མེད་དམྱལ་བ་ཆེན་པོའི་རྒྱུ༔ མ་ལུས་སྙིང་ནས་བཤགས་ལགས་ན༔ ཚེ་འདིའི་རྐྱེན་ངན་བར་ཆད་དང་༔ ཕྱི་མར་སྒྲིབ་པའི་བག་ཆགས་དང་༔ ཚེ་རབས་སྡུག་བསྔལ་རྒྱུར་གྱུར་པའི༔ ཉེས་ཀུན་ལྷག་མེད་དག་གྱུར་ནས༔ མཆོག་ཐུན་དངོས་གྲུབ་མ་ལུས་པ༔ ཚེ་འདིར་འགྲུབ་པར་མཛད་དུ་གསོལ༔ ཅེས་ཡིག་བརྒྱ་ཅི་ནུས་བཟླ༔ ལྟ་བའི་ཀློང་དུ་མཉམ་པར་བཞག༔ འགྱོད་ཚངས་བཤགས་པའི་མན་ངག་འདི༔ སྙིང་སྒྲོམ་གསང་བའི་བརྡ་ལས་དགྲོལ༔ ས་མ་ཡཱ༔ ཞེས་པའང་མཚོ་རྒྱལ་བསྐང་བསྡུས་ཡིད་བཞིན་སྤྲིན་ཕུང་འདི་ཆོས་ཀྱི་བདག་པོ་གཞན་ཕན་བཟང་པོས་ནན་གྱིས་བསྐུལ་ངོར༔ གཏེར་མིང་འཛིན་པ་ལུང་རིག་གླིང་པས་རིག་པ་མཉམ་བཞག་གི་སྒྲོམ་ནས་བཏོན་ཏེ་སྤེལ་བའོ༔ སརྦ་མངྒ་ལཾ༔

རྗེས་གནང་བྱིན་རླབས་ཆར་རྒྱུན།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྗེས་གནང་བྱིན་རླབས་ཆར་རྒྱུན་བཞུགས༔

གུ་རུ་ཛྙཱ་ན་ཌཱཀྐཱི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཤེས་རབ་ཕ་རོལ་ཕྱིན་མ་ནི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ འདུ་འབྲལ་མེད་པའི་རང་བཞིན་ལ༔ ཡེ་ནས་རང་ངོ་ཤེས་པས་འདུད༔ དུས་གསུམ་རྒྱལ་བའི་ཕྲིན་ལས་པ༔ བདག་ཉིད་ཆེན་པོ་པད་འབྱུང་གི༔ ཐུགས་ཀྱི་གཟུངས་མར་བསྔགས་པ་ཡི༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི༔ སྒྲུབ་ཐབས་ཉམས་ལེན་གང་ཟག་དོན༔ རྗེས་གནང་བྱིན་རླབས་ཆར་རྒྱུན་བསྟན༔ ས་མ་ཡཱ༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ཡོ་བྱད་བཤམས་པ་ནི༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་༔ རྡུལ་ཚོན་རས་བྲིས་ཚོམ་བུ་གསུམ༔ གང་འཛོམ་རབ་འབྲིང་ཐ་མར་དཔྱད༔ དབུས་སུ་སྐུ་རྟེན་བུམ་པ་དང་༔ མདུན་དུ་ཐུགས་རྟེན་ཤེལ་མེ་ལོང་༔ གཡས་སུ་ཡོན་ཏན་ཡིད་བཞིན་ནོར༔ རྒྱབ་ཏུ་གསུང་གཟུངས་བགྲང་ཕྲེང་དམར༔ གཡོན་དུ་ཕྲིན་ལས་ཐོད་ཊཾ་དྲིལ༔ གཞན་ཡང་གསང་རྫས་བདུད་རྩི་དང་༔ གཏོར་མ་སྨན་རཀ་ཉེར་སྤྱོད་བཤམས༔ རང་གཞུང་སྐྱབས་སེམས་ནས་བཟུང་སྟེ༔ བདག་མདུན་དབྱེར་མེད་ལྷ་རུ་བསྒོམས༔ བསྙེན་པ་བརྒྱ་སྟོང་ཁ་ཡང་གསོ༔ དེ་ནས་བུམ་པ་བསྒྲུབ་པ་ནི༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་བྷྲུཾ་ཡིག་ལས༔ རིན་ཆེན་བུམ་པ་མཚན་ཉིད་ཀུན༔ ཡོངས་རྫོགས་གཞལ་མེད་ཁང་དབུས་སུ༔ ལྔ་ཚན་ལྔ་ཡི་བཅུད་རྣམས་ཀུན༔ རིགས་ལྔ་མཁའ་འགྲོའི་ལྷ་རུ་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ལས༔ རང་སྔགས་ཡི་གེའི་འབྲུ་རྣམས་ཀུན༔ འོད་ཀྱི་ལམ་ནས་རང་སྒྲར་བཅས༔ མདུན་བསྐྱེད་བུམ་ལྷའི་ཐུགས་ཀར་ཕོག༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ལྟེམ་གྱིས་གང་བར་དམིགས༔ བཟླས་པ་བརྒྱ་སྟོང་ཅི་ནུས་ཀྱི༔ གཤམ་དུ་ཨ་བྷི་ཥིཉྩ་བཏགས༔ མཆོད་པས་མཆོད་ཅིང་གུས་པས་བསྟོད༔ ལྷ་ཉིད་འོད་ཞུ་བདུད་རྩིར་བསམ༔ དེ་ནས་དངོས་གྲུབ་དབང་བཞི་ནི༔ བདག་འཇུག་རྒྱས་པར་བྱེད་པ་འམ༔ ཡང་ན་ཚིག་འདིས་ལེན་པར་བྱ༔ ཨེ་མ་ཧོ༔ སྐྱེ་མེད་ཤེས་རབ་ཕར་ཕྱིན་ཆོས་ཀྱི་སྐུ༔ འགགས་མེད་རྡོ་རྗེ་རྣལ་འབྱོར་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ དམིགས་མེད་བརྩེ་བ་ཆེན་པོའི་ངང་ཉིད་ལས༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི༔ དངོས་གྲུབ་མཆོག་གིས་བདག་རྒྱུད་སྨིན་པ་དང་༔ སྐལ་ལྡན་རྣམས་ཀྱི་སྒོ་གསུམ་བག་ཆགས་སྦྱངས༔ སྐུ་བཞིའི་གོ་འཕང་ཐོབ་པར་མཛད་དུ་གསོལ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་རྫས་བུམ་པ་གནས་གསུམ་གཏུགས༔ བུམ་ཆུ་བཏུང་ཞིང་དམིགས་པ་ནི༔ མདུན་བསྐྱེད་མཁའ་འགྲོའི་ལྷ་ཚོགས་དང༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ བདག་དང་སློབ་མར་བརྩེར་དགོངས་ནས༔ དབང་བཞིའི་ཡེ་ཤེས་སྩོལ་བར་བསམ༔ ལས་བུམ་ཁྲོ་བོའི་གཞལ་ཡས་སུ༔ ཁྲོ་ཆེན་བདུད་རྩི་འཁྱིལ་བ་བསྐྱེད༔ བསྙེན་པ་བཟླ་ཞིང་མཆོད་བསྟོད་བྱ༔ འོད་ཞུ་བུམ་པའི་ཆུར་འདྲེས་པས༔ གདོན་བགེགས་མཐར་བྱེད་ནུས་ལྡན་བསམ༔ དངོས་གཞི་སློབ་མ་ཁྲུས་ནས་ཕྱུང་༔ བར་ཆད་བྱེད་པའི་གདོན་བགེགས་ལ༔ འབྲུ་གསུམ་སྔགས་ཀྱིས་གཏོར་མ་བྱིན༔རང་ཉིད་བདུད་རྩི་འཁྱིལ་བ་ཡི༔ ང་རྒྱལ་ལྡན་པས་སྲིད་མཐར་བསྐྲད༔ སྐུ་ལས་ཁྲོ་བོ་མེ་དཔུང་འཕྲོས༔ སློབ་མ་སྲུང་བའི་གུར་དུ་གཞུག༔ བཛྲ་རཀྵའི་སྔགས་ཤམ་གདགས༔ སློབ་མ་ཆོས་ལ་ཉན་པར་བསྐུལ༔ མི་རྟག་རྒྱུ་འབྲས་བསླུ་མེད་ཀྱིས༔ བློ་བཅོས་སྤྱི་དང་བྱེ་བྲག་གི༔ གསང་ཆེན་ཆོས་ཀྱི་ཆེ་བ་བརྗོད༔ ཁྱད་པར་གདམས་པ་ཟབ་མོ་འདིའི༔ འབྱུང་ཁུངས་ལོ་རྒྱུས་བརྗོད་པ་ནི༔ ཨེ་མ་ཧོ༔ རང་རིག་སྟོན་པ་ཀུན་བཟང་གིས༔ རང་ལས་མི་གཞན་འཁོར་རྣམས་ལ༔ ཤེས་རབ་ཕ་རོལ་ཕྱིན་པའི་དབང༔ འཕོ་མེད་དགོངས་པའི་ངང་ནས་བསྐུར༔ ལྔ་ལྡན་ལོངས་སྐུའི་ཞིང་ཁམས་སུ༔ གསལ་དག་རིགས་ལྔའི་སངས་རྒྱས་ཀྱིས༔ དག་པ་ས་གསུམ་འཁོར་རྣམས་ལ༔ རང་རིག་བརྡ་ཡི་དབང་ཆེན་བསྐུར༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ༔ མཛད་པ་ཡོངས་རྫོགས་སྟོན་པ་ཡིས༔ རིགས་ཅན་གསུམ་གྱི་སེམས་མ་ལ༔ རྒྱུད་ལུང་མན་ངག་འབྲས་བུའི་དབང་༔ རྫས་དང་སྔགས་ལ་བརྟེན་ནས་བསྐུར༔ ཞལ་ནས་སྙན་དུ་བརྒྱུད་པ་ཡི༔ བར་མ་ཆད་པའི་གདམས་པ་འོ༔ ཁྱད་པར་མཁའ་འགྲོའི་ཐུགས་བཅུད་འདི༔ ཆོས་སྐུའི་ཞིང་དུ་ཀུན་བཟང་མོས༔ རང་སྣང་སངས་རྒྱས་བྱང་སེམས་ལ༔ དབྱེར་མེད་དགོངས་པ་གཅིག་པར་བརྒྱུད༔ འོག་མིན་ལོངས་སྐུའི་ཞིང་ཁམས་སུ༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས༔ ས་དང་ལམ་ལ་གནས་པ་ཡི༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ལ༔ སྒྲ་ཚིག་སྤངས་པའི་བརྡ་རུ་བསྟན༔ རང་བཞིན་སྤྲུལ་པའི་རྔ་ཡབ་གླིང་༔ རིག་འཛིན་པདྨ་ཐོད་ཕྲེང་གིས༔ མཁར་ཆེན་བཟའ་དང་མནྡྷ་ར༔ གསང་བའི་ཡུམ་ཆེན་སོ་སོ་ལ༔ རྒྱུད་དང་སྒྲུབ་ཐབས་གྲུབ་འབྲས་སོགས༔ གདུལ་བྱའི་དོན་དུ་སོ་སོར་བསྟན༔ དེ་ཡང་སྐུ་གསུམ་སྟོན་པ་རྣམས༔ ངོ་བོ་གཅིག་ལས་ཐ་དད་སྣང་༔ དཔེར་ན་མཁའ་ཡི་ཟླ་བ་དང་༔ ཆུ་ཟླ་སོ་སོར་དབྱེར་མེད་བཞིན༔ འདིར་ཡང་དག་སྣང་ཆོས་ཀྱི་སྡེ༔ མ་འོངས་སྐལ་བ་ལྡན་པ་ཡི༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་ལ༔ སྨོན་ལམ་གཏད་རྒྱས་དབང་ཡང་བསྐུར༔ ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ བརྒྱུད་པ་དམ་ལྡན་བྱིན་རླབས་མྱུར༔ དེ་ཕྱིར་ཌཱཀྐིའི་སྲོག་ཏིག་གོ༔ ཞེས་པ་ལ་སོགས་ཆོས་བཤད་མཐར༔ སློབ་བུས་གསེར་གཡུའི་མཎྜལ་ཕུལ༔ གདུང་བས་གསོལ་བ་འདི་ལྟར་ཐོབ༔ ཨེ་མ་ཧོ༔ སྐུ་བཞིའི་བདག་ཉིད་བླ་མ་རྗེས༔ རྒྱལ་ཡུམ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་གིས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་གདབ༔ གནང་བ་སྦྱིན་པ་འདི་སྐད་དོ༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ངེས་པར་འཁོར་བའི་སྡུག་བསྔལ་ལས༔ འགྲོ་ཀུན་སྒྲོལ་བར་དམ་བཅས་ན༔ མཁའ་འགྲོའི་བྱིན་རླབས་རྗེས་གནང་བྱ༔ དེ་ནས་སློབ་བུས་འདི་སྐད་དོ༔ རྡོ་རྗེ་འཛིན་པ་ཁྱེད་ཉིད་ཀྱིས༔ ཇི་ལྟར་བཀའ་བསྒོ་མཛད་པ་བཞིན༔ བདག་གིས་ལུས་ངག་ཡིད་གསུམ་གྱི༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ མཁའ་འགྲོའི་སྡོམ་བཟུང་འདི་སྐད་དོ༔ ཨེ་མ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ༔ བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ༔ དག་སྣང་རྩལ་སྦྱང་སྟོང་ཉིད་བསྒོམ༔ དེ་སྐད་ལན་གསུམ་རྗེས་ཟློས་བྱ༔ བྱིན་རླབས་བསྒྲུབ་ཕྱིར་བྱིན་འབེབས་ནི༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་དྲན་རྫོགས་སུ༔ སློབ་མ་ཡེ་ཤེས་མཚོ་རྒྱལ་གྱི༔ མངོན་རྟོགས་གཞུང་དང་མཐུན་པར་བསྒོམས༔ སྙིང་གར་གཡུང་དྲུང་དམར་པོ་ཡི༔ ལྟེ་བར་དགའ་འཁྱིལ་དབུས་སུ་བཾ༔ རྭ་བཞིར་ཧ་རི་ནི་ས་དང་༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ སྐུ་གསུམ་ཞིང་དང་ཁྱད་པར་དུ༔ རྔ་ཡབ་ཟངས་མདོག་དཔལ་རི་ནས༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ བུ་གཅིག་མ་ཡི་ངང་ཚུལ་གྱིས༔ སྐུ་དང་སྔགས་བྱང་ཕྱག་མཚན་ཚུལ༔ ཁ་བ་བུ་ཡུག་ཚུལ་ལྟར་བྱོན༔ སློབ་བུའི་ལུས་ངག་ཡིད་གསུམ་ལ༔ རྡོ་ཚན་སྟེང་དུ་མར་བཞག་བཞིན༔ དབྱེར་མེད་ཐིམ་པའི་མོས་འདུན་གྱིས༔ ཐོད་པའི་རྔ་བརྡུང་དབྱངས་དང་བཅས༔ ཨེ་མ་ཧོ༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་གླིང་༔ གནས་ཀྱི་མིང་ནི་ཟངས་མདོག་དཔལ་གྱི་རི༔ རང་བྱུང་པདྨས་སྤྲུལ་པའི་ཞིང་ཁམས་ནས༔ སྐུ་གསུམ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ མོས་གུས་གདུང་བས་གནས་འདིར་སྤྱན་འདྲེན་ན༔ ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔ འདིར་འདུས་བདག་ཅག་སྐལ་ལྡན་སྒོ་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་ཡི་བྱིན་ཕོབ་ལུས་ལ་བདེ་དྲོད་འབར༔ གསུང་གི་བྱིན་ཕོབ་ངག་ལ་ནུས་པ་འབྱོངས༔ ཐུགས་ཀྱི་བྱིན་ཕོབ་སེམས་ལ་རྟོགས་པ་བསྐྱེད༔ རང་བྱུང་ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཚེ་འདིར་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཕཻཾ་ཕཻཾ༔ ཕེབས་རྟགས་ལུས་ངག་ཡིད་ལ་འབྱུང་༔ གནས་གསུམ་རྡོ་རྗེས་རྒྱས་གདབ་ནས༔ བྱང་ཆུབ་བར་དུ་བརྟན་པར་བསམ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མི་དམིགས་ངང་ལ་བཞག༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྗེས་གནང་རྣམ་པ་ལྔ་རུ་བསྟན༔ དང་པོ་སྐུ་ཡི་རྗེས་གནང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ ཨོཾ་སྟོང་གསལ་འགགས་མེད་ཆོས་ཀྱི་དབྱིངས༔ འཁོར་འདས་གཞི་རྫོགས་བུམ་པ་ནས༔ སྐུ་གསུམ་ཡེ་ཤེས་བདུད་རྩིའི་རྒྱུན༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ མཁའ་འགྲོའི་སྐུ་རུ་སྨིན་པར་ཤོག༔ རྩ་སྔགས་ཤམ་དུ་འདི་བཞིན་བརྗོད༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་འགྲོའི་སྐུ་རྟེན་སྤྱི་བོར་བཞག༔ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ༔ སྣང་སྟོང་སྒྱུ་མའི་ལྷ་སྐུར་བསྒོམ༔ ལུས་ཀྱི་གཉིས་འཛིན་སྒྲིབ་དག་ནས༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ སྦྱང་བྱ་ལུས་ཀྱི་ཕུང་པོ་དང་༔ སྦྱོང་བྱེད་བསྐྱེད་རིམ་རྣམ་པ་བཞི༔ སྦྱངས་འབྲས་སངས་རྒྱས་སྤྲུལ་པའི་སྐུ༔ ངོ་བོ་གཅིག་ལས་ལྡོག་པ་བཞིན༔ གསུང་དབང་སྔགས་བྱང་མགྲིན་པར་བཞག༔ ཨཱཿ མ་དག་འཁྲུལ་བའི་ལས་ཀྱི་རླུང་༔ སྦྱོང་བྱེད་རང་བྱུང་སྔགས་ཀྱི་སྒྲ༔ མཁའ་འགྲོའི་སྲོག་ཡིག་འདི་གཏད་པས༔ ཚངས་དབྱངས་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ ཝཀྐཱ་ཨ་བྷི་ཥིཉྩ་ཨཱཿ དཔོན་སློབ་གཉིས་ཀ་ལྷ་རུ་གསལ༔ ཐུགས་ཀར་ཉི་ཟླའི་དལ་ལ་བཾ༔ སྲོག་སྔགས་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཟེར་གྱིས༔ གནས་གསུམ་མཁའ་འགྲོའི་བྱིན་རླབས་བསྡུས༔ དཔོན་སློབ་གཉིས་ཀར་ཐིམ་པ་ཡིས༔ གསུང་གི་བྱིན་རླབས་ཐོབ་བསམ་ནས༔ སྔགས་ཀྱི་རྗེས་ཟློས་འདི་བཞིན་བྱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་དང་རང་སྔགས་ལན་གསུམ་བཟླས༔ སྔགས་ཕྲེང་སློབ་མའི་སྤྱི་བོར་བཞག༔ ཨེ་མ་ཧོ༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མའི༔ དམིགས་མེད་མཁྱེན་དང་བརྩེ་བ་ཡིས༔ སློབ་མ་འདི་ལ་ལེགས་དགོངས་ནས༔ བྱང་ཆུབ་སྙིང་པོའི་བར་དག་ཏུ༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ མ་ཧཱ་མཎྚ་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲུཾ༔ སློབ་བུའི་ལྕེ་ལ་བདུད་རྩི་བཞག༔ ཨོཾ་ཨཱཿཧཱུྃ༔ རྩ་ཁམས་ཀུན་རྫོབ་བྱང་ཆུབ་སེམས༔ ཡེ་ཤེས་རླུང་གི་འཕྲོ་འདུ་ལས༔ འཕོ་མེད་སྒྲ་གཅན་དབྱིངས་ཆུད་ནས༔ ལས་རླུང་སྔགས་སུ་རང་གྲོལ་ཤོག༔ དབྱངས་གསལ་བརྗོད་ཅིང་བརྗོད་བྲལ་ངང་༔ རང་བྱུང་རྡོ་རྗེའི་བཟླས་པ་བྱ༔ ཐུགས་རྟེན་མན་ཤེལ་སྙིང་གར་བཞག༔ ཨེ་མ་ཧོ༔ སྤྲོས་དང་བྲལ་བའི་རིག་པ་ནི༔ གདངས་གསལ་དྭངས་ཤེལ་སྒྲིབ་བྲལ་ལྟར༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཀ་དག་སྒྲིབ་མེད་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དྲི་བྲལ་མིག་ལ་བསྟན༔ ཨེ་མ་ཧོ༔ རྒྱལ་ཀུན་ཐུགས་ཀྱི་གསང་བའི་དབྱིངས༔ རྟོག་པ་མེད་ཀྱང་ཤེས་བྱའི་ཆོས༔ མ་འདྲེས་སོ་སོར་མཁྱེན་པ་ལྟར༔ མཁའ་འགྲོའི་ཐུགས་རྟེན་མེ་ལོང་གིས༔ སློབ་བུ་ཁྱོད་ལ་དབང་བསྐུར་བས༔ སྟོང་ཉིད་བསྒོམས་པའི་རང་རྩལ་གྱིས༔ ཆོས་ཀུན་མཁྱེན་པའི་རྩལ་རྫོགས་ཤོག༔ ཡོན་ཏན་ཡིད་བཞིན་ནོར་བུའི་གཟུགས༔ སློབ་བུའི་ལྟེ་བར་བཞག་བྱས་ཏེ༔ ཨེ་མ་ཧོ༔ རྟོག་མེད་ཡིད་བཞིན་ནོར་བུ་ལ༔ གསོལ་བཏབ་དགོས་འདོད་འབྱུང་བ་ལྟར༔ རྣམ་པར་རྟོག་པ་མི་མངའ་ཡང་༔ འགྲོ་ལ་འདོད་དགུའི་དཔལ་སྟེར་བའི༔ རྒྱལ་ཀུན་ཡོན་ཏན་དབང་བསྐུར་རོ༔ རྩ་སྔགས་ཤམ་དུ་འདི་ཉིད་བཏགས༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་གཏོར་མ་ལག་ཏུ་གཏད༔ ཧཱུྃ་ཧྲཱིཿ སྣ་ཚོགས་གཉིས་འཛིན་ཀུན་བརྟགས་ཆོས༔ དམིགས་པ་མེད་པའི་དབྱིངས་སུ་གཏོར༔ སྟོང་ཉིད་ཀུན་ལ་ཁྱབ་པའི་མ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་ཏེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤེས་པ་དྲུག་ལྡན་དབང་ཐོབ་ཤོག༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཀརྨཱ་ཨ་བྷི་ཥིཉྩ་ཧཱུྃ༔ གཞན་ཡང་མཐའ་རྟེན་དབང་རྣམས་སྦྱིན༔ ས་མ་ཡཱ༔ རྗེས་ལ་དམ་ཚིག་བསྒྲགས་པ་ནི༔ ཨེ་མ་སྐལ་ལྡན་སྙིང་གི་བུ༔ མཁའ་འགྲོའི་སྐུ་ཡི་དམ་ཚིག་ཏུ༔ སྲོག་གཅོད་སྤངས་ཤིང་ཚངས་སྤྱོད་སྲུངས༔ གང་སྣང་སྒྱུ་མའི་ལྷ་སྐུར་སྦྱོངས༔ སློབ་དཔོན་སྐུ་དང་རང་གི་ལུས༔ རྟག་ཏུ་བརྙས་པར་མི་བྱའོ༔ མཁའ་འགྲོའི་གསུང་གི་དམ་ཚིག་ཏུ༔ རྫུན་ཕྲ་སྤངས་ཤིང་བཟླས་བརྗོད་བརྩོན༔ བུད་མེད་ཡོངས་ལ་མི་སྨོད་ཅིང༔ བླ་མས་ཅི་གསུང་བཀའ་བསྒྲུབས་སོ༔ མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཏུ༔ དངོས་འཛིན་འཁྲུལ་བའི་དབང་མི་གཏོང་༔ གང་ཤར་སྤང་བླང་མི་བྱ་ཞིང་༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ འགྲོ་ལ་སྙིང་རྗེ་རྒྱུན་མི་གཅོད༔ ཡོན་ཏན་ཕྲིན་ལས་དམ་ཚིག་ཏུ༔ ཡར་མར་ཚེས་བཅུ་རྒྱུན་མི་གཅོད༔ སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་པས༔ རྟག་ཏུ་ཆོས་སྤྱོད་བཅུ་ལ་འབད༔ དེ་བཞིན་སློབ་མས་ཁས་བླང་ཞིང་༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ མཎྜལ་འབུལ་ཞིང་དགེ་བ་བསྔོ༔ ཨེ་མ་ཧོ༔ ཤིན་ཏུ་ཟབ་གནད་མཁའ་འགྲོའི་སྲོག༔ སྐལ་ལྡན་བུ་མིན་ཀུན་ལ་གསོངས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོ་ཡིས༔ བསྟན་པ་དཀྲུགས་པའི་གང་ཟག་དང་༔ ལོག་ལྟ་ཅན་གྱི་སྡིག་ཅན་གྱིས༔ དུས་མིན་ལེན་ན་སྲོག་དང་ཕྲོལ༔ རྩེ་གཅིག་ཆོས་ལ་མོས་པ་དང་༔ ཉམས་སུ་ལེན་ལ་རྟག་ཏུ་སྲུངས༔ གུ་ཧྱ༔ ཞེས་པའང་དག་སྣང་གི་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་སྨྲས་པ་ལྟར་དད་བརྩོན་དང་ལྡན་པའི་བཙུན་ཆུང་ལུང་རྟོགས་མིང་གིས་ཡི་གེར་ཕབ་པའོ༔ དགེའོ༔ དགེའོ༔ དགེའོ༔

རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན་མགོ་སྤྲུལ་གྱིས་མཛད་པ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་ལག་ལེན་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །

