cover

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གསུང་འབུམ།

པོད་བདུན་པ།

གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྔོན་འགྲོའི་ངག་འདོན་ཚངས་པའི་སྒྲ་དབྱངས།

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྔོན་འགྲོའི་ངག་འདོན་ཚངས་པའི་སྒྲ་དབྱངས་བཞུགས་སོ༔

༄༅། སྐུ་གསུམ་འདུ་འབྲལ་མེད་པའི་ལྷ་ལ་འདུད༔ སྐལ་ལྡན་སྐྱེས་བུ་ཐར་བ་འདོད་རྣམས་ཀྱིས༔ ཐོག་མར་དགེ་བ་སྔོན་འགྲོའི་རིམ་པ་ནི༔ རྣམ་གྲངས་མང་ཡང་རིམ་པ་བཅུ་ཡིས་བསྟན༔ དང་པོ་རྙེད་དཀའི་རྟེན་ལ་བསམ་པ་ནི༔ ཡིད་ལ་བསམ་ཞིང་ངག་ཏུ་འདི་སྐད་བརྗོད༔ ཀྱེ་མ་རྙེད་དཀའི་རྟེན་བཟང་དལ་འབྱོར་ལུས༔ བརྒྱ་ལམ་རེ་འགའ་སྲིད་མཐར་ཐོབ་དུས་འདིར༔ ཡང་དག་སྙིང་པོའི་དོན་བཟང་མ་འགྲུབ་ན༔ ཕྱི་ནས་འདི་འདྲའི་ལུས་རྟེན་མི་རྙེད་པས༔ ད་རེས་བླ་མ་དམ་པའི་བཀའ་བཞིན་དུ༔ གཏན་གྱི་འདུན་མ་དམ་ཆོས་སྒྲུབ་པར་བྱ༔ གཉིས་པ་འདུས་བྱས་མི་རྟག་བསྒོམ་པ་ནི༔ ཡིད་ལ་བསམ་ཞིང་ངག་ནས་འདི་སྐད་བརྗོད༔ ཕྱི་སྣོད་ནང་བཅུད་རང་ལུས་དགྲ་དང་གཉེན༔ དར་དང་རྒུད་དང་སྐྱེ་དང་འཆི་བ་དང༔ གསོག་པ་འཛད་ཅིང་འདུས་པ་འབྲལ་བ་སོགས༔ མི་རྟག་སྒྱུ་མའི་དཔེ་བརྒྱད་འདི་མཐོང་ན༔ རྟག་འཛིན་བློ་སྣ་ད་རེས་བསྟུང་བྱས་ནས༔ ཐར་ལམ་ཆོས་ལ་མྱུར་དུ་བརྩོན་འགྲུས་བྱ༔ གསུམ་པ་དཀར་ནག་རྒྱུ་འབྲས་བླང་དོར་ལ༔ ཡིད་ཀྱིས་བརྟག་ཤིང་ཚིག་ཏུ་འདི་སྐད་གླེང༔ ཤི་ནས་ཅང་མེད་སྟོང་པར་མི་འགྲོ་བར༔ ཉོན་མོངས་རྒྱུ་འབྲས་སྡིག་ལས་སྡུག་བསྔལ་དང༔ ཐར་ལམ་རྒྱུ་འབྲས་དགེ་ལས་བདེ་བ་སྟེ༔ ཕྱི་མ་གང་མྱོང་རང་ལ་རག་ལས་པས༔ དགེ་སྡིང་བླང་དོར་བསླུ་བ་མེད་པ་ལྟར༔ ལུས་ངག་ཡིད་ཀྱིས་སྤང་བླང་ཚུལ་བཞིན་བྱ༔ བཞི་པ་སྡིག་ལས་འོང་བའི་སྡུག་བསྔལ་ནི༔ བྱུང་ཚུལ་བསམ་ཞིང་ཚིག་ཏུ་འདི་སྐད་བརྗོད༔ ལུས་ངག་ཡིད་གསུམ་སྡིག་པ་བྱས་པའི་འབྲས༔ ངན་སོང་གནས་གསུམ་ཚ་གྲང་བཀྲེས་སྐོམ་དང༔ བཀོལ་སྤྱོད་ལ་སོགས་སྡུག་བསྔལ་ཕ་མཐའ་ཡས༔ མཐོ་རིས་གནས་གསུམ་འཐབ་རྩོད་འཕོ་དང་ལྟུང༔ སྐྱེ་རྒ་ན་དང་འཆི་བའི་སྡུག་བསྔལ་སོགས༔ འཁོར་བ་མེ་ཡི་འོབ་དང་དུག་སྦྲུལ་ཚང་༔ མི་གཙང་འདམ་ལྟར་ཞེན་པའི་བློ་སྤངས་ཏེ༔ དེ་རུ་ཉོན་མོངས་རྒྱུ་འབྲས་ལྡོག་པར་བྱ༔ ལྔ་པ་ཐར་བའི་ཕན་ཡོན་བསམ་པ་ནི༔ ཚིག་ཏུ་བརྗོད་ཅིང་ཡིད་ལ་འདི་ལྟར་སྒོམ༔ ལུས་ངག་ཡིད་གསུམ་དགེ་བའི་ལས་བརྩོན་པས༔ འདོད་པའི་ལྷ་མི་གཟུགས་ཁམས་བཅུ་བདུན་དང་༔ གཟུགས་མེད་བཞི་སོགས་གནས་སྐབས་བདེ་དང་འབྱོར༔ ཟག་མེད་ཉེ་རྒྱུས་ཉན་རང་བྱང་ཆུབ་སེམས༔ ཞི་བ་བདེ་བ་བསིལ་བའི་རང་བཞིན་ཅན༔ རྟེན་འདིར་ཐོབ་ཕྱིར་དེ་ལ་བརྩོན་འགྲུས་བརྩམ༔ དྲུག་པ་སྲིད་ཞིའི་མཐའ་ལས་གྲོལ་བའི་ཕྱིར༔ བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ༔ དེ་ལ་ཚོགས་ཞིང་མདུན་མཁར་དམིགས་པ་ནི༔ ཨེ་མ་ཧོ༔ ངོ་མཚར་རྨད་བྱུང་རང་སྣང་དག་པའི་ཞིང༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཆོས་ཀྱི་དབྱིངས༔ མདུན་གྱི་ནམ་མཁར་དཔག་བསམ་ལྗོན་པའི་ཤིང༔ ཡལ་ཀ་ལྔ་པ་ལོ་འདབ་མེ་ཏོག་དང༔ ཁ་དོག་དྲི་ལྡན་འབྲས་བུ་ཕུན་སུམ་ཚོགས༔ དབུས་སུ་སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་ཨོ་རྒྱན་མཚོ་སྐྱེས་རྗེ༔ སྤྲུལ་སྐུའི་ཆ་ལུགས་མཚན་དང་དཔེ་བྱད་རྫོགས༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་དང་བཅས༔ མདུན་དུ་ཡི་དམ་རྒྱུད་སྡེ་བཞི་དྲུག་ལྷ༔ གཡས་སུ་ཤཱཀ་ཐུབ་ཕྱོགས་བཅུའི་སངས་རྒྱས་དང་༔ གཡོན་དུ་ཉན་རང་བྱང་སེམས་དགེ་འདུན་སྡེ༔ རྒྱབ་དུ་དམ་ཆོས་དཀོན་མཆོག་གླེགས་བམ་ཚུལ༔ མཐའ་སྐོར་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྣམས༔ མཁའ་ལ་སྤྲིན་གྱི་ཕུང་པོ་འཁྲིགས་བཞིན་གསལ༔ དེ་མདུན་རང་གཞན་མཁའ་མཉམ་སེམས་ཅན་རྣམས༔ ཁྱེད་ཤེས་དད་པས་རྩེ་གཅིག་སྐྱབས་འགྲོ་བྱ༔ སྐྱབས་སུ་འགྲོ་བ་དངོས་ལ་ཚིག་འདི་ཅི་མང་འདོན། མཆན། ཀྱཻ་མ༔ བཟོད་དཀའ་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས༔ འདྲེན་པའི་དེད་དཔོན་དཀོན་མཆོག་རིན་ཆེན་གསུམ༔ རྩ་གསུམ་དམ་ཅན་རྒྱལ་བ་རྒྱ་མཚོའི་ཚོགས༔ སྐྱབས་སུ་མཆིའོ་ཐུགས་རྗེས་བཟུང་དུ་གསོལ༔ བདུན་པ་མཁའ་ཁྱབ་སེམས་ཅན་འཁོར་མཚོ་ལས༔ སྒྲོལ་ཕྱིར་སྨོན་འཇུག་བྱང་ཆུབ་སེམས་བསྐྱེད་ནི༔ ཀྱེ་མ་ཁམས་གསུམ་འཁོར་བའི་གྲོང་ཁྱེར་དུ༔ སྒྱུ་མ་ལྟ་བུའི་ལས་སྣང་གིས་བསླུས་པའི༔ མ་རྒན་འགྲོ་དྲུག་འཁྲུལ་བའི་སེམས་ཅན་རྣམས༔ བྱང་ཆུབ་སྙིང་པོའི་མཆོག་ལ་འགོད་པར་བྱ༔ སྐྱབས་ཡུལ་འོད་ཞུ་རང་གི་སྤྱི་བོར་ཐིམ༔ བརྒྱད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི༔ ལས་ཉོན་སྦྱངས་ཕྱིར་རྩེ་གཅིག་འདི་ལྟར་བྱ༔ ཨེ་མ་ཧོ༔ རང་ཉིད་ཐ་མལ་གནས་པའི་སྤྱི་བོ་རུ༔ པད་དཀར་འདབ་སྟོང་ཟླ་བའི་གདན་གྱི་སྟེང༔ སྐྱབས་གནས་འདུས་པ་བླ་མ་རྡོ་རྗེ་སེམས༔ དཀར་གསལ་འཛུམ་ལྡན་རྡོ་རྗེ་དྲིལ་ཕྱག་ཅན༔ ཐབས་ཤེས་ཟུང་འཇུག་སྙེམ་མ་དཀར་མོ་འཁྲིལ༔ གྲི་ཐོད་ཕྱག་རྒྱ་ལོངས་སྤྱོད་རྫོགས་སྐུའི་ཆས༔ སྣང་སྟོང་དབྱེར་མེད་ཡབ་ཡུམ་ཐུགས་ཀ་རུ༔ པདྨ་དཀར་པོ་ཉ་རྒྱས་ཟླ་བའི་དལ༔ ཐུགས་སྲོག་ཧཱུྃ་ལ་ཡིག་བརྒྱའི་སྔགས་ཀྱིས་བསྐོར༔ བདག་ནི་ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་དང་བག་ཆགས་གྱིས་མནར་སྡིག་དང་ལྡན༔ མགོན་པོ་ཁྱེད་ལ་རྩེ་གཅིག་གསོལ་བ་འདེབས༔ ངན་སོང་རྒྱུ་འབྲས་འཁོར་བ་དོང་སྤྲུག་གསོལ༔ ཅེས་པས་ཡི་གེ་བརྒྱ་པ་ཅི་མང་བཟླ༔ གསང་སྔགས་བཟླས་པའི་མཐུ་ཡིས་ཐུགས་སྲོག་ལས༔ བདུད་རྩི་འོ་མ་ལྟ་བུའི་ཆུ་རྒྱུན་བབས༔ བདག་གི་བུ་ག་ནས་ཞུགས་ལུས་ཀུན་ཁྱབ༔ ནད་གདོན་སྡིག་སྒྲིབ་དུད་ཁུ་སོལ་ཁུ་དང༔ རྣག་ཁྲག་རྣམ་པར་འོག་སྒོའི་ལམ་ནས་ཐོན༔ དབང་ཆེན་སར་ཐིམ་གཤིན་རྗེའི་ཁར་སོང་བས༔ དུས་མིན་འཆི་བའི་རྐྱེན་ཀུན་བཟློག་པར་བསམ༔ རྡོར་སེམས་ཡབ་ཡུམ་འོད་ཞུ་རང་ལ་ཐིམ༔ མཐར་ནི་བཤགས་བྱ་བཤགས་བྱེད་བཤགས་ཡུལ་ཀུན༔ མི་དམིགས་སྤྲོས་བྲལ་སྟོང་པ་ཆེན་པོའི་ངང༔ དོན་དམ་བཤགས་པའི་རྒྱལ་པོ་ཨེ་མ་ཧོ༔ དགུ་པ་གྲངས་མེད་ཚོགས་གཉིས་རྫོགས་པའི་ཕྱིར༔ ཕྱི་ནང་གསང་བའི་མཎྜལ་འབུལ་བ་ནི༔ ཨེ་མ་ཧོ༔ དབང་ཆེན་ས་གཞི་རི་རབ་གླིང་བཞི་དང་༔ གླིང་ཕྲན་བརྒྱད་དང་ཉི་ཟླ་གཟའ་སྐར་ཚོགས༔ ལྷ་མིའི་ལོངས་སྤྱོད་འདོད་རྒུའི་ཡོ་བྱད་ཀུན༔ བློ་ཡིས་བླངས་ཏེ་གུ་རུ་རྗེ་ལ་འབུལ༔ བདག་གཞན་སྤྲུལ་སྐུའི་ཞིང་ལ་སྤྱོད་པར་ཤོག༔ འབྱུང་བཞིའི་བཅུད་བསྡུས་ཁམས་དང་ཕུང་པོ་ལྔ༔ མཛེས་པའི་བཀྲག་མདངས་དབང་པོ་སྒོ་ལྔས་སྤྲས༔ གཅེས་པར་བཟུང་བ་འཁོར་དང་ཁང་ཁྱིམ་སོགས༔ མ་ལུས་སྐྱབས་གནས་བླ་མ་རྗེ་ལ་འབུལ༔ འགྲོ་ཀུན་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ རང་སེམས་སྐྱེ་མེད་རྣམ་དག་ཆོས་ཀྱི་དབྱིངས༔ རང་རྩལ་འགགས་མེད་ཚོགས་དྲུག་ལོངས་སྤྱོད་རྫོགས༔ རང་བབས་སྣ་ཚོགས་རྟོགས་པ་སྤྲུལ་པའི་སྐུ༔ རང་བྱུང་སྐུ་གསུམ་བླ་མ་རྗེ་ལ་འབུལ༔ འགྲོ་ཀུན་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཏྲཾ་གུ་རུ་རཏྣ་མཎྚ་ལ་པུ་ཛ་མེ་གྷ་ཨཱ་ཧཱུྃ༔ བཅུ་བ་བླ་མའི་རྣལ་འབྱོར་བསྒོམ་པ་ལ༔ རིམ་པ་གསུམ་སྟེ་དང་པོ་བསྐྱེད་པ་ནི༔ ཨེ་མ་ཧོ༔ རང་སྣང་རྣམ་དག་རྔ་ཡབ་དཔལ་གྱི་རི༔ རང་ལུས་ཐ་མལ་གནས་འགྱུར་ཌཱཀྐི་མ༔ རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་འཛིན༔ ཕག་ཞལ་ངུར་སྒྲས་ཁམས་གསུམ་དབང་དུ་སྡུད༔ ཁ་ཊཱཾ་མཆན་བརྟེན་རུས་རྒྱན་དྲིལ་བུ་འཁྲོལ༔ པད་ཉིའི་གདན་ལ་འདོར་ཐབས་ཁྲོ་མོའི་ཆས༔ མེ་དཔུང་ཀློང་བཞུགས་ཡེ་ཤེས་འོད་ལྔ་འཁྲིགས༔ སྤྱི་བོར་ཐབས་ཤེས་པདྨ་ཉི་ཟླའི་སྟེང༔ སྐྱབས་ཀུན་འདུས་ཞལ་རྩ་བའི་བླ་མ་རྗེ༔ པདྨ་ཐོད་ཕྲེང་དཀར་དམར་ཁྲོ་འཛུམ་ཞལ༔ རྡོ་རྗེ་ཐོད་པ་ཁ་ཊཱཾ་གྲུ་མོར་བསྟེན༔ ཟ་འོག་བེར་ཕྱམ་གསང་གོས་བེར་སྨུག་གསོལ༔ ཆོས་གོས་དམར་པོ་པཎ་ཞྭ་རྒོད་ལྡེམ་མཛེས༔ གཡས་སུ་ཆོས་རྒྱལ་གཡོན་དུ་བཱཻ་རོ་རྗེ༔ མདུན་དུ་མཚོ་རྒྱལ་རྒྱབ་ཏུ་ཆོས་ཀྱི་བདག༔ རིག་འཛིན་བརྒྱད་དང་རྗེ་འབངས་ཉི་ཤུ་ལྔ༔ སྤྱི་བོར་དགོངས་བརྡ་སྙན་བརྒྱུད་བླ་མའི་ཚོགས༔ བར་མཚམས་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་༔ སྟེང་འོག་ཕྱོགས་མཚམས་རྒྱུད་སྡེ་བཞི་དྲུག་ལྷ༔ མ་ལུས་ལུས་མེད་མཁའ་ལ་སྤྲིན་བཞིན་འཁྲིགས༔ དག་པ་རབ་འབྱམས་གསལ་སྟོང་ཆེན་པོར་བསྒོམ༔ གཉིས་པ་ཁྱེད་ཤེས་དད་པས་གསོལ་འདེབས་ནི༔ ཨེ་མ་ཧོ༔ ཕྱོགས་ལྷུང་མེད་པ་འོག་མིན་ཆོས་ཀྱི་དབྱིངས༔ མཐའ་བརྒྱད་སྤྲོས་པ་བྲལ་བའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་སོགས་པའི༔ དགོངས་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཀ་དག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས༔ ངེས་པ་ལྔ་ལྡན་རང་བཞིན་ལྷུན་གྱིས་གྲུབ༔ གསལ་དག་འདུས་མ་བྱས་པའི་ཕོ་བྲང་ནས༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་ལ་སོགས་པའི༔ བརྡའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ལྷུན་གྲུབ་སྣང་བཞི་འཆར་བར་བྱིན་གྱིས་རློབས༔ སེམས་ཅན་དགེ་བློ་སྣང་བ་དག་པའི་ཞིང༔ མ་ངེས་འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནས༔ པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་སོགས༔ སྙན་རྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས༔ ཕྱོགས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས༔ གཞན་ཡང་དབང་སྐུར་རྒྱུད་བཤད་མན་ངག་སྟོན༔ བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་དང་༔ ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་སོགས༔ སྐྱབས་ཀུན་འདུས་པ་པདྨ་ཐོད་ཕྲེང་རྩལ༔ ཁྱེད་ལས་རེ་ས་གཞན་དུ་མ་མཆིས་པས༔ སྙིང་ནས་གུས་པས་རྩེ་གཅིག་གསོལ་བ་འདེབས༔ བདག་འདྲ་ལས་དང་ཉོན་མོངས་གྱིས་མནར་བས༔ ཐར་མེད་འཁོར་བའི་མཚོ་ལ་ནུབ་པ་རྣམས༔ ཁྱེད་ཀྱི་བརྩེ་ཆེན་ཐུགས་རྗེ་ལྕགས་ཀྱུ་ཡིས༔ ད་ལྟ་ཉིད་དུ་དྲང་བར་མཛད་དུ་གསོལ༔ གཏི་མུག་རྨོངས་པའི་མུན་པ་འཐིབ་པའི་ཡིད༔ ཤེས་རབ་གསུམ་གྱི་སྒྲོན་མེས་བསལ་དུ་གསོལ༔ ཞེ་སྡང་འཁྲུགས་པས་མེ་ལྕེ་འབར་བའི་ཡིད༔ ཚད་མེད་བྱམས་པའི་བདུད་རྩིས་བསལ་དུ་གསོལ༔ འདོད་ཆགས་མི་གཙང་སྐྱོན་གྱིས་གོས་པའི་ཡིད༔ ཏིང་འཛིན་བསིལ་བའི་རྒྱུན་གྱིས་བསལ་དུ་གསོལ༔ བསལ་དུ་མེད་པ་ཉོན་མོངས་སྟོང་པའི་གཤིས༔ བསྒོམ་དུ་མེད་པ་རང་བྱུང་རིག་པའི་བབས༔ བསལ་བཞག་མེད་པ་གནས་ལུགས་རྫོགས་པ་ཆེའི༔ དགོངས་དོན་མྱུར་དུ་རྟོགས་པར་བྱིན་གྱིས་རློབས༔ གསུམ་པ་དབང་བཞི་ལེན་པའི་དམིགས་པ་ནི༔ དེ་ལྟར་རྩེ་གཅིག་ཡིད་ཀྱིས་གསོལ་བཏབ་པས༔ སྐྱབས་ཀུན་འདུས་པ་དྲིན་ཆེན་བླ་མ་རྗེ༔ བརྩེ་བའི་ཐུགས་རྗེས་བདག་ལ་རབ་དགོངས་ནས༔ གནས་བཞི་ལས་འཕྲོས་འོད་ཟེར་དཀར་དམར་མཐིང་༔ ཁ་དོག་ལྔ་ལྡན་ཡི་གེ་འབྲུ་བཞིར་བཅས༔ བདག་གི་སྤྱི་མགྲིན་སྙིང་ལྟེར་ཐིམ་པ་ཡིས༔ སྒྲིབ་པ་བཞི་དག་གསང་སྔགས་དབང་བཞི་ཐོབ༔ སངས་རྒྱས་སྐུ་བཞིའི་གོ་འཕང་རྒྱུད་ལ་བཞག༔ ཨོཾ་ཨཱ༔ཧཱུྃ་ཧྲཱིཿ མཐར་ནི་བླ་མ་དགྱེས་བཞིན་འོད་དུ་ཞུ༔ རང་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས༔ སྟོན་འཁོར་དགོངས་མཉམ་རང་རིག་ཆོས་ཀྱི་སྐུ༔ ཡེ་ཤེས་རང་གནས་མ་བཅོས་ལྷུག་པའི་ངང་༔ གདོད་མའི་ཀུན་བཟང་ཀློང་དུ་ཨེ་མ་ཧོ༔ ཞེས་པས་བསལ་བཞག་མེད་པའི་རང་རིག་དོན༔ རང་བབ་གཉུག་མ་འགྲོ་འོང་བྲལ་བ་ལ༔ བསྒོམ་བྱ་སྒོམ་བྱེད་མེད་པའི་ངང་དུ་ཀློད༔ ཐུན་མཚམས་ཡན་ལག་བདུན་སོགས་དགེ་སྦྱོར་བྱ༔ དགེ་བ་བྱང་ཆུབ་རྒྱུ་རུ་ཚིག་འདིས་བསྔོ༔ ཨེ་མ་ཧོ༔ ལུས་ངག་ཡིད་གསུམ་བརྩོན་པའི་དགེ་ཚོགས་ཀུན༔ སྟོང་ཉིད་སྙིང་རྗེས་ཟག་མེད་དམ་པའི་རྒྱུར༔ མཐའ་ཡས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ མཉམ་ཉིད་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག༔ དེ་ལྟའི་ཆོས་སྤྱོད་ལམ་རིམ་བཅུ་པ་འདིས༔ ཚོགས་གཉིས་རྫོགས་ཕྱིར་གང་འབྲེལ་དོན་དང་ལྡན༔ སྐལ་ལྡན་བརྒྱུད་པ་འཛིན་ལ་གཏད་རྒྱས་ཐོབ༔ དུས་བབས་རྟེན་འབྲེལ་དག་པས་མཚམ་སྦྱར་ནས༔ ཆོས་ཀྱི་བདག་པོ་སྐལ་ལྡན་ལུང་རིག་གླིང༔ ཡི་གེའི་རིས་སུ་བསྟན་པའི་མིང་གིས་ཕབ༔ གུ་ཧྱ༔

