cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་དྲུག་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཁ་བྱང་གནད་ཀྱི་ལྡེའུ་མིག

སྔགས་སྲུང་ཁྲོས་མའི་ཐུགས་སྒྲུབ་ལས༔ ཁ་བྱང་གནད་ཀྱི་ལྡེའུ་མིག་བཞུགས༔

རང་བྱུང་དབྱིངས་ཀྱི་ཡུམ་ལ་འདུད༔ ཟབ་པའི་ནང་ནས་ཡང་ཟབ་པ༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མའི༔ སྒྲུབ་ཐབས་རྩ་བ་ཡན་ལག་གི༔ ཁ་བྱང་གནད་ཀྱི་ཏི་ཀའོ༔ ས་མ་ཡཱ༔ ད་ལྟ་བསམ་ཡས་གཙུག་ལག་འབྱོངས༔ ལས་ཅན་སྐལ་ལྡན་སྐར་ལྟར་བཀྲ༔ བདག་ཉིད་ཆེན་པོ་པདྨ་དང༔ པཎ་གྲུབ་ཆོས་རྒྱལ་གཟུངས་མར་བཅས༔ ཆོས་ཀྱི་དགའ་སྟོན་གཞལ་དཀའ་བས༔ ཟབ་གནད་སྤེལ་ཀྱང་ཚོང་ཟོངས་ཙམ༔ མ་འོངས་སྙིགས་མ་ལྔ་བདོ་བའི༔ དུས་ངན་ལས་མཐའ་ལོག་པ་ཡི༔ སེམས་ཅན་བསོད་ནམས་ཟད་པའི་སྐབས༔ བདེ་བའི་གོ་སྐབས་སྤུ་ཙམ་དཀོན༔ དེ་ཚེ་ཨོ་རྒྱན་པདྨ་དང༔ ལས་ཅན་ཌཀྐི་རྗེ་འབངས་ཀྱི༔ སྤྲུལ་པ་ཉི་ཟེར་རྡུལ་བཞིན་འཚུབ༔ དག་དང་མ་དག་གཟུགས་སུ་སྣང༔ ཁྱད་པར་མཁར་ཆེན་མཚོ་རྒྱལ་དང༔ ལོ་ཆེན་ཀླུ་ཡི་དབང་པོ་རྣམས༔ ལས་འཕྲོ་སྨོན་ལམ་གཅིག་ཏུ་མཐུན༔ དབྱེར་མེད་ཐུགས་རྗེའི་རང་རྩལ་ལས༔ སྐལ་བ་ལྡན་པའི་གང་ཟག་ཞིག༔ དག་སྣང་ཆོས་ལ་དབང་བསྒྱུར་སྐབས༔ བར་ཆད་སེལ་བའི་ལྷ་ཡི་མཆོག༔ སྔགས་སྲུང་མ་མོ་བྲན་དང་བཅས༔ དགོངས་ཀློང་རིག་པའི་ཀློང་ནས་རྡོལ༔ དེ་ཚེ་མང་ཉུང་གྲངས་ཚད་དང༔ དུས་རྟགས་ཆོས་ཀྱི་བདག་པོ་སོགས༔ གསལ་བའི་ཁ་བྱང་འདི་རུ་སྟོན༔ དེ་ཡང་སྔགས་ཀྱི་བདག་མོ་ཡི༔ རྩ་བ་ཡན་ལག་རྒྱུད་ཆེན་གཉིས༔ སྒྲུབ་ཐབས་ཕྱི་ནང་གསང་བ་གསུམ༔ སྲོག་གཏད་བླ་རྡོ་བཅང་བའི་ཐབས༔ ཚོགས་དང་བསྐང་བ་གཏོར་མཆོད་དང༔ བསང་མཆོད་དང་བཅས་བཅུ་ཡི་གྲངས༔ བྱང་ཆུབ་སྒྲུབ་པའི་ལས་རིམ་ཡིན༔ མི་མཐུན་བར་ཆད་དགྲ་དང་བགེགས༔ སྒྲོལ་བའི་ལས་ལ་བསྐུལ་དང་རྦད༔ བསད་དང་བཟློག་དང་འཕང་དང་བསྲེག༔ ལས་མཐའ་གཏད་མནན་ཐན་འགྱེད་དང༔ མན་ངག་གུད་སྦས་གཏད་རྒྱར་བཅས༔ ཞི་རྒྱས་དབང་དྲག་ལས་སྦྱོར་ཏེ༔ ཕྲིན་ལས་སྒྲུབ་པའི་ཁ་ཚར་ཏེ༔ བཅུ་ཕྲག་ཉི་ཤུ་གཅིག་གི་གྲངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཟབ་ཆོས་སྤེལ་བའི་དུས༔ སྤྱིར་ནི་འགྲོ་བའི་ཁམས་རྣམས་སུ༔ བདེ་སྐྱིད་ཉམས་པའི་རྟགས་མཚན་མང༔ ཁྱད་པར་ཕན་བདེ་འབྱུང་བའི་གནས༔ རྒྱལ་བསྟན་བཤད་གྲྭ་བབས་ཀྱིས་ཉམས༔ སྒོམ་གྲྭ་ཕལ་ཆེར་གཡེང་བས་ཁྱེར༔ རྒྱ་བོད་མི་རྣམས་ཞྭ་གོས་བརྗེ༔ ཀུན་ཀྱང་ངན་དགུའི་སྤྱོད་ལ་དགའ༔ བཟང་སྤྱོད་ན་བུན་ཡལ་བཞིན་འགྱུར༔ ཆོས་རྒྱལ་གདན་ཁྲིར་གས་གྲུམ་འོང༔ ལྷ་ལྡན་སྤྲུལ་པའི་གཙུག་ལག་ཏུ༔ སྔར་མེད་མཐའ་མིས་ཁྲིམས་གསར་འཛུག༔ བསམ་ཡས་གནས་བདག་བུད་མེད་བྱེད༔ སྤྱོད་ངན་ཀུན་གྱིས་གད་མོ་དགོད༔ མདོ་ཡི་ལྗོན་པ་སྲིན་བུས་ཟོས༔ ཀཿརྫོགས་དགོན་སྡེའི་རང་ལུགས་འཆོལ༔ མི་ཀུན་བྱ་སྒྲོ་རླུང་ཁྱེར་བཞིན༔ རང་སེམས་ལུས་ཀྱི་སྦུབས་མི་ཚུགས༔ ཡང་དགོས་བསྟན་པའི་བདག་པོ་རྣམས༔ ཀུན་གྱིས་བརྙས་ཤིང་གཤེ་སྐུར་སྒྲོག༔ ཕན་ཚིག་དུག་གི་ལོ་མར་འགྱུར༔ གནོད་པའི་ཐབས་ལ་ཀུན་ཀྱང་བརྩོན༔ མཁའ་ལ་ཁྲག་གི་ཞུན་མས་བྱུག༔ རྡུལ་དང་ནད་ཀྱི་ཆར་འབེབ་པས༔ ཡུལ་འགའི་མི་ཕྱུག་ཁོལ་བུར་འཆི༔ སྡེ་དཔོན་ཕལ་ཆེར་ནང་འཁྲུགས་འབྱུང༔ དགེ་འདུན་སྡེ་ཀུན་གོས་ལ་རེ༔ སྒོམ་སྒྲུབ་བྱིན་རླབས་སུམ་ཆ་ཉམས༔ དེ་ཚེ་གདམས་པ་ཟབ་མོ་འདི༔ ཐེ་ཚོམ་བློ་ཡིས་མ་བསླད་པར༔ ཉམས་སུ་ལོངས་དང་བར་ཆད་སེལ༔ སྐལ་ལྡན་ཆོས་ཀྱི་བདག་པོ་ཡིས༔ རྣམ་གཡེང་སྤོངས་ལ་དུས་དྲུག་ཏུ༔ པདྨ་ང་ལ་གསོལ་བ་ཐོབ༔ འཆད་སྤེལ་འབྲི་དང་གསོལ་མཆོད་འབུངས༔ དེས་ནི་རང་གཞན་བདེ་ལ་འགོད༔ བསྟན་འགྲོའི་དོན་དུ་སྙིང་སྟོབས་བསྐྱེད༔ ཆོས་ལ་དབང་བའི་གང་ཟག་ལ༔ དུས་ལ་བབ་ཚེ་ལག་ཏུ་སྤྲོད༔ དུས་མིན་འཆལ་ན་བཀའ་ཆད་འོང༔ དེ་ཕྱིར་མཚོ་གླིང་ནོར་རྙེད་བཞིན༔ ཤིན་ཏུ་གཅེས་པས་གསང་བར་ཟུངས༔ ཆོས་ལ་དབང་བའི་གང་ཟག་ནིཿ ད་ལྟའི་རྗེ་འབངས་ཆོས་བློན་དང༔ བྲན་སོགས་དུས་དེར་མོས་གུས་ཀྱིས༔ དང་དུ་ལེན་པ་ཆོས་ཉིད་མཐུ༔ ད་ལྟ་ལས་དང་སྨོན་ལམ་འབྲེལ༔ རྡོ་རྗེའི་མིང་ཅན་སྒྲུབ་ལ་བརྩོན༔ སྔགས་པ་བུདྡྷ་ཛྙཱ་ན་ཡི༔ ཕྲིན་ལས་སྤྲུལ་པའི་ཆ་ཤས་ཡིན༔ རལ་གཅིག་རྩ་བའི་ཆོས་བདག་གོ༔ བདེ་བའི་མིང་ཅན་བྲི་བཤད་མོས༔ ཆོས་བློན་རྡོ་རྗེ་དཔལ་སྤྲུལ་ཡིན༔ ཉམས་སུ་བླངས་བས་ཚེ་གེགས་སེལ༔ པདྨའི་མིང་ཅན་སྙིང་སྨེས་སྤྲས༔ རང་བྱུང་རིག་པའི་རང་ངོ་འཕྲོད༔ ཐེ་ཚོམ་བདུད་ཀྱིས་མ་བསླུས་ན༔ ཚེ་འཕྲང་བདུན་དྲུག་བཞི་གེགས་སེལ༔ ཉང་བན་སྤྲུལ་པའི་འོད་ཟེར་ཆ༔ དོན་གྱི་མིང་ཅན་མྱུར་ཐག་གཅོད༔ ཆོས་འདིར་མོས་ཤིང་སྒྲུབ་འཆད་སྤེལ༔ ཀླུ་དབང་སྤྲུལ་པའི་ཆ་ཤས་ཡིན༔ རཏྣའི་ཆོས་དང་ཟུང་འབྲེལ་ན༔ ཡུལ་དེའི་བདེ་སྐྱིད་གཞི་ནས་སློང༔ བྱུར་ངན་དམ་སྲི་རྨང་ནས་འདོན༔ དེ་ཕྱིར་ལེགས་པར་སྒྲུབ་པ་གལ༔ ནམ་སྙིང་སྤྲུལ་པའི་སྒྲུབ་བརྩོན་ནི༔ བུདྡྷའི་མིང་ཅན་ཆོས་ཁྲིམས་དབང༔ རང་གཞན་དོན་དུ་བྲི་དང་སྒྲུབ༔ ཡུལ་འགའི་རྐྱེན་ངན་དབྱིངས་སུ་སེལ༔ ཀ་ཡི་མིང་ཅན་ལྟེ་སྨེས་སྤྲས༔ སྒྲུབ་བརྩོན་གཞན་ལ་ཕན་པ་ཞིག༔ ཆོས་བློན་ཤུད་བུ་དཔལ་སེང་སྤྲུལ༔ ཐེ་ཚོམ་བདུད་གེགས་མ་ཞུགས་པར༔ གླེགས་བམ་རྟེན་བཞེངས་བསྙེན་སྒྲུབ་བརྩོན༔ དེས་ནི་ཚེ་ཆོས་གེགས་རིགས་སེལ༔ དགྲ་སྒྲོལ་སྲུང་མས་ངོ་སོ་འདོན༔ ཨ་ཙར་དཔལ་དབྱངས་ཕན་པའི་མིང༔ སྒྲུབ་ལ་བརྩོན་པས་རང་གཞན་གྱི༔ རྐྱེན་སེལ་ལེགས་པའི་ངོ་མཚར་མཐོང༔ ལྷས་སྣང་སྤྲུལ་པ་ལས་ཀྱི་མིང༔ གཡེང་སྤང་བསྙེན་པ་ཚད་སྐྱོལ་ན༔ ཡུལ་དེའི་མི་ཕྱུགས་བདེ་ལ་འགོད༔ གཞན་ཡང་མོས་ལྡན་གང་ཡིན་པས༔ ཆོས་འདིར་བརྩོན་པས་གེགས་སེལ་ཞིང༔ འདི་ཕྱིར་བདེ་བའི་གཏན་སྲིད་ཟིན༔ དེ་ཕྱིར་གནད་ཀྱི་ལྡེ་མིག་འདིས༔ བསྟན་པའི་དགྲ་བོའི་སྲོག་ལ་གཟན༔ སྐལ་བ་ལྡན་པའི་གྲོགས་སུ་ཤོགཿ ས་མ་ཡཱ༔ ཟབ་ཆོས་རལ་གཅིག་མའི་ཁ་བྱང་གནད་ཀྱི་ལྡེ་མིག་འདི་སྐལ་ལྡན་ལུང་རིག་གླིང་པས་རང་བྱུང་རིག་པའི་སྒྲོམ་བུ་ནས་བཏོན་པའོ། ། གུ་ཧྱ༔

རལ་གཅིག་མའི་རྩ་རྒྱུད་དགྲ་བགེགས་སྒྲོལ་བྱེད་སྔགས་ཀྱི་སྤུ་གྲི་འབར་བ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མའི་རྩ་བའི་རྒྱུད་དགྲ་བགེགས་སྒྲོལ་བྱེད་སྔགས་ཀྱི་སྤུ་གྲི་འབར་བ་བཞུགས་སོ༔

རྒྱ་གར་སྐད་དུ༔ མནྟྲ་གུ་ཧྱ་ཀྵ་ཀྲོ་ཏི་ཨེ་ཀ་ཛ་ཊཱི་མཱུ་ལ་ཏནྟྲ་ཨ་མུ་ཀ་མཱ་ར་ཡ་ཁར་ཥ་ཊ་ཛྭ་ལ་ན་མ༔ བོད་སྐད་དུ༔ གསང་སྔགས་སྲུང་མ་རལ་གཅིག་མའི་རྩ་བའི་རྒྱུད་དགྲ་བགེགས་སྒྲོལ་བའི་སྔགས་ཀྱི་སྤུ་གྲི་འབར་བ་ཞེས་བྱ་བ༔ འདི་སྐད་བཤད་པའི་དུས་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་ཚིག་བླ་དྭགས་ལས་འདས་ཤིང་སུས་ཀྱང་བརྗོད་དུ་མེད་པ་རང་བྱུང་རིག་པའི་རང་ངོ་རང་གིས་ཤེས་པ་དཔལ་ཀུན་ཏུ་བཟང་པོ་རྣམ་པར་གྲོལ་བ་འཁོར་བ་དང་འདས་པ་རིས་སུ་མ་ཆད་པའི་དུས་ཀ་ནས་དག་པ་དེར༔ སྟོན་པ་ཆེན་པོ་དཔལ་གདོད་མའི་སངས་རྒྱས་དུས་གསུམ་གྱི་སྟོན་པ་བདེ་བར་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀུན་ཏུ་སྤྲོ་ཞིང་ཀུན་ཏུ་སྡུད་པའི་སྤྱི་མེས་ཆེན་པོར་གྱུར་པ་དེས༔ གནས་ཀྱི་མཆོག་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་རྒྱ་ཆད་དང་ཕྱོགས་ལྷུང་སྤངས་ཤིང་རབ་ཏུ་ཡངས་ལ་ཟབ་པ་ལྟར་མི་མངོན་པ་ཆོས་ཐམས་ཅད་ལ་ཀུན་ཏུ་ཁྱབ་ཅིང་བློའི་སྤྱོད་ཡུལ་ལས་འདས་པའི་གཞལ་མེད་ཁང་ཆེན་པོ་འོད་ལྔའི་རང་འོད་འབར་བ་ཐུགས་རྗེའི་ཟེར་ཆེན་པོ་རབ་ཏུ་འཁྲིགས་ཤིང་༔ རྟག་པ་དང་༔ ཆད་པ་དང་༔ སྣང་བ་དང་མི་སྣང་བའི་མུན་པ་ཐམས་ཅད་དང་བྲལ་བའི་ཞིང་ཁམས་སུ་གཏི་མུག་དང་ཞེ་སྡང་དང་༔ ཀུན་ཏུ་ཆགས་པ་དང་༔ དོགས་པ་དང་སྙེམས་པའི་ཁྲི་རྒྱན༔ གླང་པོ་ཆེ་དང་སྦྲུལ་གདུག་པ་དང་༔ རྨ་བྱ་དང་༔ མཁའ་ལྡིང་དང་གདོང་བ་ལྔས་བཏེགས་པའི་ཁྲི་ལ་ཐུགས་ཞི་བ་ཆེན་པོའི་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་ཏུ་སྐུ་འབར་བ་ཆེན་པོ་སྒེག་པ་དང་དཔའ་བ་དང་མི་སྡུག་པའི་རྔམ་གཟུགས་དང་གསུང་དགོད་པ་དང་ལོག་པར་རྟོག་པ་ཅན་ལ་གཤེ་བ་དང་༔ ཤིན་ཏུ་ཁྲོས་པའི་དྲག་ཤུལ་གྱི་སྒྲ་ཆེན་པོ་རབ་ཏུ་སྒྲོགས་པ་དང་༔ ཐུགས་གདོད་ནས་དམིགས་པ་མེད་པའི་རང་རྩལ་སེམས་ཅན་གྱི་ཁམས་ལ་རྟག་ཏུ་ཁྱབ་པའི་སྙིང་རྗེ་དང་༔ རྟག་ཆད་ཀྱི་སྤྲོས་པ་མཐའ་དག་དབྱིངས་སུ་ནུབ་པའི་རྔམ་དང་༔ གང་དུའང་འཕྲོ་བ་དང་རྟོག་པ་རིས་སུ་མི་འཕྲོ་བའི་ཞི་བ་ཆེན་པོའི་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀས་རང་གི་རང་རྩལ་ལས་གཞན་དུ་མ་ཡིན་པའི་དེ་བཞིན་གཤེགས་པ་ཞེ་སྡང་འདུལ་མཛད་བཛྲ་ཧེ་རུ་ཀ་དང་༔ ང་རྒྱལ་འདུལ་མཛད་རཏྣ་ཧེ་རུ་ཀ་དང་༔ ཆགས་པ་ཆེན་པོའི་དབྱིངས་སུ་སྦྱོར་བའི་པདྨ་ཧེ་རུ་ཀ་དང་༔ ཕྲག་དོག་རྣམ་པར་མི་དམིགས་པར་ཟོས་པའི་ཀརྨ་ཧེ་རུ་ཀ་དང་༔ ཀུན་ཏུ་རྨོངས་པ་བསལ་བའི་དབྱིངས་ཆེན་པོར་གྲོལ་བའི་བྷུདྡྷ་ཧེ་རུ་ཀ་དང་༔ དེ་དག་གི་བཙུན་མོ་སྲ་བ་གཟུགས་ཀྱི་རྒྱལ་མོ་དང་༔ མཉེན་པ་ཚོར་བའི་དཔའ་མོ་དང་༔ བསྲེགས་པ་རྣམ་པར་འདུ་ཤེས་པའི་དགའ་མ་དང་༔ གཡོ་བ་འདུ་བྱེད་པའི་དབང་མོ་དང་༔ ཡོངས་ལ་ཁྱབ་པར་བརྡལ་བའི་རྣམ་ཤེས་དབྱིངས་ཀྱི་གཙོ་མོ་དང་༔ དེ་དག་གི་འཁོར་དུ་གྱུར་པ་དང་༔ རྟག་པའི་རྒྱལ་མོ་ལྔ་དང་༔ དཔའ་མོ་ཆེན་མོ་སྔགས་ལ་དབང་བའི་རལ་གཅིག་མ་དང་༔ ཡང་བྲན་དུ་གྱུར་པ་དུད་པའི་སོལ་བ་ཅན་མ་སོགས་ཤེས་རབ་ཀྱི་རྩལ་འགགས་པ་མེད་པའི་མ་མོ་དང་མཁའ་འགྲོ༔ ཐབས་ཀྱི་རང་རྩལ་ཀྱང་དགག་ཏུ་མེད་པའི་དཔའ་བོ་ཡབ་ཀྱི་ཚོགས་ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ལྷན་ཅིག་ཏུ་འདུས་པར་གྱུར་ཏོ༔ དེའི་ཚེ་སྟོན་པ་བླ་མེད་ཧེ་རུ་ཀ་ཆེ་བའི་མཆོག་དེ་ཉིད་ཀྱི་རང་གི་རྩལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་༔ སྨོན་པ་མེད་པ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཀྱི་ཁྲོ་མོ་དང་མཉམ་པར་སྦྱོར་ཏེ་དཀྱིལ་འཁོར་ཀྱི་འཁོར་ལོར་སྤྲོ་བ་དང་བསྡུ་བའི་འོད་ཟེར་འཕྲོ་ཞིང་གནས་པར་གྱུར་ཏོ༔ གླེང་བསླང་བའི་ལེའུ་སྟེ་དང་པོའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་སྟོན་པ་ཆེ་བའི་མཆོག༔ བླ་མེད་བླ་མ་ཧེ་རུ་ཀར༔ ཡུམ་མཆོག་དཔལ་འབར་ཁྲོས་པ་མོས༔ རྡོ་རྗེའི་གླུ་ཡིས་འདི་བཞིན་བསྐུལ༔ ཨ་ཨ་གདོད་ནས་སྟོང་པ་ཉིད༔ འཁོར་དང་འདས་པ་རིས་མ་ཆད༔ སུས་ཀྱང་ཇི་ལྟར་གཞལ་དཀའ་བ༔འདི་ཡི་རང་བཞིན་ཇི་ལྟ་བུ༔ ཚུལ་འདི་མ་རྟོགས་ལོག་རྟོག་དང་༔ ཕྱོགས་རྟོགས་སེམས་ཅན་ལ་དགོངས་ནས༔ དམིགས་མེད་དམིགས་པའི་ཐུགས་རྗེ་ཅན༔ སྨྲ་མེད་ཚིག་གི་རི་མོ་ཡིས༔ གཞི་ཡི་རྒྱུད་ཆེན་བསྟན་དུ་གསོལ༔ དེ་སྐད་གསོལ་བས་སྟོན་པ་ཉིད༔དུས་གསུམ་མཉམ་པའི་ངང་ཉིད་ལས༔ རང་རྩལ་འཁོར་གྱི་ཚོགས་ཉིད་ལ༔ རྡོ་རྗེའི་གསུང་གིས་བཀའ་བསྩལ་པ༔ ཨེ་མ་ཧོ༔ འདི་ལྟར་འཁོར་འདས་ཆོས་ཀུན་ཉིད༔ དང་པོ་མ་སྐྱེས་གང་ནས་བྱུང་༔ བར་དུ་མི་གནས་ཇི་ལྟ་བུ༔ ཐ་མ་གར་འགྲོ་དབྱིངས་ཇི་ལྟ༔ རྟག་པ་མ་ཡིན་གྲུབ་པ་མེད༔ ཆད་པ་རིས་མེད་ཀུན་ཏུ་སྣང་༔ སྣང་བ་མ་ཡིན་རང་གི་གཤིས༔ མི་སྣང་མ་གྲུབ་གློ་བུར་དུ༔ རྐྱེན་ལས་མ་ཡིན་རང་གི་བབས༔ རྒྱུ་མེད་རྒྱུ་ཞེས་སུ་ཡིས་གདགས༔ དེ་ཕྱིར་མ་རྟོགས་ལོག་རྟོག་དང་༔ ཕྱོགས་རྟོགས་སེམས་ཅན་སངས་རྒྱས་མཉམ༔ མཉམ་པ་ཉིད་ལ་བཟང་ངན་མེད༔ འཁོར་བ་དང་ནི་མྱ་ངན་འདས༔ གཞི་རུ་མཉམ་སྟེ་སྟོང་པ་ཉིད༔ ལམ་དུ་མཉམ་ཉིད་སྒོམ་སྒྲུབ་མེད༔ འབྲས་བུ་ཐོབ་མེད་ཡེ་ནས་གྲོལ༔ འཁྲུལ་མེད་གྲོལ་མེད་ཀུན་ཏུ་བཟང༔ དེ་ཕྱིར་ཀུན་ཏུ་བཟང་པོ་སྟེ༔ ཆེ་བའི་མཆོག་སྟེ་ང་ཉིད་དོ༔ ཞེས་ཆོས་ཉིད་མཉམ་པ་ཆེན་པོར་མི་དམིགས་པར་བཞུགས་སོ༔ གཞི་ཡི་རྒྱུད་ཀྱི་རྩ་བ་སྟེ་གཉིས་པའོ༔ ས་མ་ཡཱ༔ དེ་ནས་དབྱིངས་ཡུམ་ཆེན་མོ་མ་མོ་ལྔས༔ མགྲིན་གཅིག་རང་གི་ཡབ་རྣམས་དང་༔ དཀྱིལ་འཁོར་གཙོ་ལ་ཡང་གསོལ་བ༔ ཨེ་མ་ཧོ༔ ཨེ་མ་ཨ་ལ་ལ༔ སྟོན་པ་འཁོར་འདས་ཀུན་གྱི་བདག༔ དགོངས་པ་ཆོས་དབྱིངས་ཆེན་པོའི་ཀློང་༔ སངས་རྒྱས་སེམས་ཅན་རིས་མ་གྲུབ༔ རྟོགས་དང་མ་རྟོགས་རང་ངོར་གྲོལ༔ ཀུན་གཞི་ཆོས་སྐུར་མཉམ་བརྡལ་བས༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ ཤེས་རབ་ཕ་རོལ་ཕྱིན་པ་ནི༔ བདེ་བར་གཤེགས་པའི་སྙིང་པོ་སྟེ༔ དག་པ་དྭངས་པ་འོད་གསལ་བ༔ མི་འཁྲུགས་འདུས་བྱས་ལས་འདས་པའི༔ གཞི་ཡི་རྒྱུད་ཆེན་ངོ་མཚར་ཡང་༔ དེ་ལྟར་མ་རྟོགས་སེམས་ཅན་རྣམས༔ གྲོལ་བའི་གཞི་ལས་གློ་བུར་འཁྲུལ༔ འཁྲུལ་བའི་རྩལ་ལས་ཀུན་ཏུ་བརྟགས༔ ལས་དང་ཉོན་མོངས་གཞན་དབང་ཤོར༔ རྟག་པར་བཟུང་བས་འགྲོ་དྲུག་སྣང་༔ ཁྱད་པར་བཟུང་བས་ཀུན་ཏུ་རྨོངས༔ སྐྱེ་བར་བཟུང་བས་འཆི་བ་གྲུབ༔ འགགས་པར་བརྟགས་པས་སླར་ཡང་སྐྱེ༔ མ་དག་ཀུན་གཞིའི་རྩལ་སྣང་ལས༔ འདོད་པར་ཞེན་པས་འདོད་ཁམས་དང༔ ཕུང་ལྔའི་ལུས་ལ་བདག་ཏུ་བཟུང་༔ དེ་ལ་ཕན་ཕྱིར་གཉེན་དང་གྲོགས༔ ཡོ་བྱད་ལོངས་སྤྱོད་ཞེན་པས་བཅིངས༔ གནོད་པ་བསལ་ཕྱིར་དགྲ་དང་བགེགས༔ རྟག་ཏུ་མནར་སེམས་ཞེ་སྡང་འཁྲུགས༔ དམིགས་པ་མེད་ལས་ཀུན་ཏུ་རྨོངས༔ ཆགས་སྡང་མཉམ་བརྡལ་གཏི་མུག་འཐིབས༔ གཞན་ལ་སྡང་དང་རང་ཉིད་སྙེམས༔ དུག་ལྔའི་རང་གཟུགས་མཚམས་སྦྱར་བའི༔ བསྟོད་སྨད་དག་དང་གཟུགས་ཁམས་གྲུབ༔ དེ་ཀུན་ཀུན་གཞིའི་ནམ་མཁའ་ལ༔ ཡིད་ཀྱི་ཤེས་པ་ཟ་ཟི་འགྱུ༔ དེ་ལས་ཉོན་མོངས་སྤྲིན་ཕུང་ཆགས༔ སྒོ་ལྔའི་བག་ཆགས་ཆར་ལྟར་བབས༔ བདེ་སྡུག་གློ་བུར་ལོ་འབྲས་སྨིན༔ དེ་ཀུན་གྲོལ་བའི་ཐབས་ཀྱི་མཆོག༔ ལམ་གྱི་རྒྱུད་ཆེན་བཤད་དུ་གསོལ༔ ལམ་ཐབས་ཀྱི་རྒྱུད་ཞུས་པའི་ལེའུ་སྟེ་གསུམ་པའོ༔ དེ་ནས་སྟོན་པ་ཀུན་བཟང་གིས༔ ཡེ་ཤེས་རིག་པའི་རང་རྩལ་འཁོར༔ བདེ་གཤེགས་ཡབ་ཡུམ་ལྕམ་དྲལ་དང་༔ བྲན་དང་ཕོ་ཉ་ཡང་གཡོག་ལ༔ ལམ་གྱི་རྒྱུད་ཆེན་བཀའ་བསྩལ་པ༔ ཀྱཻ་ཧོ་འདུས་པའི་འཁོར་ཚོགས་ཉོན༔ གཞི་དབྱིངས་འཁོར་འདས་མཉམ་པ་ཉིད༔ མ་རྟོགས་འཁྲུལ་བའི་སེམས་ཅན་རྣམས༔ སྨིན་ཅིང་གྲོལ་བའི་ཐབས་མང་པོ༔ རྒྱུ་དང་འབྲས་བུ་ཆོས་ཀྱི་ཁམས༔ རྟག་པའི་གྲངས་བཞི་བརྟན་པ་ལས༔ རྒྱུ་ལས་ཐབས་མང་འབྲས་བུ་ནི༔ ལམ་བྱེད་མྱུར་གྲོལ་འབད་རྩོལ་ཆུང་༔ འདོད་ཡོན་མ་སྤངས་ལམ་དུ་ཁྱེར༔ གསང་སྔགས་གསང་བའི་རྒྱུད་ཆེན་པོ༔ དབང་དང་བསྐྱེད་རྫོགས་རྫོགས་པ་ཆེ༔ རིམ་པ་བཞིན་དུ་ཤེས་པར་གྱིས༔ གཞི་ལས་འཁྲུལ་བའི་སེམས་ཅན་ལ༔ གཞི་སྣང་ཀུན་གཞི་རྟོག་པ་མེད༔ གཟུགས་མེད་ཡིད་ཀྱི་བག་ཆགས་བཅས༔ སྦྱང་ཕྱིར་གཞི་ཡི་གདངས་ཤེས་པའི༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྟན༔ ཡིད་དང་ཉོན་མོངས་ཀྱིས་དཀྲུགས་པའི༔ བག་ཆགས་གཟུགས་ཁམས་ཕྱེད་སྣང་དག༔ སྦྱང་ཕྱིར་མ་རྟོགས་སེམས་ཅན་ལ༔ སྙིང་རྗེ་ཆེན་པོ་རང་བབ་སྒོམ༔ ཀུན་སྣང་ལམ་གྱི་ཏིང་འཛིན་བསྟན༔ དེ་མཐུས་སྟོང་པའི་རྣམ་ཤེས་ལས༔ སྒོ་ལྔའི་འཁྲུལ་བའི་བག་ཆགས་སྣང་༔ འབྱུང་བ་ལྔ་དང་ཕུང་པོ་ལྔ༔ སྲིད་དང་སྲིད་པའི་ཡོ་བྱད་གྲུབ༔ འདོད་ཁམས་སྣང་བའི་གྲོང་སྦྱང་ཕྱིར༔ སྟོང་དང་སྙིང་རྗེ་དབྱེར་མེད་པས༔ རང་རིག་ཡི་གེའི་འཕྲོ་འདུ་ལས༔ རྟེན་དང་བརྟེན་པར་བཅས་པ་ཀུན༔ སྐྱེད་བྱེད་ཐབས་ཀྱི་བསྐྱེད་རིམ་བསྟན༔ ཐབས་བསྐྱེད་པའི་རིམ་པ་བསྟན་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡཱ༔ དེ་ནས་བཛྲ་ཧེ་རུ་ཀའི༔ རང་གདངས་གསང་བའི་བདག་པོ་ཞེས༔ ལག་ན་རྡོ་རྗེ་རྣལ་འབྱོར་གྱིས༔ རང་ཞལ་མཇལ་བའི་ཕྱག་དང་བཅས༔ སྟོན་པ་མཆོག་ལ་འདི་སྐད་གསོལ༔ ཀྱཻ་ཧོ་སྟོན་པ་ཆེ་བའི་མཆོག༔ ཐབས་ཀྱི་བསྐྱེད་པའི་རིམ་པ་ཡིས༔ སྲིད་གསུམ་བག་ཆགས་གྲོལ་ན་ཡང༔ སླར་ཡང་དེར་འཛིན་བག་ཆགས་ནི༔ འཁོར་བའི་རྩ་བར་སླར་སྐྱེ་བས༔ དེ་གྲོལ་རྫོགས་པའི་རིམ་པ་གང་༔ དེ་སྐད་གསོལ་བ་གསན་ནས་ཀྱང་༔ སྟོན་པ་ཉིད་ཀྱིས་བཀའ་བསྩལ་པ༔ ཉོན་ཅིག་གསང་འཛིན་རྡོ་རྗེ་ཆོས༔ སྐྱེ་བ་མེད་ལས་གློ་བུར་འཁྲུལ༔ འབྱུང་བཞི་ལུས་ངག་ཡིད་དང་བཅས༔ སྦྱང་ཕྱིར་བསྐྱེད་པའི་ཐབས་བསྟན་ཡང་༔ དེར་འཛིན་བདག་ཏུ་རྟོག་པ་ཉིད༔ སྒོ་གསུམ་ཕྲ་བའི་བག་ཆགས་རྣམས༔ ཆོས་ཀྱི་དབྱིངས་སུ་གྲོལ་བྱེད་པའི༔ ཤེས་རབ་རྫོགས་པའི་རིམ་པ་བསྟན༔ དམིགས་པ་མེད་ལས་བསྐྱེད་པའི་ཆོས༔ འབྱུང་ལྔ་ལྷ་དང་གཞལ་ཡས་ཁང་༔ བསྙེན་སྔགས་འོད་ཟེར་སྤྲོ་དང་བསྡུ༔ ཀུན་ཀྱང་རང་བབས་རང་གི་ཀློང་༔ མཐའ་ནས་ཡལ་ཏེ་དབུས་སུ་ཐིམ༔ མཐའ་དབུས་མ་གྲུབ་དབྱིངས་སུ་ཡལ༔ དེ་ཡང་བརྗོད་དུ་མེད་པ་ནི༔ ཡོད་མེད་མཐར་འཛིན་སྤྲོས་པ་བྲལ༔ ང་དང་མཉམ་པར་རོ་གཅིག་གོ༔ ཤེས་རབ་རྫོགས་པའི་རིམ་པ་བཤད་པ་སྟེ་ལེའུ་ལྔ་པའོ༔ ས་མ་ཡཱ༔ དེ་ནས་དབྱིངས་ཀྱི་ཡུམ་ཆེན་ལྔས༔ ཐབས་དང་ཤེས་རབ་བསྐྱེད་དང་རྫོགས༔ སྤྲོས་བཅས་སྤྲོས་མེད་གྲོལ་བའི་ཐབས༔ ཤིན་ཏུ་བསྟན་པ་ངོ་མཚར་ཡང་༔ རང་གིས་རང་གྲོལ་ཐབས་ཤེས་མཉམ༔ ཐ་མལ་རང་གཤིས་རྣམ་ཐར་གསུམ༔ རང་རིག་རྫོགས་པ་ཆེན་པོ་ཡི༔ གྲོལ་བའི་ཐབས་ཆེན་བཀའ་སྩོལ་ཅིག༔ དེ་ནས་སྟོན་པས་རྡོ་རྗེའི་གསུང་འགགས་པ་མེད་པའི་རང་གདངས་ལས༔ ཀྱཻ་ཧོ་བདེ་གཤེགས་བདེ་བའི་ལམ༔ ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ༔ རྒྱལ་བའི་ཐུགས་དབྱིངས་རྡོ་རྗེ་སེམས༔ རྫོགས་ཆེན་སྒོམ་པའི་རྣལ་འབྱོར་གྱིས༔ དབེན་པར་བསྐྱེད་རྫོགས་སྤྲོས་པ་བཅད༔ འདུག་སྟངས་གསུམ་དང་གཟིགས་སྟངས་གསུམ༔ རང་གནས་ཡེ་ཤེས་སྒྲོན་མ་དྲུག༔ ཕྱི་ཡི་སྒྲོན་མ་གསུམ་གྱི་འབེམ༔ རིག་པའི་མདའ་ཡིས་གནད་དུ་བསྣུན༔ ཁྲེགས་ཆོད་ཆོས་ཉིད་མངོན་སུམ་མཐོང་༔ ཐོད་རྒལ་ཉམས་སྣང་གོང་དུ་འཕེལ༔ གཉིས་ཀའི་རིག་པ་ཚད་ལ་ཕེབས༔ མཐར་ཕྱིན་ཆོས་ཉིད་ཟད་སར་སྐྱོལ༔ རང་དོན་ཆོས་སྐུ་མངོན་དུ་གྱུར༔ གཞན་དོན་འཁོར་བ་མ་སྟོངས་བར༔ གང་འདུལ་གཟུགས་སྣང་ཐེག་གསུམ་ཆོས༔ རྩོལ་མེད་རང་བྱུང་ཧེ་རུ་ཀ༔ ང་དང་སྐལ་བ་མཉམ་པར་གྱུར༔ ས་མ་ཡཱ༔ དེ་ནས་འཁོར་གྱི་གཙོ་མོ་ཆེན་མོ་ལྔ་བདེ་གཤེགས་ཡབ་ལྔ་སྤྲུལ་པ་འཁོར་དང་བཅས་པ་འོད་ལྔའི་རྣམ་པར་ཞུ་བ་སྟོན་པ་ཀུན་བཟང་ཧེ་རུ་ཀར་ཐིམ་པར་གྱུར་ཏོ༔ དེ་ནས་སླར་ཡང་ཧཱུྃཿམཐིང་གསལ་འོད་ལྔ་ལམ་ལམ་དུ་འཚེར་བ་ཞིག་ཏུ་གྱུར་ནས་བྲན་གྱི་ཚུལ་འཛིན་པ་རལ་གཅིག་མའི་ཐུགས་ཀར་ཐིམ་པར་གྱུར་མ་ཐག་སྟོན་པ་ཉིད་ལ་གུས་པས་ཕྱག་དང་བཅས་ཏེ་གསོལ་བ༔ ཀྱཻ་ཧོ་སྟོན་པ་ཧེ་རུ་ཀ༔ བསྟན་པའི་རྒྱུད་འདི་སུ་ལ་གཏད༔ རྒྱུད་འདི་བཏགས་སམ་གུས་མཆོད་པའི༔ ཕན་པའི་རིམ་པ་ཇི་ལྟ་བུ༔ མ་འོངས་འགྲོ་ལ་སྣང་འགྱུར་རམ༔ ཡན་ལག་རྒྱུད་དང་འབྲེལ་ལམ་ཅི༔ དྲིས་པའི་ལན་དུ་བཀའ་སྩོལ་ཅིག༔ སྟོན་པ་དགྱེས་པས་ལན་བསྩལ་པ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ༔ བཀའ་ཡི་བསྟན་པའི་གཉེར་འཛིན་པ༔ བྲན་མོའི་ཚུལ་སྟོན་རལ་གཅིག་མ༔ དེ་སྐད་ཞུས་པ་ཁྱོད་ལེགས་སོ༔ ངས་ཀྱང་མ་འོངས་འགྲོ་ཕན་ཕྱིར༔ གསུང་གིས་གསལ་བར་སྟོན་པས་ཉོན༔ བཀའ་ཡི་སྲུང་མ་རལ་གཅིག་མ༔ ཁྱོད་ཀྱི་བྲན་མོ་དུད་སོལ་མ༔ སྡེ་བརྒྱད་གཡོག་དང་བཅས་པས་སྲུངས༔ སྐལ་བ་ལྡན་ལ་མེལ་ཚེ་གྱིས༔ ཉམས་པ་ཅན་གྱི་དབང་པོ་སྣུབས༔ རྒྱུད་ཆེན་གཞི་ལམ་འབྲས་བུའི་རྒྱུད༔ རིན་ཆེན་ལྔ་འམ་སྣག་མཚལ་གྱིས༔ གླེགས་བམ་སོར་བརྒྱད་ཚད་དུ་བཅང་༔ ཡང་ན་རང་མོས་ཆེ་ཆུང་འཚམས༔ བྲིས་ཤིང་ཉེར་ལྔར་ཚོགས་མཆོད་དང་༔ འབྲེལ་བར་ཉམས་སུ་སུས་བླངས་པར༔ འཇིགས་བརྒྱད་དུས་མིན་འཆི་རྐྱེན་བྲལ༔ དབྱིངས་ཀྱི་ཡུམ་ལྔས་བུ་བཞིན་དགོངས༔ གནས་གསུམ་མཁའ་འགྲོ་མཛའ་བཞིན་འཁོར༔ ཕྱི་མ་དག་པའི་ཞིང་དུ་གྲོལ༔ མ་འོངས་རྒྱལ་ཀུན་གསང་མཛོད་འཆང་༔ ལག་ན་རྡོ་རྗེ་རི་ཡི་རྒྱལ༔ མེ་རི་འབར་བའི་རྩེ་མོ་རུ༔ མཚོ་སྐྱེས་སྤྲུལ་པའི་སྐུ་ལ་སྟོན༔ དེས་ཀྱང་པྲེ་ཏ་པུ་རིའི་ཞིང་༔ འདུལ་མཛད་རྗེ་དང་བཙུན་མོ་འབངས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ དབྱངས་ཅན་སྤྲུལ་པའི་གཟུངས་མ་ལ༔ གཏད་རྒྱ་སྨོན་ལམ་བཀའ་བཙན་པས༔ རང་བྱུང་དབྱིངས་རིག་དགོངས་པའི་ཀློང་༔ མི་སྣང་ནམ་མཁའི་གཏེར་དུ་སྦོས༔ སྨོན་ལམ་དུས་བབ་འདོན་ཅིང་སྤེལ༔ གང་འབྲེལ་ཕན་པའི་དཔལ་ལ་འགོད༔ ཡན་ལག་རྒྱུད་ཀྱི་རྩ་བ་ནི༔ བཀའ་སྲུང་རལ་གཅིག་ཁྱོད་ཉིད་ཀྱི༔ སྲོག་དབང་སྒྲུབ་ཐབས་ལས་ཚོགས་བཅས༔ གསང་བའི་བདག་པོས་སྟོན་པར་འགྱུར༔ ཞེས་བཀའ་བསྩལ་པ་དང་རལ་གཅིག་མ་གཙོ་འཁོར་སྡེ་བརྒྱད་བྲན་དང་བཅས་པ་དང་༔ དབྱིངས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་འཁོར་འདས་མཉམ་པ་ཆེན་པོའི་ཀློང་དུ་ཨ་ལ་ལ་ཧོ་ངོ་མཚར་ཏེ་རྗེས་སུ་ཡི་རངས་པས་མངོན་པར་བསྟོད་དོ༔ རལ་གཅིག་མའི་རྩ་བའི་རྒྱུད་སྤུ་གྲི་འབར་བ་རྫོགས་སོ༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དབྱིངས་རིག་དབྱེར་མེད་དགོངས་པའི་ཀློང་ནས་བཏོན་ཏེ་སྐལ་ལྡན་ཆོས་ཀྱི་བདག་པོ་རྣམས་ལ་སྤེལ་བས་གང་འབྲེལ་ཐམས་ཅད་གནས་སྐབས་སྔགས་ཀྱི་སྲུང་མའི་སྲུང་སྐྱོབ་གཡེལ་མེད་དུ་མཛད་ནས་མཐར་ཐུག་རྒྱལ་ཡུམ་ཀུན་ཏུ་བཟང་མོ་དང་དབྱེར་མེད་དུ་གྲོལ་བའི་རྒྱུར་གྱུར་ཅིག༔ སརྦ་མངྒ་ལཾ༔

ཡན་ལག་གི་རྒྱུད་དངོས་གྲུབ་འདོད་འཇོའི་ཕྲིན་ལས་ཀུན་འགྲུབ།

སྔགས་སྲུང་མའི་ཡན་ལག་གི་རྒྱུད་དངོས་གྲུབ་འདོད་འཇོའི་ཕྲིན་ལས་ཀུན་འགྲུབ་བཞུགས༔

འདི་སྐད་བཤད་ཅིང་ཐོས་པའི་དུས༔ དུར་ཁྲོད་མེ་རི་འབར་བའི་རྩེར༔ སྟོན་པ་ཀུན་བཟང་ཧེ་རུ་ཀ༔ ལག་ན་རྡོ་རྗེའི་སྐུར་བསྟན་ནས༔ གནས་གསུམ་མཁའ་འགྲོའི་ཚོགས་རྣམས་དང་༔ ཨེ་ཀ་ཙ་ཊི་སྤུན་དྲུག་དང་༔ དབྱིངས་ཡུམ་འབུམ་ཕྲག་དྲུག་ཅུ་བཞི༔ ཡེ་ཤེས་འཇིག་རྟེན་ཤ་ཟ་ཡི༔ ཌཱཀྐི་བརྗོད་མེད་གྲངས་འདས་པ༔ དབང་དུ་བསྡུས་ཤིང་ཟིལ་གྱིས་མནན༔ གསང་སྔགས་བཀའ་ཡི་སྲུང་མའི་རྒྱུད༔ གྲངས་དང་བསམ་ལས་འདས་པར་བཤད༔ དེ་ཚེ་འཁོར་གྱི་གཙོ་མོ་མཆོག༔ ནམ་མཁའི་རྒྱལ་མོ་ཨེ་ཀ་ཛས༔ ལག་ན་རྡོ་རྗེར་གུས་ཕྱག་དང་༔ གཡས་གཡོན་བསྐོར་བ་ལན་བདུན་བྱས༔ སྤྱན་སྔར་འདུག་སྟེ་འདི་སྐད་གསོལ༔ ཨེ་མ་ཧོ༔ སྐྱེ་མེད་ཆོས་སྐུའི་མཁའ་དབྱིངས་ལས༔ གསང་སྔགས་རྒྱུད་ཀྱི་རྒྱལ་པོ་བཞེངས༔ ལག་ན་རྡོ་རྗེ་གསང་བའི་རྒྱལ༔ བསྟན་པའི་དགྲ་བགེགས་སྒྲོལ་བ་དང་༔ རྣལ་འབྱོར་སྣ་ཚོགས་ལས་འགྲུབ་ཕྱིར༔ བསྟན་པ་སྤྱི་དང་གསང་ཆེན་གྱི༔ གཉེར་འཛིན་བདག་ཉིད་སྒྲུབ་པའི་ཐབས༔ ཡན་ལག་རྒྱུད་ཆེན་བཀའ་སྩོལ་ཅིག༔ ཡན་ལག་གི་རྒྱུད་ཕྲིན་ལས་ཀུན་འགྲུབ་ལས༔ རྒྱུད་བཤད་པར་ཞུ་བའི་སརྒ་དང་པོའོ༔ ས་མ་ཡཱ༔ དེ་ནས་སྟོན་པ་གསང་བའི་བདག༔ ལག་ན་རྡོ་རྗེས་བཀའ་བསྩལ་པ༔ ཀྱེ་ཀྱེ་གསང་སྔགས་བསྟན་སྲུང་མ༔ གཙོ་དང་བྲན་བཅས་ལེགས་པར་ཉོན༔ ང་ནི་སྟོན་པ་ང་ནི་ཆོས༔ ང་ནི་འཁོར་ཏེ་སངས་རྒྱས་ཀུན༔ ང་ཡིས་བསྐྱེད་ཅིང་ང་ལ་སྡུད༔ ང་ནི་འཁོར་འདས་ཀུན་བདག་ཉིད༔ ཆེ་བའི་ཆེ་མཆོག་ང་ཉིད་དོ༔ དེ་ཕྱིར་སྲུང་མའི་རྒྱུད་བཤད་དོ༔ གསུངས་པར་ཞལ་གྱིས་བཞེས་པའི་སརྒ་གཉིས་པའོ༔ ས་མ་ཡཱ༔ གསང་སྔགས་སྲུང་མ་ཀུན་གྱི་གཙོ༔ ཨེ་ཀ་ཛ་ཊི་སྒྲུབ་འདོད་ན༔ དབང་དང་སྒྲུབ་ཐབས་ལས་ཚོགས་ཏེ༔ རིམ་པ་བཞིན་དུ་ཉམས་སུ་ལོངས༔ དང་པོ་སྣོད་ལྡན་སློབ་མ་ནི༔ ཆོས་ལ་མོས་ཤིང་དགེ་བཅུ་སྒྲུབ༔ ཁྱད་པར་སྔགས་ཀྱི་སྟོན་པ་དང་༔ ཆོས་ལ་ཐེ་ཚོམ་དང་བྲལ་བས༔ བླ་མ་མཚན་ཉིད་ལྡན་པ་ནི༔ མི་དགེའི་སྐྱོན་སྤངས་བསླབ་དང་ལྡན༔ བརྒྱུད་པ་སེལ་མེད་ལྟ་སྤྱོད་འབྲེལ༔ ཐུགས་བརྩེས་སྐལ་ལྡན་སྐྱོང་ལ་མཁས༔ ཚོགས་དང་གཏོར་མའི་ལས་ལ་བརྩོན༔ བཀའ་ཡི་སྲུང་མ་བྲན་དུ་ཁོལ༔ དེ་ལྟ་བུ་ལ་བརྟེན་པར་བྱ༔ དེས་ཀྱང་སྒྲིབ་བཞི་སྦྱང་བའི་དབང༔ བུམ་གསང་ཤེས་རབ་ཚིག་གི་བརྡའ༔ སྲོག་གཏད་དུས་ཚེས་བཟང་པོར་འབོགས༔ སློབ་མས་ཚུལ་བཞིན་ཉམས་སུ་ལོངས༔ རྒྱུད་ཀྱི་སྤྱི་ཆིངས་བསྟན་པའི་སརྒ་གསུམ་པའོ༔ ས་མ་ཡཱ༔ དེ་ནས་ལག་ན་རྡོ་རྗེ་ལ༔ སྔགས་ཀྱི་བདག་མོས་ཡང་གསོལ་བ༔ ལེགས་སོ་སྟོན་པ་གསང་བའི་རྒྱལ༔ སྐལ་ལྡན་སྨིན་པར་བྱེད་པའི་དབང་༔ དམ་ཚིག་དང་བཅས་ཇི་ལྟར་ལགས༔ བླ་མེད་སྟོན་པས་བཀའ་བསྩལ་པ༔ རང་རྒྱུད་གཞི་དབང་ས་བོན་ཉིད༔ སྨིན་བྱེད་ལམ་གྱི་དབང་བསྐུར་ནི༔ ཕུན་ཚོགས་ལྔ་ཡི་གཞི་བཟུང་ནས༔ བླ་མས་བསྙེན་སྒྲུབ་ཚད་དུ་སྐྱོལ༔ མཆོད་བསྟོད་གཏོར་འབུལ་ཚོགས་ཀྱིས་བསྐང་༔ དངོས་གྲུབ་ཞུ་ཞིང་སློབ་མ་ནི༔ ལྔ་བདུན་གྲངས་ལས་མི་མང་བར༔ ཁྲུས་བྱས་བགེགས་ལ་གཏོར་མ་ནི༔ སྔགས་འབྲུ་གསུམ་གྱིས་བྱིན་བརླབས་ནས༔ རང་ཉིད་ལྷ་གསལ་ཚིག་འདིས་བསྔོ༔ ཧཱུྃ༔ དང་པོ་རང་བྱུང་རིག་པ་མ་རིག་འཁྲུལ༔ བར་དུ་ལས་དང་བག་ཆགས་བྱུར་སྣ་འདྲེན༔ ཐ་མ་ལམ་ལོག་ཐར་པའི་ལམ་ལས་རིང་༔ དུས་གསུམ་ཀུན་ཏུ་མི་འདོད་བར་ཆད་རྩོམ༔ འདོད་པའི་དོན་ལ་གེགས་བྱེད་གདོན་དང་བགེགས༔ དམ་སྲི་འབྱུང་པོ་གཏོར་མས་ཚིམས་པར་གྱིས༔ བསྟན་པའི་དགྲ་ལ་ཟ་ཁ་གཏོད་ཅིང་སོང་༔ གལ་ཏེ་སྒྲུབ་པའི་གནས་འདིར་འཁོར་གྱུར་ན༔ གསང་བདག་དཔའ་བོ་སྤྲུལ་པའི་ཁྲོ་མཚོན་གྱིས༔ ལུས་སེམས་རྡུལ་དུ་བརླག་པར་གདོན་མི་ཟ༔ གཏོར་མ་ཕྱིར་འཕང་སྔགས་ཐུན་བརྡེག༔ བསྲུང་བའི་འཁོར་ལོ་འདི་བཞིན་བསྒོམ༔ ཧཱུྃ་ཧཱུྃ༔ བདག་ཉིད་གསང་འཛིན་ལག་ན་རྡོ་རྗེ་ཡི༔ བསྲུང་བའི་འཁོར་ལོ་རྡོ་རྗེའི་ཆོས་བདུན་ལྡན༔ སྟོང་ཉིད་འདུས་མ་བྱས་དབྱིངས་རྣམ་རྟོག་བྲལ༔ ཀུན་བརྟགས་འབྱུང་པོས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་ཧཱུྃ༔ ལོ་རྒྱུས་བཤད་ཅིང་གོ་མཚོན་སོགས༔ མཎྜལ་ཕུལ་ནས་གསོལ་བ་བཏབ༔ སློབ་མ་ལྷར་བསྐྱེད་ཚིལ་ཆེན་དང་༔ སྤོས་བསྲེགས་བྱིན་དབབ་ཚིག་འདིས་བྱ༔ ཧཱུྃ་ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས༔ ཀུན་བཟང་དབྱིངས་ཡུམ་སྐུར་བཞེངས་ལ༔ རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ སྒྲུབ་རྫས་ཡོ་བྱད་བདུད་རྩིར་བསྒྱུར༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ དབྱིངས་སྣང་འོད་ལྔའི་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་སྐུར་བཞེངས་ལ༔ རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔སྒྲུབ་རྫས་ཡོ་བྱད་བདུད་རྩིར་བསྒྱུར༔མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ རྔ་ཡབ་དཔལ་རིའི་ཕོ་བྲང་ནས༔ ཡེ་ཤེས་མཚོ་རྒྱལ་སྐུར་བཞེངས་ལ༔ རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ སྒྲུབ་རྫས་ཡོ་བྱད་བདུད་རྩིར་བསྒྱུར༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ དུར་ཁྲོད་མེ་རི་འབར་བ་ནས༔ གསང་འཛིན་དཔའ་བོ་སྐུར་བཞེངས་ལ༔ རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ སྒྲུབ་རྫས་ཡོ་བྱད་བདུད་རྩིར་བསྒྱུར༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ སྔགས་ཀྱི་སྒྲུབ་གནས་ཐམས་ཅད་ནས༔ སྔགས་ཀྱི་བདག་མོ་སྐུར་བཞེངས་ལ༔ རྣལ་འབྱོར་སྒོ་གསུམ་བྱིན་གྱིས་རློབས༔ སྒྲུབ་རྫས་ཡོ་བྱད་བདུད་རྩིར་བསྒྱུར༔ མཆོག་ཐུན་དངོས་གྲུབ་དུས་འདིར་སྩོལ༔ སོགས་བརྗོད་རྩ་སྔགས་ཤམ་བུ་རུ༔ ཛྙཱ་ན་ལོ་ཀ་ཀརྨ་ཌཱཀྐི་ཨ་བེ་ཤ་ཡ་ཕེཾ༔ ཞེས་བརྗོད་རོལ་མོ་དྲག་ཏུ་འཁྲོལ༔ ཕེབས་རྟགས་ལུས་ངག་ཡིད་ལ་འབྱུང་༔ རིམ་བཞིན་གསང་གསུམ་རྗེས་གནང་དང་༔ འཁོར་ལ་བཀའ་བསྒོ་སྲོག་གཏད་བྱ༔ དམ་ཚིག་སྣོད་བཅུད་ལྷ་རུ་བལྟ༔ ཁྱད་པར་བུད་མེད་མི་སྨད་ཅིང་༔ ལས་རུང་དགའ་བཞིའི་དོན་རྩལ་སྦྱང་༔ སྤྱོད་ལམ་ཀུན་ཏུ་ཆོས་སྤྱོད་དང་༔ ཡར་མར་ཚེས་བཅུའི་དུས་མཆོད་བཟུང་༔ ས་མ་ཡཱ༔ དབང་གི་རིམ་པ་བཤད་པའི་སརྒ་བཞི་པའོ༔ དེ་ནས་སྟོན་པ་གསང་བའི་བདག༔ གང་ལ་དཔའ་མོས་ཡང་གསོལ་བ༔ བསྙེན་སྒྲུབ་ཡན་ལག་རྣམ་པ་བཞིའི༔ སྒྲུབ་ཐབས་རིམ་པ་ཇི་ལྟར་ལགས༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ སྒྲུབ་གནས་ཡོ་བྱད་སྒྲུབ་པའི་རྫས༔ དུས་དང་བསྙེན་ཚད་གྲུབ་རྟགས་རྣམས༔ བསྟན་ལ་ཕན་ཕྱིར་འདི་ལྟར་བྱ༔ ཤིན་ཏུ་དབེན་ཅིང་ཉམས་དགའ་བ༔ གྲུབ་ཐོབ་ཞབས་བཅགས་ནགས་ཚལ་ལམ༔ བྲག་ནག་མཁའ་འགྲོའི་ནུ་མཚན་སོགས༔ དམར་ནག་ས་མདོག་སྣུམ་ཞག་ལྡན༔ རྒྱུན་འབབ་ཆུ་བོ་ལྷུང་ལྷུང་འབབས༔ དུས་ཚེས་དམར་ཕྱོགས་འཕྲོད་སྦྱོར་བཟང་༔ སྒྲུབ་རྫས་སྨན་གཏོར་རཀྟ་ཚོགས༔ སྐུ་གསུང་ཐུགས་རྟེན་རང་འཚོའི་རྫས༔ བཀྲེན་པ་མེད་པར་ཉམས་སུ་བླང་༔ ཕྱི་ནང་གསང་བའི་གོ་རིམ་ལྟར༔ དཔའ་མོ་གཅིག་ལྔ་གྲངས་མང་འཁོར༔ དང་པོ་བསྙེན་ཅིང་བར་དུ་སྒྲུབ༔ བསྙེན་ཚད་དུས་གྲངས་མཚན་མ་མཐོང་༔ བསྙེན་དུས་དྲུག་འགྱུར་ཞལ་ལས་ཤེས༔ རྟགས་ནི་ཐུན་མོང་གང་འདོད་འགྲུབ༔ མཆོག་ལ་དབྱིངས་དོན་རྣལ་དུ་འབྱོར༔ སྐལ་ལྡན་སྒྲུབ་པའི་རིམ་པའོ༔ ས་མ་ཡཱ༔ སྒྲུབ་ཐབས་བསྟན་པའི་སརྒ་ལྔ་པའོ༔ དེ་ནས་དཔའ་མོ་མཁའ་རལ་ཅན༔ གུས་པས་རྗེ་ལ་འདི་སྐད་གསོལ༔ བདག་ཉིད་སྲོག་སྔགས་བསྙེན་སྒྲུབ་སྔགས༔ རྒྱས་བསྐུལ་འབོད་དང་རྦད་པ་དང་༔ བསད་དང་བཟློག་པའི་སྔགས་ཀྱི་ཐེབས༔ སྐལ་ལྡན་དོན་དུ་བསྩལ་དུ་གསོལ༔ སྟོན་པས་དགྱེས་པས་བཀའ་བསྩལ་པ༔ ཏིང་འཛིན་སྔགས་ཀྱི་སྲོག་ཤིང་ཡིན༔ དམ་ཚིག་སྔགས་ཀྱི་རྨང་རྡོ་ཡིན༔ བསྙེན་པ་དངོས་གྲུབ་ལྡེ་མིག་ཡིན༔ ལས་སྦྱོར་སྔགས་ཀྱི་མཚོན་རྣོན་ཡིན༔ ཡིད་ཆེས་གུས་པས་སྙིང་ལ་ཆོངས༔ དང་པོ་རྩ་བའི་བསྙེན་པ་ནི༔ ཐུགས་ཀར་ཉི་སྟེང་མ་ཡིག་སྒོམ༔ སྔགས་ནི་འདི་བཞིན་ཡིད་རླུང་བཟླས༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛཿ སྔགས་གྲངས་ཉེར་གཅིག་སྔགས་ཀྱི་ཐེབས༔ ཆད་ལྷག་སྤངས་ཏེ་སྨྲ་བ་བཅད༔ སྒྲུབ་སྔགས་ལས་སྦྱོར་སྔགས་ཁྲིགས་ནི༔ རྩ་སྔགས་ཤམ་བུར་བྷྲཱུྃ་དང་ཧཱུྃ༔ ཕཊ་ཅེས་ཞི་རྒྱས་དབང་དྲག་གི༔ ལྡེ་མིག་རིག་པའི་མདའ་དང་བསྟུན༔ གཞན་ཡང་བྲན་མོ་རེ་མ་ཏཱི༔ མིང་བརྒྱ་མཚན་སྟོང་སྔགས་མང་ཡང་༔ ཨོཾ་བཛྲ་དྷཀྐི་མ་ཧཱ་ཀ་ལི་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧྲཱིཿ གཙོ་མོ་འབོད་སྔགས་འདི་བཞིན་ནོ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་སྲོག་དུང་དུང་༔ འདུས་འདུས༔ ཌཀྐཱི་དྷ་ར་ཛ་ཛ༔ སིདྡྷི་སིདྡྷི་ཡཾ་དུ་ཛཿ ཞེས་པ་ཁྲི་འབུམ་གྲངས་ཐུན་བཟུང་༔ གཙོ་མོའི་རྦད་སྔགས་འདི་བཞིན་ནོ༔ རཀྨོ་ཁྲོམ་མྱོགས་བྷྱོ༔ རཀྨོ་དུང་ཐིག་བྷྱོ༔ རཀྨོ་ཧར་ཧུར་སྙིང་རྩ་ལ་རྦད༔ མ་མ་ཨེ་ཀ་ཛ་ཊི་དགྲ་བགེགས་ཀྱི་སྲོག་ལ་རྦད༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་རྦད༔ མཱ་ར་ཡ་སྲོག་དབུགས་སྙིང་ལ་རྦད་རྦད༔ ཅེས་པ་སྒྲོལ་བའི་ལས་བརྩམས་ཚེ༔ རྦད་སྔགས་དུག་གི་སྤུ་གྲི་འདི༔ དྲན་པ་ཙམ་ལས་མང་མི་རུང་༔ བསད་སྔགས་དུག་མཚོན་མཚོན་ཆར་ནི༔ བྷྱོ་བྷྱོ༔རཀྨོ་རཀྨོ་ཨེ་ཀ་ཛ་ཊཱི་དགྲ་བགེགས་བྱད་མ་སོད་སོད༔ ཤ་ལ་རྔམ་རྔམ༔ ཁྲག་ལ་རྔུབ་རྔུབ༔ རུས་ལ་ཆོམ་ཆོམ༔ ཚལ་པ་ཚལ་པ༔ དགྲ་བགེགས་མཱ་ར་ཡ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཕཊ་ཕཊ༔ བསད་སྔགས་གང་ལའང་གསུམ་ལྔ་བཟླས༔ བཟློག་པ་རྩ་སྔགས་ཤམ་བུ་རུ༔ ཨ་ཨ་ལྷ་ཡི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ ཡ་ཡ་གཤིན་རྗེའི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ མ་མ་མ་མོའི་བྱད་ཕུར་བྷྱོ་ཟློག༔ དུ་དུ་བདུད་ཀྱི་བྱད་ཕུར་བྷྱོ་ཟློག༔ རུ་རུ་གཟའ་ཡི་བྱད་ཕུར་བྷྱོ་ཟློག༔ ཙ་ཙ་བཙན་གྱི་བྱད་ཕུར་བྷྱོ་ཟློག༔ ཤ་ཤ་སྲིན་པོའི་བྱད་ཕུར་བྷྱོ་ཟློག༔ ན་ན་ཀླུ་ཡི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ གཙོ་མོའི་ཟློག་སྔགས་ནི༔ མ་མ་ཨེ་ཀ་ཛ་ཊཱི་གནས་གསུམ་ཌཱཀྐིའི་བཀའ་ཆད་བྷྱོ་ཟློག༔ ཨ་ཡ་མ་རུ་དུ་ཙ་ཤ་ན་སྡེ་བརྒྱད་སྤྱི་ཡི་གནོད་གདུག་བྱད་ཕུར་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག༔ དུད་སོལ་མའི་འབོད་སྔགས་ནི༔ རེ་མ་ཏི་མཱ་ར་ཡ་སརྦ་སིདྡྷི་ཡཾ་ཛ༔ རྦད་སྔགས༔ རེ་མ་ཏི་དགྲ་བགེགས་འབྱུང་པོའི་ལུས་ངག་ཡིད་གསུམ་ལ་མཱ་ར་ཡ་རྦད་རྦད༔ བསད་སྔགས༔ དྷཀྐཱི་རེ་མ་ཏཱི་ཨ་མུ་ཀ་དགྲ་བགེགས་ཐམས་ཅད་སོད་སོད༔ ཤ་ལ་རྔམ༔ ཁྲག་ལ་རྔུབ༔ རུས་ལ་ཆོམ༔ དབུགས་ལ་ད་ཡ་ད་ཡ༔ ཆོད་ཡ་ཆོད་ཡ༔ ཕཊ་ཕཊ༔ དེ་རྣམས་སྔགས་ཀྱི་རིམ་པའོ༔ སྒྲུབ་པ་ལས་སྦྱོར་དང་བཅས་པའི་བསྙེན་སྔགས་བསྟན་པའི་སརྒ་དྲུག་པའོ༔ དེ་ནས་སྔགས་ཀྱི་བདག་མོ་ཡིས༔ རྡོ་རྗེ་འཆང་ལ་གུས་གསོལ་བ༔ དེ་ལྟར་སྒྲུབ་པའི་རྣལ་འབྱོར་གྱིས༔ ནད་ཡམས་བཟློག་དང་དགྲ་ལ་རྦད༔ སད་སེར་སྲུང་དང་ཁ་ཆར་གཅོད༔ རང་གཞན་སྲུང་དང་ཐན་འགྱེད་སོགས༔ སྣ་ཚོགས་ལས་ཀྱི་ཁ་ཚར་རྣམས༔ གསང་འཛིན་དཔའ་བོས་གསུང་དུ་གསོལ༔ རྡོ་རྗེ་འཛིན་པས་བཀའ་བསྩལ་པ༔ རྣལ་འབྱོར་མི་ཕྱུགས་ནད་བཟློག་ན༔ སྒྲུབ་རྫས་བཤམས་ཤིང་བསྙེན་པ་བསྐྱལ༔ རལ་གཅིག་ནད་ཡམས་གཡུལ་བཟློག་མདོས༔ དུར་ཁྲོད་ས་ལ་ཆག་ཆག་གདབ༔ མ་ཏྲཾ་སྔོ་སྐྱའི་ལྟེ་བ་རུ༔ ཐིག་ཆེན་བརྒྱད་པོ་སྤྱི་ལྟར་ལ༔ མུ་ཁྱུད་ལྔ་བའི་དབུས་ཉིད་དུ༔ ཆོས་འབྱུང་མ་ཡིག་དེ་ཡི་ཕྱིར༔ རྩིབས་བརྒྱད་དེ་རྒྱབ་མེ་ཤིང་སྤྲིན༔ དུར་བདག་བརྒྱད་སོགས་འཁོར་ལོ་འབྲི༔ དེ་ཕྱིར་རྡོར་ཕྲེང་མེ་རི་འོ༔ དབུས་སུ་རི་རབ་བང་རིམ་བཞི༔ འོག་མར་སྲོག་ཆགས་སྣ་ཚོགས་གཟུགས༔ དེ་ལྟར་རྒྱལ་སྲིད་རྫས་རྟགས་བརྒྱད༔ དེ་སྟེང་ངར་གླུད་མདའ་དང་འཕང་༔ སྟེང་མར་ནམ་མཁའ་ཉི་ཟླ་གདུགས༔ སྤྲོས་བཅས་ལག་ལེན་མཁས་པས་དཔྱད༔ སྔགས་ཀྱིས་སྦྱངས་ཤིང་ཚིག་གིས་བསྔོ༔ ཐུགས་དམ་བསྐངས་ལ་ནད་ཡམས་བཟློག༔ཞལ་ཤེས་ཆོས་ཀྱི་བདག་པོས་དཔྱོད༔ གཞན་ཡང་དགྲ་འདྲེའི་ལིང་ག་ནི༔ ཧོམ་དུ་གཞུག་ཅིང་འགུགས་དབྱེ་བསྒྲལ༔ བཟློག་གཏོར་ལྷ་གྲངས་ཁྲི་འུར་བཏེགས༔ ཤ་སྣ་ཁྲག་མཚེ་ཡུངས་མཚོན་བརྒྱན༔ སྔགས་ཀྱིས་བཟློག་ཅིང་གཏོར་མ་འབུལ༔ ཐུན་བཟུང་འབད་པས་གང་འདོད་འགྲུབ༔ ས་མ་ཡཱ༔ ལས་ལ་སྦྱོར་བའི་སརྒ་སྟེ་བདུན་པའོ༔ ས་མ་ཡཱ༔ དེ་ནས་ལག་ན་རྡོ་རྗེ་ཡིས༔ ནམ་མཁའི་རལ་ཅན་སྔགས་སྲུང་མར༔ དགྱེས་པའི་ཁྲོ་འཛུམ་རབ་བཞད་ནས༔ རྡོ་རྗེའི་ཚིག་གིས་འདི་བཞིན་བསྟོད༔ ཨེ་མ་ཧོ༔ རང་རིག་ངོ་བོ་དམིགས་སུ་མེད༔ དམིགས་པ་མེད་ལ་གཟུགས་སྐུ་ཤར༔ ལོངས་སྤྱོད་རྫོགས་སྐུ་དབྱིངས་ཡུམ་ལྔ༔ རལ་གཅིག་ཁྲོས་མར་བསྟན་ལ་བསྟོད༔ བརྡ་རྟགས་ཡོན་ཏན་སྐུ་ལ་རྫོགས༔ སྡེ་གསུམ་ཀློང་དགུའི་བསྟན་པ་སྲུངས༔ དམ་ལྡན་སྐྱོངས་ཤིང་དམ་མེད་སྒྲོལ༔ ཨེ་ཀ་ཛ་ཊཱི་ཁྱོད་ལ་བསྟོད༔ ཨ་ལ་ལ་ཧོ༔ དེ་ནས་སྔགས་ཀྱི་སྲུང་མ་ཡིས༔ གསང་བའི་རྒྱལ་ལ་ཕྱག་བྱས་ཏེ༔ གསང་བའི་ཚིག་གིས་གུས་བསྟོད་པ༔ ཨེ་མ་ཧོ༔ མ་གྲུབ་སྟོང་དབྱིངས་ཀུན་ཏུ་བཟང་༔ དྲུག་པ་རྡོ་རྗེ་འཆང་དུ་ཤར༔བཀའ་ཡི་སྡུད་པོ་རྡོ་རྗེའི་ཆོས༔ གསང་སྔགས་སྒྲོན་མེ་ཁྱོད་ངོ་མཚར༔ ཞེས་ཞུས་གསང་བའི་བདག་པོ་ཡིས༔ རྒྱུད་འདི་གཉེར་དུ་གཏད་པ་ནི༔ ཀྱཻ་ཧོ་འདུས་པའི་འཁོར་ཚོགས་ཉོན༔ གསང་སྔགས་རྒྱུད་སྡེ་སྤྱི་བྱེ་བྲག༔ ཁྱད་པར་རལ་གཅིག་ཁྲོས་མ་ཡི༔ རྒྱུད་འདི་བསྟན་པའི་བཙས་སུ་ཟུངས༔ ཁོང་ནས་གཅེས་པའི་སྙིང་བཞིན་སྲུངས༔ འཛིན་སྐྱོང་སྤེལ་བའི་གང་ཟག་ལ༔ རྟག་ཏུ་བུ་བཞིན་བརྩེ་བས་སྐྱོངས༔ བཀའ་རྐུན་ཉམས་པའི་ཚོགས་ལ་སྦོས༔ ཞེས་གསུངས་སྤྲུལ་པའི་ཆོ་འཕྲུལ་གྱིས༔ བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི༔ དམ་མེད་སྡེ་བརྒྱད་ཆམ་ལ་ཕབ༔ གཙོ་བརྒྱད་སྲོག་བླངས་སྲུང་མར་བསྐོས༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ༔ རཀྵ་རཀྵ༔ ཀུན་གྱིས་ཁས་བླངས་བྲན་དུ་གྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རྡོ་རྗེའི་གླུས་བསྟོད་པའི་སརྒ་བརྒྱད་པའོ༔ དེ་ནས་སླར་ཡང་སྔགས་བདག་མོས༔ རྒྱུད་ཀྱི་ཕན་ཡོན་ཞུས་པ་ནི༔ རྒྱུད་འདི་བཀླག་ཅིང་སྤེལ་བ་ལ༔ གནས་སྐབས་མཐར་ཐུག་ཡོན་ཏན་གང་༔ གསང་བའི་བདག་པོས་གསུང་དུ་གསོལ༔ ལག་ན་རྡོ་རྗེས་བཀའ་བསྩལ་པ༔ ཡན་ལག་རྒྱུད་འདི་སུས་བཅིངས་པ༔ གནས་སྐབས་བར་ཆད་རྐྱེན་ལས་གྲོལ༔ མ་མོ་མཁའ་འགྲོ་གྲིབ་བཞིན་འགྲོགས༔ མཐར་ཐུག་མཁའ་སྤྱོད་ཞིང་ཁམས་སུ༔ རྡོ་རྗེ་ཁྲོས་མས་རྗེས་བཟུང་ནས༔ དོན་གཉིས་འགྲུབ་པར་ཐེ་ཚོམ་མེད༔ ཅེས་གསུངས་པས་འཁོར་གྱི་ཚོགས་མཐའ་ཡས་པས་མངོན་པར་བསྟོད་ནས༔ འཁོར་འདས་མཉམ་པར་ཀ་ནས་དག་པའི་དབྱིངས་སུ་མི་སྣང་བར་གྱུར་ཏོ༔ རྒྱུད་ཀྱི་ཕན་ཡོན་བསྟན་པའི་སརྒ་དགུ་པའོ༔ ས་མ་ཡཱ༔ རིག་འཛིན་སྐལ་ལྡན་ལུང་རིག་གླིང་པས་ཕབ་པའོ༔

རལ་གཅིག་མའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ།

རལ་གཅིག་མའི་བརྒྱུད་པའི་གསོལ་འདེབས་མུ་ཏིག་ཕྲེང་བ་བཀའ་གཏད་དང་འབྲེལ་བ་བཞུགས་སོ༔ ཨེ་མ་ཧོ༔ ཆོས་དབྱིངས་འགྱུར་མེད་ཀུན་བཟང་དབྱིངས་ཀྱི་ཡུམ༔ ཕྱི་གསལ་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཡུམ༔ རྡོ་རྗེ་ཕག་མོ་ཁྲག་འཐུང་ཀུན་གྱི་ཡུམ༔ གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ༔ ལག་ན་རྡོ་རྗེ་གསང་ཆེན་རྒྱུད་སྡེའི་བདག༔ པདྨ་ཐོད་ཕྲེང་གངས་ཅན་བསྟན་པའི་བདག༔ ཡེ་ཤེས་མཚོ་རྒྱལ་བདེ་སྟོང་དགའ་བཞིའི་བདག༔ གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་མཛོད༔ དཔལ་གྱི་དབང་ཕྱུག་ཕུར་པའི་རིག་འཛིན་མཆོག༔ ལུང་རིག་གླིང་པ་དག་སྣང་མཛོད་འཛིན་མཆོག༔ རལ་གཅིག་མ་མོ་སྔགས་སྲུང་ཡོངས་ཀྱི་མཆོག༔ གསོལ་བ་འདེབས་སོ་བདུད་སྡེའི་བར་ཆད་ཟློག༔ དུད་སོལ་ལྷ་མོ་བཀའ་ཡི་སྲུང་མའི་གཙོ༔ དགོངས་གཏེར་དག་སྣང་བསླུ་མེད་གཏེར་གྱི་གཙོ༔ ལུང་ཟིན་སྐལ་ལྡན་བརྒྱུད་པ་སྤེལ་བའི་གཙོ༔ གསོལ་བ་འདེབས་སོ་བཤད་སྒྲུབ་མཐར་ཕྱིན་ཤོག༔ རྒྱལ་བ་དགོངས་བརྒྱུད་ཚིག་དང་ཡི་གེ་བྲལ༔ རིག་འཛིན་བརྡ་བརྒྱུད་སྟོན་འཁོར་བརྡ་མཚོན་མཉམ༔ གང་ཟག་སྙན་བརྒྱུད་ཞལ་ནས་རྣ་བར་གསན༔ བརྒྱུད་པའི་བབས་ལུགས་གསུམ་གྱིས་བྱིན་རླབས་སྩོལ༔ ཤོག་སེར་ཚིག་བརྒྱུད་བརྡ་ཤོག་སྙིང་ལ་བབས༔ སྨོན་ལམ་ལས་འཕྲོ་སྔོན་ནས་བར་མ་ཆད༔ གཏད་རྒྱ་དབང་བསྐུར་པདྨས་རྗེས་སུ་བཟུང་༔ ཁྱད་པར་བརྒྱུད་པ་གསུམ་གྱིས་བྱིན་རླབས་སྩོལ༔ གཏེར་ཆོས་སེལ་མེད་ཉམས་སུ་སུས་བླངས་པའི༔ གནས་སྐབས་རྐྱེན་ངན་བར་ཆད་དབྱིངས་སུ་གྲོལ༔ མཐར་ཐུག་བདེ་ཆེན་ཞིང་དུ་འབྲེལ་ཚད་འདྲེན༔ གཏད་རྒྱ་སྨོན་ལམ་དབང་ལུང་བརྒྱུད་པ་ཀུན༔ རིག་གཏད་སྨོན་ཚིག་འདི་ཡིས་མྱུར་ཐོབ་ཤོག༔ ཅེས་པའང་རིག་དཔལ་གྱིས་བསྐུལ་ངོར་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་སྨྲས་པའོ༔ སརྦ་མངྒ་ལཾ༔

སྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྔགས་སྲུང་རལ་གཅིག་མའི་སྒྲུབ་ཐབས་རྣལ་འབྱོར་ཡིད་བཞིན་རེ་སྐོང་བཞུགས༔

རང་བྱུང་དབྱིངས་ཀྱི་མཁའ་འགྲོར་འདུད༔ ཐུགས་ཐིག་ཆོས་སྐྱོང་ཐམས་ཅད་ཀྱི༔ གཙོ་མོ་སྔགས་སྲུང་རལ་གཅིག་དང་༔ དུད་སོལ་ལྷ་མོའི་མཆོད་ཐབས་བསྟན༔ ས་མ་ཡཱ༔ དང་པོ་དབེན་གནས་ཉམས་དགའ་བར༔ ཡར་མར་ཚེས་བཅུའི་དུས་ཆེན་ནམ༔ ཡང་ན་རྒྱལ་ཕུར་ལ་སོགས་པ༔ འཕྲོད་སྦྱོར་ལེགས་པར་མགོ་བརྩམ་སྟེ༔ དཀྱིལ་འཁོར་བཀོད་ལེགས་ཐིག་ཆེན་བརྒྱད༔ མུ་ཁྱུད་ལྔ་པ་ཟླུམ་བསྐོར་དབུས༔ ཆོས་འབྱུང་བསྣོལ་མའི་ལྟེ་བ་རུ༔ དགའ་འཁྱིལ་མཿཡིག་སྨུག་ནག་མཚན༔ དེ་མཐར་རྩིབས་བརྒྱད་སྡེ་བརྒྱད་ཀྱི༔ སྲོག་སྔགས་རང་མདོག་ཚོན་གྱིས་བསྒྱུར༔ དེ་ཡི་ཕྱི་རིམ་པད་འདབ་ནི༔ སོ་གཉིས་དཀར་སེར་དམར་ལྗང་མདོག༔ རྡོ་ར་སེར་ལ་མེ་རི་དམར༔ དབུས་སུ་མཉྫིའི་ཁྲི་འུ་ཁར༔ དུམ་གསུམ་ཐོད་པ་ཡང་ན་ལྕགས༔ གང་རུང་སྣོད་དུ་དཔལ་བཤོས་ནི༔ ཕུར་དབལ་ལྟ་བུ་ཐོད་སྐམ་དང་༔ རྡོ་རྗེའི་ཏོག་གིས་མཚན་པའི་རྩེར༔ མེ་རི་གཡས་གཡོན་སྙིང་དང་ཞགས༔ རུ་མཚོན་སྐུ་གཟུགས་མཐིང་ག་གུར༔ སྡེ་བརྒྱད་བཤོས་བུ་མཁའ་འགྲོ་ནི༔ ཞི་རྒྱས་དབང་དྲག་ཕྱོགས་སུ་འཁོད༔ དར་རས་གཅན་གཟན་རས་མ་སོགས༔ རྒྱན་དང་བཀོད་པ་ཕུན་ཚོགས་བྱ༔ གཡས་གཡོན་སྨན་རཀ་དེའི་མདུན་དུ༔ དུད་སོལ་ལྷ་མོའི་བཤོས་བུ་ནི༔ སྡེ་བརྒྱད་དཔལ་གཏོར་རྒྱན་ལྡན་བཤམས༔ ཉེར་སྤྱོད་མཆོད་པས་མཐའ་ནས་བསྐོར༔ རྣལ་འབྱོར་ཡི་དམ་ཆོས་སྐྱོང་ལ༔ ཡིད་ཆེས་རྩེ་གཅིག་བློ་གཏད་ཅིང་༔ སྟོང་ཉིད་ལྟ་བའི་གདེང་ལྡན་པས༔ དང་པོ་རལ་གཅིག་བདག་བསྐྱེད་དེ༔ བཟླས་པ་བྱ་ཞིང་མདུན་གྱི་རྟེན༔ དབྱེར་མེད་དུད་སོལ་ལྷ་མོ་སྒྲུབ༔ དེས་ནི་ལས་ཀུན་འགྲུབ་པར་འགྱུར༔ དང་པོ་ཚོགས་བསགས་རིམ་པ་ནི༔ ན་མོ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ མཆོག་གསུམ་ལྷ་ལ་སྐྱབས་སུ་མཆི༔ ཁམས་གསུམ་བདེ་ལ་འགོད་བྱའི་ཕྱིར༔ རྩ་གསུམ་ཆོས་སྐྱོང་བསྒྲུབ་པར་བགྱི༔ མདུན་མཁར་བཞུགས་པའི་ཚོགས་ཞིང་ལྷར༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང་༔ བླ་མེད་ཆོས་འཁོར་བསྐོར་བར་བསྐུལ༔ སེམས་ཅན་དོན་ཕྱིར་བཞུགས་གསོལ་འདེབས༔ དགེ་ཚོགས་སངས་རྒྱས་ཐོབ་ཕྱིར་བསྔོ༔ ལན་གསུམ༔ གཉིས་པ་མཆོད་རྫས་བྱིན་བརླབ་ནི༔ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་མཆོད་རྫས་ཀུན༔ ངོ་བོ་ཟག་མེད་བདུད་རྩི་ལ༔ རྣམ་པ་དགྲ་བགེགས་གསང་མཆོད་རྫས༔ དཔག་ཡས་ལྷ་ཚོགས་མཉེས་བྱེད་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པཱུ་ཛ་ཨ་ཧཱུྃ༔ གསུམ་པ་བདག་བསྐྱེད་སྒོམ་པ་དང་༔ མདུན་གྱི་རྟེན་གཏོར་དབྱེར་མེད་ལ༔ ཧཱུྃ༔ གདོད་ནས་མི་དམིགས་ཆོས་ཀྱི་དབྱིངས༔ མ་རྟོགས་འགྲོ་ལ་སྙིང་རྗེའི་གདངས༔ ཟུང་འཇུག་རྩལ་ལས་ཕྱི་སྣོད་ཞིང་༔ ཕོ་བྲང་ཆེན་པོ་ལྕང་ལོ་ཅན༔ དུར་ཁྲོད་མཚན་ཉིད་ཡོངས་སུ་རྫོགས༔ ཁྲག་ཞག་འབབ་ཆུ་ཤ་ཆེན་གཞི༔ དུར་མེ་འབར་ཞིང་རླུང་ནག་འཚུབས༔ བྱ་གཅན་རོ་ལངས་ཀེང་རུས་རྒྱུག༔ ཐོད་མཁར་གྲུ་གསུམ་ཙིཏྟའི་ཏོག༔ ཞིང་གི་རྒྱལ་མཚན་གནམ་ལྕགས་སྒོ༔ རྡོ་རྗེའི་ར་བ་ལྷ་བརྒྱད་ཀྱི༔ ཀ་བ་རྔམས་ཤིང་གཟའ་ཆེན་རྣམས༔ དྲལ་ཕྱམ་ཀླུ་བརྒྱད་གདུང་མར་བྲེས༔ ཉི་ཟླའི་སྐར་ཁུང་ཆུ་སྲིན་རྒྱན༔ དེ་དབུས་ཁྲག་མཚོ་ཆོས་འབྱུང་ཁར༔ པད་ཉི་དགྲ་བགེགས་རོ་ཡི་སྟེང་༔ རང་སེམས་མཿཡིག་སྨུག་ནག་ལས༔ འོད་འཕྲོས་རྩ་གསུམ་ཆོས་སྐྱོང་དང་༔ གནས་གསུམ་མཁའ་འགྲོའི་མཐུ་ནུས་བསྡུས༔ དགྲ་བགེགས་ཚར་བཅད་དྲན་རྫོགས་སུ༔ དབྱིངས་ཀྱི་མ་མོ་རལ་གཅིག་མ༔ ཁྲོས་མ་ནག་མོ་འབར་བའི་གདོང་༔ སྨུག་ནག་ཆར་སྤྲིན་འཐིབས་འདྲའི་མདོག༔ སྤྱན་གཅིག་དམར་ནག་ཁྲག་མཚོར་ཁོལ༔ རལ་གཅིག་གཡུ་ཡི་དུད་པ་འཐུལ༔ བྲང་ན་ནུ་གཅིག་བདུད་རྩི་འཛགས༔ ཚེམས་གཅིག་གངས་རི་ལྟ་བུར་གཙིགས༔ ཕྱག་གཡས་ཞིང་བཅུའི་ཙིཏྟ་འདྲད༔ གཡོན་པས་ཞིང་དབྱུག་ལྕགས་སྤྱང་འགྱེད༔ སྐུ་སྟོད་མི་ལྤགས་ཁྲག་འཛགས་སྟེང་༔ སྤྲིན་དཀར་སྟོད་གཡོགས་འཇའ་ཚོན་རིས༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ༔ ཐོད་སྐམ་རིགས་ལྔའི་ཅོད་པཎ་རྩེར༔ རིགས་བདག་བཛྲ་པཱ་ཎིས་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་སྤྲས༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་བསྒྲད༔ དུད་སྤྲིན་མེ་རི་འཁྲིགས་པའི་ཀློང་༔ སྲིད་གསུམ་འགྲན་ཟླ་བྲལ་བར་གསལ༔ དེ་ཕྱིར་གནམ་ལྕགས་རྩིབས་བརྒྱད་པའི༔ ཤར་དུ་ཨ་ལས་ཚངས་པ་དཀར༔ བེར་སྨུག་གསོལ་ཞིང་རྟ་དཀར་ཆིབས༔ མདུང་དར་ལྷབ་ལྷུབ་ཤེལ་གྲི་ཕྱར༔ དར་ཐོད་ཉི་ཟླའི་འཕྲུ་ཡིས་བརྒྱན༔ ལྷོ་རུ་ཡ་ལས་གཤིན་རྗེ་སེར༔ མ་ཧེ་སེར་ནག་རྔམ་པར་ཆིབས༔ མི་ལྤགས་གསོལ་ཞིང་ཐོད་དབྱུག་ཕྱར༔ ཞགས་པས་ཉམས་པའི་སྐེ་ནས་ཁྲིད༔ ཐོད་སྐམ་དབུ་རྒྱན་ཁྲོ་གཏུམ་འབར༔ ནུབ་ཏུ་ཙ་ལས་བཙན་རྒོད་དམར༔ བསེ་ཁྲབ་བསེ་རྨོག་རྟ་དམར་ཆིབས༔ མདུང་དམར་ཞགས་པ་འཁོར་གསུམ་སྤྲས༔ ཨཾ་གཙིགས་བསྡམས་ཤིང་གློག་ཞགས་འཁྱུགས༔ བྱང་དུ་དུ་ལས་བདུད་རྗེ་ནག༔ རྟ་ནག་ཞོན་ཞིང་བདུད་ཞགས་བསྣམས༔ སྐན་སྒྲ་གཏོག་ཅིང་ཁྲམ་ཤིང་ཕྱར༔ བེར་ནག་བཀླུབས་ནས་མགོ་ཕྲེང་རྔམས༔ ཤར་ལྷོར་ན་ལས་ཀླུ་སྲིན་སྨུག༔ སྦྲུལ་གྱི་གདེངས་ཀ་སྤྲིན་ལྟར་གཡོ༔ སྦྲུལ་མཇུག་ཆུ་སྲིན་ཁམ་སེར་ཞོན༔ གཡས་གཡོན་ནད་རྐྱལ་སྦྲུལ་ཞགས་འཕེན༔ ལྷོ་ནུབ་རུ་ལས་ར་ཧུ་ལ༔ མགོ་དགུ་དུད་མདོག་ལྟོ་ཞལ་གདངས༔ བྱ་རོག་གཙུག་ཏོར་སྦྲུལ་མཇུག་འཁྱིལ༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས༔ གཡུ་འབྲུག་ཞོན་ཅིང་ཐོག་སེར་འཁྲུགས༔ ནུབ་བྱང་ཤ་ལས་ཐེའུ་རང་གཙོ༔ མགར་བ་ནག་པོ་ར་སྐྱེས་ཞོན༔ སག་ཞུ་གསོལ་ཞིང་བེར་དམར་གསོལ༔ ཞབས་གཉིས་ལྕགས་ལྷམ་ནག་པོ་བརྗིད༔ གཡས་གཡོན་རྡོ་རྗེའི་ཐོ་བ་དང་༔ མགར་གྱི་སྦུད་པ་རླུང་ནག་འཚུབས༔ བྱང་ཤར་མ་ལས་མ་མོ་མཐིང་༔ བོང་བུ་ཞོན་ཅིང་རེ་ལྡེ་དང་༔ དར་ནག་བེར་གསོལ་བ་དན་ཕྱར༔ ཐོད་ཁྲག་གསོལ་ཞིང་ཉི་ཟླས་བརྒྱན༔ རབ་ཏུ་ཁྲོས་པའི་སྐུ་རུ་གསལ༔ ཕྱི་རོལ་མཁའ་འགྲོ་སུམ་ཅུ་གཉིས༔ དཀར་སེར་དམར་ལྗང་མ་ངེས་གཟུགས༔ ཕྱག་མཚན་ཞོན་པ་སྤྲུལ་བསྒྱུར་འགྱེད༔ ཀུན་གྱི་གནས་གསུམ་འབྲུ་གསུམ་མཚན༔ འོད་ཟེར་དཀར་དམར་མཐིང་ག་འཕྲོས༔ འོག་མིན་གནས་དང་རི་རབ་རྩེར༔ ལྕང་ལོ་ཅན་དང་དུར་ཁྲོད་བརྒྱད༔ གནས་ཡུལ་གར་བཞུགས་ཞིང་ཁམས་ནས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོའི་གཙོ༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས༔ རང་དང་མདུན་གྱི་རྟེན་རྫས་ལ༔ དབྱེར་མེད་རོ་གཅིག་ཚུལ་དུ་བསྒོམ༔ བཞི་པ་སྤྱན་འདྲེན་སྤོས་རོལ་དང་༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ འོག་མིན་བདེ་ཆེན་ཆོས་ཀྱི་དབྱིངས༔ གནམ་ལྕགས་རི་རབ་འབར་བའི་རྩེར༔ ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ༔ གསང་བདག་ཕོ་བྲང་ལྕང་ལོ་ཅན༔ མ་ངེས་གནས་ཡུལ་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ༔ དབྱིངས་ཀྱི་ཁྲོ་མོ་རལ་གཅིག་མ༔ སྡེ་བརྒྱད་དྲེགས་པའི་འཁོར་དང་བཅས༔ གནས་ཡུལ་ཌཀྐཱིའི་དཔུང་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བར་ཆད་བསལ་ཕྱིར་སྤྱན་འདྲེན་ན༔ རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ དངོས་གྲུབ་སྩོལ་ཕྱིར་སྤྱན་འདྲེན་ན༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ སྒྲུབ་པའི་རྟགས་མཚན་མ་འགྱང་བར༔ མྱུར་མགྱོགས་ཐུགས་རྗེས་ཤུགས་ཕྱུང་ལ༔ མོས་པའི་བུ་ལ་བརྩེར་དགོངས་ནས༔ རྫུ་འཕྲུལ་ཤུགས་ཀྱིས་གཤེགས་སུ་གསོལ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་ཨ་ཡ་མ་དུ་རུ་ཙ་ཤ་ན་ཌཀྐཱི་ནཱི་བཛྲ་ས་མ་ཡཱ་ཛཿཛཿ ལྔ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ དུག་གསུམ་པད་ཉི་རོ་གདན་ལ༔ དབྱིངས་ནས་སྐུར་བཞེངས་རལ་གཅིག་མ༔ སྤྲུལ་པ་ཡང་སྤྲུལ་མ་ལུས་པ༔ སྒྲུབ་ལ་དངོས་གྲུབ་སྩོལ་བའི་ཕྱིར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ་ཧཱུྃ་བྃ་ཧོ་ཏིཥྛ་ལྷན༔ དྲུག་པ་གུས་ཕྱག་འཚལ་བ་ནི༔ ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཀྱི་ཡུམ༔ ལོངས་སྐུ་འགག་མེད་རྣལ་འབྱོར་མ༔ སྤྲུལ་སྐུ་བསྟན་སྲུང་ཁྲོས་མ་ནག༔ ཨེ་ཀ་ཛ་ཏི་སྤྲུལ་འཁོར་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏིཥྩ་ཧོ༔ བདུན་པ་མཆོད་ཚོགས་འབུལ་བ་ནི༔ ཧཱུྃ་བྷྱོ༔ གསང་སྔགས་རྫོགས་ཆེན་བསྟན་སྲུང་མ༔ ཨེ་ཀ་ཛ་ཊི་འཁོར་བཅས་ལ༔ ཕྱི་མཆོད་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་བཤོས་དང་སྐྱེམས༔ སྒྲ་སྙན་རོལ་མོའི་བྱེ་བྲག་འབུལ༔ ནང་མཆོད་དབང་པོའི་འདབ་སྟོང་བཞད༔ ཚིལ་ཆེན་བསྲེགས་པའི་དུད་སྤྲིན་འཁྲིགས༔ ཞུན་ཆེན་གསལ་བའི་འོད་སྟོང་འབར༔ དམར་ཆེན་མཁྲིས་པའི་དྲི་ཆབ་བསྐྱིལ༔ ཤ་ཁྲག་རུས་པ་རྐང་དམར་ཞག༔ དྲི་གཉིས་བཟའ་བཏུང་ལྷུན་པོར་སྤུངས༔ ཐོད་རྔ་གསང་བའི་རྔེ་འུ་ཆུང་༔ མི་རྐང་བཤུད་པ་རབ་འཇིགས་སྒྲ༔ དུར་ཁྲོད་ནང་གི་མཆོད་པ་འབུལ༔ གསང་བ་སྨན་རཀ་བྷ་ལིང་ཏ༔ ཞིང་བཅུ་སྒྲོལ་དང་མཚན་ལྡན་སྦྱོར༔ གཉིས་འཛིན་དབྱིངས་སྒྲོལ་རང་རིག་གཤིས༔ མཆོད་བྱ་མཆོད་བྱེད་མེད་པར་འབུལ༔ གཞན་ཡང་ཐུགས་དམ་བསྐང་བའི་རྫས༔ ཕྱི་མཆོད་རི་རབ་གླིང་བཞི་དང་༔ ནམ་མཁའ་ཉི་ཟླ་བསྐང་རྟེན་མདོས༔ སྲོག་ཆགས་སྤྱི་དང་བྱེ་བྲག་ཏུ༔ རྟ་ནག་ཁྱི་ནག་གཡག་ནག་དང་༔ ལུག་ནག་བདུད་བྱ་ཕོ་རོག་སོགས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ ནང་རྟེན་བླ་རྡོ་སྲོག་འཁོར་དང་༔ སྐུ་གཟུགས་སྔགས་བྱང་རལ་གྲི་བིང་༔ རྩེ་གསུམ་གྲི་གུག་ཌ་མ་རུ༔ བ་དན་རུ་མཚོན་རྒྱལ་མཚན་སོགས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ གསང་རྟེན་སྦ་དཀར་ཚིགས་གསུམ་དང་༔ ནལ་བུའི་གཡང་གཞི་ལུག་ནག་གསོབ༔ མཚན་ལྡན་མུ་ཏྲ་མེ་ལོང་དང་༔ རིན་ཆེན་དྭངས་ཤེལ་ཟུར་དྲུག་སོགས༔ མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ དེ་ལྟར་མཆོད་ཅིང་བསྐངས་པའི་མཐུས༔ བདག་ཅག་མ་རིག་བག་མེད་པས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ བསགས་པའི་སྡིག་སྒྲིབ་བག་ཆགས་ཀུན༔ ཐམས་ཅད་མཐོལ་ཞིང་བཤགས་བགྱིད་ན༔ དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཁྱད་པར་སོ་ཐར་འདུལ་བ་ལས༔ སྟོན་པས་བཅས་པའི་ཚུལ་ཁྲིམས་གསུམ༔ རྩ་བ་ཡན་ལག་ཉེས་ལྟུང་ཀུན༔ མ་ལུས་མཐོལ་ཞིང་བཤགས་བགྱིས་ན༔ ཚེ་འདི་ཉིད་ལ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ དེ་བཞིན་སྨོན་འཇུག་བྱང་ཆུབ་སེམས༔ སྲས་བཅས་རྒྱལ་བའི་སྤྱན་སྔ་རུ༔ ཁས་བླངས་དམ་ལས་འགལ་གྱུར་ཏེ༔ སེམས་ཅན་བློས་བཏང་གནོད་ཅིང་འཚེ༔ ལོག་པའི་བསམ་སྦྱོར་ལ་ཞུགས་པ༔ སྙིང་ནས་འགྱོད་པས་བཤགས་བགྱིད་ན༔ སྒྲིབ་མེད་དག་ཚངས་དངོས་གྲུབ་སྩོལ༔ ཡང་དགོས་རྡོ་རྗེ་ཐེག་པ་ཡི༔ དབང་མནོས་རྩ་བ་ཡན་ལག་གི༔ དམ་ཚིག་གཉན་པོ་དང་འགལ་ཏེ༔ བླ་མ་སྤངས་ཤིང་མཆེད་ལ་ཁྲོས༔ བསྐྱེད་རིམ་མ་གསལ་སྔགས་རྒྱུན་བཅད༔ ཏིང་འཛིན་སྤེལ་ཞིང་ཐ་མལ་བལྟས༔ རིག་མར་སྨོད་ཅིང་དམ་རྫས་སྤངས༔ མདོར་ན་སྒོ་གསུམ་ཐ་མལ་ཤོར༔ འབྲས་བུ་ཐེག་པ་དང་འགལ་བའི༔ ཉམས་ཆག་ཉེས་ལྟུང་ཡོད་དོ་ཅོག༔ རྩ་གསུམ་ཀུན་གྱི་བསྐྱེད་པའི་ཡུམ༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མ༔ གཙོ་འཁོར་སྤྲུལ་པར་བཅས་པ་ལ༔ མི་འཆབ་མི་སྦེད་བཤགས་བགྱིད་ན༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚེ་འདིའི་རྐྱེན་དུ་མི་འགྱུར་ཞིང་༔ ཕྱི་མའི་སྒྲིབ་པར་མི་འགྱུར་བའི༔ དངོས་གྲུབ་དམ་པ་དུས་འདིར་སྩོལ༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་མ་ཧཱ་པཱཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཏ་ན་ག་ན་དྷརྨ་དྷརྟུ་མ་ཧཱ་པཱུ་ཙ་ལ་ཁ་རཾ་ཁ་ཧཱི༔ ཞེས་བརྗོད་མཆོད་བསྐང་བཤགས་པ་བྱ༔ དེས་ནི་དམ་ཚིག་ཉམས་པ་སྐོང་༔ ས་མ་ཡཱ༔ བརྒྱད་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ཀློང་ནས་མ་གཡོས་ཀྱང་༔ རང་བྱུང་རྩལ་ལས་འགྲོ་བ་འདུལ༔ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་གཙོ༔ བརྡ་རྟགས་རྫོགས་ལ་ཕྱག་འཚལ་བསྟོད༔ ཞལ་གཅིག་ཐིག་ལེ་ཉག་གཅིག་བརྡ༔ སྤྱན་གཅིག་འཁོར་འདས་མཉམ་པར་གཟིགས༔ ཚེམས་གཅིག་བདག་ལྟ་དབྱིངས་སུ་སྒྲོལ༔ ནུ་གཅིག་རྣལ་འབྱོར་བུ་བཞིན་སྐྱོང་༔ རལ་གཅིག་ཆོས་ཀུན་སྟོང་པ་རུ༔ སྟོན་པར་མཛད་ལ་ཕྱག་འཚལ་བསྟོད༔ མི་ལྤགས་འདོད་ཆགས་གནས་སུ་དག༔ སྤྲིན་དཀར་གཏི་མུག་མུན་པ་སངས༔ སྟག་ཤམ་ང་རྒྱལ་ཟིལ་གྱིས་གནོན༔ མགོ་ཕྲེང་འདུ་བྱེད་རྟོག་པ་གྲོལ༔ དུག་ལྔ་རང་གྲོལ་སྔགས་སྲུང་མ༔ དོན་དམ་བརྡའ་སྟོན་ཁྱོད་ལ་བསྟོད༔ ཚོགས་བརྒྱད་མ་སྤངས་གནས་དག་བརྡར༔ དྲེགས་པ་སྡེ་བརྒྱད་བྲན་དུ་བཀོལ༔ ལེགས་ཉེས་སྟངས་འཛིན་མཁའ་འགྲོ་མ༔ ཞི་རྒྱས་དབང་དྲག་ཕྲིན་ལས་མཛད༔ མ་ངེས་སྤྲུལ་པའི་ཆོ་འཕྲུལ་འགྱེད༔ སངས་རྒྱས་བསྟན་པ་སྲུང་ལ་བསྟོད༔ ཅེས་བསྟོད༔ དགུ་བ་བསྙེན་ཅིང་བསྒྲུབ་པ་ནི༔ རང་ཉིད་མདུན་བསྐྱེད་དབྱེར་མེད་པའི༔ ཐུགས་མཆོག་འོད་ལྔའི་ཐིག་ལེའི་དབུས༔ པད་ཉིའི་གདན་ལ་ཡི་གེ་མ༔ སྨུག་ནག་དེ་མཐར་རྩ་བའི་སྔགས༔ མུ་ཏིག་ཕྲེང་བ་ཇི་བཞིན་དུ༔ གསལ་འཚེར་འོད་འབར་གཡོན་དུ་འཁོར༔འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ བར་ཆད་དགྲ་བགེགས་དབྱིངས་སུ་བསྒྲལ༔ འཁོར་འདས་རང་གྲོལ་ལྟ་བའི་ངང་༔ ཡེངས་མེད་བསྒོམ་མེད་སྔགས་འདི་བཟླ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊཱི་སྙིང་ཁ་རག་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ༔ཧཱུྃ་ཛ་ཛཿ འབྲུ་འབུམ་གསུམ་ནི་གྲངས་བསྙེན་ལ༔ ཞལ་མཇལ་གསུང་ཐོས་ངེས་ཤེས་སྐྱེས༔ དྲོད་རྟགས་ཐོན་སོགས་རྟགས་དང་སྦྱར༔ ལས་སྦྱོར་ཟབ་མོའི་སྔགས་ཤམ་ནི༔ གང་དམིགས་དགྲ་འདྲེའི་སྙིང་རྩ་ལ༔ སྲུང་མས་རྔམ་ཟས་བྱེད་པར་བསམ༔ དར་ནག་བརྡབ་ཅིང་ལྟ་བའི་ངང་༔ རཀྨོ་ཁྲོམ་མྱོགས་བྷྱོ༔ རཀྨོ་དུང་ཐིག་བྷྱོ༔ རཀྨོ་ཧར་ཧུར་སྙིང་རྩ་ལ་བྷྱོ༔ མ་མ་རུ་རུ་ཏྲི་མ་སྲོག་ལ་བྷྱོ༔ བརྒྱ་སྟོང་སྐབས་བསྟུན་རྟགས་འབྱུང་འགྱུར༔ སྲུང་མ་ལས་ལ་རྦད་པའི་ཐབས༔ བསྲེགས་མནན་འཕང་བ་མང་མཆིས་ཀྱང་༔ དམིགས་པ་གཅིག་པུས་ཆོག་པ་འདི༔ སྙིང་ཐིག་ཟབ་པའི་ཁྱད་ཆོས་ཏེ༔ འདི་ལས་ལྷག་པ་ཡོད་རེ་ཀན༔ ཨི་ཐི༔ སྐབས་སུ་མཆོད་བསྟོད་ནོངས་པ་བཤགས༔ བསྡུ་རིམ་ལྷ་སྣང་སེམས་སུ་བལྟ༔ སེམས་ཉིད་སྟོང་པའི་ངང་མདངས་བསྐྱང་༔ རྗེས་ཐོབ་སྒྱུ་མའི་ལྷར་ལྡང་བྱ༔ ས་མ་ཡཱ༔

རལ་གཅིག་མའི་མདུན་བསྐྱེད་གནམ་ལྕགས་ཐོག་མདའ།

༄༅།། སྔགས་སྲུང་རལ་གཅིག་མའི་མདུན་བསྐྱེད་གནམ་ལྕགས་ཐོག་མདའ་བཞུགས་སོ༔ དེ་ནས་མདུན་བསྐྱེད་བསང་སྦྱང་བྱ་ལ༔ སྭ་བྷ་ཝས་སྦྱངས༔ སྟོང་པར་གྱུར༔ སྟོང་པའི་ངང་ལས་ཕྱི་སྣོད་དག་པའི་ཞིང་ཕོ་བྲང་ཆེན་པོ་ལྕང་ལོ་ཅན་དུར་ཁྲོད་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཁྲག་གི་ཞམ་ཆུ་འབེབས་པ། ཤ་ཆེན་གྱི་ཐང་མ་བརྡལ་བ༔ དུར་མེ་དམར་ནག་ཏུ་འབར་ཞིང་དུར་རླུང་ཁམ་ནག་འཚུབས་པ༔ བྱ་གཅན་རོ་ལངས་ཀེང་རུས་རྒྱུག་པ༔ ཐོད་མཁར་གྲུ་གསུམ་ཙིཏྟའི་ཏོག་ལ་སོགས་ཞིང་ཆེན་གྱི་རྒྱལ་མཚན༔ གནམ་ལྕགས་ཀྱི་སྒོ་ཐེམ༔ རྡོ་རྗེའི་ར་བ་དང་ལྷ་བརྒྱད་ཀྱི་ཀ་བ་རྔམས་ཤིང་༔ གཟའ་ཆེན་གྱི་དྲལ་ཕྱམ༔ ཀླུ་ཆེན་བརྒྱད་ཀྱི་གདུང་ཁང་བྲེས་པ༔ ཉི་ཟླའི་སྐར་ཁུང་ཆུ་སྲིན་ལ་སོགས་པས་བརྒྱན་པ༔ དེ་དབུས་ཁྲག་མཚོ་ཆོས་འབྱུང་གྲུ་གསུམ་གྱི་ཁར་པདྨ་ཉི་མ་དགྲ་བགེགས་དང་རོའི་གདན་སྟེང་དུ༔ སྐད་ཅིག་གིས་མ་མོ་སྔགས་ཀྱི་སྲུང་མ་རལ་གཅིག་མ་སྐུ་མདོག་སྨུག་ནག་དུས་མཐའི་མེ་དཔུང་ལྟར་འབར་ཞིང་བཟོད་པར་དཀའ་བའི་བདག་ཉིད་ཅན༔ དབུ་དགུ་ཤིན་ཏུ་ཁྲོས་ཤིང་དམར་ལ་ཟླུམ་པ༔ གློག་གི་ཞགས་པ་ལྟར་ཕྱོགས་བཅུར་བལྟ་བའི་སྤྱན་རྣམས་ཁྲག་མཚོར་ཁོལ་བ༔ ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ཙིཏྟ་དང་ལྕགས་སྤྱང་ཕྲ་ཐབས་སུ་འགྱེད་པ༔ གཡས་འོག་བརྒྱད་ཀྱིས་རིམ་བཞིན་གཅོད་བྱེད་ཀྱི་གྲི་གུག༔ གནམ་ལྕགས་ཀྱི་འཁོར་ལོ༔ གནོན་པའི་རི་རབ༔ སྲེག་བྱེད་ཀྱི་མེ་དཔུང་༔ གཏུབ་པར་བྱེད་པའི་ཆུ་གྲི༔ དམར་ཡམས་ནད་ཀྱི་རྐྱལ་པ༔ འཛིན་པའི་ལྕགས་ཀྱུ༔ འཆིང་བྱེད་ཀྱི་ཞགས་པ༔ གཡོན་པ་བརྒྱད་ཀྱིས་ཀུན་ཏུ་འབར་བའི་ཉི་མ༔ བསིལ་ཞིང་གྲང་བའི་ཟླ་བ༔ ཉམས་པའི་སྙིང་ཁྲག་གིས་བཀང་བའི་ཐོད་པ༔ ལུས་དང་ཡན་ལག་སྡོམ་པའི་ལྕགས་སྒྲོག༔ མྱོས་བྱེད་ཀྱི་དྲིལ་བུ༔ སྔགས་ཀྱི་མཚོན་རྩེ་གསུམ༔ སྙིང་ལ་གཟེར་བྱེད་དམར་གཏོར༔ ཞིང་གི་དབྱུག་པ་ཕྱར་ཞིང་བསོར་བ༔ དེའི་སྤྱི་བོར་ཁྱུང་ཆེན་འབར་བས་བརྒྱན་པར་བསྒོམས༔ ཞབས་བརྒྱད་ཀྱིས་དམ་མེད་སྡེ་བརྒྱད་ཁ་སྦུབ་དང་གན་རྐྱལ་དུ་བསྣོལ་བ༔ ཐོད་སྐམ་གྱིས་དབུ་རྒྱན་སྤྲས་པའི་སྐྲ་དམར་སེར་ཐུར་དུ་གྲོལ་བའི་གཙུག་ཏུ་ལྕགས་རལ་ཉག་གཅིག་མཁའ་ལ་གཟེང་བ་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཆེན་མོ་ཉམས་པ་བདུན་ལྡན་གྱི་སྲོག་ལ་རྔམས་ཤིང་ཧབ་ཤ་བྱེད་པར་བསྒོམས༔ དེ་ཡི་ཕྱི་རིམ་གནམ་ལྕགས་རྩིབས་བརྒྱད་ཀྱི་གདན་ལ་ཤར་དུ་ཨ་ལས་སྲོག་བདག་ཚངས་པ་དཀར་པོ་བེར་སྨུག་གསོལ་ཞིང་རྟ་དཀར་ལ་ཆིབས་པ༔ ཕྱག་ན་མདུང་དར་དང་ཤེལ་གྲི་ཕྱར་བ་དར་ཐོད་དང་ཉི་ཟླའི་འཕྲུ་ཡིས་བརྒྱན་པ༔ ལྷོ་རུ་ཡ་ལས་གཤིན་རྗེ་ཡ་མ་ར་ཙ་སེར་ནག་མི་ལྤགས་གསོལ་ཞིང་མ་ཧེ་སེར་ནག་ལ་ཆིབས་པ༔ ཕྱག་ན་ཐོད་དབྱུག་དང་ཞགས་པ་བསྣམས་པ་ཐོད་སྐམ་དབུ་རྒྱན་ཁྲོ་གཏུམ་འབར་བ༔ ནུབ་ཏུ་ཙ་ལས་བཙན་རྒོད་དམར་པོ་སྐུ་ལ་བསེ་ཁྲབ་དང་བསེ་རྨོག་གསོལ་བ་རྟ་དམར་ལ་ཆིབས་པ༔ ཕྱག་ན་མདུང་དམར་དང་ཞགས་པ་འཁོར་གསུམ་སྤྲས་པ་ཨཾ་གཙིགས་བསྡམས་ཤིང་གློག་ཞགས་འཁྱུག་པ༔ བྱང་དུ་དུ་ལས་བདུད་རྗེ་ནག་པོ་བེར་ནག་གསོལ་ཞིང་རྟ་ནག་ལ་ཞོན་པ༔ ཞགས་པ་དང་ཁྲམ་ཤིང་ཕྱར་བ་མགོ་ཕྲེང་ལ་སོགས་པས་བརྒྱན་པ༔ ཤར་ལྷོར་ན་ལས་ཀླུ་སྲིན་སྨུག་ནག་སྦྲུལ་གྱི་གདེངས་ཀ་སྤྲིན་ལྟར་གཡོ་བ་སྦྲུལ་མཇུག་ཅན་ཆུ་སྲིན་ཁམ་སེར་ལ་ཞོན་པ༔ ཕྱག་ན་ནད་རྐྱལ་དང་སྦྲུལ་ཞགས་འཕེན་པ༔ ལྷོ་ནུབ་ཏུ་རུ་ལས་ར་ཧུ་ལ་མགོ་དགུ་དུད་མདོག་ལྟོ་ཞལ་གདངས་པ༔ བྱ་རོག་གི་གཙུག་ཏོར་དང་སྦྲུལ་མཇུག་འཁྱིལ་བ་གཡུ་འབྲུག་ལ་ཞོན་པ༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་ཞགས་པ་བསྣམས་པ༔ ནུབ་བྱང་དུ་ཤ་ལས་མགར་བ་ནག་པོ་སག་ཞུ་གསོལ་ཞིང་བེར་དམར་མནབས་པ་ར་སྐྱེས་ལ་ཞོན་པ༔ ཕྱག་ན་རྡོ་རྗེ་ཐོ་བ་མགར་གྱི་སྦུད་པ་རླུང་ནག་འཚུབས་པ་བསྣམས་པ༔ བྱང་ཤར་དུ་མ་ལས་མ་མོ་མཐིང་ནག་དར་ནག་གསོལ་བ་བོང་བུ་ལ་ཞོན་པ་ཕྱག་ན་བ་དན་དང་ཐོད་ཁྲག་གསོལ་ཞིང་ཉི་ཟླས་བརྒྱན་པ༔ དེའི་ཕྱི་རོལ་ལ་མཁའ་འགྲོ་སུམ་ཅུ་སོ་གཉིས་སྐུ་མདོག་སྣ་ཚོགས་ལ་ན་བཟའ་ཕྱག་མཚན་ཞོན་པ་ཐམས་ཅད་སྤྲུལ་བསྒྱུར་གྱི་ཚུལ་དུ་བསྐྱེད་དོ༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་འོག་མིན་དང་ལྕང་ལོ་ཅན་ནས་དཔག་ཏུ་མེད་པ་སྤྱན་དྲངས་ལ་བསྟིམས༔ མདུན་བསྐྱེད་དགོས་ཟེར་བྱུང་བས་ལུང་རིག་གླིང་པས་སྦྱར་བའོ༎

ཚོགས་མཆོད་བསོད་ནམས་རྒྱུན་བཟང་།

སྔགས་སྲུང་ཁྲོས་མའི་ཐུགས་སྒྲུབ་ལས༔ ཚོགས་མཆོད་བསོད་ནམས་རྒྱུན་བཟང་བཞུགས༔

རབ་འབྱམས་རྒྱལ་བ་ཀུན་གྱི་ཡུམ༔ དབྱིངས་ཀྱི་གཙོ་མོ་ཀུན་ཏུ་བཟང་༔ རྡོ་རྗེ་ཐེག་པའི་ཡང་རྩེ་མཆོག༔ རྫོགས་པ་ཆེན་པོའི་བསྟན་སྲུང་མའི༔ ཚོགས་མཆོད་ལག་ཏུ་ལེན་པ་ལ༔ དུས་བཟང་ཚེས་བརྒྱད་བཅོ་ལྔ་དང་༔ བཅུ་བཞི་ཉེར་ལྔ་གནམ་སྟོང་སོགས༔ གང་ཡང་རུང་བའི་དུས་མཆོད་དམ༔ ཡང་ན་ལྷ་དང་སྲུང་མ་ནི༔ ནམ་དྲན་དུས་སུ་བརྩམ་ན་ལེགས༔ དབེན་པར་སྨན་རཀ་གཏོར་མ་དང་༔ ཉེར་སྤྱོད་ལྔ་བཤམས་ལས་གཞུང་བསྲིངས༔ བསང་སྦྱང་ཐོག་མར་རང་ཉིད་ནི༔ ཡི་དམ་ལྷ་ཡི་ཏིང་འཛིན་ངང་༔ རང་ཉིད་ཐུགས་ལས་རྃ་ཡྃ་ཁྃ་འཕྲོས་པས༔ ཚོགས་ཀྱི་ཉེས་སྐྱོན་འབག་བཙོག་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་ཟབ་ཡངས་རིན་ཆེན་སྣོད༔ བཅུད་རྣམས་རིགས་ལྔ་ཡབ་ཡུམ་སྦྱོར་མཚམས་ནས༔ ཟག་མེད་བདུད་རྩིར་དཀར་དམར་མཐིང་གར་གྱུར༔ མཆོད་སྤྲིན་རྒྱ་མཚོ་ཀུན་ཏུ་བཟང་པོ་ཡི༔ རྣམ་རོལ་འཁོར་བ་མ་སྟོངས་བར་ཉིད་དུ༔ སྲུང་མ་དམ་ཅན་རྒྱ་མཚོ་དགྱེས་བྱེད་རྫས༔ མི་ཟད་ནམ་མཁའ་མཛོད་ལ་མངའ་དབང་བསྒྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དང་པོ་ཚོགས་ལ་སྤྱན་འདྲེན་བྱ་བ་ནི༔ ཧཱུྃ་ཧྲཱིཿ རང་བཞིན་རྣམ་དག་འོག་མིན་ཕོ་བྲང་ནས༔ ལྷུན་གྲུབ་གཟུགས་སྐུའི་རོལ་པར་ཡོངས་ཤར་བ༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་༔ ཁྱད་པར་རྡོ་རྗེ་སྙིང་པོའི་སྲུང་མ་མཆོག༔ མ་མོ་སྔགས་ཀྱི་སྲུང་མ་རལ་གཅིག་མ༔ སྦྱོར་སྒྲོལ་གིང་ཆེན་སྤྲུལ་དང་ཡང་སྤྲུལ་བཅས༔ མ་ལུས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཆོས་དབྱིངས་ནམ་མཁའ་ཡངས་པའི་ད་ལ་ནས༔ རྡོ་རྗེའི་འགྲོས་ཀྱིས་གནས་འདིར་གཤེགས་ནས་ཀྱང་༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པ་དང་༔ རྐྱེན་ངན་བར་ཆད་བཟློག་ཕྱིར་འདིར་སྤྱོན་ཅིག༔ དང་པོ་ཚོགས་ཕུད་འབུལ་ཞིང་འདི་སྐད་དོ༔ ཧཱུྃ༔ ཚོགས་དྲུག་ཡུལ་ལ་ཟག་མེད་བདེ་བསྐྱེད་རྫས༔ ཡུལ་དྲུག་འདོད་ཡོན་ལྷ་མོས་ཕྱག་རྒྱ་བསྒྱུར༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་༔ ཞལ་ཟས་རོལ་མོ་མཆོད་སྤྲིན་རྒྱ་མཚོ་འབུལ༔ མ་ཧཱ་ག་ན་ཙཀྲ་པཱུ་ཙ་ཁ་ཧཱི༔ བར་བ་བཤགས་པ་གནོང་འགྱོད་དང་བཅས་པས༔ གདུང་བའི་དབྱངས་ཀྱིས་སྨྲེ་སྔགས་འདི་བཞིན་བརྗོད༔ ཀྱཻ་མ་ཀྱཻ་མ་དགོངས་ཤིག་རྩ་བ་གསུམ༔ དམ་ཅན་སྔགས་སྲུང་རྒྱ་མཚོ་འདིར་གསོན་ཅིག༔ ཐོག་མའི་གཞི་ལས་རང་སྣང་འཁྲུལ་བས་བསླད༔ སྡིག་ལྡན་བདག་གི་ཚེ་རབས་ཐོག་མེད་ནས༔ མཚམས་མེད་ཉེ་བ་ལྔ་དང་མི་དགེ་བཅུ༔ ལྕི་བཞི་ལོག་བརྒྱད་སོ་བྱང་སྔགས་ཀྱི་སྡོམ༔ རྩ་བ་ཡན་ལག་དམ་ཚིག་ཉམས་འགལ་རལ༔ མ་ལུས་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས༔ མི་འཆབ་འགྱོད་པ་ཆེན་པོས་བཤགས་ཤིང་སྡོམ༔ དག་ཚངས་མཆོག་གི་དབུགས་དབྱུང་བདག་ལ་སྩོལ༔ ཡི་གེ་བརྒྱ་པ་བརྗོད་ཅིང་མི་དམིགས་ངང་༔ རང་བབ་གཤིས་སུ་བཞག་པ་བཤགས་པའི་མཆོག༔ ཐ་མ་ཚོགས་རྫས་དགྲ་བགེགས་དངོས་སུ་བསམ༔ ཧཱུྃ༔ མ་རིག་གསུམ་དང་ཉོན་མོངས་རྒྱུ་དྲུག་གིས༔ བསྐྱེད་པའི་བསྟན་དང་འགྲོ་བ་སྤྱི་ཡི་དགྲ༔ ཉེས་མེད་རྣལ་འབྱོར་ལ་སྡང་དགོས་ཀྱི་དགྲ༔ ཚེ་བསོད་དཔལ་འབྱོར་ཉམས་བྱེད་གཟུགས་མེད་བགེགས༔ མཚན་མ་རྫས་ཀྱི་ལིང་ག་འདི་ལ་ཁུག༔ འཆིང་སྡོམ་མྱོས་པར་མཛོད་ལ་ལྷ་དང་ཕྱེ༔ བདག་ཉིད་ཡི་དམ་ཕྱག་གིས་ཕུར་པ་འདྲིལ༔ སྲས་མཆོག་རྡོ་རྗེ་གཞོན་ནུའི་རྣོ་དབལ་གྱིས༔ ཚེ་བསོད་བདག་ལ་བསྟིམས་ཤིང་རྣམ་ཤེས་སྤར༔ ཤ་ཁྲག་བདུད་རྩི་གསང་སྔགས་ལྷ་ལ་འབུལ༔ སྐྱེ་མེད་དབྱིངས་སུ་རོལ་ཅིག་ས་མ་ཡཱ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁ་ཁ་ཁ་ཧཱི་ཁ་ཧཱི༔ ཞེས་བརྗོད་མཚོན་ཆས་གཏུབས་ནས་གཏོར་མར་འབུལ༔ རྣལ་འབྱོར་ཚོགས་ལ་རོལ་ཞིང་ལྷག་མ་རྣམས༔ སྨན་རཀ་བཏབ་ཅིང་བདུད་རྩིར་བྱིན་གྱིས་རློབ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཕེཾ་ཕེཾ༔ ཞེས་ལྷག་མའི་མགྲོན་རྣམས་སྤྱན་དྲངས་ནས༔ ཚིག་འདིས་བསྔོ་ཞིང་མཐར་ནི་གཙང་སར་འབུལ༔ ཧཱུྃ༔ འདོད་ཡོན་ཚོགས་ཕུད་དཀྱིལ་འཁོར་ལྷ་ལ་འབུལ༔ བར་བས་ཉམས་བསྐང་ཉེས་ལྟུང་བཤགས་ཤིང་སྦྱང་༔ ཐ་མ་དམིགས་བྱའི་ལོག་འདྲེན་བསྒྲལ་ཞིང་བསྟབས༔ ཚིམ་པ་དྲུག་གིས་ཕུང་ཁམས་ལྷ་ཚོགས་མཉེས༔ དཀྱིལ་འཁོར་མུ་རན་སྐྱོང་བ་ལྷག་མའི་མགྲོན༔ མཁའ་འགྲོ་སོ་གཉིས་གིང་ལིང་བསྟན་མར་བཅས༔ ཚོགས་ལྷག་བཞེས་ལ་བསྟན་པའི་དགྲ་བགེགས་སྒྲོལ༔ རྣལ་འབྱོར་བསམ་པའི་དོན་ཀུན་མྱུར་འགྲུབ་མཛོད༔ ཨུཥྩི་ཊ་བྷ་ལིང་ཏ་ཁ་ཧཱི༔ ཞེས་ལྷག་མ་གཏོང་ཞིང་སྲུང་མ་རྣམས༔ ཐུགས་དམ་དབྱིངས་སུ་བསྐུལ་བ་འདི་སྐད་དོ༔ ཧཱུྃ་བྷྱོ༔ མི་མངོན་ཆོས་དབྱིངས་དག་པའི་ཕོ་བྲང་ནས༔ ཀུན་ཏུ་བཟང་མོ་དབྱིངས་ནས་སྐུར་བཞེངས་ཤིག༔ གཟུང་འཛིན་རང་གར་ཤོར་བའི་ལོག་རྟོག་འགྲོ༔ མཐའ་བྲལ་གདོད་མའི་གཞི་ལ་འདྲེན་ཕྱིར་བསྐུལ༔ དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་ནས༔ རྡོ་རྗེ་རྣལ་འབྱོར་ཕག་མོ་སྐུར་བཞེངས་ཤིག༔ ཞིང་བཅུའི་དགྲ་བགེགས་དུག་ལྔའི་རང་གཟུགས་རྣམས༔ ཡེ་ཤེས་ལྔ་ཡི་ཀློང་དུ་སྒྲོལ་ཕྱིར་བསྐུལ༔ རབ་འཇིགས་གཏུམ་པའི་དུར་ཁྲོད་བརྒྱད་སོགས་ནས༔ སྔགས་སྲུང་ཁྲོ་མོ་རྡོ་རྗེ་རལ་གཅིག་མ༔ དོན་དམ་དབྱིངས་ལ་ཁྲོ་འཁྲུག་མི་མངའ་ཡང་༔ ཀུན་རྫོབ་སྣང་ཆར་འཁྲུལ་བའི་སྤྱི་དགོས་དགྲ༔ ཁྱད་པར་དམ་ལོག་བླ་མ་མཆེད་ལ་བརྙས༔ དཀྱིལ་འཁོར་གཉན་པོ་རལ་ཞིང་གསང་སྔགས་ཆོས༔ ལོག་རྟོག་དབང་གིས་སྨད་སོགས་ཉམས་པ་བདུན༔ ད་ལྟ་མྱུར་དུ་བསྒྲལ་ཕྱིར་ཐུགས་དམ་བསྐུལ༔ སྟོང་ཁམས་ཅིག་ཅར་གཟིགས་པའི་སྤྱན་གཅིག་མ༔ ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་སྲིད་པ་གསུམ༔ གོམ་སྟབས་གཅིག་གིས་བགྲོད་པའི་མ་མོ་ཆེ༔ ཞིང་བཅུའི་ཙིཏྟ་ཕྱུང་ལ་ཞལ་དུ་གསོལ༔ ནག་པོའི་རྩ་ལག་སྡེར་བཅས་རྨིང་མེད་དུ༔ དྲག་རྩལ་སྟོབས་ཀྱིས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་དགྲ་ཕྱོགས་ལ་འཕང་༔ ཐ་ཚིག་ཆད་མདོའི་གཏོར་མ་ནི༔ སྨན་རཀ་སྦྲེང་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཀུན་རྫོབ་དུས་གསུམ་ལས་འདས་གདོད་མའི་དབྱིངས༔ དོན་དམ་ཀུན་ཏུ་བཟང་མོའི་རང་གདངས་ལས༔ རིགས་ལྔའི་ཌཀྐཱི་རྡོ་རྗེ་ཁྲོས་མ་ཡིས༔ དུར་ཁྲོད་མེ་རི་འབར་བའི་ཕོ་བྲང་དུ༔ གནས་གསུམ་ཡེ་ཤེས་འཇིག་རྟེན་ལས་སྤྲུལ་པའི༔ དཔའ་བོ་མཁའ་འགྲོ་རིག་པ་འཛིན་རྣམས་ལ༔ ཨེ་ཝཾ་ཟབ་དོན་རྒྱུད་སྡེ་བསྟན་པའི་ཚེ༔ གསང་ཆེན་བསྟན་དང་བསྟན་འཛིན་སྐྱོང་བ་དང་༔ བསྟན་པའི་དགྲ་བགེགས་སྒྲོལ་བར་ཞལ་བཞེས་བཞིན༔ དམ་ཚིག་གཙང་མའི་མཆོད་གཏོར་འདི་བཞེས་ལ༔ གསང་ཆེན་བསྟན་སྲུང་རྣལ་འབྱོར་ཚེ་སྲོག་བསྲིངས༔ བསྟན་པའི་དགྲ་སྒྲོལ་ལས་བཞིའི་ཕྲིན་ལས་མཛོད༔ དེ་འོག་རྒྱལ་ཀུན་ངོ་བོ་པད་འབྱུང་གིས༔ ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་མུ་རུབ་བཙན༔ དག་པའི་འཁོར་ཚོགས་རྗེ་འབངས་ལྕམ་དྲལ་ལ༔ ཟབ་ཆོས་གདམས་པ་དཔག་མེད་གནང་བའི་ཚེ༔ གསང་སྔགས་སྲུང་མ་ཨེ་ཀ་ཛ་ཊི་སོགས༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས༔ ཇི་ལྟར་ཁས་བླངས་དམ་བཅས་ཇི་བཞིན་དུ༔ བཀའ་ཡི་དམ་རྫས་གཏོར་མ་འདི་བཞེས་ལ༔ གང་བཅོལ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ དེ་འོག་སྐལ་ལྡན་ལུང་རིག་གླིང་པ་ཉིད༔ ཕྱོགས་མེད་ལྷ་དང་བླ་མར་མོས་གུས་ཤར༔ སྔོན་སྨོན་ལས་འཕྲོའི་རྨི་ལམ་ཉམས་སྣང་དུ༔ ཨོ་རྒྱན་རྗེ་དང་རྒྱལ་ཡུམ་མཁར་ཆེན་བཟའ༔ གྲུབ་དབང་བླ་མས་དབང་བསྐུར་བྱིན་བརླབས་ནས༔ ཟབ་གསང་དགོངས་པའི་གཏེར་ལ་དབང་བསྒྱུར་ནས༔ སྐལ་ལྡན་རྣམས་ལ་སྤེལ་བར་དམ་བཅས་ཚེ༔ སྔགས་སྲུང་སྤྱི་དང་རལ་གཅིག་དུད་སོལ་མས༔ ཆོས་འདིའི་བརྒྱུད་འཛིན་བར་ཆད་སེལ་བ་དང་༔ སྒྲུབ་པའི་རྟགས་མཚན་མཆོག་ཐུན་དངོས་གྲུབ་ཀྱིས༔ དབུགས་དབྱུང་མཛད་པར་ཞལ་བཞེས་དེ་བཞིན་དུ༔ གཏོར་མ་བཞེས་ལ་ལས་བཞིའི་ཕྲིན་ལས་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་འབུལ༔ བཤལ་ཆུ་བསྟན་སྐྱོང་བདུད་རྩིར་བརླབས༔ ཨོཾ་ཨཱཿཧཱུྃ་གིས་མཆོད་སྤྲིན་སྤེལ༔ ཧཱུྃ་བྷྱོ༔ ཨོ་རྒྱན་རྒྱལ་སྲས་པདྨ་ཐོད་ཕྲེང་གིས༔ ཞལ་སློབ་ཆོས་ཀྱི་བརྒྱུད་འཛིན་གང་ཟག་དང་༔ བོད་ཡུལ་བསྟན་པའི་རྒྱལ་མཚན་འཛུགས་པའི་ཕྱིར༔ ཕྱག་རྒྱས་ཟིལ་གྱིས་མནན་ནས་དམ་བཏགས་པའི༔ མ་སྲིང་བསྟན་མ་ཆེན་མོ་བཅུ་གཉིས་རྣམས༔ དམ་རྫས་བཤལ་ཆུ་གཏོར་མ་འདི་བཞེས་ལ༔ རྟག་ཆད་མུ་སྟེགས་དྲུངས་ནས་ཕྱུང་བ་དང་༔ ཐུབ་བསྟན་དར་ཞིང་རྒྱས་ནས་འགྲོ་བ་ཀུན༔ བདེ་སྐྱིད་དཔལ་ལ་སྤྱོད་པའི་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁ་ཧཱི༔ ཞེས་པས་བསྟན་གཏོར་གཙང་སར་གཤེགས༔ གཏོར་གཞོང་ཁ་སྦུབ་དེ་ཡི་འོག༔ དམ་སྲི་འགུགས་ཤིང་རི་རབ་ཀྱིས༔ ལོག་འདྲེན་ནམ་ཡང་ལྡང་མེད་བསམ༔ ཧཱུྃ་བྷྱོ༔ རྩ་གསུམ་ཡོངས་རྫོགས་མཁའ་འགྲོའི་དཀྱིལ་འཁོར་འདིར༔ ཆོས་དང་སྲིད་འབྱོར་དཔལ་ལ་སྡང་བ་ཡི༔ དམ་སྲིའི་རིགས་ཀུན་རི་རབ་འོག་ཏུ་གནོན༔ ཇི་སྲིད་བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ནམ་ཡང་ལྡང་བ་མེད་པར་རྒྱས་གདབ་བོ༔ ཁྲོ་བོ་ཕོ་ཚོགས་གཡས་ནས་ཐབས་ཀྱི་བྲོ༔ ཁྲོ་མོ་མོ་ཚོགས་གཡོན་ནས་ཤེས་རབ་བྲོ༔ ཐབས་ཤེས་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་བྲོ༔ གཟུང་འཛིན་དགྲ་བགེགས་དམ་སྲིའི་སྟེང་དུ་བརྡུང་༔ ཆོས་དབྱིངས་ཀློང་དུ་མི་འདའ་རྒྱས་བཏབ་པོ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ དགྲ་བགེགས་དམ་སྲིའི་ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནནཿནནཿ གཏོར་གཞོང་འབྲུ་སྣས་བཀང་ལ་ཚེ་འགུགས་ནི༔ ཧྲཱིཿ དབྱིངས་ཀྱི་མཁའ་འགྲོ་མ་མོ་རལ་གཅིག་མ༔ འཁོར་འདས་སྣང་སྲིད་སྐྱེ་འགྲོའི་ཚེ་ཡི་བདག༔ བདག་གི་བླ་ཚེ་ལྷ་འདྲེས་བརྐུས་དང་ཕྲོག༔ མི་དགེའི་དབང་གིས་ཟད་དང་རྦོད་གཏོང་གིས༔ རྫས་སྔགས་ཏིང་འཛིན་ནུས་པས་ཉམས་པ་རྣམས༔ མཁྱེན་བརྩེ་ནུས་པའི་སྟོབས་ཀྱིས་འདིར་ཁུག་ལ༔ འབྱུང་ལྔའི་བཅུད་བསྡུས་བདག་ཉིད་ལུས་ངག་ཡིད༔ ཚེ་བསོད་བཀྲག་མདངས་ཡར་ངོའི་ཟླ་བ་ལྟར༔ མི་ཉམས་གོང་འཕེལ་དར་ཞིང་རྒྱས་པར་མཛོད༔ ཨོཾ་གུ་རུ་དྷེ་ཝ་ཊཱཀྐི་ནི་ཨེ་ཀ་ཛ་ཊི་མ་མ་ཨ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ མདའ་དར་གཡབ་ཅིང་ཚེ་རྫས་རོལ༔ ལན་གསུམ་བརྗོད་ལ་མི་དམིགས་བཞག༔ རྗེས་ལ་མཆོད་ཅིང་བསྟོད་པ་བྱ༔ དམ་རྫས་གཏོར་མ་གནས་བཞིར་གཏུགས༔ ཧཱུྃ་ཧྲཱིཿ ལྷ་དང་བླ་མ་དུས་གསུམ་བདེ་བར་གཤེགས༔ ཀུན་གྱི་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ བསྟན་སྲུང་ཁྲོ་མོ་རཀྴ་སྲིན་པོའི་གདོང་༔ རྣལ་འབྱོར་ལུས་ལ་སྐུ་ཡི་དངོས་གྲུབ་སྩོལ༔ རྣལ་འབྱོར་ངག་ལ་གསུང་གི་དངོས་གྲུབ་སྩོལ༔ རྣལ་འབྱོར་ཡིད་ལ་ཐུགས་ཀྱི་དངོས་གྲུབ་སྩོལ༔ ནད་གདོན་ཞི་ཞིང་ཚེ་བསོད་དཔལ་འབྱོར་རྒྱས༔ སྣང་བ་དབང་འདུས་དགྲ་བགེགས་དྲག་པོས་སྒྲོལ༔ ཕྲིན་ལས་རབ་འབྱམས་རྒྱ་མཚོར་མངའ་དབང་བསྒྱུར༔ སྐུ་གསུམ་བདག་ཉིད་མཆོག་གི་དངོས་གྲུབ་སྩོལ༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐཱ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བརྗོད་གཏོར་མ་བདུད་རྩིར་མྱོང་༔ བདག་མདུན་འོད་ཞུ་ཧཱུྃ་ཡིག་མཐིང་གར་གྱུར༔ ཞབས་ཀྱུ་འ་ཆུང་ཧ་ཁོག་ཟླ་ཚེས་དང་༔ ཐིག་ལེ་ནཱ་ད་སྟོང་ཉིད་དབྱིངས་སུ་ཡལ༔ རྟག་པའི་མཐའ་བསལ་ཆད་མཐའ་ལས་གྲོལ་ཕྱིར༔ རང་ཉིད་ཡི་དམ་ལྷ་ཡི་ཏིང་འཛིན་གསལ༔ ཡང་ན་བསྒྲུབ་པའི་རྟེན་ལ་བསྟིམ་པར་བྱ༔ དེ་རྗེས་དགེ་རྩ་འགྲོ་ལ་བསྔོ་སྨོན་ནི༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་ཀུན༔ གཅིག་ཏུ་བསྡུས་ཏེ་མཁའ་ཁྱབ་འགྲོ་ཀུན་གྱི༔ རྣམ་དཀར་ཚོགས་དང་ལྷན་ཅིག་ཆོས་དབྱིངས་བསྔོ༔ རྟེན་འབྲེལ་བདེན་མཐུས་རྒྱལ་བསྟན་དར་ཞིང་རྒྱས༔ བསྟན་འཛིན་ཞབས་བརྟན་འགྲོ་ཀུན་བདེ་སྐྱིད་འཕེལ༔ མཐར་ཐུག་རྣམ་ཀུན་མཆོག་ལྡན་མཁའ་འགྲོ་དང་༔ དབྱེར་མེད་དོན་གཉིས་ལྷུན་གྲུབ་རྒྱུ་རུ་བསྔོ༔ དེ་ནས་ཤིས་བརྗོད་ལག་ཏུ་མེ་ཏོག་ཐོགས༔ ཧཱུྃ་ཧྲཱིཿ ཆོས་ཀྱི་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་པ༔ སྔགས་སྲུང་དབྱིངས་ཀྱི་ཁྲོ་མོ་རལ་གཅིག་མའི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ རྒྱལ་བསྟན་དར་ཞིང་རྒྱས་པའི་ཤིས་པ་སྩོལ༔ གཞན་ཡང་བཀྲ་ཤིས་གང་འོས་མཐའ་རྒྱས་བྱ༔ ས་མ་ཡཱ༔ རང་བྱུང་རིག་པའི་སྒྲོམ་བུ་ནས༔ རིག་རྩལ་ཡི་གེའི་རིས་སུ་ཕབ༔ ལས་ལྡན་རྣལ་འབྱོར་གྲོགས་སུ་ཤོག༔ དམ་མེད་ལོག་ལྟ་ཅན་ལ་རྒྱ༔ བཀའ་འདི་རལ་གཅིག་མ་མོས་སྲུངས༔ གུ་ཧྱ༔ ཞེས་པའང་དགོངས་གཏེར་ཟབ་མོའི་མཛོད་ལས་ཨོ་རྒྱན་ཡབ་ཡུམ་དང་རྡོ་གྲུབ་བླ་མས་དབུགས་དབྱུང་ཐོབ་པའི་དགེ་སྦྱོང་ལུང་རིག་མིང་གིས་སྤེལ་བ་ཛ་ཡནྟུ། དགེའོ། །དགེའོ། །དགེའོ།།