གུ་རུ་ཛྙཱ་ན་ཌཱཀྐཱི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཤེས་རབ་ཕ་རོལ་ཕྱིན་མ་ནི༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ འདུ་འབྲལ་མེད་པའི་རང་བཞིན་ལ༔ ཡེ་ནས་རང་ངོ་ཤེས་པས་འདུད༔ དུས་གསུམ་རྒྱལ་བའི་ཕྲིན་ལས་པ༔ བདག་ཉིད་ཆེན་པོ་པད་འབྱུང་གི༔ ཐུགས་ཀྱི་གཟུངས་མར་བསྔགས་པ་ཡི༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི༔ སྒྲུབ་ཐབས་ཉམས་ལེན་གང་ཟག་དོན༔ རྗེས་གནང་བྱིན་རླབས་ཆར་རྒྱུན་བསྟན༔ ས་མ་ཡཱ༔ དེ་ལ་དོན་དང་མི་འགལ་བའི། །འཐད་འོས་ཁུངས་ལྡན་ཚིག་ཚོགས་འགས། །ཁ་བསྐང་ལྷན་ཐབས་ཉུང་ངུ་བཅས། །ལག་ལེན་ཁྲིགས་སུ་བསྡེབ་ནས་སྤེལ། །འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ཡོ་བྱད་བཤམས་པ་ནི༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་༔ རྡུལ་ཚོན་རས་བྲིས་ཚོམ་བུ་གསུམ༔ གང་འཛོམ་རབ་འབྲིང་ཐ་མར་དཔྱད༔ དབུས་སུ་སྐུ་རྟེན་བུམ་པ་དང་༔ མདུན་དུ་ཐུགས་རྟེན་ཤེལ་མེ་ལོང་༔ གཡས་སུ་ཡོན་ཏན་ཡིད་བཞིན་ནོར༔ རྒྱབ་ཏུ་གསུང་སྔགས་བགྲང་ཕྲེང་དམར༔ གཡོན་དུ་ཕྲིན་ལས་ཐོད་ཊཱ་དྲིལ༔ གཞན་ཡང་གསང་རྫས་བདུད་རྩི་དང་༔ གཏོར་མ་སྨན་རཀ་ཉེར་སྤྱོད་བཤམས༔ རང་གཞུང་སྐྱབས་སེམས་ནས་བཟུང་སྟེ༔ བདག་མདུན་དབྱེར་མེད་ལྷ་རུ་བསྒོམས༔ བསྙེན་པ་བརྒྱ་སྟོང་ཁ་ཡང་གསོ༔ དེ་ནས་བུམ་པ་བསྒྲུབ་པ་ནི༔ སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་བྷྲུཾ་ཡིག་ལས༔ རིན་ཆེན་བུམ་པ་མཚན་ཉིད་ཀུན༔ ཡོངས་རྫོགས་གཞལ་མེད་ཁང་དབུས་སུ༔ ལྔ་ཚན་ལྔ་ཡི་བཅུད་རྣམས་ཀུན༔ ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔ པདྨ་ཉི་ཟླའི་གདན་གྱི་ཁར༔ དབུས་སུ་ཡེ་ཤེས་མཚོ་རྒྱལ་མཐིང༔ བཅུ་དྲུག་གཞོན་ཚུལ་ཆགས་པའི་ཉམས༔ འཛུམ་པའི་སྤྱན་དཀྱུས་ཐད་ཀར་གཟིགས༔ ཞལ་གཅིག་ཕྱག་གཉིས་ཞབས་ཕྱེད་སྐྱིལ༔ ཐོད་སྐམ་རྩེ་ཕྲན་རིན་ཆེན་རྒྱན༔ གནག་སྣུམ་དབུ་སྐྲའི་ལན་ཚར་མཛེས༔ ཕྱག་གཡས་ཐོད་རྔ་སྙན་ཐད་དཀྲོལ༔ གཡོན་པས་ཐོད་བུམ་བདུད་རྩིས་གཏམས༔ མེ་ཏོག་སྣ་ཚོགས་དོ་ཤལ་འཕྱངས༔ དར་དཀར་སྟོད་གཡོག་རླུང་གིས་བསྐྱོད༔ དམར་པོ་གསེར་རིས་ཤམས་ཐབས་ལ༔ ལྗང་ཁྲའི་འཕུར་མ་མུ་ཏིག་རྒྱན༔ གསེར་གྱི་སྙན་རྒྱན་དྲིལ་ཆུང་འཁྲོལ༔ གཙུག་ཏོར་ནོར་བུའི་ཏོག་གིས་མཛེས༔ ཤར་དུ་རྡོ་རྗེ་ཌཱཀྐི་དཀར༔ ལྷོ་རུ་རིན་ཆེན་ཌཱཀྐི་སེར༔ ནུབ་ཏུ་པདྨ་ཌཱཀྐི་དམར༔ བྱང་དུ་ཀརྨ་ཌཱཀྐི་ལྗང༔ གཅེར་མོ་དར་དང་རུས་པས་བརྒྱན༔ ཐོད་སྐམ་དབུ་རྒྱན་སྟག་གཟིག་ཤམས༔ གཡས་རྣམས་རིགས་ཀྱི་ཕྱག་མཚན་དང༔ གཡོན་རྣམས་དངུལ་དཀར་དྲིལ་བུ་འཁྲོལ༔ ཀུན་ཀྱང་གཞོན་ཚུལ་བདེ་བ་རྒྱས༔ ནུ་འབུར་ཆགས་པའི་ཆུ་སྐྱེས་བཞད༔ རྩ་གསུམ་རྒྱལ་ཀུན་འདུས་པའི་དཔྱིད༔ འཇའ་དང་འོད་ལྔ་འཁྲིགས་པའི་ཀློང༔ སྟེང་གི་ཆ་ལ་བརྒྱུད་གསུམ་གྱི༔ བླ་མ་བར་དུ་ཡི་དམ་ལྷ༔ སྒྲུབ་སྡེ་བརྒྱད་དང་རྒྱུད་སྡེ་བཞི༔ འོག་གི་ཆ་ལ་གནས་ཡུལ་གྱི༔ དཔའ་བོ་མཁའ་འགྲོ་བསྲུང་མར་བཅས༔ མ་འདྲེས་མཁའ་ལ་གཟའ་སྐར་བཞིན༔ ཡིད་ཡུལ་ལྷམ་མེ་ལྷང་ངེར་གསལ༔ རང་སྲོག་སྔགས་ཀྱི་འོད་ཟེར་ལས༔ རང་སྔགས་ཡི་གེའི་འབྲུ་རྣམས་ཀུན༔ འོད་ཀྱི་ལམ་ནས་རང་སྒྲར་བཅས༔ མདུན་བསྐྱེད་བུམ་ལྷའི་ཐུགས་ཀར་ཕོག༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ལྟེམ་གྱིས་གང་བར་དམིགས༔ ཨ་ཧ་རི་ནི་ས་བཾ་ཊཱཀྐི་ནཱི་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་ཅི་ནུས་བཟླས་པའི་མཐར། །མཆོད་བསྟོད་གཞུང་བཞིན་བྱས་པའི་རྗེས། །ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ། །ལྷ་ཉིད་འོད་ཞུ་བདུད་རྩིར་བསམ༔ དེ་ནས་དངོས་གྲུབ་དབང་བཞི་ནི༔ བདག་འཇུག་རྒྱས་པར་བྱེད་པ་འམ༔ ཡང་ན་ཚིག་འདིས་ལེན་པར་བྱ༔ ཨེ་མ་ཧོ༔ སྐྱེ་མེད་ཤེས་རབ་ཕར་ཕྱིན་ཆོས་ཀྱི་སྐུ༔ འགགས་མེད་རྡོ་རྗེ་རྣལ་འབྱོར་ལོངས་སྤྱོད་རྫོགས༔ གང་འདུལ་སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ དམིགས་མེད་བརྩེ་བ་ཆེན་པོའི་ངང་ཉིད་ལས༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི༔ དངོས་གྲུབ་མཆོག་གིས་བདག་རྒྱུད་སྨིན་པ་དང་༔ སྐལ་ལྡན་རྣམས་ཀྱི་སྒོ་གསུམ་བག་ཆགས་སྦྱངས༔ སྐུ་བཞིའི་གོ་འཕང་ཐོབ་པར་མཛད་དུ་གསོལ༔ ཨ་ཧ་རི་ནི་ས་བཾ་ཊཱཀྐི་ནཱི་ཛྙཱ་ན་སྭ་ར་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྒྲུབ་རྫས་བུམ་པ་གནས་གསུམ་གཏུགས༔ བུམ་ཆུ་བཏུང་ཞིང་དམིགས་པ་ནི༔ མདུན་བསྐྱེད་མཁའ་འགྲོའི་ལྷ་ཚོགས་དང་༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས༔ བདག་དང་སློབ་མར་བརྩེར་དགོངས་ནས༔ དབང་བཞིའི་ཡེ་ཤེས་སྩོལ་བར་བསམ༔ དེ་ནས་ལས་བུམ་སྒྲུབ་པ་ནི། །སྭ་བྷ་ཝ་ཡིས་སྟོང་པར་སྦྱང༔ སྟོང་པའི་ངང་ལས་སྐད་ཅིག་གིས། །ལས་བུམ་ཁྲོ་བོའི་གཞལ་ཡས་སུ། །ཁྲོ་ཆེན་བདུད་རྩི་འཁྱིལ་བ་ནི། །ལྗང་སྔོན་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་། །གཡོན་པས་བདུད་རྩིའི་ཐོད་པ་འཛིན། །ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས། །པད་ཉིར་མེ་དཔུང་ཀློང་ན་འགྱིངས། །ཁྲོ་བོའི་རྒྱན་དང་ཆ་ལུགས་ཀུན། །མ་འདྲེས་ཡོངས་རྫོགས་ཆེན་པོར་བསྒོམ། །ཐུགས་སྲོག་སྔགས་ཀྱི་ཡི་གེ་ལས། །འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །བུམ་པ་ཡོངས་སུ་གང་བར་བསམ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྚ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཞེས་སོགས་བདུད་རྩི་འཁྱིལ་བ་ཡི། །བསྙེན་པ་བཟླ་ཞིང་མཆོད་བསྟོད་ནི། །བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། །ཧཱུྃ། རྒྱལ་ཀུན་ཐུགས་ཀྱི་ཕྲིན་ལས་ལས། །ཡོངས་ཤར་རྒྱལ་ཀུན་ཕྲིན་ལས་པ། །གདུལ་དཀའ་འདུལ་མཛད་ཧེ་རུ་ཀ །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ཨོཾ་ཨཱཿཧཱུྃ་བརྗོད་པས། །ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཉིད། །འོད་ཞུ་བུམ་པའི་ཆུར་འདྲེས་པས༔ གདོན་བགེགས་མཐར་བྱེད་ནུས་ལྡན་བསམ༔ དེ་ཡན་སྦྱོར་བའི་རིམ་པའོ།། དངོས་གཞི་སློབ་མ་ཁྲུས་ནས་ཕྱུང་༔ བར་ཆད་བྱེད་པའི་གདོན་བགེགས་ལ༔ འབྲུ་གསུམ་སྔགས་ཀྱིས་གཏོར་མ་སྦྱིན༔ རང་ཉིད་བདུད་རྩི་འཁྱིལ་བ་ཡི༔ ང་རྒྱལ་ལྡན་པས་སྲིད་མཐར་བསྐྲད༔ སྐུ་ལས་ཁྲོ་བོ་མེ་དཔུང་འཕྲོས༔ སློབ་མ་བསྲུང་བའི་གུར་དུ་གཞུག༔ བཛྲ་རཀྵའི་སྔགས་ཤམ་གདགས༔ །ཞེས་པ་རྣམས་ཀྱི་དང་པོ་རུ། །སློབ་མ་རྣམས་ལ་ཁྲུས་བྱ་ཞིང་། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས་དང་ཡི་གེ་བརྒྱ་པ་བརྗོད། །དེ་ནས་བགེགས་གཏོར་འདུ་བྱས་ལ༔ རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། །ཨོཾ་ཨཱ༔ཧཱུྃ་གིས་སྦྱངས་སྤེལ་བསྒྱུར། །སརྦ་བྷུ་ཏ་ལན་གསུམ་གྱིས། །བགེགས་རིགས་ལན་ཆགས་མགྲོན་རྣམས་བཀུག །ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴སོགས། གསུམ་གྱིས་ཚིམ་པར་བསྔོས་བྱས་ལ། །བདུད་རྩི་འཁྱིལ་བའི་ཏིང་འཛིན་གྱིས། །ཧཱུྃ༔ དང་པོ་གཞི་ལས་གློ་བུར་དུ༔ འཁྲུལ་བའི་ལས་ཉོན་སྡིག་པའི་རྒྱུས༔ ལྷན་སྐྱེས་ཐོག་མའི་མ་རིག་གདོན༔ སེམས་བྱུང་འཁོར་བའི་འདྲེ་བགེགས་རྣམས༔ ཀུན་རྫོབ་གཏོར་མས་ཚིམས་ཀྱིས་ལ༔ དོན་དམ་ཡུམ་གྱི་མཁའ་ལ་དེངས༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། མཆོག་གསུམ་རྩ་གསུམ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་ཡང་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ། མ་སྲིང་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། དོན་དམ་ཆོས་ཉིད་གདོད་ནས་དག་ཅིང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། སྔགས་འཆང་རྣལ་འབྱོར་བ་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་པ་ལ་བརྟེན་ནས། དེང་འདིར་རིག་པ་འཛིན་པ་རྣམས་ཀྱི་གཙོས་རྡོ་རྗེ་སློབ་མ་རྣམས་ལ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་བགྱི་བ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཆོད་སྦྱིན་གླུད་གཏོར་རྒྱ་ཆེན་པོ་སྦྱིན་པ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་སོགས་ཁྲོ་རྒྱལ་འབར་བའི་ཚོགས་རྣམས་རབ་ཏུ་ཁྲོས་ནས་ཡེ་ཤེས་ཀྱི་རྡོ་རྗེ་དང་མཚོན་ཆ་རྣོན་པོ་མེ་རབ་ཏུ་འབར་བ་རྣམས་ཀྱིས་མགོ་བོ་ཚལ་བ་བརྒྱ། ལུས་དུམ་བུ་སྟོང་དུ་གཏོང་བར་གདོན་མི་ཟ་བས་དེ་བས་ན་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག དྲག་སྔགས་བརྗོད་ཅིང་ཐུན་གྱིས་བསྐྲད། །དེ་རྗེས་བསྲུང་འཁོར་བསྒོམ་པ་ནི། ཧཱུྃ༔ ཕྱི་སྣོད་འབྱུང་ལྔ་མཁའ་འགྲོའི་དལ༔ ནང་བཅུད་ཕུང་ཁམས་རྟོག་ཚོགས་ལྷ༔ ང་ཡི་སྒོ་གསུམ་རྒྱལ་བའི་ཡུམ༔ བདག་མེད་རྡོ་རྗེ་རྣལ་འབྱོར་མའི༔ སྐུ་ལས་ཁྲོ་བོ་མེ་དཔུང་འཕྲོས༔ སྲིད་གསུམ་ལོག་འདྲེན་ཐལ་བར་རློག༔ ལྷ་སྔགས་ཁྲོ་མཚོན་བསྲུང་བའི་གུར༔ མི་ཤིག་རྡོ་རྗེའི་ཆོས་བདུན་ལྡན༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་བརྗོད་དེ་རྗེས་རང་གཞུང་ལས། །སློབ་མ་ཆོས་ལ་ཉན་པར་བསྐུལ༔ མི་རྟག་རྒྱུ་འབྲས་བསླུ་མེད་ཀྱིས༔ བློ་བཅོས་སྤྱི་དང་བྱེ་བྲག་གི༔ གསང་ཆེན་ཆོས་ཀྱི་ཆེ་བ་བརྗོད༔ ཅེས་པ་རྣམས་ནི་འདི་ལྟར་བྱ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཟབ་མོ་མཉན་ནས་ཉམས་སུ་ལེན་པར་བྱའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་བསྐྱེད་པ་སྔོན་དུ་འགྲོ་བས་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ཤིང་འདུ་ཤེས་བཞི་དང་། ཕ་རོལ་དུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ལེགས་པར་ཉན་འཚལ། དེ་ཡང་རང་རེ་རྣམས་སྔོན་བསགས་བསོད་ནམས་བཟང་པོའི་མཐུ་ལས་ད་ལྟའི་སྐབས་འདིར་སྐྱེ་བར་དཀའ་བ་ལྷོ་རྒྱལ་འཛམ་བུའི་གླིང་ཆོས་ཟབ་དགུ་དར་བའི་ཡུལ་འདིར་སྐྱེས། ཐོབ་པར་དཀའ་བ་དལ་འབྱོར་བཅོ་བརྒྱད་ཚང་དུ་རུང་བའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་ཐོབ། འཕྲད་པར་དཀའ་བའི་དམ་པའི་ཆོས་ཀྱི་ཕུང་པོ་སྤྱི་དང་ཁྱད་པར་ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཟབ་མོ་རྣམས་དང་འཕྲད། མཇལ་བར་དཀའ་བ་མཚན་ལྡན་བླ་མ་དམ་པ་རྣམས་ཀྱིས་རྗེས་སུ་བཟུང་ནས་ཚེ་གཅིག་ལུས་གཅིག་ལ་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དུ་རུང་བའི་རྒྱུ་རྐྱེན་ལེགས་པར་འཛོམས་པའི་དུས་འདིར་དམ་པའི་ཆོས་ལ་མྱུར་དུ་འབད་རྩོལ་བྱེད་དགོས་པ་ཡིན། དེ་ལྟ་མ་ཡིན་པར་དལ་འབྱོར་དོན་མེད་སྟོང་ཟད་དུ་སོང་ན་ཕྱིས་འདི་ལྟ་བུའི་ལུས་རྟེན་བཟང་པོ་ཡང་ནས་ཡང་དུ་རྙེད་པ་མ་ཡིན་པའི་ཚུལ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། རྒྱལ་བའི་སྲས་པོ་ཞི་བ་ལྷས་ཀྱང་། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱི་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། ལན་གཅིག་ཐོབ་པ་དེ་ཡང་ཡུན་དུ་མི་གནས་པའི་ཚུལ་ནི་མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་སོགས་གསུངས་པ་ལྟར། ཕྱི་བརྟན་པ་སྣོད་ཀྱི་འཇིག་རྟེན། ནང་གཡོ་བ་བཅུད་ཀྱི་སེམས་ཅན་སྤྱི་དང་། ཁྱད་པར་སྟོང་གསུམ་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་སོགས་སྐྱེ་དགུའི་བདག་པོ་རྣམས་དང་། རྒྱལ་བ་རྫོགས་པའི་སངས་རྒྱས་སོགས་སྐྱེས་ཆེན་དམ་པ་རྣམས་ནས་བཟུང་། སྲིད་ཁམས་འདི་ན་གནས་སོ་ཅོག་ཐམས་ཅད་ལ་བརྟགས་ཤིང་དཔྱད་ན་མི་རྟག་ཅིང་མི་བརྟན་པའི་རང་བཞིན་ཅན་ཁོ་ན་ལས་རྟག་པར་གནས་པ་གཅིག་ཀྱང་མེད་ལ། ལྷག་པར་ཡང་ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཡུད་ཙམ་རེ་སོང་བཞིན་ཚེ་ཇེ་ཟད་དང་འཆི་བ་ལ་ཇེ་ཉེར་འགྲོ། ཚེ་ལ་ངེས་པ་མེད་པས་ནམ་འཆི་བའི་ཚོད་ནི་སུས་ཀྱང་མི་ཟིན། འཆི་རྐྱེན་ཤིན་ཏུ་མང་བས་ད་ལྟ་སྐད་ཅིག་མ་འདིར་ཡང་གློ་བུར་གྱི་རྐྱེན་དྲག་པོས་མི་འཆི་བའི་གདེངས་ཅུང་ཟད་ཀྱང་མེད་ཅིང་། དུས་ནམ་ཞིག་གི་ཚེ་ན་ཤིན་ཏུ་གཅེས་པར་བཟུང་བའི་ལུས་འདི་ཡང་སྦྲུལ་གྱི་ཤུན་པ་བརྗེས་པ་བཞིན་ཤུལ་དུ་བསྐྱུར་ནས་འགྲོ་དགོས་པས་དེའི་དུས་སུ་ཚེ་གང་བོར་འབད་རྩོལ་ཆེན་པོས་བསོགས་པའི་རྒྱུ་ནོར་ལོངས་སྤྱོད་དང་། གཉེན་གྲོགས་མཛའ་བཤེས་ཐམས་ཅད་ཤུལ་དུ་ལུས་པ་མ་གཏོགས་ཕན་པ་ཅུང་ཟད་ཀྱང་མེད་ལ། དགེ་སྡིག་གི་ལས་གང་དང་གང་བསགས་པ་རྣམས་བསྐྱུར་དུ་མེད་པར་རྗེས་སུ་འབྲངས་བའི་ཚུལ་ནི་རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འགྲོ་འགྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གང་ནས་གར་འགྲོ་ཡང་། །ལས་ནི་ལུས་དང་གྲིབ་མ་བཞིན་དུ་འབྲང་། །ཞེས་དང་། མདོ་ལས་བརྒྱ་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་ཤིང་དེ་བཞིན་དུ་ཡོན་ཏན་རིན་པོ་ཆེའི་མཛོད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤངས་པ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་སོགས་གསུངས་པ་ལྟར། ད་ལྟ་དགེ་སྡིག་གང་དང་གང་བསགས་པ་དེ་དང་དེར་མཐུན་པའི་རྣམ་སྨིན་བདེ་སྡུག་སོ་སོར་མ་འདྲེས་པར་སྨིན་པར་ངེས་པས། ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་བསམ་སྦྱོར་མཐའ་དག་སྤངས་ནས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་བཏང་བར་སྒོ་གསུམ་ཆིག་དྲིལ་གྱིས་རྣམ་པར་དཀར་བའི་ལས་ལ་བརྩོན་པར་བྱ་དགོས་པ་ཡིན། དེ་ལ་འདིར་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་། བག་ཉལ་གྱི་རིམ་པ་ལ་དགོངས་ནས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་རྣམས་བསྡུས་ན་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས། དེ་ཡང་ཚུར་བསྡུ་ན་ཐེག་པ་ཆེ་ཆུང་གི་ཆོས་གཉིས་སུ་འདུས་པ་ལས་འདིར་ཐེག་པ་ཆེན་པོའི་ཆོས་ཡིན། དེ་ལའང་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པ་གཉིས་སུ་ཡོད་པ་ལས། ཇི་སྐད་དུ། ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་དང་། ཨོ་རྒྱན་ཆེན་པོས། ཐེག་པ་ཀུན་ལས་ཁྱད་འཕགས་པ༔ ཟབ་མོ་སྔགས་ཀྱི་ཐེག་པ་འདི༔ དཔེར་ན་སྐས་ཀྱི་ཐེམ་རིམ་བཞིན༔ དབང་པོའི་དོན་དུ་གསུངས་པ་དང༔ ཚད་པའི་ནད་ལ་ག་བུར་བཞིན༔ གཉེན་པོའི་དོན་དུ་གསུངས་པ་དང༔ འོ་མ་ལས་ནི་མར་བཞིན་དུ༔ སྙིང་པོའི་དོན་དུ་གསུངས་པའོ༔ ཞེས་གསུངས་པ་ལྟར་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་སྔགས་ཀྱི་ཐེག་པ་ཡིན། དེ་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་གསུམ་ཡོད་པ་ལས་འདིར་བླ་མ་དགོངས་པ་འདུས་པ་ལས།  སྤྱིར་ཡང་བོད་རྣམས་གསར་ངེས་ཆེ་བ་དང ༔ སྙིགས་མའི་འགྲོ་ལ་ལྷག་པར་ཐུགས་བརྩེ་བས༔ མཐའ་དབུས་ཐམས་ཅད་གཏེར་གྱིས་བཀང་ནས་བཞག༔ མ་འོངས་དུས་སུ་ཕྱོགས་རེའི་གྲགས་པ་ཅན༔ རང་ཆེ་འབྱིན་ཅིང་གཏེར་ལ་རྩོད་ན་ཡང༔ སྙིགས་མའི་ཆོས་བྱེད་ཕལ་ཆེར་གཏེར་གྱིས་འདྲེན༔ གདམས་པ་སྣ་རེས་གང་ཟག་གྲོལ་བར་ངེས༔ དེ་བས་ལས་སད་སྐལ་ལྡན་སྦྱང་བ་ཅན༔ འཆི་བ་དྲན་ན་གཏེར་ཆོས་ཉམས་སུ་ལོངས༔ ཚེ་གཅིག་སངས་རྒྱས་ཐོབ་བོ་རྗེས་འཇུག་རྣམས༔ ཞེས་སོགས་མང་དུ་གསུངས་པ་ལྟར་དུས་ལ་བབས་པའི་ཟབ་ཆོས་གཏེར་མར་གྲགས་པ་ཡིན། དེ་ལའང་ཀུན་རྫོབ་རྫས་ཀྱི་གཏེར་དང་། དོན་དམ་དགོངས་པའི་གཏེར་དང་གཉིས་ལས། འདི་ནི་ཟབ་གསང་བླ་ན་མེད་པ་དོན་དམ་དགོངས་པའི་གཏེར་ཞེས་བྱ་བ་ཡིན། དེ་ལའང་རྒྱུད་སྡེ་ཆེན་པོ་དྲུག་དང་བཞི་དང་གཉིས་སོགས་དབྱེ་ཚུལ་མང་ནའང་། འདིར་ཐབས་ཤེས་གཉིས་མེད་གསུམ་དུ་ཕྱེ་བ་ལས། འདི་ཉིད་ཤེས་རབ་ཀྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་ལྔ་དང་སྔགས་ཀྱི་དབྱེ་བ་མཐའ་ཡས་པ་ལས་འདིར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པའི་སྐུ་མཆོག་དམ་པ་རྩོད་མེད་གྲུབ་པའི་གཏེར་ཆེན་འགྲོ་འདུལ་ལུང་རིག་གླིང་པ་རྩལ་གྱི་གཏེར་བྱོན་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་ཆོས་སྡེ་ལས་བྱུང་བ་ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་རྗེ་མོ། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྗེས་གནང་བསྐུར་བ་ལ། ཐོག་མར་གདམས་པ་ཟབ་མོ་འདི་ལ་ཡིད་ཆེས་པའི་ཕྱིར་ཆོས་འདིའི་བྱུང་ཁུངས་དང་། གསུམ་ལྡན་གྱི་བརྒྱུད་པ་ཁུངས་བཙུན་པའི་ལོ་རྒྱུས་མདོ་ཙམ་བརྗོད་པ་ནི། ཨེ་མ་ཧོ༔ རང་རིག་སྟོན་པ་ཀུན་བཟང་གིས༔ རང་ལས་མི་གཞན་འཁོར་རྣམས་ལ༔ ཤེས་རབ་ཕ་རོལ་ཕྱིན་པའི་དབང༔ འཕོ་མེད་དགོངས་པའི་ངང་ནས་བསྐུར༔ ལྔ་ལྡན་ལོངས་སྐུའི་ཞིང་ཁམས་སུ༔ གསལ་དག་རིགས་ལྔའི་སངས་རྒྱས་ཀྱིས༔ དག་པ་ས་གསུམ་འཁོར་རྣམས་ལ༔ རང་རིག་བརྡ་ཡི་དབང་ཆེན་བསྐུར༔ གང་འདུལ་སྤྲུལ་སྐུའི་ཞིང་ཁམས་སུ༔ མཛད་པ་ཡོངས་རྫོགས་སྟོན་པ་ཡིས༔ རིགས་ཅན་གསུམ་གྱི་སེམས་མ་ལ༔ རྒྱུད་ལུང་མན་ངག་འབྲས་བུའི་དབང་༔ རྫས་དང་སྔགས་ལ་བརྟེན་ནས་བསྐུར༔ ཞལ་ནས་སྙན་དུ་བརྒྱུད་པ་ཡི༔ བར་མ་ཆད་པའི་གདམས་པ་འོ༔ ཁྱད་པར་མཁའ་འགྲོའི་ཐུགས་བཅུད་འདི༔ ཆོས་སྐུའི་ཞིང་དུ་ཀུན་བཟང་མོས༔ རང་སྣང་སངས་རྒྱས་བྱང་སེམས་ལ༔ དབྱེར་མེད་དགོངས་པ་གཅིག་པར་བརྒྱུད༔ འོག་མིན་ལོངས་སྐུའི་ཞིང་ཁམས་སུ༔ རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མས༔ ས་དང་ལམ་ལ་གནས་པ་ཡི༔ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ལ༔ སྒྲ་ཚིག་སྤངས་པའི་བརྡ་རུ་བསྟན༔ རང་བཞིན་སྤྲུལ་པའི་རྔ་ཡབ་གླིང་༔ རིག་འཛིན་པདྨ་ཐོད་ཕྲེང་གིས༔ མཁར་ཆེན་བཟའ་དང་མནྡྷ་ར༔ གསང་བའི་ཡུམ་ཆེན་སོ་སོ་ལ༔ རྒྱུད་དང་སྒྲུབ་ཐབས་གྲུབ་འབྲས་སོགས༔ གདུལ་བྱའི་དོན་དུ་སོ་སོར་བསྟན༔ དེ་ཡང་སྐུ་གསུམ་སྟོན་པ་རྣམས༔ ངོ་བོ་གཅིག་ལས་ཐ་དད་སྣང་༔ དཔེར་ན་མཁའ་ཡི་ཟླ་བ་དང་༔ ཆུ་ཟླ་སོ་སོར་དབྱེར་མེད་བཞིན༔ འདིར་ཡང་དག་སྣང་ཆོས་ཀྱི་སྡེ༔ མ་འོངས་སྐལ་བ་ལྡན་པ་ཡི༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་ལ༔ སྨོན་ལམ་གཏད་རྒྱས་དབང་ཡང་བསྐུར༔ ལས་འཕྲོ་ལྡན་པར་ལུང་དུ་བསྟན༔ བརྒྱུད་པ་དམ་ལྡན་བྱིན་རླབས་མྱུར༔ དེ་ཕྱིར་ཌཱཀྐིའི་སྲོག་ཏིག་གོ༔ ཞེས་གསུངས་པ་ལྟར་སྐུ་གསུམ་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ་གཅིག་སྐྱེ་མེད་ཆོས་སྐུའི་ཀློང་ནས་འགགས་མེད་ལོངས་སྤྲུལ་སྒྱུ་མའི་སྣང་བརྙན་ཅིར་ཡང་བཀྲ་བ། མ་ཚོགས་མཁའ་འགྲོ་ཀུན་གྱི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་ནང་སྒྲུབ་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བརྒྱུད་གསུམ་བླ་མའི་བྱིན་རླབས་ཀྱི་ཆུ་བོ་གཅིག་ཏུ་འདུས་པའི་གཏེར་ཆེན་པོ་དེ་ཉིད་ལ་བརྟེན་ནས་སྨིན་བྱེད་ཀྱི་རྗེས་གནང་ཟབ་མོ་བསྐུར་བ་ལ། བདག་མདུན་བུམ་པ་བསྒྲུབ་པ་དང་། ལྷ་ལ་དབང་མི་ཟ་བའི་ཆེད་དུ་བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ཟིན། ད་ཁྱོད་རང་སློབ་མ་རྣམས་ཀྱི་བྱ་བ་ལ་ཐོག་མར་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་ཞིག་ཕུལ། ཞེས་པ་ལ་སོགས་ཆོས་བཤད་མཐར༔ སློབ་བུས་གསེར་གཡུའི་མཎྜལ་ཕུལ༔ གདུང་བས་གསོལ་བ་འདི་ལྟར་ཐོབ༔ དེ་ལྟར་མཎྚལ་ཕུལ་ནས་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱར་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཞེས་བསྐུལ་གསོལ་བ་འདི་ལྟར་གདབ། ཨེ་མ་ཧོ༔ སྐུ་བཞིའི་བདག་ཉིད་བླ་མ་རྗེས༔ རྒྱལ་ཡུམ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་གིས༔ བདག་རྒྱུད་སྨིན་པར་མཛད་དུ་གསོལ༔ ཅེས་པས་ལན་གསུམ་གསོལ་བ་གདབ༔ གནང་བ་སྦྱིན་པ་འདི་སྐད་དོ༔ དེ་ལྟར་ལན་གསུམ་གྱིས་གསོལ་བ་བཏབ་ནས་གནང་བ་སྦྱིན་པ་འདི་ལ་གསན་འཚལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ངེས་པར་འཁོར་བའི་སྡུག་བསྔལ་ལས༔ འགྲོ་ཀུན་སྒྲོལ་བར་དམ་བཅས་ན༔ མཁའ་འགྲོའི་བྱིན་རླབས་རྗེས་གནང་བྱ༔ ཞེས་དྲིས་པའི་ལན་དུ་འདི་བཞིན་རྗེས་ཟློས་མཛོད། དེ་ནས་སློབ་བུས་འདི་སྐད་དོ༔ རྡོ་རྗེ་འཛིན་པ་ཁྱེད་ཉིད་ཀྱིས༔ ཇི་ལྟར་བཀའ་བསྒོ་མཛད་པ་བཞིན༔ བདག་གིས་ལུས་ངག་ཡིད་གསུམ་གྱིས༔ འགྲོ་བ་སྒྲོལ་བར་དམ་བཅའ་འོ༔ ཞེས་བརྗོད་བླ་མས་འདི་ལྟར་གདམས། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ལ་ཕྱོགས་བཅུ་དུས་བཞིའི་སྐྱབས་ཡུལ་མ་ལུས་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཚིག་དོན་ཡ་མ་བྲལ་བའི་ངང་ནས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ཨེ་མ་ཧོ༔ སྐྱེ་མེད་ཐུགས་ཀློང་རྣམ་མཁྱེན་རྫོགས་སངས་རྒྱས༔ འགགས་མེད་གསུང་མཆོག་བདེན་གཉིས་ཟུང་འཇུག་ཆོས༔ རྩོལ་མེད་སྐུ་ལ་ཐེག་གསུམ་དགེ་འདུན་རྫོགས༔ ཡེ་ཤེས་མཁའ་འགྲོའི་གཙོ་ལ་སྐྱབས་སུ་མཆི༔ ཞེས་བརྗོད་སླར་ཡང་འདི་ལྟར་གདམས༔ དེ་ནས་སྨོན་འཇུག་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཧོ་དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར༔ མཐའ་ཡས་འགྲོ་ཀུན་སྡུག་བསྔལ་མཐའ་དག་ལས༔ བསྒྲལ་ནས་ཡང་དག་གོ་འཕང་ལ་འགོད་ཕྱིར༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་བསྒྲུབ་པར་བགྱི༔ སོ་སོར་ལན་གྲངས་གསུམ་གསུམ་གྱིས། །སྐྱབས་སུ་འགྲོ་ཞིང་སེམས་ཀྱང་བསྐྱེད༔ མཁའ་འགྲོའི་སྡོམ་བཟུང་འདི་སྐད་དོ༔ ཡེ་ཤེས་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས་ཚུལ་བཞིན་དུ་འཛིན་པར་བྱ་སྙམ་པས་དམ་ཚིག་གསུམ་འཛིན་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཡེ་ཤེས་ཌཱཀྐི་མའི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ༔ བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ༔ དག་སྣང་རྩལ་སྦྱང་སྟོང་ཉིད་བསྒོམ༔ དེ་སྐད་ལན་གསུམ་རྗེས་ཟློས་བྱ༔ བྱིན་རླབས་བསྒྲུབ་ཕྱིར་བྱིན་འབེབས་ནི༔ ད་ཁྱོད་རང་རྣམས་བྱིན་རླབས་ཐམས་ཅད་ཀྱི་གཞི་རྟེན་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། སྭ་བྷ་ཝ་ཡིས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་དྲན་རྫོགས་སུ༔ སློབ་མ་ཡེ་ཤེས་མཚོ་རྒྱལ་མཐིང༔ བཅུ་དྲུག་གཞོན་ཚུལ་ཆགས་པའི་ཉམས༔ འཛུམ་པའི་སྤྱན་དཀྱུས་ཐད་ཀར་གཟིགས༔ ཞལ་གཅིག་ཕྱག་གཉིས་ཞབས་ཕྱེད་སྐྱིལ༔ ཐོད་སྐམ་རྩེ་ཕྲན་རིན་ཆེན་རྒྱན༔ གནག་སྣུམ་དབུ་སྐྲའི་ལན་ཚར་མཛེས༔ ཕྱག་གཡས་ཐོད་རྔ་སྙན་ཐད་དཀྲོལ༔ གཡོན་པས་ཐོད་བུམ་བདུད་རྩིས་གཏམས༔ མེ་ཏོག་སྣ་ཚོགས་དོ་ཤལ་འཕྱངས༔ དར་དཀར་སྟོད་གཡོག་རླུང་གིས་བསྐྱོད༔ དམར་པོ་གསེར་རིས་ཤམས་ཐབས་ལ༔ ལྗང་ཁྲའི་འཕུར་མ་མུ་ཏིག་རྒྱན༔ གསེར་གྱི་སྙན་རྒྱན་དྲིལ་ཆུང་འཁྲོལ༔ གཙུག་ཏོར་ནོར་བུའི་ཏོག་གིས་སྤྲས༔ ནུ་འབུར་ཆགས་པའི་ཆུ་སྐྱེས་བཞད༔ རྩ་གསུམ་རྒྱལ་ཀུན་འདུས་པའི་དཔྱིད༔ འཇའ་དང་འོད་ལྔ་འཁྲིགས་པའི་ཀློང༔ པདྨ་ཉི་ཟླའི་གདན་གྱི་ཁར༔ དྭངས་པའི་མཁའ་ལ་གཟའ་སྐར་བཞིན༔ ཡིད་ཡུལ་ལྷམ་མེ་ལྷང་ངེར་གསལ༔ ཞེས་སོགས་རྒྱས་བསྡུས་བློས་དཔག་ཏེ། །མངོན་རྟོགས་གཞུང་དང་མཐུན་པར་བསྒོམ། །སྙིང་གར་གཡུང་དྲུང་དམར་པོ་ཡི༔ ལྟེ་བར་དགའ་འཁྱིལ་དབུས་སུ་བཾ༔ རྭ་བཞིར་ཧ་རི་ནི་ས་དང་༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ སྐུ་གསུམ་ཞིང་དང་ཁྱད་པར་དུ༔ རྔ་ཡབ་ཟངས་མདོག་དཔལ་རི་ནས༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ བུ་གཅིག་མ་ཡི་ངང་ཚུལ་གྱིས༔ སྐུ་དང་སྔགས་བྱང་ཕྱག་མཚན་ཚུལ༔ ཁ་བ་བུ་ཡུག་ཚུལ་ལྟར་བྱོན༔ སློབ་བུའི་ལུས་ངག་ཡིད་གསུམ་ལ༔ རྡོ་ཚན་སྟེང་དུ་མར་བཞག་བཞིན༔ དབྱེར་མེད་ཐིམ་པའི་མོས་འདུན་གྱིས༔ ཞེས་བརྗོད་སྦྱར་སྤོས་དུད་པས་བདུག ཐོད་པའི་རྔ་བརྡུང་དབྱངས་དང་བཅས༔ ཨེ་མ་ཧོ༔ ཡུལ་གྱི་མིང་ནི་ཨོ་རྒྱན་མཁའ་འགྲོའི་གླིང་༔ གནས་ཀྱི་མིང་ནི་ཟངས་མདོག་དཔལ་གྱི་རི༔ རང་བྱུང་པདྨས་སྤྲུལ་པའི་ཞིང་ཁམས་ནས༔ སྐུ་གསུམ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མ༔ མོས་གུས་གདུང་བས་གནས་འདིར་སྤྱན་འདྲེན་ན༔ ཚད་མེད་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས༔ འདིར་འདུས་བདག་ཅག་སྐལ་ལྡན་སྒོ་གསུམ་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་དབབ་ཏུ་གསོལ༔ སྐུ་ཡི་བྱིན་ཕོབ་ལུས་ལ་བདེ་དྲོད་འབར༔ གསུང་གི་བྱིན་ཕོབ་ངག་ལ་ནུས་པ་འབྱོངས༔ ཐུགས་ཀྱི་བྱིན་ཕོབ་སེམས་ལ་རྟོགས་པ་བསྐྱེད༔ རང་བྱུང་ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཚེ་འདིར་སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཨ་ཧ་རི་ནི་ས་བཾ་ཊཱཀྐི་ནཱི་ཛྙཱ་ན་སྭ་ར་སརྦ་སིདྡྷི་ཧཱུྃ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཕེབས་རྟགས་ལུས་ངག་ཡིད་ལ་འབྱུང་༔ གནས་གསུམ་རྡོ་རྗེའི་རྒྱས་གདབ་ནས༔ བྱང་ཆུབ་བར་དུ་བརྟན་པར་བསམ༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་ཐམས་ཅད་བྱང་ཆུབ་མཆོག་གི་བར་དུ་བརྟན་པར་གྱུར་ཅིག ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བརྗོད་མི་དམིགས་ངང་ལ་བཞག༔ ས་མ་ཡཱ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ རྗེས་གནང་རྣམ་པ་ལྔ་རུ་བསྟན༔ དང་པོ་སྐུ་ཡི་རྗེས་གནང་ནི༔ བུམ་པ་སློབ་མའི་སྤྱི་བོར་བཞག༔ དེ་ཡང་ཐོག་མར་འདི་བཞིན་བརྗོད། དེ་ལྟར་རྗེས་གནང་གི་གཞི་འགོད་པའི་རིམ་པ་རྣམས་སྔོན་དུ་འགྲོ་བས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལས། དང་པོ་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་མཚན་ཉིད་ཕུན་སུམ་ཚོགས་པའི་དབུས་སུ་སྐུ་གསུམ་ཀུན་དངོས་ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བའམ་མཁའ་ལ་འཇའ་ཚོན་ཤར་བ་ལྟར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་མོས་གུས་དྲག་པོ་བྱས་པས་ལྷ་ཚོགས་ཐམས་ཅད་ཁྱོད་རང་གི་ཐད་ཀྱི་ནམ་མཁར་བྱོན་ནས་དབང་བསྐུར་བའི་མོས་པ་བརྟན་པོ་མཛོད་ཅིག ཨོཾ༔ སྟོང་གསལ་འགགས་མེད་ཆོས་ཀྱི་དབྱིངས༔ འཁོར་འདས་གཞི་རྫོགས་བུམ་པ་ནས༔ སྐུ་གསུམ་ཡེ་ཤེས་བདུད་རྩིའི་རྒྱུན༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ མཁའ་འགྲོའི་སྐུ་རུ་སྨིན་པར་ཤོག༔ རྩ་སྔགས་ཤམ་དུ་འདི་བཞིན་བརྗོད༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མཁའ་འགྲོའི་སྐུ་རྟེན་སྤྱི་བོར་བཞག༔ གནས་གསུམ་མཁའ་འགྲོ་ཡོངས་ཀྱི་གཙོ༔ སྣང་སྟོང་སྒྱུ་མའི་ལྷ་སྐུར་བསྒོམས༔ ལུས་ཀྱི་གཉིས་འཛིན་སྒྲིབ་དག་ནས༔ སྤྲུལ་པའི་སྐུ་རུ་སྨིན་པར་ཤོག༔ དེས་སྐུའི་རྗེས་གནང་ཐོབ། ལུས་ཀྱི་སྡིག་སྒྲིབ་དག །ལུས་ལྷ་སྐུ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །སྦྱང་བྱ་ལུས་ཀྱི་ཕུང་པོ་དང་༔ སྦྱོང་བྱེད་བསྐྱེད་རིམ་རྣམ་པ་བཞི༔ སྦྱངས་འབྲས་སངས་རྒྱས་སྤྲུལ་པའི་སྐུ༔ ངོ་བོ་གཅིག་ལས་ལྡོག་པ་བཞིན༔ གསུང་དབང་སྔགས་བྱང་མགྲིན་པར་བཞག༔ གཉིས་པ་གསུང་གི་རྗེས་གནང་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག སློབ་དཔོན་གྱི་མགྲིན་པ་ནས་ཕྱི་ལྟར་ཡིག་འབྲུའི་རྣམ་པ་ལ་ནང་ལྟར་རང་བྱུང་སྲོག་ཡིག་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་གསུང་གི་ངོ་བོ་གཞོམ་མེད་སྔགས་ཀྱི་སྒྲ་དབྱངས་སྒྲོགས་པ་དཔག་ཏུ་མེད་པ་བྱོན་ནས་ཁྱོད་རང་གི་མགྲིན་པར་ཐིམ་བྱུང་སྙམ་པའི་མོས་པ་གྱིས་ཤིག ཨཱཿ མ་དག་འཁྲུལ་བའི་ལས་ཀྱི་རླུང་༔ སྦྱོང་བྱེད་རང་བྱུང་སྔགས་ཀྱི་སྒྲ༔ མཁའ་འགྲོའི་སྲོག་ཡིག་འདི་གཏད་པས༔ ཚངས་དབྱངས་གསུང་གི་དབང་ཐོབ་ཤོག༔ ཞེས་བརྗོད་རྩ་སྔགས་ཤམ་བུ་རུ༔ ཝཀྐཱ་ཨ་བྷི་ཥིཉྩ་ཨཱཿ དཔོན་སློབ་གཉིས་ཀ་ལྷ་རུ་གསལ༔ ཐུགས་ཀར་ཉི་ཟླའི་དལ་ལ་བཾ༔ སྲོག་སྔགས་འོད་ལྔའི་ཁ་དོག་ཅན༔ གཡོན་དུ་འཁོར་བའི་འོད་ཟེར་གྱིས༔ གནས་གསུམ་མཁའ་འགྲོའི་བྱིན་རླབས་བསྡུས༔ དཔོན་སློབ་གཉིས་ཀར་ཐིམ་པ་ཡིས༔ གསུང་གི་བྱིན་རླབས་ཐོབ་བསམ་ནས༔ དཔོན་སློབ་གཉིས་ཀ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དུ་གསལ་བའི་ཐུགས་ཀར་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་བཾ་མཐིང་ཀའི་མཐའ་སྐོར་དུ་རང་བྱུང་དབྱིངས་ཀྱི་མཁའ་འགྲོའི་སྲོག་སྔགས་འོད་ལྔའི་ཁ་དོག་ཅན་གཡོན་དུ་འཁོར་བའི་འོད་ཟེར་གྱིས་གནས་གསུམ་གྱི་མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཐམས་ཅད་ཀྱི་བྱིན་རླབས་སྔགས་ཕྲེང་གི་རྣམ་པར་བྱོན་ནས་དཔོན་སློབ་གཉིས་ཀའི་ཞལ་གྱི་སྒོ་ནས་ཞུགས་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྐུ་གསུམ་མཁའ་འགྲོ་ཡོངས་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་དུ་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། སྔགས་ཀྱི་རྗེས་ཟློས་འདི་བཞིན་བྱ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་དང་རང་སྔགས་ལན་གསུམ་བཟླས༔ སྔགས་ཕྲེང་སློབ་མའི་སྤྱི་བོར་བཞག༔ ཨེ་མ་ཧོ༔ མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་མའི༔ དམིགས་མེད་མཁྱེན་དང་བརྩེ་བ་ཡིས༔ སློབ་མ་འདི་ལ་ལེགས་དགོངས་ནས༔ བྱང་ཆུབ་སྙིང་པོའི་བར་དག་ཏུ༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ མ་ཧཱ་མཎྚ་སརྦ་སིདྡྷི་ཕ་ལ་ཧཱུྃ་བྷྲུཾ༔ སློབ་བུའི་ལྕེ་ལ་བདུད་རྩི་བཞག༔ ཨོཾ་ཨཱཿཧཱུྃ༔ རྩ་ཁམས་ཀུན་རྫོབ་བྱང་ཆུབ་སེམས༔ ཡེ་ཤེས་རླུང་གི་འཕྲོ་འདུ་ལས༔ འཕོ་མེད་སྒྲ་གཅན་དབྱིངས་ཆུད་ནས༔ ལས་རླུང་སྔགས་སུ་རང་གྲོལ་ཤོག༔ དབྱངས་གསལ་བརྗོད་ཅིང་བརྗོད་བྲལ་ངང་༔ རང་བྱུང་རྡོ་རྗེའི་བཟླས་པ་བྱ༔ དེས་གསུང་གི་རྗེས་གནང་ཐོབ། ངག་གི་སྒྲིབ་པ་དག ངག་སྔགས་བཟླ་བ་ལ་དབང་། ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །ཐུགས་རྟེན་མན་ཤེལ་སྙིང་གར་བཞག༔ གསུམ་པ་ཐུགས་ཀྱི་རྗེས་གནང་གི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད་ཅིག སློབ་དཔོན་གྱི་ཐུགས་ཀ་ནས་སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་ཐུགས་ཆོས་དབྱིངས་འགྱུར་མེད་ཁྱབ་བརྡལ་ཆེན་པོའི་མཚོན་བྱེད་མན་ཤེལ་ཁ་ཏོག་ལྔ་པ་སྙིང་ཁར་བཞག་པས་གནས་གསུམ་མཁའ་འགྲོ་ཡོངས་ཀྱི་ཐུགས་ཀྱི་བྱིན་རླབས་སྐད་ཅིག་ཉིད་ལ་ཐོབ་བྱུང་སྙམ་དུ་མོས་མཛོད། ཨེ་མ་ཧོ༔ སྤྲོས་དང་བྲལ་བའི་རིག་པ་ནི༔ གདངས་གསལ་དྭངས་ཤེལ་སྒྲིབ་བྲལ་ལྟར༔ ངོ་བོ་སྟོང་ཞིང་རང་བཞིན་གསལ༔ ཀ་དག་སྒྲིབ་མེད་དབང་ཐོབ་ཤོག༔ ཞེས་དང་རྩ་སྔགས་ཤམ་བུ་ལ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་དྲི་བྲལ་མིག་ལ་བསྟན༔ ཨེ་མ་ཧོ༔ རྒྱལ་ཀུན་ཐུགས་ཀྱི་གསང་བའི་དབྱིངས༔ རྟོག་པ་མེད་ཀྱང་ཤེས་བྱའི་ཆོས༔ མ་འདྲེས་སོ་སོར་མཁྱེན་པ་ལྟར༔ མཁའ་འགྲོའི་ཐུགས་རྟེན་མེ་ལོང་གིས༔ སློབ་བུ་ཁྱོད་ལ་དབང་བསྐུར་བས༔ སྟོང་ཉིད་བསྒོམས་པའི་རང་རྩལ་གྱིས༔ ཆོས་ཀུན་མཁྱེན་པའི་རྩལ་རྫོགས་ཤོག༔ དེས་ཐུགས་ཀྱི་རྗེས་གནང་ཐོབ། ཡིད་ཀྱི་སྡིག་སྒྲིབ་དག ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། ཆོས་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །ཡོན་ཏན་ཡིད་བཞིན་ནོར་བུའི་གཟུགས༔ སློབ་བུའི་ལྟེ་བར་བཞག་བྱས་ཏེ༔ བཞི་པ་ཡོན་ཏན་གྱི་རྗེས་གནང་ལ་ཡང་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཡེ་ཤེས་མཚོ་རྒྱལ་དུ་གསལ་བའི་ལྟེ་བ་ནས་སྐུ་གསུམ་ཌཱཀྐི་ཡོངས་ཀྱི་གསང་བ་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བའི་མཚོན་བྱེད་ཡིད་བཞིན་དབང་གི་རྒྱལ་པོ་ལྟེ་བར་བཞག་པས་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་བྱིན་ནུས་མཉམ་པར་གྱུར་བྱུང་སྙམ་དུ་མོས་མཛོད། ཨེ་མ་ཧོ༔ རྟོག་མེད་ཡིད་བཞིན་ནོར་བུ་ལ༔ གསོལ་བཏབ་དགོས་འདོད་འབྱུང་བ་ལྟར༔ རྣམ་པར་རྟོག་པ་མི་མངའ་ཡང་༔ འགྲོ་ལ་འདོད་དགུའི་དཔལ་སྟེར་བའི༔ རྒྱལ་ཀུན་ཡོན་ཏན་དབང་བསྐུར་རོ༔ རྩ་སྔགས་ཤམ་དུ་འདི་ཉིད་བཏགས༔ གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཕྲིན་ལས་གཏོར་མ་ལག་ཏུ་གཏད༔ ལྔ་པ་ཕྲིན་ལས་ཀྱི་དབང་ལ་དམིགས་པ་འདི་བཞིན་མཛོད། གཏོར་མ་འདི་ཉིད་སྐུ་གསུམ་རྒྱལ་བའི་ཡུམ་གཅིག་ཡེ་ཤེས་དབྱིངས་ཀྱི་རྗེ་མོ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་ལྷ་ཚོགས་དངོས་སུ་གསལ་བ་ཁྱོད་རང་གི་ལག་ཏུ་གཏད་པས་མཁའ་འགྲོའི་སྐུ་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་སྣ་ཚོགས་པ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པས་མ་ཅིག་ཡེ་ཤེས་མཁའ་འགྲོའི་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་དངོས་གྲུབ་བྱིན་རླབས་ཐམས་ཅད་སྐད་ཅིག་ཉིད་ལ་ཐོབ་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ སྣ་ཚོགས་གཉིས་འཛིན་ཀུན་བརྟགས་ཆོས༔ དམིགས་པ་མེད་པའི་དབྱིངས་སུ་གཏོར༔ སྟོང་ཉིད་ཀུན་ལ་ཁྱབ་པའི་མ༔ རྒྱལ་བ་ཀུན་གྱི་ཕྲིན་ལས་ཏེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཤེས་པ་དྲུག་ལྡན་དབང་ཐོབ་ཤོག༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ ཀརྨཱ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་ཐོབ། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །རང་གཞན་དོན་གཉིས་སྒྲུབ་པ་ལ་དབང་། ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །གཞན་ཡང་མཐའ་རྟེན་དབང་རྣམས་སྦྱིན༔ ས་མ་ཡཱ༔ རྗེས་ལ་དམ་ཚིག་བསྒྲགས་པ་ནི༔ ཨེ་མ༔ སྐལ་ལྡན་སྙིང་གི་བུ༔ མཁའ་འགྲོའི་སྐུ་ཡི་དམ་ཚིག་ཏུ༔ སྲོག་གཅོད་སྤངས་ཤིང་ཚངས་སྤྱོད་སྲུངས༔ གང་སྣང་སྒྱུ་མའི་ལྷ་སྐུར་སྦྱོངས༔ སློབ་དཔོན་སྐུ་དང་རང་གི་ལུས༔ རྟག་ཏུ་བརྙས་པར་མི་བྱའོ༔ མཁའ་འགྲོའི་གསུང་གི་དམ་ཚིག་ཏུ༔ རྫུན་ཕྲ་སྤངས་ཤིང་བཟླས་བརྗོད་བརྩོན༔ བུད་མེད་ཡོངས་ལ་མི་སྨོད་ཅིང་༔ བླ་མས་ཅི་གསུང་བཀའ་བསྒྲུབས་སོ༔ མཁའ་འགྲོའི་ཐུགས་ཀྱི་དམ་ཚིག་ཏུ༔ དངོས་འཛིན་འཁྲུལ་བའི་དབང་མི་གཏོང་༔ གང་ཤར་སྤང་བླང་མི་བྱ་ཞིང་༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ འགྲོ་ལ་སྙིང་རྗེ་རྒྱུན་མི་གཅོད༔ ཡོན་ཏན་ཕྲིན་ལས་དམ་ཚིག་ཏུ༔ ཡར་མར་ཚེས་བཅུ་རྒྱུན་མི་གཅོད༔ སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་པས༔ ཞེས་གསུངས་པ་ལྟར་མཁའ་འགྲོའི་དམ་ཚིག་སྤྱི་དང་བྱེ་བྲག་ཐམས་ཅད་བླ་མའི་བཀའ་ལས་ཇི་ལྟར་བྱུང་བ་བཞིན་ཚུལ་བཞིན་དུ་བསྲུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། །གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ལན་གསུམ་བརྗོད་པས་དམ་ཚིག་བཟུང་། །དེ་བཞིན་སློབ་མས་ཁས་བླང་ཞིང་། ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་དང་བཅས་པ་ཐམས་ཅད་ལྷ་དང་བླ་མ་ལ་འབུལ། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ དེ་རྣམས་ཀྱིས་ཡེ་ཤེས་ཀྱི་མཁའ་འགྲོའི་རྗེས་གནང་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བ་འདིས་མཚོན་པའི་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས་རྒྱ་མཚོ་ལྟ་བུ་མ་ལུས་པ་ཕྱོགས་གཅིག་ཏུ་བསྡོམས་ནས་མཁའ་མཉམ་གྱི་འགྲོ་བ་མཐའ་དག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲིགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག ཞེས་སོགས་བསྔོ་སྨོན་བཀྲ་ཤིས་བྱ། ཨེ་མ་ཧོ༔ ཤིན་ཏུ་ཟབ་གནད་མཁའ་འགྲོའི་སྲོག༔ སྐལ་ལྡན་བུ་མིན་ཀུན་ལ་གསོངས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོ་ཡིས༔ བསྟན་པ་དཀྲུགས་པའི་གང་ཟག་དང་༔ ལོག་ལྟ་ཅན་གྱི་སྡིག་ཅན་གྱིས༔ དུས་མིན་ལེན་ན་སྲོག་དང་ཕྲོལ༔ རྩེ་གཅིག་ཆོས་ལ་མོས་པ་དང་༔ ཉམས་སུ་ལེན་ལ་རྟག་ཏུ་སྲུངས༔ གུ་ཧྱ༔ ཅེས་པའང་དག་སྣང་གི་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་སྨྲས་པ་ལྟར་དད་བརྩོན་དང་ལྡན་པའི་བཙུན་ཆུང་ལུང་རྟོགས་མིང་གིས་ཡི་གེར་ཕབ་པ་ལ་བཅད་ལྷུག་གི་ཚིག་ཚོགས་འགས་ཁ་བསྐང་ཏེ་ལག་ལེན་ཁྲིགས་སུ་བསྡེབ་པ་པོ་ནི་ཡུལ་མགོ་ལོག་ཏུ་སྐྱེས་པའི་སྔགས་བཙུན་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ་སྟེ། དཔལ་ལྡན་བླ་མ་དམ་པའི་ཐུགས་བཞེད་སྐོང་བའི་ཕྱིར་དུའོ།། སརྦ་དཱ་མངྒ་ལཾ།།