སྔོན་འགྲོ་ཚངས་པའི་སྒྲ་དབྱངས་ཀྱི་དོན་ཁྲིད་ལྷའི་རྔ་བོ་ཆེའི་གདངས་སྙན་སོག་པོ་ཀུན་དགས་མཛད་པ།
མཆོད་བརྗོད་སོགས།

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ སྔོན་འགྲོ་ཚངས་པའི་སྒྲ་དབྱངས་ཀྱི་དོན་ཁྲིད་ལྷའི་རྔ་བོ་ཆེའི་གདངས་སྙན་ཞེས་བྱ་བ་བཞུགས་སོ།།

༄༅། ན་མོ་གུ་རུ། སྤྲོས་པའི་མཚན་མ་དབྱིངས་སུ་ཉེར་ཞི་ཆོས་སྐུའི་ངོ་བོ་སྣང་མཐའ་ཡས། །ཟག་མེད་བདེ་ཆེན་ལྔ་ལྡན་ཡེ་ཤེས་ལོངས་སྐུའི་རང་བཞིན་སྤྱན་རས་གཟིགས། །སྣ་ཚོགས་འགྲོ་ངོར་ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་རྣམ་རོལ་པདྨ་འབྱུང་། །སྐུ་གསུམ་རིགས་འདུས་དྲིན་ཆེན་བླ་མ་འབྲལ་མེད་སྙིང་དབུས་པདྨོར་རོལ། །ཚོགས་གཉིས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་རྣམ་མཁྱེན་སྟོན་པ་རྫོགས་སངས་རྒྱས། །བདེན་གཉིས་ངོ་བོ་བསླབ་གསུམ་རང་བཞིན་ལེགས་པར་བསྟན་པ་དམ་པའི་ཆོས། །ལུང་དང་རྟོགས་པའི་ཡོན་ཏན་གཞིར་གྱུར་འཕགས་པའི་ས་བརྙེས་དགེ་འདུན་སྡེ། །སྐྱབས་གནས་སྙིང་པོ་རིན་ཆེན་རྣམ་གསུམ་བྱང་ཆུབ་བར་དུ་ཡང་ཡང་བསྙེན། །ངེས་པར་འབྱུང་བའི་སྐྱོ་ཤས་ཀྱིས་བསླང་འཇིག་རྟེན་ཡང་དག་ལྟ་བར་གནས། །ཐར་བའི་ལམ་དང་འབྲས་བུར་རབ་འདུན་གཞན་དོན་ཁོ་ནར་ཡོངས་བརྩེ་བཞིན། །སྒྲིབ་སྦྱོང་ཚོགས་གསོག་ཐབས་ལ་ཉེར་བརྟེན་དད་གསུམ་མོས་གུས་ལྷག་མཐོང་རྟོགས། །ཡང་དག་ལམ་གྱི་འཇུག་སྒོའི་སྔོན་འགྲོ་གོ་རིམ་མདོ་རྒྱས་འཚམ་པར་འཆད། དེ་ལ་འདིར་རྟེན་གྱི་གང་ཟག་དྭངས་འདོད་ཡིད་ཆེས་ཀྱི་དད་པ་དང་ལྡན་པ་ཞིག་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་འཁྲིད་པའི་གདམས་པ་ཐེག་པ་ཐུན་མོང་གི་སྔོན་འགྲོ་དང་། ཁྱད་པར་གྱི་སྔོན་འགྲོ་གཉིས་སུ་ཕྱེ་སྟེ། དེ་ཡང་ལམ་གྱི་མན་ངག་ཆོས་ཀྱི་ཚོམས་བཞིའི་ཁོངས་སུ་བསྡུས་ནས་འཆད་པ་ལ། དང་པོ་བློ་ཆོས་སུ་འགྲོ་བའི་རིམ་པ་ལ་དོན་རྣམ་པ་བཞི། གཉིས་པ་ཆོས་ལམ་དུ་འགྲོ་བའི་རིམ་པ་ལ་དོན་རྣམ་པ་གསུམ། གསུམ་པ་ལམ་འཁྲུལ་བ་སེལ་བའི་རིམ་པ་ལ་དོན་རྣམ་པ་གཉིས། བཞི་བ་འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་རིམ་པ་ལ་དོན་གཅིག་སྟེ་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོའི་ཆོས་བཅུ་པོ་ཁྲིད་རྐང་རྣམ་པ་བཅུའི་མཚན་ཉིད་ཅན་འདི་མཐར་ཆགས་སུ་འབོག་པར་བྱེད་པ་ལ། འདི་ལྟར་ཐོག་མ་ཉིད་དུ་བློ་ཆོས་སུ་འགྲོ་བའི་ཐབས་བཞི་ནི། ལུས་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་དུ་དལ་འབྱོར་རྙེད་པར་དཀའ་བ། ཆོས་བསྒྲུབ་པ་ཕྱི་བཤོལ་དུ་མི་གཏོང་བའི་ཕྱིར་ཚེ་མི་རྟག་པ། དགེ་སྡིག་ལ་སྤང་བླང་ངེས་པའི་ཕྱིར་དུ་ལས་རྒྱུ་འབྲས་བསྟན་པ། འཇིག་རྟེན་ལ་ཆགས་ཞེན་ལྡོག་པའི་ཕྱིར་དུ་འཁོར་བའི་ཉེས་དམིགས་བཤད་པ་དང་བཞི་པོ་འདིར་སྣང་འཁྲུལ་བའི་བློ་རྒྱུད་ངན་གོམས་ཀྱི་རང་བཞིན་གཉེན་པོ་བཞི་པོས་ལེགས་པར་ཐར་བའི་ལམ་དུ་བཅོས་ཏེ་སེམས་ཆོས་སུ་འགྲོ་བའི་ཐབས་བསྟན་པའོ། །དེ་དག་གིས་བློ་ཆོས་སུ་སྒྲུབ་པ་ལ་ལས་སུ་རུང་བར་བྱས་པ་ན། གཉིས་པ་ཆོས་སྒྲུབ་པ་དེ་ཐར་བའི་ལམ་ཡང་དག་པར་འགྲོ་བའི་ཐབས་གསུམ་ནི། ཕན་ཡོན་མཐོང་ནས་འཇུག་འདོད་ཀྱི་བྲོད་པ་བསྐྱེད་པའི་ཕྱིར་དུ་ཐར་བའི་ཕན་ཡོན་བསྟན་པ། ལམ་གྱི་གཞི་རྟེན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། ལམ་གྱི་ངོ་བོ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསུམ་གྱིས་ཆོས་བསྒྲུབ་པ་ཉིད་ཐར་བའི་ལམ་དུ་ཡང་དག་པར་ངེས་པར་བྱེད་པའི་ཐབས་བསྟན་པའོ། །དེ་དག་གིས་དམ་པའི་ཆོས་བསྒྲུབ་པ་ཐར་ལམ་རྣམ་དག་ཏུ་འགྲོ་བའི་ཀུན་ནས་བསླང་སྟེ། གསུམ་པ་ཉམས་སུ་བླང་བྱའི་ཆོས་ཀྱི་མི་མཐུན་ཕྱོགས་ལམ་འཁྲུལ་བ་སེལ་བའི་ཐབས་སྤང་གཉེན་ཐམས་ཅད་གྱི་སྙིང་པོར་གྱུར་པ་ནི། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། མཐུན་རྐྱེན་ཚོགས་བསགས་པ་མཎྚལ་གྱི་མཆོད་པ་དང་གཉིས་བསྟན་པའོ། །དེ་དག་གིས་རྟེན་གྱི་གང་ཟག་གིས་ཐར་བའི་ལམ་བསྒྲུབ་པའི་ཆ་རྐྱེན་མེད་དུ་མི་རུང་བ་རྣམས་ཀྱིས་བློ་རྒྱུད་སྦྱོང་བ་སྔོན་དུ་བཏང་ནས། བཞི་བ་འཁྲུལ་སྣང་སེམས་ཀྱི་ངོ་བོ་བཙན་ཐབས་སུ་ཡེ་ཤེས་སུ་འཆར་བའི་ཐབས་བྱིན་རླབས་བླ་མའི་རྣལ་འབྱོར་གྱི་ལམ་ཟབ་ཉམས་སུ་བླང་བ་དང་བཅས་ཁྲིད་རྐང་རིམ་པ་བཅུ་སྔོན་འགྲོ་ངག་འདོན་གྱི་རིམ་པར་བསྟན་པ་འདིའོ།།