སྔགས་སྲུང་གཙོ་མོའི་བསྐང་གསོལ་རྣལ་འབྱོར་འདོད་པའི་རེ་སྐོང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ སྔགས་སྲུང་གཙོ་མོའི་བསྐང་གསོལ་རྣལ་འབྱོར་འདོད་པའི་རེ་སྐོང་བཞུགས༔

མ་མོ་ཡོངས་ཀྱི་སྲོག་གི་བདག༔ ཧེ་རུ་ཀ་དཔལ་ལ་བཏུད་ནས༔ སྔགས་ཀྱི་སྲུང་མའི་གཙོ་མོ་ལ༔ གཏོར་སྣོད་ཐོད་པ་ལྕགས་སོགས་སུ༔ དཔལ་བཤོས་གཙོ་འཁོར་ལྔ་པ་བཤམས༔ མེ་རི་ལིང་ག་སྙིང་ཞགས་བརྒྱན༔ བྱ་མོ་ནག་མོའི་ཤ་ཁྲག་བརྒྱན༔རང་ཉིད་གསང་བའི་བདག་པོ་ཡི༔ རྣལ་འབྱོར་ལྡན་པས་བསང་སྦྱང་ཕྱིར༔ སྭ་བྷ་ཝ་ཡི་སྔགས་ཀྱིས་བརླབས༔ ཨོཾ་ཨཱཿཧཱུྃ་གིས་མཆོད་རྫས་རྣམས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་ཀུན་བཟང་མཆོད་པའི་སྤྲིན༔ གང་འདོད་རྟེན་རྫས་མཆོད་པའི་རྫས༔ བསྐང་རྫས་འདོད་རྒུའི་དཔལ་དུ་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ དེ་ནས་ལྷ་བསྐྱེད་སྤྱན་འདྲེན་དང་༔ བཞུགས་ཕྱག་མཆོད་བསྟོད་བསྐང་བ་དང་༔ བསྙེན་སྒྲུབ་གཤེགས་གསོལ་འདི་ལྟར་རོ༔ རང་མདུན་ཁྲག་མཚོ་ཀེང་རུས་རི་རབ་དབུས༔ པད་ཉི་དགྲ་བགེགས་གདན་ལ་ཏྲག་ཡིག་ལས༔ འོད་འཕྲོས་ཡེ་ཤེས་འཇིག་རྟེན་ཌཱཀྐི་མས༔ བྱིན་བརླབས་ཚུར་འདུས་དགྲ་བགེགས་བྱད་མ་བསྒྲལ༔ སྐད་ཅིག་གནས་འགྱུར་མ་མོ་རལ་གཅིག་མ༔ མཐིང་ནག་ཁྲོ་མོ་སྤྱན་གཅིག་ཁྲག་མཚོར་ཁོལ༔ ལྕགས་རལ་ཉག་གཅིག་སྲིད་པའི་རྩེ་མོར་བསྒྲེང་༔ གཡས་གཡོན་ཙིཏྟ་ལྕགས་སྤྱང་ཕྲ་ཐབས་འགྱེད༔ ཞབས་གཅིག་སྟོང་གསུམ་སྐད་ཅིག་ཡུད་ལ་ཉུལ༔ ལྷོ་སྤྲིན་མི་ལྤགས་སྟོད་གཡོགས་སྟག་ཤམ་གསོལ༔ གཡས་གཡོན་སྦྱོར་སྒྲོལ་ཀེང་ཆེན་དཔའ་བོ་ནི༔ མ་ཧཱ་ཀ་ལ་རྡོར་ལེགས་མདུན་ངོས་སུ༔ ལས་བྱེད་མ་མོ་ཁྲག་རལ་གཅེར་བུར་ཁྲོས༔ ལྕེ་སྤྱང་ཞོན་ཅིང་སྙིང་ཕྲེང་ཐོད་ཁྲག་འཐུང་༔ རྒྱབ་ཏུ་གཟའ་བདུད་མཐའ་བསྐོར་ཡེ་ཤེས་དང་༔ འཇིག་རྟེན་སྲུང་མ་ལྷ་མིའི་ཁྲོམ་ལྟར་འཚོགས༔ གནས་གསུམ་འབྲུ་གསུམ་ཐུགས་ཀར་ཉི་མའི་སྟེང་༔ ཏྲགཿཡིག་ལས་འཕྲོས་འོད་ཟེར་ལྕགས་ཀྱུ་ཡིས༔ འོག་མིན་ཆོས་དབྱིངས་རི་རབ་ལྷ་གནས་དང་༔ ལྕང་ལོ་ཅན་དང་དུར་ཁྲོད་བརྒྱད་པོ་ནས༔ བརྩེ་ལྡན་མགྲོན་ལྟར་སྐད་ཅིག་ལ་བྱོན་ཏེ༔ བསྒོམ་པའི་ལྷ་དང་དབྱེར་མེད་གཅིག་ཏུ་གྱུར༔ དེ་ནས་སྤོས་རོལ་དང་བཅས་དབྱངས་ཀྱིས་འབོད༔ ཧཱུྃ༔ འོག་མིན་ཆོས་དབྱིངས་སྤྲུལ་པའི་དུར་ཁྲོད་ནས༔ དོན་དམ་ཀུན་ཏུ་བཟང་མོའི་མཁའ་ཀློང་ནས༔ གང་འདུལ་བསྟན་པའི་སྲུང་མ་རལ་གཅིག་མ༔ གཙོ་འཁོར་སྤྲུལ་བ་མ་ལུས་འདིར་སྤྱོན་ཅིག༔ རང་མཐུན་པད་ཉི་དྲེགས་པའི་གདན་ལ་བཞུགས༔ རྒྱལ་བའི་བསྟན་དང་བདག་ཅག་བྱང་ཆུབ་བར༔ སྲུང་སྐྱོབ་མཛད་ཕྱིར་གུས་པའི་ཕྱག་གིས་འདུད༔ སྣང་སྲིད་སྣོད་བཅུད་མཆོད་པའི་རྫས་སུ་བསྒྱུར༔ སྨན་གཏོར་རཀྟ་དགྲ་བགེགས་ཤ་ཁྲག་རུས༔ བསྐང་རྟེན་ཡོ་བྱད་མཐུན་རྫས་དཔག་མེད་པ༔ ཏིང་འཛིན་ནམ་མཁའི་མཛོད་སྒོ་ཕྱེས་ནས་འབུལ༔ སྐུ་མཆོག་མི་འགྱུར་ཌཱཀྐི་ཡོངས་ཀྱི་རྗེ༔ གསུང་མཆོག་མི་གཡོ་རུ་ལུའི་སྒྲ་སྐད་སྒྲོག༔ ཐུགས་མཆོག་འཕོ་མེད་བདེ་ཆེན་རྡོ་རྗེ་སེམས༔ རབ་འབྱམས་རྒྱལ་བའི་ཡུམ་མཆོག་ཁྱེད་ལ་བསྟོད༔ བདག་གིས་སོར་བྱང་སྔགས་ཀྱི་དམ་ཉམས་པས༔ མནར་མེད་དམྱལ་བའི་རྒྱུ་བསགས་ཅི་མཆིས་པ༔ རྫས་སྔགས་ཏིང་འཛིན་རོལ་མོ་དབྱངས་ཀྱིས་བསྐང་༔ ཚངས་པ་མཆོག་གི་དབུགས་དབྱུང་དེང་འདིར་སྩོལ༔ གཙོ་མོའི་ཐུགས་ཀར་ཉི་སྟེང་ཏྲག་ཡིག་མཐིང་༔ སྔགས་འབྲུ་དུད་སྤྲིན་མདོག་འདྲ་གཡོན་དུ་འཁོར༔ འོད་ཀྱིས་འཕགས་མཆོད་བྱིན་བརླབས་འབྲུ་གསུམ་སྔགས༔ ཆར་བབས་བདག་ལ་ཐིམ་པས་མཆོག་ཐུན་གྱི༔ དངོས་གྲུབ་རང་སྐལ་དང་མཐུན་ཐོབ་པར་བསམ༔ ཨོཾ་ཏྲག་རཀྴ་ཨེ་ཀ་ཛ་ཊི་སརྦ་སིདྡྷི་ཕ་ལ་བྷྲཱུཾ་ཧཱུྃ༔ སྔགས་ལ་འབྲུ་འབུམ་གྲངས་སོང་ན༔ གང་མོས་ལས་གྲུབ་སོམ་ཉི་བྲལ༔ སླར་ཡང་འོད་ཟེར་མེ་དུད་མཚོན་ཆར་འཁྲིགས༔ གང་དམིགས་བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ དགྲ་བགེགས་ལོག་འདྲེན་འབྱུང་པོ་རྡུལ་དུ་བརླགས༔ བརྗོད་བྲལ་མཉམ་པའི་ཀློང་དུ་མངོན་སངས་རྒྱ༔ ཞེས་པས་ལས་སྦྱོར་མཐར་བསྐྱོལ་བར་བྱ༔ སྐབས་སུ་གཏོར་འབུལ་རྩ་སྔགས་ཤམ་བུ་རུ༔ ས་པཱ་རི་ཝཱ་ར་ཨེ་དཾ་བྷ་ལིང་ཏ་ཁཱ་ཧི་ཁཱ་ཧི༔ འདོད་པའི་དོན་ལ་གསོལ་བ་གདབ་པ་ནི༔ ཧཱུྃ༔ སྔགས་སྲུང་ཡོངས་ཀྱི་གཙོ་མོ་རལ་གཅིག་མ༔ གཙོ་འཁོར་སྤྲུལ་པར་བཅས་པ་ཐམས་ཅད་ལ༔ དམ་རྫས་གཏོར་མའི་མཆོད་པ་འདི་འབུལ་བས༔ ཐུགས་བརྩེ་དགྱེས་པ་ཆེན་པོས་ལེགས་བཞེས་ནས༔ རྒྱལ་བསྟན་མི་ནུབ་དར་ཞིང་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན༔ འགྲོ་ཁམས་ཕུང་བྱེད་ནད་མུག་མཚོན་འཁྲུག་ཞི༔ ཆར་ཆུ་དུས་བབས་ལོ་ལེགས་འབྲས་བཟང་སྨིན༔ བདེ་སྐྱིད་དཔལ་གྱིས་མངོན་འཚོ་ཁྱད་པར་དུ༔ བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་ཀུན༔ གེགས་ཞི་ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས༔ མཐར་ཐུག་དོན་གཉིས་འགྲུབ་པའི་ཕྲིན་ལས་མཛོད༔ དེ་ནས་བསྐྱེད་པའི་ལྷ་ཚོགས་གཤེགས་པའམ༔ ཡང་ན་རྟེན་ལ་བསྟིམ་སྟེ་ཤིས་བརྗོད་ནི༔ ཨོཾ་དགེ་ལེགས་བྱེ་བའི་འབྱུང་གནས་བླ་མ་རྗེ༔ འདོད་ཡོན་ཀུན་འགྲུབ་ཡི་དམ་དཀྱིལ་འཁོར་ལྷ༔ བར་ཆད་སེལ་མཛད་ཌཱཀྐི་སྲུང་མའི་གཙོ༔ མ་མོ་སྔགས་ཀྱི་བདག་མོའི་བཀྲ་ཤིས་ཤོག༔ དེ་ལྟར་སྔགས་སྲུང་རལ་གཅིག་མའི༔ གཏོར་འབུལ་བསྙེན་སྒྲུབ་ཟུང་འབྲེལ་འདི༔ ལས་ལྡན་བིདྱའི་མིང་ཅན་གྱིས༔ བསྐུལ་ངོར་དག་སྣང་ཆོས་མཛོད་ལས༔ དགེ་སྦྱོང་ལུང་རྟོགས་ཉིན་བྱེད་ཀྱིས༔ རིག་རྩལ་ཡི་གེའི་རིས་སུ་སྤེལ༔ གུ་ཧྱ༔ སརྦ་མངྒ་ལཾ༔

བསྐང་བཤགས་ཉེས་ཀུན་སེལ་བྱེད།

རལ་གཅིག་ཐུགས་ཀྱི་སྒྲུབ་པ་ལས༔ བསྐང་བཤགས་ཉེས་ཀུན་སེལ་བྱེད་བཞུགས༔

དབྱིངས་ཀྱི་མཁའ་འགྲོ་རལ་གཅིག་མར༔ སྒོ་གསུམ་གུས་པས་ཕྱག་འཚལ་ནས༔ སྲུང་མ་དེ་ཡི་ཚོགས་ཀྱི་སྐབས༔ སྨན་རཀ་གཏོར་མ་སྤོས་དུད་དང་༔ ཕྱར་དར་གཡབ་དར་བསྐང་རྟེན་རྫས༔ དངོས་འབྱོར་ཡིད་སྤྲུལ་སྔགས་དྲུག་དང་༔ ཕྱག་རྒྱ་དྲུག་གིས་བྱིན་བརླབས་ནས༔ དང་པོ་བསྐང་བར་བྱ་བའི་ཡུལ༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་དང་༔ བསྟོད་པའི་རིམ་པ་འདི་བཞིན་ནོ༔ ཧཱུྃ་བྷྱོ༔ ཤེས་རབ་དབྱིངས་ཀྱི་ད་ལ་ནས༔ སྐྱེ་མེད་ཆོས་སྐུ་ཀུན་བཟང་མོ༔ རང་སྣང་དབྱིངས་ཀྱི་སྤྲུལ་འཁོར་བཅས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ འགག་མེད་ཡེ་ཤེས་ལྔ་ཡི་གདངས༔ རིགས་ལྔ་གསལ་སྣང་ཡུམ་ཆེན་ལྔ༔ རང་རིག་སེམས་དཔའ་སེམས་མའི་འཁོར༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ མཁའ་སྤྱོད་མཁའ་འགྲོའི་ཞིང་ཁམས་ནས༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ གནས་ཡུལ་ཌཱཀྐི་ཚོགས་དང་བཅས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ སྔགས་ཀྱི་སྲུང་མ་རལ་གཅིག་མ༔ དམ་ཅན་རྒྱ་མཚོ་སྤྲུལ་འཁོར་བཅས༔ གར་བཞུགས་དག་པའི་ཞིང་ཀུན་ནས༔ བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ རང་སྣང་དག་པའི་གཞལ་ཡས་འདིར༔ པདྨ་ཉི་མའི་བཾ་གྱི་ཁྲིར༔ དགྱེས་པ་ཆེན་པོས་བརྟན་པར་བཞུགས༔ གུས་པའི་ཡིད་ཀྱིས་ལྷ་ཕྱག་འཚལ༔ གསང་བ་གསུམ་གྱི་ཡོན་ཏན་ལ༔ རྩེ་གཅིག་དད་པས་བསྟོད་པར་བགྱི༔ ཧཱུྃ་བྷྱོ༔ ཆོས་དབྱིངས་ཡེ་ཤེས་སྤྲོས་པ་མེད་པ་ལས༔ སྔགས་ཀྱི་སྲུང་མའི་གཙོ་མོ་རལ་གཅིག་མ༔ གསང་བ་ཟབ་མོའི་གཉེར་འཛིན་དམ་ལྡན་མོ༔ ཉམས་པ་ཆམ་ལ་འབེབས་པའི་དཔའ་རྩལ་ཅན༔ བསྐང་ངོ་ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐང་༔ རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན་གྱིས་བསྐང་༔ ཞིང་བཅུའི་སྙིང་ཁྲག་རཀྟ་དམར་གྱིས་བསྐང་༔ ཤ་སྣ་སྟོང་སྦྱར་དམ་རྫས་གཏོར་མས་བསྐང་༔ བྱ་ནག་རྟ་ནག་ལུག་ནག་གཡག་ནག་དང་༔ ཕྱར་དར་གཡབ་དར་སྦ་ལྕག་ཚིགས་གསུམ་པ༔ སྐུ་གཟུགས་སྔགས་བྱང་རྨ་བྱའི་རྒྱལ་མཚན་སོགས༔ བསྐང་རྟེན་ཡོ་བྱད་མ་ཚང་མེད་པས་བསྐང་༔ སྐུ་ཡི་ཕྱག་རྒྱ་ཏིང་འཛིན་གསལ་ཞིང་བརྟན༔ གསུང་གི་ཕྱག་རྒྱ་སྒྲུབ་སྔགས་སེལ་མེད་བཟླས༔ ཐུགས་ཀྱི་ཕྱག་རྒྱ་མཉམ་ཉིད་བློ་བྲལ་གདེང་༔ སྐུ་གསུང་ཐུགས་ཀྱིས་ཕྱག་རྒྱ་གཉན་པོས་བསྐང་༔ ཁྱེད་ཀྱི་ཐུགས་དམ་གཉན་པོ་དགྱེས་བསྐངས་ནས༔གནས་སྐབས་དམ་ཆོས་སྒྲུབ་པའི་འགལ་རྐྱེན་སོལ༔ མཐར་ཐུག་རྫོགས་ཆེན་སྣང་བཞི་ཟད་སར་སྐྱོལ༔ སྐུ་སྤྲུལ་བྷུདྡྷ་རིགས་ཀྱི་མཁའ་འགྲོ་འབུམ༔ ཡོན་ཏན་སྤྲུལ་པ་རཏྣ་ཌཱཀྐི་འབུམ༔ གསུང་གི་རོལ་གར་པདྨ་ཤུགས་འགྲོ་འབུམ༔ ཕྲིན་ལས་མངའ་བརྙེས་ཀརྨ་མཁའ་འགྲོ་འབུམ༔ གཞན་ཡང་དགྲ་བགེགས་སྒྲོལ་མཛད་ཤ་ཟ་འབུམ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་མཁའ་འགྲོ་འབུམ༔ སྣ་ཚོགས་ཅིར་ཡང་སྟོན་པའི་སྤྲུལ་བསྒྱུར་ངོམས༔ རྡུལ་སྙེད་མ་ཚང་མེད་པའི་ཉིང་སྤྲུལ་རྣམས༔ བསྐང་ངོ་ཐུགས་དམ་གཉན་པོ་དབྱིངས་སུ་སྐོང་༔ ཕྱི་མཆོད་ཉེར་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ གསང་མཆོད་སྦྱོར་སྒྲོལ་ཟབ་མོས་ཐུགས་དམ་བསྐང་༔ ཡང་གསང་ལྟ་སྒོམ་སྤྱོད་པས་ཐུགས་དམ་བསྐང་༔ མཐུན་བསྐང་བརྟེན་རྫས་ཚོགས་པས་ཐུགས་དམ་བསྐང་༔ ཧཱུྃ་བྷྱོ༔ ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་ནས༔ སྡེ་བརྒྱད་གཟའ་སྐར་ས་བདག་སྤྲུལ་པའི་ཚོགས༔ རྒྱལ་བའི་བསྟན་སྲུང་འགྲོ་བའི་བདེ་སྐྱིད་སྤེལ༔ རྣལ་འབྱོར་དམ་ལྡན་སྐྱོང་བའི་ལས་ལ་བརྩོན༔ ཁྱེད་རྣམས་ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་༔ ཁྱེད་ལ་ཕྲིན་ལས་དྲག་ཏུ་བཅོལ་བའི་མདོར༔ བདག་གི་ཉམས་ཆག་ཉེས་ཀུན་བཤགས་ལགས་ན༔ དགྱེས་པ་ཆེན་པོའི་ཐུགས་ཀྱིས་བཞེས་ནས་ཀྱང་༔ ཚེ་ཡི་བར་ཆད་འགལ་རྐྱེན་དབྱིངས་སུ་སོལ༔ ཟས་ནོར་གོས་དང་ལོངས་སྤྱོད་ཆར་དུ་ཕོབ༔ མི་ཕྱུགས་ནད་རིམས་གོད་ཁ་ཀུན་ཞི་ཞིང་༔ ལོ་འབྲས་རིགས་རྒྱུད་མི་ནོར་འཕེལ་ཞིང་རྒྱས༔ ཁྱད་པར་གསང་ཆེན་ཆོས་ལ་འཆད་སྤེལ་དང་༔ སྒོམ་སྒྲུབ་རྣལ་འབྱོར་རྟག་ཏུ་བུ་བཞིན་སྐྱོངས༔ གང་བཅོལ་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་བརྗོད་ཡི་གེ་བརྒྱ་པ་བརྗོད༔ དེས་ནི་ནད་འཁྲུག་མུ་གེ་སོགས༔ ཉེ་བར་འཚེ་ཀུན་དབྱིངས་སུ་ཞི༔ གནས་སྐབས་གང་འདོད་ཐོགས་མེད་འགྲུབ༔ མེད་དུ་མི་རུང་ཆ་ལག་གོ༔ བཀའ་སྲུང་དུད་སོལ་མེལ་ཚེ་གྱིས༔ སྐལ་ལྡན་རྣམས་ཀྱི་གྲོགས་སུ་ཤོག༔ ས་མ་ཡཱ༔

བསྐང་བསྡུས།

བསྐང་བསྡུས་ནི༔ ཧཱུྃ་བྷྱོ༔ སྔགས་ཀྱི་སྲུང་མ་རལ་གཅིག་མ༔ སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་འབུམ༔ སྡེ་བརྒྱད་དྲེགས་པ་སྤྲུལ་འཁོར་བཅས༔ མི་མངོན་དབྱིངས་ནས་གནས་འདིར་གཤེགས༔ དམ་ཚིག་རྟེན་ལ་བརྟན་པར་བཞུགས༔ ལུས་ངག་ཡིད་ཀྱིས་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྒོ་གསུམ་རྟག་ཏུ་དད་པས་བསྟོད༔ ཐུགས་དམ་བསྐང་བར་བྱ་བའི་ཕྱིར༔ མ་རྒྱུད་མཁའ་འགྲོ་ཡོངས་ཀྱི་གཙོ༔ དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་མོ༔ རྡོ་རྗེ་ཕག་མོའི་ཐུགས་དམ་བསྐང་༔ དེ་ཡི་ཐུགས་སྤྲུལ་རལ་གཅིག་མ༔ སྡེ་བརྒྱད་དྲེགས་པ་འཁོར་དང་བཅས༔ རྡུལ་སྙེད་གྲངས་དང་མཉམ་པའི་ཚོགས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་༔ བསྐང་རྫས་ཕྱི་མཆོད་ཉེར་སྤྱོད་ལྔ༔ ནང་མཆོད་སྨན་རཀ་གཏོར་མས་བསྐང་༔ གསང་མཆོད་སྦྱོར་སྒྲོལ་ཟབ་མོ་དང་༔ ཡང་གསང་ལྟ་སྒོམ་སྤྱོད་པས་བསྐང་༔ བདག་གི་ཉམས་ཆག་ཉེས་ལྟུང་ཀུན༔ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད༔ ཅེས་པའང་ཚོགས་བསྡུས་པའི་སྐབས་སུ་ཉེ་བར་མཁོ་བའི་ཕྱིར་ལུང་རིག་མིང་གིས་སྦྱར་བའོ༔

སྲུང་ཟློག་གི་འདོན་སྒོམ་ཟབ་མོ་རིག་འཛིན་ཉི་གྲགས་གཏེར་བྱོན།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ སྲུང་ཟློག་གི་འདོན་སྒོམ་ཟབ་མོ་བཞུགས་སོ༔ སྔགས་བདག་འབར་མའི་སྲུང་བའི་འདོན་སྒོམ་གྱི་རིམ་པ་ནི༔ ཧཱུྃ༔ སྐད་ཅིག་མི་དམིགས་སྟོང་པའི་ངང་༔ རླུང་ནག་འཚུབ་མ་མེ་རིའི་ཀློང་༔ པདྨ་ཉི་མའི་གདན་སྟེང་དུ༔ ཐུགས་སྲོག་མ་ཡིག་དཀར་པོ་ལས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ བྱིན་རླབས་ཚུར་འདུས་འཁོར་འདས་ཀྱི༔ དྲེགས་ཚོགས་མ་ལུས་ཀུན་ལ་ཕོག༔ ཞེ་སྡང་ཞི་ཞིང་ནུས་མཐུ་བསྡུས༔ འོད་ཀྱི་རྣམ་པར་མ་ལ་ཐིམ༔ མ་ཡིག་གནས་འགྱུར་དྲན་རྫོགས་སུ༔ དཔལ་གྱི་ལྷ་མོ་དམར་སེར་མདོག༔ ཞལ་གཅིག་ཕྱག་གཉིས་འཛུམ་མདངས་ཅན༔ ཞབས་གཉིས་ཕྱེད་སྐྱིལ་འགྱིང་བག་བཞུགས༔ དར་གྱི་ན་བཟའ་རིན་ཆེན་བརྒྱན༔ གཡས་པས་ཁ་ཊཱཾ་བུམ་པའི་དབྱིབས༔ འོད་ཟེར་རྣམ་ལྔའི་གུར་ཁང་ནང་༔ བསྲུང་བྱ་ཐམས་ཅད་ཚུད་པར་བསྒོམ༔ གཡོན་གྱི་བྷནྡྷ་བདུད་རྩི་ལས༔ བཛྲ་རཏྣ་པདྨ་དང༔ རལ་གྲི་འཁོར་ལོའི་གུར་ཁང་འབར༔ རིམ་པ་ལྔ་ཡི་དྲྭ་མིག་ཏུ༔ ལྷ་མོ་དཀར་མོ་གྲངས་མེད་གཏམས༔ རང་གི་ཞལ་ནས་སྔགས་བཟླས་པས༔ འཁོར་འདས་ཐམས་ཅད་སྔགས་སྒྲ་སྒྲོག༔ ནང་དུ་ཞལ་གཟིགས་སྲུང་བར་བསྒོམས༔ ཨོཾ་རུ་རུ་རོ་རུ་བི་ཏི་སྟ་བ་ཏ་ཏོ་སི་མེ་ཙ་པ་ལ་ཨ་ཤུག་མེ་མ་མ་ཏྲག་རཀྴ༔ ཨོཾ་རུ་རུ་རོ་རུ་བེ་ཏོ་ཧུ་ཏ༔ཥྚ་ཏོ་སི་མེ་ཙ་པ་ལ་ཨ་ཤུག་མེ་མ་མ་ཏྲག་རཀྴ་རུ་ལུ་རུ་ལུ་རེ་མ་ཏི་རུ་ཏི་སྙིང་ཁ་རཀྨོ་ཙ་ཙ༔ མོ་མུམ་ཛ་ཛཿཧཱུྃ་བྷྱོ་ཛ་ཛ༔ ཨོཾ་བཛྲ་དྷེ་ཝི་ཀཱ་ལི་རཀྵྱ་རུ་ཏི་ཧྲཱིཿ བདག་ཅག་འཁོར་དང་བཅས་པ་སྲུངས་ཤིག་རཀྵྱ་རཀྵྱ་སྭཱ་ཧཱ༔ རྒྱས་བསྡུས་སྐབས་ལྟར་བཟླས༔ བཛྲ་པུཥྤེ་སོགས༔ ཧཱུྃ་བྷྱོ༔ ཁམས་གསུམ་དབང་བསྒྱུར་དཔལ་ལྡན་མ་སོགས། གཙོ་ལ་ཕྱག་འཚལ་བསྟོད༔ བསྲུང་བའི་གུར་དང་སྔགས་ཕྲེང་ལྷ་ཚོགས་ལས༔ འོད་དང་གཟི་བརྗིད་ཕྱོགས་བཅུར་འབར་བ་ཡིས༔ བྱད་དང་རྦོད་གཏོང་གནོད་བྱེད་ཐམས་ཅད་ཟློག༔ ཚེ་དང་བསོད་ནམས་ཡར་ངོ་ལྟར་རྒྱས་གྱུར༔ པར་བསམ༔

སྔགས་བདག་འབར་མའི་བཟློག་པའི་འདོན་བསྒོམ་ནི༔ ཧཱུྃ༔ ཨེ་མཐིང་ལྕགས་ཁང་འབར་བའི་ནང་༔ དགྲ་བགེགས་བྱད་མ་ལྷ་སྲུང་རྣམས༔ དབང་དུ་བསྡུས་ཏེ་ཟིལ་གྱིས་མནན༔ ལྷ་མོ་ཆེན་མོ་སྔགས་སྲུང་མས༔ སྤྲུལ་པ་ནད་མཚོན་དུག་ཆར་ཕབ༔ ལྕགས་ཁང་དྲེལ་རྟའི་ཞབས་འོག་ཏུ༔ དགྲ་བགེགས་བྱད་མ་ནོན་པར་མནན༔ ཁོ་ཡི་ལྷ་སྲུང་མ་བཟོད་འཁྲོས༔ བྱད་མ་རང་གཤེད་རང་ལ་ཕབ༔ མ་མོའི་སྤྲུལ་པ་དྲེགས་ཚོགས་ཀྱིས༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱུར༔ བར་བསམ༔ མ་བྷྱོ༔མ་མ་རུ་ལུ་རུ་ལུ་ཏྲག་རཀྴ་བྷྱོ་རེ་མ་ཏི་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཧཱུྃ་ཛ་བྷྱོ་ཟློག༔ བྱད་ཕུར་གཏད་ཁྲམ་སྟོན་པའི་བན་བོན་བྱད་མ་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སོད་ཅིག་ཆོད་ཅིག་གཏུབས་ཤིག་ས་མ་ཡཱ་བྷྱོ་བྷྱོ་ཟློག་ཟློག་མཱ་ར་ཡ་ཧཱུྃ་ཕཊ༔ ཅི་མང་བཟླས་ཤིང་༔ ཐུན་སྐབས་སུ་མཆོད་བསྟོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་སོགས་ཤཔྟ་པཱུ་ཛ་ཧོ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བྷ་ལིང་ཏ་མ་ཧཱ་རཀྟ་སརྦ་པུ་ཙ་ས་མ་ཡཱ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་མཾ་ས་ཙིཏྟ་བ་སུ་ཏ་ཀོ་རོ་ཙ་ན་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་བྷྱོ༔ ཁམས་གསུམ་དབང་བསྒྱུར་དཔལ་ལྡན་མ༔ སྲིད་གསུམ་ཟིལ་གནོན་རལ་གཅིག་མ༔ མ་བདུད་ཆེན་མོ་རེ་མ་ཏི༔ མཁའ་འགྲོའི་གཙོ་ལ་ཕྱག་འཚལ་བསྟོད༔ འདོད་ཁམས་ལྷ་དབང་དགྱེས་སྡེ་མོ༔ ནཱ་ག་རཀྴ་ཀླུ་ཡི་ལྕམ༔ བདུད་མོ་ནག་མོའི་ཕྱག་བརྙན་མོ༔ སྔགས་ཀྱི་སྲུང་མར་ཕྱག་འཚལ་བསྟོད༔ མ་མོ་མཁའ་འགྲོའི་ལས་མཁན་མོ༔ བསྟན་པ་ཀུན་གྱི་ཡང་རྗེ་མོ༔ དུར་ཁྲོད་དྷཱཀྐཱིའི་གཙོ་མོ་སྟེ༔ ཤ་ཟ་ཀཱ་ལིར་ཕྱག་འཚལ་བསྟོད༔ འཆི་བདག་ལས་བྱེད་དྲེགས་པ་བདུན༔ སོ་སོའི་བྲན་གཡོག་བཀའ་ཉན་དང་༔ ནག་མོ་འབུམ་སྡེ་བྱེ་བའི་ཚོགས༔ འཁོར་དང་བཅས་ལ་བསྟོད་པར་བགྱི༔ ཞེས་བསྟོད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་སྐུ་མི་བསྐྱོད་རྡོ་རྗེའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ ལོངས་སྐུ་དཔལ་ཆེན་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ སྤྲུལ་སྐུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བདེན་པ་དང་༔ རིགས་གསུམ་མགོན་པོ་ལ་སོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང་༔ སློབ་དཔོན་པདྨ་བཛྲ་ལ་སོགས་གསང་སྔགས་འཆང་བའི་རིག་འཛིན་གྲུབ་ཐོབ་རྣམས་ཀྱི་བཀའ་བདེན་པ་དང་༔ ཡི་དམ་རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་༔ དཔལ་ལྡན་ལྷ་མོ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ཀྱི་བཀའ་བདེན་པ་དང་༔ བ་ལམ་དྲེལ་སྣ་མ༔ སྟག་སྨན་གཟེར་འདེབས་མ༔ ཁྲི་སྨན་སི་ལི་མ༔ རྡོ་རྗེ་བ་ལམ་མ༔ ཚངས་པ་དུང་གི་ཐོར་གཙུག༔ གཤིན་རྗེ་བྷེ་ཝ་ས་ཏ༔ བདུད་པོ་བྱེ་བ་དགུ་རིང་༔ དཔལ་མགོན་དྲེགས་པ་ཕྱི་ནང་གསང་བའི་ལྷ་སྲིན་རང་རང་སྤྲུལ་འཁོར་དང་བཅས་པའི་བཀའ་ཡི་བདེན་པའི་མཐུ་ལ་བརྟེན་ནས༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གཟུགས་མེད༔ བན་བོན་སྡེ་བརྒྱད་སྔོན་ལས་འཕྲལ་རྐྱེན་ངན་པ༔ ཆགས་ཆེ་ཉམ་ང་༔ བྱད་མ་རྦོད་གཏོང་༔ ནད་རིགས་བཞི་བརྒྱ་རྩ་བཞི༔ གློ་བུར་བདུན་བརྒྱ་ཉི་ཤུ༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༔ བྱིས་པའི་གདོན་ཆེན་བཅོ་ལྔ༔ ལྟས་ངན་བརྒྱད་ཅུ་རྩ་གཅིག༔ རྒྱ་འདྲེ་འགོང་པོའི་གནོད་པ༔ ལོ་ཟླ་ཞག་དུས་ཀྱི་སྐག་ངན༔ ཕོ་གདོན་མོ་གདོན༔ གྲི་ཕོ་གྲི་མོ་ཤི་འདྲེ་གསོན་འདྲེ༔ དམ་སྲི་དམ་འགོང་༔ ཟ་འདྲེ་ཤི་གཤེད༔ མི་ནད་ཕྱུགས་ནད༔ ཡམས་རིམས་ངན་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག༔ མེད་པར་གྱུར་ཅིག༔ ཞི་བར་གྱུར་ཅིག༔ བརླག་པར་གྱུར་ཅིག༔ རབ་ཏུ་ཞི་བར་གྱུར་ཅིག༔ ཐལ་མོ་བརྡབ་པས་དགྲ་དང་བགེགས༔ ཁྱད་པར་བྱད་མ་རྦོད་གཏོང་རྣམས༔ མེ་ལྕེ་ཁ་ཡི་སྦྲང་བུ་ལྟར༔ སྐད་ཅིག་ཉིད་ལ་བརླག་པར་གྱུར༔ པར་བསྒོམ༔ ཉ་སྟོང་དུས་ཆེན་ལ་སོགས་ལ༔ ཐུན་བཟུང་གནད་དུ་བསྣུན་པར་བྱ༔ དམར་ཐག་དུས་སམ་སྲོད་དྲག་པོར༔ རྒྱུན་དུ་མ་ཆག་བརྩོན་གྱུར་ན༔ ཕས་ཀྱི་བྱད་མ་རྦོད་གཏོང་རྣམས༔ བཟློག་འགྱུར་འདི་ལ་ཐེ་ཚོམ་མེད༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལས་འཕྲོ་ཅན་དང་འདི་འཕྲད་ནས༔ བར་ཆད་ཚོགས་ལས་རྒྱལ་བར་ཤོག༔ སྲུང་མ་རྣམས་ལ་བཅོལ་ལོ་རྒྱ༔ དམ་མེད་འགྲོ་ལ་ཨ་ཐཾ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁམས་པ་ཉི་མ་གྲགས་པས་གནས་མཆོག་ཧ་ཙོ་ནས་གདན་དྲངས་པའོ༔

རལ་གཅིག་ཕྱི་སྒྲུབ་མ་མོ་སྨན་བཙུན་ལྟར་སྒྲུབ་པའི་རིམ་པ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཕྱི་སྒྲུབ་མ་མོ་སྨན་བཙུན་ལྟར་སྒྲུབ་པའི་རིམ་པ་བཞུགས༔

དབྱིངས་ཀྱི་མཁའ་འགྲོའི་སྐུ་ལ་འདུད༔ མ་འོངས་དུས་ཀྱི་རྣལ་འབྱོར་པས༔ པྲ་དང་མངོན་ཤེས་གསལ་བའི་ཕྱིར༔ མ་མོ་སྨན་བཙུན་ལྟར་སྒྲུབ་ན༔ རི་བོ་སྨན་མོའི་ནུ་མ་ལྟར༔ སྣུམ་བག་ཆགས་པའི་ས་དེ་རུ༔ དུས་ཚེས་བཟང་པོའི་འཕྲོད་སྦྱོར་ལ༔ མཎྜལ་སྟེང་དུ་འབྲུ་ཚོམ་བཀོད༔ དུང་གི་ཤྭ་དང་ས་ལེ་སྦྲམ༔ གཡུ་བྱང་མིག་མེད་མགྲོན་བུ་རྣམས༔ རྟེན་བཀོད་མཐའ་ནས་མཆོད་པས་བསྐོར༔ དྲི་མེད་དར་དཀར་གུར་དུ་ཕུབ༔ ཤིན་ཏུ་བསང་ཞིང་སྤོས་དུད་གཏོང་༔ རྒྱུན་གཏོར་དུས་སུ་ཆག་མེད་བྱ༔ ས་མ་ཡཱ༔ རང་ཉིད་རལ་གཅིག་བསྙེན་པ་བསྐྱལ༔ མཆོད་བསྟོད་མདུན་གྱི་རྟེན་རྫས་རྣམས༔ སྭ་བྷ་ཝ་ཡིས་སྔགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་རང་མདུན་དུ༔ ནེའུ་སེང་སྤང་ལྗོངས་ཆུ་མིག་དང་༔ མཚོ་རྫིང་གསང་རི་ལྷུན་ཆགས་སར༔ རིན་ཆེན་གཡུ་ཡི་ཁང་བཟང་ལ༔ པདྨ་རཱ་གའི་བ་གམ་དང་༔ དྲི་མེད་ཤེལ་གྱི་ཐེམ་སྐས་ཅན༔ དབུས་སུ་འདབ་ལྔ་འོད་ལྔ་འཁྲིགས༔ དེ་དབུས་རིན་ཆེན་གསེར་གྱི་ཁྲི༔ བཻཌཱུར་བྱུ་རུ་གཡུ་སྔོན་གྱི༔ ཕྲ་ཚོམ་དར་གྱི་ལྷུབ་འབོལ་སྟེང་༔ མ་མོ་རལ་གཅིག་གསུང་གི་སྤྲུལ༔ སྨན་བཙུན་ཇོ་མོ་ཚེ་རིང་མ༔ དཀར་དམར་ལང་ཚོ་གཞོན་ཉམས་འཛུམ༔ ཞལ་གཅིག་ཕྱག་གཉིས་གཡས་པ་ཡིས༔ དུང་ཤྭ་བསྒྲིལ་ཞིང་སྒྲུབ་སྔགས་གསུངས༔ གཡོན་པས་མདའ་དར་སྣ་ལྔ་གཡབ༔ དར་ཐོད་ནོར་བུས་མགུལ་བྲང་བརྒྱན༔ ཕྱེད་དཀྱིལ་གྱིས་བཞུགས་དབུ་སྐྲ་ནི༔ གནག་སྣུམ་མུ་ཏིག་ཟར་བུ་འཕྱངས༔ མདུན་དུ་པྲ་ལྷ་མཐིང་བཟང་མ༔ གཡས་སུ་ཅོད་པཎ་མགྲིན་བཟང་མ༔རྒྱབ་ཏུ་མི་གཡོ་གླང་བཟང་མ༔ གཡོན་དུ་གཏད་དཀར་འགྲོ་བཟང་མ༔ ཀུན་ཀྱང་གཡས་པས་ཤྭ་བསྒྲིལ་ཞིང་༔ གཡོན་རྣམས་ནོར་བུའི་གཞོང་པ་ཐོགས༔ རྒྱན་ཆ་གཙོ་དང་མཚུངས་པར་བསྐྱེད༔ རང་ཉིད་ཁྲོ་མོའི་ཐུགས་ཀ་ནས༔ འོད་ཟེར་དཀར་པོ་སྤྲིན་ལྟར་འཁྲིགས༔ སྔགས་ཀྱི་ཟེར་ཕྲེང་ལྕགས་ཀྱུ་ལྟར༔ འཕྲོས་པས་གངས་ཅན་བོད་ཀྱི་ལྗོངས༔ སྤྱི་དང་ཤེལ་གྱི་ཟུར་ཕུད་ནས༔ སྨན་བཙུན་ཇོ་མོ་ཚེ་རིང་མ༔ སྤྲུལ་པ་པྲ་འབེབས་སྨན་མོ་འབུམ༔ གཙོ་ཡིས་འབངས་ལ་བཀའ་བསྒོས་ལྟར༔ ཐོགས་པ་མེད་པར་སྤྱན་དྲངས་གྱུར༔ སྤོས་དང་རོལ་མོ་གླིང་བུས་འབོད༔ ཧཱུྃ༔ གསང་སྔགས་སྲུང་མ་ཨེ་ཀ་ཛ༔ ཕྱི་ལྟར་སྨན་བཙུན་སྐུར་སྤྲུལ་བ༔ ཇོ་མོ་ཚེ་རིང་མཆེད་ལྔ་རྣམས༔ སྔོན་ཚེ་པདྨ་ཐོད་ཕྲེང་དང་༔ མི་ལ་བཞད་པ་རྡོ་རྗེ་ཡི༔ སྤྱན་སྔར་ཇི་ལྟར་དམ་བཅས་བཞིན༔ རྣལ་འབྱོར་མངོན་ཤེས་པྲ་འབེབས་ཕྱིར༔ ཐོགས་པ་མེད་པར་ད་ཚུར་བྱོན༔ ཏྲག་རཀྵ་བཛྲ་པྲ་མོ་ཧ་པཉྩ་ཛྙཱ་ན་ས་མ་ཡཱ་ཛ་ཛཿ དེ་ནས་བརྟན་པར་བཞུགས་ཕྱག་ནི༔ ཧཱུྃ༔ རྒྱལ་ཀུན་ཡེ་ཤེས་རྣམ་ལྔའི་འཕྲུལ༔ མ་རིག་མུན་སེལ་པྲ་འབེབས་ལྷ༔ སྨན་བཙུན་མཆེད་ལྔ་རྫས་ལ་བཞུགས༔ དམ་ཚིག་དབང་གིས་གུས་ཕྱག་འཚལ༔ དེ་ནས་མཆོད་འབུལ་བསྐང་བཤགས་ནི༔ ཧཱུྃ༔ སྟོང་ཉིད་ངང་ལས་རིག་པའི་འཕྲུལ༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་གཏེར༔ མི་ཟད་ཐུགས་དམ་བསྐང་བའི་རྫས༔ མེ་ཏོག་སྤོས་སྒྲོན་དྲི་ལྡན་ཆབ༔ དཀར་མངར་བཤོས་དང་གླིང་བུ་དང་༔ སིལ་སྙན་ཏིང་ཤག་རོལ་མོའི་སྒྲས༔ མཆོད་དོ་སྨན་བཙུན་ཚེ་རིང་མ༔ དེ་ཡི་མཆེད་དུ་གྱུར་པ་ཡི༔ མཐིང་གི་ཞལ་བཟང་མགྲིན་བཟང་མ༔ མི་གཡོ་གླང་བཟང་གཏད་དཀར་མ༔ སྨན་བཙུན་འབུམ་གྱི་བྲན་དང་བཅས༔ ཁྱེད་རྣམས་ཐུགས་དམ་གཉན་པོ་བསྐང་༔ གཞན་ཡང་སྨན་རཀ་གཏོར་མ་དང་༔ ཕྱེ་མར་འོ་ཞོ་ཇ་ཆང་སྐྱེམས༔ དར་གོས་རྒྱན་ཕྲེང་ཅང་ཤེས་རྟ༔ ཤ་རྐྱང་མ་ཧེ་འདོད་འཇོ་བ༔ སྤོས་ཀྱི་གླང་པོ་རྨ་བྱ་དང་༔ ནེ་ཙོ་སྲོག་ཆགས་ཡིད་འོང་རིགས༔ དུང་ཤྭ་གཡུ་བྱང་ས་ལེ་སྦྲམ༔ སྣང་གསལ་མེ་ལོང་དར་གྱི་གུར༔ མདའ་དར་ལ་སོགས་བསྐང་རྟེན་རྫས༔ མ་ཚང་མེད་པས་ཐུགས་དམ་བསྐང་༔ བདག་གི་སྒོ་གསུམ་ཉེས་ཚོགས་དང་༔ ཐེ་ཚོམ་རྫུན་དང་གཡོ་སྒྱུ་སོགས༔ མངོན་ཤེས་འགོག་པའི་ཉེས་སྐྱོན་བཤགས༔ དག་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཚིག་འདིས་གུས་པས་སེམས་ཀྱིས་བསྟོད༔ ཧཱུྃ་ཧྲཱིཿ གདོད་ནས་རྣམ་དག་ཀུན་བཟང་མོའི༔ རང་རྩལ་མ་མོ་ཆེན་མོ་ནི༔ ཕྱི་ལྟར་སྨན་བཙུན་སྒྱུ་མའི་གཟུགས༔ རྣམ་འགྱུར་ཅིར་ཡང་འཆར་ལ་བསྟོད༔ བདག་ལ་མངོན་ཤེས་པྲ་འབེབས་ཀྱི༔ དངོས་གྲུབ་ཐོགས་པ་མེད་པར་སྩོལ༔ སྔགས་བཟླས་དམིགས་པ་འདི་བཞིན་ནོ༔ རང་ཉིད་རལ་གཅིག་ཐུགས་ཀ་ནས༔ འོད་འཕྲོས་སྨན་བཙུན་གཙོ་འཁོར་ལྔའི༔ ཐུགས་ཀར་ཟླ་སྟེང་བམ་གྱི་མཐར༔ སྔགས་ཀྱིས་གཡོན་བསྐོར་ལ་ཕོག་པས༔ ལྷ་དང་དྲང་སྲོང་མངོན་ཤེས་ཅན༔ ཀུན་ཀྱི་ནུས་མཐུ་གཅིག་ཏུ་བསྡུས༔ རང་ལ་ཕུལ་བའི་མངོན་ཤེས་ཀྱིས༔ སྲིད་གསུམ་ས་ལེར་མཐོང་བར་བསམ༔ ཨོཾ་བཛྲ་རཀྨོ་ཨེ་ཀ་ཛ་ཊཱི་པྲ་མོ་ཧཱ༔ ཙིཏྟ་ཧྲཱིང་ཛཿ སྔགས་དེ་འབུམ་གྱིས་རྟགས་མཐོང་འགྱུར༔ རྟགས་ནི་བུད་མེད་བཟང་མོ་ཡིས༔ ཟས་བྱིན་གཏམ་སྨྲ་དད་གུས་ལགས༔ སྨོན་ལམ་འགྲུབ་པའི་རྟགས་སུ་ངེས༔ ས་མ་ཡཱ༔ སྐབས་སུ་ཚོགས་དང་གཏོར་མར་བརྩོན༔ ཀ་ར་ཀ་ར་དང་ར་དང་ར་ཐི་སེ་ཐི་སེ་ཙཀྵུ་པྲ་བེ་ཤ་ཡ་ཕཊ་སྭཱ་ཧཱ༔ དེ་ནས་མོ་རུ་གདབ་པ་ནི༔ གོང་བསྙེན་སྔོན་སོང་སྔགས་འདི་བཟླ༔ ཨོཾ་བཛྲ་ཏྲག་རཀྨོ་པྲ་མོ་ཧཱ༔ ཙིཏྟ་ཧྲཱིང་ཛཿ ལེགས་ཉེས་གསལ་བར་ཕོབ་ཅིག༔ ཅེས་པ་ཁྲི་གཅིག་སྨྲ་བཅད་བཟླ༔ མཎྜལ་སྟེང་དུ་དུང་ཤྭ་བསྒྲིལ༔ འདོད་དོན་གསལ་བར་སྨྲོས་ཤིག་ཅེས༔ བདེན་པ་བརྡར་ནས་ཤྭ་མིག་བརྟགས༔ ལྔ་བབ་ཇོ་མོ་ཚེ་རིང་མ༔ གཙོ་འཁོར་འཛོམས་པའི་གཞི་ཕྱྭ་ལ༔ བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར༔ མགྲོན་ཕྱྭ་ཅུང་ཟད་ཕྱི་དལ་ངོ་༔ ནད་ཕྱྭ་མྱུར་དུ་མ་སོས་ན༔ རིམ་གྲོ་ཆེན་པོས་བླུས་ཙམ་ཡིན༔ དེ་མིན་གང་ལ་བཏབ་ཀྱང་བཟང་༔ ཆོས་ཕྱྭར་སྟོན་འཁོར་དབུ་འཕང་མཐོ༔ བཞི་བབ་གླང་བཟང་མ་ཡིན་ཏེ༔ གཞི་ཕྱྭར་ཕྱོགས་བཞི་ནད་དགྲ་ལྡང་༔ ལ་འུར་རིམ་གྲོ་བཟློག་པར་འབད༔ མགྲོན་ཕྱྭ་འགྱོད་པ་དང་བཅས་འོང་༔ ནད་པ་འདུ་བ་བཞི་ཀ་བསྡོངས༔ སྨན་རྒྱལ་ལ་སོགས་རིམ་གྲོ་དང་༔ རྟེན་བཞེངས་སྤོང་དག་ལུས་མིང་བརྗེ༔ ཆོས་ཕྱྭར་ཆོས་ཕུགས་རླུང་གིས་ཁྱེར༔ གསུམ་བབ་གཡང་ལྷ་གཏད་དཀར་མ༔ གཞི་ཕྱྭ་གཡང་འབོད་གཡང་རྟེན་འཛུགས༔ རྒྱལ་བའི་གསུང་རབ་བཞེངས་དང་སྒྲོགས༔ མགྲོན་ཕྱྭར་ཟས་ནོར་རྙེད་དེ་འོང་༔ ནད་ཕྱྭར་འོད་ཅན་གཡང་ཆགས་རྫས༔ དེ་རྗེས་རྒྱལ་བསེན་འབྲང་ཞེས་བཤད༔ ཆོས་ཕྱྭར་ཆོས་པ་ནོར་ཕྱིར་འབྲང་༔ ལོངས་སྤྱོད་ཕུན་སུམ་ཚོགས་པའི་མོ༔ གཉིས་བབ་མཐིང་གི་ཞལ་བཟང་མ༔ བུད་མེད་དཔལ་ཅན་མོ་ལ་བཟང་༔ གཞི་ཕྱྭར་འཕྱོན་མའི་གཏམ་བཞིན་དུ༔ མ་ངེས་བདེ་སྡུག་རེས་མོས་བྱེད༔ མགྲོན་ཕྱྭར་ཐག་ཉེར་སླེབས་པའི་ངོ་༔ ནད་ཕྱྭར་བུད་མེད་འདྲེ་མོས་གནོད༔ ཞག་བདུན་ཚུན་དུ་གེགས་ཆེན་ཡོད༔ པད་འབྱུང་སྒྲོལ་མར་གསོལ་བ་ཐོབ༔ ཆོས་ཕྱྭར་བུད་མེད་བསླུ་བྲིད་ངོ་༔ གཅིག་བབ་ཅོད་པཎ་མགྲིན་བཟང་མ༔ གཞི་ཕྱྭར་ཁྱིམ་གཅིག་མི་གཅིག་སྡོད༔ ནང་དུ་རྫས་མེད་སྟོང་པའི་ངོ་༔ ཉ་གྲོག་གསོ་ཞིང་འབུམ་གསུམ་ཀློག༔ དཀོན་མཆོག་སྐྱབས་འགྲོ་གཡང་ལྷ་སྒྲུབ༔ མགྲོན་ཕྱྭར་འགྱོད་མེད་དལ་དུ་སླེབ༔ ནད་ཕྱྭར་ཚེ་སྒྲུབ་འཆི་བསླུ་སྒྲུབ༔ སིདྡྷི་མ་ཎི་འུར་འདོན་དགོས༔ ད་རེས་རིམ་གྲོས་བསླུས་པ་ཙམ༔ ཆོས་ཕྱྭར་གཅིག་པུར་སྒྲུབ་ཚུགས་ཟིན༔ དེ་ལྟར་ཕྱི་སྒྲུབ་ཟབ་མོ་འདིས༔ མངོན་ཤེས་གསལ་ཞིང་སྙན་གྲགས་ཐོབ༔ ཕྱི་རབས་དོན་དུ་ཡི་གེར་བྲིས༔ དུས་བབ་ལས་འཕྲོ་ཅན་ལ་གཏོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལུང་རིག་གླིང་པའི་གཏེར་མའོ༔

རལ་གཅིག་ནང་སྒྲུབ་ཕག་མོའི་སྒོམ་བཟླས།

རལ་གཅིག་ནང་སྒྲུབ་ཕག་མོའི་སྒོམ་བཟླས་བཞུགས༔ དཀྱིལ་འཁོར་སྒྲུབ་རྫས་སོགས་མི་དགོས༔ སྟོང་པའི་ངང་ལས་རང་ལུས་གཞལ་ཡས་ཁང་༔ དུར་ཁྲོད་མེ་རི་རྡོར་ཕྲེང་མཚན་ཉིད་རྫོགས༔ རང་སེམས་ཧཱུྃ་མཐིང་ཡོངས་གྱུར་ཕག་མོ་ནག༔ ཞལ་གདངས་རབ་ཁྲོས་སྤྱན་གསུམ་དབུ་སྐྲ་དམར༔ གྲི་གུག་ཐོད་ཁྲག་ཕག་ཞལ་ངུར་སྒྲ་སྒྲོག༔ ཁ་ཊཱཾ་མཆན་གཡོན་རུས་པའི་རྒྱན་དྲུག་གསོལ༔ གཡས་བསྐུམ་གཡོན་བརྐྱང་བམ་སྟེང་འགྱིང་བའི་ཉམས༔ མེ་འབར་ཀློང་བཞུགས་གླང་ཀོ་སྟག་ཤམ་དང་༔ ཐོད་རློན་ཕྲེང་བ་ལ་སོགས་ཁྲོ་མོའི་ཆས༔ སྙིང་གར་ཉི་མའི་གདན་ལ་ཧཱུྃ་མཐིང་མཐར༔ ཨོཾ་ཛྙཱ་ན་ཌཀྐཱི་ཝ་ར་ཧཱི་ཧཱུྃ༔ ཞེས་པའི་སྔགས་ཕྲེང་གཡོན་བསྐོར་ལ༔ དེ་ལས་འོད་འཕྲོས་ཆོས་དབྱིངས་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་ལ་སོགས་ཡེ་ཤེས་དང་༔ འཇིག་རྟེན་མཁའ་འགྲོའི་བྱིན་རླབས་ནུས་སྟོབས་བསྡུས༔ རང་ལ་ཐིམ་པས་རྒྱལ་བ་སྲས་བཅས་ཀུན༔ བསྐྱེད་པའི་ཡུམ་གཅིག་ཆེ་བའི་ང་རྒྱལ་ངང་༔ གོང་གསལ་བསྙེན་པ་འབུམ་ཕྲག་དྲུག༔ དེས་ནི་རྡོ་རྗེ་ཕག་མོ་འགྲུབ༔ སྐབས་སུ་ཚོགས་དང་གཏོར་མར་འབད༔ མ་མོ་རལ་གཅིག་ནང་སྒྲུབ་འདི༔ ཀུན་གྱི་སྙིང་པོའི་ཏི་ཀ་འོ༔ རྗེས་སུ་རང་སེམས་ཕག་མོ་དང་༔ དབྱེར་མེད་ལྟ་བའི་ངང་མདངས་སྐྱོང་༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྐལ་ལྡན་ལུང་རིག་གླིང་པའི་ཐུགས་གཏེར་ཡང་དག་གོ༔

རལ་གཅིག་གསང་སྒྲུབ་མཁའ་འགྲོའི་ཐུགས་བཅུད།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རལ་གཅིག་གསང་སྒྲུབ་མཁའ་འགྲོའི་ཐུགས་བཅུད་བཞུགས༔

རང་བྱུང་དབྱིངས་ཀྱི་རལ་པ་གཅིག༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ གསང་བ་མཁའ་འགྲོ་སྡེ་ལྔ་རུ༔ སྒྲུབ་ཐབས་ཟབ་མོ་འདི་རུ་བསྟན༔ ས་མ་ཡཱ༔ དེ་ཡང་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་གནས་དུས་ཕུན་ཚོགས་སར༔ དགྲ་འདྲེའི་གཞན་དབང་མ་གྱུར་བཞིན༔ དཀྱིལ་འཁོར་འབྲུ་ཚོམ་ལྔ་རུ་བཀོད༔ དབུས་སུ་ཟན་བཤོས་གྲི་གུག་དབྱིབས༔ ཆོས་འབྱུང་གདན་བཀོད་རང་འདྲ་བའི༔ འཁོར་བཞི་དཔལ་བཤོས་མེ་རིས་བརྒྱན༔ སྨན་རཀ་བཤམས་ཤིང་དར་མཐིང་གུར༔ མཁའ་འགྲོ་སྡེ་ལྔའི་སྐུ་ཡང་གཟུགས༔ ཉེར་སྤྱོད་རྣམ་ལྔས་མཐའ་ནས་བསྐོར༔ གྷ་ན་ཚོགས་ཀྱི་ཡོ་བྱད་དང་༔ གསལ་བའི་ཞུན་མེ་བདུག་སྤོས་སོགས༔ མ་ཚང་མེད་པར་འདུ་བྱས་ནས༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ ས་མ་ཡཱ༔ དངོས་གཞི་སྐྱབས་སེམས་ཡན་ལག་བདུན༔ སྔོན་འགྲོའི་ཆོས་རྣམས་གཞན་ལྟར་ལ༔ དྲན་རིག་ལྷ་རུ་འདི་བཞིན་བསྒོམ༔ ཨཱཿ འདི་ལྟར་འཁོར་འདས་སྣང་བའི་ཆོས༔ མ་སྐྱེས་བློ་འདས་སྟོང་པའི་ངང་༔ ཕྱི་སྣོད་མཁའ་འགྲོའི་ཞིང་གི་དབུས༔ དུར་ཁྲོད་གཞལ་ཡས་མཚན་ཉིད་རྫོགས༔ དབུས་སུ་རྩིབས་བཞི་གྲུ་གསུམ་མཐིང་༔ པད་ཉི་བཾ་གྱི་གདན་ཁྲི་ལ༔ རང་སེམས་བམ་མཐིང་ཨ་ཡིག་མཚན༔ ཡོངས་གྱུར་རྡོ་རྗེ་ཕག་མོ་མཐིང་༔ རྩིབས་བཞི་མདུན་ནས་གཡས་བསྐོར་ལ༔ ཧ་རི་ནི་ས་ལས་བཞིའི་མདོག༔ ཡོངས་གྱུར་པད་ཉི་བཾ་གྱི་ཁྲིར༔ རྡོ་རྗེ་རིན་ཆེན་པདྨ་ལས༔ རིགས་བཞི་མཁའ་འགྲོ་ཕྱོགས་མཚོན་མདངས༔ ཀུན་ཀྱང་ཞལ་གཅིག་ཁྲོ་ཆགས་ཉམས༔ གཙུག་ཏུ་ཕག་ཞལ་ལས་མདོག་ངུར༔ ཐོད་སྐམ་དབུ་རྒྱན་དབུ་སྐྲ་ཁྲོལ༔ རུས་རྒྱན་གཅེར་བུ་གར་སྟབས་འགྱིང་༔ ཡེ་ཤེས་མེ་ཡི་ཀློང་དུ་བསྐྱེད༔ མཐའ་བསྐོར་འབུམ་ཕྲག་མཁའ་འགྲོས་བསྐོར༔ སྒོ་བཞིར་ཁྭ་གདོང་ཕག་གདོང་དང་༔ ཁྱི་གདོང་སྤྱང་གདོང་དཀར་སེར་དམར༔ ལྗང་ཁུ་ལྕགས་ཀྱུ་ཞགས་སྒྲོག་དྲིལ༔ གཙོ་འཁོར་གནས་གསུམ་ཨོཾ་ཨཱཿཧཱུྃ༔ དཀར་དམར་མཐིང་ལས་རང་འོད་འཕྲོ༔ སྐུ་གསུམ་མཁའ་འགྲོའི་ཞིང་ཁམས་ནས༔ ཡེ་ཤེས་སེམས་དཔའ་སྤྱན་དྲངས་གྱུར༔ དེ་ནས་སྤོས་རོལ་དབྱངས་དང་བཅས༔ ཧཱུྃ་བྷྱོ༔ ཆོས་དབྱིངས་བདེ་སྟོང་ཡེ་ཤེས་ཀློང་༔ བུདྡྷ་མཁའ་འགྲོ་འཁོར་བཅས་གཤེགས༔ མེ་ལོང་གསལ་བའི་ཡེ་ཤེས་ཀློང་༔ རྡོ་རྗེ་མཁའ་འགྲོ་འཁོར་བཅས་གཤེགས༔ རང་བཞིན་མཉམ་པའི་ཡེ་ཤེས་ཀློང་༔ རཏྣ་མཁའ་འགྲོ་འཁོར་བཅས་གཤེགས༔ ཆོས་ཀུན་མ་འདྲེས་སོར་རྟོག་ཀློང་༔ པདྨ་མཁའ་འགྲོ་འཁོར་བཅས་གཤེགས༔ ཕྲིན་ལས་སྣ་ཚོགས་ལྷུན་གྲུབ་རྫོགས༔ ལས་ཀྱི་མཁའ་འགྲོ་འཁོར་བཅས་གཤེགས༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ འབུམ་ཕྲག་མཁའ་འགྲོ་འཁོར་བཅས་གཤེགས༔ ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྟེར༔ ལས་བྱེད་ཕྲ་མེན་འཁོར་བཅས་གཤེགས༔ གནས་ཡུལ་མ་དང་ཌཱཀྐིའི་ཚོགས༔ སྐུ་ལ་རུས་རྒྱན་ཁྲ་ལ་ལ༔ གསང་བའི་བརྡ་སྐད་སངས་སེ་སང་༔ སྙིང་རྗེའི་ཐུགས་བརྩེ་ཡ་ལ་ལ༔ སྐལ་ལྡན་བདག་ལ་བྱིན་གྱིས་རློབས༔ ཨ་བཾ་ཧ་རི་ནི་ས་ས་མ་ཡཱ་ཛ༔ རང་སྣང་དག་པའི་གཞལ་ཡས་ལ༔ ཏིང་འཛིན་གསལ་བའི་དམ་ཚིག་ལྷར༔ དབྱིངས་ནས་ཡེ་བབས་ཡེ་ཤེས་པ༔ དམིགས་མེད་ངང་དུ་བརྟན་པར་བཞུགས༔ ས་མ་ཡཱ་ཏིཥྛ་ལྷན༔ ཧོ༔ ཀུན་ནས་བཏགས་པའི་མཁའ་འགྲོ་མ༔ ཀུན་ཏུ་རྟོག་པ་མི་མངའ་བས༔ ཀུན་ཀྱང་རང་རྩལ་དམ་ཚིག་གཅིག༔ ཀུན་ཏུ་བཟང་པོ་ཕྱག་གིས་བསྟོད༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ཡི་ཉེར་སྤྱོད་རྣམ་པ་ལྔ༔ ནང་གི་འདོད་ཡོན་ཡུལ་ལྔའི་རྫས༔ གསང་བ་བདེ་སྟོང་སྨན་རཀ་གཏོར༔ མཁའ་འགྲོའི་ཚོགས་ལ་མཆོད་པ་འབུལ༔ སྤང་བླང་གཉིས་མེད་མཆོད་པར་བཞེས༔ མཆོག་དང་ཐུན་མོང་དེང་འདིར་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་རུ་པ་ཤཔྟ་གནྡྷེ་ར་ས་སྤཪྴེ་དྷརྨ་དྷརྟུ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ འགག་མེད་ལོངས་སྐུ་ཕག་མོར་ཤར༔ རྒྱལ་བ་ཀུན་དང་མཉམ་སྦྱོར་བའི༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས༔ སྣང་བ་དབང་སྡུད་དགྲ་བགེགས་འདུལ༔ ལས་བཞིའི་ཕྲིན་ལས་ཀུན་ལ་དབང་༔ མཁའ་འགྲོ་རིགས་བཞིར་ཕྱག་འཚལ་བསྟོད༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ ཀུན་ཀྱང་མི་མཐུན་བར་ཆད་སེལ༔ མཐུན་པའི་རྐྱེན་ཚོགས་གུས་པས་སྒྲུབ༔ ཡང་འཁོར་ཌཱཀྐི་རྒྱ་མཚོར་བསྟོད༔ རང་ཉིད་གཙོ་མོའི་ཐུགས་ཀ་རུ༔ པད་ཉི་གནམ་ལྕགས་གྲི་གུག་གི༔ ལྟེ་བར་ཨ་མཐིང་གིས་མཚོན་བཾ༔ འཁོར་བཞིར་ཧ་རི་ནི་སའི་མཐར༔ གཡོན་བསྐོར་བསྒོམ་ཞིང་ཤུབ་བུར་བཟླ༔ དང་པོ་གཙོ་མོའི་ཐུགས་སྲོག་ལ༔ སེམས་བཟུང་ཨ་ཡིག་བྱེ་བ་གཅིག༔ འཁོར་བཞིའི་ཐུགས་སྲོག་སྔགས་བཅས་ལ༔ སེམས་བཟུང་སྔགས་འདི་འབུམ་ཕྲག་ལྔ༔ གྲངས་ཀྱི་བསྙེན་པ་ཡིན་པར་བཤད༔ བཾ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུྃ༔ སྔགས་ལས་འོད་འཕྲོས་སྟོང་གསུམ་གང་༔ ཁམས་གསུམ་ཀུན་གྱི་སེམས་ཉིད་རྩལ༔ འགྲོ་ཀུན་མཁའ་འགྲོའི་གསང་གསུམ་དང་༔ དབྱེར་མེད་རིག་པའི་ངང་མདངས་བསྐྱང་༔ དེ་ནས་མ་དང་མཁའ་འགྲོ་རྣམས༔ ལུས་དང་གྲིབ་བཞིན་འགོ་ཞིང་འགྲོགས༔ བར་ཆད་སེལ་ཞིང་གྲོགས་བྱེད་གྱུར༔ ས་མ་ཡཱ༔ རྗེས་ནི་བསྐྱེད་པའི་ལྷ་ཡི་ཚོགས༔ འོད་ཞུ་ཐུགས་སྲོག་ཨ་ལ་ཐིམ༔ དེ་ཡང་མི་དམིགས་སྟོང་པའི་ངང་༔ འགྱུར་མེད་ལྟ་བའི་རང་མདངས་བསྐྱང་༔ རྗེས་ཐོབ་རང་ལུས་ཁྲོས་མ་ཡི༔ གནས་གསུམ་ཡི་གེས་མཚན་པས་བསྲུང་༔ ཨོཾ་ཨཱཿཧཱུྃ་རཀྵ༔ དེ་ནས་དགེ་བ་བསྔོ་བ་ནི༔ ཨེ་མ་ཧོ༔ བདག་གི་དུས་གསུམ་དགེ་བའི་ཚོགས༔ མ་ལུས་གཅིག་ཏུ་རབ་བསྡུས་ནས༔ མཐའ་ཡས་འགྲོ་རྣམས་ཡུམ་ཆེན་མོའི༔ གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ༔ ཞེས་དང་བཀྲ་ཤིས་བརྗོད་པ་ནི༔ ཆོས་སྐུ་ཡུམ་ཆེན་ཕ་རོལ་ཕྱིན༔ ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྤྲུལ་སྐུ་རལ་གཅིག་སྔགས་སྲུང་མས༔ རྗེས་བཟུང་དོན་གཉིས་ལྷུན་གྲུབ་ནས༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ སེམས་ཅན་སྨིན་ནུས་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་སིལ་མ་འཐོར༔ སྤྲོ་ན་ཐུན་སྐབས་ཚོགས་མཆོད་ནི༔ ཚེས་བཅུ་ཉེར་ལྔའི་དུས་གཉན་ལ༔ ཤ་ཆང་སྒོག་ཙོང་ཟན་བཤོས་ཆང་༔ མར་མེ་ལ་སོགས་ལེགས་པར་བཤམས༔ བཤགས་པ་ཅི་རིགས་སྔོན་སོང་ནས༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཀྱི་ཡོ་བྱད་བདུད་རྩིར་གྱུར༔ ཚོགས་མགྲོན་རྡོ་རྗེ་རྣལ་འབྱོར་མ༔ མཁའ་འགྲོ་སྡེ་ལྔ་སྤྲུལ་འཁོར་བཅས༔ མཆོད་པའི་མགྲོན་དུ་གཤེགས་སུ་གསོལ༔ རོལ་མོ་སྤོས་གསུར་རྐང་གླིང་འབུད༔ ཚོགས་ཀྱི་མཆོད་པ་ཀུན་བཟང་གི༔ རྣམ་རོལ་གུས་པས་ལྷ་ལ་འབུལ༔ ཉམས་ཆག་སྤྱི་དང་མཁའ་འགྲོ་ཡི༔ དམ་ལས་འགལ་བའི་ཉེས་ཀུན་བཤགས༔ ཞེས་བརྗོད་ཚོགས་ཕུད་མཆོད་པ་འབུལ༔ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ ཐ་མ་རྫས་ལ་དགྲ་བགེགས་འགུགས༔ བསྒྲལ་ནས་ལྷ་ལ་འདི་བཞིན་སྟོབ༔ཧཱུྃ༔ ལོག་འདྲེན་མཚན་མའི་རྫས་ལ་ཁུག༔ དགྲ་བགེགས་ཕུང་ཁམས་རྡུལ་དུ་རློགས༔ ཤ་ཁྲག་དྭངས་མ་བདུད་རྩིའི་རོས༔ སྔགས་སྲུང་གཙོ་འཁོར་མཉེས་གྱུར་ཅིག༔ སརྦ་པཉྩ་ཧ་ལ་ཁཱ་ཧི༔ ཚོགས་ལ་རོལ་ཞིང་ལྷག་མ་ནི༔ བདུད་རྩིར་བྱིན་བརླབས་འདི་བཞིན་བསྔོ༔ ཧོཿ གསང་སྔགས་དཀྱིལ་འཁོར་མཐའ་སྐྱོང་བ༔ ཕྲ་མེན་མཁའ་འགྲོ་རྒྱ་མཚོའི་ཚོགས༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ བར་ཆད་སེལ་ཞིང་སྡོང་གྲོགས་མཛོད༔ ཨུ་ཙུཥྚ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་སྨོན་ལམ་གདབ་པ་ནི༔ ཧཱུྃ༔ རྒྱལ་ཡུམ་མཁའ་འགྲོའི་དཀྱིལ་འཁོར་དུ༔ ཚོགས་ཀྱི་མཆོད་པ་འདི་འབུལ་བས༔ ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས༔ མཐར་ཐུག་སྐུ་གསུམ་མངོན་གྱུར་ཤོག༔ མཁའ་འགྲོའི་ཚོགས་མཆོད་བསྡུས་པ་འདིས༔ ཚོགས་གཉིས་དཔལ་ལ་སྤྱོད་པར་ཤོག༔ མནྟྲ་གུ་ཧྱ༔ ལུང་རིག་མིང་གིས་སོ༔

བསྐུལ་བ་དུག་གི་སྤུ་གྲི།

སྔགས་སྲུང་ཁྲོས་མའི་ཐུགས་སྒྲུབ་ལས༔ བསྐུལ་བ་དུག་གི་སྤུ་གྲི་བཞུགས༔

དབྱིངས་ཡུམ་ཁྲོས་མ་ནག་མོར་འདུད༔ འདི་ཉིད་སྒྲུབ་པའི་རྣལ་འབྱོར་ལ༔ དགྲ་འདྲེའི་འཚེ་འམ་རྦོད་གཏོང་མཁན༔ གཞན་དང་འདྲེས་སམ་རྨི་ལམ་ངན༔ དེ་ཚེ་ལས་ཀྱི་གཞུང་བསྲིངས་ནས༔ ཚོགས་འཁོར་བསྐོར་ཞིང་དམར་གཏོར་ལ༔ འགུག་གཞུག་བྱ་ཞིང་སྔགས་པ་རྣམས༔ རཀྟས་གདོང་བྱུག་རྔ་བརྡུང་ཞིང་༔ སྲིན་མོ་ཁྲོས་པའི་ངུར་སྒྲ་ཡིས༔ ཧཱུྃ་བྷྱོ༔ གྲུ་གསུམ་མཐིང་ནག་ཨེ་དབྱིངས་ཁྲག་མཚོའི་ཀློང་༔ ཀེང་རུས་རི་རབ་དགྲ་བགེགས་བསྣོལ་བའི་ཁྲི༔ ཐབས་ཤེས་ཉི་ཟླ་འདབ་སྟོང་གེ་སར་ལ༔ དབྱིངས་ནས་དྲག་ཏུ་ཁྲོས་པའི་རལ་གཅིག་མ༔ དོན་དམ་ཐུགས་དབྱིངས་ཞི་ལས་མ་གཡོས་ཀྱང་༔ གསང་སྔགས་བསྟན་ལ་སྡང་བའི་ལོག་འདྲེན་དགྲ༔ བསླབ་གསུམ་ཡོན་ཏན་ཉམས་བྱེད་དམ་སྲིའི་དཔུང་༔ ཚེ་བསོད་དཔལ་ལ་སྡང་བའི་འཕྲལ་རྐྱེན་བགེགས༔ མིང་གི་ལྷག་མ་ཙམ་དུ་ཚར་གཅོད་ཕྱིར༔ མི་བསྲུན་སྲིན་མོ་ཁྲོས་པའི་དྲག་ཤུལ་གྱིས༔ རྔམ་པའི་ང་རོ་དང་བཅས་སྐུར་བཞེངས་ཤིག༔ དགྲ་འདྲེའི་གཤེད་དུ་ཁྲོས་པས་སྐུར་བཞེངས་ཚེ༔ སྐུ་མདོག་སྨུག་ནག་བཟོད་དཀའི་གཟི་མདངས་འབར༔ ཁམས་གསུམ་ཟ་བྱེད་མགོ་དགུ་རྔམས་ཞལ་གདངས༔ མེ་ལྟར་འབར་བའི་སྡང་མིག་ཕྱོགས་བཅུར་གཡོ༔ གངས་ཀྱི་རི་ལྟར་མཆེ་བ་རྣོ་དབལ་གཙིགས༔ གཡས་གཡོན་ཞིང་བཅུའི་ཙིཏྟ་ཁྲག་འཛགས་གསོལ༔ མི་སྡུག་ལྕགས་སྤྱང་མགོ་དགུ་ཕྲ་ཐབས་འགྱེད༔ རྒྱལ་བསེན་སྡེ་བརྒྱད་ཞབས་བརྒྱད་བསྒྲད་ཅིང་གནོན༔ དུས་མེ་ཚྭ་ཚྭ་འཐོར་རླུང་དྲག་པོ་འཁྲུགས༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོའི་སྤྲིན་དབུས་སུ༔ བསྟན་དགྲའི་སྲོག་ལ་དཔའ་མོས་རྔམ་ཟས་ཀྱི༔ སྦྱོར་བའི་གིང་ཆེན་དཔལ་མགོན་མ་ནིང་ནག༔ བདུད་རྟ་ནག་པོ་རླུང་གི་ཤུགས་ཅན་ཆིབས༔ ལྕགས་ཀྱི་མདའ་གཞུ་ཉམས་པའི་སྙིང་རྩ་འབིགས༔ དཔལ་མགོན་བདུན་ཅུའི་དམག་ཚོགས་མེ་རེ་རེ༔ བདུད་ཀྱི་བྱ་ནག་ལྕགས་སྡེར་ཟེངས་སེ་ཟེང་༔ ཁྱི་སྤྱང་དོམ་དྲེད་ང་རོ་འུ་རུ་རུ༔ རལ་གྲི་མདའ་མདུང་མཚོན་ཆའི་དྲག་ཆར་འབེབས༔ ལྷ་ཀླུ་གཟའ་ཆེན་རྒྱུ་སྐར་ཕོ་ཉར་འགྱེད༔ བསྐུལ་ལོ་བསྐུལ་ལོ་ཞིང་བཅུའི་གཤེད་དུ་སྐུལ༔ མཛོད་ཅིག་གསོད་ཅིག་བསྒྲལ་བའི་ལས་མཛོད་ཅིག༔ སྒྲོལ་བའི་དཔའ་བོ་དམ་ཅན་མགར་བ་ནག༔ རྩལ་ལྡན་སེང་གེ་དཀར་མོའི་རྟ་ལ་ཞོན༔ མྱོང་བའི་གོམ་སྟབས་གཅིག་གིས་ས་གསུམ་བགྲོད༔ གཡས་པས་ཐོ་ཆེན་རི་རབ་རྡུལ་དུ་རློགས༔ གཡོན་པའི་སྦུད་པས་དགྲ་ཡུལ་རླུང་ལ་སྐུར༔ གཡུ་འབྲུག་ཁྲིད་ཅིང་ཐོག་སེར་སྲིད་གསུམ་འཁྲུགས༔ སྟག་རལ་གཟིག་ཤུབ་མེ་སྟག་གློག་ཞགས་འཁྱུགས༔ བྱ་ཞོན་གཤོག་སྒྲས་ནམ་མཁའ་སྒྲ་ཡིས་འགེངས༔ ར་ཞོན་འབའ་སྒྲས་བར་སྣང་གཡོ་སྙམ་བྱེད༔ སེང་ཞོན་རྩལ་གྱིས་ལོག་འདྲེན་སྙིང་རྩ་འདར༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡང་འཁོར་བཅས༔ ཐེའུ་རིང་སྟོང་སྡེ་བསྟན་མ་བཅུ་གཉིས་རྣམས༔ གད་རྒྱངས་བཤུད་གླུས་སྲིད་གསུམ་འབྱུང་པོ་སྡུད༔ བསྐུལ་ལོ་དགྲ་བགེགས་དམ་སྲིའི་གཤེད་དུ་སྐུལ༔ མཛོད་ཅིག་ཉམས་པ་བདུན་ལྡན་སྲོག་དབུགས་ལོངས༔ སྟེང་གི་ཕོ་ལ་ཆོས་སྐྱོང་ཕོ་རྒྱུད་བྷྱོ༔ དཔའ་བོའི་སྙིང་ཕྱུང་སྲ་བའི་གོ་མཚོན་ཕྲོགས༔ མགྱོགས་པའི་རྟ་སོད་འཚོ་བའི་ནང་དབུགས་ལོངས༔ འོག་གི་མོ་ལ་ཆོས་སྐྱོང་མོ་རྒྱུད་བྷྱོ༔ མཛེས་པའི་མདངས་ཕྲོགས་བཏགས་པའི་རྒྱན་ཆ་གཏོར༔ མཛངས་པའི་གཡོ་སྒྱུའི་རྫུན་ཕུག་སྒྱུ་མར་ཐོངས༔ མངལ་གྱི་སྐྱེ་རྒྱུད་རིགས་ཀྱི་མྱུ་གུ་སྐོམས༔ དགྲ་མཁར་གནམ་ལྕགས་ཐོག་གིས་སིལ་བུར་ཐོངས༔ དགྲ་ཞིང་སྐྱིན་ཐང་སེར་བས་ཐལ་བར་རློགས༔ དགྲ་ནོར་གློ་གོར་ཧོན་གྱིས་དམར་དུ་བསྐྱིལ༔ མི་དགེའི་ལས་ཀུན་ན་བུན་ཡལ་བ་བཞིན༔ སྐྱེ་མཆེད་བཅུ་གཉིས་སྲིད་པའི་རྒྱུན་ལམ་ཆོད༔ ང་བདག་གཟུང་འཛིན་རྩ་བ་དྲུངས་ནས་ཕྱུང་༔ བསྟན་ལ་སྡང་བའི་དགྲ་དང་དམ་སྲིའི་ཚོགས༔ འཁོར་བའི་གནས་ནས་ཐུགས་རྗེའི་ལྕགས་ཀྱུས་དྲོངས༔ ཞི་བའི་དབྱིངས་སུ་སྒྲོལ་ཅིག་ས་མ་ཡཱ༔ རྣལ་འབྱོར་དྲག་པོའི་ལས་ཆེན་མྱུར་འགྲུབ་མཛོད༔ དེ་ལྟར་བསྐུལ་གསང་ཟབ་མོ་འདི༔ ཤིན་ཏུ་གཉན་པས་བག་ཡོད་བྱོས༔ བསྟན་འགྲོའི་དོན་དང་རང་གི་སྲོག༔ བསྲུང་ཕྱིར་དེ་ལས་དུས་མིན་དུ༔ བསྐུལ་ན་རང་གི་སྲོག་ལ་འོང་༔ དཔལ་མགོན་ལྕམ་དྲལ་ཁྱོད་ལ་གཏད༔ དུས་བབས་མཚོ་རྒྱལ་ཐུགས་ཀྱི་སྤྲུལ༔ དགོངས་གཏེར་ཟབ་མོའི་མཛོད་འཆང་བ༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དག་པར་ཕབ་པའི་དུས་ཀུན་ཏུ་དགེ་བར་གྱུར་ཅིག༔

སྡེ་བརྒྱད་བསྐུལ་བ་ཐོག་མདའི་རྣོ་དབལ།

སྔགས་སྲུང་ཁྲོས་མའི་ཐུགས་སྒྲུབ་ལས༔ སྡེ་བརྒྱད་བསྐུལ་བ་ཐོག་མདའི་རྣོ་དབལ་བཞུགས༔

རང་བཞིན་དབྱིངས་ཀྱི་མཁའ་འགྲོར་འདུད༔ སྔགས་སྲུང་རལ་གཅིག་སྒྲུབ་བརྩོན་གྱིས༔ སྒྲོལ་བའི་ཕྲིན་ལས་བརྩམས་པའི་ཚེ༔ དགྲ་བགེགས་ལིང་ག་ཧོམ་དུ་གཞུག༔ གཟུ་དཔང་ཡུས་བྱ་གསེར་སྐྱེམས་མཆོད༔ རང་ཉིད་སྔགས་སྲུང་གསལ་བ་ཡི༔ ཐུགས་སྤྲུལ་ཕོ་ཉས་དགྲ་བགེགས་བདུད༔ གཟུགས་ལ་བསྟིམས་ཤིང་ཕྱག་རྒྱས་བཅིངས༔ དེ་ནས་འཁོར་གྱི་སྡེ་བརྒྱད་རྣམས༔ ཤ་ཁྲག་གཏོར་མ་སྔགས་འདིས་བརྔན༔ རོ་རུ་ཨེ་ཀ་ཛ་ཊི་མ་ཧཱ་ཀཱ་ལ་བཛྲ་ས་དྷུ་ར་ཧུ་ལ་རེ་མ་ཏི༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་པཱ་རི་ཝ་ར་ཨེ་དཾ་བྷ་ལིང་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་ལྟ་བའི་གདེང་བསྐྱེད་རྔ་བརྡུང་ཞིང་༔ཤ་ཁྲག་གསུར་གཏོང་འདི་སྐད་བསྐུལ༔ ཧཱུྃ་བྷྱོ༔ མཐིང་ནག་གྲུ་གསུམ་ཨེ་ཡི་ཀློང་༔ ཁྲག་ཞགས་རྒྱ་མཚོའི་རྦ་རླབས་འཁྲུགས༔ ཀེང་རུས་རི་རབ་ལྷུན་པོ་སྤུངས༔ རོ་ལངས་ཕོ་མོ་ཐལ་སྒྲ་རྡེབ༔ དུར་བྱ་སྣ་ཚོགས་འཕུར་ལྡིང་གཡོ༔ སྟག་གཟིག་དོམ་དྲེད་འཕར་སྤྱང་རྣམས༔ ཤ་ཁྲག་ཟས་ལ་ཧབ་ཐོབ་རོལ༔ མེ་རླུང་ཐོག་སེར་བུ་ཡུག་འཚུབས༔ ཚངས་པ་ཆེན་པོ་སྐྱི་གཡའི་གནས༔ རབ་ཏུ་གཏུམ་པའི་དུར་ཁྲོད་ནས༔ དོན་དམ་ཆོས་སྐུ་ཀུན་བཟང་མོ༔ གསང་ཆེན་བསྟན་པ་སྲུང་བའི་ཕྱིར༔ རལ་གཅིག་ཁྲོས་མའི་རྣམ་འགྱུར་གར༔ ལོག་འདྲེན་སྒྲོལ་ཕྱིར་ཐུགས་དམ་བསྐུལ༔ འབར་ཁྲོ་རྔམ་པའི་དྲག་ཤུལ་གྱིས༔ བསྟན་དགྲ་སྡེར་བཅས་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ དབྱིངས་ཀྱི་ཁྲོ་མོ་རལ་གཅིག་མའི༔ ཚོགས་བརྒྱད་དག་པའི་རང་རྩལ་ལས༔ སྙིང་རྗེས་ཁྲོས་པའི་ཧེ་རུ་ཀ༔ སྡེ་བརྒྱད་གཙོ་བོ་ཐུགས་དམ་བསྐུལ༔ ཤར་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཨ་ཡིག་ལས་སྐྱེས་ཚངས་པ་ཆེ༔ དུང་གི་ཐོར་ཚུགས་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ རེས་འགའ་དཀར་གསལ་ཁྲོ་འཛུམ་ཉམས༔ དུང་ཁྲབ་རྨོག་ཞུ་ཟླ་ལྟར་དཀར༔ ཉི་ཟླ་འོད་ཀྱི་འཕྲུ་ཡང་བཙུགས༔ མདུང་དར་བ་དན་ཀླད་ལ་བསྐོར༔ཞགས་པས་དམ་ཉམས་ཁྱི་བཞིན་ཁྲིད༔ རྟ་དཀར་ཕུམ་དམར་རླུང་གཤོག་ཆིབས༔ སྤྲུལ་བ་རྒྱལ་འགོང་འབུམ་སྡེ་འགྱེད༔ རུ་འདྲེན་སྡེ་བཞི་རྡུལ་ལྟར་འཚུབས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ སྨྱོ་འབོགས་ནད་ཀྱིས་མྱུར་དུ་སོད༔ དུས་ལ་བབ་པོ་ས་མ་ཡཱ༔ ལྷོ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཡ་ཡིག་ལས་སྐྱེས་གཤིན་རྗེའི་རྒྱལ༔ བྷེ་ཝ་ས་ཏྭ་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ སེར་ནག་ཁྲོ་གཏུམ་ཤན་པའི་གཟུགས༔ མི་ལྤགས་རློན་པའི་སྟོད་གཡོགས་དང་༔ སྟག་གི་ལྤགས་པའི་ཤམ་ཐབས་བཀླུབས༔ མ་ཧེ་དམར་སེར་ཞིང་སྦྲུལ་གྱི༔ རྒྱན་ཆས་རྔམ་བརྗིད་ཕྱེད་དཀྱིལ་རོལ༔ གཡས་པས་གནམ་ལྕགས་འཁོར་ལོ་ཡི༔ ཞིང་བཅུའི་ཕུང་པོ་ཚལ་བར་གཏོར༔ གཡོན་པས་ལས་ཀྱི་མེ་ལོང་གིས༔ དམ་ཉམས་སྡིག་སྤྱོད་མཚང་ལ་རྒོལ༔ སྐྲ་དང་བ་སྤུ་མེ་སྟག་འཕྲོ༔ མི་བསྲུན་ཕོ་ཉ་སྤྲིན་ལྟར་འཚུབས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གཤིན་རྗེའི་ཁྲམ་ལ་ད་ཐོབ་ཅིག༔ དུས་ལ་བབ་པོ་ས་མ་ཡཱ༔ ནུབ་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ ཙ་ཡིག་ལས་སྐྱེས་བཙན་རྒོད་ཆེ༔ རྡོ་རྗེ་དྲག་རྩལ་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ ཁྲག་མདོག་བསེ་ཡི་ཁྲབ་རྨོག་དང་༔ འཁོར་གསུམ་མེ་ལྕེ་གློག་འོད་འཁྱུགས༔ རྟ་དམར་རླུང་གི་ཤུགས་ཅན་དང༔ མཁའ་ཡི་ལྕེ་དམར་གློག་ཞགས་ཆིབས༔ གཡས་པས་མདུང་དམར་བ་དན་ཕྱར༔ གཡོན་པས་ཞིང་བཅུའི་ཙིཏྟ་འདྲད༔ ཤར་ལྷོ་ནུབ་བྱང་བཙན་གྱི་ཚོགས༔ གཡུལ་ཆེན་འགྱེད་པའི་དམག་དཔུང་བཞིན༔ རྟ་ཞོན་གོ་གྱོན་བསོ་སྒྲ་སྒྲོག༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གྲི་མཚོན་དབལ་གྱིས་དུམ་བུར་གཏུབས༔ དུས་ལ་བབ་པོ་ས་མ་ཡཱ༔ བྱང་ཕྱོགས་འཁོར་ལོའི་རྩིབས་སྟེང་ནས༔ དུ་ཡིག་ལས་སྐྱེས་བདུད་ཀྱི་རྗེ༔ རལ་པ་ཚལ་དགུ་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ མཐིང་ནག་དུད་སྤྲིན་མི་སྡུག་གཟུགས༔ བེར་ནག་ལྕགས་ཀྱི་ཚེམས་ཁྲབ་དང་༔ རྨོག་ནག་ལྕགས་ལྷྭམ་བདུད་ཀྱི་ཆས༔ བདུད་རྟ་ནག་པོ་མགོ་དགུ་ནས༔ ནད་དུག་དལ་ཡམས་ཁ་ཕྲུ་གཏོང་༔ གཡས་པས་ཁྲམ་ཤིང་མཁའ་ལ་གདེངས༔ ཞགས་ནག་འདོམ་དགུས་དགྲ་ལག་སྡོམ༔ སྤྲུལ་བ་ཚེ་སྲོག་ལོངས་སྤྱོད་ལ༔ རབ་ཏུ་སྡང་བའི་བདུད་སྲིན་ཚོགས༔ ཆར་སྤྲིན་མཁའ་ལ་རྒྱུག་ལྟར་འཐིབས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ འཐིབས་ནད་དྲག་པོས་མྱུར་དུ་སྒྲོལ༔ དུས་ལ་བབ་པོ་ས་མ་ཡཱ༔ ཤར་ལྷོར་འཁོར་ལོའི་རྩིབས་སྟེང་ནས༔ ན་ཡིག་ལས་སྐྱེས་ཀླུ་བདུད་ཆེ༔ ནཱ་ག་རཀྴ་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ དུད་མདོག་དབུ་དགུ་ཕྱག་བཅོ་བརྒྱད༔ མཛེ་རིགས་ནད་ཀྱི་སྤྲིན་ནག་འཐིབས༔ དབུ་སྐྲ་བ་སྤུ་སྦྲུལ་དུ་འཁྱིལ༔ མཚོན་ཆ་སྣ་ཚོགས་ཕྱག་མཚན་གདེངས༔ ཆུ་སྲིན་ཁམ་ཁྲ་རུས་སྦལ་གྱི༔ སྒ་ཆ་ཉ་སྦྲུལ་རྒྱན་ཅན་ཞོན༔ ཀླུ་རིགས་བཞི་པོ་ཕོ་ཉར་འགྱེད༔ བསྟན་དགྲའི་དབུགས་ལ་ཧབ་ཐོབ་བྱེད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཀླུ་ནད་མཛེ་རིགས་ཆར་དུ་ཕོབ༔ དུས་ལ་བབ་པོ་ས་མ་ཡཱ༔ ལྷོ་ནུབ་འཁོར་ལོའི་རྩིབས་སྟེང་ནས༔ རུ་ལས་སྐྱེས་པའི་དྲང་སྲོང་ཆེ༔ གཟའ་ཆེན་ཁྱབ་འཇུག་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ དུད་ཁ་མགོ་དགུ་ཕྱག་བཞི་བ༔ སྦྲུལ་གྱི་མཇུག་མ་སྲིད་ཁམས་འཁྱིལ༔ དབུ་སྐྲ་དམར་སེར་མེ་སྟག་འཁྲིགས༔ གཙུག་ནས་བྱ་རོག་སྟོང་སྒྲ་སྒྲོག༔ རལ་གྲི་མདའ་གཞུ་ཆུ་སྲིན་ཞགས༔ ཕྱག་མཚན་རྣམ་བཞིས་དགྲ་བགེགས་སྒྲོལ༔ གཡུ་འབྲུག་སྔོན་མོའི་ཁྲི་ལ་འགྱིང་༔ ཐོག་དང་མེ་ལྕེ་གློག་དམར་འཁྱུགས༔ སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་བྱེད༔ གཟའ་བརྒྱད་གདོང་མོ་རྣམ་བཞི་དང་༔ རྒྱུ་སྐར་ཉེར་བརྒྱད་ཕོ་ཉར་འགྱེད༔ དུག་གསུམ་གཟའ་ཡི་གྲིབ་ཀྱི་མདས༔ ལས་ངན་བསྟན་དགྲའི་སྲོག་རྩ་ཆོད༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ འབྱུང་བཞིའི་གྲིབ་ཀྱིས་གློ་བུར་སོད༔ དུས་ལ་བབ་པོ་ས་མ་ཡཱ༔ ནུབ་བྱང་འཁོར་ལོའི་རྩིབས་སྟེང་ནས༔ ཤ་ཡིག་ལས་སྐྱེས་ཐེའུ་རང་གཙོ༔ རྡོ་རྗེ་འབར་བ་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ དམར་ནག་གཟི་བརྗིད་ཉི་ལྟར་འབར༔ སྐུ་ལ་དར་དམར་བེར་ཕྱམ་དང་༔ དམར་པོ་ཟངས་ཀྱི་ཁྲབ་ཆེན་གསོལ༔ རྡོ་རྗེ་འབར་བའི་སག་ཞྭ་དང་༔ ལྕགས་ལྷྭམ་ནག་པོ་གསེར་སྐས་སྤྲས༔ མདའ་གཞུ་རལ་ཤང་གློག་འོད་འཕྲོས༔ ར་སྐྱེས་ཁམ་པ་རླུང་ཤུགས་ཅན༔ རི་རབ་རྨིག་པས་བརྫི་ནུས་ཞོན༔ གཡས་གཡོན་རྡོ་རྗེ་དགྲ་སྙིང་གསོལ༔ དགྱེས་སྡེ་བསྟན་མ་བཅུ་གཉིས་དང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུར་བཅས༔ དགྲ་ལ་མི་འདོད་སྣ་ཚོགས་ཐོངས༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ གདུག་རྩུབ་གཟེར་ནད་ཧུར་ཐུམ་ཐོངས༔ དུས་ལ་བབ་པོ་ས་མ་ཡཱ༔ བྱང་ཤར་འཁོར་ལོའི་རྩིབས་སྟེང་ནས༔ མ་ཡིག་ལས་སྐྱེས་སྲིད་གསུམ་བདག༔ དཔལ་ལྡན་ལྷ་མོ་སྐུར་བཞེངས་ཤིག༔ ཆ་ལུགས་སྤྲུལ་བསྒྱུར་མ་ངེས་ཀྱང་༔ མཐིང་ནག་དབྱར་གྱི་ཆར་སྤྲིན་མདོག༔ ཐོད་སྐམ་དབུ་བརྒྱན་ཟླ་ཚེས་དང་༔ ལྟེ་བར་ཉི་མའི་དཀྱིལ་འཁོར་བཀྲ༔ དབུ་སྐྲ་སྨ་ར་ཁ་སྤུ་ལས༔ མེ་སྟག་ཚྭ་ཚྭ་སྐར་ལྟར་འཁྲིགས༔ སྦྲུལ་དང་དུང་སེང་སྙན་རྒྱན་འཕྱོ༔ གཡས་པས་རྩེ་གསུམ་བ་དན་ཕྱར༔ གཡོན་པས་ནད་རྐྱལ་དགྲ་ལ་རྡེག༔ རྒྱ་བོང་དམར་གྭ་སྲིན་པོ་བརྒྱའི༔ ཐོད་སྒ་སྙིང་སྦྲུལ་རྒྱུ་རློན་གྱི༔ གློ་རྨེད་གསེར་སྲབ་གཡུ་མཐུར་གྱི༔ རྒྱན་དང་ལྡན་པ་མཁའ་ལ་ལྡིང་༔ རྫུ་འཕྲུལ་རྐང་པའི་ཤུགས་མྱུར་ཆིབས༔ གནས་གསུམ་མ་སྲིང་ཌཀྐི་ཚོགས༔ ཁྲོ་ཆགས་བཞད་པའི་གད་རྒྱངས་སྒྲོག༔ ལྷ་མོ་ཀླུ་མོ་བདུད་སྲིན་མོས༔ དགྲ་བགེགས་དགུག་མྱོས་གསོད་ཅིང་གཅོད༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔སེམས་ཅན་སྤྱི་ལ་སྡུག་བསྔལ་གཏོང་༔ རྣལ་འབྱོར་བདག་ལ་དུས་ཀུན་ཏུ༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ མཁའ་འགྲོས་ཆད་པས་ལུས་སེམས་ཕྲོལ༔ དུས་ལ་བབ་པོ་ས་མ་ཡཱ༔ ཧཱུྃ་བྷྱོ༔ བསྟན་སྲུང་རྡོ་རྗེ་རལ་གཅིག་མའི༔ བཀའ་ཉན་གནས་ཡུལ་དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས༔ དམ་ཚིག་གནས་ནས་སྐུར་བཞེངས་ཤིག༔ བདུད་རྩི་སྨན་གྱི་མཆོད་པ་བཞེས༔ དགྲ་བོའི་ཉོན་མོངས་དུག་ལྔ་པོ༔ ཡེ་ཤེས་ལྔ་ཡི་ཀློང་དུ་སྒྲོལ༔ རཀྟ་དམར་གྱི་མཆོད་པ་བཞེས༔ དགྲ་བགེགས་དབང་པོ་སྒོ་ལྔ་ཡི༔ གཉིས་འཛིན་འདོད་ཅིང་ཆགས་པའི་ཚོགས༔ རྟོག་མེད་མཉམ་པའི་ཀློང་དུ་སྒྲོལ༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ དགྲ་བོའི་ཕྱི་ནང་གསང་གསུམ་གྱི༔ ཡུལ་མཁར་ལོངས་སྤྱོད་ཕུང་པོ་ལྔས༔ བདག་བཟུང་བུ་དང་ཆུང་མར་བཅས༔ ཐམས་ཅད་སྟོང་ཉིད་ངང་དུ་གཏོར༔ ལས་ལ་བསྐུལ་ལོ་དམ་ཅན་རྣམས༔ དགྲ་བོའི་ཕོ་རྒྱུད་འཐབ་འཛིང་སློང་༔ བཟོད་དཀའ་མཚོན་ཆའི་དབལ་གྱིས་སོད༔ དགྲ་བོའི་མོ་རྒྱུད་ཀླུ་ལ་གཏོད༔ མཛེ་ནད་དྲག་པོས་རིགས་རྒྱུད་སྐོམས༔ འོག་རྟ་གཅན་གཟན་ཟས་སུ་གཏད༔ ཤ་ཁྲག་འདབ་ཆགས་སྟོན་མོར་སྦྱིན༔ ལོ་ཏོག་སྐྱིན་ཐང་སེར་བས་ཆོམས༔ སྡིག་པའི་ཁ་ཟས་རླུང་ལ་སྐུར༔ ཇི་སྲིད་བྱང་ཆུབ་མ་ཐོབ་བར༔ ལས་ངན་དམིགས་པའི་དགྲ་དང་བགེགས༔ ཡན་པར་མ་གཏོང་ཤྭ་ར་རེ༔ དྲག་པོའི་ལས་ཆེན་བཅུ་གཉིས་ཀྱིས༔ རྡུལ་དུ་བརླགས་པའི་ཕྲིན་ལས་མཛོད༔ ཅེས་བརྗོད་དམར་སྐྱེམས་གཏོར་མ་རྣམས༔ ཕྱོགས་བཅུར་འབུལ་ཞིང་དར་ནག་གཡབ༔ བཤུད་པ་དྲག་པོས་སྐྱི་ཟིང་སློང་༔ ཤིན་ཏུ་གཉན་པའི་དྲག་བསྐུལ་འདི༔ འཆོལ་བར་བཏང་ན་རང་སྲོག་གཅོད༔ དུས་ལ་བབ་ཚེ་སྒྲོལ་ལས་དང་༔ སྦྲགས་ན་གཉིས་འཐུང་སྣ་རྩེ་རུ༔ མི་བཟད་མཚོན་འཁོར་གདགས་དང་མཚུངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་འདི་རལ་གཅིག་མ་མོས་སྲུངས༔ གཏེར་འདི་དུད་སོལ་ལྷ་མོས་འཚོས༔ སྐལ་ལྡན་ལུང་རིག་གླིང་པས་དག་པར་ཕབ་པ་དུས་ཀུན་ཏུ་དགེ་བར་གྱུར་ཅིག༔

བསྒྲལ་ལས་རྡོ་རྗེའི་མཚོན་དབལ།

རལ་གཅིག་ཁྲོས་མའི་ཐུགས་སྒྲུབ་ལས༔ བསྒྲལ་ལས་རྡོ་རྗེའི་མཚོན་དབལ་བཞུགས༔

རང་བྱུང་དབྱིངས་ལས་གཟུགས་སྐུར་ཤར༔ རྒྱལ་ཡུམ་རྡོ་རྗེ་ཕག་མོར་འདུད༔ དེ་ཡི་ཐུགས་སྤྲུལ་སྔགས་ཀྱི་བདག༔ རལ་གཅིག་ཁྲོས་མའི་ལས་སྦྱོར་སྟོན༔ ས་མ་ཡཱ༔ པདྨའི་ཐུགས་ཀྱི་གཟུངས་མ་མཆོག༔ མཚོ་རྒྱལ་བདག་གིས་བསྟན་དོན་དུ༔ རལ་གཅིག་ཁྲོས་མའི་ལས་སྦྱོར་བརྩམས༔ ལུས་མེད་མཁའ་འགྲོའི་བརྡ་རིས་བཀོད༔ རང་བྱུང་དགོངས་པའི་སྒྲོམ་དུ་སྦས༔ ལས་འཕྲོ་ཅན་གྱིས་སྤྱོད་པར་ཤོག༔ དེ་ཡང་སྦྱོར་དངོས་རྗེས་གསུམ་ལས༔ ཤིན་ཏུ་རྩུབ་ཅིང་གདུག་པའི་སར༔ དུར་ཁྲོད་ས་ལ་དུག་ཁྲག་བྱུགས༔ ཐིག་ནས་དྲངས་ཤིང་མ་ཏྲཾ་བཀོད༔ དབུས་སུ་དཔལ་གཏོར་ཐོག་དབལ་དབྱིབས༔ སྡེ་བརྒྱད་བཤོས་དམར་དེ་ཡི་ཕྱིར༔ གནས་ཀྱི་མཁའ་འགྲོ་སོ་གཉིས་ཀྱི༔ བཤོས་ཕྲན་ལིང་ག་ཤ་ཁྲག་བརྒྱན༔ མཚེ་ཡུངས་རུ་མཚོན་ཚོན་སྐུད་དང་༔ རྒྱུ་མས་མཐའ་དཀྲིས་རྩང་གིས་བསྐོར༔ མཐིང་ནག་དར་གྱི་ཅོད་པཎ་དང་༔ ལྟས་ངན་བཟློག་ཕྱིར་ཁྱུང་གཟུགས་འཛུགས༔ དྲག་པོའི་མཆོད་པ་སྨན་རཀ་དང་༔ ཚོགས་ཀྱི་ཡོ་བྱད་ཚང་བར་བཤམས༔ དཀྱིལ་འཁོར་གཙོ་མོའི་བསྙེན་སྒྲུབ་བསྐྱལ༔ ཚོགས་ཀྱི་འཁོར་ལོས་ཉམས་ཆག་བཤགས༔ དུད་སོལ་ལྷ་མོར་བསྐང་གསོལ་འབད༔ མདུན་དུ་ཧོམ་དུ་དགྲ་བགེགས་ཀྱི༔ ལིང་ག་མན་ངག་ལྟར་དུ་བྲི༔ ཟག་རྫས་བྱུག་ཅིང་སྡེ་བརྒྱད་ལ༔ ཆང་ཕུད་གསེར་སྐྱེམས་མཆོད་པ་འབུལ༔ མཐུ་དཔུང་བསྐྱེད་པའི་ཕྲིན་ལས་བཅོལ༔ མདུན་བསྐྱེད་གཏོར་མ་ལྷ་རུ་གསལ༔ མ་ཉེས་ཡུས་ཀྱིས་གཟུ་དཔང་ནི༔ ཧཱུྃ༔ ཀ་དག་བློ་འདས་འཁོར་འདས་རོ་གཅིག་ཀྱང་༔ གློ་བུར་མ་རིག་ང་བདག་དགྲ་རུ་ལངས༔ བདག་མེད་རྟོགས་པའི་ཆོས་སྐུ་གཟུ་དང་དཔང་༔ རང་བཞིན་སྟོང་ཉིད་ཡུམ་གྱི་ཀློང་དུ་སྒྲོལ༔ ཡེ་དག་རིག་གདངས་ཡེ་ཤེས་འོད་ལྔ་ལ༔ ཀུན་བརྟགས་དགྲར་ལངས་དུག་ལྔས་བར་དུ་བཅད༔ ཡོངས་གྲོལ་ལོངས་སྤྱོད་རྫོགས་སྐུ་གཟུ་དང་དཔང་༔ ཉོན་མོངས་དགྲ་བགེགས་སྐུ་ལྔའི་ཀློང་དུ་སྒྲོལ༔ འགྲོ་འདུལ་ཐུགས་རྗེའི་སངས་རྒྱས་བྱང་ཆུབ་སེམས༔ ཤ་ཁྲག་གཟུགས་བསྟན་གསུམ་ལྡན་བླ་མ་ལ༔ ཐ་མལ་ལོག་ལྟ་དགྲ་འདྲེས་བརྙས་ཤིང་གཤེ༔ རྩ་བརྒྱུད་དྲིན་ཆེན་བླ་མ་གཟུ་དང་དཔང་༔ ཐར་ལམ་འགོག་བྱེད་ལོག་རྟོག་ཆམ་ལ་ཕོབ༔ རང་བྱུང་ཡེ་ཤེས་ཞི་ཁྲོའི་ལྷར་ཤར་བ༔ དབང་མནོས་ཡི་དམ་སྒྲུབ་པར་དམ་བརྩོན་ཀྱང་༔ སྤང་བླང་བཟང་ངན་འཛིན་པས་བར་དུ་བཅད༔ ཡི་དམ་ཞི་དང་ཁྲོ་བོ་གཟུ་དང་དཔང་༔ རྩོད་ལྡན་འགྲོ་བའི་ཀུན་རྟོག་དབྱིངས་སུ་སོལ༔ ཆོས་ཀུན་ཡུམ་གྱི་མཁའ་ལས་མི་འདའ་བར༔ མ་མོ་མཁའ་འགྲོ་འཁོར་བཅས་ཀུན་ཀྱི་བདག༔ མཚན་འཛིན་རྟོག་པས་བཟང་ངན་རིས་སུ་བཅད༔ དབྱིངས་ཡུམ་མཁའ་འགྲོའི་ཚོགས་ཀུན་གཟུ་དང་དཔང་༔ བདེན་ཞེན་འཁྲུལ་བའི་ལོག་རྟོག་རྩད་ནས་ཆོད༔ རྩེ་གཅིག་སྒྲུབ་ལ་གཞོལ་བའི་གང་ཟག་བདག༔ མ་ཉེས་དམན་པའི་ས་བཟུང་སྒྲུབ་བརྩོན་ཀྱང་༔ ལས་ངན་དགྲ་འདྲེས་གླགས་བལྟས་བར་ཆད་བརྩམས༔ རལ་གཅིག་ཁྲོས་མས་གཡེལ་མེད་གཟུ་དང་དཔང་༔ གདུག་ཅན་དགྲ་འདྲེའི་སྙིང་ཁྲག་ཐང་ལ་ཕོས༔ འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་ན༔ སྐྱེ་འཆི་དུས་བབས་དར་རྒུད་འཁོར་བའི་གཤིས༔ ཨ་བྷི་ཙརྱ་སྒྲོལ་བའི་ཕྲིན་ལས་ཀྱི༔ སྔགས་སྲུང་གཙོ་འཁོར་གཟུ་དཔང་ཕྲིན་ལས་མཛོད༔ ཅེས་བརྗོད་གསེར་སྐྱེམས་ཕྱོགས་བཅུར་གཏོར༔ རང་ཉིད་སླར་ཡང་ལྷ་སྐུ་རུ༔ ཡང་གསལ་བདེན་སྟོབས་དགུག་གཞུག་ནི༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་རཀྨོ་སརྦ་ཀརྨ་ཡཀྴ་བྷྱོ་ཛ༔ ཞེས་པ་ཉེར་གཅིག་བདུན་སོགས་བཟླས༔ དེ་ཡི་རྐྱེན་ལས་དྲན་རྫོགས་སུ༔ རང་ཉིད་སྐད་ཅིག་གིས་སྔགས་ཀྱི་སྲུང་མ་མ་མོ་རལ་གཅིག་མ་སྐུ་མདོག་སྨུག་ནག་དུས་མཐའི་མེ་དཔུང་ལྟར་འབར་ཞིང་བཟོད་པར་དཀའ་བའི་བདག་ཉིད་ཅན༔ དབུ་དགུ་ཤིན་ཏུ་ཁྲོས་ཤིང་དམར་ཟླུམ་གློག་གི་ཞགས་པ་ལྟར་ཕྱོགས་བཅུར་བལྟ་བའི་སྤྱན་རྣམས་ཁྲག་མཚོར་ཁོལ་བ༔ ཕྱག་བཅོ་བརྒྱད་ཀྱི་དང་པོ་གཉིས་ཀྱིས་ཙིཏྟ་དང་ལྕགས་སྤྱང་ཕྲ་ཐབས་སུ་འགྱེད་པ༔ གཡས་འོག་བརྒྱད་ཀྱིས་རིམ་བཞིན་གཅོད་བྱེད་ཀྱི་གྲི་གུག༔ གནམ་ལྕགས་ཀྱི་འཁོར་ལོ༔ གནོན་པའི་རི་རབ༔ སྲེག་བྱེད་ཀྱི་མེ་དཔུང་༔ གཏུབ་པར་བྱེད་པའི་ཆུ་གྲི༔ དམར་ཡམས་ནད་ཀྱི་རྐྱལ་པ༔ འཛིན་པའི་ལྕགས་ཀྱུ༔ འཆིང་བྱེད་ཀྱི་ཞགས་པ༔ གཡོན་པ་བརྒྱད་ཀྱིས་ཀུན་ཏུ་འབར་བའི་ཉི་མ༔ བསིལ་ཞིང་གྲང་བའི་ཟླ་བ༔ ཉམས་པའི་སྙིང་ཁྲག་གིས་བཀང་བའི་ཐོད་པ༔ ལུས་དང་ཡན་ལག་སྡོམ་པའི་ལྕགས་སྒྲོག༔ མྱོས་བྱེད་ཀྱི་དྲིལ་བུ༔ སྔགས་ཀྱི་མཚོན་ཆ་རྩེ་གསུམ༔ སྙིང་ལ་གཟིར་བྱེད་དམར་གཏོར༔ ཞིང་གི་དབྱུག་པ་འཕྱར་ཞིང་གསོལ་བ༔ ཞབས་བརྒྱད་ཀྱི་དམ་མེད་སྡེ་བརྒྱད་ཁ་སྦུབས་གན་རྐྱལ་དུ་བསྣོལ་བ༔ ཐོད་སྐམ་གྱི་དབུ་རྒྱན་སྤྲས་པའི་སྐྲ་དམར་སེར་ཐུར་དུ་གྲོལ་བའི་གཙུག་ཏུ་ལྕགས་རལ་ཉག་གཅིག་མཁའ་ལ་གཟེང་བ༔ ཁམས་གསུམ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཆེན་པོ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་དང་བཅས་པ་ཉམས་པ་བདུན་ལྡན་གྱི་སྲོག་ལ་རྔམས་ཤིང་ཧབ་ཤ་བྱེད་པའི་མདུན་དུ་བྲུབ་ཁུང་དེ་ཉིད་ཨེ་ནག་པོ་ལས་དམྱལ་བའི་ཟངས་དམར་ལྟར་ཕྱི་ན་ཞེ་སྡང་གི་མེ་འབར་ཞིང་༔ ནང་ན་འདོད་ཆགས་ཀྱི་དུག་མཚོ་ཁོལ་བ༔ བར་མཚམས་སུ་གཏི་མུག་གི་མུན་པ་སྨག་ལྟར་གནག་པར་གྱུར་པའི་ནང་དུ་ནྲྀཿཏྲིཿལས་དམ་ཉམས་པའི་དགྲ་བགེགས་གཟུགས་བྱད་རིད་ཅིང་མདོག་བམ་ལྟར་སྔོ་བ༔ རྐང་ལག་ལྕགས་སུ་བཅུག་ཅིང་བསྟན་པའི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཀྱི་ཐུགས་ཀྱིས་ཁྲེལ་ཞིང་གསོད་པར་འོས་པའི་ནག་ཅན་གྱི་བཙོན་པ་ལྟ་བུར་གྱུར༔ དེ་ནས་འགུགས་པའི་བདེན་སྟོབས་ནི༔ རང་ཉིད་ཁྲོ་མོའི་ཐུགས་ཀ་ནས༔ ལས་མཁན་སྤྲོས་ཏེ་འདི་ལྟར་འགུགས༔ ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་བཀའ་བདེན་པ་དང་༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བཀའ་བདེན་པ་དང་༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ་བདེན་པ་དང་༔ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་གསང་སྔགས་སྲུང་མ་ཡོངས་ཀྱི་གཙོ་མོ་རལ་གཅིག་ནམ་མཁའི་རྒྱལ་མོ༔ སྐུ་སྤྲུལ་དཀར་མོ་ཉི་ཁྲི༔ གསུང་སྤྲུལ་དམར་མོ་ཉི་ཁྲི༔ ཐུགས་སྤྲུལ་ནག་མོ་ཉི་ཁྲི༔ ཡོན་ཏན་སྤྲུལ་པ་སེར་མོ་ཉི་ཁྲི༔ ཕྲིན་ལས་སྤྲུལ་པ་ལྗང་མོ་ཉི་ཁྲི༔ དབྱིངས་ཀྱི་མ་མོ་དྲུག་ཅུ་རྩ་བཞི༔ སྲོག་བདག་ཚངས་པ་དཀར་པོ༔ གཤིན་རྗེ་ཡ་མ་ར་ཛ༔ བཙན་རྒོད་ཡམ་ཤུད་དམར་པོ༔ བདུད་ནག་རལ་པ་ཚར་དགུ༔ ཀླུ་བདུད་དུག་གི་སྤུ་གྲི༔ གཟའ་རྒོད་ཁྱབ་འཇུག་མགོ་དགུ༔ དམ་ཅན་རྡོ་རྗེ་ལེགས་པ༔ མ་མོ་དུད་སོལ་ནག་མོ༔ སྤྲུལ་པ་ཡང་སྤྲུལ་ལས་བྱེད་དྲེགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པའི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུས༔ བསྟན་དང་འགྲོ་བའི་སྤྱི་དགྲ༔ ཁྱད་པར་དུ་རིག་པ་འཛིན་པ་བདག་ཅག་བསྲུང་བྱ་འཁོར་དང་བཅས་པ་རྣམས་ལ་བསམ་ངན་དུག་ལྟར་གཡོ་ཞིང་སྦྱོར་ངན་ལག་ཏུ་ལེན་པ༔ གྲོས་ངན་ཁ་རུ་འདོན་ཅིང་དངོས་སམ་བརྒྱུད་ནས་ལུས་སྲོག་ལོངས་སྤྱོད་ཚེ་དཔལ་སྟོབས་འབྱོར་དང་བཅས་པ་ལ་བར་དུ་གཅོད་ཅིང་༔ ལེགས་ཚོགས་དབྱིངས་སུ་གཏོར་ནས་ཉེས་ཚོགས་རྡུལ་ལྟར་དུ་འཚུབས་པར་བྱེད་པའི་གཟུགས་ཅན་གྱི་དགྲ་བོ་ཉེ་འབྲེལ་རིགས་རྒྱུད་དང་བཅས་པ༔ གཟུགས་མེད་ཀྱི་ལྷ་འདྲེ་དམ་སྲི་སྡེ་བརྒྱད་སྡོང་ཟླ་དང་བཅས་པ་ཐམས་ཅད་ཁམས་གསུམ་སྲིད་གསུམ་གར་ཡོད་གང་དུ་བྲོས་ཀྱང་གཟུགས་ལིང་ག་མིང་བྱང་བུ་འདི་ལ་ཁུག་ཅིག༔ གསུམ་ལྔ་བདུན་སོགས་དང་༔ རྩ་སྔགས་ཀྱི་ཤམ་དུ་འགུགས་སྔགས་གཞན་ནས་བྱུང་བ་ལྟར་བྱའོ༔ མཐར་ནི་ཕྱག་རྒྱ་བཞི་ཡིས་བཅིངས༔ ཧཱུྃ༔ བདག་ཉིད་རལ་གཅིག་ཐུགས་སྤྲུལ་ཤར་སྒོ་སྲུང་༔ ཛཿལས་སྐྱེས་པའི་ཁྲོ་མོ་ལྕགས་ཀྱུ་མ༔ གནམ་ལྕགས་མཆིལ་པས་དགྲ་བོའི་སྙིང་ནས་ཟུང་༔ ཏྲག་རཀྴ་དགྲ་བགེགས་ཨཾ་ཀུ་ཤ་ཡ་ཛ༔ ལྕགས་ཀྱུའི་རྫས་དང་ཕྱག་རྒྱས་འགུགས༔ ཧཱུྃ༔ བདག་ཉིད་ཐུགས་སྤྲུལ་དཀྱིལ་འཁོར་ལྷོ་སྒོ་སྲུངས༔ ཧཱུྃཿལས་སྐྱེས་པའི་ཁྲོ་མོ་ཞགས་པ་མས༔ དགྲ་བགེགས་ཡན་ལག་ཁྲག་ཞགས་དམར་པོས་འཆིངས༔ ཏྲག་རཀྵ་བཛྲ་པ་ཤ་ཧཱུྃ༔ ཚོན་སྐུད་ཞགས་པའི་ཕྱག་རྒྱས་འཆིང་༔ ཧཱུྃ༔ སྔགས་བདག་ཐུགས་སྤྲུལ་ཕོ་བྲང་ནུབ་སྒོ་སྲུང་༔ བཾཿལས་སྐྱེས་པའི་ཁྲོ་མོ་ལྕགས་སྒྲོག་མ༔ ལྕགས་སྒྲོག་ནག་པོས་དམ་ཉམས་སྒྲོག་ཏུ་ཆུག༔ ཏྲག་རཀྴ་བཛྲ་སྥོ་ཊ་བཾཿ ལྕགས་སྒྲོག་རྫས་དང་ཕྱག་རྒྱས་སྡོམ༔ ཧཱུྃ༔ བདག་ཉིད་ཐུགས་སྤྲུལ་ཕོ་བྲང་བྱང་སྒོ་སྲུང་༔ ཧོཿལས་སྐྱེས་པའི་ཁྲོ་མོ་དྲིལ་བུ་མས༔ དྲིལ་བུའི་སྒྲ་ཡིས་ཉམས་པ་མྱོས་སུ་ཆུག༔ ཏྲག་རཀྴ་ཀརྨ་གནྡྷེ་ཧོ༔ དྲིལ་བུ་འཁྲོལ་ཞིང་ཕྱག་རྒྱ་བཅའ༔ དེ་ནས་ཉེས་པ་འདི་ལྟར་བསྒྲགས༔ ཧོ༔ དམ་ཉམས་བསྟན་འགྲོའི་ཕུང་འདྲེ་ཁྱོད་ཉོན་ཅིག༔ འགོ་བའི་ལྷ་ལྔ་མ་ཡེངས་སྙན་ཚུར་གསོན༔ ཁྱོད་ཀྱིས་སྲུང་བར་མི་འོས་ལས་ངན་འདི༔ དང་པོ་གཞི་ནས་འཁྲུལ་ཏེ་འཁོར་བར་འཁྱམས༔ བར་དུ་ལས་ངན་བསགས་པས་ལུས་ངན་བླངས༔ ད་ལྟ་ཞེ་སྡང་སྲོག་གཅོད་ལས་ལ་བརྩོན༔ འདོད་ཆགས་ཆུ་ཁོལ་གཞན་ནོར་རྐུ་ཞིང་ཕྲོག༔ ཁྱད་པར་སྡེ་དགོན་མཆོད་པའི་ཡོ་བྱད་ལེན༔ གཏི་མུག་མུན་འཐིབས་དགེ་བཅུ་རྒྱབ་ཏུ་བོར༔ མི་དགེའི་ལས་ལ་ངང་གིས་སྤྲོ་ཞིང་སྤྱོད༔ དབང་ཁྲིད་གདམ་ཞུས་བླ་མར་གཤེ་ཞིང་སྡང་༔ དཀྱིལ་འཁོར་མར་མེ་གཅིག་བརྟེན་སྤུན་ལ་འཁུ༔ ཁྱད་པར་བདག་གི་ལུས་སྲོག་ལོངས་སྤྱོད་དང་༔ ཚེ་དཔལ་སྟོབས་འབྱོར་ལེགས་ཚོགས་ཡོན་ཏན་སྒྲིབ༔ དངོས་སམ་བརྒྱུད་ནས་མི་འདོད་རྐྱེན་ངན་སྦྱོར༔ དེ་ཕྱིར་ལོག་པར་འདྲེན་པའི་དགྲ་འདྲེ་འདི༔ ཡེ་ཤེས་ལྷ་ཡིས་སྲུང་ན་ཐུགས་དམ་ཉམས༔ བསྟན་འགྲོའི་དགྲ་མགོ་ཡན་པར་གཏོང་ངམ་ཅི༔ ཕ་ལྷ་མ་ལྷ་ཞང་ལྷ་འགོ་བའི་ལྷ༔ ཡུལ་ལྷ་ཕྲག་ལྷ་སྲོག་སྐྱོབ་ལྷན་སྐྱེས་ལྷ༔ ཁྱོད་རྣམས་འདི་ལ་བསྲུང་བའི་ལས་མཛད་ན༔ བཀའ་འདས་ཆད་པས་རྡུལ་དུ་བརླག་ཏ་རེ༔ དེ་ཕྱིར་གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཉམས་པའི་མགྲོན་དུ་མ་བཞུགས་ཕྱིར་གཤེགས་ཤིག༔ དེ་ཝ་རཀྵ་ཨུ་ཙུ་ཏ་ཡ་ཕཊ༔ ཅེས་བརྗོད་གསེར་སྐྱེམས་དཀར་གཏོར་འབུལ༔ དེ་ནས་རི་རབ་ཁོང་སེང་ནས༔ ཉེ་འབྱེད་ཕྲ་མེན་ཆེན་མོ་གཉིས༔ འོང་སྟེ་ལྷ་དང་ཕྲལ་བར་བསམ༔ ཧཱུྃ༔ མཐུན་པའི་གྲོགས་འབྱེད་ཕྲ་མེན་བྱ་རོག་གདོང་༔ ལག་གཉིས་ལྕགས་སྡེར་དབྱེ་བའི་ཕྱག་རྒྱ་ཅན༔ ཉིན་གྱི་སྲུང་བྱེད་ལྷ་རྣམས་བྱེར་ཞིང་གཏོར༔ མཐུན་པའི་ལྷ་འབྱེད་ཕྲ་མེན་འུག་པའི་གདོང་༔ གནམ་ལྕགས་སྤུ་གྲིའི་གཤོག་རྡེབ་དབྱེ་བའི་རྒྱ༔ མཚན་གྱི་སྲུང་བྱེད་ལྷ་རྣམས་བྱེར་ཞིང་གཏོར༔ ཁྱོད་གཉིས་ཉམས་པའི་ལྷ་སྲུང་སོ་སོར་ཕྱེ༔ མི་མཐུན་ལྷན་སྐྱེས་འདྲེ་དང་ད་སྤྲོད་ཅིག༔ ཛྙཱ་ན་ལོ་ཀ་དྷེ་ཝ་རཀྵ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་བྱ་འུག་སྒྲོ་བཟུང་སྟེ༔ དབྱེ་བའི་ཕྱག་རྒྱས་ལྷ་དང་ཕྲལ༔ དེ་ནས་སླར་ཡང་རྦད་བསྐུལ་བྱ༔ ཁྱད་པར་སྐུ་གསུང་ཐུགས་ཡོན་དང་༔ ཕྲིན་ལས་སྤྲུལ་པའི་མཁའ་འགྲོ་རྣམས༔ ལས་ལ་བསྐུལ་བ་འདི་སྐད་དོ༔ ཧཱུྃ༔ ཡེ་ཤེས་འཇིག་རྟེན་ཤ་ཟ་མཁའ་འགྲོའི་གཙོ༔ ཁྱད་པར་སྐུ་ཡི་སྤྲུལ་པ་དཀར་མོ་འབུམ༔ མཚོན་ཆའི་ཆར་འབེབས་དགྲ་བགེགས་ཤ་ཁྲག་གཏོར༔ སྐུ་སྤྲུལ་ཌཱཀྐི་ཐུགས་དམ་དབྱིངས་ནས་བསྐུལ༔ དགྲ་བོའི་ལུས་ལ་མཚོན་ཆའི་ཆར་ཆེན་ཕོབ༔ གསུང་སྤྲུལ་ཤ་ཟ་མཁའ་འགྲོ་ཁྲི་དང་འབུམ༔ ཁྲག་གི་ཆར་འབེབས་དྲག་སྔགས་འབྲུག་སྟོང་ལྡིར༔ དགྲ་བོའི་ངག་ལ་ལྐུག་རེངས་ལོག་སྨྲ་ཐོངས༔ ཐུགས་སྤྲུལ་ནག་མོ་འབུམ་ཕྲག་ཁྲོ་གཏུམ་རྔམས༔ སྙིང་རྗེས་ཁྲོས་པའི་ཞེ་སྡང་མེ་ལྟར་འབར༔ ཡིད་ལ་རྨུག་འཐིབས་དུག་ལྔའི་མུན་པ་གཏིབས༔ ཡོན་ཏན་སྤྲུལ་པ་སེར་མོ་འབུམ་ཕྲག་ཚོགས༔ ཕྱག་ན་དུག་མཚོན་ཁྲག་ཞག་ཡ་ལ་ལ༔ དུག་གི་རླངས་པས་མྱོས་ཤིག་བརྒྱལ་ནད་ཐོངས༔ ཕྲིན་ལས་སྤྲུལ་བ་ལྗང་མོ་ཉི་ཁྲི་འབུམ༔ ཤ་ལ་དགའ་ཞིང་ཁྲག་ལ་སྲིན་ལྟར་གདུང་༔ དགྲ་བགེགས་ལུས་སེམས་དྲན་པ་ཉམས་སུ་ཆུག༔ རྩ་སྔགས་ཤམ་བུར་དྲག་པོའི་སྔགས༔ སོ་ལྔ་མེ་དཔུང་མ་ཡིས་བསྣུན༔ དེ་ནས་དགྲ་ཡུལ་དགྲ་འདྲེ་རྣམས༔ ཚད་མེད་སྙིང་རྗེ་ཆེན་པོའི་བློས༔ བསྒྲལ་ཏེ་དོན་དམ་དབྱིངས་ཉིད་ལ༔ འཕོ་མེད་ཆོས་དབྱིངས་ཕུར་པས་གདབ༔ མཚན་མ་རྫས་ཀྱི་ཕུར་པ་ནི༔ བྱུག་བདུག་བྲབ་པ་སྔོན་སོང་ནས༔ ཧཱུྃ༔ སྟོང་པའི་ངང་ལས་རང་ཉིད་རལ་གཅིག་མ༔ དབུ་དགུ་བཅོ་བརྒྱད་ཕྱག་དང་ལྡན་པ་ཡི༔ མཁའ་ལས་ཧཱུྃ་ཡིག་མཐིང་ནག་ལས་བྱུང་སྲས༔ སྐུ་སྟོད་ཁྲོ་མོ་རྡོ་རྗེ་རྣལ་འབྱོར་མ༔ ཕག་ཞལ་ངུར་སྒྲས་ས་གསུམ་གཡོ་ཞིང་འགུལ༔ སྐུ་སྨད་གནམ་ལྕགས་ཕུར་པ་རྣོ་དབལ་ཅན༔ གཡས་སུ་བྲོ་འཁྲབ་ཕོ་རྒྱུད་རྩད་ནས་གཅོད༔ གཡོན་དུ་བྲོ་འཁྲབ་མོ་རྒྱུད་མངལ་ནས་སྐོམས༔ མཁའ་ལ་བྲོ་འཁྲབ་རྩ་གསུམ་བྱིན་རླབས་བསྡུས༔ རྣལ་འབྱོར་བསྲུང་ཕྱིར་གསང་སྔགས་རང་སྒྲ་སྒྲོག༔ སྐེད་ལ་བསྐོར་བས་དགྲ་འདྲེས་གླགས་མི་རྙེད༔ དམིགས་བྱའི་སྙིང་ལ་བཏབ་པས་ཚེ་བསོད་བསྡུས༔ རྣམ་ཤེས་ཨ་དཀར་ཡུམ་གྱི་མཁའ་ལ་སྤར༔ རྩ་སྔགས་ཤམ་བུར་དྲག་སྔགས་བཟླ༔ ཨོཾ་མ་མོ་ཨེ་ཀ་ཛ་ཊི་ཏྲག་རཀྵ་བཛྲ་ཀཱི་ལི་ཀི་ལ་ཡ་ཧཱུྃ་ཕཊ༔ ཕུར་སྐོར་དང་བཅས་སྙིང་ལ་གཏད༔ དེ་ནས་ཐུན་གྱིས་བརྡེག་པ་ལས༔ དང་པོ་སྙིང་གཟུགས་ལྕགས་སྤྱང་བརྡེག༔ ཧཱུྃ༔ ཉམས་པའི་བླ་ཚེ་ཕྲོགས་ཤིག་སྙིང་དམར་དང་༔ ཤ་ཁྲག་ཧབ་ཐོབ་ལྕགས་སྤྱང་མགོ་དགུས་བརྡེག༔ བྷྱོ་བྷྱོ༔རཀྨོ་རཀྨོ་ཨེ་ཀ་ཛ་ཊི་དགྲ་བགེགས་བྱད་མ་སོད་སོད༔ ཤ་ལ་རྔམ་རྔམ༔ ཁྲག་ལ་རྔུབ་རྔུབ༔ རུས་པ་ཆོམས་ཆོམས༔ ཚལ་པ་ཚལ་པ༔ དགྲ་བགེགས་མཱ་ར་ཡ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཕཊ་ཕཊ༔ བསད་སྔགས་དེ་བཞིན་གྲི་ཐོད་བརྡེག༔ ཧཱུྃ༔ ཉམས་པའི་སྲོག་རྩ་གཅོད་བྱེད་གྲི་གུག་དང་༔ དམར་ཡམས་ནད་ཀྱིས་གསོད་བྱེད་ཐོད་ཁྲག་བརྡེག༔ བསད་སྔགས་ཉི་ཟླའི་ཞགས་པས་བཅིངས༔ ཧཱུྃ༔ དགྲ་བགེགས་དམར་ཆ་ཕྱིར་འདོན་ཉི་ཟེར་དང་༔ དཀར་ཆ་ཐང་ལ་གཏོར་བྱེད་ཟླ་བས་བརྡེག༔ བསད་སྔགས་ལྕགས་ཀྱུ་ཞགས་པས་འཆིངས༔ ཧཱུྃ༔ དགྲ་བགེགས་སྙིང་ནས་དྲང་བྱེད་ལྕགས་ཀྱུ་དང་༔ ཐར་པའི་གནས་སུ་འཆིང་བྱེད་ཞགས་པས་ཆིངས༔ དྲག་སྔགས་ལྕགས་སྒྲོག་དྲིལ་བུས་མྱོས༔ ཧཱུྃ༔ དགྲ་བགེགས་ལས་ཉོན་སྡོམ་བྱེད་ལྕགས་སྒྲོག་དང་༔ ཆོས་སྒྲས་དབྱིངས་སུ་མྱོས་བྱེད་དྲིལ་བུས་རྡེག༔ བསད་སྔགས་མེ་དཔུང་རི་རབ་བརྡེག༔ ཧཱུྃ༔ ཉམས་པའི་བདག་རྟོག་སྲེག་བྱེད་མེ་དཔུང་དང་༔ ཆོས་དབྱིངས་ཀློང་དུ་གནོན་ཕྱིར་རི་རབ་བརྡེག༔ བསད་སྔགས་དམར་གཏོར་ཁ་ཊཱཾ་བརྡེག༔ ཧཱུྃ༔ དམ་ཉམས་འཆིང་སེམས་གཏོར་བྱེད་གཏོར་མ་དང་༔ དུག་གསུམ་རང་སར་གྲོལ་བྱེད་རྩེ་གསུམ་བརྡེག༔ བསད་སྔགས་ཕུར་བུ་ཆུ་གྲིས་གཏུབས༔ ཧཱུྃ༔ དམ་ཉམས་སྐྱེ་བའི་རྒྱུན་གཅོད་ཕུར་བུ་དང༔ ཕུང་ཁམས་ལྷ་ལ་མཆོད་ཕྱིར་ཆུ་གྲིས་གཏུབས༔ སྡང་བྱེད་དགྲ་དང་གནོད་བྱེད་གདོན་དང་བགེགས༔ སྒོ་གསུམ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བསད་སྔགས་དྲག་སྔགས་སོ་ལྔས་གཏུབས༔ ཤ་ཁྲག་བདུད་རྩིར་བྱིན་བརླབས་ནས༔ དཀྱིལ་འཁོར་ལྷ་ལ་གུས་པས་ཕུལ༔ ཧཱུྃ༔ བདུད་དང་ལོག་འདྲེན་འབྱུང་པོ་མ་ལུས་པ༔ རྟོག་མེད་ཆོས་སྐུའི་ཀློང་དུ་རྣམ་ཤེས་སྤར༔ གཟུགས་ཕུང་ཤ་ཁྲག་ཟག་མེད་བདུད་རྩིར་བསྒྱུར༔ བཀའ་སྲུང་ཁྲོ་མོ་རལ་གཅིག་གཙོ་འཁོར་གྱི༔ ཞལ་དུ་བསྟབ་པོ་ཁ་རཾ་ཁཱ་ཧི༔ མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་ཀོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ཀེང་ནི་རི་ཏི་ལ་ཁཱ་ཧི༔ དུག་གསུམ་གྱི་ཤ་ཁྲག་རུས་པ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བསྟབས་དམིགས་མེད་ཀློང་དུ་བཞག༔ རང་ཉིད་ཁྲོ་མོ་རལ་གཅིག་མ༔ གསང་འཛིན་ལག་ན་རྡོ་རྗེ་དང་༔ མཉམ་སྦྱོར་དགའ་བཞིའི་ཡེ་ཤེས་ལ༔ མཉམ་པར་ལྟ་ཞིང་བདེ་སྟོང་ངང་༔ བསྒྲལ་བྱ་སྒྲོལ་བྱེད་བདག་ཕུར་འབེན༔ གྲུབ་མཐའ་གཅིག་པའི་སྟོང་ཆེན་ཀློང་༔ ཡུམ་དོན་ངང་དུ་འཇོག་པ་གནད༔ ལས་སྦྱོར་གནམ་ལྕགས་ཐོག་མདའི་དབལ༔ ཞིང་བཅུའི་སྲོག་གི་སྤུ་གྲི་འདི༔ རལ་གཅིག་ཁྲོས་མའི་རྒྱུད་ལས་བཀོལ༔ མཚོ་རྒྱལ་ཐུགས་ཀྱི་ཏི་ཀ་འོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདིར་སྨྲས་པ། སྤྲང་རྒན་ལུང་རིག་གླིང་པ་ང་། །ཆུང་ནས་དམ་པའི་ཆོས་སྒོར་ཞུགས། །བྷུདྡྷའི་མཚན་གྱིས་ཐར་སྒོ་ཕྱེ། །རྫོགས་ཆེན་རིན་པོ་ཆེ་ཉིད་དང་། །སྐྱབས་རྗེ་གཞན་ཕན་མཐའ་ཡས་དང་། །གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་སོགས། །དམ་པའི་མགོན་རྣམས་སྤྱི་བོར་བསྙེན། །བསོད་ནམས་དམན་པས་ཆོས་མ་འགྲུབ། །སྐལ་བ་བཟང་ནས་ཉེར་བདུན་ལོར། །རང་བྱུང་པདྨ་ཡབ་ཡུམ་དང་། །གྲུབ་དབང་བླ་མ་ཡབ་སྲས་རྣམས། །རང་སྣང་ཟངས་མདོག་དཔལ་རིར་མཇལ། །རྟ་མཆོག་དབང་གི་དཀྱིལ་འཁོར་དུ། །སྨིན་གྲོལ་དགའ་སྟོན་ཉི་མ་ཤར། །ཐུགས་ཆེན་འཕགས་པའི་སྒྲུབ་ཐབས་སོགས། །ཟབ་ཆོས་དགོངས་པའི་གཏེར་སྒོ་ཕྱེས། །ད་ལྟ་སྤེལ་བའི་དུས་ལ་བབས། །ད་ནི་ན་སོ་ལྔ་བཅུར་སོང་། །འཆི་བ་བྱུང་ཡང་འགྱོད་མེད་ཙམ། །རྟག་ཏུ་བྱང་ཆུབ་སེམས་གཉིས་ཀྱིས། །གཞན་དོན་འགྲུབ་པའི་སྨོན་ལམ་འདེབས། །སྐྱབས་མཆོག་པདྨ་ཡབ་ཡུམ་དང་། །གྲུབ་དབང་བླ་མ་ཡབ་སྲས་དང་། །རྗེ་བཙུན་སྒྲོལ་མ་ལ་སོགས་པས། །བྱང་ཆུབ་བར་དུ་ཐུགས་རྗེས་ཟུངས། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