དགོངས་གཏེར་ཡོངས་རྫོགས་པུསྟི་ལུང་དབང་བྱེད་ཐབས།

༄༅། དེ་ནས་བཀའ་རྫོགས་ལུང་རྫོགས་ཕྱིར། གླེགས་བམ་སྤྱི་བོར་བཞག་བྱས་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཕྱག་ན་པདྨོ། སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཚངས་པ་ལྷ་ཡི་མེ་ཏོག མཁར་ཆེན་དཔལ་གྱི་དབང་ཕྱུག འཁོན་ཆེན་ཀླུ་ཡི་དབང་པོ། ལྷ་སྲས་མུ་རུབ་བཙན་པོ། ཀློང་ཆེན་རྡོ་རྗེ་གཟི་བརྗིད། ཀུན་མཁྱེན་འཇིགས་མེད་གླིང་པ། གྲུབ་ཆེན་ལག་ན་རྡོ་རྗེ། རིག་འཛིན་ལུང་རིག་གླིང་པ། ལུང་ཟིན་ཆོས་ཀྱི་བདག་པོ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་འདིར་བཞུགས་ཀྱི་བཀའ་དམ་པ་སྤྱི་བོ་ནས་ཐོབ། ལུང་དམ་པ་མགྲིན་པ་ནས་ཐོབ། དབང་དམ་པ་སྙིང་ག་ནས་ཐོབ། ལུས་ངག་ཡིད་གསུམ་སྨིན་ཅིང་གྲོལ་ནས་བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་དགོངས་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། །།ལན་གསུམ།

མེ་མཆོད་འདོད་རྒུའི་བསམ་འཕེལ།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ མེ་མཆོད་འདོད་རྒུའི་བསམ་འཕེལ་ཞེས་བྱ་བ་བཞུགས་སོ༔

རྗེ་བཙུན་འཕགས་མའི་སྐུ་ལ་འདུད༔ དེ་ཉིད་སྒྲུབ་པའི་གང་ཟག་གི༔ བསྙེན་ཁ་གསོའམ་ཞི་རྒྱས་དབང་༔ དྲག་པོའི་ལས་རྣམས་གང་བསྒྲུབས་ཀྱང་༔ མེ་ཡི་ལས་ནི་རྣོ་ལ་མྱུར༔ དེ་བས་འདི་ཉིད་སྙིང་ལ་འཆོངས༔ ས་མ་ཡཱ༔ འདི་ལ་རྣམས་གྲངས་བཞི་ཡིས་བསྟན༔ ནད་གདོན་བར་ཆད་འཇིགས་བརྒྱད་སོགས༔ ཞི་ཕྱིར་ཞི་བའི་མེ་མཆོད་བརྩམས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་སོགས༔ རྒྱས་ཕྱིར་རྒྱས་པའི་མེ་མཆོད་བརྩམས༔ སྐྱེ་འགྲོ་ཕོ་མོ་ཟས་ནོར་སོགས༔དབང་དུ་སྡུད་ཕྱིར་དབང་གི་མེ༔ དགྲ་བགེགས་དམ་སྲི་བརླག་པའི་ཕྱིར༔ གདུག་རྩུབ་དྲག་པོའི་མེ་ཡི་ལས༔ དེ་དག་གང་དང་གང་ལ་ཡང་༔ སྦྱོར་བ་གཞན་ཕན་སེམས་བསྐྱེད་གཅེས༔ དངོས་གཞི་བློ་འདས་ལྟ་བའི་གདེང་༔ མ་བྲལ་ཕྱག་བཞེས་ཚད་ལྡན་གཅེས༔ རྗེས་ལ་དགེ་རྩ་རང་གཅིག་པུའི༔ ཆེད་མིན་ཡོངས་ལ་བསྔོ་བ་གཅེས༔ བསྙེན་པ་སྔོན་དུ་སོང་བ་ཡིས༔ བསྙེན་ཁ་གསོས་ནས་སློབ་མ་ལ༔ དབང་རྫོགས་སེལ་མ་ཞུགས་པ་དང་༔ ཁྱད་པར་ཞི་བའི་སྦྱིན་སྲེག་གི༔ དུས་ནི་ཡར་ངོའི་ཚེས་གསུམ་མམ༔ བཀྲ་ཤིས་ཞི་བའི་ཟླ་བ་དང་༔ སྐར་མ་འཛོམས་པར་བཀྲ་ཤིས་པའི༔ ས་ལ་བ་ཡི་འོ་མ་ཡིས༔ ཆག་ཆག་གདབ་ནས་ཐིག་ཆེན་བརྒྱད༔ ལེགས་པར་མཐོང་རྒྱུན་བཞིན་དུ་གདབ༔ ལྟེ་བར་པདྨ་འདབ་བཞི་བ༔ དབུས་སུ་ཏཱཾཿམམ་ལྷ་གཞན་གྱི༔ ས་བོན་གང་ཡིན་ཁ་དོག་དཀར༔ མ་རྒྱུད་ཕྱི་མཐར་རྡོ་ར་མེ༔ མདའ་དར་དཀར་པོ་ཁ་ཤར་ཕྱོགས༔ ཆས་གོས་དཀར་རྒྱན་རྡོར་སེམས་ཀྱི༔ བདག་བསྐྱེད་བསྙེན་པ་རྫོགས་པའི་མཐར༔ ཐབས་ཤེས་རྡོ་རྗེ་དྲིལ་བུ་དང་༔ འབྲལ་མེད་དགོས་རྫས་ཡོ་བྱད་བསགས༔ དེ་ཡང་ལྷ་ཤིང་ཤུག་པ་འམ༔ འོམ་བུ་བདུད་རྩི་ཅན་གང་རུང་༔ མར་ཁུ་སྡིག་སྦྱོང་ཏིལ་ཡུངས་འབྲས༔ གྲོ་ནས་སྲན་འབྲུ་དར་དཀར་དུང་༔ ཤེལ་དང་མེ་ཏོག་དཀར་པོ་སོགས༔ ཞི་བའི་དགོས་རྫས་ཚང་བར་བསགས༔ རྩིགས་ཤིང་ཟླུམ་པོ་མཛེས་པར་བྱ༔ ས་མ་ཡཱ༔ དངོས་གཞི་་མཆོད་རྫས་རང་གཞུང་གི༔ བྱིན་བརླབས་བྱས་ཤིང་བསངས་ཆུས་བྲན༔ སྲེག་རྫས་འབྲུ་གསུམ་སྔགས་བརྗོད་ཅིང་༔ རྡོ་རྗེ་རྩེ་གཅིག་ཕྱག་རྒྱས་རེག༔ རྒྱལ་རིགས་དག་ལས་མེ་ཤིང་བླངས༔ ཚིག་འདིས་ཡང་དག་སྦྱང་བར་བྱ༔ ཨོཾ༔ འཇིག་རྟེན་གསུམ་ན་འབྱུང་བ་བཞིའི༔ དྲོད་ལ་མ་བརྟེན་གང་ཡང་མེད༔ མྱུར་ལ་ཤུགས་དྲག་ཞི་བའི་མེ༔རབ་ཏུ་འབར་བས་གོ་དབྱེ་འོ༔ ཨགྣེ་ཛྭ་ལ་རཾ༔ ཞེས་བརྗོད་ཤར་གྱི་ཕྱོགས་ནས་སྦར༔ ༼ཧཱུྃ་ཧཱུྃ་ཧཱུྃ་གསུམ་གྱིས་རླུང་གཡབ་མཆན།༽ འཇིག་རྟེན་མེ་ལྷ་བསྐྱེད་པ་ནི༔ མེ་ཉིད་བདུད་རྩི་འཁྱིལ་བ་ཡི༔ སྔགས་དང་བསང་ཆུས་དངོས་འཛིན་སྦྱངས༔ སྟོང་པའི་ངང་ལས་ར་སྐྱེས་ཁམ་པའི་སྟེང་༔ ཐོད་པའི་སྒ་ལ་དར་སྟན་མཛེས་དབུས་རཾ༔ ཟླ་བ་ཞུན་མ་ལྟ་བུའི་འོད་ཟེར་གྱིས༔ བདག་གཞན་ནད་གདོན་སྡིག་སྒྲིབ་བག་ཆགས་སྦྱངས༔ ཚུར་འདུས་ཡོངས་གྱུར་ཞི་བའི་མེ་ལྷ་དཀར༔ འཛུམས་ཤིང་དགྱེས་ཞལ་ཕྱག་གཡས་སྤྱི་བླུགས་དང་༔ གཡོན་པ་གནྡྷེ་ཚངས་སྐུད་དཀར་པོ་འཕྱང་༔ དབུ་གཙུག་སྐྲ་ཡི་ཟུར་ཕུད་མཛེས་པའི་རྩེར༔ རྡོ་རྗེ་སེམས་དཔའ་ཞི་ཚུལ་དགྱེས་པར་བཞུགས༔ གནས་གསུམ་འབྲུ་གསུམ་འོད་ཀྱིས་ཤར་ལྷོ་ནས༔ ཞི་བའི་མེ་ལྷ་སྤྱན་དྲངས་ཐིམ་པར་བསམ༔ མདའ་དར་དཀར་པོ་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་སྤྱོན་འབྱུང་པོ་མེ་ཡི་ལྷ༔ བདག་གི་ལས་ཀུན་བསྒྲུབ་པའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཛཿ ཞེས་པས་སྤྱན་དྲངས་མེ་ཡི་ལྷ༔ དགྱེས་པ་ཆེན་པོས་བཞུགས་པར་བསམ་ལ༔ ཧཱུྃ༔ མེ་ཡི་ལྷ་ནི་དགྱེས་པ་ཡིས༔ འབར་བའི་གདན་ལ་ལེགས་བཞུགས་ནས༔ བདག་གི་མཆོད་ཡོན་བཞེས་པ་དང་༔ མེ་ཡི་ཕྱག་གཙང་མཛད་ནས་ཀྱང་༔ མཆོད་རྫས་ཡེ་ཤེས་ལྷར་ཕུལ་ཞིང་༔ ལས་བཞི་འགྲུབ་པའི་གྲོགས་དན་མཛོད༔ ཅེས་བརྗོད་ཡུངས་དཀར་ཐབ་ཏུ་གཏོར༔ མེ་ལྷའི་ལྗགས་བརྐྱང་དངུལ་དཀར་གྱི༔ རྡོ་རྗེ་རྩེ་གཅིག་སྦུབས་སྟོང་པའི༔ དབུས་རྭ་སྟོང་པའི་སྦུ་གུ་ཡིས༔ བསྲེག་རྫས་བདུད་རྩིའི་རང་བཞིན་དུ༔ གསོལ་ནས་ཞི་བའི་ལས་གང་བཅོལ༔ དེ་ཀུན་ཐོགས་མེད་སྒྲུབ་པར་བསམ༔ མར་ཁུ་བླུགས་གཟར་སྔགས་འདི་ཡིས༔ ལན་བདུན་དགང་སྟེ་འབུལ་བར་བྱ༔ ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ དེ་ནས་འདོད་དོན་གསོལ་བ་ནི༔ བདག་ཅག་མི་ནོར་འཁོར་བཅས་ཀྱི༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ བསགས་པའི་སྡིག་སྒྲིབ་ནད་གདོན་བགེགས༔ འཇིགས་པ་བརྒྱད་སོགས་ཞི་གྱུར་ཅིག༔ ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་ཡམ་ཤིང་མར་ཁུ་ཏིལ༔ ནས་འབྲས་གྲོ་སྲན་དར་དུང་ཤེལ༔ རྫས་ཀྱི་རིམ་པ་གཞན་རྣམས་ལའང་༔ བརྒྱའམ་ཉེར་གཅིག་འདོད་གསོལ་སྦྱར༔དེ་ནས་རྡོར་དྲིལ་སྟངས་སྟབས་ཀྱིས༔ ཨོཾ༔ མེ་ལོང་ཡེ་ཤེས་རང་གདངས་གསལ༔ ཞི་མཛད་འཇིག་རྟེན་མེ་ཡི་ལྷ༔ དཀར་གསལ་ཞི་འཛུམ་ར་སྐྱེས་ཆིབས༔ ནད་གདོན་ཞི་མཛད་ཁྱོད་ལ་བསྟོད༔ གོང་ངམ་ཡང་ན་སྐབས་འདི་རུ༔ ཨོཾ་ཨགྣེ་ཡེ་བཛྲ་པུཥྤེ་པྲ་ཏིཥྩ་ཡེ་སྭཱ་ཧཱ༔ དེ་བཞིན་དྷུཔྤེ་ཨཱ་ལོ་ཀེ༔ གནྡྷེ་ནེ་ཝི་ཏེ་ཤཔྟ༔ མགོ་འཇུག་ཚིག་ཕྲད་སྦྱར་ཏེ་འབུལ༔ མེ་ལྷ་མེ་ཡི་རྣམ་པ་རུ༔ ཨགྣེ་མུཾ་ཞེས་མར་ཁུས་བྲན༔ དེ་ནས་ཡེ་ཤེས་ལྷ་བསྒོམ་པ༔ གཞལ་ཡས་གདན་ཁྲི་ལྷར་བཅས་བསྒོམས༔ སྤྱན་དྲངས་བཞུགས་གསོལ་ཕྱག་འཚལ་མཆོད༔ ལྷ་ཚོགས་སྐུ་མདོག་དཀར་པོར་བསྒྱུར༔ ལྗགས་ཉིད་དངུལ་དཀར་རྡོ་རྗེར་བསྒོམས༔ སྦུ་གུས་བསྲེག་རྫས་བདུད་རྩིར་དྲངས༔ བདག་གཞན་ནད་གདོན་སྡིག་སྒྲིབ་དང་༔ དམ་ཚིག་ཉམས་ཆག་ཀུན་བྱང་བསམ༔ རྩ་སྔགས་གང་ཡིན་ཤམ་བུ་རུ༔ ཞི་བའི་འདོད་གསོལ་སྔར་ལྟར་སྦྱར༔ མར་ཁུའི་སྐྱེམས་ཕུད་རྫས་རྣམས་ནི༔ ཞི་བའི་སྦྱིན་བསྲེགས་རིགས་མཐུན་ལ༔ སྔགས་ཀྱང་དེ་བཞིན་བྱས་པས་འགྲུབ༔ རྗེས་སུ་བསྟོད་ཅིང་གཤེགས་གསོལ་བསྔོ༔ དེ་ནས་མེ་ལྷ་སྔར་ལྟར་བསྒོམས༔ མཆོད་པས་མཆོད་ཅིང་བསྟོད་པས་བསྟོད༔ མེ་ལྷ་གཤེགས་ཤིང་དགེ་ཚོགས་བསྔོ༔ ཤིས་པ་བརྗོད་ཅིང་མེ་ཐབ་བསལ༔ ལས་རྗེས་མི་མངོན་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་བཞིན་ཚེ་བསོད་ལེགས་ཚོགས་ཀུན༔ རྒྱས་བྱེད་མེ་ལྷ་གསེར་མདོག་སྒེག༔ རྫས་ཀྱང་ཟས་སྣ་གོས་དར་སྣ༔ གསེར་དང་སྨན་སྣ་ཅི་མང་བསགས༔ མེ་ཡང་རྗེ་རིགས་དག་ལས་བླངས༔ འདོད་གསོལ་ཚིག་ནི་འདི་བཞིན་སྦྱར༔ ཏྲཾ༔ བདག་གཞན་ཚེ་དང་བསོད་ནམས་དང་༔ འཁོར་དང་ལོངས་སྤྱོད་རིགས་རྒྱུད་བུ༔ ལུང་རྟོགས་ཡོན་ཏན་ལེགས་ཚོགས་ཀུན༔ ཡར་ངོའི་ཟླ་རྒྱས་བཞིན་གྱུར་ཅིག༔ པུཥྚིཾ་ཀུ་རུ་སྭཱ་ཧཱ༔ མེ་ལྷའི་བསྟོད་པ་འདི་བཞིན་བྱ༔ ཏྲཾ༔ མཉམ་ཉིད་ཡེ་ཤེས་རང་རྩལ་ལས༔ ལེགས་ཚོགས་རྒྱས་མཛད་མེ་ཡི་ལྷ༔ གསེར་མདོག་སྒེག་ཉམས་ལྟ་ན་སྡུག༔ ཡོན་ཏན་ཀུན་རྫོགས་ཁྱོད་ལ་བསྟོད༔ འདི་ལ་མེ་ལྷའི་ལྟོ་བ་ནི༔ རྒྱ་ཁྱོན་ཆོས་དབྱིངས་མཉམ་པའི་ནང་༔ རྟེན་དང་བརྟེན་པའི་ལྷ་རྣམས་བསྐྱེད༔ སྤྱན་དྲངས་བཞུགས་གསོལ་ཕྱག་མཆོད་འབུལ༔ ཡེ་ཤེས་མེ་ལྷའི་ལྗགས་ནོར་བུའི༔ སྦུ་གུར་བསྲེག་རྫས་བདུད་རྩིར་དྲངས༔ ལྷ་རྣམས་སྐུ་མདོག་གསེར་མདངས་བསྒྱུར༔ འོད་ཟེར་ཉི་མ་ལྟར་འབར་བས༔ བདག་དང་སྦྱིན་བདག་མི་ནོར་གྱི༔ ལུས་ངག་ཡིད་གསུམ་ལ་རེག་པས༔ ཚེ་བསོད་དཔལ་འབྱོར་རྒྱས་པར་བསམ༔ རྗེས་ཀྱི་བྱ་བ་སྔར་དང་མཚུངས༔ ས་མ་ཡཱ༔ དབང་གི་ཕྲིན་ལས་སྒྲུབ་པ་ལ༔ དབང་གི་མེ་ལྷ་པད་རག་མདངས༔ རྫས་ཀྱང་རང་བྱུང་མཚལ་ལི་ཁྲི༔ དར་དམར་ཟངས་ཐེར་ཁུག་ཆོས་སོགས༔ ཕུལ་ནས་མེ་ལྷ་བསྟོད་པའི་སྐབས༔ ཧྲཱིཿ སོར་རྟོག་ཡེ་ཤེས་རྣམ་རོལ་ལས༔ ཁམས་གསུམ་དབང་མཛད་མེ་ཡི་ལྷ༔ རབ་དམར་ཆགས་པའི་ལང་ཚོ་འབར༔ སྐྱེ་འགྲོར་དབང་བསྒྱུར་ཁྱོད་ལ་བསྟོད༔ རྫས་ཀྱང་བརྒྱའམ་ཉེར་བརྒྱད་བསགས༔ དམ་ཚིག་མེ་ལྷའི་ལྟོ་བ་རུ༔ ཡེ་ཤེས་མེ་ལྷ་བསྒོམས་ནས་ནི༔ སྤྱན་དྲངས་བཞུགས་ཕྱག་མཆོད་པ་འབུལ༔ ལྗགས་ཉིད་པདྨ་འདབ་བརྒྱ་ལས༔ འོད་དམར་སྦུ་གུས་བསྲེག་རྫས་ལས༔ དམིགས་བྱའི་བླ་སྲོག་འགུག་ཅིང་བསྟིམས༔ ཀ་ཆ་ནོར་རྫས་གང་འདོད་ཀྱང་༔ དེ་ཉིད་འོད་ཞུ་རྫས་ལ་བསྟིམས༔ བདུད་རྩིར་དྲངས་ནས་གསོལ་བར་བསམ༔ འདོད་དོན་གསོལ་བ་འདི་བཞིན་བྱ༔ ཧྲཱིཿ བདག་དང་བསྲུང་བྱ་ཐམས་ཅད་ཀྱི༔ གང་འདོད་སྐྱེ་འགྲོ་ཕོ་མོ་དང་༔ ཟས་ནོར་ལོངས་སྤྱོད་རྒྱལ་བློན་བཙུན༔ འབངས་རྣམས་བདག་གི་དབང་གྱུར་ཅིག༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་རྗེས་མེ་ལྷར་བསྲེག་རྫས་འབུལ༔ ལྷ་རྣམས་སྐུ་མདོག་དམར་པོ་ལས༔ འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས༔ ཆེ་བཙན་འགྲོ་ཀུན་སྙིང་ག་དང་༔ མོ་བཙུན་གསང་བ་ནས་ཞུགས་ཏེ༔ ཡིད་ཆགས་བདག་དབང་གྱུར་པར་བསམ༔ རྗེས་ཀྱི་བྱ་བ་གོང་མཐུན་ལ༔ ཀུན་ལ་ཞལ་རྒྱུན་མཐོང་རྒྱུད་ལྟོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཞི་པ་དྲག་པོའི་ཕྲིན་ལས་ལ༔ གཟའ་དྲག་འཕྲོད་སྦྱོར་རྩུབ་པ་ལ༔ དགྲ་བགེགས་ལིང་ག་གཞན་མཐུན་འབྲི༔ ཧོམ་གཞུག་བཀུག་བསྟིམ་བསྒྲལ་ལས་བྱ༔ ཤ་ཁྲག་ལྕགས་ཟངས་དར་ནག་འབྲུ༔ ནག་པོའི་རིགས་བསགས་མེ་ལྷ་ཉིད༔ སྟོང་པའི་ངང་ལས་འཇིག་རྟེན་མེ་ཡི་ལྷ༔ ནག་པོ་རབ་ཁྲོས་གནམ་ལྕགས་སྡིག་པ་ཆེ༔ མགོ་དགུ་བཅོ་བརྒྱད་རྭ་རྩེར་བདུད་སྲིན་གཡེངས༔ ཡན་ལག་བགྲད་པས་གང་དམིགས་དགྲ་བགེགས་གཟིར༔ མཇུག་མ་གཡུགས་པས་ཡུལ་འདྲེ་མཐའ་རུ་སྤྱུགས༔ ཐུགས་ལས་ཛཿནག་འོད་ཀྱིས་དྲག་པོ་ཡི༔ མེ་ལྷ་སྤྱན་དྲངས་མེ་དང་གཉིས་མེད་པར༔ བསམས་ཏེ་ཚིག་འདིས་སྙན་གསན་དབབ་སྟེ་སྤྱོན༔ ཧཱུྃ༔ མ་རུངས་གདུག་ཅན་སྡང་དགྲ་དམ་སྲི་བགེགས༔ འདུལ་མཛད་དཔའ་བོ་ཆེན་པོ་མེ་ཡི་ལྷ༔ སྙིང་རྗེའི་ངང་ལས་ཞེ་སྡང་ཅན་འདུལ་བའི༔ ལོག་འདྲེན་བྱད་མ་འདུལ་ཕྱིར་གཤེགས་སུ་གསོལ༔ ཨགྣེ་ཡེ་བཛྲ་ས་མ་ཡཱ་ཛ་ཛ༔ ས་མ་ཡཱ་པདྨ་ཀ་མ་ལ་ཡ་སྟྭཾ༔ དེ་ནས་བསྲེག་རྫས་འབུལ་བ་ནི༔ ཧཱུྃ༔ དམ་ཉམས་ལོག་འདྲེན་བསྒྲལ་བ་ཡི༔ གཟུགས་ཀྱི་ཕུང་པོ་ལས་བྱུང་བའི༔ དབང་པོ་ལྔ་ཡི་མེ་ཏོག་དང་༔ རོ་བསྲེགས་བདུག་སྤོས་ཞུན་ཆེན་མེ༔ ཤ་རུས་ཞལ་ཟས་མཁྲིས་ཁྲག་ཆེན༔ ཐོད་རྔ་རྐང་གླིང་རོལ་མོའི་སྒྲ༔ འཇིགས་བྱེད་མེ་ལྷ་ཁྱོད་ལ་བསྟོད༔ ཨརྒྷཾ་ལ་སོགས་ཉེར་སྤྱོད་འབུལ༔ མེ་ལྷའི་ལྗགས་ནི་གནམ་ལྕགས་ཀྱི༔ རལ་གྲི་སྦུ་གུ་ཅན་འོད་ཀྱིས༔ བསྲེག་རྫས་དགྲ་བགེགས་ཤ་ཁྲག་གི༔ རྣམ་པར་དྲངས་ཏེ་གསོལ་བར་བསམ༔ ཁྲག་དང་མར་ཁུ་བསྲེས་ཏེ་འབུལ༔ ཨོཾ་ཨགྣེ་ཡེ་ཀྲོ་ཏ་ཛྭ་ལ་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ ཁ་ཧཱི་ཁཱ་ཧཱི༔ བསྲེག་རྫས་ཚ་བའི་རྫས་གསུམ་དང་༔ གནད་རྫས་གསོད་རྫས་མྱོས་བྱེད་རྫས༔ རྩ་བའི་རྫས་སོགས་གཞན་དང་བསྟུན༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ བྱ་བ་གྲུབ་པའི་ཡེ་ཤེས་འཕྲུལ༔ མཐིང་ནག་ལྕགས་སྡིག་མགོ་དགུར་སྟོན༔ དྲག་རྩུབ་ལས་མཛད་མེ་ཡི་ལྷ༔ ལོག་འདྲེན་གཤེད་མ་ཁྱོད་ལ་བསྟོད༔ དེ་ཡི་ལྟོ་བ་གནམ་ལྕགས་ཀྱི༔ གཞལ་ཡས་དབུས་སུ་བསྐྱེད་པའི་ལྷ༔ ཀུན་ཀྱང་སྐུ་མདོག་མཐིང་ནག་དང་༔ སེར་དམར་ལྗང་དཀར་ཁྲོ་ཉམས་ཅན༔ འོད་ཟེར་མེ་ཡི་ཚྭ་ཚྭ་འཁྲུགས༔ ལྗགས་ཀྱི་དབང་པོ་རལ་གྲི་ཡི༔ སྦུབས་སུ་ལོག་འདྲེན་ཤ་ཁྲག་ཀུན༔ བདུད་རྩིའི་རང་བཞིན་གསོལ་བར་བསམ༔ རྩ་སྔགས་ཤམ་དུ་སྔགས་འདི་གདགས༔ ཀྲོ་ཏ་ཀྲོ་ཏཱི་ལོག་འདྲེན་འབྱུང་པོ་མཱ་ར་ཡ་ཛྭ་ལ་རཾ་རཾ་ཧཱུྃ་ཕཊ་ཁཱ་ཧི༔ སྐབས་སུ་འདོད་གསོལ་ཚིག་འདིའོ༔ མཐུ་སྟོབས་ཚད་མེད་དཀྱིལ་འཁོར་ལྷར༔ ཟག་མེད་བསྲེག་རྫས་འདི་ཕུལ་བས༔ དམ་ཚིག་ཉམས་ཆག་བསྐང་བ་དང་༔ ཉམས་པ་ཅན་གྱི་དགྲ་བགེགས་དཔུང་༔ དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག༔ ཅེས་བརྗོད་དྲག་པོའི་གཏོར་མ་ལ༔ དགྲ་བགེགས་འགུགས་བསྟིམས་རྩ་སྔགས་མཐར༔ དམ་ཉམས་དམིགས་ཡུལ་འདི་ཞེས་པའི༔ ཕུང་ཁམས་སྐྱེ་མཆེད་མཆོད་རྫས་འབུལ༔བཞེས་ནས་བསྟན་འགྲོ་ལ་གནོད་པའི༔ དགྲ་བགེགས་དམ་སྲིའི་མཐའ་བསྟུངས་ཤིག༔ སླར་ཡང་མེ་ལྷ་ཡང་གསལ་གདབ༔ བསྲེག་རྫས་ཐམས་ཅད་ཉེར་གཅིག་གམ༔ བདུན་ནམ་གསུམ་གྱིས་ཞལ་བསྲོ་འབུལ༔ མེ་ལྷའི་གཏོར་མ་དགྲ་བགེགས་འགུགས༔ ཕུལ་ནས་ཕྲིན་ལས་སྔར་ལྟར་བཅོལ༔ ལྷ་གཤེགས་བསྔོ་སྨོན་བཀྲ་ཤིས་བརྗོད༔ ཐལ་སོལ་ལིངྒ་དག་ཏུ་རྩར༔ མནན་ཅིང་ལས་རྗེས་མི་མངོན་བྱ༔ དོན་དམ་གཉུག་མ་བབ་ཀྱི་གཤིས༔ རྩོལ་བྲལ་སེམས་ཀྱི་ངང་མདངས་བསྐྱངས༔ ས་མ་ཡཱ༔ དེ་ལྟར་མེ་ཡི་ལས་བརྩམས་པས༔ ལས་ནི་གང་བརྩམས་ཐོགས་མེད་འགྲུབ༔ འདི་ལྟར་ཡང་ཟབ་དགོངས་པའི་གཏེར༔ མཚོ་རྒྱལ་སྤྲུལ་པའི་གང་ཟག་ལ༔ པདྨའི་ཐུགས་རྗེའི་རྩོལ་མེད་འཆར༔ གང་འབྲེལ་ཕན་བདེས་འཚེངས་པའི་ཆོས༔ ལས་སྐལ་ལྡན་པའི་དཔལ་དུ་ཤོག༔ བཀའ་སྲུང་ནམ་མཁའི་རལ་གཅིག་མ༔ གཏེར་སྲུང་ལྷ་མོ་དུད་སོལ་མས༔ བརྙས་ཤིང་གཤེ་བའི་སྙིང་ཁྲག་རོལ༔ ལོག་ལྟ་ཅན་ལ་གསང་ངོ་རྒྱ༔ གུ་ཧྱ༔ བདག་འདྲ་བན་སྤྲང་ཟོག་ཁྲམ་དགེ་སྦྱོང་ལུང་རྟོགས་མིང་གིས༔ མཚུངས་མེད་གྲུབ་དབང་རིན་པོ་ཆེའི་ཐུགས་རྗེ་ལ་བརྟེན་ནས་དག་པར་ཕབ་པའོ༔