བློ་ཆོས་སུ་འགྲོ་བའི་རིམ་པ།

དལ་འབྱོར་རྙེད་དཀའ།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

ངོ་བོ་དལ་བ་ལ་བསམ་པ།

དང་པོ་ལུས་རྟེན་ལ་སྙིང་པོ་ལེན་པའི་ཕྱིར་དུ་དལ་འབྱོར་རྙེད་པར་དཀའ་བ་བསམ་པའི་རིམ་པ་ལ། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་དང་གཉིས། དང་པོ་ལ་ངོ་བོ་དལ་བ་ལ་བསམ་པ། ཁྱད་པར་གྱི་འབྱོར་བ་ལ་བསམ་པ། རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་ལ་བསམ་པ་དང་བཞི། དང་པོ་ངོ་བོ་དལ་བ་ལ་བསམ་པ་ནི། ངག་འདོན་རྩ་བ་ལས། ཀྱེ་མ་ཞེས་མི་ལུས་འདི་ལྟ་བུ་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི་ཐོབ་ནས། ཐོབ་པ་ལ་སྙིང་པོ་མི་ལེན་པར་ཆུད་ཟོས་སུ་གཏོང་བ་ལ་བསམ་ན་ཤིན་ཏུ་ཕང་ཆེ་བས་ན་ངག་ཏུ་ཡང་ཀྱེ་མ་ཞེས་བོས་པའོ། །དེ་ལྟར་ཡང་སློབ་མ་ལ་སྤྲིངས་པ་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས་པས་རྙེད་ན་དོན་ཆེ་ཚུལ་གྱི་རྒྱུ་མཚན་གསུམ་བསྟན་པ་ཡིན་ནོ། །དེ་ལ་དལ་བའི་དོན་ནམ་ངེས་ཚིག་ནི། སློབ་དཔོན་འཕགས་པས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པས། དམྱལ་བར་སྐྱེས་ན་ཚ་གྲང་གི་དབང་གིས་མི་ཁོམ། ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་དབུལ་ཕོངས་ཀྱིས་མི་ཁོམ། དུད་འགྲོར་སྐྱེས་ན་གཅིག་ལ་གཅིག་ཟ་དང་བཀོལ་སྤྱོད་ཀྱིས་མི་ཁོམ། ལྷ་ཚེ་རིང་པོར་སྐྱེས་ན་རྟོག་པའི་འདུ་ཤེས་མངོན་གྱུར་པ་མི་སྐྱེ་བས་དྲན་པ་ཉམས་པས་ཆོས་བྱེད་པའི་སེམས་ཀྱི་རྟེན་མི་ཁོམ། ཡུལ་མཐའ་འཁོབ་ཀླ་ཀློ་ལ་སོགས་རིགས་ངན་པར་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་རྣལ་མ་དང་མ་འཕྲད་པས་ལུས་སེམས་གཉིས་མི་ཁོམ། རྒྱུ་འབྲས་ལ་ཡིད་ཆེས་མེད་པའི་ཐེ་ཚོམ་དང་ལོག་ལྟ་ཅན་དུ་སྐྱེས་ན་སེམས་རྒྱུད་ལྟ་བ་ངན་པས་བསླད་པས་ཆོས་བྱེད་མི་ཁོམ། མུན་པའི་བསྐལ་པའམ་གླིང་བར་གྱི་འཇིག་རྟེན་དུ་སྐྱེས་ན་སངས་རྒྱས་བྱོན་པའི་སྐལ་བ་རྩ་བ་ནས་སྟོང་པས་ལུས་སེམས་གཉིས་མི་ཁོམ། ཡིད་ཀྱི་ཤེས་པ་དང་ངག་གི་སྨྲ་བ་ལྐུགས་པ་ཅན་དུ་སྐྱེས་ན་དབང་པོའི་ཤེས་པ་ལས་སུ་མི་རུང་བས་ལུས་སེམས་གཉིས་མི་ཁོམ་པ་སྟེ་མི་ཁོམ་པའི་ལྡོག་ཆ་སོ་སོ་བརྒྱད་པོ་ལ་ད་རེས་ཀྱི་ལུས་རྟེན་འདི་ཉིད་མ་སྐྱེ་བར་ཐར་ཏེ། ཆོས་སྒྲུབ་ན་བསྒྲུབ་རུང་གི་དལ་བ་ཐོབ་པས་ན་དལ་བ་བརྒྱད་ཅེས་མིང་བཏགས་པའོ།།

ཁྱད་པར་གྱི་འབྱོར་བ་ལ་བསམ་པ།

གཉིས་པ་ཁྱད་པར་གྱི་འབྱོར་བ་ལ་བསམ་པ་ནི། སྔ་མ་ལས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེའི་རྗེས་ཞུགས། །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་གསུངས་པས། མི་ལུས་མ་ཐོབ་ན་དམ་པའི་ཆོས་དང་མི་མཇལ་བ་ལས་ད་ལྟ་མི་ལུས་ཐོབ་པས་རྟེན་གྱི་འབྱོར་བ་དང། མི་ལུས་ཐོབ་པ་དེ་ཡང་ཡུལ་མཐའ་འཁོབ་ཀྱི་ཕྱོགས་སུ་སྐྱེ་ན་དམ་པའི་ཆོས་དང་མི་མཇལ་བ་ལས་ད་རེས་ཆོས་ཚིགས་ཀྱི་ཡུལ་དབུས་དམ་པའི་ཆོས་བསྟན་པའི་འཇུག་སྒོ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དར་བའི་ཕྱོགས་སུ་སྐྱེས་པ་ཡུལ་གྱི་འབྱོར་བ་དང་། སྐྱེས་པའི་ལུས་རྟེན་དེའང་དབང་པོ་ལྔ་གང་རུང་ལ་སྐྱོན་ཞུགས་ན་ཆོས་ཉམས་སུ་ལེན་པའི་གེགས་ཡིན་ཀྱང་ད་ལྟའི་ལུས་རྟེན་འདི་ཉིད་དབང་པོ་སྒོ་ལྔར་སྐྱོན་མ་ཞུགས་པས་དབང་པོ་ཡོན་ཏན་གྱི་འབྱོར་བ་དང་། དབང་པོ་ལྔ་ཚང་ཡང་སྒོ་གསུམ་མི་དགེ་བ་ཤ་སྟག་ལ་སྤྱོད་པའི་ལས་མཐའ་ལོག་པ་ཅན་དམ་པའི་ཆོས་ལ་རྒྱབ་འགལ་དུ་སོང་ན་མི་ལུས་ཐོབ་པ་སྡིག་པའི་ཁུར་གྱིས་ནོན་པ་ལས་མེད་པས་ད་རེས་དམ་པའི་ཆོས་ལ་མོས་པའི་བློ་རྒྱུད་ལ་སྐྱེ་བར་གྱུར་པས་བསམ་པའི་ཁྱད་པར་གྱི་འབྱོར་བ་དང་། དད་པའི་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསླབ་པ་གསུམ་ལ་རྒྱུ་མཚན་ཤེས་ནས་དད་པ་མ་སྐྱེས་ན་ཆོས་དང་བློ་རྒྱུད་ཐ་དད་དུ་འགྲོ་བ་ཡིན་ལ། ད་རེས་བློ་ཆོས་ལ་ཕྱོགས་པས་རང་རྒྱུད་དད་པའི་འབྱོར་བ་དང་ལྔ་པོ་ནི་རང་ངོས་ནས་ཚང་དགོས་པས་རང་འབྱོར་ལྔ་ཞེས་བྱའོ། །སངས་རྒྱས་འཇིག་རྟེན་དུ་བྱོན་པའི་བསྐལ་བ་དང་མ་འཕྲད་ན་དམ་པའི་ཆོས་དང་མི་མཇལ་བས་ད་ལྟ་བསྐལ་བཟང་སྒྲོན་མེ་བཞི་པ་འཇིག་རྟེན་དུ་བྱོན་པའི་དུས་དང་ལྡན་པས་སྟོན་པ་ཐུགས་རྗེའི་འབྱོར་བ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་ན་ཡང་ཆོས་མ་བསྟན་ན་ཐར་བའི་འཇུག་སྒོ་དང་བྲལ་བ་ལ་ད་རེས་སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འཁོར་སྡེ་སྣོད་གསུམ་དུ་བསྐོར་བས་བསྟན་པ་ལ་བསླབ་པའི་འབྱོར་བ་དང་། ཆོས་འཁོར་རིམ་པ་གསུམ་དུ་བསྟན་ན་ཡང་བསྟན་པའི་གནས་ཚད་རྫོགས་ན་ལམ་གྱི་དམིགས་རྐྱེན་དང་བྲལ་བས་འཇུག་སྒོ་མེད་པ་ཡིན་ཀྱང་ད་རེས་རྒྱལ་བའི་བསྟན་པ་ད་དུང་མ་ནུབ་པས་དུས་ཀྱི་འབྱོར་བ་དང། བསྟན་པ་དམ་པའི་ཆོས་རྗེས་སུ་བསྟན་པ་ད་དུང་གནས་ཀྱང་རང་ཉིད་བསྟན་པའི་སྒོར་ཡང་དག་པར་མ་ཞུགས་ན་རང་གི་ཆོས་སྐལ་དམན་པར་གྱུར་པ་ལ་ད་རེས་བསྟན་པའི་སྒོར་རབ་ཏུ་བྱུང་སྟེ་ཞུགས་པས་རང་གི་སྐལ་བས་འབྱོར་བ་དང་། བསྟན་པའི་སྒོར་ཞུགས་ཀྱང་ཐར་བའི་ས་མཁན་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་མ་བཟུང་ན་དགེ་བའི་འཇུག་སྒོ་དང་ཐར་བའི་འཇུག་ངོགས་དང་ལམ་གྱི་འཇུག་ཚུལ་མི་ཤེས་པ་ལ། ད་རེས་མཚན་ཉིད་དང་ལྡན་པའི་བླ་མའི་ཐུགས་རྗེས་ཟིན་པས་ལྷག་པའི་བཀའ་དྲིན་གྱི་འབྱོར་བ་དང་ལྔ་པོ་ནི་གཞན་རྐྱེན་གྱིས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བྱའོ། །དེ་ལྟ་བུའི་དལ་བ་བརྒྱད་པོ་ལ་འབྱོར་བ་བཅུ་ཚང་བའི་ལུས་རྟེན་འདི་ནི་ལྷ་བས་ཀྱང་ལྷག་པའི་ལུས་རྟེན་ཁྱད་པར་ཅན་ཡིན་ཚུལ་དེ་ཡན་ཆད་ཀྱིས་རང་རྒྱུད་ལ་ངེས་དགོས་པ་ཡིན་ནོ།།

རྙེད་དཀའི་དཔེ་ལ་བསམ་པ།

གསུམ་པ་རྙེད་དཀའི་དཔེ་ལ་བསམ་སྟེ་བསྒོམ་པ་ནི། ངག་འདོན་རྩ་བར། རྙེད་དཀའི་རྟེན་བཟང་དལ་འབྱོར་ལུས༔ ཞེས་ཏེ། བཤེས་པའི་སྤྲིངས་ཡིག་ལས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་པས། དཔེར་ན་འཇིག་རྟེན་གྱི་ཁྱོན་དང་མཉམ་པའི་རྒྱ་མཚོ་ཆེན་པོ་ཟབ་རྒྱ་ཚད་མཐའ་ཡས་པར་གྱུར་པའི་གཏིང་ན། རུས་སྦལ་ཞར་བ་ཞིག་གནས་བཅས་པ་དེ་ཉིད་མི་ལོ་བརྒྱ་བརྒྱ་རེའི་མཚམས་ནས་མཚོ་ཁར་ཡར་ཕྱིན་པ་ན། མཚོ་ཁ་དེར་གཉའ་ཤིང་གི་ཚད་དུ་ལོང་པའི་ཤིང་ལེབ་བུ་ག་གཅིག་པ་ཞིག་ཕྱོགས་བཞིའི་རླུང་གིས་བསྐྱོད་དེ་དར་ཅིག་མི་གནས་པར་ཕྱོགས་མ་ངེས་པར་གཡེང་བར་གྱུར་ན། བརྒྱ་ལམ་རེ་འགའ་རེར་རུས་སྦལ་གྱི་མགྲིན་པ་དེ་གཉའ་ཤིང་གི་བུ་གར་ཚུད་སྲིད་ཀྱང་། སྔར་བཤད་པའི་རྒྱུ་མཚན་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པ་ནི་དེ་བས་ཀྱང་ཐོབ་དཀའ་བའི་དཔེ་འདི་ཉིད་སྟོན་པས་འདུལ་བ་ལུང་ལས་ཇི་ལྟར་གསུངས་པའི་དོན་མགོན་པོ་ཀླུས་བཀྲལ་བ་འདིས་ལེགས་པར་རྟོགས་དགོས་སོ། །དེ་ལྟར་དལ་བའི་རྟེན་ལ་འབྱོར་བའི་ཡོན་ཏན་གྱིས་བརྒྱན་པ་ནི་རྙེད་དཀའ་ཞིང་རྙེད་ན་དོན་ཆེན་པོ་སྐྱེས་བུ་གསུམ་གྱི་ལམ་འབྲས་བུ་དང་བཅས་པ་རྣམས་འདི་ལ་བརྟེན་ནས་ཐོབ་པ་ཡིན་ཏེ། རྒྱལ་སྲས་ཆེན་པོ་ཤནྟ་དེ་ཝས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་སོ།།