ཟློག་པ་རྐྱེན་ངན་གཡུལ་འཇོམས།

སྔགས་སྲུང་རལ་གཅིག་ཐུགས་སྒྲུབ་ལས༔ ཟློག་པ་རྐྱེན་ངན་གཡུལ་འཇོམས་བཞུགས༔

དབྱིངས་ཀྱི་མ་མོ་རལ་གཅིག་མ༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ མ་འོངས་དུས་ཀྱི་རྣལ་འབྱོར་ལ༔ སྔོན་ལས་ཀྱིས་བསྐུལ་འཕྲལ་གྱི་རྐྱེན༔ གཞན་གྱིས་དམོད་པའི་བྱད་ཕུར་དང་༔ སྡེ་བརྒྱད་སྤྱི་ཡི་དལ་ཡམས་དང་༔ མ་མོ་འཁྲུགས་པའི་འགོ་བའི་ནད༔ མི་འདོད་ཐན་ལྟས་གང་བྱུང་བ༔ སེལ་ཕྱིར་བཟློག་པའི་རིམ་པ་བསྟན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་འཇིགས་རུང་རྩུབ་པའི་སར༔ མ་མོ་རྦོད་གཏོང་རྣལ་འབྱོར་པས༔ དུར་ཁྲོད་ས་ལ་དཀྱིལ་འཁོར་བཞེངས༔ མ་ཊཾ་ལྟོ་བར་ཐིག་གདབ་སྟེ༔ དབུས་སུ་གྲུ་གསུམ་མ་ཡིག་མཚན༔ དེ་ཕྱིར་རྩིབས་བརྒྱད་དེ་ཡི་ཕྱིར༔ དུར་ཁྲོད་མེ་རི་རྡོ་ར་འོ༔ དེ་སྟེང་ཁྲི་འུའི་སྟེགས་ཀྱི་ཁར༔ མཁའ་འགྲོའི་གཏོར་མ་ཐོག་དབལ་དབྱིབས༔ ཟུར་གསུམ་བརྗིད་ལྡན་མེ་རིས་བརྒྱན༔ སྲིན་མོའི་ཞལ་གྱིས་མཚན་པ་ལ༔ སྡེ་བརྒྱད་མཁའ་འགྲོ་སོ་གཉིས་ཀྱི༔ བཤོས་ཕྲན་ཤ་དུམ་མཚེ་དང་རྩང་༔ ལིང་ག་ཚོན་སྐུད་དཔལ་འབར་འཛུགས༔ རུ་མཚོན་རྒྱན་ལྡན་དེ་ཡི་རྩེར༔ ལྟས་ངན་བཟློག་པའི་ཁྱུང་གཟུགས་བཀོད༔ མཐའ་བསྐོར་སྨན་རཀ་དྲག་མཆོད་བཤམས༔ བསྙེན་སྒྲུབ་མཐར་སྐྱོལ་ལིང་ག་ལ༔ དགྲ་བགེགས་འགུགས་བསྒྲལ་བསྟབ་པའི་རྗེས༔ མཁའ་འགྲོ་གཙོ་འཁོར་ཡོངས་རྫོགས་ལ༔ ཚིག་འདིས་བསྟོད་ཅིང་བཞེངས་བསྐུལ་ནི༔ རྔ་བརྡུང་མི་རྐང་གླིང་བུ་འབུད༔ དར་ནག་གཡབ་ཅིང་ཚིལ་གསུར་བདུག༔ རྔམས་པའི་ང་རོས་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ དུར་ཁྲོད་མེ་རི་འབར་བའི་རྩེ་མོ་ནས༔ ཐོད་མཁར་གྲུ་གསུམ་དགྲ་བགེགས་རོ་ཡི་སྟེང་༔ རབ་འཇིགས་ཁྲོ་རྒྱལ་ཀུན་གྱི་སྦྱོར་སྒྲོལ་ཡུམ༔ དབྱིངས་ཀྱི་མཁའ་འགྲོའི་རྗེ་མོ་རལ་གཅིག་མ༔ རྔམ་པའི་སྐུ་ནི་རི་རྒྱལ་བས་ཀྱང་བརྗིད༔ དྲག་ཤུལ་གསུང་གི་གད་རྒྱངས་སྲིད་གསུམ་གཡོ༔ སྙིང་རྗེ་ཞེ་སྡང་ཁྲོ་ཉམས་བྱམས་བརྩེའི་ཐུགས༔ རང་བཞིན་ཞི་བའི་དབྱིངས་སུ་རོལ་ལ་བསྟོད༔ རྣམ་ཤེས་ཚོགས་བརྒྱད་དགྲ་གདོན་གློ་བུར་རྐྱེན༔ སྣ་ཚོགས་ཐབས་ཀྱིས་འཇོམས་ཕྱིར་སེམས་དཔའ་བརྒྱད༔ འཇིག་རྟེན་རང་རྒྱུད་དྲེགས་པའི་སྐུར་སྟོན་པ༔ སྡེ་དཔོན་ཆེན་པོ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་ཉེ་བའི་རྟོག་པ་འཇོམས་ལ་དཔའ༔ ལེགས་ཉེས་སྟངས་འཛིན་བསྟན་དགྲའི་སྲོག་ལ་རྔམས༔ དམ་ལྡན་བུ་བཞིན་སྐྱོང་བའི་ཌཱཀྐི་མ༔ གནས་ཆེན་ཡུལ་གྱི་བདག་མོ་རྣམས་ལ་བསྟོད༔ ཁྱེད་རྣམས་ལས་ལ་བསྐུལ་འོས་བྲན་མིན་ཀྱང་༔ སྙིགས་མའི་སེམས་ཅན་ཉོན་མོངས་ལས་ཀྱིས་མནར༔ ལྷ་ཀླུ་མཁའ་འགྲོ་འཁྲུགས་པས་དལ་ཡམས་འབེབས༔ ཕན་ཚུན་སྡང་སེམས་སྔགས་བོན་བྱད་ཕུར་གཟན༔ ནག་ཕྱོགས་དམ་མེད་གསར་བྱུང་གདུག་འདྲེས་འཚེ༔ རང་གི་སྲུང་མ་བདུད་བབ་ཐན་ལྟས་མང་༔ བསླུ་མེད་རྒྱུ་འབྲས་འཆོལ་འདྲའི་དུས་ངན་འདིར༔ བཟློག་བསྒྱུར་དྲག་པོའི་ལས་ལ་མ་དགོངས་ན༔ ད་ལྟ་རྩ་གསུམ་ལྷ་ཚོགས་རྗེ་བཞིན་བསྟེན༔ མཁའ་འགྲོ་ཆོས་སྐྱོང་མཛའ་བའི་གྲོགས་སུ་རེ༔ རྒྱལ་བསྟན་བཤད་སྒྲུབ་ཆོས་ལ་རྟག་པར་བརྩོན༔ དམ་ལྡན་རྣལ་འབྱོར་བདག་འདྲའི་གང་ཟག་གིས༔ མགོན་སྐྱབས་གཞན་ནས་བཙལ་བའི་སྐབས་མེད་པས༔ དེ་ཕྱིར་མི་མཐུན་བཟློག་པའི་མཐུ་དཔུང་སྐྱེད༔ བར་ཆད་བདུད་སྡེ་འཇོམས་པའི་དཔའ་རྩལ་ཕྱུང་༔ དྲག་པོའི་ལས་ཀྱིས་བཟློག་བསྒྱུར་མཛད་དུ་གསོལ༔ ཅེས་དང་བཟློག་པའི་གཞུང་དངོས་ནི༔ དམར་གཏོར་དགྲ་བགེགས་འགུགས་བསྟིམ་བྱ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་སྤྲོས་པ་ཞི་ལས་མ་གཡོས་ཀྱང་༔ སྙིགས་དུས་བསྟན་འགྲོའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ སྙིང་རྗེའི་རང་གཟུགས་ཞེ་སྡང་རྣམ་རོལ་བ༔ དབྱིངས་ཀྱི་མ་མོ་ཨེ་ཀ་ཛ་ཊི་མ༔ སྐུ་མདོག་སྨུག་ནག་རྔམ་པར་བསྟན་པ་ནི༔ ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་པའི་རྟགས༔ ཆོས་དབྱིངས་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ དམར་ཟླུམ་སྤྱན་གཅིག་ཁྲག་མཚོར་ཁོལ་བ་ནི༔ ཆོས་ཀུན་ཐེག་པ་གཅིག་ཏུ་སྡུད་པའི་རྟགས༔ རྩོད་བྲལ་དགོངས་པའི་བར་ཆད་དགྲ་ལ་ཟློག༔ ལྕགས་རལ་ཉག་གཅིག་མཁའ་ལ་གཟེངས་བ་ནི༔ ཐོག་མའི་དབྱིངས་སུ་འཁོར་འདས་རོ་མཉམ་རྟགས༔ གཞི་རྩལ་མ་རིག་སྡང་བའི་དགྲ་ལ་ཟློག༔ ཞལ་གདངས་མཆེ་གཙིགས་གངས་རི་ལྟར་གཙིགས་པ༔ གསང་ཆེན་བསྟན་དགྲའི་སྲོག་ལ་རྔམ་པའི་རྟགས༔ ཤ་ཟ་མཁའ་འགྲོའི་གདུག་རྩུབ་དགྲ་ལ་ཟློག༔ བདུད་རྩིའི་རྒྱུན་འཛག་བྲང་ན་ནུ་མ་གཅིག༔ སྒྲུབ་བརྩོན་རྣལ་འབྱོར་བུ་བཞིན་སྐྱོང་བའི་རྟགས༔ བསྙེན་སྒྲུབ་ཏིང་འཛིན་བར་ཆད་དགྲ་ལ་ཟློག༔ ཕྱག་གཡས་ཞིང་བཅུ་གདུག་འདྲེའི་སྙིང་རྩ་གཅོད༔ ཉམས་པའི་སྲོག་ལ་གློ་བུར་ཧུར་ཐུམ་གཏོང་༔ ཡེ་འདྲོག་བར་ཆད་སྡང་བའི་དགྲ་ལ་ཟློག༔ ཕྱག་གཡོན་ལྕགས་ཀྱི་སྤྱང་མོ་ཕྲ་ཐབས་འགྱེད༔ ཟ་གསོད་མཁའ་འགྲོ་སྣ་ཚོགས་སྤྲུལ་བསྒྱུར་སྟོན༔ འདྲེ་མོའི་གདུག་སེམས་སྡང་བའི་དགྲ་ལ་ཟློག༔ ཞབས་གཉིས་དོར་སྟབས་རོ་ཡི་གདན་ལ་འགྱིངས༔ རྟོག་མེད་ཀློང་དུ་དགྲ་བགེགས་རྣམ་ཤེས་སྤོར༔ འཁྲུལ་སྣང་བདེན་ཞེན་སྡང་བའི་དགྲ་ལ་ཟློག༔ སྐུ་སྟོད་མི་ལྤགས་གཡང་གཞི་ཁྲག་རྒྱུན་འབེབས༔ འདོད་ཆགས་རྟོག་པ་མ་སྤངས་དབྱིངས་སུ་གྲོལ༔ ཆགས་བྱེད་བདུད་མོའི་བསླུ་བྲིད་དགྲ་ལ་ཟློག༔ སྐུ་སྐེད་སྤྲིན་དཀར་འཇའ་ཚོན་རིས་སུ་འཁྱིལ༔ གཏི་མུག་རྨོངས་པ་འོད་གསལ་དབྱིངས་སུ་དག༔ རྨོངས་བྱེད་བདུད་ཀྱི་འཐིབས་ནད་དགྲ་ལ་ཟློག༔ སྐུ་སྨད་སྟག་ལྤགས་ཤམ་ཐབས་ལྷབ་ལྷུབ་གསོལ༔ ང་རྒྱལ་ལྷ་བུའི་བདུད་སྡེ་ཆམ་ལ་འབེབས༔ སྡང་བྱེད་གཤིན་རྗེའི་ཁྲོ་གཏུམ་དགྲ་ལ་ཟློག༔ ཡེ་ཤེས་མེ་དཔུང་ཀློང་ན་སྒེག་ཅིང་དཔའ༔ བདུད་སྲིན་ནག་ཕྱོགས་ལྷ་འདྲེ་སྲེག་པར་བྱེད༔ བསྲེག་པ་མེ་ཡི་བྱད་ཕུར་དགྲ་ལ་ཟློག༔ ཀེང་རུས་ལྷུ་དུམ་བརྩེགས་པའི་ཁྲི་ལ་འགྱིངས༔ ཞེ་སྡང་མེ་ལོང་ཡེ་ཤེས་དབྱིངས་སུ་སྒྲོལ༔ རྒྱལ་འགོང་གདུག་འདྲེའི་ཆོ་འཕྲུལ་དགྲ་ལ་ཟློག༔ ཡན་ལག་སྦྲུལ་དང་རུས་རྒྱན་སྤེལ་མས་སྤྲས༔ ཕྲག་དོག་བདུད་ཚོགས་མཉམ་པ་ཆེན་པོར་སྒྲོལ༔ མི་ཡི་གཡོ་འཁྲུག་འཐབ་རྩོད་དགྲ་ལ་ཟློག༔ རུ་ལུའི་སྒྲ་སྐད་འབྲུག་སྟོང་ལྡིར་བའི་སྒྲས༔ ཐེག་བརྒྱད་གྲུབ་མཐའི་ཆོས་སྐད་ཟིལ་གྱིས་གནོན༔ གསུང་གི་ཌཱཀྐི་སྔགས་ཟེར་དགྲ་ལ་ཟློག༔ ཞི་བའི་དབྱིངས་ནས་ཞེ་སྡང་མེ་ལྟར་འབར༔ སྒོམ་སྒྲུབ་རྩོད་བྲལ་རྫོགས་ཆེན་ཀློང་དུ་འཇོམས༔ ཐུགས་ཀྱི་མཁའ་འགྲོའི་བཀའ་ཆད་དགྲ་ལ་ཟློག༔ སྐུ་ནི་རབ་འཇིགས་འོད་ཟེར་ཁམས་གསུམ་ཁྱབ༔ བལྟར་མི་བཟོད་པ་གཞན་སྣང་སྤ་བཀོང་བས༔ སྐུ་ཡི་མཁའ་འགྲོའི་ཆོ་འཕྲུལ་དགྲ་ལ་ཟློག༔ ཡེ་ཤེས་མིག་གཅིག་ཆོས་ཀྱི་དབྱིངས་སུ་གཟིགས༔ འཇིག་རྟེན་འཁྲུལ་སྣང་གཟུགས་ཀྱི་དགྲ་བགེགས་བྱད༔ སྡེ་བརྒྱད་ཆོ་འཕྲུལ་དམ་ཉམས་དགྲ་ལ་ཟློག༔ ཧཱུྃ་བྷྱོ༔ ཡེ་ཤེས་འཇིག་རྟེན་ཤ་ཟ་མཁའ་འགྲོའི་གཙོ༔ དབྱིངས་ཀྱི་མ་མོ་སྔགས་སྲུང་རལ་གཅིག་མས༔ བདག་ཅག་ཡོན་མཆོད་བསྲུང་བྱར་གྱུར་པ་ལ༔ སྔོན་ལས་ངན་པས་ནད་གདོན་བྱུང་བ་ཟློག༔ འཕྲལ་རྐྱེན་དྲག་པོས་རྐྱེན་ངན་ཐོག་བབས་ཟློག༔ ཁྱད་པར་སྙིགས་དུས་ཉོན་མོངས་ཞེ་སྡང་མཐུས༔ གཞན་གྱིས་སྡང་ཞིང་བསམ་སྦྱོར་རྩུབ་མོའི་དབལ༔ བཙུན་པས་དགྲ་བཅོམ་འབུམ་སྐོར་བྱེད་པ་རྣམས༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ སྔགས་པས་བསྙེན་སྒྲུབ་མནན་གཏད་བསྲེག་འཕང་བྱད༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ བུད་མེད་བདུད་མོས་དམོད་ངན་དུལ་མོ་རྡེབ༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ བྱིས་པ་ཆུང་འདྲེའི་འུར་ཐོད་དམོད་ངན་སྨྲ༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ གཡུང་དྲུང་བོན་གྱི་གཤེན་ནག་བཙོ་ཟོར་འཕེན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ རྗེ་དཔོན་ཁྲོས་པས་ནོར་ཕྲོག་སྲོག་ལ་རྒོལ༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ཉེ་བ་དགྲར་ལངས་བརྙས་འཐབ་ཁྱད་དུ་གསོད༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ཡུལ་མི་དགྲར་སྡང་ཀུན་གྱི་ཁྱུ་ནས་འདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ བཙུན་པ་དགྲར་ལངས་གཤེ་སྐུར་ཆོས་ལྟར་སྒྲོག༔ སྡང་དགྲ་དམ་ཉམས་ཞིང་བཅུའི་སྟེང་དུ་ཟློག༔ བུད་མེད་དགྲར་ལངས་སླུ་བྱེད་ཐར་ལམ་འགོག༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ཧཱུྃ་བྷྱོ༔ ཤར་ཕྱོགས་དྲི་ཟ་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ནུབ་ཕྱོགས་ཀླུ་དབང་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ཤར་ལྷོ་མེ་ལྷ་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ལྷོ་ནུབ་སྲིན་པོ་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ནུབ་བྱང་རླུང་ལྷ་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ བྱང་ཤར་དབང་ལྡན་ཕོ་མོ་ལས་གྱུར་པའི༔ ནད་དང་གནོད་པ་ཐན་ལྟས་བྱད་ཕུར་གདོན༔ སྡང་དགྲ་བྱད་མ་གདུག་འདྲེའི་སྟེང་དུ་ཟློག༔ ཁྱུང་དང་རྨ་བྱ་རྒོད་གླག་ཁྱིམ་བྱ་སོགས༔ འདབ་ཆགས་བྱ་ཡི་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ སེང་གེ་སྟག་གཟིག་དོམ་དང་འཕར་སྤྱང་སོགས༔ སྡེར་ཆགས་གཅན་གཟན་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ རྟ་དང་དྲེའུ་རྐྱང་དང་བོང་བུ་སོགས༔ རྨིག་ཅན་ལས་བྱུང་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ མཛོ་དང་གླང་གཡག་འབྲི་དང་གཡུང་དྭགས་རིགས༔ རྭ་ཅན་ལས་བྱུང་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ སྦྲུལ་དང་སྦལ་བ་ཉ་དང་ལྕོང་མོ་སོགས༔ ཆུ་གནས་ལས་བྱུང་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ སྦྲ་དང་ཁང་པ་མཆིག་དང་མར་མེ་སོགས༔ ཡོ་བྱད་ཆེ་ཕྲ་ལས་བྱུང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ མགོ་དང་ཡན་ལག་སྐྲ་དང་སོ་སེན་སོགས༔ ལུས་ལས་བྱུང་བའི་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ སྟོང་སྐད་རྒྱུ་འབྲས་ཁྱད་གསོད་དིག་ལྐུགས་སོགས༔ ངག་ལས་བྱུང་བའི་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ ལོག་ལྟ་ཆད་ལྟ་གནོད་སེམས་དུག་གཡོས་སོགས༔ ཡིད་ལས་བྱུང་བའི་ཐན་དང་ལྟས་ངན་རྣམས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ ཞྭ་དང་ལྷམ་གོས་ཆེ་ཆུང་གོ་ཟློག་སོགས༔ གོས་ལས་བྱུང་བའི་དུས་ངན་ཐན་ལྟས་རིགས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ འདོན་དབྱངས་སྔགས་རོལ་ཚུལ་མིན་བབ་ཅོལ་སོགས༔ གསང་སྔགས་བསྟན་པ་ཉམས་པའི་ཐན་ལྟས་རིགས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ ཕམ་ལྷག་ལྟུང་བ་ཁྱད་གསོད་ཚུལ་འཆོས་སོགས༔ འདུལ་བསྟན་ཉམས་པའི་དུས་རྟགས་ཐན་ལྟས་རིགས༔ སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ མདོར་ན་སྲིད་དང་ཞི་བའི་ཁམས་རྣམས་སུ༔ ཡ་རབས་སྲོལ་ཉམས་མ་རབས་བསམ་སྤྱོད་སོགས༔ ལྔ་བདོའི་དུས་རྟགས་ཤར་བའི་ལྟས་རྣམས་ཀུན༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ མ་མོ་ཨེ་ཀ་ཛ་ཊི་གནས་གསུམ་ཌཱཀྐིའི་བཀའ་ཆད་བྷྱོ་ཟློག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སྡེ་བརྒྱད་སྤྱི་ཡི་གནོད་གདུག་བྱད་ཕུར་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག༔ དམར་གཏོར་ཟོར་འཕེན་བཟློག་སྔགས་བྱ༔ དམར་སྦྲེང་དམིགས་པའི་མཚོན་རྣོན་བསྣུན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་འཁོར་གྱི་སྡེ་བརྒྱད་ལ༔ བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་བྷྱོ༔ མ་མོ་སྔགས་ཀྱི་བདག་མོ་རལ་གཅིག་མའི༔ བཀའ་ཉན་དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་གཙོ༔ གསར་བྱུང་གདུག་འདྲེ་ཆམ་འབེབས་དཔའ་ཟིལ་ཅན༔ བསྟན་དགྲ་གདོན་བགེགས་རྨང་མེད་འཇོམས་མཛད་རྣམས༔ ཐུགས་དམ་དབྱིངས་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྲོག་བདག་ཚངས་པ་རྒྱལ་པོ་ཡོངས་ཀྱི་གཙོ༔ སྐུ་ནི་མ་ངེས་སྤྲུལ་པའི་གར་བསྒྱུར་མཁན༔ གཙུག་ལག་ཆོས་འཁོར་དགེ་འདུན་སྡེ་རྣམས་བསྲུང་༔ སངས་རྒྱས་བསྟན་བཤིག་དམ་ལོག་སྲོག་གི་གཤེད༔ རེས་འགའ་སྟག་ལ་ཆིབས་ཏེ་དཔའ་བོའི་ཆས༔ རེས་འགའ་གླང་ཆེན་ལ་ཞོན་དགེ་སློང་ཚུལ༔ གཡས་གཡོན་རུ་འདྲེན་བན་སྔགས་བོན་པོ་དང་༔ དཔའ་བོ་སྟག་ཆས་བུད་མེད་རྒྱུ་མ་འདྲེན༔ ཁྱོད་ནི་སྐྱེ་འགྲོ་ཡོངས་ཀྱི་སྲོག་གི་བདག༔ བརྒྱ་བྱིན་དཀར་ནག་ཁྲ་གསུམ་ཕོ་ཉར་འགྱེད༔ རྒྱལ་འགོང་དཀོར་བདག་ཡོངས་ཀྱི་སྣ་དྲོངས་ལ༔ དེ་རིང་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ སྤྲོ་ན་ཟློག་བྱང་ཁ་བསྒྱུར་བྱ༔ བསྡུས་ན་འདི་བཞིན་བྱས་པས་ཆོག༔ བདག་ཅག་ཡོན་བདག་བསྲུང་བྱ་མི་ནོར་ལ༔ དངོས་སམ་བརྒྱུད་ནས་བསམ་ངན་དུག་སྦྱོར་ཤོམ༔ གཟུགས་ཅན་སྡང་བའི་དགྲ་བོ་ཐམས་ཅད་ཟློག༔ ཚེ་རྐུ་སྲོག་འཕྲོག་བླ་ལ་འཇབ་པ་ཡི༔ གཟུགས་མེད་གདོན་བགེགས་འཚེ་བ་དགྲ་ལ་ཟློག༔ ཕྱོགས་བཅུའི་གདོན་ཆེན་བཅུ་ལ་སོགས་པ་ཡི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ རླུང་མཁྲིས་བད་ཀན་འདུ་བ་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ བི་ན་ཡ་ག་གློ་བུར་འཚེ་བའི་བགེགས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ ཛ་མི་ཀ་དང་འདོད་པ་ཅན་ལ་སོགས༔ བྱིས་གདོན་བཅོ་ལྔའི་གནོད་པ་དགྲ་ལ་ཟློག༔ དམར་ཡམས་རྒྱུ་གཟེར་ལྟག་ཚ་ལ་སོགས་པའི༔ འགོ་བའི་ནད་རིགས་མ་ལུས་དགྲ་ལ་ཟློག༔ བསེ་ཐོམ་ལུ་བ་ལ་སོགས་འཚེར་བཅུའི་ནད༔ ཅང་ཤེས་རྟ་ཡི་ནད་རྣམས་དགྲ་ལ་ཟློག༔ གློ་གོར་ཧོན་གསུམ་ཁ་ཚ་རྟིང་ཚ་སོགས༔ གཡང་མཚོ་ཕྱུགས་ཀྱི་ནད་རྣམས་དགྲ་ལ་ཟློག༔ ར་ལུག་ཕག་དང་སྒོ་ཁྱི་ལ་སོགས་ལ༔ གནོད་པའི་ནད་རིགས་མ་ལུས་དགྲ་ལ་ཟློག༔ སད་དང་སེར་བ་བཙའ་ཐན་སྲིན་བུ་སོགས༔ འབྲུ་དྲུག་ལོ་ཏོག་དགྲ་རྣམས་དགྲ་ལ་ཟློག༔ འདབ་ཆགས་ཆུ་གནས་རྨིག་ཟླུམ་སྡེར་ཅན་ལས༔ བྱུང་བའི་ཐན་ལྟས་ངན་པ་དགྲ་ལ་ཟློག༔ གཞན་ཡང་མི་མཐུན་གནོད་པའི་རྐྱེན་རྣམས་དང་༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཀུན༔ ཁྱད་པར་རྒྱལ་འགོང་ཡོངས་ཀྱི་གདུག་རྩུབ་རྣམས༔ བསྟན་འགྲོའི་སྤྱི་དགྲ་རྣལ་འབྱོར་དགོས་ཀྱི་དགྲ༔ གདོན་བགེགས་འབྱུང་པོ་དམ་སྲིའི་སྟེང་དུ་ཟློག༔ བཟློག་བསྒྱུར་དུས་ལ་བབ་པོ་ས་མ་ཡཱ༔ ཨ་ཨ་ལྷ་ཡི་བྱད་ཕུར་ལྟ་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་ཟློག་སྔགས་འདོན༔ ཧཱུྃ་བྷྱོ༔ གཤིན་རྗེ་ཆོས་རྒྱལ་གཤིན་རྗེ་ཡོངས་ཀྱི་གཙོ༔ སྐུ་ནི་མ་ངེས་སྤྲུལ་པའི་གར་བསྒྱུར་མཁན༔ སྐྱེ་འགྲོ་ཡོངས་ཀྱི་ཚེ་བདག་ཁྲམ་ལ་འདེབས༔ ཁྱད་པར་བསྟན་དགྲའི་ཚེ་ལ་ཧུར་ཐུམ་གཏོང་༔ རེས་འགའ་ཆུ་གླང་ཆིབས་ནས་ཕྱོགས་བཅུར་རྒྱུ༔ རེས་འགའ་མེ་ལོང་བསྣམས་ནས་ལེགས་ཉེས་སྟོན༔ རེས་འགའ་ཞགས་ནག་ཐོགས་ནས་དགྲ་བོ་ཁྲིད༔ སྤྲུལ་བ་གཤིན་རྗེ་ཡི་དྭགས་རྡུལ་ལྟར་འཚུབས༔ སྙིང་རྗེ་མེད་པའི་ཁྲོས་འཁྲུག་གད་རྒྱངས་སྒྲོག༔ གཤིན་རྗེ་གཤེད་པོའི་བཀའ་སྡོད་སྲུང་མའི་མཆོག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གཤིན་རྗེ་མི་ཟན་འབུམ་གྱི་དམག་དཔུང་བཅས༔ དེ་རིང་བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ བདག་ཅག་ཡོན་མཆོད་སོགས་འགྲེས༔ ཁྱད་པར་གཤིན་རྗེ་ཡོངས་ཀྱི་གདུག་རྩུབ་རྣམས༔ ཞེས་ཁ་སྒྱུར༔ བབ་པོ་ས་མ་ཡཱ༔ ཡ་ཡ་གཤིན་རྗེའི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་བཟློག་སྔགས་འདོན༔ ཧཱུྃ་བྷྱོ༔ རྡོ་རྗེ་དྲག་པོ་བཙན་རྒོད་ཡོངས་ཀྱི་གཙོ༔ སྐུ་ནི་མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ དམ་ལྡན་ཆོས་མཛད་ཡོངས་ལ་རྟག་ཏུ་སྲུང་༔ ཉམས་པ་བདུན་ལྡན་སྲོག་ལ་རྔམ་ཟས་བྱེད༔ རེས་འགའ་རྟ་དམར་ཞོན་ནས་སྟོང་ཁམས་ཉུལ༔ རེས་འགའ་གློག་ལ་ཆིབས་ཏེ་གྲི་འཐབ་གཏོང་༔ རེས་འགའ་རྒྱལ་འགོང་དང་བསྡོང་དཀོར་བདག་བྱེད༔ གཞན་ཡང་སྤྲུལ་བའི་ཆོ་འཕྲུལ་སྣ་ཚོགས་སྟོན༔ མ་མོ་རལ་གཅིག་བཀའ་ཡི་འཁོར་སྐྱོང་བ༔ ཤར་ལྷོ་ནུབ་བྱང་བཙན་རྣམས་དབང་བསྡུས་ལ༔ དེ་རིང་བཟློག་སྒྱུར་དྲག་པོའི་ལས་མཛོད་ཅིག༔ བདག་ཅག་ཡོན་མཆོད་སོགས་འགྲེས་སོ༔ བཙན་རྒོད་དམར་པོ་འབུམ་གྱི་གདུག་རྩུབ་རྣམས༔ ཞེས་ཁ་བསྒྱུར༔ ས་མ་ཡཱ༔ ཙ་ཙ་བཙན་གྱི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་ཟློག་སྔགས་འདོན༔ ཧཱུྃ་བྷྱོ༔ རལ་པ་ཚར་དགུ་བདུད་རྣམས་ཡོངས་ཀྱི་གཙོ༔ སྐུ་ནི་མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔རེས་འགའ་བདུད་ཀྱི་རྟ་ནག་འཕུར་ཤེས་ཆིབས༔ གཏི་མུག་སྨག་ལ་རྒྱུ་ཞིང་དགྲ་སྲོག་ལེན༔ རེས་འགའ་བདུད་མོའི་ཚོགས་ཀྱི་སྣ་དྲངས་ནས༔ བསོད་ནམས་དམན་པའི་མི་ནོར་ཕྱགས་མས་འདེབས༔ རེས་འགའ་དཀྱིལ་འཁོར་གཉན་པོའི་མཐའ་གྲལ་སྡོད༔ རྣལ་འབྱོར་བསྒོ་བའི་བཀའ་ལ་བྲན་བཞིན་ཉན༔ སྤྲུལ་བ་མི་རྟ་བྱ་ནག་འབུམ་ཁྲི་འགྱེད༔ ནག་པོ་བདུད་ཀྱི་སྡེ་ཚོགས་བཀའ་བསྒྱུར་ལ༔ བདག་ཅག་ཡོན་མཆོད་ སོགས་འགྲེས་སོ། བདུད་དམག་ནག་པོ་འབུམ་སྡེའི་གདུག་རྩུབ་རྣམས༔ ཞེས་ཁ་བསྒྱུར། ས་མ་ཡཱ༔ དུ་དུ་བདུད་ཀྱི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་ཟློག་སྔགས་འདོན༔ ཧཱུྃ་བྷྱོ༔ ནཱ་ག་རཀྴ་ཀླུ་བདུད་ཡོངས་ཀྱི་གཙོ༔ སྐུ་ནི་མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ རེས་འགའ་མགོ་དགུ་མཛེ་རིགས་བཅོ་བརྒྱད་བདག༔ རེས་འགའ་རྒྱལ་རིགས་ནོར་ཕྱུགས་གཡང་གི་ལྷ༔ རེས་འགའ་འགྲོ་བའི་རྩི་བཅུད་ལོ་ཏོག་སྤེལ༔ རྒྱལ་རིགས་དཀར་པོ་རྗེ་རིགས་སེར་པོ་དང་༔ བྲམ་ཟེ་དམར་པོ་གདོལ་བ་ནག་པོའི་ཚོགས༔ སྤྲུལ་བ་མ་ངེས་འབྱུང་བཞིའི་ཁམས་ལ་གནས༔ ལས་མཐའ་གཏད་ལ་དགའ་ཞིང་དགྲ་ལ་བརྣག༔ ཀླུ་སྲིན་ནག་པོ་དུག་གི་སྤུ་གྲི་ཆེ༔ ཀླུ་དང་ས་བདག་ཡོངས་ཀྱི་བཀའ་བསྒྱུར་ལ༔ བདག་ཅག་ཡོན་མཆོད་སོགས་འགྲེས་སོ། ཀླུ་དང་ས་བདག་ཡོངས་ཀྱི་མཐོང་རེག་དུག༔ ཅེས་བསྒྱུར། བསྟན་འགྲོའི་སྤྱི་དགྲ་སོགས། ས་མ་ཡཱ༔ ན་ན་ཀླུ་ཡི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་ཟློག་སྔགས་འདོན། ཧཱུྃ་བྷྱོ༔ གཟའ་རྒོད་ཁྱབ་འཇུག་གཟའ་དང་རྒྱུ་སྐར་གཙོ༔ སྐུ་ནི་མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ རེས་འགའ་ཉི་ཟེར་ཆིབས་ནས་མཐོང་དུག་གཏོང་༔ རེས་འགའ་ཟླ་ཟེར་ཞོན་ཏེ་དགྲ་དབུགས་ལེན༔ རེས་འགའ་རྒྱུ་སྐར་དང་བཅས་འགྲོ་ལ་འཚེ༔ གདོང་མོ་མཆེད་བཞི་སྲིང་མོ་རྔམ་སྟབས་བསྒྱུར༔ ཐན་དང་ལྟས་ངན་འབྱུང་བཞིའི་དུག་རླངས་འགྱེད༔ གཟའ་བརྒྱད་གདོང་མོ་རྒྱུ་སྐར་བཀའ་བསྒྱུར་ལ༔ བདག་ཅག་ཡོན་མཆོད་སོགས་འགྲེས་སོ། གཟའ་བརྒྱད་རྒྱུ་སྐར་ཡོངས་ཀྱི་གདུག་རྩུབ་རྣམས༔ ཞེས་ཁ་བསྒྱུར། ས་མ་ཡཱ༔ རུ་རུ་གཟའ་ཡི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་ཟློག་སྔགས་འདོན། ཧཱུྃ་བྷྱོ༔ རྡོ་རྗེ་ལེགས་པ་ཐེ་བྲང་འབུམ་གྱི་གཙོ༔ སྐུ་ནི་མ་ངེས་སྣ་ཚོགས་གར་བསྒྱུར་མཁན༔ རེས་འགའ་སེང་གེ་ཆིབས་ཏེ་ནོར་ལྷའི་ཚུལ༔ རེས་འགའ་མགར་བ་ནག་པོ་ཐོག་སེར་བདག༔ རེས་འགའ་ར་སྐྱེས་ལ་ཞོན་ཐེ་བྲང་འགྱེད༔ སྤྲུལ་བ་མཁན་པོ་ཨ་ཙར་ཚོང་དཔོན་དང་༔ ཇག་དཔོན་དམག་དཔོན་སྐྱེ་ཤར་བྱིས་པ་སོགས༔ བན་བོན་སྔགས་བཙུན་ཡོངས་ལ་ཕན་གྲོགས་མཛད༔ བསྟན་པའི་དགྲ་ལ་ཐན་དང་ལྟས་ངན་གཏོང་༔ ཐེ་བྲང་མང་པོའི་ཐན་བདག་བཀའ་བསྒྱུར་ལ༔ བདག་ཅག་ཡོན་མཆོད་སོགས་འགྲེས་སོ། ཐེ་བྲང་དཀར་ནག་ཁྲོས་པའི་གདུག་རྩུབ་རྣམས༔ ཞེས་ཁ་བསྒྱུར། ས་མ་ཡཱ༔ ཤ་ཤ་སྲིན་པོའི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ དམར་གཏོར་འཕེན་ཅིང་ཟློག་སྔགས་འདོན། ཧཱུྃ་བྷྱོ༔ བདུད་མོ་རེ་ཏི་ནག་མོ་ཡོངས་ཀྱི་གཙོ༔ སྐུ་ནི་མ་ངེས་སྣ་ཚོགས་སྤྲུལ་བསྒྱུར་ལ༔ རེས་འགའ་བོང་བུ་ཆིབས་ནས་སྟོང་ཁམས་ཉུལ༔ རེས་འགའ་དྲེའུ་ལ་ཞོན་གཙུག་ལག་སྐྱོང་༔ རེས་འགའ་ནད་རྐྱལ་ཐོགས་ནས་རིམས་ནད་གཏོང་༔ རེས་འགའ་མདའ་དར་ཐོག་ནས་ཚེ་གཡང་སྡུད༔ དམ་ཉམས་ཁྲམ་ལ་འདེབས་པའི་གཤིན་རྗེ་མོ༔ མཆོག་ཐུན་དངོས་གྲུབ་སྩོལ་བའི་སྲིད་གསུམ་བདག༔ གསང་སྔགས་བསྟན་སྲུང་ཀུན་གྱི་ཚོགས་རྗེ་མོ༔ བར་ཆད་ཀུན་སེལ་རྣལ་འབྱོར་ཡོངས་ཀྱི་མགོན༔ རལ་གཅིག་དབྱིངས་ཀྱི་མ་མོར་དབྱེར་མེད་ཀྱང་༔ གདུལ་བྱའི་དོན་དུ་བྲན་མོའི་ཚུལ་འཛིན་མ༔ ནད་གཏོང་མ་མོ་འབུམ་གྱི་བཀའ་བསྒྱུར་ལ༔ བདག་ཅག་ཡོན་མཆོད་སོགས་འགྲེས་སོ། ལྷ་ཀླུ་གནོད་སྦྱིན་བདུད་མོའི་གདུག་རྩུབ་རྣམས༔ ཞེས་ཁ་བསྒྱུར། ས་མ་ཡཱ༔ མ་མ་མ་མོའི་བྱད་ཕུར་ལྟས་ངན་བྷྱོ་ཟློག༔ ཅེས་བརྗོད་དམར་གཏོར་རཀྟས་བྲན༔ གཏོར་ཆེན་ལ་འབུལ་ཟློག་སྔགས་བཟླ༔ ས་མ་ཡཱ༔ དེ་ནས་གཏོར་མ་དཔལ་འབར་འཛུགས༔ ཕྱོགས་བཞིར་གཡུ་སྔོན་གསེར་སྐྱེམས་གཏོར༔ སྒོ་དབྱེའི་རིམ་པ་འདི་ལྟར་བྱ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་སྲུང་སྨུག་ནག་རལ་གཅིག་མའི༔ ཕོ་བྲང་ཤར་གྱི་སྒོ་སྐྱོང་ལྕགས་ཀྱུ་དཀར༔ སྙིང་རྗེ་ཚད་མེད་དྲག་པོའི་ལས་མཛད་མ༔ ཤར་གྱི་སྒོ་ཕྱེ་དྲི་ཟའི་གདུག་རྩུབ་རྣམས༔ བསྟན་པའི་དགྲ་ལ་བསྒྱུར་བའི་ལས་མཛོད་ཅིག༔ ཕོ་བྲང་ལྷོ་ཡི་སྒོ་སྲུང་ཞགས་པ་སེར༔ བྱམས་པ་ཚད་མེད་དྲག་པོའི་ལས་མཛད་མ༔ ལྷོ་ཡི་སྒོ་ཕྱེ་གཤིན་རྗེའི་གདུག་རྩུབ་རྣམས༔ བསྟན་དགྲའི་སྟེང་དུ་བསྒྱུར་བའི་དུས་ལ་བབས༔ ཕོ་བྲང་ནུབ་ཀྱི་སྒོ་སྲུང་ལྕགས་སྒྲོག་དམར༔ དགའ་བ་ཚད་མེད་དྲག་པོའི་ལས་མཛད་མ༔ ནུབ་ཀྱི་སྒོ་ཕྱེ་ཀླུ་ཡི་གདུག་རྩུབ་རྣམས༔ ཉམས་པའི་དགྲ་ལ་བསྒྱུར་བའི་ལས་མཛོད་ཅིག༔ ཕོ་བྲང་བྱང་གི་སྒོ་སྲུང་དྲིལ་བུ་ལྗང༔བཏང་སྙོམས་ཚད་མེད་དྲག་པོའི་ལས་མཛད་མ༔ བྱང་གི་སྒོ་ཕྱེ་གནོད་སྦྱིན་གདུག་རྩུབ་རྣམས༔ དེ་རིང་བསྟན་པའི་དགྲ་ལ་བསྒྱུར་བའི་ཕྱིར༔ བསད་མནན་བཟློག་པའི་ཕྲིན་ལས་དུས་ལ་བབས༔ ས་མ་ཡཱ༔ དེ་ལྟར་བཟློག་པའི་ལས་སྦྱོར་ནི༔ ཟབ་གསང་རྒྱུད་ལས་པདྨས་བསྡུས༔ དབྱངས་ཅན་སྤྲུལ་པའི་མཁར་ཆེན་ལ༔ གདམས་ཤིང་དབྱིངས་ཀྱི་སྒྲོམ་དུ་སྦོས༔ དུས་བབས་སྤྲུལ་པའི་གང་ཟག་གིས༔ བཏོན་ཏེ་བསྟན་དགྲའི་གཤེད་མར་ཤོག༔ དེ་ཕྱིར་བཟློག་པའི་ལས་འདི་ནི༔ གློ་བུར་རྐྱེན་ངན་རིམས་དལ་ནད༔ བན་བོན་བྱད་ཕུར་ཐན་ལྟས་ངན༔ གནམ་ལྕགས་ཕོག་པའི་བྲག་ཤུལ་ལྟར༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ལུང་ཟིན་དམ་པ་བིདྱའི་མིང་གིས་བསྐུལ་ངོར། སྐལ་ལྡན་ལུང་རིག་མིང་གིས་དག་པར་ཕབས་པའོ།།

འགྲེས་བྱང་ཚན་གཉིས།

འགྲེས་བྱང་ནི། སྔགས་སྲུང་མ་མོའི་ནུས་པས་གཅིག་བསྡུས་ནས༔ རྣལ་འབྱོར་བདག་ཅག་བསྲུང་བྱ་འཁོར་བཅས་ལ༔ བྱད་ཕུར་གཏོང་བའི་བན་བོན་སྟེང་དུ་ཟློག༔ དངོས་སུ་སྡང་བའི་གཟུགས་ཅན་དགྲ་ལ་ཟློག༔ ཚེ་ལ་རྐུ་བའི་ཚེ་བདུད་བགེགས་ལ་ཟློག༔ གཡང་ལ་རྐུ་བའི་གོད་སྲིའི་སྟེང་དུ་ཟློག༔ རིགས་ལ་གནོད་པའི་ཆུང་འདྲེའི་སྟེང་དུ་ཟློག༔ ཆོས་ལ་བར་གཅོད་དམ་སྲིའི་སྟེང་དུ་ཟློག༔ བྱུར་གྱི་སྣ་འདྲེན་ཡུལ་འདྲེའི་སྟེང་དུ་ཟློག༔ འགྲེས་བྱང་ནི། བདག་ཅག་ཡོན་བདག་བསྲུང་བྱའི་མི་ནོར་ལ༔ དངོས་སམ་བརྒྱུད་ནས་བསམ་ངན་དུག་སྦྱོར་ཤོམ༔ གཟུགས་ཅན་སྡང་བའི་དགྲ་བོ་ཐམས་ཅད་ཟློག༔ ཚེ་རྐུ་སྲོག་འཕྲོག་བླ་ལ་འཇབ་པ་ཡི༔ གཟུགས་མེད་གདོན་བགེགས་འཚེ་བ་དགྲ་ལ་ཟློག༔ ཕྱོགས་བཅུ་གདོན་ཆེན་བཅུ་ལ་སོགས་པ་ཡི༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ རླུང་མཁྲིས་བད་ཀན་འདུ་བ་ལས་བྱུང་བའི༔ ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག༔ བི་ན་ཡ་ག་གློ་བུར་འཚེ་བའི་བགེགས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ ཛ་མི་ཀ་དང་འདོད་པ་ཅན་ལ་སོགས༔ བྱིས་གདོན་བཅོ་ལྔའི་གནོད་པ་དགྲ་ལ་ཟློག༔ དམར་ཡམས་རྒྱུ་གཟེར་ལྟག་ཚ་ལ་སོགས་པའི༔ འགོ་བའི་ནད་རིགས་མ་ལུས་དགྲ་ལ་ཟློག༔ བསེ་ཐོམ་ལུ་བ་ལ་སོགས་འཚེར་བཅུའི་ནད༔ ཅང་ཤེས་རྟ་ཡི་ནད་རྣམས་དགྲ་ལ་ཟློག༔ གློ་གོར་ཧོན་གསུམ་ཁ་ཚ་རྟིང་ཚ་སོགས༔ གཡང་མཚོ་ཕྱུགས་ཀྱི་ནད་རྣམས་དགྲ་ལ་ཟློག༔ ར་ལུག་ཕག་དང་སྒོ་ཁྱི་ལ་སོགས་ལ༔ གནོད་པའི་ནད་རིགས་མ་ལུས་དགྲ་ལ་ཟློག༔ སད་དང་སེར་བ་བཙའ་ཐན་སྲིན་བུ་སོགས༔ འབྲུ་དྲུག་ལོ་ཏོག་དགྲ་རྣམས་དགྲ་ལ་ཟློག༔ འདབ་ཆགས་ཆུ་གནས་རྨིག་ཟླུམ་སྡེར་ཅན་ལས༔ བྱུང་བའི་ཐན་ལྟས་ངན་པ་དགྲ་ལ་ཟློག༔ གཞན་ཡང་མི་མཐུན་གནོད་པའི་རྐྱེན་རྣམས་དང་༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཀུན༔ སྡེ་བརྒྱད་རང་རང་གི་ཁ་བསྒྱུར༔ བསྟན་འགྲོའི་སྤྱི་དགྲ་རྣལ་འབྱོར་དགོས་ཀྱི་དགྲ༔ གདོན་བགེགས་འབྱུང་པོ་དམ་སྲིའི་སྟེང་དུ་ཟློག༔ བཟློག་བསྒྱུར་དུས་ལ་བབ་པོ་ས་མ་ཡཱ༔

ཁྱུང་ཟློག་ལྟས་ངན་ཀུན་འཇོམས།

རལ་གཅིག་སྒྲུབ་པའི་གཏོར་བཟློག་ལས༔ ཁྱུང་ཟློག་ལྟས་ངན་ཀུན་འཇོམས་བཞུགས༔

དབྱིངས་ཀྱི་མ་མོའི་སྐུ་ལ་འདུད༔ རྒྱལ་ཀུན་ཡུམ་གཅིག་སྔགས་བདག་མའི༔ ཁྱུང་ཟློག་གཏོར་མ་ཁྱུང་སྐུ་འཛུགས༔ རྒྱབ་ཏུ་ཁྱུང་གི་སྔགས་བྱང་ལ༔ ལྟས་ངན་གང་ཡིན་ཟློག་ཅེས་པའི༔ འདོད་གསོལ་སྦྱར་ཏེ་གདགས་པར་བྱ༔ ལྟས་ངན་གང་བྱུང་གཟུགས་བྲིས་ཏེ༔ གཏོར་མའི་འོག་ཏུ་གཞུགས་བྱས་ནས༔ རྔ་བརྡུང་ཁྱུང་གདངས་འཐིང་པོར་བཅས༔ རྔམ་པའི་ཤུགས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་མཁའ་འགྲོའི་ཐུགས་སྤྲུལ་པའི༔ ལྟས་ངན་ཀུན་འཇོམས་ཁྲོ་བོའི་རྒྱལ༔ ཆོས་དབྱིངས་དུར་ཁྲོད་མེ་རི་འབར༔ རི་རབ་རི་ཡི་རྩེ་མོ་དང་༔དཔག་བསམ་ཤིང་གི་སྡོང་པོ་ནས༔ དད་པ་དང་ནི་དམ་ཚིག་གིས༔ འདབ་ཆགས་རྒྱལ་པོ་སྤྱན་འདྲེན་ནོ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དུར་ཁྲོད་གནས་ནས་དཔའ་རྩལ་ཕྱུང་༔ གནས་འདིར་ཚུར་གཤེགས་རྟེན་ལ་བཞུགས༔ དགྲ་བགེགས་ཤ་ཁྲག་གཏོར་མ་དང་༔ སྦྱོར་སྒྲོལ་རཀྟས་མཆོད་པ་བཞེས༔ མ་ཧཱ་ག་རུ་ཊ་རཱ་ཛ་ས་མ་ཡཱ་ཛ༔ ས་མ་ཡཱ་ཏིཥྛ་ལྷན༔ མ་ཧཱ་པཱུ་ཙ་ཧོ༔ ཞེས་བརྗོད་གཏོར་མ་ཕུལ༔ ཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ་ཁྲོཾ་བྷྱོ༔ ཁྲོས་མའི་ཐུགས་སྤྲུལ་དཔལ་ཆེན་ཁྲོ་བོའི་རྒྱལ༔ ལྟས་ངན་ཟློག་བྱེད་བྱ་ཁྱུང་ག་རུ་ཊ༔ སྐུ་སྟོད་ལྷ་ཡི་ལུས་ལ་རིན་ཆེན་བརྒྱན༔ ལྷ་ཡི་ལྟས་ངན་ཐན་རིགས་དགྲ་ལ་ཟློག༔ གདོང་པ་འདོད་ཁམས་མི་ཡི་གཟུགས་དང་ལྡན༔ མི་ཡི་ལྟས་ངན་ཐན་རིགས་དགྲ་ལ་ཟློག༔ སྤྱན་གསུམ་དམར་ཟླུམ་ཁྲོ་བོ་ཆེར་ཁྲོས་ཉམས༔ ཁྲོ་རྒྱལ་ཡོངས་ཀྱི་བཀའ་ཆད་དགྲ་ལ་ཟློག༔ ཕྱག་གཉིས་དུག་སྦྲུལ་བསྣོལ་ནས་ཞལ་དུ་གསོལ༔ ཀླུ་ཡི་ཐན་དང་ལྟས་ངན་དགྲ་ལ་ཟློག༔ གནམ་ལྕགས་རྭ་གཉིས་མཁའ་ལ་ཟེངས་སེ་ཟེང༔ རྭ་ཅན་ལས་བྱུང་ཐན་དང་ལྟས་ངན་ཟློག༔ རྡོ་རྗེའི་མཆུ་རྣོན་ཀླུ་གཉན་སྙིང་ལ་འབིགས༔ མཆུ་ཅན་ལས་བྱུང་ཐན་དང་ལྟས་ངན་ཟློག༔ སྤུ་གྲིའི་གཤོག་པ་རྡེབ་ཅིང་མེ་ཟེར་འཕྲོས༔ གཤོག་ཅན་ལས་བྱུང་ཐན་དང་ལྟས་ངན་ཟློག༔ སྡེར་མོས་དགྲ་བགེགས་མ་ལུས་ཚལ་བར་གཤག༔ སྡེར་ཅན་ལས་བྱུང་ཐན་དང་ལྟས་ངན་ཟློག༔ ཧཱུྃ་བྷྱོ༔ གཞན་ཡང་ལྟས་ངན་བཟློག་ཅིང་བསྒྱུར་བའི་ཕྱིར༔ ཁྱོད་ལ་དྲག་པོའི་ཕྲིན་ལས་བཅོལ་བ་ནི༔ བྱ་རྒོད་འབབ་པ་མི་རོ་འོང་བའི་ལྟས༔ ཝ་མོ་བརྒྱལ་བ་ཡུལ་བུད་འོང་བའི་ལྟས༔ སྤྱང་ཀུ་ངུ་བ་དགྲ་སྲི་ལང་བའི་ལྟས༔ བྱ་ཐན་ཁྱིམ་འཛུལ་བཟའ་ཚང་འབྲལ་བའི་ལྟས༔ དེ་རིང་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བྱད་ཕུར་གཏོང་བའི་ངན་སྔགས་མཁན་ལ་རྦད༔ ལྟས་ངན་གཏོང་བའི་སྡེ་བརྒྱད་སྟེང་དུ་བྷྱོ༔ འུག་པ་དགོད་པ་ཡུལ་གྱི་ཤི་ཆད་ལྟས༔ ནོར་ཕྱུགས་ལྷག་ཆད་གཡང་སྒོ་རལ་བའི་ལྟས༔ སྲེ་མོང་བྱི་རོ་ཆུང་སྲི་ལང་བའི་ལྟས༔ ཝ་སྤྲེལ་རོ་རྙེད་ཆེ་རྒན་འཆི་བའི་ལྟས༔ དེ་རིང་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བྱད་ཕུར་གཏོང་བའི་ངན་སྔགས་མཁན་ལ་རྦད༔ ལྟས་ངན་གཏོང་བའི་སྡེ་བརྒྱད་སྟེང་དུ་བྷྱོ༔ བུད་མེད་འཛིང་བ་མ་མོ་དམ་སྲིའི་ལྟས༔ ཅང་ཤེས་གདོང་གས་བདག་སོགས་ནད་འོང་ལྟས༔ ར་ལུག་སུམ་བསྒྲིལ་མི་ཕྱུགས་བརླག་པའི་ལྟས༔ དེ་རིང་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བྱད་ཕུར་གཏོང་བའི་ངན་སྔགས་མཁན་ལ་རྦད༔ ལྟས་ངན་གཏོང་བའི་སྡེ་བརྒྱད་སྟེང་དུ་བྷྱོ༔ ཧཱུྃ་བྷྱོ༔ ཤར་ནས་བྱུང་བ་དྲི་ཟའི་ཐན་ལྟས་ཡིན༔ ལྷོ་ནས་བྱུང་བ་གཤིན་རྗེའི་ཐན་ལྟས་ཡིན༔ ནུབ་ནས་བྱུང་བ་ཀླུ་བདུད་ཐན་ལྟས་ཡིན༔ བྱང་ནས་བྱུང་བ་གནོད་སྦྱིན་ཐན་ལྟས་ཡིན༔ དེ་རིང་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བྱད་ཕུར་གཏོང་བའི་ངན་སྔགས་མཁན་ལ་རྦད༔ ལྟས་ངན་གཏོང་བའི་སྡེ་བརྒྱད་སྟེང་དུ་བྷྱོ༔ ཤར་ལྷོ་ནས་བྱུང་མེ་ལྷའི་ཐན་ལྟས་ཡིན༔ ལྷོ་ནུབ་ནས་བྱུང་སྲིན་པོའི་ཐན་ལྟས་ཡིན༔ ནུབ་བྱང་ནས་བྱུང་རླུང་ལྷའི་ཐན་ལྟས་ཡིན༔ བྱང་ཤར་ནས་བྱུང་དབང་ལྡན་ཐན་ལྟས་ཡིན༔ དེ་རིང་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བྱད་ཕུར་གཏོང་བའི་ངན་སྔགས་མཁན་ལ་རྦད༔ ལྟས་ངན་གཏོང་བའི་སྡེ་བརྒྱད་སྟེང་དུ་བྷྱོ༔ སྟེང་ནས་བྱུང་བ་གཟའ་སྐར་ལྟས་ངན་ཡིན༔ དེ་སོགས་སྲིད་འདིར་ཐན་ལྟས་གང་བྱུང་བ༔ སྔོན་ལས་འཕྲལ་རྐྱེན་སྡེ་བརྒྱད་ཆོ་འཕྲུལ་ཡིན༔ དེ་རིང་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ སྡང་བའི་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ བྱད་ཕུར་གཏོང་བའི་ངན་སྔགས་མཁན་ལ་རྦད༔ ལྟས་ངན་གཏོང་བའི་སྡེ་བརྒྱད་སྟེང་དུ་བྷྱོ༔ ཧཱུྃ་ཁྲོཾ་བྷྱོ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ་ཡི་བཀའ༔ བར་དུ་གསང་འཛིན་ལག་ན་རྡོ་རྗེའི་ལུང་༔ ཐ་མ་སྔགས་སྲུང་ཁྲོས་མའི་ཚིག་བཞིན་དུ༔ དེ་རིང་དམ་ཚིག་དབང་གིས་ཁྱུང་ཆེན་བསྐུལ༔ བཟློག་གོ་སྡང་བའི་དགྲ་ལ་བཟློག་ཏུ་གསོལ༔ བསྒྱུར་རོ་གནོད་པའི་བགེགས་ལ་བསྒྱུར་ཏུ་གསོལ༔ རྦད་དོ་སྡེ་བརྒྱད་བྱད་ཕུར་མཁན་ལ་རྦད༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ ཞེས་བརྗོད་དར་ནག་གཡབ་མོ་བྱ༔ འདི་ལས་ཟབ་པ་ཡོད་རེ་ཀན༔ རྣལ་འབྱོར་ཅན་གྱི་གྲོགས་སུ་ཤོག༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

རྩང་ཟློག་མཚོན་ཆའི་འཁོར་ལོ།

རལ་གཅིག་སྒྲུབ་པའི་གཏོར་ཟློག་ལས༔ རྩང་ཟློག་མཚོན་ཆའི་འཁོར་ལོ་བཞུགས་སོ༔ དབྱིངས་ཀྱི་མཁའ་འགྲོའི་སྐུ་ལ་འདུད༔ ཕྱི་རབས་རྣལ་འབྱོར་སྐལ་ལྡན་གྱིས༔ ཟབ་མོའི་གཏེར་ལ་སྤྱོད་པའི་ཚེ༔ དྲག་པོའི་ལས་ཀྱི་རྩང་ཟློག་འདི༔ ཉམས་སུ་ལོངས་དང་བར་ཆད་སེལ༔ དེ་ཡང་གཏོར་མ་རྩང་གི་གྲངས༔ སུམ་ཅུ་རྩ་གཉིས་སྲིན་མོའི་འགྲོས༔ བཙུགས་ལ་དགྲ་བགེགས་ཕུང་ཁམས་ཀྱི༔ ཤ་ཁྲག་འབུལ་ཞིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ དུར་ཁྲོད་དྲག་པོའི་ཕོ་བྲང་འདིར༔ ཡེ་ཤེས་ཁྲོ་མོ་རག་གདོང་མའི༔ སྒྲོལ་བའི་ཕྲིན་ལས་བརྩམ་པའི་ཚེ༔ དམར་ནག་རྩང་གིས་དགྲ་གདོན་བགེགས༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དང་པོ་རྩང་བྱུང་ཐོག་མའི་དུས༔ བདག་འཛིན་སྲིད་པའི་མཚོན་རྣོན་པོ༔ སུས་ཀྱང་མ་བྱས་རང་ལས་བྱུང་༔ ཁམས་གསུམ་སྲིད་པའི་སྡུག་བསྔལ་ཀུན༔ ཐམས་ཅད་བྱུང་ཞིང་འགྲོ་དྲུག་མནར༔ ཆེ་མཆོག་ཀུན་བཟང་སྟོན་པ་ཡིས༔ བདག་འཛིན་སྲིད་པའི་རྩ་བ་དེ༔ བདག་མེད་ཤེས་རབ་མཚོན་གྱིས་བཅད༔ གསང་ཆེན་ཐབས་ཀྱི་ཕྱག་རྒྱར་བཅས༔ ཐབས་ཀྱིས་བསྣུན་པས་བར་ཆད་ཀུན༔ རང་སར་གྲོལ་ནས་དབྱིངས་སུ་ཟློག༔ དེ་འོག་བསྐལ་པའི་བར་མ་ལ༔ བདུད་པོ་མ་ཊཾ་རུ་ཊ་དེའི༔ ཡང་དག་ལྟ་བ་ལོག་པར་གོལ༔ ལས་ངན་སྨིན་ནས་འཇིགས་པའི་གཟུགས༔ རྩེ་གསུམ་མཚོན་ཆ་ལག་ཆར་བྱུང་༔ རྒྱལ་ཀུན་བཀའ་བགྲོས་རྟ་ཕག་གིས༔ རུ་ཊ་བསྒྲལ་ནས་མཚོན་ཆ་ཡང་༔ གསང་སྔགས་ཕྱག་མཚན་ཁ་ཊཱཾ་ཀ༔ དུག་གསུམ་རྩད་གཅོད་བརྡ་རུ་བསྔགས༔ དེ་བཞིན་རྣལ་འབྱོར་བདག་ཅག་གིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མཁའ་འགྲོའི་དལ་ཡམས་ཐན་ལྟས་རིགས༔ བན་བོན་བྱད་ཕུར་ཟློག་པའི་ཕྱིར༔ དུག་ཤིང་སྐྱེར་བའི་རྩང་ཕུར་འདི༔ སྔགས་དང་ཕྱག་རྒྱས་མཚོན་ཆར་བརླབས༔ དེ་རིང་བཟློག་པའི་ཕྲིན་ལས་བཅོལ༔ དེ་རྗེས་བསྐལ་པའི་ཐ་མ་ལ༔ མུ་སྟེགས་གནས་པའི་ལྷོ་ནུབ་མཚམས༔ དུག་ཤིང་ནག་པོའི་ཚལ་དབུས་སུ༔ སློབ་དཔོན་ཤནྟིཾ་གརྦྷ་ཡིས༔ གདུག་རྩུབ་དྲག་པོའི་ཤིང་རྣམས་ལ༔ དམར་ནག་རྩང་གི་ཕུར་པ་བྱས༔ དུག་ཁྲག་སྔགས་ཀྱིས་ངར་བཏབ་ནས༔ ལས་བྱེད་སྤྲུལ་པའི་མཚོན་དུ་བསྔགས༔ དེ་བཞིན་རྣལ་འབྱོར་བདག་ཅག་གིས༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས༔ མཁའ་འགྲོའི་དལ་ཡམས་ཐན་ལྟས་རིགས༔ བན་བོན་བྱད་ཕུར་ཟློག་པའི་ཕྱིར༔ དུག་ཤིང་སྐྱེར་བའི་རྩང་ཕུར་འདི༔ སྔགས་དང་ཕྱག་རྒྱས་མཚོན་ཆར་བརླབས༔ དེ་རིང་བཟློག་པའི་ཕྲིན་ལས་བཅོལ༔ ཧཱུྃ་བྷྱོ༔ རལ་གཅིག་ཁྲོས་མའི་བཀའ་ཉན་པའི༔ མཁའ་འགྲོ་སོ་གཉིས་ཐུགས་དམ་བསྐུལ༔ དྲག་པོའི་རྩང་ལ་བརྟན་པར་བཞུགས༔ ཕྱག་མཚན་མཚོན་ཆས་དགྲ་གདོན་ཟློག༔ ཤར་ནས་རྒྱལ་འགོང་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་ཟློག༔ ལྷོ་ནས་གཤིན་རྗེ་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་ཟློག༔ ནུབ་ནས་ཀླུ་བདུད་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་ཟློག༔ བྱང་ནས་གནོད་སྦྱིན་ལས་བྱུང་བའི༔ དགྲ་གདོན་བྱད་ཕུར་ཐན་ལྟས་ངན༔ དམར་ནག་མཁའ་འགྲོའི་རྩང་གིས་ཟློག༔ ཤར་ལྷོ་མེ་ལྷའི་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ ལྷོ་ནུབ་སྲིན་པོའི་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ ནུབ་བྱང་རླུང་ལྷའི་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ བྱང་ཤར་དབང་ལྡན་ཆོ་འཕྲུལ་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ སྟེང་གདོན་གཟའ་དང་རྒྱུ་སྐར་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ འོག་གདོན་ཀླུ་གཉན་ས་བདག་ལས༔ བྱུང་བའི་དགྲ་གདོན་ལྟས་ངན་རིགས༔ བཟློག་གོ་བསྒྱུར་རོ་དུས་ལ་བབས༔ ཧཱུྃ་བྷྱོ༔ སྔོན་ལས་བརྡུང་བརྡེག་བསད་བཅད་མཐུས༔ལུས་ལ་ན་ཚ་བྱུང་བ་དང་༔ ཚེ་ལ་བར་དུ་གཅོད་པ་ཀུན༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ གཞན་ལ་གཤེ་སྐུར་ངན་ཚིག་མཐུས༔ ངག་ལ་དིག་ལྐུགས་གཏོང་བ་དང་༔ མི་ཁ་སྒྲོ་སྐུར་བྱུང་བ་ཡང་༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ ཡིད་ཀྱི་བསམ་ངན་དུག་གཡོས་མཐུས༔ བརྒྱལ་འབོག་སྨྱོ་རེངས་སེམས་མི་གནས༔ བསམ་ཚད་ལོག་པར་གྱུར་པ་ཡང་༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ རང་སྐྱོན་ངན་པས་སྣ་དྲངས་ནས༔ བན་བོན་སྔགས་པས་དམོད་ཚིག་གཤེ༔ ཆོས་སྔགས་བཙོ་ཟོར་རྡེབ་པ་ཡང་༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ རང་དབང་མ་ཐོབ་གཞན་དབང་གྱུར༔ གསང་ཆེན་དབང་ཁྲིད་གདམས་པ་ལ༔ དབང་ཡོད་གཟུ་ལུམ་རིས་གཅོད་ཐན༔ དམར་ནག་དྲག་པོའི་རྩང་གིས་ཟློག༔ ཅེས་བརྗོད་ཟློག་སྔགས་གཏོར་མ་བཅས༔ དེས་ནི་སྲིད་དང་ཞི་བ་ཡི༔ མི་འདོད་རྐྱེན་ངན་ཐམས་ཅད་དང་༔ ཁྱད་པར་བྱད་ཕུར་རིམས་ནད་སོགས༔ མེ་ལྕེས་རྩི་སྦུར་གཞོ་པ་ལྟར༔ ལྷག་མེད་བཟློག་པར་ཐེ་ཚོམ་མེད༔ ཅེས་པའང་ཆོས་ལ་དབང་བའི་སྐལ་ལྡན་ལུང་རིག་གླིང་པས་དག་པར་ཕབ་པའོ༔

ཟ་ལམ།

༄༅། ཟ་ལམ་ནི༔ ཧཱུྃ་བྷྱོ༔ སྲིན་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་ཕོ་ཉར་སྟོན༔ དྲེགས་པ་སྡེ་བརྒྱད་ཡོངས་ཀྱི་ལྕམ་སྲིང་ཚུལ༔ ཕྱོགས་མཚམས་སྟེང་འོག་དྲེགས་པའི་བཀའ་བསྒྱུར་ནས༔ བདག་དང་བསྲུང་བྱ་འཁོར་དང་བཅས་པ་ལ༔ སྡེ་བརྒྱད་དྲེགས་པའི་བཀའ་ཆད་ཕོག་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་རྐྱེན་ངན་བར་ཆད་མ་ལུས་པ༔ དམ་ཉམས་སྡང་དགྲ་གནོད་པའི་བགེགས་ལ་བསྒྱུར༔ བཟློག་གོ་སྔོན་ལས་འཕྲལ་རྐྱེན་མི་མཐུན་ཕྱོགས༔ བསྟན་འགྲོར་གནོད་པ་ཞིང་བཅུའི་སྟེང་དུ་བཟློག༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡཱ་བྷྱོ་བྷྱོ་བཟློག་བཟློག༔ ཅེས་པའང་རྣལ་འབྱོར་བ་ལུང་རིག་རྩལ་གྱིས་ཉུང་ངུར་བསྡུས་ཏེ་སྤེལ་བ་དགེའོ།།

ཐན་འགྱེད་སྲིད་པའི་འཁྲུལ་སྣང་འཇིགས་རུང་།

ཡང་ཟབ་སྔགས་སྲུང་ཁྲོས་མའི་ཐུགས་སྒྲུབ་ལས༔ ཐན་འགྱེད་སྲིད་པའི་འཁྲུལ་སྣང་འཇིགས་རུང་བཞུགས༔

རྒྱལ་ཀུན་ཕྲིན་ལས་སྒྱུ་མའི་འཕྲུལ༔ རྡོ་རྗེ་ཁྲོས་མའི་རྣམ་པར་ཤར༔ ནམ་མཁའི་རལ་གཅིག་སྔགས་སྲུང་མའི༔ ཐན་འགྱེད་སྲིད་པའི་འཁྲུལ་སྣང་སྟོན༔ ས་མ་ཡཱ༔ འདི་ལ་ཐན་འགྱེད་དགུ་ཡིན་ཏེ༔ གཙོ་མོ་ལྕགས་སྤྱང་མགོ་དགུ་ལ༔ བརྟེན་ཏེ་དགྲ་ལ་མི་འདོད་པའི༔ ལྟས་ངན་ཆེན་པོ་གཏོང་བའི་ཐབས༔ དྲག་པོའི་སྦྱིན་བསྲེག་ཚད་ལྡན་གྱི༔ ཐལ་བ་དམེ་ས་ཕོང་ཤུལ་ས༔ ཡུག་མོའི་གཅིན་དང་བོང་ནག་ཁྲག༔ སྤྱང་བྲུན་བསྲེས་ཏེ་སྤྱང་མོའི་གཟུགས༔ མགོ་དགུ་ཁ་གདངས་མིག་བགྲད་ཅིང་༔ མཆེ་གཙིགས་ཁ་ནང་ལིང་ག་བཅུག༔ བསྙེན་བསྒྲུབ་སྔོན་སོང་རྩ་སྔགས་ཤམ༔ དྲག་སྔགས་སོ་ལྔ་པ་ཡི་གཤམ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་དགྲ་བོ་ཆེ་གེ་མོའི་ཡུལ་དུ་ཐན་རིགས་སྣ་ཚོགས་འདྲེས་མར་ཐོངས་ཤིག༔ མེ་ཡཾ་ཡཾ་ཤིག་སེ་ན༔ ཏྲིག་ནན་ཏྲི་ཀ་ར་ཏྲི་ཀ་ར་ཙི་ཙ་ར་བཾ༔ ཝ་དམར་མོ་མཁོས་མེ་མ་ཚོ་ད་རྒྱུགས་རྒྱུགས༔ དགྲ་བོ་ཆེ་གེ་མོའི་ཡུལ་དུ་ཐན་གྱི་རིགས༔ བནྡྷེ་ནག་པོ་རོ་ལ་ཞོན་པ༔ བུད་མེད་ནག་མོ་བོང་བུ་ལ་ཞོན་པ༔ གླ་བ་ནག་པོ་སྤྲེའུ་སེར་པོ་ཞོན་པ༔ སྦྲུལ་ནག་པོ་སྦལ་བ་དཀར་ཁྲ་ཞོན་པ༔ འདབ་ཆགས་རོ་ཁུར༔ སྦྲང་བུ་མེ་འབུད་སོགས་ཡིད་དུ་མི་འོང་བའི་དངོས་པོ་སྣ་ཚོགས་སྟོན་ཅིག༔ ཅེས་པ་དམིགས་པའི་རིམ་པ་ནི༔ རང་ཉིད་རལ་གཅིག་ཁྲོས་མ་ཡི༔ ཕྱག་སོར་ལྕེ་སྤྱང་མགོ་དགུ་ལས༔ ཐན་གྱི་ཆར་བ་སྣ་ཚོགས་བབས༔ དགྲ་བོའི་ཡུལ་ཁམས་གང་བར་བསམ༔ རང་ལ་དོ་བདོའི་དགྲ་བོ་དེའི༔ ཡིད་མི་བདེ་བའི་ཅ་ཅོ་ཡིས༔ མི་ཀུན་རྣ་བ་ཁེངས་པར་དམིགས༔ རླུང་ལ་བསྐོར་བའི་འཁོར་ལོ་ནི༔ འོག་ཏུ་དགྲ་བོའི་ལིང་ག་ལ༔ གནས་ཡིག་སྙིང་ཀར་ནྲྀཿཡི་མཐར༔ དགྲ་བོའི་མིང་ཡིག་མཇུག་ཉིད་དུ༔ འདི་ལ་ཡིད་མི་བདེ་བའི་རྟགས་སྣ་ཚོགས་པ་སྟོན་ཅིག༔ དེ་མཐར་མུ་ཁྱུད་གསུམ་པ་ཡི༔ ནང་མར་རོ་རུ་ཨེ་ཀ་ཛ་ཊི་རཀྨོ་ཁྲོམ་མྱོགས་བྷྱོ༔ རཀྨོ་དུང་ཐིག་བྷྱོ༔ རཀྨོ་ཧར་ཧུར་སྙིང་རྩ་ལ་བྷྱོ༔ མ་མ་རུ་རུ་དྲི་མ་སྲོག་ལ་བྷྱོ༔ ཅེས་པའི་སྔགས་དེ་དུ་ཤོང་འབྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དམ་ཉམས་དགྲ་བོ་ཆེ་གེ་མོ་མིང་འདི་ཞེས་བགྱི་བ་ལ་མ་རིག་པ་འཁོར་བའི་རྩ་བ་གཅོད་པའི་བདག་མེད་དབྱིངས་ཀྱི་ལྟས་ངན་སྟོན་ཅིག༔ འདུ་བྱེད་རྩྭ་ཕུང་ཤེས་རབ་ཆེན་པོའི་རལ་གྲིས་ཆོད་ཅིག༔ རྣམ་ཤེས་ཀྱི་ཁང་རུལ་སྟོང་ཉིད་རྒྱོགས་རྡོས་ཆོམས་ཤིག༔ མིང་དང་གཟུགས་ཀྱི་པད་ཚལ་གདག་གཞི་བྲལ་བའི་དབུ་མ་ཆེན་པོའི་སེར་བས་གཏོར་ཅིག༔ སྐྱེ་མཆེད་དྲུག་གི་བུད་ཤིང་དབང་པོ་ལྔ་དང་སྟོབས་ལྔའི་མེ་ཡིས་སྲེགས་ཤིག༔ རེག་པ་ཡུལ་དང་ཕྲད་པའི་སྦྱར་སྤྱིན་སྟོང་དབྱིངས་རྡོ་རྗེ་ཟེགས་མས་འཐོར་བར་མཛོད་ཅིག༔ ཚོར་བ་སྡུག་བསྔལ་དྲྭ་བའི་སྐུད་པ་ཟག་མེད་ཡེ་ཤེས་མེ་ལྕེའི་དབལ་གྱིས་སྲེགས་ཤིག༔ སྲེད་པ་ལན་ཚྭའི་ཆུ་རྒྱུན་བདག་མེད་རྟོགས་པའི་ཉི་མས་དབྱིངས་སུ་སྐོམས་ཤིག༔ ལེན་པ་ལྕེ་ཡི་འཁྱུག་སྤྱད་བརྗོད་བྲལ་ཀློང་ཆེན་དབྱིངས་སུ་ཤོལ་ཅིག༔ སྲིད་པ་རྟེན་འབྲེལ་དུག་ཆེན་སྟོང་ཉིད་སྨན་གྱི་ཆུ་བོས་ཕྱུངས་ཤིག༔ སྐྱེ་བ་སྡུག་བསྔལ་འཁྲི་ཤིང་བདག་ཏུ་རྟོག་མེད་དགྲ་སྟྭས་གཤོག་ཅིག༔ རྒ་ཤི་འཁོར་བའི་འབྲེལ་ཐག་སྐྱེ་དེར་ཟད་སར་སྐྱོལ་ཅིག༔ དེ་ཡི་མུ་ཁྱུད་ཕྱི་མ་ལ༔ སྤྱི་དགོས་སྡང་བའི་དགྲ་བོ་མིང་འདི་ཞེས་བྱ་བའི་ཁང་ཁྱིམ་ཐན་གྱི་རིགས་བྱེད་དུ་མས་ཁོངས་ཤིག༔ ལྕགས་སྤྱང་མགོ་དགུའི་བུ་ག་དགུ་ནས་ངུ་སྒྲས་ཡིད་མི་བདེ་བར་མཛོད་ཅིག༔ ཝ་མོ་ཁེངས་ཁེངས་བརྒྱལ་བས་གྲོང་དེ་ཡུལ་ནས་ཕྱུངས་ཤིག༔ སྦྲུལ་ནག་མགོ་དགུས་མདུད་པ་ལུས་དང་ཡན་ལག་ཀུན་ལ་དཀྲིས་ཤིག༔ སྦལ་ཁྲ་ལག་པ་བཅུ་པས་སྒྱུ་མའི་མིག་འཕྲུལ་སྟོན་ཅིག༔ བུད་མེད་འཐབ་རྩོད་འཛིང་བས་ཡུལ་ཁམས་མི་བདེའི་སྣ་འདྲེན་གྱིས་ཤིག༔ གཞན་ཡང་མི་འདོད་ཉེར་འཚེའི་གཡུལ་ལས་རྣམ་པར་འཕྲུལ་བའི་ལྟས་ངན་མཐའ་དག་རང་བབས་སུ་ཐོངས་ཤིག༔ སངས་རྒྱས་བསྟན་པའི་དགྲ་བོ་དེ་ཡི་ལུས་ལ་མཛེ་ཤུ་ཕོལ་མིག་ཐོངས་ཤིག༔ ངག་གིས་གང་སྨྲས་གཞན་དང་གྱོད་འཁོན་བྱུར་སྣ་དྲོངས་ཤིག༔ སེམས་ཀྱི་འཁྲུལ་སྣང་འདོད་པ་མཐའ་དག་ཆུ་བུར་ཡལ་བཞིན་ཐོངས་ཤིག༔ མཛེས་པའི་གཟུགས་ཀྱི་མེ་ཏོག་ཞྭ་ལོང་ལྐུགས་པའི་སད་ལ་སྐུར་ཅིག༔ སྙན་པའི་ངག་གི་རོལ་མོ་བརྗོད་བྲལ་སྟོང་ཉིད་དབྱིངས་སུ་ཟློག་ཅིག༔ སྣ་ཚོགས་འཁྲུལ་བའི་སྦུར་མ་ཡེ་ཤེས་རླུང་གིས་གཡེངས་ཤིག༔ མིག་ཡུལ་གཟུགས་སུ་གང་སྣང་ཐན་གྱི་ཆོ་འཕྲུལ་དུ་མར་སྟོན་ཅིག༔ རྣ་བའི་ཡུལ་དུ་གང་ཐོས་ཐན་དང་ཚིག་རྩུབ་ཚེར་མར་སྒྱུར་ཅིག༔ དྲི་འཛིན་བུ་གར་སོན་ཚད་ཤ་རུལ་རོ་མྱགས་སྤྲིན་ཕུང་གཏིབས་ཤིག༔ ལྕེ་ཡུལ་རོ་མངར་ཟས་ཀུན་སྐྱུར་རྩུབ་སྐྱུགས་རྫས་སུ་སྒྱུར་ཅིག༔ རེག་འཇམ་གོས་སུ་གང་སྣང་ཕྱིན་ཅི་ལོག་གི་འཕྲུལ་དུ་སྟོན་ཅིག༔ ཅེས་སོགས་འབྲི་ཞིང་དེ་སྟེང་དུ༔ སྡེ་བརྒྱད་བསྐུལ་བའི་ལྟོ་བ་རུ༔ ལྕགས་སྤྱང་ཞོན་པའི་མ་མོ་ནི༔ རང་གཞུང་ལྟར་བྲི་དེ་ཡི་བར༔ ཐན་དང་ལྟས་ངན་སྣ་ཚོགས་གཟུག༔ ཞག་བདུན་བར་དུ་འབད་པ་ན༔ ངེས་པར་དགྲ་ལ་ཆོ་འཕྲུལ་འོང་༔ གཙོ་མོ་ལྕགས་སྤྱང་ལ་བརྟེན་པའི༔ ཐན་འགྱེད་སྤྱང་མོ་དགུ་འགྲོལ་ཡིན༔ ས་མ་ཡཱ༔ དེ་བཞིན་སྲོག་བདག་ཚངས་པ་ལ༔ བརྟེན་ནས་སྨྱོ་འབོགས་གཏོང་བ་དང་༔ གཤིན་རྗེ་ལ་བརྟེན་ཚེ་སྲོག་ལ༔ གློ་བུར་འཇིགས་སྐྲག་ཐན་འགྱེད་དང་༔ བཙན་རྒོད་ལ་བརྟེན་རྟ་དྲེལ་ལ༔ ཐན་དང་ལྟས་ངན་གཏོང་བ་དང་༔ བདུད་ནག་ལ་བརྟེན་རྨི་ལམ་དུ༔ ཆོ་འཕྲུལ་སྣ་ཚོགས་སྟོན་པ་དང་༔ ཀླུ་བདུད་ལ་བརྟེན་སྦལ་སྦྲུལ་གྱི༔ ཆོ་འཕྲུལ་མ་ངེས་སྟོན་ཐབས་དང་༔ གཟའ་བདུད་ལ་བརྟེན་འོད་དང་གློག༔ སྐར་མ་བབས་སོགས་སྣ་ཚོགས་སྟོན༔ དམ་ཅན་ལ་བརྟེན་ཐེའུ་རང་གི༔ འཐབ་རྩོད་སྣ་ཚོགས་འབྱུང་ཐབས་དང་༔ མ་མོ་ལ་བརྟེན་བུད་མེད་ཀྱི༔ རིགས་ལ་ཐན་ལྟས་སྟོན་ཐབས་རྣམས༔ སོ་སོར་འདི་བཞིན་ཤེས་པར་བྱ༔ ཕོ་འཁོར་མུ་ཁྱུད་དགུ་པ་ཡི༔ སྡེ་བརྒྱད་རང་རང་སྙིང་ཀ་རུ༔ སྲོག་གི་སྙིང་པོ་སོ་སོར་བཀོད༔ དེ་ཡི་མཐའ་ལ་འདོད་གསོལ་ནི༔ རྒྱལ་འགོང་ཡོངས་ཀྱི་གཙོ་བོ་སྲོག་བདག་ཚངས་པ་དཀར་པོས་དམ་ཉམས་པའི་དགྲ་བོ་མིང་བཅུག་འདི་ཞེས་བྱ་བ་ལ་མི་རུང་བའི་ལྟས་ངན་སྣ་ཚོགས་ཆར་ལྟར་ཕོབ་ཅིག༔ ཅེས་དང་མུ་ཁྱུད་ནང་མ་ལ༔ རྒྱལ་པོའི་བསྐུལ་བ་དེ་ཡི་མཐའི༔ མུ་ཁྱུད་རྣམས་ལ་གཤིན་རྗེ་ནས༔ སྡེ་བརྒྱད་གཞན་གྱི་བསྐུལ་བྱང་འབྲི༔ མོ་འཁོར་ངོས་སུ་དགྲ་ལིང་གི༔ གནས་ཡིག་སྙིང་གར་ནྲྀཿཡིག་མཐར༔ དགྲ་བོ་མིང་འདི་ཞེས་བྱ་བའི་ཁྱིམ་དུ་སྡེ་བརྒྱད་ཡོངས་ཀྱིས་ཆོ་འཕྲུལ་སྣ་དགུ་སྟོན་ཅིག༔ དེ་མཐར་མུ་ཁྱུད་བཅུ་གཉིས་བར༔ དམ་ཉམས་པའི་དགྲ་བོ་མིང་ཆེ་གེ་མོ་ཞེས་བྱ་བའི་མ་རིག་པ་སྲིད་པའི་སྨག་རུམ་གཞི་ནས་སོལ་ཅིག༔ འདུ་བྱེད་འཁོར་བའི་ཆུ་རྒྱུན་གཏིང་ནས་སྐོམས་ཤིག༔ རྣམ་ཤེས་ཡུལ་ལ་འཇུག་པའི་སྒྲོན་མེ་སོད་ཅིག༔ མིང་གཟུགས་ལོག་རྟོག་པད་ཚལ་སྟོང་ཉིད་སྤྲིན་གྱི་སྒྱོགས་རྡོས་ཆོམས་ཤིག༔ སྐྱེ་མཆེད་དྲུག་གི་འཇའ་ཚོན་གྲུབ་མཐའ་རྣམ་བཞིའི་དབྱིངས་སུ་སོལ་ཅིག༔ རེག་པ་ཕོ་མོའི་མཐུན་སྦྱོར་ནང་དབྱེན་ཕྲ་མས་གཏོར་ཅིག༔ ཚོར་བ་སྡུག་བསྔལ་དྲྭ་བ་བདག་མེད་རྟོག་པའི་རལ་གྲིས་ཆོད་ཅིག༔ སྲེད་པ་སྦྲང་མའི་གཤོག་རྩལ་ཡེ་ཤེས་མེ་ཡིས་སྲེགས་ཤིག༔ ལེན་པ་དུག་གི་རོ་བཅུད་སྟོང་ཉིད་སྨན་གྱིས་འབྲས་བུ་རྨིང་མེད་མཛོད་ཅིག༔ སྲིད་པ་སྒྱུ་མའི་གར་མཁན་དངོས་མེད་རྫུན་པའི་རང་མཚང་སྟོན་ཅིག༔ སྲིད་པ་རྟེན་འབྲེལ་དུག་ཆེན་སྟོང་ཉིད་སྨན་གྱི་ཆུ་བོས་ཕྱུངས་ཤིག༔ སྐྱེ་བ་འགྲོ་དྲུག་ས་བོན་སྐྱེ་མེད་ཡེ་ཤེས་མེ་ལྕེས་རློགས་ཤིག༔ རྒ་ཤི་སྲིད་པའི་འཕེན་ལེན་ཞི་བ་ཆེན་པོའི་ཀློང་དུ་སྒྱུར་ཅིག༔ དེ་མཐར་ཐན་གཟུགས་སྣ་ཚོགས་པ༔ བྲི་ཞིང་གཉན་སར་སྦས་ཏེ་གཡོན༔ རླུང་ལ་བསྐོར་བ་མན་ངག་གོ༔ ས་མ་ཡཱ༔ འདི་དང་ལས་སྦྱོར་འབྲེལ་བ་ནི༔ སྲིད་པ་རུ་ལོག་ངེས་པར་བྱེད༔ གནས་སྐབས་དགྲ་ལ་ཐན་རིགས་འབྱུང་༔ མཐར་ཐུག་བྱང་ཆུབ་ལམ་ལ་འགོད༔ བསམ་སྦྱོར་ངན་པའི་མུ་སྟེགས་ཀྱིས༔ ཆོ་འཕྲུལ་སྟོན་དང་ཁྱད་པར་ཆེ༔ ས་མ་ཡཱ༔ ཟབ་གསང་མཁའ་འགྲོའི་སྙིང་ཁྲག་འདིའི༔ ལག་ལེན་བླ་མའི་ཞལ་ལས་ཤེས༔ མན་ངག་མཚོན་ཆ་རྣོ་རྟུལ་ནི༔ གང་ཟག་ལྟ་བའི་ཁྱད་ལས་རྟོགས༔ རྟགས་ནི་འབྱུང་དང་མི་འབྱུང་བ༔ རྒྱུ་འབྲས་བསླུ་མེད་དམ་ཚིག་དག༔ ཐོ་ཅོར་སྤྱོད་ན་ཌཱཀྐི་ཡིས༔ བཀའ་ཆད་འབྱུང་བས་གལ་དང་བསྟུན༔ ལུང་རིག་གླིང་པས་དག་པར་ཕབ་པའོ༔

སྲོག་འཁོར་སྲུང་མའི་བླ་རྟེན།

ཡང་ཟབ་རལ་གཅིག་ཐུགས་སྒྲུབ་ལས༔ སྲོག་འཁོར་སྲུང་མའི་བླ་རྟེན་བཞུགས༔ རང་བྱུང་དབྱིངས་ཀྱི་མཁའ་འགྲོར་འདུད༔ སྲུང་འཁོར་བླ་རྡོའི་བྲི་ཐབས་ནི༔ ཞིང་ལྤགས་དར་དམར་གྲོ་ག་སོགས༔ ཇི་ལྟར་རིག་པའི་གཞི་ངོས་སུ༔ མུ་ཁྱུད་ལྔ་རིམ་ཟླུམ་བསྐོར་དབུས༔ ཆོས་འབྱུང་སྙིང་གཟུགས་ལྟེ་བ་རུ༔ ཧཱུྃ་ཡིག་ཁོང་དུ་མཿསྨུག་མཐར༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊཱི་སརྦ་སིདྡྷི་ཧཱུྃ༔ ཆོས་འབྱུང་མཐའ་ལ་སྔགས་འདིས་བསྐོར༔ ཏྲག་རཀྴ་རཀྨོ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བདག་འཆང་བ་པོའི་མིང་བཅུག་པའི་མཐར༔ མ་མོ་སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊཱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ཅི་བཅོལ་བའི་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ༔ དེ་ཕྱིར་རྩིབས་བརྒྱད་གཡས་བསྐོར་གྱི༔ རྩིབས་ནང་ཤར་ནས་རིམ་པ་བཞིན༔ ཨ་དྷེ་ཝ་རཀྴ་སརྦ་སིདྡྷི་ཧཱུྃ༔ ན་ནཱ་ག་རཀྴ་སརྦ་སིདྡྷི་ཧཱུྃ༔ ཡ་ཡ་མ་རཀྴ་སརྦ་སིདྡྷི་ཧཱུྃ༔ རུ་རཀྴ་ཛྭ་ལ་རཀྴ་སརྦ་སིདྡྷི་ཧཱུྃ༔ ཙ་ཤུ་ལ་རཀྴ་སརྦ་སིདྡྷི་ཧཱུྃ༔ ཤ་བཛྲ་ས་དྷུ་སརྦ་སིདྡྷི་ཧཱུྃ༔ དུ་པྲ་མ་རཀྴ་སརྦ་སིདྡྷི་ཧཱུྃ༔ མ་མ་མ་རཀྴ་སརྦ་སིདྡྷི་ཧཱུྃ༔ དེ་ཕྱིར་མུ་ཁྱུད་ཟླུམ་པོའི་ནང་༔ ཨོཾ་ཛྙཱ་ན་ལོ་ཀ་སརྦ་ས་མ་ཡཱ༔ ཌཱཀྐ་ཌཱཀྐི་སརྦ་ཕ་ལ་སིདྡྷི་ཧཱུྃ༔ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས༔ གང་འདོད་དབང་འདུས་དགྲ་བགེགས་སྒྲོལ༔ ལས་བཞི་གང་བརྩམ་དེ་དག་ཀུན༔ སྲུང་མས་མྱུར་དུ་འགྲུབ་པར་མཛོད༔ ཅེས་བྲིས་དེ་ཕྱིར་མུ་ཁྱུད་ལ༔ དབྱངས་གསལ་རྟེན་སྙིང་འདོད་གསོལ་བྲི༔ དེ་ཕྱིར་མུ་ཁྱུད་མེ་རི་འབྲི༔ བཟང་དྲུག་སྨན་དང་ན་ཆུང་མཚལ༔ ནལ་བུའི་སྙིང་ཁྲག་མཆོག་ཡིན་ལ༔ མ་འཛོམས་མཚལ་དམར་ལི་ཁྲིས་བྱུག༔ དར་ཟབ་སྣ་ལྔས་ལེགས་པར་དྲིལ༔ ཚོན་སྣ་ལྔ་ཡི་སྐུད་པས་བསྡམས༔ ཉེར་དགུ་གནམ་སྟོང་ཡར་མར་གྱི༔ ཚེས་བཅུ་རྒྱལ་ཕུར་འཛོམས་ན་རབ༔ མིན་ཀྱང་གཟའ་སྐར་བཟང་པོ་ལ༔ རྩ་གསུམ་བསྙེན་པའི་ཁ་གསོ་ཞིང་༔ རང་སྔགས་ཡེ་དྷར་བརྒྱ་རྩ་བརྒྱད༔ བཟླས་ལ་སྲུང་འཁོར་ལྷ་རུ་གསལ༔ སྤྱན་དྲངས་བཞུགས་གསོལ་བརྟན་བཞུགས་བྱ༔ ཤིས་བརྗོད་སྲུང་མ་གཏོར་མས་བརྔན༔ ལུས་དྲོད་འབྲལ་མེད་གསང་ཞིང་བཅིངས༔ དམ་ཚིག་མར་ངོའི་ཚེས་བཅུ་དང་༔ རྒྱུན་གསོལ་ཆག་མེད་སྔགས་སྲུང་མར༔ མ་སྲིང་ཚུལ་དུ་བརྩེ་གདུང་བྱ༔ བུད་མེད་མི་སྨད་ཤ་ཆང་ལ༔ ཐ་མལ་རྟོག་པ་སྤང་བྱ་སྟེ༔ ཕུང་ཁམས་ལྷ་ལ་མཆོད་ཚུལ་གྱིས༔ ལོངས་སྤྱོད་དུས་ཀུན་དྲན་ཤེས་བརྟེན༔ ས་མ་ཡཱ༔ དེས་ནི་མཁའ་འགྲོ་གྲིབ་ལྟར་འགྲོགས༔ བར་ཆད་མ་ལུས་སེལ་བ་དང་༔ ཐུན་མོང་མི་དང་མི་མིན་གྱིས༔ གྲོགས་བྱེད་ཅི་དགོས་ངེས་པར་འགྲུབ༔ ཐུན་མིན་ཉམས་རྟོགས་ཡོན་ཏན་འཕེལ༔ ཟབ་ལས་ཆེས་ཟབ་སྲོག་འཁོར་འདི༔ མང་དུ་མ་སྤེལ་རང་ཉམས་ལོངས༔ ཤིན་ཏུ་ཟབ་པའི་མཐར་ཐུག་ཡིན༔ སྐལ་ལྡན་བུ་ལ་གཏད་དོ་རྒྱ༔ སྐལ་མེད་རྣམས་ལ་གསང་ངོ་རྒྱ༔ ཐེ་ཚོམ་ཅན་ལ་ཨི་ཐི་རྒྱ༔ དུས་བབས་འགྲོ་དོན་མཐར་ཕྱིན་ཤོག༔ གུ་ཧྱ༔ ཞེས་པའང་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཨ་གཾ་བིདྱ་དྭཱི་པས་ཆོས་སྐུ་གཞིར་གནས་གྱི་རིག་པ་བདེ་གསལ་མཉམ་པ་ཉིད་ཀྱི་སྒྲོམ་ནས་བཏོན་པའོ། །སརྦ་མངྒ་ལཾ།།

སྦྱིན་སྲེག་ལས་བཞིའི་འདོད་འཇོ།

ཟབ་ཆོས་རལ་གཅིག་ཐུགས་སྒྲུབ་ལས༔ སྦྱིན་སྲེག་ལས་བཞིའི་འདོད་འཇོ་བཞུགས༔

རང་བྱུང་དབྱིངས་ཀྱི་ཡུམ་ལ་འདུད༔ རལ་གཅིག་ཁྲོས་མའི་རྣལ་འབྱོར་པས༔ རྩ་བའི་བསྙེན་པ་སྔོན་སོང་ནས༔ སྐབས་སུ་མེ་ཡི་ཕྲིན་ལས་བརྩམས༔ ས་མ་ཡཱ༔ ནད་གདོན་བར་ཆད་ཞི་འདོད་ན༔ དཀྱིལ་འཁོར་བཀོད་ལེགས་རྐྱང་ནུལ་བྱ༔ ཐིག་བརྒྱད་གདབ་ཅིང་མུ་ཁྱུད་ཟླུམ༔ དབུས་སུ་གྲི་ཁུག་ལྟེ་བར་བྷྱོ༔ འདབ་བརྒྱད་སོ་གཉིས་འབྲུ་ཚོམ་འགོད༔ བདུད་རྩི་ཅན་གྱི་ཐབ་ཤིང་བརྩིགས༔ མཐའ་ལ་རྡོར་ཕྲེང་མེ་རིས་བསྐོར༔ ཁ་དོག་ཀུན་ནས་དཀར་པོ་བྱ༔ དེ་བཞིན་གྲུ་བཞི་ཁ་དོག་སེར༔ ཚེ་བསོད་དཔལ་འབྱོར་རྒྱས་ཕྱིར་རོ༔ དབང་ལ་ཟླ་གམ་ཁ་དོག་དམར༔ དྲག་པོ་གྲུ་གསུམ་ཁ་དོག་ནག༔ སོ་སོར་བརྩིགས་ཤིང་ཤུག་པ་དང་༔ ཉ་བྲུག་མཛོ་མོ་ཚེར་ནག་ཤིང་༔ བསྲེག་རྫས་ཡམ་ཤིང་བདུད་རྩི་ཅན༔ ཞི་རྒྱས་ལ་ཤིས་དབང་ལ་ནི༔ ཙནྡན་དྲག་པོར་ཚེར་ནག་ཤིང་༔ སོ་སོར་ཞི་རྒྱས་དབང་དྲག་པོའི༔ འདོད་གསོལ་སྦྱར་ཞིང་བསྲེག་པའི་རྫས༔ འབྲས་དང་དྭངས་ཤེལ་མེ་ཏོག་དཀར༔ གྲོ་ནས་སྤོས་ཤེལ་མེ་ཏོག་སེར༔ སྲན་ཆུང་བྱི་རུ་པད་རག་ཟངས༔ བྲ་བོ་ཡུངས་དཀར་ལྕགས་ཕྱེ་དུག༔ གཞན་ཡང་ཞི་རྒྱས་དབང་དྲག་གི༔ ཡོ་བྱད་གཞན་དང་མཐུན་པར་བསགས༔ བདག་མདུན་ཐ་མི་དད་པ་རུ༔ བསྙེན་ཁ་གསོ་ཞིང་མཆོད་བསྟོད་བྱ༔ ཚོགས་ཀྱི་མཆོད་པས་ཉམས་ཆག་བཤགས༔ དམིགས་བྱ་བསྒྲལ་ཞིང་ཞལ་བསྟབ་བྱ༔ ལས་བཞི་སོ་སོར་རྒྱལ་རིགས་དང་༔ ཚོང་དཔོན་སྨད་འཚོང་དམེ་ཤན་ལས༔ མེ་བླངས་ཕྱོགས་བཞིར་ཁ་བལྟས་ཏེ༔ སྟོང་དང་རྗེས་ཆགས་གཏུམ་པའི་སེམས༔ ཀུན་ལ་བྱང་ཆུབ་སེམས་ལྡན་གཅེས༔ ལྟ་བ་བློ་འདས་རྫོགས་ཆེན་ལ༔ སྒོམ་པ་ཡེངས་མེད་གཞི་བཟུང་ལ༔ སྤྱོད་པ་ལྷོད་ཆགས་བབ་ཅོལ་སྤངས༔ འབྲས་བུ་གཞན་དོན་རྫོགས་སངས་རྒྱས༔ ཚེ་འདིར་མངོན་དུ་སྒྲུབ་འདོད་བློས༔ ཤུ་ནྱ་ཏ་ཡི་སྔགས་ཀྱིས་སྦྱང་༔ ལས་བུམ་བདུད་རྩི་འཁྱིལ་བ་བསྐྱེད༔ སྤྱན་དྲངས་མཆོད་བསྟོད་བཟླས་པ་བྱ༔ ལྷ་ཉིད་འོད་ཞུ་བུམ་ཆུར་འདྲེས༔ བསྲེག་རྫས་ཀུན་བཟང་མཆོད་པའི་སྤྲིན༔ ནམ་མཁའ་མཛོད་དུ་ཚིག་འདིས་སྤེལ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ནས་རྒྱལ་བའི་གསང་གསུམ་ཡི་གེ་གསུམ༔ རང་གདངས་སྒྲ་དང་བཅས་ཏེ་ཆར་དུ་བབས༔ མཆོད་པའི་ཡོ་བྱད་ཀུན་བཟང་རྣམ་འཕྲུལ་ལྟར༔ འཛད་མེད་བསམ་མི་ཁྱབ་པའི་སྤྲིན་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱི་ཕྱི་མཆོད་དང་༔ སྨན་རཀ་གཏོར་མའི་སྔགས་ཀྱང་བརྗོད༔ དེ་ནས་ཐབ་ལ་མེ་སྦར་ཏེ༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ཡི་མེ༔ རབ་འབར་དབུས་སུ་རཾ་ཡིག་དཀར་པོ་ལས༔ ནད་གདོན་སྡིག་སྒྲིབ་ཞི་བྱེད་མེ་ལྷ་དཀར༔ འཛུམ་པའི་ཉམས་ཅན་ར་སྐྱེས་དཀར་པོ་ཆིབས༔ ཕྱག་གཡས་མེ་ཐབ་གཡོན་པས་གྷནྡྷེ་བསྣམས༔ དྲང་སྲོང་ཆ་བྱད་རིགས་བདག་རྡོ་རྗེ་སེམས༔ གནས་གསུམ་ཡི་གེས་ཐབ་ཀྱི་ཤར་ལྷོ་ནས༔ རང་འདྲ་སྤྱན་དྲངས་རྟེན་དང་དབྱེར་མེད་གྱུར༔ མེ་དར་དཀར་པོ་གཡབ་ཅིང་འདི་སྐད་དོ༔ ཧཱུྃ༔ དད་པ་དང་ནི་འགྲོ་བའི་སྒྲིབ་སྦྱང་ཕྱིར༔ འཇིག་རྟེན་འདས་ཀྱང་སེམས་ཅན་དོན་སླད་དུ༔ ཤར་ལྷོ་ཕྱོགས་སྐྱོང་མེ་ལྷ་དྲང་སྲོང་ཆེ༔ ཞི་བའི་སེམས་ཀྱིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨགྣེ་རཱ་ཛ་ཨེ་ཧྱ་ཧེ་བཛྲ་ས་མ་ཡཱ་ཛ་ཛ༔ དེ་ནས་ལྷ་ཡི་ང་རྒྱལ་གྱིས༔ རྗེས་འབྲང་བགེགས་རྣམས་བསྐྲད་པར་བྱ༔ ཨོཾ་སྙིང་རྗེ་ཚད་མེད་ལྕགས་ཀྱུས་མདུན་དུ་བཀུག༔ ཕན་འདོད་བྱམས་པའི་ཞགས་པས་རྟེན་ལ་འཆིང༔ མི་འཁྲུགས་དགའ་བའི་སྒྲོག་གིས་དབྱེར་མེད་བརྟན༔ བཏང་སྙོམས་མཉམ་པའི་དྲིལ་བུས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བྃ་ཧོ༔ དེ་ནས་ཕྱི་ཡི་མཆོད་པ་འབུལ༔ དྭངས་པའི་སེམས་ཀྱིས་བསྟོད་པ་ནི༔ ཧོཿ རྒྱལ་ཀུན་འགྲོ་ལ་རྗེས་བརྩེ་བས༔ ཤར་ལྷོ་སྐྱོང་བའི་དཔའ་བོར་སྤྲུལ༔ འགྲོ་དོན་སྡིག་སྒྲིབ་ཞི་མཛད་པ༔ ལས་ཀུན་སྒྲུབ་མཛད་ཁྱེད་ལ་བསྟོད༔ དེ་ནས་ཐོག་མར་བྱོན་སྐྱེམས་ལ༔ མར་ཁུ་དགང་བླུགས་བདུན་གྱིས་གསོ༔ ཨོཾ་ཨགྞེ་ཡེ་སྭཱ་ཧཱ༔ ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་གྱུར་ཅིག་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་འབྲས་དང་ཤེལ་ལ་སོགས༔ ཞི་བའི་བསྲེག་རྫས་ཚིག་འདིས་འབུལ༔ ཨོཾ༔ འཇིག་རྟེན་སྐྱོང་བ་ཨགྣེ་རཱ་ཛ་ལ༔ ནད་གདོན་སྡིག་སྒྲིབ་བར་ཆད་ཞི་བའི་ཕྱིར༔ མ་ཉམས་གཙང་སྦྱར་བདུད་རྩི་ཅན་གྱི་ཤིང་༔ འབྲས་དང་ཏིལ་འབྲས་དུར་ཝ་སོ་བ་ཡུངས༔ གུས་པས་འབུལ་ལོ་དགྱེས་པས་འདི་བཞེས་ལ༔ ནད་གདོན་སྡིག་སྒྲིབ་འཇིགས་བརྒྱད་ཞི་མཛད་གསོལ༔ ཨོཾ་ཨགྞེ་ཡེ་སརྦ་ནད་སོགས་ཁ་བསྒྱུར༔ ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དང་པོ་ཡམ་ཤིང་མར་ཁུ་དང་༔ འབྲས་སོགས་རྫས་རྣམས་སྤྱི་ལྟར་འབུལ༔ སྔར་ལྟར་མཆོད་བསྟོད་ཤར་ལྷོར་གཤེགས༔ དཔང་པོའི་ཚུལ་བཞུགས་བསྲེག་རྫས་རྣམས༔ ཆུད་མི་ཟ་བར་ཡེ་ཤེས་ལྟར༔ འབུལ་བའི་ཕྱག་ཚང་བྱེད་པར་བསམ༔ དེ་ནས་ཡེ་ཤེས་མེ་ཡི་དབུས༔ སྔགས་ཀྱི་སྲུང་མ་གཙོ་འཁོར་བསྒོམས༔ མཆོད་བསྟོད་བྱ་ཞིང་འདས་པའི་ལྷའི༔ ལྗགས་ལས་རྡོ་རྗེ་རྩེ་ལྔའི་སྦུབས༔ ཧཱུྃ་སྨུག་དགང་བླུགས་ཁ་ལ་རཾ༔ ལས་མདོག་འོད་ཟེར་འབར་བར་བསམ༔ ཞི་བར་བདག་དང་སྦྱིན་བདག་གི༔ ནད་གདོན་འཇིགས་བརྒྱད་སྡིག་གྲིབ་རྣམས༔ བསྲེག་རྫས་ལ་བསྟིམ་བདུད་རྩིར་བསམ༔ ལྷ་ཚོགས་སྐུ་མདོག་དུང་ལྟར་དཀར༔ རྒྱས་པར་ཚེ་ལ་བར་གཅོད་པའི༔ འཆི་བདུད་ནུས་པ་རྫས་ལ་བསྟིམ༔ དེ་ཡང་ཟག་མེད་བདུད་རྩིར་དམིགས༔ ལྷ་ཚོགས་གསེར་མདོག་འོད་འབར་དམིགས༔ དབང་ལ་གང་དམིགས་བདག་ཉིད་ལྷའི༔ ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་བཀུག༔ རྫས་བསྟིམས་འཆི་མེད་བདུད་རྩིར་བསམ༔ སྐུ་མདོག་དམར་མོ་འོད་སྟོང་འབར༔ དྲག་པོར་བྱད་མ་རྦོད་གཏོང་དང་༔ གདོན་བགེགས་སྲི་ངན་རྣམ་ཤེས་བཀུག༔ བསྲེག་རྫས་ཤ་ཁྲག་བདུད་རྩིར་བསམ༔ སྐུ་མདོག་ཆར་སྤྲིན་ལྟར་གནག་བསམ༔ ཚིག་འདིས་སོ་སོའི་ཡམ་ཤིང་དང་༔ མར་ཁུ་བསྲེག་རྫས་འབུལ་བར་བྱ༔ ཧཱུྃ༔ དོན་གཉིས་མཐར་སོན་སྔགས་སྲུང་རལ་གཅིག་མ༔ སྤྲུལ་དང་ཡང་སྤྲུལ་གཙོ་འཁོར་ཐམས་ཅད་ལ༔ མི་མཐུན་ཕྱོགས་ཀུན་ཞི་མཛད་ཡམ་ཤིང་དང་༔ བསྲེག་རྫས་ཟག་མེད་བདུད་རྩིའི་མཆོད་པ་འབུལ༔ དགྱེས་པར་བཞེས་ནས་ནད་གདོན་སྡིག་སྒྲིབ་སོགས༔ གང་དམིགས་མྱུར་དུ་ཞི་བའི་ཕྲིན་ལས་མཛོད༔ དེ་བཞིན་གཞན་གསུམ་ཁ་བསྒྱུར་བྱ༔ རྩ་བའི་སྔགས་ཀྱིས་གྲངས་བཟུང་ལ༔ སྤྲོ་ན་རྫས་སྔགས་སོ་སོར་སྦྱར༔ བསྡུ་ན་ཀུན་ལ་སྔགས་འདིས་ཆོག༔ སརྦ་མ་ཧཱ་པཱུ་ཛ་ཧོ༔ སྐབས་སུ་འདོད་གསོལ་འདི་ཡང་བྱ༔ བདག་ཅག་ཆྒཻ་མོའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་གྱུར་ཅིག༔ ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་བཞིན་ཀུན་ལ་རིགས་འགྲེས་ཤེས༔ དེ་ནས་མཆོད་པ་ཕུལ༔ ལས་གཏོར་རྩ་བའི་སྔགས་ཤམ་དུ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཁཱ་ཁྷཱི༔ དེ་ནས་གཞུང་གི་བསྟོད་པའམ༔ ཡང་ན་ཚིག་འདིས་གུས་པར་བསྟོད༔ ཧཱུྃ༔ རབ་འབྱམས་རྒྱལ་ཀུན་ཆོས་ཀྱི་དབྱིངས་སུ་མཉམ༔ རྩལ་སྣང་འགག་མེད་འགྲོ་བའི་དོན་སླད་དུ༔ ཞི་ཆགས་ཁྲོ་གཏུམ་ཉམས་བརྒྱར་འབར་བའི་གཟུགས༔ ཅིར་ཡང་སྟོན་མཛད་སྔགས་ཀྱི་སྲུང་མར་བསྟོད༔ དེ་ནས་ཡེ་ཤེས་ལྷ་ཚོགས་ལ༔ ནོངས་བཤགས་ཆོས་ཀྱི་དབྱིངས་སུ་གཤེགས༔ སླར་ཡང་འཇིག་རྟེན་མེ་ཡི་ལྷ༔ སྔར་ལྟར་གསལ་བའི་ལྗགས་རྡོ་རྗེའི༔ སྦུ་གུས་བསྲེག་རྫས་བདུད་རྩིའི་བཅུད༔ གསོལ་བས་ལས་རྣམས་འགྲུབ་པར་བསམ༔ ཨོཾ་ཨགྣེ་ཡེ་སྭཱ་ཧཱ༔ ཞེས་པ་བདུན་གྱིས་མར་ཁུ་འབུལ༔ ཡམ་ཤིང་ལ་སོགས་བསྲེག་རྫས་རྣམས༔ སོ་སོར་ཚིག་འདིས་འབུལ་བར་བྱ༔ དྷོ༔ ལས་ཀུན་སྒྲུབ་མཛད་ཨགྞེ་རཱ་ཛ་ལ༔ བདུད་རྩིའི་རང་བཞིན་བསྲེག་རྫས་འདི་འབུལ་བས༔ དགྱེས་པ་ཆེན་པོས་གཏང་རག་ཚུལ་དུ་བཞེས༔ ལས་ཀུན་འགྲུབ་ནས་བསྟན་འགྲོར་སྨན་ནུས་མཛོད༔ ཨོཾ་ཨགྣེ་རཱ་ཛ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི༔ ནད་གདོན་འཇིགས་བརྒྱད་མི་མཐུན་ཕྱོགས༔ སྡིག་སྒྲིབ་བག་ཆགས་དམ་ཚིག་ཉམས༔ སྔགས་ཀྱི་ཆད་ལྷག་ལ་སོགས་པ༔ ཐམས་ཅད་ཞི་བར་མཛད་དུ་གསོལ༔ ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་དང་སྦྱིན་བདག་ཚེ་བསོད་རྣམས༔ བུ་ནོར་ལོངས་སྤྱོད་ལུང་རྟོགས་ཀྱི༔ ཉམས་དང་རྟོགས་པའི་ཡོན་ཏན་སོགས༔ ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ པུཥྚཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟས་ནོར་གོས་དང་བརྩེ་བའི་གྲོགས༔ དམ་ལྡན་སློབ་མ་འབྱོར་ལྡན་གྱི༔ སྦྱིན་བདག་གཟུགས་ཅན་གཟུགས་མེད་སོགས༔ གང་དམིགས་དབང་དུ་འདུ་བར་མཛོད༔ ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བསྟན་འགྲོར་གནོད་བྱེད་སྤྱི་ཡི་དགྲ༔ ཚེ་བསོད་ལ་སྡང་གནོད་བྱེད་བགེགས༔ ཆོས་སྲིད་རྒྱུན་གཅོད་དམ་སྲི་སོགས༔ ལོག་འདྲེན་བརླག་པར་མཛད་དུ་གསོལ༔ མཱ་ར་ཡ་རྦད་ཀུ་རུ་ཡེ་སྭཱ་ཧཱ༔ མེ་ལྷའི་གཏང་རག་ལྔ་བདུན་གསུམ༔ གྲངས་བསྟུན་གང་ཡིན་འདོད་གསོལ་བྱ༔ མེ་ལྷའི་གཏོར་མ་བདུད་རྩིས་བྲན༔ ཨོཾ་ཨགྞེ་ཡེ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ ལས་ཀྱི་གཉེར་འཛིན་མེ་ཡི་ལྷར༔ གང་འདོད་ལས་ཀུན་མྱུར་འགྲུབ་ཕྱིར༔ དམ་ཚིག་བྷ་ལིང་མཆོད་པ་འབུལ༔ རང་གཞན་དོན་ཀུན་མྱུར་འགྲུབ་གསོལ༔ ཅེས་བརྗོད་ནོངས་པ་ཡིག་བརྒྱས་བཤགས༔ གཤེགས་གསོལ་རིམ་པ་འདི་ལྟར་བྱ༔ ཧོ༔ རང་གཞན་དགེ་བའི་འདོད་དོན་བསྒྲུབས་ཟིན་པས༔ འཇིག་རྟེན་ཕྱོགས་སྐྱོང་རྒྱལ་པོ་རང་གནས་གཤེགས༔ སླར་ཡང་གསང་ཆེན་ཟབ་མོའི་ཕྲིན་ལས་ཀྱིས༔ རང་གཞན་ཕན་བདེའི་དོན་ཕྱིར་སྤྱོན་འཚལ་ལོ༔ གཞུང་བཞིན་བསྔོ་སྨོན་ཤིས་པ་བརྗོད༔ ས་མ་ཡཱ༔ གསང་སྔགས་ལས་སྦྱོར་འབྱུང་བ་བཞིའི༔ རྣོ་མྱུར་མེ་ཡི་ལས་བརྩམས་པས༔ སྔགས་ཀྱི་ཆད་ལྷག་གསོ་བ་དང་༔ ལས་ནི་གང་ལ་དམིགས་པ་དེ༔ གདོན་མི་ཟ་བར་འགྲུབ་ངེས་སོ༔ ལུང་རིག་གླིང་པས་དག་སྣང་གི་ཆོས་ཀྱི་ཡན་ལག་ཏུ་ཕབ་པའོ།།

སྦྱིན་སྲེག་ཞལ་ཤེས།

༄༅། ཞལ་ཤེས་དག་སྣང་ལས། གཏོར་མ་སྨན་དང་འོ་མ་ནི། །ཞི་བའི་ལས་ལ་ཟླུམ་པོ་བྱ། །ཕྱུག་པོའི་རྫས་དང་འབྲས་དཀར་སྦྱར། །རྒྱས་པའི་ལས་ལ་གྲུ་བཞིའོ། །སྨད་ཚོང་ཆགས་པའི་ཆང་སྦྲང་མངར། །དབང་ལ་ཟླ་གམ་དམར་པོ་ཤེས། །དུག་ཁྲག་ཟག་རྫས་མིང་བྲིས་འབྲུ། །ནག་པོ་གྲུ་གསུམ་དྲག་པོར་སྣང་། །ཡམ་ཤིང་ཤུག་པ་འོམ་བུ་ནི། །ནད་གདོན་ཞི་བའི་འདོད་གསོལ་འབྲི། །ཉ་བྲུག་སེང་ལྡིང་མཁན་པ་རྒྱས། །ཚེ་བསོད་རྒྱས་པའི་འདོད་གསོལ་འབྲི། །ཙནྡན་མཛོ་མོ་སེ་འབྲུ་དབང་། །གང་དམིགས་འདུ་བའི་འདོད་གསོལ་འབྲི། །ཚེར་ནག་སྐྱེར་བ་རྩིབས་རུས་དྲག །ལོག་འདྲེན་བརླག་པའི་འདོད་གསོལ་བྱ། །རྫས་ནི་སྡིག་སྒྲིབ་ཞི་འདོད་ན། །ཏིལ་ནག་ནད་ཞིར་སྨན་སྣ་ཚོགས། །སྔགས་ཀྱི་ཆད་ལྷག་ཉེས་སྦྱོང་ན། །དུང་ཤེལ་དཀར་གསུམ་དེ་བཞིན་དུ། །བགེགས་ཞིར་ཡུངས་དཀར་འཇིགས་བརྒྱད་སོགས། །ཞི་ཕྱིར་མེ་ཏོག་དཀར་པོ་ཤེས། །ཚེ་འཕེལ་དུར་ཝ་བསོད་ནམས་ལ། །ཞོ་ཟན་འབྱོར་བར་མར་ཁུ་དང་། །སྲིད་རྒྱས་ཤིང་ཏོག་ཉམས་རྟོགས་ལ། །གསེར་དང་སྤོས་ཤེལ་གུར་གུམ་མོ། །ཟས་དབང་འདུ་ལ་སྦྲང་བུ་རམ། །ཁྱད་པར་གང་འདོད་ཟས་རྣམས་དང་། །གོས་ལ་དར་ཟབ་ལྷ་ལ་དུང་། །མི་ལ་གཡུ་དང་རྒྱལ་པོར་གསེར། །བློན་པོར་དངུལ་དང་བཙུན་མོར་ཟངས། །འབངས་དང་སྔགས་པར་ལྕགས་རྣམས་དང་། །སྤྱི་ལ་མེ་ཏོག་ཁུག་ཆོས་སོ། །དྲག་པོར་དུག་ལྕགས་འབྲུ་ནག་སོགས། །དགྲ་ལ་མིང་རུས་བགེགས་ལ་ཏིལ། །ཀུན་ལ་སྤྱི་དང་མཐུན་པར་བྱ། །མཁས་པའི་ཞལ་ལས་ཤེས་པར་བྱ། །ཅེས་པའང་བླུན་རྒན་སྤྲུལ་མིང་པས་སོ།།

རལ་གཅིག་སྲོག་དབང་མཁའ་འགྲོའི་ཐུགས་བཅུད།

དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ རལ་གཅིག་སྲོག་དབང་མཁའ་འགྲོའི་ཐུགས་བཅུད་བཞུགས༔

ཤེས་རབ་དབྱིངས་ཀྱི་ཡུམ་ལ་འདུད༔ གསང་སྔགས་སྲུང་མ་ཀུན་གྱི་གཙོ༔ ཁྱད་པར་རྫོགས་པ་ཆེན་པོ་ཡི༔ མན་ངག་བཀའ་ཡི་གཉེར་འཛིན་པ༔ རལ་གཅིག་སྲོག་དབང་ཟབ་མོ་བསྟན༔ བདག་ཉིད་པདྨ་ཐོད་ཕྲེང་གིས༔ རྒྱ་བོད་ཆོས་ཀྱི་ཚོང་དུས་འགྲིམ༔ མཁས་གྲུབ་བརྒྱ་དང་རྩ་བརྒྱད་བསྟེན༔ ཁྱད་པར་རོམ་བུ་གུ་ཧྱ་ལ༔ འཇིག་རྟེན་མཆོད་བསྟོད་རྒྱུད་ལུང་ཞུས༔ ཡེ་ཤེས་འཇིག་རྟེན་དྲེགས་པ་ཡི༔ སྲོག་ལ་དབང་བསྒྱུར་སྲིད་ཞིའི་བདག༔ དེ་ཕྱིར་སྲོག་གཏད་ཟབ་མོ་ཀུན༔ རྒྱུད་ཀྱི་དགོངས་པ་མངོན་ཕྱུང་ནས༔ མ་འོངས་སྐལ་ལྡན་དོན་དུ་བསྟན༔ ས་མ་ཡཱ༔ ཁྱད་པར་གཟུངས་མ་མཚོ་རྒྱལ་གྱིས༔ ཨོ་རྒྱན་ཡུལ་གྱི་གནས་ཀུན་ཉུལ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་ཀུན༔ བླ་མར་བསྟེན་ཅིང་བྲན་དུ་བཀོལ༔ དེ་ཕྱིར་སྔགས་སྲུང་རལ་གཅིག་མ༔ ལུས་དང་གྲིབ་མའི་ཚུལ་དུ་འགྲོགས༔ ད་ལྟ་དགོས་པའི་གནས་མེད་ཀྱང་༔ མ་འོངས་སྐྱེ་བ་བརྒྱུད་པའི་དུས༔ བར་ཆད་སེལ་ཞིང་དངོས་གྲུབ་ཀུན༔ སྲུང་མ་འདི་ཡིས་ངེས་པར་སྟེར༔ དེ་ཕྱིར་སྲོག་དབང་ཟབ་མོ་འདི༔ ཡེ་ཤེས་དགོངས་པའི་རྩལ་བདུན་གྱིས༔ སྙིང་གི་ག་འུར་རྒྱས་ཐོབ་ལ༔ མ་འོངས་སྤྲུལ་པའི་གང་ཟག་དང་༔ འཕྲད་པའི་སྨོན་ལམ་ཡང་ཡང་ཐོབ༔ དེ་ཡང་ཡིད་དང་མཐུན་པའི་གནས༔ དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་༔ བུམ་པ་སྐུ་ལ་སྲོག་སྔགས་གསུང་༔ ཐུགས་རྟེན་མན་ཤེལ་ཡོན་ཏན་སྦ༔ ཕྲིན་ལས་ལྕགས་ཕུར་དར་སྣས་བརྒྱན༔ ལས་སྒྲུབ་གཏོར་མ་ཕྱག་མཚན་ཆས༔ སྦྱོར་སྒྲོལ་རྫས་བཤམས་བདག་མདུན་ཀུན༔ དབྱིངས་ཀྱི་རལ་གཅིག་ལྷ་རུ་བསྐྱེད༔ བསྙེན་པ་བརྒྱ་སྟོང་ཁ་གསོ་ཞིང་༔ ཁྱད་པར་བུམ་པ་བཅུད་དང་བཅས༔ ལྷ་རུ་བསྐྱེད་ཅིང་སྔགས་ཀྱིས་གསོ༔ མཆོད་བསྟོད་དངོས་གྲུབ་ལེན་པ་རྣམས༔ གཞུང་བཞིན་སྔོན་དུ་སོང་ནས་སླར༔ དམ་ལྡན་སློབ་མར་དབང་བསྐུར་བའི༔ གནང་བ་ཞུ་ཞིང་མདུན་དུ་འཁོད༔ ལྔ་བདུན་གསུམ་ལས་མི་མང་བའི༔ སློབ་མར་ཁྲུས་བྱས་བགེགས་བསྐྲད་དེ༔ མི་དམིགས་སྟོང་པའི་སྲུང་གུར་ཕུབ༔ ཕྱག་མཚན་མཚོན་ཆའི་མཎྜལ་དབུལ༔ གསོལ་བ་འདེབས་པ་འདི་བཞིན་བྱ༔ འཁོར་འདས་ཡོངས་ཀྱི་བདག་ཉིད་ཆེ༔ དཀྱིལ་འཁོར་གཙོ་བོ་ཧེ་རུ་ཀ༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མ༔ སྲོག་དབང་ཟབ་མོ་བདག་ལ་སྩོལ༔ དེ་ནས་བླ་མས་ལན་འདི་བྱིན༔ ཀྱཻ་ཧོ་ལས་དང་སྐལ་བར་ལྡན༔ ཟབ་གསང་རྫོགས་པ་ཆེན་པོ་ཡི༔ ཉམས་ལེན་གནད་དུ་བསྣུན་ནུས་ན༔ སྲུང་མའི་སྲོག་གཏད་ངེས་པར་སྦྱིན༔ དེ་ཕྱིར་སྙིང་ལ་བྲོ་བོར་ཅིག༔ བཛྲ་ས་མ་ཡཱ་ཧཱུྃ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧཱུྃ༔ འདི་ནི་སྲེག་བྱེད་རྡོ་རྗེའི་ཆུ༔ དམ་ཚིག་ལྡན་ན་དངོས་གྲུབ་ཀུན༔ སྦྱིན་མཛད་ཡེ་ཤེས་སེམས་དཔའ་ཆེ༔ ཉམས་ན་མནར་མེད་མེ་ཡིས་སྲེག༔ ཁེ་ཉེན་ཆེ་བའི་བདུད་རྩིའི་བཅུད༔ དྲན་པས་ཟུངས་ལ་ཚུལ་བཞིན་འཐུང་༔ ངག་ཏུ་བླུད་ཅིང་གནས་གསུམ་དུ༔ འབྲུ་གསུམ་སྔགས་ཀྱིས་རྒྱས་གདབ་བྱ༔ གདོང་གཡོགས་དར་རས་དམར་པོས་དཀྲིས༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་གཏད༔ ལོ་རྒྱུས་ཟབ་མོ་འདི་བཞིན་བརྗོད༔ ཀྱཻ་ཧོ་སྐལ་ལྡན་སེམས་ཀྱི་བུ༔ གཞི་སྣང་མ་ངེས་དུས་ཀྱི་ཚེ༔ ཡེ་ཐོག་གདོད་མའི་མགོན་པོ་ལ༔ རང་བྱུང་རྩོལ་མེད་བླ་མ་ཡིས༔ རང་བབ་གཤིས་ཀྱི་གནས་ལུགས་བསྟན༔ བརྗོད་མེད་ཀློང་ལས་རྩལ་སྣང་ཤར༔ དྲུག་ལྡན་དགོངས་པའི་གསང་མཛོད་ནས༔ རང་བཞིན་རྫོགས་པ་ཆེན་པོ་ནི༔ སྒྲ་ཚིག་བློ་ལས་འདས་པ་རུ༔ རང་ལས་མི་གཞན་འཁོར་རྣམས་ལ༔ རང་བཞིན་ཉིད་དུ་སྣང་བའི་ཚེ༔ འགྱུ་གྲོལ་རྟོགས་པའི་རང་རྩལ་ལས༔ སྔགས་སྲུང་ཁྲོས་མའི་རྣམ་པར་ཤར༔ དུར་ཁྲོད་མེ་རི་འབར་བ་རུ༔ གསང་སྔགས་རྒྱུད་ཀྱི་གཉེར་ཁ་བཟུང་༔ གསང་འཛིན་ལག་ན་རྡོ་རྗེ་ཡིས༔ བསྟན་པ་སྲུང་བར་བཀའ་ཡང་བསྒོས༔ ཟབ་གསང་རྒྱུད་ཀྱི་གླེགས་བམ་དང་༔ དེ་འཛིན་རྣལ་འབྱོར་སྡེ་དང་བཅས༔ རྟག་ཏུ་སྲུང་སྐྱོབ་དམ་ཡང་མནོས༔ སྒྲུབ་པོ་ཀུན་གྱི་སྙིང་ལ་གནས༔ ཏིང་འཛིན་ཉམས་ཀྱི་དྲོད་ཚད་ཉུལ༔ ལེགས་ཉེས་སྟངས་འཛིན་བྱ་ར་མཛད༔ ཞིང་བཅུའི་གཤེད་དུ་ཆེར་ཁྲོས་པ༔ སྲུང་མ་ཀུན་གྱི་མཐར་ཐུག་སྟེ༔ འདི་ཉིད་གཅིག་པུ་བསྒྲུབ་པས་ཀྱང་༔ ཡེ་ཤེས་འཇིག་རྟེན་དྲེགས་པ་ཀུན༔ ལས་ལ་བཀོལ་ཞིང་སྲོག་ལ་དབང་༔ འབངས་སུ་བགྱིད་ཅིང་གང་བཅོལ་འགྲུབ༔ ཟབ་པའི་ནང་ནས་ཡང་ཟབ་སྟེ༔ སྙིང་དང་མིག་ལས་གཅེས་པར་གྱིས༔ ཞེས་བསྒོས་སླར་ཡང་སློབ་མ་ཡིས༔ རིགས་ཀྱི་མེ་ཏོག་འདི་བཞིན་དོར༔ ཀྱཻ་ཧོ༔ དཀྱིལ་འཁོར་བདག་པོ་མཆོག༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༔ དབྱིངས་ལས་ཤར་བའི་དཀྱིལ་འཁོར་ལྷ༔ སྔོན་ནས་འབྲེལ་བ་གང་ཡོད་ལ༔ ད་ལྟ་ཉིད་དུ་འབབ་པར་ཤོག༔ བཛྲ་པུཥྤེ་པྲ་ཏི་ཛ་ཧོ༔ ཞེས་བརྗོད་ལྟོས་པ་མེད་པར་འབུལ༔ དབུས་སུ་བབ་ན་གཙོ་མོ་དང་༔ ཕྱོགས་མཚམས་དྲེགས་པ་གང་བབ་ཀྱི༔ ལས་བཅོལ་ཕྲིན་ལས་ངེས་པར་བྱེད༔ དེ་ནས་བླ་མས་གསེར་ཐུར་ཐོགས༔ གདོང་གཡོགས་བཀྲོལ་བ་འདི་སྐད་དོ༔ ཡེ་ནས་རང་རིག་སྐུ་གསུམ་སྟེ༔ མ་རྟོགས་འཁྲུལ་བའི་ལོག་རྟོག་སྒྲིབ༔ རིག་པའི་གསེར་ཐུར་གྱིས་དབྱེ་ནས༔ ཆོས་དབྱིངས་རང་ཞལ་མཇལ་བར་ཤོག༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ལྷ་དང་དཀྱིལ་འཁོར་བསྟན་པ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ དུག་གསུམ་གནས་དག་ཐོད་པའི་མཁར༔ ཕྲ་རགས་རྣམ་རྟོག་དུར་ཁྲོད་དབུས༔ ཆོས་དབྱིངས་སྟོང་པ་ཨེ་ཡི་དཀྱིལ༔ གསལ་སྟོང་ཟུང་འཇུག་སྔགས་སྲུང་མ༔ འཁོར་འདས་ཡོངས་ཀྱི་ཆེ་བཙན་མཆོག༔ ཚོགས་བརྒྱད་དྲེགས་པ་མིང་སྲིང་ཚུལ༔ རིག་རྩལ་སྣ་ཚོགས་མཁའ་འགྲོའི་ཚོགས༔ བརྡ་རྟགས་རྫོགས་པའི་དཀྱིལ་འཁོར་ནས༔ གཞན་དུ་མི་དམིགས་རང་གི་རྩལ༔ མ་བཅོས་རང་བབ་གཤིས་ཀྱི་ལྷ༔ རང་ངོ་ཤེས་པས་རང་ཞལ་ལྟོས༔ བྱིན་འབེབ་དམིགས་པ་འདི་བཞིན་འབོགས༔ ཕྱི་སྣོད་ཕོ་བྲང་ལྕང་ལོ་ཅན༔ མཚན་ཉིད་ཡོངས་རྫོགས་ད་ལ་རུ༔ སློབ་མ་གསང་བདག་དཔའ་བོའི་སྐུ༔ སྣང་སྲིད་ཟིལ་གྱིས་གནོན་པར་བསམ༔ སྲིད་རྩ་ལྟེ་བའི་འཁོར་ལོ་རུ༔ ཆོས་འབྱུང་པད་ཉི་བམ་གྱི་སྟེང་༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མ༔ མི་བསྲུན་དྲེགས་པ་སྡེ་བརྒྱད་དང་༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་སོགས༔ ཏིལ་གོང་ཁ་ཕྱེ་ལྟ་བུར་གསལ༔ གནས་གསུམ་ཡི་གེ་འབྲུ་གསུམ་དང་༔ ཐུགས་སྲོག་སྦུབས་སུ་མ་ཡིག་སྨུག༔ འོད་ཟེར་འཇའ་ཚོན་ལྟར་འཕྲོས་པས༔ སྐུ་གསུམ་རྒྱལ་བའི་ཞིང་ཁམས་དང་༔ གནས་ཡུལ་དུར་ཁྲོད་ཐམས་ཅད་ནས༔ མ་སྲིང་ཌཱཀྐི་བྲན་གཡོག་བཅས༔ སྔགས་སྲུང་སྐུ་དང་ཕྱག་མཚན་དང་༔ གསང་སྔགས་ཡི་གེའི་རྣམ་པ་རུ༔ ཁ་ཆར་བུ་ཡུག་འཚུབས་པ་བཞིན༔ སློབ་མའི་ལུས་ངག་ཡིད་གསུམ་ལ༔ སིབ་སིབ་ཐིམ་པའི་དམིགས་འདུན་གྱིས༔ རོལ་མོའི་སྒྲ་དང་ཤ་ཆེན་བདུག༔ གདུང་བའི་དབྱངས་ཀྱིས་འདི་ལྟར་བརྗོད༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་དག་པའི་མཁའ༔ བརྗོད་མེད་བློ་འདས་རྩལ་སྣང་ལས༔ སྔགས་སྲུང་ནམ་མཁའི་རལ་གཅིག་མ༔ འཁོར་འདས་མཉམ་བརྡལ་དབྱིངས་ནས་བཞེངས༔ རྣལ་འབྱོར་བར་ཆད་སེལ་བ་དང་༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་ཕྱིར༔ གནས་འདིར་བྱིན་ཕོབ་རྟགས་མཚན་སྟོན༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ རྣལ་འབྱོར་ལུས་ལ་བྱིན་ཆེན་ཕོབ༔ འགག་མེད་གསུང་གི་དཀྱིལ་འཁོར་ནས༔ སྒྲུབ་མཆོག་ངག་ལ་བྱིན་ཆེན་ཕོབ༔ གསལ་སྟོང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྣལ་འབྱོར་སེམས་ལ་བྱིན་ཆེན་ཕོབ༔ ཉམས་དང་རྟོགས་པའི་རྩལ་ཤུགས་ཕྱུང་༔ སྣང་གཞི་ཡེ་ཤེས་དྲོད་ཚད་ཕོབ༔ འཁོར་འདས་གཞི་གྲོལ་དགོངས་པ་སྟོན༔ སྐུ་གསུམ་རང་ཞལ་མངོན་གྱུར་མཛོད༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་རོ་རུ་ཨེ་ཀ་ཛ་ཊི་ཛྙཱ་ན་བཛྲ་ཨ་བེ་ཤ་ཡཱ་ཕེཾ་ཕེཾ༔ ཕེབས་རྟགས་ལུས་ངག་ཡིད་ལ་འབྱུང་༔ བདེ་གསལ་མི་རྟོག་རིག་རྩལ་འབར༔ བརྟན་པར་བྱ་ཕྱིར་སྔགས་འདི་བརྗོད༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ དེ་ནས་དབང་གི་དངོས་གཞིའི་དོན༔ མཎྜལ་འབུལ་ཞིང་གསོལ་གདབ་ནི༔ རིགས་ཀུན་ཁྱབ་བདག་ཧེ་རུ་ཀ༔ དྲེགས་ཚོགས་རྗེ་མོའི་གསང་གསུམ་གྱི༔ བྱིན་རླབས་སྲོག་དབང་ཟབ་མོ་ཡིས༔ བདག་རྒྱུད་སྨིན་ཅིང་གྲོལ་བར་མཛོད༔ དེ་ནས་ཐོག་མར་བུམ་དབང་ནི༔ ཧཱུྃ་ཧྲཱིཿ སྟོང་ཉིད་དབྱིངས་ཀྱི་བུམ་པ་རུ༔ འོད་གསལ་འཕོ་མེད་བཅུད་ཀྱིས་གཏམས༔ སྐལ་ལྡན་ལུས་ལ་དབང་བསྐུར་བས༔ བསྐྱེད་རིམ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ གཙོ་མོའི་སྐུ་སྤྱི་བོར་བཞག་ལ༔ ཧཱུྃ༔ ཆོས་དབྱིངས་མཁའ་ལས་གཟུགས་སྐུར་ཤར༔ མཁའ་འགྲོའི་གཙོ་མོ་སྔགས་སྲུང་མའི༔ སྐུ་ཡི་དབང་མཆོག་འདི་སྦྱིན་པས༔ བསྟན་སྲུང་ཡོངས་ཀྱི་འཁོར་ལོས་སྒྱུར༔ སྲིད་གསུམ་འགྲན་བྲལ་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྲོག་བདག་ཚངས་པའི་སྐུ་སྤྱི་བོར་བཞག་སྟེ༔ ཧཱུྃ༔ རྒྱལ་པོ་ཡོངས་ཀྱི་དབང་ཕྱུག་ཆེ༔ སྨྱོ་འབོག་གཏོང་བའི་དྲག་རྩལ་ཅན༔ སྲོག་བདག་ཚངས་པ་དཀར་པོ་ཡི༔ མཐུ་ནུས་སྲོག་ལ་དབང་ཐོབ་ཤོག༔ ཨ་དྷེ་ཝ་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ གཤིན་རྗེའི་སྐུ་མགྲིན་པར་བཞག་སྟེ༔ ཧཱུྃ༔ གཤིན་རྗེ་མི་ཟན་སྲོག་གི་བདག༔ ཁམས་གསུམ་དྲེགས་པ་ཡོངས་ཀྱི་རྗེ༔ ཞིང་བཅུའི་གཤེད་མ་ཁྲོ་བོའི་རྒྱལ༔ བཀའ་ཉན་སྲོག་ལ་དབང་ཐོབ་ཤོག༔ ཡ་མ་མ་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ བཙན་གྱི་སྐུ་དཔུང་གཡས་སུ་བཞག་ལ༔ ཧཱུྃ༔ བཙན་གྱི་སྡེ་དཔོན་མཐུ་བོ་ཆེ༔ གྲི་ཐབ་གཏོང་བའི་མྱུར་མགྱོགས་ཅན༔ དབང་དྲག་སྟོབས་རྩལ་ལྡན་པ་ཡི༔ དྲག་ཤུལ་སྲོག་ལ་དབང་བསྒྱུར་ཤོག༔ ཙ་ཤུ་ལ་རཱ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ བདུད་ཀྱི་སྐུ་དཔུང་གཡོན་པར་བཞག་སྟེ༔ ཧཱུྃ༔ དྲེགས་པ་འབུམ་སྡེའི་དབང་ཕྱུག་ཆེ༔ བདུད་ཀྱི་གཤེད་མ་བདུད་ཀྱི་རྒྱལ༔ ནག་པོ་བཀྲག་མེད་འཆོལ་བ་ཡི༔ མཐུ་སྟོབས་སྲོག་ལ་དབང་བསྒྱུར་ཤོག༔ དུ་པྲ་མ་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ ཀླུ་བདུད་ཀྱི་སྐུ་ལྟག་པར་བཞག་ལ༔ ཧཱུྃ༔ གདུག་པའི་དུག་རླངས་དྲག་པོ་ཡིས༔ ཞིང་བཅུའི་སྲོག་ལ་རྒོལ་བའི་གཤེད༔ རྔམ་འཁྲུག་ཀླུ་བདུད་ནག་པོ་ཡི༔ དྲག་རྩལ་ནུས་མཐུར་དབང་བསྐུར་ཤོག༔ ན་ནཱ་ག་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ གཟའ་ཡི་སྐུ་ལྟེ་བར་བཞག་སྟེ༔ ཧཱུྃ༔ སྡེ་བརྒྱད་ཡོངས་ཀྱི་སྤྱི་དཔལ་ཆེ༔ དུག་ལྔ་རབ་གཏུམ་འཇིགས་པའི་གཟུགས༔ དགྲ་གཤེད་དྲང་སྲོང་ར་ཧུ་ལའི༔ མཐུ་རྩལ་སྲོག་ལ་དབང་ཐོབ་ཤོག༔ རུ་རཀྴ་ཛྭ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ལེགས་པའི་སྐུ་གསང་བར་བཞག་སྟེ༔ ཧཱུྃ༔ འགོང་པོ་ཐེའུ་རང་འབུམ་གྱི་གཙོ༔ རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ་ཆེ༔ སྲུང་མ་རྡོ་རྗེ་ལེགས་པ་ནི༔ དམ་ལྡན་ཁྱོད་ཀྱི་གྲོགས་སུ་ཤོག༔ ཤ་བཛྲ་ས་དྷུ་ཨ་བྷི་ཥིཉྩ་ཧཱུྃ༔ མ་མོའི་སྐུ་སྙིང་གར་བཞག་སྟེ༔ ཧཱུྃ༔ དབྱིངས་ལས་ཤར་བའི་ཡུམ་ཆེན་མོ༔ སྔགས་སྲུང་ཨེ་ཀ་ཛ་ཊི་ཡི༔ བཀའ་སྡོད་དཔལ་ལྡན་རེ་མ་ཏིས༔ བརྩེ་གདུང་འབྲལ་མེད་དབང་ཐོབ་ཤོག༔ མ་མ་མ་རཀྴ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་གི་སྲོག་གཏད་ནི༔ སྲོག་གི་སྔགས་བྱང་ལག་ཏུ་ཐོགས༔ སློབ་བུའི་མགྲིན་པར་བཞག་བྱས་ཏེ༔ ཧཱུྃ༔ མ་མོའི་སྲོག་གི་སྙིང་པོ་ནི༔ མ་སྐྱེས་སྤྲོས་བྲལ་ཀློང་ཡངས་ལས༔ འགག་མེད་ཡི་གེའི་གཟུགས་སུ་ཤར༔ སྐལ་ལྡན་མགྲིན་པར་དབང་བསྐུར་བས༔ བཟླས་པ་སྔགས་ལ་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་དང་རྗེས་འབྲེལ་བཟླས་ལུང་ནི༔ རང་དང་སློབ་མ་ལྷ་རུ་གསལ༔ ཐུགས་ཀར་ཉི་སྟེང་མ་ཡིག་སྨུག༔ སྔགས་ཀྱི་ཕྲེང་བ་གཡོན་དུ་འཁོར༔ ལས་བཞིའི་ཕྲིན་ལས་གང་བཅོལ་ཀུན༔ ཐོགས་མེད་འགྲུབ་པའི་དམིགས་འདུན་གྱིས༔ རྩ་སྔགས་ཤམ་དང་བཅས་པ་ལ༔ རྗེས་ཟློས་གསུམ་ལྔ་བདུན་སོགས་བྱ༔ ས་མ་ཡཱ༔ གསུམ་པ་ཐུགས་ཀྱི་སྲོག་དབང་ནི༔ མེ་ལོང་ཤེལ་རྡོ་སྙིང་ཁར་བཞག༔ ཧཱུྃ༔ སྤྲོས་བྲལ་དབྱིངས་ཀྱི་མེ་ལོང་ལ༔ རྟེན་འབྲེལ་འགག་མེད་མན་ཤེལ་དྭངས༔ ཟུང་འཇུག་སྣང་སྟོང་ཐུགས་ཀྱི་དབང་༔ སྐལ་ལྡན་སེམས་ལ་དབང་ཐོབ་ཤོག༔ རྩ་སྔགས་ཤམ་དུ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གནས་ལུགས་སྟོང་པ་ཆོས་ཀྱི་སྐུ༔ གསལ་སྣང་མ་འགགས་ལོངས་སྤྱོད་རྫོགས༔ རིག་རྩལ་སྲིད་པ་མ་མོར་ཤར༔ གདོད་མའི་གཤིས་སུ་རང་བབ་སྐྱོང་༔ དྲེགས་པ་སེམས་ཀྱི་རང་རྩལ་ལ༔ རྟོགས་ནས་སྲོག་ལ་དབང་ཐོབ་འགྱུར༔ བཞི་པ་ཡོན་ཏན་སྲོག་དབང་ནི༔ སྦ་འཁར་ཚིགས་གསུམ་ལྟེ་བར་བཞག༔ ཧཱུྃ༔ སྦ་འཁར་སྦུབས་སྟོང་ཆོས་ཀྱི་དབྱིངས༔ དཀར་ལ་དྭངས་པ་བྱང་ཆུབ་སེམས༔ ཚིགས་གསུམ་ཐེག་པ་གསུམ་དང་འབྲེལ༔ འདོད་འབྱུང་ཡོན་ཏན་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ གུརྞ་ཨ་བྷི་ཥིཉྩ་ཧཱུྃ༔ ལྔ་པ་ཕྲིན་ལས་སྲོག་དབང་ནི༔ ལྕགས་ཕུར་གསང་བར་བཞག་བྱས་ལ༔ ཧཱུྃ༔ སྲིད་ཞི་མཉམ་བརྡལ་ཕུར་པ་འདིས༔ བདག་རྟོག་གཟུང་འཛིན་དབྱིངས་སུ་སྒྲོལ༔ རིག་རྩལ་ལས་བཞི་ལྷུན་གྱིས་གྲུབ༔ ཕྲིན་ལས་ཐོགས་མེད་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་སྤྱི་བོར་བཞག༔ ཧཱུྃ༔ རང་བྱུང་སྟོང་པའི་གཏོར་གཞོང་དུ༔ རང་རྩལ་འགག་མེད་གཏོར་མར་བཀྲམ༔ ཤེས་པ་དྲུག་ལྡན་སྔགས་ཀྱིས་སྦྱངས༔ གང་བརྩམ་མྱུར་འགྲུབ་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར༔ ཀཱ་ཡ་ཝཀྐཱ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ མུ་ཏྲའི་གཟུགས་བརྙན་ལག་གཡོན་གཏད༔ སྣང་སྟོང་འདུ་ཤེས་གསུམ་གྱིས་སྦྱོར༔ སྣང་བའི་ངོ་བོ་ཧེ་རུ་ཀ༔ སྟོང་པའི་རང་བཞིན་དཔའ་མོ་ཡུམ༔ ཟུང་འཇུག་དགའ་བཞིའི་ཡེ་ཤེས་ཀྱི༔ སྦྱོར་སྒྲོལ་ལྷན་སྐྱེས་དབང་ཐོབ་ཤོག༔ མུ་ཏྲ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་དབང་དགྲ་གཟུགས་མདུན་དུ་བཞག༔ དགུག་གཞུག་ཕྱག་རྒྱ་བཞི་ཡིས་བཅིངས༔ སློབ་མ་ལྷ་རུ་གསལ་བ་ཡི༔ བསྒྲལ་ཞིང་ཕུང་ཁམས་ལྷ་ལ་བསྟབས༔ ཧཱུྃ༔ དགྲ་ནི་རྟོག་པས་བཏགས་པ་སྟེ༔ བགེགས་ནི་འཁྲུལ་བའི་རྩལ་ལས་ཤར༔ རིག་པ་དབྱིངས་ཀྱི་མ་མོ་ཡི༔ ཐུགས་རྗེ་ཁྲོས་པའི་ཤུགས་ཀྱིས་བསྒྲལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྲིད་ཞི་དབྱིངས་སྒྲོལ་དབང་ཐོབ་ཤོག༔ སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ རྩ་སྔགས་ཤམ་བུར་ཁ་ཧཱི་བཏགས༔ ས་མ་ཡཱ༔ ཡང་ཟབ་མཁའ་འགྲོའི་སྲོག་དབང་འདི༔ གསང་སྔགས་རྒྱུད་ཀྱི་དགོངས་བཅུད་ལ༔ རྡོ་རྗེ་ཕག་མོའི་ཐུགས་བརྒྱུད་ནས༔ པདྨ་ཐོད་ཕྲེང་བདག་ལ་གཏམས༔ ད་ལྟ་རྗེ་འབངས་མཚོ་རྒྱལ་ལ༔ གདམས་ཏེ་སྙིང་མཛོད་སྒྲོམ་བུར་སྦོས༔ ལྔ་བདོ་རྩུབ་འགྱུར་འཇིགས་པའི་དུས༔ སྨོན་ལམ་སྤྲུལ་པའི་སྲས་དང་འཕྲད༔ རྣལ་འབྱོར་དགྲ་སྒྲོལ་མཚོན་ཆར་ཤོག༔ དབྱིངས་ཀྱི་མ་མོས་བྱ་ར་གྱིས༔ དམ་མེད་བཀའ་རྐུན་རྣམས་ལ་གསང་༔ འཆོལ་ན་རྣལ་འབྱོར་སྲོག་ལ་རྒོལ༔ དེ་ཕྱིར་རབ་ཏུ་འཚོ་ཤེས་བྱ༔ ས་མ་ཡཱ༔ གུ་ཧྱ༔ བདག་སྤྲང་བན་ལུང་རིག་གླིང་པས་དབྱིངས་རིག་སྟོང་གསལ་གྱི་སྒྲོམ་ནས་བཏོན་ཏེ་སྤེལ་བས་ཡི་གེ་པ་ནི་ལུང་ཟིན་གྱི་སྐྱེས་བུ་ཀརྨ་ཆོས་སྐྱོང་དཔལ་བཟང་པོར་འབོད་པས་བྲིས་པ་འདིས་ཀྱང་གསང་སྔགས་ཟབ་གཏེར་གྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