མེ་མཆོད་ཁ་སྐོང་ཚན་པ་གཉིས།

༄༅། ལས་སྔགས༔ རཾ་ཡཾ་ཁཾ༔ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་སོགས་ཤཔྟ་པཱུ་ཛ་ས་མ་ཡཱ་ཧཱུྃ༔ སྨན་གཏོར་རཀྟ་རང་སྔགས་ཀྱིས༔ བྱིན་གྱིས་བརླབས་ལ་འདི་སྐད་བརྗོད༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷ་ཝ༴ ཤུདྡྷོ་ཧཾ༔ སྟོང་པའི་ངང་ལས་བསྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་མཚན་པར་གནས་པ་ལ་དབྱིངས་ནས་ཡི་གེ་འབྲུ་གསུམ་ཞུ་བ་ལས་ལྷ་ཚོགས་ཐམས་ཅད་མཉེས་པའི་མཆོད་རྫས་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཞེས་རྫས་སོ་སོ་ལ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ་བྱིན་གྱིས་བརླབས་སོ༔ དེ་ནས་དཔལ་འབར་ཐོགས་ལ༔ ཨོཾ་འཇིག་རྟེན་གསུམ་ན༴སོགས་ནས་ཛྭ་ལ་རཾ་གྱིས་མེ་སྦྱར་ལ༔ ཧཱུྃ་ཧཱུྃ་ཧཱུྃ་གིས་རླུང་གཡབ༔ དེ་ནས་རང་གཞུང་མེ་ལྷ་བསྐྱེད་པ་ནི༔ ལས་ཆུས་བསངས་སྦྱངས་བྱིན་གྱིས་བརླབས་ལ༔ སྟོང་པའི་ངང་ལས༴སོགས༔ མཆོད་བསྟོད་ཡན་དཀྱུས་བཞིན་གྲུབ་ནས༔ མེ་ལྷ་མེ་ཡི་རྣམ་པ་རུ་གྱུར༔ ཨགྣེ་མུཾ་ཞེས་མར་ཁུས་བྲན༔ དེ་ནས་ལྷ་ཚོགས་བསྒོམ་པ་ནི༔ མེ་དབུས་སྐད་ཅིག་དྲན་རྫོགས་སུ༔ རང་རིག་རྡོ་རྗེ་ཧཱུྃ་གིས་མཚན༔ དེ་ལས་འོད་ལྔའི་བྷྲུཾ་ཡིག་ལས༔ ཕྱི་ནི་མི་མགོ་སྐམ༴སོགས༔ ༈ སླར་ཡང་མེ་ལྷའི་ཆ་བྱད་ཡོངས་སུ་རྫོགས་པ་སྔར་བཞིན་གསལ་བར་གྱུར༔ མེ་ལྷའི་ལྗགས་ནི་དངུལ་དཀར་གྱིས་༴སོགས༔ ༧ སྒྲོལ་མའི་ལྷ་བསྐྱེད་སྦྱིན་སྲེག་སྐབས༔ ཏཱཾ༔ མི་དམིགས་སྟོང་པའི་ངང་ལས་སྙིང་རྗེའི་རྩལ༔ མེ་དཔུང་འབར་དབུས་སྐད་ཅིག་དྲན་རྫོགས་སུ༔ བྷྲུཾ་ལས་སྤྲུལ་པའི་ཕོ་བྲང་པོ་ཊ་ལ༴སོགས་བསྲེག་བླུགས་སྐབས༔ ལྷ་ཚོགས་སྐུ་མདོག་དཀར་པོར་བསྒྱུར། ཞལ་ནི་ཅུང་ཟད་འཛུམ་པ་ཡི༔ ལྗགས་ཉིད་དངུལ་དཀར་སོགས༴

ཞལ་ཤེས་དག་སྣང་ལས༔ གཏོར་མ་སྨན་དང་འོ་མ་ནི༔ ཞི་བའི་ལས་ལ་ཟླུམ་པོ་བྱ༔ ཕྱུག་པོའི་རྫས་དང་འབྲས་དཀར་སྦྱར༔ རྒྱས་པའི་ལས་ལ་གྲུ་བཞིའོ༔ སྨད་འཚོང་སྦྲང་མངར་ཆང་པའི་ཆང་༔ དབང་ལ་ཟླ་གམ་དམར་པོ་ཤེས༔ དུག་ཁྲག་ཟག་རྫས་མིང་བྲིས་འབྲུ༔ ནག་པོ་གྲུ་གསུམ་དྲག་པོར་སྣང་༔ ཡམ་ཤིང་ཤུག་པ་འོམ་བུ་ནི༔ ནད་གདོན་ཞི་བའི་འདོད་གསོལ་བྲི༔ ཉ་བྲུག་སེང་ལྡིང་མཁན་པ་རྒྱས༔ ཚེ་བསོད་རྒྱས་པའི་འདོད་གསོལ་འབྲི༔ ཙནྡྷ་མཛོ་མོ་སེ་འབྲུ་དབང་༔ གང་དམིགས་འདུ་བའི་འདོད་གསོལ་འདྲི༔ ཚེར་ནག་སྐྱེར་བ་རྩིབས་རུས་དྲག༔ ལོག་འདྲེན་བརླག་པའི་འདོད་གསོལ་བྱ༔ རྫས་ནི་སྡིག་སྒྲིབ་ཞི་འདོད་ན༔ ཏིལ་ནག་ནད་ཞིར་སྨན་སྣ་ཚོགས༔ སྔགས་ཀྱི་ཆད་ལྷག་ཉེས་སྦྱོང་ན༔ དུང་ཤེལ་དཀར་གསུམ་དེ་བཞིན་དུ༔ བགེགས་ཞིར་ཡུངས་དཀར་འཇིགས་བརྒྱད་སོགས༔ ཞི་ཕྱིར་མེ་ཏོག་དཀར་པོ་ཤེས༔ ཚེ་འཕེལ་དུར་ཝ་བསོད་ནམས་ལ༔ ཞོ་ཟན་འབྱོར་བར་མར་ཁུ་དང་༔ སྲིད་རྒྱས་ཤིང་ཏོག་ཉམས་རྟོག་ལ༔ གསེར་དང་སྤོས་ཤེལ་གུར་གུམ་མོ༔ ཟས་དབང་འདུས་ལ་སྦྲང་བུ་རམ༔ ཁྱད་པར་གང་འདོད་ཟས་རྣམས་དང་༔ གོས་ལ་དར་ཟབ་ལྷ་ལ་དུང་༔ མི་ལ་གཡུ་དང་རྒྱལ་པོར་གསེར༔ བློན་པོར་དངུལ་དང་བཙུན་མོར་ཟངས༔ འབངས་དང་སྔགས་པར་ལྕགས་རྣམས་དང་༔ སྤྱི་ལ་མེ་ཏོག་ཁུག་ཆོས་སོ༔ དྲག་པོ་དུག་ལྕགས་འབྲུ་ནག་སོགས༔ དགྲ་ལ་མིང་རུས་བགེགས་ལ་ཏིལ༔ ཀུན་ལ་སྤྱི་དང་མཐུན་པར་བྱ༔ མཁས་པའི་ཞལ་ལས་ཤེས་པ་གཅེས༔ ཞེས་པའང་བླུན་རྒན་སྤྲུལ་མིང་པས་སོ༔

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་གི་གསོལ་འདེབས་བྱིན་རླབས་སྤྲིན་ཕུང་།

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་ལས༔ གསོལ་འདེབས་བྱིན་རླབས་སྤྲིན་ཕུང་བཞུགས༔ ཨེ་མ་ཧོ༔ རྒྱལ་བའི་དབང་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ རྒྱལ་སྲས་ཐུ་བོ་རྗེ་བཙུན་འཇམ་པའི་དབྱངས༔ རྒྱལ་ཡུམ་དཔའ་མོ་འཕགས་མཆོག་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གནས་གསུམ་མཁའ་འགྲོའི་ཚོགས་རྗེ་བདེ་བའི་དཔལ༔ འཛམ་གླིང་རྒྱན་མཆོག་མཁས་གྲུབ་འཕགས་པ་ལྷ༔ རྒྱ་བོད་བསྟན་འཛིན་དམ་པ་རྒྱ་གར་བ༔ གངས་ཅན་སྐྱེས་མཆོག་པུཎྱཻ་གུ་རུའི་ཞབས༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རྒྱལ་བས་ལུང་བསྟན་མ་ཅིག་ལབ་སྒྲོན་མ༔ རླུང་སེམས་དབང་ཐོབ་ཐོད་སྨྱོན་བསམ་པ་འགྲུབ༔ གཞན་ཡང་བརྒྱུད་འཛིན་དམ་པ་ཐམས་ཅད་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཅོད་ཡུལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི༔ བྱིན་རླབས་གཅིག་འདུས་གྲུབ་དབང་བྱང་ཆུབ་གླིང་༔ གང་དེས་དག་སྣང་ཆོས་ཀྱི་བདག་པོ་རུ༔ དབུགས་དབྱུང་བྱིན་ཐོབ་ལུང་རྟོགས་མཚན་ཅན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ རབ་འབྱམས་རྒྱལ་བ་མ་ལུས་བསྐྱེད་པའི་ཡུམ༔ ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འབྱུང་བའི་གནས༔ སྲིད་ཞིའི་དཔལ་གྱུར་ཤེས་རབ་ཕ་རོལ་ཕྱིན༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གང་དེ་རྨད་བྱུང་གཟུགས་ཀྱི་སྐུར་བཞེངས་ནས༔ ཁམས་གསུམ་སྲིད་གསུམ་སྣང་བ་དབང་བསྡུས་ཏེ༔ ལོག་རྟོག་བདུད་བཞི་ཟིལ་གྱིས་གནོན་མཛད་པའི༔ མ་ཅིག་ཡུམ་ཆེན་ལབ་ཀྱི་སྒྲོན་མ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེ་ཉིད་གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེར༔ དཀྱིལ་འཁོར་རྒྱ་མཚོའི་གཙོ་མོར་རྟག་བཞུགས་ཤིང་༔ དཔལ་ཆེན་ཁྲག་འཐུང་མ་ལུས་དགྱེས་བསྐྱེད་ཡུམ༔ ཡེ་ཤེས་མཁའ་འགྲོ་བཛྲ་ཝཱ་ར་ཧིར༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ མེ་ལོང་མཉམ་ཉིད་མ་འདྲེས་སོ་སོར་རྟོག༔ ལས་བཞིའི་བྱ་བ་ཀུན་གྲུབ་ཌཱཀྐི་མ༔ བཛྲ་རཏྣ་པདྨ་ཀརྨ་ཡི༔ རྣམ་འགྱུར་ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ གཞན་ཡང་ཐེག་དགུའི་ཡང་རྩེ་རྫོགས་པ་ཆེའི༔ ལམ་གྱི་གཞིར་གྱུར་ཕྱག་རྒྱ་ཆེན་པོ་ཞེས༔ རྒྱ་བོད་ཡོངས་ལ་ཉི་ཟླ་ལྟར་གྲགས་པའི༔ དམ་ཆོས་ཟབ་མོ་བཀའ་གཏེར་གཅོད་ཡུལ་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ སངས་རྒྱས་བསྟན་ལ་བྱ་བ་ཆེར་མཛད་པའི༔ རྒྱན་དྲུག་མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་བཞི༔ མཁན་སློབ་ཆོས་རྒྱལ་གཏེར་སྟོན་བརྒྱ་རྩ་སོགས༔ ལུང་བསྟན་བཀའ་བབས་ཆོས་བདག་བརྒྱུད་འཛིན་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ ཐུབ་བསྟན་འཛིན་སྐྱོང་སྤེལ་རྣམས་རྟག་བསྲུང་ཞིང་༔ ཟབ་ཆོས་གཡེལ་མེད་མེལ་ཚེས་འཛིན་མཛད་པའི༔ མ་མགོན་ལྕམ་དྲལ་ཀླུ་རྒྱལ་ཟླ་སྐྱོང་དང་༔ ཟངས་རིའི་གཞི་བདག་བཙན་རྒོད་མཆེད་གཉིས་ལ༔ གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལ༔ བཟོད་མེད་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས༔ ཚེ་གཅིག་སྒྲུབ་ལ་བརྩོན་པར་བྱིན་གྱིས་རློབས༔ ཁྱིམ་ནས་འབྱུང་ཡང་དབེན་པར་ཚེ་འདིའི་ཆེད༔ ཚུལ་འཆོས་བཅོས་མའི་ཆོས་ཚུགས་མི་འཛིན་པར༔ ལུས་སེམས་གཟན་བོར་གཅེས་འཛིན་རྒྱང་དུ་དོར༔ ལྷ་འདྲེར་འགྲོ་དོན་ནུས་པར་བྱིན་གྱིས་རློབས༔ གཅོད་ཡུལ་མཐར་ཕྱིན་གཅོད་དོན་ཡུམ་ཆེན་མོ༔ གནས་ལུགས་མ་བཅོས་རང་བྱུང་རང་ཞལ་མཇལ༔ རང་དོན་ཞི་བདེའི་འདམ་ལས་རབ་བརྒལ་ནས༔ གཞན་དོན་ཕུན་ཚོགས་དོན་གཉིས་ལྷུན་གྲུབ་ཤོག༔ གསོལ་འདེབས་ཁྱད་འཕགས་བྱིན་རླབས་སྤྲིན་ཕུང་འདི༔ སྔོན་སྨོན་དུས་བབས་ཌཱཀྐིའི་བརྡ་རིས་ལས༔ མ་ཅིག་ཇོ་མོ་ཡེ་ཤེས་མཚོ་རྒྱལ་དང་༔ ཚེ་རབས་བླ་མ་པད་འབྱུང་གྲུབ་དབང་རྗེའི༔ ཐུགས་རྗེའི་མཐུ་ལས་ལུང་རིག་གླིང་པས་བྲིས༔ ནོར་མེད་སྒྲུབ་བརྩོན་ལས་ལྡན་བུ་ལ་གཏད༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དུས་ཚེས་དགེ་བར་བྲིས་པས་རྣལ་འབྱོར་པ་པྲཛྙཱའི་མཚན་ཅན་ལ་གཏད་པ་ཛ་ཡནྟུ༔

སྔོན་འགྲོའི་ལས་རིམ་རས་པ་གསལ་སྟོབས་ཀྱིས་མཛད་པ།

ཡང་གསང་མཁའ་འགྲོའི་ཐུགས་ཐིག་གི༔ ཆ་ལག་སྔོན་དུ་འགྲོ་བ་ནི༔ དཀར་གཏོར་བཟའ་དང་སྐྱེམས་ཕུད་བཤམས༔ རང་རིག་མ་ཅིག་སྐུ་རུ་གསལ༔ རང་ཉིད་མ་ཅིག་གི་སྐུ་རུ་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་གཏོར་མགྲོན་རྣམས་སྤྱན་དྲངས༔ གཏོར་མ་ཕུལ་བས་དགྱེས་པར་གྱུར༔ ཨོྃ་སྭཱ་བྷ་ཝས་སྦྱངས༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་དུ་གཙང་ལྡན་གྱི་གཏོར་མ་དཀར་གསུམ་མངར་གསུམ་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ ཨ་ཀ་རོས་བསྔོས་ནས༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ ཆོས་སྲུང་དམ་ཅན་རྒྱ་མཚོ་དང༔ མྱུར་མཛད་མ་ཧཱ་ཀ་ལ་དང༔ ཨེ་ཀ་ཛ་ཏི་རེ་མ་ཏི༔ ཞིང་སྐྱོང་དུར་ཁྲོད་ཡབ་ཡུམ་འཁོར༔ ཨ་གྷོ་ར་དང་སྤྱང་ཞོན་མཆེད༔ དབང་ཕྱུག་ཉེར་བརྒྱད་བསྟན་མའི་ཚོགས༔ གཟའ་བདུད་ཀླུ་རྒྱལ་ཟླ་བ་སྐྱོང༔ ཟངས་རི་སྤུན་བདུན་ཐང་ལྷ་དང༔ ཡར་ལྷ་འོ་དེ་གུང་རྒྱལ་ལགས༔ སྐུ་ལྷ་མཁའ་རི་མིང་སྲིང་བཅས༔ བཀའ་གཏེར་སྲུང་མ་དཀར་ཕྱོགས་སྐྱོང༔ ཁྱད་པར་ཡུལ་འདིའི་གཞི་བདག་དང༔ སྡེ་བརྒྱད་ཕྱི་ནང་སྲུང་མའི་ཚོགས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བརྒྱུད་གསུམ་བླ་མ་རིག་པ་འཛིན༔ མ་ཅིག་ཡབ་སྲས་བཀའ་བཞིན་དུ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྣམ་པ་བཞི་ཡི་དངོས་གྲུབ་སྩོལ༔ བདག་གིས་བྱང་ཆུབ་མ་ཐོབ་པར༔ ཕྲིན་ལས་སྒྲུབ་ལ་རོགས་ལྡན་གྱིས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ སརྦ་ལོ་ཀ་པ་ལ་བཱ་ལིངྟ་ཁཱ་ཧི༔ ཞེས་གཏོར་སྐྱེམས་གཙང་སར་གཤེགས༔ དེ་ནས་བགེགས་ལ་བཀའ་བསྒོ་བ་ནི༔ ཕཊཿ རང་ཉིད་སྐད་ཅིག་གིས་དུར་ཁྲོད་གྱི་བདག་མོ་བདུད་འདུལ་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ༔ རལ་པ་ལྕགས་སྲེག་གི་རང་བཞིན་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ཕྱག་གཡས་མི་ལྤགས་གཡང་གཞི་རྡེབ་པ༔ གཡོན་མི་རྐང་གླིང་བུ་འབུད་པ༔ སྐུ་སྟོད་སྲིད་པའི་རྩེ་ནས་འགྱིང་བ༔ ཞབས་ཀྱིས་ངན་སོང་རྣམ་གསུམ་གནོན་པས་འཇིག་རྟེན་ཁམས་ཐམས་ཅད་ཤིག་ཤིག་དཀྲུག་ཅིང་ཡོམ་ཡོམ་བསྒུལ་བའི་སྐུར་གྱུར་ལ༔ མི་མིན་དྲེགས་པའི་སྡེ་ཚོགས་བཀའ་དང་དམ་ལ་མི་གནས་པ་རྣམས་འདར་ཕྲི་ལི་ལི་གནས་པར་བསམ༔ ཞེས་གསལ་དག་བརྟན་གསུམ་ངང་ནས༔ རཾ་ཡཾ་ཁཾ༔གིས་བསྲེགས་གཏོར་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་འདོད་རྒུར་བསྒྱུར༔ ཁ་འབར་མ་ཡིས་བགེགས་ལ་བསྔོ༔ ཞེས་པའང་ཡབ་རྗེ་རིན་པོ་ཆེའི་གཅོད་ཀྱི་ཁ་སྐོང་དུ་སློབ་འབངས་ཐ་ཤལ་བས་ཐེབས་ཆག་ཏུ་བྲིས་པས་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་གུ༔ ཤཱུ་བྷཾ༔

ཡན་ལག་བདུན་པ་དང་མཆོད་རྫས་བྱིན་རླབས་ལྡེབ་ཤར།

༄༅། ཡན་ལག་བདུན་པ་འབུལ་བ་ནི༔ ཧོ༔ ཡེ་ཤེས་མཁའ་འགྲོ་ལབ་སྒྲོན་དཀྱིལ་འཁོར་དུ༔ ཚོགས་གཉིས་རྫོགས་ཕྱིར་ཕྱག་འཚལ་མཆོད་ཚོགས་འབུལ༔ སྒྲིབ་གཉིས་སྦྱོང་ཕྱིར་སྒོ་གསུམ་ཉེས་ཚོགས་བཤགས༔ སྤྲོས་བྲལ་དེ་བཞིན་ཉིད་ལ་རྗེས་ཡི་རང༔ དུ་མ་རོ་གཅིག་ཆོས་འཁོར་འགྲོ་ལ་བསྐོར༔ སྒོམ་མེད་ཡེངས་མེད་ངང་དུ་བརྟན་པར་བཞུགས༔ འཁོར་གསུམ་ཡང་དག་དགེ་རྩ་འགྲོ་ལ་བསྔོ༔ ཀུན་ཀྱང་རྣམ་མཁྱེན་སངས་རྒྱས་ས་ཐོབ་ཤོག༔ ༈ ཕྱི་ནང་གསང་མཆོད་བྱིན་རླབས་ནི༔ བྷྲུྃ༔ སྣང་ཞིང་སྲིད་པའི་འཇིག་རྟེན་གྱི༔ དཔལ་ཡོན་བཅུད་ལྡན་མཆོད་ཚོགས་དང༔ ནང་ལྟར་འགྲོ་ཁམས་རྒྱ་མཚོ་ཡི༔ དབང་ལྔའི་ལོངས་སྤྱོད་འདོད་དགུའི་གཏེར༔ གསང་བ་དགའ་བཞི་ལས་བྱུང་རྫས༔ ཀུན་ཀྱང་ནམ་མཁའ་མཛོད་ལྟ་བུ༔ བླ་ན་མེད་པའི་མཆོད་པའི་རྫས༔ དཔག་ཡས་ནམ་མཁའ་མཉམ་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་རཱུ་པ་ཤཔྟ་གནྡྷེ་ར་ས་སྤརྴེ་སརྦ་པཉྩ་རཀྟ་བྷ་ལིང་ཏ་སརྦ་པུ་ཛ་ཧོ༔ ཞེས་སོ།།