གྲངས་ཀྱི་ཁྱད་པར་ལ་བསམ་པ།

བཞི་བ་གྲངས་ཀྱི་ཁྱད་པར་ལ་བསམ་པ་ནི། ཁམས་གསུམ་མམ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་གྲངས་མང་ཉུང་དང་། སྐྱེ་བ་བཟང་ངན་གྱིས་ལུས་རྟེན་མཆོག་དམན་སོ་སོར་ཐོབ་པའི་རིམ་པ་ལ་བློས་བརྟགས་དཔྱད་ཀྱིས་དཔག་ན། བཤད་མ་ཐག་གི་མི་ལུས་ཐོབ་པ་དེ་སྲིད་པ་ཙམ་སྟེ། འདི་ལྟར་ཞེ་སྡང་གི་ལས་ངན་འགྲོ་བའི་རྟེན་ལ་ཤིན་ཏུ་བསགས་རྒྱ་ཆེ་བའི་དམྱལ་བ་ན་ཚ་གྲང་གིས་གདུང་བའི་སེམས་ཅན་གྱི་མང་ཚད་ནི། མཚན་མོའི་སྐར་མ་ཙམ་དུ་སྣང་ལ། ཡིད་སེར་སྣའི་འཆིང་བས་ལས་ངན་བསགས་པའི་ཡི་དྭགས་ནི་དེ་བས་ཉུང་ཤས་སུ་ཡོད་པས་ཉིན་མོའི་སྐར་མ་ཙམ་དང་། ཡི་དྭགས་ལ་མཚན་མོའི་སྐར་མ་བཞིན་དུ་མང་པོར་གྱུར་པའི་ཚད་དེ་ལ་ལྟོས་ན་སེམས་ཀྱི་རང་བཞིན་གཏི་མུག་པའི་འགྲོ་བ་དུད་འགྲོའི་སྡེ་ཚན་སོ་སོར་ཉིན་སྐར་ཙམ་དུ་ཉུང་བར་འདུག་ལ། དེང་སང་གི་དུས་སེམས་ཅན་དང་། ཚེ་དང་། དུས་དང་། ཉོན་མོངས་དང་། ལྟ་བ་སྟེ་སྙིགས་མ་ལྔ་བདོ་བའི་མཐར་རྒྱུ་ལས་ངན་གྱིས་འཕངས་པའི་མི་ལུས་ཙམ་སྤྱིར་ཐོབ་པ་ཡོད་ཀྱང་། སྒེར་དུ་རང་གཞན་གཉིས་ཀ་འདི་ཕྱི་གཉིས་ཕུང་ལ་སྦྱོར་ངེས་པ་ཅན་གྱི་རིགས་རྒྱལ་ཁམས་ཀུན་ཏུ་ཁྲམ་པ་ཤ་སྟག་གིས་ཡོངས་སུ་གང་སྟེ། བདེན་པའི་ལམ་དང་དྲང་པོའི་ལུགས་སྐྱོང་བ་རེ་ཟུང་ལས་མེད་པའི་དུས་མཐའ་འདིར། དམ་པའི་ཆོས་དང་ལྡན་པའི་མི་ལུས་རིན་པོ་ཆེ་དགེ་སྡིག་གི་བླང་དོར་དང་། འཁོར་འདས་ཀྱི་སྐྱོན་ཡོན་སོ་སོར་འབྱེད་ཤེས་ལ་དཀར་པོ་དགེ་བའི་ཆོས་ལ་འདུན་པ་དང་མོས་པ་སྐྱེས་སུ་རུང་བའི་ལུས་རྟེན་འདི་འདྲ་བ་ལེགས་པར་ཐོབ་པའི་དུས་ད་རེས་ཀྱི་སྐྱེ་བ་འདིར་སྤྱིར་འཁོར་བ་དང་། སྒོས་སུ་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཤིང་ཐར་བའི་ཐབས། ཡང་དག་སྙིང་པོའི་དོན་ཐོབ་བྱའི་འབྲས་བུ་མི་བསླུ་བ་མཆོག་གམ་བཟང་པོ་གང་ཉིད། ཐོབ་པར་བྱེད་པའི་ཐབས་ཐེག་པ་ཆེན་པོའི་ལམ་མ་ནོར་བ་དེ་ཅི་ནས་ཀྱང་བསྒྲུབ་པར་མ་བྱས་པའམ་མ་འགྲུབ་ན་མི་ལུས་ཞིག་ད་ལྟ་ཐོབ་པ་འདི་ཉིད། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕར་ཕྱིན་ནས་ཚུར་སྟོང་ལོག་ཏུ་རང་ཁྱིམ་དུ་ལྡོག་པ་དང་འདྲ་བས་གོང་དུ་ས་བཅད་རྣམ་བཞག་བཞིའི་སྒོ་ནས་དལ་འབྱོར་རྙེད་པར་དཀའ་བའི་ཚུལ་ཤེས་པར་བྱ་བ་ཁོ་ནའོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ།

གཉིས་པ་ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་ནི། ཁྲིད་རྐང་རེ་རེ་བཞིན་དམིགས་ཐུན་དང་སྦྲགས་དགོས། བློ་སྦྱང་མ་བྱས་ན་ཁྲིད་རབ་ཆད་དུ་འགྲོ་གསུངས་པས་འདི་ནི་གལ་ཆེའོ།། དང་པོ་བླ་མ་ལས་བློ་རྒྱུད་འཁུལ་ངེས་སུ་ཁྲིད་མཉན་ཏེ། བདེ་བའི་སྟན་ལ་ལུས་དལ་བོར་གནས། སེམས་ཁོང་ལྷོད་དེ་བག་ཕབ་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ནས། དལ་འབྱོར་རྙེད་པར་དཀའ་བའི་དོན་ལ་དམིགས་རྣམ་རེ་རེ་བཞིན་བརྟགས་གཞིག་ཞིབ་དུ་བྱས་ཏེ་རང་རྒྱུད་ལ་མྱོང་བ་ཐོན་ངེས་སུ་ནན་ཏན་བསྐྱེད་དོ། །ད་རེས་ཀྱི་ལུས་རྟེན་འདིར་སྙིང་པོ་ཞིག་ལོན་ན་མི་ལུས་ཐོབ་པ་དོན་ཡོད་པས་དེང་ཕྱིན་ཆད་ནི་ཆོས་རྣམ་དག་སྒྲུབ་པའི་མི་ལུས་རིན་པོ་ཆེ་འདི་འདྲ་བ་མི་རྙེད་པའི་ཚུལ། ངོ་བོ། ཁྱད་པར། དཔེ། གྲངས་བཞིའི་སྒོ་ནས་ངེས་ཤེས་ཐག་ཆོད་པ་མ་སྐྱེས་ཀྱི་བར་ཅི་རིགས་པ་ཡང་ཡང་བསྒོམ་ལ་ལུས་རྟེན་ལ་ཅི་ནས་ཀྱང་སྙིང་པོ་ལེན་པའི་དོན་གཉེར་མངོན་གྱུར་པ་བྱུང་དུས་དལ་འབྱོར་རྙེད་དཀའ་ཤེས་པའི་ཚད་ཡིན། རྗེས་སུ་དེ་ལྟར་བློ་སྦྱོང་བའི་དགེ་བ་གཞན་དོན་དུ་ལེགས་པར་བསྔོའོ། །ཁྲིད་རྐང་དང་པོ་སོང་ངོ་།།

ཚེ་མི་རྟག་པ་བསམ་པ།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

གཉིས་པ་ཆོས་བསྒྲུབ་པ་ཕྱི་བཤོལ་དུ་མི་གཏོང་བའི་ཕྱིར་ཚེ་མི་རྟག་པ་བསམ་པ་ལ་ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་དང་གཉིས། དང་པོ་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ། ནང་བཅུད་ཀྱི་སེམས་ཅན་ལ་བསམ་ཏེ་མི་རྟག་པ་བསྒོམ་པ། འདུས་བྱས་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་དང་གསུམ། དང་པོ་ནི། འདི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། སྟོང་གཉིས་པ་བར་མའི་འཇིག་རྟེན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཏེ་རི་རབ་ལྷུན་པོ། གསེར་རི་རྣམ་པ་བདུན། གླིང་ཆེན་པོ་བཞི། གླིང་ཕྲན་བརྒྱད། འདོད་ཁམས་ཀྱི་གནས་རིས་ཉི་ཤུའི་གནས་སོ་སོ་སྲ་ཞིང་བརྟན་པ་རྒྱ་ཆེ་བ། གྲངས་མང་བ། དངོས་པོ་གཏོས་ཆེ་བ་འདི་དག་ཐམས་ཅད་བར་གྱི་བསྐལ་པ་ཉི་ཤུར་གནས་པས་ཡུན་རིང་བ་རྣམས་ནམ་ཞིག་ན་མི་རྟག་སྟེ་མེས་འཇིག་ཞེ་དགུ། ཆུས་འཇིག་བདུན། རླུང་གཅིག་གིས་རིམ་པ་བཞིན་གཟུགས་ཁམས་ཀྱི་བསམ་གཏན་དང་པོ་དང་གཉིས་པ་དང་གསུམ་པ་མན་ཆད་ཐལ་རྡུལ་རླུང་གིས་ཕྱགས་པ་བཞིན་ཆ་ཕྲ་བ་ཏིལ་འབྲུ་གཅིག་ཙམ་ཡང་མི་ལུས་པར་ལྷག་མེད་དུ་འཇིག་པ་ཡིན་ཏེ། མགོན་པོ་ཀླུས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་དགོས། །ཞེས་དང་། ཀུན་མཁྱེན་བླ་མ་ཨ་བྷྱ་དྭཱི་པས། སྲིད་པ་བརྟན་གཡོ་ཆགས་གནས་འཇིག་སྟོང་བཞིའི། །ངོ་བོས་བསྐལ་བའི་ཚད་དུ་བཏགས་པའང་། །འཇིག་པའི་རྟེན་གྱུར་མིང་གིས་སྨ་ཕབས་པས། །ཆད་པ་གཅོད་ལ་མེ་བདུན་ཆུ་གཅིག་འོང་། །ཞེས་གསུངས་པས་མཚོན་ཏེ་དུ་མ་ཞིག་བསྟན་ཏོ།། གཉིས་པ་ནང་བཅུད་ཀྱི་སེམས་ཅན་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་ཚེ་བསྐལ་པ་མང་པོའི་བར་དུ་འཚོ་ཞིང་གཟི་བརྗིད་དང་སྟོབས་ལ་སོགས་པ་ཕུན་སུམ་ཚོགས་པའི་ལྷ་མཐུ་བོ་ཆེ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་མངའ་བ་རྣམས་ཀྱང་འཆི་བ་ལས་འོས་མ་མཆིས་ཏེ། ཇི་སྐད་དུ། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་དུ་འཆི་མེད་བདེར་གནས་པའི། །གནས་དེ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ། །བྱེ་བྲག་རང་རེ་འཛམ་བུའི་གླིང་བ་རྣམས་ཀྱི་ཚེ་ལ་ངེས་པ་མེད་པས། ཅིས་ཀྱང་འཆི་ངེས་པ་དང་། ནམ་འཆི་ཆ་མེད་པ་དང་། འཆི་བའི་རྐྱེན་མང་བ་དང་། ད་ལྟ་གསོན་པོར་ཡོད་པའི་ལུས་འདིས་མཚོན་ཕ་དང་མ། ཡུལ་མི་ཁྱིམ་མཚེས། གཉེན་ཉེ་དུ། དགྲ་ལ་སོགས་པ་མཐོང་བ་དང་ཐོས་པའི་ཡུལ་དུ་གྱུར་པ་ཐམས་ཅད་ཚེ་སྟོད་སྨད་ཀྱི་འགྱུར་བ་སྐྱིད་སྡུག་གི་རེས་མོས། ལུས་དང་ལོངས་སྤྱོད། ཁ་རྗེ་དང་དབང་ཐང་ལ་སོགས་དར་བ་དང་རྒུད་པ། སྐྱེ་བ་དང་འཆི་བ་ལ་སོགས་འདུས་བྱས་ཀྱི་གཡོ་བ་རྣམས། དཔེར་ན་སྒྱུ་མ་མཁན་གྱི་མིག་འཕྲུལ་ལྟར་སྙིང་པོ་དང་རྟག་པ་བརྟན་པ་མེད་པར་ཤེས་པར་བྱའོ།། གསུམ་པ་འདུས་བྱས་སྣ་ཚོགས་ལ་བསམ་སྟེ་མི་རྟག་པ་བསྒོམ་པ་ནི། ཁྱད་པར་དུ་འཇིག་རྟེན་ན་སྐྱེས་པའི་ཐ་མ་ནི་འཆི། འདུས་པའི་ཐ་མ་འབྲལ། བསགས་པའི་ཐ་མ་འཛད། དར་བའི་ཐ་མ་རྒུད་པ་སྟེ་བྱ་བཞག་ཐམས་ཅད་མི་རྟག་མཐའ་བཞི་ལས་མ་འདས་པར་ཤེས་པར་བྱའོ།། །