དུད་སོལ་ལྷ་མོའི་བརྒྱུད་འདེབས་སྐྱབས་སེམས་བདག་བསྐྱེད་ཀྱི་རིམ་པ་རྡོ་རྗེའི་ཕ་ལམ་མགོ་སྤྲུལ་གྱིས་མཛད་པ།

༄༅། དུད་སོལ་ལྷ་མོའི་བརྒྱུད་འདེབས་སྐྱབས་སེམས་བདག་བསྐྱེད་ཀྱི་རིམ་པ་རྡོ་རྗེའི་ཕ་ལམ་ཞེས་བྱ་བ་བི་ཛ་ཧ་རཾ་རསྨི༔ སངས་རྒྱས་ཆོས་དང་དགེ་འདུན་སྡེ། །དབྱེར་མེད་དཔལ་ལྡན་བླ་མ་ལ། །བཏུད་དེ་དཔལ་ལྡན་དུད་སོལ་མའི། །ཆོ་གའི་ཡན་ལག་ཉུང་བསྡུས་སྤེལ། །ཐོག་མར་བརྒྱུད་པའི་གསོལ་འདེབས་ནི། །ཨོཾ་ཨཱ༔ཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་ཧེ་རུ་ཀཿ ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་ཁྲོ་རྒྱལ་དང་། །སྤྲུལ་པའི་སྐུ་མཆོག་ཁྲག་འཐུང་ནག་པོ་ལ། །གསོལ་བ་འདེབས་སོ་ལས་བཞི་ལྷུན་གྲུབ་ཤོག །གསང་ཆེན་མཛོད་འཛིན་ཕྱག་ན་རྡོ་རྗེ་རྩལ། །གསང་བདག་རྣམ་རོལ་ཤནྟིཾ་གྷརྦྷ་རྗེ། །གསང་སྔགས་གྲུབ་བརྙེས་པདྨ་ཐོད་ཕྲེང་ལ། །གསོལ་བ་འདེབས་སོ་ལས་བཞི་ལྷུན་གྲུབ་ཤོག །བསྟན་འགྲོའི་གཙུག་རྒྱན་ཀུན་བཟང་གཞན་ཕན་པ། །བསྟན་ལ་རབ་དཀར་འགྲོ་འདུལ་ལུང་རིག་གླིང་། །བསྟན་འཛིན་ཆོས་བདག་སྐྱེས་མཆོག་ཐམས་ཅད་ལ། །གསོལ་བ་འདེབས་སོ་ལས་བཞི་ལྷུན་གྲུབ་ཤོག །དབྱིངས་ཀྱི་མ་མོ་སྔགས་སྲུང་རལ་གཅིག་དང་། །དབྱངས་ཅན་དྲག་མོ་དཔལ་ལྡན་དུད་སོལ་རྗེ། །དབྱིངས་ཀྱི་མདངས་ཤར་དྲེགས་པ་སྡེ་བརྒྱད་ལ། ། གསོལ་བ་འདེབས་སོ་ལས་བཞི་ལྷུན་གྲུབ་ཤོག །དེ་ལྟར་གསོལ་བཏབ་ནུས་པས་ནད་གདོན་ཞི། །ཚེ་བསོད་དཔལ་རྒྱས་མོས་ཚོགས་དབང་བསྡུས་ནས། །སྡང་དགྲ་མ་ལུས་རྡུལ་བརླག་མིང་མེད་པར། །ལས་བཞི་ལྷུན་གྲུབ་གདོད་མའི་དབྱིངས་གྲོལ་ཤོག །ཞེས་དང་། སྐྱབས་སེམས་ནི། ན་མོ། དེང་བཟུང་བྱང་ཆུབ་མ་ཐོབ་བར། །མཆོག་གསུམ་ལྷ་ལ་སྐྱབས་སུ་མཆི། །ཁམས་གསུམ་བདེ་ལ་འགོད་བྱའི་ཕྱིར། །རྩ་གསུམ་ཆོས་སྐྱོང་བསྒྲུབ་པར་བྱ། །ཞེས་དང་། བདག་ཉིད་ལྷར་བསྐྱེད་པ་ནི། ཏྲག་རཀྴ་ཨེ་ཀ་ཙ་ཊི་བྷྱོཿ ཞེས་བརྗོད་པས་ཕྱི་སྣོད་ཀྱི་འཇིག་རྟེན་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་ཁྲག་གི་རྦ་རླབས་འཁྲིགས་པའི་དཀྱིལ། ཀེང་རུས་ཀྱི་རི་རབ་ཆེན་པོའི་རྩེར་པདྨ་ཉི་མ་ལ་གནོད་བྱེད་ཕོ་མོ་བསྣོལ་བའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས། སྔགས་སྲུང་ཨེ་ཀ་ཙ་ཊི་རལ་གཅིག་མ་སྨུག་ནག་ཞལ་གཅིག་ཕྱག་གཉིས། གཡས་དགྲ་སྙིང་ཞལ་དུ་གསོལ་ཞིང་གཡོན་སྡིག་མཛུབ་ཀྱིས་ཞིང་དབྱུག་འཛིན་པའི་རྩེ་ལ་ལྕགས་སྤྱང་འགྱེད་པ། ཁྲོ་མོའི་ཆས་ཐམས་ཅད་ཀྱིས་བརྒྱན་པར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ སྙིང་ཀར་ཧཱུྃ་དང་ཏྲག་ཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་མཁའ་འགྲོའི་ཚོགས་ཐམས་ཅད་སྤྱན་དྲངས་བཛྲ་ས་མ་ཡཱ་ཛ་ཛཿ ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་གྱུར། བཛྲ་ཨརྒྷཾ༴སོགས་ནས། ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་པུ་ཙ་ཁ་ཁ་ཁ་ཧཱི་ཁ་ཧཱི། ཧཱུྃ་བྷྱོ༔ སྐྱེ་མེད་ཆོས་སྐུའི་མཁའ་དབྱིངས་ལས། །འགགས་མེད་གཟུགས་སྐུའི་རོལ་པ་ཡིས། །རྒྱལ་བསྟན་བསྲུང་དང་ལོག་རྟོག་འཇོམས། །སྔགས་སྲུང་མ་མོར་ཕྱག་འཚལ་བསྟོད། །ཐུགས་ཀར་ཉི་མ་ལ་གནས་པའི་ཏྲག་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ། ཨོཾ་ཏྲག་རཀྴ་ཨེ་ཀ་ཙ་ཊི་སརྦ་སིདྡྷི་སརྦ་ཕ་ལ་ཧཱུྃ༔ ཅི་མང་བཟླས་མཐར་མཆོད་བསྟོད་བྱས་རྗེས། སྭ་བྷ་ཝས་སྟོང་པར་སྦྱངས་ཏེ། སྟོང་པའི་ངང་ལས་རང་ཉིད་རལ་གཅིག་མར་གསལ་བའི་མདུན་དུ་དུར་ཁྲོད་ཀྱི༴སོགས་གཞུང་ལྟར་རོ། །མགོ་སྤྲུལ་པས་སོ།།

དུད་སོལ་ལྷ་མོའི་མཆོད་ཕྲེང་བར་ཆད་ཀུན་སེལ།

ཏཾཿ པྲགམྦྷིརཨཱརྱཙིཏྟདྷྱཥབྷྱཿ སརྦྦཱམརཎནཱམཀྲྀཥྞམསཱིདཱེབིཔཱུཛམལབིཧརཾཾཾཾཿ པྲགམྦྷིརཨཱརྱཙིཏྟདྷྱཥབྷྱཿ སརྦྦཱམརཎནཱམཀྲྀཥྞམསཱིདཱེབིཔཱུཛམལབིཧརཾཾཾཾཿ

ཡང་ཟབ་འཕགས་མའི་ཐུགས་སྒྲུབ་ལས༔ དུད་སོལ་ལྷ་མོའི་མཆོད་ཕྲེང་བར་ཆད་ཀུན་སེལ་བཞུགས༔

མཆོད་གཏོར་བྱིན་བརླབས་བསངས་སྦྱངས༔ རང་ཉིད་རལ་གཅིག་མར་གསལ་བའི་མདུན་དུ་དུར་ཁྲོད་ཀྱི་ས་གཞི་མི་ཁྲག་གི་ཞམ་ཆུ་འབེབས་ཤིང་ཀེང་རུས་ཀྱི་རི་རབ༔ ཤ་ཆེན་གྱི་ས་གཞི༔ བཾ་རུལ་བ་དང་མ་རུལ་བ་སྣ་ཚོགས་པས་གང་ཞིང་དུར་བྱ་སྲིན་བྱའི་ཚོགས་ཀྱིས་ནང་ཁྲོལ་སྣ་ཚོགས་པ་འདྲེན་ཅིང་དུར་མེ་དམར་ནག་ཏུ་འབར་ཞིང་དུར་རླུང་ཁམ་ནག་ཏུ་འཚུབས་པ༔ དེ་ལྟ་བུའི་དབུས་སུ་ཐོད་མཁར་གྲུ་གསུམ་རྒྱ་ཁྱོན་བསམ་ལས་འདས་པའི་ལྟེ་བ་པདྨ་དང་ཉི་མ་བདུད་སྲིན་ཕོ་མོའི་རོ་གན་རྐྱལ་དང་ཁ་བུབ་ཏུ་བསྣོལ་བའི་སྟེང་དུ་རྒྱ་བོང་དམར་ནག་དྲག་རྩལ་རྫུ་འཕྲུལ་དང་ལྡན་པ་ལ་མི་ལྤགས་ཀྱི་གཡང་གཞི་ཁྲག་རྒྱུན་འཛགས་པའི་ཁར་སྲིན་པོ་ཕོ་མོའི་ཐོད་པ་སྐམ་རློན་སྤེལ་མར་བརྒྱུས་པའི་སྒ་དང་གསེར་སྲབ་གཡུ་མཐུར་སྦྲུལ་ནག་ཁྲའི་གློ་ཆིངས་སོགས་བལྟར་མི་བཟོད་པའི་སྟེང་དུ་ཡི་གེ་བྷྱོཿམཐིང་ནག་ཐོག་བབས་སུ་བྱུང་བ་ལས། དཔལ་ལྡན་ལྷ་མོ་དུད་སོལ་མ་སྐུ་མདོག་ནག་པོ་ཁྲོ་གཏུམ་དྲག་ཤུལ་རྔམ་པའི་ང་རོ་ཧར་ཧར་རྒོད་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པའི་དྲྭ་ནས་ཁྲག་འཛགས་པ༔ སྤྱན་གསུམ་དམར་ལ་ཟླུམ་པ་ཁྲག་མཚོ་ལྟར་ཁོལ་བ་ཕྱག་བཞིའི་དང་པོ་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་ལྔ་བས་མཚན་པའི་གྲི་གུག་ནམ་མཁའ་ལ་ཕྱར་བ༔ གཡོན་ཞིང་བཅུ་ཚང་བའི་སྙིང་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་བསྣམས་པ༔ གྲུ་མོ་ན་ཁ་ཊཱཾ་ཀ་དར་ནག་པོའི་བ་དན་གྱིས་མཚན་པ་བསྒྲེང་བ༔ འོག་མའི་གཡས་ན་ཡིད་བཞིན་གྱི་ནོར་བུས་མཚན་པའི་རྨ་བྱའི་རྒྱལ་མཚན་ཁྲ་ཤིག་ཤིག་བྱེད་པ༔ གཡོན་ན་རིན་པོ་ཆེ་སྣ་ཚོགས་པས་གང་བའི་ནེའུ་ལེ་བཙིར་ཞིང་བསྡམས་ནས་བསྣམས་པ༔ སྐྲ་ཁམ་སེར་སྤྱི་བོར་བརྫིས་པ་ཐོད་སྐམ་ལྔ་དང་སྦྲུལ་གྱིས་བཅིངས་པའི་གཙུག་ཏུ་རྨ་བྱའི་སྒྲོ་ཕོད་དང་ཆུ་ཤེལ་གྱི་ཟླ་ཚེས་གསར་བ་འོད་དཀར་ལམ་ལམ་དུ་འཕྲོ་བ༔ གསེར་གྱི་སྙན་ཆ་ནོར་བུའི་ཕྲ་ཚོམ་ཅན་འོད་དུ་འབར་བ་དྲིལ་བུ་གཡེར་ཁ་འཁྲོལ་བ་ལ་དུང་སེང་དང་སྦྲུལ་ནག་འཕྱོ་བ་རུས་པའི་རྒྱན་དྲུག་ལ་འཕྲུལ་གྱི་མེ་ལོང་རྒྱང་གསལ་དང་༔ སྐུ་སྟོད་ལ་དར་མཐིང་ནག་གི་སྟོད་གཡོགས་དང་མི་ལྤགས་ཀྱི་གཡང་གཞི་གསོལ་བ༔ སྐུ་སྨད་ལ་སྟག་ཤམ་དང་རེ་ལྡེ་མིག་མང་རིས་སུ་བྲིས་པ་ལྟེ་བའི་དཀྱིལ་འཁོར་ན་ཉི་མ་སྤྲིན་བྲལ་ཚ་ཟེར་འབུམ་འབུམ་དུ་འཕྲོ་བས་འགྲོ་ཁམས་ཀྱི་མུན་པ་སེལ་བ་ཤྭ་རྡེལ་དཀར་ནག༔ བདུད་ཀྱི་ཁྲམ་ཤིང་༔ ཚོན་དྲུག་སྣ་ལྔ༔ ནད་ཀྱི་རྐྱལ་པ་བཙན་གྱི་ཞགས་པ་སོགས་མ་མོའི་མཚོན་ཆ་ལྔས་བརྒྱན་ཅིང་ཞབས་གཉིས་ཕྱེད་དཀྱིལ་དུ་བཞུགས་པ༔ ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བདག་ཉིད་ཆེན་པོར་གསལ་བའི་འཁོར་མདུན་དུ་ཁ་ཁྲིད་ཆུ་སྲིན་གདོང་ཅན་དང་༔ ཤར་དུ་སྲོག་བདག་ཚངས་པ་དཀར་པོ༔ ལྷོ་རུ་གཤིན་རྗེ་ཡ་མ་རཱ་ཛ༔ ནུབ་ཏུ་བྲག་བཙན་རྡོ་རྗེ་དྲག་རྩལ༔ བྱང་དུ་བདུད་ནག་རལ་པ་ཚལ་དགུ༔ མཚམས་བཞིར་བ་ལམ་དྲེལ་སྣ་མ༔ སྟག་སྨན་གཟེར་འདེབ་མ༔ ཁྲི་སྨན་སི་ལི་མ༔ རྡོ་རྗེ་བ་ལམ་མ༔ གཞན་ཡང་སངས་རྒྱས་ཀྱི་བསྟན་པ་གཉན་པོ་སྲུང་བར་ཞལ་གྱིས་བཞེས་པའི་མ་མོ་མཁའ་འགྲོ་བྱེ་བ་འབུམ་སྡེ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་གཏིབས་པ་བཞིན་ཏུ་བཞུགས་པའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཉི་མ་བྱང་ཤར་གྱི་མཚམས༔ རྒྱ་མཚོ་ཆེན་པོའི་ཕ་རོལ༔ དཔག་བསམ་ཤིང་གི་རྩ་བ༔ གཤིན་རྗེའི་ཤན་པའི་སྒོ་དྲུང་༔ ཟངས་མདོག་དཔལ་རིའི་བྱང་སྒོ་སོགས་སྤྲུལ་པའི་གནས་ནས་མ་མོ་མཁའ་འགྲོ་ཡོངས་ཀྱི་གཙོ་མོ༔ ལྷ་སྲིན་དྲེགས་པ་ཀུན་གྱི་དགྱེས་སྡེ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་སྤྱི་རྗེ་འཁོར་དང་བཅས་པ་ཐམས་ཅད་རྣལ་འབྱོར་སྒྲུབ་པ་པོའི་སྡོང་གྲོགས་གཉན་པོ་མཛད་པར་ཞལ་གྱིས་བཞེས་ཤིང་བརྩེ་བའི་ཐུགས་ཀྱིས་གློག་འོད་འཁྱུགས་པ་བཞིན་དུ་སྒྲུབ་པའི་གནས་འདིར་སྐད་ཅིག་གིས་བྱོན་པར་བསམ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལི་རེ་མ་ཏི་བཱ་སུ་ཤྲཱི་དྷ་རཱི་སརྦ་ཛྙཱ་ན་ས་མ་ཡཱ་ཙིཏྟ་ཧྲིང་ཛཿ ཨ་བེ་ཤ་ཡ་ཕེཾ་ཕེཾ༔ ཞེས་འབོད༔ སྤོས་རོལ་དབྱངས་དང་བཅས་ཏེ་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྤྲོས་བྲལ་ཆོས་དབྱིངས་ཀློང་ནས་སྐུར་བཞེངས་པ༔ རྒྱལ་ཀུན་གསུང་གི་དབང་ཕྱུག་དབྱངས་ཅན་མ༔ གདུག་པ་འདུལ་ཕྱིར་རབ་འཇིགས་ཁྲོས་མའི་སྐུར༔ ཡོངས་ཤར་དཔལ་ལྡན་ལྷ་མོ་དུད་སོལ་ཅན༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ བྱང་ཤར་ཡོངས་འདུས་ལྗོན་པའི་རྩ་བ་དང་༔ རབ་འཇིགས་མུ་ལེ་མཐིང་མཚོའི་གཏིང་རུམ་སོགས༔ གར་བཞུགས་གནས་ནས་དཔལ་ལྡན་ནོར་བདག་མོ༔ སྒྲུབ་ལ་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ སྒྲ་དང་སྙན་ངག་གཙུག་ལག་བྱེ་བའི་མཛོད༔ རྒྱུད་དང་མན་ངག་སྒྲུབ་ཐབས་གཏེར་སྲུང་མ༔ རྨོངས་པའི་མུན་སེལ་ཤེས་རབ་མཆོག་སྟེར་ལྷ༔ མཁས་རྣམས་དབུགས་དབྱུང་མཛད་ཕྱིར་གཤེགས་སུ་གསོལ༔ བདུད་སྲིན་དམ་སྲི་འདུལ་བའི་དཔའ་མོ་ཆེ༔ ཞིང་བཅུའི་སྲོག་ལ་རྔམ་པའི་ཤ་ཟ་མོ༔ ཁམས་གསུམ་སྲོག་ལ་དབང་བའི་མངའ་བདག་རྗེ༔ དུད་སྲིན་སོལ་བའི་མདོག་ཅན་གཤེགས་སུ་གསོལ༔ རབ་འཇིགས་དུར་མེ་དམར་ནག་འབར་བའི་ཀློང་༔ ཐོད་མཁར་ཤ་ཁྲག་སྤུངས་པའི་དུར་ཁྲོད་ནས༔ དུར་རླུང་ཁམ་ནག་འཚུབས་པའི་མྱུར་ཤུགས་བཅས༔ བསྟན་སྲུང་དམག་ཟོར་རྒྱལ་མོ་གཤེགས་སུ་གསོལ༔ སྔོན་ཚེ་ཐུབ་དབང་མཆོག་དང་སྨོན་ལམ་གཅིག༔ གཤིན་རྗེ་གཤེད་པོའི་སྒྲོལ་ཡུམ་རེ་མ་ཏི༔ གཤེན་རབ་བསྟན་པའི་གཉེར་འཛིན་སྲིད་རྒྱལ་སོགས༔ མིང་བརྒྱ་མཚན་སྟོང་ལྷ་མོ་གཤེགས་སུ་གསོལ༔ བདུད་དང་བར་ཆད་བསལ་ཕྱིར་གཤེགས་སུ་གསོལ༔ དུས་མིན་འཆི་བ་བཟློག་ཕྱིར་གཤེགས་སུ་གསོལ༔ འདོད་རྒུའི་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཆོས་སྲིད་རིགས་རྒྱུད་སྤེལ་ཕྱིར་གཤེགས་སུ་གསོལ༔ གཞན་ཡང་བདག་ཅག་མི་ནོར་འཁོར་བཅས་ལ༔ སྲུང་སྐྱོབ་གཡེལ་མེད་རྟག་ཏུ་མཛད་པ་དང་༔ རྐྱེན་ངན་བར་ཆད་དབྱིངས་སུ་བསལ་བའི་ཕྱིར༔ བརྩེ་བའི་ཐུགས་ཀྱིས་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡཱ་ཛ་ཛཿ ཛཿཧཱུྃ་བྃ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་བྷྱོ༔ རང་བྱུང་རིག་རྩལ་བསྐྱེད་པའི་གཞལ་ཡས་འདིར༔ སྒྲུབ་ལ་སྲུང་སྐྱོབ་དངོས་གྲུབ་སྩོལ་བའི་ཕྱིར༔ དཔལ་ལྡན་རྡོ་རྗེ་འཆང་གི་བསྟན་སྲུང་མ༔ རིག་འཛིན་གྲུབ་བརྒྱའི་སྲིང་གཅིག་རེ་མ་ཏཱི༔ སྒྲུབ་པའི་རྟེན་རྫས་སྲོག་འཁོར་བླ་རྡོ་ལ༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ མཆོད་པའི་ཡོ་བྱད་སྣ་ཚོགས་འབུལ་བ་ནི༔ ཧཱུྃ་བྷྱོ༔ བླ་མེད་སྟོན་པ་རྫོགས་པའི་སངས་རྒྱས་དང་༔ ལུང་རྟོགས་དམ་ཆོས་དེ་འཛིན་དགེ་འདུན་སྡེ༔ སྲུང་མཛད་དཔལ་ལྡན་དུད་སོལ་རྒྱལ་མོ་ལ༔ གུས་པའི་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ཞིང་༔ མཆོད་པའི་བྱེ་བྲག་སྣ་ཚོགས་འབུལ་བ་ནི༔ མཛེས་སྡུག་ཡིད་འོང་གཟུགས་རྣམས་སྤྱན་ལ་འབུལ༔ སྙན་འཇེབས་སྒྲ་དབྱངས་རོལ་མོས་དགྱེས་པ་སྐྱེད༔ དྲི་ཞིམ་གདུང་སེལ་སྤྲིན་ཕུང་ཤངས་ལ་འབུལ༔ དཀར་དམར་ཤ་ཁྲག་བཤོས་སྐྱེམས་ཕུད་ཀྱིས་བརྔན༔ དར་ཟབ་རེག་འཇམ་ན་བཟའ་སྐུ་ལ་སྒྲོན༔ གཞན་ཡང་ཕྱི་རྟེན་སྲོག་ཆགས་བཟང་རྒུའི་རིགས༔ ཁྱད་པར་བྱ་ནག་ཁྱི་ནག་རྟ་ནག་སོགས༔ ཆེ་ཚོ་སྟོབས་ལྡན་ཡིང་འོང་རྩལ་ཤུགས་མྱུར༔ མ་ཚང་མེད་པའི་མཆོད་པའི་ཐུགས་དམ་བསྐང་༔ ནང་རྟེན་སྦ་སྨྱུག་བླ་རྡོ་སྲོག་འཁོར་དང་༔ འཆི་མེད་སྨན་དང་རཀྟ་རུ་དྷི་ར༔ དམ་རྫས་བྷ་ལིང་ཚོགས་ཀྱི་ཡོ་བྱད་སོགས༔ ཕྲིན་ལས་ཀུན་སྒྲུབ་མཆོད་པས་ཐུགས་དམ་བསྐང་༔ གསང་བ་རང་རིག་སྐྱེ་མེད་ལྟ་བའི་ཀློང་༔ ཡེངས་མེད་རང་ཞལ་སྐྱོང་བ་སྒོམ་པའི་གནད༔ བདེན་མེད་སྒྱུ་མའི་རོལ་གར་སྤྱོད་པའི་མཆོག༔ རྨད་བྱུང་མཆོད་པ་ཆེན་པོས་ཐུགས་དམ་བསྐང༔ ཞིང་བཅུའི་དབང་པོའི་མེ་ཏོག་འཛུམ་ཞིང་བཞད༔ ཚིལ་ཆེན་བདུག་སྤོས་ནམ་མཁའི་སྤྲིན་ལྟར་འཐིབས༔ ཞུན་ཆེན་གསལ་བའི་མར་མེ་ཁྲག་མཁྲིས་དྲི༔ ཤ་རི་ཁྲག་མཚོར་འཁྲུགས་པས་ཐུགས་དམ་བསྐང་༔ བསྟན་དགྲ་སྤྱི་དང་བྱེ་བྲག་འགུགས་ཤིང་སྒྲོལ༔ ཡིད་འོང་མཚན་ལྡན་ཕྱག་རྒྱར་འཁྲིལ་ཞིང་སྦྱོར༔ བློ་འདས་མཉམ་པར་བརྡལ་བའི་དམ་ཚིག་སོགས༔ ཤིན་ཏུ་གསང་བའི་མཆོད་པས་ཐུགས་དམ་བསྐང་༔ དེ་ལྟར་མཆོད་ཅིང་བསྐང་བའི་མཐུ་སྟོབས་ཀྱིས༔ མི་མཐུན་རྐྱེན་ངན་དབྱིངས་སུ་ཞི་བ་དང་༔ གནས་གསུམ་མཁའ་འགྲོའི་བཀའ་ཡི་ཆད་པ་སོགས༔ ལྷ་དང་སྲུང་མ་འཁྲུག་པ་སོར་ཆུད་ནས༔ ཚེ་བསོད་དཔལ་འབྱོར་རིགས་དང་བུ་སློབ་རྒྱས༔ ཁམས་གསུམ་སྲིད་པའི་ཟས་ནོར་དབང་དུ་འདུས༔ དགྲ་བགེགས་འབྱུང་པོ་མ་ལུས་ཚར་བཅད་ནས༔ ཅི་བསམ་ཡིད་བཞིན་ལྷུན་གྱིས་འགྲུབ་པར་མཛོད༔ ཅེས་ཐུགས་དམ་བསྐངས་ཤིང་བསྟོད་པ་བྱ་བ་ནི༔ ཧཱུྃ་བྷྱོ༔ རྒྱལ་བ་ཡོངས་ཀྱི་བཀའ་ཉན་ཅིང་༔ དགྲ་བགེགས་ལོག་འདྲེན་འདུལ་བའི་གཤེད༔ ཁམས་གསུམ་ཀུན་ལས་རྣམ་རྒྱལ་བའི༔ དཔལ་ལྡན་ལྷ་མོར་ཕྱག་འཚལ་བསྟོད༔ གཤིན་རྗེ་གཤེད་པོའི་དགྱེས་སྡེ་མོ༔ ཤཱཀྱ་སེང་གེའི་བསྟན་པ་སྲུང་༔ གསང་སྔགས་རྒྱུད་སྡེའི་རྗེས་འབྲང་སྐྱོངས༔ སྔགས་ཀྱི་སྲུང་མར་ཕྱག་འཚལ་བསྟོད༔ ལྷ་དབང་སྲས་མོ་དུང་སྐྱོང་མ༔ ཀླུ་ཡི་རྒྱལ་མོ་དཔལ་འབར་ཞེས༔ བདུད་མོ་ཀཱ་ལི་རེ་མ་ཏཱི༔ དྲེགས་ཚོགས་རྗེ་མོར་ཕྱག་འཚལ་བསྟོད༔ མི་བསྲུན་དྲེགས་པའི་འཁོར་གྱི་གཙོ༔ ཚངས་པ་དཀར་པོ་གཤིན་རྗེའི་རྒྱལ༔ བྲག་བཙན་དམར་པོ་སྲོག་བདུད་ནག༔ མིང་པོ་སྡེ་བཞིར་ཕྱག་འཚལ་བསྟོད༔ ཀུན་ཀྱང་སྐུ་མདོག་ཕྱག་མཚན་དང་༔ རྣམ་འགྱུར་སྤྲུལ་པ་མ་ངེས་ཤིང་༔ རྣལ་འབྱོར་བར་ཆད་སེལ་བའི་ལྷ༔ དགྲ་བགེགས་གཤེད་དུ་རྔམ་ལ་བསྟོད༔ བ་ལམ་དྲེལ་སྣ་བོང་བུ་ཆིབས༔ དར་ནག་བེར་གསོལ་མདུང་དར་ཕྱར༔ ཐོད་ཁྲག་རྔམ་རོལ་སྲིན་མོའི་གཟུགས༔ དྲག་ཤུགས་སྟོབས་དང་ལྡན་ལ་བསྟོད༔ སྟག་སྨན་གཟེར་འདེབས་སེར་ནག་ཁྲོ༔ རྩལ་ལྡན་སྟག་མོ་དྲུས་མ་ཆིབས༔ དམར་གཏོར་ཕྱར་ཞིང་དགྲ་སྙིང་ཟ༔ སྲིན་རྒྱལ་ནག་མོར་ཕྱག་འཚལ་བསྟོད༔ ཁྲི་སྨན་སི་ལི་དམར་ནག་བཞད༔ དབང་སྡུད་དར་དམར་བ་དན་ཕྱར༔ ཞགས་པ་བསྣམས་ཤིང་གློག་དམར་ཆིབས༔ འགྲོ་བ་དབང་དུ་མཛད་ལ་བསྟོད༔ རྡོ་རྗེ་བ་ལམ་དྲེལ་ནག་ཞོན༔ རབ་ཁྲོས་ནད་རྐྱལ་རྒྱུ་ཞགས་འདྲེན༔ མི་ཕྱུགས་ནད་གཏོང་དུག་རླངས་འཐིབས༔ དགྲ་གཤེད་རིམས་ནད་བདག་མོར་བསྟོད༔ ཀུན་ཀྱང་རྣལ་འབྱོར་སྒྲུབ་པ་པོར༔ མི་ཕྱུགས་རིགས་རྒྱུད་སྤེལ་མཛད་ཅིང་༔ ལོངས་སྤྱོད་ཆར་འབེབས་ནོར་ལ་དབང་༔ དཀོར་སྲུང་ཆེན་མོར་ཕྱག་འཚལ་བསྟོད༔ གཞན་ཡང་མ་མོ་མཁའ་འགྲོའི་ཚོགས༔ བར་ཆད་སེལ་ཞིང་དངོས་གྲུབ་སྟེར༔ དགྲ་བགེགས་སྒྲོལ་མཛད་ཕྲིན་ལས་བཞིའི༔ བསྟན་འགྲོ་སྐྱོང་ལ་ཕྱག་འཚལ་བསྟོད༔ དེ་ནས་བཟླས་པ་བྱ་འདོད་ན༔ བཟླས་དམིགས་གཞན་དུ་ཤེས་པར་བྱ༔ ཡང་ན་སྐབས་སུ་འདི་བཞིན་ནོ༔ མདུན་བསྐྱེད་ལྷ་མོའི་ཐུགས་ཀར་པད་ཉིའི་སྟེང་༔ བྷྱོཿཡིག་མཐིང་ནག་རྩ་སྔགས་གཡོན་དུ་འཁོར༔ བདག་ཉིད་དབྱིངས་ཀྱི་མཁའ་འགྲོའི་ཐུགས་ཀ་ནས༔ དམར་ནག་ལྕགས་ཀྱུ་ལྟ་བུའི་འོད་ཀྱིས་བསྐུལ༔ འབངས་ལ་རྗེ་ཡིས་བཀའ་ནན་བྱས་པ་ལྟར༔ ཐོགས་མེད་གང་དམིགས་ཕྲིན་ལས་སྒྲུབ་པར་བསམ༔ ཨོཾ་བཛྲ་མ་ཧཱ་ཀཱ་ལཱི་རེ་མ་ཏཱི་ས་མ་ཡཱ་ཙིཏྟ་ཧྲིང་ཛ་སིདྡྷི་ཧཱུྃ༔ ཞེས་པ་བརྒྱ་སྟོང་གང་ནུས་ཤུབ་བུར་བཟླས༔ དེ་ནས་དངོས་གྲུབ་བསྐུལ་བའི་སྔགས་ཤམ་ནི༔ ནོར་གྱི་དངོས་གྲུབ་འདོད་ན་སིདྡྷིའི་གོང་དུ༔ བ་སུ་མ་ཎི་ཞེས་དང་༔ བུ་དཔལ་འདོད་ན་ཤྲཱི་པུ་ཏྲ༔ དེ་བཞིན་ཆུ་ཡི་གཏེར་འདོད་ན་པཱ་ཎི་ནི་དྷི༔ ཆར་ལ་དང་པོ་སྤྲིན་སྡུད་མེ་གྷ་དྷ་རཱི༔ ཆར་དངོས་ལ་ཛ་ལནྡྷ་ར་འམ་ཡང་ན་ཨཱ་ནན་དྷ་པྲ་མོ་ད་པྲྀཎྜ་ཞེས་སྦྱར༔ ཡང་ན་ཁཾ་དྷ་ར༔ སྔགས་ཚན་གསུམ་གྱི་གང་མོས་དང་༔ སྙན་གྲགས་རྒྱས་པར་འདོད་ན་མ་མ་ཀ་ར་ཀཱ་ཞེས་སོགས་བསྒྱུར༔ འདི་ཡིས་གང་འདོད་མྱུར་འགྲུབ་འགྱུར༔ གཞན་ཡང་རང་མོས་དབང་སྡུད་ན༔ སིདྡྷིའི་གོང་དུ་སྔགས་འདི་སྦྱར༔ ཛ་ཛ་ཛུ་ཛུ་ཕོ་རྒྱུད་རྒྱལ་བློན་བན་སྔགས་སྐྱེ་བོ་ཐམས་ཅད་ཀྱི་སྲོག་དུང་དུང་༔ སྙིང་སྒུལ་སྒུལ༔ བློ་ཡེད་ཡེད༔ རྣམ་པར་ཤེས་པ་ཡེང་ཡེང་༔ ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ ཅེས་དང་དམན་མོ་མོ་རིགས་ལ༔ ཛ་ཛ་ཁུག་ཁུག༔ མོ་རྒྱུད་བཙུན་མོ་རྗེ་འབངས་ན་གཞོན་སྔགས་ཡུམ་མཛེས་མ་ཐམས་ཅད་ཀྱི་སོགས་སྔགས་སྔར་ལྟར་ལ་མཇུག་ཏུ༔ མངལ་སྲིན་གཡོས༔ ཆགས་སེམས་སློང་༔ དབང་པོ་མྱོས༔ ཨ་ཀརྵ་ཡ་ཛ་ཛཿ དེ་རྗེས་ཐམས་ཅད་བདག་གི་དབང་དུ་སྡུས་ཤིག༔ འདི་ནི་ཤིན་ཏུ་ཟབ་པ་སྟེ༔ གང་དམིགས་དབང་དུ་མ་འདུས་ན༔ རིག་འཛིན་པདྨ་བདག་གིས་བསླུས༔ ཕྱི་རབས་སྐལ་ལྡན་བཙས་སུ་བཞག༔ དུས་བབས་མཚོ་རྒྱལ་སྤྲུལ་པས་འདི༔ སྙིང་མཛོད་གསང་བའི་སྒྲོམ་ནས་ཐོན༔ ཆོས་དང་མཐུན་པའི་གང་ཟག་ལ༔ སྲུང་མ་ཅི་དགོས་ངེས་པར་སྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་མངའ་གསོལ་བྱ་བ་ནི༔ གཏོར་མ་སྨན་རཀ་ཕུད་རྒོད་བྲན༔ འབྲུ་སྣ་འཐོར་ཞིང་སྤོས་དུད་གཏོང་༔ རོལ་མོ་འཁྲོལ་ཞིང་སྲུང་མ་ལ༔ མོས་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ དུས་གསུམ་དུས་མེད་རྒྱལ་བ་ཀུན་གྱི་ཡུམ༔ དཔལ་ལྡན་དུད་སོལ་ལྷ་མོ་འཁོར་བཅས་ལ༔ སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཕྱིར༔ རྣལ་འབྱོར་སྒོ་གསུམ་གུས་པས་མངའ་གསོལ་ལོ༔ སྤྲོས་མེད་མཁའ་ལྟར་དག་པའི་ཐུགས་ཀློང་ནས༔ ཇི་སྙེད་ཤེས་བྱ་མཁྱེན་པའི་དབྱངས་ཅན་ལྷ༔ སྒྲུབ་ལ་ངག་གི་འདོད་པ་འཇོ་བའི་མ༔ མཁྱེན་རབ་དབང་ཕྱུག་ཆེན་པོར་མངའ་གསོལ་ལོ༔ དོན་དམ་དབྱིངས་ལས་འཕོ་འགྱུར་མི་མངའ་ཡང་༔ ཚད་མེད་སྙིང་རྗེས་རྣལ་འབྱོར་བུ་བཞིན་སྐྱོང་༔ རྒྱལ་སྲས་སྤྱོད་པ་རླབས་ཆེན་མཐར་མཛད་པའི༔ གཞན་ཕན་ཐུགས་རྗེའི་ལྷ་མོར་མངའ་གསོལ་ལོ༔ ཆོས་ཉིད་ཞི་ལས་གཡོས་པ་མེད་བཞིན་དུ༔ རྣམ་འགྱུར་དྲག་ཤུལ་དཔའ་མོའི་རོལ་གར་གྱིས༔ བསྟན་ལ་སྡང་བའི་དགྲ་བགེགས་རྨིང་མེད་དུ༔ བརླག་མཛད་གཤིན་རྗེའི་རྒྱལ་མོར་མངའ་གསོལ་ལོ༔ གང་ཞིག་ཟས་དང་ནོར་གྱིས་དབུལ་བ་ལ༔ རིན་ཆེན་ལྔ་སོགས་འདོད་དགུའི་ཆར་འབེབས་པའི༔ ཡིད་བཞིན་ནོར་བུ་ལས་ལྷག་དངོས་གྲུབ་ཀུན༔ ཐོགས་མེད་སྩོལ་མཛད་ནོར་ལྷར་མངའ་གསོལ་ལོ༔ དྲེགས་ལྡན་ལྷ་དང་ཀླུ་དང་གནོད་སྦྱིན་སོགས༔ སྡེ་བརྒྱད་ཀུན་གྱི་རྗེ་མོར་མངོན་མཐོ་ཞིང་༔ སངས་རྒྱས་བསྟན་ལ་བསྙེན་བཀུར་སྲུང་སྐྱོབ་ཀུན༔ གཡེལ་མེད་ཆོས་འཁོར་སྲུང་མར་མངའ་གསོལ་ལོ༔ ཟབ་ཆོས་སྤྱི་དང་ཁྱད་པར་རྗེ་བཙུན་མའི༔ སྒྲུབ་ཐབས་དགོངས་གཏེར་སྲུང་བའི་གཡར་དམ་ཅན༔ རིག་འཛིན་པདྨ་རྒྱལ་པོའི་བཀའ་ཉན་མ༔ སྔགས་སྲུང་དུད་སོལ་ལྷ་མོར་མངའ་གསོལ་ལོ༔ སྙིགས་དུས་བདུད་དང་དམ་སྲི་ཁ་རྒྱས་ཤིང་༔ ཆོས་མཛད་སྐྱེས་བུ་ཤིན་ཏུ་ཉམས་དམའ་བས༔ རྒྱལ་བའི་བསྟན་པ་ནུབ་ལ་ཉེ་བའི་ཚེ༔ ཐུབ་བསྟན་རྒྱལ་མཚན་འཛུགས་པར་མངའ་གསོལ་ལོ༔ ཁྱད་པར་དཔལ་ལྡན་བླ་མའི་སྐུ་ཚེ་ལ༔ བར་གཅོད་འཚེ་བའི་བདུད་ཀུན་ཚར་བཅད་ནས༔ འཆི་མེད་དངོས་གྲུབ་སྩོལ་བའི་དབང་མོ་ཆེ༔ བདེན་ཚིག་གྲུབ་པའི་མཁའ་འགྲོར་མངའ་གསོལ་ལོ༔ ཞེས་དང་གཞན་ཡང་གཉེར་གཏད་འདི་བཞིན་བྱ༔ ཧཱུྃ་བྷྱོ༔ མ་ཅིག་དཔལ་ལྡན་ལྷ་མོ་དུད་སོལ་མ༔ དྲེགས་པ་སྡེ་བརྒྱད་མ་སྲིང་མཁའ་འགྲོ་ལ༔ རྣལ་འབྱོར་བུ་བཞིན་གདུང་བས་གསོལ་འདེབས་ཤིང་༔ མ་མར་བཅོལ་བཞིན་གཉེར་དུ་གཏད་པ་ལ༔ བྱམས་པའི་ཐུགས་ཀྱིས་ཉེ་བར་དགོངས་ནས་ཀྱང་༔ སྙིང་བརྩེའི་གྲོགས་ལྟར་གཡེལ་བ་མེད་པར་མཛོད༔ སངས་རྒྱས་བསྟན་པ་གཉན་པོ་གཉེར་དུ་གཏད༔ བཤད་དང་སྒྲུབ་པའི་སྲོལ་རྒྱུན་མ་ཉམས་པར༔ རྒྱལ་བསྟན་མཁའ་ལ་ཉི་མ་ཤར་བ་ལྟར༔ ནུབ་མེད་ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་མཛོད༔ བསྟན་འཛིན་སྐྱེས་བུའི་ཚོགས་རྣམས་གཉེར་དུ་གཏད༔ སྐུ་ཚེ་མཛད་ཕྲིན་ཆོས་མཐུན་ཡར་རྒྱས་ཤིང་༔ ཚེ་གེགས་བར་ཆད་བསུན་མ་དབྱིངས་སུ་ཟློག༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ བརྒྱུད་འཛིན་བུ་སློབ་སྐྱེས་བུ་གཉེར་དུ་གཏད༔ ཐོས་བསམ་སྒོམ་ལ་གཡེལ་བ་མེད་པ་དང་༔ ཚེ་ལ་གེགས་མེད་བསམ་དོན་ཡིད་བཞིན་འགྲུབ༔ སྙན་གྲགས་འབྲུག་ལྟར་སྒྲོགས་པའི་ཕྲིན་ལས་མཛོད༔ ཡངས་པའི་རྒྱལ་ཁམས་ཐམས་ཅད་གཉེར་དུ་གཏད༔ མི་ཕྱུགས་ནད་རིམས་རྐྱེན་ངན་རྒྱུན་ཆད་ནས༔ ལོ་ལེགས་འབྲུ་འཕེལ་ཕན་ཚུན་བྱམས་ཤིང་བརྩེ༔ རྫོགས་ལྡན་དཔལ་ལ་སྤྱོད་པའི་ཕྲིན་ལས་མཛོད༔ ཆོས་འཁོར་དགེ་འདུན་སྡེ་རྣམས་གཉེར་དུ་གཏད༔ ཐུགས་མཐུན་བསླབ་ལྡན་ཀུན་གྱི་གཙུག་ན་མཛེས༔ མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་མཐོ་ཞིང་༔ འགྲོ་ཀུན་དགེ་ལ་འཛུད་པའི་ཕྲིན་ལས་མཛོད༔ ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་གཉེར་དུ་གཏད༔ སྡིག་རྒྱུན་མི་དགེའི་དྲི་མ་རིང་དོར་ནས༔ དགེ་བཅུའི་སྤྱོད་ལྡན་ཆབ་སྲིད་དར་ཞིང་རྒྱས༔ དགྲ་གདོན་གཡུལ་ལས་རྒྱལ་བའི་ཕྲིན་ལས་མཛོད༔ རྣལ་འབྱོར་བདག་ཅག་མི་ནོར་གཉེར་དུ་གཏད༔ མི་ཡི་ཚེ་བསྲིངས་བུ་དཔལ་རིགས་རྒྱུད་སྤེལ༔ ཕྱུགས་ཀྱི་རྫི་བོ་དཀོར་ནོར་སྲུང་མ་གྱིས༔ མི་ཕྱུགས་དར་ཞིང་རྒྱས་པའི་ཕྲིན་ལས་མཛོད༔ གཞན་ཡང་དགྲ་རྐུན་ཇག་ཆོམ་གཅན་སྤྱང་སོགས༔ མི་འདོད་རྐྱེན་ངན་བར་ཆད་ཟློག་པ་དང་༔ ཚེ་དཔལ་ལེགས་ཚོགས་འཕེལ་ཞིང་རྒྱས་པ་ཡི༔ ཕྲིན་ལས་གཉན་པོ་གང་བཅོལ་འགྲུབ་པར་མཛོད༔ བདག་ཅག་གར་འགྲོ་གར་འདུག་གར་གནས་ཀྱང་༔ དམ་ཅན་སྤྱི་དང་ཁྱད་པར་དུད་སོལ་མས༔ སྲུང་སྐྱོབ་མེལ་ཚེ་གཡེལ་མེད་མཛད་པ་དང་༔ གང་བརྩམས་མ་ལུས་ཐོགས་མེད་འགྲུབ་པར་མཛོད༔ འདི་ཉིད་རྒྱུན་དུ་མཆོད་བསྟོད་དང་༔ འབྲལ་མེད་སྲུང་མར་གཉེར་གཏད་ན༔ དགྲ་རྐུན་ཉེར་འཚེ་ཞི་བ་དང་༔ ཚེ་དང་དཔལ་འབྱོར་རིགས་རྒྱུད་འཕེལ༔ གང་དམིགས་སྣང་བ་དབང་དུ་འདུ༔ བརྙས་བྱེད་བསྟན་དགྲ་ཁ་ཕུང་གཏོང་༔ གསང་སྔགས་ཕྱི་ནང་སྲུང་མ་ལས༔ འདི་ནི་སྙིང་ཉེ་རྣོ་མྱུར་ཆེ༔ འགྲུབ་སླ་དམ་ཚིག་ལྡན་པའོ༔ ཟབ་ཆོས་སྤྱི་དང་ཁྱད་པར་དུ༔ འཕགས་མའི་ཐུགས་ཐིག་སྲུང་མར་བསྐོས༔ མཚོ་རྒྱལ་སྙིང་མཛོད་སྒྲོམ་དུ་སྦོས༔ མ་སྤེལ་བསྟན་འགྲོའི་བཙས་སུ་བཞག༔ ལས་འཕྲོ་གཏེར་དང་འཕྲད་པའི་ཚེ༔ སྐལ་ལྡན་དེ་ཡི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདག་འདྲ་མ་ཧཱ་ཙི་ནའི་རིགས་ལས་བྱུང་བའི་སྐལ་ལྡན་ལུང་རིག་གླིང་པས་ཕབ་པའི་དགེ་བས་སྒྲུབ་པ་པོ་རྣམས་ལ་སྲུང་མ་དམ་ཅན་རྒྱ་མཚོའི་སྲུང་སྐྱོབ་གཡེལ་མེད་དུ་མཛད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

དུད་སོལ་མའི་ཚོགས་མཆོད་འདོད་དོན་དཔལ་འབྱུང་།

དུད་སོལ་ལྷ་མོའི་ཐུགས་སྒྲུབ་ལས༔ ཚོགས་མཆོད་འདོད་དོན་དཔལ་འབྱུང་བཞུགས་སོ༔

དབྱིངས་ཡུམ་ཀུན་བཟང་རལ་གཅིག་མར༔ སྒོ་གསུམ་དད་པས་ཕྱག་འཚལ་ནས༔ དུད་སོལ་ལྷ་མོའི་རྣལ་འབྱོར་པས༔ བསྙེན་སྒྲུབ་བརྩམ་མམ་དགྲ་བགེགས་སྒྲོལ༔ ལས་བཞི་ཆེ་ཕྲ་གང་བསྒྲུབས་ཀྱང་༔ ཚོགས་མཆོད་འདི་ལ་འབད་པ་གཅེས༔ ས་མ་ཡཱ༔ ཆོ་གའི་གཞུང་བསྲངས་བསྙེན་པ་བསྐྱལ༔ མཆོད་བསྟོད་ལ་སོགས་སྔོན་སོང་ནས༔ ཚོགས་རྫས་ཟན་དང་ཤ་མར་ཐུད༔ འོ་ཆང་ཤིང་ཏོག་འབྲས་ཆན་སོགས༔ འབྱོར་ཚད་བསགས་ལ་བྱིན་བརླབ་ནི༔ རང་ཉིད་རལ་གཅིག་ཁྲོས་མའི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་གསུམ་དམར་ལྗང་དཀར་པོའི་མདངས༔ རབ་འཕྲོས་མཆོད་རྫས་ཉེས་སྐྱོན་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྣོད་བཅུད་ཕུན་སུམ་ཚོགས༔ ཟག་མེད་འདོད་དོན་ཀུན་བཟང་མཆོད་སྤྲིན་ལྟར༔ རྩ་གསུམ་སྲུང་མ་དགྱེས་པའི་རྫས་སུ་གྱུར༔ རྃ་ཡྃ་ཁྃཿ གསུམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་མམ་ལྔ་བརྗོད་བདུད་རྩིའི་ཟེགས་མ་འཐོར༔ ཚོགས་ཞིང་དཀྱིལ་འཁོར་ལྷ་ཚོགས་སྤྱན་འདྲེན་ནི༔ ཧཱུྃ༔ རང་ཉིད་རྣམ་དག་དབྱིངས་ཀྱི་ཕོ་བྲང་ནས༔ ཀུན་བཟང་ཁྲོས་མ་མ་མོ་རལ་གཅིག་མའི༔ བཀའ་སྡོད་དཔལ་ལྡན་ལྷ་མོ་དུད་སོལ་མ༔ དྲེགས་ཆེན་བརྒྱད་དང་བཀའ་གཏེར་སྲུང་མའི་ཚོགས༔ གྷ་ན་ཚོགས་ཀྱི་མཆོད་པ་བཞེས་སླད་དུ༔ དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན༔ བརྩེ་ཆེན་ཐུགས་དམ་དབང་གིས་གཤེགས་སུ་གསོལ༔ གུ་རུ་དྷེ་ཝཱ་ཌཀྐཱི་ནི་རེ་མ་ཏཱི་དྷརྨ་པཱ་ལ་སརྦ་ས་མ་ཡཱ་ཛ་ཛཿ ཚོགས་ཕུད་ལྷ་ལ་འབུལ་བ་ནི༔ ཨེ་མ་ཧོ༔ མཆོག་གསུམ་ཀུན་འདུས་བླ་མ་ཡི་དམ་ལྷ༔ ཌཱཀྐི་རྒྱ་མཚོ་བཀའ་གཏེར་སྲུང་མ་ལ༔ དངོས་འབྱོར་ཡིད་སྤྲུལ་ཚོགས་ཀྱི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་པཱུ་ཛ་ཁ་ཧཱི༔ བར་བ་འབུལ་ཞིང་བཤགས་ཚིག་ནི༔ ཧོ༔ སྡིག་ལྡན་བདག་ནི་ཐོག་མེད་འཁྲུལ་དབང་གིས༔ ཇི་སྲིད་བྱང་ཆུབ་མཐོང་ལམ་མ་ཐོབ་བར༔ སྒོ་གསུམ་ལས་ཉོན་དབང་གྱུར་སྡིག་པ་ཀུན༔ བཤགས་སོ་དག་ཚངས་ཆེན་པོའི་དངོས་གྲུབ་སྩོལ༔ ཡིག་བརྒྱ་བརྗོད་ཅིང་ནོངས་པ་བཤགས༔ ཐ་མ་ཚོགས་རྫས་དགྲ་བགེགས་འགུགས༔ ཕུར་པ་འདྲིལ་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ རང་ཉིད་ཁྲོས་མའི་ཐུགས་ཀའི་འོད་དམར་པོས༔ དགྲ་བགེགས་ཀུན་བཀུག་ཚོགས་ཀྱི་རྫས་ལ་བསྟིམ༔ ཕུར་བུ་སྲས་མཆོག་བཛྲ་ཀཱི་ལ་ཡས༔ གཟིར་བས་སྒོ་གསུམ་དབང་སྡུད་རྣམ་ཤེས་སྤར༔ ཤ་ཁྲག་དྭངས་མ་བདུད་རྩིར་བྱིན་བརླབས་ནས༔ དཀྱིལ་འཁོར་ལྷ་ཚོགས་དགྱེས་པའི་རྫས་སུ་བསྒྱུར༔ བསྟབ་བོ་བཞེས་ཤིག་ལོག་འདྲེན་དབྱིངས་སུ་སྒྲོལ༔ ཨོཾ་བཛྲ་མ་ཧཱ་ཀ་ལཱི་རེ་མ་ཏཱི་ས་མ་ཡཱ་ཙིཏྟ་ཧྲིང་ཛ་སིདྡྷི་ཧཱུྃ༔ རྩ་སྔགས་ཤམ་བུར༔ སརྦ་ཤ་ཏྲུཾ་མཱ་ར་ཡ་མཾ་ས་ཙིཏྟ་ཀོ་རོ་ཙ་ན་བཱ་སུ་ཏ་ཁཱ་ཧི༔ སྔགས་སྲུང་མཐུ་ཆེན་རྒྱལ་མོ༴སོགས། ཚོགས་ལ་རོལ་ཞིང་སྤྱོད་ལམ་བསྐྱངས༔ བསྐང་བ་རྒྱས་བསྡུས་གང་མོས་གཏོང་༔ ས་མ་ཡཱ༔ དེ་ནས་ཚོགས་ལྷག་གཏོང་བ་ནི༔ ཚོགས་ཀྱི་ཐ་མར་བདུད་རྩིས་བྲན༔ ཨོཾ་ཨཱཿཧཱུྃ༔ འདོད་ཡོན་བཟའ་བཏུང་ལྷག་མའི་དམ་ཚིག་རྫས༔ བཀའ་ཡི་སྲུང་མ་ཕྲ་མེན་ཌཀྐཱི་ཚོགས༔ ཟག་མེད་བདུད་རྩིའི་ལྷག་མ་འདི་བཞེས་ལ༔ ནད་གདོན་ཞི་ཞིང་ཚེ་བསོད་དཔལ་འབྱོར་རྒྱས༔ གང་འདོད་དབང་འདུས་དགྲ་བགེགས་ལོག་འདྲེན་སྒྲོལ༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ ཨུ་ཙུཥྚ་བྷ་ལིང་ཏ་ཁཱ་ཧི༔ དྲག་པོའི་ལས་ལ་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་ཆེན་བཀའ་སྡོད་མ་མོ་རལ་གཅིག་མ༔ དེ་ཡི་ཕོ་ཉ་དུད་སོལ་དཔལ་ལྷ་མོ༔ སྡེ་བརྒྱད་སྤྲུལ་བསྒྱུར་སྣ་ཚོགས་དབྱིངས་ནས་བཞེངས༔ ལོག་འདྲེན་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ད་ལྟ་དུས་ངན་ལྔ་བརྒྱའི་ཐ་མ་འདིར༔ གཟུགས་ཅན་སྡང་དགྲ་དངོས་བརྒྱུད་གང་རུང་ནས༔ བསམ་ངན་སྦྱོར་རྩུབ་ཤོམ་པ་ཐམས་ཅད་དང་༔ གཟུགས་མེད་འབྱུང་པོ་བསྟན་དང་འགྲོ་ལ་གནོད༔ ཡུལ་འདྲེ་དམ་སྲིའི་དཔུང་ཚོགས་ཆམ་ལ་ཕོབ༔ དྲག་པོའི་ཕྲིན་ལས་བསྐལ་པའི་མེ་ལྕེའི་དབལ༔ སྲིད་གསུམ་བསྟན་འགྲོར་གནོད་རྣམས་རྡུལ་བརླགས་ནས༔ ཕན་བདེའི་སྣང་བ་རྒྱས་པའི་དགའ་སྟོན་གྱིས༔ བསྟན་དང་བསྟན་འཛིན་སྐྱོང་བའི་ལས་མཛོད་ཅིག༔ གཏོར་མ་ཟོར་འཕངས་དམིགས་མེད་བཞག༔ ཆད་མདོའི་གཏོར་མ་སྨན་རཀ་སྦྲན༔ ཧཱུྃ་བྷྱོ༔ སྔོན་ཚེ་བསྐལ་པ་ཐོག་མའི་དུས་ཀྱི་ཚེ༔ འོག་མིན་རང་སྣང་ཆོས་དབྱིངས་ཕོ་བྲང་དུ༔ བརྗོད་བྲལ་ཆོས་སྐུའི་སྟོན་པ་ཀུན་བཟང་དངོས༔ རྒྱུད་གསུངས་རྡོ་རྗེའི་གླུ་ཡིས་བསྐུལ་བའི་ཚེ༔ ཐབས་མཆོག་སྟོན་པ་ཀུན་བཟང་ཧེ་རུ་ཀས༔ ཁྲོ་རྒྱལ་ཡབ་ཡུམ་ཀོ་སེང་དབང་མོ་སོགས༔ རང་སྣང་ཕྱིར་གསལ་འཁོར་ཚོགས་དབང་བསྡུས་ནས༔ ཟབ་གསང་རྒྱུད་སྡེའི་གསང་མཛོད་གནད་བསྟན་པས༔ ཟག་མེད་བདེ་སྟོང་བརྗོད་བྲལ་དམ་བཅས་བཞིན༔ འཁོར་འདས་གདོད་མའི་གཞི་ལ་གྲོལ་བ་དང་༔ ལོག་རྟོག་འཁྲུལ་སྣང་འཁོར་བ་དོང་སྤྲུགས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་གསང་ཆེན་སྟོན་པ་གཙོ་འཁོར་གྱིས༔ རྨད་བྱུང་གསང་ཆེན་སྦྱོར་སྒྲོལ་གནད་བཀྲོལ་ནས༔ ལོག་པར་རྟོག་པའི་སློབ་བུ་དམ་ལོག་ནས༔ སྦས་པའི་གསང་བ་མཚན་འཛིན་བརྟུལ་ཞུགས་ཀྱིས༔ འགྲོ་རྣམས་སྡུག་བསྔལ་དྲག་པོས་ནོན་པ་ལ༔ ཕྱོགས་བཅུའི་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ༔ རྟ་ཕག་ཡབ་ཡུམ་ཁྲོས་པའི་ང་རོ་ཡིས༔ དྲེགས་པ་རཱུ་ཏྲ་སྡེར་བཅས་ཚར་བཅད་ཚེ༔ དབང་ཕྱུག་ལ་སོགས་ལྷ་ཀླུ་སྡེ་བརྒྱད་ཀྱིས༔ གསང་ཆེན་བསྟན་པ་སྲུང་བའི་རྣལ་འབྱོར་གྱི༔ བར་དུ་གཅོད་པའི་དགྲ་བགེགས་སྒྲོལ་བ་དང་༔ གང་བཅོལ་ལས་ཀུན་བྲན་བཞིན་བསྒྲུབ་པོ་ཞེས༔ ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དེ་འོག་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ཡིས༔ བོད་ཡུལ་བསམ་ཡས་མཆིམས་ཕུའི་དབེན་རྩ་རུ༔ མཚོ་རྒྱལ་ལ་སོགས་རྗེ་འབངས་གྲོགས་རྣམས་ལ༔ ཟབ་ཆོས་པདྨའི་ཐུགས་བཅུད་ཞལ་ཕྱེ་ནས༔ བཀའ་སྲུང་རལ་གཅིག་དུད་སོལ་མ་མགོན་གཟའ༔ དམ་ཅན་རྒྱ་མཚོས་སྤེལ་ཞིང་བསྲུང་ངོ་ཞེས༔ ཇི་ལྟར་དམ་བཅས་བཞིན་དུ་ཕྲིན་ལས་མཛོད༔ ས་མ་ཡཱ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བསྟན་མའི་གཏོར་མ་ལ༔ བསང་ཆུས་བྲན་ཅིང་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྔོན་ཚེ་རྒྱལ་དབང་པདྨ་ཀཱ་ར་ཡིས༔ དམ་ལ་བཏགས་པའི་བསྟན་མ་བཅུ་གཉིས་ཀྱིས༔ གངས་ཅན་བོད་འདིར་ཐུབ་བསྟན་བསྲུང་བའི་ཕྱིར༔ ལྟ་ལོག་མུ་སྟེགས་དྲུངས་ནས་ཕྱུང་ངོ་ཞེས༔ ཇི་ལྟར་དམ་བཅའ་གཉན་པོའི་ཡལ་གམ་བཞིན༔ བཤལ་ཆུའི་གཏོར་མ་བཞེས་ལ་ཕྲིན་ལས་མཛོད༔ མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བྲོ་བརྡུང་བྱ་བ་ནི༔ ཧཱུྃ་ཧཱུྃ༔ སྟོང་གསུམ་སྟོང་གི་གཏོར་གཞོང་རི་རབ་འོག༔ བདུད་དང་ལོག་འདྲེན་དགྲ་བགེགས་འབྱུང་པོ་མནན༔ ཇི་སྲིད་བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ སྲིད་མཐའི་བར་དུ་ནམ་ཡང་ལྡང་མེད་གྱུར༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ རྗེས་ལ་མཆོད་ཅིང་བསྟོད་པ་ནི༔ གཞུང་ལྟར་བྱ་ཞིང་སྒྲུབ་པའི་རྫས༔ དངོས་གྲུབ་ལེན་པ་འདི་སྐད་དོ༔ ཧཱུྃ་ཧྲཱིཿ སྐུ་གསུམ་བདག་ཉིད་དཔལ་ལྡན་དུད་སོལ་མའི༔ འགྱུར་མེད་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་རྣལ་འབྱོར་བདག་ཅག་ལ༔ ཐོགས་མེད་དུས་འདིར་མྱུར་དུ་ཐོབ་ནས་ཀྱང་༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་རྣམས་ཀུན༔ གང་བརྩམ་ཡིད་བཞིན་འགྲུབ་པའི་དངོས་གྲུབ་སྩོལ༔ རྫས་ལ་རོལ་ཞིང་དགའ་སྟོན་བྱ༔ དེ་ནས་གཏོར་གཞོང་སྨན་འབྲུས་བཀང་༔ རྗེས་ལ་བསྡུ་རིམ་བྱ་བ་ནི༔ ཧོ༔ སྣང་བའི་ངོ་བོ་དཔལ་ལྡན་དུད་སོལ་མ༔ སྟོང་པའི་རང་བཞིན་ཆོས་དབྱིངས་སྐྱེ་མེད་ཀློང་༔ གཤེགས་བཞུད་མཚན་མའི་སྐྱོན་དང་བྲལ་བའི་ངང་༔ བསྐྱེད་པའི་ལྷ་སྐུ་དམིགས་མེད་བརྗོད་བྲལ་བཞག༔ ཨ་ཨཿ སླར་ཡང་རང་ཉིད་སྔགས་སྲུང་རལ་གཅིག་སྐུ༔ གནས་གསུམ་ཡི་གེ་གསུམ་གྱིས་སྤྲས་པ་ལས༔ རྡོ་རྗེའི་གོ་ཆས་ལུས་ཀུན་རབ་གཏམས་ནས༔ བར་ཆད་འབྱུང་པོས་ནམ་ཡང་གླགས་མི་རྙེད༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དེ་ནས་བསྔོ་བ་རྒྱས་འདེབས་ནི༔ ཨེ་མ་ཧོ༔ བདག་གཞན་འགྲོ་བ་ཀུན་གྱི་དོན་ཆེད་དུ༔ བཀའ་སྲུང་མཆོད་བསྟོད་རྩ་གསུམ་སྒྲུབ་ལ་སོགས༔ དགེ་རྩ་འདིས་མཚོན་སྐྱེ་འཕགས་དགེ་བ་ཀུན༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ དེ་མཐུས་ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར༔ བསྟན་འཛིན་ཞབས་བརྟན་ཆོས་མཐུན་ཐུགས་བཞེད་འགྲུབ༔ འགྲོ་བའི་གེགས་ཞི་བདེ་སྐྱིད་འཕེལ་ཞིང་རྒྱས༔ རྫོགས་ལྡན་དཔལ་ཡོན་ནུབ་མེད་རྟག་བརྟན་ཤོག༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་སིལ་མ་འཐོར༔ ཨེ་མ་ཧོ༔ རྩ་གསུམ་བདག་ཉིད་དབྱངས་ཅན་ངག་གི་ལྷ༔ གང་འདུལ་བསྟན་སྲུང་ཚུལ་འཛིན་དུད་སོལ་མ༔ བྱང་ཆུབ་བར་དུ་ལུས་དང་གྲིབ་བཞིན་འགྲོགས༔ ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཚོགས་མཆོད་ཟབ་མོ་འདི་ཉིད་ལ༔ ནན་ཏན་བརྩོན་པས་ཚོགས་གཉིས་རབ་རྫོགས་ཏེ༔ རྣམ་མཁྱེན་སངས་རྒྱས་ཐོབ་པ་སོམ་ཉི་བྲལ༔ དེ་བས་འདི་ལ་བརྩོན་པ་མཆོག་ཏུ་བསྐྱེད༔ གུ་ཧྱ༔ ལུང་རིག་གླིང་པའི་དགོངས་གཏེར་རོ༔

འཁྲུགས་བསྐང་རིམས་ནད་ཞི་མཛད་དོན་ཀུན་གྲུབ་པའི་དབྱངས་སྙན།

དཔལ་ལྡན་དུད་སོལ་ལྷ་མོའི་འཁྲུགས་བསྐང་རིམས་ནད་ཞི་མཛད་དོན་ཀུན་གྲུབ་པའི་དབྱངས་སྙན་ཞེས་བྱ་བ་བཞུགས༔ མ་མོ་མཁའ་འགྲོའི་ཚོགས་ལ་འདུད༔ འཁྲུགས་བསྐང་བྱ་བར་འདོད་རྣམས་ཀྱིས༔ བསྐང་རྫས་ཅི་འབྱོར་འཚོགས་བྱས་ཏེ༔ རང་ཉིད་རལ་གཅིག་ཏིང་འཛིན་དང་༔ སྔགས་དྲུག་ཕྱག་རྒྱས་བྱིན་གྱིས་བརླབས༔ བྷྱོ༔ དཔལ་ལྡན་དུད་སོལ་རྒྱལ་མོ་ནི༔ འཁོར་བཅས་དགོངས་ཤིང་གསན་དུ་གསོལ༔ བདག་ཅག་ལས་ཉོན་དབང་གྱུར་ཏེ༔ ཉམས་ཆག་ཉེས་ལྟུང་ཅི་བསགས་པ༔ མི་འཆབ་སྙིང་ནས་མཐོལ་ལོ་བཤགས༔ བསྐྱེད་རིམ་ལྷ་ཡི་ཏིང་འཛིན་གྱིས༔ ལུས་ཀྱི་ཉམས་ཆག་དབྱིངས་སུ་བཤགས༔ སྐུ་ཡི་མཁའ་འགྲོ་འཁོར་བཅས་ཀྱི༔ བཀའ་ཆད་དལ་ཡམས་ཐམས་ཅད་ཟློག༔ འགྱུར་མེད་སྐུ་ཡི་ངང་དུ་བསྐང་༔ མཁའ་འགྲོ་འཁྲུག་པའི་རྒྱུ་དང་རྐྱེན༔ རང་བཞིན་མཉམ་པའི་ཀློང་དུ་བཤགས༔ ཚོགས་དང་སྨན་གཏོར་རཀྟ་དང་༔ ལྷ་སྔགས་ཏིང་འཛིན་བདེན་སྟོབས་མཐུས༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ བཟླས་པ་སྔགས་ཀྱི་ཏིང་འཛིན་གྱིས༔ ངག་གི་ཉམས་ཆག་དབྱིངས་སུ་བཤགས༔ གསུང་གི་མཁའ་འགྲོ་འཁོར་བཅས་ཀྱི༔ བཀའ་ཆད་དལ་ཡམས་ཐམས་ཅད་ཟློག༔ འགག་མེད་གསུང་གི་རོལ་པར་བསྐང་༔ མཁའ་འགྲོ་འཁྲུག་པའི་རྒྱུ་དང་རྐྱེན༔ རང་བཞིན་མཉམ་པའི་ཀློང་དུ་བཤགས༔ ཚོགས་དང་སྨན་གཏོར་རཀྟ་དང་༔ ལྷ་སྔགས་ཏིང་འཛིན་བདེན་སྟོབས་ཀྱིས༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ རྫོགས་རིམ་ཐུགས་ཀྱི་ཏིང་འཛིན་གྱིས༔ སེམས་ཀྱི་རྟོག་སྒྲིབ་དབྱིངས་སུ་བཤགས༔ ཐུགས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱི༔ བཀའ་ཆད་དལ་ཡམས་ཐམས་ཅད་ཟློག༔ འཁྲུལ་མེད་ལྟ་བའི་ངང་དུ་བསྐང་༔ མཁའ་འགྲོ་འཁྲུག་པའི་རྒྱུ་དང་རྐྱེན༔ རང་བཞིན་མཉམ་པའི་ཀློང་དུ་བཤགས༔ ཚོགས་དང་སྨན་གཏོར་རཀྟ་དང་༔ ལྷ་སྔགས་ཏིང་འཛིན་བདེན་སྟོབས་མཐུས༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ སྦྱོར་སྒྲོལ་ཡོན་ཏན་ཏིང་འཛིན་གྱིས༔ གཟུང་འཛིན་གཉིས་རྟོག་དབྱིངས་སུ་བཤགས༔ ཡོན་ཏན་མཁའ་འགྲོ་འཁོར་བཅས་ཀྱི༔ བཀའ་ཆད་དལ་ཡམས་ཐམས་ཅད་ཟློག༔ མཉམ་རྫོགས་ཡོན་ཏན་ངང་དུ་བསྐང་༔ མཁའ་འགྲོ་འཁྲུག་པའི་རྒྱུ་དང་རྐྱེན༔ རང་བཞིན་མཉམ་པའི་ཀློང་དུ་བཤགས༔ ཚོགས་དང་སྨན་གཏོར་རཀྟ་དང་༔ ལྷ་སྔགས་ཏིང་འཛིན་བདེན་སྟོབས་མཐུས༔ ཉམས་བསྐང་ཉེས་པ་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཤེས་དང་བསྒྲུབ་བྱ་མི་སྤང་དང་༔ དང་བླང་བསྒྲུབ་དང་སྤྱད་བྱ་ཡི༔ ཉམས་ཆག་ཉེས་པའི་རྒྱུ་རྐྱེན་གྱིས༔ མ་མོ་མཁའ་འགྲོ་ཤུགས་འགྲོ་དང་༔ འགོ་བའི་ལྷ་སྲུང་འཁྲུག་པ་བསྐང་༔ གྲིབ་དང་མི་གཙང་སྐྱོན་རྣམས་ཀུན༔ ཆོས་དབྱིངས་ཀློང་དུ་སོར་ཆུད་ནས༔ མི་ཕྱུགས་དལ་ཡམས་ལོ་ཉེས་འཁྲུག༔ མི་མཐུན་རྒུད་པ་ཀུན་ཞི་ནས༔ བར་ཆད་བདུད་ཀྱི་གཡུལ་ངོ་ལས༔ རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད༔ ཅེས་འདི་ཌཀྐཱིའི་བརྡ་རིས་ལས༔ ཕབ་པའི་ཟབ་ཆོས་ཡང་དག་གོ༔ དམ་ཅན་སྲུང་མར་གཉེར་དུ་གཏད༔ བསྟན་འགྲོའི་གསོས་སུ་འགྱུར་བར་ཤོག༔ གུ་ཧྱ༔ ཞེས་པ་ཆོས་ལ་དབང་བའི་སྐྱེས་མཆོག་ས་ར་ཧི་ཏས་བསྐུལ་ངོར༔ དགོངས་ཀློང་ཆོས་མཛོད་རྡོལ་བ་ལུང་རིག་གླིང་པས་སོ༔ སརྦ་མངྒ་ལཾ༔

འཁྲུགས་བསྐང་ཉེས་སྐྱོན་ཀུན་སེལ།

དུད་སོལ་ལྷ་མོའི་འཁྲུགས་བསྐང་ཉེས་སྐྱོན་ཀུན་སེལ་བཞུགས༔ གཏོར་མ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ༔ བྷྱོ༔ སྣང་སྲིད་སྣོད་བཅུད་འབྱུང་བ་ལྔ་ཡི་དབྱིངས༔ ས་ཁམས་སྤྱན་མ་ཆུ་ཁམས་མ་མཱ་ཀི༔ མེ་ཁམས་གོས་དཀར་རླུང་ཁམས་དམ་ཚིག་སྒྲོལ༔ ནམ་མཁའི་དབྱིངས་ཕྱུག་ཀུན་ཏུ་བཟང་མོའི་ཀློང་༔ རང་བཞིན་རྣམ་དག་རྒྱལ་བ་ཀུན་གྱི་ཡུམ༔ འཕོ་འགྱུར་དགའ་སྡུག་སྤྲོས་པ་ལས་འདས་ཀྱང་༔ གདུལ་བྱའི་དོན་དུ་གནས་ཡུལ་ཌཀྐཱིའི་ཚོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ མ་སྲིང་མཁའ་འགྲོའི་རྣམ་ཐར་སྟོན་པ་རྣམས༔ དམ་ལྡན་སྲུང་ཞིང་ཉམས་ལ་ཆད་པ་གཅོད༔ དེ་ཕྱིར་ཉམས་ཆག་ཉེས་པའི་སྐྱོན་རྣམས་ཀུན༔ མི་འཆབ་སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ བྷྱོ༔ བདག་ནི་ཉོན་མོངས་ཞེ་སྡང་དབང་དུ་གྱུར༔ རྡོ་རྗེ་རིགས་ཀྱི་དམ་ཚིག་དང་འགལ་ཏེ༔ སྲོག་གཅོད་ལ་སོགས་གཞན་ལ་འཚེ་བ་བྱས༔ རྡོ་རྗེ་དྲིལ་བུ་སྨོན་འཇུག་སེམས་དང་བྲལ༔ བཛྲ་ཌཀྐཱི་སྤྲུལ་པར་བཅས་པ་ལ༔ མཐོལ་ལོ་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ བདག་ནི་ཉོན་མོངས་ང་རྒྱལ་དབང་དུ་གྱུར༔ རིན་ཆེན་རིགས་ཀྱི་དམ་ཚིག་དང་འགལ་ཏེ༔ མ་བྱིན་ལེན་དང་དཀོན་མཆོག་མཆོད་པ་གཡེལ༔ སེར་སྣས་བསྡམས་ཤིང་སྦྱིན་པ་རྣམ་བཞི་སྤངས༔ རཏྣ་ཌཀྐཱི་སྤྲུལ་པར་བཅས་པ་ལ༔ མཐོལ་ལོ་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ བདག་ནི་ཉོན་མོངས་འདོད་ཆགས་དབང་དུ་གྱུར༔ པདྨ་རིགས་ཀྱི་དམ་ཚིག་དང་འགལ་ཏེ༔ ལོག་པར་གཡེམ་སོགས་ཚངས་སྤྱོད་ཆོས་ལས་ཉམས༔ ཐེག་གསུམ་བཀའ་ལ་རས་གཅོད་གཟུ་ལུམ་བྱས༔ པདྨ་ཌཀྐཱི་སྤྲུལ་པར་བཅས་པ་ལ༔ མཐོལ་ལོ་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ བདག་ནི་ཉོན་མོངས་ཕྲག་དོག་དབང་དུ་གྱུར༔ ལས་ཀྱི་རིགས་ཀྱི་དམ་ཚིག་དང་འགལ་ཏེ༔ ཕྲག་དོག་དབང་གིས་འཕགས་པར་གཤེ་ཞིང་སྐུར༔ འགྲོ་ལ་གཡོ་སྒྱུའི་སྒྲོ་སྐུར་ལོག་པར་བལྟས༔ ཀརྨ་ཌཀྐཱི་སྤྲུལ་པར་བཅས་པ་ལ༔ མཐོལ་ལོ་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ བདག་ནི་ཉོན་མོངས་གཏི་མུག་དབང་གྱུར་ཏེ༔ དེ་བཞིན་རིགས་ཀྱི་དམ་ཚིག་དང་འགལ་ཏེ༔ བདག་གཞན་གཉིས་གཟུང་རྟག་ཆད་མཐའ་རུ་ལྷུང་༔ བསྐྱེད་རིམ་ཏིང་འཛིན་རྫོགས་རིམ་དགོངས་པ་འཁྲུལ༔ བྷུདྡྷ་ཌཀྐཱི་སྤྲུལ་འཁོར་བཅས་པ་ལ༔ མཐོལ་ལོ་བཤགས་སོ་ཚངས་པར་བསྩལ་དུ་གསོལ༔ གཞན་ཡང་འདུལ་བའི་ཆོས་སྒོར་ལེགས་ཞུགས་ཏེ༔ དགེ་བསྙེན་དགེ་ཚུལ་དགེ་སློང་བསླབ་ཁྲིམས་མནོས༔ རྩ་བཞི་ལྷག་མ་སྤང་ལྟུང་ལྟུང་བྱེད་དང་༔ སོར་བཤགས་ཉེས་བྱས་ལྟུང་བ་སྡེ་ལྔ་ལས༔ མ་ཤེས་མ་གུས་བག་མེད་ཉོན་མོངས་མང་༔ ལས་ངན་དབང་གིས་ཉམས་ཆག་ཅི་བསགས་པ༔ མཁན་པོ་ལས་སློབ་དངོས་བརྒྱུད་མཆོག་གསུམ་ལ༔ མི་འཆབ་འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ བྱང་ཞིང་དག་ནས་ཚངས་པར་བསྩལ་དུ་གསོལ༔ རྒྱལ་བའི་གཤེགས་ཤུལ་རྒྱལ་སྲས་ལམ་བཟང་ལས༔ སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས༔ དཀར་ནག་ཆོས་བརྒྱད་རྩ་ལྟུང་ཉི་ཤུ་སོགས༔ གཞན་ལ་ཕན་པའི་སྤྱོད་པ་ལྷུར་མ་བླང་༔ གཡོ་དང་སྒྱུས་བསླད་རང་དོན་དང་བླངས་ནས༔ བྱང་ཆུབ་ལམ་ལས་རིང་དུ་གྱུར་པ་ཀུན༔ རྒྱལ་དང་དེ་སྲས་ཐེག་ཆེན་དགེ་བའི་བཤེས༔ ཕ་མ་ལ་སོགས་བཤགས་ཡུལ་ཐམས་ཅད་ལ༔ མི་འཆབ་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ༔ བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད་སྡེ་ལས༔ སྤྱི་དང་བྱེ་བྲག་དབང་བསྐུར་ལེགས་མནོས་ཏེ༔ གསང་བ་སྔགས་ཀྱི་དམ་སྡོམ་མཐའ་དག་ལ༔ ལས་ཉོན་དབང་གིས་ཉམས་ཆག་ཅི་བསགས་པ༔ དམ་ཚིག་དབང་དང་ཤེས་རབ་རྒྱུད་དོན་བཤགས༔ མན་ངག་ལུང་སྦྱིན་ཉམས་ཆག་སྐོང་མཛད་པ༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ལ༔ མཐོལ་ལོ་བཤགས་སོ་དག་ཚངས་དངོས་གྲུབ་སྩོལ༔ ཉ་སྟོང་བརྒྱད་གསུམ་དུས་ཀྱི་མཆོད་པ་ཆག༔ ཡི་དམ་སྤང་བླང་མཁའ་འགྲོ་ཆོས་སྐྱོང་ལ༔ ཚོགས་གཏོར་ཆུང་ཞིང་དུས་མིན་ལས་ལ་བསྐུལ༔ རང་འདོད་གྲུབ་མཐའ་རྩ་གསུམ་སྲུང་མ་ལ༔ འགལ་འཁྲུལ་ཉེས་པའི་བག་ཆགས་ཅི་བསགས་པ༔ མཐོལ་ལོ་བཤགས་སོ་དག་ཚངས་མཆོག་སྩོལ་ཅིག༔ བྷྱོ༔ ཁྱད་པར་མ་ཅིག་དཔལ་ལྡན་དུད་སོལ་མ༔ བརྩེ་བའི་ཐུགས་ཀྱིས་དགྱེས་ཤིང་དགོངས་སུ་གསོལ༔ འཛུམ་པའི་སྤྱན་གྱིས་གཟིགས་ཤིང་གསན་དུ་གསོལ༔ ཉམས་ཆག་སྒྲིབ་པའི་བག་ཆགས་མ་ལུས་པ༔ ཁྱོད་ཀྱི་སྤྱན་སྔར་བདག་གིས་བཤགས་བགྱིད་ན༔ མ་ཡིས་བུ་ལ་རྗེས་སུ་གདུང་བ་ལྟར༔ མཐོལ་བཤགས་བཟོད་གསོལ་དང་དུ་བཞེས་ནས་ཀྱང་༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་བསལ་དུ་གསོལ༔ ཅེས་དང་གཞན་ཡང་བཤགས་ཚིག་ཅི་རིགས་བརྗོད༔ ཡི་གེ་བརྒྱ་པས་ནོངས་པ་བཤགས་པར་བྱའོ༔ ཞེས་པའང་དད་ལྡན་མོས་གུས་ཀྱི་སྤྱན་དཀྱུས་རྣམ་པར་འཛུམ་ཞིང་༔ ཐོས་བསམ་སྒོམ་པའི་ལང་ཚོ་རབ་ཏུ་མཛེས་པ༔ ཤེས་རབ་མཆོག་གི་ལུས་རྩལ་སྒེག་པའི་གཞོན་ནུ་ས་ར་ཧི་ཏ་བྷ་དྲས་ཡང་ཡང་བསྐུལ་ངོར༔ རང་བྱུང་པདྨ་རྒྱལ་པོ་དང་གྲུབ་དབང་ཀུན་བཟང་གཞན་ཕན་གྱི་བྱིན་རླབས་ལས་རང་རྩལ་ཌཀྐཱིའི་གཏེར་ལ་དབང་བསྒྱུར་བའི་སྤྲང་བན་ལུང་རིག་གླིང་པས་གཏེར་ཚིག་ཉུང་ངུ་ཞིག་འདུག་པ་ལ་རང་བློས་ཁ་སབ་སྟེ་སྤེལ་བའི་མཐུས་དམ་ལྡན་ཆོས་བརྒྱུད་འཛིན་པ་རྣམས་ལ་སྲུང་མས་འགོ་ཞིང་སྡོང་གྲོགས་མཛད་པའི་རྒྱུར་གྱུར་ཅིག༔ དགེའོ།།

གཡང་འགུགས་བདེ་སྐྱིད་དཔལ་འབྱུང་།

༄༅༔ རྩ་གསུམ་སྤྱི་དང་ཁྱད་པར་དུད་སོལ་ལྷ་མོ་ལ་སྦྱར་རྒྱུའི་གཡང་འགུགས་བདེ་སྐྱིད་དཔལ་འབྱུང་ཞེས་བྱ་བ་བཞུགས་སོ༔

༄༅༔ དངོས་གྲུབ་རྒྱ་མཚོའི་གཏེར་འཆང་བ༔ རྩ་གསུམ་ནོར་ལྷ་སྲུང་མ་ལ༔ ཕྱག་འཚལ་བདེ་སྐྱིད་འབྱུང་བའི་གནས༔ བྱང་ཆུབ་སེམས་ཀྱིས་འདི་བཞིན་བརྩམས༔ དེ་ཡང་ཆོ་ག་གང་རུང་གི་ཚོགས་ལྷག་ཡན་གྲུབ་པའམ༔ མིན་ཀྱང་གཞི་གཙང་དཀར་པོའི་སྟེང་དུ་འབྲུས་གཡུང་དྲུང་བྲིས་པའི་ཁར་གཏེར་བུམ་ཡོད་ན་དེ་དང་ཡང་ན་གཡང་བཤོས་ནོར་བུའི་རྒྱན་ཅན༔ ཕྱེ་མར༔ མར་ཐུད་ཀྱི་རི་བོ༔ ཇ་ཆང་འོ་ཞོའི་བཏུང་བ་སོགས་ཟས་སྣ་རོལ་མོའི་རིགས་བྱེད༔ གོ་མཚོན་ཅི་ཡོད༔ བུད་མེད་ཀྱི་རྒྱན་ཆ་གསེར་དངུལ་སོགས་རིན་པོ་ཆེའི་རིགས་ཁྱད་པར་དུ་སྐུ་གསུང་ཐུགས་རྟེན་སོགས་བཤམས་ལ༔ དྲི་ཞིམ་སྤོས་དུད་གཏོང་༔ མདའ་དར་གཡབ་སྟེ༔ རང་ཉིད་ཨོ་རྒྱན་ཆེན་པོའམ་ནོར་རྒྱུན་མའམ་རྣམ་སྲས་ཛམ་ལྷ་སོགས་གང་རུང་དུ་བསྒོམས་ལ༔ མདུན་མཁར་པདྨ་འབྱུང་གནས་ལ་ནོར་ལྷ་མ་ཚང་བ་མེད་པས་བསྐོར་བ་ལ་གདུང་བས་གསོལ་འདེབས་བསམ་ལྷུན་སྤྱི་དང་ཁྱད་པར་མཁའ་འགྲོ་ནོར་ལྷའི་གསོལ་འདེབས་ཚིག་དྲུག་པོ་བརྒྱ་རྩ་སོགས་ཐུན་བཟུང་ནས༔ དེ་ལྟར་གསོལ་བ་བཏབ་པས་ཨོ་རྒྱན་ཆེན་པོ་འཁོར་ནོར་ལྷ་རྒྱལ་མཚོའི་ཚོགས་ཀྱི་སྐུའི་འོད་ཟེར་ཁ་དོག་ལྔ་ལྡན་ཕྱོགས་བཅུར་འཕྲོས་པས་འབྱུང་ལྔའི་དྭངས་བཅུད་སོགས་ཕྱི་སྣོད་ཀྱི་ཕྱྭ་གཡང་དང་༔ ནང་བཅུད་སྐྱེ་འགྲོའི་ཚོགས་ཀྱི་ཚེ་དཔལ་བསོད་ནམས་མངའ་ཐང་ཕྱྭ་གཡང་ཐམས་ཅད་སྦྱིན་བདག་གི་གནས་ཁང་སྦྲ་ཁྱིམ་དང་༔ མི་ནོར་ཡོ་བྱད་གཡང་འགུགས་པའི་རྫས་ལ་བཀུག་ནས་ཐིམ་པར་བསམ་ལ༔ ཀྱཻ༔ དེ་རིང་བཀྲ་ཤིས་དགེ་བའི་གནས་མཆོག་འདིར༔ རྩ་གསུམ་སྲུང་མ་ནོར་ལྷ་རྒྱ་མཚོ་ལ༔ གསོལ་བཏབ་བདག་ལུས་ལོངས་སྤྱོད་དགེ་བའི་ཚོགས༔ མཆོད་པའི་མཎྜལ་ཉིད་དུ་དམིགས་ཏེ་འབུལ༔ ཚེ་རབས་ཐོག་མེད་དུས་ནས་ད་བར་དུ༔ མ་བྱིན་ལེན་དང་འཕྲོག་བཅོམ་སེར་སྣའི་མཐུས༔ མཆོད་སྦྱིན་གཡེལ་སོགས་མི་དགེའི་ལས་བསགས་ལ༔ ཐམས་ཅད་སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཕྱི་ནང་སྣོད་བཅུད་ཕྱྭ་གཡང་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་འགུགས་ཕྱིར་གསོལ་འདེབས་ན༔ མཁྱེན་བརྩེ་ནུས་གསུམ་ཐུགས་རྗེའི་འོད་ཟེར་གྱིས༔ ཐོགས་མེད་མྱུར་དུ་འགུགས་པར་མཛད་དུ་གསོལ༔ ཀྱཻ༔ བསླུ་མེད་སྟོན་པ་རྫོགས་པའི་སངས་རྒྱས་དང་༔ ཆགས་བྲལ་ལམ་མཆོག་ལུང་རྟོགས་དམ་པའི་ཆོས༔ རྣམ་འདྲེན་ཚོགས་ཀྱི་ཞིང་མཆོག་དགེ་འདུན་སྡེ༔ སྲིད་ཞིའི་བདེ་སྐྱིད་ཕྱྭ་གཡང་འདིར་ཁུག་ཅིག༔ བྱིན་རླབས་རྩ་བ་བཀའ་བརྒྱུད་བླ་མ་དང་༔ དངོས་གྲུབ་རྩ་བ་ཡི་དམ་དཀྱིལ་འཁོར་ལྷ༔ ཕྲིན་ལས་རྩ་བ་གནས་གསུམ་མཁའ་འགྲོའི་ཚོགས༔ དུས་གསུམ་དགེ་བའི་ཕྱྭ་གཡང་འདིར་ཁུག་ཅིག༔ དཔལ་མགོན་ལ་སོགས་ཕོ་རྒྱུད་མགོན་པོའི་ཚོགས༔ དཔལ་ལྡན་དུད་སོལ་མོ་རྒྱུད་མ་མོའི་སྡེ༔ དཔལ་གཡང་ཀུན་སྩོལ་ནོར་བདག་རྒྱལ་མོའི་དཔུང་༔ དེ་རིང་གནས་འདིར་ཁམས་གསུམ་ཕྱྭ་གཡང་ཁུག༔ ཅེས་དང་༔ ཀ་དག་བདེ་སྟོང་འགྱུར་མེད་ཐུགས་ཀྱི་གཡང་༔ ཁ་དོག་གསལ་འཚེར་མཚན་དཔེའི་སྐུ་ཡི་གཡང་༔ ག་དར་དྲི་མེད་ཚངས་དབྱངས་གསུང་གི་གཡང་༔ ང་བདག་འཛིན་བྲལ་གསང་གསུམ་ཕྱྭ་གཡང་ཁུག༔ ཅ་རེ་ལ་སོགས་དབང་པོ་སྒོ་ལྔའི་གཡང་༔ ཆ་རོགས་མཐུན་གཉིས་ཟུང་སྡེབ་གྲོགས་ཀྱི་གཡང་༔ ཇ་དར་གསེར་དངུལ་ཡོ་བྱད་ནོར་གྱི་གཡང་༔ ཉ་གནས་ཆུ་བོའི་རྒྱུན་བཞིན་གནས་འདིར་ཁུག༔ ཏ་ཐཱ་ག་ཏའི་ལུང་རྟོགས་བསྟན་པའི་གཡང་༔ ཐ་དད་རྒྱ་བོད་ཧོར་གསུམ་རྟ་ཕྱུགས་གཡང་༔ ད་ལྟ་མངོན་མཐོ་འབྱོར་པའི་དྲག་ལྡན་གཡང་༔ ན་བུན་མཁའ་ལ་འདུས་བཞིན་གནས་འདིར་ཁུག༔ པ་སངས་ལ་སོགས་གཟའ་སྐར་ལེགས་པའི་གཡང་༔ ཕ་རོལ་དགྲ་འཇོམས་དཔའ་བོ་སྟོབས་ཀྱི་གཡང་༔ བ་གམ་རྫོང་མཁར་སྦྲ་ཁང་ཁྱིམ་གྱི་གཡང་༔ མ་ལུས་ལུས་པ་མེད་པར་ཕྱྭ་གཡང་ཁུག༔ ཙ་རི་ལ་སོགས་གནས་ཡུལ་བྱིན་ཅན་གཡང་༔ ཚ་ཟེར་ཅན་སོགས་གསལ་བྱེད་སྒྲོན་མེའི་གཡང་༔ ཛ་ཡས་བྱིན་བརླབས་བཀྲ་ཤིས་རྫས་རྟགས་གཡང་༔ ཝ་ཆུ་ཁྲིད་བཞིན་དགེ་བའི་གནས་འདིར་ཁུག༔ ཞྭ་གོས་ལྷམ་སོགས་མཁོ་བའི་ཡོ་བྱད་གཡང་༔ ཟ་ར་ཚག་བཞིན་མི་རབས་རྒྱུན་འབྲེལ་གཡང་༔ འ་ཅག་ཚེ་འདིར་བདེ་སྐྱིད་འབྱོར་བའི་གཡང་༔ ཡ་མཚན་གཏན་འདུན་ཐར་པའི་ཕྱྭ་གཡང་ཁུག༔ རྭ་ཆགས་དུད་འགྲོ་སྟོབས་ལྡན་ཆེ་ཕྲའི་གཡང་༔ ལ་ལུང་སྐད་ཅིག་བགྲོད་བྱེད་རྟ་ཡི་གཡང་༔ ཤ་བ་རིས་སོགས་གོས་ཕྲུག་དར་ཟབ་གཡང༔ ས་རྡུལ་རླུང་གིས་བསྡུས་བཞིན་གནས་འདིར་ཁུག༔ ཧ་ལ་རྣམ་རྟོག་ཞི་བྱེད་གདམས་པའི་གཡང་༔ ཨ་ཏི་རྩོལ་བྲལ་ལྟ་སྒོམ་སྤྱོད་པའི་གཡང་༔ ཨ་མི་དྷེ་ཝའི་དགོངས་དོན་འབྲས་བུའི་གཡང་༔ ཨ་ཧོ་གསོལ་འདེབས་བརྩོན་པའི་གནས་འདིར་ཁུག༔ ཅེས་སོགས་དང་མཐར༔ ཨེ་མ་ཧོ༔ ཇི་ལྟར་དཔག་བསམ་ཤིང་ལས་དགོས་འདོད་ཀུན༔ ཀུན་ནས་འབྲལ་མེད་འབྱུང་བཞིན་གསོལ་བཏབ་འབྲས༔ འབྲས་བུ་བསླུ་མེད་འདི་ཕྱིའི་འདོད་པའི་དོན༔ དོན་གྲུབ་ལེགས་ཚོགས་འཕེལ་བའི་གཡང་བརྟན་ཤོག༔ ཅེས་བརྗོད་ཅིང་གཡང་སྒམ་སོགས་སུ་འཇུག་པར་བྱའོ༔ ཞེས་པའང་དད་པ་དང་ལྡན་པའི་སྦྱིན་བདག་བན་རྒན་ཨོ་རྒྱན་རིག་འཛིན་ངོར་དཀོར་རྒན་བླུན་པོ་རྒྱ་སྤྲུལ་གྱིས་སྨྲས་པ་དགེའོ༔

དུད་སོལ་ལྷ་མོའི་བསྐུལ་བ་མེའི་སྤུ་གྲི།

སྔགས་སྲུང་ཁྲོས་མའི་ཐུགས་སྒྲུབ་ལས༔ དུད་སོལ་ལྷ་མོའི་བསྐུལ་བ་མེའི་སྤུ་གྲི་བཞུགས༔

རང་བྱུང་དབྱིངས་ཀྱི་ལྷ་ལ་འདུད༔ ཞིང་བཅུ་སྒྲོལ་བའི་ལས་བརྩམ་ཚེ༔ དམར་གཏོར་ལྷ་གྲངས་ཤ་ཁྲག་བརྒྱན༔ དགྲ་བགེགས་འགུགས་ཤིང་རང་ཉིད་ནི༔ རལ་གཅིག་མ་མོའི་ཏིང་འཛིན་གྱིས༔ སྤྲུལ་བའི་ཕོ་ཉས་བསྒྲལ་བ་ཡི༔ ཤ་ཁྲག་ཟག་མེད་བདུད་རྩིར་དམིགས༔ གཙོ་འཁོར་རྣམས་ལ་སྔགས་འདི་འབུལ༔ མ་མ་རུ་ལུ་རུ་ལུ་རེ་མ་ཏི་ཨ་ཡ་མ་དུ་རུ་ཤ་ཤ་ན་དགྲ་བགེགས་ཆྒཻ་མོ་ཞེས་བྱ་བའི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི༔ ས་མ་ཡཱ་པུ་ཛ་ཧོ༔ ཚིལ་ཆེན་དུད་པ་སྤོས་དང་སྦྱར༔ རྐང་གླིང་འབུད་ཅིང་རོལ་མོ་འཁྲོལ༔ རྔམས་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ སྐྱེ་མེད་ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ལས༔ གསང་ཆེན་བཀའ་ཡི་བསྟན་པ་བསྲུང་བ་དང་༔ ཞིང་བཅུ་དགྲ་བོ་རྨིང་མེད་བརླག་པའི་ཕྱིར༔ འཇིགས་རུང་རྔམས་པའི་དུར་ཁྲོད་བརྒྱད་རྣམས་སུ༔ མི་བཟད་གཏུམ་པོའི་དགྲ་བོའི་སྐུ་སྤྲུལ་པ༔ དཔལ་ལྡན་དུད་སོལ་ལྷ་མོའི་ཐུགས་དམ་བསྐུལ༔ ཧཱུྃ་བྷྱོ༔ ཤར་ཕྱོགས་དགའ་བའི་ཚལ་གྱི་དུར་ཁྲོད་ནས༔ བཅོམ་ལྡན་རྡོ་རྗེ་ཁྲག་འཐུང་ཡབ་ཡུམ་གྱི༔ བཀའ་ཡི་གཉེར་བྱང་གཏད་པའི་ཌཱཀྐི་མ༔ དཀར་མོ་ཟླ་བའི་འོད་ཅན་དབྱིངས་ནས་བཞེངས༔ ཐུགས་ཀྱི་རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་༔ ཤར་ཕྱོགས་དྲི་ཟ་ཕོ་མོའི་བཀའ་བསྒྱུར་ལ༔ དམ་ཉམས་དགྲ་ལ་སྨྱོ་འབོགས་བརྒྱལ་ནད་ཐོངས༔ ཧཱུྃ་བྷྱོ༔ ལྷོ་ཕྱོགས་སྣ་ཚོགས་འདྲེས་པའི་དུར་ཁྲོད་ནས༔ བཅོམ་ལྡན་རིན་ཆེན་ཁྲག་འཐུང་ཡབ་ཡུམ་གྱི༔ བཀའ་ཡི་ཐ་ཚིག་འཆང་བའི་ཌཱཀྐི་མ༔ སེར་མོ་ཉི་མའི་གདོང་ཅན་དབྱིངས་ནས་བཞེངས༔ ཡོན་ཏན་རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་༔ ལྷོ་ཕྱོགས་གཤིན་རྗེ་ཕོ་མོའི་བཀའ་བསྒྱུར་ལ༔ བསྟན་པའི་དགྲ་བོ་འཆི་བདག་ཁྲམ་ལ་ཐོབ༔ ཧཱུྃ་བྷྱོ༔ ནུབ་ཕྱོགས་གསང་ཆེན་རོལ་པའི་དུར་ཁྲོད་ནས༔ བཅོམ་ལྡན་པདྨ་ཁྲག་འཐུང་ཡབ་ཡུམ་གྱིས༔ དྲག་པོའི་ལས་ལ་བསྔགས་པའི་ཌཱཀྐི་མ༔ དམར་མོ་ཟངས་ཀྱི་རལ་ཅན་དབྱིངས་ནས་བཞེངས༔ གསུང་གི་རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་༔ ནུབ་ཕྱོགས་ཀླུ་གདོན་ཕོ་མོའི་བཀའ་བསྒྱུར་ལ༔ མཛེ་ནད་སྣ་དགུས་ཞིང་བཅུ་རྡུལ་དུ་རློགས༔ ཧཱུྃ་བྷྱོ༔ བྱང་ཕྱོགས་གད་རྒྱངས་སྒྲོགས་པའི་དུར་ཁྲོད་ནས༔ བཅོམ་ལྡན་ཀརྨ་ཁྲག་འཐུང་ཡབ་ཡུམ་གྱིས༔ བསྟན་དགྲ་སྒྲོལ་ལ་མངགས་པའི་ཌཱཀྐི་མ༔ ལྗང་མོ་གཡུ་ཡི་ཟུར་ཕུད་དབྱིངས་ནས་བཞེངས༔ ཕྲིན་ལས་རིགས་ཀྱི་ཁྲོ་བོ་ཁྲོ་མོ་དང་༔ བྱང་ཕྱོགས་གནོད་སྦྱིན་ཕོ་མོའི་བཀའ་བསྒྱུར་ལ༔ ཉམས་པ་བདུན་ལྡན་ཞིང་བཅུ་ཕྱགས་མས་ཐོབ༔ ཧཱུྃ་བྷྱོ༔ དབུས་ཕྱོགས་མེ་རི་འབར་བའི་དུར་ཁྲོད་ནས༔ སྔགས་སྲུང་ནམ་མཁའི་རལ་གཅིག་བཀའ་སྡོད་མ༔ དཔལ་ལྡན་དུད་སོལ་ལྷ་མོ་དབྱིངས་ནས་བཞེངས༔ གསང་སྔགས་རིག་སྔགས་ཁྲོ་བོ་ཁྲོ་མོ་དང་༔ སྔགས་སྲུང་དམ་ཅན་རྒྱ་མཚོའི་བཀའ་བསྒྱུར་ལ༔ ཐོགས་མེད་ཕྲིན་ལས་གནམ་ལྕགས་འཁྲུལ་འཁོར་གྱིས༔ གསང་ཆེན་བསྟན་དགྲ་སྒྲོལ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ སྟེང་ཕྱོགས་སུམ་ཅུ་རྩ་གསུམ་ལྷ་གནས་ནས༔འཆི་མེད་དབང་མོའི་སྲས་མོ་དུང་སྐྱོང་མ༔ དཀར་ཕྱོགས་ལྷ་ཁམས་རྒྱ་མཚོའི་བཀའ་བསྒྱུར་ལ༔ ལྷ་ཡི་དལ་ཁ་དམ་ཉམས་དགྲ་ལ་ཐོངས༔ ཧཱུྃ་བྷྱོ༔ འོག་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་རུམ་ནས༔ ཀླུ་རྒྱལ་འཇོག་པོའི་སྲས་མོ་གཟི་འབར་མ༔ གདུག་པ་ཀླུ་རིགས་ཕོ་མོའི་བཀའ་བསྒྱུར་ལ༔ ཀླུ་ནད་གདུག་པ་ཞིང་བཅུ་དབྱིངས་སུ་སྒྲོལ༔ ཧཱུྃ་བྷྱོ༔ བར་སྣང་བཅུ་གཉིས་ཁྱིམ་གྱི་གོ་ལ་ནས༔ མཁའ་རྒྱུའི་གཙོ་མོ་མ་མོ་ཁ་འབར་མ༔ གཏུམ་པའི་གཟའ་དང་རྒྱུ་སྐར་བཀའ་བསྒྱུར་ལ༔ སྡེ་བརྒྱད་གདུག་རྩུབ་དམ་ཉམས་དགྲ་ལ་ཐོངས༔ ཧཱུྃ་བྷྱོ༔ འཛམ་གླིང་ཆོས་འཁོར་གཙུག་ལག་གཞལ་ཡས་ནས༔ རྒྱལ་བའི་བསྟན་སྲུང་རྡོ་རྗེ་རབ་བརྟན་མ༔ བསྟན་སྲུང་དམ་ཅན་རྒྱ་མཚོའི་བཀའ་བསྒྱུར་ལ༔ བསྟན་བཤིག་དགྲ་ལ་བཀའ་ཡིས་ཆད་པ་ཆོད༔ ཧཱུྃ་བྷྱོ༔ ཟབ་གསང་རྫོགས་ཆེན་འཆད་ཉན་སྤེལ་བའི་ཚེ༔ སྙིང་ཐིག་སྲུང་མ་རྡོ་རྗེ་གཡུ་སྒྲོན་མ༔ སྐྱེ་མེད་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ལ༔ སྣང་བཞི་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མིང་བརྒྱ་མཚན་སྟོང་ལྷ་མོ་དུད་སོལ་མ༔ ཞི་བའི་ལས་མཛད་དཀར་སེར་མཛེས་པའི་སྐུ༔ མདའ་དར་བསྣམས་ནས་འཆི་མེད་ཚེ་གཡང་སྩོལ༔ རྣལ་འབྱོར་ཚེ་སྲོག་བསྲིང་ཕྱིར་ལས་ལ་བསྐུལ༔ ཚེ་ཡི་བར་ཆད་ཞི་བའི་ཕྲིན་ལས་མཛོད༔ རྒྱས་པའི་ལས་མཛད་གསེར་མདོག་འཛུམ་པའི་མདངས༔ རིན་ཆེན་གཏེར་བུམ་བསྣམས་ནས་ཕྱྭ་གཡང་སྡུད༔ ལོངས་སྤྱོད་འབྱོར་བ་འཕེལ་ཕྱིར་ལས་ལ་བསྐུལ༔ སྣོད་བཅུད་ཕྱྭ་གཡང་ཉམས་པའི་རྒུད་པ་སོལ༔ ཚེ་བསོད་འབྱོར་དྲུག་རྒྱས་པའི་ཕྲིན་ལས་མཛོད༔ དབང་གི་ལས་མཛད་དམར་མོ་ཆགས་པའི་ཉམས༔ ལྕགས་ཀྱུ་ཞགས་པས་སྣང་སྲིད་དབང་དུ་སྡུད༔ སྐྱེ་འགྲོའི་བླ་ཡིད་དགུགས་ཕྱིར་ལས་ལ་བསྐུལ༔ ལྷ་འདྲེ་མི་གསུམ་ཟས་ནོར་དབང་བསྡུས་ལ༔ བསྟན་འགྲོའི་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད༔ དྲག་པོའི་ལས་མཛད་དུར་ཁྲོད་གནས་ཀུན་ཉུལ༔འཇིགས་རུང་སྲོག་ཆགས་སྣ་ཚོགས་ཆིབས་རོལ་ཁྲིད༔ སྡེ་བརྒྱད་སྡོང་ཟླ་སྤྲུལ་པ་ཡང་སྤྲུལ་འགྱེད༔ བསྟན་ལ་སྡང་བར་འགྲོ་བའི་བདེ་སྐྱིད་བཅོམ༔ རྣལ་འབྱོར་བདག་དང་བསྲུང་བྱ་འཁོར་བཅས་ལ༔ དུས་གསུམ་ཀུན་ཏུ་སྡང་སེམས་གདུག་རྩུབ་འཆང་༔ ཁ་དཀར་སྙིང་གནག་ཞེ་ནས་དམོད་པའི་རིགས༔ བསྟན་དགྲ་དམ་ཉམས་སྒྲོལ་ཕྱིར་ཐུགས་དམ་བསྐུལ༔ ཁྱོད་ཐུགས་ཞི་བའི་དབྱིངས་ནས་མ་གཡོས་ཀྱང་༔ མགོན་མེད་རྣལ་འབྱོར་བརྩེ་བས་རྗེས་དགོངས་ལ༔ འགུག་བསྒྲལ་སྤར་བ་དྲག་པོའི་ཕྲིན་ལས་ཀྱིས༔ ལོག་འདྲེན་རྡུལ་དུ་བརླག་པའི་མཐུ་དཔུང་བསྐྱེད༔ རྐྱེན་ངན་བར་ཆད་བཟློག་པའི་དྲག་རྩལ་སྟོན༔ བྱད་མ་ལྷ་སྲུང་གཞོམ་པའི་དཔའ་རྩལ་ཕྱུང་༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡཱ༔ ཞེས་བརྗོད་དམར་གཏོར་དགྲ་ཕྱོགས་འཕངས༔ རིག་སྔགས་དམོད་ཚིག་གཞན་ཡང་བྱ༔ ཐལ་མོ་རྡེབ་ཅིང་སྟོང་ཉིད་བསྒོམ༔ དགུ་མཚམས་དུས་དང་བསྟུན་ཏེ་བྱ༔ གུ་ཧྱ༔ ཞེས་པའང་ཟབ་གསང་དགོངས་པའི་གཏེར་ཁ་ལས་བྱུང་བ་བཞིན་རྒྱལ་བའི་སྲས་ཀྱི་འཇུག་ངོགས་ལ་ངང་པ་པད་མའི་མཚོ་ལ་བརྩེ་བ་བཞིན་སྤྲོས་པའི་བརྟུལ་ཞུགས་ཅན་གཞན་ཕན་བཟང་པོས་བསྐུལ་ངོར། གྲུབ་དབང་རྫོགས་ཆེན་པའི་སློབ་འབངས་ལུང་རིག་གླིང་པས་སྨྲས་པ་དུས་གསུམ་དགེ་བའི་དཔལ་དང་རྒྱལ་བསྟན་རིན་པོ་ཆེ་མི་ཉམས་ཤིང་གོང་དུ་འཕེལ་བའི་གཞི་རུ་ཚུགས་ཤིག སརྦ་ཛ་ཡནྟུ། དགེའོ། །དགེའོ། །དགེའོ།།

བསྐུལ་བ་དྲག་མེ་དམར་ནག

དུད་སོལ་ལྷ་མོའི་ཐུགས་སྒྲུབ་ལས༔ བསྐུལ་བ་དྲག་མེ་དམར་ནག་བཞུགས༔

ཡེ་ཤེས་དབྱིངས་ཀྱི་མ་མོར་འདུད༔ དུད་སོལ་སྒྲུབ་པའི་རྣལ་འབྱོར་པས༔ དགྲ་འདྲེ་སྒྲོལ་བའི་ལས་བརྩམས་ཚེ༔ བསྐུལ་ཞིང་རྦད་པའི་མན་ངག་ནི༔ དམར་གཏོར་གཙོ་འཁོར་དགུ་པ་བཤམས༔ ལིང་ག་བྱ་དང་སྙིང་གིས་བརྒྱན༔ མེ་རི་དཔལ་འབར་ལ་སོགས་བཙུགས༔ རྔམ་རོལ་རྔ་བརྡུང་མི་རྐང་འབུད༔ རྣལ་འབྱོར་རལ་གཅིག་ཁྲོས་མ་ཡི༔ གསལ་བརྟན་བསྐྱེད་རིམ་བརྟན་པོའི་ངང་༔ དྲག་པོའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ འགག་མེད་ཐུགས་རྗེས་སེམས་ཅན་ལ་དགོངས་ནས༔ རྟག་ཏུ་རྩུབ་ཅིང་གདུག་པའི་སེམས་འཆང་བའི༔ ལོག་འདྲེན་ཞིང་བཅུའི་དགྲ་བགེགས་སྒྲོལ་བའི་ཕྱིར༔ རྔམ་བརྗིད་དྲག་པོར་ཁྲོས་པའི་ཚུལ་སྟོན་པ༔ དཔལ་ལྡན་དུད་སོལ་རྒྱལ་མོ་ལས་ལ་བསྐུལ༔ བཞེངས་ཤིག་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས༔ བསྐྱོད་ཅིག་བསྐྱོད་ཅིག་དྲག་པོའི་ཤུགས་ཀྱིས་སྐྱོད༔ མཛོད་ཅིག་མཛོད་ཅིག་དྲག་པོའི་ལས་རྣམས་ཀྱིས༔ རྡུལ་དུ་རློགས་ཤིག་ཞིང་བཅུའི་དགྲ་དང་བགེགས༔ མིང་ཙམ་མེད་པར་སྐྱེ་མེད་ཀློང་དུ་སྒྲོལ༔ བརྡ་ཙམ་མེད་པར་རྒྱལ་བའི་སྲས་སུ་བསྒྱུར༔ མཐུ་སྟོབས་བསྐལ་མེ་འབར་བའི་དབལ་གྱིས་སྲེག༔ དྲག་རྩལ་ནམ་མཁའི་ཐོག་གིས་ཐལ་བར་གཏོར༔ འདུན་ངན་གྲོས་ཤོམ་བསམ་སྦྱོར་རླུང་གིས་གཏོར༔ མ་རིག་འཁྲུལ་བའི་བདེན་ཞེན་རྩད་ནས་ཆོད༔ རྟེན་འབྲེལ་ལུགས་འབྱུང་སྐྱེ་བའི་ཆུ་རྒྱུན་ཆོད༔ འཁྲུལ་སྣང་ཚོགས་བརྒྱད་རི་མོ་དབྱིངས་སུ་སོལ༔ གང་བཅོལ་དྲག་པོའི་ལས་ལ་མ་གཡེལ་ཅིག༔ ཧཱུྃ་བྷྱོ༔ རྔམ་བརྗིད་རབ་ཏུ་འཇིགས་པའི་དུར་ཁྲོད་དང་༔ བྱང་ཤར་རྦ་རླབས་འཁྲུགས་པའི་ཁྲག་མཚོ་ནས༔ དཔལ་ལྡན་དུད་སོལ་དམག་ཟོར་རྒྱལ་མོ་ཆེ༔ དྲག་ཏུ་བསྐུལ་ཞིང་ལས་ལ་རྦད་པའི་ཚེ༔ རྒྱ་བོང་དམར་གྭ་རི་ལྟར་བརྗིད་པའི་གཟུགས༔ མེ་ཏོག་དམར་པོའི་ཚྭ་ཚྭ་ཐོ་རོ་རོ༔ སྦལ་སྦྲུལ་སྡོམ་སྡིག་སྲོག་ཆགས་ཉི་ལི་ལི༔ དམར་ནག་གློག་གི་ཕྲེང་བ་ཡ་ལ་ལ༔ འཚེར་སྐད་འབྲུག་སྟོང་ངུར་སྒྲ་ལྡི་རི་རི༔ བྱ་ནག་ཁྱི་ནག་རྟ་ནག་འུ་རུ་རུ༔ མཐིང་ནག་མུན་པའི་མདོག་ཅན་ཁྲོས་མའི་གཟུགས༔ སྤྱན་བགྲད་ཞལ་གདངས་སྲིན་མོའི་མཆེ་བ་གཙིགས༔ ཕྱག་བཞིས་མ་ངེས་མཚོན་ཆ་ཟིངས་སེ་ཟིང་༔ ཉི་ཟླའི་རྒྱན་ཕྲེང་སྦྲུལ་དང་གདོང་ལྔ་འགྱེད༔ རེ་ལྡེ་མི་རྩིབས་ཐོད་སྦྲུལ་རྨ་བྱས་བརྒྱན༔ སྐུ་ནི་བལྟར་མི་བཟོད་པའི་གཟི་འོད་འབར༔ གསུང་ནི་ཧཱུྃ་ཕཊཿབྷྱོ་རྦད་ང་རོ་སྒྲོག༔ ཐུགས་ནི་སྙིང་རྗེས་སྒྲོལ་ཕྱིར་ཞེ་སྡང་འབར༔ སྐུ་ནི་དྲེགས་པ་སྡེ་བརྒྱད་གཙོ་བོས་བསྐོར༔ ཤ་ཁྲག་དམར་གཏོར་ཁྲག་ཕུད་སྐྱེམས་དང་བཅས༔ དྲག་པོའི་ལས་ཀྱི་བརྔན་སྦྱིན་འདི་བཞེས་ལ༔ གཟུགས་ཅན་སྡང་དགྲའི་ལུས་སེམས་སོ་སོར་ཕྱེས༔ འཁྲུལ་བས་བསགས་བསྲུང་སྒྱུ་མའི་ནོར་རྫས་གཏོར༔ ཕུང་ལྔའི་འཁྲུལ་འཁོར་འདུ་བྱེད་སྒྲོག་མདོ་ཆོད༔ ལོག་རྟོག་གསལ་བའི་རྣམ་ཤེས་མར་མེ་སོད༔ རིག་སྟོང་སྐྱེ་མེད་ཡུམ་གྱི་མཁའ་ལ་སྤོར༔ ལས་ངན་ཚེ་བཅུད་རྣལ་འབྱོར་གསོས་སུ་སྩོལ༔ ཤ་ཁྲག་དྭངས་མ་བདུད་རྩིའི་ཚོགས་སུ་རོལ༔ གང་བཅོལ་དྲག་པོའི་ལས་རྣམས་མྱུར་འགྲུབ་མཛོད༔ ཅེས་བརྗོད་དམར་གཏོར་ཟོར་དུ་བརྡེག༔ ཡང་ན་གཙོ་མོའི་གཏོར་མར་འབུལ༔ དེས་ནི་དགྲ་འདྲེ་གང་ཡིན་ཀྱང་༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ས་མ་ཡཱ༔ གུ་ཧྱ༔

བསྒྲལ་ལས་བརྒྱ་བྱིན་མཚོན་རྣོན།

དུད་སོལ་ལྷ་མོའི་ཐུགས་སྒྲུབ་ལས༔ བསྒྲལ་ལས་བརྒྱ་བྱིན་མཚོན་རྣོན་བཞུགས་སོ༔

དབྱིངས་ཀྱི་མ་མོར་གུས་བཏུད་ནས༔ དུད་སོལ་ལྷ་མོའི་རྣལ་འབྱོར་པས༔ དགྲ་བགེགས་སྒྲོལ་བའི་ལས་བརྩམས་ཚེ༔ བསྙེན་སྒྲུབ་ལས་སྦྱོར་སྔགས་དམིགས་འབད༔ མདུན་དུ་དགྲ་གཟུགས་ལིང་ག་བཤམས༔ གསེར་སྐྱེམས་ཕུད་རྒོད་ཕྱོགས་བཅུར་གཏོར༔ བདེན་པའི་དཔང་དུ་མཆོག་གསུམ་ལྷ༔ སྲུང་མ་དང་བཅས་མདུན་མཁར་བསམ༔ གཟུ་དཔང་ཚིག་འདིས་སྙན་གསན་དབབ༔ རང་ཉིད་རལ་གཅིག་ང་རྒྱལ་ངང་༔ རྔ་བརྡུང་དུང་འབུད་རུ་མཚོན་ཕྱར༔ གདུང་བའི་ཡུས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ མི་མངོན་སྐུ་གསུམ་དབྱིངས་ཀྱི་ཕོ་བྲང་ནས༔ བརྒྱུད་གསུམ་རིག་འཛིན་བླ་མ་གཟུ་དང་དཔང་༔ ལོག་རྟོག་བློ་ངན་འཁྲུལ་བའི་སེམས་ཅན་རྣམས༔ སྣང་སྲིད་དག་པ་རབ་འབྱམས་ཀློང་དུ་སྒྲོལ༔ ཚེ་གཅིག་གྲོལ་བྱེད་རྒྱུད་སྡེའི་གསང་མཛོད་ནས༔ དངོས་གྲུབ་མཆོག་སྩོལ་ཡི་དམ་གཟུ་དང་དཔང་༔ སྒོ་གསུམ་འཁྲུལ་བས་བསླུས་པའི་ཞིང་བཅུའི་དགྲ༔ ལྷ་སྔགས་ཆོས་ཉིད་རྣམ་དག་ཀློང་དུ་སྒྲོལ༔ བདེ་སྟོང་རང་གཟུགས་གནས་ཡུལ་རྣམ་དག་ནས༔ ཡེ་ཤེས་མ་སྲིང་ཌཀྐཱིའི་གཟུ་དང་དཔང་༔ དུག་གསུམ་རང་རྒྱུད་ཞེན་པའི་དམ་ཉམས་རྣམས༔ བདེ་ཆེན་འགྱུར་མེད་ཡེ་ཤེས་ཀློང་དུ་སྒྲོལ༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ བརྒྱུད་གསུམ་དྲེགས་པ་སྡེ་བརྒྱད་གཟུ་དང་དཔང་༔ བསྟན་འགྲོར་དུས་གསུམ་གནོད་པའི་དགྲ་དང་བགེགས༔ དྲག་ཤུལ་ལས་སྦྱོར་མཚོན་ཆས་རྡུལ་དུ་རློགས༔ ད་དུས་སྙིགས་མ་ལྔ་བདོའི་མར་གཤམ་འདིར༔ རྒྱལ་བསྟན་འཛིན་པའི་སྐྱེས་བུ་ཉམས་དམའ་ཞིང༔ སྡིག་སྤྱོད་སྐྱེ་བོས་གཤེ་ཞིང་སྡང་བའི་ཚེ༔ རྒྱལ་བའི་བསྟན་སྲུང་ཞི་བར་མནལ་ལམ་ཅི༔ དེ་ཕྱིར་ཞིང་བཅུའི་དགྲ་དང་དམ་སྲིའི་དཔུང་༔ མཐུ་སྟོབས་དབང་པོའི་མཚོན་ཆས་རྡུལ་དུ་རློགས༔ ལུང་རྟོགས་བསྟན་ལ་སྡང་བའི་དམ་ཉམས་ཀྱིས༔ གསང་ཆེན་ཆོས་སྨད་གཙུག་ལག་རྟེན་གསུམ་བཤིག༔ འདུས་སྡེའི་ཡོ་བྱད་བཅོམ་ཞིང་བརླག་བྱེད་ན༔ སྲུང་མར་བསྐོས་ཤིང་གཉེར་གཏད་མ་དགོངས་སམ༔ དེ་ཕྱིར་ཞིང་བཅུའི་དགྲ་དང་དམ་སྲིའི་དཔུང་༔ མཐུ་སྟོབས་དབང་པོའི་མཚོན་ཆས་རྡུལ་དུ་རློགས༔ རྒྱལ་བའི་བྱིན་རླབས་ལ་རེ་སྦྱིན་བདག་གིས༔ དགེ་འདུན་སྡེ་མཆོད་སྲུང་མར་བརྔན་སྦྱིན་ནས༔ བསླུ་མེད་རྒྱུ་འབྲས་ཟབ་མོར་ཡིད་ཆེས་ཚེ༔ འགལ་རྐྱེན་བདུད་སྡེའི་ལོག་སྦྱོར་འཕྲུལ་ཤོམ་ན༔ བརྩེ་ཆེན་སྲུང་མས་བྱ་ར་མི་བྱེད་དམ༔ དེ་ཕྱིར་ཞིང་བཅུའི་དགྲ་དང་དམ་སྲིའི་དཔུང་༔ མཐུ་སྟོབས་དབང་པོའི་མཚོན་ཆས་རྡུལ་དུ་རློགས༔ ཤ་ཁྲག་གཏོར་མ་གསེར་སྐྱེམས་མཆོད་པ་བཞེས༔ དྲག་པོས་སྒྲོལ་བའི་ལས་ཀྱི་གྲོགས་མཛོད་ཅིག༔ དེ་ནས་ཉ་བོ་ཧོམ་དུ་གཞུག་༔ རཀྟས་བྲན་ཅིང་བསྐྱེད་པ་ནི༔ རང་ཉིད་རལ་གཅིག་གསལ་བའི་མདུན་དེ་རུ༔ བསད་ཁང་གྲུ་གསུམ་ཁ་དོག་མཐིལ་ཡངས་པ༔ ཕྱི་ནག་ཞེ་སྡང་མེ་དཔུང་དམར་ནག་འབར༔ ནང་དམར་འདོད་ཆགས་ཁྲག་མཚོའི་རྦ་རླབས་འཁྲུགས༔ ལོགས་ན་ང་རྒྱལ་བྲག་རི་རྦབ་ཏུ་འདྲིལ༔ ཕོ་རྒྱུད་སྲུང་མ་གཡས་ནས་བསྭོ་སྒྲ་སྒྲོག༔ མོ་རྒྱུད་སྲུང་མས་གཡོན་ནས་བཤུད་གླུ་ལེན༔ ནང་དུ་ནྲྀ་དང་ཏྲིཿལས་དགྲ་དང་བགེགས༔ མདོག་ངན་མདངས་ཉམས་སྐྲ་གཟེངས་འདར་ཅིང་དངངས༔ ཡན་ལག་ལྕགས་སྒྲོག་དམ་པོས་རབ་ཏུ་བསྡམས༔ གན་རྐྱལ་མགོ་བོ་ཚུར་བསྟན་གཡོ་འགུལ་བྲལ༔ དེ་ཡི་སྙིང་གའི་ནྲྀ་འམ་ཏྲི་ནག་ལས༔ འོད་འཕྲོས་གང་དམིགས་དེ་དང་དབྱེར་མེད་གསལ༔ དེ་ནས་བདེན་པ་བརྗོད་དེ་འགུགས་པ་ནི༔ ལྕགས་ཀྱུས་ཕྱག་རྒྱ་བཅའ་ཞིང་འདི་སྐད་དོ༔ ན་མོ༔ འཇིག་རྟེན་གསུམ་ན་བསླུ་མེད་སངས་རྒྱས་དང་༔ དེས་གསུང་དམ་ཆོས་སྤངས་རྟོགས་འཕགས་པའི་ལམ༔ དགེ་བཅུས་རྒྱུད་བསྡམས་ཚོགས་མཆོག་རྣམ་གསུམ་དང་༔ དབྱེར་མེད་བརྒྱུད་གསུམ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས་སྤྱི་དང་༔ ཁྱད་པར་ཐུབ་དབང་མཆོག་དང་སྨོན་ལམ་གཅིག༔ གཏེར་སྲུང་དུད་སོལ་ལྷ་མོ་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདེན་པའི་མཐུས༔ བསྟན་འགྲོའི་སྡང་དགྲ་བླ་མའི་སྐུ་དགྲ་དང་༔ ཁྱད་པར་བདག་ཅག་རྣལ་འབྱོར་མི་ནོར་ལ༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཞེ་ལ་བརྣག༔ ད་དགྲ་དོ་བསྡོ་ཕོད་བཙུགས་སྲོག་ལ་རྒོལ༔ ནོར་རྫས་རྐུ་ཕྲོག་ངན་སྒྲོག་དུག་སྦྱོར་ཤོམ༔ སྡང་དགྲ་གཟུགས་ཅན་གཟུགས་མེད་བགེགས་ཀྱི་སྡེ༔ དམིགས་རྟེན་ལིང་ག་གཟུགས་ཀྱི་རྟེན་འདི་ལ༔ ཁུག་ཅིག་ཆིངས་ཤིག་དབྱེར་མེད་རོ་གཅིག་གྱུར༔ ཅེས་པ་ལན་གསུམ་ལྔ་བདུན་དགུ་སོགས་བརྗོད༔ དེ་ནས་ཕྱག་རྒྱ་བཞི་ཡིས་འཆིང་བ་ནི༔ རང་ཉིད་ཐུགས་ལས་ཛཿཧཱུྃ་བྃ་ཧོ་བཞི༔ འཕྲོས་པས་དགྲ་བགེགས་གང་དམིགས་རྣམ་ཤེས་ནི༔ སྦུར་མ་སྐམ་པོ་རླུང་གིས་དེད་པ་ལྟར༔ ལྕགས་ཀྱུས་སྙིང་བཟུང་ཞགས་པས་སྐེ་ནས་ཆིངས༔ ལྕགས་སྒྲོག་ཀྱིས་བསྡམས་དྲིལ་བུས་མྱོས་སུ་བཅུག༔ སྒོ་མ་བཞི་ཡིས་ཕྱོགས་བཞི་ནས་བསྐོར་ཏེ༔ སྤྲུལ་པའི་ཕོ་ཉས་དགྲ་བགེགས་གང་ཡིན་པ༔ བྲོས་དབང་མེད་པར་བཙོན་ལྟར་གནས་པར་གྱུར༔ ཅེས་བསམ་སྔགས་འདི་བརྗོད་པར་བྱ༔ བཛྲ་ཨངྐུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གྷནྡྷེ་ཧོ༔ ཞེས་བརྗོད་ཕྱག་རྒྱ་བཞི་ཡིས་བཅིངས༔ དེ་ནས་ལྷ་དང་དབྱེ་བར་བྱེད་པ་ནི༔ རྣལ་འབྱོར་ལག་གཉིས་བྱ་འུག་སྒྲོ་ཐོགས་ཏེ༔ རང་ཉིད་ཁྲོས་མའི་ཐུགས་ཀའི་འོད་ཟེར་རྩེར༔ བྱ་རོག་མགོ་དང་ལྟས་ངན་འུག་པའི་གདོང་༔ རེ་བའི་བ་དན་དགྲ་འདྲེའི་སྟེང་དུ་བྱབ༔ ཕ་ལྷ་མ་ལྷ་ཞང་ལྷ་ཡུལ་གྱི་ལྷ༔ སྲོག་ལྷ་ལ་སོགས་སྐྱོབ་བྱེད་ལྷ་ཀུན་དབྱེ༔ དེ་ནས་ཉེས་པ་བསྒྲགས་པ་ནི༔ ཧོ༔ དམ་ཉམས་ཞིང་བཅུ་ཚང་བའི་གདུག་ཅན་འདིས༔ ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་བཤིག༔ འགྲོ་བའི་སྐྱབས་མཆོག་བླ་མའི་སྐུ་ལ་བསྡོས༔ ཚེ་གཅིག་གྲོལ་བྱེད་གསང་སྔགས་ཉེ་ལམ་སྨད༔ ཕ་མ་དྲིན་ཅན་སེམས་ཅན་སྲོག་ལ་རྒོལ༔ སྡིག་བཅུ་དང་ལེན་དགེ་བཅུ་ཁྱད་དུ་གསོད༔ དེ་ཕྱིར་ཡེ་ཤེས་འཇིག་རྟེན་ལྷ་རྣམས་ཀུན༔ དམ་ཉམས་འདི་ཡི་སྐྱབས་མགོན་མ་བྱེད་པར༔ ཡེ་ཤེས་ལྷ་ཚོགས་ཆོས་ཀྱི་དབྱིངས་སུ་གཤེགས༔ འཇིག་རྟེན་ལྷ་ཀུན་བདག་གི་གྲོགས་མཛོད་ཅིག༔ དྷེ་ཝ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་ཕུར་པ་གདབ་པ་ནི༔ ཕུར་བུ་མི་དམིགས་སྟོང་པའི་ངང་ཉིད་ལས༔ རང་གི་ལག་སོར་རིགས་ལྔ་ཡབ་ཡུམ་བཅུ༔ སྦྱོར་བ་མཛད་པའི་སྦྱོར་མཚམས་ནས་ཐོན་པ༔ སྲས་མཆོག་རྡོ་རྗེ་གཞོན་ནུ་ཁྲོ་བོའི་ཞལ༔ སྐུ་སྟོད་ཁྲོ་བོ་ཕྱག་གཉིས་ཕུར་བུ་འདྲིལ༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་མེ་སྟག་མཆེད༔ མགར་གྱི་སོལ་མལ་ནས་བྱུང་ལྟར་དུ་དམར༔ དགྲ་བགེགས་སྙིང་གར་གཟིར་བས་ཚེ་བསོད་ཀུན༔ མ་ལུས་བསྡུས་ཏེ་རང་ལ་ཐིམ་པ་ཡིས༔ རྣལ་འབྱོར་བླ་ཚེ་ཉམས་པའི་གསོས་སུ་གྱུར༔ སླར་ཡང་ཕུར་རྩེས་དགྲ་བགེགས་ལས་ཉོན་སྦྱངས༔ རྣམ་ཤེས་ཨ་དཀར་རྣམ་པས་དབྱིངས་སུ་སྤར༔ ཁྲོས་མའི་མཁར་ཐིམ་རྒྱལ་བའི་སྲས་སུ་གྱུར༔ ཨོཾ་བཛྲ་ཀཱི་ལ་ཡ་དགྲ་བགེགས་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་རྫས་ཀྱི་ཕུར་བུ་ནི༔ གཟུགས་ཀྱི་སྙིང་གར་གདབ་བྱ་ཞིང་༔ ལྟ་དགོངས་ལྡན་པས་ཚེ་ཁྲུས་ཀྱི༔ དམིགས་པ་ཟབ་མོས་གནད་དུ་བརྡེག༔ དེ་ནས་ཉོན་མོངས་ལྔ་ཕུང་ལ༔ ཡུངས་དཀར་ཐུན་གྱིས་བྲབ་པ་ནི༔ ཧཱུྃ༔ ཡུངས་དཀར་རྒྱལ་པོ་ཁྲོ་བོའི་ཚོགས་ཀྱི་མཚོན༔ དྲག་པོའི་རླུང་གིས་སེར་ཆེན་བསྐྱོད་པ་བཞིན༔ ཉམས་པའི་ལྔ་ཕུང་གཟུགས་ལ་རབ་བརྡེག་པས༔ སྲུང་མ་ཕོ་རྒྱུད་ཀུན་གྱིས་མཚོན་ཆའི་ཆར༔ རབ་ཏུ་ཕབ་པས་ཐལ་བའི་རྡུལ་བརླག་གྱུར༔ སརྦ་ཤ་རཱི་རཾ་དུཥྚཾ་དགྲ་བགེགས་མཱ་ར་ཡ་ཕཊ༔ དེ་ནས་ཁྲག་ཐུན་དབབ་པ་ནི༔ དུག་གིས་ངར་བཏབ་ཁྲག་གིས་གཏོར༔ བྷྱོ༔ དམར་ཆེན་ཁྲག་གི་སེར་བས་དགྲ་བགེགས་ཀྱི༔ དབང་པོ་སྒོ་ལྔའི་རྟེན་དང་བརྟེན་པ་ཀུན༔ དམར་ནག་རཀྟའི་རྦ་རླབས་ཆེར་གཡོས་ཕྱིར༔ སྲུང་མ་མོ་རྒྱུད་ཀུན་གྱིས་དུག་ཁྲག་ཆར༔ ཆེར་ཕབ་དགྲ་བགེགས་དབང་ལྔའི་རྟེན་བཅོམ་གྱུར༔ སརྦ་རཀྟ་དགྲ་བགེགས་མཱ་ར་ཡ་རྦད་ཕཊ༔ སླར་ཡང་ཕུར་བུ་རབ་བསྒྲིལ་ཏེ༔ གཟུགས་ཀྱི་མགོ་ལུས་ཡན་ལག་ལ༔ སོ་སོར་གདབ་སྟེ་དམིགས་པས་གཟིར༔ ཧཱུྃ་ཧཱུྃ༔ ལྕགས་སམ་གདུག་པའི་ཤིང་ལས་གྲུབ་པ་ཡི༔ དཔལ་ལྡན་དམག་ཟོར་རྒྱལ་མོ་དུད་སོལ་མའི༔ ལས་སྦྱོར་དྲག་པོའི་རྣོ་ངར་རབ་ལྡན་པའི༔ སྲུང་མ་རྒྱ་མཚོའི་རྟེན་རྫས་ཕུར་བུ་འདི༔ དམ་ཉམས་གཟུགས་ཀྱི་ཕུང་པོའི་མིག་ལ་གདབ༔ ལོག་རྟོག་འཁྲུལ་བའི་མིག་ཤེས་རྩད་ནས་ཆོད༔ བཟང་ངན་སྒྲ་ཐོས་ཉན་བྱེད་རྩ་ལ་གདབ༔ བསྟོད་སྨད་ལོག་འཛིན་ཤེས་པ་དྲུངས་ནས་ཕྱུང་༔ མ་རིག་དྲིར་འཛིན་སྣོམ་བྱེད་རྩ་ལ་གདབ༔ འཆལ་ཚུལ་དྲི་རུ་གཟུང་བྱེད་ཡུལ་ནས་ཐོན༔ ལོག་པའི་ལས་ཀྱིས་ཟས་སྐོམ་མྱོང་བྱེད་རྩར༔ གདབ་པས་ཡུལ་ལ་ཞེན་པ་རྨིང་མེད་རློགས༔ འཇམ་རྩུབ་རེག་བྱ་ཀུན་འཛིན་རྩ་ལ་གདབ༔ རེག་ཤེས་ཉོན་མོངས་སྲེད་ལེན་རྨིང་ནས་རློགས༔ དུག་ལྔའི་འབྱུང་གནས་སྒོ་གསུམ་རྟེན་ལ་གདབ༔ ལས་ཉོན་བག་ཆགས་ཀུན་གཞོམ་ལྡང་མེད་གྱུར༔ སརྦ་ཤ་ཏྲུཾ་དམ་སྲི་མཱ་ར་ཡ་རྦད་རྦད༔ དེ་ནས་སྒྲོལ་གྲིས་དགྲ་ཡི་གཟུགས༔ གཏུབས་ཏེ་རྔམ་སྨྲས་འདི་སྐད་དོ༔ ཧཱུྃ་བྷྱོ༔ མ་མོ་མཁའ་འགྲོའི་སྤྲུལ་པ་ཤན་པའི་ཚོགས༔ འཇིགས་གཟུགས་རྔམ་པའི་ངར་སྒྲ་དི་རི་རི༔ རྣོ་དབལ་སྤུ་གྲིའི་སོ་བརྡར་ཁྲིགས་སེ་ཁྲིག༔ དགྲ་བགེགས་ཉོན་མོངས་དྲུག་གི་ས་བོན་གྱི༔ རྟེན་ཡུལ་ལུས་ཀྱི་རྐང་གཡོན་ནས་བཟུང་སྟེ༔ གསལ་བ་གསུམ་གྱི་དགོངས་པས་དུམ་བུར་གཏུབས༔ དྲག་སྔགས་སོ་ལྔའི་ཤམ་བུ་རུ༔ དམ་ཉམས་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད་རྦད༔ དེ་ནས་ཤ་ཁྲག་བདུད་རྩིས་རབ་བྲན་ཏེ༔ ཧཱུྃ༔ གདུག་པའི་དམ་ཉམས་བསྒྲལ་བའི་ཤ་ཁྲག་རུས༔ གཏི་མུག་འདོད་ཆགས་ཞེ་སྡང་རང་བཞིན་ཏེ༔ མར་དང་ཟན་དང་ཆང་བས་རོ་བཅུད་ལྡན༔ ཉོན་མོངས་རྟེན་དང་བརྟེན་པ་ཞལ་དུ་སྟོབས༔ དཔལ་ལྡན་དུད་སོལ་ལྷ་མོ་གཙོ་འཁོར་བཅས༔ དགྱེས་པའི་རྐན་སྒྲ་དང་བཅས་ཁྲུམ་ཁྲུམ་གསོལ༔ ལས་ཉོན་བག་ཆགས་སྐྱེ་མེད་དབྱིངས་སུ་རོལ༔ རྩ་སྔགས་ཤམ་བུར༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་མ་ཧཱ་མཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཀེང་ནི་རི་ཏི་ཁཱ་ཧི༔ ཞེས་བརྗོད་གཏོར་མ་འབུལ་ཞིང་བརྗོད་བྲལ་ངང་༔ བསྒྲལ་བྱ་སྒྲོལ་བྱེད་གཉིས་མེད་མཉམ་པར་བལྟ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཆོས་ཀྱི་བདག་པོ་ས་ར་ཧི་ཏས་བསྐུལ་ངོར༔ རིག་པ་འཛིན་པ་ལུང་རིག་གླིང་པའི་དག་སྣང་དགོངས་གཏེར་ལས་བྱུང་བའོ༔