མཁའ་འགྲོ་སྡེ་ལྔའི་ལས་བྱང་དངོས་གྲུབ་ཆར་འབེབས།

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་ལས༔ མཁའ་འགྲོ་སྡེ་ལྔའི་ལས་བྱང་དངོས་གྲུབ་ཆར་འབེབས་བཞུགས༔

དབྱིངས་རིག་ཟུང་འཇུག་ཀུན་བཟང་མོ༔ རང་བྱུང་རང་ཞལ་ཤེས་པས་འདུད༔ མ་ཅིག་ཌཱཀྐིའི་ཚོགས་རྗེ་མོ༔ ཕྱི་ནང་གསང་གསུམ་གཅིག་དྲིལ་བའི༔ ལས་བྱང་དངོས་གྲུབ་ཆར་འབེབས་བསྟན༔ ས་མ་ཡཱ༔ འདི་ལ་སྦྱོར་དངོས་རྗེས་དང་གསུམ༔ སྦྱོར་བ་ལ་ཡང་རྣམ་པ་བདུན༔ སྐྱབས་སེམས་མཚམས་གཅོད་བསྲུང་འཁོར་བསྒོམས༔ བྱིན་འབེབས་མཆོད་རྫས་བྱིན་གྱིས་བརླབས༔ དམ་བཅའ་སྔར་བྱས་བཤགས་པ་འོ༔ དང་པོ་མདུན་མཁར་ལབ་སྒྲོན་མ༔ གཙོར་གྱུར་སྐྱབས་ཡུལ་གསལ་གདབ་སྟེ༔ ན་མོ༔ དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བསླུ་མེད་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ༔ བདག་གཞན་སྲིད་པའི་སྡུག་བསྔལ་ལས་སྐྱོབ་ཕྱིར༔ ཁྱེད་ཤེས་དད་པས་སྙིང་ནས་སྐྱབས་སུ་མཆི༔ གཉིས་པ་ཕ་མ་སེམས་ཅན་མ་ལུས་པ༔ མི་གནས་མྱང་འདས་ལ་འགོད་སེམས་བསྐྱེད་ནི༔ ཀྱེ་ཧོ༔ མ་རུངས་བཟོད་དཀའ་སྲིད་པའི་བཙོན་ར་ལས༔ མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་གོ་འཕང་གི༔ བདེ་ཆེན་རྒྱལ་སྲིད་འཕོ་མེད་ལ་འགོད་ཕྱིར༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ༔ གསུམ་པ་ཐར་ལམ་བར་ཆད་བགེགས་ཡིན་པས༔ དེ་ལ་གཏོར་མ་བྱིན་ཏེ་བསྐྲད་པ་ནི༔ རཾ་ཡཾ་ཁཾ༔གིས་བགེགས་གཏོར་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ༔གིས་བདུད་རྩིར་བྱིན་བརླབས་ཏེ༔ ཧཱུྃ༔ བགེགས་ནི་མ་རིག་རྒྱུ་ལས་སྡུག་བསྔལ་ཀུན༔ རྟེན་དང་བརྟེན་པར་བརྒྱུད་དེ་འབྱུང་བའི་བདུད༔ རིག་པ་རང་བྱུང་མཁའ་འགྲོའི་བཀའ་བཞིན་དུ༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་གཏོར་མ་སྦྱིན༔ ཐར་ལམ་བྱང་ཆུབ་རང་གཞན་དོན་སྒྲུབ་པའི༔ བར་ཆད་མ་བྱེད་སྐྱེ་མེད་ཀློང་དུ་དེངས༔ གལ་ཏེ་རིག་སྟོང་ཌཱཀྐཱིའི་གཙོ་མོ་ཡིས༔ བཀའ་ལས་འདས་ན་མིང་གི་ལྷག་མར་བྱེད༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་བརྡེག༔ བཞི་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི༔ ཧཱུྃ་བྷྲུཾ༔ སྣང་སྲིད་འབྱུང་བ་རྣམ་ལྔ་ཡུམ་ལྔའི་ཀློང་༔ ཕུང་ལྔ་བདེ་གཤེགས་ཚོགས་བརྒྱད་ཡུལ་དང་བཅས༔ སེམས་དཔའ་ཡབ་ཡུམ་སྲུང་བའི་འཁོར་ལོ་ནི༔ དག་པ་རབ་འབྱམས་ཡེ་ཤེས་རྣམ་ལྔའི་རྩལ༔ འདི་ལས་ལོག་རྟོག་གློ་བུར་བདུད་ཀྱི་སྡེ༔ ནམ་ཡང་འདའ་བའི་གོ་སྐབས་གནས་མ་མཆིས༔ བཛྲ་ཌཱཀྐི་རཀྵ་རཀྵ་བྷྲུཾ༔ ལྔ་པ་རྫས་དང་ཡོ་བྱད་རྣལ་འབྱོར་ལ༔ དབྱིངས་ནས་ཡེ་ཤེས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱིཿ རང་བྱུང་དབྱིངས་ནས་སྐུ་གསུམ་མཁའ་འགྲོའི་ཚོགས༔ སྐུ་དང་ཡེ་ཤེས་ཐུགས་རྗེའི་རྩལ་བསྐྱེད་ནས༔ གནས་འདིར་མཁྱེན་བརྩེ་ནུས་མཐུས་བྱིན་ཆེན་ཕོབ༔ སྒྲུབ་རྫས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར༔ རྣལ་འབྱོར་སྒོ་གསུམ་རྒྱལ་ཀུན་གསང་གསུམ་དང་༔ ཡེ་ནས་འདུ་འབྲལ་མེད་པའི་བྱིན་ཕོབ་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐཱི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཕཻཾ་ཕཻཾ༔ སྤོས་དང་རོལ་མོས་བྱིན་ཆེན་ཡང་ཡང་དབབ༔ དྲུག་པ་མཁའ་འགྲོ་སྲོག་གི་ཕྱིར་དུ་ཡང་༔ མི་གཏོང་དམ་བཅའ་སྙིང་ནས་འཆའ་བ་ནི༔ ཧཱུྃ་ཧྲཱིཿ དེང་ནས་སྐུ་གསུམ་མངའ་བདག་ཀུན་བཟང་མོའི༔ གོ་འཕང་མངོན་གྱུར་དོན་གཉིས་མ་གྲུབ་བར༔ མཁའ་འགྲོའི་གཙོ་མཆོག་མ་ཅིག་ལབ་སྒྲོན་མ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་པར་བགྱི༔ ས་མ་ཡཱ་ཙིཏྟ་ཧཱུྃ༔ བདུན་པ་སྒྲུབ་ལ་བར་ཆད་སྡིག་པའི་ཚོགས༔ མི་འཆབ་བཤགས་ཤིང་ཕྱིན་ཆད་སྡོམ་སེམས་ནི༔ ཧཱུྃ་ཧྲཱིཿ བདག་ནི་ཐོག་མའི་གཞི་སྣང་ལས་འཁྲུལ་ཏེ༔ བདག་གཞན་གཉིས་བཟུང་ཆགས་སྡང་རྨོངས་གསུམ་གྱིས༔ སྒོ་གསུམ་མི་དགེའི་ལས་ངན་ཅི་བགྱིས་པ༔ སྙིང་ནས་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ༔ ཕྱིན་ཆད་དྲན་ཤེས་བརྟན་པོས་སྡོམ་པར་བགྱི༔ འབྲུ་གསུམ་སྔགས་ལ་ཡིག་བརྒྱ་བཏགས༔ བདུན་ནམ་གསུམ་སོགས་སྐབས་མཐུན་བྱ༔ ས་མ་ཡཱ༔ གཉིས་པ་དངོས་གཞི་རྣམ་གྲངས་དགུ༔ ལྷ་བསྐྱེད་སྤྱན་དྲངས་བཞུགས་གསོལ་ཕྱག༔ ཕྱི་ནང་གསང་མཆོད་བསྟོད་པ་འཛབ༔ དང་པོ་རྟེན་དང་བརྟེན་པའི་ལྷ་བསྐྱེད་ནི༔ ཏིང་འཛིན་གསུམ་གྱིས་ཁོག་ཕུབ་མངོན་བྱང་ལྔས༔ སྲིད་པ་མངལ་སྐྱེས་བག་ཆགས་སྦྱོང་བ་ནི༔ ཨཱཿ འདི་ལྟར་སྣང་བའི་ཆོས་རྣམས་མ་ལུས་པ༔ དང་པོ་མ་སྐྱེས་ཆོས་དབྱིངས་སྟོང་པའི་མདངས༔ བར་དུ་མི་གནས་བརྗོད་བྲལ་ཡུམ་ཆེན་མཁའ༔ ཐ་མ་འགག་མེད་ཤེས་རབ་ཕ་རོལ་ཕྱིན༔ འདི་ལ་བཅོས་མེད་སྟོང་ཆེན་གཤིས་ཀྱི་ལྷ༔ དྷརྨཱ་དྷརྟུ་སྭ་བྷ་ཝ་ཤུདྡྷ་ཀོ྅་ཧཾ༔ ཨོཾ༔ དེ་ལྟར་མ་རྟོགས་རང་གཞན་དངོས་པོར་བཟུང་༔ བདག་མེད་བདག་བཟུང་མི་གཙང་གཙང་བར་འཁྲུལ༔ མི་རྟག་དངོས་པོར་བཟུང་བའི་སེམས་ཅན་རྣམས༔ བརྩེ་ཆེན་ཚད་མེད་སྙིང་རྗེས་རྗེས་འཛིན་བྱ༔ མ་ཧཱ་ཀ་རུ་ཎི་ཀ་ས་མ་ཏི་ཧཱུྃ༔ ཧཱུྃ༔ མ་རྟོགས་སེམས་ཅན་ཡུམ་ཆེན་མཁའ་འགྲོ་མའི༔ གོ་འཕང་མཆོག་ལ་མྱུར་དུ་འགོད་པའི་ཕྱིར༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་རང་རིག་ཨཱཿ མཐིང་གསལ་ནམ་མཁའི་མདོག་ཅན་འོད་ཟེར་འབར༔ མཁའ་དབྱིངས་སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ དེ་ལས་ཨེ་ཡཾ་རཾ་བཾ་ལཾ་ཡིག་འཕྲོས༔ ཨེ་ལས་ནམ་མཁའ་མཐིང་གསལ་རྒྱ་ཁྱོན་བྲལ༔ ཡཾ་ལས་རླུང་དཀྱིལ་ལྗང་གསལ་རྒྱ་གྲམ་དབྱིབས༔ རཾ་ལས་མེ་དཀྱིལ་དམར་པོ་མཐའ་རུ་འབར༔ བཾ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་ལ་འཁྱིལ༔ ལཾ་ལས་རིན་ཆེན་སྣ་ལྔའི་ས་གཞི་འཁྲིགས༔ རང་བྱུང་བྷྲུཾཿལས་མཁའ་འགྲོའི་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དང་༔ དྲྭ་ཕྱེད་མདའ་ཡབ་ཤར་བུ་གདུགས་ཏོག་དང་༔ ཆོས་ཀྱི་འཁོར་ལོ་རི་དྭགས་ཕོ་མོས་མཚན༔ ཕྱི་རིམ་དུར་ཁྲོད་རྡོ་ར་མེ་རིས་བསྐོར༔ དེ་དབུས་སྣ་ཚོགས་པདྨ་འདབ་བཞི་དང་༔ ཕྱི་རིམ་གནས་ཡུལ་དཔའ་བོ་དཔའ་མོ་གདན༔ པདྨ་ཉི་ཟླ་བཾ་རོ་ངེས་མེད་གསལ༔ དབུས་ཀྱི་གདན་སྟེང་ཐབས་ཤེས་ཉི་ཟླ་ཟུང་༔ དེ་དབུས་མཁའ་ནས་ཨཱཿཡིག་འོད་གོང་གྱུར༔ ཕྱོགས་བཞིར་ཉི་ཟླའི་གདན་ལ་མཁའ་འགྲོ་ལྔའི༔ ས་བོན་ཧ་རི་ནི་ས་ཕྱོགས་ཀྱི་མདོག༔ གཙོ་མོའི་ས་བོན་འོད་ཀྱི་གོང་བུ་ལས༔ འོད་ཟེར་ཡར་འཕྲོས་སྐུ་གསུམ་སངས་རྒྱས་དང་༔ བྱང་སེམས་དཔའ་བོ་ཌཱཀྐཱིའི་བྱིན་ནུས་བསྡུས༔ མར་འཕྲོས་འགྲོ་དྲུག་ལས་ཉོན་བག་ཆགས་སྦྱངས༔ ཀུན་ཀྱང་ཡུམ་ཆེན་གོ་འཕང་ཐོབ་པར་བྱས༔ ཚུར་འདུས་འོད་གོང་གནམ་ལྕགས་གྲི་གུག་གི༔ ལྟེ་བར་ཡི་གེས་མཚན་པ་གནས་འགྱུར་བས༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྣལ་འབྱོར་མ༔ སྤྲུལ་སྐུ་མ་ཅིག་ལབ་ཀྱི་སྒྲོན་མ་དང་༔ དབྱེར་མེད་སངས་རྒྱས་མཁའ་འགྲོ་སྐུ་མདོག་མཐིང་༔ ཁྲོ་འཛུམ་ཆགས་པའི་ཞལ་ཅན་ཁྲོ་མོའི་ཆས༔ སྤྱན་གསུམ་སྡང་མིག་དམར་ཟླུམ་ཞལ་གདངས་ཤིང་༔ ཁྲོ་གཉེར་མཆེ་གཙིགས་དམར་སེར་དབུ་སྐྲ་གྲོལ༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་འཕྱང་༔ ཕྱག་གཡས་གནམ་ལྕགས་གྲི་གུག་མཁའ་ལ་ཕྱར༔ ཕྱག་གཡོན་ཐོད་ཁྲག་ཞབས་གཉིས་བརྐྱང་བསྐུམ་གར༔ མི་རོའི་གདན་ལ་དོར་སྟབས་བརྗིད་པར་འགྱིང་༔ མཆན་གཡོན་ཐབས་མཆོག་དཔལ་ཆེན་ཧེ་རུ་ཀ༔ བདེ་བ་ཆེན་པོ་རྡོ་རྗེའི་ཁ་ཌཱཾ་ཀ༔ དར་དཔྱངས་ཐོད་རྔ་དྲིལ་བུའི་རྒྱན་ཅན་འཁྱུད༔ སྟག་ཤམ་གླང་ཀོའི་སྟོད་གཡོགས་རུས་པས་བརྒྱན༔ ཕཻཾ་གྱི་སྒྲ་སྒྲོགས་སྟོང་ཉིད་སྙིང་རྗེའི་ངང་༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ལབ་སྒྲོན་མ༔ པད་ཟླའི་གདན་ལ་དུང་དང་ཟླ་བའི་མདོག༔ ཞི་ཚུལ་ཌཱ་དྲིལ་གར་སྟབས་རུས་རྒྱན་དང་༔ དར་སྣའི་ན་བཟའི་དབུ་སྐྲ་གནག་སྣུམ་མཛེས༔ དེ་ཡི་ཐུགས་དབུས་པདྨ་ཉི་ཟླའི་སྟེང་༔ ཨཱཿཡིག་མཐིང་མཐར་རྩ་སྔགས་བྱུ་རུའི་མདོག༔ གཡས་སུ་འཁོར་ལས་རང་སྒྲ་སྙན་པར་སྒྲོག༔ ཤར་དུ་ཧ་ལས་རྡོ་རྗེ་མཁའ་འགྲོ་དཀར༔ ལྷོ་རུ་རི་ལས་རིན་ཆེན་མཁའ་འགྲོ་སེར༔ ནུབ་ཏུ་ནི་ལས་པདྨ་མཁའ་འགྲོ་དམར༔ བྱང་དུ་ས་ལས་ཀརྨ་མཁའ་འགྲོ་ལྗང་༔ ཀུན་ཀྱང་ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན༔ གཡས་པས་རང་རྟགས་ཀྱིས་མཚན་གྲི་གུག་དང་༔ གཡོན་པས་ཐོད་ཁྲག་རང་རང་ཐུགས་ཀར་འཛིན༔ ཐབས་མཆོག་བདེ་ཆེན་རྡོ་རྗེའི་ཁ་ཌཱཾ་ཀ༔ ཟག་མེད་ཞུ་བདེའི་ཡེ་ཤེས་དགྱེས་བསྐྱེད་པ༔ མཆན་ཁུང་གཡོན་དུ་འཁྱུད་ཚུལ་མཛད་པས་མཛེས༔ གཡས་བསྐུམ་རྟིང་པ་བྷ་གར་གཏད་པའི་ཚུལ༔ གཡོན་པས་བཾ་རོའི་གདན་ལ་བརྐྱངས་ཏེ་འགྱིང་༔ སྐུ་སྟོད་གཉིས་འཐུང་པགས་པའི་སྟོད་གཡོགས་དང་༔ སྐུ་སྨད་སྟག་ཤམ་རུས་པའི་རྒྱན་དྲུག་གསོལ༔ ཐོད་སྐམ་དབུ་རྒྱན་རློན་པའི་དོ་ཤལ་འཕྱངས༔ མེ་ཀློང་བཞུགས་ཏེ་སྤྲུལ་པའི་མཁའ་འགྲོ་དང་༔ དཔའ་བོ་རིག་འཛིན་གྲུབ་ཐོབ་སྤྲིན་ལྟར་འཁྲིགས༔ སྒོ་བཞིར་གིང་ཆེན་སྡེ་བཞི་ལས་མདོག་ཅན༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་དང་༔ གར་སྟབས་ཕྱག་རྒྱས་བཾ་གྱི་གདན་ལ་རོལ༔ གཙོ་འཁོར་གནས་གསུམ་ཟླ་ཉི་པདྨའི་སྟེང་༔ ཡི་གེ་འབྲུ་གསུམ་འོད་དུ་ཞུ་བ་ལས༔ སྤྱི་བོར་རྣམ་སྣང་མགྲིན་པར་འོད་དཔག་མེད༔ ཐུགས་ཀར་མི་བསྐྱོད་རང་རྟགས་ཕྱག་རྒྱ་ཅན༔ རྒྱལ་ཀུན་གསང་གསུམ་ངོ་བོར་བཞུགས་པར་བསམ༔ གཉིས་པ་སྤྱན་འདྲེན་གདུང་ཤུགས་དབྱངས་རོལ་དང་༔ དྲི་བཟང་དུད་པ་གཏོང་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱིཿ འོག་མིན་དག་པ་ཆེན་པོའི་ཕོ་བྲང་ནས༔ སྐུ་གསུམ་མཁའ་འགྲོའི་བདག་ཉིད་ལབ་སྒྲོན་མ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་སྐུར་བཞེངས་ཏེ༔ བརྩེ་ཆེན་ཐུགས་ཀྱིས་གནས་འདིར་གཤེགས་སུ་གསོལ༔ གདན་གསུམ་སྐུ་ཡི་གཟི་མདངས་ཏ་ལ་ལ༔ ཚངས་དབྱངས་གསུང་གི་ཆོས་སྒྲ་ལྷངས་སེ་ལྷང་༔ ཟག་མེད་ཐུགས་ཀྱི་མཁྱེན་བརྩེ་ཡ་ལ་ལ༔ གནས་འདིར་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ འཁོར་གྱི་གནས་ཡུལ་དཔའ་བོ་མཁའ་འགྲོའི་ཚོགས༔ རྣལ་འབྱོར་ཚེ་ཡི་བར་ཆད་བསལ་བ་དང་༔ ཚེ་འདིར་རང་གཞན་དོན་གཉིས་འགྲུབ་པའི་ཕྱིར༔ དབྱིངས་ནས་སྐུར་བསྐྱོད་དགྱེས་པའི་ཚུལ་གྱིས་སྤྱོན༔ ཨོཾ་ཨཱཿཧཱུྃ་ཨ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨེ་ཧྱ་ཧི་ཨེ་ཨ་ར་ལི་ཧྲིཾ་ཧྲིཾ་ཛ་ཛ༔ གསུམ་པ་དམ་ཚིག་པ་དང་དབྱེར་མེད་དུ༔ འདུ་འབྲལ་མེད་ཕྱིར་བཞུགས་གསོལ་འདེབས་པ་ནི༔ ཧཱུྃ་ཧྲཱིཿ ཡེ་ནས་རང་རིག་མཁའ་འགྲོའི་བདག་ཉིད་ལ༔ གཅིག་ཏུ་འདུ་དང་སོ་སོར་འབྲལ་མེད་ཀྱང་༔ གློ་བུར་བློ་ཡི་བག་ཆགས་བསལ་བའི་ཕྱིར༔ དམ་ཚིག་ཀུན་བརྟགས་བསྐྱེད་པའི་ལྷ་ཚོགས་དང་༔ སྐུ་གསུམ་དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ ངོ་བོ་གཅིག་ལས་རྣམ་པ་སོ་སོ་རུ༔ འབྲལ་མེད་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བཞི་པ་ལྷ་ཆེན་འཕྲུལ་དགའི་ཚུལ་ལྟ་བུས༔ བསོད་ནམས་ཚོགས་བསགས་བརྡ་ཡིས་ཕྱག་འཚལ་ནི༔ ཧཱུྃ་ཧྲཱིཿ རང་གི་ཐུགས་ལས་སྤྲུལ་པའི་ལས་བྱེད་པའི༔ ཌཱཀྐི་དཀར་སེར་དམར་ལྗང་གྲངས་མེད་པས༔ ལུས་ཀྱིས་ཕྱག་འཚལ་ངག་གིས་བསྟོད་བསྔགས་དང་༔ སེམས་ཀྱིས་གདུང་བའི་ཤུགས་ཀྱིས་མཁའ་ཁྱབ་ཀྱི༔ འགྲོ་རྣམས་ཚོགས་གཉིས་རྫོགས་ཕྱིར་གུས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཥྩ་ཧོ༔ ལྔ་པ་ཕྱི་ཡི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ ལྷ་རྣམས་དབང་པོ་དྲུག་ལ་དགྱེས་བསྐྱེད་ཕྱིར༔ མཛེས་པའི་མེ་ཏོག་དྲི་ཞིམ་བདུག་པའི་སྤོས༔ སྣང་གསལ་སྒྲོན་མེ་དྲི་བཟང་སྦྱར་བའི་ཆབ༔ རོ་བརྒྱའི་ཞལ་ཟས་སྙན་འཇེབས་རོལ་མོའི་སྒྲ༔ རང་རང་མཆོད་པའི་ལྷ་མོའི་གར་སྟབས་དང་༔ ངག་གི་དབྱངས་ཚིག་དད་གུས་ཆེན་པོ་ཡིས༔ མཁའ་ཁྱབ་བཞུགས་པའི་རྒྱལ་བ་སྲས་བཅས་དང་༔ ཁྱད་པར་གནས་གསུམ་མཁའ་འགྲོའི་ཚོགས་ཀྱི་རྗེ༔ ཡེ་ཤེས་ཌཱཀྐཱི་ལབ་སྒྲོན་གཙོ་འཁོར་ལ༔ འབུལ་ལོ་ཚོགས་གཉིས་རྫོགས་ཕྱིར་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ་ནས་སོགས་ཤཔྟ་པྲ་ཏིཥྩ་པུ་ཛ་ཧོ༔ དྲུག་པ་ནང་གི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རྩ་བ་བརྒྱད་ལ་ཡན་ལག་སྟོང་སྦྱར་བའི༔ འཆི་མེད་བདུད་རྩི་སྨན་གྱི་མཆོད་པ་འབུལ༔ མཚན་ལྡན་མུ་དྲའི་གསང་རྫས་ཞིང་བཅུའི་ཁྲག༔ ཕྱི་ནང་གསང་བའི་དམར་ཆེན་མཆོད་པ་འབུལ༔ འབྲུ་བཟང་སྨན་སྤོས་ཤ་སྣ་སྟོང་སྦྱར་བའི༔ དམ་རྫས་རྨད་བྱུང་གཏོར་མའི་མཆོད་པ་འབུལ༔ མ་ཅིག་ཌཱཀྐིའི་དབང་ཕྱུག་ལབ་སྒྲོན་མ༔ དངོས་གྲུབ་ཆར་འབེབས་མཁའ་འགྲོའི་ཚོགས་ལ་འབུལ༔ དགྱེས་པ་ཆེན་པོས་བཞེས་ནས་རྣལ་འབྱོར་གྱི༔ ལྟ་བ་གཡེལ་དང་སྒོམ་པ་བྱིང་རྨུགས་གཡེངས༔ སྤྱོད་པ་རྩིང་སྤྱོད་ཚུལ་འཆོས་དབང་གྱུར་པས༔ འབྲས་བུ་རེ་དོགས་ཉམས་པའི་སྐྱོན་རྣམས་ཀུན༔ དབྱིངས་སུ་དག་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ བདུན་པ་ཟག་བྲལ་གསང་བའི་མཆོད་པ་ནི༔ ཧཱུྃ་ཧྲཱིཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་མ་ལུས་པ༔ རང་བྱུང་རིག་པའི་ངང་དུ་རོ་མཉམ་ཕྱིར༔ བཟང་ངན་རེ་དོགས་སྤང་བླང་གཉིས་མེད་པའི༔ ལྟ་བ་བློ་འདས་སྤྲོས་བྲལ་ངང་དུ་མཆོད༔ སྒོམ་པ་ཡེང་མེད་རང་བབས་ངང་ནས་མཆོད༔ སྤྱོད་པ་གུ་ཡངས་བླང་དོར་བྲལ་བས་མཆོད༔ འབྲས་བུ་ཐོབ་ཤོར་བྲི་གང་མེད་པར་མཆོད༔ དྷརྨ་དྷརྟུ་མ་ཧཱ་མུ་ཏྲ་ཨ་ལ་ལ་ཧོ༔ བརྒྱད་པ་གསང་གསུམ་ཡོན་ཏན་རྗེས་དྲན་པས༔ དད་མོས་གུས་པ་ཆེན་པོས་བསྟོད་པ་ནི༔ ཨེ་མ་ཧོ༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ནང་དབྱིངས་སྤྲོས་པ་བྲལ་བའི་རང་གདངས་ལས༔ མ་འགགས་ཡེ་ཤེས་རྣམ་པ་ལྔ་ཡི་རྩལ༔ འགྲོ་བའི་བསོད་ནམས་མཆོད་སྡོང་སྤྲུལ་པའི་སྐུ༔ མ་ཅིག་ལབ་ཀྱི་སྒྲོན་མར་ཕྱག་འཚལ་བསྟོད༔ ནད་གདོན་འཇིགས་ཚོགས་ཞི་མཛད་ཌཱཀྐི་འབུམ༔ ཚེ་བསོད་ཡོན་ཏན་རྒྱས་བྱེད་མཁའ་འགྲོ་འབུམ༔ ཁམས་གསུམ་དབང་སྡུད་རྗེས་ཆགས་མཁའ་འགྲོ་འབུམ༔ དགྲ་བགེགས་འདུལ་མཛད་དྲག་པོའི་མཁའ་འགྲོ་འབུམ༔ ཡང་སྤྲུལ་བསམ་ལས་འདས་ལ་ཕྱག་འཚལ་བསྟོད༔ མདོར་ན་འགྲོ་བའི་སྡུག་བསྔལ་ཀུན་སེལ་ཞིང་༔ ཕན་དང་བདེ་བའི་དཔལ་ཀུན་འབྱུང་བའི་གཞི༔ རྩ་གསུམ་ཆོས་སྐྱོང་དཀར་ཕྱོགས་འགོ་བའི་ལྷ༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དགུ་པ་ཛཔ྄་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ༔ དང་པོ་བསྙེན་པའི་དམིགས་པ་འདི་ལྟ་སྟེ༔ རང་ཉིད་སངས་རྒྱས་མཁའ་འགྲོའི་ཐུགས་དབུས་སུ༔ ཡེ་ཤེས་ཌཱཀྐི་ལབ་སྒྲོན་གསལ་བ་ཡི༔ ཐུགས་ཀར་སྣ་ཚོགས་པདྨ་ཉི་ཟླའི་དབུས༔ ཨཱཿཡིག་མཐིང་ག་བཀྲག་མདངས་མི་བཟོད་པའི༔ མཐའ་ལ་རྩ་སྔགས་དམར་གསལ་གཡས་སུ་འཁོར༔ རང་སྔགས་སྙན་པའི་སྒྲ་དང་བཅས་པ་བསྒོམ༔ ཨོཾ་ཨཱཿཧཱུྃ༔ཨ་ཧ་རི་ནི་ས་ཛྙཱ་ན་ཌཱཀྐི་སརྦ་སིདྡྷི་ཧཱུྃ༔ རྩ་སྔགས་ཡི་གེ་བཅུ་བདུན་གྲངས་ལྡན་པ༔ མ་ཡེངས་གསལ་དག་ལྡན་པས་འབྲུ་འབུམ་བཟླ༔ སྒྲུབ་པའི་དམིགས་པ་ཁ་བསྒྱུར་གཞན་དུ་གསལ༔ སྤྱི་ལ་ཡུམ་ཆེན་བསྒོམ་བཟླས་བྱ་བ་ནི༔ ཐུགས་ཀར་པད་ཟླའི་གདན་ལ་ཡུམ་ཆེན་མོ༔ གསེར་མདོག་ཞལ་གཅིག་ཕྱག་བཞི་ལོངས་སྐུའི་ཆས༔ དམར་སེར་གུར་གུམ་གཞོན་ནུའི་མདངས་ལྡན་པ༔ གཡས་གཡོན་དང་པོས་ཆོས་འཆད་མཉམ་བཞག་དང་༔ འོག་མ་རྡོ་རྗེ་པུསྟི་ལེགས་པར་བསྣམས༔ ཐུགས་དབུས་པད་ཟླར་ཨ་ཡིག་གསེར་མདོག་མཐར༔ ག་ཏེའི་སྔགས་འབྲུ་གསེར་སྦྱངས་བཙོ་མའི་མདོག༔ གཡས་བསྐོར་དེ་ལ་སེམས་གཏད་སྔགས་བཟླས་པས༔ ཤེས་རབ་ཕར་ཕྱིན་དོན་རྟོགས་རང་གཞན་ཀུན༔ ཀུན་བཟང་གདོད་མའི་མགོན་དང་དབྱེར་མེད་བསམ༔ ཏདྱ་ཐཱ༔ ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ༔ སྔགས་ཀྱི་རྒྱལ་པོ་ཡུམ་སྔགས་ཉི་ཤུ་པ༔ ཡེངས་མེད་དྲན་ཤེས་ལྡན་པས་འབྲུ་འབུམ་བཟླ༔ དེ་ཚེ་རྟགས་ཀྱི་རིམ་པ་དངོས་སུ་ཡང་༔ དབང་པོ་རབ་ལ་ལྷ་ཞལ་དངོས་སུ་མཇལ༔ འབྲིང་ཉམས་ལྷ་སྔགས་མཐོང་ཐོས་ཡོན་ཏན་འཕེལ༔ ཐ་མ་རྨི་ལམ་རི་བོའི་རྩེར་འཛེགས་དང་༔ ཉི་ཟླ་ཤར་དང་རལ་གྲི་རྡོ་རྗེ་དང་༔ པུསྟི་རྙེད་དང་གྱེན་ལ་འགྲོ་བ་དང་༔ ཀུན་གྱིས་བསྟོད་དང་ཁྲི་ལ་འདུག་པ་སོགས༔ ལེགས་པའི་ཡོན་ཏན་ཐོབ་པའི་རྟགས་རྣམས་དང་༔ རྣག་ཁྲག་སྲོག་ཆགས་ལུས་ལས་ཕྱིར་ཐོན་སོགས༔ སྡིག་སྒྲིབ་དག་དང་གདོན་ལས་ཐར་བའི་རྟགས༔ མཐོང་ཚེ་དགའ་སྤྲོ་རེ་དོགས་རྟོག་པ་སྤོངས༔ ས་མ་ཡཱ༔ གསུམ་པ་ལས་སྦྱོར་རང་གི་ཐུགས་ཀ་རུ༔ བདག་ཉིད་ཡེ་ཤེས་མཁའ་འགྲོའི་ཐུགས་ཀ་རུ༔ རྡོ་རྗེ་ཕག་མོ་མཐིང་ནག་ཁྲོ་མོའི་ཆས༔ རྣ་ལྟག་གཡས་སུ་ཕག་ཞལ་ངུར་སྒྲ་སྒྲོག༔ ཐུགས་དབུས་ཉི་སྟེང་གྲི་གུག་ལྟེ་བ་རུ༔ ཧཱུྃ་མཐིང་མཐའ་ལ་སྔགས་འབྲུ་མཐིང་ནག་ནི༔ མེ་ཡི་ཚྭ་ཚྭས་བགེགས་དང་ལོག་འདྲེན་བསྲེགས༔ རྒྱལ་ཀུན་ཐུགས་ཀྱི་ས་བོན་ཧཱུྃ༔ བྱེ་བ་གསུམ་བཟླས་དངོས་གྲུབ་འབྱུང་༔ དེ་ནས་རྩ་སྔགས་འདི་ཉིད་བཟླ༔ ཨོཾ་བཛྲ་ཀྲོ་ཏ་ཀ་ལི་ཝ་ར་ཧཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ མ་ཡེངས་ངང་ནས་བྱེ་བ་བཟླ༔ གདོན་ཐུལ་སྡིག་སྒྲིབ་དག་རྟགས་གསལ༔ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་རྗེས་ཀྱི་རིམ་པ་ལའང་བདུན༔ དངོས་གྲུབ་ལེན་དང་ནོངས་བཤགས་དམ་ཚིག་བསྡུ༔ དགེ་བསྔོ་སྨོན་ལམ་ཤིས་པ་བརྗོད་པ་འོ༔ དང་པོ་དངོས་གྲུབ་ལེན་ཚེ་སྐུ་རྟེན་ཉིད༔ སྤྱི་བོར་འཇོག་ཅིང་རང་གི་གནས་གསུམ་གཏུག༔ དམ་རྫས་ལྕེ་ལ་མྱང་ཞིང་འདི་སྐད་དོ༔ ཧཱུྃ་ཧྲཱིཿ ཡེ་ཤེས་མཁའ་འགྲོ་སྡེ་ལྔའི་ལྷ་ཡི་ཚོགས༔ བསྙེན་སྒྲུབ་མཐར་བསྐྱལ་སྒྲུབ་པའི་ཞག་གྲངས་རྫོགས༔ དེང་དུས་སྐྱ་རེངས་དང་པོ་གསལ་བའི་ཚེ༔ མ་རིག་མུན་སེལ་ཉི་མ་འཆར་ལ་ཉེ༔ ཡེ་ཤེས་མཁའ་འགྲོའི་དངོས་གྲུབ་ཐོབ་ལ་ཉེ༔ དངོས་གྲུབ་གང་ཞིག་འདོད་དོན་གསོལ་བ་ནི༔ འགྱུར་མེད་རྡོ་རྗེའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཀྱི༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ གཉིས་པ་ནོངས་པ་བཤགས་པ་ནི༔ ཧཱུྃ་ཧྲཱིཿ ཉེས་པའི་སྣོད་གྱུར་སྡིག་ལྡན་བདག་ཅག་གི༔ ལས་དང་ཉོན་མོངས་བག་ཆགས་ཀྱིས་བསགས་པའི༔ མི་དགེ་བཅུ་དང་མཚམས་མེད་ཉེ་བའི་སྡིག༔ སོ་བྱང་སྔགས་ཀྱི་དམ་སྡོམ་ལས་འགལ་བ༔ མ་ལུས་མཐོལ་ཞིང་བཤགས་སོ་གནོང་ངོ་འགྱོད༔ མི་འཆབ་སྙིང་ནས་མཐོལ་བཤགས་དག་གྱུར་ཅིག༔ ས་མ་ཡཱ་ཤུདྡྷེ་ཨཱཿ ཡི་གེ་བརྒྱ་པ་ཅི་མང་བཟླ་བར་བྱ༔ གསུམ་པ་རྟེན་ལ་མདུན་བསྐྱེད་བརྟན་བཞུགས་དང་༔ བདག་བསྐྱེད་དམ་ཚིག་ལྷར་སྣང་བསྡུ་བ་ནི༔ ཧོ༔ བསྐྱེད་པའི་སྣོད་རྣམས་འོད་ཞུ་འཁོར་རྣམས་དང་༔ དེ་ཡང་རིམ་བཞིན་གཙོ་མོའི་སྐུ་ལ་ཐིམ༔ སྐུ་ཡང་རིམ་ཡལ་སྔགས་ཕྲེང་ལ་བསྡུ་ཞིང་༔ ཐུགས་སྲོག་སྐྱེ་མེད་ཡི་གེ་ཨ་ཡིག་ལ༔ བསྡུས་ཏེ་སྟོང་ཆེན་ཀློང་དུ་མཉམ་པར་བཞག༔ ཨ་ཨཱཿ བཞི་པ་རྗེས་ཐོབ་སྒྱུ་མའི་ལྷར་ལངས་ཏེ༔ ཧཱུྃ་ཧྲཱིཿ སྟོང་པའི་ངང་ལས་རང་ཉིད་རྗེས་ཐོབ་ལྷ༔ ལབ་ཀྱི་སྒྲོན་མ་མཉམ་བཞག་ཞི་བའི་སྐུ༔ གནས་གསུམ་འབྲུ་གསུམ་མཚན་པས་རྣམ་རྟོག་བསྲུང་༔ བར་ཆད་བགེགས་ཀྱིས་མི་ཚུགས་གོ་ཆས་གཏམས༔ བཛྲ་རཀྵ་རཀྵ་བྷྲུཾ༔ ལྔ་པ་དགེ་རྩ་འགྲོ་ལ་བསྔོ་བ་ནི༔ ཧོ༔ དགེ་བའི་རྩ་བ་འདི་ཡིས་སྲིད་གསུམ་འགྲོ༔ སྡུག་བསྔལ་འཁོར་བའི་མཚོ་ལས་རབ་བསྒྲལ་ནས༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡི༔ སྐུ་གསུམ་མཁའ་འགྲོའི་གོ་འཕང་འཐོབ་ཕྱིར་བསྔོ༔ དྲུག་པ་བསྟན་པ་རྒྱས་དང་སེམས་ཅན་ཀུན༔ བདེ་ཞིང་སྐྱིད་པའི་སྨོན་ལམ་བཏབ་པ་ནི༔ ཧོ༔ དེ་ལྟར་བརྩོན་པའི་མཐུ་ཡིས་སེམས་ཅན་ཀུན༔ སྡུག་བསྔལ་ཀུན་བྲལ་བདེ་སྐྱིད་ལྡན་པར་སྨོན༔ གནས་སྐབས་མཐར་ཐུག་ཕན་དང་བདེ་བའི་གཞི༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་སྨོན༔ མཐར་ཐུག་རང་གཞན་འགྲོ་ཀུན་གདོད་མའི་མགོན༔ ཀུན་ཏུ་བཟང་མོའི་རང་ཞལ་མངོན་གྱུར་སྨོན༔ དེ་བཞིན་མཆོག་གསུམ་བདེན་པས་འགྲུབ་གྱུར་ཅིག༔ བདུན་པ་ཤིས་པ་བརྗོད་པས་མཐའ་བརྒྱན་ནི༔ ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཤེར་ཕྱིན་ཡུམ༔ ལོངས་སྐུའི་སྟོན་པ་རིགས་ལྔའི་ཌཱཀྐི་མ༔ སྤྲུལ་སྐུའི་སྟོན་པ་ལབ་སྒྲོན་འགྲོ་བའི་མགོན༔ སྐུ་གསུམ་མཁའ་འགྲོའི་གཙོ་མོའི་བཀྲ་ཤིས་ཤོག༔ འགྲོ་ཀུན་བདེ་སྐྱིད་མ་ལུས་འབྱུང་བའི་གནས༔ རྒྱལ་བསྟན་མི་ནུབ་ཡུན་དུ་གནས་པ་དང་༔ བསྟན་འཛིན་དགེ་བའི་བཤེས་ཀུན་ཞབས་པད་བརྟན༔ མཛད་ཕྲིན་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག༔ སྣོད་ཀྱི་འཇིག་རྟེན་བདེ་ལྡན་ཞིང་བཞིན་དུ༔ སྡུག་བསྔལ་མིང་མེད་བཅུད་ཀྱི་སེམས་ཅན་ཀུན༔ དགེ་བཅུའི་ཁྲིམས་གནས་ཐེག་ཆེན་ལམ་ཞུགས་ཏེ༔ མཐར་ཐུག་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ དེ་ལྟར་མཁའ་འགྲོ་སྡེ་ལྔའི་ཕྲིན་ལས་ཀྱི༔ ལས་བྱང་དངོས་གྲུབ་ཆར་འབེབས་གང་འདི་ཉིད༔ ཐུགས་ཐིག་མཁའ་འགྲོའི་ཆོས་སྡེའི་ཆ་ལག་སྟེ༔ ཟོལ་མེད་དགོངས་པའི་དབྱིངས་ཀྱི་བརྡ་རིས་ལས༔ ལས་སྐལ་ལྡན་པའི་སྐྱེས་བུའི་བཀས་བསྐུལ་ངོར༔ སྦ་གསང་མེད་པར་ཕབ་འདིས་བསྟན་པ་དང་༔ འགྲོ་བའི་བདེ་སྐྱིད་འཕེལ་བའི་གསོས་སུ་ཤོག༔ གུ་ཧྱ༔ སྤྲུལ་མིང་ལུང་རིག་གླིང་པས་དུས་ཚེས་དགེ་བར་བྲིས་པ་རྣལ་འབྱོར་པ་པྲཛྙཱའི་མཚན་ཅན་ལ་གཏད་པ་ཛ་ཡནྟུ༔