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ།

གཉིས་པ་ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་ནི། བདེ་བའི་སྟན་ལ་ལུས་དལ། སེམས་ལྷོད་དེ་བག་ཕེབས་པར་གནས་ནས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་ལ། ཚེ་མི་རྟག་པའི་དོན་ལ་དམིགས་རྣམ་སོ་སོར་མྱོང་བ་ཐོན་ངེས་ནན་ཏན་དུ་བསྐྱེད། སྤྱིར་འདུས་བྱས་མི་རྟག་པ་དང་། ཁྱད་པར་དུ་རང་གི་ཚེ་མི་རྟག་པ། དོན་ཕྱི་སྣོད། ནང་བཅུད། དམ་པའི་སྐྱེས་བུ། སྐྱེ་དགུའི་བདག་པོ། དཔེ་དོན་སྣ་ཚོགས་པ་ལ་བསམ་ནས་གང་ཡང་མི་རྟག་པ་དཔེར་ན་གཟུགས་ཐམས་ཅད་སྣང་ཡང་ངོ་བོ་ཉིད་ཀྱིས་བདེན་པར་མ་གྲུབ་པ་འཇའ་ཚོན་ལྟ་བུ། གཞན་དུ་སྣང་བའི་དངོས་པོ་རྣམས་རྒྱུ་རྐྱེན་གྱི་དབང་ཙམ་ལས་རང་བཞིན་མེད་པ་མིག་ཡོར་ལྟ་བུ། སྒྲ་ཐམས་ཅད་གྲགས་ཙམ་ཉིད་ལས་དོན་ལ་མེད་པ་བྲག་ཆ་ལྟ་བུ། ས་ཆ་དང་ཁང་ཁྱིམ་ཡུལ་ཁམས་ཐམས་ཅད་རྟག་བརྟན་མེད་པ་སྒྱུ་མ་དང་རྨི་ལམ་ལྟ་བུ། དགྲ་གཉེན་དང་བདག་གཞན་དུ་ཇི་ལྟར་བཟུང་ཡང་ངེས་པར་མཐའ་གཅིག་ཏུ་ཚུགས་ཐུབ་མ་གྲུབ་པ་སྨིག་སྒྱུ་ལྟ་བུ། བསྟོད་སྨད་དང་ལེགས་ཉེས་འབྱོར་རྒུད་དག་ལ་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར་ལྟ་བུ། ཞག་དང་དུས་ཚོད་ལོ་དང་ཟླ་བ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་སྔ་ཕྱི་མི་རྟག་པ་འཕར་འདར་གཡོ་བ་ཆུ་ཟླ་ལྟ་བུ། ལོངས་སྤྱོད་ཀྱི་འབྱོར་བ་སྟོབས་དང་མངའ་ཐང་ལ་སོགས་པ་གཅིག་ཏུ་མི་བརྟན་པར་གཡོ་བ་སྤྲིན་ལྟ་བུ་སྟེ། སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་འདི་དང་འདྲ་བར་འདུས་བྱས་ཀྱི་ཆོས་ཐམས་ཅད་སྙིང་པོ་མེད་པར་མཐོང་ནས། ཚེ་འདིའི་སྣང་བ་ཇི་ལྟར་སྣང་ཡང་དེ་ལ་ཞེན་པའི་བློ་རྟག་པར་འཛིན་པའི་ཨ་འཐས་ཀྱི་བློ་སྣ་འདུ་འཛི་དང་ཕྱི་ཚིས་ཀྱིས་རིང་པོར་མི་བསྐྱེད་པར་ཡུན་ཐུང་ངུ་ཞིག་ལས་མེད་པར་ཤེས་ཤིང་གོ་བར་བྱས་ཏེ། སྐྱེ་བ་ད་རེས་ཀྱི་འཁྲུལ་རྒྱ་ཅི་ནས་ཀྱང་བསྟུང་བར་བྱས་ནས་རྟེན་ཁྱད་པར་ཅན་མི་ལུས་ཐོབ་པ་འདི་ཉིད་དཔེར་ན་སྤྲིན་བར་གྱི་ཉི་ཞུར་དང་འདྲ་བར་ནམ་ཡང་རྟག་པ་མེད་པས་ན། ཚེ་རབས་གཏན་གྱི་བདེ་བ་ཐར་བའི་ལམ་བསླབ་པ་གསུམ་གྱིས་བསྡུས་པའི་དགེ་བའི་ཆོས་ལ་རང་ནུས་གང་ཡོད་ཀྱིས་འཆི་བ་མི་རྟག་པའི་རྒྱུད་བསྐུལ་ལ་བརྟེན་ནས་རྣམ་གཡེང་བག་མེད་ཀྱི་ངང་ལ་ལུས་པ་ལས་བསླང་སྟེ། མྱུར་བ་ཉིད་དུ་བརྩོན་འགྲུས་ཀྱི་ལྕགས་བྲབ་པར་བྱ་ཞིང་ཆོས་ལ་འཇུག་པར་བྱའོ་སྙམ་པའི་རྒྱུ་དུས་ཀྱི་ཀུན་སློང་ཤུགས་མི་ལྷོད་པར་དྲག་པོར་བསྐྱེད་པ་ཡང་ནས་ཡང་དུ་སྦྱང་བར་བྱས་ལ་ཐུན་གྲངས་ཅི་རིགས་པའི་མཐར་དགེ་བ་དེ་ཉིད་གཞན་དོན་ཏུ་བསྔོ་བར་བྱའོ།།