ཟློག་པ་གཉིས་འཐུང་མཚོན་འཁོར།

དུད་སོལ་ལྷ་མོའི་ཐུགས་སྒྲུབ་ལས༔ ཟློག་པ་གཉིས་འཐུང་མཚོན་འཁོར་བཞུགས༔

དབྱིངས་ཀྱི་མཁའ་འགྲོ་ཀུན་ཏུ་བཟང་༔ རལ་གཅིག་མ་མོའི་སྐུ་ལ་འདུད༔ བཀའ་སྡོད་དུད་སོལ་ལྷ་མོ་ཡི༔ སྒྲོལ་ལས་སྐབས་སུ་བཟློག་པ་བཤད༔ དེ་ཡང་སྙིགས་མའི་དུས་དེ་རུ༔ ནད་གདོན་ལྟས་ངན་བྱད་ཕུར་ནི༔ ཆོས་སྒྲུབ་སྐྱེས་བུའི་གེགས་སུ་ལྡང་༔ དེ་ཟློག་ལྕགས་སམ་ཐོད་ངན་དུ༔ དུག་ཁྲག་གིས་སྦྲུས་དམར་གཏོར་ནི༔ རུ་ཏྲའི་སྙིང་གཟུགས་ཟུར་བརྒྱད་པ༔ མེ་དང་ཐོད་སྐམ་རྡོ་རྗེའི་ཏོག༔ རྩངས་དང་ཡུངས་དཀར་སྙིང་རུ་མཚོན༔ རྒྱན་བཀོད་ལྷ་གྲངས་འཁོར་གྱིས་བསྐོར༔ ལས་ཀྱི་གཞུང་བསྲིངས་བསྙེན་པ་བསྐྱལ༔ ཚོགས་ཀྱི་འཁོར་ལོས་ཉམས་ཆག་བསྐང་༔ ཉ་བོར་དགྲ་བགེགས་དགུག་ཅིང་བསྒྲལ༔ གཏང་རག་ཞལ་བསྟབས་བསྟོད་པ་ནི༔ ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་བ་མེད་པའི་ངང་ཉིད་ལས༔ སེམས་ཅན་དོན་དུ་གང་འདུལ་ཐུགས་རྗེའི་འཕྲུལ༔ སངས་རྒྱས་བསྟན་སྲུང་རྣལ་འབྱོར་གྲོགས་མཛད་པའི༔ དཔལ་ལྡན་དུད་སོལ་རྒྱལ་མོར་ཕྱག་འཚལ་བསྟོད༔ དེ་ནས་བཟློག་པའི་ལས་བཅོལ་ཕྱིར༔ དམར་གཏོར་ཁྲག་སྐྱེམས་དང་བཅས་པ༔ དགྲ་བགེགས་དགུག་གཞུག་རྩ་སྔགས་མཐར༔ ཁ་ཧཱི་བཏགས་ལ་ལན་བདུན་འབུལ༔ རྔ་རོལ་དྲག་པོའི་དབྱངས་དང་བཅས༔ རང་ཉིད་རལ་གཅིག་སྐུར་གསལ་ནས༔ ཟློག་པའི་ལས་བཅོལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ གྲུ་གསུམ་མཐིང་ནག་ཡུམ་གྱི་མཁའ་དབྱིངས་ནས༔ འཇིགས་རུང་བྱ་གཅན་རོ་ལངས་ཀེང་རུས་སོགས༔ མི་བསྲུན་གདུག་ཅན་འཚོགས་པའི་དུར་ཁྲོད་ཆེ༔ ཁྲག་མཚོ་དམར་ནག་ཆལ་ཆིལ་འཁྲུགས་ཀློང་ནས༔ རྫུ་འཕྲུལ་རླུང་གཤོག་རྒྱ་བོང་དམར་གྭའི་སྟེང༔ རྒྱལ་བའི་བཀའ་སྡོད་དཔལ་ལྡན་དུད་སོལ་མ༔ དཔལ་ལྡན་དམག་ཟོར་རྒྱལ་མོ་སྐུར་བཞེངས་ཤིག༔ བྱད་ཕུར་དགྲ་གདོན་ལྟས་ངན་ལ་སོགས་པ༔ མི་མཐུན་བར་ཆད་བཟློག་པའི་ལས་མཛོད་ཅིག༔ ཧཱུྃ་བྷྱོ༔ དཔལ་ལྡན་ལྷ་མོ་ཆེན་མོ་དུད་སོལ་མ༔ སྐུ་མདོག་ནག་མོ་འཇིགས་གཟུགས་བསྟན་པ་ནི༔ ཆོས་སྐུའི་མཁའ་འགྲོ་རྣམས་དང་གཉིས་སུ་མེད༔ གཏི་མུག་ལས་བྱུང་ནད་གདོན་བྱད་ཕུར་དགྲ༔ ལྟས་ངན་ཡེ་འདྲོག་ཐམས་ཅད་བཟློག་ཏུ་གསོལ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་བགྲད༔ དར་དང་རུས་རྒྱན་རྒྱན་ཆས་རབ་ཏུ་སྤྲས༔ ལོངས་སྐུའི་མཁའ་འགྲོ་རྣམས་དང་གཉིས་སུ་མེད༔ འདོད་ཆགས་ལས་བྱུང་ནད་གདོན་བྱད་ཕུར་དགྲ༔ ལྟས་ངན་ཡེ་འདྲོག་ཐམས་ཅད་བཟློག་ཏུ་གསོལ༔ ཐབས་ཤེས་ཟུང་འཇུག་ཉི་ཟླས་སྐུ་ལ་བརྒྱན༔ གང་འདུལ་ཐུགས་རྗེས་འཛིན་ཕྱིར་སྤྲུལ་བསྒྱུར་འགྱེད༔ སྤྲུལ་སྐུའི་མཁའ་འགྲོ་རྣམས་དང་གཉིས་སུ་མེད༔ ཞེ་སྡང་ལས་བྱུང་ནད་གདོན་བྱད་ཕུར་དགྲ༔ ལྟས་ངན་ཡེ་འདྲོག་ཐམས་ཅད་བཟློག་ཏུ་གསོལ༔ ཧཱུྃ་བྷྱོ༔ ཕྱག་བཞིའི་དང་པོ་གཡས་པས་གྲི་ཁུག་ཕྱར༔ རྡོ་རྗེ་མཁའ་འགྲོའི་ཚོགས་རྣམས་ལས་ལ་འགྱེད༔ ཤར་ཕྱོགས་རྒྱལ་པོའི་ཚོགས་ཀྱི་དལ་ཡམས་ནད༔ ལྟས་ངན་རྦོད་གཏོང་དགྲ་གདོན་འབྱུང་པོའི་ཚོགས༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བསྒྱུར༔ གཡས་ཀྱི་འོག་མས་རྨ་བྱའི་རྒྱལ་མཚན་ཕྱར༔ རིན་ཆེན་མཁའ་འགྲོའི་ཚོགས་དང་གཉིས་སུ་མེད༔ ལྷོ་ཕྱོགས་གཤིན་རྗེའི་ཚོགས་ཀྱི་དལ་ཡམས་ནད༔ ལྟས་ངན་རྦོད་གཏོང་དགྲ་གདོན་འབྱུང་པོའི་ཚོགས༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བསྒྱུར༔ གཡོན་གྱི་དང་པོས་ཐོད་པ་ཁྲག་བཀང་གསོལ༔ པདྨ་མཁའ་འགྲོའི་ཚོགས་རྣམས་བྲན་དུ་འཁོལ༔ ནུབ་ཕྱོགས་ཀླུ་ཡི་ཚོགས་ཀྱི་དལ་ཡམས་ནད༔ ལྟས་ངན་རྦོད་གཏོང་དགྲ་གདོན་འབྱུང་པོའི་ཚོགས༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བསྒྱུར༔ གཡོན་གྱི་འོག་མས་ནོར་གྱི་རྐྱལ་པ་བསྣམས༔ ཀརྨ་མཁའ་འགྲོའི་ཚོགས་རྣམས་ལས་ལ་འགྱེད༔ བྱང་ཕྱོགས་གནོད་སྦྱིན་ཚོགས་ཀྱི་དལ་ཡམས་ནད༔ ལྟས་ངན་རྦོད་གཏོང་དགྲ་གདོན་འབྱུང་པོའི་ཚོགས༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བསྒྱུར༔ རིགས་བདག་མི་བསྐྱོད་རྡོ་རྗེས་དབུ་ལ་བརྒྱན༔ སངས་རྒྱས་མཁའ་འགྲོའི་ཐུགས་དང་ཐ་མི་དད༔ དབུས་ཕྱོགས་ཚངས་པ་གཟའ་སྐར་དལ་ཡམས་ནད༔ ལྟས་ངན་རྦོད་གཏོང་དགྲ་གདོན་འབྱུང་པོའི་ཚོགས༔ སྡང་བར་བྱེད་པའི་དགྲ་བོའི་སྟེང་དུ་ཟློག༔ གནོད་པར་བྱེད་པའི་བགེགས་ཀྱི་སྟེང་དུ་བསྒྱུར༔ ཧཱུྃ་བྷྱོ༔ རྒྱ་བོང་དམར་གྭའི་སྟེང་དུ་འགྱིང་ཚུལ་བརྗིད༔ སྲིན་པོའི་ཐོད་སྒ་སྦྲུལ་དང་རྒྱུ་མས་སྤྲས༔ སྡེ་བརྒྱད་མ་ལུས་དབང་བསྡུས་ཟིལ་གྱིས་གནོན༔ སྡེ་བརྒྱད་ཡོངས་ཀྱི་བཀའ་ཆད་དགྲ་ལ་ཟློག༔ གསེར་སྲབ་གཡུ་མཐུར་ཁ་ཁྲིད་ཆུ་སྲིན་གདོང་༔ མུ་ལེ་མཐིང་མཚོའི་གནས་བདག་ཀླུ་སྲིན་བུ༔ མཛེ་རིགས་བཅོ་བརྒྱད་ལ་སོགས་ཀླུ་ཡི་ནད༔ དམ་ཉམས་སྡང་དགྲ་བགེགས་ཀྱི་སྟེང་དུ་ཟློག༔ ཤར་ཕྱོགས་སྲོག་བདག་ཚངས་པ་དཀར་པོ་ཁྲོ༔ དཀོར་བདག་རྒྱལ་འགོང་བྲན་དང་ལས་ལ་འགྱེད༔ སྨྱོ་འབོགས་རྒྱལ་འགོང་ནད་དང་ལྟས་ངན་རྣམས༔ སྡང་དགྲ་གདོན་བགེགས་བྱད་མའི་སྟེང་དུ་ཟློག༔ ལྷོ་ཕྱོགས་གཤིན་རྗེ་ཡ་མ་རཱ་ཛ་ཁྲོ༔ འཆི་བདག་གཤིན་རྗེའི་མ་ལུས་ཕོ་ཉར་འགྱེད༔ དུས་མིན་འཆི་བའི་ནད་དང་སྲོག་ལ་རྒོལ༔ སྡང་དགྲ་གདོན་བགེགས་རྦོད་གཏོང་སྟེང་དུ་ཟློག༔ ནུབ་ཏུ་བཙན་རྒོད་རྡོ་རྗེ་དྲག་རྩལ་ཁྲོ༔ ལྷ་ཀླུ་བདུད་བཙན་ཆེ་ཕྲས་ལས་ཀུན་སྒྲུབ༔ གཟེར་ནད་ཧུར་ཐུམ་རྦབ་དང་གཡང་གྲི་སོགས༔ སྡང་དགྲ་གདོན་བགེགས་བྱད་མའི་སྟེང་དུ་ཟློག༔ བྱང་དུ་བདུད་ནག་རལ་པ་ཚར་དགུ་ཁྲོ༔ གཏི་མུག་བདུད་སྡེའི་དམག་ཚོགས་དགྲ་ལ་གཏོང་༔ འཐིབས་ནད་བདུད་ཀྱི་ཆོ་འཕྲུལ་ཐན་ལྟས་ངན༔ སྡང་དགྲ་གདོན་བགེགས་བྱད་མ་མཁན་སྟེང་ཟློག༔ མ་མོ་ཆེན་མོ་བ་ལམ་དྲེལ་སྣ་མ༔ རབ་ཁྲོས་མུན་པའི་མདོག་ཅན་ལྟས་ངན་གཏོང་༔ ནད་བདག་སྲིན་མོའི་ཚོགས་ཀུན་ལས་ལ་འགྱེད༔ ཉོན་མོངས་སེམས་བྱུང་རྣམ་རྟོག་ལས་བྱུང་ཚོགས༔ ཡུལ་མེད་སྟོང་པ་ཆེན་པོའི་ངང་དུ་ཟློག༔ སྟག་སྨན་གཟེར་འདེབས་ཆེན་མོ་སྟག་ལ་ཆིབས༔ གློ་བུར་ནད་གདོན་ལྟས་ངན་དགྲ་ལ་འགྱེད༔ བར་ཆད་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས༔ སྐྱེ་མེད་སྟོང་ཉིད་བདེ་ཆེན་ངང་དུ་ཟློག༔ ཁྲི་སྨན་སི་ལི་བྱ་རོག་འཕུར་ཤེས་ཆིབས༔ དམར་ནག་ཁྲོ་རྔམ་དགྲ་བོའི་སྐེ་ནས་འཁྲིད༔ འཁྲུལ་སྣང་འཁོར་བའི་བྱ་བྱེད་བདེ་སྡུག་ཀུན༔ གཏད་མེད་ཡེ་སྟོང་ཆེན་པོའི་ངང་དུ་ཟློག༔ རྡོ་རྗེ་བ་ལམ་དྲེལ་ནག་རྐང་གསུམ་བཅིབས༔ མི་བཟད་ཆོ་འཕྲུལ་ལྟས་ངན་བྱད་ཕུར་གཏོང་༔ ཚོགས་དྲུག་ཡུལ་གྱི་འཁྲུལ་སྣང་ནད་གདོན་དགྲ༔ བདག་མེད་སྟོང་པ་ཡེ་ཤེས་ཆེན་པོར་ཟློག༔ ཧཱུྃ་བྷྱོ༔ གཞན་ཡང་བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ དཔལ་ལྡན་དུད་སོལ་རྒྱལ་མོ་གཙོ་འཁོར་གྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་ལྟས་ངན་བར་ཆད་ཐམས་ཅད་ཟློག༔ ཚངས་པ་བརྒྱ་བྱིན་ལ་སོགས་ལྷ་ཡི་གདོན༔ ཚད་མེད་མཁྱེན་བརྩེ་ནུས་པས་ཟློག་ཏུ་གསོལ༔ དགའ་བོ་འཇོག་པོ་ལ་སོགས་ཀླུ་ཡི་གདོན༔ དྲག་རྩལ་མཐུ་དང་ནུས་པས་བཟློག་ཏུ་གསོལ༔ དྲི་ཟ་གཤིན་རྗེ་ཀླུ་དང་གནོད་སྦྱིན་གདོན༔ རང་རང་མཐུ་དང་ནུས་པས་བཟློག་ཏུ་གསོལ༔ མེ་ལྷ་སྲིན་པོ་རླུང་ལྷ་དབང་ལྡན་གདོན༔ འཁོར་གྱི་ཕྲ་མེན་མཁའ་འགྲོས་བཟློག་ཏུ་གསོལ༔ རྒྱ་བོང་དམར་གྭའི་ཆིབས་ལ་རོལ་བ་ཡིས༔ སྲོག་ཆགས་ཆེ་རྒུའི་ལྟས་ངན་དགྲ་ལ་ཟློག༔ དྲག་མེ་དམར་ནག་ཀློང་དུ་བཞུགས་པ་ཡི༔ གཞན་གྱི་བསམ་ངན་བསྲེག་པའི་ལས་སྦྱོར་ཀུན༔ རང་གཤེད་རང་ཕོབ་དགྲ་གདོན་ལྟས་ངན་ཟློག༔ དུར་རླུང་ཁམ་ནག་རབ་ཏུ་འཚུབས་པ་ཡིས༔ གཞན་གྱི་བསམ་ངན་རླུང་གི་ལས་སྦྱོར་ཀུན༔ རང་གཤེད་རང་ཕོབ་དགྲ་གདོན་ལྟས་ངན་ཟློག༔ མུ་ལེ་མཐིང་མཚོའི་རྦ་རླབས་འཁྲུགས་ཀློང་འགྱིང་༔ གཞན་གྱི་སྦྱོར་གཏུམ་ཆུ་ལ་གཏད་པ་ཀུན༔ རང་གཤེད་རང་ཕོབ་དགྲ་གདོན་ལྟས་ངན་ཟློག༔ དབང་ཆེན་རི་རྒྱལ་སྐུ་ཡི་བརྟེན་ཡུལ་མཛད༔ གཞན་གྱི་ས་ལ་གཏད་པའི་བྱད་ཕུར་ཀུན༔ རང་གཤེད་རང་ཕོབ་བར་ཆད་ཐམས་ཅད་ཟློག༔ མདོར་ན་སེམས་དང་སེམས་བྱུང་ལས་བྱུང་བའི༔ དུས་གསུམ་ཀུན་ཏུ་བསྟན་དང་འགྲོ་ལ་འཚེ༔ རྣལ་འབྱོར་བདག་དང་སྦྱིན་བདག་ལྟོས་བཅས་ལ༔ སྔ་དགྲ་ལག་བརྡར་ཕྱི་དགྲ་ཞེ་ལ་བརྣག༔ ད་དགྲ་ཐད་དུ་ལངས་པའི་བསམ་སྦྱོར་ཟློག༔ ཚེ་རབས་ལས་ཀྱིས་འབྲེལ་ཞིང་སྲོག་ལ་རྒོལ༔ ཚེ་ལ་རྐུ་ཞིང་བླ་ལ་འཇབ་པ་ཡི༔ གནོད་བྱེད་བགེགས་རིགས་ཆོས་སྲིད་ཉམས་བྱེད་སྲི༔ འཕྲལ་རྐྱེན་ངན་པས་བསླངས་པ་ཐམས་ཅད་ཀུན༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་བགེགས་རིགས་འབྱུང་པོའི་འཚེ་བ་ཟློག༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་པས་དམར་གཏོར་ཟོར་དུ་བརྡེག༔ ས་མ་ཡཱ༔ དེས་ནི་བྱད་ཕུར་ཐན་ལྟས་ངན༔ མི་བཟློག་གང་ཡང་ཡོད་མི་སྲིད༔ དམིགས་པའི་འཁྲུལ་འཁོར་ཟབ་མོ་དང་༔ ཐེ་ཚོམ་མེད་པའི་བསྙེན་སྒྲུབ་གཉིས༔ ཟུང་འབྲེལ་རྣལ་འབྱོར་ལས་གང་ཡང་༔ འགྲུབ་ངེས་སྔགས་ཀྱི་ཁྱད་ཆོས་ཡིན༔ གཞན་གྱིས་བརྟགས་དཀའ་བྱིས་པའམ༔ འཆོལ་པོའི་བརྟུལ་ཞུགས་འཆང་བ་ལ༔ ལྷ་སྲས་སྤྲུལ་པའི་རྣལ་འབྱོར་གྱིས༔ བྱིན་རླབས་དག་སྣང་ཆོས་མཛོད་རྡོལ༔ ཟོལ་མེད་དགོངས་གཏེར་ཌཀྐཱིའི་སྲོག༔ པདྨས་གཏད་དོ་ལོག་ལྟ་སྤོངས༔ གུ་ཧྱ༔ ཆོས་དབང་སྐྱེས་ཐོབ་ཀྱི་བློ་ལྡན་ས་ར་ཧི་ཏས་བསྐུལ་ངོར༔ སྐལ་ལྡན་ལུང་རིག་གླིང་པས་དག་པར་བྲིས་པའོ༔ དགེའོ༔ སརྦ་མངྒ་ལཾ༔

སྔགས་སྲུང་མཐུ་ཆེན་རྒྱལ་མོ་ཉི་གྲགས་གསུང་།

ཧཱུྃ་བྷྱོ༔ སྔགས་སྲུང་མཐུ་ཆེན་རྒྱལ་མོ་འཁོར་བཅས་ཀྱིས༔ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ༔ གནོད་ཅིང་འཚེ་བར་བྱེད་པ་ཐམས་ཅད་ཟློག༔ ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཟློག༔ རླུང་མཁྲིས་བད་ཀན་འདུས་པའི་ནད་རིགས་ཟློག༔ ཕོ་གདོན་མོ་གདོན་ཀླུ་གདོན་ཐམས་ཅད་ཟློག༔ འབྲས་ནད་འབྲུམ་གཟེར་ཀླད་ནད་བས་ལྡག་ཟློག༔ རྒྱ་འདྲེ་འགོང་པོ་ཟ་འདྲེ་ཤི་གཤེད་ཟློག༔ ལྟག་ཚད་རྒྱུ་གཟེར་དལ་ཡམས་ཐམས་ཅད་ཟློག༔ སྟེང་གདོན་འོག་གདོན་བར་གདོན་ཐམས་ཅད་ཟློག༔ གཟའ་ནད་སྨྱོ་འབོག་མཛེ་ཤུ་ཕོལ་མིག་ཟློག༔ ལོ་ཀག་ཟླ་ཀག་ཞག་ཀག་ཟ་ཀག་ཟློག༔ གག་ལྷོག་གཟེར་དང་ཚ་ནད་བས་ལྡག་ཟློག༔ མོ་ངན་རྩིས་ངན་རྨི་ལམ་ངན་པ་ཟློག༔ སྐྲང་དང་ཤུ་བ་མེ་ལྕེ་རྒྱ་འཐོར་ཟློག༔ ཚེ་སྲོག་བླ་ལ་འཇབ་པའི་གདོན་བགེགས་ཟློག༔ སྐེམ་པ་གཡེམ་པ་ཞ་གྲུམ་རེངས་པ་ཟློག༔ དམེ་ཡུགས་རྨུག་དང་ནལ་གྱི་གནོད་པ་ཟློག༔ ལྐུགས་ལོང་འོན་དང་རྨུག་འཐིབས་བྱིང་བ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཐམས་ཅད་ཟློག༔ དེ་ལས་བྱུང་བའི་གདོན་བགེགས་ཐམས་ཅད་ཟློག༔ དགྲ་འདྲེ་བྱུར་གསུམ་མི་ཁ་བྲམ་གྱོད་ཟློག༔ འཐབ་འཁོན་ཕྲ་མ་ཁ་མཆུ་ཐམས་ཅད་ཟློག༔ དམེ་གྲི་འཐིབས་སོགས་གྲི་ཡི་གནོད་པ་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཐམས་ཅད་ཟློག༔ ས་ཆུ་མེ་རླུང་འབྱུང་བའི་གཡོས་རྣམས་ཟློག༔ བཙའ་སད་སེར་གསུམ་ཞིང་ལ་གནོད་པ་ཟློག༔ གློ་གོར་ཧོན་གསུམ་ཕྱུགས་ཀྱི་ནད་ཡམས་ཟློག༔ བསེ་ཐོམ་ལུ་བ་རྟ་ནད་ཐམས་ཅད་ཟློག༔ དཀར་འདྲེ་དབུལ་འདྲེ་བང་འདྲེ་ཐབ་འདྲེ་ཟློག༔ བཟློག་གོ་དམར་ཆེན་གཏོར་ཟོར་འདི་ཡིས་ཟློག༔ བསྒྱུར་རོ་དམར་ཆེན་གཏོར་ཟོར་འདི་ཡིས་བསྒྱུར༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་དྷཀྐཱི་མ་ཧཱ་ཀཱ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ བྷྱོ་རེ་མ་ཏཱི་སརྦ་ས་མ་ཡཱ་ཛ་ཛ༔ བྷྱོ་བྷྱོ་ཟློག་མཱ་ར་ཡ་བྷྱོ་ཟློག༔ ས་མ་ཡཱ་བྷྱོ་ཟློག༔ ན་ཤ་ཡ་བྷྱོ་ཟློག༔ ཨེ་ཧུར་ཐུམ་བྷྱོ་ཟློག༔ བྱད་གཏད་ཐན་གསུམ་གདོན་བགེགས་དང་བཅས་པ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ མ་བྷྱོ་མ་མ་རུ་ལུ་ཏྲག་རཀྴ་བྷྱོ༔རེ་མ་ཏི་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཡ་ཧཱུྃ་ཛ་བྷྱོ་ཟློག༔ བྱད་ཕུར་གཏད་ཁྲམ་སྟོན་པའི་བན་བོན་བྱད་མ་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སོད་ཅིག་ཆོད་ཅིག་གཏུབས་ཤིག་ས་མ་ཡཱ་བྷྱོ་བྷྱོ་ཟློག་ཟློག༔ མཱ་ར་ཡ་ཧཱུྃ་ཕཊ༔

ལྷ་མོའི་གཏོར་མའི་རིམ་པ།

༄༅། ལྷ་མོའི་གཏོར་མའི་རིམ་པ་ནི༔ ཞི་རྒྱས་དབང་ལ་འབྲུ་སྨན་དང་༔ རིན་ཆེན་སྣ་ཚོགས་དཀར་མངར་རིགས༔ ཙནྡན་དམར་པོ་དབང་ལག་གི༔ མེ་ཏོག་དམ་རྫས་བདུད་རྩི་སྨན༔ དྲག་པོར་ནས་ནག་ཕྱེ་གཙང་ལ༔ ཤ་སྣ་སྙིང་སྣ་ཁྲག་གཙང་བསྲེས༔ སྒྲུབ་གཏོར་མཆོད་གཏོར་འཕྲལ་གཏོར་བཅའ༔ སྒྲུབ་མཆོད་སྤྱི་གཞུང་ལུགས་བཞིན་བསླབས༔ ཐུན་མཚམས་ཐུན་གཏོར་འབུལ་ཚུལ་ནི༔ རང་གཞན་ཡུལ་ཁམས་དམིགས་བྱའི་གནད༔ གདོན་བགེགས་འགབ་འདྲེ་གོད་སྲི་དང་༔ བར་ཆད་སྲི་བྱུར་སྤྱི་དགོས་དགྲ༔ མི་ཁ་མི་མཐུན་སོགས་རྣམས་ཀུན༔ བཀུག་བསྟིམ་རྃ་ཡྃ་ཁྃ་གསུམ་དང་༔ ཨོཾ་ཨཱཿཧཱུྃ་གི་ལས་མཐུན་གྱིས༔ བདུད་རྩི་འདོད་དགུར་བྱིན་གྱིས་བརླབས༔ དཔལ་ལྡན་ལྷ་མོ་འཁོར་བཅས་ལ༔ ཕུལ་བས་དགྱེས་ཚིམ་ལས་སྒྲུབ་བསམ༔

ལས་ཚོགས་དཔག་བསམ་ལྗོན་ཤིང་།

སྔགས་སྲུང་དུད་སོལ་ལྷ་མོ་ཡི༔ ལས་ཚོགས་དཔག་བསམ་ལྗོན་ཤིང་བཞུགས་སོ༔

ཡེ་ཤེས་དབྱིངས་ཀྱི་རྗེ་མོར་འདུད༔ དཔལ་ལྡན་དུད་སོལ་ལྷ་མོ་ཡི༔ ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི༔ ལས་ཚོགས་དཔག་བསམ་ལྗོན་ཤིང་བསྟན༔ ས་མ་ཡཱ༔ ཡེ་ཤེས་མཚོ་རྒྱལ་བདག་ཉིད་ཀྱི༔ ཐུགས་བཅུད་བརྣག་པའི་ཟབ་ཆོས་ལ༔ སྤྱོད་པའི་སྐལ་ལྡན་ལས་འཕྲོ་ཅན༔ དབང་ཐོབ་དམ་ཚིག་ལ་གནས་པས༔ བསྙེན་ཅིང་སྒྲུབ་པ་སྔོན་སོང་ནས༔ ལས་ཕྲན་གང་འདོད་བརྩམ་པར་བྱ༔ ཐོག་མར་ལས་ནི་གང་བསྒྲུབས་ཀྱང་༔ གེགས་བྱད་དངོས་གྲུབ་ཆུ་བོའི་རྒྱུན༔ གཅོད་བྱེད་སྡིག་གྲིབ་སྤྱི་དང་ནི༔ རྩ་གསུམ་ཆོས་སྐྱོང་སྲུང་མ་ཡི༔ དམ་ཚིག་ཉམས་ཆག་ཡིན་པར་བཤད༔ དེ་ཕྱིར་ཉམས་ཆག་བསྐང་བའི་ཐབས༔ ཚོགས་དང་བསྐང་བཤགས་ཡི་གེ་བརྒྱ༔ རྟེན་གསུམ་བཞེངས་གསོ་སྤྱི་ལྟར་ལ༔ ཁྱད་པར་མན་ངག་འདི་བཞིན་ནོ༔ རང་ཉིད་ཡི་དམ་ལྷར་གསལ་བའི༔ མདུན་མཁར་སྐུ་གསུང་ཐུགས་རྡོ་རྗེ༔ རྣམ་སྣང་མཐའ་ཡས་མི་བསྐྱོད་པ༔ ལོངས་སྤྱོད་རྫོགས་སྐུ་ཡུམ་དང་བཅས༔ ཕྱག་མཚན་འཁོར་ལོ་པདྨ་དང་༔ རྡོ་རྗེ་གཡས་ལ་དེས་མཚན་པའི༔ དྲིལ་བུ་དཀུར་བརྟེན་དཀར་དམར་མཐིང་༔ འོད་ཟེར་གཟི་མདངས་ལྡན་པར་བསྒོམས༔ རང་གི་སྤྱི་བོར་པད་ཟླའི་སྟེང་༔ བླ་མ་པདྨ་ཐོད་ཕྲེང་རྩལ༔ རྡོ་རྗེ་སེམས་དཔའི་ངོ་བོར་གསལ༔ མདུན་དུ་དཔལ་ལྡན་དུད་སོལ་མ༔ གཞུང་ལྟར་བསྒོམས་པའི་གནས་གསུམ་དང་༔ རང་དང་རིགས་བདག་བླ་མ་ཡི༔ སྤྱི་མགྲིན་ཐུགས་ཀར་ཨོཾ་ཨཱཿཧཱུྃ༔ དེ་ལས་འོད་ཟེར་རབ་འཕྲོས་པས༔ རིམ་བཞིན་སྐུ་གསུང་ཐུགས་ཀྱི་ལྷའི༔ སོ་སོའི་ཐུགས་དམ་རྒྱུད་བསྐུལ་ནས༔ སངས་རྒྱས་བྱང་སེམས་རིག་པ་འཛིན༔ སྤྲིན་ཕུང་འཐིབ་བཞིན་སྤྱན་དྲངས་ནས༔ བདག་སོགས་སྔགས་ལ་སྤྱོད་རྣམས་ཀྱི༔ དམ་ཚིག་ཉམས་ཆག་བཤགས་སྦྱང་ཕྱིར༔ མི་འཆབ་གནོང་འགྱོད་དྲག་པོས་བཤགས༔ ཨོཾ་ཨཱཿཧཱུྃ་དང་ཡི་གེ་བརྒྱ༔ ཅི་ནུས་བཟླས་བརྗོད་བྱས་པའི་མཐུས༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྔགས་སྲུང་ལྷ་མོའི་གསང་གསུམ་གྱི༔ དམ་སྡོམ་ཉམས་པ་སོར་ཆུད་ནས༔ ཀུན་ཀྱང་འོད་ཞུ་རང་ལ་ཐིམ༔ རང་ཡང་མཁའ་ལ་འཇའ་ཡལ་ལྟར༔ མི་དམིགས་སྟོང་པའི་ངང་ལ་བཞག༔ འདི་ནི་ཀུན་ལས་གཅེས་པ་ཡི༔ ལས་ཚོགས་གཅིག་ཆོག་ཁོ་ནའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ཡང་དང་པོ་ཞི་བའི་ལས་ཚོགས་ལ༔ ནད་གདོན་འཇིགས་བརྒྱད་སེལ་བའི་ཐབས༔ མང་ཡང་གཙོ་བོར་བདུན་དུ་བསྟན༔ བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས༔ མིག་ནད་ལིང་ཏོག་སྐྱ་རིབ་དང་༔ རྡུལ་དང་གྲྭ་མ་འོང་བ་དང་༔ བཅུད་ཉམས་མཆི་མ་འཛགས་པ་ན༔ མདུན་དུ་དུད་སོལ་ལྷ་མོ་ཉིད༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར༔ མིག་འབྱེད་ཕྱག་རྒྱ་བསྒྱུར་བ་ཡི༔ སྤྱི་བོར་འཕགས་པ་སྤྱན་རས་གཟིགས༔ མིག་འབྱེད་ཕྱག་རྒྱ་དང་བཅས་པས༔ བདག་ལ་ལྷ་མིག་དག་པ་ཡི༔ དངོས་གྲུབ་སྩོལ་བའི་དགོངས་པ་ཅན༔ ཡང་ཡང་བསྒོམས་ལ་ཡིག་དྲུག་ཤམ༔ དུད་སོལ་ལྷ་མོའི་སྔགས་སྦྱར་ལ༔ བརྒྱའམ་ལྔ་བཅུ་ཉེར་གཅིག་བཟླ༔ དེ་རྗེས་སྔགས་འདི་བརྒྱ་སྟོང་འབད༔ ཨོཾ་ཙཀྵུ་མེ་ཏྲི་ཡ་ན་རོ་ཥ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཆུ་གཙང་ལ་བཏབ་མིག་ལ་བྱུགས༔ མཐར་ནི་མི་དམིགས་སྟོང་པར་བཞག༔ ས་མ་ཡཱ༔ ལུས་ལ་རྨ་བྱུང་སྐྲངས་དང་འདར༔ མི་འདོད་གློ་བུར་བྱུང་བ་ན༔ རང་ཉིད་ཐ་མལ་གནས་པ་ཡི༔ མདུན་དུ་ལྷ་མོ་སྨན་གྱི་བདག༔ སྔོན་མོ་ཕྱག་གཡོན་བདུད་རྩིའི་བུམ༔ གཡས་པས་རང་གི་ལུས་ཀྱི་རྨ༔ གང་ཡོད་དེ་ལ་བྱུགས་པ་ཡིས༔ ནད་ཞི་ལྷན་སྐྱེས་རྨ་བརྒྱད་སོགས༔ སླར་མི་ལྡང་བའི་དམིགས་པ་ཅན༔ སྨན་གྱི་བླ་མའི་སྔགས་འདི་དང་༔ དུད་སོལ་ལྷ་མོའི་རྩ་སྔགས་ཤམ༔ ཀ་ཡ་ཛྭ་ལ་ཀྵ་ཡཾ་ཤནྟིཾ་སྭཱ་ཧཱ༔ སྨན་གྱི་བླ་མའི་རྩ་སྔགས་ནི༔ ཨོཾ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛ་ཡ་བྷཻ་ཥ་ཛྱཻ་སྭཱ་ཧཱ༔ དེས་ནི་རྨ་ཡི་རིགས་ཀུན་སེལ༔ གལ་ཏེ་སྐྲངས་རིགས་བཟོད་དཀའ་ན༔ གོང་གི་རྩ་སྔགས་གཉིས་པོའི་ཤམ༔ ཨོཾ་ཀཾ་པ་སྐྲང་ཞི་ཞི་སྭཱ་ཧཱ༔ ཞེས་པ་མར་ལ་བསྔགས་ཏེ་བྱུགས༔ དེས་ནི་སེལ་བར་ཐེ་མི་ཚོམ༔ གློ་བུར་ཤ་འགུལ་འདར་བ་ན༔ གང་འདར་དེ་རུ་དུད་སོལ་མ༔ གཞུང་ལྟར་སྐུ་ཆུང་ཡན་ལག་དོད༔ གཡོ་མེད་དགོངས་པའི་གདེང་ལྡན་བསྒོམས༔ རྩ་སྔགས་ཤམ་དུ་སྔགས་འདི་སྦྱར༔ བྷྲ་མ་བྷྲ་མ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ ཕུ་ཡིས་གདབ་ཅིང་དམིགས་མེད་བཞག༔ ས་མ་ཡཱ༔ བྱང་སེམས་དཀར་དམར་འཛགས་པ་ན༔ སྔགས་མདུད་བསྲུང་འཁོར་གསུམ་དུ་བསྟན༔ སྔགས་ལ་རང་ཉིད་ཐ་མལ་གྱི༔ གསང་བའི་སྦུབས་སུ་འབྲུ་གསུམ་པོ༔ ཁ་དོག་རང་མདོག་འོད་འབར་བས༔ རྒྱལ་ཀུན་གསང་གསུམ་བྱིན་རླབས་དང་༔ ཕྱི་སྣོད་འབྱུང་ལྔའི་དྭངས་མ་ཀུན༔ ཐིག་ལེ་ཁ་དོག་ལྔ་ལྡན་པའི༔ རྣམ་པར་འུབ་བསྡུས་རང་ཉིད་ཀྱི༔ གསང་བའི་སྦུབས་ནས་ཡར་དྲངས་པས༔ རྩ་མིག་ཀུན་ཀྱང་ཁྲ་ཤིག་གེར༔ ཀུན་རྫོབ་རྒྱུ་ཡི་བྱང་ཆུབ་སེམས༔ ཉམས་པ་སོར་ཆུད་གཡོ་མེད་བསམ༔ དུད་སོལ་ལྷ་མོའི་རྩ་སྔགས་ཤམ༔ ཤུ་ཀྲ་ཙིཏྟ་ས་མ་དྷཱི་སྭཱ་ཧཱ༔ བརྒྱ་སྟོང་བཟླས་པས་རྒྱུན་ཆད་འགྱུར༔ བུ་མོ་གྲོང་ཆོས་མ་གོས་པས༔ བཀལ་བའི་སྐུད་པ་དཀར་ནག་གཉིས༔ བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི༔ ངོ་བོར་བསམ་ལ་གོང་གི་སྔགས༔ བཟླས་ཤིང་མདུད་པ་ཉེར་གཅིག་བྱ༔ གསང་བའི་རྡོ་རྗེ་ལེགས་དཀྲིས་པས༔ གདོན་དང་ནད་འཛགས་ཀུན་བསྲུང་བསམ༔ དེས་ཀྱང་ཆོད་པར་མ་གྱུར་ན༔ གཙང་མའི་ཤོག་གུར་བཟང་དྲུག་བྱུགས༔ མུ་ཁྱུད་གསུམ་པའི་ལྟེ་བ་རུ༔ སྲིད་མིས་སྦྲུལ་གྱིས་བསྡམས་པའི་ལྟོར༔ འབྲུ་གསུམ་ཡི་གེ་བརྩེགས་མར་བྲི༔ མུ་ཁྱུད་གཉིས་པར་རྩ་སྔགས་ཤམ༔ འཆང་བ་ཆྒཻ་འདི་ཉིད་ཀྱི༔ དྭངས་མ་འཛགས་པ་སྲུངས་ཤིག་དང་༔ དེའི་ཕྱིར་ཡེ་དྷར་དབྱངས་གསལ་འབྲི༔ ཡེ་དྷར་བརྒྱ་ཕྲག་རབ་གནས་བྱ༔ ཁྲིམས་ལྡན་གོས་ཀྱི་ཚལ་བུས་དྲིལ༔ མགུལ་དུ་བཏགས་པ་བསྲུང་བའི་མཆོག༔ ས་མ་ཡཱ༔ ཅང་ཤེས་མིག་ལ་ནད་བྱུང་ན༔ རང་ཉིད་རྟ་མགྲིན་རྒྱལ་པོར་བསྒོམས༔ མདུན་དུ་དུད་སོལ་ལྷ་མོ་ཉིད༔ ཁ་དོག་ལྔ་ལྡན་འོད་འབར་བས༔ འཆི་མེད་བདུད་རྩིའི་བུམ་པ་ནས༔ ནད་སེལ་ཆུ་ཡི་རྒྱུན་བབས་པས༔ རྟ་ཡི་མིག་ནད་ཞི་བར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཧྱཱ་གྷྲི་ཝ་ཧཱུྃ་ཕཊ༔ ཅེས་དང་དུད་སོལ་ལྷ་མོ་ཡི༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ དུ་རང་ག་རོ་ཥ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ དུག་ཟོས་གློ་བུར་ནད་ཕོག་ན༔ རང་ཉིད་རྨ་བྱ་ཆེན་མོར་བསྒོམས༔ མདུན་དུ་དུད་སོལ་དཔལ་ལྷ་མོས༔ རྨ་བྱའི་སྒྲོ་ཡིས་དུག་རིགས་ཀུན༔ འབྱུང་བའི་ཁམས་སུ་བསྡུས་པར་བསམ༔ རྨ་བྱ་ཆེན་མོའི་སྔགས་ཤམ་དུ༔ དུད་སོལ་ལྷ་མོའི་རྩ་སྔགས་དང་༔ སྦྲེལ་ཏེ་སྔགས་འདི་བརྒྱ་སྟོང་བཟླ༔ ཧུ་ཡ་ཧུ་ཡ་བི་བྷ་ཡ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ རྨ་བྱའི་སྒྲོ་བདུག་སྔགས་ཆུ་བླུད༔ མི་སེལ་དུག་རིགས་གང་ཡང་མེད༔ མཐར་ནི་དགེ་བ་འགྲོ་ལ་བསྔོ༔ ས་མ་ཡཱ༔ ནོར་ཕྱུགས་ནད་རིགས་གང་ལ་ཡང་༔ རང་ཉིད་རྗེ་བཙུན་སྒྲོལ་མར་བསམ༔ མདུན་དུ་དུད་སོལ་ལྷ་མོ་ཉིད༔ གསེར་མདོག་སྨན་གྱི་སྡོང་པོར་བརྟེན༔ ཕྱག་གཉིས་བདུད་རྩིའི་ཀ་པཱ་ལ༔ བཞི་བརྒྱ་རྩ་བཞིའི་ནད་སེལ་བའི༔ བདུད་རྩི་དཀར་དམར་མཐིང་གའི་རྒྱུན༔ ནོར་ཕྱུགས་ཀུན་ལ་བླུད་པ་ཡིས༔ གློ་གོར་ཧོན་གསུམ་ལ་སོགས་པའི༔ ཕྱུགས་ནད་དྲུངས་ནས་ཕྱུང་བར་བསམ༔ རྗེ་བཙུན་སྒྲོལ་མའི་རྩ་སྔགས་དང་༔ དུད་སོལ་རྩ་སྔགས་ཤམ་བུ་རུ༔ ཏིར་ཡཱ་ཀ་དུཿཁ་ཤནྟིཾ་ཀུ་རུ་སྭཱ་ཧཱ༔ བརྒྱ་སྟོང་བཟླས་པས་སེལ་བར་འགྱུར༔ མཐར་ནི་མི་དམིགས་སྟོང་པར་བཞག༔ ས་མ་ཡཱ༔ ར་ལུག་ནད་རྣམས་གང་ལ་ཡང་༔ གདོན་ལ་ལན་ཆགས་གྲངས་མང་བསྔོ༔ རང་ཉིད་བསྟན་པའི་བདག་པོར་བསམ༔ མདུན་དུ་དུད་སོལ་ལྷ་མོ་ཡི༔ སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ ར་ལུག་ནད་ཀུན་སེལ་བར་བསྒོམས༔ ཤཱཀྱ་མུ་ནེའི་སྔགས་ཤམ་དུ༔ དུད་སོལ་རྩ་སྔགས་འདི་ཡང་བརྗོད༔ བྷ་ཀ་ར་ཙྪེ་ད་ར་ཎ་ཤནྟིཾ་སྭཱ་ཧཱ༔ ཐལ་ཆེན་བསྔགས་ནས་ལུས་ལ་གཏོར༔ སྔགས་ཆུ་ཨ་བར་སྐྱུར་གསུམ་སྦྱར༔ ཁོང་དུ་བཏང་བས་སེལ་བར་ངེས༔ ས་མ་ཡཱ༔ མེ་ཆུ་དུག་སྦྲུལ་ལྕགས་སྒྲོག་དང་༔ སེང་གླང་ཤ་ཟ་རྐུན་པོའི་འཇིགས༔ མི་མཐུན་ཉེར་ཚེ་གང་ལ་ཡང་༔ རང་ཉིད་རྗེ་བཙུན་སྒྲོལ་མར་བསྒོམས༔ མདུན་དུ་དཔལ་ལྡན་དུད་སོལ་མ༔ གཞུང་ལྟར་བསྒོམས་པའི་གནས་ལྔ་ལས༔ ཡི་གེ་འབྲུ་ལྔ་ཁ་དོག་ལྔ༔ འོད་ཟེར་རང་རང་གཉེན་པོར་བསྒོམས༔ སྒྲོལ་མའི་རྩ་སྔགས་དེ་བཞིན་དུ༔ དུད་སོལ་ལྷ་མོའི་སྔགས་ཤམ་དུ༔ འཇིགས་པ་སོ་སོའི་མིང་སྨོས་ལ༔ སྲུངས་ཤིག་བཛྲ་རཀྵ་ཧཾ༔ དེས་ནི་འཇིགས་ཚོགས་ཞི་བར་འགྱུར༔ ཀུན་ལ་སྦྱོར་དངོས་རྗེས་གསུམ་དུ༔ སེམས་བསྐྱེད་ལྡན་པ་གནད་དུ་ཆེ༔ དེས་ནི་ཞི་བའི་ལས་ཚོགས་ཀྱི༔ མི་མཐུན་སེལ་བའི་གདམས་པ་བསྟན༔ སྐུ་གསུང་ཐུགས་ཀྱི་རྒྱ་ཡོད་དོ༔ གཉིས་པ་རྒྱས་པའི་ལས་ཚོགས་ལ༔ རྣམ་གྲངས་མང་ཡང་མདོར་བསྡུ་ན༔ ཚེ་བསོད་སྙན་གྲགས་བུ་དཔལ་སོགས༔ གཙོ་བོ་རྣམ་པ་བདུན་དུ་སྟོན༔ ཚེ་ཡི་རྒྱུན་འཕེལ་རྒྱས་འདོད་ན༔ རང་ཉིད་མགོན་པོ་ཚེ་དཔག་མེད༔ རྒྱལ་ཀུན་འདུས་པའི་ངོ་བོ་ཉིད༔ དམར་གསལ་ལང་ཚོ་བཅུ་དྲུག་ཉམས༔ གོས་དཀར་ཡུམ་དང་མཉམ་པར་སྦྱོར༔ ཚེ་བུམ་འཛིན་ཅིང་དཀྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་ལོངས་སྐུའི་ཆས༔ རྨ་བྱའི་ཁྲི་ལ་པད་ཟླའི་སྟེང་༔ གཡོ་མེད་རྡོ་རྗེའི་སྐུ་རུ་བསྒོམས༔ ཐུགས་ཀར་ཧྲཱིཿདམར་ཟླ་སྟེང་གསལ༔ དེའི་མཐར་སྔགས་འདིས་གཡས་སུ་བསྐོར༔ ཨ་མ་ར་ཎ་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ མདུན་དུ་དཔལ་ལྡན་དུད་སོལ་མ༔ ཞལ་གཅིག་ཕྱག་གཉིས་མདའ་དར་དང་༔ ཚེ་བུམ་བདུད་རྩིས་གང་བ་བསྣམས༔ སྐུ་མདོག་དམར་སེར་འོད་ཟེར་འབར༔ གར་སྟབས་མཛད་ཅིང་འཁོར་འདས་ཀྱི༔ ཚེ་བཅུད་མ་ལུས་རབ་བསྡུས་ནས༔ རང་སྲོག་སྔགས་ལ་བསྟིམས་པ་ཡིས༔ ཚེ་སྲོག་ཆད་མཐུད་ཉམས་པ་གསོས༔ ཡར་བ་བཀུག་ནས་གས་པ་སྦྱོར༔ ལོ་བརྒྱ་འཚོ་བའི་ཚེ་ཐོབ་ཅིང་༔ སྟོན་བརྒྱ་མཐོང་བའི་དཔལ་ཐོབ་བསམ༔ གོང་གི་སྔགས་མཐར་དུད་སོལ་མའི༔ རྩ་བའི་སྔགས་ལ་འདི་བཏགས་བསྙེན༔ བཛྲ་ཨ་ཡུ་ཥེ་མ་མ་པུཥྚཾ་ཀུ་རུ་སྭཱ་ཧཱ༔ ཞེས་པ་བརྒྱ་སྟོང་ཁྲི་འབུམ་སོགས༔ བརྩོན་པས་ཚེ་ཡི་དངོས་གྲུབ་ལྟས༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ ལོ་ལེགས་ཆུ་བོའི་རྒྱུན་རིང་གི༔ འགྲམ་དུ་རིན་ཆེན་གཏེར་རྙེད་སོགས༔ གང་ཟག་དབང་པོ་ཐ་མའི་རྟགས༔ རབ་འབྲིང་གཉིས་ལ་དངོས་ཉམས་སུ༔ ཞལ་མཇལ་ལུང་སྟོན་ངེས་པར་འབྱུང་༔ དུས་ཟད་པ་ཡང་བསྲིང་བར་འགྱུར༔ ས་མ་ཡཱ༔ བསོད་ནམས་རྒྱས་པར་འདོད་པ་ན༔ རང་ཉིད་སྟོན་པ་བཅོམ་ལྡན་འདས༔ ཤཱཀྱའི་རྒྱལ་པོའི་སྐུ་རུ་བསྒོམས༔ མདུན་དུ་བསོད་ནམས་མངའ་བདག་མོ༔ ཐུབ་པའི་བསྟན་སྲུང་དུད་སོལ་མ༔ གཞུང་ལྟར་བསྐྱེད་ལ་བསྙེན་པའི་སྐབས༔ ཤཱཀྱའི་དབང་པོའི་རྩ་སྔགས་དང་༔ དུད་སོལ་སྔགས་ཤམ་འདི་བཏགས་བསྙེན༔ མ་མ་མ་ཧཱ་པུཎྱཻ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ འབུམ་ཕྲག་ལ་སོགས་ནན་ཏན་བྱ༔ ཐུན་སྐབས་མཎྜལ་ཚོགས་བསྐང་དང་༔ སྦྱིན་གཏོང་ལ་སོགས་བསྟུན་པ་བསྐྱེད༔ བློ་སྙིང་དཀོན་མཆོག་གསུམ་ལ་གཏོད༔ བླ་མ་ཤཱཀ་ཐུབ་པད་འབྱུང་བརྟེན༔ མ་མ་མཚོ་རྒྱལ་བདག་ལ་གྱིས༔ རྒྱུན་དུ་གཞན་ཕན་སེམས་བསྐྱེད་འབུངས༔ བསོད་ནམས་ཡར་ཟླ་ལྟར་འཕེལ་འགྱུར༔ མཐར་ནི་ཀུན་ཀྱང་མི་དམིགས་ངང་༔ དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ༔ ས་མ་ཡཱ༔ སྙན་གྲགས་ཀུན་ཏུ་རྒྱས་འདོད་ན༔ ཐོ་རངས་རླུང་རོ་དགུ་ཕྲུགས་བྱ༔ དུག་གསུམ་ནད་གྲིབ་བག་ཆགས་ཀུན༔ མི་དམིགས་དབྱིངས་སུ་ཡལ་བར་བསམ༔ རང་ཉིད་རྗེ་བཙུན་སྒྲོལ་མར་གསལ༔ ཡི་གེ་བཅུ་དྲུག་བརྒྱ་ཕྲག་བཟླ༔ མཁའ་ཁྱབ་འགྲོ་བ་མ་ལུས་པའི༔ མི་ཁ་གླེང་བརྗོད་གཏམ་ངན་དང་༔གཞན་དོན་མཛད་ལ་གཤེ་སྐུར་སོགས༔ རྗེ་བཙུན་འཕགས་མའི་ཐུགས་བསྐྱེད་དང་༔ དུད་སོལ་ལྷ་མོའི་ཕྲིན་ལས་ཀྱིས༔ བྱང་བར་གྱུར་ཅིག་སྙམ་པའི་ངང་༔ སྔགས་སྲུང་རལ་གཅིག་དུད་སོལ་མའི༔ གསོལ་མཆོད་བསྙེན་སྒྲུབ་ཅི་ནུས་བྱ༔ འཕགས་མའི་སྔགས་དང་དུད་སོལ་མའི༔ སྔགས་མཇུག་འདི་བཏགས་རྒྱུན་དུ་བསྙེན༔ མ་མ་ཀ་ར་བྷ་ཏྲ་ཀིརྟི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ བདག་དང་མདུན་བསྐྱེད་དུད་སོལ་མའི༔ སྐུ་ལས་འོད་ཟེར་གསེར་མདངས་འཕྲོས༔ ལྷ་མིའི་གནས་སུ་ཁྱབ་པ་ཡི༔ བདག་གི་གང་བྱེད་བྱ་བ་ལ༔ འགྲོ་ཀུན་རྗེས་སུ་ཡི་རངས་པས༔ སྙན་གྲགས་འབྲུག་ལྟར་སྒྲོགས་པར་བསམ༔ མཐར་ནི་སྒྲ་གྲགས་བསྟོད་སྨད་ཀུན༔ རྨི་ལམ་སྒྱུ་མའི་ཚུལ་དུ་བལྟ༔ ཞེན་མེད་ངང་ནས་དགེ་རྩ་དེས༔ མཁའ་ཁྱབ་འགྲོ་བ་མ་ལུས་པའི༔ མི་སྙན་སྒྲོ་སྐུར་ཀུན་ཞི་ནས༔ སྙན་པས་ས་སྟེང་ཁྱབ་གྱུར་ནས༔ ཀུན་ཀྱང་བྱང་ཆུབ་རྒྱུ་རུ་བསྔོ༔ དེས་ནི་སྙན་གྲགས་མཐའ་རྒྱས་འགྱུར༔ ས་མ་ཡཱ༔ བུ་དཔལ་རིགས་རྒྱུད་རྒྱས་འདོད་ན༔ རང་ཉིད་སོ་སོར་འབྲང་མ་ནི༔ གསེར་མདོག་གཞུང་གི་མངོན་རྟོགས་བསྒོམས༔ མདུན་དུ་དཔལ་ལྡན་དུད་སོལ་མས༔ སྲིད་པ་གསུམ་ལ་མངོན་ཤེས་ཀྱི༔ ཐོགས་མེད་གཟིགས་པས་རྒྱལ་བའི་གདུང་༔ འཛིན་མཛད་དགེ་བའི་བཤེས་གཉེན་སོགས༔ བསོད་ནམས་ལྡན་པའི་ཡིད་ལུས་བཀུག༔ ཕོ་མོའི་ཆགས་པའི་རྩ་ལ་ཞུགས༔ གེགས་མེད་ཁྱེའུའི་དངོས་གྲུབ་ཀྱིས༔ རྨང་བོའི་རེ་བ་བསྐང་བར་བསམ༔ སོ་སོར་འབྲང་མའི་རྩ་སྔགས་ནི༔ ཨོཾ་མ་ཎི་བཛྲེ་སྭཱ་ཧཱ༔ དུད་སོལ་ལྷ་མོའི་རྩ་སྔགས་བགྲང༔ བརྒྱ་སྟོང་ཁྲི་འབུམ་བཟླས་གྲངས་བསྐྱལ༔ སྔགས་ཤམ་འདི་སྦྱར་ཅི་མང་བཟླ༔ པུ་ཏྲ་ཕ་ལ་མ་ཎི་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཐུན་སྐབས་དུད་སོལ་ཚོགས་བསྐང་དང་༔ གསོལ་མཆོད་བསང་བརྔན་རྟེན་བཞེངས་དང་༔ པད་འབྱུང་རྣམ་ཐར་འབྲི་ཀློག་འབད༔ གཞན་ཕན་བློ་དང་མ་བྲལ་བས༔ སྲོག་ཆགས་ཆེ་ཕྲ་གང་ལའང་༔ བརྡུང་བརྡེག་སྲོག་གཅོད་སྤང་གལ་ཆེ༔ སྦྱོར་བ་ཐེག་ཆེན་སེམས་བསྐྱེད་དང་༔ དངོས་གཞི་མ་ཡེངས་མི་བསྒོམས་དང་༔ མཐར་ནི་གཞན་དོན་དགེ་བསྔོ་སོགས༔ གང་དང་གང་ལ་འང་གནད་དུ་གལ༔ མི་རྒྱུད་ཆུ་བོའི་རྒྱུན་བཞིན་འབྱུང་༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ ས་མ་ཡཱ༔ འཁོར་གྱི་འདུ་བ་རྒྱས་འདོད་ན༔ རང་ཉིད་སེང་ཁྲི་པད་ཟླའི་སྟེང་༔ མཉམ་མེད་ཤཱཀྱའི་རྒྱལ་པོར་གསལ༔ མཐའ་བསྐོར་ཚངས་དང་བརྒྱ་བྱིན་སོགས༔ ལྷ་མི་ཆེ་རྒུའི་འཁོར་ཚོགས་དང་༔ ཉན་རང་བྱང་སེམས་དུ་མས་བསྐོར༔ ཟབ་ཅིང་རྒྱ་ཆེའི་ཆོས་སྒྲ་ལ༔ གདུང་བས་ཉན་ཅིང་ཐལ་མོ་སྦྱར༔ སྒྲོ་སྐུར་ལོག་ལྟས་མ་བསླད་པས༔ ཁྱེད་ཤེས་དད་པས་འདུན་པར་བསམ༔ རྒྱལ་བའི་བཀའ་སྡོད་རྡོ་རྗེ་འཛིན༔ ས་བརྒྱད་སེམས་མ་དུད་སོལ་མས༔ ཞི་རྒྱས་དབང་དྲག་བརྟུལ་ཞུགས་ཀྱིས༔ འཁོར་ཚོགས་བདག་གི་དབང་བསྡུས་བསམ༔ ཐོ་རེངས་ཤཱཀྱའི་རྒྱལ་པོ་ཡི༔ མཚན་དང་མཚན་སྔགས་བརྒྱ་རྩ་རེ༔ ཉིན་དུས་ལྷ་མོའི་བསྙེན་པའི་མཇུག༔ མ་མ་ཀརྨ་ཀ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཐུན་སྐབས་ཟས་ཀྱི་སྟོན་མོ་ཡི༔ མཆོག་དམན་འགྲོ་བ་ཚིམ་པར་བྱ༔ དགོང་དུས་ཚོགས་དང་གཏོར་མ་ཡིས༔ སྤྱི་སྒེར་སྲུང་མའི་དགྱེས་པ་བསྐྱེད༔ སྔ་གུང་ཆུ་སྦྱིན་གསུར་བསྔོ་སོགས༔ གཟུགས་མེད་གཟུགས་ཅན་འགྲོ་བ་ལ༔ བྱམས་པའི་གཏོང་ཕོད་དང་ལྡན་ན༔ རིམ་བཞིན་འཁོར་སློབ་རྒྱས་པར་འགྱུར༔ ས་མ་ཡཱ༔ ནོར་ཕྱུགས་འཕེལ་ཞིང་རྒྱས་འདོད་ན༔ ཐོག་མར་བདེ་གཤེགས་བཀའ་ཡི་ཕུལ༔ མདོ་སྡེའི་དབང་པོ་རྒྱལ་པོ་ཡི༔ གྲངས་གཟུངས་ཅི་མང་བཀླགས་པའི་མཐར༔ ནོར་རྒྱུན་ཛམ་ལྷའི་གཡང་སྒྲུབ་དང་༔ འབྲེལ་བར་དཔལ་ལྡན་དུད་སོལ་མའི༔ བསྙེན་སྐབས་རྩ་བའི་སྔགས་ཤམ་དུ༔ མ་མ་རཏྣ་དྷ་ར་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ བདག་ཉིད་བདེ་གཤེགས་རིན་ཆེན་མང་༔ སྐུ་ལས་འོད་ཟེར་སེར་པོ་འཕྲོས༔ ནོར་ཕྱུགས་གང་འདོད་རྡུལ་བཞིན་བསྡུས༔ གློ་བུར་སྤྲིན་ལས་ཆར་བབས་ལྟར༔ བདག་དང་སྦྱིན་བདག་ལ་སོགས་པའི༔ ར་བ་ཕྱུགས་ལྷས་གང་བར་བསམ༔ སྙིང་པོ་མེད་པའི་ནོར་ཕྱུགས་ལ༔ སྙིང་པོ་འདོད་པས་མཆོད་སྦྱིན་བྱ༔ ས་མ་ཡཱ༔ གླེགས་བམ་རྟེན་གསུམ་རྒྱས་འདོད་ན༔ བདག་ཉིད་ས་སྐྱོང་ཚངས་པར་གསལ༔ མདུན་མཁར་མཁན་སློབ་ཆོས་རྒྱལ་བསྒོམས༔ མདུན་དུ་ལྷ་ལྡན་ལ་སོགས་པའི༔ གཙུག་ལག་ཆོས་འཁོར་སྲུང་མ་ཆེ༔ དུད་སོལ་ལྷ་མོ་གཞུང་ལྟར་བསྒོམས༔ བདག་གིས་འགྲོ་བའི་དེད་དཔོན་མཆོག༔ ཁྱེད་རྣམས་བླ་མར་རབ་བསྟེན་ནས༔ རྩེ་གཅིག་མོས་པས་གསོལ་འདེབས་ན༔ འགྲོ་བའི་བསོད་ནམས་རྒྱ་མཚོའི་ཞིང་༔ སྐུ་གཟུགས་གླེགས་བམ་ཐུགས་རྟེན་གྱིས༔ བདག་གི་གནས་ཁང་ཡུལ་ཁམས་འདིར༔ རྩོལ་བ་མེད་བཞིན་དགང་དུ་གསོལ༔ ངག་ཏུ་བརྗོད་ཅིང་ཡིད་ལ་བསམ༔ མཁན་སློབ་ཆོས་གསུམ་གསོལ་འདེབས་ཀྱི༔ མཇུག་ཏུ་ཚིག་དེ་ཁ་འདོན་བྱ༔ དུད་སོལ་ཆོ་གའི་གཞུང་བསྲིང་ལ༔ བསྙེན་སྐབས་རྩ་སྔགས་ཤམ་བུ་རུ༔ མ་མ་སྱ་པུསྟ་ཀ་ཀ་ཡ་ཀ་ནི་ཀ་རཏྣ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ གལ་ཏེ་དགེ་ལ་སྤྲོ་བ་ཡི༔ སྦྱིན་པའི་བདག་པོའི་ཆེད་བགྱིས་ན༔ ད་ན་པཱ་ཏི་པ་ར་སྱ་ཞེས༔ ཁ་བསྒྱུར་དམིགས་པའི་འཕྲུལ་འཁོར་བྱ༔ དེས་ནི་གང་འདོད་རྟེན་གསུམ་རྒྱས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསུམ་པ་དབང་གི་ལས་ཚོགས་ལ༔ རྣམ་གྲངས་མང་ཡང་མདོར་བསྡུ་ན༔ ཡུལ་ལྷ་དགེ་འདུན་ལ་སོགས་པའི༔ གཙོ་བོར་རྣམ་གྲངས་བདུན་དུ་སྟོན༔ བསྟན་འགྲོར་ཕན་ཕྱིར་ཉམས་སུ་ལོངས༔ ས་མ་ཡཱ༔ ཡུལ་ལྷ་དབང་དུ་མ་འདུས་ན༔ ཡུལ་གྱི་འགྲོ་བས་བཏུད་མི་འགྱུར༔ བཏུད་ནས་རྙེད་བཀུར་ཐོབ་ན་ཡང་༔ ཡུལ་བདག་མི་དགའ་ཕྲག་དོག་འབྱུང་༔ དེ་ཕྱིར་ཡུལ་གཞིའི་བདག་པོ་ཡི༔ སྲོག་འཕྲོག་གདམས་པ་ཟབ་མོ་འདི༔ ཐོག་མར་གར་འདུག་ཡུལ་ལྷ་ལ༔ བསང་བརྔན་བཏང་ཞིང་མགུ་བར་བྱ༔ རང་ཉིད་རྟ་མགྲིན་རྒྱལ་པོ་ཡི༔ བསྙེན་བསྒྲུབ་སྔོན་དུ་སོང་ན་རབ༔ མིན་ཀྱང་སྐད་ཅིག་དྲན་རྫོགས་སུ༔ ཕྱི་སྣོད་བདེ་ཆེན་ཞིང་ཁམས་སུ༔ པད་ཉི་བདུད་བཞི་བསྣོལ་བའི་སྟེང་༔ རང་རིག་ཧྲཱིཿདམར་ཡོངས་གྱུར་ལས༔ རྟ་མགྲིན་དབང་ཆེན་དམར་གསལ་ཁྲོ༔ སྤྱི་གཙུག་དབང་གི་རྟ་སྐད་འཚེར༔ གཡས་པས་ལྕགས་ཀྱུས་ཁམས་གསུམ་འགུགས༔ གཡོན་པ་ཞགས་པས་སྐྱེ་དགུ་འཆིང་༔ སྐུ་ལ་ཁྲོ་ཆས་བཅུ་དྲུག་དང་༔ ཁྱད་པར་ཨུཏྤལ་དམར་པོའི་རྒྱན༔ ཡུམ་མཆོག་གོས་དཀར་སོར་རྟོག་གི༔ ཡེ་ཤེས་རང་མདངས་དབང་ཕྲེང་དང་༔ འགུགས་པའི་ཕྱག་རྒྱས་ཡུལ་ལྷ་སྡུད༔ ཕག་ཞལ་དམར་པོ་ངུར་བའི་སྒྲས༔ སྲིད་པ་གསུམ་གྱི་སྐྱེ་འགྲོ་ཀུན༔ བློ་ཡིད་ལུས་འདར་རྗེས་སུ་ཆགས༔ ཅི་བྱའི་གཏད་སོ་དང་བྲལ་བས༔ བདག་ལ་ཐལ་སྦྱར་འདུད་པར་དམིགས༔ ཁྱད་པར་ཐུགས་ཀར་ཉི་མའི་སྟེང་༔ ཧྲཱིཿདམར་འོད་ཀྱི་ལྕགས་ཀྱུ་ཡིས༔ ཡུལ་དེའི་གཞི་བདག་ཆེ་ཕྲ་ཡི༔ ཕོ་ཡི་སྙིང་ག་མོའི་གསང་བར༔ ཕོག་པས་བློ་སེམས་དབང་མེད་བཀུག༔ བདག་ལ་དད་འདུན་ཐལ་སྦྱར་གྱིས༔ ཡུལ་དེའི་བཅུད་ལྡན་ཟས་གོས་ནོར༔ སྦུར་མ་རླུང་གིས་དེད་པ་ལྟར༔ བདག་ལ་ཕུལ་བའི་དམིགས་འདུན་དང་༔ མ་བྲལ་ཡེངས་མེད་སྔགས་འདི་བཟླས༔ ཨོཾ་མ་ཧཱ་ཀྲོ་ཏ་པདྨ་ཧེ་རུ་ཀ་ཧཱ་ཡ་གྷྲི་ཝ་པདྨ་ཌཀྐཱི་ནི་ཧཱུྃ་ཧྲཱིཿ ཞེས་པ་འབུམ་ཕྲག་སྔོན་སོང་ནས༔ སླར་ཡང་ལས་ལ་སྦྱོར་བའི་སྐབས༔ མདུན་དུ་དཔལ་ལྡན་དུད་སོལ་མ༔ སྐུ་མདོག་དམར་པོ་ལྕགས་ཀྱུ་དང་༔ ཞགས་པ་འཛིན་པའི་ཐུགས་ཀ་ནས༔ ལྷ་མོ་ཨུ་མ་དེ་ཝི་ཡི༔ འཕྲོ་འདུས་གར་སྟབས་བསྒྱུར་བ་ཡིས༔ གཞི་བདག་ཆེ་ཕྲ་མ་ལུས་པའི༔ ཚོགས་དྲུག་ཆགས་པའི་རྗེས་སོན་ནས༔ བདག་ལ་རྗེས་སུ་ཆགས་པར་བསམ༔ དུད་སོལ་བསྙེན་པའི་སྔགས་ཤམ་དུ༔ བྷུ་མི་པ་ཏི་ཆྒཻ་པ་ཤང་ཀུ་རུ་སྭཱ་ཧཱ༔ མཐར་ནི་ཚོགས་བསྐང་མེ་མཆོད་དང་༔ ནང་ནུབ་བསང་མཆོད་ཆག་མེད་བྱ༔ གཞི་བདག་དེ་ཡིས་སྦྱིན་བདག་བྱས༔ ཡུལ་དེའི་ཟས་ནོར་ངེས་པར་སྟེར༔ གཞན་ཕན་བྱང་ཆུབ་བློ་ལྡན་བྱོས༔ ས་མ་ཡཱ༔ དགེ་འདུན་དབང་དུ་སྡུད་པ་ལ༔ བདག་ཉིད་པདྨ་རྒྱལ་པོར་བསྒོམ༔ མདུན་དུ་དུད་སོལ་ལྷ་མོ་ཉིད༔ གཞུང་ལྟར་སྒོམ་ལ་སྐུ་མདོག་ནི༔ པདྨ་རཱ་གའི་མདོག་ལྟར་འཚེར༔ ཕྱག་གི་རྨ་བྱའི་རྒྱལ་མཚན་གྱིས༔ དགེ་འདུན་ཐམས་ཅད་ལྟད་མོར་འདུས༔ བདག་ཉིད་པདྨ་རྒྱལ་པོ་ཡིས༔ བློ་དང་འཚམས་པའི་ཆོས་བསྟན་པས༔ ཀུན་གྱིས་བདག་ཉིད་བླ་མར་བཀུར༔ བློ་སེམས་མདོ་རྒྱུད་ཆོས་མཐུན་པས༔ རང་ནུས་དགེ་ལ་བརྩོན་པར་དམིགས༔ ཨོཾ་མ་ཧཱ་གུ་རུ་པདྨ་རཱ་ཛ་སརྦ་སིདྡྷི་ཧཱུྃ༔ ཞེས་དང་དུད་སོལ་ལྷ་མོ་ཡི༔ རྩ་སྔགས་ཤམ་དུ་འདི་བཏགས་བསྙེན༔ སརྦ་སཾ་གྷ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ དེས་ནི་དགེ་འདུན་ཚོགས་འདུས་ནས༔ བསྟན་ལ་ཕན་པ་རྒྱ་ཆེར་འགྱུར༔ ས་མ་ཡཱ༔ ཕོ་རྒྱུད་དབང་དུ་བསྡུ་བ་ལ༔ རང་ཉིད་ཀུ་རུ་ཀུལླེ་དམར༔ ཕྱག་བཞིའི་ལྕགས་ཀྱུ་ཞགས་པ་དང་༔ ཨུཏྤལ་དམར་པོའི་མདའ་གཞུ་འགེང་༔ ཞབས་གཉིས་དབང་ཕྱུག་ཕོ་མོ་དང་༔ རྒྱལ་བློན་བསྣོལ་སྟེང་འགྱིང་ཚུལ་བཞུགས༔ མདུན་དུ་དེ་ཡི་བཀའ་སྡོད་པ༔ དབང་གི་ལྷ་མོ་དུད་སོལ་མ༔ དམར་མོ་ཉི་མ་འབུམ་ཕྲག་གི༔ འོད་འབར་གསང་བའི་པདྨོ་ལས༔ བདུད་རྩི་དམར་པོའི་རྒྱུན་བབས་པས༔ གང་འདོད་རྒྱལ་བློན་དམངས་ཕལ་བའི༔ སྤྱི་བོར་ཞུགས་ཏེ་སྙིང་གར་ཐིམ༔ དབང་མེད་ཆགས་པའི་སེམས་གཡོས་ཏེ༔ བདག་ཉིད་ཀུ་རུ་ཀུལླེ་དང་༔ བཀའ་སྡོད་སྲུང་མའི་བྲན་དུ་གྱུར༔ ཅི་བཅོལ་ལས་བྱེད་དམ་བཅས་གྱུར༔ ཐོག་མར་ལྷ་མོ་རིག་བྱེད་མའི༔ རྩ་བའི་སྔགས་འདི་ཤུབ་བུ་རུ༔ སྨྲ་བ་བཅད་དེ་འབུམ་ཕྲག་བཟླ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ༔ མཆོད་ཅིང་སྐབས་སུ་ཚིག་འདིས་བསྟོད༔ ཧྲཱིཿ རྒྱལ་ཀུན་སོར་རྟོག་ཡེ་ཤེས་ཀྱི༔ རང་མདངས་དབང་གི་ལྷ་མོ་དམར༔ ཁམས་གསུམ་སྐྱེ་རྒུའི་བླ་ཡིད་འགུགས༔ རིག་བྱེད་དབང་མོར་ཕྱག་འཚལ་བསྟོད༔ དེ་ནས་དུད་སོལ་ལྷ་མོ་ཡི༔ གཞུང་བསྲིང་རྩ་སྔགས་ཤམ་བུ་རུ༔ སརྦ་རཱ་ཛ་མ་ཏི་ན་ར་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ལས་ཀྱི་གཞུ་ལ་དམིགས་པའི་མདའ༔ སྤྲད་པས་ཕོ་རྒྱུད་གང་དམིགས་འདུ༔ འདུས་ནས་བློ་སེམས་དགེ་ལ་སྦྱོར༔ ས་མ་ཡཱ༔ མོ་བཙུན་ཐམས་ཅད་དབང་སྡུད་ན༔ རང་ཉིད་རྟ་མགྲིན་སྔར་ལྟར་བསྒོམས༔ རྩ་སྔགས་བརྒྱ་སྟོང་ཤུབ་བུར་བཟླ༔ མདུན་དུ་དུད་སོལ་ལྷ་མོ་དང་༔ དེ་ཡི་ཡབ་ཀྱི་ཚུལ་ཉིད་དུ༔ གཡས་སུ་མ་ཧཱ་དེ་ཝ་དམར༔ ལྕགས་ཀྱུ་ཞགས་པ་ལིང་ག་བསྒྲེངས༔ དབང་ཕྱུག་ཆེན་པོའི་རྩ་སྔགས་དང་༔ དུད་སོལ་ལྷ་མོའི་བསྙེན་སྔགས་གཉིས༔ སྦྲེལ་ཏེ་ཤམ་བུ་འདི་ཡང་གདགས༔ སརྦ་སྟྲི་རཏྣ་ན་རཱི་ཆྒཻ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ བཟླས་ཚེ་དབང་ཕྱུག་ཆེན་པོ་ཡི༔ གསང་བའི་སྦུབས་ནས་འོད་དམར་དང་༔ ཤུ་ཀྲ་དཀར་པོའི་རྒྱུན་བབས་པས༔ གང་འདོད་མོ་བཙུན་མངལ་དུ་སོན༔ དབང་མེད་འདུད་དམིགས་དབང་སྡུད་སྔགས༔ རང་གཞུང་ཉིད་ལས་བྱུང་བའམ༔ ཡང་ན་འདིར་བྱུང་སྔགས་ལ་འབད༔ དབང་དུ་གྱུར་ན་དགེ་བ་བཅུའི༔ ལམ་དུ་འགོད་པ་དམ་ཚིག་ཡིན༔ ས་མ་ཡཱ༔ བཟའ་བཏུང་དབང་དུ་བསྡུ་འདོད་ན༔ རང་ཉིད་ས་དབང་འཁོར་ལོས་སྒྱུར༔ ཟས་ཕོར་རིན་ཆེན་སྣོད་ཡངས་པར༔ ལྷ་ཡི་བདུད་རྩི་མི་ཡི་ཟས༔ སྦྱིན་བདག་ཆེ་ཕྲ་གང་ཡིན་ཀྱང་༔ འབངས་ཀྱི་ཚུལ་དུ་དད་གུས་ཀྱིས༔ གང་འདོད་བཟའ་བཏུང་ཕུལ་བར་མོས༔ དེ་བཞིན་རང་ལ་དུད་སོལ་མས༔ བསོད་ནམས་ལྡན་པ་ཁྱོད་ཀྱི་གྲོགས༔ བདག་གིས་ཐོགས་མེད་བྱེད་དོ་ཞེས༔ གང་འདོད་ཟས་སྣ་དཔག་མེད་པ༔ ཕུལ་བར་མོས་ལ་ལྷ་མོ་ཡི༔ རྩ་སྔགས་ཤམ་དུ་འདི་བཏགས་བསྙེན༔ ཙཀྲ་ཝརྟི་ན་ན་ཁ་དྷེ་པ་ཤཾ་ཀུ་རུ་སྭཱ་ཧཱ༔ ཟས་ནི་གང་བྱུང་ཕུད་དེ་ཡིས༔ དཀོན་མཆོག་མཆོད་ཅིང་ལྷག་མ་ཡིས༔ ངན་ལོང་མགུ་བྱ་དམ་ཚིག་ཡིན༔ སྔོན་ལས་མ་གཏོགས་སྔགས་དམིགས་འདིས༔ བཟའ་བཏུང་གང་འདོད་དབང་མེད་འགུགས༔ ས་མ་ཡཱ༔ མཛེས་འཇམ་གོས་རིགས་འདུ་འདོད་ན༔ རང་གི་གོས་ལྷག་གང་ཡོད་དེ༔ བླ་མ་ལ་སོགས་ཆོས་ལྡན་ལ༔ ཕུལ་ཞིང་དགེ་བའི་རྩ་བ་དེ༔ སྲིད་གསུམ་བཀྲེན་མོ་བགོ་བ་མེད༔ དེ་དག་ལྷ་གོས་པཉྩ་ལིས༔ ཚིམས་པར་གྱུར་ཅིག་འབྱོར་ལྡན་ཤོག༔ ཅེས་པ་ཡིད་ཀྱིས་ཡང་ཡང་བསམ༔ རང་ཉིད་ཨོ་རྒྱན་ཆེན་པོར་བསྒོམས༔ མདུན་དུ་དུད་སོལ་གཞུང་བཞིན་དམིགས༔ བསྙེན་པའི་སྐབས་སུ་དམིགས་པ་ནི༔ བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ དུད་སོལ་ཐུགས་རྗེའི་རྒྱུད་བསྐུལ་ནས༔ ཐུགས་ཀྱི་སྔགས་ཕྲེང་འོད་དམར་འཕྲོས༔ ས་སྐྱོང་རྒྱལ་བཙུན་བློན་འབངས་བསྐུལ༔ ཀུན་ཀྱི་ཁ་དོག་སྣ་ཚོགས་པའི༔ སྲབ་འཇམ་ཡངས་པའི་གོས་ཀྱི་ཚོགས༔ དབང་མེད་ཚུལ་དུ་བདག་ལ་ཕུལ༔ ཞེན་མེད་ཚུལ་གྱིས་རོལ་བར་བསམ༔ བཛྲ་གུ་རུའི་བཟླས་པར་འབུངས༔ དེ་རྗེས་དུད་སོལ་སྔགས་ཤམ་དུ༔ སརྦ་སྤཪྴེ་ཝསྟྲ་ཤྲི་པ་ཤངྐུ་རུ་སྭཱ་ཧཱ༔ ཞག་གསུམ་སྨྲ་བ་བཅད་དེ་བཟླ༔ ཟླ་བ་གསུམ་ན་གོས་རིགས་འདུ༔ གང་ལྷག་མཆོད་སྦྱིན་དམ་ཚིག་བཟུང་༔ ས་མ་ཡཱ༔ རྟ་ཕྱུགས་སྤུ་ནག་མཐའ་དག་པ༔ རང་གི་དབང་དུ་བྱ་འདོད་ན༔ རང་ཉིད་འཕགས་མ་ནོར་རྒྱུན་བསྒོམས༔ མདུན་དུ་དཔལ་ལྡན་དུད་སོལ་མ༔ གཞུང་ལྟར་བསྒོམས་ལ་བཟླས་པའི་སྐབས༔ དམིགས་པ་གསལ་འདེབས་ཚིག་འདི་བརྗོད༔ བདག་ཉིད་ནོར་རྒྱུན་ཐུགས་ཀ་ནས༔ འོད་དམར་གློག་ཞགས་ལྟར་མྱུར་བ༔ དུད་སོལ་ཐུགས་ཀའི་སྔགས་ཕྲེང་ལ༔ ཕོག་པས་སྐད་ཅིག་དེ་ཉིད་ལ༔ ཁ་དོག་ལྔ་ལྔན་འོད་ཀྱི་ཟེར༔ ཁམས་གསུམ་ཀུན་གྱི་ཆེ་བཙན་ལ༔ ཕོག་པས་ཡུལ་ལྷ་སྡེ་བརྒྱད་དང་༔ ཁྱད་པར་འབྱོར་ལྡན་སྦྱིན་བདག་གི༔ ཕོ་མོའི་སྙིང་ལག་དབང་མེད་བསྒུལ༔ རྟ་ཕྱུགས་གང་འདོད་དེ་དག་དང་༔ གསེར་དངུལ་ལ་སོགས་གང་དམིགས་རྫས༔ སྦུར་མ་དྲག་རླུང་གིས་དེད་ལྟར༔ འུབ་འུབ་བདག་ལ་ཕུལ་བར་དམིགས༔ དེ་བཞིན་དུད་སོལ་ཐུགས་ཀ་ནས༔ དབང་བྱེད་དམར་མོ་ལྕགས་ཀྱུ་དང་༔ ཞགས་པ་འཛིན་པ་གྲངས་མེད་འཕྲོས༔ གསེར་དངུལ་དངོས་རྫས་ཆེ་ཕྲ་ཀུན༔ ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས༔ རང་གི་གནས་ཁང་ལ་དྲངས་པས༔ མེར་མེར་ལྟེམ་གྱིས་གང་བར་དམིགས༔ ནོར་རྒྱུན་རྩ་བསྙེན་སྟོང་ཕྲག་དང་༔ དུད་སོལ་རྩ་བའི་སྔགས་ཤམ་དུ༔ ཨ་ནྲྀ་ཏྲི་སརྦ་ལོ་ཀ་ཆེ་བཙན་རྒྱལ་བློན་བཙུན་མོ་འབངས་དང་བཅས་པའི་ནོར་ཕྱུགས་ཀ་ཆ་ཐམས་ཅད་སྡུས་སྡུས༔ ལོ་ཀ་སརྦ་བ་སུ་རཏྣ་སིདྡྷི་ཕ་ལ་སྐྱོལ་སྐྱོལ༔ མ་མ་ཀ་ར་པ་ཤང་ཀུ་རུ་སྭཱ་ཧཱ༔ ཞེས་པ་སྨྲ་བ་བཅད་བྱས་ཏེ༔ དམིགས་པའི་མདའ་ཡིས་འབེམ་ལ་བརྡེག༔ དེས་ནི་གང་འདོད་ནོར་ཕྱུགས་དང་༔ དངོས་རྫས་མཐའ་དག་དབང་མེད་པར༔ འབྱུང་བར་ངེས་ཤིང་གང་བྱུང་དེ༔ ཕལ་ཆེར་དགེ་ལ་གཏོང་བ་གནད༔ ཞེན་པ་མེད་པར་ལོངས་སྤྱད་པས༔ གནས་སྐབས་བདེ་སྐྱིད་མཐར་ཐུག་ཏུ༔ ཐམས་ཅད་བྱང་ཆུབ་རྒྱུ་རུ་བསྔོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དྲག་པོའི་ཕྲིན་ལས་སྒྲུབ་པ་ལ༔ བསམ་མི་ཁྱབ་ཀྱང་མདོར་བསྡུ་ན༔ དགྲ་འདྲེ་སྒྲོལ་དང་དབྱེ་བསྐྲད་ལྐུགས༔ བསྲེག་མནན་བརྡེག་སྟེ་བདུན་དུ་སྟོན༔ ས་མ་ཡཱ༔ སྡང་དགྲས་བརྙས་ཤིང་གནོད་འཚེ་ན༔ བྲུབ་ཁང་ནང་དུ་ལིང་ག་གཞུགས༔ བསྙེན་སྒྲུབ་ཐེམས་པས་འགུགས་ཤིང་དབྱེ༔ ཐུན་གྱིས་བརྡེག་ནས་ཕུར་པས་བསྒྲལ༔ རྣམ་ཤེས་ངན་འགྲོའི་གནས་ནས་བཏོན༔ རིགས་བདག་མི་བསྐྱོད་ཐུགས་ཀར་འཕངས༔ སྲིད་ཞི་མཉམ་བརྡལ་ལྟ་བའི་རྫོངས༔ དྲན་པ་ཡེངས་མེད་བསྒོམས་པའི་འཕྲང་༔ བསྐྱེད་རྫོགས་དམིགས་འདོན་སྤྱོད་པའི་སྲོག༔ ཤ་ཁྲག་ཕུང་པོས་ཆོས་སྐྱོང་འཚེངས༔ རྣམ་ཤེས་འོག་མིན་ལ་འཕོས་པས༔ ལས་ངན་དགྲ་བོ་ཡང་དག་འཚེངས༔ ཞེ་སྡང་རྒྱུ་རྐྱེན་དང་བྲལ་བས༔ རྣལ་འབྱོར་བསྟན་འགྲོ་འཚེངས་པའོ༔ ས་མ་ཡཱ༔ ལས་ངན་དགྲ་བོས་བསྟན་པ་དང་༔ འགྲོ་ལ་གནོད་པའི་གྲོས་ཤོམ་ངན༔ མི་མཐུན་དབྱེ་བའི་གདམས་པ་ནི༔ གཙོ་བོ་གཉིས་ཀྱི་ལིང་ག་ནི༔ གཞན་དུ་བྱུང་ལྟར་བྲིས་པའི་ལྟོར༔ ནྲྀ་མིག་ཕཊ་ཛཿཁ་སྤྲོད་འབྲི༔ དེ་མཐར་གཤིན་རྗེའི་རྩ་བའི་སྔགས༔ ཡ་མ་ར་ཛ་ཧཱུྃ་ཕཊ༔དང་༔ དེ་མཐར་དགྲ་བོ་ཆྒཻ་ཡི༔ གཟུགས་དང་ཚོར་བ་སོ་སོར་ཕྱེ༔ འདུ་ཤེས་དང་འདུ་བྱེད་སོ་སོར་ཕྱེ༔ རྣམ་ཤེས་དང་ཡུལ་དྲུག་སོ་སོར་ཕྱེ༔ མིག་དང་གཟུགས་ཕྱེ༔ རྣ་བ་དང་སྒྲ་ཕྱེ༔ སྣ་དང་དྲི་ཕྱེ༔ ལྕེ་དང་རོ་ཕྱེ༔ ལུས་དང་རེག་བྱ་ཕྱེ༔ ཞེས་འབྲི་ཕྱི་ཡི་མུ་ཁྱུད་གསུམ༔ ནང་མར་དམོད་ཚིག་དབྱེ་སྔགས་ནི༔ ཡ་མ་ར་ཛ་མཱ་ར་ཡ༔ དགྲ་བོ་ཆྒཻ་མིང་འདི་ཞེས་བྱ་བ༔ ཕ་ལྷ་དང་སོ་སོར་ཕྱེ༔ མ་ལྷ་དང་སོ་སོར་ཕྱེ༔ ཞང་ལྷ་དང་སོ་སོར་ཕྱེ༔ ཡུལ་ལྷ་དང་སོ་སོར་ཕྱེ༔ སྲོག་ལྷ་དང་སོ་སོར་ཕྱེ༔ ཡུལ་གྱི་རྗེ་དང་སོ་སོར་ཕྱེ༔ ཡུལ་གྱི་གཙོ་བོ་དང་སོ་སོར་ཕྱེ༔ ཕུ་ཡི་ཉེ་བ་དང་སོ་སོར་ཕྱེ༔ མདའ་ཡི་ཤག་རོགས་དང་སོ་སོར་ཕྱེ༔ གྲོས་མི་ནང་མཐུན་དང་སོ་སོར་ཕྱེ༔ སྙིང་ཉེའི་ཆུང་མ་དང་སོ་སོར་ཕྱེ༔ གཅེས་པའི་བུ་ཚ་དང་སོ་སོར་ཕྱེ༔ གཉིས་པར༔ གྲོས་དབང་བྱི་བ་ལོ་བ་དང་སོ་སོར་ཕྱེ༔ དེ་བཞིན་ལོ་སྐོར་བཅུ་གཉིས་འབྲི༔ དེ་ཕྱིར་མུ་ཁྱུད་རིམ་གཅིག་ལ༔ དམོད་ཚིག་འདི་ཡང་འབྲི་བར་བྱ༔ བསྟན་དང་འགྲོ་ལ་གནོད་པའི་ཕྱིར༔ འདུན་གྲོས་ངན་པར་ཤོམ་པ་ཡི༔ སྡང་བྱེད་དགྲ་བོ་མིང་འདི་ཞེས༔ ངག་གི་ཕན་ཚིག་གང་སྨྲས་ཀུན༔ གྲོས་ངན་འཇིག་པའི་རྒྱུར་གྱུར་ཅིག༔ ཅེས་སོགས་དམོད་ཚིག་ཅི་ནུས་འབྲི༔ སོ་སོར་ལྟེབ་སྟེ་ཧོམ་དུ་གཞུགས༔ དགུག་གཞུག་བྱ་ཞིང་ལྷ་དབྱེའི་མཚམས༔ སྔགས་འདི་ཐུན་བཟུང་ཞག་མང་སྒྲུབ༔ ཤིན་ཏུ་གསང་ཞིང་སྨྲ་བ་བཅད༔ རྟགས་ནི་དགྲ་རྣམས་དངོས་སུ་རྩོད༔ རྨི་ལམ་བྱ་འུག་རྔ་མོང་དང་༔ མི་མང་འཐབ་ཅིང་རྩོད་པ་སོགས༔ རྟགས་བྱུང་ཆུ་བོའི་འགྲམ་གཡས་གཡོན༔ བྱ་འུག་ཐོད་པ་ཁམ་སས་བཟོས༔ སོ་སོར་བཅུག་སྟེ་མནན་པ་བྱ༔ དེས་ནི་ཡུལ་གྱི་རྒྱལ་བློན་རྣམས༔ ལུས་ཀྱིས་འབྲེལ་བའི་ཕོ་མོ་ཡང་༔ སོ་སོར་འབྱེད་པར་ཐེ་ཚོམ་མེད༔ འདི་ནི་བསྟན་དང་འགྲོ་དོན་ལས༔ རང་འདོད་ཞེན་འཁྲིས་ཀྱིས་བྱས་ན༔ དངོས་སུ་ཕྲ་མ་བྱས་པ་ལས༔ བརྒྱ་འགྱུར་དག་གི་ཉེས་པ་ཆེ༔ བླ་མ་ཆོས་གྲོགས་དགེ་འདུན་ལ༔ འདི་བྱས་མཚམས་མེད་ལས་དང་ཉེ༔ དེ་ཕྱིར་བག་ཡོད་གནད་དུ་ཟབ༔ ས་མ་ཡཱ༔ དགྲ་བོ་གཞན་དུ་སྐྲོད་པའི་ཐབས༔ དགྲ་བོའི་ལིང་ག་སྤྱི་མཐུན་ལ༔ རྔ་མོང་སྤུ་དང་རུས་ཕྱེས་བྱུགས༔ མཐའ་ལ་བསྐྲད་པའི་སྔགས་འདིས་བསྐོར༔ ཧཱུྃ་ཨཱཿཨོཾ་ཧ་ཕཊ༔ ཡ་མ་རཱ་ཛ་མཱ་ར་ཡ་དགྲ་བོ་མིང་འདི་ཞེས་བྱ་བ་ཡུལ་ཆྒཻ་མོ་འདི་ནས་གཞན་དུ་སྐྲོད་ཅིག༔ ཀཱ་ཡ་གཟུགས་ཕུང་གཞན་དུ་སྐྲོད་ཅིག༔ ཝཀྐཱ་ངག་གི་སྨྲ་བ་གཞན་དུ་སྐྲོད་ཅིག༔ ཙིཏྟ་སེམས་ཀྱི་ཚོར་བ་གཞན་དུ་སྐྲོད་ཅིག༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སྣང་སྲིད་སྡེ་བརྒྱད་ཐམས་ཅད་ཀྱིས་དགྲ་བོ་དམ་ཉམས་མིང་འདི་ཞེས་བྱ་བ་རང་གི་ཡུལ་ནས་ཕྱུང་ཞིག༔ གཞན་གྱི་ཡུལ་དུ་སྐྱོལ་ཅིག༔ འདུག་པའི་གནས་ཁང་བྱི་བའི་ཚང་ཁང་སྲེ་མོང་གྭ་མས་བཤིག་པ་བཞིན་དུ་ཐོངས་ཤིག༔ བརྩེ་བས་འགྲོགས་པའི་གཉེན་འདུན་ཤ་ལན་རྩོད་བཞིན་དགྲ་ཡི་རྒྱབ་རྟེན་དམ་པར་གྱིས་ཤིག༔ བསགས་པའི་ནོར་རྫས་ཐལ་ཕྱེ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག༔ རང་ཡུལ་སྡོད་པའི་ཤོམ་ར་རྒྱལ་པོས་བསྐྲད་པའི་ཉེས་ཅན་བཞིན་དུ་གྱུར་ཅིག༔ གཞན་ཡུལ་འགྲོ་བའི་བློ་སྣ་བྱ་རྒོད་རྙི་ལས་ཤོར་བ་བཞིན་དུ་གྱིས་ཤིག༔ ཅེས་སོགས་བསྐྲད་པའི་དམོད་ཚིག་བྲི༔ ལྷ་དབྱེ་བྱ་ཞིང་ཧོམ་དུ་གཞུག༔ དུད་སོལ་ལྷ་མོའི་བསྙེན་སྒྲུབ་དང་༔ རལ་གཅིག་སྔགས་སྲུང་སྒྲོལ་ལས་ཀྱིས༔ ལིང་ག་བསྲེག་ཅིང་ཐལ་སོལ་ལ༔ དགྲ་བོ་རྔ་མོང་ལ་ཞོན་པ༔ ཆུ་བོའི་གཞུང་བསྐྱལ་དམོད་པ་བྱ༔ གཞན་ཡང་བསྐྲད་པའི་མན་ངག་ནི༔ གཞན་ལས་བྱུང་ལྟར་བྱས་ན་རུང་༔ དེས་ནི་དགྲ་བོ་ཡུལ་གཞན་འགྲོ༔ ས་མ་ཡཱ༔ དགྲ་བོ་ལྐུགས་པའི་མན་ངག་ནི༔ དུག་ཤོག་ངོས་ལ་དུག་སྣ་དང་༔ ཕག་ནག་ཁྲག་གིས་དགྲ་ལིང་འབྲི༔ ལྕེ་ཡིས་བྲང་ལ་ཁྱབ་པར་བྱ༔ སྟེང་དུ་རྡོ་རྗེ་རྒྱ་གྲམ་གྱི༔ ལྟེ་བར་ཝཀྐཱ་ནན་ཅེས་འབྲི༔ ཕྱི་ལ་གཤིན་རྗེའི་སྔགས་འབྲུ་བདུན༔ ཡ་མ་ར་ཙ་སྟྭཾ་བྷ་ནན༔ དགྲ་བོ་མིང་འདི་ཞེས་བགྱི་བའི༔ སྨྲ་བ་ངག་གི་རྩ་ལ་མཱ་ར་ཡ་ནན༔ ལེགས་ཉེས་སྨྲ་བའི་ལྕེ་ལ་ཀཱི་ལ་ཡ་ནན༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སྣང་སྲིད་སྡེ་བརྒྱད་རྣམས་ཀྱིས་ནུས་མཐུས་དགྲ་བོའི་ངག་ནུས་སྟྭཾ་བྷ་ཡ་ནན༔ ལས་རླུང་དབུགས་ཀྱི་རྒྱུ་བ་པི་ཝང་གི་རྒྱུད་ཆད་པ་བཞིན་དུ་ཐོངས་ཤིག༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ ཝཀྐཱ་མཱ་ར་ཡ་རྦད་ནན༔ ཞེས་དང་ཕྱི་ལ་དྲག་སྔགས་མཐར༔ དགྲ་བོ་དམ་ཉམས་འདི་ཞེས་པ༔ ཁོ་ཡིས་བསྒྲུབ་པའི་ལྷ་སྲུང་དང་༔ བདག་གིས་རྦད་པའི་ཆོས་སྐྱོང་མཐུས༔ སྨྲ་བ་ངག་གི་རྩ་སྒོ་དང་༔ ལེགས་ཉེས་སྨྲ་བའི་རོ་འཛིན་ལ༔ ལྐུགས་པ་ཁ་འཐམ་ད་ཐོངས་ཤིག༔ འཇིགས་རུང་ཀླུ་བདུད་མ་རུང་པའི༔ དུག་སྦྲུལ་མཇུག་མས་དམ་དུ་ཆིངས༔ མཱ་ར་ཡ་ནན༔ ཞེས་འབྲི་དུད་སོལ་བསྙེན་སྒྲུབ་བསྐྱལ༔ སྔགས་སྲུང་སྒྲོལ་ལས་དང་སྤྲད་དེ༔ ཀླུ་གཏད་གླང་རྭར་གདམས་ཏེ་མནན༔ དེས་ནི་ཞག་བདུན་ཟླ་ཕྱེད་ན༔ དགྲ་བོ་ལྐུགས་པར་ཐེ་ཚོམ་མེད༔ ས་མ་ཡཱ༔ དམ་ཉམས་སྲེག་པའི་ལས་བྱེད་ན༔ དུད་སོལ་བསྙེན་སྒྲུབ་སྔོན་སོང་ནས༔ ཚོགས་དང་གཏོར་མ་བསྐང་བཤགས་བྱ༔ དགྲ་ལིང་སྤྱི་མཐུན་དག་ཏུ་བྲི༔ ཧོམ་དུ་གཞུག་ཅིང་དགུག་གཞུག་ནི༔ ཞག་གྲངས་བདུན་སོགས་རྟགས་མཐོང་འབད༔ ཕུང་གསུམ་ཉི་ནག་འཛོམས་པའི་དུས༔ ཚེར་ནག་ཤིང་ལ་གྲུ་གསུམ་བརྩིགས༔ དམེ་ཡུགས་གདོལ་བས་མེ་སྦར་ལ༔ མེ་ལྷ་ནག་པོ་ར་སྐྱེས་ཆིབས༔ ཕྱག་བཞིས་མེ་ཡི་ལྕགས་ཀྱུ་དང་༔ མེ་ཞགས་མེ་ཐབ་རྩེ་གསུམ་བསྣམས༔ དགྲ་བོ་སྒྲོལ་ཕྱིར་ཁྲོས་པའི་ཤུགས༔ མེ་ལྟར་འབར་བའི་གནས་གསུམ་དུ༔ འབྲུ་གསུམ་འོད་ཀྱིས་ཤར་ལྷོ་ནས༔ ཡེ་ཤེས་སྤྱན་དྲངས་དྲག་པོའི་རྫས༔ དགྲ་བོའི་ཕུང་ཁམས་སྐྱེ་མཆེད་དུ༔ བསམ་ལ་ལིང་ག་མཚོན་གྱིས་གཏུབས༔ བདེན་སྟོབས་བརྗོད་ཅིང་ཨགྣེ་ཡེ༔ རྩ་སྔགས་ཤམ་དུ་ཛྭ་ལ་སྦྱར༔ དེ་རྗེས་མེ་ལྷ་མེ་རུ་བསྒྱུར༔ དུད་སོལ་ལྷ་ཚོགས་གསལ་གདབ་ལ༔ སྤྱན་དྲངས་མཆོད་བསྟོད་ལྗགས་སྦུབས་ལས༔ འོད་ཟེར་རལ་གྲི་ལྟ་བུ་ཡིས༔ དགྲ་བོའི་ཕུང་ཁམས་གསོལ་བར་བསམ༔ དམར་ནག་ཚེར་ཤིང་ཡུངས་དཀར་ཏིལ༔ མི་རྟ་ཁྱི་དང་སྦལ་སྦྲུལ་སྡིག༔ ཤ་སྣ་དུག་རིགས་ལྕགས་ཕྱེ་སོགས༔ དུད་སོལ་རྩ་བའི་སྔགས་ཤམ་དུ༔ དགྲ་བོ་བྱད་མ་འདི་ཞེས་པ༔ བཛྲ་ཨགྣེ་ཡེ་ཛྭ་ལ་རཾ༔ ཞེས་བརྗོད་བརྒྱ་སྟོང་གྲངས་གཟུངས་འབུལ༔ དགྲ་ལིང་བཀྲམ་སྟེ་དགུག་གཞུག་བསྐྱར༔ བདེན་པའི་སྟོབས་བརྗོད་དམོད་ངན་བཅས༔ ཡེ་ཤེས་ལྷ་ཡི་ཞལ་ཧོམ་དུ༔ འཇིགས་རུང་བསྐལ་མེ་བཟོད་དཀའི་དབལ༔ འཕྲོས་པས་མེ་ལྕེ་སྦྲང་བུ་ལྟར༔ མིང་ཙམ་མེད་པར་རྡུལ་བརླགས་བསམ༔ མེ་ལ་བསྲེགས་ཤིང་ལྷ་རྣམས་གཤེགས༔ བསྐྱེད་རིམ་བསྡུ་ཞིང་རྫོགས་རིམ་གྱི༔ རང་མདངས་བརྗོད་མེད་ཉམས་ཡང་སྐྱོང་༔ དེས་ནི་ས་དབང་སྟོབས་ལྡན་ཀྱང༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ས་མ་ཡཱ༔ དགྲ་བོ་མནན་པའི་ལས་སྦྱོར་ནི༔ དུག་ཤོག་ངོས་ལ་དུག་ཁྲག་གིས༔ ལིང་ག་སྐྱེ་མཆེད་ཚང་བ་འབྲི༔ དཔྲལ་བར་ནན་དང་མིག་ལ་ལོང་༔ རྣ་བར་འོན་དང་སྣ་ལ་འཚུབས༔ ལྕེ་ལ་ལྐུགས་དང་ལག་ལ་ཆག༔ རྐང་པར་ཞ་བྲིས་ཟག་རྫས་བྱུགས༔ སྙིང་གར་དགྲ་ལ་ནྲྀ་ཡིག་དང་༔ བགེགས་ལ་ཏྲི་བྲིས་དེ་ཡི་མཐར༔ དམ་ཉམས་དགྲ་བོ་འདི་ཞེས་པའི༔ ཀཱ་ཡ་ལུས་དབང་སྟྭཾ་བྷ་ནན༔ ཝཀྐཱ་ངག་དབང་སྟྭཾ་བྷ་ནན༔ ཙིཏྟ་ཡིད་དབང་སྟྭཾ་བྷ་ནན༔ དེ་མཐར་དྲག་སྔགས་སོ་ལྔའི་ཤམ༔ དམ་ཉམས་དགྲ་བགེགས་ཆྒཻ་ཡི༔ ཁ་རྗེ་དབང་ཐང་སྟྭཾ་བྷ་ནན༔ ཚེ་བསོད་སྟོབས་འབྱོར་སྟྭཾ་བྷ་ནན༔ མཐུ་རྩལ་ནུས་པ་སྟྭཾ་བྷ་ནན༔ མངའ་རིས་འཁོར་འབངས་སྟྭཾ་བྷ་ནན༔ འགོ་བའི་ལྷ་སྲུང་སྟྭཾ་བྷ་ནན༔ བླ་མཆོད་སྲུང་བྱེད་སྟྭཾ་བྷ་ནན༔ ཀུན་ཀྱང་ཚིག་ལྷུག་འབྲི་བ་ན༔ རང་རང་མཚམས་སྦྱོར་གལ་ཆེ་ཞིང་༔ ཁྱད་པར་དགྲ་གཟུགས་ཡན་ལག་དེ༔ ལྕགས་སྒྲོག་གིས་བཅིངས་དེའི་ཕྱི་རོལ༔ སྔ་དགྲ་ལག་ཏུ་བརྡར་བ་དང་༔ ཕྱི་དགྲ་ཞེ་ལ་བརྣག་པ་དང་༔ ད་ལྟ་ཁྱི་བཞིན་སྡང་བ་དང་༔ མནའ་ཆད་མི་སེམས་གཉེན་གྲོགས་དང་༔ དེ་བཞིན་སློབ་བུ་དམ་ལས་ལོག༔ ཆུང་མ་སྙིང་རིང་ཕྱིར་ལ་འཁོར༔ ཡུལ་སྡེ་མི་ཁའི་སྣ་འདྲེན་དང་༔ དཀར་ནག་གོ་བརྗེ་ཁྲིམས་ཀྱི་བདག༔ རང་ལ་གང་གནོད་ཆྒཻ་ཡི༔ མིག་གི་དབང་པོ་མཱ་ར་ཡ༔ དེ་བཞིན་རྣ་བ་སྣ་ལྕེ་ལུས༔ སོ་སོར་སྟྭཾ་བྷ་ཡ་ནན་འབྲི༔ ཀུན་གཞིའི་རྣམ་ཤེས་མཱ་ར་ཡ༔ དེ་བཞིན་ཡིད་དང་ཉོན་མོངས་ཡིད༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ དམ་ཉམས་དགྲ་བགེགས་ཆྒཻ་མོའི༔ མ་རིག་འདུ་བྱེད་རྣམ་ཤེས་དང་༔ རྟེན་འབྲེལ་བཅུ་གཉིས་སོ་སོའི་མཐར༔ མཱ་ར་ཡ་དང་སྟྭཾ་བྷ་ཡ༔ ནན་ནན་ཞེས་པ་འབྲི་བར་བྱ༔ དེ་ཕྱིར་མུ་ཁྱུད་ནང་དུ་ནི༔ སྡེ་བརྒྱད་སྲོག་ཡིག་བརྒྱད་པོའི་མཐར༔ ལྷ་དང་གཤིན་རྗེ་ཀླུ་གནོད་སྦྱིན༔ མེ་ལྷ་སྲིན་པོ་རླུང་ལྷ་དབང་༔ དེ་དག་ལས་བྱུང་དགྲ་དང་བགེགས༔ དམ་སྲིའི་རིགས་སུ་གྱུར་པ་ཡི༔ ལུས་ངག་ཡིད་གསུམ་མཱ་ར་ཡ༔ སྟྭཾ་བྷ་ཡ་ནན་ཞེས་པ་འབྲི༔ དེ་ཕྱིར་མེ་རླུང་ཆུའི་རི་མོ༔ ལིང་ག་ཁྲུས་བྱ་ཚོན་སྐུད་བཅིངས༔ ལྷ་དབྱེའི་རྫས་བདུག་ཧོམ་དུ་བཅུག༔ བསྐྱེད་དགུག་ལྷ་དབྱེ་ཕྱག་རྒྱས་བཅིང་༔ རྩ་སྔགས་ཤམ་བུར་འདི་བཏགས་བསྙེན༔ དམ་ཉམས་དགྲ་བོ་འདི་ཞེས་བྱ་བའི༔ ཀཱ་ཡ་ལུས་ཀྱི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ ཝཀྐཱ་ངག་གི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ ཙིཏྟ་ཡིད་ཀྱི་དབང་པོ་སྟྭཾ་བྷ་ཡ་ནན་ནན༔ དེ་ནས་དྲག་སྔགས་སོ་ལྔའི་མཐར༔ དམ་ཉམས་དགྲ་བོ་ཆྒཻ་མོའི་ཁ་རྗེ་དབང་ཐང་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཚེ་བསོད་སྟོབས་འབྱོར་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མཐུ་རྩལ་ནུས་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མངའ་རིས་འཁོར་འབངས་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ འགོ་བའི་ལྷ་སྲུང་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ བླ་མཆོད་སྲུང་བྱེད་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ སྔ་དགྲ་ལག་ཏུ་བརྡར་བ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཕྱི་དགྲ་ཞེ་ལ་བརྣག་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ད་དགྲ་ཁྱི་བཞིན་སྡང་བ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ མནའ་དང་ཆད་ལ་མི་སེམས་པའི་གཉེན་བཤེས་མཛའ་གྲོགས་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ སྨིན་གྲོལ་ཆོས་སྒོར་བཅུག་པའི་སློབ་བུ་དམ་ལས་ལོག་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཟས་གོས་ནོར་གྱིས་བསྐྱངས་པའི་ཆུང་མ་སྙིང་རིང་ཕྱིར་ལ་འཁོར་བ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ ཡུལ་སྡེར་མི་ཁའི་སྣ་འདྲེན་བྱེད་པ་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དཀར་ནག་ལས་གཉིས་གོ་བརྗེ་བྱེད་པའི་ཁྲིམས་བདག་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན་ནན༔ དམ་ཉམས་པའི་དགྲ་བགེགས་ཆྒཻ་མོའི་མིག་གི་དབང་པོ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ རྣ་བའི་དབང་པོ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ སྣའི་དབང་པོ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ལྕེའི་དབང་པོ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ལུས་ཀྱི་དབང་པོ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དམ་ཉམས་དགྲ་བགེགས་དམ་སྲིའི་ཀུན་གཞིའི་རྣམ་པར་ཤེས་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཡིད་ཀྱི་རྣམ་ཤེས་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཉོན་མོངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ དམ་ཉམས་པའི་དགྲ་བགེགས་འབྱུང་པོའི་མ་རིག་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ འདུ་བྱེད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ རྣམ་པར་ཤེས་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ མིང་དང་གཟུགས་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ སྐྱེ་མཆེད་དྲུག་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ རེག་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཚོར་བ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ སྲེད་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ལེན་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ སྲིད་པ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ སྐྱེ་བ་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ རྒ་ཤི་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཨ་ཡ་མ་དུ་རུ་ཙ་ཤ་ན་སྟེང་ཕྱོགས་ལྷ་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཤར་ཕྱོགས་དྲི་ཟའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ལྷོ་ཕྱོགས་གཤིན་རྗེའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ནུབ་ཕྱོགས་ཀླུ་ཡི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ བྱང་ཕྱོགས་གནོད་སྦྱིན་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ཤར་ལྷོ་མེ་ལྷའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ལྷོ་ནུབ་སྲིན་པོའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ ནུབ་བྱང་རླུང་ལྷའི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ བྱང་ཤར་དབང་ལྡན་གྱི་རིགས་ལས་བྱུང་བའི་དགྲ་གདོན་དམ་སྲི་ཐམས་ཅད་མཱ་ར་ཡ་སྟྭཾ་བྷ་ཡ་ནན༔ གཞན་ཡང་སྲི་མནན་སྔགས་མང་བརྗོད༔ རྣལ་འབྱོར་ཉམས་དངོས་རྨི་ལམ་དུ༔ དགྲ་མནན་བགེགས་བསད་དམ་སྲི་བཏུལ༔ རྟགས་ཀྱི་རིམ་པ་འདི་བཞིན་འབྱུང་༔ བྲག་བཤིག་ཤིང་བཅད་ཆུ་ཆེན་བསྒྱུར༔ རི་དྭགས་བསད་དང་ཡན་ལག་འཆིང་༔ ཤ་ཁྲག་སྟེར་སོགས་རྟགས་བྱུང་ཚེ༔ མནན་དོང་གྲུ་གསུམ་བྲུས་པའི་ནང་༔ ལིང་ག་གནོན་པའི་ལས་སྦྱོར་ནི༔ རང་ཉིད་གསང་བའི་བདག་པོར་གསལ༔ ཕྱག་གཡས་རྡོ་རྗེ་སར་བརྒྱབ་པས༔ རྒྱ་མཚོ་ཆེན་པོ་སྔོ་མེར་འཁྲུགས༔ དེ་ནང་ཀླུ་བདུད་མགོ་དགུ་བ༔ རྩ་ཞལ་ཆུ་སྲིན་ཁ་གདངས་ཤིང་༔ ཁ་རླངས་དུག་གི་སྤྲིན་ཕུང་འཁྲིགས༔ ཞལ་ནས་ང་རོ་འབྲུག་སྟོང་ལྡིར༔ ཕྱག་ནི་བཅོ་བརྒྱད་རྩ་ཕྱག་གིས༔ དགྲ་བགེགས་ལེན་ཕྱིར་སྦར་བ་གདེངས༔ ལྷག་མ་གཡས་རྣམས་ཆུ་གྲི་དང་༔ གཡོན་པས་ནད་ཀྱི་རྐྱལ་པ་བསྣམས༔ འཁོར་དུ་ཀླུ་རིགས་རྣམ་བཞིས་བསྐོར༔ བདག་ཉིད་གསང་བདག་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་སྤྱན་དྲངས་གྱུར༔ དེ་ནས་རང་གི་ཐུགས་ཀའི་འོད༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ སྒོ་མ་ཁྲོ་མོ་ཆེན་མོ་བཞི༔ དགྲ་བགེགས་ཐམས་ཅད་དབང་མེད་བཀུག༔ ལིང་ག་ལ་བསྟིམས་ལྷ་དང་དབྱེ༔ ཕྱག་རྒྱས་བཅིངས་ཤིང་དེ་ཡི་སྐབས༔ རང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཀླུ་བདུད་མགོ་ལ་རྡོ་རྗེ་བཞག༔ བཛྲ་ས་མ་ཡཱ་ཧོ་ཏིཥྛནྟུ༔ ཞེས་བརྗོད་དམ་ལ་འཇོག་པར་བྱ༔ དེ་ནས་དགྲ་བགེགས་ཞལ་དུ་བསྟབས༔ ཚིག་འདིས་བདེན་པའི་བཀའ་ཡང་བསྒོ༔ ཧཱུྃ༔ བདེ་གཤེགས་སྟོན་པ་སངས་རྒྱས་ཀྱི༔ བསྟན་པ་རིན་ཆེན་འདི་ཉིད་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་སྲི༔ ཀླུ་བདུད་ནག་པོ་ཁྱོད་ལ་གཏད༔ ཕ་མ་འགྲོ་བ་སེམས་ཅན་ལ༔ གནོད་སེམས་སྦྱོར་ངན་སྡུག་ལ་གཏད༔ མ་རུངས་བརླང་སྙིང་དགྲ་གདོན་སྲི༔ ཀླུ་བདུད་ནག་པོ་ཁྱོད་ལ་གཏད༔ བསྟན་འཛིན་སྐྱེས་བུ་ཡོངས་ལ་འཚེ༔ རྣལ་འབྱོར་བདག་ལ་བར་གཅོད་པའི༔ དམ་ཉམས་སྡང་དགྲ་བགེགས་དང་སྲི༔ ཀླུ་བདུད་ནག་པོ་ཁྱོད་ལ་གཏད༔ བསྐལ་པའི་བར་དུ་མ་གཏོང་ཞིག༔ ཅེས་བརྗོད་ས་ཆུ་མེ་རྒྱས་གདབ༔ རི་རབ་གླིང་བཞི་རྒྱ་གྲམ་འབྲི༔ ཁྱི་ཐོད་ལ་སོགས་རིགས་པས་བརྟགས༔ དེས་ནི་དགྲ་བགེགས་གང་ཡང་གནོན༔ མི་ཐུབ་མི་སྲིད་སྙིང་ལ་ཆོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདུན་པ་བརྡེག་པ་ཟོར་ལས་ནི༔ འབིག་པའི་མདའ་དང་གཅོད་པའི་གྲི༔ ཚ་བའི་མེ་དང་གྲང་བའི་ཆུ༔ གནོན་པའི་ས་དང་གཡབ་པའི་རླུང་༔ ནམ་མཁའི་ཟོར་རྫས་སྒོ་ང་དང་༔ ཕུར་པའི་དབལ་ཟོར་གཏོར་མ་ཁྲག༔ གཞན་ཡང་ཟོར་རྫས་རྒྱུད་གཞན་བསྟུན༔ དགྲ་གཟུགས་ལིང་ག་འབེན་དུ་བཞག༔ གསེར་སྐྱེམས་གཟུ་དཔང་ཧོམ་བསྐྱེད་དང་༔ དགུག་གཞུག་བསྒྲལ་ལས་ཞལ་བསྟབས་བསྟུན༔ ཧཱུྃ་བྷྱོ༔ གནོད་བྱེད་དགྲ་བགེགས་དམ་ཉམས་ཀྱི༔ ལྟ་བའི་མིག་ལ་མདའ་ཟོར་ཡ༔ ཉོན་མོངས་མཐོང་བྱེད་ཤེས་རྒྱུན་ཆོད༔ དགྲ་བགེགས་དམ་སྲི་རྡུལ་དུ་རློགས༔ དེ་བཞིན་སོ་སོར་ཚིག་ཕྲད་བསྒྱུར༔ ཉན་པའི་རྣ་བར་གྲི་ཟོར་ཡ༔ འཁྲུལ་རྟོག་ཉན་བྱེད་ཤེས་རྒྱུན་ཆོད༔ སྣོམ་པའི་སྣ་ལ་ཆུ་ཟོར་ཡ༔ ལོག་རྟོག་སྣོམ་བྱེད་ཤེས་རྒྱུན་ཆོད༔ སྨྲ་བྱེད་ལྕེ་ལ་མེ་ཟོར་ཡ༔ མྱོང་བ་རོ་ཡི་ཤེས་རྒྱུན་ཆོད༔ ཀུན་ཁྱབ་སེམས་ལ་སྒོང་ཟོར་ཡ༔ དངོས་འཛིན་རིལ་པོའི་ཤེས་པ་གཏོར༔ བརྟེན་ཡུལ་ལུས་ལ་ས་ཟོར་ཡ༔ ལོག་པའི་ལས་བྱེད་ལུས་པོ་ནོན༔ འོག་གི་ཆུང་མར་ཁྲག་ཟོར་ཡ༔ ཆགས་བྱེད་འཁྲུལ་བའི་ཤེས་པ་རློགས༔ སྒོ་ཡི་ནོར་ལ་གཏོར་ཟོར་ཡ༔ བདག་གིར་འཛིན་བྱེད་རྟོག་ངན་ཆོམས༔ ཟོར་རྫས་གཞན་ལ་ཁ་བསྒྱུར་ནས༔ གོང་འོག་ཚིག་གི་དཀྱིལ་དུ་སྦ༔ རྗེས་སུ་ཞལ་བསྟབས་དཔལ་འབར་མེས༔ བསྲེག་ཅིང་དགྲ་དང་རྣལ་འབྱོར་བདག༔ དྲག་པོའི་ལས་ཀུན་མི་དམིགས་ངང་༔ ཐུན་མཚམས་བསྔོ་བ་སྨོན་ལམ་དང་༔ ཆོས་སྤྱོད་ཆག་མེད་སྤྱོད་ལམ་ཀུན༔ དོན་དང་ལྡན་པའི་མན་ངག་འབད༔ ས་མ་ཡཱ༔ དེ་ལྟར་དུད་སོལ་ལྷ་མོ་ཡི༔ སྒྲུབ་པའི་ལས་ཚོགས་བདུན་པ་འདི༔ མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི༔ ཕྱི་སྒྲུབ་པདྨའི་ཐུགས་ཐིག་གི༔ བསྟན་སྲུང་ཟབ་མོའི་ཆོས་སྐོར་གྱི༔ སྒྲུབ་པ་ཆ་ལག་ཚང་བའི་ཕྱིར༔ ལས་སྐལ་ལྡན་པའི་བློ་ལ་འཆར༔ དགོངས་གཏེར་མཁའ་འགྲོའི་སྲོག་བཅུད་ཡིན༔ བྱང་ཆུབ་སེམས་དང་ལྡན་པ་ཡི༔ ཆོས་ལྡན་གང་ཟག་བསླུས་གྱུར་ན༔ མཚོ་རྒྱལ་བྱིན་རླབས་ཐུགས་བསྐྱེད་ཉམས༔ དེ་ཕྱིར་ལོག་སྲེད་ཅན་ལ་སྦོས༔ བཀའ་ཡི་སྲུང་མས་མེལ་ཚེ་མཛོད༔ རྒྱ་རྒྱ་རྒྱ༔ ཞེས་སྐལ་ལྡན་ལུང་རིག་གླིང་པས་དག་པར་ཕབ་པའོ༔

བླ་རྡོ་སྙིང་འཁོར་ནོར་བུའི་བང་བ།

དུད་སོལ་ལྷ་མོའི་ཐུགས་སྒྲུབ་ཟབ་མོ་ལས༔ བླ་རྡོ་སྙིང་འཁོར་ནོར་བུའི་བང་བ་བཞུགས༔ རབ་འབྱམས་རྒྱལ་དང་རྒྱལ་ཀུན་གྱི༔ ཐུགས་རྗེའི་རང་གཟུགས་དབྱངས་ཅན་མའི༔ རྣམ་རོལ་རྒྱལ་བའི་བསྟན་སྲུང་མཆོག༔ དུད་སོལ་ལྷ་མོའི་བླ་རྡོ་ལ༔ ཞི་རྒྱས་དབང་དྲག་ལས་བཞི་ཡི༔ བླ་རྡོ་བྲི་ཐབས་འདི་ལྟར་རོ༔ ས་མ་ཡཱ༔ དང་པོ་ཞི་བའི་བླ་རྡོ་ཡི༔ བྲི་གཞི་དར་རས་ཤོག་གུ་དཀར༔ གཉིས་པ་རྒྱས་པའི་བླ་རྡོ་ཡི༔ བྲི་གཞི་དར་རས་གྲོ་ཤོག་སེར༔ གསུམ་པ་དབང་གི་བླ་རྡོ་ཡི༔ བྲི་གཞི་དར་རས་ཤོག་གུ་དམར༔ བཞི་པ་དྲག་པོའི་བླ་རྡོ་ཡི༔ བྲི་གཞི་དར་རས་ཤོག་གུ་ནག༔ བྲི་རྫས་ཞི་བར་དངུལ་དུང་རྡོ༔ རྒྱས་པར་གསེར་རམ་གུར་གུམ་ས༔ དབང་ལ་ལི་ཁྲི་ན་ཆུང་མཚལ༔ དྲག་པོར་དུར་ཁྲོད་རྡོ་ཚོན་ནག༔ སོ་སོར་མུ་ཁྱུད་རིམ་པ་བདུན༔ ལྟེ་བ་ཟླུམ་པ་གྲུ་བཞི་དང་༔ ཟླ་གམ་གྲུ་གསུམ་བྲིས་པ་ལ༔ དབུས་སུ་མཿཡིག་དཀར་སེར་དམར༔ ནག་པོའི་མདོག་བསྒྱུར་ཤིན་ཏུ་ཡང་༔ དྲག་པོ་དུར་ཁྲོད་རོ་རས་ལ༔ མི་ཁྲག་བྱུགས་ཤིང་དུག་ཁྲག་གིས༔ མ་ཡིག་མིག་ཏུ་བྷྱོ་ཕྱོགས་མདོག༔ ཡི་གེ་བྲི་བ་གནད་ཡིན་ནོ༔ ས་མ་ཡཱ༔ དང་པོ་ཞི་བའི་བླ་རྡོ་ཡི༔ བྲི་གཞི་ཤོག་བུ་ཁྲིམས་ལྡན་གྱི༔ དགེ་སློང་ཞི་དུལ་ལྡན་པའམ༔ ཡང་ན་བུད་མེད་བུ་མ་བཙས༔ རྡོ་རྗེའི་མདའ་མ་ཕོག་པ་ལས༔ བྱུང་བའི་གཞི་ནི་དེ་ལྟར་རོ༔ དུས་ཚོད་ཡར་ངོའི་ཚེས་བརྒྱད་ལ༔ གཟའ་ནི་ཟླ་བ་སྐར་མ་དབོ༔ ཡང་ན་ཡར་ངོའི་གང་རུང་ལ༔ ཟླ་བ་འཕྲོད་སྦྱོར་བཟང་གལ་ཆེ༔ རྒྱས་པར་རྒྱལ་རིགས་རྗེ་རིགས་སམ༔ ཡང་ན་བུད་མེད་བུ་མང་ཞིང་༔ ལོངས་སྤྱོད་ལྡན་པ་དག་ལས་བླངས༔ དུས་ཚོད་རྒྱལ་ཕུར་ཡར་ཚེས་བརྒྱད༔ ཡང་ན་ཡར་ངོའི་ཕུར་བུ་ལ༔ འཕྲོད་སྦྱོར་བཟང་བ་གནད་དུ་ཆེ༔ དབང་ལ་བླ་མ་ཚོང་དཔོན་རིགས༔ སྨད་འཚོང་བུད་མེད་སྐྱེ་བོའི་ཚོགས༔ མང་པོ་སྡུད་ལས་བྲི་གཞི་བསླངས༔ དུས་ཚོད་ཡར་ངོའི་བཅོ་ལྔ་འམ༔ མར་ངོའི་ཚེས་བཅུ་གཟའ་མིག་དམར༔ དབྱུག་དགུའི་འཕྲོད་སྦྱོར་ཡང་ན་ནི༔ ཡར་མར་དུས་ཚེས་བཟང་གལ་ཆེ༔ དྲག་པོར་དམག་དཔོན་རྗེ་དཔོན་བཙན༔ བུད་མེད་ཁྲོ་གཏུམ་ཆེ་བ་འམ༔ སྐྱེས་པ་དཔའ་བོ་སྔགས་པ་ལས༔ བླངས་ཏེ་གཟའ་སྐར་པ་སངས་དང་༔ ཉི་མ་རང་རང་སྐར་མ་འཕྲོད༔ ཉེ་བའི་དུས་ཚོད་ནམ་ལངས་དང་༔ ཉི་དྲོས་དགོང་མོ་སྲོད་ལ་འབྲི༔ མུ་ཁྱུད་དང་པོའི་སྲོག་ཡིག་མཐར༔ ཞི་བར་འདོད་གསོལ་འདི་བཞིན་ནོ༔ འཆང་བ་པོ་བདག་ལ་རྒྱལ་པོའི་ཆད་པ་མེ་ཆུ་དུག་སྦྲུལ་རྐུན་པོ་ཤ་ཟ་ནད་ཡམས་ལ་སོགས་པའི་འཇིགས་པ་ཐམས་ཅད་ཞི་བར་མཛད་དུ་གསོལ༔ རྒྱས་པར་དང་པོའི་སྲོག་ཡིག་མཐར༔ ཚེ་དང་བསོད་ནམས་བུ་དང་རིགས་རྒྱུད་འཁོར་དང་ལོངས་སྤྱོད་ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རྒྱས་པར་མཛད་དུ་གསོལ༔ དབང་ལ་དང་པོའི་སྲོག་ཡིག་མཐར༔ འཆང་བ་པོ་བདག་ལ་གདུལ་བྱ་ལྷ་འདྲེ་མི་གསུམ་གྱི་སྣང་བ་དབང་དུ་འདུ་བ་དང་ཟས་ནོར་ཆོས་གསུམ་ཐམས་ཅད་དབང་དུ་སྡུད་པར་མཛད་དུ་གསོལ༔ དྲག་པོ་ལ་སྲོག་ཡིག་མཐར༔ འཆང་བ་པོ་བདག་ལ་དུས་གསུམ་ཀུན་ཏུ་བསམ་སྦྱོར་ངན་པས་གནོད་ཅིང་འཚེ་བའི་བསྟན་དགྲ་དགོས་དགྲ་དམ་སྲི་འབྱུང་པོ་ཐམས་ཅད་བརླག་པར་མཛད་དུ་གསོལ༔ བཞི་པོའི་མཐའ་རུ༔ ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མཱ་ར་ཡ་ཕཊ༔ མུ་ཁྱུད་གཉིས་པར་ཞི་བ་ལ༔ རྩ་བའི་སྔགས་ཀྱི་ཤམ་བུ་རུ༔ དཔལ་ལྡན་ལྷ་མོ་དུད་སོལ་མས་བདག་ལ་དུས་རྟག་ཏུ་མ་ཡིས་བུ་ལ་འཇིགས་ཚོགས་སྲུང་བ་བཞིན་དུ་གཡེལ་བ་མེད་པར་མེལ་ཚེ་མཛད་དུ་གསོལ༔ དེ་བཞིན་རྒྱས་པ་དབང་དྲག་པོར༔ ཁ་བསྒྱུར་རིམ་པ་འདི་བཞིན་ནོ༔ མ་ཡིས་བུ་ལ་ཟས་ནོར་སྤེལ་ཞིང་རྒྱས་པ་དང་༔ ཚེ་བསོད་ལེགས་ཚོགས་འཕེལ་བའི་ཐབས་ལ་བརྩོན་པ་བཞིན་དུ་གཡེལ་བ་མེད་པར་ཕན་གྲོགས་མཛད་དུ་གསོལ༔ དབང་ལ༔ མ་ཡིས་བུ་ལ་གཞན་གྱིས་བསྟོད་པ་དང་༔ རྙེད་པ་འདུ་བའི་ཐབས་ལ་བརྩོན་ཅིང་ཕན་པའི་མཛའ་གྲོགས་བཙལ་བ་བཞིན་དུ་གཡེལ་བ་མེད་པར་སྡོང་གྲོགས་མཛད་དུ་གསོལ༔ དྲག་པོར༔ མ་ཡིས་བུ་ལ་གནོད་པའི་དགྲ་རྣམས་ཐབས་དང་རྟེན་འབྲེལ་དུ་མས་ཟློག་པ་དང་༔ གདོན་དང་ནད་རྣམས་བསྲུང་བ་སྨན་དང་སྔགས་ཀྱིས་གསོ་བ་བཞིན་ཏུ་གཡེལ་བ་མེད་པར་ཕན་གྲོགས་དམ་པ་མཛད་དུ་གསོལ༔ ཀུན་ལ་བདག་དང་ལྷ་མོའི་མཚན༔ ཞི་བའི་སྐབས་ལྟར་ཤེས་པར་བྱ༔ མུ་ཁྱུད་གསུམ་པར་རྩ་སྔགས་ཤམ༔ ཞི་བར་ཡི་གེ་བརྒྱ་པ་དང་༔ རྒྱས་པར་ནོར་ལྷ་བརྒྱད་ཀྱི་སྔགས༔ ཡང་ན་ནོར་རྒྱུན་མ་ཡི་གཟུངས༔ དབང་ལ་ཀུ་རུ་ཀུལླེ་དང་༔ དབང་ཕྱུག་ཡབ་ཡུམ་དབང་སྡུད་སྔགས༔ དྲག་པོར་ཕུར་པ་དྲག་སྔགས་མེ༔ སོ་སོའི་གཤམ་དུ་འདོད་གསོལ་ནི༔ ཞི་བ་ལ་ནི་འདི་བཞིན་བྱ༔ ཨོཾ༔ ནད་གདོན་འཇིགས་བརྒྱད་སྡིག་སྒྲིབ་སྤྱི༔ ཁྱད་པར་སོ་བྱང་སྔགས་སྡོམ་ཉམས༔ མནའ་ཟོས་གྲིབ་ཕོག་ལྷ་མི་འཁོན༔ མ་ལུས་ཞི་བར་མཛད་དུ་གསོལ༔ རྒྱས་པ་ལ་ནི་འདི་བཞིན་སྦྱར༔ བྷྲཱུྃ༔ འཆི་མེད་ཚེ་དང་འཛད་མེད་ནོར༔ དབང་ཐང་བུ་དང་རིགས་རྒྱུད་མི༔ མཛོད་དང་གཡང་ཅན་རྟ་ཕྱུགས་ནོར༔ མ་ལུས་རྒྱས་པར་མཛད་དུ་གསོལ༔ དབང་ལ་འདོད་གསོལ་འདི་བཞིན་བྱ༔ ཧྲཱིཿ ཞི་བ་ལྷ་དང་ཕྱུག་པོ་ཀླུ༔ བཙན་ཕྱུག་འཕན་དར་འཛོམས་པའི་མི༔ བཅུད་ཅན་ཟས་དང་བརྗིད་ལྡན་གོས༔ གཡང་ཅན་ནོར་སོགས་མཁོ་རྒུའི་དཔལ༔ མ་ལུས་དབང་དུ་སྡུད་མཛད་གསོལ༔ དྲག་པོ་ལ་ནི་འདི་བཞིན་ནོ༔ ཧཱུྃ༔ འགྲོ་བའི་སྤྱི་དགྲ་སངས་རྒྱས་ཀྱི༔ བསྟན་ལ་གནོད་པའི་དགྲ་བགེགས་སྲི༔ རྣལ་འབྱོར་དགོས་དགྲ་མ་ལུས་ཀུན༔ དྲག་པོའི་ལས་ཀྱིས་འདུལ་བར་མཛོད༔ མུ་ཁྱུད་བཞི་པར་རྣམ་འཇོམས་ཀྱི༔ གཟུངས་རིང་ཁྲོ་བཅུ་དང་བཅས་བྲི༔ མུ་ཁྱུད་ལྔ་པར་དབྱངས་གསལ་ཚར་གསུམ་ཤམ༔ རྩ་ཁམས་ཡི་གེའི་ཚུལ་གནས་བཞིན༔ ལུས་ངག་ཡིད་གསུམ་ནད་གདོན་ཞི༔ ཁམས་ཀྱི་དྭངས་མ་ཉམས་པ་སོས༔ ཚེ་བསོད་ལེགས་ཚོགས་ཡར་འཕེལ་ཞིང་༔ སྔགས་ཀྱི་ལྷག་ཆད་སོར་ཆུད་ནས༔ རྟག་ཏུ་དུད་སོལ་ལྷ་མོ་ཡིས༔ སྲུང་སྐྱོབ་གཡེལ་མེད་མཛད་དུ་གསོལ༔ མུ་ཁྱུད་དྲུག་པར་རྟེན་འབྲེལ་སྙིང་༔ ཚར་གསུམ་འབྲི་ཞིང་མཐའ་ཤམ་དུ༔ ཤིས་བརྗོད་ཉིན་མོ་བདེ་ལེགས་འབྲི༔ གཞན་ཡང་སྐབས་སུ་གང་འོས་འཕྲུལ༔ མུ་ཁྱུད་བདུན་པར་ཞི་བ་ལ༔ རྡོ་རྗེའི་ཕྲེང་བ་དེ་བཞིན་དུ༔ ནོར་བུའི་པ་ཏྲ་དབང་ལྕགས་ཀྱུ༔ དྲག་པོ་རལ་གྲི་གྲི་གུག་དང་༔ རྒྱ་གྲམ་ཐོད་པ་དབྱུག་ཏོ་དང་༔ ཀུན་ལ་དེ་མཐར་མེ་རི་འོ༔ བྱུག་རྫས་ཞི་བར་དུང་དང་ཤེལ༔ ནུ་འཐུང་ཞོ་དང་འོ་མ་སྦྲང་༔ རྒྱས་པར་གསེར་དང་གུར་གུམ་སྤོས༔ སྦྲང་རྩི་ཕྱུག་པོའི་སྒོ་ཐབ་དྲག༔ དབང་ལ་ཟངས་དང་བྱུ་རུ་མཚལ༔ ན་ཆུང་མཚལ་དང་དར་མའི་ཞོ༔ བསྲེས་ཤིང་བྱུགས་པ་གནད་ཡིན་ནོ༔ དྲག་པོར་ལྕགས་ཕྱེ་ནུས་ལྡན་གྱི༔ ཕུར་དབལ་ཕྱེ་དང་གནམ་ལྕགས་ཕྱེ༔ སྦྱར་ཏེ་ཀུན་ལ་བཟང་དྲུག་དང་༔ སེལ་མེད་ཆོས་སྨན་བུད་མེད་ཀྱི༔ སྐྲ་དང་རིགས་བཟང་བུ་མོ་ཡིས༔ འཁལ་བའི་ཚོན་གྱི་སྐུད་པས་བྲན༔ འདི་ཉིད་ལས་བཞིའི་འཁོར་ལོ་བཞི༔ སྦྲེལ་ཏེ་སུས་འཆང་སྐལ་ལྡན་དེའི༔ ནད་གདོན་འཇིགས་བརྒྱད་ངང་གིས་ཞི༔ ཚེ་དང་བསོད་ནམས་ལེགས་ཚོགས་རྒྱས༔ གང་མོས་འགྲོ་བ་ཟས་ནོར་འདུ༔ དགྲ་བགེགས་བྱམས་སེམས་ངང་གིས་སྒྲོལ༔ སྔགས་ཀྱི་ཆད་ལྷག་ཁ་བསྐངས་ནས༔ བྱང་ཆུབ་སེམས་བསྐྱེད་མ་བྲལ་ན༔ མཐར་ཐུག་སངས་རྒྱས་ཐོབ་པར་འགྱུར༔ ལོག་ལྟ་ཅན་ལ་ཕག་ཏུ་སྦོས༔ སྔགས་སྲུང་རྒྱལ་མོས་བྱ་ར་གྱིས༔ དུད་སོལ་ལྷ་མོས་སྲུངས་ཤིག་རྒྱ༔ གུ་ཧྱ༔