ཚོགས་མཆོད་བསོད་ནམས་མྱུ་གུ།

གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་ལས༔ ཚོགས་མཆོད་བསོད་ནམས་མྱུ་གུ་བཞུགས༔

མ་ཅིག་ཡེ་ཤེས་ཌཱཀྐིའི་སྐུ་ལ་འདུད༔ དུས་ཆེན་ཉེར་ལྔ་ལ་སོགས་དུས་བཟང་ལ༔ དབེན་པར་དཀྱིལ་འཁོར་རྐྱང་ནུལ་བཀོད་ལེགས་སྟེང་༔ ཕོ་མོ་དར་མ་སྙོམས་འཇུག་མལ་ས་ལ༔ མཚན་ལྡན་བཅུ་དྲུག་རྡུལ་གྱིས་ཐིག་ཆེན་བརྒྱད༔ སྒོ་གྲུ་རྟ་བབས་མདའ་ཡབ་དུར་ཁྲོད་དང་༔ རྡོ་ར་མེ་རི་ཁྲག་གསེར་ཁྱམས་ལ་སོགས༔ མཁའ་འགྲོ་སྤྱི་ཡི་དཀྱིལ་འཁོར་སྐལ་ལྡན་གྱི༔ རིག་པའི་མདས་བསྣུན་དབུས་སུ་པད་འདབ་བརྒྱད༔ དབུས་སུ་ཆོས་འབྱུང་སྐུ་འམ་ཨ་ཡིག་དང་༔ ཕྱོགས་བཞིར་ཧ་རི་ནི་ས་མཚམས་བཞི་རུ༔ རང་གི་བླ་མ་ཡི་དམ་ཆོས་སྐྱོང་དང་༔ གསུང་མཆོག་འབྱུང་གནས་གླེགས་བམ་སྐུ་གསུང་ཐུགས༔ ཁྱམས་ལ་མཁའ་འགྲོ་ཤུགས་འགྲོའི་ས་བོན་ནི༔ ཚོམ་བུ་ཉེར་བཞི་བརྒྱ་སོགས་གཅལ་དུ་བཀྲམ༔ གཙང་མའི་ཟན་ལ་དམ་རྫས་ཆོས་སྨན་བསྲེས༔ ཆོས་འབྱུང་གདན་སྟེང་མཁའ་འགྲོའི་གཏོར་མ་ནི༔ གྲི་གུག་དབྱིབས་ཅན་འཁོར་བཞིས་བསྐོར་བ་ལ༔ མཛེས་པའི་རྒྱན་གདགས་སྨན་རཀ་ཉེར་སྤྱོད་ལྔ༔ ཌཱ་རུ་རྐང་གླིང་རོལ་མོའི་བྱེ་བྲག་དང་༔ ཚོགས་ཀྱི་ཡོ་བྱད་ཤ་ཆང་བཀའ་གཏེར་གྱི༔ སྲུང་མ་རྣམས་ལ་རང་མཐུན་མཆོད་གཏོར་བཤམས༔ ཆོ་གའི་གཞུང་བསྲིང་དམིགས་གནད་བསྙེན་པ་བསྐྱལ༔ སྐབས་སུ་མཆོད་བསྟོད་དབང་བླངས་སྲུང་མ་གསོལ༔ ཚོགས་ཀྱི་ཟན་དང་ཤ་ཆང་དཀར་མངར་དང་༔ བཟའ་བཏུང་སྣ་ཚོགས་བཤམས་ནས་འདོན་སྒོམ་སྦྲགས༔ ཧཱུྃ་ཧྲཱིཿ རང་ཉིད་མཁའ་འགྲོ་ཕག་མོར་གསལ་བ་ཡི༔ ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ མ་དག་དངོས་འཛིན་བསྲེགས་གཏོར་བཀྲུས་ཤིང་སྦྱངས༔ ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་༔ སྣོད་བཅུད་རྒྱ་ཆེ་ཟག་མེད་བདུད་རྩིའི་སྤྲིན༔ སྲིད་ཞིའི་མགྲོན་ཀུན་དགྱེས་པའི་རྫས་སུ་གྱུར༔ རཾ་ཡཾ་ཁཾ༔ལན་གསུམ༔ ཨོཾ་ཨཱཿཧཱུྃ༔ལན་གསུམ༔ དེ་ནས་ཚོགས་མགྲོན་སྤོས་རོལ་དང་༔ གྱེར་དབྱངས་རྡོ་རྗེའི་གླུ་ཡིས་ཐུགས་རྒྱུད་བསྐུལ༔ ཧཱུྃ་ཧྲཱིཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ མ་ཡུམ་ཆེན་སྟོན་པ་ཤཱཀྱ་ཐུབ༔ ཆོས་མདོ་སྔགས་བརྒྱུད་པའི་བཀའ་བབས་པ༔ མགོན་བཀའ་དྲིན་གསུམ་ལྡན་བླ་མ་རྗེ༔ ལམ་ཟབ་མོ་ཕྱག་རྫོགས་དབུ་མ་ཆེའི༔ བཀའ་གཏེར་གྱི་མཛོད་འཛིན་རིག་འཛིན་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ གནས་སྐུ་གསུམ་དག་པའི་ཞིང་ཁམས་ནས༔ དབྱིངས་ཆོས་ཉིད་གཅིག་ལས་མ་གཡོས་ཀྱང་༔ རྩལ་ཡེ་ཤེས་རྣམ་ལྔའི་རང་མདངས་ལས༔ ལྷ་ཞི་དང་ཁྲོ་བོ་ཞི་མ་ཁྲོ༔ དཔལ་ཀུན་བཟང་ཆེ་མཆོག་བཀའ་བརྒྱད་སོགས༔ མཆོག་ཐུན་མོང་དངོས་གྲུབ་སྟེར་མཛད་པའི༔ ང་བློ་གཏད་ཡི་དམ་རྒྱ་མཚོའི་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ གནས་དུར་ཁྲོད་བརྒྱད་དང་ཡུལ་ཉེར་ལྔ༔ ཞིང་མ་ངེས་རྡུལ་སྙེད་གྲངས་མཉམ་ནས༔ མ་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱི་རྗེ༔ ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་ལྔ༔ དཔལ་ཡེ་ཤེས་འཇིག་རྟེན་དམ་ཚིག་སོགས༔ མགྲོན་འདས་དང་མ་འདས་ཌཱཀྐིའི་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ མགོན་རྒྱལ་བ་ཐུབ་དབང་པད་འབྱུང་གི༔ ཆོས་བཀའ་གཏེར་སྲུང་མ་མཐུ་རྩལ་ཅན༔ དཔལ་མ་མགོན་ལྕམ་དྲལ་སྡེ་བརྒྱད་ཀྱི༔ གཟུགས་ངེས་མེད་དམ་ཅན་རྒྱ་མཚོའི་ཚོགས༔ མི་བདག་དང་ཕ་མ་འགྲོ་བ་ཀུན༔ ཚེ་འདི་རུ་ཚོགས་གཉིས་ཡོངས་རྫོགས་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ༔ ཐུགས་བརྩེ་ཆེན་དགྱེས་པས་གཤེགས་སུ་གསོལ༔ ཚེ་ཐོག་མེད་དུས་ནས་ད་བར་དུ༔ ལུས་ལོངས་སྤྱོད་གནས་མལ་མཐུན་གྲོགས་ཀྱི༔ ལན་མ་འཁོར་ཤ་ཁྲག་འབྲེལ་བའི་གཉེན༔ མི་བདག་གི་བུ་ལོན་སྦྱང་བའི་ཕྱིར༔ གནས་འདི་རུ་དགའ་བའི་སེམས་ཀྱིས་སྤྱོན༔ རང་འཁྲུལ་བའི་སྣང་བ་མ་དག་པས༔ སེམས་ཆགས་སྡང་རྨོངས་པའི་དབང་གྱུར་ནས༔ གཉེན་བརྩེ་གདུང་དགྲ་ལ་མནར་སེམས་དང་༔ ཡུལ་བར་མར་བཏང་སྙོམས་བྱས་པའི་མཐུས༔ སེམས་མཐུན་དང་མི་མཐུན་སྣ་ཚོགས་པས༔དངོས་ལན་ཆགས་ཤ་འཁོན་མ་འཁོར་བའི༔ དུས་སྔ་ཕྱི་བར་གསུམ་དགྲ་དང་བགེགས༔ མི་བདག་གི་ཤ་ཁྲག་གཟན་དུ་སྟེར༔ ཆོས་བྱང་ཆུབ་སྙིང་པོར་འགོད་པའི་ཕྱིར༔ རྫས་ལོངས་སྤྱོད་ཚོགས་ཀྱིས་མགྲོན་འགྱེད་ན༔ སེམས་ཞི་དང་བྱམས་པའི་ངང་ཚུལ་གྱིས༔ བུ་མ་ལ་འཁྲེན་བཞིན་འདིར་སྤྱོན་ཅིག༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐཱི་ནི་དྷརྨཱ་པཱ་ལ་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡཱ་ཛ་ཛ༔ ཞེས་པས་སྤྱན་དྲངས་ཚོགས་རྫས་ཆ་བཅུར་བགོས༔ དང་པོ་བླ་མ་བར་བ་ཡི་དམ་དང་༔ གསུམ་པ་མཁའ་འགྲོ་བཞི་པ་ཆོས་སྐྱོང་དང་༔ ལྔ་པ་བགེགས་རིགས་དྲུག་པ་ལྷག་མའི་མགྲོན༔ བརྒྱད་པ་རིགས་དྲུག་དགུ་པ་མཆེད་ལྕམ་དང་༔ བཅུ་པ་བསྟན་མའི་གཏོར་མ་ཤིས་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དང་པོ་ཚོགས་ཕུད་བླ་མར་འབུལ་བ་ནི༔ སྤོས་དུད་གཏོང་ཞིང་རོལ་མོའི་སྒྲ་དང་བཅས༔ ཤིན་ཏུ་གུས་པའི་བློ་ཡིས་འདི་བཞིན་འབུལ༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་འགྲོ་ཀུན་ཕན་བདེའི་གཞི༔ དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད༔ བརྒྱུད་གསུམ་བླ་མའི་སྤྱི་གཟུགས་བཀའ་དྲིན་ཅན༔ མཚུངས་མེད་རྩ་བའི་བླ་མར་ཚོགས་མཆོད་འབུལ༔ བདག་གཞན་ཚོགས་རྫོགས་བདག་རྒྱུད་བྱིན་གྱིས་རློབས༔ མ་ཧཱ་གུ་རུ་རཏྣ་གྷ་ན་ཙཀྲ་པཱུ་ཛ་ཧོ༔ གཉིས་པ་ཡི་དམ་ལྷ་ལ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ རྒྱལ་ཀུན་ཐུགས་དབྱིངས་གཞལ་མེད་ཆོས་དབྱིངས་ལས༔ རང་གི་ལས་འཕྲོར་ལྷག་པའི་ལྷར་གྱུར་པའི༔ ཡི་དམ་ཀུན་འདུས་ཆྒཻ་མོའི་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བདག་གཞན་ཐམས་ཅད་ལ༔ ཚེ་འདིར་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དྷེ་ཝ་མུ་ལ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ གསུམ་པ་མ་སྲིང་མཁའ་འགྲོར་འབུལ་བ་ནི༔ ཧྲཱིཿ གནས་གསུམ་མཁའ་འགྲོ་ཀུན་འདུས་ཚོགས་ཀྱི་རྗེ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོ་དང་༔ དབྱེར་མེད་མ་ཅིག་ལབ་ཀྱི་སྒྲོན་མ་ལ༔ ཟག་མེད་བདུད་རྩིའི་རང་བཞིན་ཚོགས་མཆོད་འབུལ༔ བདག་ཅག་ས་ལམ་བར་ཆད་དབྱིངས་སུ་གསོལ༔ སརྦ་ཌཱཀྐི་ནི་གྷ་ན་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བཞི་པ་ཆོས་སྐྱོང་རྣམས་ལ་འབུལ་བ་ནི༔ ཧཱུྃ༔ རྒྱལ་བའི་དབང་པོ་ཐུབ་དབང་ཡབ་སྲས་ཀྱི༔ བཀའ་གཏེར་རྒྱུད་ལུང་མན་ངག་ཆོས་སྐྱོང་བའི༔ བརྒྱུད་གསུམ་སྲུང་མའི་བདག་ཉིད་ཨེ་ཀ་ཛ༔ བཙན་རྒོད་ཀླུ་རྒྱལ་འཁོར་བཅས་ཚོགས་ཀྱིས་བརྔན༔ ལས་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ སརྦ་དྷརྨཱ་པ་ལ་ས་པཱ་རི་གྷ་ན་ཙཀྲ་པཱུ་ཛ་ཨཱཿཧཱུྃ༔ ལྔ་པ་མར་མགྲོན་བགེགས་རིགས་ལན་ཆགས་ལ༔ ཚོགས་རྫས་སྦྱིན་ཏེ་དེ་སྐབས་རང་ལུས་ཀྱིས༔ འགྱེད་ཆེན་བཞིའམ་ཡང་ན་གཅིག་བྱའོ༔ ཕཊ༔ ཚེ་རབས་ཀུན་ཏུ་ཕོ་མོ་མ་ནིང་གདོན༔ སྔོན་ནས་གནོད་ཅིང་ད་ལྟ་གནོད་བྱེད་མཁན༔ མ་འོངས་གནོད་འགྱུར་ལྷན་ཅིག་སྐྱེས་པའི་འདྲེ༔ དེ་ལས་མཆེད་པའི་རྒྱལ་བསེན་ཀླུ་དང་གཟའ༔ གཞན་ཡང་མི་མིན་ལྷ་འདྲེ་བསམ་ལས་འདས༔ ཀུན་ལ་ཟག་བཅས་ལུས་ཀྱི་ཤ་ཁྲག་དང་༔ ཟག་མེད་དམ་རྫས་ཚོགས་ཀྱི་ལོངས་སྤྱོད་འབུལ༔ རང་གི་ལུས་ལ་དཔེ་ལོངས་གཞན་གནོད་སྤོངས༔ རྟག་ཏུ་གཞན་ཕན་བློ་ལ་སེམས་གཞོལ་དང་༔ འདི་ཕྱིའི་བདེ་སྐྱིད་རྩ་བ་དང་དུ་ལོངས༔ རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག༔ དྲུག་པ་ལྷག་མའི་མགྲོན་རིགས་ཐམས་ཅད་ལ༔ ཡར་གནས་རྩ་གསུམ་ཆོས་སྐྱོང་ཕུལ་བ་ཡི༔ གཙང་ལྷག་དང་ནི་བགེགས་རིགས་ལན་ཆགས་ལ༔ བསྔོས་པས་རྩོག་ལྷག་འཁོར་དང་འདས་པའི་ཆོས༔ རོ་མཉམ་བརྡར་བསྲེས་བདུད་རྩིའི་ཟེགས་མ་འཐོར༔ ཧཱུྃ་ཧྲཱིཿ རྩ་གསུམ་དཀྱིལ་འཁོར་ཕྱི་ཉུལ་ལྷག་མའི་མགྲོན༔ གིང་ཆེན་བཅོ་བརྒྱད་ལྕམ་དྲལ་གནས་ཡུལ་གྱི༔ བྲན་དང་ཡང་གཡོག་ལྷག་མགྲོན་ཌཱཀྐིའི་ཚོགས༔ ཟག་མེད་བདུད་རྩི་ཚོགས་ཀྱི་ལྷག་མ་བཞེས༔ གནས་སྐབས་གློ་བུར་རྐྱེན་ངན་བཟློག་པ་དང་༔ འདོད་རྒུའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ སརྦ་ཨུ་ཙུཥྚ་གྷ་ན་པཱུ་ཛ་ཁཱ་ཧི༔ བརྒྱད་པ་རིགས་དྲུག་མགྲོན་ལ་བསྔོ་བ་ནི༔ ཧོ༔ ཚོགས་རྫས་ཟག་མེད་འདོད་ཡོན་ལྔ་ལྡན་པ༔ མར་གནས་དམྱལ་བ་ཡི་དྭགས་དུད་འགྲོའི་རིགས༔ ཟག་མེད་ཚོགས་རྫས་བྱང་ཆུབ་སེམས་ཀྱི་སྤྲིན༔ ཚ་གྲང་སེལ་བའི་བདུད་རྩིའི་ཆར་ཆེན་དང་༔ ཡེ་ཤེས་དྲོད་ལྡན་བདེ་བ་ཆེན་པོའི་མེ༔ བཀྲེས་སྐོམ་གདུང་སེལ་ཟས་སྐོམ་སྨན་དང་འབྲུ༔ ཟག་མེད་ཤེས་རབ་ཐེག་པ་ཆེ་ཆུང་ཆོས༔ ལྷ་མི་བག་མེད་གཉིད་སློང་བདེན་བཞིའི་གཏམས༔ འཐབ་རྩོད་ལྷ་མིན་བྱམས་པའི་སེམས་གྱུར་ནས༔ ཀུན་ཀྱང་སྡུག་བསྔལ་དང་བྲལ་བདེ་གྱུར་ཅིག༔ སརྦ་ན་ར་ཀ་པྲེ་ཏ་ཏིརྱ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ དགུ་པ་ཚོགས་རྫས་རྡོ་རྗེ་སློབ་དཔོན་ནས༔ མཆེད་ལྕམ་རྣམས་ལ་རིམ་པས་ཐབས་ཤེས་རྫས༔ བསྣོལ་མར་སྟོབ་ཅིང་འབུལ་ཚིག་འདི་བཞིན་བྱ༔ ཨེ་མ་ཧོ༔ འཁོར་འདས་བཟང་ངན་བློ་ཡིས་བཏགས་པ་སྟེ༔ གཞིགས་ཤིང་བརྟགས་པའི་བླང་དོར་རྩིས་གདབ་མེད༔ སྐྱེ་མེད་སྟོང་པ་ཆེན་པོར་ངེས་རྙེད་ཕྱིར༔ གཙང་རྨེ་མཉམ་པ་ཆེན་པོའི་ངང་དུ་རོལ༔ ཨ་ཧོཿམ་ཧཱ་སུ་ཁ་ཧོ༔ ཀུན་གྱིས་ཚིག་འདིས་བླངས་ནས་རོལ་བར་བྱ༔ ཧོ༔ དེ་ལྟར་ཆོས་ཀུན་སྟོང་པ་ཆེན་པོའི་ཕྱིར༔ སྙིང་པོ་མེད་ལས་དབང་བཞིའི་དམ་ཚིག་གི༔ དངོས་གྲུབ་སྙིང་པོ་སྐུ་བཞིའི་འབྲས་སྨིན་ཕྱིར༔ རྡོར་འཆང་བཟའ་བའི་དམ་ཚིག་ངས་བླང་བྱ༔ ཨ་ལ་ལ་ཧོ༔ ཞེས་བརྗོད་ལྷ་ལ་ལྷ་དང་སྟོང་པ་ལ༔ སྟོང་པའི་རྒྱས་གདབ་མཉམ་པ་ཆེན་པོའི་ངང་༔ ཤགས་དང་རྩོད་པ་ཀུ་ཅོ་སྤངས་ཏེ་རོལ༔ དེ་སྐབས་སྐྱབས་ཀུན་བདག་ཉིད་ལབ་སྒྲོན་མའི༔ སྤྲུལ་གཞི་རྗེ་བཙུན་འཕགས་མ་སྒྲོལ་མ་ལ༔ ཕྱག་འཚལ་ཉེར་གཅིག་ཅི་མང་གསོལ་འདེབས་བགྲངས༔ ངག་བཅད་བྱས་ཏེ་སྙན་པའི་དབྱངས་ཀྱིས་བརྗོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཅུ་པ་བསྟན་མ་རྣམས་ལ་བཤལ་ཆུ་དང་༔ ལྷན་ཅིག་འབྲུ་གསུམ་སྔགས་ཀྱིས་འདི་བཞིན་བསྔོ༔ ཧཱུྃ་ཧྲཱིཿ གངས་ཅན་ལྗོངས་འདིར་རྒྱལ་དབང་པདྨ་ཡིས༔ ཐུབ་པའི་བསྟན་ལ་རྒོལ་བའི་མུ་སྟེགས་སྡེ༔ རྟག་ཆད་སྟོན་པའི་ལོག་འདྲེན་ཚར་གཅོད་ཕྱིར༔ བསྟན་པའི་ལྕགས་རིར་མངའ་གསོལ་བསྟན་མའི་ཚོགས༔ ཚོགས་རྫས་བཤལ་ཆུ་ཟག་མེད་བདུད་རྩིར་དམིགས༔ འདོད་ཡོན་ཀུན་ཚང་མཆོད་སྦྱིན་འདི་བཞེས་ལ༔ རྒྱལ་བསྟན་སྤྱི་དང་ཟབ་གསང་ཤེར་ཕྱིན་ཆོས༔ མི་ཉམས་ཡུན་དུ་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིངྟ་གྷ་ན་པཱུ་ཛ་ཁཱ་ཧི༔ མཐར་ནི་བསྡུ་རིམ་རྗེས་ཆོག་ཇི་བཞིན་བྱ༔ འདིས་ནི་ཉམས་ཆག་མ་ལུས་དབྱིངས་སུ་སྦྱངས༔ སྦྱོར་དངོས་རྗེས་གསུམ་ཚང་བར་ཉམས་བླངས་ན༔ ཚེ་འདིར་བར་ཆད་མ་ལུས་སེལ་བ་དང་༔ ཕྱི་མ་མཁའ་སྤྱོད་མཁའ་འགྲོའི་ཚོགས་གྲལ་དུ༔ རྒྱལ་བ་དགྱེས་པའི་རྒྱལ་སྲས་སྤྱོད་པ་སྐྱོངས༔ གུ་ཧྱ༔ ཞེས་པ་འདི་ནི་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་སྙིང་ལ་ཞུགས་པའི་སྤྲུལ་མིང་སྐལ་ལྡན་ལུང་རིག་གླིང་པས་བྲིས་པ་འབྲེལ་ཚད་སྐུ་གསུམ་མཁའ་འགྲོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག༔ རྣལ་འབྱོར་པ་པྲཛྙཱའི་མིང་ལ་གཏད་པས་དེ་བཞིན་དུ་ཉམས་ལེན་ལ་བརྩོན་པར་ཞུ་ཞུ༔

བྲོ་བརྡུང་ལྡེབ་ཤར།

༈ མཁའ་འགྲོའི་ལས་བྱང་སྐབས་སུ་བྲོ་བརྡུང་ནི༔ ཧཱུྃ་ཧྲཱིཿ སྐུ་གསུམ་མཁའ་འགྲོའི་ཟག་མེད་ཡེ་ཤེས་བྲོ༔ མ་རིག་རྣམ་གསུམ་འབྱུང་པོའི་མགོ་ལ་བརྡུངས༔ ཆོས་དབྱིངས་རང་རྩལ་ཡེ་ཤེས་ལྔ་ཡི་བྲོ༔ ཉོན་མོངས་འཁྲུལ་རྟོག་འབྱུང་པོའི་མགོ་ལ་བརྡུངས༔ ཁམས་གསུམ་འཁྲུལ་བའི་རང་མདངས་དབྱིངས་སུ་གྲོལ༔ ནམ་ཡང་ཆོས་ཀྱི་དབྱིངས་ལས་མ་འདའ་ཞིག༔ ཨོཾ་ཨཱཿཧཱུྃ༔སྟཾ་བྷ་ཡ་ནན་ནན༔

བསྐང་བ་ནོར་བུའི་ཕྲེང་མཛེས།

༄༅།། གཅོད་ཡུལ་མཁའ་འགྲོའི་ཞལ་ལུང་གི༔ ཆ་ལག་བསྐང་བ་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་བཞུགས༔