ལས་རྒྱུ་འབྲས།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

གསུམ་པ་དགེ་སྡིག་ལ་སྤང་བླང་ངེས་པའི་ཕྱིར་ལས་རྒྱུ་འབྲས་བསྟན་པ་ནི། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱང་བ་གཉིས། དང་པོ་ནི། སྤྱིར་འཁོར་བ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ཡིན་ཏེ། ཀུན་མཁྱེན་རྒྱལ་བའི་དབང་པོ་ཨ་བྷྱ་དྭཱི་པས། ཇི་ལྟར་ས་བོན་རྣམ་པ་སྣ་ཚོགས་མཐུ། །ཞིང་པ་རྣམས་ཀྱི་ཐོག་ལ་གསལ་བ་བཞིན། །སྐྱེ་བ་བཞིན་དུ་འདྲིས་ཤིང་གོམས་བྱས་པའི། །ལས་ཚུལ་མང་པོས་འགྲོ་འདི་སྣ་ཚོགས་བྱས། །ཞེས་འཇིག་རྟེན་ན་ཞིང་པ་དག་གིས་གྲོ་དང་ནས་ལ་སོགས་པ་ས་བོན་རྣམ་པ་སྣ་ཚོགས་པ་ལས་འབྲས་བུ་རང་རང་ཐ་དད་དུ་སྨིན་པ་བཞིན། ཐོག་མ་མེད་པའི་སྐྱེ་བ་ནས་དགེ་བ་དང་སྡིག་པའི་ལས་སོ་སོར་དང་འདྲེས་མ་བསགས་པ་ལས། འདི་ལྟར་མཐོ་རིས་དང་ངན་སོང་གི་འགྲོ་བའི་ལུས་རྟེན་ཐ་དད་དུ་ཐོབ་པ་དང་། དེ་ལས་ཀྱང་བདེ་སྡུག་སྣ་ཚོགས་མི་འདྲ་བ་མང་པོ་སོ་སོར་མ་འདྲེས་པར་མྱོང་བ་མཐོང་ཆོས་སུ་གྱུར་པ་འདི་ཉིད་དོ། །དེ་ལ་དགེ་སྡིག་གི་ལས་གང་ཡིན་ཀྱང་མི་བསླུ་བར་མཐུ་ཆེ་བའི་དཔེ་ནི། སྔ་མ་ལས། ཇི་ལྟར་ས་བོན་ཉུང་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་རྗེས་མི་འགྲོ། །ཞེས་དགེ་བ་དང་མི་དགེ་བའི་ལས་གང་ཡིན་ཀྱང་བསམ་པ་བཟང་པོ་ཉག་མ་གཅིག་ལྟ་བུ་དང་། སྦྱོར་བ་ཕྲ་མོ་ཆུ་ཐིག་གཅིག་གི་བྱེད་ལས་ཙམ་གྱིས་ཀྱང་ལས་ཀྱི་ངོ་བོ་འཕེལ་སྟོབས་ཀྱི་རྒྱུན་བསྲིང་བ་དངོས་པོའི་དཔེ་གོང་དུ་བསྟན་པ་ལྟར་མཐའ་ཡས་པར་སྨིན་པར་གསུངས་སོ། །ལས་གང་བསགས་པ་ནམ་ཡང་ཆུད་མི་ཟ་བར་དུས་སུ་མངོན་སུམ་དུ་སྨིན་པ་ནི། ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། སྔ་མ་དེ་ཉིད་ལས། ས་བླ་མཐོན་པོར་གཤེགས་པའི་མཁའ་ལྡིང་གི། །གྲིབ་མ་རེ་ཞིག་བལྟ་བར་མི་མངོན་ཡང་། །ལུས་ཅན་དག་དང་འདུ་འབྲལ་སྤང་བ་བཞིན། །ཚོགས་ཤིང་དུས་ལ་བབ་ཚེ་ལྷག་པར་མངོན། །ཞེས་དེ་ལྟར་བཤད་པ་བཞིན་སྐྱེ་བས་ཐོབ་པའི་ལུས་རྟེན་འདི་ཉིད་ཀྱང་། ཤི་ནས་ཅང་མེད་དུ་དཔེར་ན་མེ་ཤི་བའི་དུད་པ་ཡལ་བ་ལྟར་སྟོང་པར་མི་འགྲོ་བར་ཆགས་སྡང་རྨོངས་གསུམ་གྱིས་མཚོན་འཁོར་བའི་ཀུན་རྟོག་ཉོན་མོངས་པའི་རྒྱུ་ལས་འབྲས་བུ་མི་བསླུ་བར་སྨིན་པ་སྟེ། སྤྱིར་སེམས་ཅན་གྱི་ལས་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་པ་ཐམས་ཅད་བསྡུ་ན། ལུས་ངག་ཡིད་གསུམ་གྱི་སྡིག་པ་ཁ་ན་མ་ཐོ་བ་བཅུ་པོ་ཉིད་དུ་འདུ་སྟེ། མགོན་པོ་ཀླུས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པ་ལྟར་ལས་མི་དགེ་བ་བཅུ་པོ་གང་ཡིན་ཀྱང་ཀུན་སློང་ཞེ་སྡང་ལ་བརྟེན་པས་དམྱལ་བ། འདོད་ཆགས་ལ་བརྟེན་པས་ཡི་དྭགས། གཏི་མུག་ལ་བརྟེན་པས་དུད་འགྲོར་སྐྱེ་བ་ནི་རྣམ་སྨིན་གྱི་འབྲས་བུ་བསམ་པའི་དབང་གིས་བསྐྱེད་དེ་མྱོང་བའོ། །སྲོག་བཅད་པའི་མྱོང་བ་རྒྱུ་མཐུན་གྱིས་མིའི་ལུས་རྟེན་ཙམ་ཐོབ་ཀྱང་འཚོ་བའི་ཚེ་ཐུང་ལ་ནད་ཀྱི་རྣམ་པ་མང་བའོ། །དབང་གི་འབྲས་བུ་ཡུལ་ལ་སྨིན་པས། ས་ཕྱོགས་ཉམས་མི་དགའ་བ་ངམ་གྲོག་དང་གཡང་ས་ངན་པ་སྲོག་ལ་གནོད་པ་ཅན་དུ་སྐྱེ་བ་ལེན་པ་དང་། བྱེད་པ་རྒྱུ་མཐུན་གྱིས་སླར་ཡང་སྲོག་གཅོད་པའི་ལས་ལ་དགའ་བར་སྐྱེས། མ་བྱིན་པ་བླང་བའི་མྱོང་བ་རྒྱུ་མཐུན་གྱིས་མི་ལུས་ཐོབ་ཀྱང་ཟས་གོས་ལ་སོགས་པའི་འབྱོར་བས་དབུལ་ཞིང་ཅུང་ཟད་བདག་ལ་ལོངས་སྤྱོད་ཀྱི་གཞི་ཡོད་ཀྱང་དགྲ་རྐུན་དང་ཐུན་མོང་བྱེད་དགོས་ལ། དབང་འབྲས་ཀྱིས་ལོ་ཏོག་ལ་སད་སེར་བཙའ་ཐན་སོགས་ལྡང་སྐྱེན། བཟའ་ཤིང་ལ་འབྲས་བུ་དང་ཕྱུགས་ལ་དཀར་བཅུད་མི་འབྱུང་། བྱེད་པ་རྒྱུ་མཐུན་གྱིས་སྐྱེ་བ་གཞན་དུ་ཡང་རྐུ་འཕྲོག་གི་ལས་ལ་བརྩོན། མི་ཚངས་སྤྱོད་དམ་ལོག་གཡེམ་གྱིས་ནི། མྱོང་བ་རྒྱུ་མཐུན་གྱིས་སྐྱེ་བ་གཞན་དུ་རང་གི་བུད་མེད་ལུས་ལ་སྐྱོན་ཆགས་པ་རིགས་ངན་པ་དང་། རྟག་ཏུ་འཐབ་མོ་མང་བ་ཅན་དང་མཉམ་པར་འགྲོགས་དགོས། དབང་འབྲས་ཀྱིས། ཁང་ཁྱིམ་གྱི་ས་ཕྱོགས་ཐམས་ཅད་དྲི་ང་བའི་བཤང་གཅི་ལྗན་ལྗིན་དང་། འདམ་རྫབ་ཀྱིས་གང་བར་གནས་དགོས། བྱེད་པ་རྒྱུ་མཐུན་གྱིས་འདོད་ལོག་སྤྱོད་པའི་བྱི་བོར་སྐྱེས། ངག་གི་རྫུན་སྨྲས་པའི་མྱོང་བ་རྒྱུ་མཐུན་གྱིས་རང་ཉིད་ལ་སྐུར་འདེབས་དང་མི་ཁ་ལྡང་ཞིང་། དབང་གི་འབྲས་བུ་འབྱོར་བ་མི་བརྟན་པར་གཞན་དབང་དུ་འཆོར། དུས་ཀུན་ཏུ་སེམས་བག་མི་ཕེབས་པར་བྲེལ་ཞིང་བློ་སྐྲག་རྐྱེན་པར་འགྱུར། བྱེད་པ་རྒྱུ་མཐུན་གྱིས་རྫུན་ཅན་གྱི་ལུས་རྟེན་དུ་སྐྱེ། རང་གིས་གང་སྨོས་ཀྱི་ཚིག་ལ་གཞན་ཡིད་མི་ཆེས་པར་འགྱུར། ཕྲ་མ་བྱས་པའི་མྱོང་བ་རྒྱུ་མཐུན་གྱིས་རང་གི་འཁོར་གཡོག་ནང་མི་མཐུན་པ་དང་། རང་ལ་གཞན་གྱིས་རྒོལ་བ་མང་བ་དང་། དབང་གི་འབྲས་བུ་གང་དུ་སྐྱེ་བའི་གནས་རྩ་བ་དང་མྱུ་གུ་ལ་སོགས་མེད་པའི་རི་ཀླུང་ངམ་པ་དང་ས་ཆད་ཀྱིས་རི་ཉིལ་བའི་གྲོག་སྐམ་ཡོད་སར་གནས་དགོས་ལ། བྱེད་པ་རྒྱུ་མཐུན་གྱིས་མི་ལུས་ཐོབ་ནའང་། དབྱེན་གྱི་ཟེར་མཆུ་མང་ཞིང་གང་སྨྲས་ཚད་རང་གཞན་འབྱེད་པའི་ཚིག་ཏུ་འགྱུར། ཚིག་རྩུབ་གྱི་མྱོང་བ་རྒྱུ་མཐུན་ནི། ཚིག་མི་སྙན་པ་མང་པོ་ཡང་ཡང་རང་གིས་ཐོས་ཤིང་ཐོས་ཚད་ཕ་རོལ་དང་འཐབ་མོའི་གཞིར་འགྱུར། དབང་གི་འབྲས་བུ་ས་གཞི་རི་བྲག་ངོས་གཟར་ཞིང་རྩུབ་རོང་མ་རུང་བར་གནས་དགོས་པའོ། །བྱེད་པ་རྒྱུ་མཐུན་གྱིས་སླར་ཡང་རྒྱུད་གྱོང་པོ་ཚིག་རྩུབ་མོ་ཅན་དུ་སྐྱེ་བ་ཡིན་ནོ། །ངག་འཁྱལ་གྱི་མྱོང་བ་རྒྱུ་མཐུན་ནི། རང་གིས་སྨྲས་པའི་ཚིག་གི་མཐའ་མི་བཙན་པར་འགྱུར་ལ་མང་པོ་འདུས་པའི་དབུས་ལྟ་བུར་ཚིག་སྨྲ་བ་ལ་སྤོབས་པ་ཞན་པ་དང་། དབང་གི་འབྲས་བུ་རྨོ་རྐོ་སོ་ནམ། ཚོང་ཁེ་སྤོག ལྟོ་གོས་འབད་རྩོལ་ཅི་བྱས་ཀྱང་སེམས་ཀྱི་རེ་བ་རྣམས་དོན་དངོས་མི་འབྱིན་ལ། དབྱར་དགུན་གྱི་དུས་ཚིགས་གོ་ལྡོག་པ་སོགས་འབྱུང་། བྱེད་པ་རྒྱུ་མཐུན་གྱིས་མིར་སྐྱེས་ན་ཡང་དོན་དང་མི་འབྲེལ་བའི་བྲེ་མོའི་གཏམ་གྱིས་རང་མགོ་འཁོར་བ་ཅན་དུ་སྐྱེ་བའོ། །ཡིད་ཀྱི་བརྣབ་སེམས་ཀྱི་མྱོང་བ་རྒྱུ་མཐུན་ནི། ཡིད་ལ་བསམ་པའི་དངོས་པོ་དོན་ཐོག་ཏུ་མི་ཁེལ་བ་དང་། མི་འདོད་པའི་ཕྱོགས་ཐམས་ཅད་ཁབ་ལེན་གྱིས་ལྕགས་ཕྱེ་སྡུད་པ་བཞིན་འདུ། དབང་འབྲས་ནི། ལོངས་སྤྱོད་ལ་ཉམས་ཉེས་ཀྱིས་ཁ་ཕྲི་ཞིང་གོད་པར་འགྱུར་ཏེ། ཡུལ་དང་དུས་ལ་ལྡོག་པའི་གདུང་བ་མང་པོ་འབྱུང་བའོ། །བྱེད་པ་རྒྱུ་མཐུན་ནི། གཞན་གྱི་ནོར་རྫས་ལ་རློམ་སེམས་དང་ཕྲག་དོག་ཅན་དུ་སྐྱེ་བ་ཡིན་ནོ། །གནོད་སེམས་ཀྱིས་ནི། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་རྟག་ཏུ་སེམས་འཇིགས་སྐྲག་དང་ལྡན་པ་དང་། གཞན་ནས་འཚེ་བ་མང་དུ་འབྱུང་ངོ་། །དབང་འབྲས་ནི་སྡིག་པ་སྤྱོད་པའི་ཡུལ་ཁམས་སུ་སྐྱེ་བ་ལེན་དགོས་ལ། སྲོག་ཆགས་མི་བཟད་པ་མང་པོས་འཚེ་བ་བྱེད་པ་དང་། བྱེད་པ་རྒྱུ་མཐུན་ནི། གང་དུ་སྐྱེ་བའི་རིགས་གཞན་གནོད་ཅན་དུ་སྐྱེ་བ་ལེན་པའོ། །ལོག་པར་ལྟ་བའི་མྱོང་བ་རྒྱུ་མཐུན་ནི། མི་ཚེ་གང་བོ་དེ་མ་གཏོགས་འཇིག་རྟེན་ཕྱི་མ་ལ་ཡིད་མི་རྟོན་པ་དང་། དུས་རྟག་ཏུ་གཡོ་སྒྱུས་སེམས་རྒྱུད་ཁོང་ཁྲོས་གང་བར་འགྱུར། དབང་འབྲས་ཀྱིས་ལོངས་སྤྱོད་ཀྱི་འབྱོར་བས་ཕོངས་ཤིང་། གང་ཡང་སྐྱབས་དང་དཔུང་གཉེན་གྱི་གྲོགས་དང་བྲལ་བར་སྐྱེ་བ་ལེན་པའོ། །བྱེད་པ་རྒྱུ་མཐུན་གྱིས་ལས་ངན་པའི་རྒྱུན་མུ་མེད་པར་འཕེལ་ཏེ་མི་འདོད་པ་མྱོང་བའོ། །དེ་ལྟར་མི་དགེ་བ་བཅུ་པོ་ལས་གང་བསགས་ན་ཡང་རྣམ་སྨིན་གྱི་འབྲས་བུ་ཀུན་སློང་ཆགས་སྡང་རྨོངས་གསུམ་སོ་སོས་བསྐྱེད་ཚུལ་ལྟར་ངན་སོང་གསུམ་ཐ་དད་པ་མྱོང་དགོས་པ་དང་། མི་དགེ་བ་རེ་རེ་ལ་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་སྡུག་བསྔལ་བ་གཉིས་གཉིས་རེ་མངོན་སུམ་ཐོབ་པ་དང་། དབང་གི་འབྲས་བུ་གནས་རིས་ཀྱི་ཡུལ་ཕྱོགས་ལ་སྨིན་ཏེ་ཡིད་དུ་མི་འོང་བ་ལ་སྤྱོད་དགོས་པ་དང་། བྱེད་པ་རྒྱུ་མཐུན་གྱིས་རང་རང་གི་མི་དགེ་བ་གང་དང་གང་བསགས་པ་དེའི་སྐྱེས་བུ་བྱེད་པའི་འབྲས་བུ་ཕྱིས་སུ་ཡང་སྐྱེ་བ་བླངས་བ་དེ་ཉིད་སྔར་གྱི་མི་དགེ་བའི་ལས་ལ་ངང་ངམ་ཤུགས་ཀྱིས་འཇུག་དགོས་པ་ཡིན་ནོ། །དེ་ལྟར་ལས་མི་དགེ་བ་བགྱིས་པ་ལས་འབྲས་བུ་སྡུག་བསྔལ་བ་དང་། མདོར་ན་འཁོར་བའི་མཚན་ཉིད་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་ལས་ངེས་པར་ཐར་བར་བྱེད་པའི་རྒྱུ་འདི་ལྟར་དཀར་པོ་དགེ་བའི་ལས་བཅུ་པོ་ཚུལ་བཞིན་ཉམས་སུ་བླང་བ་ནི། རིམ་པ་བཞིན་སེམས་ཅན་གང་ཡང་རུང་བའི་སྲོག་མི་གཅོད་པའི་སྡོམ་པ་ལ་གནས་པས་འབྲས་བུ་ལུས་རྟེན་ཐོབ་པའི་སྐྱེ་བ་དེར་ཚེ་རིང་ནད་ཉུང་བ་དང་། གཞན་གྱིས་མ་བྱིན་པའི་ནོར་རྫས་ལ་སོགས་པ་རྐུ་འཕྲོག་དང་གཡོ་སྒྱུས་ལེན་པའི་ལས་རྩ་བ་ནས་སྤངས་བས་འབྲས་བུ་མི་ལུས་ལྟ་བུ་ཐོབ་པ། དེ་ཡང་ཟས་གོས་ལ་སོགས་པའི་ལོངས་སྤྱོད་དང་ལྡན་ཞིང་འབྱོར་བའི་དངོས་པོ་མི་ཟད་པ་དང་ལྡན། རང་གིས་བདག་བཟུང་གི་བུད་མེད་ལ་མི་ཚངས་སྤྱོད་པའམ་གཞན་གྱི་བུད་མེད་ལ་འདོད་ལོག་གི་ལས་སྤངས་བས་འབྲས་བུ་ཁྱིམ་ཐབས་ལུས་མཛེས་ཤིང་ཆུང་མ་འཐབ་རྩོད་ཀྱི་འཁྲུགས་ཟླ་ཅན་དང་མི་འཕྲད། ངག་གིས་གཞན་ཕ་རོལ་པོ་མགོ་སྐོར་བྱེད་ཀྱི་རྫུན་གྱི་རིགས་ཅི་ཡང་སྤང་བའི་འབྲས་བུ་སྐྱེ་བ་གང་ཐོབ་པའི་སྐབས་དེར་གཞན་དག་གིས་བསྟོད་ཅིང་མཛའ་བ་དང་མི་མཛའ་བ་ཀུན་གྱིས་བྱམས་པར་བྱེད། གཞན་མི་མཐུན་པར་འབྱེད་པའི་ཕྲ་མའི་ལས་སྤངས་བས་འབྲས་བུ་གང་དུ་རྗེ་དཔོན་ལྟ་བུ་ཐོབ་པའི་འཁོར་གཡོག་ཀུན་རང་ལ་ཞེ་ནས་གུས་ཤིང་། སུ་ལ་ཡང་བློ་གཏད་ཕེར་བར་འགྱུར། ཡུལ་གཞན་གྱི་སེམས་ལ་གནོད་པ་སྐྱེད་པའི་ཚིག་རྩུབ་བརྗོད་པའི་ལས་སྤང་བའི་འབྲས་བུ་རང་གིས་སྙན་པ་ཐོབ་ཅིང་ཀུན་གྱིས་ཡིད་དུ་འོང་བ་དང་ལྡན། དོན་དང་མི་འབྲེལ་བའི་གཏམ་ལས་ངན་སྐྱེད་པའི་ངག་འཁྱལ་སྨྲ་བ་སྤང་བས་འབྲས་བུ་རང་གིས་སྨྲས་པའི་ཚིག་མཐའ་བཙུན་ལ་སུ་ཡང་ཡིད་ཆེས་པར་འགྱུར། ཡིད་ཀྱིས་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་ལ་བརྣབ་སེམས་བྱེད་པའི་ལས་སྤང་བའི་འབྲས་བུ་གནས་སྐབས་སུ་རང་གིས་གང་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ། གཞན་ལ་ཕན་པའི་ཐབས་དང་བྲལ་བའི་གནོད་སེམས་རྣམས་སྤང་བའི་འབྲས་བུ་ཀུན་གྱིས་འཚེ་བ་དང་བྲལ་ལ་བདེ་བ་གང་ཡང་རང་དབང་དུ་ཐོབ། རྒྱུ་འབྲས་ལ་ཡིད་མི་ཆེས་པའི་ལོག་པར་ལྟ་བ་སྤང་བའི་འབྲས་བུ་ཆོས་མཐུན་གྱི་ལྟ་བ་བཟང་པོ་འབད་མི་དགོས་པར་ངང་གིས་སྐྱེས། དེ་ལྟར་ལུས་ངག་གི་ལས་བསྟན་ཡོད་ཐོགས་བཅས་བདུན་དང་། ཡིད་ཀྱི་ལས་བསྟན་མེད་ཐོགས་མེད་གསུམ་སྟེ་བསམ་སྦྱོར་གཉིས་ཀ་དགེ་བའི་ལས་བསགས་པ་ལས་འབྲས་བུ་གནས་སྐབས་ཀྱི་བདེ་བ་མཐོ་རིས་ཐོབ་པ་བཤད་མ་ཐག་པའི་ཚུལ་དེ་ལྟ་བུ་ལ་བློ་ངེས་ཐག་ཆོད་ཀྱི་ཡིད་ཆེས་སྐྱེས་པར་གྱུར་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ་ནང་པའི་ཆོས་བསྒྲུབ་པའི་གཞི་གཤའ་མ་ཞིག་རྒྱུད་ལ་སྐྱེ་བ་ཡིན་ནོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ།