དབང་བཤད་མདོར་བསྡུས་རིན་ཆེན་ཕྲེང་བ།

༄༅།། དཔལ་ལྡན་སྔགས་ཀྱི་སྲུང་མའི་དབང་བཤད་མདོར་བསྡུས་རིན་ཆེན་ཕྲེང་བ་བཞུགས་སོ།། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རང་བཞིན་གཞི་རྫོགས་བདེ་བར་གཤེགས་པའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་སྔགས་སྲུང་རལ་གཅིག་མའི་སྲོག་དབང་ཟབ་མོ་ཚུལ་བཞིན་གསན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་ནས། ཆོས་ཉན་པའི་དུས་ཀྱི་སྤང་བྱ་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་སྤངས་ནས་བླང་བྱའི་ཆོས་འདུ་ཤེས་བཞི། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་ཞིང་བློ་ལྡོག་རྣམ་པ་བཞིས་རང་རྒྱུད་བརླན་པར་མཛད་དེ་གསན་འཚལ། གང་གསན་པར་བྱ་བའི་ཆོས་ནི་གནས་མཆོག་ཆེན་པོ་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་རྒྱ་ཆད་ཕྱོགས་ལྷུང་སྤངས་ཤིང་རབ་ཏུ་ཡངས་པའི་གཞལ་མེད་ཁང་དུ་བདག་ཉིད་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀའི་རང་གི་རང་རྩལ་ལས་གཞན་དུ་མ་ཡིན་པའི་དེ་བཞིན་གཤེགས་པ་རྣམས་ཞེ་སྡང་འདུལ་མཛད་བཛྲ་ཧེ་རུ་ཀ་དང་། དེ་བཞིན་ང་རྒྱལ་འདོད་ཆགས་ཕྲག་དོག་གཏི་མུག་འདུལ་བའི་རཏྣ་པདྨ་ཀརྨ་བུདྡྷ་ཧེ་རུ་ཀ་སོགས། དེ་དག་གི་བཙུན་མོ་སྲ་བ་གཟུགས་ཀྱི་རྒྱལ་མོ་དང་། མཉེན་པ་ཚོར་བའི་དཔའ་མོ་དང་། བསྲེག་པ་རྣམ་པར་འདུ་ཤེས་པའི་དགའ་བ་དང་། གཡོ་བ་འདུ་བྱེད་པའི་དབང་མོ་དང་། ཡོངས་ལ་ཁྱབ་པར་བརྡལ་བའི་རྣམ་ཤེས་དབྱིངས་ཀྱི་གཙོ་མོ་དང་དེ་དག་གི་འཁོར་དུ་གྱུར་པ་རྟག་པའི་རྒྱལ་མོ་ལྔ་དང་དཔའ་མོ་ཆེན་མོ་སྔགས་ལ་དབང་བའི་རལ་གཅིག་མ་དང་། ཡང་བྲན་དུ་གྱུར་པ་དུད་པའི་སོལ་བ་ཅན་མ་སོགས་ཤེས་རབ་ཀྱི་རྩལ་འགགས་པ་མེད་པའི་མ་མོ་དང་མཁའ་འགྲོ། ཐབས་ཀྱི་རང་རྩལ་ཀྱང་དཔག་ཏུ་མེད་པའི་དཔའ་བོ་ཡབ་ཀྱི་ཚོགས། ཞིང་གི་རྡུལ་སྙེད་ཀྱི་གྲངས་དང་མཉམ་པ་ལྷན་ཅིག་གནས་པ་ལ། དབྱིངས་ཀྱི་མ་མོས་ཞུས་པ། ཀྱེ་ཧོ་སྟོན་པ་ཧེ་རུ་ཀ༔ བསྟན་པའི་རྒྱུད་འདི་སུ་ལ་གཏད༔ རྒྱུད་དང་སྒྲུབ་ཐབས་གུས་མཆོད་ན༔ ཕན་པའི་རིམ་པ་ཇི་ལྟ་བུ༔ མ་འོངས་འགྲོ་ལ་སྣང་འགྱུར་རམ༔ ཞེས་ཞུས་པ་ལ། སྟོན་པས་དགྱེས་པའི་ལན་བསྩལ་པ༔ ངས་ཀྱང་མ་འོངས་འགྲོ་ཕན་ཕྱིར༔ གསུང་གིས་གསལ་བར་སྟོན་པས་ཉོན༔ བཀའ་ཡི་སྲུང་མ་རལ་གཅིག་མ༔ ཁྱོད་ཀྱི་བྲན་མོ་དུད་སོལ་མ༔ སྡེ་བརྒྱད་གཡོག་དང་བཅས་པ་ཡི༔ གསང་ཆེན་བསྟན་པའི་བཀའ་འདི་སྲུངས༔ སྐལ་བ་ལྡན་ལ་མེལ་ཚེ་གྱིས༔ ཉམས་པ་ཅན་གྱི་དབང་པོ་སྣུབས༔ རྒྱུད་ཆེན་བཞི་ལམ་འབྲས་བུའི་རྒྱུད༔ རིན་ཆེན་ལྔའམ་སྣག་མཚལ་གྱིས༔ གླེགས་བམ་སོར་བརྒྱད་ཚད་དུ་བཅང་༔ ཡང་ན་རང་མོས་ཆེ་ཆུང་འཚམས༔ བྲིས་ཤིང་ཉེར་ལྔར་ཚོགས་མཆོད་དང་༔ འབྲེལ་བར་ཉམས་སུ་སུས་བླང་བར༔ འཇིགས་བརྒྱད་དུས་མིན་འཆི་རྐྱེན་བྲལ༔ དབྱིངས་ཀྱི་ཡུམ་ལྔས་བུ་བཞིན་དགོངས༔ གནས་གསུམ་མཁའ་འགྲོ་མཛའ་བཞིན་འཁོར༔ ཕྱི་མ་དག་པའི་ཞིང་དུ་གྲོལ༔ མ་འོངས་རྒྱལ་ཀུན་གསང་མཛོད་འཆང་༔ ལག་ན་རྡོ་རྗེ་རི་ཡི་རྒྱལ༔ མེ་རི་འབར་བའི་རྩེ་མོ་རུ༔ མཚོ་སྐྱེས་སྤྲུལ་པའི་སྐུ་ལས་སྟོན༔ དེས་ཀྱང་པྲེ་ཏ་པུ་རིའི་ཞིང་༔ འདུལ་མཛད་རྗེ་དང་བཙུན་མོ་འབངས༔ སྐལ་ལྡན་འགའ་ལ་སྣང་བར་གྱུར༔ དབྱངས་ཅན་སྤྲུལ་པའི་གཟུངས་མ་ལ༔ གཏད་རྒྱ་སྨོན་ལམ་བཀའ་བཙན་པས༔ འདུལ་མཛད་རྗེ་དང་བཙུན་མོ་འབངས༔ སྐལ་ལྡན་འགའ་ལ་སྣང་བར་གྱུར༔ དབྱངས་ཅན་སྤྲུལ་པའི་གཟུངས་མ་ལ༔ གཏད་རྒྱ་སྨོན་ལམ་བཀའ་བཙན་པས༔ རང་བྱུང་དབྱིངས་རིག་དགོངས་པའི་ཀློང་༔ མི་སྣང་ནམ་མཁའི་གཏེར་དུ་སྦོས༔ སྨོན་ལམ་དུས་བབས་འདོན་ཅིང་སྤེལ༔ གང་འབྲེལ་ཕན་བདེའི་དཔལ་ལ་འགོད༔ ཅེས་དང་། རང་གཞུང་ཁ་བྱང་ལས། ད་ལྟ་བསམ་ཡས་གཙུག་ལག་འབྱོངས༔ ལས་ཅན་སྐལ་ལྡན་སྐར་ལྟར་བཀྲ༔ བདག་ཉིད་ཆེན་པོ་པདྨ་དང་༔ པཎ་གྲུབ་ཆོས་རྒྱལ་གཟུངས་མར་བཅས༔ ཆོས་ཀྱི་དགའ་སྟོན་གཞལ་དཀའ་བས༔ ཟབ་གནད་སྤེལ་ཀྱང་ཚོང་ཟོང་ཙམ༔ མ་འོངས་སྙིགས་མ་ལྔ་བདོ་བའི༔ དུས་ངན་ལས་མཐའ་ལོག་པ་ཡི༔ སེམས་ཅན་བསོད་ནམས་ཟད་པའི་སྐབས༔ བདེ་བའི་གོ་སྐབས་སྤུ་ཙམ་དཀོན༔ དེ་ཚེ་ཨོ་རྒྱན་པདྨ་དང་༔ ལས་ཅན་ཌཱཀྐི་རྗེ་འབངས་ཀྱི༔ སྤྲུལ་པ་ཉི་ཟེར་རྡུལ་བཞིན་འཚུབས༔ དག་དང་མ་དག་གཟུགས་སུ་སྣང་༔ ཁྱད་པར་མཁར་ཆེན་མཚོ་རྒྱལ་དང་༔ ལོ་ཆེན་ཀླུ་ཡི་དབང་པོ་རྣམས༔ ལས་འཕྲོ་སྨོན་ལམ་གཅིག་ཏུ་མཐུན༔ དབྱེར་མེད་ཐུགས་རྗེའི་རང་རྩལ་ལས༔ སྐལ་བ་ལྡན་པའི་གང་ཟག་གི༔ དག་སྣང་ཆོས་ལ་དབང་བསྒྱུར་སྐབས༔ བར་ཆད་སེལ་བའི་ལྷ་ཡི་མཆོག༔ སྔགས་སྲུང་མ་མོ་བྲན་དང་བཅས༔ དགོངས་ཀློང་རིག་པའི་ཀློང་ནས་རྡོལ༔ ཞེས་རྡོ་རྗེའི་གསུང་ལས་ཇི་ལྟར་གསལ་བ་བཞིན་དུས་བབས་ཀྱི་གཏེར་སྟོན་རིག་འཛིན་ལུང་རིག་གླིང་པར་འབོད་པའི་མཁས་ཤིང་གྲུབ་པའི་དབང་པོ་དེ་ཉིད་ཀྱི་དག་སྣང་གི་ཆོས་སྡེ་སྤྱིའི་སྲུང་མ་སྔགས་བདག་ནམ་མཁའི་རལ་ཅན་གྱི་སྲོག་དབང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ།།

སྲོག་གཏད་སྙིང་གི་དྭངས་མ།

རལ་གཅིག་ཐུགས་ཀྱི་སྒྲུབ་པ་ལས༔ སྲོག་གཏད་སྙིང་གི་དྭངས་མ་བཞུགས༔

རང་བྱུང་དབྱིངས་ཀྱི་མཁའ་འགྲོར་འདུད༔ རལ་གཅིག་བཀའ་ཉན་དུད་སོལ་མའི༔ སྲོག་གཏད་སྙིང་གི་དུམ་བུ་ནི༔ དཀྱིལ་འཁོར་རལ་གཅིག་སྒྲུབ་གཞུང་ལས༔ རྡུལ་ཚོན་རས་བྲིས་སྤྲོས་མེད་ལ༔ འབྲུ་ཡི་ཚོམ་བུ་བཀོད་ཀྱང་རུང་༔ དབུས་སུ་བུམ་པ་བཅུད་ལྡན་དང་༔ གཡས་སུ་བྷནྡྷ་འབྲུ་བཅུད་ཆང་༔ གཡོན་དུ་ཐུགས་རྟེན་རྨ་བྱའི་སྒྲོ༔ མདུན་དུ་གཏོར་མ་ལྷ་ཡི་གྲངས༔ དར་ནག་གུར་ཕུབ་སྙིང་ཞགས་དང་༔ ཤ་ཁྲག་དོན་སྙིང་ལིང་གས་བརྒྱན༔ རྒྱབ་ཏུ་མདའ་མོ་དར་ཚོན་ཅན༔ མེ་ལོང་ཆོས་འབྱུང་བྲིས་པ་ལ༔ གཙོ་མོ་བྲན་དང་བཅས་པའི་སྔགས༔ ན་ཆུང་མཚལ་ལམ་ལི་ཁྲིས་འབྲི༔ མཐའ་བསྐོར་མཆོད་པའི་ཡོ་བྱད་བཤམས༔ སྐུ་གསུང་ཐུགས་རྟེན་བླ་རྡོར་བཀྲམ༔ སྐྱབས་སེམས་རྒྱུན་བཤགས་སྔོན་སོང་ནས༔ རང་ཉིད་རལ་གཅིག་མ་རུ་བསྐྱེད༔ སྒྲུབ་རྫས་རྟེན་དང་བརྟེན་པར་བཅས༔ དུད་སོལ་ལྷ་མོའི་ང་རྒྱལ་གྱིས༔ བསྙེན་པ་བརྒྱ་སྟོང་སྔོན་སོང་ནས༔ བུམ་པ་བསྒྲུབ་ཅིང་ཐུན་སྐབས་སུ༔ མཆོད་བསྟོད་ཏིང་འཛིན་དབང་བཞི་བླངས༔ ལས་ལྡན་སློབ་མ་མདུན་དུ་འགོད༔ ཁྲུས་བྱས་བགེགས་ལ་གཏོར་མ་བྱིན༔ སྤྱི་དང་བྱེ་བྲག་ཆོས་བཤད་རྗེས༔ མཎྜལ་འབུལ་ཞིང་དབང་དོན་དུ༔ གསོལ་བ་གདབ་པ་འདི་བཞིན་བྱ༔ ཀྱཻ་ཧོ༔ རྡོ་རྗེ་སློབ་དཔོན་རིགས་ཀྱི་བདག༔ དབྱིངས་ཀྱི་མཁའ་འགྲོའི་ངོ་བོ་ཉིད༔ སྲིད་གསུམ་མངའ་བདག་དུད་སོལ་མའི༔ རྗེས་གནང་སྲོག་གཏད་བདག་ལ་སྩོལ༔ དེ་ནས་བླ་མས་ལན་འདི་བྱིན༔ ཀྱཻ་ཧོ༔ རིགས་ལྡན་སྐལ་བཟང་སེམས་ཀྱི་བུ༔ སྔགས་ལ་ཞུགས་པ་ཁས་ཉེན་ཆེ༔ ཁྱད་པར་དུད་སོལ་ལྷ་མོ་ལ༔ གསོལ་མཆོད་ཡང་དག་བྱེད་ནུས་སམ༔ དེ་ནས་སློབ་མས་ལན་འདི་ཞུ༔ བདག་ནི་སྐལ་བར་ལྡན་པ་སྟེ༔ སྔགས་དོན་ཉམས་སུ་ལེན་ནུས་ཤིང་༔ དུད་སོལ་ལྷ་མོའི་མཆོད་བསྟོད་ལ༔ རྟག་ཏུ་བརྩོན་པར་ནུས་ལགས་སོ༔ ནང་མཆོད་བསྲེས་པའི་དམ་ཆུ་བྱིན༔ ཧཱུྃ༔ གསང་མཆོད་བདུད་རྩི་བཀའ་གཉན་འདི༔ སྐྱེ་བོ་ཕལ་གྱི་མནའ་ཆུ་ལྟར༔ ཡལ་བར་འདོར་དུ་མི་རུང་བས༔ དམ་ཚིག་སྲོག་བཞིན་སྲུང་བར་གྱིས༔ བཛྲ་ས་མ་ཡཱ་ན་ར་ཀན༔ དེ་ནས་བུམ་པ་སྤྱི་བོར་བཞག༔ ཧཱུྃ༔ བུམ་པ་ཕྱི་སྣོད་གཞལ་ཡས་ཁང་༔ ནང་བཅུད་དཔའ་བོ་མཁའ་འགྲོའི་ཚོགས༔ མཉམ་རོལ་བདུད་རྩི་ཆུ་རྒྱུན་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ རྩ་སྔགས་ཤམ་བུར་ཀཱ་ཡ་གདགས༔ གཉིས་པ་ཐོད་ཆང་མགྲིན་པར་བཞག༔ ཧཱུྃ༔ བདེ་སྟོང་གསང་བའི་བདུད་རྩི་འདི༔ སྲུང་མའི་སྲོག་གི་དྭངས་མ་སྟེ༔ རྩ་ཁམས་ཐིག་ལེ་ཉམས་པ་གསོས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པར་སྦྱིན༔ རྩ་སྔགས་ཤམ་བུར་ཝཀྐ་གདགས༔ རྨ་བྱའི་སྒྲོ་ཕོད་སྙིང་གར་བཞག༔ ཧོ༔ ཇི་ལྟར་རྨ་བྱས་དུག་ཟོས་ཀྱང་༔ དེ་ཡི་སྐྱོན་གྱིས་གོས་མིན་ལྟར༔ སྟོང་ཉིད་དབྱིངས་སུ་འདོད་ཡོན་ལྔ༔ ལམ་ཁྱེར་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་ཤམ་བུར་ཙིཏྟ་གདགས༔ མདའ་དར་མེ་ལོང་ལག་ཏུ་གཏད༔ ཧཱུྃ༔ མདའ་ནི་ཐབས་ཀྱི་རང་བཞིན་ལ༔ དར་ཚོན་ཤེས་རབ་ཡུམ་གྱི་དབྱིངས༔ མེ་ལོང་མཁའ་འགྲོ་འདུ་བའི་རྫས༔ སྲོག་སྔགས་སྐུ་གསུང་ཐུགས་ཀྱི་རྟེན༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་ཤམ་བུ་གུརྞ་གདགས༔ ཕྲིན་ལས་ཀུན་འགྲུབ་གཏོར་མའི་དབང་༔ སྐལ་ལྡན་གནས་ལྔར་གཏུགས་བྱས་ཏེ༔ ཧོ༔ དཔལ་ལྡན་དུད་སོལ་ལྷ་མོ་ཡི༔ བསྙེན་སྒྲུབ་དམ་རྫས་གཏོར་མ་བརྟེན༔ ལས་བཞིའི་ཕྲིན་ལས་འདི་ཡིས་འགྲུབ༔ དེ་རིང་ཁྱོད་ལ་དབང་བསྐུར་བས༔ ལྷ་མོ་ལུས་དང་གྲིབ་བཞིན་འགྲོགས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ མགོན་སྐྱབས་སྡོང་གྲོགས་དབྱེར་མེད་མཛོད༔ རིག་འཛིན་བརྒྱུད་པའི་དམ་བཞག་ལྟར༔ རྗེ་དང་གྲོགས་དང་འབངས་མོའི་ཚུལ༔ ཅི་བགྱིས་བཀའ་ཉན་ལས་བྱེད་ཤོག༔ རྩ་སྔགས་ཤམ་བུར་འདི་བཞིན་གདགས༔ བ་ལིང་ཏ་ཀརྨ་སརྦ་ཨརྠ་སིདྡྷི་ཕ་ལ་ཨ༔ སླར་ཡང་གཏོར་མ་སྤྱི་བོར་བཞག༔ བརྒྱུད་པའི་བཀའ་ནི་འདི་བཞིན་བྱ༔ ཧཱུྃ༔ སྔོན་ཚེ་ཁྱབ་བདག་སྟོན་པ་རྡོ་རྗེ་འཆང་༔ གསང་ཆེན་རྒྱུད་སྡེའི་མཛོད་འཛིན་རྡོ་རྗེ་ཆོས༔ མཆོད་བསྟོད་བཀའ་བབ་རོམྦུ་གུ་ཧྱ་ཆེ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ་ལ་སོགས༔ བརྒྱུད་གསུམ་བླ་མས་ཇི་ལྟར་བཀའ་བསྒོས་བཞིན༔ ཆོས་བརྒྱུད་འཛིན་པའི་སྐལ་ལྡན་སྐྱེས་བུ་དང༔ ཁྱད་པར་ཁྱོད་ཉིད་སྲུང་མར་བརྟེན་པ་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྡོང་གྲོགས་མཛོད༔ སྡང་བའི་དགྲ་སྒྲོལ་གནོད་པའི་བགེགས་དཔུང་ཆོམས༔ འགོ་བའི་ནད་ལ་འཚོ་བའི་རྩི་སྨན་མཛོད༔ གཞན་དང་འགྲན་ན་ལེགས་པའི་དཔལ་ཁ་སྤྲོད༔ བསམ་དོན་ཡིད་བཞིན་འགྲུབ་པའི་གཉེར་ཁ་ལོངས༔ ཞེས་བརྗོད་གཏོར་མ་ལྷ་རུ་གསལ༔ འོད་ཞུ་དམ་རྫས་བདུད་རྩི་དམིགས༔ ནང་མཆོད་བསྲེས་ལ་བཟའ་རུ་བཅུག༔ གསལ་སྟོང་རིག་པའི་ངོ་བོ་བསྐྱངས༔ སྐྱེ་མེད་བློ་འདས་རང་བབས་བཞག༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་བསྐོར༔ རྗེས་སུ་གཏང་རག་མཎྜལ་འབུལ༔ དམ་ཚིག་རྒྱུན་དུ་གསོལ་མཆོད་འབད༔ བླ་རྡོ་བཅངས་ཤིང་བསྙེན་བསྒྲུབ་བྱ༔ དེ་ལྟར་ཁས་བླངས་དགེ་བ་བསྔོ༔ ཤིས་པ་བརྗོད་པས་མཐའ་བརྒྱན་བྱ༔ ས་མ་ཡཱ༔ ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེར༔ ཟོལ་མེད་དབྱིངས་ཀྱི་བརྡ་རིས་ལ༔ འཁྲུལ་མེད་རིག་པའི་སྐྱེས་བུས་བྲིས༔ འཆུགས་མེད་སྐལ་ལྡན་གྲོགས་སུ་ཤོག༔ བཀའ་གཏེར་སྲུང་མས་བྱ་ར་མཛོད༔ སྐལ་ལྡན་རྣམས་ལ་གཏད་དོ་རྒྱ༔ གུ་ཧྱ༔ རྡ་ཐིམ༔ བདག་འདྲ་འཁོན་སྟོན་ཀླུ་ཡི་དབང་པོའི་སྤྲུལ་པའི་འོད་ཟེར་ལས་བྱུང་བའི་སྐལ་ལྡན་ལུང་རིག་གླིང་པར་འབོད་པས་རིག་པ་མཐའ་དབུས་མེད་པའི་སྒྲོམ་བུ་ནས་བཏོན་ཏེ་སྐྱབས་རྗེ་རིག་འཛིན་བླ་མའི་སྐུ་གེགས་སེལ་བའི་ཆ་རྐྱེན་དུ་ཕུལ་བའི་ཡི་གེ་པ་ནི་གཏེར་གྱི་ལུང་བྱང་གསལ་བ་ལྟར་ཀརྨ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོར་འབོད་པས་བྲིས་པ་འདིས་ཀྱང་བསྟན་འཛིན་སྐྱེས་བུ་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག །

དབང་གི་མཐའ་རྟེན།

དེ་ནས་དབང་གི་མཐའ་རྟེན་ནི༔ བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ལ༔ ཧཱུྃ༔ སྐྱོབ་བྱེད་གསེར་གདུགས་བླ་ན་མེད༔ འགྲོ་བའི་ཚ་གདུང་སེལ་བར་ཤོག༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཆོས་དུང་གཡས་འཁྱིལ་རང་སྒྲ་སྒྲོག༔ སྟོང་གསུམ་སྙན་གྲགས་ལྡན་པར་ཤོག༔ པདྨ་དྲི་བྲལ་མདངས་དང་ལྡན༔ ཆོས་རྣམས་ཀུན་གྱི་ཆར་འབེབས་ཤོག༔ བུམ་པ་དགོས་འདོད་རེ་བ་སྐོང་༔ འགྲོ་རྣམས་སྨིན་ཅིང་གྲོལ་བར་ཤོག༔ རྒྱལ་མཚན་མི་ནུབ་བསྟན་པའི་དཔལ༔ སངས་རྒྱས་བསྟན་པ་འཛིན་པར་ཤོག༔ དཔལ་གྱི་བེ་འུ་འོད་འབར་ཆེ༔ འཁྲུལ་མེད་ཐུགས་དང་ལྡན་པར་ཤོག༔ འཁོར་ལོ་རྩིབས་བརྒྱད་ཕྱག་ཞལ་མཚན༔ མི་ཤིགས་རྡོ་རྗེ་བརྟན་པར་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ སླར་ཡང་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་ནི༔ ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་སྟེ༔ ཀུན་མཁྱེན་ཀུན་གཟིགས་ཆོས་ལ་དབང་ཐོབ་ཤོག༔ ཨ་དརྴ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལི་ཁྲི་མཚལ་ཆེན་དབང་གི་རང་བཞིན་ཏེ༔ ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུས་པར་ཤོག༔ ལི་ཁྲི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གྷི་ཝཾ་དུག་གསུམ་སེལ་བ་སྨན་གྱི་མཆོག༔ རྒྱུ་འབྲས་ནད་རྣམས་ཞི་བའི་དབང་ཐོབ་ཤོག༔ དུཿཥ་ཤནྟིཾ་ཀུ་རུ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུངས་དཀར་དྲག་པོའི་རྫས་མཆོག་དམ་པ་ནི༔ བར་ཆད་གདོན་བགེགས་ཞི་བའི་དབང་ཐོབ་ཤོག༔ ཛ་ཐུམ་ཨ་བྷི་ཥིཉྩ་མཾ༔ ཧཱུྃ༔ རྩྭ་མཆོག་དུར་བས་ཚེ་ཡི་དངོས་གྲུབ་སྟེར༔ འཆི་མེད་བསོད་ནམས་རྒྱས་པའི་དབང་ཐོབ་ཤོག༔ ཨ་ཡུ་ཥེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ འོ་མ་ཞོ་ནི་བཅུད་མཆོག་དམ་པ་སྟེ༔ ཡོན་ཏན་ཀུན་གྱི་སྙིང་པོ་ལེན་པར་ཤོག༔ ཧྲཱིཿད་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་དུང་དཀར་པོ་སྙན་པའི་ས་གསུམ་གཡོ༔ དམ་ཆོས་སྒྲ་ཆེན་ཡོངས་ལ་ཁྱབ་པར་ཤོག༔ ན་མ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མཆོད་རྫས་བིལ་བ་བཀྲ་ཤིས་རྫས་འདུས་ཏེ༔ དངོས་གྲུབ་རྣམ་གཉིས་ཚེ་འདིར་ཐོབ་པར་ཤོག༔ བི་ཛ་སུ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་ཁྲི་སྟོན་བྱེད་པར་འགྱུར་རོ༔ དེ་ནས་རྒྱལ་སྲིད་སྣ་བདུན་གྱི་དབང་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བཙུན་མོ་རིན་ཆེན་སྡོམ་བརྒྱད་གཏེར༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ པྲཛྙཱ་པ་ར་མི་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་གནས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ མ་ཧཱ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ མ་ཧཱ་ཏ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོས་གྱོན་དབང་ཐོབ་ཤོག༔ མ་ཏི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ རྫུ་འཕྲུལ་རྐང་ལྡན་དབང་ཐོབ་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གླང་པོ་རིན་ཆེན་ཐེག་པའི་མཆོག༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ཧསྟི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས༔ འཕགས་པའི་ནོར་བདུན་དང་ལྡན་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་པར་གྱུར་ཅིག༔

རལ་གཅིག་གཏོར་འབུལ་རྒྱུན་ཁྱེར།

རལ་གཅིག་གཏོར་འབུལ་རྒྱུན་ཁྱེར་བཞུགས༔ གཏོར་མ་གསེར་སྐྱེམས་གང་འཛོམ་རཾ་ཡཾ་ཁཾ་གིས་བསང༔ ཨོཾ་ཨཱ༔ཧཱུྃ་གིས་བདུད་རྩིར་བྱིན་བརླབས་བྱས་ནས༔ ཧཱུྃ༔ ཆོས་ཀྱི་དབྱིངས་དང་དུར་ཁྲོད་བརྒྱད༔ གཙུག་ལག་ཆོས་འཁོར་གཉན་པོ་དང༔ གར་བཞུགས་དག་པའི་ཞིང་ཁམས་ནས༔ སྔགས་སྲུང་རལ་གཅིག་སྤྲུལ་འཁོར་བཅས༔ སྤྱན་འདྲེན་འདིར་གཤེགས་དགྱེས་པས་བཞུགས༔ དམ་ཚིག་དབང་གིས་ཕྱག་འཚལ་བསྟོད༔ དམ་རྫས་བདུད་རྩི་རཀྟ་དམར༔ གཏོར་མ་མཐུན་རྫས་ལོངས་སྤྱོད་ཀྱིས༔ ཐུགས་དམ་གཉན་པོ་དབྱིངས་སུ་བསྐང༔ ཉམས་ཆགས་ཉེས་ལྟུང་དབྱིངས་སུ་བཤགས༔ རྫོགས་ཆེན་བསྟན་པ་བསྲུང་ལ་བསྟོད༔ ཡིད་ལ་འདོད་པའི་དངོས་གྲུབ་ཀུན༔ ཐོག་མེད་མྱུར་འགྲུབ་ཕྲིན་ལས་མཛོད༔ དེ་ལྟར་གཏོར་འབུལ་འཁྱེར་བདེ་བ༔ དགེ་སྦྱོང་ལུང་རྟོགས་མིང་གིས་བྲིས༔ འདི་ཉིད་བརྩོན་པའི་རྣལ་འབྱོར་གྱི༔ གེགས་ཞི་དོན་གཉིས་ལྷུན་གྲུབ་ཤོག༔

རལ་གཅིག་གཏོར་འབུལ་བསྡུས་པ་ཆོས་མཐུན་ལས་འགྲུབ།

༄༅།། རལ་གཅིག་གཏོར་འབུལ་བསྡུས་པ་ཆོས་མཐུན་ལས་འགྲུབ་ཅེས་བྱ་བ་བཞུགས་སོ༔ གཏོར་མ་ཅི་འབྱོར་བཤམས་ལ་རང་ཉིད་ཡི་དམ་ལྷ་གང་རུང་གིས་བསྙེན་པས་བྱིན་གྱིས་བརླབས་ལ༔ ཧཱུྃ༔ གསང་བདག་དཔའ་བོའི་ཏིང་འཛིན་གྱིས༔ གསང་སྔགས་སྲུང་མ་རལ་གཅིག་མ༔ དྲེགས་པ་སྡེ་བརྒྱད་འཁོར་དང་བཅས༔ མ་ལུས་འཁོར་བཅས་འདིར་གཤེགས་ལ༔ སྤྲུལ་པ་སྒྱུ་མའི་རོལ་གར་གྱིས༔ རང་སྣང་པད་ཉིའི་གདན་ལ་རོལ༔ དམ་ཚིག་ཅན་གྱི་སྲུང་མ་མཆོག༔ སྔགས་ཀྱི་བདག་མོར་གུས་ཕྱག་འཚལ༔ མེ་ཏོག་བདུག་སྤོས་སྣང་གསལ་སྒྲོན༔ ངད་ལྡན་ཆབ་དང་ལྷ་ཡི་བཤོས༔ རོལ་མོ་དབྱངས་སྙན་སྨན་རཀ་གཏོར༔ སྦྱོར་སྒྲོལ་བློ་འདས་ཏིང་འཛིན་གྱིས༔ དམ་ཅན་སྲུང་མ་རྒྱ་མཚོ་དང་༔ སྔགས་སྲུང་ཁྲོ་མོ་རལ་གཅིག་མ༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ སྐྱེ་མེད་ཆོས་སྐུའི་མཁའ་དབྱིངས་ལས༔ འགག་མེད་གཟུགས་སྐུའི་རོལ་པ་ཡིས༔ རྒྱལ་བསྟན་སྲུང་དང་ལོག་རྟོག་འཇོམས༔དམ་ཅན་སྲུང་མར་ཕྱག་འཚལ་བསྟོད༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ རྒྱལ་བསྟན་དར་རྒྱས་བསྟན་འཛིན་གྱི༔ ཞབས་པད་ཡུན་དུ་བརྟན་པ་དང་༔ ཞི་རྒྱས་དབང་དྲག་ལས་བཞི་ཡི༔ ཕྲིན་ལས་རབ་འབྱམས་མྱུར་འགྲུབ་མཛོད༔ ཅེས་པའང་སྐྱབས་མགོན་བླ་མ་རིན་པོ་ཆེའི་བཀའ་ཕེབས་སྤྱི་བོས་མཆོད༔ སྤྲང་བན་ལུང་རྟོགས་མིང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག༔ དགེའོ༔ སརྦ་མངྒ་ལཾ༔

དཔལ་ལྡན་དུད་སོལ་ལྷ་མོའི་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ།

དཔལ་ལྡན་དུད་སོལ་ལྷ་མོའི་གཏོར་འབུལ་ཕྲིན་ལས་མྱུར་འགྲུབ་བཞུགས༔ ན་མ་བཛྲ་དྷ་ར་ཡ༔ འདིར་ཟབ་ཆོས་པདྨའི་ཐུགས་ཐིག་གི་གཏེར་སྲུང་དུད་སོལ་མ་ལ་མཆོད་པ་འབུལ་བར་འདོད་པས་གཏོར་མ་ཤ་མར་ཐུད་སོགས་གང་འཛོམས་དང་སྐྱེམས་ཕུད་བཤམས་ལ༔ རྃ་ཡྃ་ཁྃ་གིས་ཉེས་སྐྱོན་འབག་རྩོག་སྦྱངས༔ ཨོཾ་ཨཱཿཧཱུྃཿགིས་མཆོད་སྤྲིན་རྒྱ་མཚོར་སྤེལ༔ རང་ཉིད་རལ་གཅིག་ཁྲོས་མའི་ཐུགས་ཀ་ནས༔ གློག་ལྟར་མྱུར་བའི་འོད་ཟེར་གྱིས་བསྐུལ་བས༔ དཔལ་ལྡན་དུད་སོལ་ལྷ་མོ་འཁོར་དང་བཅས༔ མ་ལུས་སྤྱན་དྲངས་མདུན་དུ་དགྱེས་པར་བཞུགས༔ དམ་ཚིག་དབང་གིས་གུས་པས་ཕྱག་འཚལ་ཞིང༔ ཕྱི་ནང་གསང་བའི་མཆོད་པ་རབ་འབྱམས་དང་༔ ཁྱད་པར་སྨན་རཀ་གཏོར་གསུམ་དམ་རྫས་འབུལ༔ སྐྱེ་མེད་ཆོས་དབྱིངས་མཁའ་ལས་གཟུགས་སྐུའི་འཕྲུལ༔ སྐུ་མདོག་མཐིང་ནག་གཏུམ་དྲག་རྔམ་པའི་ཚུལ༔ ཞལ་གཅིག་ཕྱག་བཞི་རྒྱལ་མཚན་ནེ་འུ་ལེ༔ གྲི་ཐོད་འཛིན་ཅིང་རྒྱ་བོང་མྱུར་མགྱོགས་ཆིབས༔ དྲེགས་ཆེན་བརྒྱད་དང་གནས་གསུམ་སྲུང་མས་བསྐོར༔ དམ་ལྡན་བསྲུང་ཞིང་དགྲ་བགེགས་སྒྲོལ་ལ་བསྟོད༔ བདག་གིས་རྩེ་གཅིག་མཆོད་བསྟོད་འདི་ཕུལ་བས༔ དགྱེས་པར་རོལ་ལ་འདོད་དོན་ཞུ་བ་ནི༔ རྒྱལ་བའི་བསྟན་པ་མི་ནུབ་དར་ཞིང་རྒྱས༔ སེམས་ཅན་བདེ་སྐྱིད་ལོ་ལེགས་འབྲས་བུ་སྨིན༔ མི་ནད་ཕྱུགས་ཡམས་དུས་ཀྱི་རྒུད་པ་ཞི༔ ཆོས་བརྒྱུད་འཛིན་པའི་རྣལ་འབྱོར་ཚེ་ཆོས་སྲིད༔ ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྲིན་ལས་མཛོད༔ ཅེས་པའང་རང་ཉིད་ཀྱི་རྡོ་རྗེའི་སྤུན་དུ་གྱུར་པ་དད་པའི་མྱུ་གུ་ལྷག་པར་རྒྱས་པའི་བཙུན་པ་སྭ་ར་རཱ་ཛས་བསྐུལ་ངོར༔ ཆོས་གཟུགས་རྒྱ་སྤྲུལ་མིང་གིས་སྤེལ་བ་དུས་ཀུན་ཏུ་དགེ་བར་གྱུར་ཅིག༔

སྔགས་བདག་འབར་མའི་ཕྲིན་ལས་ལས་བཞི་ལྷུན་གྲུབ།

༄༅།། དཔལ་ལྡན་ལྷ་མོའི་མངའ་གསོལ་ནི། བྷྱོ༔ སྣང་སྟོང་ཟུང་འཇུག་ལྷ་མོ་རེ་མ་ཏཱི༔ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་འོད་འབར༔ སྤྲོས་བྲལ་ཉག་གཅིག་ཁྲོ་འཛུམ་ཟླ་བའི་ཞལ༔ ཁམས་གསུམ་ཟིལ་གནོན་སྤྱན་གསུམ་གློག་ལྟར་འཁྱུགས༔ བདུད་བཞི་འཇོམས་ཕྱིར་མཆེ་བའི་མྱུ་གུ་གཙིགས༔ དགྲ་བགེགས་ཚར་གཅོད་བམ་ཆེན་ཞལ་དུ་བསྒྲིལ༔ རྒྱ་བོང་དམར་གྭའི་སྟེང་བཞུགས་སྟོང་གསུམ་ཉུལ༔ དུག་གསུམ་དབྱིངས་སྒྲོལ་རྩེ་གསུམ་བ་དན་ཕྱར༔ ནད་ཀྱི་རྐྱལ་པས་ཞིང་བཅུའི་ཕུང་ཁམས་འཇོམས༔ ཐབས་ཤེས་དབྱེར་མེད་ཉི་ཟླས་སྐུ་ལ་བརྒྱན༔ ཚོན་གྲུ་ཤྭ་རྡིལ་བྱད་མ་འཆིང་ཞིང་སྡོམ༔ སེང་གེ་སྦྲུལ་ནག་སྙན་ཆའི་རྒྱན་དུ་མཛེས༔ མ་རྒྱུད་དྲེགས་པ་ཡོངས་ཀྱི་དབང་མོ་ཆེ༔ འདོད་པ་ཁམས་ཀྱི་བདག་མོ་འཁོར་དང་བཅས༔ མ་ཐོགས་དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས༔ མི་འདའ་རྡོ་རྗེའི་གདན་བཞུགས་གུས་ཕྱག་འཚལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་ཐུགས་དམ་བསྐང་༔ རྒྱལ་བའི་བཀའ་སྡོད་ཆེན་མོར་ཕྱག་འཚལ་བསྟོད༔ དམ་རྫས་ཤ་ཁྲག་ཕུད་དང་གཏོར་མས་བརྔན༔ གསེར་སྐྱེམས་སྨན་རཀ་དམ་རྫས་དགྱེས་པ་བསྐྱེད༔ དེང་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་བར༔ རྣལ་འབྱོར་བདག་དང་དཔལ་ལྡན་སྔགས་སྲུང་མ༔ མི་འབྲལ་དམ་ཚིག་གཉན་པོས་རྒྱུད་འབྲེལ་ནས༔ ས་ལམ་གོང་དུ་བགྲོད་པར་མངའ་གསོལ་ལོ༔ ཞི་བའི་ཕྲིན་ལས་ཟླ་གཞོན་ལང་ཚོ་ཡིས༔ འཇིགས་བརྒྱད་སྨག་རུམ་སེལ་བར་མངའ་གསོལ་ལོ༔ རྒྱས་པའི་ཕྲིན་ལས་དུས་བབ་གྲུ་ཆར་གྱིས༔ ཚེ་བསོད་ཆུ་གཏེར་འཕེལ་བར་མངའ་གསོལ་ལོ༔ དབང་གི་ཕྲིན་ལས་བྱམས་བརྩེའི་འཛུམ་མདངས་ཀྱིས༔ གདུལ་བྱའི་ཤེས་རྒྱུད་འགུགས་པར་མངའ་གསོལ་ལོ༔ དྲག་པོའི་ཕྲིན་ལས་རྡོ་རྗེའི་མེ་དཔུང་གིས༔ ལོག་འདྲེན་ནགས་ཚལ་སྲེག་པར་མངའ་གསོལ་ལོ༔ མཆོག་གི་ཕྲིན་ལས་ཉམས་རྟོགས་ཡོན་ཏན་གྱིས༔ དོན་གཉིས་ལྷུན་གྱིས་འགྲུབ་པར་མངའ་གསོལ་ལོ༔ ཞེས་ཕུད་དང་གསེར་སྐྱེམས་གཙང་སར་མཆོད་དོ༔ ཞེས་པའང་སྤྲུལ་མིང་པ་ལུང་རྟོགས་བསྟན་པའི་ཉི་མའི་ཐུགས་ཀློང་ལས་ལེགས་པར་ཕབ་པ་དགེ་ལེགས་འཕེལ།།

དཔལ་ལྡན་ལྷ་མོའི་མངའ་གསོལ།

དག་སྣང་གསལ་བའི་ཆོས་སྡེ་ལས༔ སྔགས་བདག་འབར་མའི་ཕྲིན་ལས་ལས་བཞི་ལྷུན་གྲུབ་བཞུགས༔ ན་མོ་བཛྲ་ཀྲོ་དྷ་ཡ༔ དཔལ་ལྡན་སྔགས་ཀྱི་བསྲུང་མ་ལ༔ གསོལ་མཆོད་འདོད་པའི་རྣལ་འབྱོར་བས༔ ཚེས་བཅུའམ་ནི་ཚེས་བརྒྱད་སོགས༔ གཟའ་སྐར་བཟང་བའི་དུས་དག་ཏུ༔ སྟེགས་བུའི་སྟེང་དུ་བཀྲ་ཤིས་པའི༔ འབྲས་སམ་ནས་ཀྱི་ཚོམ་བུ་ནི༔ ལྷ་གྲངས་མཉམ་པར་བཀོད་བྱས་ནས༔ དེ་སྟེང་དམར་གཏོར་ཟུར་གསུམ་དང་༔ མཐའ་མར་བཤོས་བུ་བདུན་དང་ནི༔ འཐེབ་ཀྱུ་ཉེར་ལྔ་སོགས་བཤམས་པར༔ བསང་སྦྱང་སྔོན་དུ་འགྲོ་བཞིན་དུ༔ གསལ་འདེབས་མ་ཡེངས་མི་དམིགས་པས༔ ཧཱུྃ༔ སྐད་ཅིག་པད་ཉི་བདུད་བཞིའི་སྟེང་༔ རང་རིག་ཧཱུྃ་མཐིང་ཡོངས་གྱུར་པ༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱིས༔ རྡོ་རྗེ་དྲིལ་བུ་བསྣོལ་ཐབས་འཛིན༔ ཡུམ་མཆོག་ཀྲོ་དྷི་གྲི་ཐོད་ཅན༔ མཉམ་སྦྱོར་ཡབ་ཡུམ་གཉིས་ཀའང་༔ ཁྲོ་ཆས་རྫོགས་པའི་སྐུར་གྱུར་པ༔ འོག་མིན་གནས་ནས་ཡེ་ཤེས་པ༔ སྤྱན་དྲངས་གཉིས་སུ་མེད་པ་ཡི༔ ཐུགས་ཀར་ཧཱུྃ་ཡིག་གསལ་བའི་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བར་གྱུར༔ མ་ཡེངས་ཡིད་ཀྱིས་བཟླས་པ་བྱ༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ དེ་ནས་མཆོད་གཏོར་ལྷར་གསལ་ནས༔ བདག་མདུན་ཁྲག་མཚོ་འཁྱིལ་བའི་དབུས༔ ཐོད་པ་སྐམ་རློན་སྐུ་མཁར་དང་༔ པད་ཉི་ཏི་ར་གན་རྐྱལ་སྟེང་༔ བདག་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ འོད་ཟེར་མ་ཡིག་མཐིང་ནག་བབས༔ དེ་ཉིད་གནས་གྱུར་དཔལ་ལྷ་མོ༔ བོང་བུ་དམར་གྭ་དྲག་རྩལ་དང་༔ མྱུར་མགྱོགས་ལྡན་པ་འཇིགས་རུང་བའི༔ ཆས་ལྡན་སྟེང་དུ་ཁྲོ་མོ་མཐིང་༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འབར༔ སྙན་གཡས་སེང་གེ་གཡོན་སྦྲུལ་ནག༔ གཡས་ཕྱག་ཁ་ཊཱཾ་གཡོན་པ་ཡིས༔ ནད་རྐྱལ་འཛིན་པའི་སྤྱི་བོ་རུ༔ ཟླ་བ་ཚེས་ཤིང་ལྟེ་བར་ཉི༔ འོད་འབར་ལོག་འདྲེན་མུན་ཚོགས་འཇོམས༔ བསྒོམས་པའི་ལྷ་ལས་འོད་འཕྲོས་པས༔ མུ་ལེ་མཐིང་མཚོའི་ཕོ་བྲང་སོགས༔ པདྨའི་སྒྲུབ་གནས་ཐམས་ཅད་ནས༔ ཡེ་ཤེས་ལྷ་མོ་སྤྱན་དྲངས་གྱུར༔ བཛྲ་ས་མ་ཡཱ་ཛཿ ཛ་ཧཱུྃ་བཾ་ཧོ༔ བཛྲ་ཌཱཀྐི་ནི་ཨརྒྷཾ༴སོགས་ནས། ཤཔྟ་པཉྩ་རཀྟ་བྷ་ལིང་ཏ་མ་ཧཱ་སུ་ཁ་ཧོ༔ སྤྲོས་བྲལ་ངང་ལས་མ་གཡོས་ཀྱང༔ གསང་ཆེན་བསྟན་པའི་བཀའ་བསྲུང་ཕྱིར༔ སྣ་ཚོགས་གཟུགས་སྟོན་ཁྲག་འཐུང་ཡུམ༔ དཔལ་སྔགས་བདག་མོར་ཕྱག་འཚལ་བསྟོད༔ བཛྲ་དྷཀྐི་མ་ཧཱ་ཀ་ལི་རེ་མ་ཏི་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ མཆོད་ཅིང་བསྟོད་ནས་འདི་སྐད་དོ༔ ཧཱུྃ༔ སྔོན་ཚེ་བར་དང་ཐ་མ་རུ༔ དཔལ་ཆེན་དྷ་ན་སང་ཀྲྀ་ཏ༔ པདྨ་ཐོད་ཕྲེང་རྩལ་སོགས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་བཞིན༔ གསེར་སྐྱེམས་གཏོར་ཚོགས་འདི་བཞེས་ནས༔ དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས༔ བདག་ཅག་ནད་གདོན་ཞི་བ་དང་༔ ཚེ་བསོད་དཔལ་རྒྱས་མི་ནོར་ཟས༔ དབང་འདུས་དགྲ་བགེགས་བརླག་པར་མཛོད༔ དེ་སྐད་བློ་ལྡན་འཇམ་དཔལ་བཟང་༔ གང་དེས་བསྐུལ་ངོར་སྤྲུལ་མིང་པ༔ ཆེ་མཆོག་ཡོན་ཏན་རྩལ་དེ་ཡིས༔ ཐོལ་བྱུང་བྲིས་པ་དགེ་གྱུར་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དམ་མེད་ལོག་ལྟ་ཅན་དག་ལ༔ བསྟན་པར་མི་བྱ་ས་མ་ཡཱ༔ རིག་འཛིན་ཆེན་པོ་སུརྱ་ཀིརྟི་ཡི༔ ཐུགས་ཀྱི་སྤྲུལ་པ་ལུང་རིག་གླིང་པ་ཡིས༔ ཟབ་གསང་མཁའ་འགྲོའི་བརྡ་ལས་ལེགས་ཕབ་ཏེ༔ བཀའ་རྒྱས་བཏབ་ཏེ་མི་ལོ་ཉེར་བརྒྱད་དུ༔ གསང་རྒྱ་བྱས་པ་སླར་ཡང་ཡོས་ཀྱི་ལོར༔ རྒྱ་བཀྲོལ་སྤེལ་བ་དུས་ཀུན་དགེ་ལེགས་འཕེལ༔ དགེའོ། །དགེའོ། །དགེའོ།།

དཔལ་ལྡན་ལྷ་མོའི་མཆོད་ཐབས་ཉུང་བསྡུས།

༄༅།། དཔལ་ལྡན་ལྷ་མོའི་མཆོད་ཐབས་ཉུང་བསྡུས་བཞུགས་སོ།། གསེར་སྐྱེམས་དང་གཏོར་མ་བསངས་སྦྱངས་ལ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀ་དག་ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལས༔ ཁ་དོག་འགག་མེད་དཔལ་ལྡན་ལྷ་མོར་ཤར༔ ག་ནཱའི་དབང་མོ་འཁོར་དང་བཅས་པ་རྣམས༔ ང་ཅག་དམ་ཚིག་དབང་གིས་སྤྱན་འདྲེན་གཤེགས༔ ཅ་ཅོ་མ་ཡིན་སྙིང་ནས་ཁྱོད་བརྟེན་ན༔ ཆ་ལུགས་སྣ་ཚོགས་འཆང་བའི་སྔགས་སྲུང་མ༔ ཇ་ཆང་གསེར་སྐྱེམས་དམ་རྫས་དགྱེས་རོལ་ལ༔ ཉ་གང་ཟླ་བའི་མདངས་ཀྱིས་རྟེན་ལ་བཞུགས༔ ཏ་ཐཱ་ག་ཏའི་སྤྱན་སྔར་ཁས་བླངས་བཞིན༔ ཐ་མལ་མ་ཡིན་དམ་ལྡན་རིག་འཛིན་རྣམས༔ ད་ལྟ་གསང་ཆེན་སྤྱོད་པའི་ཉེ་ལམ་གྱིས༔ ནཱ་དའི་དོན་ལ་སྦྱོར་བར་མངའ་གསོལ་ལོ༔ པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས༔ ཕ་རོལ་ཞིང་བཅུ་སྒྲོལ་བའི་ལས་བརྩམ་ཚེ༔ བ་ལིང་གཏོར་མའི་མཆོད་པ་འདི་བཞེས་ལ༔ མ་རིག་གཉིས་འཛིན་ལོག་འདྲེན་ཚར་ཆོད་ཅིག༔ ཙ་རི་ཏྲ་སོགས་གནས་ཡུལ་དྷཀྐཱིའི་ཚོགས༔ ཚ་ཟེར་ཅན་གྱི་འོད་ཟེར་སྤྲོ་བསྡུ་བཞིན༔ ཛ་ཡའི་བསྟན་སྲུང་ཁྱེད་ཀྱི་རོལ་གར་ཕྱིར༔ ཝ་ཆུའི་རྒྱུན་ལྟར་དངོས་གྲུབ་ཆར་འབེབས་མཛོད༔ ཞྭ་རྨོག་ཁྲབ་དང་རྨ་བྱའི་རྒྱལ་མཚན་དང་༔ ཟ་བྱེད་གཅན་སྤྱང་པགས་སོགས་བསྐང་རྟེན་རྫས༔ འ་འོལ་ཏིང་འཛིན་སྒྱུ་མའི་འཕྲུལ་གྱིས་བསྐང་༔ ཡ་མཚན་དངོས་གྲུབ་ཆར་ཆེན་འབེབས་པར་མཛོད༔ ར་ག་རྗེས་ཆགས་དབང་གི་ཕྲིན་ལས་ཀྱིས༔ ལ་ལ་ཙམ་མིན་སྣང་སྲིད་མཆོག་དམན་འགྲོ༔ ཤ་ཟའི་རྗེ་མོ་ཁྱོད་ཀྱིས་དབང་བསྡུས་ནས༔ ས་གསུམ་བདེ་ལ་འགོད་པར་མཛད་དུ་གསོལ༔ ཧ་ལས་རྒྱུད་བསྡམས་དམ་ཉམས་དགྲ་སྡེའི་དཔུང་༔ ཨ་ཏིའི་བསྟན་སྲུང་ཁྱོད་ཀྱིས་དགུག་པ་དང་༔ མནན་བསྲེགས་འཕང་བ་དྲག་པོའི་ཕྲིན་ལས་ཀྱིས༔ ཨ་དོན་དབྱིངས་སུ་སྒྲོལ་ཅིག་ས་མ་ཡཱ༔ བཛྲ་དྷཀྐཱི་ཀ་ལི་འཁོར་དང་བཅས༔ བཛྲ་ས་མ་ཡཱ་ཡི་དམ་དྲན་ནས༔ བཛྲ་ཨ་མྲྀ་ཏ་དང་བྷ་ལིང་ཏ༔ བཛྲ་རཀྴས་མཆོད་དོ་དགྱེས་པར་བཞེས༔ བཛྲ་ཡོ་གའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བརྗོད་ཕུད་གཙང་སར་འབུལ་ལོ༔ ཞེས་པའང་རིག་འཛིན་དམ་པའི་སྤྲུལ་པའི་ཆ་ཤས་སུ་གྲགས་པ་དེས་སོ༔

དཔལ་ལྡན་ལྷ་མོ་ལ་དྲག་ཏུ་བསྐུལ་བ་ཕྲིན་ལས་ཀྱི་ཕོ་ཉ།

༄༅།། དཔལ་ལྡན་ལྷ་མོ་ལ་དྲག་ཏུ་བསྐུལ་བ་ཕྲིན་ལས་ཀྱི་ཕོ་ཉ་ཞེས་བྱ་བ་བཞུགས། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི༔ འདོད་པའི་ཁམས་ཀྱི་དབང་ཕྱུག་མ༔ དམག་ཟོར་རྒྱལ་མོ་མཐུ་རྩལ་ཅན༔ དམ་ཉམས་དགྲ་བོའི་ཤ་ཟ་མ༔ སངས་རྒྱས་བསྟན་པའི་བྱ་ར་མཁན༔ འཁོར་ཚོགས་རྒྱ་མཚོ་བཅས་པ་ལ༔ ཤ་ཆེན་གཏོར་མ་རི་ལྟར་སྤུངས༔ དམ་ཉམས་སྙིང་ཁྲག་མཚོ་ལྟར་འཁྱིལ༔ དགྱེས་པའི་དམ་རྫས་སྤྱན་གཟིགས་སོགས༔ མ་ཉམས་ཁྱད་པར་འཕགས་པ་འབུལ༔ དེ་རིང་འཁོར་དང་བཅས་རྣམས་ཀྱིས༔ བཅོལ་བའི་ལས་འདི་མྱུར་ཏུ་སྒྲུབས༔ གཅིག་ཏུ་སངས་རྒྱས་བསྟན་པ་དང་༔ དཀོན་མཆོག་གསུམ་གྱི་དཀོར་འཕྲོག་ཅིང་༔ བླ་མ་དམ་པའི་སྐུ་ཡི་དགྲ༔ དགེ་འདུན་སྡེ་རྣམས་དཀྲུག་བྱེད་ཅིང་༔ ཁྱད་པར་རྣལ་འབྱོར་བདག་ཅག་ལ༔ སྡང་ཞིང་གདུག་པའི་བསམ་པ་ཅན༔ སྲུང་མ་ཁྱེད་ལ་ཐོ་བརྩམས་པ༔ གདུག་ཅན་མི་ནོར་འཁོར་བཅས་འདི༔ ད་ལྟ་ཉིད་དུ་སྒྲོལ་བར་མཛོད༔ སྟེང་ན་སྐྱོབ་པའི་ལྷ་རྣམས་དང་༔ བྱམས་ཀྱིས་སྐྱོང་བའི་དཔོན་པོ་དང་༔ ཀུན་དང་རྣམ་པར་ཕྱེས་ལ་ཤོག༔ རིགས་རྒྱུད་རྩད་ནས་ཆོད་ལ་ཤོག༔ སྙིང་ཁྲག་ཐང་ལ་ཕོས་ལ་ཤོག༔ སད་དང་སེར་བ་མུ་གེ་དང་༔ ལྟས་ངན་ཐམས་ཅད་དགྲ་ལ་ཐོངས༔ ནད་ཀྱི་རྐྱལ་པ་དགྲ་ལ་བྷྱོ༔ བདུད་ཀྱི་ཁྲམ་ཁ་དགྲ་ལ་སྒྱུར༔ ཚོན་གྱི་གྲུ་གུ་དགྲ་ལ་ཐོངས༔ ཤྭ་རྡེའུ་ནག་པོ་དགྲ་ལ་ཁྱེ༔ དུས་ཀྱི་འཁྲུག་པ་དགྲ་ལ་ཐོངས༔ ཚེ་དང་བསོད་ནམས་དཔལ་འབྱོར་རྣམས༔ ལྷག་མ་ཙམ་ཡང་མེད་པར་མཛོད༔ མི་ཟད་མཚོན་གྱི་ཆར་པ་ཕོབ༔ འཇིགས་རུང་བདུད་ཀྱི་དམག་དཔུང་དྲོངས༔ མྱུར་མགྱོགས་གཤིན་རྗེའི་ཕོ་ཉ་ཁྱེ༔ ལེགས་ཚོགས་ཀུན་དང་རྣམ་པར་ཕྲོལ༔ མི་འདོད་སྡུག་བསྔལ་ཆར་བཞིན་ཕོབ༔ མ་གཡེལ་མ་གཡེལ་འཁོར་དང་བཅས༔ བསྟན་བཤིག་དམ་ཉམས་སྡིག་ཅན་འདི༔ ལོ་དང་ཟླ་བར་མ་བཞག་ཅིག༔ ད་ལྟ་ཐལ་བར་བརླག་པར་གྱིས༔ བཅོལ་བའི་ཕྲིན་ལས་མ་བསྒྲུབ་ན༔ རྡོ་རྗེ་འཆང་གི་བཀའ་དང་འགལ༔ རང་གི་དམ་ཚིག་གཉན་པོ་རྣམས༔ རྣལ་འབྱོར་པ་ཡི་ཁོ་ཐག་ཆད༔ དེ་བས་དམ་ལ་མ་འདའ་བར༔ མ་གཡེལ་སྤྲུལ་པའི་ཕོ་ཉ་དག༔ དགྲ་བོའི་ཡུལ་ཁམས་ཀུན་ལ་ཁྱེ༔ བདུད་ཞགས་ནག་པོས་མགུལ་ནས་ཆིངས༔ ལས་རླུང་ནག་པོས་རྒྱབ་ནས་དེད༔ འཇིགས་པའི་མུན་པས་མདུན་ནས་བསུས༔ བོང་བུར་བསྐྱོན་ཞིང་ལྕགས་ཀྱིས་སྡོམས༔ འབར་བའི་ཕུར་བུས་དྲག་ཏུ་ཐོབ༔ མཚོན་ཆ་རྣོན་པོས་ལུས་ཕུག་ནས༔ དོན་སྙིང་ལྔ་པོ་རྒྱབ་ནས་ཕྱུང་༔ སྙིང་ཁྲག་དྲོད་མོ་མྱུར་དུ་འཐུང་༔ ས་ཡི་རྟིང་ཕུར་ཐོན་ལ་ཤོག༔ གནམ་གྱི་འཇུ་ཐག་ཆོད་ལ་ཤོག༔ དམག་ཟོར་རྒྱལ་མོའི་ར་མདའ་ཟློག༔ དགྲ་བོའི་ཡུལ་ཁམས་སྟོངས་བར་གྱིས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ བདག་གི་བཅོལ་པའི་ཕྲིན་ལས་འདི༔ མ་ཐོགས་མྱུར་དུ་འགྲུབ་པར་མཛོད༔

རྩ་གསུམ་སྲུང་མའི་ཚོགས་མཆོད་བསམ་འཕེལ་ལྗོན་ཤིང་།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྩ་གསུམ་སྲུང་མའི་ཚོགས་མཆོད་བསམ་འཕེལ་ལྗོན་ཤིང་བཞུགས༔

གུ་རུ་པདྨའི་སྐུ་ལ་འདུད༔ མ་འོངས་སྐལ་ལྡན་གང་ཟག་གིས༔ ཚེས་བཅུ་ཉེར་ལྔ་ལ་སོགས་པར༔ ཚོགས་དང་བསྐང་བ་ཉེར་བསྡུས་ཀྱིས༔ ཚོགས་བསགས་རྐྱེན་སེལ་ཉམས་ཆག་སྐོང་༔ རྩ་གསུམ་སྲུང་མ་གང་ལ་ཡང་༔ སྦྱར་དུ་རུང་བ་འདི་བཞིན་ནོ༔ གཙང་མའི་གཞི་ལ་ཤ་ཆང་ཟན༔ དཀར་མངར་ཟས་ཕུད་སྒོག་ཙོང་སྔོ༔ གཙང་རྨེ་མེད་པར་བཤམས་བྱས་ལ༔ རྩ་གསུམ་སྲུང་མ་གང་ཡིན་གྱི༔ ལས་བྱང་བཟླས་པ་མཆོད་བསྟོད་བྱ༔ སླར་ཡང་ལྷ་ཡི་ཐུགས་ཀ་ནས༔ རྃ་ཡྃ་ཁྃ་གིས་ཚོགས་རྫས་ཀྱི༔ མ་དག་དངོས་འཛིན་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ལན་གསུམ༔ སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཚོགས་རྫས་རིམ་པ་གསུམ་དུ་སྤྲོས༔ དེ་ནས་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་ཧྲཱིཿ བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་དང་༔ དངོས་གྲུབ་འདོད་འབྱུང་ཡི་དམ་རྒྱུད་སྡེའི་ལྷ༔ བར་ཆད་ཀུན་སེལ་མཁའ་འགྲོ་ཆོས་སྐྱོང་དང་༔ ཁྱད་པར་རྩ་གསུམ་སྲུང་མ་ཆྒཻ་མོ༔ ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་མ་ལུས་པ༔ ཚོགས་ཀྱི་མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ༔ གུ་རུ་དྷེ་ཝ་ཌཀྐཱི་ནི་བཛྲ་ས་མ་ཡཱ་ཛ་ཛཿ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཡུལ་དྲུག་འདོད་ཡོན་ལྷ་མོར་སྤྲུལ༔ དཀྱིལ་འཁོར་ལྷ་ཚོགས་མཆོད་པར་བགྱི༔ ཟག་མེད་བདེ་བ་ཆེན་པོ་ཡིས༔ མཉེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ རྩ་སྔགས་རང་རང་སོ་སོའི་མཐར༔ མ་ཧཱ་གྷཱ་ཎ་ཙཀྲ་པཱུ་ཛ་ཧོ༔ ཉམས་ཆག་བཤགས་ཚིག་ཚོགས་རྫས་བཏེགས༔ གནོང་འགྱོད་བློ་ཡིས་འདི་སྐད་བརྗོད༔ ཧོ༔ ཆྒཻ་མོ་ ལྷ་ཚོགས་བདག་ལ་དགོངས༔ ལས་ངན་བག་ཆགས་ཉོན་མོངས་མཐུས༔ སོར་བྱང་སྔགས་ཀྱི་སྡོམ་ལས་འགལ༔ ཚོགས་ཀྱི་མཆོད་པས་མཐོལ་ཞིང་བཤགས༔ ས་མ་ཡཱ་ཤུདྡྷེ་ཨཿ ཡི་གེ་བརྒྱ་པས་ནོངས་པ་བཤགས༔ ཚོགས་ཀྱི་ཐ་མར་དགྲ་བགེགས་འགུགས༔ ཛཿ དགྲ་བགེགས་མཚན་མ་རྫས་འདིར་ཁུག༔ དབང་དྲག་ལས་ཀྱི་ཕུར་པས་བསྒྲལ༔ དུག་གསུམ་ཤ་ཁྲག་རུས་པའི་ཚོགས༔ ཆྒཻ་མོའི་ལྷ་ཚོགས་ཞལ་དུ་བསྟབས༔ ཧ་ལ་པཱཉྩ་ཁཱ་ཧི་ཁཱ་ཧི༔ རྣལ་འབྱོར་མཆེད་ལྕམ་ཚོགས་ལ་རོལ༔ ལྷག་མ་བསྡུ་ཞིང་ཁ་ཕྲུ་བཏབ༔ ཕེཾ༔ ཆྒཻ་མོའི་ དཀྱིལ་འཁོར་མུ་རན་སྐྱོང་༔ ལྷག་ལ་དབང་བའི་ཚོགས་རྣམས་ཀྱིས༔ ཞལ་ཟས་ཚོགས་ཀྱི་ལྷག་མ་ལོངས༔ གང་བཅོལ་ལས་བཞིའི་སྡོང་གྲོགས་མཛོད༔ ཨུཥྩི་ཊ་བྷ་ལིང་ཏ་ཁྷཱི༔ ཐུགས་དམ་དབྱིངས་སུ་བསྐུལ་བ་ནི༔ བྷྱོ༔ རྩ་གསུམ་སྲུང་མའི་ཐུགས་དམ་བསྐང་༔ ཁྱད་པར་ཆྒཻ་མོའི་ཐུགས་དམ་བསྐུལ༔ སྤྱི་དགོས་དགྲ་བགེགས་མ་ལུས་པ༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ ཆད་ཐོའི་གཏོར་མ་གཏོང་བ་ནི༔ ཧཱུྃ༔ སྔོན་ཚེ་བསྐལ་པ་བར་དང་ཐ་མ་ལ༔ དཔལ་ཆེན་རིགས་ལྔ་འགྲོ་འདུལ་པད་འབྱུང་གིས༔ རྒྱུད་གསུང་རྒྱས་བཏབ་འཆད་སྤེལ་ལུང་བསྟན་ཚེ༔ བཀའ་དང་དམ་ལ་གནས་པའི་དྲེགས་པ་རྣམས༔ ཐ་ཚིག་གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ བཛྲ་ས་མ་ཡཱ་བྷ་ལིང་ཏ་ཁ་ཧཱི༔ བསྟན་མ་བཤལ་ཆུའི་གཏོར་མས་བརྔན༔ ཧཱུྃ་ཧྲཱིཿ དཔལ་གནས་མ་དང་ཡང་དག་ཤེས་ལ་སོགས༔ པདྨ་ཐོད་ཕྲེང་བཀའ་ཉན་བསྟན་མའི་ཚོགས༔ བཤལ་ཆུའི་གཏོར་མ་བཞེས་ལ་འཇིག་མཐར་ལྟ༔ ལོག་རྟོག་རྨང་ནས་འདོན་པའི་ཕྲིན་ལས་མཛོད༔ མ་མ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་བྲོ་བརྡུང་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གཏོར་གཞོང་སྐུ་གསུམ་ཡེ་ཤེས་རི་རབ་འོག༔ དུག་གསུམ་རྟོག་ངན་དམ་སྲི་སྡེ་བཅས་མནན༔ ནམ་ཡང་ལྡང་མེད་སྟོང་ཉིད་བཅོ་བརྒྱད་ཀྱི༔ མ་རིག་རྩད་ནས་གཅོད་པའི་བྲོ་བརྡུང་ངོ་༔ སྟྭཾ་བྷ་ཡ་ནན༔ གཏོར་གཞོང་ཡར་བསྟན་སྨན་དང་འབྲུ་ཡིས་བཀང་༔ མཆོད་བསྟོད་དངོས་གྲུབ་ལེན་པ་ནི༔ ཧཱུྃ་ཧྲཱིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག༔ རྩ་གསུམ་སྲུང་མའི་ལྷ་ཚོགས་ལ༔ ཕྱི་ནང་མཆོད་འབུལ་གུས་པས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་སྔགས་མཇུག་ཏུ་འདི་ཉིད་བཏགས༔ ཀཱ་ཡ་ཝཀྐ་ཙིཏྟ་སིདྡྷི་ཧཱུྃ༔ དེ་ནས་བསྡུ་རིམ་བསྔོ་སྨོན་ནི༔ ཧྲཱིཿ རང་བྱུང་རིག་རྩལ་བསྐྱེད་པའི་ལྷ༔ དམིགས་མེད་སྟོང་ཉིད་ཀློང་དུ་བསྡུ༔ འདིས་མཚོན་དུས་གསུམ་དགེ་ཚོགས་ཀུན༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ དེ་ནས་ཤིས་པ་འདི་བཞིན་བརྗོད༔ ཧཱུྃ་ཧྲཱིཿ གནས་སྐབས་མཐར་ཐུག་གང་དུ་འང་༔ འགལ་རྐྱེན་སེལ་ཞིང་ལེགས་ཚོགས་སྤེལ༔ རང་གཞན་དོན་གཉིས་འགྲུབ་མཛད་པའི༔ ཆྒཻ་མོའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཁར་ཆེན་ཐུགས་སྒྲོམ་ཀློང་དུ་སྦས༔ བཀའ་ཡི་སྲུང་མས་མེལ་ཚེ་གྱིས༔ དུས་བབས་སྐལ་ལྡན་ལག་ཏུ་སྤྲོད༔ གང་འབྲེལ་དོན་དང་ལྡན་པར་ཤོག༔ ཅེས་སྐལ་ལྡན་ལུང་རིག་མིང་གིས་དག་སྣང་གི་ཆོས་སྡེའི་ཆ་ལག་ཏུ་ཕབ་པ་སརྦ་མངྒ་ལཾ། ཛ་ཡནྟུ༔

རྩ་གསུམ་སྲུང་མའི་བསྐང་བསྡུས་ཡིད་བཞིན་འདོད་འཇོ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ རྩ་གསུམ་སྲུང་མའི་བསྐང་བསྡུས་ཡིད་བཞིན་འདོད་འཇོ་བཞུགས༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ གྲོགས་མཆོག་ཌཀྐཱི་ས་མུ་དྲ༔ ལས་ཅན་སྙིང་ལ་ཡིད་བཞིན་གདམས༔ བསྐང་རྫས་ཕྱི་ནང་གསང་མཆོད་སོགས༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས༔ རོལ་མོ་དབྱངས་དང་གདུང་བའི་བློས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ དབང་བསྐུར་རྒྱུད་བཤད་ལུང་སྦྱིན་ཉམས་ཆག་སྐོང་༔ དྲིན་ཆེན་རྡོ་རྗེ་སློབ་དཔོན་ཐུགས་དམ་བསྐང་༔ ཞི་ཁྲོ་ཆགས་པའི་གར་གྱིས་དངོས་གྲུབ་སྟེར༔ ཡི་དམ་རྒྱུད་སྡེའི་ལྷ་ཚོགས་ཐུགས་དམ་བསྐང་༔ མ་དང་བུ་བཞིན་བརྩེ་གདུང་བར་ཆད་སེལ༔ གནས་ཡུལ་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང་༔ སངས་རྒྱས་བསྟན་སྲུང་བརྒྱུད་གསུམ་དྲེགས་པའི་གཟུགས༔ ཕྱི་ནང་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ རྩ་གསུམ་ཀུན་འདུས་ཁམས་གསུམ་ཡོངས་ཀྱི་མགོན༔ གུ་རུ་པདྨ་ཐོད་ཕྲེང་ཐུགས་དམ་བསྐང་༔ གཞན་ཡང་འགྲོ་བའི་ཕན་བདེའི་འབྱུང་གནས་མཆོག༔ མཆོག་གསུམ་རྟེན་དང་བརྟེན་པའི་ཐུགས་དམ་བསྐང་༔ ཚེ་རབས་སྔོན་འབྲེལ་ཆོས་དང་བླ་མ་གཅིག༔ ནང་འདྲེས་མཆེད་དང་ལྕམ་དྲལ་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་སྙན་པའི་དབྱངས་ཀྱིས་བསྐང་༔ ནང་མཆོད་སྨན་དང་རཀྟ་བྷ་ལིང་ཏ༔ གཙང་རྨེ་གཉིས་འཛིན་བྲལ་བའི་རྫས་ཀྱིས་བསྐང་༔ གསང་མཆོད་སྦྱོར་སྒྲོལ་བློ་འདས་ལྟ་སྒོམ་སྤྱོད༔ འབྲས་བུ་རེ་དོགས་དངོས་འཛིན་བྲལ་བས་བསྐང་༔ མདོར་ན་སྲིད་དང་ཞི་བའི་ཁམས་རྣམས་ཀུན༔ བདེ་གཤེགས་སྙིང་པོར་རོ་མཉམ་ཀློང་དུ་བསྐང་༔ དེ་མཐུས་ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་དག༔ རང་བྱུང་ཆོས་སྐུའི་རང་ཞལ་མཇལ་བར་ཤོག༔ དེས་ནི་ཉམས་ཆག་དབྱིངས་སུ་བསྐངས༔ འབྲས་བུ་ཚོགས་ཆེན་རྣམ་གཉིས་རྫོགས༔ ཚེ་འདིར་སྐུ་དང་ཡེ་ཤེས་འགྲུབ༔ དགོངས་གསང་ཌཀྐཱིའི་བརྡའ་ལས་ཤར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་རིག་འཛིན་ལུང་རིག་གླིང་པས་དག་སྣང་ཟོལ་མེད་ཀྱི་ཆ་ལག་ཏུ་ཕབ་པ་སརྦ་ཤུ་བྷཾ༔

བཀའ་གཏེར་སྲུང་མའི་མཆོད་ཐབས་ཕྲིན་ལས་མྱུར་འགྲུབ།

༄༅།། ཟབ་ཆོས་པདྨའི་ཐུགས་ཐིག་གི་བཀའ་གཏེར་སྲུང་མའི་མཆོད་ཐབས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས༔ ན་མོ་ཨཱརྱ་ཏཱ་རེ་ཡེ༔ འདིར་སྲུང་མའི་གསོལ་མཆོད་ཉུང་ངུ་བྱ་བར་འདོད་པས༔ ཕུད་མཆོད་གང་འཛོམས་བཤམས་ཤིང་རང་ཉིད་ལྷག་པའི་ལྷའི་ང་རྒྱལ་གྱིས་བསངས་སྦྱངས་བྱིན་གྱིས་བརླབས་ནས༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས༔ འོད་ཟེར་འཕྲོས་པས་གསང་སྔགས་སྲུང་མ་སྤྱི༔ ཁྱད་པར་ཡང་ཟབ་ཐུགས་ཐིག་བཀའ་གཏེར་སྲུང་༔ ཐོགས་མེད་དམ་ཚིག་དབང་གིས་ས་མ་ཛཿ བརྟན་པར་བག་ཕོབ་སྒྲུབ་པའི་གནས་སུ་བཞུགས༔ གུས་པས་ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད༔ དམ་ཚིག་གཉེར་འཛིན་སྲུང་མ་རྣམས་ལ་བསྟོད༔ ཁྱད་པར་བརྟེན་ཅིང་མཆོད་པར་འོས་པ་ཡི༔ པདྨ་ཡབ་ཡུམ་ཟབ་ཆོས་འཛིན་པ་རྣམས༔ བསྲུང་བར་ཞལ་བཞེས་དབྱིངས་ཀྱི་ཌཀྐཱིའི་གཙོ༔ ནམ་མཁའི་དབང་ཕྱུག་སྔགས་སྲུང་རལ་གཅིག་མ༔ དེ་ཡི་བཀའ་སྡོད་དཔལ་ལྡན་དུད་སོལ་ཞེས༔ མིང་བརྒྱ་མཚན་སྟོང་སྤྲུལ་པ་བསམ་མི་ཁྱབ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྒྲུབ་ཐབས་ཀྱི༔ བཀའ་སྲུང་ཡེ་ཤེས་མགོན་པོ་ཕྱག་དྲུག་པ༔ དེ་ཡི་བཀའ་སྡོད་བདུད་མགོན་བྱ་རོག་གདོང་༔ ལེགས་ཉེས་སྟངས་འཛིན་བསྟན་པའི་བྱ་ར་བ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ བླ་སྒྲུབ་ཡང་ཟབ་ཕྱི་ནང་གསང་བ་ཡི༔ བཀའ་ཡི་གཉེར་འཛིན་བཙན་རྒོད་དྲག་པོ་རྩལ༔ དེ་ཡི་བཀའ་སྡོད་ལྷ་བཙན་གཞོན་ནུ་འབར༔ གཙུག་ལག་ཁང་དང་དགེ་འདུན་སྡེ་བསྲུང་བ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ འཆི་མེད་མཆོག་སྩོལ་ཚེ་སྒྲུབ་ཟབ་མོའི་ཆོས༔ བསྲུང་དང་སྤེལ་མཛད་སྨན་བཙུན་ཚེ་རིང་མ༔ དེ་ཡི་བཀའ་སྡོད་ཚེ་འཛིན་རིགས་བཞིའི་ལྷ༔ ཚེ་སྲོག་ཆད་མཐུད་ནད་རྣམས་བསལ་མཛད་མ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ གཞན་ཡང་དག་སྣང་ཟབ་མོའི་བཀའ་སྲུང་བ༔ ཁྱབ་འཇུག་ཆེན་པོ་དམ་ཅན་ཐིག་ལེ་རྩལ༔ འཛམ་གླིང་སྐྱེས་བུ་མིའུ་ཐུང་ནོར་གྱི་བདག༔ འཇིག་རྟེན་ཁམས་ཉུལ་ཟས་ནོར་ཕྱྭ་འགུགས་པའི༔ སྔགས་བདག་སྲུང་མ་མ་ལུས་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ ལས་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པ་དང་༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ ནད་གདོན་འཇིགས་བརྒྱད་ཞི་ཞིང་ཚེ་དཔལ་རྒྱས༔ སྣང་བ་དབང་བསྡུད་ལོག་འདྲེན་ཆམ་ལ་ཕོབ༔ རྒྱལ་བསྟན་དར་རྒྱས་དགེ་འདུན་སྡེ་ཆེན་ཚུགས༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་༔ རྣམ་བཞིའི་ཕྲིན་ལས་མ་ལུས་མྱུར་འགྲུབ་མཛོད༔ ཅེས་པའང་སྐལ་ལྡན་དམ་པ་ཀརྨའི་མཚན་ཅན་གྱིས་བསྐུལ་ངོར་སྤྲུལ་མིང་གྱི་ན་བས་བྲིས་པ་ཀུན་ཏུ་དགེ་བར་གྱུར་ཅིག༔

བཀའ་གཏེར་སྲུང་མའི་མཆོད་ཐབས་བསྡུས་པ་ཧོར་བླས་མཛད་པ།

༄༅། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ནས་འོད་འཕྲོས་པས༔ མཆོག་གསུམ་རྩ་གསུམ་དམ་ཅན་སྲུང་མ་སྤྱི༔ ཁྱད་པར་ཐུགས་ཐིག་བཀའ་སྲུང་ལྕམ་དྲལ་རྣམས༔ ཐོགས་མེད་སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས༔ བཛྲ་ས་མ་ཡཱ་ཛཿ ཧྲཱིཿ ཆགས་བྲལ་པདྨ་ཉི་ཟླའི་གདན་ལ་བཞུགས༔ སྒོ་གསུམ་གུས་པས་ཕྱག་འཚལ་མཆོད་སྤྲིན་འབུལ༔ ཉམས་ཆག་ཉེས་ལྟུང་བརྗོད་བྲལ་ཀློང་དུ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས་ལ་བསྟོད༔ ཧྲཱིཿ སློབ་དཔོན་བཀའ་གཏད་དམ་བླངས་དཀྱིལ་འཁོར་ནས༔ ཚེ་རབས་ལས་དང་སློབ་དཔོན་ཕ་མྱེས་རྒྱུད༔ མགོན་པོ་སྡེ་ལྔ་རལ་གཅིག་དཔལ་ལྷ་མོ༔ དུད་སོལ་བསྟན་སྐྱོང་གཟའ་བཙན་ཤན་པ་དམར༔ རྡོར་ལེགས་པེ་ཧར་དཀོར་སྲུང་དམ་ཚིག་ཅན༔ ཁྱད་པར་དབང་གི་བཀའ་སྡོད་དབང་ཕྱུག་ཆེ༔ ཡབ་ཡུམ་ཕྲ་མེན་ལས་བྱེད་ཕུར་སྲུང་ཚོགས༔ སྔགས་བདག་སྲུང་མ་མ་ལུས་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་ཉམས་ཆག་ཉེས་ལྟུང་བཤགས༔ བཅོལ་བའི་ཕྲིན་ལས་གང་དམིགས་ཐོགས་མེད་སྒྲུབས༔ བདག་ཅག་དཔོན་སློབ་སྲུང་སྐྱོབ་བར་ཆད་སོལ༔ ནད་གདོན་འཇིགས་བརྒྱད་ཞི་ཞིང་ཚེ་བསོད་རྒྱས༔ སྣང་བ་དབང་སྡུད་ལོག་འདྲེན་ཆམ་ལ་ཕོབ༔ རྒྱལ་བསྟན་དར་རྒྱས་དགེ་འདུན་སྡེ་ཆེན་ཚུགས༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་དང་༔ རྣམ་བཞིའི་ཕྲིན་ལས་མ་ལུས་མྱུར་འགྲུབ་མཛོད༔ ཅེས་པ་འདི་སྐྱབས་རྗེ་སྤྲུལ་པའི་སྐུ་ལུང་རིག་གླིང་པ་རྩལ་གྱི་རྡོ་རྗེའི་གསུང་ལ་ཅུང་ཟད་རིག་པས་འཕྲུལ་ཤེས་བྱས་ཏེ་ཧོར་བན་འདུ་ཤེས་གསུམ་པས་སུག་བྲིས་བགྱིས་པ་ཛ་ཡནྟུ༔

མཚམས་ཐོ་དྲང་སྲོང་བདེན་པའི་སྤྲིང་ཡིག

༄༅། མཚམས་ཐོ་དྲང་སྲོང་བདེན་པའི་སྤྲིང་ཡིག་ཞེས་བྱ་བ་བཞུགས། ན་མོ་གུ་རུ་ཡེ། ས་གསུམ་སྐྱེ་རྒུའི་སྒྲོན་མེ་དཀོན་མཆོག་གསུམ། །གཅིག་འདུས་རིག་འཛིན་གུ་རུ་ཨོ་རྒྱན་རྗེ། །མི་འབྲལ་སྙིང་གི་པདྨོར་གུས་མཆོད་ནས། །མཚམས་ཐོ་དྲང་སྲོང་དཔའ་བོའི་བདེན་ཚིག་བརྗོད། །ཤིན་ཏུ་རྙེད་དཀའི་རྟེན་བཟང་ཐོབ་ནའང་། །རྣམ་གཡེང་ངང་དུ་མི་ཚེ་ཕལ་ཆེར་ཟད། །ནམ་འཆི་ཆ་མེད་འཆི་ལ་ཉེ་བའི་དུས། །ཆོས་ལས་གཞན་པའི་སྐྱབས་གཞན་མ་མཆིས་པས། །ལོ་ཟླ་མན་ཆད་བདུན་ཕྲག་ཡན་ཆད་དུ། །ཆོས་སྤྱོད་དགེ་བའི་དམ་བཅའ་ལ་ཞུགས་ཚེ། །དེ་ཉིད་མཐར་ཕྱིན་བྱ་བ་མ་རྫོགས་བར། །དགེ་བའི་གྲོགས་ལས་གཞན་ལ་འདི་སྐད་ཞུ། །ཀ་དག་འཆིང་གྲོལ་མེད་པའི་རྣལ་འབྱོར་མཆོག །ཁ་འདོན་སྨྲ་བཅད་མཚམས་བསྒྲུབ་ལས་འདས་ཀྱང་། །ག་དར་ཆོས་མཐུན་བསླབ་བྱ་འདོར་མིན་ཕྱིར། །ང་ཡིས་མཆོག་དམན་ཡོངས་ལ་ཚིག་འདི་སྤྲིང་། །ཅ་ཅོའི་སྨྲ་བ་མང་པོས་མགོ་བསྐོར་ཞིང་། །ཆ་རོགས་དགེ་གྲོགས་འབྱེད་པའི་ཕྲ་མ་མཁན། །ཇ་དར་ནོར་གྱིས་འདྲིད་པའི་གདན་འདྲེན་སོགས། །ཉ་ཏོག་བདུད་ཀྱི་ཕོ་ཉ་འདིར་མ་འོང་། །ཏ་ལའི་ཚེ་སྲོག་རླུང་གསེབ་མར་མེ་བཞིན། །ཐ་དད་རྐྱེན་མང་ནམ་འཆི་ཆ་མེད་པས། །ད་ལྟ་བསྙེན་སྒྲུབ་ཅུང་ཟད་བྱེད་སྐབས་འདིར། །ན་གཞོན་རྩེ་དགོད་སྡིག་གྲོགས་འདིར་མ་འོང་། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས། །ཕ་མའི་དྲིན་ལན་མཚམས་བསྒྲུབ་ལ་ཞུགས་ཚེ། །བ་ལྟར་བླུན་ཀྱང་རང་འདོད་གཡོ་རྒྱུ་ཅན། །མ་རུང་རྒྱུད་དཀྲུགས་ཆོམ་རྐུན་འདིར་མ་འོང་། །ཙ་ལག་གཉེན་གྲོགས་མང་ཡང་གཅིག་པུར་འཆི། །ཚ་གྲང་སྡུག་བསྔལ་ནམ་འོང་མི་ཤེས་པས། །ཛ་ཧུའི་རྒྱུན་བཞིན་བཟླས་བརྗོད་ལ་བརྩོན་ཚེ། །ཝ་སྐྱེས་ལྟ་བུའི་དམ་ལོག་འདིར་མ་འོང་། །ཞྭ་ལོང་མི་བཞིན་ཕུག་ཏུ་ཡིབ་ནས་སླར། །ཟ་ཆོག་ཆེད་མིན་ལྷག་ལྷར་གསོལ་འདེབས་ན། །འ་འུར་གཏམ་གྱིས་མཐོ་གནོན་སྨ་ཕབ་པའི། །ཡ་མ་དམ་སྲིའི་རིགས་རྣམས་འདིར་མ་འོང། །ར་ག་ཆགས་སྡང་ལས་བསྐྲུན་རྒྱལ་བསེན་དང་། །ལ་ལུང་ཉུལ་བའི་ཡུལ་འདྲེ་མི་མ་ཡིན། །ཤ་ཁྲག་སྲོག་ལ་རྒོལ་བའི་གདུག་པ་ཅན། །ས་ལམ་བར་ཆད་བྱེད་རྣམས་ཕྱིར་དེངས་ཤིག །ཧ་ཅང་ཞི་བས་མི་འདུལ་གནོད་བྱེད་མགོ། །ཨ་མི་ཏ་བྷ་དབྱིངས་ནས་ཁྲོས་པའི་གར། །ཧྱ་གྲཱྀ་ཝའི་ལྷ་སྔགས་ཏིང་འཛིན་གྱིས། །ཨརྫ་ག་ཡི་ཏོག་བཞིན་འགས་པར་འགྱུར། །དེ་བས་དམ་བཅའི་མཚམས་ལས་མ་འདའ་བར། །ཞི་བདེའི་སེམས་ཀྱིས་གླིང་བཞིའི་ཕ་མཐར་སོང་། །གལ་ཏེ་བཀའ་ལས་འདས་ན་མནར་མེད་མེས། །བསྲེགས་པར་གདོན་མི་ཟ་འོ་ས་མཱ་ཡ།། ལུང་རིག་གླིང་པས་སོ།།

མཚམས་གཅོད་ཚིག་བཅད་གཅིག་མ།

༈ ཨཱོྃ་ཡེ་ཤེས་ལྔ་ལྡན་རྒྱལ་བའི་བཀའ། །ཨཱ༔སྟོང་པའི་རྩལ་ལས་གནོད་བྱེད་འདྲེ། །ཧཱུྃ་བསྲུང་བྱར་མ་གནོད་དབྱིངས་སུ་དེངས། །ཕཊ༔ཆོས་ཉིད་ངང་དུ་བསྲུང་ཤིག་རྒྱ། །ཞེས་པའང་རིག་འཛིན་ལུང་རིག་གླིང་པས་བྲིས་པའོ། །

བསང་མཆོད་ཁ་སྨོན་ཡིད་བཞིན་ཆར་འབེབས།

༄༅། བསང་མཆོད་ཁ་སྨོན་ཡིད་བཞིན་ཆར་འབེབས་བཞུགས། རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱ༔ཧཱུྃ། ལན་གསུམ། ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད། ད་ལྟ་དྲིན་ཆེན་རྩ་བའི་བླ་མ་ཡན་ཆད། རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ། རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ། གང་ཟག་སྙན་བརྒྱུད་ཀྱི་བླ་མ། མན་ངག་ལུང་བརྒྱུད་ཀྱི་བླ་མ། བྱིན་རླབས་དབང་བསྐུར་གྱི་བླ་མ། རྫོགས་ཆེན་བརྒྱུད་པའི་བླ་མ། སྒྱུ་འཕྲུལ་བརྒྱུད་པའི་བླ་མ། དབུ་མ་བརྒྱུད་པའི་བླ་མ། ཕྱག་ཆེན་བརྒྱུད་པའི་བླ་མ། ཞི་བྱེད་བརྒྱུད་པའི་བླ་མ། གཅོད་ཡུལ་བརྒྱུད་པའི་བླ་མ། མདོར་ན་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་ཅིང་འགྲོ་བ་ཡོངས་ལ་ཕན་པ་དང་བདེ་བའི་རྩ་ལག་ཏུ་མཆོག་ཏུ་གྱུར་པའི་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། ཐུགས་བརྩེ་བ་ཆེན་པོས་མཆོད་པའི་སྤྲིན་ཕུང་དགྱེས་པར་བཞེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་དམ་པ་སྩལ་དུ་གསོལ། ཨོཾ་ཨཱ༔ཧཱུྃ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལ་སོགས་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་སྤྱི་དང་། བདེ་མཆོག་དགྱེས་རྡོར་གསང་འདུས་ལ་སོགས་པའི་གསར་མའི་རྒྱུད་སྡེ་རྣམས་དང་། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང་། བླ་མ་རིག་འཛིན། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་ལ་སོགས་གསང་སྔགས་རྙིང་མའི་རྒྱུད་སྡེ་སྤྱི་དང་བྱེ་བྲག་གི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། ཐུགས་བརྩེ་བ་ཆེན་པོས་དགྱེས་པར་བཞེས་ནས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་ཨཱ༔ཧཱུྃ། མཁའ་སྤྱོད་གནས་ཡུལ་གྱི་དུར་ཁྲོད་ཆེན་པོ་ན་རིགས་ལྔའི་མཁའ་འགྲོ་ཤུགས་འགྲོ། འཁོར་མ་སྲིང་ཌཀྐི་རྒྱ་མཚོ། བྱེ་བ་འབུམ་འབུམ་གྱི་ལྷ་ཚོགས། སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་ཞལ་དུ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། །ས་དང་ལམ་གྱི་བར་ཆད་ཐམས་ཅད་བསལ་ནས་རྟག་ཏུ་མགོན་སྐྱབས་དམ་པ་མཛད་དུ་གསོལ། ཨོཾ་ཨཱ༔ཧཱུྃ། བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས། དབང་ཆེན་ཁྲོ་བོ་རྟ་མགྲིན། འཁོར་དྲེགས་པ་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས་དང་། དཔལ་མགོན་མ་ནིང་ནག་པོ། གསང་བའི་མགོན་པོ་ཕྱག་བཞི་པ། ལེགས་ལྡན་མ་ཧཱ་ཀ་ལ་ཚོགས་ཀྱི་བདག་པོ། སྐུ་གསུང་ཐུགས་ཀྱི་མགོན་པོ། ཕྱོགས་བཅུའི་མགོན་པོ། སྡེ་བརྒྱད་ཀྱི་མགོན་པོ་ལ་སོགས་པའི་མགོན་པོ་ཕོ་རྒྱུད། སྔགས་སྲུང་ཨེ་ཀ་ཛ་ཊི། མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི། ལྷ་མོ་ཚེ་རིང་མཆེད་ལྔ་ལ་སོགས་པའི་ལྷ་མོ་མོ་རྒྱུད་བསྲུང་མ་སྤྱི་དང་བྱེ་བྲག་རྣམས་ཀྱི་ཞལ་དུ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། །ཉིན་གྱི་བྱ་ར། མཚན་གྱི་མེལ་ཚེ། དུས་རྟག་ཏུ་མགོན་སྐྱབས་དང་སྡོང་གྲོགས་དམ་པ་མཛད་དུ་གསོལ། ཨོཾ་ཨཱ༔ཧཱུྃ། སྟོད་མངའ་རིའི་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག ཁྱད་པར་དུ་ས་ཕྱོགས་ཡུལ་རི་རྒྱལ་ཁམས་འདི་དག་གི་ཟོ་དོར། དབེན་གནས་བསྲུང་མ། གཡི་སྟོད་རྡོ་རྗེ་གཡུ་ཕྲོམ། གཡི་སྨད་དངུལ་རྫི་གཡུ་མཚོ། སྐུ་བླ་ར་ཁང་། གཡི་སྙིང་དགྲ་བླ་མི་མགོན། གནས་ལུང་དབང་བསྡུད་ལྷ་རྩེ། གདུགས་ཆེན་དཔའ་བོ་སྟག་འཕྲུ། བསྟན་བསྲུང་སྐུ་བླ་དུང་རྩེ། སྲིད་པའི་བ་སྦལ་ཁྱུང་གསུམ། སྒ་ནུབ་མཚོ་སྨན་སྤུན་གསུམ། ཉིན་གྱི་བཙན་རྒོད་མཆེད་གསུམ། སྲིབ་ཀྱི་སྐུ་བླ་ཉྭ་དཀར། ལོ་མཆོག་རྡོ་རྗེ་རབ་བརྟན། གཡི་རོང་རྙི་བོ་སྤུན་གསུམ། གནས་སྲུང་གསང་སྔགས་བསྟན་སྐྱོང་། བསྟན་འཛིན་སོ་ཀོ་དགའ་ལྡན། རྒུ་རྡབ་ཕོ་བཟོ་མོ་བཟོ། སྐུ་བླ་སྲིད་རྒྱལ། རྨ་ལུང་ལྷ་བཙན། དགའ་གདོང་ཀླུ་བཙན་བདུད་གསུམ་ལ་སོགས་པའི་ཡུལ་ལྷ་གཞི་བདག་གཉན་པོ་རྣམས་ཀྱི་ཞལ་དུ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། ཨོཾ་ཨཱ༔ཧཱུྃ། ཕ་རི་གཡས་ལ་གནས་པ། ཚུ་རི་གཡོན་ལ་གནས་པ། ཉིན་རི་དཀར་ལ་གནས་པ། སྲིབ་རི་ནགས་ལ་གནས་པ། སྐྱེས་པ་ཤིང་ལ་གནས་པ། འགྲོ་བ་ལམ་ལ་གནས་པ། རི་འབར་འབུར། བྲག་ཅག་ཅོག ཤིང་བལ་བུལ། གྲོང་དང་མཁར་ལ་གནས་པའི་ས་བདག་གཞི་བདག་གནས་བདག་དཀོར་བདག་དང་བཅས་པ་རྣམས་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱ༔ཧཱུྃ། བདག་ཅག་རྣམས་ཀྱི་འགོ་བའི་ལྷ་ལྔ་། སྐྱོབས་པའི་ལྷ་དགུ། ཕོ་ལྷ་དགྲ་ལྷ། མ་ལྷ་བུ་རྫི། ཕྲག་ལྷ་ལྷན་ཅིག་སྐྱེས་ལྷ་ལ་སོགས་པ་རྣམས་ལ་བདུད་རྩི་བསང་གི་མཆོད་པ་འབུལ་ལོ། ཨོཾ་ཨཱ༔ཧཱུྃ། ཁང་ཁྱིམ་འདི་ལ་གནས་པའི་གསེར་གྱི་ཀ་བ། གཡུ་ཡི་གདུང་མ། མཆོང་གི་ཀ་ཞུ། བང་ལྷ། ནོར་ལྷ། རྟ་ལྷ། ལུག་ལྷ། ར་ལྷ། ལོ་ཏོག་གི་ལྷ་མོ་དགེ་སྦྱིན་མའི་ཚོགས་རྣམས་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱ༔ཧཱུྃ། སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་པོ། ཡུམ་འཛིན་མའི་དབང་མོ་ཆེ། ས་ཡི་ལྷ་མོ་བསྟན་མ། ས་འཛིན་ལག་པ་ཆེན་པོ། དུས་བཞིའི་རྒྱལ་མོ་བཞི། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། མི་འགྱུར་བའི་ས་བདག་ལ་སོགས་པ་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱ༔ཧཱུྃ། ཨ་ཝ་ཧོར་གྱི་རྟ་གཡང་། སྐུ་རྒྱལ་བོད་ཀྱི་ནས་གཡང་། པི་ཏི་འཇང་གི་ལུག་གཡང་། གཡང་སྡེ་རིས་སྡེ་ཚོགས་རྣམས་ལ་བདུད་རྩི་བསང་གི་མཆོད་པ་དམ་པ་འབུལ་ལོ། །ཨོཾ་ཨཱ༔ཧཱུྃ། བསང་མཆོད་ཕུལ་བའི་མཐུ་ལ་བརྟེན་ནས་བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ཀྱི་མི་ལ་ན་ཚ་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། ཞིང་ལ་སད་སེར་མ་བཏང་། ཁ་ཡི་ཟས་འདོད་ཟས་དང་སྤྲོད་ཅིག ལག་པའི་ནོར་འདོད་ནོར་དང་སྤྲོད་ཅིག རྐང་པའི་རྟ་འདོད་རྟ་དང་སྤྲོད་ཅིག ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་ནོར་བུ་ལྟ་བུར་འགྲུབ་པར་མཛོད་ཅིག རིག་འཛིན་ལུང་རིག་གླིང་པས་བྲིས་པ་དགེ། སརྦ་མང་ག་ལཾ།

རྗེ་བཙུན་འཕགས་མ་སྒྲོལ་མའི་བསང་མཆོད་ཡེ་ཤེས་བདུད་རྩིའི་བུམ་བཟང་།

༄༅།། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བརྟེན་པའི་བསང་མཆོད་ཡེ་ཤེས་བདུད་རྩིའི་བུམ་བཟང་བཞུགས་སོ།།

༄༅། ན་མཿཏཱ་རེ་སརྦ་བྷུདྡྷ་བོ་དྷི་ས་ཏྭ་ཡ། རྣལ་འབྱོར་པས་ལྷག་པའི་ལྷ་འཇིགས་པ་བརྒྱད་སྐྱོབ་རྗེ་བཙུན་མ་ལ་བརྟེན་པའི་བསང་མཆོད་བྱ་བར་འདོད་པས་ཁྲུས་དང་གཙང་སྦྲ་ལྡན་པས་མེ་ཐབ་ཞི་རྒྱས་དབང་དྲག་གི་དབྱིབས་གང་ཡང་རུང་བར། ལྷ་ཤིང་བདུད་རྩི་ཅན་ལྔ་སོགས་དང་། སྨན་སྣ་འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་ཕྱེ་མ་སོགས་བསང་རྫས་རྣམས་གཙང་མའི་ཁྱིམ་ནས་བྱུང་བའི་མེ་ལ་བསྲེགས་པའི་དུད་པ་རྒྱ་ཆེན་པོ་བཏང་ལ། རང་ཉིད་ལྷག་པའི་ལྷ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་འཕྲོས་པས་དུ་བའི་ཟེགས་མ་རེ་རེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་སྣ་ཚོགས་ཐོགས་པ་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་ཕྱོགས་བཅུའི་ཞིང་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་སོགས་མཆོད་ཡུལ་མ་ལུས་པ་རྣམས་དང་ཁྱད་པར་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཁོར་ཉི་ཤུ་རྩ་གཅིག་དང་བཅས་པ་མཆོད་ཅིང་མཉེས་ནས་བདག་དང་བསྲུང་བྱ་ལ་ཐུགས་རྗེའི་ཤུགས་ལྷག་པར་ཕྱུང་ནས་སྲུང་ཞིང་སྐྱོབ་པར་བསམ་ལ། རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ། ཨེ་མ་ཧོ། ངོ་མཚར་རྨད་བྱུང་ཐུགས་བསྐྱེད་གཞལ་དཀའ་བས། །རྒྱལ་བ་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པའི། །དཔལ་ཡོན་ཕུན་ཚོགས་ལྷ་མོ་སྒྲོལ་མ་ཡུམ། །འཁོར་དང་ཡང་སྤྲུལ་གནས་འདིར་སྤྱན་འདྲེན་གཤེགས། །མདུན་མཁར་པདྨ་ཉི་ཟླའི་གདན་ལ་བཞུགས། །སྤྲུལ་པའི་ལྷ་མོ་འཕྲུལ་དགའི་ཚུལ་གྱིས་བཏུད། །ཕྱི་མཆོད་མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་ཆབ་ཞལ་ཟས་རོལ་མོ་གདུགས་དང་འཕན། །རྒྱལ་མཚན་བླ་བྲེ་བ་དན་ཚོགས་རྣམས་དང་། །ཉེར་སྤྱོད་ལྷ་མིའི་ཡོ་བྱད་ཀུན་གྱིས་མཆོད། །ནང་མཆོད་རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན། །དུག་གསུམ་དབྱིངས་བསྒྲལ་ཞིང་བཅུའི་སྲོག་གི་ཁྲག །དངོས་འཛིན་རབ་གཏོར་རྩི་བཅུད་ཚོགས་པའི་ཟས། །བླང་དོར་མེད་པའི་དམ་རྫས་རྣམས་ཀྱིས་མཆོད། །གསང་བ་བདེ་སྟོང་སྐྱེད་བྱེད་སྦྱོར་མཆོད་དང་། །རྟོག་ངན་རྒྱུན་གཅོད་ཐུགས་རྗེས་བསྒྲལ་མཆོད་རྣམས། །དོན་དམ་རང་རིག་སྐྱེ་མེད་དག་པའི་ཀློང་། །ཤེས་རབ་ཕ་རོལ་ཕྱིན་པའི་དབྱིངས་སུ་བསྐང་། །ས་ཐབ་ལས་བཞིའི་མཚོན་བྱེད་སྤྱན་མའི་མཁར། །ཟག་མེད་བདེ་བསྐྱེད་བདུད་རྩི་ཤིང་ལྔ་དང་། །ཕྱི་ནང་བསང་རྫས་ཕྱེ་མར་གསེར་སྐྱེམས་སོགས། །གོས་དཀར་བྱིན་ཟས་བཞུས་པའི་དུད་སྤྲིན་འཁྲིགས། །དམ་ཚིག་སྒྲོལ་མས་ཕྱོགས་བཅུར་བསྐྱོད་པ་འདི། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་སྦྱངས་སྤེལ་བསྒྱུར། །ཕུན་ཚོགས་འདོད་ཡོན་ལྔ་ལྡན་བསང་མཆོད་འདིས། །བྱ་དཀའི་སྤྱོད་པ་རྒྱ་མཚོའི་མཐར་སོན་པས། །འབད་མེད་གཞན་དོན་མ་ལུས་ལྷུན་གྲུབ་པའི། །ཐུབ་དབང་རྒྱལ་སྲས་སློབ་མར་བཅས་རྣམས་དང་། །དཀོན་མཆོག་རྟེན་གྱུར་ཕན་བདེའི་འབྱུང་གནས་བསང་། །ཁྱད་པར་བདེ་གཤེགས་རྔ་སྒྲའི་བསྟན་པ་ལ། །རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཡིས། །ཐུགས་བསྐྱེད་རླབས་ཆེན་སྤྱོད་པས་རྒྱལ་ཀུན་གྱི། །ཕྲིན་ལས་ལྷར་གྱུར་འཕགས་མ་སྒྲོལ་མ་བསང་། །བྱང་ཆུབ་སེམས་མཆོག་རྒྱུད་ལ་སྩོལ་མཛད་པའི། །རྗེ་བཙུན་མྱུར་མ་དཔའ་མོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མཛད་པ་རྨད་བྱུང་འཕྲུལ། །གསང་སྔགས་རིག་སྔགས་གཟུངས་སྔགས་ལྷ་རྣམས་བསང་། །རྒྱལ་ཀུན་ཡུམ་གཅིག་མྱུར་མ་དཔའ་མོ་བསང་། །རྩོལ་མེད་བྱང་སེམས་རྒྱུད་ལ་སྐྱེ་བར་མཛོད། །ཤེས་རབ་མཆོག་སྦྱིིན་དབྱངས་ཅན་ལྷ་མོ་བསང་། །གནས་ལྔ་རིག་པའི་དངོས་གྲུབ་མཆོག་སྩོལ་ཅིག། །རླབས་ཆེན་སྤྱོད་མཆོག་བསོད་ནམས་མཆོག་སྟེར་བསང་། །ཚོགས་གཉིས་བསོད་ནམས་དཔལ་ལ་རྟག་ཏུ་སྦྱོར། །འཆི་མེད་དཔལ་མོ་གཙུག་ཏོར་རྣམ་རྒྱལ་བསང་། །ཚེ་ཡི་བར་ཆད་དུས་མིན་འཆི་བ་ཟློག །ཁམས་གསུམ་དབང་སྡུད་ཀུ་རུ་ཀུལླེ་བསང་། །སྲིད་ཞིའི་ཕུན་ཚོགས་མ་ལུས་འགྲུབ་པར་མཛོད། །ཕྱོགས་བཅུའི་གདོན་འཇོམས་འཇིགས་བྱེད་ཆེན་མོ་བསང་། །ལྷ་ཀླུ་གནོད་སྦྱིན་གདོན་གྱི་གནོད་པ་སྲུངས། །བདུད་སྡེའི་གཡུལ་འཇོམས་གཞན་གྱིས་མི་ཐུབ་བསང་། །གཟུགས་ཅན་གཟུགས་མེད་གཡུལ་ངོ་ཆམ་ལ་ཕོབ། །རྒོལ་ངན་ཚར་གཅོད་གཞན་མི་རྒྱལ་མཛད་བསང་། །ལོག་སྨྲའི་ངག་གི་སྤྲིན་ཕུང་དབྱིངས་སུ་གཏོར། །འཇིག་རྟེན་དབང་སྡུད་ས་གསུམ་ལས་རྒྱལ་བསང་། །ལྷ་ཀླུ་མི་ཡི་སྣང་བ་བདག་དབང་བསྡུས། །ཟས་ནོར་ཆར་འབེབས་ནོར་སྟེར་དམར་མོ་བསང་། །དབུལ་ཕོངས་བཀྲེས་སྐོམ་འཇིགས་པ་ཀུན་ལས་བསྲུང་། །བུ་དཔལ་མཆོག་སྦྱིན་བཀྲ་ཤིས་དོན་བྱེད་བསང་། །ལུགས་ཟུང་དཔལ་སྡུད་རིགས་ཀྱི་དངོས་གྲུབ་སྩོལ། །དགྲ་དཔུང་འཇོམས་མ་རྡོ་རྗེ་སྡེར་མོ་བསང་། །སྙིགས་དུས་གཡུལ་འཁྲུག་ཞེ་སྡང་མེ་ལྕེ་སོད། །སྡེ་བརྒྱད་གདོན་འཇོམས་ཁྲོ་གཉེར་ཅན་མཛད་བསང་། །དམ་མེད་སྡེ་བརྒྱད་འབྱུང་པོ་སྤ་བཀོང་ཞིག །ལས་སྒྲིབ་ཀུན་སྦྱང་རབ་ཏུ་ཞི་བ་བསང་། །བདག་གཞན་སྡིག་ལྟུང་བག་ཆགས་དྲུངས་ནས་ཕྱུང་། །རིག་སྔགས་དམོད་འཇོམས་འབར་བའི་འོད་ཅན་བསང་། །བདེན་པའི་མཐུ་གྲུབ་གཞན་རྒོལ་འཇོམས་པར་མཛོད། །ཇག་རྐུན་འདོད་བསྲུང་དཔག་མེད་གནོན་མ་བསང་། །ཙོ་ར་མི་རྒོད་དགྲ་སྡེའི་སྒོ་གསུམ་ཆིངས། །གཟའ་ཀླུའི་དུག་སེལ་རྨ་བྱ་ཆེན་མོ་བསང་། །བརྟན་གཡོ་སྣོད་བཅུད་དུག་ཀུན་སྨན་དུ་བསྒྱུར། །བྱད་ཕུར་ཀུན་འཇོམས་མི་ཕམ་རྒྱལ་མོ་བསང་། །བདག་གི་སྒོ་གསུམ་མནན་གཏད་བཅིང་བ་ཁྲོལ། །འགོ་བའི་ནད་སེལ་རི་ཁྲོད་ལྷ་མོ་བསང་། །མི་ཕྱུགས་ནད་རིམས་དུས་མིན་འཆི་བ་སྲུངས། །བདུད་ལས་རྣམ་རྒྱལ་འོད་ཟེར་ཅན་མ་བསང་། །བླ་ཚེ་རྐུ་འཕྲོག་གནོད་པའི་རྐྱེན་ཀུན་སོལ། །དེ་ལྟར་བསང་མཆོད་ཕུལ་བའི་ནུས་པ་ཡིས། །འཇིགས་པ་བཅུ་དྲུག་ལ་སོགས་མི་མཐུན་ཕྱོགས། །ཐམས་ཅད་འོད་སྟོང་ཟེར་གྱིས་མུན་པ་བཞིན། །མིང་གི་ལྷག་མ་ཙམ་དུ་ཞི་བར་མཛོད། །ཚེ་དང་དཔལ་འབྱོར་ལུང་རྟོགས་ཡོན་ཏན་ཚོགས། །དབྱར་གྱི་ཆར་རྒྱུན་འབབ་པས་རྒྱ་མཚོ་བཞིན། །རྟག་ཏུ་བྲི་བ་མེད་པར་གོང་འཕེལ་དུ། །མཐར་ཐུག་རྣམ་མཁྱེན་ཡོན་ཏན་མཆོག་ལ་སྦྱོར། །ལྷ་འདྲེ་མི་གསུམ་ཁྱད་པར་བསྟན་འགྲོ་ལ། །ཕན་པའི་བྱེད་པོ་བུ་སློབ་སྦྱིན་བདག་སོགས། །མ་ལུས་ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིན། །རང་དབང་བརྟན་པ་བྲལ་བར་དབང་སྡུས་ཤིག །ཕྱི་རྐྱེན་དགྲ་གདོན་ནང་རྐྱེན་དུག་ལྔའི་བདུད། །སྒོ་གསུམ་བར་ཆད་ལོག་འདྲེན་མ་ལུས་ཀུན། །ཁང་རུལ་གནམ་ལྕགས་འབར་བས་གཞོམས་པ་ལྟར། །སྲིད་པའི་མཐར་ཡང་ལྡང་མེད་ཚར་ཆོད་ཅིག །མདོར་ན་གནས་སྐབས་མི་མཐུན་བར་ཆད་ཞི། །འདོད་པའི་དོན་ཀུན་གེགས་མེད་ཆོས་མཐུན་འགྲུབ། །མཐར་ཐུག་གང་འབྲེལ་ཐར་པའི་ལམ་ཞུགས་ཏེ། །པོ་ཊ་ལ་རུ་འཕགས་མས་རྗེས་འཛིན་ཤོག །ཅེས་པའང་དད་ལྡན་མནྟྲ་གུ་ཧྱའི་མིང་གིས་བསྐུལ་ངོར་བན་རྒན་སྙོམ་ལས་པ་རྒྱ་སྤྲུལ་མིང་གིས་བྲིས་པ་དགེ་བར་གྱུར་ཅིག དགེའོ། །དགེའོ། །དགེའོ། །མངྒ་ལཾ།།

མགོན་པོ་ཚོགས་ཀྱི་བདག་པོའི་བསང་མཆོད་བསྡུས་པ་བདུད་རྩིའི་སྤྲིན་ཕུང་།

༄༅།། མགོན་པོ་ཚོགས་ཀྱི་བདག་པོའི་བསང་མཆོད་བསྡུས་པ་བདུད་རྩིའི་སྤྲིན་ཕུང་བཞུགས་སོ།། ན་མོ་མ་ཧཱ་ཀཱ་ལ་ཡེ། བསང་རྫས་དང་བདུད་རྩིའི་ཤིང་གི་དུད་སྤྲིན་སོགས་མཐོང་བརྒྱུད་ལྟར་བྱ་ཞིང་། རང་ཉིད་ཡི་དམ་གང་རུང་གི་སྙེམས་པས་རོལ་མོ་འཁྲོལ་བཞིན་འདི་སྐད་དོ། རྃ་ཡྃ་ཁྃ་གིས་བསང་ཤིང་སྦྱངས་ལ། ཨོཾ་ཨཱཿཧཱུྃ་གིས་སྤེལ་ནས། ཀྱེ་ཆོས་དབྱིངས་ངང་ནས་འགྲོ་བ་ཀུན། །འདུལ་ཕྱིར་ལྷ་མིའི་དགྲ་བླ་རུ། །སྐུར་བཞེངས་ས་བཅུའི་སེམས་དཔའ་མཆོག །ཚོགས་བདག་མ་ཧཱ་ཀཱ་ལ་ཆེ། །ཡུམ་སྲས་སྤྲུལ་འཁོར་གནས་འདིར་གཤེགས། །སྐྱོན་བྲལ་པདྨ་གེ་སར་དབུས། །ཐབས་ཤེས་ཉི་ཟླ་གསལ་བའི་སྟེང་། །རྟོག་བྲལ་བམ་གྱི་གདན་ཁྲི་ལ། །བརྩེ་བའི་ཐུགས་ཀྱིས་བཞུགས་སུ་གསོལ། །ཕྱི་མཆོད་ཉེར་སྤྱོད་རྣམ་ལྔ་དང་། །ནང་མཆོད་འདོད་ཡོན་ལོངས་སྤྱོད་ཚོགས། །གསང་བ་དགའ་བཞིའི་བདེ་སྟོང་གི། །ངོ་བོ་རྣམ་རིག་དབྱིངས་སུ་མཆོད། །ཁྱད་པར་ལྷ་ཤིང་བདུད་རྩིའི་བཅུད། །ཕྱེ་མར་དམ་རྫས་གོས་དཀར་མོས། །བཞུས་པའི་དུད་སྤྲིན་ཆ་ཤས་ལ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྟགས། །གཟུགས་འགྲོས་སྣ་ཚོགས་མཚར་སྡུག་སྒེག །མདོར་ན་དངོས་འབྱོར་ཡིད་སྤྲུལ་གྱི། །མཆོད་སྤྲིན་ཀུན་བཟང་རོལ་མོ་འདིས། །མགོན་པོ་ཚོགས་ཀྱི་བདག་པོ་བསང་། །ཡུམ་ཆེན་གནོད་སྦྱིན་དབང་མོ་བསང་། །ཕྱོགས་བཅུ་སྐྱོང་མཛད་མགོན་པོ་བསང་། །སྡེ་བརྒྱད་སྤྲུལ་འཁོར་དམ་ཅན་སོགས། །བསང་ངོ་བརྔན་ནོ་ཐུགས་དམ་བསྐང་། །དེ་ལྟར་བསང་ཞིང་མཆོད་ནས་ཀྱང་། །ཕྲིན་ལས་གཉན་པོ་བཅོལ་བ་ནི། །རྒྱལ་བའི་བསྟན་དང་འགྲོ་རྣམས་ཀྱི། །བདེ་སྐྱིད་ལེགས་ཚོགས་རྒྱས་པར་མཛོད། །ཁྱད་པར་ཞི་རྒྱས་དབང་དྲག་གི། །ཕྲིན་ལས་ཆར་རྒྱུན་ལེགས་བབས་མཐུས། །བདག་ཅག་མི་ནོར་འཁོར་བཅས་ཀྱི། །ཉམས་ཆག་དྲི་མ་འཁྲུད་པ་དང་། །ཚེ་བསོད་ལོ་འབྲས་རབ་སྨིན་ཞིང་། །མོས་ཚོགས་གདུལ་བྱའི་བུང་བ་འདུས། །གནོད་བྱེད་སྡང་དགྲའི་མེ་དཔུང་དབལ། །གཞིལ་ནས་འདོད་དོན་འགྲུབ་མཛད་གསོལ། །ཡང་དགོས་སྒྲུབ་པོའི་རྣལ་འབྱོར་གྱི། །ཐོས་བསམ་ཡངས་པའི་ཁང་མཛེས་ལ། །བསླབ་གསུམ་དོན་གྱི་ཀ་བ་ཚུགས། །ཞི་མཐོང་གསལ་བའི་འཆར་སྒོ་ཕྱེ། །ས་བཅུ་ལམ་ལྔའི་ཐེམ་སྐས་ལ། །བགྲོད་བཞིན་ཐར་པའི་གོ་འཕང་མཆོག །མངོན་དུ་གྱུར་ལ་གེགས་མེད་པར། །མཛོད་ཅིག་རྩ་གསུམ་སྲུང་མའི་མཐུས། །བདག་གི་འདོད་དོན་མ་ལུས་པ། །ཡིད་བཞིན་དབང་གི་རྒྱལ་པོ་ལ། །གསོལ་བ་བཏབ་བཞིན་འགྲུབ་ནས་ཀྱང་། །རང་གཞན་དོན་གཉིས་འགྲུབ་པར་སྨོན། །བཀྲ་ཤིས་རྣམ་དཀར་ཞིང་ས་ལ། །བཀྲ་ཤིས་སྐུ་བཞིའི་འབྲས་སྨིན་ནས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཀྱིས། །བཀྲ་ཤིས་བསྟན་འགྲོའི་དཔལ་དུ་ཤོག །ཅེས་འདི་རང་སློབ་དམ་པ་ཡི། །བསྐུལ་ཚིག་ཟླ་ཟེར་ཕོག་པ་ལྟར། །བློ་གྲོས་བཟང་པོའི་ཀུན་དྷ་ལས། །བྱུང་འདི་སྤྲུལ་མིང་གིས་སྨྲས་དགེ། །

མ་མགོན་ལྕམ་དྲལ་གྱི་བསང་ཡིག་བསྟན་སྲུང་དགྱེས་བསྐྱེད།

༄༅།། སྙིང་ཐིག་རྩ་བའི་སྲུང་མ་མ་མགོན་ལྕམ་དྲལ་གྱི་བསང་ཡིག་བསྟན་སྲུང་དགྱེས་བསྐྱེད་བཞུགས།

ན་མཿབཛྲ་དྷ་ར་ཡ༔ བསང་རྫས་སྣ་ཚོགས་དང་བདུད་རྩི་ཤིང་ལྔའི་བསང་དུད་གཏོང་༔ རང་ཉིད་དཔལ་ཆེན་པོར་གསལ་བས་བསང་རྫས་རྣམས༔ རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས༔ ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར༔ གཞི་དབྱིངས་སྐྱེ་བ་མེད་པ་ལས༔ གཞི་སྣང་འཁོར་འདས་གཉིས་སུ་གྲུབ༔ གཞི་རྩལ་རྩ་གསུམ་སྲུང་མར་ཤར༔ སྐུ་གསུམ་མཁའ་འགྲོའི་སྒྱུ་འཕྲུལ་གར༔ དཔལ་ལྡན་མ་མགོན་ལྕམ་དྲལ་ནི༔ རྡུལ་སྙེད་སྤྲུལ་དང་ཡང་སྤྲུལ་བཅས༔ དགྱེས་བསྐྱེད་བསང་གི་མགྲོན་དུ་གཤེགས༔ བརྩེ་བའི་ཐུགས་ཀྱིས་གདན་ལ་བཞུགས༔ གུས་པས་ཕྱག་འཚལ་མཆོད་པའི་སྤྲིན༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཕྱི་ནང་གསང་བའི་བསྐང་རྟེན་རྫས༔ མ་ཚང་མེད་པའི་བསང་མཆོད་འབུལ༔ ཡུམ་ལྔའི་ཀློང་ལས་ལེགས་སྤྲུལ་པའི༔ མ་མོ་ཨེ་ཀ་ཛ་ཊི་མ༔ གནས་མཆོག་སུམ་ཅུ་རྩ་གཉིས་དང་༔ ཡུལ་ཆེན་ཉེར་བཞིའི་མཁའ་འགྲོ་བསང་༔ རུ་ཏྲ་སྡེ་གསུམ་འདུལ་བའི་གཉེན༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མགོན་པོ་སྡེ་ལྔ་སྤྲུལ་པའི་འཁོར༔ དཔལ་མགོན་བདུན་ཅུ་རྩ་ལྔ་བསང་༔ སྒྲོལ་གིང་བཛྲ་ས་དྷུ་རྩལ༔ དགྱེས་སྡེ་བསྟན་མ་བཅུ་གཉིས་དང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སོགས༔ མ་ངེས་སྡེ་བརྒྱད་གིང་སྤྲུལ་བསང་༔ གསང་ཆེན་སྡེ་གསུམ་ཀློང་དགུ་ཡི༔ བསྟན་ལ་གནོད་པའི་ལོག་འདྲེན་དཔུང་༔ བཟོད་དཀའ་དུག་ལྔའི་རྣོ་དབལ་གྱིས༔ བརླག་མཛད་ཁྱབ་འཇུག་ཆེན་པོ་བསང་༔ འཇིགས་རུང་གདུག་པའི་མཆེ་སྡེར་ཅན༔ བཀའ་སྡོད་གདོང་མོ་རྣམ་བཞི་དང་༔ ཕྱོགས་མཚམས་ཀུན་ཏུ་རབ་རྒྱུ་བའི༔ སྤྲུལ་པའི་གཟའ་ཆེན་བརྒྱད་པོ་བསང་༔ དཀོར་སྲུང་དུར་ཁྲོད་གནས་ཉུལ་བའི༔ ཀླུ་དང་གནོད་སྦྱིན་འདྲེ་མོ་རུ༔ སྤྲུལ་མཛད་ལྷ་མོ་ངན་ནེ་མ༔ ལྕམ་དྲལ་འཁོར་དང་བཅས་པ་བསང་༔ དེ་ལྟར་བསང་མཆོད་ཏིང་འཛིན་དང་༔ སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས༔ ལྷ་རྣམས་དབང་པོའི་སྤྱོད་ཡུལ་དུ༔ ཟག་མེད་བདེ་བ་བསྐྱེད་ཕྱིར་འབུལ༔ ཐུགས་དམ་གཉན་པོ་དགྱེས་བསྐངས་ནས༔ བདག་ཅག་ལས་ཉོན་འཁྲུལ་དབང་གི༔ སྡོམ་གསུམ་དམ་ཚིག་ཉམས་འགལ་རལ༔ བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ འདོད་དོན་ཕྲིན་ལས་བཅོལ་བ་ནི༔ ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན༔ མི་ཉམས་དར་ཞིང་རྒྱས་པ་དང་༔ འགྲོ་ཀུན་བདེ་སྐྱིད་འཕེལ་བར་མཛོད༔ ཡུལ་འདིས་མཚོན་པའི་རྒྱལ་ཁམས་སུ༔ མི་ཕྱུགས་ནད་རིམས་སད་སེར་དང་༔ དུས་འཁྲུག་རྒུད་པ་དབྱིངས་སུ་ཞི༔ ཆར་ཆུ་ལོ་ཕྱུགས་ལེགས་པར་མཛོད༔ བདག་ཅག་མི་ནོར་འཁོར་བཅས་ཀྱི༔ འཇིགས་བརྒྱད་ཞི་ཞིང་འབྱོར་དྲུག་རྒྱས༔ སྣང་བ་དབང་འདུས་ལོག་འདྲེན་དཔུང་༔ མིང་གི་ལྷག་མར་ཚར་ཆོད་ཅིག༔ གནས་སྐབས་ཕྱོགས་བཅུ་གར་འགྲོ་ཡང་༔ འདོད་དོན་འབད་མེད་འགྲུབ་པ་དང་༔ རྟག་ཏུ་ཆོས་མཐུན་བསམ་སྦྱོར་ལ༔ གེགས་མེད་དོན་གཉིས་ལྷུན་གྲུབ་མཛོད༔ ཅེས་པའང་ཆོས་གྲོགས་དམ་པའི་བཀའ་བཞིན༔ ཙི་ནའི་སྤྲུལ་མིང་ལྡོམ་བུ་པས་སྨྲས་པ་ཛ་ཡནྟུ༔

རལ་གཅིག་མའི་བསང་མཆོད་བདུད་རྩིའི་ཟེགས་མ།

རལ་གཅིག་ཐུགས་ཀྱི་སྒྲུབ་པ་ལས༔ བསང་མཆོད་བདུད་རྩིའི་ཟེགས་མ་བཞུགས་སོ༔

དབྱིངས་ཀྱི་རྗེ་མོའི་སྐུ་ལ་འདུད༔ ལྷ་ཤིང་ཤུག་པ་སུར་དཀར་དང་༔ མཁན་པ་ལ་སོགས་དུད་སྤྲིན་གཏོང་༔ ཕྱེ་མར་ཇ་ཆང་ཕུད་རྣམས་དང་༔ རཏྣ་ལྔ་དང་སྤོས་སྣ་དང་༔ དར་སྣ་བསྲེགས་ལ་ཚིག་འདིས་བསྔོ༔ ཨོཾ་ཨཱཿཧཱུྃ༔ སྟོང་པའི་ངང་ལས་འབྱུང་ལྔ་ཡུམ་ལྔའི་མཁར༔ སྣ་ཚོགས་རྫས་དང་བདུད་རྩི་ཤིང་ལྔ་རྣམས༔ རབ་འབར་མེ་ཡིས་བསྲེགས་ནས་སྦྱངས་པ་ལས༔ བཛྲ་དྷུཔྤེ་པུ་ཙ་ཞེས་བརྗོད་ཅིང་༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་གར༔ རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་དང་༔ བསྐང་བའི་ཡོ་བྱད་ཀ་ཆ་དཀོར་ནོར་རྫས༔ སྲོག་ཆགས་སྣ་ཚོགས་སྔགས་ཀྱི་དམ་ཚིག་རྟེན༔ གང་ཡང་མ་ཚང་མེད་པའི་འདོད་ཡོན་རྫས༔ འདི་ཉིད་མཆོད་ཅིང་འབུལ་ཡུལ་རྩ་གསུམ་ལྷ༔ རིག་འཛིན་རྩ་བ་བརྒྱུད་པའི་བླ་མ་དང་༔ ཡི་དམ་སྒྲུབ་སྡེ་གསར་རྙིང་ལྷག་པའི་ལྷ༔ མ་མོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས༔ ཁྱད་པར་སྔགས་ཀྱི་སྲུང་མ་ཡོངས་ཀྱི་གཙོ༔ མ་མོ་ཆེན་མོ་སྨུག་ནག་རལ་གཅིག་མཆོད༔ བསང་ངོ་བརྔན་ནོ་ཉམས་ཆག་དབྱིངས་སུ་བཤགས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ འཁོར་གྱི་མ་མོ་འབུམ་ཕྲག་གྲངས་མེད་མཆོད༔ བསང་ངོ་བརྔན་ནོ་ཉམས་ཆག་དབྱིངས་སུ་བཤགས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ སྲོག་བདག་ཚངས་པ་རྒྱལ་འགོང་དཀོར་བདག་འབུམ༔ གཤིན་རྗེའི་མི་ཟད་དམ་ཉམས་སྲོག་གི་གཤེད༔ བཙན་རྒོད་དམར་པོ་གྲི་ཐབ་གཟེར་ནད་གཏོང་༔ བདུད་ནག་རལ་པ་ཚལ་དགུ་བྲན་དང་བཅས༔ བསང་ངོ་བརྔན་ནོ་ཉམས་ཆག་དབྱིངས་སུ་བཤགས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཀླུ་བདུད་མགོ་དགུ་དགྲ་ལ་མཛེ་ནད་གཏོང་༔ ཁྱབ་འཇུག་ཆེན་པོ་གཟའ་བརྒྱད་རྒྱུ་སྐར་ཚོགས༔ རྡོ་རྗེ་འབར་བ་ཐན་འགྱེད་ཐོག་སེར་བདག༔ དཔལ་ལྡན་རེ་ཏི་གཙུག་ལག་ཆོས་སྐྱོང་ཚོགས༔ བསང་ངོ་བརྔན་ནོ་ཉམས་ཆག་དབྱིངས་སུ་བཤགས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ གཞན་ཡང་འགོ་བའི་ལྷ་ལྔ་ལ་སོགས་པའི༔ ཕན་གྲོགས་བྱེད་པའི་ལྷ་དང་སྲུང་མའི་ཚོགས༔ སློབ་དཔོན་ཕ་མྱེས་མི་རབས་ཆོས་བརྒྱུད་ལ༔ གནས་ཤིང་འགོ་བའི་དཀར་ཕྱོགས་སྐྱོང་རྣམས་མཆོད༔ བསང་ངོ་བརྔན་ནོ་ཉམས་ཆག་དབྱིངས་སུ་བཤགས༔ རྣམ་བཞིའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ དེ་ལྟར་མཆོད་ཅིང་བསང་གིས་བརྔན་པའི་མཐུས༔ བདག་ཅག་མི་ནོར་འཁོར་བཅས་རྟག་ཏུ་སྲུངས༔ ཚེ་བསོད་སྤེལ་ཞིང་སྡང་དགྲ་རྡུལ་དུ་རློགས༔ སངས་རྒྱས་བསྟན་སྲུང་སེམས་ཅན་བདེ་སྐྱིད་ལྡན༔ ཅི་བསམ་མ་ལུས་ཡིད་བཞིན་འགྲུབ་པར་མཛོད༔ ས་མ་ཡཱ༔ དེ་ལྟར་བསང་བའི་ཡོན་ཏན་གྱིས༔ གང་གི་བསམ་དོན་འགྲུབ་པར་འགྱུར༔ གུ་ཧྱཿ སྔགས་སྲུང་རལ་གཅིག་མའི་ཆ་ལག་བསང་མཆོད་ལུང་རིག་གླིང་པས་དག་པར་ཕབས་པའོ༔

གུ་རུ་དྲག་པོའི་བཀའ་གཏེར་སྲུང་མའི་བསང་མཆོད་འདོད་དོན་མྱུར་འགྲུབ།

༄༅།། རཏྣའི་གཏེར་བྱོན་གུ་རུ་དྲག་པོའི་བཀའ་གཏེར་སྲུང་མའི་བསང་མཆོད་འདོད་དོན་མྱུར་འགྲུབ་བཞུགས་སོ།། ཨོཾ་ཨཱཿཧཱུྃ། རྒྱལ་ཀུན་ངོ་བོ་པདྨ་ཐོད་ཕྲེང་རྩལ། །རྒྱལ་བསེན་གདུག་པ་འདུལ་ཕྱིར་ཆེར་ཁྲོས་པ། །གུ་རུ་དྲག་པོའི་ལྷ་ཚོགས་འཁོར་བཅས་ལ། །ཟག་མེད་འདོད་ཡོན་ལྔ་ལྡན་བསང་མཆོད་འབུལ། །དེ་ཡི་བཀའ་ཉན་གདུག་ཅན་སྲོག་གི་གཤེད། །བདུད་བཙན་ཀླུ་གསུམ་དགེ་བསྙེན་བསྙོན་ཁར་བཅས། །སྔོན་གྱི་ཐ་ཚིག་གཉན་པོས་རྒྱུད་བསྐུལ་ནས། །རྣམ་བཞིའི་ཕྲིན་ལས་བསྒྲུབ་ཕྱིར་གནས་འདིར་གཤེགས། །རང་མཐུན་སྤྲུལ་པའི་གདན་ལ་དགྱེས་པར་རོལ། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་བ་དང་། །འགལ་རྐྱེན་བར་ཆད་སེལ་ཕྱིར་གུས་པས་འདུད། །ཕྱི་ནང་གསང་མཆོད་ཁྱད་པར་མཐུན་རྫས་ཀྱིས། །སྤུ་གྲི་མཆེད་གསུམ་བདུད་པོ་ཟླ་བའི་གདོང་། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ཐུགས་དམ་བསྐང་། །ཡང་དགོས་ས་ཐབ་སངས་རྒྱས་སྤྱན་མའི་མཁར། །བདུད་རྩིའི་ཤིང་ལྔ་ཕྱེ་མར་གསེར་སྐྱེམས་ཕུད། །གོས་དཀར་ལྷ་མོས་བཞུས་པའི་དུད་སྤྲིན་ལས། །མཆོད་རྫས་ཡོ་བྱད་མ་ཚང་མེད་པ་འདི། །དམ་ཚིག་སྒྲོལ་མས་ས་གསུམ་རབ་བཀང་བར། །ཏིང་འཛིན་སྔགས་དང་ཕྱག་རྒྱས་སྤེལ་ཞིང་བསྒྱུར། །བདུད་བཙན་ཀླུ་གསུམ་དགེ་བསྙེན་བསྙོན་ཁ་དང་། །ཞིང་སྐྱོང་ཡབ་ཡུམ་སྤྲུལ་པ་ཡང་སྤྲུལ་ལ། །སྒོ་གསུམ་རབ་གུས་དད་པས་བསང་མཆོད་འབུལ། །དབང་པོ་དྲུག་ལ་ཟག་མེད་བདེ་བ་ཆེས། །དགྱེས་པ་རབ་བསྐྱེད་པདྨ་དྲག་པོ་དང་། །ཟབ་གཏེར་མཛོད་འཛིན་རཏྣ་གླིང་པ་སོགས། །རིག་འཛིན་བརྒྱུད་པའི་བཀའ་བསྒོས་དམ་བཞག་བཞིན། །རྒྱལ་བསྟན་བསྲུང་ཞིང་བསྟན་འཛིན་བཞེད་དོན་འགྲུབ། །སྐུ་ཚེའི་མཛད་ཕྲིན་ཡར་ཟླའི་རྗེས་འགྲོ་ཞིང་། །རེ་ཞིང་ལྟོས་པའི་སྦྱིན་བདག་འཁོར་བཅས་ཀྱི། །འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་ལེགས་ཚོགས་རྒྱས། །འདོད་དོན་དབང་འདུས་ལོག་འདྲེན་དྲག་པོས་ཟློག །མདོར་ན་ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་ལྷ་གྲོགས་དམ་པས་བསྐུལ་ངོར་འདུ་ཤེས་གསུམ་པ་ཙི་ནའི་སྤྲུལ་མིང་པས་སོ།།

རྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད་བདུད་རྩིའི་ཆར་རྒྱུན།

༄༅།། རྡོ་རྗེ་གཡུ་སྒྲོན་མའི་བསང་མཆོད་བདུད་རྩིའི་ཆར་རྒྱུན་བཞུགས། ན་མོ་པདྨ་ཀཱ་ར་ཡེ། བསང་རྫས་དཀར་དམར་ཟས་ཕུད་སྐྱེམས། །བདུད་རྩི་ཤིང་ལྔའི་དུད་པ་གཏོང་། །རང་ཉིད་པད་འབྱུང་སྐུར་གསལ་བའི། །ཐུགས་ཀའི་འོད་ཀྱིས་བསང་མགྲོན་བཀུག །བསང་རྫས་སྔགས་དང་ཕྱག་རྒྱ་ཡིས། །ཟག་མེད་བདུད་རྩིར་སྤེལ་ཏེ་འབུལ།། ཀྱཻ། སྐྱེ་མེད་ཆོས་དབྱིངས་མཐའ་བྲལ་ནམ་མཁའ་ནས། །མ་འགགས་རང་རྩལ་སྙིང་རྗེའི་ཉི་གཞོན་གྱིས། །བསྟན་འགྲོའི་ལེགས་ཚོགས་པད་ཚལ་བཞད་མཛད་པའི། །བསྟན་སྐྱོང་དབང་མོ་རྡོ་རྗེ་གཡུ་སྒྲོན་མ། །སྨན་བཙུན་མཆེད་ལྔ་རྡུལ་སྙེད་སྤྲུལ་པའི་འཁོར། །རྣལ་འབྱོར་དད་དམ་གདུང་བས་སྤྱན་འདྲེན་ན། །བརྩེ་ཆེན་ཐུགས་རྗེའི་ཤུགས་ཀྱིས་གནས་འདིར་གཤེགས། །རང་སྣང་དག་པའི་དབྱིངས་སུ་དགྱེས་པར་བཞུགས། །བསྟན་འགྲོར་སྲུང་སྐྱོབ་མཛད་ཕྱིར་གུས་ཕྱག་འཚལ། །ལྷ་ཚོགས་དབང་པོ་དྲུག་ལ་དགྱེས་བསྐྱེད་པའི། །ཕྱི་ནང་གསང་བའི་མཆོད་སྤྲིན་རབ་འབྱམས་དང་། །ཁྱད་པར་ས་ཐབ་སངས་རྒྱས་སྤྱན་མའི་མཁར། །བདུད་རྩི་ཤིང་ལྔ་བཟའ་བཏུང་དར་གོས་སྨན། །རིན་ཆེན་འབྲུ་ལྔ་གོས་དཀར་མོས་སྦྱངས་ཤིང་། །བདག་ཉིད་ཆེན་མོས་བྲན་པས་དུད་པའི་སྤྲིན། །དམ་ཚིག་སྒྲོལ་མས་ལྷ་ལམ་ཀུན་ཁྱབ་པའི། །ཟག་མེད་བདུད་རྩི་སྤྲིན་གྱི་ཕུང་པོར་འཁྲིགས། །ཀུན་བཟང་མཆོད་པར་འགྲན་པའི་བསང་དུད་འདིས། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་བསྟན་སྲུང་མ། །སྨན་བཙུན་རྡོ་རྗེ་གཡུ་ཡི་སྒྲོལ་མ་བསང་། །བསྟན་མ་བཅུ་གཉིས་ཡང་འཁོར་སྤྲུལ་པ་བསང་། །གཞན་ཡང་ཕྱག་རྫོགས་དབུ་གསུམ་སྲུང་མ་བསང་། །བདག་ཅག་སྒོ་གསུམ་བག་མེད་ཉོན་མོངས་མཐུས། །སྡོམ་གསུམ་ཉམས་ཆག་དམ་གྲིབ་ཉེས་པའི་སྐྱོན། །ལྷ་དང་སྲུང་མར་གྲིབ་ཀྱིས་ཕོག་པ་བསང་། །ཐུགས་རྒྱུད་མཉེས་ནས་དུས་རྣམས་ཐམས་ཅད་དུ། །བརྩེ་བའི་སྤྱན་གྱིས་གཟིགས་པ་མི་འདོར་བར། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་སྤེལ་བ་ཡི། །དགེ་འདུན་སྡེ་གཉིས་དབྱར་མཚོ་ལྟར་འཕེལ་ཞིང་། །བསྟན་པའི་སྦྱིན་བདག་སྡེར་བཅས་རྒྱས་པར་མཛོད། །ཁྱོད་ནི་སྲིད་ཞིའི་ཁམས་ལ་དབང་བསྒྱུར་བས། །འཆི་མེད་ཚེ་དང་འཛད་མེད་ཟས་དང་ནོར། །རིགས་རྒྱུད་སྲིད་སོགས་ལེགས་དགུའི་དངོས་པོ་ཡིས། །དུས་ཀུན་བདག་ཅག་བདེ་སྐྱིད་ལ་རོལ་མཛོད། །གཞན་ལ་ཤྭོ་དང་རྒྱན་འགྱེད་སྟོབས་རྩལ་འགྲན། །ཀུན་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །མི་མཐུན་དགྲ་བགེགས་ལོག་འདྲེན་དཔུང་དང་བཅས། །མཐུ་སྟོབས་བསྐལ་མེ་འབར་བས་རྡུལ་དུ་རློགས། །མཐོ་ལ་ཞུ་དང་དམའ་ལ་བཀའ་བསྒོ་དང་། །མཉམ་དང་འགྲན་འོས་མགྲོན་དང་ཚོང་ལ་སོགས། །ལུགས་ཟུང་ཆོས་མཐུན་བྱ་བ་གང་བརྩམས་ཀྱང་། །ཡིད་ལ་སྨོན་བཞིན་འགྲུབ་པའི་སྡོང་གྲོགས་མཛོད། །ཁྱད་པར་ཐེག་བརྒྱད་གྲུབ་མཐའི་ཝ་སྐྱེས་ཁྱུ། །ཟིལ་གནོན་རྫོགས་པ་ཆེན་པོ་གདོང་ལྔའི་སྒྲས། །ཡིད་དཔྱོད་སྟོང་ལྟའི་ལམ་དུ་མི་གོལ་བར། །ཚེ་འདིར་འཇའ་ལུས་གངས་རིའི་རྩེར་འགྱིང་མཛོད། །མདོར་ན་འདི་དང་ཕྱི་མར་སྒྲིབ་པའི་རྐྱེན། །མ་ལུས་ཞི་ཞིང་ས་ལམ་ཡོན་ཏན་ཀུན། །རང་རྒྱུད་ཡེ་གནས་དབྱིངས་ཀྱི་རང་མདངས་ཉིད། །མངོན་དུ་བྱེད་པའི་གཉེར་ཁ་ཁྱོད་ཀྱིས་ལོངས། །གང་བཅོལ་ཕྲིན་ལས་ཡིད་བཞིན་མྱུར་འགྲུབ་མཛོད། །ཅེས་པའང་ལྷ་གྲོགས་སྙིང་གི་ཐིག་ལེ་གང་གི་བཀའ་ཕེབས་བཞིན་ཀུ་སུ་ལུ་བ་རྒྱ་སྤྲུལ་མིང་གིས་བྲིས་པ་དགེ་ལེགས་འཕེལ།།