༄༅།། དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ༔ མཆོད་པའི་བྱེ་བྲག་ཅི་འབྱོར་བཤམས་པས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་བྱིན་གྱིས་བརླབས་ནས་དཀྱིལ་འཁོར་གྱི་ལྷ་ལ་འབུལ་བའི་མོས་འདུན་རྩེ་གཅིག་པས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་རྒྱལ་ཀུན་བསྐྱེད་པའི་ཡུམ༔ ཤེས་རབ་ཕ་རོལ་ཕྱིན་མའི་ཐུགས་དམ་བསྐང་༔ གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་གཉིས་སྦྱངས༔ སྟོན་པ་ཤཱཀྱའི་རྒྱལ་པོའི་ཐུགས་དམ་བསྐང་༔ མཁྱེན་རབ་བདག་ཉིད་ཆོས་ཀུན་དབྱིངས་སུ་ལེན༔ འཇམ་དཔལ་སྨྲ་བའི་སེང་གེའི་ཐུགས་དམ་བསྐང་༔ འཛམ་གླིང་མཛེས་རྒྱན་སྒྲ་ཚད་ཕ་རོལ་ཕྱིན༔ རྗེ་བཙུན་ཨཱརྱ་དྷེ་ཝའི་ཐུགས་དམ་བསྐང་༔ རྒྱ་བོད་ཡོངས་ལ་ཆོས་ཀྱི་ཆར་པ་འབེབས༔ ཕ་ཅིག་དམ་པ་རྒྱ་གར་ཐུགས་དམ་བསྐང་༔ གངས་ཅན་རྣལ་འབྱོར་བསྟན་འཛིན་ཡོངས་ཀྱི་དཔལ༔ སྐྱོ་སྟོན་བསོད་ནམས་བླ་མའི་ཐུགས་དམ་བསྐང་༔ ཆོས་སྐུའི་རང་མདངས་མཚན་དཔེའི་ལང་ཚོ་ངོམ༔ མ་ཅིག་ལབ་ཀྱི་སྒྲོན་མའི་ཐུགས་དམ་བསྐང་༔ ཐུགས་སྲས་དམ་པ་མདོ་ལུགས་བཀའ་བབས་པའི༔ གྲུབ་དབང་ཐོད་སྨྱོན་བསམ་གྲུབ་ཐུགས་དམ་བསྐང་༔ སྔགས་ལུགས་བཀའ་བབས་རྩ་ཐིག་རླུང་ལ་དབང་༔ གྲུབ་ཆེན་རྒྱལ་བ་དོན་གྲུབ་ཐུགས་དམ་བསྐང་༔ ཟུང་འཇུག་བཀའ་བབས་ཟབ་དོན་མཐའ་རུ་ཕྱིན༔ གྲུབ་ཆེན་ཁམས་བུ་ཡ་ལེའི་ཐུགས་དམ་བསྐང་༔ མ་ཅིག་ཞལ་མཇལ་གནས་ལུགས་བཙན་ས་ཟིན༔ ཁུ་སྒོམ་ཆོས་ཀྱི་སེང་གེའི་ཐུགས་དམ་བསྐང་༔ བདུད་བཞི་ལམ་སློང་གཅོད་ཡུལ་མཐའ་རུ་ཕྱིན༔ ཐུགས་སྲས་བུ་ཆེན་བཅུ་དྲུག་ཐུགས་དམ་བསྐང་༔ བརྒྱུད་པའི་ཆུ་བོ་གཅིག་འདྲེས་ཐུགས་རྗེའི་བདག༔ གྲུབ་ཆེན་ཀརྨ་ཆགས་མེད་ཐུགས་དམ་བསྐང་༔ གཞན་ཡང་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པའི༔ བསྟན་འཛིན་དམ་པ་རྣམས་ཀྱི་ཐུགས་དམ་བསྐང་༔ དབེན་པའི་གནས་སུ་ཟབ་དོན་སྒྲུབ་ལ་བརྩོན༔ མཆེད་གྲོགས་ཆོས་མཛད་རྣམས་ཀྱི་ཐུགས་དམ་བསྐང་༔ དག་སྣང་བཀའ་ཡིས་ལུང་བསྟན་བྱིན་རླབས་ཐོབ༔ གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཐུགས་དམ་བསྐང་༔ འགྲོ་ལ་ཕན་བདེའི་གཞིར་གྱུར་སྤྲུལ་པའི་སྐུ༔ སྐལ་ལྡན་ལུང་རིག་གླིང་པའི་ཐུགས་དམ་བསྐང་༔ དབང་བསྐུར་རྒྱུད་བཤད་ལུང་སྦྱིན་ཉམས་ཆག་སྐོངས༔ རྡོ་རྗེ་སློབ་དཔོན་རྣམ་བཞིའི་ཐུགས་དམ་བསྐང་༔ བཀའ་དྲིན་གསུམ་ལྡན་སྙིང་དང་མིག་ལྟ་བུ༔ དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་༔ དཀྱིལ་འཁོར་ཆེན་པོར་མེ་ཏོག་ཕོག་པའི་ལྷ༔ དངོས་གྲུབ་ཀུན་འབྱུང་ཡི་དམ་ཐུགས་དམ་བསྐང་༔ གནས་སྐབས་མཐར་ཐུག་བར་ཆད་རྐྱེན་སེལ་བའི༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང་༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་ཐུགས་དམ་བསྐང་༔ སློབ་དཔོན་དཀྱིལ་འཁོར་མར་མེ་གཅིག་གིས་འབྲེལ༔ རྩ་བའི་མཆེད་ལྕམ་རྣམས་ཀྱི་ཐུགས་དམ་བསྐང་༔ ཡུལ་རིའི་གཞི་བདག་ཡུལ་ཁམས་མི་ཕྱུགས་སྐྱོངས༔ ཡུལ་ལྷ་དཀར་ཕྱོགས་རྣམས་ཀྱི་ཐུགས་དམ་བསྐང་༔ དུས་གསུམ་ཀུན་ཏུ་དྲིན་གྱིས་རབ་བསྐྱངས་པའི༔ རིགས་དྲུག་ཕ་མ་རྣམས་ཀྱི་ཐུགས་དམ་བསྐང་༔ ལུས་དང་ལོངས་སྤྱོད་ལན་ཆགས་རབ་བསྙེགས་པའི༔ བགེགས་རིགས་འབྱུང་པོ་རྣམས་ཀྱི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐངས་བའི་བྱིན་རླབས་ཀྱིས༔ སོ་ཐར་ཕྱི་ཡི་བསླབ་བྱ་ཉམས་པ་དང་༔ བྱང་སེམས་ནང་གི་ཉམས་ལེན་གཡེལ་བ་དང་༔ གསང་བ་སྔགས་ཀྱི་བསྐྱེད་རྫོགས་དམ་ཚིག་ཉམས༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ ཕྱིན་ཆད་མི་བགྱིད་དམ་བཅའ་བརྟན་པོ་བགྱི༔ ཉམས་པ་བསྐང་ཞིང་ཉེས་པ་སོར་ཆུད་ནས༔ ཚེ་འདིར་འཇིགས་བརྒྱད་བར་ཆད་དབྱིངས་སུ་ཞི༔ ཚེ་བསོད་ལུང་རྟོགས་ཡོན་ཏན་འཕེལ་ཞིང་རྒྱས༔ མོས་བཞིའི་ཚུལ་གྱིས་གདུལ་བྱ་དབང་དུ་འདུས༔ ལོག་འདྲེན་འབྱུང་པོ་མ་ལུས་རྡུལ་དུ་བརླགས༔ འབྲེལ་ཚད་འགྲོ་བ་ཐར་པའི་ལམ་དུ་འགོད༔ སྐུ་གསུམ་མཁའ་འགྲོའི་བདག་ཉིད་ལབ་སྒྲོན་མའི༔ འགྱུར་མེད་རྡོ་རྗེ་འགགས་མེད་ཚངས་པའི་དབྱངས༔ འཁྲུལ་མེད་མཁྱེན་བརྩེའི་དཔལ་ལ་ལོངས་སྤྱོད་ནས༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མྱུར་འགྲུབ་ཤོག༔ ཅེས་པའང་གཅོད་ཡུལ་ཌཱཀྐཱི་སྡེ་ལྔ་ཡི་ལས་བྱང་གི་ཆ་རྐྱེན་དུ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་བྱིན་རླབས་ཅུང་ཟད་ཐོབ་པའི་སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉི་མས་སྨྲས་པ་དུས་ཀུན་ཏུ་དགེ་བའི་རྒྱུར་གྱུར་ཅིག༔

གཅོད་ཀྱི་བརྒྱུད་རིམ་ཁ་སྐོང་བསྐང་བ་པདྨ་ཤེས་རབ་རྡོ་རྗེས་མཛད་པ།

༄༅།། གཅོད་ཀྱི་བརྒྱུད་རིམ་ཁ་སྐོང་ལ། མཁའ་སྤྱོད་འོག་མིན་གནས་མཆོག་ཕོ་བྲང་ན། །རྡོ་རྗེ་ཕག་མོ་གར་དབང་ཐུགས་དམ་བསྐང་། །དབུས་ཕྱོགས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་མ། །སྔོན་མོ་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །དཀར་མོ་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །སེར་མོའི་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །ནུབ་ཕྱོགས་པདྨ་རིགས་ཀྱི་མཁའ་འགྲོ་མ། །དམར་སེར་འབུམ་སྡེའི་འཁོར་བཅས་ཐུགས་དམ་བསྐང་། །བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །ལྗང་མོའི་འབུམ་སྡེ་འཁོར་བཅས་ཐུགས་དམ་བསྐང་། །འཇིགས་པ་ཀུན་སྐྱོབ་ལོངས་སྤྱོད་རྫོགས་པའི་སྐུ། །རྗེ་བཙུན་ཨཱརྱ་ཏཱ་རེའི་ཐུགས་དམ་བསྐང་། །དོན་དམ་ཕྱག་རྒྱ་ཆེན་པོ་མངོན་དུ་གྱུར། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་།། ༈ ཐུགས་སྲས་བུ་ཆེན་བཅུ་དྲུག་གི་བརྒྱུད་རིམ་ལ། ཤེར་ཕྱིན་དགོངས་དོན་རྒྱ་བོད་ཡོངས་ལ་གྲགས། །སྐྱེས་མཆོག་རྒྱལ་བ་དོན་གྲུབ་ཐུགས་དམ་བསྐང་། །སྲིད་ཞིའི་དཔལ་གྱུར་གཅོད་ཡུལ་མཐའ་རུ་ཕྱིན། །སྟོང་སྡེ་ངག་གི་དབང་ཕྱུག་ཐུགས་དམ་བསྐང་། །ཟབ་མོ་གཅོད་ཀྱི་བསྟན་འཛིན་རིན་པོ་ཆེ། །རབ་འབྱམས་རྒྱལ་བའི་འབྱུང་གནས་ཐུགས་དམ་བསྐང་། །བདུད་བཞི་ལམ་སློང་གཅོད་ཡུལ་མཐའ་རུ་ཕྱིན། །རང་གྲོལ་ཁུ་སྒོམ་ཆོས་སེང་ཐུགས་དམ་བསྐང་། །བྲམ་ཟེ་དཔལ་རྒྱན་འབུམ་རྒྱན་བསོད་རྒྱན་བཞི། །བརྒྱུད་འཛིན་སྲས་མོ་རྣམ་བཞིའི་ཐུགས་དམ་བསྐང་།། མ་ཅིག་དང་འདྲ་བའི་སྲས་བརྒྱད་ནི། འདས་དང་མ་འོངས་མཁྱེན་པ་ཐོགས་མེད་ཤར། །རང་བྱུང་སྐྱེ་མེད་དགའ་ཡན་ཐུགས་དམ་བསྐང་། །གནས་ལུགས་ལྷུན་གྲུབ་རྟོགས་པ་མངོན་དུ་གྱུར། །ཀློང་གྲོལ་ཕོ་སྨྱོན་སེང་གེའི་ཐུགས་དམ་བསྐང་། །བྱིན་ཐོབ་བྱིན་རླབས་ཆོས་ཀྱི་ཆར་པ་འབེབས། །རྣམ་འདྲེན་སྨྱོན་པ་རང་སངས་ཐུགས་དམ་བསྐང་། །བརྟུལ་ཞུགས་སྤྱོད་པས་རྣལ་འབྱོར་རྟོགས་ལྡན་གྱི། །འཁོར་འདས་དོལ་བ་ཟང་ཐལ་ཐུགས་དམ་བསྐང་། །ནུས་པ་སྔགས་ཀྱི་མྱུར་ལམ་ཟབ་མོ་ཐོབ། །སྟོབས་ལྡན་ཞིག་པོ་ཧུར་ཐོན་ཐུགས་དམ་བསྐང་། །ཐེག་ཆེན་ལྟ་བ་གནས་ལུགས་དབྱིངས་སུ་ཤར། །མཐུ་སྟོབས་སྐལ་ལྡན་སེང་གེའི་ཐུགས་དམ་བསྐང་། །མངོན་ཤེས་མངའ་ལྡན་རྫུ་འཕྲུལ་དཔག་མེད་སྟོན། །གྲུབ་ཆེན་རྒྱ་སྒོམ་ཧག་ཐོན་ཐུགས་དམ་བསྐང་། །འགྲོ་དོན་རང་འདྲའི་ཁམས་གསུམ་བདེ་ལ་བཀོད། །མཉམ་མེད་རྗེ་བཙུན་ཟིལ་གནོན་ཐུགས་དམ་བསྐང་།། བརྒྱུད་རིམ་བསྐང་བ་འདི་ནི་དབང་རྒྱལ་གྱིས་བཀོད་པའོ།། སྤྲང་བན་པདྨ་ཤེས་རབ་རྡོ་རྗེ་ཡང་ཟེར་མཆན།

གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ་ཧོར་བླས་མཛད་པ།

ཟབ་མོ་གཅོད་ཀྱི་བཀའ་བསྲུང་གཟའ་བཙན་ཀླུའི་མཆོད་ཕྲིན་རབ་འབྱམས་རྒྱ་མཚོ་བི་ཛ་ཧ་རཾ༔

ན་མོ་པྲཛྙཱ་པ་ར་མི་ཏ་ཡེ༔ ཡུམ་ཆེན་སྒྲོལ་མ་ཛྙཱ་ན་ས་ག་ར༔ དབྱེར་མེད་སྤྲུལ་སྐུ་མ་ཅིག་མ་ལ་འདུད༔ བཀའ་སྲུང་དྲག་པོ་མཆེད་གསུམ་མཆོད་ཕྲེང་འདི༔ མ་བརྩམ་སྒྲུབ་ལ་བར་ཆད་འབྱུང་ཉེན་ཆེ༔ དེ་ཕྱིར་མཆོད་ཐབས་རབ་འབྱམས་རྒྱ་མཚོ་སྤེལ༔ མ་ཅིག་གྲུབ་ཐོབ་ཚོགས་ཀྱིས་གནང་བ་སྩོལ༔ དེ་ལ་འདིར་དྲག་པོ་ལྷ་གསུམ་བརྟེན་པར་འདོད་པས་ཐོད་པའི་ནང་དུ་གཟའ་གཏོར་གཡས་གཅུས་མི་རོ༔ མིག་མང་གློག་ཞགས་མེ་རིའི་ཕྲེང་བས་བསྐོར་བ༔ མཐུན་རྫས་བསགས་ཤིང་དར་དཀར་གྱི་གུར་ཕུབ༔ བཙན་རྒོད་མཆེད་གཉིས་ལ་བསེ་སྡེར་ནང་དུ་མཁར་ཐབས་སྟེང་དམར་གཏོར་གཉིས་ལ་བྱ་དམར་ལིངྐ་མི་དམར་ཁྱི་དམར་དར་དམར་སོགས་མཐུན་རྫས་ཚོགས་ཚད་བཤམས༔ རིན་པོ་ཆེའི་སྣོད་དུ་ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་ལ་བཤོས་ཟླུམ་རྒྱབ་ཡོལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན་དཀར་གསུམ་མངར་གསུམ་ཀླུ་ནོར་འབྲུ་སྨན་རྩི་བཅུད་དར་སྔོན་འཕན་གདུགས་སོགས་གཙང་སྦྲ་གྱ་ནོམ་བསགས༔ རྣལ་འབྱོར་སེམས་བསྐྱེད་ལྡན་པས་ཕུད་གཏོར་གསེར་སྐྱེམས་ཆབ་ཀྱིས་སྦྱངས་ཤིང་འབྲུ་གསུམ་གྱིས་བརླབས་ལ༔ ཕཊ༔ ཡེ་གཞི་སྟོང་ཆེན་ཆོས་དབྱིངས་ནམ་མཁའ་ལ༔ ཡེ་ཤེས་གྲོལ་འཁྲུལ་རླུང་འགྱུའི་སྒྱུ་འཕྲུལ་གར༔ གྲོལ་གཞི་བདག་མེད་ལྷ་མོ་ལབ་སྒྲོན་མ༔ རྣམ་པ་ཁྲོས་མ་དམར་མོའི་སྐུར་གསལ་བའི༔ ཐུགས་ཀའི་བཾ་ལས་འོད་ཟེར་ལྕུགས་མ་ལྟར༔ འཕྲོས་པས་བཀའ་སྲུང་དྲག་པོ་མཆེད་གསུམ་ལ༔ ཕོག་པས་རང་བཞིན་གར་བཞུགས་ཞིང་ཁམས་ནས༔ སྔོན་གྱི་དམ་ཚིག་དྲན་བཞིན་འུར་གྱིས་བསྐྱོད༔ སྐད་ཅིག་ཉིད་ལ་རང་མདུན་བྱོན་པར་གྱུར༔ ཀཿཙ་ཏྲི་ནཱ་ག་བཛྲ་ས་མ་ཡཱ་ཛ་ཛ༔ ཕཊ༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་དྲག་པོ་མཆེད་སྡེ་གསུམ༔ ནམ་མཁའི་ཁམས་ལ་བརྟེན་བཅས་པའི༔ དྲང་སྲོང་སྲིན་པོ་གཤེགས་སུ་གསོལ༔ ཟངས་རི་མཁར་ལ་བརྟེན་བཅས་པའི༔ བཙན་རྒོད་མཆེད་གཉིས་གཤེགས་སུ་གསོལ༔ རྒྱ་མཚོ་ཆེན་པོར་གནས་བརྟེན་པའི༔ ཀླུ་རྒྱལ་ཟླ་སྐྱོང་གཤེགས་སུ་གསོལ༔ ཁྱེད་རྣམས་དྲག་པོ་ལྷ་ཆེན་གསུམ༔ སྤྲུལ་པ་ཡང་སྤྲུལ་འཁོར་ཚོགས་བཅས༔ དམ་པ་སྐྱོ་སྟོན་བླ་མ་དང་༔ མ་ཅིག་ཡབ་སྲས་བཀའ་དམ་བཞིན༔ དྲན་པར་མཛོད་ལ་འདིར་སྤྱོན་ཅིག༔ རང་རང་མཐུན་པའི་གདན་ལ་བཞུགས༔ ཤ་ཁྲག་དཀར་མངར་སྐྱེམས་དང་ཕུད༔ དྲག་པོ་མཆེད་གསུམ་མཉེས་པའི་རྫས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ མཆོད་དོ་འབུལ་ལོ་དགྱེས་པར་མཛོད༔ མ་གཡེལ་མ་འདའ་ས་མ་ཡཱ༔ ཕཊ༔ དེ་ནས་རང་མདུན་གཏོར་སྣོད་གྲུ་གསུམ་འབར་བའི་ནང་དུ༔ གཏོར་མ་དེ་ཉིད་དགྲ་བོ་དམ་སྲི་ཡིད་ལ་དམིགས་པ་དེ་དངོས་སུ་གསལ་བར་གྱུར༔ བདག་ཉིད་ཁྲོས་མའི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་གཅིག་འཕྲོས༔ དྲག་པོ་མཆེད་གསུམ་གྱི་ཐུགས་རྒྱུད་བསྐུལ༔ དགྲ་བོ་འགུགས་པའི་ལས་ལ་རྔམ་ཞིང་འཁྲུགས་པས་དེ་རྣམས་ཀྱི་ཐུགས་ཀ་ནས་ལས་བྱེད་ཀྱི་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས་དགྲ་བགེགས་རྣམས་རང་དབང་མེད་པར་བཀུགས་ནས་དམིགས་པའི་རྟེན་ལ་ཐིམ་པར་བསམ༔ ན་མོ་དྲིན་ཆེན་གཅོད་ཡུལ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང༔ ཡི་དམ་རྡོ་རྗེ་ཕག་མོ་ལྷ་ལྔའི་བདེན་པ་དང༔ བདུད་འདུལ་ཁྲོས་མ་ནག་མོའི་བདེན་པ་དང་༔ མ་ཅིག་ལབ་ཀྱི་སྒྲོལ་མའི་བདེན་པ་དང༔ མཁའ་འགྲོ་བྱེ་བ་འབུམ་སྡེ་བཀའ་བསྲུང་ཆོས་སྐྱོང་དང་བཅས་པའི་བདེན་པ་དང༔ ཁྱད་པར་དུ་དྲང་སྲོང་ཁྱབ་འཇུག་མགོ་དགུ། ཟངས་རི་འབར་བ་མཆེད་གཉིས༔ ཀླུ་རྒྱལ་དྲག་པོ་ཟླ་སྐྱོང༔ སྤྲུལ་པ་ཡང་སྤྲུལ་དང་བཅས་པའི་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུས༔ སངས་རྒྱས་བསྟན་པའི་སྤྱི་དགྲ༔ རྣལ་འབྱོར་བདག ་གི་སྒོས་དགྲ༔ བཀའ་དང་དམ་ལ་མི་གནས་འགྱུར་ལྡོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པའི་གདོན་བགེགས༔ བསམ་ངན་འཆང་བའི་བྱད་མ༔ དོ་བརྡོ་ཞིང་ཕོད་བཙུགས་པའི་དགྲ་བོ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་དམར་གྱི་གཏོར་མ་འདིའི་ནང་དུ་ཁུག་ཅིག༔ བཛྲ་ཨངྐུ་ཤ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྤྲུལ་པ་ལས་བྱེད་ཤན་པའི་ཚོགས་ཀྱིས་དགྲ་བགེགས་བྱད་མ་བསྒྲལ་བའི་ལས་བྱས་པ་ཙམ་གྱིས་ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་ཆེན་པོར་གྱུར་ནས་དྲག་པོ་མཆེད་གསུམ་འཁོར་དང་བཅས་པས་ལྷག་མ་མེད་པར་གསོལ་བར་བསམ༔ ཀྵ་རཀྴ་ར་ཧུ་ལ་ཙ་ཏྲི་ཧུར་ཐུམ་ནཱ་ག་ར་ཛ་ཕུ་པྲ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིང་ཏ་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀིཾ་ནི་རི་ཏི་ལ་ཁ་ཁ་ཁ་ཧཱི་ཁ་ཧཱི༔ ལན་གསུམ་མམ་བདུན་གྱིས་འབུལ་ཞིང་ཞུ་གསོལ་ནི༔ ཧཱུྃ་ཀྵ་ཕཊ༔ དྲང་སྲོང་ཁྲོས་པ་སྲོག་གི་བདག༔ ལུས་གཅིག་མགོ་དགུ་བྱ་རོག་གི༔ གཙུག་ཏོར་རྩ་ཞལ་རཀྴའི་གདོང༔ མགོ་བོ་བརྒྱད་ལ་གཟའ་བརྒྱད་འཕྲོ༔ བྱ་རོག་མགོ་ཡིས་བསྟན་པ་སྲུང་༔ སྐུ་སྟོད་སྲིན་གཟུགས་སྐུ་སྨད་སྦྲུལ༔ ལྷ་ཀླུའི་དམག་ཚོགས་སྡོང་ཟླ་བྱེད༔ ཕྱག་བཞི་ཆུ་སྲིན་རྒྱལ་མཚན་དང༔ ཞགས་པ་མདའ་གཞུ་དགྲ་ལ་གཟིར༔ གདོང་མོ་མཆེད་བཞི་ལས་ལ་འགྱེད༔ སྤྱན་སྟོང་སྲིད་གསུམ་བྱ་ར་བྱེད༔ ལྷ་སྲིན་རྒྱུ་སྐར་ཕོ་ཉར་འགྱེད༔ མེ་འབར་འོད་འཁྱུགས་ཐོག་སེར་འབེབས༔ གཟའ་བདུད་མ་རུང་མཐུ་རྩལ་ཅན༔ ཤམ་པོ་གངས་ཀྱི་ར་བ་རུ༔ དམ་པ་མ་ཅིག་སྤྱན་སྔ་རུ༔ ཁས་བླངས་ཡལ་གམ་ཕོག་པ་བཞིན༔ ཤ་ཁྲག་བརྒྱན་པའི་གཏོར་མ་བཞེས༔ རྣལ་འབྱོར་ཡོན་མཆོད་འཁོར་འབངས་ལ༔ ལྷ་ཀླུའི་དལ་ཁ་གནམ་གཟེར་བཟློག༔ གཅོད་ཡུལ་བསྟན་པ་དར་བ་དང་༔ གཅོད་མཁན་བདག་གི་སྡོང་གྲོགས་མཛོད༔ སྡང་བར་བྱེད་པའི་དགྲ་བོ་རྣམས༔ ཧུར་ཐུམ་ལྐུགས་རིང་ནད་ཀྱིས་སོད༔ གང་བཅོལ་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ༔སྒྲ་སྒྲོགས་ལ་བཀའ་བསྒོ་བྱ༔ ས་མ་ཡཱ༔ གཉིས་པ་བཙན་གྱི་མཆོད་ཐབས་ནི༔ ཧཱུྃ་ཏྲི་ཛ༔ ཕཊ༔ བཙན་རྒོད་འབར་བ་མཆེད་གཉིས་པོ༔ ཁས་བླངས་དམ་ཚིག་དྲན་མཛོད་ལ༔ གཅོད་ཡུལ་བསྟན་པ་སྲུང་བ་དང་༔ གཅོད་མཁན་བདག་གི་སྡོང་གྲོགས་མཛོད༔ བསྟན་ལ་འཁུ་བའི་ལོག་འདྲེན་ལ༔ མི་མཐུན་རྟགས་དང་ཆོ་འཕྲུལ་སྟོན༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཕཊ༔ ཅེས་འདིས་ཕྲིན་ལས་གང་བརྩམ་བཅོལ༔ ས་མ་ཡཱ༔ གསུམ་པ་ཀླུ་ཡི་མཆོད་ཕྲེང་ནི༔ ཕུ་པྲ་ནཱ་ག༔ ཕཊ༔ ཤིང་གཅིག་སྡོང་པོ་གསེར་སླག་ཅན་གྱི་དྲུང༔ ཆུ་མིག་དྲག་པོ་གནམ་དུ་འཕྱུར་བའི་ནང༔ ཡིད་བཞིན་རིན་ཆེན་ལས་གྲུབ་གཞལ་ཡས་ཁང༔ པདྨ་འདབ་སྟེང་གསེར་གྱི་རུས་སྦལ་སྟེང༔ སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀུན་གྱི་གཙོ༔ ཀླུ་མཆོག་ཀླུ་རྒྱལ་ཟླ་བ་སྐྱོང་མཛད་ཞེས༔ སྔོན་ཚེ་སངས་རྒྱས་བསྟན་པ་བསྲུང་བའི་གཉེན༔ སྐུ་མདོག་དཀར་ལ་སྔོ་བསང་འཇའ་འོད་འཕྲོ༔ སྦྲུལ་མགོ་འབར་བ་བདུན་གྱི་གདེངས་ཀ་འཕྲོ༔ དབང་སྔོན་ལྷུན་པོའི་ཅོད་པཎ་བླ་ན་མཐོ༔ ཕྱག་གཉིས་ཐལ་སྦྱར་ཡིད་བཞིན་མ་ཎི་འཛིན༔ དར་དང་རིན་ཆེན་ནོར་བུའི་རྒྱན་ཆས་སྤུད༔ སྐུ་སྨད་ལྟོ་འཕྱེ་གདུག་པ་སྦྲུལ་དུ་འཁྱིལ༔ རྒྱལ་རིགས་རྗེ་རིགས་དམངས་རིགས་གདོལ་བ་སོགས༔ ས་བདག་ཀླུ་གཉན་བྱེ་བ་དུང་ཕྱུར་བཅས༔ གཏོར་མ་དཀར་མངར་འོ་ཞོ་གསེར་གཡུའི་སྐྱེམས༔ མེ་ཏོག་ནེའུ་གསིང་ལྗོན་པ་སྐྱེད་ཚལ་བཅས༔ ཚ་བའི་གདུང་བསིལ་གྲང་བའི་ཆབ་གཏོར་སོགས༔ གང་ཡང་མ་ཚང་མེད་པའི་མཐུན་རྫས་འབུལ༔ དམ་པ་མ་ཅིག་ཐོད་པ་བྷ་ཏྲ་དང་༔ རྒྱལ་བ་དོན་གྲུབ་གཅོད་བརྒྱུད་བླ་མ་ཡིས༔ བཀའ་དང་དམ་ཚིག་བསྒྲགས་པ་དྲན་མཛོད་ལ༔ གཅོད་ཡུལ་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ གཅོད་མཁན་བདག་གི་ཁ་འཛིན་དཔུང་གྲོགས་མཛོད༔ བདག་ཅག་དཔོན་སློབ་ལྟོས་བཅས་ཡོན་བདག་ལ༔ གཉན་ནད་ཀློག་པ་སྐེམ་པ་སྲན་ཆུ་བུར༔ མཛེ་རིགས་བཅོ་བརྒྱད་ནད་རྣམས་ཞི་བ་དང༔ རྩ་དཀར་བཀྲོལ་ཞིང་རྨང་ནག་ལ་ཐག་ཆོད༔ ཆར་ཆུ་དུས་འབབ་ལོ་ཕྱུག་ཕུན་སུམ་ཚོགས༔ མུ་གེ་བང་མཛོད་སྐམ་པའི་འགོང་པོ་ཐུལ༔ ཀླུ་ཡི་ཕྱྭ་གཡང་དཔལ་གྱི་དངོས་གྲུབ་སྩོལ༔ སྟོབས་རྩལ་ཀླུ་ཡི་དཔལ་ལ་འགྲན་པར་མཛོད༔ བདག་དང་བསྟན་ལ་སྡང་བའི་དགྲ་བོ་ལ༔ མཛེ་ནད་ལྷོག་རྒོད་འབེབ་པས་དུས་མཐའ་སྟོང༔ གང་བཅོལ་ལས་རྣམས་འགྲུབ་པར་མཛད་དུ་གསོལ༔ ཕཊ༔ ཅེས་འདིས་འདོད་དོན་ལས་ལ་བསྐུལ༔ ས་མ་ཡཱ༔ ཀྵ་ཏྲི་ཙ་ནཱ་ག་ཕུ་པྲ་ཛ༔ ཕཊ༔ ཆོས་སྐུ་ཡུམ་ཆེན་ལོངས་སྐུ་ཁྲོས་མ་ནག༔ སྤྲུལ་སྐུ་མ་ཅིག་ཡབ་སྲས་བཀའ་ཉན་པ༔ དྲང་སྲོང་ཁྱབ་འཇུག་ཟངས་རི་མཆེད་སྡེ་གཉིས༔ ཀླུ་ཡི་རྒྱལ་པོ་དྲག་པོ་ཟླ་བ་སྐྱོང༔ འཁོར་བཅས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར༔ གཡར་དམ་གཅིག་པུས་ངང་ནས་བསྟོད་པར་བགྱི༔ དབུ་འཕང་ལྷུན་པོའི་སྤོ་ལ་བསྟོད་ཅིང་བསྔགས༔ དགྲ་བགེགས་ལོག་འདྲེན་འདུལ་ཕྱིར་ལས་ལ་བསྐུལ༔ ཕྲིན་ལས་གཉན་པོ་བསྒྲུབ་ཕྱིར་བསྐུལ་ཞིང་རྦད༔ རྣམ་པ་བཞི་ཡི་ཕྲིན་ལས་མྱུར་དུ་སྒྲུབ༔ བསྐུལ་ལོ་དྲག་པོ་མཆེད་གསུམ་ལས་ལ་བསྐུལ༔ ཤ་ཁྲག་མཐུན་རྫས་གཏོར་མ་འདི་འབུལ་ལོ༔ དམ་པ་ཡུམ་ཆེན་མ་ཅིག་བཀའ་བཞིན་དུ༔ སྡང་བའི་དགྲ་དང་བགེགས་ལ་རྟགས་ཕྱུངས་ཤིག༔ མི་མིན་བྱད་མ་བསྒྲལ་བའི་ལས་མཛོད་ཅིག༔ གཉན་ས་རི་ཁྲོད་འགྲིམ་པའི་མཐུན་རྐྱེན་སྒྲུབས༔ སྟོང་ཉིད་སྙིང་རྗེ་སྒོམ་པའི་བུ་སློབ་སྐྱོངས༔ བསྟན་ལ་ཞབས་ཏོག་སྒྲུབ་པའི་སྦྱིན་བདག་འཚོས༔ གཅོད་ཡུལ་བསྟན་པ་ཡར་ཟླའི་མཆེད་པོར་མཛོད༔ དེ་འཛིན་སྐྱེས་བུ་སྐར་ཚོགས་གྲངས་སུ་སྤེལ༔ དམ་ལོག་བསྟན་དགྲ་ཉེར་དགུའི་ཟླ་ལྟར་ཐོངས༔ ཁ་རྗེ་དབང་ཐང་ནམ་ལངས་རྒྱུ་སྐར་བཞིན༔ མི་འདོད་ལོག་ལམ་ཁྲིད་ལ་དུས་མཐའ་སྟུངས༔ གནོད་ཅིང་འཚེ་བའི་བསྟན་དགྲ་འཇོམ་པར་མཛོད༔ ཅེས་པའང་ཡབ་རྗེ་སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པའི་མ་ཅིག་སྒྲུབ་ཐབས་ཀྱི་མ་ཚང་ཁ་སྐོང་གི་རྒྱུར་རང་སློབ་དད་པའི་ལང་ཚོ་བླ་ལྷག་ཏུ་ངོམ་པའི་བཙུན་པ་འཇམ་དབྱངས་ཉི་མས་གཤའ་ཡི་པར་བུ། ཤེལ་གྱི་མེ་ལོང་བཞིན་ལེགས་པ། མཛེས་བྱེད་རྨ་བྱའི་སྒྲོའི་སྐྱེས་བཅས་བསྐུལ་བ་ལ་བརྟེན་ནས་ཆོས་རྒྱུད་འཛིན་པའི་རིགས་ལ་མཁོ་ཕྱིར་ཁོ་བོ་བླ་གཟུགས་ཁྱི་ཕག་གི་མཾ་ས་ཟས་མཆོག་ཏུ་རློམ་པའི་འཆོལ་བོ་འདུ་ཤེས་གསུམ་པ་དེས་བྲིས་ཤིང་ཡོངས་ལ་དགེ་ཞིང་བཀྲ་ཤིས་སྟེ་ཟབ་མོ་གཅོད་ཀྱི་བསྟན་པ་ཉི་ལྟར་མངོན་པའི་རྒྱུར་གྱུར་ཅིག །

དྲག་པོ་མཆེད་གསུམ་གྱི་གསོལ་བསྡུས་བསྟན་དགྲ་འཇོམས་བྱེད་ཧོར་བླས་མཛད་པ།

ཟབ་མོ་གཅོད་ཀྱི་གདམས་པ་ལས༔ བཀའ་བསྲུང་དྲག་པོ་མཆེད་གསུམ་གྱི་གསོལ་བསྡུས་བསྟན་དགྲ་འཇོམས་བྱེད་བཞུགས༔ མ་ཅིག་ཡུམ་ཆེན་ལ་ཕྱག་འཚལ་ལོ༔ དྲག་པོ་མཆེད་གསུམ་གསོལ་བསྡུས་ནི༔ རང་ཉིད་ལྷར་གསལ་ཐུགས་ཀའི་ཧཱུྃ༔ དེ་ལས་འོད་འཕྲོས་རང་བཞིན་གྱི༔ གནས་མཆོག་དམ་པ་གར་བཞུགས་ནས༔ གཟའ་ཀླུ་བཙན་གྱི་སྡེ་ཚོགས་རྣམས༔ བྱ་རྒོད་ཐེད་ལ་ལྷགས་པ་བཞིན༔ སྐད་ཅིག་ཉིད་དུ་འདིར་གཤེགས་ཤིག༔ ར་ཧུ་ལ་ནཱ་ག་ཏྲི་ཤུ་ལ་སརྦ་ས་མ་ཡཱ་ཛ༔ ས་མ་ཡཱ་ཏིཥྛན་ཏུ༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ ཨོཾ་བཛྲ་ཨརྒྷཾ་པདྱཾ༴སོགས་ནས་ ཤཔྟ་པྲ་ཏིཙྪ་པཱུ་ཛ་མ་ཧཱ་ཨ་མྲྀ་ཏ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་བྷྱོ་ཛ༔ སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ༔ གཅོད་ཡུལ་གཅོད་མཁན་བསྲུང་བའི་ཕྱིར༔ ཁས་བླངས་དམ་བཅས་མཐུ་རྩལ་ཅན༔ སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ་བོ༔ དྲང་སྲོང་ཆེན་པོ་འཁོར་བཅས་བསྟོད༔ ལོངས་སྤྱོད་གཏེར་གྱི་མངའ་བདག་རྗེ༔ ནཱ་ག་ར་ཛ་འཁོར་བཅས་བསྟོད༔ དགྲ་ལ་གྲི་འཐབ་གཏོང་བའི་རྒྱལ༔ ཟངས་རི་བཙན་གྱི་མཆེད་སྡེ་བསྟོད༔ དམར་གྱི་གཏོར་མ་རང་མཐུན་བཞེས༔ རྣལ་འབྱོར་བདག་གི་བསམ་པ་སྒྲུབས༔ མི་མཐུན་དགྲ་གདོན་གཡུལ་ངོ་བཟློག༔ གཅོད་ཡུལ་བསྟན་པ་དར་བ་དང་༔ སྦྱིན་བདག་བར་ཆད་ཞི་བར་མཛོད༔ སློབ་བུ་གསལ་སྟོང་བཞེད་སྐོང་དུ༔ ས་ར་ཧི་ཏས་བྲིས་པ་དགེ་ལེགས་འཕེལ༔

སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་གཏེར་བུམ།

༄༅།། སྒྱུ་ལུས་མཆོད་སྦྱིན་ཚོགས་གཉིས་གཏེར་བུམ་བཞུགས༔ ཕཊ༔ ཚེ་འདིར་བདེ་དང་གྲགས་འདོད་རེ་བ་དང་༔ སྡུག་བསྔལ་ན་ཚ་གཏམ་ངན་བྱུང་དོགས་སྡུག༔ དེ་ཀུན་འཁོར་བའི་བདག་འཛིན་འདྲེ་བོ་ཆེ༔ རོ་སྙོམས་སྟོང་པའི་དབྱིངས་སུ་དབང་བསྡུས་ནས༔ རང་བྱུང་བདེ་ཆེན་ཀློང་དུ་ཟིལ་གྱིས་གནོན༔ ཕཊ༔ མདུན་མཁར་སྐྱབས་ཀུན་བདག་ཉིད་བླ་མ་དང་༔ མ་ཅིག་ལབ་སྒྲོན་དབྱེར་མེད་རྣམ་པར་བཞུགས༔ སྐྱབས་གནས་མཆོག་གསུམ་རྩ་གསུམ་དམ་ཅན་ཚོགས༔ སྤྲིན་ཕུང་འཐིབས་བཞིན་བཞུགས་པར་གསལ་བ་ལ༔ བདག་གཞན་བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ཕཊ༔ འགྲོ་ཀུན་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས༔ ཡང་དག་རྫོགས་པའི་བྱང་ཆུབ་འཐོབ་བྱའི་ཕྱིར༔ ཚོགས་གཉིས་ཟུང་འཇུག་མཆོད་སྦྱིན་ཉམས་བླངས་ནས༔ རྣམ་རྟོག་ཐོག་བརྫིས་འཁོར་འདས་མཉམ་ཉིད་ངང་༔ ལྟ་སྤྱོད་མ་ནོར་ཆོས་སྤྱོད་རྒྱུན་འཁྱེར་བྱ༔ ཕཊ༔ བདག་གི་རྐང་མཐིལ་གཉིས་སུ་ཕ་མ་ལས༔ ཐོབ་པའི་ཐིག་ལེ་དཀར་དམར་གསང་བར་འདྲེས༔ ཕཊཿཅེས་ལྟེ་བ་སྙིང་མགྲིན་སྤྱི་བོ་ནས༔ ཚངས་བུག་མཁའ་ལ་ཐོན་ཏེ་དབྱིངས་རིག་བསྲེས༔ སྟོང་ཆེན་ནམ་མཁའ་བརྡལ་བའི་ངང་དུ་བཞག༔ ཕཊ༔ སླར་ཡང་དབྱིངས་ལས་རིག་པ་རྣལ་འབྱོར་མ༔གྲི་གུག་ཐོད་འཛིན་གཟུགས་ཕུང་ས་ལ་འགྱེལ༔ ཆེ་ཚོ་སྣུམ་ལྡན་དེ་ཡི་ཐོད་པ་བྲེགས༔ སྟོང་ཁམས་ཁྱབ་པའི་ནང་དུ་རང་ལུས་གཞུག༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བདུད་རྩིར་བསྒྱུར༔ ཨོཾ་ཨཱཿཧཱུྃགྲངས་མང་། མཐར་ནི་མགྲོན་བཞིར་དམིགས་པར་བསྔོ༔ ཕཊ༔ དཀོན་མཆོག་སྲིད་ཞི་མགོན་པོ་ཡོན་ཏན་མགྲོན༔ རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་མགྲོན༔ མཆོད་སྦྱིན་མགྲོན་བཞི་འདིར་གཤེགས་མཆོད་སྦྱིན་བཞེས༔ བདག་གཞན་ལས་ངན་སྡིག་སྒྲིབ་ལན་ཆགས་བྱང་༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག༔ ཕཊ༔ བདག་ལུས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན༔ མེ་ཏོག་སྤོས་མེ་དྲི་ཆབ་ཞལ་ཟས་སྒྲ༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས༔ དཀོན་མཆོག་སྲི་ཞུའི་མགྲོན་ལ་མཆོད་པ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ ཕཊ༔ བདག་ལུས་སྐྱེད་ཚལ་ཟས་གོས་ན་བའི་སྨན༔ དཀོར་ནོར་རྟ་གླང་འདོད་འཇོའི་བ་ལ་སོགས༔ གང་འདོད་ལོངས་སྤྱོད་ནམ་མཁའ་མཛོད་ལྟར་དམིགས༔ མགོན་པོ་ཡོན་ཏན་མགྲོན་རིགས་རྣམས་ལ་བསྔོ༔ བཞེས་ནས་མཐུན་རྐྱེན་སྒྲུབ་ལ་འགལ་རྐྱེན་སོལ༔ ཕཊ༔ བདག་ལུས་ཟག་མེད་ཆོས་སྒྲས་སྟོང་ཁམས་གང་༔ རིགས་དྲུག་འགྲོ་བའི་སེམས་ཅན་ཀུན་གྱིས་ཐོས༔ ངན་སོང་གསུམ་གྱི་ཚ་གྲང་བཀྲེས་སྐོམ་དང་༔ བཀོལ་སྤྱོད་ལ་སོགས་སྡུག་བསྔལ་མ་ལུས་ཞི༔ ཀུན་ཀྱང་རྣམ་མཁྱེན་ཡེ་ཤེས་མྱུར་ཐོབ་ཤོག༔ ཕཊ༔ བདག་ལུས་ཤ་ཁྲག་རུས་གསུམ་ས་གཞི་ཁྱབ༔ ཕོ་གདོན་རྒྱལ་པོ་མོ་གདོན་བསེན་མོ་དང་༔ ཀླུ་གདོན་ས་བདག་བགེགས་རིགས་ཚོགས་ལ་བསྔོ༔ ཀུན་ཀྱང་དགྱེས་བཞེས་བུ་ལོན་ལན་ཆགས་བྱང་༔ ངན་སོང་འཁོར་བའི་སྐྱེ་སྒོ་ཆོད་པར་ཤོག༔ ཕཊ༔ རྗེས་ལ་དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར༔ བསྔོ་བའི་ཚིག་ནི་གཞན་ཕན་བློ་དང་བཅས༔ ཕཊ༔ སྐྱབས་ཡུལ་ཐམས་ཅད་འོད་ཀྱི་ཕུང་པོ་རུ༔ གྱུར་ནས་བླ་མ་ལ་ཐིམ་སྤྲོས་བྲལ་ངང་༔ སླར་ཡང་བླ་མ་འོད་ཞུ་རང་ལ་ཐིམ༔ གཉིས་འཛིན་བྲལ་བ་སྐྱེ་མེད་ཡུམ་ཆེན་ཀློང་༔ ཕཊ༔ དེ་ལྟར་སྒྱུ་ལུས་ཆོས་དང་ཟང་ཟིང་གི༔ མཆོད་སྦྱིན་འཁོར་གསུམ་ཡོངས་དག་རྒྱས་བཏབ་ནས༔ སྲིད་ཞི་མཉམ་ཉིད་ཀ་དག་གཉུག་མའི་ཀློང་༔ ལྷུན་གྲུབ་གཞོན་ནུ་བུམ་སྐུའི་བཀྲ་ཤིས་ཤོག༔ བསོད་ནམས་འདི་ཡིས་སོགས་བྱའོ༔ ཞེས་པའང་རྒྱ་སྤྲུལ་བླུན་རྒན་ཟོག་པོས་རྣལ་འབྱོར་བླ་མའི་བཀའ་བཞིན་ཐོལ་བྱུང་དུ་སྨྲས་པའོ༔

ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་མྱུར་རྫོགས།

༄༅།། ཕུང་པོའི་མཆོད་སྦྱིན་ཚོགས་གཉིས་མྱུར་རྫོགས་བཞུགས༔ ཕཊ༔ རང་ཉིད་རྗེ་བཙུན་དམར་མོའི་དཔའ་ཟིལ་གྱིས༔ སྣང་སྲིད་ལྷ་འདྲེ་དབང་བསྡུས་ཟིལ་གྱིས་མནན༔ འཁོར་འདས་བདག་གཞན་རེ་དོགས་བཟང་ངན་ཆོས༔ ཐམས་ཅད་སྟོང་པའི་དབྱིངས་སུ་འུབ་ཆུབ་གྱུར༔ ཕཊ༔ མཆོག་གསུམ་ངོ་བོ་ཡུམ་ཆེན་ལབ་སྒྲོན་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ གནས་གདོན་ལུས་གདོན་ལྷ་འདྲེའི་གཙོར་བཅས་པའི༔ འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་མཆོད་སྦྱིན་བྱ༔ ཕཊ༔ རང་ལུས་སྟོང་གསུམ་གང་བའི་ཕུང་པོར་གྱུར༔ ལུས་ནང་རྩ་གསུམ་འདུས་མདོར་ཕ་མ་ཡི༔ ཐིག་ལེ་དཀར་དམར་གཅིག་འདྲེས་གསང་བ་ནས༔ ཕཊ༔ཅེས་བརྗོད་པས་དབུ་མའི་ནང་བརྒྱུད་དེ༔ ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་ནས༔ ཚངས་བུག་རྒྱ་མཐོངས་ཁ་ཕྱེ་ལྟ་བུར་ཐོན༔ ནམ་མཁའི་དབྱིངས་འདྲེས་སྟོང་ཆེན་གདོད་མའི་ངང་༔ ཕཊ༔ སླར་ཡང་སྟོང་པའི་དབྱིངས་ནས་རིག་པའི་རྩལ༔ ཁྲོས་མ་དམར་མོ་གྲི་གུག་གདེངས་པ་ཡིས༔ སྒྱུ་ལུས་ཕུང་པོའི་ཐོད་པ་བཀོག་པའི་ནང་༔ རང་ལུས་དུམ་བུ་སིལ་བུར་གཏུབས་པར་གྱུར༔ ཕཊ༔ དེ་སྟེང་ཨོཾ་ཨཱཿཧཱུྃ་ཡིག་དཀར་དམར་མཐིང་༔ འོད་དུ་ཞུ་བས་བྷནྡྷ་ལྟེམ་གྱིས་གང་༔ ཟག་མེད་ཡེ་ཤེས་འདོད་རྒུའི་སྤྲིན་ཕུང་འཁྲིགས༔ མགྲོན་བཞི་སྤྱན་དྲངས་ས་གསུམ་གནས་ཀུན་ཁྱབ༔ ཕཊ༔ ཕུང་པོའི་མཆོད་སྤྲིན་རྒྱལ་སྲིད་རིན་ཆེན་བདུན༔ བཀྲ་ཤིས་རྫས་རྟགས་ཉེར་སྤྱོད་འདོད་ཡོན་ལྔས༔ ཐུབ་དབང་སྲས་བཅས་དཀོན་མཆོག་སྲིད་ཞིའི་མགྲོན༔ མ་ལུས་མཆོད་དོ་ཚོགས་རྫོགས་སྒྲིབ་དག་ཤོག༔ཕཊ༔ཕུང་པོ་སྨན་རཀ་གཏོར་མ་བསྐང་རྟེན་རྫས༔དཔལ་མགོན་ཡོན་ཏན་མགྲོན་དུ་གྱུར་པ་ཡི༔ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་མཆོད༔ བཞེས་ནས་འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྒྲུབ༔ ཕཊ༔ བདག་ལུས་བྱང་ཆུབ་སེམས་ཀྱི་ཆོ་འཕྲུལ་ལས༔ རིགས་དྲུག་སྡུག་བསྔལ་སེལ་བའི་དཔལ་དུ་གྱུར༔ རང་རང་སྡུག་བསྔལ་མ་ལུས་ཞི་གྱུར་ནས༔ ཀུན་ཀྱང་མངོན་མཐོ་ངེས་ལེགས་ཐོབ་པར་ཤོག༔ ཕཊ༔ བདག་ལུས་པགས་པ་ས་གཞིའི་ཁྱོན་དུ་བཀྲམ༔ དེ་སྟེང་རང་རིག་ཁྲོས་མའི་གྲི་གུག་གིས༔ ཤ་རི་ཁྲག་མཚོ་རུས་པ་རྐང་ཞག་ཀླད༔ གནོད་བྱེད་ལྷ་འདྲེས་ཟོས་འཐུང་ཚིམ་པར་གྱུར༔ ཕཊ༔ གཏི་མུག་ཤ་ཡིས་ཕོ་གདོན་རྒྱལ་པོ་ཚིམ༔ འདོད་ཆགས་ཁྲག་གིས་མོ་གདོན་བསེན་མོ་ཚིམ༔ ཞེ་སྡང་རུས་པས་མ་ནིང་ཀླུ་གདོན་ཚིམ༔ ཀུན་ཀྱང་དགའ་མགུ་ལན་ཆགས་བྱང་གྱུར་ཅིག༔ ཕཊ༔ ན་མོ་བདག་ལུས་ཕུང་པོའི་མཆོད་སྦྱིན་འདི་ཡི་མཐུས༔ རྩ་བརྒྱུད་བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག༔ ཡི་དམ་བསྙེན་སྒྲུབ་ལས་སྦྱོར་འགྲུབ་གྱུར་ཅིག༔ མཁའ་འགྲོ་ཆོས་སྐྱོང་གང་འདོད་ལས་འགྲུབ་ཤོག༔ ཕཊ༔ བདག་གི་དགེ་ཚོགས་མཁའ་ཁྱབ་འགྲོ་ལ་བསྔོ༔ གནས་གདོན་ལུས་གདོན་ལ་སོགས་ལྷ་འདྲེ་དང་༔འགྲོ་བ་མ་ལུས་རྣམ་མཁྱེན་སངས་རྒྱས་ཀྱི༔གོ་འཕང་ཐོབ་ནས་དོན་གཉིས་ལྷུན་འགྲུབ་ཤོག༔ཕཊ༔དང་པོ་བྱང་ཆུབ་སེམས་ཀྱི་ཐོག་མར་དགེ༔བར་དུ་དངོས་འཛིན་མི་དམིགས་ཚོགས་གཉིས་དགེ༔ཐ་མར་ཕངས་མེད་འགྲོ་དོན་བསྔོ་བའི་དགེ༔ དགེ་བ་གསུམ་གྱི་གཅོད་ཡུལ་མཐར་ཕྱིན་ཤོག༔ ཕཊ༔ འཇིག་རྟེན་གསུམ་གྱི་མུན་སེལ་རྫོགས་སངས་རྒྱས༔ ཡང་དག་ལམ་གྱི་དངོས་གཞི་དམ་པའི་ཆོས༔ དེ་འཛིན་བསླབ་པ་གསུམ་ལྡན་དགེ་འདུན་སྡེ༔ ཀུན་འདུས་ཡུམ་ཆེན་ཤེར་ཕྱིན་བཀྲ་ཤིས་ཤོག༔ ཕཊ༔ གཞན་ཡང་བསྔོ་སྨོན་ཤིས་བརྗོད་སོགས་བྱའོ༔ ཞེས་པའང་དད་པའི་ས་གཞི་བརྟན་པོར་བྱང་ཆུབ་ཀྱི་ལོ་འབྲས་སྨིན་པར་ཉེ་བའི་སྦྱིན་བདག་དཔལ་མགོན་བཀྲ་ཤིས་ནས་བསྐུལ་ངོར། རྒྱ་སྤྲུལ་མིང་བས་བྲིས་པ་དགེ་ལེགས་འཕེལ༔

སྒྱུ་ལུས་མཆོད་སྦྱིན་མན་ངག་ཡུམ་ཆེན་མཁའ་འགྲོའི་ཐུགས་བཅུད།

༁ྃ༔ སྒྱུ་ལུས་མཆོད་སྦྱིན་བདུད་གཅོད་ཟབ་མོ་ཡི༔ མན་ངག་ཡུམ་ཆེན་མཁའ་འགྲོའི་ཐུགས་བཅུད་བཞུགས༔ གུ་རུ་དྷེ་ཝ་ཌཱཀྐི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཕཊ༔ ཚེ་འདིར་བདེ་དང་གྲགས་འདོད་རེ་བ་དང་༔ སྡུག་བསྔལ་ན་ཚ་གཏམ་ངན་བྱུང་དོགས་སྡུག༔ གཉིས་འཛིན་འཁྲུལ་བའི་རྣམ་རྟོག་འཁོར་བའི་རྒྱུ༔ བདག་མེད་མྱ་ངན་འདས་པར་ཟིལ་གྱིས་གནོན༔ ཕཊ༔ གང་ལ་བསམ་ཀྱང་འཁོར་བ་མེ་ཡི་འོབས༔ བདེ་བའི་གོ་སྐབས་མེད་འདིར་ངེས་འབྱུང་བས༔ རྣམ་མཁྱེན་སངས་རྒྱས་ཐོབ་ཕྱིར་བདག་གཞན་འགྲོ༔ དཀོན་མཆོག་གསུམ་དང་གཅོད་བརྒྱུད་བླ་མ་དང་༔ ཡི་དམ་ཌཱཀྐི་དམ་ཅན་རྒྱ་མཚོ་ལ༔ རྣམ་པ་ཀུན་ཏུ་གུས་པས་སྐྱབས་སུ་མཆི༔ ཕཊ༔ ཡུམ་ཆེན་ལབ་སྒྲོན་སྲས་བཅས་རྒྱལ་བའི་ཚོགས༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལས་འཁྲུངས་ཕྱིར༔ ཡུམ་ཆེན་ཐུགས་བཅུད་སྨོན་འཇུག་བྱང་ཆུབ་སེམས༔ བདག་ཅག་བྱང་ཆུབ་ཐོབ་ཕྱིར་བསྐྱེད་པར་བྱ༔ ཕཊ༔  རང་གི་སྙིང་གར་པདྨ་འདབ་བརྒྱད་སྟེང་༔ རང་རིག་ཐིག་ལེ་དཀར་ལ་དམར་མདངས་ཅན༔ དབུ་མའི་ལམ་བརྒྱུད་རྡོ་རྗེ་རྣལ་འབྱོར་མ༔ དམར་མོ་གྲི་གུག་ཐོད་ཁྲག་འཛིན་པར་གྱུར༔ ཕཊ༔  རང་རིག་རྣལ་འབྱོར་ནམ་མཁའི་དབྱིངས་སུ་འཕོས༔ རང་ལུས་བྷནྡྷ་བཀོག་པ་སྟོང་གསུམ་ཁྱོན༔ བམ་རོ་བདུད་རྩི་ཨོཾ་ཨཱ༔ཧཱུྃ་གིས་སྦྱངས༔ མི་མགོའི་སྒྱེད་པུ་གསུམ་སྟེང་མེ་རླུང་གཡོས༔ ཨོཾ་ཨཱ༔ཧཱུྃ༔གིས་བམ་རོ་ཐོད་པའི་ནང༔ བདུད་རྩི་ཁ་ཏོག་ལྔ་དང་ལྡན་པར་བསམ༔ ཕཊ༔ ཕཊ༔ བདུད་རྩི་ཞུ་བའི་དངས་བཅུད་མཆོད་པའི་རྫས༔ རྒྱལ་སྲིད་བདུན་དང་ཉེར་སྤྱོད་འདོད་ཡོན་ལྔ༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ མཁའ་འགྲོ་སྡེ་ལྔ་སྲིད་ཞིའི་མགྲོན་ལ་འབུལ༔ ཕཊ༔ ཚོགས་གཉིས་རྫོགས་ཤིང་སྒྲིབ་དག་དངོས་གྲུབ་སྩོལ༔ ཕཊ༔ སྨན་རཀ་གཏོར་མ་བརྟེན་རྫས་བསྐང་བའི་རྫས༔ མ་མགོན་གཟའ་རྡོར་དཔལ་མགོན་བདུན་ཅུའི་ཚོགས༔ རྫོགས་ཆེན་བཀའ་གཏེར་བསྲུང་མ་རྒྱ་མཚོའི་ཚོགས༔ མགོན་པོ་ཡོན་ཏན་མགྲོན་གྱུར་རྣམས་ལ་འབུལ༔ ཕཊ༔ བར་ཆད་ཞི་ཞིང་མཐུན་རྐྱེན་འགྲུབ་པར་མཛོད༔ ཕཊ༔ ཕཊ༔ རང་ལུས་པགས་པ་སྟོང་གསུམ་ཁྱོན་དུ་བརྡལ༔ ཤ་ཁྲག་རུས་པ་ནང་ཁྲོལ་ཁྱབ་པར་སྤུངས༔ བགེགས་རིགས་ལན་ཆགས་གཉེར་བ་སྤྱི་དང་ནི༔ ཁྱད་པར་ནད་བདག་རྒྱལ་བསེན་རྣམས་ལ་སྦྱིན༔ ཕཊ༔ གནོད་སེམས་ཞི་ཞིང་བྱང་ཆུབ་སེམས་ལྡན་ཤོག༔ ཕཊ༔ རང་ལུས་དཀར་གསུམ་བདུད་རྩི་དངས་མའི་བཅུད༔ འཛད་མེད་ནམ་མཁའ་མཛོད་ཀྱི་ཆར་ཆེན་པོས༔ རིགས་བཞིའི་ཀླུ་དང་ཉམས་ཐག་བར་དོའི་འགྲོ༔ རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ཚིམ་གྱུར་ཅིག༔ ཕཊ༔ སྡུག་བསྔལ་ཞི་ཞིང་བདེ་བ་མཆོག་ཐོབ་ཤོག༔ ཕཊ༔ རིག་པ་སྟོང་གསལ་རྡོ་རྗེ་ཌཱཀྐི་མ༔ དབྱིངས་ཀྱི་ངང་ལས་དབྱིངས་དང་རིག་པ་འདྲེས༔ གནོད་བྱ་བདག་དང་གནོད་བྱེད་ལྷ་འདྲེའི་སེམས༔ སྐྱབས་ཡུལ་ཐུགས་རྒྱུད་ངོ་བོ་གཅིག་པར་གྱུར༔ ཕཊ༔ རིག་སྟོང་ཀློང་དུ་བརྗོད་བྱ་རྗོད་བྱེད་བྲལ༔ སྙིང་རྗེའི་རྩལ་གྱིས་དུས་གསུམ་དགེ་བའི་ཚོགས༔ ནམ་མཁའི་མཐར་ཐུག་འགྲོ་བ་ཡོངས་ལ་བསྔོ༔ ཀུན་ཀྱང་ཡུམ་ཆེན་རྒྱལ་བའི་ས་ཐོབ་ཤོག༔ ཕཊ༔ ཆོས་ཀྱི་སྦྱིན་པ་བྱ་ཞིང་བདེ་སྡུག་གི༔ དངོས་པོ་གཏོང་ལེན་བཀྲ་ཤིས་བསྔོ་སྨོན་བྱ༔ ཨེ་མ་ཟབ་ཆོས་ཁྱད་འཕགས་ཌཱཀྐིའི་ཐུགས་ཀྱི་བཅུད༔ ས་རྡོ་རྡོལ་ཞིང་བུད་མེད་གྲོགས་མེད་པར༔ ཀུན་གཞིའི་ཀློང་ནས་ཡུམ་ཆེན་ལབ་སྒྲོན་མའི༔ བྱིན་རླབས་ཐུགས་རྗེས་ཐོལ་བྱུང་ཚུལ་དུ་བབས༔ ལས་ཅན་སྐྱེས་བུས་བདུད་བཞི་རང་གྲོལ་ཤོག༔ གལ་ཏེ་རྒྱུད་དོན་གབ་འཁྲུགས་ནོར་འཁྲུལ་སོགས༔ བྱུང་ན་ཡུམ་ཆེན་སྲུང་མར་བཅས་ལ་བཤགས༔ ཟབ་དོན་མན་ངག་དུ་མའི་གནད་རྟོགས་ཤོག༔ ཅེས་པའང་ལས་ཅན་གྱི་སློབ་མ་རིག་འཛིན་བཟང་པོས་བསྐུལ་ངོར་དགེ་སློང་རྡོ་རྗེ་འཛིན་པ་ཆེ་མཆོག་ཡོན་ཏན་རྩལ་གྱིས་ཐོལ་བྱུང་དུ་བྲིས་པའོ། །དགེའོ།།

མེ་གསུར་འདོད་དགུའི་དཔལ་འབྱུང་།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ མེ་གསུར་འདོད་དགུའི་དཔལ་འབྱུང་བཞུགས༔ རང་བྱུང་སྤྲུལ་སྐུ་ཨོ་རྒྱན་རྗེས༔ གང་ཟག་རྒྱུན་གྱི་མཆོད་སྦྱིན་དོན༔ གདམས་ཟབ་དཔག་མེད་བསྩལ་བ་ལས༔ གསུར་མཆོད་རིམ་པ་ཉུང་ངུར་བསྟན༔ དེ་ཡང་མེ་ཐལ་འཇམ་པོ་ལ༔ རིན་ཆེན་ལྔ་དང་དར་ཟབ་སྨན༔ ཕྱེ་གཙང་མར་གསར་སྦྲང་རྩི་སྦྱར༔ རང་ཉིད་བདེ་བའི་སྟན་ལ་འདུག༔ སྐྱབས་སེམས་སྔོན་སོང་སྭ་བྷ་ཝས༔ སྟོང་པར་སྦྱངས་རྗེས་རང་ཉིད་ནི༔ སྐད་ཅིག་དྲན་རྫོགས་འཕགས་པ་སྤྱན་རས་གཟིགས༔ ལོངས་སྐུའི་རྒྱན་རྫོགས་ཞི་འཛུམ་ཞབས་ཕྱེད་སྐྱིལ༔ ཕྱག་གཡས་མཆོག་སྦྱིན་གཡོན་པས་པདྨ་དཀར༔ རི་དྭགས་ལྤགས་པས་སྟོད་གཡོག་བྱམས་བརྩེ་ལྡན༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཅི་མང་བཟླས་མཐར༔ རཾ་ཡཾ་ཁཾ༔ འཁོར་འདས་རང་བཞིན་མཉམ་ཉིད་དག་ཞིང་ནས༔ དཀོན་མཆོག་སྲིད་ཞི་མགོན་པོ་ཡོན་ཏན་མགྲོན༔ རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་མགྲོན༔ མ་ལུས་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ༔ རང་མཐུན་གདན་བཞུགས་གུས་པས་ཕྱག་འཚལ་བསྟོད༔ ཐབ་དབུས་རཾ་ལས་ཡེ་ཤེས་འོད་ལྔའི་མེ༔ དུ་བ་ཀུན་བཟང་མཆོད་སྤྲིན་འཇིག་རྟེན་ཁྱབ༔ འབྲུ་གསུམ་སྔགས་ཀྱིས་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ བརྒྱའམ་ཉེར་གཅིག་བདུན་གྱིས་འབུལ་བར་བྱཿ དཀོན་མཆོག་སྲིད་ཞིའི་མགྲོན་གྱུར་རྣམས་ལ་འབུལ༔ ཚོགས་རྫོགས་སྒྲིབ་དག་མཆོག་ཐུན་དངོས་གྲུབ་སྩོལ༔ མཆོད་རྫས་ཀུན་བཟང་རྣམ་རོལ་སྨན་གཏོར་རཀཿ བརྟེན་རྫས་མཐུན་པའི་ཡོ་བྱད་སྤྲིན་ལྟར་གཏིབཿ དཔལ་མགོན་ཡོན་ཏན་མགྲོན་གྱུར་རྣམས་ལ་འབུལཿ སངས་རྒྱས་བསྟན་སྲུང་རྣལ་འབྱོར་བར་ཆད་སོལ༔ ཁྱད་པར་བདག་ལ་འགོ་བའི་ལྷ་རྣམས་དང༔ ཚེ་རབས་སྲུང་མ་ལས་ཀྱིས་འབྲེལ་བ་རྣམས༔ ཟག་མེད་འདོད་ཡོན་གསུར་མཆོད་འདི་བཞེས་ལ༔ ཕྱི་ནང་རྐྱེན་སོལ་རྟག་ཏུ་མཐུན་རྐྱེན་སྒྲུབས༔ རིགས་དྲུག་འགྲོ་བ་རྣམས་དང་བར་དོའི་འགྲོ༔ ཀུན་ལ་མི་ཟད་འདོད་དགུའི་གཏེར་དུ་བསྔོ༔ སྡུག་བསྔལ་ཀུན་ཞི་ཚེ་རབས་དྲིན་ལན་འཁོར༔ དགེ་བཅུ་རྗེས་དྲན་རྣམ་མཁྱེན་མཆོག་ཐོབ་ཤོག༔ ལན་ཆགས་དོན་གཉེར་བགེགས་རིགས་ཐམས་ཅད་ལ༔ ཟས་གོས་ལོངས་སྤྱོད་ཕན་པའི་གྲོགས་ལ་སོགས༔ གང་འདོད་ཟག་མེད་བདུད་རྩིའི་གཏེར་དུ་བསྔོ༔ གནོད་པའི་སེམས་ཞི་ཕན་ཚུན་མཛའ་བཤེས་ལྟར༔ ལེགས་པའི་གྲོགས་མཛད་ཉེས་ཀུན་ཞི་བ་དང༔ ཡུལ་ཁམས་མི་ཕྱུགས་དལ་ཡམ་སད་སེར་སོགས༔ དབུལ་ཕོངས་མི་འདོད་ཉེར་འཚེ་མི་གཏོང་བར༔ མཐར་ཐུག་རང་གཞན་ཚོམ་བུ་གཅིག་པ་རུ༔ བྱང་ཆུབ་སྙིང་པོར་མངོན་འཚང་རྒྱ་བར་ཤོག༔ མས་མགྲོན་ཆོས་ཀྱི་སྦྱིན་པས་བསྐྱངས་འབད་ནཿ རྣལ་འབྱོར་ཚོགས་བསགས་རྒྱུན་ཁྱེར་མཆོགཿ དབྱིངས་ཀྱི་བརྡ་ལས་སྣང་བར་འགྱུར༔ ཅེས་པའང་ཆོས་ཀྱི་བདག་པོ་གཞན་ཕན་བཟང་པོས་བསྐུལ་ངོར་ལུང་རིག་གླིང་པས་རིག་རྩལ་ཌཀྐིའི་བརྡ་རིས་ལས་ཕབ་པའོ། །སརྦ་མངྒ་ལཾ།