གཡུ་སྒྲོན་མའི་བསང་བསྡུས་མཆོད་པའི་ཟེགས་མ།

༄༅།། གཡུ་སྒྲོན་མའི་བསང་བསྡུས་མཆོད་པའི་ཟེགས་མ་ནི། ཀྱཻ། སྐྱེ་མེད་ཆོས་སྐུའི་མཁའ་དབྱིངས་སུ། །མ་འགགས་ཐུགས་རྗེས་ཉིན་མོར་བྱེད། །བསྟན་འགྲོར་ཕན་བདེའི་སྣང་བ་མཆོག །སྦྱིན་མཛད་རྡོ་རྗེ་གཡུ་སྒྲོན་མ། །རྡུལ་སྙེད་འཁོར་བཅས་འདིར་གཤེགས་ཤིག །རང་སྣང་དག་པའི་སྟན་ལ་རོལ། །གུས་པའི་ཕྱག་འཚལ་མཆོད་ཅིང་བསྟོད། །ཡུམ་ལྔའི་ཀློང་ལས་ལེགས་ཤར་བའི། །བསང་རྫས་བདུད་རྩིའི་དུད་སྤྲིན་འཁྲིགས། །སྔགས་དང་ཕྱག་རྒྱས་བྱིན་རླབས་མཐུས། །ཕྱི་ནང་མཆོད་རྫས་མ་ཚང་མེད། །རྫོགས་ཆེན་བསྟན་པའི་གཉེར་འཛིན་པའི། །གཡུ་སྒྲོན་བསྟན་མའི་ཚོགས་དང་བཅས། །བསང་ངོ་ཐུགས་དམ་གཉན་པོ་བསྐང་། །གྲིབ་དང་མི་གཙང་དབྱིངས་སུ་དག །ལས་བཞིའི་ཕྲིན་ལས་ཡིད་བཞིན་སྒྲུབས། །ཞེས་པའང་བླུན་རྨོངས་རྒྱ་སྤྲུལ་པས་སྨྲས་པའོ།།

ཡུལ་ལྷའི་མནོལ་བསང་བདུད་རྩིའི་རྒྱུན་འབེབས།

༄༅།། ཡུལ་ལྷའི་མནོལ་བསང་བདུད་རྩིའི་རྒྱུན་འབེབས་བཞུགས། ཀྱཻ། འཁོར་འདས་ཆོས་ཀུན་ཡེ་གནས་སྟོང་པའི་གཤིས། །མ་སྐྱེས་མི་འགག་སྨྲ་བསམ་བརྗོད་ལས་འདས། །གཙང་དང་མི་གཙང་རྡུལ་ཙམ་མ་མཆིས་པས། །མནོལ་གྲིབ་བག་ཆགས་མིང་ཡང་མ་གྲུབ་ཀྱང་། །རྟེན་འབྲེལ་སྣང་ཚུལ་རྨི་ལམ་སྒྱུ་མ་ལྟར། །ནམ་ཡང་བསླུ་མེད་ཀུན་རྫོབ་སྣང་ངོར་བདེན། །དེ་ཕྱིར་ཡུལ་ལྷ་མཐོན་པོ་སྤྲུལ་འཁོར་གྱི། །མི་གཙང་དྲི་མའི་རྙོག་མ་དབྱིངས་སུ་བསང་། །རང་ཉིད་རྩ་གསུམ་ཀུན་འདུས་པདྨ་འབྱུང་། །དཀར་དམར་ཁྲོ་འཛུམ་ཟ་ཧོར་རྒྱལ་པོའི་ཆས། །རྡོ་རྗེ་ཐོད་བུམ་ཁ་ཊཱཾ་ཕྱག་རྒྱ་མཛེས། །པད་ཞྭ་རྒོད་ལྡེམ་རྒྱལ་པོ་རོལ་སྟབས་ཀྱིས། །པད་ཟླའི་གདན་ལ་འགྱིང་ཞིང་བདུད་དཔུང་འཇོམས། །ཐུགས་ཀའི་འོད་ཀྱིས་ཡུལ་འདིའི་གཞི་བདག་ཚོགས། །མ་ལུས་གནས་འདིར་སྤྱན་དྲངས་དགྱེས་བཞིན་བཞུགས། །དུ་བའི་སྟེང་དུ་ཡི་གེ་དྷུ་ཡིག་ལས། །བདུག་སྤོས་ལྷ་མོ་བདུད་རྩིའི་ཁྲུས་བུམ་གྱིས། །ལྷ་ཚོགས་མི་གཙང་མནོལ་གྲིབ་བཀྲུ་བ་དང་། །འདོད་ཡོན་ལྔ་དང་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་སྤྲིན་ལས་ཆར་བཞིན་འབབས། །ཡུལ་ལྷ་མ་ལུས་བྱིང་རྨུགས་འཐིབས་པ་སེལ། །དབང་པོ་དྲུག་ལ་ཟག་མེད་བདེ་བསྐྱེད་གྱུར། །བཛྲ་དྷུཔྤེ་པཱུ་ཙ་ཧཱུྃ་བརྗོད་པས། །བྱིན་རླབས་ཡོན་ཏན་སྲིད་མཐར་ཟད་མེད་བསམ། །ལུས་ལ་ལྷན་ཅིག་སྐྱེས་པའི་ཕྲག་ལྷ་ལ། །མནོལ་གྲིབ་སེལ་བའི་བསང་མཆོད་འདི་ཕུལ་བས། །དམེ་ནལ་ཡུགས་སས་ཕོག་དང་ཟས་གོས་རྒྱན། །མི་གཙང་སྐྱོན་གྱིས་གོས་པ་བསང་གྱུར་ཅིག །ཡུལ་འདིར་གཏན་དུ་ཆགས་པའི་ཡུལ་ལྷ་ལ། །དག་བྱེད་བདུད་རྩིའི་བསང་མཆོད་འདི་ཕུལ་བས། །མཛེ་གྲིབ་རོ་གྲིབ་བྱད་ཕུར་གཏད་ཁྲམ་གྱིས། །དབུ་འཕང་སྨད་དང་དབང་པོ་ཉམས་པ་ཀུན། །ཆོས་དབྱིངས་དྲི་མེད་ངང་དུ་བསང་གྱུར་ཅིག །དཔའ་རྩལ་སྐྱེན་གསུམ་འཛོམས་པའི་མི་རྒྱུད་རིགས། །རྟག་ཏུ་སྲུང་སྐྱོབ་མཛད་པ་ཕ་ལྷ་ལ། །རྣམ་དག་གཙང་མའི་མནོལ་བསང་འདི་ཕུལ་བས། །གླེན་ལྐུགས་ཞ་གྲུམ་འོན་ལོང་ཉེས་སྐྱོན་གྲིབ། །བརྗོད་མེད་དོན་དམ་ཀློང་དུ་བསང་གྱུར་ཅིག །མཛེས་སྡུག་མཛངས་འཕྲུལ་བུད་མེད་རིགས་རྣམས་ལ། །ཕན་གྲོགས་སྟོངས་མཛད་མ་ལྷ་མ་སྨན་ལ། །དམེ་མནོལ་དམ་ཉམས་གྲིབ་ཀྱིས་ཕོག་པ་ཀུན། །ཟག་མེད་བདེ་སྟེར་བསང་མཆོད་འདི་ཕུལ་བས། །དམིགས་མེད་ཡང་དག་ཀློང་དུ་བསང་གྱུར་ཅིག །སྔོན་ལས་དང་འབྲེལ་ཡུན་དུ་འཚོ་མཛད་པའི། །ཕུང་ལྔ་བརྟན་པར་བྱེད་པའི་སྲོག་ལྷ་ལ། །གཞན་གྱིས་བརྐུས་འཕྲོག་ཟད་དང་འཐོར་འཁྱམས་གྲིབ། །གཙང་བྱེད་བདུད་རྩིའི་བསང་མཆོད་འདི་ཕུལ་བས། །མི་ཤིགས་འགྱུར་མེད་ཀློང་དུ་བསང་གྱུར་ཅིག །ཁྱད་པར་ཡུལ་ལྷ་གཉན་པོ་འཁོར་དང་བཅས། །འབྱུང་པོ་ཡུལ་ཕུད་གཞན་དུ་འཁྱམས་སྲིད་ན། །རིག་འཛིན་བརྒྱུད་པའི་བཀའ་དམ་བྱིན་ནུས་མཐུས། །རང་ཡུལ་བརྟན་ཆགས་དབུ་འཕང་དགུང་ལས་མཐོ། །མི་ཕྱུགས་སྲུང་སྐྱོབ་རྡོ་རྗེའི་ར་གུར་བཙན། །བཀྲག་མདངས་གཟི་བརྗིད་ཉི་ཟླའི་འོད་ལྟར་གསལ། །ཉམས་ཆག་ཕོག་གྲིབ་ཉེས་པ་སོར་ཆུད་ནས། །དེ་མཐུས་ཕྱི་སྣོད་ཆར་ཆུ་དུས་སུ་འབེབས། །ལོ་འབྲས་བཅུད་སྨིན་ཕྱུགས་ཀྱི་གཡང་མཛོད་འཁྱིལ། །ནང་བཅུད་སེམས་ཅན་བདེ་སྐྱིད་དཔལ་གྱིས་འཚོ། །རྣམ་དཀར་དགེ་བཅུའི་མཛད་པ་མཐར་ཕྱིན་ནས། །བསྟན་འཛིན་སྐྱེས་བུ་ཐུགས་མཐུན་བཞེད་དོན་འགྲུབ། །བསྟན་པའི་ཞབས་ཏོག་སྦྱིན་བདག་དར་ཞིང་རྒྱས། །ཅི་བསམ་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །བསྐྱེད་རིམ་ལྷར་སྣང་སྟོང་པའི་ངང་དུ་བཞག །དགེ་བས་འགྲོ་ཀུན་གནས་སྐབས་བདེ་ཞིང་སྐྱིད། །མཐར་ཐུག་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་འགོ་བའི་ལྷ་ལྔའི་མནོལ་བསང་བསྡུས་པ་འདི། དད་ལྡན་སྦྱིན་བདག་རྣམས་ཀྱིས་བསྐུལ་ངོར་བན་རྒན་རྒྱ་སྤྲུལ་མིང་གིས་བྲིས་ཏེ་ཕུལ་བས་ཡུལ་ལྷའི་ཚོགས་རྣམས་བྱིང་རྨུགས་དབྱིངས་སུ་བྱང་ནས་དབུ་འཕང་མཁའ་ལ་སྙེགས་པའི་རྒྱུར་གྱུར་ཅིག །

ཡུལ་ལྷ་རྡོ་རྗེ་དབྱི་ཕྲོམ་གྱི་བསང་མཆོད་ཉུང་ངུར་བསྡུས་པ་བདུད་རྩིའི་སྤྲིན་ཕུང་།

༄༅།། ཡུལ་ལྷ་རྡོ་རྗེ་དབྱི་ཕྲོམ་གྱི་བསང་མཆོད་ཉུང་ངུར་བསྡུས་པ་བདུད་རྩིའི་སྤྲིན་ཕུང་བཞུགས་སོ།། ན་མོ་གུ་རུ་པདྨ་ཀཱ་ར་ཡེཿ ཕྱེ་མར་སྐྱེམས་ཕུད་དར་སྣ་འབྲུ་སྨན་སོགས། །བསང་རྫས་སྣ་ཚོགས་བདུད་རྩི་ཤིང་ལྔ་ཡི། །དུད་སྤྲིན་ལྷ་ལམ་ཁྱབ་པའི་སྟ་གོན་དང་། །རང་ཉིད་ཡི་དམ་གང་ཡིན་ང་རྒྱལ་གྱིས། །རོལ་མོ་སྒྲོག་བཞིན་གདུང་བའི་དབྱངས་དང་བཅས། ། རྃ་ཡྃ་ཁྃ་གིས་བསང་རྫས་དངོས་འཛིན་སྦྱངས། །ཨོཾ་ཨཱཿཧཱུྃ་གིས་གང་འདོད་མཆོད་སྤྲིན་སྤེལ། །ཀྱེ། རྣམ་དག་ཆོས་སྐུའི་མཁའ་དབྱིངས་ལས། །རྣམ་མང་ལོངས་སྤྲུལ་ཆུ་ཟླའི་གར། །རྩ་གསུམ་སྲུང་མ་ཡུལ་ལྷར་ཤར། །ཁྱད་པར་མདོ་ཁམས་སྒང་དྲུག་གི། །གཞི་བདག་ཡུལ་ལྷ་ཆེ་ཕྲའི་གཙོ། །གཏེར་སྲུང་རྡོ་རྗེ་དབྱི་ཕྲོམ་རྩལ། །སྔོན་ཚེ་བསྐལ་པའི་དང་པོ་ལ། །གཤེན་རབ་བོན་ལ་ཐ་ཚིག་སྔ། །བར་དུ་རྣམ་སྣང་ལོ་ཙཱ་བ། །རོང་ཆེན་བཞི་ཡི་གདུལ་བྱ་རྣམས། །གསང་ཆེན་ཐེག་པའི་ཉེ་ལམ་ལ།།འགོད་ཕྱིར་རྒྱལ་མོ་རོང་དུ་ཕེབས། །དེ་ཚེ་ནག་ཕྱོགས་ལྷ་སྲིན་ཀུན། །གནོད་འཚེའི་བར་ཆད་ལ་ཞུགས་ཚེ། །སྟོན་འཁོར་དགོངས་པ་གཅིག་པ་ཡི། །ཐུགས་དམ་གསོལ་འདེབས་ཀྱིས་བསྐུལ་བས། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །གུ་རུ་དྲག་པོའི་བརྟུལ་ཞུགས་ཀྱིས། །སྟག་ཞོན་མཁའ་ལ་རླུང་ལྟར་བསྐྱོད། །བོད་ཁམས་ལྷ་སྲིན་མ་ལུས་པ། །བསྟན་འགྲོར་ཕན་བདེ་སྤེལ་བའི་ཆེད། །འགྱུར་མེད་བཀའ་དང་དམ་ལ་བཏགས། །ཐ་མ་འོ་བྲན་དབང་ཕྱུག་གི། །ཟློས་གར་འགྱུར་མེད་རྒྱལ་མཚན་སོགས། །གསུམ་ལྡན་རྩ་བརྒྱུད་བླ་མ་ཡིས། །སྨིན་གྲོལ་བདུད་རྩིས་དབུགས་དབྱུང་མཛད། །དོན་ལ་འཕགས་མཆོག་མིག་མི་འཛུམ། །གདུལ་བྱའི་དབང་གིས་ཡུལ་ལྷའི་ཚུལ། །ལྷ་ཡི་དགེ་བསྙེན་མཐུ་རྩལ་ཅན། །རྡོ་རྗེ་དབྱི་ཕྲོམ་ཡུམ་སྤྲུལ་འཁོར། །སངས་རྒྱས་བསྟན་པའི་ཆོས་སྒོར་བཙུད། །ཆོས་ནོར་ཟབ་གཏེར་སྲུང་མར་བསྐོས། །དེ་ཚེ་ཁས་བླངས་དམ་བཅས་བཞིན། །འགྲོ་བའི་བདེ་སྐྱིད་སྤེལ་བ་དང་། །རྒྱལ་བསྟན་མི་ནུབ་དར་རྒྱས་ཕྱིར། །རྣལ་འབྱོར་ཕྲིན་ལས་སྒྲུབ་པའི་སླད། །མཁའ་ལ་སྤྲིན་གྱི་ལྕུག་མ་ལྟར། །དད་དམ་དྲག་པོས་རྒྱུད་བསྐུལ་ཏེ། །འདིར་གཤེགས་བསང་གི་མཆོད་པ་བཞེས། །ས་ཐབ་སངས་རྒྱས་སྤྱན་མའི་མཁར། །བདུད་རྩི་ཤིང་ལྔ་ཕྱེ་མར་ཕུད། །སྨན་སྤོས་འབྲུ་སྣ་དར་ཟབ་གོས། །ཟག་མེད་སྨན་རཀ་གཏོར་གསུམ་སོགས། །ཡེ་ཤེས་མེ་ཡིས་བསྲེགས་པ་ལས། །དུད་པས་ས་གསུམ་གནས་ཀུན་ཁྱབ། །རྣལ་འབྱོར་ལྷ་སྔགས་ཕྱག་རྒྱའི་མཐུས། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་གཟུགས་སྒྲ་དྲི་རོ་རེག །རྨད་བྱུང་འདོད་པའི་ཡོན་ཏན་ལྔ། །རྩ་གསུམ་དམ་ཅན་སྲུང་མ་དང་། །ཁྱད་པར་ཡུལ་ལྷ་གཞི་བདག་གི། །དབང་པོ་དྲུག་གི་སྤྱོད་ཡུལ་དུ། །བདེ་སྟོང་ཡེ་ཤེས་བསྐྱེད་ནུས་པའི། །ངོ་མཚར་འདོད་རྒུའི་བསང་མཆོད་འདིས། །བཀའ་དྲིན་གསུམ་ལྡན་བླ་མ་སོགས། །རྩ་བ་བརྒྱུད་པ་ཐམས་ཅད་བསང་། །མཆོག་ཐུན་དངོས་གྲུབ་འདོད་འཇོའི་གཏེར། །ཡི་དམ་ཞི་ཁྲོའི་ཚོགས་ཀུན་བསང་། །ལེགས་ཉེས་སྟངས་འཛིན་བར་ཆད་སེལ། །གནས་གསུམ་མཁའ་འགྲོ་རྒྱ་མཚོ་བསང་། །རྣལ་འབྱོར་དམ་ལྡན་སྲུང་བའི་ལྷ། །དམ་ཉམས་ཞིང་བཅུ་སྒྲོལ་བའི་བདུད། །དྲག་རྩལ་མྱུར་མགྱོགས་ཆེ་བའི་བཙན། །མ་ངེས་སྤྲུལ་པའི་སྒྱུ་འཕྲུལ་ཅན། །ཡུལ་ལྷ་རྡོ་རྗེ་དབྱི་ཕྲོམ་བསང་། །དགྱེས་སྡེ་བཙུན་མོའི་ཚོགས་ཀུན་བསང་། །བཀའ་སྡོད་བློན་འབངས་སྤྲུལ་འཁོར་བསང་། །ཞི་རྒྱས་དབང་དྲག་ལས་མཛད་ཕྱིར། །དཀར་གསལ་དུང་མདངས་བཙོ་མ་གསེར། །བསེ་ལྕགས་སྨུག་པོའི་ཁ་དོག་ངོམ། །རྩལ་ཆེན་ཅང་ཤེས་གདོང་ལྔའི་དབང་། །གཡུ་འབྲུག་འཇིགས་རུང་སྟག་ཆུ་སྲིན། །སྣ་ཚོགས་ཞོན་པའི་རྫུ་འཕྲུལ་སྟོན། །ཕྱག་མཚན་བ་དན་གཏེར་སྒྲོམ་དང་། །ནོར་བུ་ལྕགས་ཀྱུ་གནམ་ལྕགས་མདའ། །མ་ངེས་སྣ་ཚོགས་ཆོ་རོལ་འགྱེད། །དོན་ལ་ས་བརྒྱད་བྱང་ཆུབ་སེམས། །རྒྱལ་བསྟན་སྐྱོང་དང་འགྲོ་ཀུན་གྱི། །བདེ་སྐྱིད་སྤེལ་མཛད་ཁྱོད་ལ་བསྟོད། །རྣལ་འབྱོར་ཕྲིན་ལས་བཅོལ་བ་ནི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་སྲུངས། །དེ་འཛིན་བཤེས་གཉེན་སྐུ་ཚེ་སྲིངས། །མཛད་ཕྲིན་ཡར་ཟླ་ལྟར་འཕེལ་མཛོད། །ཡངས་པའི་རྒྱལ་ཁམས་སྤྱི་དང་ནི། །ཁྱད་པར་བོད་ཁམས་སྐྱེ་འགྲོ་ཡི། །ནད་གདོན་འཇིགས་བརྒྱད་ཀུན་ཞི་ཞིང་། །ཚེ་བསོད་ལེགས་ཚོགས་ཡོན་ཏན་རྒྱས། །གང་འདོད་སྣང་བ་དབང་དུ་འདུས། །དུས་གསུམ་གནོད་པའི་དགྲ་དང་བགེགས། །ཕྲིན་ལས་དྲག་པོས་ཚར་གཅོད་ཅིང་། །ཡང་དགོས་ཡུལ་འདིའི་མི་དབང་དང་། །ཆོས་གྲྭ་སྡེ་སྲིད་བཅས་པ་ལ། །དངོས་སུ་འཚེ་ཞིང་མི་མངོན་པའི། །ལོག་པའི་བསམ་སྦྱོར་དང་ལེན་པ། །དམིགས་པའི་ཡུལ་དུ་གྱུར་པ་ལ། །དཀར་ཕྱོགས་ལྷ་དང་སྲུང་མ་དང་། །ཡུལ་ལྷའི་བཀའ་ཆད་གནམ་ལྕགས་མདས། །ལོག་འདྲེན་མི་ནོར་ཁང་རུལ་རྫོངས། །རྡུལ་ཕྲན་མིང་གི་ལྷག་མ་རུ། །མྱུར་དུ་བརླག་པའི་ཕྲིན་ལས་མཛོད། །བཀྲ་ཤིས་བདུད་རྩིའི་ཆར་ཆེན་པོས། །བསྟན་འགྲོའི་ཕན་བདེའི་ལོ་འབྲས་སྨིན། །ཀུན་ཀྱང་བདེ་སྐྱིད་དཔལ་ཡོན་ལ། །རྟག་པར་སྤྱོད་པའི་དགེ་ལེགས་སྩོལ། །ཅེས་འདི་དད་དང་དམ་ཚིག་གིས། །བྱང་ཆུབ་བར་དུ་འབྲེལ་བའི་སྤུན། །ཟབ་གཏེར་མཁའ་འགྲོའི་ལུང་བྱང་ལས། །བྱུང་བའི་ལྷ་གྲོགས་ཀྱིས་བསྐུལ་ངོར། །ཙི་ནའི་སྤྲུལ་མིང་རྒན་པོ་ཡིས། །གང་ཤར་ཐོགས་པ་མེད་པར་སྨྲས། །གང་འབྲེལ་དོན་གཉིས་ལྷུན་འགྲུབ་ཤོག །དགེའོ།།

བསྟན་སྲུང་ནོར་བུ་ལྷ་རྩེའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།

༄༅།། བསྟན་སྲུང་ནོར་བུ་ལྷ་རྩེའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགས་སོ། །བླ་མ་པད་འབྱུང་ལ་བཏུད་ནས། །ཡུལ་ལྷའི་བསང་མཆོད་ཉུང་བསྡུས་སྤེལ། །བསང་རྫས་ཕྱེ་མར་གསེར་སྐྱེམས་དང་། །ཤིང་ལྔའི་དུད་སྤྲིན་འདུ་བགྱིས་ལ། །རང་ཉིད་རྩ་བའི་ཡི་དམ་གྱི། །ང་རྒྱལ་ལྡན་པས་དབྱངས་རོལ་བཅས། །ཨེ་མ་ཧོ། གཞི་དབྱིངས་སྤྲོས་བྲལ་འཁོར་འདས་མཉམ་བརྡལ་ཡང་། །གཞི་སྣང་འགག་མེད་ལྷུན་གྲུབ་སྒོ་བརྒྱད་ཤར། །གཞི་རྩལ་ཕན་གནོད་བྱེད་པོར་ལྷ་འདྲེར་སྣང་། །དོན་ལ་ཡོད་མེད་རྟག་ཆད་མཐའ་ལས་འདས། །སྐྱེ་འགྲོ་ཀུན་ལ་ཕན་བྱེད་འགོ་བའི་ལྷ། །ཁྱད་པར་ཆོས་གྲྭ་ཆེན་པོའི་ཉེ་བའི་ཆར། །ནོ༵ར་བུ༵འི་རི་ལ་རྟེན་བཅས་ཟོ་དོར་མཆོག །ལྷ་ཡི་ཡང་ལྷ༵་ཐེག་དགུའི་ཡང་རྩེ༵་ཡི། །བསྟན་སྲུང་ཕན་བདེའི་གཏེར་འཆང་རྩལ་དུ་གྲགས། །དོན་ལ་སྤྲུལ་པའི་ཆོས་རྒྱལ་པེ་ཧ་ར། །ཡུལ་སྐྱོང་དགྲ་བླ་མི་མགོན་དཀར་པོ་དང་། །ཀླུ་མོ་གཟི་བརྗིད་འོད་འབར་ལས་བསྐྲུན་སྲས། །དཀར་དམར་མདངས་ལྡན་རབ་བྱུང་གཞོན་ནུའི་ཆས། །ས་སྲུང་སྟེང་དུ་ཕྱེད་སྐྱིལ་སག་ཞུ་གསོལ། །འཁར་གསིལ་ལྷུང་བཟེད་ནོར་བུས་བཀང་བ་བསྣམས། །རོལ་མོ་མཁན་དང་གར་གྱི་རིགས་བྱེད་དང་། །དབྱངས་མཁན་གཙུག་ལག་འཆང་སོགས་མཁས་པས་བསྐོར། །འཇའ་ཚོན་སྤྲིན་དཀར་འཁྲིགས་པའི་ཀློང་ན་མཛེས། །རྣལ་འབྱོར་སེམས་ཀྱི་རང་རྩལ་མཆོད་པའི་མགྲོན། །མོས་པས་སྤྱན་དྲངས་བརྩེ་བས་གནས་འདིར་གཤེགས། །རང་མཐུན་མཛེས་པའི་གདན་ལ་བག་ཕེབ་བཞུགས། །དངོས་འབྱོར་ཕྱི་ནང་གསང་བའི་མཆོད་སྤྲིན་དང་། །ཡིད་སྤྲུལ་ལྷ་ཀླུ་མི་ཡི་མཁོ་དགུའི་རྫས། །དབང་པོ་དྲུག་ལ་བདེ་བ་མཆོག་སྟེར་བའི། །ཡིད་བཞིན་འདོད་རྒུའི་ཆར་ཆེན་འབེབས་པས་མཆོད། །ཁྱད་པར་ས་ཐབ་སྤྱན་མའི་མཁའ་ཀློང་དུ། །ཟག་མེད་བདུད་རྩིས་བརླན་པའི་སྨན་སྤོས་འབྲུ། །ཤིང་སྣ་ལྔ་སོགས་གོས་དཀར་ལྷ་མོ་ཡི། །རྣམ་རོལ་བྱིན་ཟས་བཞུས་པའི་དུད་པའི་སྤྲིན། །ཡུམ་ཆེན་མ་ཀིའི་རང་རྩལ་ཆབ་ཀྱིས་སྦྱངས། །སྐུ་གསུང་ཐུགས་ཀྱི་ཡི་གེས་སྦྱངས་སྤེལ་བསྒྱུར། །རྨད་བྱུང་ཟག་མེད་བསངས་ཀྱི་མཆོད་པ་འདིས། །སྐྱབས་མཆོག་དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་བསང་། །མཆོད་ཡུལ་མགོན་པོ་ཡོན་ཏན་མགྲོན་རྣམས་བསང་། །སྦྱིན་ཡུལ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་བསང་། །གནོད་བྱེད་བགེགས་རིགས་ལན་ཆགས་མགྲོན་རྣམས་བསང་། །ཁྱད་པར་ཕ་ལྷ་མ་ལྷ་ཞང་ལྷ་དང་། །སྲོག་རྟེན་ལྷ་དང་ཡུལ་ལྷ་གཉན་པོ་བསང་། །ཡང་དགོས་བསྟན་སྲུང་ཕན་བདེའི་གཏེར་འཆང་རྩལ། །དཀར་ཕྱོགས་སྐྱོང་བའི་ནོར་བུ་ལྷ་རྩེ་བསང་། །ཡིད་ལུས་བསྐྱེད་པའི་ཡབ་ཀྱི་ཚུལ་འཛིན་པ། །བཀའ་བློན་དགྲ་བླ་མི་མགོན་དཀར་པོ་བསང་། །ཤེས་རབ་རང་རྩལ་ཡུམ་གྱི་ཚུལ་འཆང་བ། །གཟི་བརྗིད་རབ་འབར་ཀླུ་མོ་འོད་ལྡན་བསང་། །སྤྲུལ་པ་ཡང་སྤྲུལ་ལྷ་ཀླུ་གཉན་དམག་བསང་། །མ་རུངས་བདུད་དང་དམ་སྲི་འདུལ་བའི་གཤེད། །ཁྲོས་པའི་ཆ་ལུགས་སྤྲིན་ནག་འཁྲིགས་པའི་ཀློང་། །གཡུ་འབྲུག་ཆིབས་ཤིང་ཐོག་དང་སེར་བ་འབེབས། །དགྲ་བགེགས་ཀླད་འགེམས་དཔའ་བོ་དགྲ་འདུལ་བསང་། །ཕོ་ཉ་ལས་མཁན་རྡོ་རྗེ་ལྷ་རྩེ་བསང་། །རྒྱབ་རྟེན་གཉན་པོ་རྡོ་རྗེ་དབྱི་ཕྲོམ་བསང་། །དེ་ལྟར་ཁྱེད་རྣམས་བསང་ཞིང་རབ་བརྔན་ནས། །འདོད་དོན་ཕྲིན་ལས་དྲག་ཏུ་བཅོལ་བ་ནི། །ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན། །མི་ཉམས་གོང་དུ་འཕེལ་ཞིང་རྒྱས་པ་དང་། །དེ་འཛིན་སྐྱེས་བུ་བླ་མཆོད་སྡེ་གཉིས་ཀྱི། །སྐུ་ཚེ་མཛད་ཕྲིན་ཡར་ཟླ་ལྟར་འཕེལ་མཛོད། །ཡངས་པའི་འཇིག་རྟེན་མི་ཕྱུགས་ནད་རིམས་ཞི། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཀུན་ཀྱང་ཕན་ཚུན་མཛའ་བཤེས་སེམས་ལྡན་པས། །བདེ་སྐྱིད་དབྱར་མཚོའི་དཔལ་ལ་འགྲན་པར་མཛོད། །ཁྱད་པར་བདག་ཅག་མི་ནོར་འཁོར་བཅས་ཀྱི། །ནད་གདོན་ཞི་ཞིང་ཚེ་བསོད་འབྱོར་དྲུག་རྒྱས། །འདོད་རྒུ་དབང་འདུས་ལོག་འདྲེན་གཡུལ་ལས་རྒྱལ། །བསམ་དོན་ཆོས་མཐུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་འདི་བཙུན་པ་ལུང་རྟོགས་དང་། །དཔོན་བླ་རིག་ལོའི་བཀས་བསྐུལ་ངོར། །ཀུན་རྨོངས་རྒྱ་སྤྲུལ་རྒན་པོས་སྨྲས། །རྣམ་དཔྱོད་རབ་ཡངས་སྤྲུལ་པའི་སྐུ། །པྲ་བྷའི་མཚན་འཆང་དེས་བྲིས་དགེ། །མངྒ་ལཾ།།

གནས་ལུང་དཔལ་གྱི་རི་བོའི་ཡུལ་བདག་དབང་སྡུད་ལྷ་རྩེའི་བསང་མཆོད་བདུད་རྩིའི་ཆར་སྤྲིན།

༄༅།། ཁམས་ཀྱི་ཙ་རི་ཏྲའི་གནས་ལག་གནས་ལུང་དཔལ་གྱི་རི་བོའི་ཡུལ་བདག་དབང་སྡུད་ལྷ་རྩེའི་བསང་མཆོད་བདུད་རྩིའི་ཆར་སྤྲིན་ཞེས་བྱ་བ་བཞུགས། བདུད་རྩི་ཤིང་ལྔའི་བསང་དུད་དང་ཕྱེ་མར་གསེར་སྐྱེམས་སོགས་མཐོང་བརྒྱུད་ལྟར་གཙང་སྦྲ་དང་ལྡན་པས་རང་ཉིད་པད་འབྱུང་ཞི་བའི་ཏིང་འཛིན་གྱིས་ངང་ནས་རོལ་མོ་དང་བཅས་ཏེ་འདི་སྐད་དོ།། ཀྱེ་འཁོར་འདས་ཡེ་ནས་སྤྲོས་པའི་མཐའ་བྲལ་ཡང་། །གཞི་རྩལ་ལྷུན་གྲུབ་སྒོ་བརྒྱད་ཕྱིར་ཤར་ཚེ། །ཐུགས་རྗེ་ལྟར་ཤར་སྐུ་གསུམ་སྟོན་པ་དང་། །འཁོར་བ་ལྟར་ཤར་རླུང་རིག་སེམས་ཅན་སྲིད། །དེ་ཚེ་དགེ་དང་མི་དགེའི་རྟེན་འབྲེལ་ལས། །ཕན་གནོད་བྱེད་པོ་སྣང་སྲིད་ལྷ་འདྲེར་སྣང་། །དེ་ལས་འཛམ་གླིང་ལས་ཀྱི་ས་པ་འདིར། །སྐུ་གསུམ་གཅིག་བསྡུས་པདྨ་ཐོད་ཕྲེང་གི། །ངོ་མཚར་རྨད་བྱུང་ཐུགས་རྗེའི་བྱིན་རླབས་ལས། །རྒྱ་བོད་ཀུན་ཏུ་སྒྲུབ་གནས་བྱིན་ཅན་དང་། །ཡུལ་ལྷ་གནས་བདག་དུ་མ་སྲུང་མར་བསྐོས། །ཡུལ་ཆེན་ཉེར་བཞིའི་ཡ་གྱལ་ཙ་རི་ཏྲའི། །གནས་ཀྱི་བྱིན་རླབས་བདུད་རྩིས་ལེགས་བྲན་པའི། །གནས་ལུང་དཔལ་གྱི་རི་བོར་ཆེར་གྲགས་པའི། །ཆོས་ནོར་གཏེར་གྱི་སྲུང་མ་ཁྱད་པར་ཅན། །ཕྱི་ལྟར་ཡུལ་སྐྱོང་དབང་སྡུད་ལྷ་རྩེ་ལ། །ནང་ལྟར་བྲག་བཙན་གནོད་སྦྱིན་ཙི་འུ་དམར། །གསང་བ་དབང་གི་རྒྱལ་པོ་རྟ་མཆོག་རྒྱལ། །སྔོན་ཚེ་གུ་རུ་པདྨ་འབྱུང་གནས་དང་། །བར་དུ་གྲུབ་དབང་ཆོས་རྗེ་ཀརྨ་པ། །ཐ་མ་གསུམ་ལྡན་རྡོ་རྗེ་འཛིན་པའི་མཆོག །རིག་འཛིན་ཆེན་པོ་མཐུ་སྟོབས་རྡོ་རྗེ་ཡིས། །བཀའ་བསྒོས་དམ་བཞག་མངའ་གསོལ་མཛད་པ་བཞིན། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་སྤྱོན་ཅིག །རང་མཐུན་ཡིད་འོང་མཛེས་པའི་སྟན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཏིང་འཛིན་ནམ་མཁའི་མཛོད། །སྟོང་ཉིད་རང་གདངས་འགག་མེད་སྒྱུ་མའི་འཕྲུལ། །རྩོལ་མེད་མཆོད་སྤྲིན་རྒྱ་མཚོའི་སྤྲིན་ཕུང་ལས། །མཛེས་པའི་གཟུགས་སྣང་སྙན་པའི་རོལ་མོའི་སྒྲས། །གདུང་སེལ་དྲི་བསུང་རོ་བརྒྱ་ལྡན་པའི་ཟས། །སྲབ་འཇམ་ཁ་དོག་མཛེས་པའི་དར་ཟབ་གོས། །སྲ་བརྟན་གོ་ཁྲབ་རྣོ་ངར་ལྡན་པའི་མཚོན། །རྒྱལ་སྲིད་འབྱོར་བ་ཉེ་བའི་རིན་ཆེན་བདུན། །བཀྲ་ཤིས་རྫས་རྟགས་ས་ཐབ་སྤྱན་མའི་མཁར། །བདུད་རྩི་ཤིང་ལྔ་ཕྱེ་མར་བཏུང་བའི་རིགས། །འབྲུ་སྨན་དར་སྣ་གོས་དཀར་ལྷ་མོ་ཡི། །འབར་བའི་ཤུགས་ཀྱིས་བཞུས་པའི་དུད་པའི་སྤྲིན། །ལས་རབ་དཔའ་མོས་རབ་བསྐྱེད་ས་གསུམ་ཁྱབ། །དུད་པའི་ཟེགས་མ་རེ་རེའི་གསེབ་ལས་ཀྱང་། །དབང་པོ་དྲུག་ལ་ཟག་མེད་བདེ་བསྐྱེད་པའི། །ངོ་མཚར་འདོད་རྒུར་འཆར་བའི་བསང་མཆོད་འདིས། །བྱིན་རླབས་རྩ་བ་བརྒྱུད་གསུམ་བླ་མ་བསང་། །དངོས་གྲུབ་རྩ་བ་ཡི་དམ་ལྷ་ཚོགས་བསང་། །ཕྲིན་ལས་རྩ་བ་མ་རྒྱུད་མཁའ་འགྲོ་བསང་། །འདོད་དགུའི་གྲོགས་མཛད་ཆོས་སྐྱོང་སྲུང་མ་བསང་། །ཕན་བདེའི་དཔལ་སྟེར་ཡུལ་ལྷ་གཞི་བདག་སོགས། །འགོ་བའི་ལྷ་ལྔ་སྐྱོབས་པའི་ལྷ་དགུ་བསང་། །ཁྱད་པར་ཡུལ་སྐྱོང་དབང་སྡུད་ལྷ་རྩེ་བསང་། །གསང་ཡུམ་བློན་འབངས་སྤྲུལ་པ་ཡང་སྤྲུལ་བསང་། །ཁྱོད་ཀྱི་སྐུ་མདོག་ཕྱག་མཚན་སྤྲུལ་བསྒྱུར་སོགས། །གཅིག་ཏུ་མ་ངེས་ལས་བཞིའི་སྒྱུ་འཕྲུལ་ངོམ། །འདོད་དོན་ཕྲིན་ལས་གཉན་པོ་བཅོལ་བ་ནི། །ཕན་བདེའི་འབྱུང་གནས་སངས་རྒྱས་བསྟན་པ་སྲུངས། །འགྲོ་བའི་སྐྱབས་མཆོག་བླ་མའི་སྐུ་ཚེ་སྲིངས། །བསྟན་པ་འཛིན་པའི་དགེ་འདུན་སྡེ་གཉིས་རྒྱས། །བསྟན་ལ་གུས་མཆོད་སྦྱིན་བདག་བར་ཆད་སྲུངས། །བསྟན་འགྲོར་གནོད་པའི་དགྲ་འདྲེའི་དཔུང་ཚོགས་ཆོམ། །གནས་སྐབས་ཚོང་མགྲོན་རྙེད་འཚོལ་བསམ་ཀུན་སྒྲུབས། །མཐར་ཐུག་རྒྱལ་བའི་བསྟན་ལ་ཞུགས་པའི་མཐུས། །རང་གཞན་དོན་གཉིས་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་ཆུང་ནས་ཆོས་ཀྱིས་འབྲེལ་ཞིང་བརྩེ་བའི་ལྷ་གྲོགས་སྭ་ར་ཛ་ཡས་བསྐུལ་ངོར་དགེ་སྦྱོང་རྒན་པོ་རྒྱ་སྤྲུལ་པས་སོ།།

མཚོ་སྨན་རྒྱལ་མོའི་བསང་མཆོད་བདུད་རྩིའི་ཟེགས་མ།

༄༅།། མཚོ་སྨན་རྒྱལ་མོའི་བསང་མཆོད་བདུད་རྩིའི་ཟེགས་མ་བཞུགས། བསང་རྫས་དཀར་གསུམ་མངར་གསུམ་ཇ་ཆང་ཕྱེ་མར་སོགས་དང་ཤིང་སྣ་ལྔའི་དུད་པ་བཏང་ནས་འདི་སྐད་དོ།། ཨེ་མ་ངོ་མཚར་འཁོར་འདས་རང་བཞིན་སྟོང་། །སྟོང་པའི་རང་རྩལ་ལྷ་འདྲེ་གཉིས་སུ་སྣང་། །སྣང་བ་ཡུལ་ཕྱིར་འབྲང་བས་དགེ་སྡིག་རྒྱུ། །རྒྱུ་འབྲས་མི་བསླུ་ཕན་གནོད་གཉིས་སུ་ཤར། །ཕན་བྱེད་འགོ་བའི་ལྷ་དང་སྐྱོབ་པའི་ལྷ། །ཡུལ་ལྷ་ལ་སོགས་སྲིད་འདིར་བདེ་སྐྱིད་སྤེལ། །མདོ་སྨད་པཎ་ཆེན་བཻ་རོ་ཙ་ན་དང་། །གཡུ་སྒྲ་སྙིང་པོ་ལྷ་ལུང་དཔལ་རྡོར་སོགས། །པདྨའི་བརྒྱུད་འཛིན་རྣལ་འབྱོར་ཆེ་རྣམས་ཀྱིས། །བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་ཡི། །ནང་ཚན་དབྱི་རོང་ཡུལ་གྲུ་ཆུང་ངུ་ཡི། །ཡུལ་ལྷ་མོ་རྒྱུད་ཁེངས་དྲེགས་གཡུ་མཚོའི་བདག །མཚོ་སྨན་སྤུན་གསུམ་དངོས་མེད་ཡིད་ཀྱི་གཟུགས། །དཀར་དམར་སེར་ལྗང་ཁ་དོག་སྣ་ཚོགས་སྟོན། །ཤ་བ་ཡུ་མོ་རི་དྭགས་སྣ་ཚོགས་ཆིབས། །དར་གོས་པགས་རིགས་གོས་རྒྱན་གསེར་གཡུ་སོགས། །རིན་ཆེན་བརྒྱན་ཅིང་རེ་འགའ་ཀླུ་མོའི་ཚུལ། །སྦྲུལ་གྱི་གདེངས་ཀ་གཡུ་འབྲུག་ཆུ་གནས་བཅིབས། །ཐོག་སེར་ལ་སོགས་སྡེ་བརྒྱད་རང་གཟུགས་ངོམ། །སྔོན་དུས་རིག་འཛིན་བརྒྱུད་པའི་བཀའ་བསྒོས་བཞིན། །འདིར་གཤེགས་ཞི་བ་བསང་གི་མཆོད་པ་བཞེས། །དགྱེས་བརྩེ་ཐུགས་ཀྱིས་བདག་ཅག་མི་ནོར་འཁོར་བཅས་ལ། །ནད་གདོན་བར་ཆད་དགྲ་རྐུན་གཅན་གཟན་སོགས། །བཟློག་ཅིང་བསྒྱུར་ལ་ཕྱུགས་དང་ལོ་ཏོག་སྤེལ། །ཅི་བསམ་མ་ལུས་ལྷུན་གྱིས་འགྲུབ་པ་དང་། །དགེ་བཅུའི་ཆོས་ལ་རྟག་ཏུ་སྤྱོད་པ་དང་། །དེ་མཐུས་ལེགས་ཚོགས་ཡར་ཟླ་བཞིན་འཕེལ་ནས། །བསྟན་འགྲོའི་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །ཅེས་པ་འདི་ཡང་བློ་གསལ་ཀརྨ་ཆོས་བསྟན་གྱིས་མཚོ་སྨན་རྒྱལ་མོའི་བསང་མཆོད་ཉུང་ངུར་བྲིས་ཞེས་བསྐུལ་ངོར་པདྨའི་བརྒྱུད་འཛིན་སྤྲུལ་མིང་བས་སྨྲས་པ་དགེ་གྱུར་ཅིག དགེའོ།།

མཚོ་སྨན་རྒྱལ་མོའི་བསང་ཡིག་བདུད་རྩིའི་ཟེགས་མ།

༄༅།། མཚོ་སྨན་རྒྱལ་མོའི་བསང་ཡིག་བདུད་རྩིའི་ཟེགས་མ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ཀཱ་ར་ཡ། འདིར་ཡུལ་ལྷ་མཚོ་སྨན་རྒྱལ་མོ་ལ་བསང་མཆོད་འབུལ་བར་འདོད་པས་བསངས་གཞུང་གང་རུང་ལ་བརྟེན་པའི་མཚམས་སུ་བསངས་རྫས་རྣམས་རྃ་ཡྃ་ཁྃ་དང་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ལ་འདི་སྐད་དོ།། ཀྱཻ། ངོ་མཚར་གནས་མཆོག་མདོ་ཁམས་སྒང་གི་ཆར། །ཡུལ་ལྷ་གཉན་པོ་རྡོ་རྗེ་དབྱི་ཕྲོམ་གྱི། །བཀའ་ཡི་ཅོད་པན་འཆང་བའི་དཀར་ཕྱོགས་སྐྱོང་། །མཚོ་སྨན་རྒྱལ་མོ་འཁོར་བཅས་འདིར་གཤེགས་ཤིག །སྔོན་ཚེ་ཐུབ་པའི་ཞལ་སྐྱིན་ཨོ་རྒྱན་རྗེ། །བོད་ཡུལ་ཆོས་རྒྱལ་ཚངས་པའི་མེ་ཏོག་གིས། །སྤྱན་དྲངས་བསྟན་པའི་སྒྲོན་མེ་སྦར་བའི་ཚེ། །སྐབས་སུ་ལོ་པཎ་བཻ་རོ་ཙ་ན་དང་། །རྒྱལ་མོ་གཡུ་སྒྲ་སྙིང་པོ་རྣམ་གཉིས་ཀྱིས། །རོང་ཆེན་ཆོས་ལ་བཀོད་པའི་རྟེན་འབྲེལ་བསྒྲིགས། །གདུག་ཅན་ལྷ་འདྲེས་གླགས་བལྟས་བར་དུ་བཅད། །དཔོན་སློབ་གཉིས་ཀྱིས་ཨོ་རྒྱན་ཆེན་པོ་ལ། །གསོལ་བཏབ་སྤྱན་དྲངས་ཐུགས་རྗེའི་རྒྱུད་བསྐུལ་ནས། །རྫུ་འཕྲུལ་སྟག་ལ་ཆིབས་ཏེ་མཁའ་ལ་གཤེགས། །ཝ་སེང་བྲག་དང་སེང་གེ་ཡང་རྫོང་དང་། །ལྷ་གཉན་རྒྱལ་མོ་མུ་རྡོའི་གནས་རྣམས་སུ། །ཟལ་མོ་སྒང་གི་ཆར་གཏོགས་དབྱི་གཙང་དང་། །རྒྱལ་རོང་གཞི་བདག་མ་ལུས་དམ་ལ་བཏགས། །དེ་ཚེ་བཀའ་ཉན་མདོ་སྔགས་བསྟན་པ་ལ། །གུས་ཤིང་བསྲུང་བར་ཁས་བླངས་ཡུལ་ལྷའི་གཙོ། །མཚོ་སྨན་རྒྱལ་མོ་འཁོར་བཅས་འདིར་གཤེགས་ཤིག །དྭངས་གསལ་མཁའ་དབྱིངས་དོག་པོར་བྱེད་པ་ཡི། །བདུད་རྩི་ཤིང་ལྔའི་བསང་དུད་སྤྲིན་ལྟར་གཏིབས། །རྣལ་འབྱོར་ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བྱིན་རླབས་ནམ་མཁའ་མཛོད་ཀྱིི་ལོངས་སྤྱོད་ལྟར། །ཟག་མེད་འཇིག་རྟེན་གང་བར་གྱུར་པ་ལས། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་བརྒྱད། །ཁང་བཟང་སྐྱེད་ཚལ་ཟས་གོས་སྨན་སྤོས་འབྲུ། །སྲོག་ཆགས་སྣ་ཚོགས་མཛེས་སྡུག་ཆེ་ཚོ་བརྗིད། །གང་འདོད་ལོངས་སྤྱོད་སྣ་ཚོགས་ཆར་དུ་འབེབས། །དེ་འདྲའི་ངོ་མཚར་བསངས་ཀྱི་མཆོད་པ་འདིས། །ཡུལ་ལྷ་གཉན་པོ་མཚོ་སྨན་རྒྱལ་མོ་བསང་། །བཀའ་ཡི་གཉེར་འཛིན་ལྷ་ཀླུ་གཉན་ལ་སོགས། །མ་ཚང་མེད་པའི་འཁོར་ཚོགས་ཐམས་ཅད་བསང་། །ཁྱེད་རྣམས་དབང་པོ་དྲུག་གི་སྤྱོད་ཡུལ་དུ། །ཟག་པ་མེད་པའི་བདེ་བས་ཤེས་རྒྱུད་ཚིམ། །བདེན་བཞིའི་ཆོས་ཀྱི་རྒྱུད་གྲོལ་ཕན་བདེ་ཡི། །འབྱུང་གནས་མཆོག་གྱུར་རྒྱལ་བའི་བསྟན་པ་ལ། །མི་ཕྱེད་དད་པས་རྟག་ཏུ་བསྲུང་བ་དང་། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་སྡོམ་བཟུང་ནས། །མི་ཉམས་འཕགས་པའི་དགེ་འདུན་དཔོན་སློབ་ལ། །མ་སྲིང་བརྩེ་ལྟར་རྟག་ཏུ་གྲོགས་མཛོད་ཅིག །རྒྱལ་ཁམས་སྤྱི་དང་ཁྱད་པར་ཡུལ་འདི་ཡི། །མི་མཐུན་རྒུད་པ་ནད་མུག་མཚོན་འཁྲུག་སོལ། །ས་དབང་ཆོས་ཀྱི་རྒྱལ་པོའི་ཆབ་སྲིད་སྤེལ། །དགེ་འདུན་སྡེ་ཚོགས་མཚོ་ལ་ངང་པ་ལྟར། །ཐུགས་མཐུན་ཁྲིམས་གཙང་ཆོས་གྲྭ་འདི་རུ་འདུས། །བཤད་དང་སྒྲུབ་པས་རྒྱལ་བསྟན་བླ་རུ་འདེགས། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས། །ལྷ་འདྲེ་མི་གསུམ་ཚོགས་ཀུན་དབང་དུ་འདུས། །ཟས་ནོར་ལོངས་སྤྱོད་མཐུན་རྐྱེན་ཆར་ལྟར་འབེབས། །མི་མཐུན་ཉེར་འཚེ་སློང་བའི་གདུག་པ་ཅན། །སྡང་བའི་དགྲ་དང་གནོད་བྱེད་བགེགས་ཀྱི་རིགས། །རྩ་གསུམ་སྲུང་མ་ཡུལ་ལྷའི་བདེན་སྟོབས་ཀྱིས། །མིང་གི་ལྷག་མར་རྡུལ་དུ་བརླགས་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཀྱིས། །བདག་ཅག་དུས་རྣམས་ཀུན་ཏུ་སྐྱོང་བར་མཛོད། ཀྱཻ། སྣ་ཚོགས་རྫུ་འཕྲུལ་ངོམས་པའི་སྤྲུལ་བསྒྱུར་ཅན། །རེས་འགའ་སྐུ་མདོག་དཀར་གསལ་ཞི་འཛུམ་བཞད།།མདའ་དར་གཏེར་བུམ་བསྣམས་ནས་ཚེ་གཡང་སྡུད། །རིན་ཆེན་རྒྱན་དང་དར་གོས་ལྷབ་ལྷུབ་གསོལ། །ཤ་བ་ཡུ་མོ་ཞོན་ནས་སྨན་ཕྲན་དང་། །ལྷ་ཀླུའི་ཚོགས་ཀྱི་དབུས་སུ་རྩེད་འཇོར་རོལ། །ཞི་བའི་ཕྲིན་ལས་སྣ་ཚོགས་སྒྲུབ་ལ་དགྱེས། །དེ་བཞིན་གསེར་དང་པད་རག་ཨིནྡྲའི་མདངས། །འཇའ་ཚོན་མདངས་འདྲའི་གོས་དང་ངང་སེར་རྟ། །གཅན་གཟན་སྣ་ཚོགས་ཆིབས་པའི་ཚུལ་ཡང་སྟོན། །སྲས་དང་བློན་པོ་བཀའ་སྡོད་སྣ་ཚོགས་བསྐོར། །ཚེ་བསོད་རྒྱས་དང་དབང་དྲག་ལས་ལ་དགྱེས། །རྣལ་འབྱོར་སེམས་ཀྱི་རང་མདངས་དྲེགས་པའི་གཟུགས། །དེ་བཞིན་ཕྲིན་ལས་རྣམ་བཞིའི་དངོས་གྲུབ་ཀུན། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཤིས་པ་སྩོལ།། ཅེས་པའང་དད་ལྡན་ཀརྨ་དོན་འགྲུབ་ཀྱིས་བསྐུལ་ངོར། རྒྱལ་ཁམས་ཉུལ་བའི་དཱ་རི་དྲ་རྒྱ་སྤྲུལ་མིང་བས་སྨྲས་པ་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་འཇུག་སྒོ་ཡངས་པར་འདོད་པའི་བཙུན་ཆུང་བིདྱཱ་དྷ་རས་ཡི་གེར་བྲིས་པས་དུས་གསུམ་ཀུན་ཏུ་དགེ་བའི་རྒྱུར་གྱུར་ཅིག་མངྒ་ལཾ།

བྲག་དམར་རྨོག་མཐོའི་བསང་མཆོད་འདོད་དགུའི་སྤྲིན་ཕུང།

༄༅།། བྲག་དམར་རྨོག་མཐོའི་བསང་མཆོད་འདོད་དགུའི་སྤྲིན་ཕུང་བཞུགས། ཨོཾ་ཨཱཿཧཱུྃ། བྷྲཱུཾ་ལས་བྱུང་བའི་རིན་ཆེན་སྣོད་ཡངས་པོར། །ཨོཾ་ཨཱཿཧཱུྃ་ལས་བྱུང་བའི་བསང་རྫས་ནི། །ཟག་མེད་འདོད་ཡོན་ལྔ་དང་ལྡན་པ་འདི། །མཆོད་ཅིང་སྦྱིན་པའི་གནས་སུ་གྱུར་པ་ནི། །དཀོན་མཆོག་སྲིད་ཞི་མགོན་པོ་ཡོན་ཏན་མགྲོན། །རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་མགྲོན། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །མཉེས་ཤིང་ཚིམས་ནས་གེགས་ཞི་བདེ་ལེགས་མཛོད། །ཁྱད་པར་མ་ཧཱ་གུ་རུ་ཨོ་རྒྱན་རྗེའི། །རྒྱལ་ཚབ་མཁས་པ་བཻ་རོ་ཙ་ན་དང་། །མཁས་མཆོག་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས། །དམ་ལ་བཏགས་པའི་བསྟན་སྲུང་གཞི་བདག་གཙོ། །བྲག་དམར་རྨོག་མཐོ་རྡོ་རྗེ་ཞལ་དཀར་རྩལ། །སྐུ་མདོག་དཀར་མཛེས་ཞི་འཛུམ་དགྱེས་པའི་ཚུལ། །ཆ་ལུགས་མ་ངེས་སྤྲུལ་བསྒྱུར་རོལ་གར་སྟོན། །ཁྱད་པར་རང་མདོག་སྔགས་བཙུན་གཞོན་ནུའི་གཟུགས། །པཎ་ཞུ་འཇོལ་བེར་རྟ་དཀར་འཕུར་ཤེས་ལ། །གསེར་སྒ་དར་སྟན་གཡུ་མཐུར་དངུལ་སྲབ་དང་། །བསེ་ཡི་གོང་རྨེད་ཆིབས་ཆོས་ཡིད་འོང་ངོམས། །མདུང་དར་གཏེར་བུམ་ཕྱག་མཚན་རྣམ་པར་བསྒྱུར། །ལྷ་ཀླུ་གཉན་སོགས་སྤྲུལ་དང་ཡང་སྤྲུལ་འཁོར། །ཡུམ་སྲས་བློན་འབངས་འཁོར་བཅས་དད་དམ་གྱིས། །སྤྱན་འདྲེན་འདིར་གཤེགས་རང་མཐུན་གདན་ལ་བཞུགས། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ་འཛིན་པའི། །ཡུལ་སྐྱོང་ཁྱད་འཕགས་ཁྱོད་ལ་གུས་ཕྱག་འཚལ། །མཆོད་རྫས་མ་ཚང་མེད་ཚོགས་དངོས་འབྱོར་དང་། །ཡིད་ལས་བྱུང་བས་ཁྱེད་ཅག་དབང་པོ་དྲུག །ཟག་མེད་བདེ་བས་མྱོས་བྱེད་བདུད་རྩིའི་ཤིང་། །སྤྱན་མའི་མཁའ་ལ་གོས་དཀར་མེས་བཞུས་ཤིང་། །དཀར་དམར་དམ་རྫས་རྃ་ཡྃ་ཁྃ་གིས་སྦྱངས། །ཨོཾ་གྱིས་འདོད་ལྔ་ཨཱཿཡིས་བདུད་རྩིར་བསྒྱུར། །ཧཱུྃ་གིས་སྣང་སྲིད་དོག་པོར་བྱེད་པ་ཡི། །མཆོད་རྫས་གཟུགས་འགྲོས་ཁང་བཟང་སྐྱེད་ཚལ་སོགས། །ཅིར་ཡང་འཆར་བའི་བསང་མཆོད་དམ་པ་འདི། །དམ་ཚིག་སྒྲོལ་མས་བསྐྱོད་དེ་ལྷ་ལམ་ཀུན། །གང་བར་བྱས་པས་ཡུལ་སྐྱོང་འཁོར་བཅས་ཀྱི། །དབང་པོ་ལྔ་ལ་ཟག་མེད་བདེ་བ་བསྐྱེད། །ཉམས་ཆག་སྒྲིབ་པའི་མུན་པ་ཕ་མཐར་བསྐྲད། །ཞི་རྒྱས་དབང་དྲག་ལས་བཞིའི་རྣམ་འཕྲུལ་གྱིས། །རྣལ་འབྱོར་མི་ནོར་འཁོར་བཅས་བསྲུང་བ་དང་། །གེགས་བཟློག་འདོད་རྒུའི་དཔལ་ཀུན་དབང་དུ་བསྡུས། །རྒྱལ་བསྟན་དར་རྒྱས་སེམས་ཅན་བདེ་སྐྱིད་སྤེལ། །ཅི་བསམ་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད།། ཅེས་པའང་རྡོ་རྗེའི་མཆེད་པོ་བྷུདྡྷའི་མིང་གི་ངོར་སྤྲུལ་མིང་པ་ཙི་ནའི་རིགས་ལས་བྱུང་བའི་དཀོར་ཟན་དེས་བྲིས་པའོ།།

བབ་ཟིལ་ཡུལ་སྐྱོང་བསྟན་འཛིན་རྒྱལ་མཚན་གྱི་བསང་མཆོད་བདུད་རྩིའི་ཆར་སྤྲིན།

༄༅།། མདོ་སྨད་ཀྱི་གནས་ཆེན་བབ་ཟིལ་ཞེས་པའི་ཡུལ་སྐྱོང་བསྟན་འཛིན་རྒྱལ་མཚན་གྱི་བསང་མཆོད་བདུད་རྩིའི་ཆར་སྤྲིན་བཞུགས་སོ།། ན་མོ་པདྨ་ཀཱ་ར་ཡེ། བསང་དུད་དང་ཕྱེ་མར་གསེར་སྐྱེམས་སོགས་འདུ་བྱས་ལ། རྃ་ཡྃ་ཁྃ་གིས་བསངས་སྦྱངས། ཨོཾ་ཨཱཿཧཱུྃ༔གིས་འདོད་དགུར་བསྒྱུར་ལ། ཨེ་མ་ཧོ། ཀ་དག་དབྱིངས་སུ་འཁོར་འདས་རོ་མཉམ་ཡང་། །ཁ་དོག་འགག་མེད་ལྷུན་གྲུབ་རོལ་རྩལ་ལས། །གང་ཤར་སྐུ་གསུམ་བདག་ཉིད་པད་འབྱུང་རྗེས། །ང་བདག་ལྷ་སྲིན་སྡེ་བརྒྱད་དམ་བཏགས་ཚེ། །ཅ་ག་ཀུན་བརྟགས་རྫོགས་གསུམ་གནས་ཀྱི་བདག །ཆ་གང་ཡོན་ཏན་རྫོགས་པའི་དགེ་བསྙེན་ཆེ། །ཇ་དར་འདོད་འབྱུང་བསྟན་འཛིན་རྒྱལ་མཚན་ཞེས། །ཉ་གང་ཟླ་རྒྱས་ལྟར་མཛེས་འཛུམ་དཀར་ཅན། །ཏ་ཐཱ་ག་ཏའི་བསྟན་སྲུང་ཡུལ་ལྷའི་གཙོ། །ཐ་མལ་མ་ཡིན་ཆོས་ནོར་གཏེར་གྱི་བདག །ད་ལྟ་ཞི་བའི་ལས་མཛད་རྟ་དཀར་ཆིབས། །ན་བུན་སྤྲིན་བཞིན་རྫུ་འཕྲུལ་མཁའ་ལ་འགྲོ། །པ་སངས་མདངས་འཛིན་དངུལ་ཁྲབ་དཀར་པོ་དང་། །ཕ་རོལ་དཔུང་འཇོམས་འཁོར་གསུམ་དངོས་པོའི་ཆས། །བ་དན་གཏེར་སྒྲོམ་ཕྱག་མཚན་སྤྲུལ་བསྒྱུར་ངོམས། །མ་ལུས་སྡེ་བརྒྱད་འཁོར་བཅས་གནས་འདིར་གཤེགས། །ཙནྡན་བདུད་རྩི་ཤིང་ལྔ་ཕྱེ་མར་སྐྱེམས། །ཚ་ངར་མེ་ཡིས་བཞུས་པའི་དུད་སྤྲིན་ལས། །ཛ་ལའི་རྒྱུན་བཞིན་མཆོད་རྫས་ནམ་མཁའི་མཛོད། །ཝ་ལེར་ཡིད་ལ་གསལ་བའི་བསང་མཆོད་འབུལ། །ཞྭ་གོས་ལྷམ་སོགས་ཉེ་བའི་རིན་ཆེན་བདུན། །ཟ་བྱེད་སྟག་གཟིག་ཝ་སྤྱང་གཅན་གཟན་རིགས། །འ་འུར་རོལ་མོ་དབྱངས་སོགས་སྲིད་པའི་ཁམས། །ཡ་མཚན་སྣང་བས་འགེང་བྱེད་བསང་མཆོད་ལ། །ར་ག་སུ་ཝརྞ་སོགས་རིན་ཆེན་རིགས། །ལ་ལུང་དོག་པོར་བྱེད་པའི་འདོད་ཡོན་ལྔ། །ཤ་ཆང་དམ་རྫས་མ་ཚང་མེད་པ་འདིས། །ས་སྐྱོང་ཡུལ་ལྷའི་གཙོ་བོའི་ཐུགས་དམ་བསྐང་། །ཧ་ལ་དུག་ལྔ་རང་གྲོལ་ཡེ་ཤེས་ལྔའི། །ཨ་ཏིའི་རྣལ་འབྱོར་རིག་པའི་རོལ་རྩལ་ལས། །རྩ་གསུམ་སྲུང་མ་ཉིད་ལས་གཞན་མ་མཆིས། །དེ་ཕྱིར་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་ནོར་བུའི་ཏོག །མི་ནུབ་ཡུན་དུ་རྟག་ཅིང་བརྟན་པ་དང་། །དེ་འཛིན་ལུང་རྟོགས་ཡོན་ཏན་གྱིས་མཛེས་པའི། །བླ་མཆོད་སྡེ་གཉིས་དབྱར་གྱི་མཚོ་ལྟར་རྒྱས། །འཆད་རྩོད་རྩོམ་གསུམ་མགྲིན་པའི་རྫ་རྔ་ཅན། །འགྲོ་ཀུན་ཕན་བདེའི་ཉེར་འཚོར་རྟག་ཏུ་སྲུངས། །རྒྱལ་ཁམས་སྤྱི་དང་བྱེ་བྲག་ཡུལ་ལྗོངས་འདིར། །འཇིགས་བརྒྱད་མུན་པའི་སྨག་རུམ་ཞི་བ་དང་། །ཚེ་བསོད་འབྱོར་དྲུག་ལེགས་ཚོགས་འཕེལ་ཞིང་རྒྱས། །ལྷ་འདྲེ་མི་གསུམ་གདུལ་བྱ་དབང་དུ་འདུས། །དུས་གསུམ་སྡང་བའི་སེམས་ལྡན་གདུག་པའི་རིགས། །དགྲ་གདོན་བགེགས་ཚོགས་རྡུལ་དུ་བརླག་པ་སོགས། །རབ་འབྱམས་ཕྲིན་ལས་གང་དང་གང་བཅོལ་བ། །དེ་ཀུན་འབད་མེད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་པའང་སྤྲུལ་པའི་སྐུ་ཐུབ་བསྟན་གྱི་བཀས་བསྐུལ་ངོར་བན་རྒན་གྱི་ན་བ་ཙི་ནའི་སྤྲུལ་མིང་བས་སོ།། སརྦ་མངྒ་ལཾ།།

ཡུལ་ལྷ་རྙི་བོ་སྤུན་གསུམ་གྱི་བསང་བསྡུས་བདུད་རྩིའི་ཟེགས་མ།

༄༅།། ཡུལ་ལྷ་རྙི་བོ་སྤུན་གསུམ་གྱི་བསང་བསྡུས་བདུད་རྩིའི་ཟེགས་མ་བཞུགས།། བསང་རྫས་བདུད་རྩི་ཤིང་ལྔའི་དུད་པ་སོགས་སྤྱི་ལྟར་ལ་རང་ཉིད་ལྷའི་རྣལ་འབྱོར་སྔོན་དུ་འགྲོ། རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་གིས་སྣོད་བཅུད་ཕུན་སུམ་ཚོགས་པ་འདོད་རྒུའི་འབྱུང་གནས་སུ་སྤེལ་ལ། ཀྱཻ། ཀུན་གཞི་གདོད་ནས་ཆོས་དབྱིངས་དྲི་བྲལ་ཀྱང་། །ལྷན་སྐྱེས་ཀུན་བརྟགས་གཟུང་འཛིན་རྒྱུ་རྐྱེན་གྱིས། །ལས་དང་ཉོན་མོངས་འཁོར་བའི་འཁྲུལ་སྣང་ལས། །ཕན་དང་གནོད་བྱེད་ལྷ་དང་འདྲེ་རུ་སྣང་། །ཁྱད་པར་ཕ་ལྷ་མ་ལྷ་ཞང་ལྷ་དང་། །སྲོག་སྐྱོབ་ལྷ་དང་ཡུལ་གྱི་ལྷ་དང་ལྔ། །རྟག་ཏུ་གྲོགས་བྱེད་འགོ་བའི་ལྷ་ལྔར་གྲགས། །འཛམ་གླིང་ལས་ཀྱི་ས་པ་འདི་ཉིད་དུ། །གཞི་བདག་ཆེ་ཕྲ་མ་ལུས་ཐམས་ཅད་ཀུན། །སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་དང་། །བར་དུ་གྲུབ་བརྒྱའི་གཙུག་རྒྱན་རྒྭ་ལོའི་མཚན། །ཐ་མ་གཏེར་སྟོན་ལུང་ཟིན་སྐྱེས་བུ་ཡིས། །བཀའ་དང་དམ་ལ་བཞག་པའི་ཡལ་གམ་ཅན། །ཁྱད་པར་ཡུལ་ལྷ་རྡོ་རྗེ་དབྱི་ཕྲོམ་དང་། །ཆོས་འཁོར་སྐྱོང་བའི་སྐུ་ལྷ་དུང་རྩེ་ཡི། །དགྱེས་སྡེ་དྲག་ཤུལ་མཚོ་སྨན་རྒྱལ་མོའི་འཁོར། །བཀའ་ཡི་ལས་བྱེད་རྙི་བོ་སྤུན་གསུམ་ནི། །ལྷ་བཙན་ནོར་བུ་དུང་རྩེ་སྐུ་མདོག་དཀར། །རྟ་དཀར་བ་དན་དཀར་པོ་ཁྲབ་རྨོག་མཛེས། །ཀླུ་བཙན་གདུག་པའི་དུག་ཅན་སྐུ་མདོག་སྔོ། །སྦྲུལ་གྱི་རྒྱན་དང་ཀླུ་རྟ་སྔོན་པོ་ཆིབས། །བ་དན་སྔོན་པོ་གཡུ་ཁྲབ་གཡུ་རྨོག་གསོལ། །བྲག་བཙན་དམར་པོ་ཁྲག་མདོག་བསེ་ཁྲབ་དང་། །བསེ་རྨོག་རྒོད་འཕྲུ་དར་གྱི་ཅོད་པཎ་མཛེས། །བ་དན་དམར་པོ་བཙན་ཞགས་གྲུ་ལ་བསྐོན། །རྟ་དམར་བསེ་གདོང་གསེར་སྲབ་གཡུ་མཐུར་རྔམས། །རང་རང་དགྱེས་སྡེ་མཚོ་སྨན་སྤུན་གསུམ་དང་། །ལས་ཀྱིས་སྤྲུལ་པའི་འཁོར་གཡོག་སྣ་ཚོགས་འགྱེད། །དགེ་དང་མི་དགེ་སྣ་ཚོགས་ལས་ལ་སྤྱོད། །ཕན་དང་གནོད་པའི་ཆོ་འཕྲུལ་མ་ངེས་སྟོན། །དེང་འདིར་བརྩེ་བས་བསང་གི་མགྲོན་དུ་འབོད། །མོས་འདུན་སེམས་ཀྱིས་འདིར་སྤྱོན་བག་ཕེབ་བཞུགས། །བདུད་རྩི་ཤིང་ལྔ་བསྲེགས་པའི་དུད་སྤྲིན་འཁྲིགས། །མཆོག་གསུམ་ཐུགས་རྗེའི་མཐུ་དང་སྔགས་ཏིང་འཛིན། །ལྷག་བསམ་དག་པས་སྦྱངས་སྤེལ་བསྒྱུར་བ་ལས། །ཉེར་སྤྱོད་ལྔ་དང་གཟུགས་སྒྲ་དྲི་རོ་དང་། །གཡག་ལུག་ར་གསུམ་རི་དྭགས་གཡུང་དྭགས་དང་། །མཁའ་ལ་ལྡིང་དང་ཆུ་གནས་སྲོག་ཆགས་ཚོགས། །ཆེ་ཚོ་བརྗིད་ལྡན་རྩལ་སྟོབས་མྱུར་བའི་ཤུགས། །ཡིད་འོང་འདོད་རྒུ་གར་རྩེད་བསྒྱུར་བ་འདིས། །ཡུལ་ལྷའི་གཙོ་བོ་རྡོ་རྗེ་དབྱི་ཕྲོམ་བསང་། །ཆོས་འཁོར་སྲུང་མ་སྐུ་བླ་དུང་རྩེ་བསང་། །དྲག་ཤུལ་རྩལ་འཆང་མཚོ་སྨན་རྒྱལ་མོ་བསང་། །ལྷ་ཡི་བཙན་རྒོད་ནོར་བུ་དུང་རྩེ་བསང་། །ཀླུ་ཡི་བཙན་རྒོད་གདུག་པའི་དུག་ཅན་བསང་། །བྲག་གནས་བཙན་རྒོད་ཁྲག་མདོག་དམར་པོ་བསང་། །རྙི་བོ་སྤྲུལ་པའི་འཁོར་ཚོགས་ཐམས་ཅད་བསང་། །དབང་པོའི་ཡུལ་ལ་འདོད་དགུའི་ལོངས་སྤྱོད་ཚོགས། །གང་ཡང་མ་ཚང་མེད་པ་འབྱུང་གྱུར་ཅིག། །བདག་གི་འདོད་དོན་ཕྲིན་ལས་བཅོལ་བ་ནི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས། །འགྲོ་བ་མ་ལུས་བདེ་སྐྱིད་དཔལ་གྱིས་འཚོ། །ཁྱད་པར་ཡུལ་འདིའི་ནད་མུག་མཚོན་འཁྲུག་སོལ། །ཡང་དགོས་བདག་ཅག་མི་ནོར་འཁོར་བཅས་ལ། །ཕྱི་རྐྱེན་དགྲ་ཇག་ཆོམ་རྐུན་འཚེ་བ་ཟློག །ནང་རྐྱེན་ནད་མུག་ནང་འཁྲུག་མི་མཐུན་སོལ། །ཚེ་དཔལ་ལོངས་སྤྱོད་ཡར་ངོའི་ཟླ་བ་ལྟར། །མི་ཉམས་གོང་དུ་འཕེལ་ཞིང་རྒྱས་པ་དང་། །སྣང་བ་དབང་འདུས་དགྲ་བགེགས་ལོག་འདྲེན་ཀུན། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ལ། །ལེགས་ཚོགས་དབྱར་གྱི་མཚོ་ལྟར་རྒྱས་པར་མཛོད། །མདོར་ན་མི་མཐུན་རྒུད་པའི་ཚོགས་ཞི་ཞིང་། །མཐུན་རྐྱེན་བསམ་དོན་ཡིད་བཞིན་འགྲུབ་པ་ཡི། །བདེ་སྐྱིད་དཔལ་གྱི་ཉི་མ་རྟག་འཆར་ཞིང་། །ཆོས་མཐུན་དགེ་བའི་ལས་ཀུན་མྱུར་འགྲུབ་མཛོད། །རྒྱལ་དང་དེ་སྲས་རིག་འཛིན་བླ་མ་དང་། །ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་ཚོགས། །དམ་ཅན་སྲུང་མ་འགོ་བའི་ལྷ་སྲུང་གིས། །རྟག་ཏུ་སྲུང་སྐྱོབ་འབྲལ་མེད་བདེ་ལེགས་སྩོལ།། ཅེས་པའང་སྙིང་ནས་བརྩེ་བའི་ལྷ་གྲོགས་དམ་པ་བསྟན་འཕེལ་གྱིས་བསྐུལ་ངོར་རྒྱ་སྤྲུལ་མིང་པས་གང་ཤར་བཅོས་མེད་དུ་བྲིས་པའོ།།

འཆི་མེད་རྔ་སྒྲའི་གནས་བདག་གི་བསང་མཆོད་ཕན་བདེའི་སྤྲིན་ཕུང་།

༄༅།། འཆི་མེད་རྔ་སྒྲའི་གནས་བདག་གི་བསང་མཆོད་ཕན་བདེའི་སྤྲིན་ཕུང་བཞུགས། ན་མ་པདྨ་ཀཱ་ར་ཡེ། འདིར་ཡུལ་སྐྱོང་ལ་བསང་མཆོད་བྱ་བར་འདོད་པས་ལྷ་ཤིང་བདུད་རྩི་ཅན་དང་དཀར་དམར་ཇ་ཆང་མེ་ལ་བསྲེག་ཅིང་། རང་ཉིད་རྩ་བའི་ཡི་དམ་གྱི་སྐུར་གསལ་བས། རྃ་ཡྃ་ཁྃ་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་ནས། ཀྱཻ། ངོ་མཚར་རྨད་བྱུང་འཛམ་གླིང་སོག་ཁའི་དབྱིབས། །མདོ་སྨད་རྒྱལ་མོ་རོང་དང་ཉེ་བའི་ཆར། །སྔོན་དུས་སློབ་དཔོན་པདྨ་ཐོད་ཕྲེང་རྩལ། །སྐལ་ལྡན་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །སྤྲུལ་པའི་གཏེར་སྟོན་རིག་འཛིན་ཚོགས་རྣམས་ཀྱིས། །རི་བྲག་ཐམས་ཅད་སྒྲུབ་གནས་བྱིན་གྱིས་བརླབས། །དེ་ཡི་གནས་བདག་ཡེ་ཤེས་འཇིག་རྟེན་ལྷ། །ཀུན་ཀྱང་བསྟན་འགྲོར་ཕན་བདེ་སྤེལ་བའི་མགོན། །ཁྱད་པར་རྒྱལ་འཕགས་ཡང་དབེན་རྔ་སྒྲའི་རིར། །པཎ་ཆེན་བཻ་རོས་བྱིན་བརླབས་གནས་ཀྱི་བདག །ལྷ་བཙན་ཆེན་པོ་རྡོ་རྗེ་ཞལ་དཀར་རྩལ། །སྐུ་མདོག་དཀར་གསལ་རྟ་དཀར་ཆིབས་པའི་ཚུལ། །ཕྱག་གཡས་རྒྱལ་མཚན་སྣ་ཚོགས་ཅོད་པཎ་འཕུར། །གཡོན་པས་རིན་ཆེན་སྒྲོམ་བུར་འདོད་རྒུ་འབྱུང་། །སྐུ་ལ་དར་བེར་དེ་སྟེང་དངུལ་ཁྲབ་དང་། །དབུ་ལ་རྨོག་ཞྭ་རྒོད་སྒྲོ་དར་རྒྱན་གསོལ། །བློན་འབངས་ལྷ་ཀླུ་བདུད་སྲིན་ཕོ་ཉར་འགྱེད། །དམ་ལྡན་སྒྲུབ་པ་པོ་ཡི་གྲོགས་མཛད་ཅིང་། །སྡིག་སྤྱོད་སྐྱེ་བོ་སྒྲོལ་བའི་དཔའ་རྟགས་ཅན། །ཞི་རྒྱས་དབང་དྲག་ལས་བཞིའི་སྤྲུལ་བསྒྱུར་ངོམས༔ རྣལ་འབྱོར་དགའ་གུས་དངས་བས་སྤྱན་འདྲེན་གཤེགས། །རང་སྣང་མཁའ་ལ་དངོས་མེད་དབང་གཞུའི་ཚུལ། །ཏིང་འཛིན་ཡིད་སྤྲུལ་བཤམས་པའི་གདན་ལ་བཞུགས། །དབང་པོ་དྲུག་ལ་དགྱེས་པའི་མཆོད་རྫས་དང་། །ཁྱད་པར་ས་ཐབ་སངས་རྒྱས་སྤྱན་མའི་ཀློང་། །བདུད་རྩི་ཤིང་ལྔ་དཀར་མངར་བཟའ་བཏུང་རིགས། །གོས་དཀར་ལྷ་མོས་བཞུས་པའི་དུད་པའི་སྤྲིན། །དམ་ཚིག་སྒྲོལ་མས་ས་གསུམ་ཡོངས་གང་སྤེལ། །སྟོང་ཆེན་ནམ་མཁའི་དཔལ་མོར་བཀྲམ་པ་ཡི། །དུད་པའི་ཆ་ཤས་ཟེགས་མ་རེ་རེ་ལས། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས། །མཆོད་པའི་སྤྲིན་ཕུང་ཀུན་བཟང་རོལ་པར་ཤར། །ཁྱད་པར་ཡུལ་སྐྱོང་ཚིམ་བྱེད་སྲོག་ཆགས་རིགས། །གོ་ཁྲབ་མཚོན་ཆ་རྟེན་མཆོད་ཡོ་བྱད་རྫས། །མ་ཚང་མེད་པའི་ལོངས་སྤྱོད་དཔག་ཡས་འདིས། །བསླུ་མེད་སྐྱབས་མཆོག་རིན་ཆེན་རྣམ་གསུམ་བསང་། །རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོ་བསང་། །ཁྱད་པར་ཡང་དབེན་འཆི་མེད་རྔ་སྒྲའི་བྲག །གང་ལ་རྟེན་བཅས་དཔའ་བོ་མཁའ་འགྲོ་བསང་། །སྤྲུལ་གཞི་ཚངས་པ་དུང་གི་ཐོར་ཚུགས་བསང་། །སྤྲུལ་བ་ལྷ་བཙན་རྡོ་རྗེ་ཞལ་དཀར་བསང་། །ཞི་བའི་ལས་མཛད་ཟླ་འོད་བསིལ་སྦྱིན་བསང་། །རྒྱས་པའི་ལས་མཛད་བསོད་ནམས་དཔལ་འཕེལ་བསང་། །དབང་གི་ལས་མཛད་སྣང་བ་དབང་སྡུད་བསང་། །དྲག་པོའི་ལས་མཛད་གནོད་སྦྱིན་བསེ་གདོང་བསང་། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཐམས་ཅད་བསང་། །དེ་ལྟར་བསངས་ཤིང་འདོད་དོན་གསོལ་བ་ནི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །མི་ནུབ་ཡུན་དུ་རྒྱས་པའི་ཕྲིན་ལས་མཛོད། །བསྟན་པའི་རྩ་ལག་བླ་མ་དགེ་བའི་བཤེས། །སྐུ་ཚེ་ཞབས་པད་བརྟན་པའི་ཕྲིན་ལས་མཛོད། །བདག་ཅག་སྒྲུབ་ལ་བརྩོན་པའི་གང་ཟག་གི། །བསླབ་གསུམ་བཤད་སྒྲུབ་དབྱར་མཚོ་ལྟར་འཕེལ་ཞིང་། །གནས་སྐབས་ཚེ་བསོད་བདེ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་རང་གཞན་དོན་གཉིས་ལྷུན་གྲུབ་ནས། །གང་འབྲེལ་ཐར་ལམ་འགོད་པའི་ཕྲིན་ལས་མཛོད།། ཅེས་འདི་སྐྱབས་མཆོག་དཔལ་ལྡན་བླ་མ་ཡི། །ཟློས་གར་མཆོག་གིས་བཀའ་བསྩལ་མ་ཎི་ཀ །དད་དང་གུས་པས་སྤྱི་བོར་ལེགས་མཆོད་ནས། །རྒྱ་སྤྲུལ་བླུན་པོས་གང་དྲན་འཕེལ་བྲིས་ཕུལ། །དགེ་བས་བསྟན་འགྲོའི་ཕན་བདེའི་འབྱུང་གནས་ཆེ། །དམ་པའི་མཛད་ཕྲིན་ས་གསུམ་ཡོངས་ཁྱབ་ཤོག །སརྦ་མངྒ་ལཾ།།

ཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།

༄༅།། ཡུལ་ལྷ་གཡག་སྙིང་མཐོན་པོའི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས། ན་མོ་པདྨ་ཀཱ་ར་ཡ། །བསང་རྫས་ཕྱེ་མར་དཀར་མངར་འོ་ཞོ་སོགས་དང་བདུད་རྩིའི་དུད་པ་བཏང་ལ། །ཀྱཻ། ངོ་མཚར་རྨད་བྱུང་ཆོས་ཀུན་སྤྲོས་བྲལ་ཀྱང་། །རྩལ་སྣང་འགག་མེད་འཁོར་འདས་གཉིས་སུ་སྣང་། །མ་དག་འཁྲུལ་ངོར་ཕན་གནོད་ལྷ་འདྲེར་ཤར། །ཁྱད་པར་འགོ་བའི་ལྷ་ལྔས་སྐྱེ་འགྲོ་སྐྱོང་། །ཡང་དགོས་རང་རང་ཡུལ་ལྷའི་ཡུལ་དེ་ཡི། །འགྲོ་ལ་ཕན་དང་བདེ་བའི་དཔལ་ཀུན་སྟེར། །མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་པ། །དབུས་ཀྱི་རི་བོ་མཐོན་པོར་རྟེན་བཅས་པའི། །ཟོ་དོར་གཉན་པོ་ནོར་བུ་དགྲ་འདུལ་རྩལ། །ཡུམ་སྲས་བཀའ་ཉན་མ་ལུས་འཁོར་བཅས་ཀུན། །བདག་ཉིད་དབང་དྲག་པདྨའི་སྐུར་གསལ་བའི། །ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་ནས། །སྤྱན་དྲངས་བག་ཕོབ་དགའ་གུས་དངས་བའི་བློས། །འདིར་གཤེགས་བསང་གི་མཆོད་པ་བཞེས་སུ་གསོལ། །ཀྱཻ། ས་ཐབ་སྤྱན་མའི་མཁའ་ལ་འབར་བའི་མེས། །སྔོན་དུས་ལྷ་ཆེན་ཚངས་པས་བྱིན་བརླབས་པའི། །བདུད་རྩི་ཤིང་ལྔ་དཀར་གསུམ་མངར་དང་སྐྱེམས། །བསྲེགས་པའི་དུད་པ་ལྷ་ལམ་ཁྱབ་པ་འདི། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་མཐུས། །དུད་པའི་ཆ་ཤས་ཟེགས་མ་རེ་རེ་ལ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །ངོ་མཚར་མཆོད་པ་རི་དྭགས་གཡུང་དྭགས་དང་། །ཀ་ཆ་དཀོར་ནོར་ནམ་མཁའ་མཛོད་དུ་སྤེལ། །བཀའ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །མ་རྒྱུད་མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་རིགས། །བསང་ངོ་མཆོད་དོ་ཐུགས་དམ་དགྱེས་པར་བསྐང་། །ཁྱད་པར་ཡུལ་སྐྱོང་དབུ་མ་མཐོན་པོའི་རིར། །རྟེན་བཅས་དགེ་བསྙེན་ནོར་བུ་དགྲ་འདུལ་བསང་། །ལྷ་སྨན་དཀར་མོ་ནོར་གྱི་བདག་མོ་བསང་། །ཕྱི་ཡི་སོ་བ་བྲག་བཙན་བཙུན་པ་བསང་། །ནང་གི་བློན་པོ་དཔའ་བོ་མཐུ་ཆེན་བསང་། །མཆེད་ཟླ་གཉན་པོ་སྐུ་བླ་དུང་རྩེ་བསང་། །བཀའ་ཉན་ཡུལ་སྐྱོང་བཙན་རིགས་སྡེ་བཞི་བསང་། །ཁྱེད་རྣམས་དགྱེས་པ་ཆེན་པོས་ཡར་བཞེས་ལ། །མཐུན་གྲོགས་དཔལ་སྩོལ་མི་མཐུན་བར་ཆད་སོལ། །ཀྱཻ། ཡུལ་ལྷའི་གཙོ་བོ་རྡོ་རྗེ་དབང་སྡུད་རྩལ། །ཡུལ་མིས་མཚན་གསོལ་མཐོན་པོ་ནོར་བུའི་མཛོད། །རང་གཟུགས་ལྷ་ཡི་དགེ་བསྙེན་དཀར་གསལ་འཛུམ། །དར་གོས་གསེར་ཁྲབ་ལྕགས་རྨོག་རྒོད་འཕྲུ་དང་། །དམར་པོའི་ཅོད་པཎ་དར་སྣའི་ཆུན་འཕྱང་གཡོ། །སག་ལྷམ་འཇའ་ཁྲ་རྟ་དཀར་འཕུར་ཤེས་ལ། །རིན་ཆེན་སྒ་སྲབ་རྒྱན་ལྡན་མཛེས་པ་ཆིབས། །ཕྱག་གཡས་དཔའ་བོའི་རུ་མཚོན་མཁའ་ལ་བསྒྲེངས། །ཕྱག་གཡོན་ཀླུ་ཡི་ནོར་བུ་འདོད་འབྱུང་བསྣམས། །གསེར་སྐེད་ནོར་བུའི་ཕྲ་ཅན་གཟི་མདངས་འབར། །མདའ་གཞུ་རལ་གྲི་མེ་སྟག་གློག་འོད་འཁྱུགས། །མདུན་དུ་ལྷ་སྨན་དཀར་མོ་བཞད་པའི་ཚུལ། །གསེར་གཡུའི་མགུལ་རྒྱན་སྙན་ཆ་གདུབ་སིལ་འཁྲོལ། །མྱུར་མགྱོགས་ཤ་བ་ཡུ་མོ་རྩལ་ལྡན་ཆིབས། །ལྷ་ཀླུ་བཙན་རིགས་སྡེ་བརྒྱད་འཁོར་ཚོགས་བཅས། །མ་ངེས་སྤྲུལ་བསྒྱུར་མིག་འཕྲུལ་ཟློས་གར་མཁན། །རེ་འགའ་ནོར་བདག་གསེར་མདངས་ལྷ་གཡག་ཞོན། །བེར་ཆེན་བརྩེགས་མ་གསོལ་ཞིང་གཏེར་སྒྲོམ་དང་། །ནོར་གྱི་བང་མཛོད་ཕྱེ་བའི་ལྡེ་མིག་བསྣམས། །དར་དམར་ལ་ཐོད་ཁྲོ་འཛུམ་བཞད་པའི་ཞལ། །གཞན་ཡང་དབང་དུ་སྡུད་དང་དགྲ་བགེགས་སྒྲོལ། །སྣ་ཚོགས་གཟུགས་ཅན་ཡུམ་སྲས་བཀའ་འཁོར་བཅས། །སྔོན་ཚེ་རྣམ་སྣང་ལོ་ཙཱའི་བཀའ་བཞིན་དང་། །བར་དུ་རིག་འཛིན་ཀརྨ་བརྒྱུད་པར་བཅས། །བཀའ་ལུང་སྤྱི་བོར་ནོད་པ་དེ་བཞིན་དུ། །བདུད་རྩི་བསང་གི་མཆོད་པ་འདི་བཞེས་ལ། །ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་སྲུངས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་སོལ། །ཡུལ་འདིའི་ནད་མུག་འཁྲུག་རྩོད་རྒུད་པ་སོགས། །མི་འདོད་ཉེར་འཚེའི་ཚོགས་ཀུན་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་ལེགས་པའི་ཚོགས། །ཡར་ངོའི་ཟླ་ལྟར་རྣམ་པར་འཕེལ་བར་མཛོད། །ཁམས་གསུམ་སྐྱེ་འགྲོའི་ཟས་ནོར་སྣོད་བཅུད་དཔལ། །ཁབ་ལེན་ལྕགས་ཕྱེ་བཞིན་དུ་སྡུད་པ་དང་། །སྡང་དགྲ་ལོག་འདྲེན་བསམ་སྦྱོར་རྩུབ་པའི་རིགས། །ཐམས་ཅད་དཔའ་བཀོང་སྣང་བ་ཟིལ་གྱིས་མནན། །མིང་གི་ལྷག་མ་ཙམ་དུ་རྡུལ་བརླགས་ནས། །བསམ་དོན་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་གཡག་སྙིང་མཐོན་པོའི་བསང་མཆོད་འདི། །དཔའ་བོའི་རིགས་རྒྱུད་བར་མ་ཆད་པའི་མི་དབང་དད་ལྡན་སྦྱིན་བདག་ཚེ་དབང་མགོན་བུ་སྤུན་དང་། གནས་བརྟན་ཞལ་ཏ་བ་ཀུན་བཟང་རིག་འཛིན་སོགས་སྐྱ་སེར་མཆོག་དམན་རྣམས་ནས་བསྐུལ་ངོར་རྒྱལ་དབང་པདྨ་ཡབ་ཡུམ་དང་། རྡོ་གྲུབ་དབང་བླ་མའི་བྱིན་རླབས་ཀྱི་ཉི་ཟེར་སྙིང་གི་པདྨོར་ཤར་བའི་སྤྲང་བན་རྒྱ་སྤྲུལ་མིང་ནས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག །

ཡུལ་ལྷ་གཉན་པོ་བྲག་དཀར་གྱི་བསང་མཆོད་ཡིད་བཞིན་འདོད་འཇོ།

༄༅།། ཡུལ་ལྷ་གཉན་པོ་བྲག་དཀར་གྱི་བསང་མཆོད་ཡིད་བཞིན་འདོད་འཇོ་བཞུགས་སོ།། ཀ་དག་དབྱིངས་ལས་རང་བྱུང་སྤྲུལ་པའི་གཟུགས། །ཁ་བ་དུང་ལྟར་རབ་མཛེས་བྲག་དཀར་ལ། །ག་དར་དྲི་མེད་སེམས་ཀྱི་བརྟེན་བཅས་ལྷ། །ང་ཡིས་འབོད་དོ་རྡོ་རྗེ་ཞལ་དཀར་རྩལ། །ཅ་ཅོ་གཏུམ་དྲག་བཙན་དང་ཀླུ་མོའི་སྲས། །ཆ་ལུགས་གོ་ཁྲབ་དུང་རྨོག་འཁོར་གསུམ་སྤྲས། །ཇ་ཁས་རྙོག་མེད་རྟ་དཀར་རླུང་གཤོག་ཆིབས། །ཉ་གང་ཟླ་བ་རྒྱས་བཞིན་འཛུམ་དཀར་གཡོ། །ཏ་ལའི་སྦ་ལྕགས་འདོད་འབྱུང་གཏེར་སྒྲོམ་བསྣམས། །ཐ་དད་ལྷ་ཀླུ་བདུད་བཙན་སྡེ་བརྒྱད་བསྐོར། །ད་ལྟ་བསངས་ཀྱི་མགྲོན་ལ་སྤྱན་འདྲེན་གཤེགས། །ན་བུན་འཐིབས་བཞིན་འདིར་སྤྱོན་དགྱེས་པར་བཞུགས། །པ་སཾ་ལྟར་དཀར་ཞི་བའི་མེ་ཐབ་ཏུ། །ཕ་རོལ་ཡིད་འཕྲོག་དྲི་ཞིམ་བདུད་རྩིའི་ཤིང་། །བ་ལིང་ཏ་དང་གསེར་སྐྱེམས་ཕྱེ་མར་རྣམས། །མ་ཎི་ཀ་ལྟར་འདོད་འབྱུང་སྔགས་རྒྱས་སྤེལ། །ཙ་རི་ལ་སོགས་གནས་ཡུལ་སྐྱོང་རྣམས་དང་། །ཚ་ཞང་ཇི་བཞིན་བརྩེ་ལྡན་ཡུལ་གྱི་ལྷ། །ཛ་ཡའི་བསྟན་སྲུང་བྲག་དཀར་ཡུམ་སྲས་བློན། །ཝ་ཆུའི་རྒྱུན་བཞིན་ཆད་མེད་བསངས་ཀྱིས་བརྔན། །ཞྭ་ལྟར་སྤྱི་བོར་བསྟེན་པའི་མཆོག་གསུམ་དང་། །ཟ་བྱེད་བདུད་སྡེ་འདུལ་བྱེད་ཡི་དམ་ལྷ། །འ་འོལ་འཕྲུལ་ལྡན་མཁའ་འགྲོ་ཆོས་སྐྱོང་ཚོགས། །ཡ་མཚན་བདུད་རྩི་ཤིང་ལྔའི་དུད་པས་བསང་། །ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་འདིའི། །ལ་ལུང་ཉིན་སྲིབ་ལ་གནས་གཞི་བདག་དང་། །ཤ་ཟ་འབྱུང་པོ་དངོས་མེད་ཡིད་གཟུགས་ཅན། །ས་གསུམ་གང་བའི་བསངས་ཀྱིས་མཉེས་གྱུར་ཅིག །ཧ་ལ་དུག་ལྔའི་དབང་གིས་སྒོ་གསུམ་གྱི། །ཨ་ཧོ་གཙང་སྦྲ་ཞན་ཅིང་བག་མེད་པས། །ཕོག་ཐུག་འགྲམ་འཁྲུགས་ཡུལ་ལྷར་ཅི་ཉེས་པ། །མ་ལུས་བྱང་ཞིང་དག་ནས་ཚངས་པར་སྩོལ། །ཁྱེད་ལ་ཕྲིན་ལས་གཉན་པོ་བཅོལ་བ་ནི། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་ཞིང་རྒྱས། །ཕ་མ་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འཚོ། །ཁྱད་པར་ཡུལ་འདིའི་མི་མཐུན་རྒུད་པ་ཞི། །མཐུན་རྐྱེན་ལེགས་ཚོགས་གསར་བའི་དགའ་སྟོན་གྱིས། །ཅི་བསམ་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་རྒྱ་སྤྲུལ་རྒན་པོས་སྨྲས་བཞིན་བཙུན་ཆུང་རིག་འཛིན་མིང་གིས་བྲིས་པ་དགེ་བར་གྱུར་ཅིག །དགེའོ།།

རྡོ་རྗེ་ལྷ་རྩེའི་བསང་མཆོད་ཉེས་གྲིབ་དབྱིངས་སངས།

༄༅།། རྡོ་རྗེ་ལྷ་རྩེའི་བསང་མཆོད་ཉེས་གྲིབ་དབྱིངས་སངས་བཞུགས། ཀ་དག་གཞི་དབྱིངས་རང་ངོ་མ་ཤེས་པས། །ཁ་དོག་འོད་ལྔར་འཛིན་པ་ཞུགས་པའི་མཐུས། །ག་དར་སྒྲིབ་བྱེད་དཀར་ནག་ལྷ་དང་འདྲེ། །ང་བདག་ཅན་ལ་ཕན་གནོད་བྱེད་པོར་ཤར། །ཅ་ཅོ་ཕལ་སྐད་ར༵་བར་རྟག་ཆ༵གས་ལྷ། །ཆ་ལུགས་མ་ངེས་སྡེ་བརྒྱད་མི་བསྲུན་གཟུགས། །ཇ་དར་ནོར་སྲུང་རྡོ་རྗེ་ལྷ་རྩེར་གྲགས།། ཉ་ཏོག་བདུད་ལས་རྒྱལ་བའི་དཔའ་རྟགས་ཅན། །ཏ་ཐཱ་ག་ཏའི་བསྟན་སྲུང་དཔའ་བོ་ཆེ། །ཐ་གྲུ་ཡུལ་སྐྱོང་སྐུ་མདོག་མུན་པའི་མདོག །ད་ལྟ་ནོར་གྱི་ཁྱུ་མཆོག་ཅང་ཤེས་ཆིབས། །ན་བུན་བཞིན་ཀློང་ཐོག་སེར་ལས་ལ་དགྱེས། །པ་ཏྲ་རི་བཀྲ་འཁོར་གསུམ་གོ་ཁྲབ་ཅན། །ཕ་རོལ་ཚར་གཅོད་མདུང་དར་གློག་ཞགས་བསྣམས། །བ་ཞོ་ལྟར་དཀར་མཛེས་སྡུག་ཡུམ་དང་སྲས། །མ་ལུས་འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས། །ཙནྡན་དྲི་བསུང་འཐུལ་བའི་བདུད་རྩིའི་ཤིང་། །ཚ་ངར་མེད་པས་བཞུས་པའི་དུད་སྤྲིན་དང་། །ཛ་ཧུའི་རྒྱུན་བཞིན་གསེར་སྐྱེམས་ཕྱེ་མར་ཕུད། །ཝ་ཡ་ཝེ་ཡིས་བསྐྱོད་པའི་བསང་མཆོད་འདི། །ཞྭ་མོའི་ཏོག་ལྟར་མཐོ་བའི་རྩ་གསུམ་ལྷ། །ཟ་བྱེད་ཞིང་བཅུའི་གཤེད་གྱུར་བསྟན་སྲུང་ཚོགས། །འ་འོལ་སྒྱུ་མའི་རང་གཟུགས་ཡུལ་གྱི་ལྷ། །ཡ་མཚན་སྒྲུབ་པོའི་བར་ཆད་སེལ་ཕྱིར་བསང་། །ར་ཉལ་ཡུལ་ལྷ་ཡུམ་སྲས་འཁོར་བཅས་བསང་། །ལ་ལུང་ཡུལ་སྐྱོང་སྲུང་སྐྱོབ་བྱེད་རྣམས་བསང་། །ཤ་ཟ་འབྱུང་པོ་གདུག་པ་ལྡན་རྣམས་བསང་། །ས་གསུམ་གང་བའི་མགྲོན་བཞིའི་ཚོགས་རྣམས་བསང་། །ཧ་རི་ཙནྡན་དྲི་འཐུལ་བསང་མཆོད་འདིས། །ཨ་ཧོ་ཐུགས་དམ་གཉན་པོ་དགྱེས་བསྐངས་ནས། །ཨ་ཏི་སྙིང་པོ་རྫོགས་ཆེན་རྣལ་འབྱོར་གྱི། །གནས་སྐབས་མཐར་ཐུག་འདོད་དོན་མ་ལུས་པ། །ཐོགས་མེད་ཡིད་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་རྒྱ་སྤྲུལ་མིང་བས་བྲིས་པའོ།།

ཆུ་དཀར་དུང་ཕྲེང་ནོར་བུའི་སྐ་རགས་ཅན་གྱི་བསང་མཆོད་ཕན་བདེའི་དྲི་བསུང་།

༄༅།། ཆུ་དཀར་དུང་ཕྲེང་ནོར་བུའི་སྐ་རགས་ཅན་གྱི་བསང་མཆོད་ཕན་བདེའི་དྲི་བསུང་བཞུགས། ན་མོ་གུ་རུ་པདྨ་ཀཱ་ར་ཡ། དཀར་མངར་ཤ་ཁྲག་སྐྱེམས་ཕུད་དང་། །བདུད་རྩི་ཤིང་ལྔའི་དུད་སྤྲིན་གཏོང་། །རང་ཉིད་པདྨ་ཧེ་རུ་ཀའི། །བསྐྱེད་རིམ་ངང་ནས་འདི་སྐད་དོ།། ཨེ་མ་ཧོ། ཀ་དག་དབྱིངས་ལ་གྲོལ་འཁྲུལ་མིང་མེད་ཀྱང་། །ཁ་དོག་འོད་ལྔར་འཛིན་པ་ཞུགས་སྐྱོན་གྱིས། །ག་ནས་གང་དུ་བརྒྱུད་མར་འཁོར་བའི་འགྲོ། །ང་བདག་གཟུང་འཛིན་འཇིག་རྟེན་ལྷ་འདྲེ་སྣང་། །ཅ་ཅོའི་རང་སྐད་དུང་གི་སྐ་རགས་ཅན། །ཆ་ཤས་ཡིད་ངོར་མོས་པའི་གནས་འདིར་སྤྱོན། །ཇ་ཆང་སྐྱེམས་ཕུད་དཀར་མངར་བདུད་རྩིའི་ཤིང་། །ཉ་རྒྱས་ཟླ་འདྲའི་ཐབ་ཏུ་བསྲེགས་པ་ལས། །ཏ་ལ་ལྗོན་པའི་ཤིང་ལས་འདོད་འབྱུང་ལྟར། །ཐ་མལ་མ་ཡིན་རྒྱལ་སྲིད་རྟགས་རྫས་དང་། །ད་ལྟ་ཉེར་སྤྱོད་གཟུགས་སྒྲ་དྲི་རོ་རེག །ན་བུན་མཁའ་ལ་འཁྲིགས་བཞིན་གུས་པས་ཕུལ། །པ་ར་མི་ཏའི་དོན་གཟིགས་ཨོ་རྒྱན་དང་། །ཕ་རོལ་བདུད་འདུལ་དཔལ་ཆེན་བཻ་རོའི་བཀའ། །བ་ལང་ལྟ་བུའི་བསམ་སྤྱོད་གནོད་འཚེ་སྤོངས། །མ་ནོར་དང་དུ་ལོངས་ལ་ཕྲིན་ལས་བསྒྲུབ། །ཙ་རི་ཏྲ་སོགས་གནས་ཡུལ་བསྲུང་བའི་འཁོར། །ཚ་གྲང་གདུག་པའི་ནད་གཏོང་བསེན་མོའི་གཟུགས། །ཛ་ཡ་རྒྱལ་བའི་བསྟན་པ་སྲུང་ལ་མོས། །ཝ་ལེར་རང་གཟུགས་བུད་མེད་ཁྲོས་པའི་མདོག། །ཞྭ་ཐོད་མུ་ཏིག་གཡུ་ཕྲེང་དར་གོས་བཀླུབས། །ཟ་བྱེད་མི་བསྲུན་དྲེད་མོ་ཁམ་ནག་ཞོན། །འ་འུར་བདུད་སྲིན་དྲེགས་པའི་འཁོར་གྱིས་བསྐོར། །ཡ་མཚན་བསང་མཆོད་བཞེས་ལ་དགྲ་རྐུན་ཟློག །རྭ་ཅོ་གཟེངས་བའི་ལྷ་གཡག་དཀར་པོ་དང་། །ལ་ལུང་མྱུར་བགྲོད་རྟ་ནག་འཕུར་ཤེས་མཛེས། །ཤ་བ་ལ་སོགས་ཞོན་པ་མ་ངེས་ཆིབས། །ས་འདིར་ཤི་འདྲེ་ཕོ་མོའི་རྒྱུ་འགྲུལ་ཆོད། །ཧ་ལ་དུག་སེལ་བདུད་རྩིའི་བསང་དུད་འདིས། །ཨ་ཧོ་ཡུལ་སྐྱོང་གཞི་བདག་བསང་ངོ་བརྔན། །རྒྱལ་བསྟན་སྲུང་ལ་འགྲོ་བའི་བདེ་སྐྱིད་སྤེལ། །ཁྱད་པར་བདག་ཅག་མི་ནོར་སྲུང་སྐྱོབ་མཛོད། །ཅེས་པའང་སེང་ཚང་ཆོས་གྲགས་སོགས་བསྟན་པའི་སྦྱིན་བདག་རྣམས་དང་བསྟན་འཛིན་སོགས་བཙུན་པ་འགས་བསྐུལ་ངོར་སྤྲང་རྒན་རྒྱ་སྤྲུལ་བས་སྨྲས་སོ།།

ཡུལ་སྐྱོང་དངུལ་རྫིའི་བསང་གསོལ་ཕྲིན་ལས་མྱུར་འགྲུབ།

༄༅།། ཡུལ་སྐྱོང་དངུལ་རྫིའི་བསང་གསོལ་ཕྲིན་ལས་མྱུར་འགྲུབ་བཞུགས་སོ།། ན་མོ་བཛྲ་དྷ་ར་ཡ། །རྡོ་རྗེ་འཛིན་པའི་སྒྱུ་འཕྲུལ་གར། །དྲེགས་པའི་སྡེ་དཔོན་རྡོ་རྗེ་ལེགས། །གང་དེའི་བཀའ་སྡོད་ཡུལ་སྐྱོང་མཆོག །གཡུ་མཚོ་གཉན་པོའི་བསང་མཆོད་དང་། །གསོལ་མཆོད་གསེར་སྐྱེམས་བྱེད་འདོད་པས། །ཡབ་ཡུམ་བཤོས་བུ་རིན་ཆེན་དབྱིབས། །ལྷུན་ཆགས་དཀར་གཏོར་སྦྲུལ་དཀྲིས་སོགས། །ལེགས་པར་བཤམས་ལ་རང་ཉིད་ནི། །ཡི་དམ་ལྷ་ཡི་ང་རྒྱལ་དང་། །རོལ་མོ་དང་བཅས་འདི་སྐད་དོ། །རྃ་ཡྃ་ཁྃཿགིས་མཆོད་རྫས་ཀྱི། །དངོས་འཛིན་འབག་བཙོག་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ༔གིས་མཆོད་པའི་སྤྲིན། །ཟག་མེད་གཏེར་དུ་བྱིན་བརླབས་ཏེ། །ཀྱཻ། སྐྱེ་འགག་གནས་གསུམ་བྲལ་བའི་དབྱིངས། །ཆོས་དབྱིངས་ཀུན་ཁྱབ་སྟོང་པ་ལ། །རིག་དང་མ་རིག་ཆོ་འཕྲུལ་གྱིས། །ཡེ་ཤེས་འཇིག་རྟེན་དྲེགས་པའི་སྡེ། །བསམ་གྱིས་མི་ཁྱབ་ཅིར་ཡང་སྣང་། །དེ་ཚེ་བཅོམ་ལྡན་དཔལ་ཆེན་པོའི། །ཐུགས་སྤྲུལ་གསང་བདག་རྡོ་རྗེ་འཛིན། །འཇིག་རྟེན་དྲེགས་པའི་འཁོར་ལོས་སྒྱུར། །སྤྲུལ་དང་ཡང་སྤྲུལ་གྲངས་མེད་པ། །ལྷ་དང་ཀླུ་དང་གནོད་སྦྱིན་གཟུགས། །འགྲོ་ལ་ཕན་པའི་སྒྱུ་འཕྲུལ་ངོམས། །ཁྱད་པར་འཛམ་གླིང་སོག་ཁའི་དབྱིབས། །བྱང་ཕྱོགས་གངས་ཅན་ཤར་གྱི་ཕྱོགས། །རྒྱལ་མོ་རོང་གི་ཟོ་དོར་གཙོ། །སྐུ་བླ་དངུལ་རྫི་གཡུ་མཚོ་ཞེས། །ལྷ་དང་བཙན་ལས་མཆེད་པའི་སྲས། །ཡབ་ཡུམ་འཁོར་བཅས་གཤེགས་སུ་གསོལ། །སྐུ་ཡི་ཆ་ལུགས་རྣམ་འགྱུར་ནི། །ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི། །རང་གཟུགས་འགགས་པ་མེད་པའི་རྩལ། །རེས་འགའ་སྐུ་མདོག་དུང་ལྟར་དཀར། །ལྷ་རྟ་དཀར་པོ་ཆིབས་སུ་བཅིབས། །དར་གྱི་ན་བཟའ་ཤེལ་ཁྲབ་གསོལ། །རྨོག་མོ་རྒོད་འཕྲུ་ཅོད་པཎ་འཕུར། །འཁོར་དུ་རང་འདྲ་འབུམ་གྱིས་བསྐོར། །ལྷ་ཡི་དགེ་བསྙེན་དམ་ཚིག་ཅན། །རྣལ་འབྱོར་ཕྲིན་ལས་སྒྲུབ་པ་དང་། །མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ། །རེས་འགའ་གནོད་སྦྱིན་གསེར་མདོག་ཅན། །སེང་སྟག་ལ་སོགས་གཅན་གཟན་ཞོན། །རཏྣའི་བུམ་པ་མདའ་དར་བསྣམས། །རྒྱས་མཛད་དགེ་བསྙེན་དམ་ཚིག་ཅན། །རྣལ་འབྱོར་ཕྲིན་ལས་སྒྲུབ་པ་དང་། །མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ། །ལན་རེ་སྤྲུལ་བ་མཛད་ཙམ་ན། །རྒྱལ་པོའི་ཆ་ལུགས་དམར་ལ་རྔམ། །དར་གྱི་བེར་དང་དར་ཐོད་གསོལ། །འཁོར་དུ་མདངས་ལྡན་ལྷ་མོ་ཡུམ། །དྲི་ཟའི་ན་ཆུང་གླུ་གར་བྱེད། །དབང་མཛད་དགེ་བསྙེན་དམ་ཚིག་ཅན། །རྣལ་འབྱོར་ཕྲིན་ལས་སྒྲུབ་པ་དང་། །མཆོད་པ་བཞེས་ཕྱིར་གཤེགས་སུ་གསོལ། །རང་གཟུགས་དམག་དཔོན་དཔའ་རྔམ་ཅན། །རལ་གྲི་ཕྱར་ཞིང་ཐོག་སེར་འབེབས། །གཡུ་འབྲུག་ཆིབས་ནས་གློག་དམར་འཁྱུག །འཁོར་དུ་རང་འདྲ་མང་པོས་བསྐོར། །ཀི་བསྭོ་ཆ་སྒྲ་དི་རི་རི། །དྲག་རྩལ་ཐོགས་མེད་དམ་ཚིག་ཅན། །རྣལ་འབྱོར་ཕྲིན་ལས་སྒྲུབ་པ་དང་། །བསང་མཆོད་བཞེས་ཕྱིར་གཤེགས་སུ་གསོལ། །ཡུམ་མཆོག་ཀླུ་སྨན་རྒྱལ་མོ་དང་། །སྲས་མཆོག་ལྷ་ཡི་བཙན་རྒོད་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །བསང་མཆོད་བཞེས་ཕྱིར་གཤེགས་སུ་གསོལ། །རོལ་མོ་འཁྲོལ། དེ་ནས་བཞུགས་སུ་གསོལ་བ་དང་བསང་མཆོད་དངོས་ནི་རོལ་མོ་དང་བཅས་ཏེ་འདི་སྐད་དོ། ཀྱཻ། ངོ་མཚར་རྨད་བྱུང་རང་སྣང་གཞལ་ཡས་ཁང་། །རྒྱ་ཆེ་ལྷུན་སྡུག་རྒྱན་བཀོད་ཕུན་སུམ་ཚོགས། །ཡིད་འོང་རིན་ཆེན་དར་ཟབ་བརྩེགས་པའི་ཁྲིར། །དངུལ་རྫི་གཡུ་མཚོ་འཁོར་བཅས་བཞུགས་སུ་གསོལ། །ཁྱེད་ཀྱི་རྟེན་ཡུལ་ནོར་འཛིན་ལྷུན་པོའི་དབྱིབས། །མཛེས་པར་བྱེད་ཕྱིར་རཏྣའི་བྲག་རི་ལ། །ཤར་གྱི་ཐིག་ལེས་བཟུང་བས་བཻ་ཌཱུརྱའི། །གཟི་མདངས་ཕྲོག་པའི་གནས་ལ་བརྟན་པར་བཞུགས། །རྟ་བདུན་དབང་པོས་འཆི་མེད་ལམ་གྱི་མདངས། །ལན་བརྒྱར་བཞུས་པའི་དྭངས་མ་འཁྱིལ་འདྲ་བའི། །གཡུ་མཚོ་ཟླུམ་པོ་གསེར་འཛིན་ལྟོ་བ་ནས། །རླབས་ཕྲེང་ཟློས་གར་གཡོ་བས་ཅིར་ཡང་མཛེས། །སྣོད་བཅུད་བཀྲག་མདངས་མཛེས་པས་མེ་ལོང་ལ། །དངོས་མེད་དྲེགས་པའི་གཟུགས་བརྙན་བརྟན་བཞུགས་ནས། །འགྲོ་བ་ཡོངས་ཀྱི་བདེ་སྐྱིད་གསེར་རིའི་མདངས། །བདག་དང་བསྲུང་བྱའི་དཔལ་དུ་གསལ་བར་མཛོད། །ཀྱཻ། །ཡུལ་ལྷ་འཁོར་བཅས་བརྟན་བཞུགས་ནས། །དགྱེས་འཛུམ་ཐུགས་ཀྱིས་དགོངས་བཞིན་དུ། །བདུད་རྩི་བསང་དང་གསེར་སྐྱེམས་ཕུད། །དམ་རྫས་གཏོར་མ་བཞེས་སུ་གསོལ། །ཡུམ་ཆེན་ནམ་མཁའི་དཔལ་མོ་ལ། །དགྱེས་པར་འཁྲིལ་བའི་ཆུ་འཛིན་ལས། །སྙན་འགྱུར་དབྱར་རྔ་སྒྲོག་པ་དང་། །ཆབས་ཅིག་ལྷ་མོ་མ་མཱ་ཀིས། །སྦྲང་ཆར་བདུད་རྩིའི་རྒྱུན་བཟང་པོའི། །གསེར་འཛིན་དགའ་མའི་ལང་ཚོའི་མདངས། །ཡང་ཡང་བཀྲུས་ཚེ་སངས་རྒྱས་སྤྱན། །དགྱེས་པའི་བྱིན་བརླབས་དྲི་བཟང་གིས། །ཡོངས་སུ་འཁྱུད་པའི་འཆི་མེད་ལྗོན། །བརྒྱ་བྱིན་རྐང་འཐུང་གཡུ་འོད་འབར། །དུང་གི་མདངས་འཛིན་སུར་དཀར་དང་། །གསེར་གྱི་ཏོག་ཅན་སྟག་པའི་ཤིང་། །གོས་དཀར་མོ་ཡིས་མཉམ་སྦྱོར་བས། །ཕྱེ་མར་དམ་རྫས་གསེར་སྐྱེམས་སོགས། །ལྷན་ཅིག་བཞུས་པའི་དུད་སྤྲིན་ལ། །འབྲུ་གསུམ་སྔགས་ཀྱིས་ངར་བཏབ་པས། །ཀུན་ཏུ་བཟང་པོའི་རྣམ་རོལ་ལས། །བྱུང་བའི་མཆོད་སྤྲིན་རྒྱ་མཚོ་ཡིས། །དངུལ་རྫི་གཡུ་མཚོ་འཁོར་བཅས་རྣམས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །གཞན་ཡང་མཆོད་ཡོན་གང་གའི་རྒྱུན། །དཀར་སེར་དམར་ལྗང་མེ་ཏོག་སྤྲིན། །ཉི་ཟླའི་དཔལ་ཕྲོག་ཨ་ལོ་ཀེ། །དྲི་ཆབ་རོལ་མཛོད་བདུན་ལྟ་བུ། །ཐོགས་མེད་འཆར་བའི་བསང་མཆོད་འདིས། །དངུལ་རྫི་གཡུ་མཚོ་འཁོར་བཅས་རྣམས། །བསང་ངོ་མཆོད་དོ་མངའ་གསོལ་ལོ། །མཛེས་སྡུག་གཟུགས་དང་དབྱངས་སྙན་སྒྲ། །ཡིད་འོང་དྲི་དང་རོ་མངར་བཅུད། །འཇམ་མཉེན་རེག་བྱ་བདེ་སྟོང་ཆོས། །འདོད་ཡོན་ལྔ་ཡི་དཔལ་ཡོན་འདི། །ཡུལ་སྐྱོང་དངུལ་རྫི་འཁོར་བཅས་ཀྱི། །དབང་པོ་དྲུག་གི་ཉམས་གྲིབ་བསང་། །དགྱེས་པའི་ལོངས་སྤྱོད་ཕུན་སུམ་ཚོགས། །མ་ཚང་མེད་པ་འབྱུང་གྱུར་ཅིག། །བསང་མཆོད་གཙང་མ་འདི་བཞེས་ལ། །རྣལ་འབྱོར་འདོད་པའི་ཕྲིན་ལས་སྒྲུབས། །སངས་རྒྱས་བསྟན་དང་དེར་འཛིན་སྡེ། །བསྲུང་ཞིང་སྐྱོབ་པར་མཛད་དུ་གསོལ། །ཞི་བའི་ཕྲིན་ལས་འོད་སྟོང་གཟིས། །འཇིགས་བརྒྱད་མུན་པ་རབ་བསལ་ནས། །རྫོགས་ལྡན་འཆི་མེད་ལམ་གྱི་མདངས། །བདེ་སྐྱིད་སྣང་བས་ཁྱབ་པར་མཛོད། །རྒྱས་པའི་ཕྲིན་ལས་ཆུ་གཏེར་ཆེ། །ཚེ་དང་བསོད་ནམས་རིན་ཆེན་གཏེར། །འཛད་པ་མེད་པའི་ཡིད་བཞིན་ནོར། །བསྟན་འགྲོའི་རྒྱལ་མཚན་རྩེར་མངོན་མཛོད། །དབང་གི་ཕྲིན་ལས་མེ་ན་ཀས། །ཁམས་གསུམ་སྲིད་གསུམ་སྐལ་བཟང་གྲོགས། །མོས་པ་རྣམ་བཞིའི་ཟུར་མིག་གིས། །མྱུར་དུ་ཡིད་དབང་དགུག་པར་མཛོད། །དྲག་པོའི་ཕྲིན་ལས་བསྐལ་པའི་མེ། །མངོན་སྤྱོད་དྲི་བཞོན་གྱིས་བསྐྱོད་པས། །དགྲ་བགེགས་ལོག་འདྲེན་རྩི་སྦུར་རྣམས། །རྡུལ་ཕྲན་མིང་གི་ལྷག་མར་མཛོད། །མདོར་ན་བདག་དང་བསྲུང་བྱ་ཡིས། །ཅི་བསམ་འདོད་པའི་ལས་རྣམས་ཀུན། །ཐོགས་པ་མེད་པར་སྒྲུབ་པ་དང་། །ཁྱད་པར་བཅོལ་བའི་ཕྲིན་ལས་ཀུན། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཅེས་པ་འདི་ཡང་རྗེ་དབོན་དམ་པའི་རིགས། །གང་དང་དོན་གཉེར་ཅན་འགའི་བཀའ་བཞིན་དུ། ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཡོན་གྱིས། །བྱིན་བརླབས་སྤྲུལ་མིང་པདྨ་དོན་ལྡན་རྩལ། །ཀུན་གཞིའི་སྒྲོམ་ནས་ཐོལ་བྱུང་ཐོགས་མེད་དུ། །བྲིས་པའི་དགེ་བས་ཡུལ་ལྷ་འཁོར་བཅས་ཀྱིས། བདག་ཅག་དཔོན་སློབ་བུ་བཞིན་སྐྱོང་བ་དང་། །ཅི་བསམ་མ་ལུས་ལྷུན་གྱིས་འགྲུབ་པར་ཤོག །དགེའོ།། དགེའོ།། དགེའོ།།

སྐུ་བླ་ར་ཁང་གི་བསང་ཡིག་བསམ་འཕེལ་མྱུར་འགྲུབ།

༄༅།། སྐུ་བླ་ར་ཁང་གི་བསང་ཡིག་བསམ་འཕེལ་མྱུར་འགྲུབ་བཞུགས་སོ།། ན་མོ་པདྨ་ཀཱ་ར་ཡ། བསང་རྫས་དང་གསེར་སྐྱེམས་བསང་དུད་སོགས་ཅི་འཛོམས་བྱས་ལ། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་འགག་གནས་གསུམ་བྲལ་བའི་དབྱིངས། །ལྷུན་གྲུབ་ཚུལ་དུ་འཁོར་འདས་དང་། །ལྷ་འདྲེའི་གཟུགས་བརྙན་སྣ་ཚོགས་སྣང་། །དེ་ཚེ་འཛམ་གླིང་སོག་ཁའི་དབྱིབས། །གང་ལ་དབང་བྱེད་གཞི་བདག་སྟེ། །བསམ་མི་ཁྱབ་པའི་རོལ་གར་ལས། །ཤར་ཕྱོགས་རྒྱལ་མོ་རོང་གི་གནས། །སྲུང་མཛད་ཡུལ་ལྷ་ཟོ་དོར་གཙོ། །རྗེ་ཡི་སྐུ་བླ་ར་ཁང་ཞེས། །ལྷ་ཡི་གཟུགས་འཆང་སྐུ་མདོག་དཀར། །གསེར་ཁྲབ་ཉི་མའི་འོད་ལྟར་མཛེས། །ཆིབས་སུ་གྲོ་བོ་གཡུ་རྔོག་བཅིབས། །རྨོག་དཀར་དར་ཚོན་རྒོད་འཕྲུ་འཕུར། །དར་དཀར་ཕྱར་ཞིང་གཏེར་སྒྲོམ་བསྣམས། །འཁོར་དུ་ལྷ་ཀླུ་བཙན་དང་དམུ། །དགེ་བསྙེན་སྡོང་ཟླ་བསམ་མི་ཁྱབ། །ཀུན་ཀྱང་ཆོས་བོན་བསྟན་པ་སྲུང་། །སྔོན་དུས་ཨོ་རྒྱན་ཆེན་པོ་ཡིས། །རྒྱ་བོད་ཧོར་སོག་གནས་བདག་ཚོགས། །བཀའ་རྟགས་ཕྱག་རྒྱས་དམ་འོག་བཅུག །དེ་འོག་གྲུབ་དབང་དཔལ་རྡོ་རྗེས། །དབང་བསྡུས་བྲན་དུ་ཁས་བླངས་བཞིན། །ད་ལྟ་རྣལ་འབྱོར་སྒྲུབ་པ་པོས། །དྲི་ཞིམ་དུད་སྤྲིན་དབྱངས་རོལ་དང་། །ཏིང་འཛིན་དགོངས་པས་སྤྱན་འདྲེན་ན། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །རང་རང་མཐུན་སྣང་གདན་ལ་བཞུགས། །ཆོས་བོན་གཏེར་སྲུང་ཆེན་པོར་བསྟོད། །ཁྱེད་ལ་མཆོད་པའི་བྱེ་བྲག་ནི། །ས་ཐབ་སངས་རྒྱས་སྤྱན་མའི་མཁར། །གཡུ་ཤུག་ལ་སོགས་ཤིང་ལྔའི་ཚོགས། །གོས་དཀར་མོ་ཡིས་བཞུས་པ་ལས། །བྱུང་བའི་དྲི་ཞིམ་དུད་སྤྲིན་དང་། །དམ་རྫས་ཕྱེ་མར་གསེར་སྐྱེམས་ཕུད། །འབྲུ་གསུམ་སྔགས་ཀྱིས་སྤེལ་ཞིང་བསྒྱུར། །ཟག་མེད་བདེ་བ་བསྐྱེད་པའི་རྫས། །དམ་ཚིག་སྒྲོལ་མས་རབ་བསྐྱོད་ཅིང་། །མ་མཱ་ཀི་ཡིས་བྲན་ཞིང་འབུལ། །བསང་ངོ་འཛམ་གླིང་གཞི་བདག་བསང་། །ཁྱད་པར་སྐུ་བླ་ར་ཁང་བསང་། །བཀའ་སྡོད་གནོད་སྦྱིན་སྟག་རྩེ་བསང་། །ནང་བློན་སྐུ་བླ་ཁྲབ་གྱོན་བསང་། །ལྕམ་སྲིང་མཚོ་སྨན་རྒྱལ་མོ་བསང་། །ཡང་དགོས་ཡུལ་འདིར་གནས་པ་བསང་། །དེ་ལྟར་བསང་བརྔན་ཕུལ་བའི་མཐུས། །ཐུགས་རྒྱུད་དགྱེས་ཤིང་ཉམས་གྲིབ་དང་། །དམུ་གབ་བྱིང་འཐིབས་དག་གྱུར་ཅིག །སངས་རྒྱས་བསྟན་པ་དར་བ་དང་། །རྣལ་འབྱོར་དཔོན་སློབ་ཡོན་མཆོད་ལ། །འཇིགས་བརྒྱད་ཞི་ཞིང་ཚེ་བསོད་རྒྱས། །སྣང་བ་དབང་འདུས་དགྲ་བགེགས་དཔུང་། །མྱུར་དུ་བརླག་སོགས་རབ་འབྱམས་ཀྱི། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ལྷ་ཡི་དཔལ་དང་ཀླུ་ཡི་གཡང་། །གླིང་བཞིའི་བདེ་སྐྱིད་ཕྱྭ་གཡང་ཀུན། །བདག་ལ་སྩོལ་ཞིང་ལོག་སྨོན་ལས། །རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག། ཅེས་པ་འདི་ཡང་དོན་གཉེར་ཅན་འགས་བསྐུལ་ངོར་དང་རང་གི་ཉམས་ལ་གང་ཤར་བཞིན། རྒྱ་སྤྲུལ་མིང་སྤྲང་བན་དེས་བྲིས་པ་དགེའོ།།

ཡུལ་ལྷ་ཁྲབ་གྱོན་གྱི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་།

༄༅།། ཡུལ་ལྷ་ཁྲབ་གྱོན་གྱི་བསང་མཆོད་བདུད་རྩིའི་སྤྲིན་ཕུང་བཞུགས་སོ།། བསང་རྫས་སོགས་མཐོང་བརྒྱུད་ལྟར་བཤམས། རྃ་ཡྃ་ཁྃ་གིས་བསངས་སྦྱངས་བསྒྱུར། ཨོཾ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྔོ། །རང་ཉིད་ཡི་དམ་གང་ཡིན་གྱི། །ང་རྒྱལ་བརྟན་པོས་འདི་སྐད་དོ།། ཀྱཻ། སྔོན་ཚེ་པད་འབྱུང་ལོ་ཆེན་བཻ་རོ་ཡིས། །རྩུབ་འགྱུར་རྒྱལ་མོ་རོང་གི་གཞི་བདག་རྣམས། །བཀའ་རྟགས་དམ་འོག་ཟིལ་གྱིས་མནན་པའི་ཚེ། །བསྟན་དང་འགྲོ་ལ་ཕན་བདེ་སྤེལ་བ་དང་། །རྣལ་འབྱོར་སྒྲུབ་པོའི་བར་ཆད་བསལ་ལོ་ཞེས། །ཇི་ལྟར་ཁས་བླངས་ཞལ་གྱིས་བཞེས་པ་ལྟར། །ཡུལ་སྐྱོང་གཙོ་བོ་སྐུ་བླ་ར་ཁང་གི། །བཀའ་བློན་ཆེ་བཙན་གཡུལ་རྒྱལ་ཁྲབ་གྱོན་རྩལ། །མཆོད་པའི་གནས་འདིར་གཤེགས་ཤིང་བརྟན་པར་བཞུགས། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་སྤྲིན། །ཁྱད་པར་ཡུམ་ལྔའི་ཀློང་ལས་ལེགས་བསྐྱེད་པའི། །བདུད་རྩི་ཤིང་ལྔ་དཀར་མངར་ཤ་ཁྲག་ཕུད། །ཇ་ཆང་བཏུང་བ་གསེར་སྐྱེམས་གཡུ་སྐྱེམས་སོགས། །བསྲེགས་པའི་དུད་སྤྲིན་དུ་བའི་ཟེགས་མ་ལས། །རྒྱལ་སྲིད་བདུན་དང་ཉེར་སྤྱོད་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་མཆོད་པའི་ལྷ་མོ་སོགས། །མ་ཚང་མེད་པར་ཀུན་བཟང་མཆོད་སྤྲིན་འདི། །ཅིར་ཡང་འཆར་བའི་བསང་མཆོད་དམ་པ་འདིས། །རྩ་བརྒྱུད་བླ་མ་ཡི་དམ་རྒྱུད་སྡེ་དྲུག །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་། །མངའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་། །མདོ་ཁམས་སྒང་དྲུག་ཡུལ་ལྷ་གཉན་པོ་བསང་། །ཁྱད་པར་ཡུལ་སྐྱོང་སྐུ་བླ་ཁྲབ་གྱོན་རྩལ། །དཀར་ནག་ལྷ་འདྲེ་ཕན་གནོད་བྱེད་པོ་བསང་། །དབང་པོ་དྲུག་ལ་ཉམས་གྲིབ་ཕོག་པ་དང་། །ཡུལ་མིའི་འཁོན་འཛིང་ཐབ་གཞོབ་དམེ་མནོལ་དང་། །ཉེས་པའི་སྐྱོན་ཀུན་ཆོས་དབྱིངས་ཀློང་དུ་བཤགས། །འདིར་གནས་རྣལ་འབྱོར་མི་ནོར་ལྟོས་བཅས་ལ། །མི་མཐུན་འཇིགས་བརྒྱད་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡར་ངོའི་ཟླ་བཞིན་རྒྱས། །ཟས་ནོར་ལོངས་སྤྱོད་སྦུར་ལེན་རྡུལ་བཞིན་འདུས། །ལོག་འདྲེན་དགྲ་རྐུན་བྲག་རིར་ཐོག་ཕོག་བཞིན། །ཐམས་ཅད་མིང་གི་ལྷག་མར་ཚར་བཅད་ནས། །བདེ་སྐྱིད་སྣང་བ་གོང་འཕེལ་ཕྲིན་ལས་མཛོད།། ཅེས་པའང་ཀརྨ་ཡེ་ཤེས་དང་བསོད་ནམས་མཐུ་སྟོབས་ལྷ་གྲོགས་ཟུང་གིས་བསྐུལ་ངོར་རྒྱ་སྤྲུལ་རྒན་པོས་སྨྲས་པ་དགེའོ།།

དགྲ་བླ་དུང་ཁྱུང་ཤེལ་གྱི་ཕྲེང་མཛེས་ཀྱི་བསང་མཆོད་འདོད་དོན་དཔལ་སྟེར།

༄༅།། དགྲ་བླ་དུང་ཁྱུང་ཤེལ་གྱི་ཕྲེང་མཛེས་ཀྱི་བསང་མཆོད་འདོད་དོན་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་པདྨ་ཀཱ་ར་ཡ། འདིར་བསྟན་སྲུང་དགྲ་བླའི་བསང་མཆོད་བྱ་བར་འདོད་པས་བདུད་རྩི་ཤིང་ལྔའི་དུད་སྤྲིན་དང་། ཕྱེ་མར་ཇ་ཆང་འོ་ཞོའི་ཕུད་བཅས་བཤམས་ལ། རང་ཉིད་པད་འབྱུང་ཞི་བའི་སྐུ་རུ་བསྒོམ། ཐུགས་ལས་ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས། །བསང་རྫས་མི་གཙང་དྲི་མ་བསྲེགས་གཏོར་བཀྲུས། ཨོཾ་གྱིས་དངོས་འཛིན་མི་དམིགས་སྟོང་པའི་ངང་། །ཨཱཿཡིས་ཟག་མེད་བདུད་རྩིར་བྱིན་གྱིས་བརླབས། །ཧཱུྃ་གིས་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་བརླབས་སྤེལ། །ཨེ་མ་ངོ་མཚར་རྨད་བྱུང་འཛམ་བུའི་གླིང་། །ཨོ་རྒྱན་སྦས་ཡུལ་རྒྱལ་མོ་རོང་གི་ཆར། །ཡུལ་སྐྱོང་གཙོ་བོ་ཤེལ་རི་སྟག་གསུམ་གྱི། །བཀའ་སྡོད་དགྲ་བླ་དུང་ཁྱུང་ཤེལ་ཕྲེང་ཞེས། །ཆོས་ཀྱི་བསྟན་སྲུང་བོན་གྱི་རྐྱེན་སེལ་མཁན། །བཻ་རོ་གཡུ་སྒྲའི་བཀའ་རྟགས་ཕྱག་རྒྱ་ཡིས། །དམ་འོག་བཅུག་པའི་དམ་བཅའ་འདིར་དགོངས་ལ། །རྣལ་འབྱོར་སྒྲུབ་པོའི་བསང་གི་མགྲོན་ལ་གཤེགས། །རང་མཐུན་དར་ཟབ་གདན་ཁྲི་བརྩེགས་སྟེང་བཞུགས། །རྒྱལ་བའི་བཀའ་ཡིས་སྦྲེལ་བའི་མོས་འདུན་གྱིས། །གུས་པས་བཏུད་དེ་མཆོད་པའི་སྤྲིན་ཕུང་འབུལ། །དྭངས་བསིལ་མཆོད་ཡོན་མཚར་སྡུག་མེ་ཏོག་བཞད། །དྲི་ཞིམ་སྤོས་མཆོག་བདུད་རྩི་ཤིང་ལྔ་དང་། །ཕྱེ་མར་དཀར་མངར་ཟས་ཕུད་བསྲེགས་པ་ཡི། །དུད་པའི་སྤྲིན་གྱི་ཕུང་པོས་ལྷ་ལམ་ཁྱབ། །དུད་པའི་ཟེགས་མ་རེ་རེའི་ཆ་ཤས་ལས། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་དང་། །སྲོག་ཆགས་སྣ་ཚོགས་ཡིད་འོང་སྒྱུ་རྩལ་ངོམས། །སྲིད་མཐའི་བར་དུ་ཟད་མེད་ཡུལ་བདག་གི། །དབང་པོ་དྲུག་གིས་མྱོང་རེག་ཟག་མེད་ཀྱི། །བདེ་ཆེན་ཡེ་ཤེས་འཆར་བའི་བསང་མཆོད་འདིས། །ལྷ་ཡི་སྲས་པོ་དུང་ཁྱུང་དཀར་པོ་བསང་། །དགྱེས་སྡེ་བཙུན་མོ་ཀླུ་ཡི་ལྕམ་གཅིག་བསང་། །སྤྲུལ་པ་ལྷ་དང་བཙན་ཀླུ་གནོད་སྦྱིན་སོགས། །སྡེ་བརྒྱད་ཡང་འཁོར་ཉིང་སྤྲུལ་མ་ལུས་བསང་། །སྐུ་ཡི་རྣམ་འགྱུར་གཅིག་ཏུ་མ་ངེས་ཀྱང་། །སྐུ་མདོག་དཀར་པོ་དུང་ལ་ཉི་ཤར་བཞིན། །བཀྲག་སྣུམ་མདངས་འཚེར་ཤེལ་ཁྲབ་རྟ་དཀར་ཆིབས། །དུང་རྨོག་རྒོད་འཕྲུ་དར་ཚོན་ཅོད་པན་འཕུར། །ཕྱག་གཡས་བ་དན་ཁྲ་བོ་ལྷབ་ལྷུབ་གཡོ། །གཡོན་པས་རིན་ཆེན་དངུལ་གྱི་ལྡེ་མིག་བསྣམས། །བཀའ་བློན་ཡུམ་སྲས་སྤྲུལ་པ་སྣ་ཚོགས་འགྱེད། །ཁྱེད་ལ་འདོད་དོན་ཕྲིན་ལས་བཅོལ་བ་ནི། །ནད་གདོན་འཇིགས་བརྒྱད་མུན་པའི་སྨག་རུམ་ཀུན། །ཞི་བའི་འོད་སྟོང་འབར་བས་ཕྱིར་བསྐྲད་མཛོད། །བདག་ཅག་ཚེ་བསོད་དཔལ་འབྱོར་ཡིད་བཞིན་མཚོ། །ཚོགས་གཉིས་རྒྱལ་བའི་ཆར་གྱིས་འཕེལ་བར་མཛོད། །དབང་གི་ཕྲིན་ལས་བཅུ་དྲུག་ལང་ཚོ་མས། །གདུལ་བྱ་གཞོན་ནུའི་བླ་ཡིད་འགུགས་པར་མཛོད། །ལོག་འདྲེན་དགྲ་འདྲེ་ཚེར་མ་རྣོན་པོའི་དཔལ། །དྲག་ཤུལ་ལས་ཀྱི་མེ་ལྕེས་གཞིལ་བར་མཛོད། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱེས་བུའི་ཚོགས། །རྟག་ཏུ་བསྲུང་སྐྱབས་གཡེལ་བ་མེད་པར་མཛོད། །མདོར་ན་འདོད་པའི་དོན་དང་གཉེར་བའི་ལས། །འཇིག་རྟེན་མེས་པོ་ཚངས་པ་ཆེན་པོ་དང་། །ལྷ་ཡི་དབང་པོ་ཇི་ལྟར་སྨན་པ་བཞིན། །ཡིད་བཞིན་ནོར་བུའི་དཔལ་དང་མཚུངས་པར་མཛོད། །བཀྲ་ཤིས་བྱང་ཆུབ་སེམས་ཀྱི་ས་གཞི་ལ། །བཀྲ་ཤིས་ཚོགས་གཉིས་མྱུ་གུ་རབ་སྨིན་ནས། །བཀྲ་ཤིས་སྐུ་བཞིའི་འབྲས་བུ་གཡུར་ཟ་ཞིང་། །བཀྲ་ཤིས་སྣོད་བཅུད་དགེ་བའི་དཔལ་འབར་ཤོག །ཅེས་པའང་སྐྱབས་རྗེ་རྒྱལ་བའི་སྲས་པོའི་ཞབས་ཀྱི་འཁོར་ལོའི་བཀྲ་ཤིས་དགེ་བའི་རི་མོས་ངོ་མཚར་ཅིར་ཡང་བཀྲ་བའི་གདན་སར་རྨི་ལྟས་དང་མཚུངས་པར་སྤྲུལ་པའི་སྐུ་ཐུབ་བསྟན་ནས་བསྐུལ་ངོར་རྒྱ་སྤྲུལ་དགེ་སྦྱོང་ལུང་རྟོགས་མིང་གིས་བྲིས་ནས་ཕུལ་བ་ཛ་ཡནྟུ།།

དགྲ་བླ་དུང་ཁྱུང་དཀར་པོའི་བསང་བསྡུས་བདུད་རྩིའི་ཆར་བསིལ།

༄༅། དགྲ་བླ་དུང་ཁྱུང་དཀར་པོའི་བསང་བསྡུས་བདུད་རྩིའི་ཆར་བསིལ་ནི། ཨོཾ་ཨཱ༔ཧཱུྃ། སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་ཨོ་རྒྱན་རྗེས། །བྱིན་བརླབས་རྒྱ་བོད་གནས་ཀྱི་བསྲུང་མ་དང་། །ཁྱད་པར་དགྲ་བླ་དུང་ཁྱུང་དཀར་པོ་ཞེས། །སངས་རྒྱས་བསྟན་པ་བསྲུང་བའི་ཡུལ་ལྷ་བསང་། །དེ་ཡི་བརྟེན་གནས་རི་བོ་དཔལ་བཤོས་དབྱིབས། །དུང་ཁྱུང་དཀར་པོས་རོལ་འདྲའི་ངོ་མཚར་བྲག །པཎ་གྲུབ་འཛམ་གླིང་སྐྱེས་བུས་བྱིན་ཕབ་པས། །དུང་མདོག་ཆུ་མིག་ལྷ་ཤིང་བདུད་རྩི་ཅན། །ཕང་ཕུང་ཚར་དུ་དངར་བའི་མཚར་སྡུག་གི། །གནས་ལ་རྟེན་བཅས་ཡུལ་བདག་གནས་བདག་བསང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །རྟག་ཏུ་སྲུང་སྐྱོབ་གཡེལ་བ་མེད་པ་དང་། །དགེ་འདུན་སྡེ་རྣམས་ཐུགས་མཐུན་བསླབ་གསུམ་གྱི། །ཁྲིམས་རྣམས་འོག་མ་ལས་འགལ་རྙོག་མའི་ཆབ། །གསང་ཆེན་བསྐྱེད་རྫོགས་ནོར་བུ་ཀེ་ཏ་ཀས། །ཉེར་བསལ་འདོད་དོན་གེགས་མེད་མྱུར་འགྲུབ་མཛོད། །ཅེས་པའང་སྤྲུལ་སྐུ་ཐུབ་བསྟན་གྱི་བཀའ་བཞིན་རྒྱ་སྤྲུལ་མིང་པས་སོ།།

གཞི་བདག་བསང་བསྡུས་འདོད་དོན་ལྷུན་གྲུབ།

༄༅། གཞི་བདག་བསང་བསྡུས་འདོད་དོན་ལྷུན་གྲུབ་བཞུགས་སོ། །ཀྱཻ་རྨད་བྱུང་མདོ་སྔགས་ཆོས་ཀྱི་སྐྱེད་ཚལ་མཆོག །དབྱི་ཞེས་ངོ་མཚར་གནས་ཀྱི་ཡུལ་སྐྱོང་གཙོ། །གཡི་ཁྲོམ་མཚོ་སྨན་དགྲ་བླ་མི་མགོན་དཀར། །དབང་བསྡུད་ལྷ་རྩེ་དཔའ་བོ་སྟག་འཕྲུ་ཅན། །ནོར་བུ་ལྷ་རྩེ་གཉན་པོ་གཡུ་རྩེ་དང་། །རྡོ་རྗེ་ལྷ་རྩེ་ཕྱོགས་འདིའི་གཞི་བདག་སོགས། །མ་ལུས་བྲན་གཡོག་འཁོར་བཅས་ཐམས་ཅད་ལ། །འདོད་ཡོན་ལྔ་ལྡན་བསང་མཆོད་འདི་ཕུལ་བས། །ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ་པ་དང་། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པའི་ཤྭོ་ལོ་ཀ་རྒྱ་སྤྲུལ་རིན་པོ་ཆེའི་གསུང་ལ་ཚིག་རྐང་རྗེས་མ་ས་ར་ཧི་ཏས་སྦྱར་བའོ །།

མཆོད་གསོལ་ཀུན་བཟང་བདུད་རྩིའི་སྤྲིན་ཕུང་།

༄༅། ཡུལ་སྐྱོང་གནས་བདག་གསུམ་གྱི་བསང་དང་ཇ་མཆོད་གང་ལའང་ཁ་བསྒྱུར་ཆོག་པའི་མཆོད་གསོལ་ཀུན་བཟང་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས། ཀྱཻ། སྔོན་ཚེ་རྒྱལ་བའི་བཀའ་ཉན་དཀར་ཕྱོགས་སྐྱོང་། །སྲིད་པའི་ལྷ་ཆེན་རྡོ་རྗེ་གཡུ་ཕྲོམ་གྱི། །ཐུགས་སྲས་ཡུལ་སྐྱོང་རྡོ་རྗེ་རབ་བརྟན་ལ། །ཟག་མེད་བདུད་རྩི་ཕུད་ཀྱི་མཆོད་པ་འབུལ། །སངས་རྒྱས་བསྟན་དང་བསྟན་འཛིན་དར་ཞིང་རྒྱས། །རྣལ་འབྱོར་བསམ་དོན་ཡིད་བཞིན་འགྲུབ་པར་ཤོག །ཅེས་དང་། རྒྱལ་དབང་པདྨ་ཀཱ་རའི་བཀའ་ཉན་པ། །གནས་སྲུང་བསྟན་འཛིན་རྒྱལ་མཚན་སྤྲུལ་འཁོར་བཅས། །འདོད་པའི་ཡོན་ཏན་ཕུན་ཚོགས་ལྔ་ལྡན་པའི། །རྒྱ་ཇ་ཕུད་སྐྱེམས་བདུད་རྩི་བསང་མཆོད་འབུལ། །རྣལ་འབྱོར་གང་བཅོལ་བསམ་དོན་འགྲུབ་པ་དང་། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་དར་བར་མཛོད།། ཅེས་དང་། ཕུན་ཚོགས་བདེ་ལེགས་བྱེ་བའི་གཏེར་ཆེན་པོ། །ཡུལ་སྲུང་བསྟན་སྐྱོང་བྲག་དམར་སྤོ་མཐོ་ཞེས། །གང་བཅོལ་ལས་རྣམས་སྒྲུབ་པའི་ཕོ་ཉ་བ། །ཕུད་སྐྱེམས་བསང་མཆོད་འབུལ་ལོ་ཕྲིན་ལས་མཛོད།། ཅེས་པའང་སྒྲུབ་བརྩོན་རྣལ་འབྱོར་དམ་པ་ཨ་ཁུ་ཆོས་འགྲུབ་དང་གཞན་ཕན་བཟང་པོ་ཟུང་གིས་བསྐུལ་ངོར་སྤྲུལ་མིང་པས་བྲིས་པ་དགེ་ལེགས་འཕེལ།།

ཛམ་བྷ་ལའི་བསང་མཆོད་ཕན་བདེའི་དགའ་སྟོན་དཀོན་མཆོག་ཆོས་དབང་གིས་མཛད་པ།

༄༅།། ནོར་བདག་ཛམ་བྷ་ལའི་བསང་མཆོད་ཕན་བདེའི་དགའ་སྟོན་ཞེས་བྱ་བ་བཞུགས། འདིར་གང་ཞིག་ཛམ་ལྷ་སྒྲུབ་པའི་རྣལ་འབྱོར་པས་དེའི་བསང་མཆོད་འབུལ་བར་འདོད་ན། རིན་པོ་ཆེ་ལ་སོགས་སྣོད་དག་པར་དཀར་གསུམ་མངར་གསུམ་གཙོ་བོར་གྱུར་པའི་བསང་རྫས་ཀྱི་བྱེ་བྲག་ཅི་འབྱོར་བཤམས་ལ། རྃ་ཡྃ་ཁྃ་གིས་བསང་། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་བྱུང་བའི་བསང་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ལྟ་བུས་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས་ནས་བཛྲ་སྥ་ར་ཎ་ཁཾ། ཧཱུྃ། ཆོས་ཀུན་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་སྒྱུ་མའི་རོལ་པར་སྣང་། །ཟུང་འཇུག་རིག་པ་ཧཱུྃ་ཡིག་ཡོངས་གྱུར་པས། །སྐད་ཅིག་བདག་ཉིད་གསང་བདག་སྐུར་གསལ་བའི། །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས། །རང་བཞིན་གནས་ནས་རྒྱལ་བ་སྲས་བཅས་དང་། །ཁྱད་པར་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གནོད་སྦྱིན་ཛམ་ལྷ་འཁོར་ཚོགས་བྱེ་བ་འབུམ། །སྤྱན་དྲངས་འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །རབ་ཏུ་དྭངས་པའི་ཡིད་ཀྱིས་ཕྱག་བགྱི་འོ། །རྣམ་དག་མཆོད་པ་ཡིད་འོང་བླ་མེད་རྫས། །ཕྱི་ནང་གསང་གསུམ་སྨན་མཆོད་རཀྟ་དང་། །བྷ་ལིང་ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །དགྱེས་པར་བཞེས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །སྣང་སྲིད་རྣམ་པར་དག་པ་ཡུམ་ལྔའི་ཀློང་། །བསྐྱེད་དང་སྡུད་སོགས་བྱེད་པོ་འབྱུང་བའི་བཅུད། །འཆི་མེད་བདུད་རྩིའི་རང་བཞིན་བྱིན་བརླབས་པའི། །རྙོག་མའི་སྐྱོན་བྲལ་རྣམ་དག་དྲི་བསུང་འདིས། །དཀོན་མཆོག་སྐུ་གསུམ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་སེལ་མཛད་གནས་ཡུལ་ཌཱཀྐི་སོགས། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོ་བསང་། །རྣམ་མང་ནོར་བདག་དཔལ་ལྡན་རྣམ་ཐོས་སྲས། །ཐུགས་ཀྱི་སྲས་མཆོག་ཛམ་ལྷ་ནག་པོ་ཆེ། །བཙུན་མོ་བློན་འབངས་འཁོར་ཚོགས་བྱེ་བ་སོགས། །ཡུལ་ལྷ་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་བསང་། །རྨད་བྱུང་བསང་དུད་སྤྲིན་ཕུང་ཟེགས་མ་ལས། །ཉེར་སྤྱོད་འདོད་ཡོན་གཟུགས་སྒྲ་དྲི་རོ་རེག །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །འབྲས་མཆོག་མ་རྨོས་ལོ་ཏོག་འདོད་འཇོའི་བ། །དཀར་མངར་བདུད་རྩིའི་ཟས་མཆོག་རོ་བརྒྱ་ལྡན། །རིན་ཆེན་གཏེར་བུམ་འཕན་གདུགས་རྒྱལ་མཚན་དང་། །ཡིད་འོང་སྐྱེད་ཚལ་ནེའུ་གསིང་འབྲུ་སྨན་ལྗོངས། །ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་བུ་ལ། །གནས་པའི་བྱ་རིགས་སྐད་སྙན་སྒྲོག་པ་སོགས། །ངོ་མཚར་ལྷ་མིའི་དཔལ་འབྱོར་ཡིད་བཞིན་རྫས། །སྣ་ཚོགས་སྣང་བ་རྟེན་འབྲེལ་འགག་མེད་རྩལ། །ཀུན་བཟང་རྣམ་རོལ་མཆོད་སྤྲིན་བླ་མེད་འབུལ། །དགྱེས་བཞེས་འདོད་དགུའི་དངོས་གྲུབ་ཆར་ལྟར་ཕོབ། །ཕུན་ཚོགས་ཟག་མེད་ཡོན་ཏན་བྱེ་བའི་གཏེར། །ལེགས་འཆང་བཅོམ་ལྡན་རྒྱལ་བ་སྲས་བཅས་དང་། །ཕུལ་བྱུང་དགེ་ལེགས་དཔལ་སྟེར་ཛམ་བྷ་ལ། །འཁོར་ཚོགས་ཕོ་ཉར་བཅས་ལ་གུས་པས་བསྟོད། །དེ་ལྟར་མཆོད་ཅིང་བསྟོད་པའི་མཐུ་བྱིན་གྱིས། །བསྟན་དང་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་འབད་མེད་འབྱུང་བ་དང་། །ཕན་བདེའི་དཔལ་ལ་སྤྱོད་པའི་ཕྲིན་ལས་མཛོད། །ཁྱད་པར་བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱིས། །དམ་ཆོས་སྒྲུབ་པའི་བར་ཆད་ཀུན་ཞི་ནས། །མཆོག་ཐུན་དངོས་གྲུབ་འཛད་མེད་རྒྱ་མཚོ་ལ། །རྟག་ཏུ་བདེ་དགར་རོལ་བའི་མཐུན་འགྱུར་མཛོད། །རྨད་བྱུང་ཚོགས་གཉིས་ཟབ་མོའི་སྤྲིན་ཆེན་ལས། །ས་ལམ་ཡོན་ཏན་བྱེ་བའི་གྲུ་ཆར་གྱིས། །ཟུང་འཇུག་སྐུ་བཞིའི་འབྲས་བུ་ཆེར་སྨིན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་བསླབ་གསུམ་ཡོན་ཏན་ནོར་བུའི་མཛོད་འཛིན་ཆོས་གྲོགས་དམ་པ་ཧོར་བན་གཞན་ཕན་གྱིས་བསྐུལ་ངོར་བཙུན་གཟུགས་དཀོན་མཆོག་ཆོས་དབང་གིས་བགྱིས་པ་འདིས་ཀྱང་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དགེའོ། །དགེའོ། །དགེའོ། །

རྟ་བསང་།

༄༅།། ན་མོ་ཨཱརྱ་རེ་མནྟ། །སྔོན་ཚེ་བསང་གི་རྒྱུ་ནི་ཇི་ལྟར་སྲིད། །བར་དུ་བསང་གི་རྐྱེན་ནི་ཅི་ལས་བྱུང་། །འབྱུང་ལྔའི་ཀློང་ལས་ཡུམ་ལྔའི་བྱིན་རླབས་མཐུས། །བདུད་རྩི་ཤིང་ལྔ་བྱུང་བའི་རྟེན་འབྲེལ་ལས། །བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །རིག་འཛིན་གཙོ་མཆོག་པདྨ་སྤྱན་དྲངས་ཚེ། །སྔགས་དང་ཕྱག་རྒྱ་ཤིང་ལྔའི་དུད་སྤྲིན་གྱིས། །གྲིབ་དང་མི་གཙང་དབྱིངས་སུ་བསང་བ་ལྟར། །དེ་རིང་རྣལ་འབྱོར་བདག་དང་ཡོན་བདག་གིས། །ཤུག་པ་སུར་དཀར་འོམ་བུ་མཁན་པ་དང་། །སྤེན་པ་ཁ་དོག་ལྔ་ལྡན་ལྷ་ཤིང་དང་། །འབྲུ་ལྔ་སྨན་ལྔ་ཕྱེ་མར་དམ་རྫས་རྣམས། །མེ་ལྕེས་བཞུས་པ་དྭངས་མའི་དུད་པ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་བདེན་པའི་མཐུས། །དགྲ་བླ་མི་རྣམས་མནོལ་བ་ཐམས་ཅད་བསང་། །ལྷ་རྟ་ཅང་ཤེས་མནོལ་བ་ཐམས་ཅད་བསང་། །སྐུ་གསུང་ཐུགས་ཀྱི་ལྷ་རྣམས་མནོལ་བ་བསང་། །ཚེ་རབས་རྒྱུད་ཀྱི་སྲུང་མ་ཐམས་ཅད་བསང་། །སློབ་དཔོན་རྒྱུད་ཀྱི་སྲུང་མ་ཐམས་ཅད་བསང་། །ཕ་མྱེས་རྒྱུད་ཀྱི་སྲུང་མ་མནོལ་བ་བསང་། །ཕ་ལྷ་དང་ནི་མ་ལྷ་ཐམས་ཅད་བསང་། །ཞིང་ལྷ་དང་ནི་ཕྲག་ལྷ་ཐམས་ཅད་བསང་། །ལུས་ལྷ་འགོ་བའི་ལྷ་སྲུང་ཐམས་ཅད་བསང་། །རྟ་ལྷ་དཔལ་རབ་འཆང་བའི་མགོན་པོ་བསང་། །འཕགས་པ་རེ་མནྟ་དང་ཀུ་བེ་ར། །རྟ་བདག་བརྒྱད་པོ་འཁོར་དང་བཅས་པ་བསང་། །ཛམ་ལྷ་དཀར་སེར་དམར་ནག་ལས་བཞིའི་ལྷ། །ནོར་བདག་རྣམ་ཐོས་སྲས་པོ་འཁོར་བཅས་བསང་། །སེམས་དཔའ་ཅང་ཤེས་ཉི་མའི་སྙིང་པོ་བསང་། །རྟ་ལ་འགོ་བའི་ལུས་ལྷ་གཉན་པོ་བསང་། །དམ་ཉམས་ཕོ་དམེ་མོ་ནལ་གྲིབ་ཅན་གྱིས། །ཞོན་དང་སྒ་སྲབ་སྟན་རྩོག་ལ་སོགས་པས། །གྲིབ་དང་མི་གཙང་ཕོག་པ་ཐམས་ཅད་བསང་། །ལྷ་ཤིང་ཤུག་པ་སུར་དཀར་དུད་པས་བསང་། །མཁན་པ་སྤེན་པ་ཉ་བྲུག་དུད་པས་བསང་། །འབྲུ་ལྔ་སྨན་ལྔའི་དུད་པ་འདི་ཡིས་བསང་། །དཀར་གསུམ་མངར་གསུམ་དུད་པ་འདི་ཡིས་བསང་། །རིན་ཆེན་སྣ་ལྔའི་དུད་པ་འདི་ཡིས་བསང་། །ཕྱེ་མར་ཟས་ཕུད་དུད་པ་འདི་ཡིས་བསང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་ནུས་པས་བསང་། །བཅོམ་ལྡན་ཧྱ་གྷྲི་ཝའི་ལྷ་ཚོགས་བསང་། །རྒྱལ་ཆེན་བཞི་དང་མགུར་ལྷ་བཅུ་གསུམ་བསང་། །བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་བསང་། །ས་བདག་རུས་སྦལ་ལོ་སྐོར་ལོ་ལྷ་བསང་། །ཉམས་གྲིབ་མི་གཙང་བ་ནི་ཐམས་ཅད་བསང་། །རྟ་ནད་འཚེར་བཅུའི་གནོད་པ་ཟློག་ཏུ་གསོལ། །གྲིབ་རྣམས་ཆོས་ཉིད་དབྱིངས་སུ་ཞི་གྱུར་ཅིག །ཚེ་དང་ལོངས་སྤྱོད་རྟ་རྣམས་རྒྱས་གྱུར་ཅིག །སྣང་སྲིད་ཕྱྭ་གཡང་དབང་དུ་འདུས་གྱུར་ཅིག །གནོད་བྱེད་འབྱུང་པོ་མ་ལུས་རྡུལ་དུ་རློགས། །དཀོན་མཆོག་གསུམ་གྱི་བྱིན་རླབས་མཐུ་ཆེ་བས། །མི་དང་རྟ་ཕྱུགས་ཐམས་ཅད་བསྲུང་དུ་གསོལ། །ཨོ་རྒྱན་པདྨ་འབྱུང་གནས་བྱིན་རླབས་ཀྱིས། །བསྲུང་བ་རྡོ་རྗེའི་གུར་དུ་ཚུད་གྱུར་ཅིག །ཅེས་པ་འདི་ཡང་རང་ལ་ཉེར་མཁོ་བས། །སྤྲུལ་མིང་བཙུན་པ་ལུང་རྟོགས་ཉིན་བྱེད་ཀྱིས། །སྤེལ་བའི་ཡི་གེ་པ་ནི་དགེ་སྦྱོང་བ། །སྦྱིན་པ་རྒྱལ་མཚན་འོད་ཟེར་གྱིས་བྲིས་དགེ། །

རྟ་ཁྲུས་བདུད་རྩིའི་རྒྱུན་བཟང་།

༄༅།། རྟ་ཁྲུས་བདུད་རྩིའི་རྒྱུན་བཟང་བཞུགས། ན་མཿཧྱ་གྷྲྀ་ཝ་ཡེ། བདག་བསྐྱེད་རྡོ་རྗེ་རྣམ་པར་འཇོམས་པའི་ཉེ་སྙིང་གཟུངས་རིང་ཕན་ཡོན་དང་བཅས་པའི་མཐར། མཆོད་བསྟོད་དང་། ཁྲུས་བུམ་གྱི་སྟེང་གི་ནམ་མཁར་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་ཡབ་ཡུམ་རིགས་ཀྱི་སེམས་དཔའ་དང་སེམས་མ་ཁྲོ་བཅུ་དང་བཅས་པ་གསལ་བའི་སྐུ་ལས་བདུད་རྩི་སྣ་ལྔའི་རྒྱུན་དང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ནས་ཁྲུས་ཆབ་ལ་ཐིམ་པས་ཅང་ཤེས་རྟ་ཕྱུགས་ཡོངས་ཀྱི་གྲིབ་དང་མི་གཙང་བ་ཐམས་ཅད་སེལ་བའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཧཱུྃ་ཏྲཾ་ཧྲཱི་ཨཱཿ ཨོཾ་བཛྲ་ཀྲོ་ཏ་ཧྱཱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ན་མཿཙནྜ་བཛྲ་ཀྲོ་ཏ་སོགས་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་སྔགས་གསུམ་པོའི་མཐར། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་བཾ་ལཾ་རཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་ཉེར་གཅིག་གམ་བདུན་ལས་མི་ཉུང་བར་བརྗོད། མདུན་མཁར་བཞུགས་པའི་རིགས་ལྔའི་ཡུམ་རྣམས་ཀྱིས་ཁྲུས་བྱས་སེམས་དཔའ་ཡབ་ཡུམ་གྱིས་བཀྲ་ཤིས་པའི་མེ་ཏོག་འཐོར། ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་པའི་ལས་མཛད་པར་གྱུར། ཧཱུྃ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །རྐང་བཞི་དུད་འགྲོའི་སོགས་ནས་དག་གྱུར་ཅིག །གོང་གི་སྔགས་གསུམ་ཤམ་དང་བཅས་པ་ལན་གསུམ་བཟླས་རྗེས། ན་མོ་རྗེ་བཙུན་རྩ་བ་དང་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། རིགས་ལྔ་ཡབ་ཡུམ་སེམས་དཔའ་ལྕམ་དྲལ། རིགས་ཀྱི་ཁྲོ་བོ་ཁྲོ་མོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྱད་པར་དུ་མཉམ་མེད་སྟོན་པ་ཤཱཀྱའི་རྒྱལ་པོ། བཅོམ་ལྡན་འདས་རྟ་མགྲིན་རིགས་ལྔའི་ལྷ་ཚོགས། རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། རྟ་བདག་ཀུ་བཻ་ར། དཔལ་ཚངས་པ་དང་བརྒྱ་བྱིན་འགོ་བའི་ལྷ་དང་སྲུང་མ་སྤྲུལ་འཁོར་དང་བཅས་པའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་ནུས་པ་ལ་བརྟེན་ནས་བསྲུང་བྱའི་རྟ་རྣམས་ལ་ཤར་ཕྱོགས་དྲི་ཟའི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་བཞིན་དུ། ལྷོ་ཕྱོགས་གཤིན་རྗེའི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནུབ་ཕྱོགས་ཆུ་ལྷའི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྱང་ཕྱོགས་གནོད་སྦྱིན་གྱི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཤར་ལྷོ་མེ་ལྷའི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ལྷོ་ནུབ་སྲིན་པོའི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ནུབ་བྱང་རླུང་ལྷའི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། བྱང་ཤར་དབང་ལྡན་གྱི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྟེང་ཕྱོགས་གཟའ་རྒྱུ་སྐར་གྱི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། འོག་ཕྱོགས་ས་བདག་གི་གདོན་ལས་བྱུང་བའི་ནད་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གཞན་ཡང་དམ་ཉམས་དང་། མཛེ་ཕོ་དང་། ཡུགས་ས་མོ་དང་། རོ་བག་ཅན་དང་། དམེ་ནལ་གྱིས་ཞོན་པ་དང་སྟན་རྩོག་དང་། སྒ་རྩོག་བསྟད་པ་དང་། སྲབ་རྩོག་དང་མཐུར་རྩོག་བཞག་པའི་གྲིབ་དང་མི་གཙང་བ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། རྟ་ལྷའི་རྒྱལ་པོ་རྣམས་དང་། འགོ་བའི་ལྷ་སྲུང་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ལ་གྲིབ་དང་མི་གཙང་བས་གོས་པའི་སྐྱོན་ལས་བྱུང་བའི་གློ་དང་ལྷེད་དང་། འཐེང་འགྲམ་དང་། རྔོ་ལ་སོགས་པའི་རྟ་ནད་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། སྡེ་བརྒྱད་ཀྱི་རིགས་སྤྱི་དང་བྱེ་བྲག་བཙན་རིགས་ཐ་དད་པའི་བསམ་སྦྱོར་ལས་བྱུང་བའི་མཐོང་བའི་དུག་དང་། རེག་པའི་དུག་དང་། བསམ་པའི་དུག་དང་། ཁ་རླངས་ཀྱི་དུག་ཕོག་པའི་ནད་དང་གདོན་དང་གྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཁྲུས་ཆུ་རྒྱུན་གྱིས་ལེགས་པར་བཀྲུ་ཞིང་མཐར། མདུན་མཁར་བཞུགས་པའི་ཁྲུས་ལྷ་འཁོར་བཅས་འོད་དུ་ཞུ་ནས་ཅང་ཤེས་རྟ་ཕྱུགས་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་བདུད་དང་ལོག་འདྲེན་བར་དུ་གཅོད་པ་ཐམས་ཅད་ཀྱིས་མི་ཚུགས་པའི་དཔལ་ཡོན་དང་ལྡན་པར་གྱུར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ལྷག་པའི་ལྷ་མཆོག་རྣམས་ཀྱི་ནུས་མཐུ་ཡིས། །འགྲོ་བ་འདི་ལ་བདག་གིས་བསྲུང་ཟིན་གྱི། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །གོང་གི་སྔགས་གསུམ་མཐར། དུ་རངྒ་ཀཱ་ཡ་ཝཀྐ་ཙིཏྟ་བཛྲ་རཀྵ་རཀྵ་བྷྲཱུྃ། ཞེས་སྔགས་ཆུ་བླུད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་སྒྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་གང་འོས་བྱ་ཞིང་མི་དམིགས་པའི་ངང་ལ་བཞག་གོ། །ཞེས་པའང་མཆོག་གསུམ་རྒྱུ་འབྲས་དང་བཅས་ལ་ཡིད་ཆེས་མི་ཕྱེད་པའི་དད་པ་དང་ལྡན་པ་ཟབ་མོའི་ལམ་གྱི་རྣལ་འབྱོར་མཉྫུའི་མིང་གིས་བསྐུལ་ངོར། དཀོར་རྫས་སྦྲང་རྩིས་མྱོས་པའི་བྷུ་སུ་ཀུ་པ་རྒྱ་སྤྲུལ་པས་ལྷའི་དྲང་སྲོང་དཀར་པོ་དང་། བཙུན་མོ་ནམ་གྲུ་ལྷན་ཅིག་བརྩེ་བའི་དུས་སུ་བྲིས་པས་དུས་ཀུན་ཏུ་དགེ་བར་གྱུར་ཅིག དགེའོ།།

ཕྲིན་བཅོལ་འཇིགས་བརྒྱད་མེ་ལྕེ་གཞིལ་བའི་ཆར་ཆེན།

༄༅།། བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་བསང་གསོལ་གང་ལའང་སྦྱར་ཆོག་པའི་ཕྲིན་བཅོལ་འཇིགས་བརྒྱད་མེ་ལྕེ་གཞིལ་བའི་ཆར་ཆེན་ཞེས་བྱ་བ་བཞུགས་སོ།། ཨེ་མ་ཧོ། བརྒྱུད་གསུམ་བླ་མའི་ངོ་བོ་ཨོ་རྒྱན་རྗེ། །འཁོར་འདས་དབང་བསྒྱུར་རྟ་མཆོག་ཧེ་རུ་ཀ །འཇིགས་བརྒྱད་གཡུལ་འཇོམས་འཕགས་མ་སྒྲོལ་མ་སོགས། །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །མི་མངོན་དབྱིངས་ནས་གནས་འདིར་བརྩེར་དགོངས་ལ། །མྱུར་མགྱོགས་ཐུགས་རྗེའི་སྟོབས་ཀྱིས་ཤུགས་ཕྱུང་ནས། །རྒྱལ་ཁམས་སྤྱི་དང་ཆོས་གྲྭ་འདི་ཉིད་ལ། །འཇིགས་བརྒྱད་བར་ཆད་བཟློག་པའི་མཐུ་དཔུང་བསྐྱེད། །ཁྱད་པར་གངས་ཅན་བོད་ཀྱི་ལྗོངས་འདི་རུ། །ཐུབ་བསྟན་གསལ་མཛད་མཁན་སློབ་ཆོས་གསུམ་སོགས། །གྲུབ་བརྙེས་རིག་འཛིན་བརྒྱུད་པའི་ཚོགས་རྣམས་ཀྱིས། །བཀའ་དང་དམ་ལ་བཏགས་པའི་ཆོས་སྐྱོང་སྤྱི། །བྱེ་བྲག་སྙིང་ཐིག་སྙིང་པོའི་སྲུང་མ་མཆོག །སྤྱན་གཅིག་ཁྲག་མཚོར་ཁོལ་བའི་མ་མོ་དང་། །རུ་ཊ་སྡེ་གསུམ་རྩད་གཅོད་དྲེགས་པའི་གཙོ། །མ་ནིང་ལེགས་ལྡན་དཔལ་མགོན་ཚོགས་ཀྱི་བདག །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མགོན་པོ་ལྔ། །སྲིད་གསུམ་ལྟེ་བར་རྔུབ་མཛད་ར་ཧུ་ལ། །གསང་བདག་ཐུགས་སྤྲུལ་དམ་ཅན་མགར་བ་ནག །ཡང་དགོས་རྟ་མཆོག་རྒྱལ་པོ་བསྟན་སྲུང་སྐུར། །བསྟན་དགྲའི་གཤེད་དུ་གདུག་ཅན་དྲེགས་པའི་ཚུལ། །ཞིང་བཅུའི་སྲོག་གཤེད་གནོད་སྦྱིན་ཙི་འུ་དམར། །གདུག་ཅན་དྲེགས་པའི་བཙན་འཁོར་རྡུལ་སྙེད་གྲངས། །སྔོན་ཚེ་རྒྱལ་དབང་པདྨ་ཐོད་ཕྲེང་དང་། །བར་དུ་མཆོག་སྤྲུལ་མངའ་རིས་པཎ་ཆེན་སོགས། །གྲུབ་བརྙེས་རིག་འཛིན་བརྒྱུད་པའི་བཀའ་བསྒོས་ལྟར། །དབང་དྲག་ཕྲིན་ལས་རྡོ་རྗེའི་ཐོག་དབལ་གྱིས། །བདུད་སྡེའི་ཀླད་པ་འགེམས་པའི་མཐུ་རྩལ་བསྐྱེད། །འཇིགས་བརྒྱད་བར་ཆད་བཟློག་པའི་སྟོབས་ཤུགས་ཕྱུང་། །ཁྱད་པར་ཁྱོད་ཉིད་སྲུང་མར་རྟག་བརྟེན་ནས། །རེ་ཞིང་ལྟོས་པའི་རྣལ་འབྱོར་བདག་ཉིད་ལ། །བར་ཆད་གླགས་ལྟ་འབྱུང་པོའི་ཕྲུ་མ་ཆོམས། །གཡོ་ཅན་དགྲ་རྐུན་ཤོམ་པའི་དོན་སྙིང་ཕྱུང་། །ཡང་དགོས་ནང་དུ་ཉོན་མོངས་རྒྱུ་རྐྱེན་ལས། །ལྟས་ངན་ཕྱི་རུ་ཤར་བའི་ཆོ་འཕྲུལ་བརྒྱད། །ཞེ་སྡང་མེ་དང་འདོད་ཆགས་ཆུ་བོ་དང་། །ང་རྒྱལ་སེང་གེ་ཕྲག་དོག་དུག་སྦྲུལ་འཇིགས། །སེར་སྣ་ལྕགས་སྒྲོག་ཐེ་ཚོམ་ཤ་ཟའི་གདོན། །ལྟ་ངན་རྐུན་པོ་གཏི་མུག་གཉིས་འཐུང་སོགས། །འཇིགས་པ་བརྒྱད་ཀྱིས་ཉེ་བར་འཚེ་བ་ཀུན། །ད་ལྟ་སྐད་ཅིག་ཟློག་པའི་ཕྲིན་ལས་མཛོད། །སྙིགས་དུས་རྒྱལ་བསེན་འབྱུང་པོས་རྒྱུད་བསྐུལ་ནས། །སྨོན་ལོག་དམ་སྲིའི་རིགས་ཀྱིས་བསྟན་འགྲོ་ལ། །གནོད་ཅིང་འཚེ་བའི་ཚེ་བསོད་སྟོབས་འབྱོར་ཀུན། །བསྟན་སྲུང་དྲེགས་པའི་ཚོགས་ཀྱིས་རྨིང་མེད་ཐོངས། །གནས་ཆེན་རྟེན་གསུམ་འཛོམས་པའི་ཆོས་གྲྭ་ལ། །ཉེ་བར་འཚེ་བའི་མི་དང་མི་མིན་དཔུང་། །ཁ་དཀར་སྙིང་གནག་ལོག་སྦྱོར་ཤོམ་པའི་རིགས། །ཁང་ཧྲུལ་ཐོག་མདས་གཞོམས་བཞིན་རྡུལ་དུ་རློགས། །ཀ་དག་ཟང་ཐལ་དགོངས་པ་མངོན་གྱུར་པའི། །གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་སོགས། །རྫོགས་ཆེན་ཡབ་སྲས་བརྒྱུད་པར་བཅས་པ་ཡིས། །འགྱུར་མེད་རྡོ་རྗེའི་བཀའ་དང་དམ་བཞག་ལྟར། །གསང་ཆེན་སྲུང་མ་སྤྱི་དང་བྱེ་བྲག་གིས། །མེ་ཆུ་ལ་སོགས་འཇིགས་བརྒྱད་བར་ཆད་ཀུན། །མ་ལུས་མིང་གི་ལྷག་མར་ཚར་བཅད་ནས། །བདེ་སྐྱིད་རྫོགས་ལྡན་སྣང་བས་བདག་སོགས་འགྲོ། །རྟག་ཏུ་དགེ་ཞིང་ལེགས་པའི་ཤིས་པ་སྩོལ། །ཅེས་པའང་གསང་ཆེན་བསྟན་པའི་མངའ་བདག་ངེས་ལེགས་བླ་མ་ཁུ་དབོན་གྱིས་བཀའ་ཕེབས་ལྟར། གྲུབ་དབང་རྫོགས་ཆེན་བཞི་བའི་ཞབས་རྡུལ་སྤྱི་བོར་རེག་པའི་རྒྱ་སྤྲུལ་མིང་གྱི་ན་བས་སྨྲས་པ་དུས་གསུམ་ཀུན་ཏུ་བར་ཆད་བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་ནས་བདེ་སྐྱིད་རྫོགས་ལྡན་གསར་བའི་དགའ་སྟོན་ལ་སྤྱོད་པའི་རྒྱུར་གྱུར་ཅིག་གུ དགེའོ།། དགེའོ།། དགེའོ།།

དཔལ་ལྡན་མགོན་པོའི་གཏོར་འབུལ་བསྡུས་པ།

༄༅།། དཔལ་ལྡན་མགོན་པོའི་གཏོར་འབུལ་བསྡུས་པ་ནི། ཀ་དག་སྟོང་ཉིད་སྙིང་རྗེའི་རང་རྩལ་ལས། །ཁ་བ་ཅན་གྱི་སྐྱབས་མཆོག་པད་དཀར་འཆང་། །ག་དར་རྒྱལ་བསྟན་དྲི་མེད་སྲུང་བའི་ཆེད། །ང་བདག་གཤེད་དུ་ཆེར་ཁྲོས་དཔལ་མགོན་ཆེ། །ཅ་ཅོ་མ་ཡིན་རྡོ་རྗེའི་གླུ་གར་གྱིས། །ཆ་རོགས་མཛའ་གཅུག་ཇི་བཞིན་མགྲོན་དུ་འབོད། །ཇ་ཆང་གསེར་སྐྱེམས་ཤ་ལྔ་བདུད་རྩིི་ལྔས། །ཉ་ཟླའི་དགྱེས་ཞལ་སྟོན་ཕྱིར་མཆོད་ཅིང་བརྔན། །ཏ་ཐཱ་ག་ཏ་རྣམ་གྲོལ་རྫོགས་སངས་རྒྱས། །ཐ་མལ་དུག་ལྔའི་གདུང་སེལ་དམ་པའི་ཆོས། །ད་ན་སྦྱིན་གནས་མཆོག་གྱུར་དགེ་འདུན་སྡེ། །ན་དའི་དབྱིངས་ལས་སྤྲོ་མཛད་ཁྱོད་ལ་བསྟོད། །པ་པཾ་སྡིག་ལྟུང་སྦྱང་མཛད་རྡོ་རྗེ་སེམས། །ཕ་རོལ་ཐར་པའི་ལམ་སྟོན་བླ་མ་རྗེ། །བ་དག་སྲོག་གི་རྟེན་ཕུར་ཚེ་ཡི་ལྷ། །མ་ལུས་ཀུན་འདུས་ངོ་བོར་མངའ་གསོལ་ལོ། །ཙ་རི་ཏྲ་སོགས་གནས་ཡུལ་དཔའ་བོ་དང་། །ཚ་གྲང་འཇིགས་སྐྱོབ་མཁའ་འགྲོ་རྒྱ་མཚོའི་དཔུང་། །ཛ་ལའི་རྒྱུན་བཞིན་སྤྲོ་མཛད་ཧེ་རུ་ཀ། །ཝ་ར་ཧི་ཡི་བདག་པོ་ཁྱོད་ལས་སུ། །ཞྭ་རྨོག་ཁྲབ་སོགས་ཕྱི་ཡི་རྟེན་རྫས་དང་། །ཟ་བྱེད་འདབ་ཆགས་རྟ་སོགས་ནང་གི་རྟེན། །འ་འུར་དབྱངས་རོལ་ཏིང་འཛིན་གསང་རྟེན་གྱིས། །ཡ་མཚན་ལྷག་པའི་སྲུང་མ་བརྟེན་ཅིང་བསྟོད། །ར་ག་རྗེས་ཆགས་དབང་གི་ཕྲིན་ལས་ཀྱིས། །ལ་ལུང་སྐྱེ་བོའི་ཡིད་དབང་འཕྲོག་ནས་ཀྱང་། །ཤ་བ་རིས་བཟུང་རི་སྐྱེས་གཞོན་ནུ་བཞིན། །ས་གསུམ་དགྲ་སྡེ་འཇོམས་པར་མངའ་གསོལ་ལོ། །ཧ་ལས་རྒྱུད་བསྡམས་མི་མིན་ལོག་འདྲེན་དཔུང་། །ཨ་ཏིའི་ཀློང་དུ་བསྒྲལ་འདྲེན་མཛད་ནས་ཀྱང་། །ཧ་ལ་ལྕགས་ཁམས་ཡེ་ཤེས་གསེར་འགྱུར་རྩིས། །ཨ་དོན་དགོངས་པ་མཐར་ཕྱིན་ཕྲིན་ལས་མཛོད། །ཅེས་པའང་ཁམས་རྫོགས་ཆེན་བཞི་པའི་སློབ་རྒྱུད་སྤྲུལ་མིང་ལུང་རིག་མྱུ་གུ་རྩལ་གྱིས་བྲིས་པ་དགེའོ།།

དཔལ་མགོན་ཚོགས་ཀྱི་བདག་པོའི་མངའ་གསོལ་འདོད་དགུའི་དཔལ་སྟེར།

༄༅། དཔལ་ཡེ་ཤེས་ཀྱི་མགོན་པོ་ཚོགས་ཀྱི་བདག་པོའི་མངའ་གསོལ་འདོད་དགུའི་དཔལ་སྟེར་བི་ཛ་ཧ་རཾ། དེ་ནས་ཆོ་ག་འགྲོས་དང་བསྟུན་ལ་མངའ་གསོལ་བ་ནི། ཧཱུྃ། ཀ་དག་བདེ་སྟོང་འགྱུར་མེད་སྤྱན་རས་གཟིགས། །ཁ་ཏོག་སྙིང་རྗེས་རྔམ་ཁྲོས་ཆར་སྤྲིན་མདོག །ག་དར་བེར་བརྩེགས་བིང་དང་ཐོད་ཁྲག་བསྣམས། །ང་བདག་རུ་ཏྲ་བསྒྲལ་ཕྱིར་མངའ་གསོལ་ལོ། །ཅ་ཅོའི་ཚིག་ལ་ལྟོས་མིན་རྡོ་རྗེའི་དབྱིངས། །ཆ་གང་འདབ་སྟོང་ལང་ཚོའི་དཔལ་འཕྲོག་པའི། །ཇ་ཁ་རྙོག་བྲལ་ཀུན་བཟང་མཆོད་སྤྲིན་གྱིས། །ཉ་སྟོང་དུས་ཀྱི་མགྲོན་དུ་མངའ་གསོལ་ལོ། །ཏ་ལུ་གཡུ་ཤུག་ཤིང་སྣའི་དུད་སྤྲིན་དང་། །ཐ་དད་སྦྱར་མིན་རང་བྱུང་ཨ་མྲྀ་ཏ། །ད་ན་ཞིང་བཅུ་བསྒྲལ་བའི་དམར་ཆེན་པོ། །ནམ་མཁའ་མཛོད་ལྟར་འབུལ་བཞིན་མངའ་གསོལ་ལོ། །པ་ཏྲ་རིན་ཆེན་ཕྲེང་བའི་དོ་ཤལ་དང་། །ཕ་རོལ་གཡུལ་འཇོམས་ཙན་དན་བིང་ཆེན་དང་། །བ་དན་རྩེ་གསུམ་དུང་དམར་ཞག་རླངས་གཡོ། །མ་རུང་བདུད་སྡེ་གཞོམ་པར་མངའ་གསོལ་ལོ། །ཙཀྲ་ལ་སོགས་རྒྱལ་སྲིད་རིན་ཆེན་བདུན། །ཚ་གྲང་ནད་སེལ་གྷི་ཝཾ་ལ་སོགས་རྫས། །ཛ་ཡའི་སྐུ་ལས་མངོན་བྱུང་རྟགས་བརྒྱད་པོས། །ཝ་ལེར་རང་རིག་སྟོན་ཕྱིར་མངའ་གསོལ་ལོ། །ཞྭ་ལྷྭམ་གོས་དང་རྨོག་འཕྲུ་དར་བེར་ཁྲབ། །ཟ་བྱེད་གཅན་སྤྱང་སྟག་གཟིག་གཡི་སྤྱང་དང་། །འ་འུར་སྒྲ་སྒྲོགས་རྔ་དུང་རོལ་མོ་སོགས། །ཡ་མཚན་སྒྲུབ་རྟེན་བསྐང་རྫས་མངའ་གསོལ་ལོ། །ར་ག་སུ་ཝརྞ་སོགས་རིན་ཆེན་ལྔ། །ལ་ལུང་བརྒལ་མིན་རང་བྱུང་རིག་པའི་འཕྲུལ། །ཤ་ཁྲག་ཕུང་པོར་བརྟེན་པའི་ཏིང་འཛིན་གྱིས། །ས་གསུམ་གཡོ་བའི་མཆོད་པས་མངའ་གསོལ་ལོ། །ཧ་ལ་དུག་ལྔ་རང་དག་ཡེ་ཤེས་ལྔ། །ཨ་ཏི་བརྗོད་བྲལ་རྫོགས་ཆེན་སྣང་བ་བཞི། །གོང་འཕེལ་སྒྲུབ་པའི་མཆོད་པ་རྒྱ་ཆེན་པོས། །རྩ་གསུམ་དཔལ་མགོན་སྲུང་མའི་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་བསྐང་ཞིང་མངའ་གསོལ་མཐུས། །ཁྱོད་ཐུགས་བརྩེ་བས་བདག་ལ་ཉེར་དགོངས་ནས། །འཇིགས་བརྒྱད་ཞི་ཞིང་ཚེ་བསོད་འབྱོར་བ་རྒྱས། །ཁམས་གསུམ་སྙན་དང་གྲགས་པས་ཡོངས་གང་ཞིང་། །ཕན་བདེའི་དངོས་ཀུན་བདག་གི་དབང་བསྡུས་ནས། །ནག་པོའི་རྩ་ལག་རྩད་ནས་གཅོད་པར་མཛོད། །སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཁང་བུ་རུ། །སྐུ་གཉིས་བསམ་པ་ལྷུན་གྱིས་གྲུབ་པར་མཛོད། །ཅེས་པའང་རང་སློབ་དམ་པ་སྤྲུལ་པའི་སྐུ་མཆོག་འཇིགས་མེད་བདེ་ཆེན་ཞེས་པས་བསྐུལ་ངོར། རྨོངས་རྟུལ་སྤྲུལ་མིང་པ་བློ་གྲོས་དོན་ལྡན་ནམ། ལུང་རྟོགས་བསྟན་པའི་ཉིན་མོར་བྱེད་པ་དཔལ་བཟང་པོར་གྲགས་པས་འཕྲལ་དུ་དགེ་ཞིང་ཕུགས་སུ་བཀྲ་ཤིས་པའི་ཐོལ་བྱུང་དུ་བྲིས་པ་དགར་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བའི་རྒྱུར་གྱུར་ཅིག །

ཁྱབ་འཇུག་ཆེན་པོའི་སྒྲུབ་ཐབས་དུག་གི་སྤུ་གྲི།

ཨྺེཾཿ སྭརརཱཛཙིཏྟཏིལཀབབྷྱཿ སྦཙརཀྵཱགྲཧམཧཱསཱདྷཀེཡསྱཁཊྒཱསྟིཿ ཨྺེཾཿ སྭརརཱཛཙིཏྟཏིལཀབྷྱཿ སྦཙརཀྵཱགྲཧམཧཱསཱདྷཀེཡསྱཁཊྒཱསྟིཿ

མཚོ་རྒྱལ་ཐུགས་ཀྱི་ཐིག་ལེ་ལས༔ བཀའ་སྲུང་ཁྱབ་འཇུག་ཆེན་པོའི་སྒྲུབ་ཐབས་དུག་གི་སྤུ་གྲི་བཞུགས༔

གུ་རུ་པདྨ་ཌཀྐཱི་སརྦ་སིདྡྷི་ཧྲཱིཿ མཚོ་རྒྱལ་ཐུགས་སྒྲུབ་ཉམས་ལེན་ཚེ༔ བཀའ་སྲུང་མཆོད་པ་མ་བརྩམ་ན༔ རྣལ་འབྱོར་སྲོག་ལ་བར་ཆད་འབྱུང་༔ དེ་ཕྱིར་མཆོད་པ་འདི་བཞིན་བྱ༔ ས་མ་ཡཱ༔ མཁའ་འགྲོའི་གཙོ་མོ་ཚུལ་བཞིན་དུ༔ སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པས༔ རྩུབ་རོང་འཇིགས་པའི་དབེན་ས་རུ༔ དཀྱིལ་འཁོར་དུག་ཁྲག་ཆག་ཆག་གདབ༔ ཐིག་གདབ་མུ་ཁྱུད་ལྔ་རུ་བཅད༔ འཁོར་ལོ་རྩིབས་བརྒྱད་དུར་ཁྲོད་མཐར༔ རྡོ་ར་མེ་རི་ཁྲག་མཚོ་འབྲི༔ དབུས་སུ་ཀྴ་དང་གཡས་སུ་ཛ༔ གཡོན་དུ་ཕུ་ཡིག་རྩིབས་རྣམས་ལ༔ སྡེ་བརྒྱད་ས་བོན་ལྷ་ཚོན་སྦྱར༔ སྒྲུབ་གཏོར་ཐོག་དབལ་ལྟ་བུ་ལ༔ གཡས་སུ་དམར་གཏོར་མིག་དམར་རིས༔ གཡོན་དུ་བཤོས་ཟླུམ་སྦྲུལ་སྔོན་དཀྲིས༔ མཐའ་ལ་དམར་གཏོར་དེ་དག་ཀུན༔ ར་ཡི་ཤ་ཁྲག་སྙིང་རྒྱུ་མ༔ མེ་རི་ཉ་བོའི་གཟུགས་རྩངས་མཚེ༔ དུག་རིགས་མེ་ཏོག་རྒྱན་དུ་བྱ༔ དེ་མདུན་མཆོད་གཏོར་དམར་པོ་ལ༔ ལྷ་གྲངས་མཉམ་པའི་འཁོར་གྱིས་བསྐོར༔ དཀར་མངར་ཤ་ཁྲག་ཟས་ཀྱིས་བརྒྱན༔ ཁྲག་ཆང་འོ་ཕུད་གསེར་སྐྱེམས་བཤམས༔ ལྷ་སྔགས་ཏིང་འཛིན་དབྱངས་རོལ་གྱིས༔ སྤྱན་འདྲེན་བསྙེན་སྒྲུབ་འདི་ལྟར་བྱ༔ ཧཱུྃ་ཧཱུྃ༔ བདག་ཉིད་པདྨ་ཐོད་ཕྲེང་རྩལ༔ མཐིང་ནག་དར་ཟབ་བེར་སྔོན་གསོལ༔ པད་ཞྭ་རིན་ཆེན་སྙན་རྒྱན་ཅན༔ ཕྱག་གཡས་གསེར་རྡོར་མཁའ་ལ་གདེངས༔ གཡོན་པས་དངུལ་དཀར་དྲིལ་བུ་འཁྲོལ༔ སྲིན་པོ་ཕོ་མོའི་རོ་ཡི་སྟེང་༔ སག་ལྷྭམ་འདོར་སྟབས་དྲག་པོ་བསྒྲད༔ དབུ་སྐྲ་དམར་སེར་འཕྱང་རྔམ་བརྗིད༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ ཞལ་གདངས་མཆེ་གཙིགས་ཧཱུྃ་སྒྲ་སྒྲོག༔ རྩ་གསུམ་ཡོངས་རྫོགས་ཁྲོ་བོའི་རྒྱལ༔ གསལ་སྟོང་ཆུ་ཟླ་སྒྱུ་མའི་སྐུ༔ འཇའ་འོད་མེ་རླུང་དུད་སྤྲིན་འཁྲིགས༔ གིང་ཆེན་དཔའ་བོ་མཁའ་འགྲོས་བསྐོར༔ ཐུགས་སྲོག་པད་ཉིའི་ལྟེ་བར་ཧཱུྃ༔ མཐའ་དམར་རྩ་བའི་སྔགས་ཀྱིས་བསྐོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ དགྲ་བགེགས་བདུད་བཞི་དབྱིངས་སུ་བསྒྲལ༔ རིག་པ་བརྟུལ་ཞུགས་ངར་ལྡན་པས༔ ཤུབ་བུར་སྔགས་འདི་བརྒྱ་སྟོང་བཟླ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་རཀྴ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཧཱུྃ༔ སྐབས་སུ་མཆོད་ཅིང་འདི་ལྟར་བསྟོད༔ ཧཱུྃ་ཧཱུྃ༔ རྩ་གསུམ་ཀུན་འདུས་པདྨ་འབྱུང་༔ འཇིགས་བྱེད་འཇིགས་མཛད་ཁྲོ་བོའི་རྒྱལ༔ སྡེ་བརྒྱད་སྤྱི་འདུལ་ཆེ་བའི་མཆོག༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་བསྟོད༔ ས་མ་ཡཱ༔ དེ་ནས་ཐུགས་ཀའི་ས་བོན་ལས༔ མདུན་དུ་འཇིགས་རུང་དུར་ཁྲོད་དབུས༔ ཀྵཿཡིག་དུད་ཁ་སྤྲོས་པ་ལས༔ འོད་འཕྲོས་ཡེ་ཤེས་འཇིག་རྟེན་གྱི༔ དྲེགས་བྱེད་ཡོངས་ཀྱི་སྲོག་སྙིང་བསྡུས༔ དགྲ་བགེགས་བསྟན་འགྲོར་འཚེ་བའི་རིགས༔ མིང་གི་ལྷག་མར་རྡུལ་དུ་རློག༔ ཡི་གེའི་འོད་ཟེར་ཆེས་ཆེར་འབར༔ ཡོངས་གྱུར་སྡེ་བརྒྱད་ཀུན་འདུས་པ༔ དྲང་སྲོང་ཁྱབ་འཇུག་དུད་ཁ་རྔམས༔ མགོ་དགུ་ཁམས་གསུམ་དངངས་པར་བྱེད༔ གཡས་གསུམ་དམར་ནག་རྔམས་ཤིང་ཁྲོ༔ གཡོན་གསུམ་ལྗང་དཀར་ཞི་འཛུམ་གཤེ་བའི་ཞལ༔ དབུས་ཀྱི་རྩ་ཞལ་དུད་ཁ་ལ༔ དུག་རླངས་བལྟར་མི་བཟོད་པར་འཁྲིགས༔ དེ་སྟེང་ལྗང་སྔོན་ཁྲོ་འཁྲུགས་བརྗིད༔ དབུས་སུ་ལྷ་ཞལ་དཀར་པོ་བཞད༔ དམར་སེར་རལ་པ་ཐོད་པས་བརྒྱན༔ གཙུག་ཏོར་བྱ་རོག་སྟོང་སྒྲ་སྒྲོག༔ སྐུ་སྟོད་སྲིན་པོ་མི་ལྤགས་ཀྱི༔ གཡང་གཞི་དམར་པོ་ལྡིང་སྟབས་གྱོན༔ ཕྱག་བཞིའི་དང་པོ་ཐོད་དབྱུག་ཕྱར༔ དེ་འོག་ཆུ་སྲིན་རྒྱལ་མཚན་གདེངས༔ གཡོན་གྱི་དང་པོས་མདའ་གཞུ་འགེངས༔ འོག་མས་སྤྲིན་ནག་ཐོག་དབལ་འཕེན༔ སྐུ་སྨད་སྦྲུལ་མཇུག་ཁྲག་མཚོར་འཁྱིལ༔ གཡུ་འབྲུག་ངར་སྒྲ་སྒྲོགས་པའི་སྟེང་༔ རྔམས་པའི་ང་རོས་སྲིད་གསུམ་འདར༔ གཡས་སུ་ཛཿལས་སྲིན་པོའི་རྒྱལ༔ མགོ་དགུ་ཕྱག་དྲུག་མཚོན་ཆའི་ཚོགས༔ མེ་རླུང་དུད་སྤྲིན་སྣ་ཚོགས་འཕྲོ༔ འདོར་སྟབས་ཞིང་བཅུའི་ཁྲི་ལ་འགྱིང་༔ གཡོན་དུ་ཕུ་ལས་ཀླུ་མོ་ཁྲོ༔ སྔོ་དམར་ཕྱག་གཉིས་ཆུ་སྲིན་དང་༔ འཇིགས་རུང་དུག་གི་སྤུ་གྲི་ཕྱར༔ སྦྲུལ་མཇུག་སྐུ་ལ་སྦྲུལ་རིགས་ལྔའི༔ ཆུན་འཕྱངས་དབུ་སྐྲ་སྦྲུལ་དུ་འཁྱིལ༔ མཐའ་བསྐོར་ལྷ་ཀླུ་བཙན་དང་བདུད༔ མི་བསྲུན་སྡེ་བརྒྱད་འཁོར་གྱིས་བསྐོར༔ སྤྲུལ་པ་གདོང་མོ་རྣམ་བཞི་སོགས༔ གཟའ་དང་རྒྱུ་སྐར་ཕོ་ཉར་འགྱེད༔ ལྷ་སྲིན་དྲེགས་པ་མ་ལུས་པ༔ ཉི་ཟེར་རྡུལ་བཞིན་སྤྲོ་བསྡུ་འཁྲིགས༔ རང་གི་ཐུགས་ཀའི་འོད་དམར་པོ༔ ལྕགས་ཀྱུ་ལྟ་བུར་རབ་འཕྲོས་པས༔ རྩུབ་འགྱུར་ཚལ་དང་དུར་ཁྲོད་བརྒྱད༔ བསམ་ཡས་སྤྲུལ་པའི་གཙུག་ལག་སོགས༔ མ་ངེས་པདྨའི་སྒྲུབ་གནས་ནས༔ ཁྱབ་མཇུག་འཁོར་བཅས་སྤྱན་དྲངས་གྱུར༔ ཚིལ་ཆེན་ར་གསུར་སྤོས་དུད་གཏོང་༔ རྔ་བརྡུང་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ གསང་བདག་དཔའ་བོའི་སྒྱུ་འཕྲུལ་གར༔ གསང་ཆེན་བསྟན་པའི་བཀའ་སྲུང་མཆོག༔ ལོག་འདྲེན་ཞིང་བཅུའི་གཤེད་མ་ཆེ༔ སྡེ་བརྒྱད་དྲེགས་པ་ཡོངས་ཀྱི་གཙོ༔ དུག་ལྔ་རབ་འཁྲུགས་ལྷ་མིན་རྒྱལ༔ དྲང་སྲོང་ཁྱབ་འཇུག་རཱ་ཧུ་ལ༔ དུར་ཁྲོད་བརྒྱད་སོགས་གར་བཞུགས་ཀྱང་༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ རྣལ་འབྱོར་བར་ཆད་སེལ་བའི་ཕྱིར༔ དད་དང་གུས་པས་སྤྱན་འདྲེན་ན༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཞེ་སྡང་སྲིན་པོ་རྔམ་པའི་སྐུ༔ རཀྵ་ཛྭ་ལ་གཤེགས་སུ་གསོལ༔ འདོད་ཆགས་ཀླུ་མོ་ཆགས་པའི་ཞལ༔ སྦལ་མགོ་ཁྲག་མིག་གཤེགས་སུ་གསོལ༔ དགྲ་གཤེད་རྔམ་འཁྲུགས་ཆོས་མཛད་མགོན༔ ལྷ་ཀླུ་བཙན་རྒྱལ་ཐེའུ་རང་སོགས༔ བཀའ་དང་བསྟན་པ་སྲུང་མཛད་པའི༔ དྲེགས་པ་སྡེ་བརྒྱད་གཤེགས་སུ་གསོལ༔ གཞན་ཡང་ལེགས་ཉེས་སྟངས་འཛིན་ཅིང་༔ དམ་ཚིག་ལྡན་ལ་གྲོགས་མཛད་ཅིང་༔ ལོག་འདྲེན་ཞིང་བཅུ་སྒྲོལ་མཛད་པའི༔ དམ་ཅན་རྒྱ་མཚོ་གཤེགས་སུ་གསོལ༔ ཅེས་དང་སྔགས་ཀྱིས་ཁུག་པར་འབོད༔ ཧྲཱིཿཤག་རུ་རཾ་རཀྵ་ར་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡཱ་ཛ་ཛཿ བཞུགས་སུ་གསོལ་ཞིང་བསྟོད་པ་ནི༔ ཧཱུྃ་ཧཱུྃ༔ ལོག་འདྲེན་འབྱུང་པོ་བསྒྲལ་བ་དང་༔ བསྟན་པ་སྲུང་བའི་གཞལ་ཡས་འདིར༔ དམ་ཚིག་སྲུང་མ་རཱ་ཧུ་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས༔ སྲུང་སྐྱོབ་མི་འབྲལ་བཞུགས་སུ་གསོལ༔ ཁྱོད་ལ་མཆོད་ཅིང་བསྟོད་པར་བགྱི༔ ཧྲཱིཿ ཞེ་སྡང་སྲིན་པོའི་རང་རྩལ་ལས༔ ཞེ་སྡང་ཞིང་བཅུའི་གཤེད་དུ་ཁྲོས༔ ཞེ་སྡང་ས་ཡི་དུག་གཏོང་བའི༔ སྲིན་པོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ འདོད་ཆགས་ཀླུ་མོའི་ཆོ་འཕྲུལ་ལས༔ འདོད་ཆགས་ཀླུ་གདོན་འདུལ་བར་བྱེད༔ འདོད་ཆགས་ཆུ་ཡི་དུག་རླངས་འཁྲིགས༔ ཀླུ་བདུད་ཁྲོས་པའི་དབང་མོར་བསྟོད༔ གཏི་མུག་སྡེ་བརྒྱད་ཡོངས་ཀྱི་གཙོ༔ གཏི་མུག་དབང་གྱུར་བསྟན་དགྲའི་སྲོག༔ གཏི་མུག་དུག་གིས་འཕྲོག་མཛད་པའི༔ ཁྱབ་འཇུག་དུག་གི་སྤུ་གྲིར་བསྟོད༔ མགོ་དགུ་ལྟོ་ཞལ་མཁའ་ལ་གདེངས༔ སྲིད་གསུམ་ལོག་འདྲེན་ཟས་སུ་ཟ༔ རབ་གཏུམ་རྔམ་པའི་ང་རོ་ཡིས༔ ཁམས་གསུམ་འཇིགས་མཛད་ཁྱོད་ལ་བསྟོད༔ མི་བསྲུན་འབྱུང་པོའི་ཀླད་པ་འགེམས༔ ཐོད་དབྱུག་ཆུ་སྲིན་རྒྱལ་མཚན་བསྒྲེངས༔ གསང་ཆེན་བསྟན་དགྲའི་སྲོག་འཕྲོག་ཕྱིར༔ གནམ་ལྕགས་མདའ་གཞུ་འགེང་ལ་བསྟོད༔ སྟོབས་ཤུགས་རླུང་ལྟར་མྱུར་བ་ཡི༔ གཡུ་འབྲུག་རྔམ་འཁྲུགས་ཁྲི་ལ་རོལ༔ ཁྲག་མཚོ་དུག་རླངས་འཁྲིགས་པའི་དབུས༔ སྦྲུལ་མཇུག་གློག་ལྟར་འཁྱུག་ལ་བསྟོད༔ གཞན་ཡང་ལྷ་ཀླུ་དྲེགས་པའི་ཚོགས༔ སྤྲིན་ནག་མཁའ་ལ་འཁྲིགས་པ་ལྟར༔ མ་ངེས་སྤྲུལ་པའི་རོལ་གར་ཅན༔ འཇིགས་རུང་འཇིགས་གཟུགས་ལྡན་ལ་བསྟོད༔ དེ་ནས་མཆོད་ཅིང་བསྐང་བ་ནི༔ ཧཱུྃ་ཧཱུྃ༔ དུར་ཁྲོད་རབ་འཇིགས་ཕོ་བྲང་འདིར༔ དྲང་སྲོང་ཁྱབ་འཇུག་འཁོར་བཅས་ལ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ དངོས་འབྱོར་ཡིད་ལས་བྱུང་བ་ཡི༔ མཆོད་སྤྲིན་ནམ་མཁའི་ཁྱོན་གང་བའི༔ མེ་ཏོག་བདུག་སྤོས་སྣང་གསལ་སྒྲོན༔ དྲི་ལྡན་ཡོན་ཆབ་གཙང་མའི་བཤོས༔ སྙན་འཇེབས་རོལ་མོ་ཡིད་འོང་སྒྲ༔ ནད་གདོན་ཞི་བའི་མཐུན་རྫས་ཀྱིས༔ དྲང་སྲོང་ཁྱབ་འཇུག་ཐུགས་དམ་བསྐང་༔ རྡོ་རྗེ་གློག་འགྱུའི་ཐུགས་དམ་བསྐང་༔ སྦལ་མགོ་ཁྲག་མིག་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ སྡེ་བརྒྱད་དྲེགས་པའི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ གདུགས་དང་རྒྱལ་མཚན་གཡས་འཁྱིལ་དུང་༔ བཀྲ་ཤིས་གསེར་ཉ་དཔལ་བེ་འུ༔ གཏེར་གྱི་བུམ་པ་འདོད་འཇོའི་བ༔ གསེར་འཁོར་རྩིབས་བརྒྱད་བཀྲ་ཤིས་རྟགས༔ ཚེ་བསོད་རྒྱས་པའི་མཐུན་རྫས་ཀྱིས༔ དྲང་སྲོང་ཁྱབ་འཇུག་ཐུགས་དམ་བསྐང་༔ རྡོ་རྗེ་གློག་འགྱུའི་ཐུགས་དམ་བསྐང་༔ སྦལ་མགོ་ཁྲག་མིག་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ སྡེ་བརྒྱད་དྲེགས་པའི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ ཉོན་མོངས་ཆགས་པའི་རཀྟ་དམར༔ རྩི་བཅུད་སྨན་སྤོས་གཏོར་ཆེན་པོ༔ ཕྱར་དར་གཡབ་དར་བ་དན་དང་༔ མྱོས་བྱེད་འབྲུ་བཅུད་བླ་བྲེ་འཕན༔ དར་གྱི་ཅོད་པཎ་ལྡིང་གུར་དང་༔ ཡིད་འོང་བཅུ་དྲུག་ལང་ཚོ་མ༔ འདོད་ཡོན་ལྷ་མོའི་རོལ་རྩེད་སོགས༔ ཁམས་གསུམ་དབང་སྡུད་མཐུན་རྫས་ཀྱིས༔ དྲང་སྲོང་ཁྱབ་འཇུག་ཐུགས་དམ་བསྐང་༔ རྡོ་རྗེ་གློག་འགྱུའི་ཐུགས་དམ་བསྐང་༔ སྦལ་མགོ་ཁྲག་མིག་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔སྡེ་བརྒྱད་དྲེགས་པའི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ འགྲེས་བྱང་དགོངས་པའི་བརྡ་རིས་ལས་སོ༔ ཞིང་བཅུའི་དགྲ་དང་ལོག་འདྲེན་བགེགས༔ བསྒྲལ་བའི་ཁྲག་ཞགས་མཆོད་ཡོན་བསྐྱིལ༔ དབང་པོའི་མེ་ཏོག་མཚར་སྡུག་བཞད༔ ཚིལ་ཆེན་ར་གསུར་དྲི་ལྡན་ངད༔ ཞུན་མེ་དྲག་པོའི་མེ་སྒྲོན་འབར༔ ཤ་རུས་རྐང་ཀླད་མཁྲིས་པ་དང་༔ འབྲུ་ནག་གཏོར་མ་སྣ་ཚོགས་སྤུངས༔ ཐོད་རྔ་རྐང་གླིང་རོལ་མོ་སོགས༔ དགྲ་སྒྲོལ་དྲག་པོའི་མཐུན་རྫས་ཀྱིས༔ དྲང་སྲོང་ཁྱབ་འཇུག་ཐུགས་དམ་བསྐང་༔ རྡོ་རྗེ་གློག་འགྱུའི་ཐུགས་དམ་བསྐང་༔ སྦལ་མགོ་ཁྲག་མིག་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ སྡེ་བརྒྱད་དྲེགས་པའི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ བྱ་ནག་རྟ་ནག་དཔའ་གཏུམ་ཁྱི༔ གཡག་ནག་རོག་པོ་བདུད་ལུག་ར༔ སྟག་གཟིག་རྒྱལ་མཚན་བམ་ཆེན་དང་༔ ཕྱག་མཚན་སྐུ་གཟུགས་སྔགས་བྱང་དང་༔ ཞྭ་ནག་ཕོད་ཀ་བྷནྡྷ་སོགས༔ བསྐང་རྟེན་ཡོ་བྱད་སྣ་ཚོགས་ཀྱིས༔ དྲང་སྲོང་ཁྱབ་འཇུག་ཐུགས་དམ་བསྐང་༔ རྡོ་རྗེ་གློག་འགྱུའི་ཐུགས་དམ་བསྐང་༔ སྦལ་མགོ་ཁྲག་མིག་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞིའི་ཐུགས་དམ་བསྐང་༔ སྡེ་བརྒྱད་དྲེགས་པའི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་གཉན་བསྐངས་ནས༔ ཁྱོད་ལ་བཤགས་པ་འབུལ་བ་ནི༔ བདག་ཅག་རྡོ་རྗེ་སློབ་དཔོན་ལས༔ སྡོམ་གསུམ་དམ་བཅའ་ལེགས་ནོད་ཀྱང་༔ བཀའ་འགལ་ཐུགས་དཀྲུག་དམ་ལས་འགལ༔ རྩ་བ་ཡན་ལག་བཅས་ཁྲིམས་ཉམས༔ མི་ཤེས་མ་གུས་བག་མེད་ཅིང་༔ ཉོན་མོངས་རྒྱུན་རིང་གཉེན་པོ་ཞན༔ དབང་བཞིའི་དམ་ཚིག་ཉམས་པ་ཀུན༔ མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཉེས་ལྟུང་མ་ལུས་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཁྱད་པར་སྲུང་མའི་དམ་མནོས་ཀྱང་༔ ཉ་སྟོང་དུས་ཀྱི་མཆོད་པ་ཆག༔ བསྐྱེད་རིམ་མ་གསལ་བཟླས་གྲངས་ཉུང་༔ དྲེགས་པ་རང་རྒྱུད་སྲིན་པོར་གོལ༔ རྟག་ཆད་ལྟ་བའི་མཐར་ལྷུང་བའི༔ ཚེ་འདིར་བར་ཆད་འབྱུང་བའི་རྐྱེན༔ ཕྱི་མ་ངན་འགྲོར་ལྟུང་བའི་རྒྱུ༔ རྩ་གསུམ་སྲུང་མ་ཐམས་ཅད་དང་༔ ཁྱད་པར་གསང་བའི་བདག་པོ་ཉིད༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང་༔ དྲེགས་པའི་གཙོ་བོའི་སྐུར་བསྟན་པ༔ དྲང་སྲོང་ཁྱབ་འཇུག་ཆེན་པོ་ལ༔ སྙིང་ནས་འགྱོད་པས་བཤགས་ལགས་ན༔ མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ༔ ཅེས་དང་ཡིག་བརྒྱས་ནོངས་པ་བཤགས༔ ས་མ་ཡཱ༔ དེ་ནས་བཟླས་པ་བྱ་བ་ནི༔ རང་ཉིད་ཐུགས་ཀའི་འོད་ཟེར་གྱིས༔ དྲང་སྲོང་ཐུགས་ཀར་ཉི་གདན་ལ༔ ཀྵཿསྨུག་སྔགས་ཕྲེང་མེ་སྟག་དང་༔ དུག་སྤྲིན་འཁྲིགས་པ་གཡོན་དུ་འཁོར༔ འོད་དམར་གློག་ལྟར་མྱུར་བ་ཡིས༔ བདག་ལ་སྡང་དགྲ་བགེགས་ཀྱི་སྡེ༔ དགུག་བསྒྲལ་སྤར་བའི་ལས་བྱས་པས༔ དགྲ་གདོན་མིང་གི་ལྷག་མར་ཟད༔ ཀུན་ཀྱང་ཆོས་ཉིད་རོལ་པར་བསམ༔ ཤུབ་བུར་གསང་ཞིང་སྔགས་འདི་བགྲང་༔ རཱ་ཧུ་ལ་ཀྵཿརཀྴ་ནཱ་ག་བཛྲ་ས་མ་ཡཱ༔ འབུམ་ཕྲག་བཟླས་པས་རྟགས་འབྱུང་འགྱུར༔ རྟགས་ནི་སྒྲུབ་རྫས་མེ་དུད་འཕྲོ༔ དྲག་པོའི་སྒྲ་དང་འཇིགས་ཤིང་དངངས༔ རྨི་ལམ་སྔགས་བན་གུས་འདུད་དམ༔ གྲོགས་ཀྱི་ཆད་མདོ་ལབ་པ་འབྱུང་༔ དེ་རྗེས་སྒྲུབ་སྔགས་ཁྲི་ཚོ་བཟླ༔ ཧྲཱིཿཤཀ་རུ་རམ་རཀྵ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨཾ་ཀུ་ཤ་ཡ་ཛ༔ དེས་ནི་གང་བཅོལ་འགྲུབ་འགྱུར་བ༔ སྲུང་མའི་ཐ་ཚིག་མི་བསླུའོ༔ དེ་ནས་གཉེར་གཏད་ཕྲིན་ལས་བཅོལ༔ མཆོད་གཏོར་ཤ་ཁྲག་འབྲུ་སྨན་གསོས༔ དགྲ་བགེགས་དགུགས་ཤིང་རྒྱ་ཡིས་གདབ༔ ལོག་འདྲེན་བསྒྲལ་བའི་ཤ་ཁྲག་རུས༔ ཟག་མེད་བདུད་རྩིར་དམིགས་བྱས་ཏེ༔ སྔགས་འདི་བདུན་ནམ་གསུམ་དུ་འབུལ༔ ཨོཾ་རཀྵ་རཱ་ཧུ་ལ་ཨ་ཡ་མ་དུ་རུ་ཙ་ཤ་ན་མ་ཧཱ་བ་ལིང་ཏ་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ཙིཏྟ་རཀྟ་བཱ་སུ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྗོད་འབྲུ་འམ་གཏོར་མ་འཐོར༔ ཧཱུྃ་ཧཱུྃ༔ དགོངས་ཤིག་སྲུང་མའི་དབང་པོ་མཆོག༔ གསོན་ཅིག་གཏེར་སྲུང་རཱ་ཧུ་ལ༔ ལས་ལ་མངག་གོ་གདོང་མོ་བཞི༔ བྲན་དུ་བཀོལ་ལོ་གཟའ་ཆེན་བརྒྱད༔ ཕྲིན་ལས་སྒྲུབས་ཤིག་སྡེ་བརྒྱད་དམག༔ ཁྱེད་ཅག་འཁོར་དང་བཅས་པ་ལ༔ གཉེར་དུ་གཏད་དོ་ལས་སྒྲུབས་ཤིག༔ རྒྱལ་བའི་བསྟན་པ་གཉེར་དུ་གཏད༔ བཤད་དང་སྒྲུབ་པའི་སྡེ་རྣམས་སུ༔ ནད་དང་གནོད་པ་མི་འབྱུང་ཞིང་༔ ཕྱོགས་བཅུར་རྒྱས་པའི་ཕྲིན་ལས་སྒྲུབས༔ དགེ་འདུན་སྡེ་རྣམས་གཉེར་དུ་གཏད༔ ཐུགས་མཐུན་བསླབ་ཁྲིམས་བསྲུང་སེམས་ཀྱིས༔ གཞན་སྣང་དགེ་ལ་བསྒྱུར་ནུས་པའི༔ སྒོ་གསུམ་དུལ་བའི་ཕྲིན་ལས་སྒྲུབས༔ འགྲོ་བ་མ་ལུས་གཉེར་དུ་གཏད༔ ཆོས་དང་མཐུན་པའི་ཡ་རབས་སྲུངས༔ སྡིག་སྤྱོད་ལས་ངན་རྒྱུན་ཐག་ཆོད༔ ལེགས་ཉེས་ཤན་འབྱེད་ཕྲིན་ལས་སྒྲུབ༔ བདག་ཅག་མི་ནོར་གཉེར་དུ་གཏད༔ མི་ཡི་ཚེ་སྲོག་ཡུན་རིང་ཞིང་༔ ནོར་གྱི་གོད་ཁ་དབྱིངས་སུ་སོལ༔ མཐུན་རྐྱེན་འགྲུབ་པའི་ཕྲིན་ལས་སྒྲུབས༔ དེ་ལྟར་གང་བཅོལ་ལས་རྣམས་ཀུན༔ སྔོན་ཚེ་གསང་བའི་བདག་པོའི་བཀའ༔ བར་དུ་པདྨ་འབྱུང་གནས་ལུང་༔ ཐ་མ་མཚོ་རྒྱལ་བླ་མཚོ་རུ༔ མཁར་ཆེན་རྗེ་མོ་རང་ཉིད་ཀྱིས༔ གསང་བའི་བདག་པོའི་དཀྱིལ་འཁོར་དུ༔ དམ་བཏགས་སྲོག་སྙིང་དབང་དུ་བསྡུས༔ ཟབ་ཆོས་སྲུང་མར་བསྐོས་པའི་ཚེ༔ རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་༔ ཆོས་མཛད་བར་ཆད་སེལ་བར་ཆད༔ དེ་བཞིན་གང་བཅོལ་ཕྲིན་ལས་ཀུན༔ ཡིད་བཞིན་འགྲུབ་པའི་གྲོགས་མཛོད་ཅིག༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ ནོངས་བཤགས་ནི༔ ཧོ༔ རང་རིག་འཁྲུལ་གྲོལ་ལས་འདས་ཀྱང་༔ གློ་བུར་རྟོག་པས་བསླུས་པ་ཡི༔ སྡོམ་གསུམ་དམ་ལས་འགལ་བ་ཀུན༔ དཀྱིལ་འཁོར་ལྷ་ལ་བཟོད་པར་གསོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཧེ་རུ་ཀ་ས་ཏྭ་སོགས་ནས། ཧེ་རུ་ཀ་བྷ་ཝ་མ་ཧཱ་ས་མ་ཡཱ་ས་ཏྭ་ཨཱཿ ཞེས་པ་ཅི་ནུས་བཟླས་པས་སྦྱངས༔ མཚན་འཛིན་བསྐྱེད་རིམ་བསྡུ་བ་ནི༔ ཨེ་མ་རང་བྱུང་སེམས་ཀྱི་རྩལ༔ དོན་ལ་མ་གྲུབ་ཀུན་བརྟགས་ལས༔ དག་པ་གཞན་དབང་སྒྱུ་མའི་ལྷ༔ ཐུགས་སྲོག་ཐིག་ལེ་ནཱ་དར་བསྡུ༔ དགེ་རྩ་འགྲོ་ལ་བསྔོ་བ་ནི༔ དགེ་བ་འདི་ཡིས་བདག་གཞན་འགྲོ༔ བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ༔ བྱང་ཆུབ་སེམས་ཀྱི་རྒྱུད་སྨིན་ནས༔ བསྟན་པ་སྲུང་བའི་མཐུ་ནུས་ཀྱིས༔ རྒྱལ་བའི་མཛད་པ་མཐར་ཕྱིན་ནས༔ པདྨ་འོད་དུ་གྲོལ་ཕྱིར་བསྔོ༔ རྗེས་སུ་བཀྲ་ཤིས་བརྗོད་པ་ནི༔ ཨེ་མ་ཧོ༔ རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རྗེ༔ གདུལ་དཀའ་འདུལ་ཕྱིར་ཁྲོ་བོའི་རྒྱལ༔ ཁམས་གསུམ་སྲིད་ཞིའི་གཉེན་གཅིག་པུས༔ གསང་གསུམ་དགེ་བའི་ཤིས་པ་སྩོལ༔ མཐར་ཡང་རང་ཉིད་ཡི་དམ་ལྷའི༔ ང་རྒྱལ་ལ་གནས་རྒྱུན་སྤྱོད་བྱ༔ ཡང་ཟབ་ཌཀྐཱིའི་བརྡ་རིས་ལས༔ རང་བྱུང་རིག་པའི་རྩལ་གྱི་གཏེར༔ ལས་ཅན་བུ་ལ་གཏད་དོ་རྒྱ༔ བཀའ་སྲུང་དམ་ཅན་མེལ་ཚེ་གྱིས༔ དུས་བབ་འགྲོ་བའི་བར་ཆད་སོལ༔ གསང་སྔགས་བསྟན་པའི་ལྕགས་རིར་ཤོག༔ མཎྜ་གུ་ཧྱ༔ བདག་འདྲ་སྤྲང་བན་ལུང་རིག་མིང་གིས་བཅོས་མིན་དགོངས་པའི་གཏེར་ནས་བཏོན་པ་རྣམ་པར་དག་པའི་ཆོས་ཡིན་པས་བཀའ་སྲུང་གཟའ་བདུད་ཆེན་པོས་རྟག་ཏུ་བྱ་ར་མཛོད་ཅིག༔ དགེའོ༔

གཟའ་གཏོར་རྒྱུན་ཁྱེར།

མཚོ་རྒྱལ་སྒྲུབ་པའི་ཐུགས་ཐིག་ལས༔ བཀའ་སྲུང་གཟའ་གཏོར་རྒྱུན་ཁྱེར་བཞུགས༔ དམ་རྫས་སྨན་རཀ་གཏོར་མ་བཤམས༔ རང་ཉིད་པད་འབྱུང་ཁྲོ་རྒྱལ་སྐུར༔ གསལ་བཏབ་ཐུགས་ཀའི་འོད་ཟེར་གྱིས༔ རང་བཞིན་གནས་ནས་གཟའ་བདུད་ཆེ༔ སྤྱན་འདྲེན་འབོད་པའི་སྔགས་འདིས་འབོད༔ ཧྲིཿཤཀ་རུ་རམ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་ཏྲཾ་ག་ན་ཤ་ཡ་ཛ་ཛ༔ གཏོར་མ་འབྲུ་གསུམ་སྔགས་བརྗོད་པས༔ མཐུན་པའི་རྫས་སུ་བྱིན་གྱིས་བརླབས༔ རྔ་བརྡུང་གདུང་བས་འདི་བཞིན་འབུལ༔ ཧྲཱིཿ རྒྱལ་དབང་པདྨ་ཧེ་རུ་ཀའི༔ གསང་སྔགས་ཟབ་ཆོས་སྲུང་མའི་གཙོ༔ འཇིགས་རུང་ཀླུ་སྲིན་བཤོས་པའི་བུ༔ གསང་འཛིན་དཔའ་བོའི་རྣམ་འཕྲུལ་གར༔ མི་བཟད་སྡེ་བརྒྱད་དྲེགས་པའི་དཔོན༔ དྲང་སྲོང་ཆེན་པོ་ར་ཧུ་ལ༔ ཡབ་ཡུམ་སྲིང་བཞི་སྡེ་བརྒྱད་འཁོར༔ མ་ལུས་མདུན་གྱི་མཁའ་ལ་སྤྱོན༔ ཞིང་བཅུ་བསྒྲལ་བའི་གདན་ལ་རོལ༔ ཆོས་ཉིད་ཞི་བའི་ངང་ཉིད་ལས༔ བསྟན་འགྲོར་གནོད་པའི་ལོག་འདྲེན་རྣམས༔ འདུལ་ཕྱིར་དུག་ལྔའི་ཟེར་རླངས་ཅན༔ དམ་ལྡན་སྲུང་མར་གུས་ཕྱག་འཚལ༔ དྲག་པོའི་ཉེར་སྤྱོད་སྨན་གཏོར་ཁྲག༔ མཐུན་རྫས་ཤ་ཁྲག་དཀར་མངར་སྐྱེམས༔ སྨན་ཤིང་བསྲེགས་པའི་དུད་སྤྲིན་སོགས༔ ཟག་མེད་བདུད་རྩིའི་རང་བཞིན་དུ༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དྲང་སྲོང་གཟའ་ཆེན་འཁོར་དང་བཅས༔ མཆོད་པའི་རྫས་དང་བརྟེན་པའི་རྫས༔ བསྐང་བའི་རྫས་སུ་གུས་པས་འབུལ༔ བཞེས་ནས་དགྱེས་པའི་རྣམ་རོལ་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ནད་གདོན་འཇིགས་བརྒྱད་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་ལེགས་ཚོགས་སྤེལ༔ ཕན་བདེའི་འབྱུང་གནས་ཐུབ་པའི་བསྟན༔ མི་ནུབ་དར་ཞིང་རྒྱས་པ་དང་༔ བསྟན་འཛིན་སྐྱེས་བུ་སྡེ་གཉིས་ཀྱི༔ སྐུ་ཚེ་མཛད་ཕྲིན་འཕེལ་ཞིང་རྒྱས༔ བསྟན་དང་འགྲོ་བའི་བདེ་སྐྱིད་ལ༔ བར་དུ་གཅོད་པའི་དགྲ་དང་བགེགས༔ དུག་ལྔའི་སྤུ་གྲིས་རྡུལ་དུ་རློགས༔ བརྒྱུད་འཛིན་སྐྱེས་མཆོག་བུ་བཞིན་སྐྱོངས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ འདི་ཉིད་བླ་མ་ཡི་དམ་དང་༔ ཐ་དད་མེད་པའི་སྲུང་མ་སྟེ༔ རྒྱུན་དུ་གསོལ་མཆོད་བློ་གཏོད་ན༔ འདི་ཕྱིར་བསླུ་བ་ཡོད་རེ་ཀན༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པའི་གཏེར་མའོ༔

དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་བ་ཡིད་བཞིན་དཔལ་སྟེར།

༄༅།། དམ་ཅན་སྐྱེས་བུ་ཆེན་པོའི་བསྐང་བ་ཡིད་བཞིན་དཔལ་སྟེར་ཞེས་བྱ་བ་བཞུགས་སོ༔ ཧཱུྃ༔ ཀ་དག་ཆོས་སྐུ་འོད་སྣང་མཐའ་ཡས་དང་༔ ཁ་བ་ཅན་གྱི་སྐྱབས་གཅིག་པད་དཀར་འཆང་༔ ག་དར་བརྫུས་སྐྱེས་པདྨ་རྒྱལ་པོ་སོགས༔ ང་ཅག་རིག་འཛིན་སྲུང་མར་བསྔགས་པ་ཡི༔ ཅ་ཅོའི་སྒྲ་ཚིག་ལས་འདས་གསང་བའི་བདག༔ ཆ་གང་ཡར་ངོའི་ཟླ་བཞིན་རྒྱལ་བའི་བསྟན༔ ཇ་ཧོང་ངུར་སྨྲིག་དགེ་འདུན་འདུས་པའི་སྡེ༔ ཉ་ཟླའི་མདངས་ཀྱིས་སྐྱོང་མཛད་རྡོ་རྗེ་ལེགས༔ ཏ་ཐཱ་ག་ཏའི་རྒྱལ་བསྟན་བསྲུང་བ་དང་༔ ཐ་མལ་འབྱུང་པོ་འདུལ་ཕྱིར་སྤྱན་འདྲེན་གཤེགས༔ ད་ལྟ་དངོས་འབྱོར་ཡིད་སྤྲུལ་རྟེན་ལ་བཞུགས༔ ནཱ་ག་ལ་སོགས་སྡེ་བརྒྱད་འདུལ་ལ་བསྟོད༔ པ་པཾ་ཉེས་ལྟུང་སྡིག་པའི་ལས་ཀུན་བཤགས༔ ཕ་རོལ་ཞིང་བཅུ་ཚང་བའི་བསྟན་དགྲའི་ཚོགས༔ བ་དག་སྲོག་ལ་རྒོལ་བའི་བགེགས་ཀྱི་དཔུང་༔ མ་ལུས་ལྷག་མེད་གཞོམ་ཕྱིར་མཆོད་ཅིང་བསྔགས༔ ཙ་ར་ལ་སོགས་ཕྱི་ཡི་བསྐང་རྫས་དང་༔ ཚ་ཏྲཾ་ཀ་སོགས་རྟགས་བརྒྱད་རྒྱལ་སྲིད་བདུན༔ ཛ་ཡ་སྲས་བཅས་དགྱེས་པའི་བསྙེན་བསྒྲུབ་སོགས༔ ཝ་ཆུའི་རྒྱུན་ལྟར་འབད་པས་ཐུགས་དམ་བསྐང་༔ ཞྭ་རྨོག་ཁྲབ་སོགས་དཔའ་བོའི་གོ་མཚོན་དང་༔ ཟ་བྱེད་གཅན་སྤྱང་རྔམས་པའི་ང་རོ་ཅན༔ འ་འུར་དབྱངས་རོལ་གླུ་གར་ཕྱག་རྒྱ་ཡིས༔ ཡ་མཚན་སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་༔ ར་ག་རྗེས་ཆགས་དབང་གི་ཕྲིན་ལས་ཀྱིས༔ ལ་ལུང་སྐྱེ་བོའི་སྣང་སེམས་སྡུད་མཛད་པ༔ ཤ་ཟ་འབྱུང་པོའི་སྐྱོན་སྤངས་རྡོ་རྗེ་འབར༔ ས་བཅུའི་སེམས་དཔའ་མཆོག་ཏུ་མངའ་གསོལ་ལོ༔ ཧ་ལ་དུག་གསུམ་རང་གྲོལ་སྐུ་གསུམ་ངང་༔ ཨ་ཏིའི་རྣལ་འབྱོར་ཆོས་ཟད་བློ་འདས་ཀློང་༔ ཨ་ཧོ་ངོ་མཚར་སྒྱུ་མའི་ཆོ་འཕྲུལ་གྱིས༔ ཨ་ཏིའི་སྲུང་མ་མཆོག་ཁྱེད་དགྱེས་མཛད་གསོལ༔ དེ་ལྟར་མཆོད་ཅིང་བསྐང་བཤགས་བྱས་པའི་མཐུས༔ གནས་སྐབས་ཕྲིན་ལས་རྣམ་བཞིའི་སྤྲུལ་བསྒྱུར་གྱིས༔ མི་མཐུན་རྐྱེན་སོལ་མཐུན་རྐྱེན་འདོད་དོན་སྒྲུབས༔ མཐར་ཐུག་དོན་གཉིས་ལྷུན་གྱིས་འགྲུབ་པར་མཛོད༔ ཅེས་པའང་རིགས་དབོན་དམ་པ་པདྨ་བློ་གསལ་གྱི་བཀའ་བཞིན་གྲུབ་དབང་རྫོགས་ཆེན་པའི་སློབ་འབངས་ཤཱཀྱའི་བཙུན་པ་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་བྲིས་པ་དགེ་བར་གྱུར་ཅིག༔

ཕུར་སྲུང་མཆོད་པའི་ལས་རིམ་ཤིན་ཏུ་བསྡུས་པ་རྡོ་རྗེའི་ཐོག་དབལ་ཧོར་བླས་མཛད་པ།

༄༅། ཕུར་སྲུང་མཆོད་པའི་ལས་རིམ་ཤིན་ཏུ་བསྡུས་པ་རྡོ་རྗེའི་ཐོག་དབལ་བི་ཛ་ཧ་རཾ༔ གཏོར་མ་ཕུད་དང་སྐྱེམས་ཀྱིས་བརྔན༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་བྷྱོ་ཛ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀའི༔ བཀའ་དང་དམ་ལས་མ་གཡེལ་བར༔ ཕུར་པའི་སྲུང་མ་དམ་ཚིག་ཅན༔ ཚུར་བྱོན་ཚུར་བྱོན་དམ་ལ་འདུས༔ མ་གཡེལ་མ་གཡེལ་ལས་བཅོལ་སྒྲུབས༔ ཤྭ་ན་མུ་ཁ་མཆེད་བཞི་དང་༔ བསེ་ཡི་ལྷ་མོ་མཆེད་བཞི་དང་༔ ས་བདག་ཆེན་མོ་མཆེད་སྡེ་བཞི༔ གིང་ཆེན་སྡེ་བཞི་བསྟན་མ་དང་༔ དབང་ཕྱུག་ཉེར་བརྒྱད་ཕུར་སྲུང་ཚོགས༔ གསེར་སྐྱེམས་ཕུད་དང་གཏོར་མས་བརྔན༔ བཅོལ་བའི་ལས་གང་ཐོགས་མེད་མཛོད༔ བསྟན་པའི་དགྲ་སྒྲོལ་བསྟན་འཛིན་སྐྱོངས༔ ཁམས་གསུམ་དབང་འདུས་ཅི་བསམ་དོན༔ ཡིད་བཞིན་འགྲུབ་པའི་སྡོང་གྲོགས་མཛོད༔ སློབ་བུ་མཁས་གྲུབ་ཀྱིས་བསྐུལ་ངོར༔ སྙོམ་ལས་མཁན་པོ་ས་ར་ཧི་ཏས་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ༔

ཟབ་གཏེར་སྲུང་མ་ཙིའུ་དམར་པོའི་གཏོར་འབུལ།

དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཟབ་གཏེར་སྲུང་མ་ཙིའུ་དམར་པོའི་གཏོར་འབུལ་བཞུགས༔ དབང་ཆེན་དཀྱིལ་འཁོར་ལྷ་ལ་འདུད༔ དམར་གཏོར་ཟུར་གསུམ་གཙོ་འཁོར་བདུན༔ ཤ་ཁྲག་སྙིང་སྣ་རུ་མཚོན་དང་༔ བྱ་དམར་ལིང་ག་མེ་རིས་བརྒྱན༔ པདྨ་དབང་གི་ཏིང་འཛིན་གྱིས༔ འབྲུ་གསུམ་སྔགས་ཀྱིས་བདུད་རྩིར་བསྒྱུར༔ ཧྲཱིཿ རང་གི་ཐུགས་ཀའི་འོད་ཟེར་གྱིས༔ བཙན་རྒོད་བསེ་ཁྲབ་ཙི་འུ་དམར༔ གཙོ་འཁོར་སྤྲུལ་བ་ཁྲོམ་ལྟར་འཚོགས༔ མ་ལུས་འཁོར་བཅས་སྤྱན་འདྲེན་ནོ༔ དམ་ཚིག་དབང་གིས་བརྟན་པར་བཞུགས༔ སྒོ་གསུམ་དྭངས་པས་གུས་ཕྱག་འཚལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཤ་ཁྲག་རུས་པ་ཞིང་བཅུའི་སྙིང་༔ བསྟན་ལ་སྡང་བའི་དགྲ་འདྲེ་ཡི༔ ལུས་དང་ལོངས་སྤྱོད་དབང་ཐང་བཅས༔ བསྟན་སྲུང་མཆོད་པའི་རྫས་སུ་འབུལ༔ ཧྲཱིཿ རྒྱལ་དབང་པདྨ་ཐོད་ཕྲེང་གི༔ བཀའ་ཉན་དྲེགས་པ་ཡོངས་ཀྱི་གཙོ༔ གཏེར་སྲུང་བསེ་ཁྲབ་ཙི་དམར་ར༔ དམར་ནག་ཁྲག་མདོག་སྲིན་པོའི་གཟུགས༔ བསེ་ཁྲབ་ཟངས་རྨོག་བསེ་མདུང་དང་༔ ཞགས་པ་དམར་པོས་ཉམས་པ་འཆིང་༔ རྟ་དམར་རླུང་གཤོག་རྔམ་པར་ཆིབས༔ འཁོར་དུ་རང་འདྲའི་བཙན་རྒོད་དྲུག༔ དམར་ནག་ལ་ཐོད་རྒོད་འཕྲུ་འཕུར༔ བཙན་རྟ་མྱུར་བའི་ཤུགས་ཅན་ཞོན༔ རུ་མཚོན་ཞགས་པ་སྙིང་ཕྲེང་བསྣམས༔ ལས་སུ་རྒྱལ་བསྟན་བསྲུང་ཞིང་སྤེལ༔ ཟས་སུ་ཤ་ཁྲག་གཏོར་མ་རོལ༔ ཟབ་གཏེར་སྲུང་མ་ཁྱོད་ལ་བསྟོད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ སྔོན་དུས་པདྨ་འབྱུང་གནས་དང་༔ དབང་ཆེན་རྟ་མཆོག་རྒྱལ་པོ་ཡིས༔ པདྨ་དབང་གི་སྲུང་མར་བསྐོས༔ རྣལ་འབྱོར་ཕྲིན་ལས་སྒྲུབ་དགོས་ཞེས༔ ཇི་ལྟར་བཀའ་བསྒོས་དེ་བཞིན་དུ༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རྣལ་འབྱོར་སྐུ་ཚེའི་བར་ཆད་སོལ༔ བསྟན་འགྲོར་ཉེར་འཚེའི་གཡུལ་ངོ་ཟློག༔ ནད་མུག་མཚོན་འཁྲུག་དབྱིངས་སུ་སོལ༔ བརྒྱུད་འཛིན་སློབ་མ་བུ་ལྟར་སྐྱོངས༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཅེས་བརྗོད་གཏོར་མ་གཙང་སར་གཤེགས༔ མཆོད་བསྟོད་བརྟེན་པས་ལས་ཀུན་འགྲུབ༔ གཏེར་ཆེན་ལུང་རིག་གླིང་པས་སོ༔

གནོད་སྦྱིན་ཙིའུ་དམར་པོའི་བསྐུལ་བ་ལོག་འདྲེན་གཡུལ་འཇོམས།

༄༅། གནོད་སྦྱིན་ཙིའུ་དམར་པོའི་བསྐུལ་བ་ལོག་འདྲེན་གཡུལ་འཇོམས་བཞུགས་སོ༔ ཀ་དག་སྤྲོས་པ་བྲལ་བའི་རང་གདངས་གཟུགས༔ ཁ་སྦྱོར་བདུན་ལྡན་པདྨ་ཧེ་རུ་ཀ༔ ག་དར་བསྟན་དགྲ་སྒྲོལ་ཕྱིར་གནོད་སྦྱིན་ཚུལ༔ ང་ཡིས་བསྐུལ་ལོ་ལོག་འདྲེན་སྤ་སྐོངས་ཤིག༔ ཅ་ཅོའི་ཚིག་གིས་དབྱིངས་བཞུགས་ཡེ་ཤེས་ལྷ༔ ཆ་ཙམ་བསྐུལ་དུ་འོས་པ་མ་ཡིན་ཀྱང་༔ ཇ་ཁ་རྙོག་མའི་སེམས་ལྡན་སྡང་བའི་དགྲ༔ ཉ་མོ་ལྕགས་ཀྱུས་ཟིན་བཞིན་རྡུལ་དུ་རློགས༔ ཏ་ཐཱ་ག་ཏའི་རྗེས་འཇུག་རྣལ་འབྱོར་པ༔ ཐ་ཆད་སྐྱེ་བོས་སྨོད་ཅིང་གཤེ་སྐུར་ན༔ ད་ལྟ་བསྟན་སྲུང་དྲེགས་པའི་སྡེ་ཚོགས་རྣམས༔ ན་འཆི་མཚོན་གྱི་ཆད་པས་རྡུལ་དུ་རློགས༔ པ་པཾ་སྡིག་པའི་ལས་ཀྱི་ཁུར་ལྕི་བས༔ ཕ་རོལ་ཐར་པའི་གེགས་གྱུར་ཞིང་བཅུའི་དགྲ༔ བ་ལང་རི་བཀྲ་ཁྲོས་པས་བཅོམ་པ་བཞིན༔ མ་རུངས་གནོད་སྦྱིན་དཔའ་བོས་ཚར་ཆོད་ཅིག༔ ཙ་ར་དྲེགས་པས་རྒྱགས་པའི་དགྲ་དང་བགེགས༔ ཚ་གྲང་བཙན་ནད་ཧུར་ཐུམ་དྲག་པོས་སོད༔ ཛ་ཡའི་རྣམ་རོལ་ཙིའུ་དམར་གདོང་ལྔའི་སྒྲས༔ ཝ་འདྲའི་བསྟན་དགྲ་སྒྲོལ་ལ་མཐུ་དཔུང་ཆོམས༔ ཞྭ་རྨོག་བསེ་ཁྲབ་དཔའ་བོ་རྔམ་པའི་ཆས༔ ཟ་བྱེད་ལྕགས་ཀྱི་མདུང་དམར་ཞགས་པ་བསྣམས༔ འ་འུར་རླུང་གི་ཤུགས་ལྡན་ཅང་ཤེས་ཆིབས༔ ཡ་ང་འཇིགས་པའི་ཤུགས་ཀྱིས་ལོག་འདྲེན་ཐུལ༔ ར་བ་གངས་ལྗོངས་བསྟན་པའི་རྒྱལ་མཚན་ཆེ༔ ལ་ལུང་སྐྱེ་བོའི་དཔལ་གྱུར་རྙིང་བསྟན་པ༔ ཤ་ཟའི་སེམས་ཀྱིས་སྡང་བའི་སེར་གཟུགས་འགའ༔ ས་སྟེང་བསྟན་པའི་ཆོམ་རྐུན་མིང་མེད་མཛོད༔ ཧ་ལ་དུག་ལྔས་བསྐྱེད་པའི་དགྲ་དང་བགེགས༔ ཨ་ཏིའི་ཀློང་དུ་ལྡོག་མེད་ཡོངས་བསྒྲལ་ནས༔ ཧེ་རུ་ཀ་དཔལ་རྟ་མཆོག་རོལ་པའི་འཕྲུལ༔ ཨེ་མ་རྣལ་འབྱོར་དུས་ཀུན་སྲུང་མཛོད་ཅིག༔ ཅེས་པའང་ལྷ་གྲོགས་དམ་པའི་གསུང་བཞིན་རྒྱ་སྤྲུལ་མིང་བས་ཤར་མར་སྤེལ་བ་དུས་ཀུན་དགེ་བར་གྱུར་ཅིག་གུ༔

གནོད་སྦྱིན་ཙི་མ་རའི་བསྐང་བ་དམ་ཅན་དགྱེས་པའི་མཆོད་སྤྲིན་ནགས་རྟ་མདོ་སྡེས་མཛད་པ།

༄༅། མཆོག་སྤྲུལ་ལུང་རིག་གླིང་པའི་དགོངས་གཏེར་ལས་བྱུང་བའི་གནོད་སྦྱིན་ཙི་མ་རའི་བསྐང་བ་དམ་ཅན་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །འདིར་ཆོས་སྐྱོང་ཆེན་པོ་ཙི་མ་རའི་བསྐང་བ་བྱ་བར་འདོད་པས་བསྐང་རྫས་མཆོད་པའི་བྱེ་བྲག་ཅི་འབྱོར་བ་བཤམས་ལ། རཾ་ཡཾ་ཁཾ། ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱིཿ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། རོལ་མོ་དབྱངས་དང་བཅས། ཧཱུྃ་ཧྲཱིཿ པདྨ་དབང་གི་བཀའ་ཉན་དྲེགས་པའི་གཙོ། །བསྟན་སྲུང་ཆེན་པོ་གནོད་སྦྱིན་ཙི་མ་ར། །འཁོར་བཅས་བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས། །རང་མཐུན་བཤམས་པའི་གདན་ལ་དགྱེས་པར་བཞུགས། །ཏིང་འཛིན་སྔགས་རྒྱའི་རྣམ་འཕྲུལ་བཀོད་པ་ནི། །ལྷ་ཚོགས་དབང་པོ་དྲུག་ལ་འདོད་ཡོན་ལྔས། །ཟག་མེད་བདེ་བ་བསྐྱེད་པའི་སྤྲིན་ཆེན་པོ། །ནམ་མཁའ་མཛོད་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །ཁྲག་ཆང་ཨརྒྷཾ་དབང་མེ་ཚིལ་ཆེན་སྤོས། །མདངས་གསལ་ཞུན་མེ་མཁྲིས་པའི་དྲི་ཆབ་དང་། །ཤ་རུས་ཞལ་ཟས་རྐང་གླིང་རོལ་མོ་སོགས། །ཕྱི་ནང་ཉེར་སྤྱོད་མཆོད་པས་ཐུགས་དམ་བསྐང་། །བྲ་བོ་གཡུ་རྔོག་རླུང་གི་བང་ཅན་ལ། །རིན་ཆེན་སྒ་སྲབ་མཛེས་པའི་ཆས་ཀྱིས་བརྒྱན། །སྲ་བའི་རྨོག་ཞུ་བརྗིད་པའི་གོ་ཁྲབ་སོགས། །རྔམ་པའི་སྐུ་ཆས་ཚོགས་ཀྱིས་ཐུགས་དམ་བསྐང་། །རྣོ་བའི་བསེ་མདུང་འཁྱུགས་པའི་བཙན་ཞགས་དང་། །མྱུར་བའི་ཉག་ཕྲན་འགུགས་པའི་གནམ་རུ་སོགས། །སྐྱེས་བུ་འཁོར་བཅས་དགྱེས་པའི་མཐུན་རྫས་དང་། །བརྟེན་རྫས་བླ་རྡོ་སྲོག་འཁོར་ཐུགས་དམ་བསྐང་། །བྷ་ལིང་གཏོར་མ་རཀྟ་དམར་གྱི་མཚོ། །རྔ་གླིང་རོལ་མོ་བཤུགས་པའི་འབོད་སྒྲ་དང་། །བསེ་ཡི་སྐུ་མཁར་བ་དན་རུ་མཚོན་སོགས། །སྤྱན་གཟིགས་ཀ་ཆ་དཀོར་ཆས་ཐུགས་དམ་བསྐང་། །དེ་ལྟར་ཐུགས་དམ་གཉན་པོ་དགྱེས་བསྐང་ནས། །རྒྱལ་བའི་བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས། །གཡེལ་མེད་རྟག་ཏུ་བསྲུང་ཞིང་སྐྱོང་བ་དང་། །རྣལ་འབྱོར་སྒྲུབ་པོའི་འགལ་རྐྱེན་ཀུན་ཞི་ནས། །མཐུན་རྐྱེན་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རྣམ་ཀུན་ཕན་བདེའི་དཔལ་གྱིས་སྐྱོང་བར་མཛོད། །ཅེས་པ་འདི་ནི་བཙུན་པ་བསམ་འཕེལ་གྱིས་ནན་ཏན་གྱིས་བསྐུལ་ངོར། མཆོག་སྤྲུལ་ལུང་རིག་གླིང་པའི་ཞབས་རྡུལ་སྤྱི་བོར་ལེན་པའི་རྨོངས་པ་སྡེ་སྣོད་མིང་ཅན་གྱིས་བྲིས་པའོ༎

གཏེར་སྲུང་བཙན་རྒོད་ཀྱི་གསོལ་བསྡུས་འདོད་དོན་ལྷུན་འགྲུབ།

༄༅།། གཏེར་སྲུང་བཙན་རྒོད་ཀྱི་གསོལ་བསྡུས་འདོད་དོན་ལྷུན་འགྲུབ་བཞུགས༔ ཧཱུྃ་ཧྲཱིཿ སྣང་སྲིད་དབང་བསྒྱུར་པདྨ་རྒྱལ་པོ་ཡི༔ བཀའ་ཉན་དྲེགས་པའི་གཙོ་བོ་བཙན་རྒོད་ཆེ༔ དམར་ནག་དུས་མཐའི་མེ་བཞིན་ཁྲོ་གཏུམ་རྔམས༔ ཤ་བའི་གདོང་ཅན་གནས་འདིར་ཐོགས་མེད་སྤྱོན༔ རང་རང་མཐུན་པའི་གདན་ལ་དགྱེས་བཞུགས་ནས༔ དམ་ཚིག་གཉན་པོ་གཡེལ་མེད་ཕྱག་མཆོད་བཞེས༔ ཕྱི་ནང་གསང་བའི་མཆོད་རྫས་སྣ་ཚོགས་དང་༔ ཁྱད་པར་ཤ་ཁྲག་རུས་པའི་མཆོད་པ་འབུལ༔ རབ་དམར་གློག་ལྟར་འཁྱུགས་པའི་རྟ་མཆོག་དང་༔ འདབ་ཆགས་བྱུ་རུའི་མདངས་ལྡན་འཕུར་ལྡིང་གཡོ༔ བཙན་ཞགས་མདུང་དམར་འཁོར་གསུམ་གོ་ཁྲབ་དང་༔ བཙན་མཁར་རྩེ་མོ་མཐོ་སོགས་མཐུན་རྫས་ཀྱིས༔ རྡོ་རྗེ་དགྲ་འཇོམས་རོལ་བ་སྐྱ་བདུན་དང་༔ བཙན་རྒོད་སྤྲུལ་པ་ཡང་སྤྲུལ་ཐུགས་དམ་བསྐང་༔ ཉམས་ཆག་འགལ་འཁྲུལ་བག་མེད་མཐོལ་ལོ་བཤགས༔ དཀར་ཕྱོགས་རྒྱལ་ཞིང་ནག་ཕྱོགས་གཡུལ་ངོ་རྣམས༔ ཚར་གཅོད་དྲག་པོའི་ཕྲིན་ལས་མ་གཡེལ་ཅིག༔ བཙུན་པ་ལུང་རྟོགས་མིང་དེས་འཕྲལ་དུ་བྲིས་པ་དགེ་གྱུར་ཅིག༔

སྲུང་མ་གྲི་བཙན་འབར་བའི་མངའ་གསོལ་རྡོ་རྗེའི་ཐ་ཚིག

༄༅།། སྲུང་མ་གྲི་བཙན་འབར་བའི་མངའ་གསོལ་རྡོ་རྗེའི་ཐ་ཚིག་ཅེས་བྱ་བ་བཞུགས། ཀ་དག་གདོད་མའི་ཆོས་སྐུ་འོད་མཐའ་ཡས༔ ཁ་དོག་འགག་མེད་ལྷུན་གྲུབ་ཧེ་རུ་ཀ༔ ག་དར་པདྨའི་སྦུབས་འཁྲུངས་ཐོད་ཕྲེང་རྩལ༔ ང་ཅག་རིག་འཛིན་བརྒྱུད་པའི་སྲུང་མ་མཆོག༔ ཅ་ཅོའི་སྒྲ་རུ་གྲི་བཙན་དགྲ་འཇོམས་ཞེས༔ ཆ་ལུགས་ཁྲོ་ཚུལ་དམར་ནག་ཤ་བའི་མགོ༔ ཇ་དར་དཀོར་ནོར་བསྲུང་བའི་གཉེར་འཛིན་པ༔ ཉ་ཟླའི་མདངས་ཀྱིས་གནས་འདིར་གཤེགས་སུ་གསོལ༔ ཏ་ཐཱ་ག་ཏའི་བསྟན་སྲུང་གཙོ་བོ་ཁྱོད༔ ཐ་མལ་མ་ཡིན་དབང་ཆེན་ཧེ་རུ་ཀས༔ ད་ལྟ་སྙིགས་དུས་ཟབ་ཆོས་སྲུང་མར་བསྐོས༔ ན་རཀ་རྒྱུ་འབྲས་སྤོང་བར་མངའ་གསོལ་ལོ༔ པ་སངས་ལྟར་དཀར་བྱང་ཆུབ་སེམས་ལྡན་པས༔ ཕ་མའི་དོན་དུ་ཕྱིན་དྲུག་ཉམས་བླངས་ཀྱང་༔ བ་ལང་ལྟ་བུའི་དགྲ་འདིས་དོ་བསྡོ་བས༔ མ་ལུས་ལྷག་མེད་གཞོམ་པར་མངའ་གསོལ་ལོ༔ ཙ་རི་ཏྲ་སོགས་གནས་ཀུན་བྱིན་རླབས་བཅུད༔ ཚ་ལའི་ནུས་པས་སྐེགས་མདོག་བསྒྱུར་བ་ལྟར༔ ཛ་ཡའི་སྒྲུབ་གནས་དབང་གི་མེ་འབར་ཕུག༔ ཝ་ར་ཧཱི་དངོས་བཞུགས་པའི་གནས་བདག་གཙོ༔ ཞྭ་མོའི་ཏོག་ལྟར་གཙུག་ཏུ་ཁྱོད་བརྟེན་ན༔ ཟ་བྱེད་ལོག་འདྲེན་འདུལ་བར་མངའ་གསོལ་ལོ༔ འ་འུར་དབྱངས་རོལ་གདུང་བའི་ཡིད་ཀྱི་བློས༔ ཡ་མཚན་ལྷག་པའི་སྲུང་མ་ཁྱོད་ཉིད་ལ༔ ར་ག་རྗེས་སུ་ཆགས་པས་མཆོད་བསྟོད་ཚེ༔ ལ་ལུང་གང་དུ་འགྲོ་ཡང་སྲུང་མ་མཛོད༔ ཤ་ཁྲག་ལ་སོགས་དམ་རྫས་འབྲུ་གསུམ་གྱིས༔ ས་གསུམ་གང་བར་སྤེལ་ཏེ་མངའ་གསོལ་ལོ༔ ཧ་ལ་དུག་ལྔའི་ལྕགས་ཁམས་ཐ་མལ་རྒྱུད༔ ཨ་ཏིའི་དབང་དང་ཁྲིད་ཀྱི་གསེར་འགྱུར་རྩིས༔ ཐེབས་པར་བྱེད་པའི་དཔལ་ལྡན་བླ་མ་ཡི༔ སྐུ་ཚེ་ཟླ་བ་ཡར་ངོའི་མཆེད་པོར་མཛོད༔ དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར༔ དབང་གི་རྒྱལ་པོའི་བཀའ་སྡོད་བཙན་རྒོད་བདུན༔ དུང་དུང་གདུང་བའི་ཡིད་ཀྱིས་ཁྱོད་བསྟེན་ན༔ རྟག་ཏུ་སྐྱོང་ཞིང་སྐྱོབས་པའི་ཕྲིན་ལས་མཛོད༔ ཅེས་མངའ་གསོལ་ལོ༔

གཏེར་སྲུང་བཙན་རྒོད་ཀྱི་གསོལ་བསྡུས་རྡོ་རྗེའི་གླུ་གར།

༄༅།། གཏེར་སྲུང་བཙན་རྒོད་ཀྱི་གསོལ་བསྡུས་རྡོ་རྗེའི་གླུ་གར་ཞེས་བྱ་བ་བཞུགས་སོ།། ཧྲཱིཿ ཀ་དག་དབྱིངས་ལས་ལེགས་ཤར་སྲུང་མ་ཆེ༔ ཁ་དོག་མ་འགགས་བཙན་རྒོད་སྤུན་བདུན་ཚོགས༔ ག་དར་དངས་བའི་ཡིད་ཀྱིས་སྤྱན་འདྲེན་ན༔ ང་ཅག་ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ༔ ཅ་ཅོ་མ་ཡིན་སྙིང་ནས་ལེགས་བསྟེན་ན༔ ཆ་ཤས་དད་པའི་ཞིང་འདིར་རྟག་བཞུགས་ལ༔ ཇ་དར་འབྲུ་ནོར་དཀོར་གྱི་གཉེར་མཛད་ནས༔ ཉ་ཟླའི་མདངས་ཀྱི་མཆོད་པ་འབུལ་ལོ་བཞེས༔ ཏ་ཐཱ་ག་ཏའི་བསྟན་སྲུང་ཀླུ་བཙན་གཟུགས༔ ཐ་མལ་རང་རྒྱུད་དྲེགས་པ་མ་ཡིན་ཕྱིར༔ ད་ལྟ་རྣལ་འབྱོར་བདག་གིས་དངོས་འབྱོར་དང་༔ ནམ་མཁའ་མཛོད་ལྟར་ཡིད་སྤྲུལ་མཆོད་པའི་ཚོགས༔ པ་ནིའི་རྒྱུན་བཞིན་ཁྲག་ཆང་ཡོན་ཆབ་མཚོ༔ ཕ་རོལ་དགྲ་བོའི་དབང་པོའི་འདབ་སྟོང་བཀྲམ༔ བ་གམ་བརྗིད་ལྡན་ཟངས་ཀྱི་སྐུ་མཁར་དང་༔ མ་ལུས་བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་༔ ཙ་ར་གཡག་ལུག་ལ་སོགས་གཡུང་དྭགས་དང་༔ ཚ་གྲང་ནད་འཇོམས་བདུད་རྩིའི་སྨན་གྱི་རིགས༔ ཛ་ལང་སེམས་ལྡན་བསྒྲལ་བའི་ཤ་ཁྲག་རུས༔ ཝ་སྤྱང་སྟག་གཟིག་བྱ་རོག་རྒྱལ་མཚན་བསྒྲེངས༔ ཞྭ་རྨོག་ཁྲབ་དང་ཞགས་པ་མདུང་དམར་དར༔ ཟ་འོག་གུར་དང་དར་གྱི་ཅོད་པཎ་འཕུར༔ འ་འུར་ཐོད་རྔ་གླིང་བུ་རོལ་མོའི་སྒྲས༔ ཡ་མཚན་སྲུང་མའི་ཚོགས་ཀྱི་ཐུགས་དམ་བསྐང་༔ ར་ཡི་དབང་པོ་རྣམ་ལྔ་ཕྲེང་བར་སྦྲེལ༔ ལ་ལུང་ཡུལ་སྐྱེས་སྨྱུག་རྒོད་ཚིགས་དགུ་ལ༔ ཤ་བ་རིས་ཀྱི་དར་གོས་འཕན་འཕུར་གཡོ༔ ས་གསུམ་གང་བའི་ཡིད་སྤྲུལ་མཆོད་རྫས་ཀྱིས༔ ཧ་ལ་དུག་ལྔ་རང་གྲོལ་གསང་ཆེན་གྱི༔ ཨ་ཏིའི་བསྟན་སྲུང་རྡོ་རྗེ་དགྲ་འཇོམས་རྩལ༔ གྲི་བཙན་འབར་བ་སྤུན་བདུན་ལ་སོགས་པ༔ གསང་སྔགས་ཟབ་གཏེར་སྲུང་མའི་ཐུགས་དམ་བསྐང་༔ ཕྱི་ལྟར་ཀླུ་བཙན་འབར་བ་སྤུན་བདུན་དང་༔ ནང་ལྟར་རཱ་ཛ་དགེ་བསྙེན་སྤུན་བདུན་དང་༔ གསང་བ་ནོར་ལྷ་གནོད་སྦྱིན་མཆེད་བདུན་ཏེ༔ སྤྲུལ་བ་ཉི་ཤུ་རྩ་གཅིག་ཐུགས་དམ་བསྐང་༔ རེ་འགའ་གྲི་བཙན་དམར་ནག་ཤ་བའི་མགོ༔ གློག་ལ་ཆིབས་ཤིང་མདུང་ཞགས་ཕྱག་ན་བསྣམས༔ མི་ལྤགས་གཡང་གཞི་གསོལ་ཞིང་བྱ་དམར་དང་༔ ཁྱི་དམར་རྔམས་ཤིང་མི་དམར་གར་སྟབས་བསྒྱུར༔ དེ་སོགས་སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ གསོལ་ལོ་མཆོད་དོ་དམ་ཚིག་ཉམས་ཆག་བཤགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞི༔ རྣལ་འབྱོར་བདག་དང་ཡོན་མཆོད་འཁོར་བཅས་ལ༔ གཞིས་ལ་བདེ་སྐྱིད་བྱེས་སུ་ལམ་འཕྲང་གི༔ འཇིགས་ཚོགས་ཞི་ཞིང་ཁྱད་པར་རྒྱལ་བའི་བསྟན༔ མི་ནུབ་ཡུན་དུ་རྒྱས་པའི་ཕྲིན་ལས་མཛོད༔ ཅེས་པ་འདི་ཡང་སྤྲུལ་མིང་ལུང་རྟོགས་བསྟན་པའི་མིང་ཅན་དེས་སྦྱར་བའོ༔ དགེའོ༔

རཏྣའི་གཏེར་བྱོན་དམ་ཅན་ནོར་ལྷའི་མངའ་གསོལ་ཉུང་ངུ་རིན་ཆེན་ཕྲེང་མཛེས།

༄༅།། རཏྣའི་གཏེར་བྱོན་དམ་ཅན་ནོར་ལྷའི་མངའ་གསོལ་ཉུང་ངུ་རིན་ཆེན་ཕྲེང་མཛེས་བཞུགས། ན་མཿཔདྨ་ཀཱ་ར་ཡ༔ འདིར་ནོར་ལྷའི་གཏོར་འབུལ་བསྟོད་བསྐུལ་མཚམས་སུ༔ ཨེ་མ་ཧོ༔ ངོ་བོ་སྤྲོས་བྲལ་ཆོས་སྐུ་བརྗོད་ལས་འདས༔ རང་བཞིན་ལྷུན་གྲུབ་ལོངས་སྐུ་འོད་དུ་གསལ༔ ཐུགས་རྗེ་འགག་མེད་སྤྲུལ་སྐུར་རོལ་པའི་གར༔ དམ་ཅན་སྲུང་མའི་དབང་པོར་ཡོངས་ཤར་བ༔ ངེས་པའི་དོན་དུ་གསང་བདག་རྡོ་རྗེ་འཛིན༔ གདུལ་བྱའི་སྣང་ངོར་དམ་ཅན་ནོར་གྱི་ལྷ༔ དམར་གསལ་པདྨ་རཱ་གའི་མདངས་ཕྲོག་སྐུ༔ མཐུ་ཆེན་རྡོ་རྗེ་ལེགས་པ་ད་ཚུར་བྱོན༔ ཁྱོད་ནི་སེར་ཆགས་ཡོངས་ཀྱི་དཀོར་ནོར་སྲུང་༔ རིན་ཆེན་གཏེར་བུམ་མཛེས་པའི་ཁྲི་ལ་འགྱིང༔ ཁམས་གསུམ་སྲིད་པའི་ཕྱྭ་གཡང་མ་ལུས་པ༔ སྒྲུབ་ལ་མྱུར་དུ་སྩོལ་བར་མངའ་གསོལ་ལོ༔ སྟག་ཤར་གཞོན་ནུ་ཡོངས་ཀྱི་དགྲ་བླ་ཆེ༔ ཀོང་བཙུན་མཛེས་མ་དགྱེས་པས་སྐུ་ལ་འཁྲིལ༔ ཁམས་གསུམ་སྲིད་པའི་མོ་རྒྱུད་དབང་བསྡུས་ནས༔ བློ་སེམས་དགེ་ལ་བསྐུལ་བར་མངའ་གསོལ་ལོ༔ རྒྱལ་འབངས་བྲན་སོགས་སྐྱེ་དགུའི་མཐུན་གྲོགས་ལྷ༔ དར་དམར་ཐོད་བཅིངས་མདའ་དར་མེ་ལོང་བསྣམས༔ སྲིད་ཞིའི་ལེགས་ཚོགས་མ་ལུས་དབང་བསྡུས་ནས༔ འགྲོ་རྣམས་དབུལ་བ་བསལ་བར་མངའ་གསོལ་ལོ༔ སྡེ་བརྒྱད་དྲེགས་པ་ཡུལ་ལྷ་ཕྱུག་པོས་བསྐོར༔ རྣལ་འབྱོར་གར་འགྲོ་གང་དུ་སྡོད་ཀྱང་རུང་༔ འབྱོར་ལྡན་སྦྱིན་བདག་ནོར་རྫས་དབང་བསྡུས་ནས༔ བསོད་ནམས་ཚོགས་གཉིས་རྫོགས་པར་མངའ་གསོལ་ལོ༔ མཁས་བཙུན་བཟང་པོའི་གྲོགས་མཛད་དམ་ཚིག་ཅན༔ སྐལ་བཟང་སློབ་མའི་ཚོགས་ཀུན་དབང་བསྡུས་ནས༔ འཆད་རྩོད་རྩོམ་གསུམ་ཆོས་རྔས་སྟོང་ཁམས་བཀང་༔ རྒྱལ་བསྟན་དར་ཞིང་རྒྱས་པར་མངའ་གསོལ་ལོ༔ རྟེན་འདིར་ཡུན་དུ་འཚོ་མཛད་ཚེ་ཡི་ལྷ༔ འབྱུང་ལྔའི་དྭངས་བཅུད་ཚེ་དཔལ་དབང་བསྡུས་ནས༔ རྣལ་འབྱོར་ཚེ་སྲོག་ཉམས་པ་སོར་ཆུད་དེ༔ ཚེ་ཡི་རིག་འཛིན་འགྲུབ་པར་མངའ་གསོལ་ལོ༔ མི་རྒྱུད་ཡུན་དུ་གནས་མཛད་དབང་ཐང་ལྷ༔ དཔའ་མཛངས་ཁྱེའུ་ཕོ་མོའི་སྲིད་བཀུག་ནས༔ རྩལ་ལྡན་འཕྲུལ་ཆགས་ཀུན་ཀྱང་ཆོས་ལ་དཀར༔ བཀྲ་ཤིས་ལེགས་ཚོགས་སྤེལ་བར་མངའ་གསོལ་ལོ༔ དགྲ་སྒྲོལ་བགེགས་འདུལ་གྲགས་པ་མཐུ་ཡི་ལྷ༔ བསྟན་དང་བླ་མ་རྣལ་འབྱོར་སྤྱི་དགོས་དགྲ༔ དབྱེ་བསྐྲད་བསད་སོགས་དྲག་ཤུལ་ལས་སྦྱོར་གྱིས༔ ཞིང་བཅུ་བརླག་པའི་གཤེད་མར་མངའ་གསོལ་ལོ༔ རེས་འགའ་ཞི་དང་ཁྲོ་ཆགས་མ་ངེས་གཟུགས༔ ནད་ལ་སྨན་སྦྱོར་དུག་ལ་རྩི་ཡིས་གསོས༔ འདོད་རྒུའི་རེ་སྐོངས་བསམ་རྒུའི་ལས་ཀུན་སྒྲུབས༔ ཕན་བདེའི་དཔལ་གྱིས་བདག་སོགས་སྐྱོངས་བར་མཛོད༔ ཅེས་པའང་བསླབ་གསུམ་ནོར་བུའི་མཛོད་འཆང་བླ་མ་མདོ་སྡེས་བཀའ་ཕེབས་ལྟར༔ རྒྱ་སྤྲུལ་མིང་བན་རྒན་སྙོམ་ལས་པས་ཐོལ་བྱུང་དུ་བྲིས་ནས་ཕུལ་བ་དགེ་ལེགས་འཕེལ༔

ཆོས་སྐྱོང་སྤྱི་གསོལ་བསྡུས་པ།

༄༅།། ཆོས་སྐྱོང་སྤྱི་གསོལ་བསྡུས་པ་བཞུགས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས། རྃ་ཡྃ་ཁྃ་གིས་བསངས་སྦྱངས༔ ཨོཾ་ཨཱཿཧཱུྃ་གིས་ཟག་མེད་བདུད་རྩིར་བྱིན་གྱིས་བརླབས་ནས༔ ཨོཾ་ཨཱཿཧཱུྃ༔ སྔོན་ཚེ་བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ༔ བསྟན་འགྲོར་བདེ་སྐྱིད་སྤེལ་བར་དམ་བཅས་ཤིང་༔ རྣལ་འབྱོར་བུ་བཞིན་སྐྱོང་བར་ཞལ་བཞེས་པའི༔ མཐུ་ཆེན་དཔལ་མགོན་མ་ནིང་ནག་པོ་དང་༔ མི་བསྲུན་གདུག་ཅན་གནོད་སྦྱིན་ཤན་པ་དམར༔ གསང་སྔགས་སྤྱི་ཡི་གཉེར་འཛིན་རྡོ་རྗེ་ལེགས༔ དངོས་གྲུབ་འདོད་རྒུའི་ཆར་འབེབས་རྣམ་ཐོས་སྲས༔ དབང་གི་ལྷ་མཆོག་མ་ལུས་འཁོར་དང་བཅས༔ རྣལ་འབྱོར་དད་དང་གུས་པས་སྤྱན་འདྲེན་ན༔ ཐོགས་མེད་འདིར་གཤེགས་སྤྲུལ་པའི་གདན་ལ་བཞུགས༔ དམ་ཚིག་གཡར་དམ་ཅན་ལ་གུས་ཕྱག་འཚལ༔ ཉེར་སྤྱོད་ཕྱི་ནང་གསང་མཆོད་བྷ་ལིང་ཏ༔ རང་མཐུན་དམ་རྫས་དངོས་འབྱོར་ཡིད་སྤྲུལ་གྱིས༔ མཆོད་དོ་གསོལ་ལོ་ཐུགས་དམ་དབྱིངས་སུ་བསྐང་༔ རུ་ཏྲ་སྡེ་གསུམ་འདུལ་མཛད་མཐུ་བོ་ཆེ༔ དཔལ་མགོན་མ་ནིང་ནག་པོ་གསོལ་ཞིང་མཆོད༔ ཨོ་རྒྱན་སྤྱན་སྔར་དམ་བཅས་མཐུ་བོ་ཆེ༔ གནོད་སྦྱིན་ཤན་པ་དམར་ནག་གསོལ་ཞིང་མཆོད༔ ཤཱཀྱའི་བསྟན་པ་སྲུང་མཛད་མཐུ་བོ་ཆེ༔ དམ་ཅན་རྡོ་རྗེ་ལེགས་པ་གསོལ་ཞིང་མཆོད༔ དངོས་གྲུབ་འདོད་སྟེར་རྒྱལ་པོ་རྣམ་ཐོས་སྲས༔ དབང་ལྷ་མདུང་དམར་འཆང་བ་གསོལ་ཞིང་མཆོད༔ གཞན་ཡང་གཏེར་ཆེན་རཏྣ་གླིང་པ་ཡི༔ ཟབ་གཏེར་ཉེར་ལྔའི་སྲུང་མ་མཐུ་བོ་ཆེ༔ དགེ་བསྙེན་མཁའ་རི་བསྙོན་ཁ་དམག་རྒྱལ་གསུམ༔ ཨེ་ཀ་ཛ་ཊཱི་གཟའ་བདུད་ར་ཧུ་ལ༔ ཞིང་སྐྱོང་ཡབ་ཡུམ་ལ་སོགས་སྲུང་མ་རྣམས༔ གསོལ་ལོ་མཆོད་དོ་ཐུགས་དམ་དབྱིངས་སུ་བསྐང་༔ ཉམས་ཆག་ཉེས་པའི་ཚོགས་རྣམས་མཐོལ་ཞིང་བཤགས༔ ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞིའི༔ འདོད་དོན་མ་ལུས་ཐོགས་མེད་འགྲུབ་པ་དང་༔ རྒྱལ་བའི་བསྟན་ལ་འཆད་རྩོད་རྩོམ་གསུམ་སོགས༔ ཞབས་འདེགས་དགེ་བའི་བཤེས་གཉེན་སྐུ་ཚེ་བརྟན༔ མཛད་ཕྲིན་དགེ་བཅུའི་གྲུ་ཆར་ལེགས་བབ་ན༔ ཕན་བདེའི་འབྲས་བཟང་གཡུར་དུ་ཟ་བར་ཤོག༔ ཅེས་པའང་རྡོ་རྗེའི་སྤུན་གྲོགས་སྭ་རའི་མིང་གིས་བསྐུལ་ངོར་འདུ་ཤེས་གསུམ་པ་རྒྱ་སྤྲུལ་མིང་གིས་སྨྲས་པ་ཛ་ཡནྟུ༔

གཏོར་འབུལ་ཧོ་རྣམ་དག་སོགས།

༄༅།། ཧོ༔ རྣམ་དག་བདུད་རྩིའི་གཏོར་མ་འདི་ཉིད་བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི༔ ཁྱབ་བདག་དྲིན་ཆེན་བླ་མ་ཡི་དམ་རྒྱུད་སྡེ་སྒྲུབ་སྡེ་གནས་གསུམ་མ་མོ་མཁའ་འགྲོ༔ སྔགས་སྲུང་ཨེ་ཀ་ཛ་ཏི༔ དཔལ་ལྡན་དུད་སོལ་ལྷ་མོ༔ ཕྱག་དྲུག་གུར་གྱི་མགོན་པོ༔ བཀའ་སྡོད་བྱ་རོག་གདོང་ཅན༔ སྨན་གྱི་ལྷ་མོ་སྤུན་བདུན༔ ཡིད་འགུགས་དབང་ལྷ་དམར་པོ༔ སྨན་བཙུན་ཚེ་རིང་མཆེད་ལྔ༔ ལྷ་ཆེན་ལྕམ་དྲལ་ཡབ་ཡུམ༔ ཁྱབ་འཇུག་དུག་གི་སྤུ་གྲི༔ དམ་ཅན་རྡོ་རྗེ་ལེགས་པ༔ བཙན་རྒོད་དྲག་པོ་སྤུན་བདུན༔ བཀའ་སྡོད་ལྷ་བཙན་འབར་བ༔ སྐྱེས་བུ་མིའུ་ཐུང་ནོར་བདག༔ གཏེར་སྲུང་གཉན་ཆེན་ཐང་ལྷ༔ ཕུར་སྲུང་དམ་ཅན་བཅུ་དྲུག༔ ཀླུ་མཆོག་ཀླུ་རྒྱལ་མཐའ་ཡས༔ ཛམ་ལྷ་རྟ་བདག་མཆེད་བརྒྱད་ལ་སོགས༔ འགོ་ཞིང་སྐྱོབ་པའི་ལྷ་སྲུང་མཆོད་འོས་བསྟོད་འོས་རྣམས་ཀྱི་ཞལ་དུ་ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔

ཟ་ངུ་བསྡུས་པ།

༄༅། ཟ་ངུ་བསྡུས་པ་ནི། འཁོར་དང་མྱ་ངན་འདས་པའི་ཆོས་སོ་ཅོག །དོན་དམ་དབྱིངས་སུ་ཐམས་ཅད་མཉམ་པ་ཉིད། །དམིགས་ཡུལ་དགྲ་དང་བསྐུལ་བྱའི་བསྲུང་མ་དང་། །བསྐུལ་བྱེད་བསྒྲུབ་པོའི་ལྷ་སྔགས་སྟོང་པའི་གཤིས། །འགགས་མེད་མཁའ་ལས་དཀར་ནག་སྤྲིན་འཕྲོས་ཀྱང་། །དབྱིངས་སུ་ཡལ་ཚེ་གང་ཡང་མ་གྲུབ་ལྟར། །ཐམས་ཅད་མཉམ་ཉིད་ཆོས་སྐུའི་རང་རྩལ་དུ། །ཇི་ལྟར་བྱས་ཆོས་རིག་སྟོང་ཀློང་དུ་གྲོལ། །དེ་ཕྱིར་དགྲ་སྡེར་དམ་ཅན་བསྲུང་མ་ཡིས། །གནས་སྐབས་ལས་ངན་རྒྱུ་འབྲས་ཟ་ངུ་གྱིས། །མཐར་ཐུག་ལྷག་པའི་ལྷ་ཡི་ཐུགས་ཀློང་དུ། །ཐམས་ཅད་བདེ་ཆེན་སྐུ་གསུམ་ཀློང་དུ་ཨཱཿ ཅེས་པའང་དམ་པའི་བཀའ་བཞིན་རྒྱ་སྤྲུལ་རྨོངས་རྒན་གྱིས་བྲིས་པ་ཛ་ཡནྟུ།

དམ་ཅན་རྒྱ་མཚོའི་སྐོང་བཤགས་གྲིབ་སེལ་གྱི་དམིགས་པ་དང་བཅས་པ་ཉམས་གྲིབ་དབྱིངས་སུ་བསལ་བའི་དྲི་བཞོན།

༄༅། དམ་ཅན་རྒྱ་མཚོའི་སྐོང་བཤགས་གྲིབ་སེལ་གྱི་དམིགས་པ་དང་བཅས་པ་ཉམས་གྲིབ་དབྱིངས་སུ་བསལ་བའི་དྲི་བཞོན་ཞེས་བྱ་བ། ཨོཾ་ཡེ་ཤེས་ལས་གྲུབ་མངོན་ཤེས་རྫུ་འཕྲུལ་ཅན། །ལེགས་ཉེས་སྟང་འཛིན་དམ་ཚིག་རྗེས་གཅོད་པའི། །ཕྱི་ནང་མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ཀྱི། །དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ། །ཐུགས་རྗེའི་གདུང་འཚོབ་རྡོ་རྗེའི་རྣལ་འབྱོར་བདག །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཟབ་གསང་རྡོ་རྗེ་སྙིང་པོར་དམ་བླངས་ཏེ། །སྐུ་གསུང་ཐུགས་སུ་སྒྲུབ་པར་དམ་བཅས་བཞིན། །དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་། །བག་མེད་ལེ་ལོ་དྲན་ཤེས་མི་ལྡན་པས། །གསང་གསུམ་རྩ་བ་ཡན་ལག་དམ་ཚིག་ལ། །འགལ་ཉམས་འདས་རལ་གང་བྱུང་མཐོལ་ཞིང་བཤགས། །ཆོས་སྐུ་མཁའ་མཉམ་སྤྲོས་དང་བྲལ་བ་ལ། །རྣམ་རྟོག་མཚན་མས་བདག་གཉིས་སོ་སོར་བཟུང་། །ལྟ་སྒོམ་མ་གསལ་ཏིང་འཛིན་གཡེལ་བ་སོགས། །ཆོས་ཉིད་དོན་དང་འགལ་བ་མཐོལ་ལོ་བཤགས། །མཆོད་གཏོར་བཤམས་ཉེས་ཆོ་ག་ལྷག་ཆད་དང་། །སྒོམ་པ་ཡུན་ཐུང་མ་གསལ་བཟླས་གྲངས་ཉུང་། །བརྩེ་གདུང་རྒྱུན་ཆད་ཚོགས་གཏོར་ལོ་ཟླར་འགྱངས། །དམ་རྫས་མ་ཚངས་གཙང་སྦྲ་ཉམས་པ་བཤགས། །དུས་སུ་མ་མཆོད་མ་བསྐང་མ་བཤགས་ཤིང་། །ལས་མཐའ་མ་ལོངས་བསྐུལ་དང་སྦྱོར་སྒྲོལ་ལོག །གསང་སྒོ་འཆོལ་དང་བཀའ་ལས་འདས་པ་སོགས། །བག་མེད་འགལ་འཁྲུལ་ཉམས་ཆགས་ཉེས་ལྟུང་བཤགས། །ཉམས་དང་འགྲོགས་ཤིང་ཉམས་པ་བསྐང་བ་དང་། །ཉམས་ལ་ཆོས་བཤད་ཉམས་དང་ཚོགས་འདྲེས་དང་། །ཉམས་ལ་མི་འཛེམས་ཉམས་ཆགས་ཞིག་རལ་གྱུར། །ཉམས་གྲིབ་སྐྱོན་གྱིས་གོས་རྣམས་མཐོལ་ལོ་བཤགས། །མདོར་ན་སྒོ་གསུམ་ལས་ཉོན་དབང་གྱུར་པས། །དམ་ཅན་རྒྱ་མཚོའི་ཐུགས་དང་འགལ་བའི་ལས། །བགྱིས་དང་བགྱིད་རྩལ་ཡི་རང་ལ་སོགས་པ། །ཐམས་ཅད་མ་ལུས་སྙིང་ནས་མཐོལ་ཞིང་བཤགས། །སོ་སོར་ཐར་བ་རིགས་བཞིའི་སྡོམ་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་། །རིག་འཛིན་གསང་བ་སྔགས་ཀྱི་དམ་ཚིག་སོགས། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས། །རབ་གནོང་འགྱོད་སེམས་དྲག་པོས་མཐོལ་བཤགས་ན། །དམ་ཅན་བསྲུང་མས་བཀའ་ཆད་མི་གཏོང་ཞིང་། །མ་ལྟར་བྱམས་བརྩེའི་ཐུགས་ཀྱིས་ཉེར་དགོངས་ནས། །མཐུ་དབང་བྱིན་རླབས་དངོས་གྲུབ་མ་ལུས་སྩོལ། །ལས་ཉོན་ཤེས་བྱའི་མ་རིག་མུན་པ་སོལ། །མཉམ་ཉིད་རྫོགས་པའི་དོན་རྣམས་སོ་སོར་ཕྱེད། །ཡོན་ཏན་ལྷུན་གྲུབ་གཉིས་མེད་དབྱིངས་འགོད་མཛོད། །དོན་དམ་སྤྲོས་མེད་བརྗོད་ལས་འདས་པ་ལ། །རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ། །ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ནི། །ཐུགས་དང་འགལ་གྱུར་ནོངས་པ་མ་ལུས་བཤགས། །འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས། །སེམས་ཅན་ལགས་པས་ནོངས་ཤིང་འཁྲུལ་བ་བྱུང་། །སྒྱུ་མ་ལགས་པས་བཤགས་པ་གནང་བར་མཛོད། །ཐབས་ལ་མཁས་པས་ཚངས་པ་སྩལ་དུ་གསོལ། །ཞེས་བརྗོད་མཐར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱུང་། རང་གི་སྒོ་གསུམ་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་གནས་གསུམ་དུ་ཐིམ་པས། རང་གི་དམ་ཚིག་ཉམས་ཆགས་ཉེས་ལྟུང་སྒྲིབ་པའི་ཚོགས་ཐམས་ཅད་དང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་བར་བསམ། ཡི་གེ་བརྒྱ་པ་མང་དུ་བཟླའོ།། ཞེས་པ་འདི་ཡང་རྒྱ་སྤྲུལ་མིང་གིས་བྲིས་པའོ།