གཉིས་པ་ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་ནི། བདེ་བའི་སྟན་ལ་ལུས་དལ་སེམས་ཁོང་ལྷོད་པ་ལ་སོགས་པ་ཁྲིད་རྐང་སྔ་མ་རྣམས་དང་མཚུངས་པར་བྱས་ལ། བློ་སྦྱང་གི་ངོ་བོ་ནི། ཇི་སྐད་དུ། སྔ་མ་ཅི་བྱས་ད་ལྟའི་ལུས་ལ་ལྟོས༔ ཕྱི་མ་གར་སྐྱེས་ད་ལྟའི་ལས་ཀྱིས་བྱེད༔ ལས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ རང་གིས་བྱས་པ་རང་གིས་མྱོང་བ་ཡིན༔ ཅེས་ཨོ་རྒྱན་ཆེན་པོས་རྡོ་རྗེའི་གསུང་གིས་བསྩལ་བ་ལྟར། རང་དང་གཞན་གཉིས་པོ་འཇིག་རྟེན་ཕྱི་མ་ལ་བདེ་བ་དང་སྡུག་བསྔལ་གང་མྱོང་དགོས་པ་རྣམས་ད་ལྟའི་རང་གཞན་གྱི་ལས་དགེ་སྡིག་གཉིས་གང་རུང་བསགས་པ་ལ་རག་ལས་པས་རྒྱུ་མཚན་དེའི་ཕྱིར་དགེ་སྡིག་སོ་སོ་ལ་རང་གིས་ཅི་ནས་ཀྱང་བླང་དོར་མ་ནོར་བར་རྗེས་སུ་ལེགས་པར་བསྒྲུབ་ན། འཇིག་རྟེན་བདེ་སྡུག་གི་དངོས་པོ་ཅུང་ཟད་ཙམ་ཡང་ཆུད་མི་ཟ་བ་བསླུ་བ་མེད་པར་ད་ལྟ་མཐོང་ཆོས་མངོན་གྱུར་ལ་ཡང་རང་གཞན་ལ་སྨིན་པ་ལྟར་ཤེས་ཤིང་རྟོགས་ནས། སྙིགས་དུས་ཀྱི་ཚེ་ཐུང་འདིར་བདག་གིས་ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་ངེས་ཤེས་ཀྱིས་ཀུན་ནས་བསླང་། ལུས་ངག་ཡིད་གསུམ་པོས་བསམ་སྦྱོར་རྣམ་པར་དག་པས་སྤང་བླང་ཚུལ་བཞིན་དུ་བྱའོ་སྙམ་དུ་དམ་བཅའ་ཞིང་བློ་སྦྱངས་ཏེ་དགེ་བ་གཞན་དོན་རྒྱ་ཆེན་པོར་བསྔོའོ། །ཁྲིད་རྐང་གསུམ་པ་སོང་།

འཁོར་བའི་ཉེས་དམིགས་བསམ་པ།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

འཇིག་རྟེན་ལ་ཆགས་ཞེན་ལྡོག་པའི་ཕྱིར་དུ་འཁོར་བའི་ཉེས་དམིགས་བསམ་པའི་རིམ་པ་ལ་ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་དང་གཉིས། དང་པོ་ལ། སྔར་ལས་འབྲས་ཀྱི་སྐབས་སུ་བཤད་པ་ལྟར་འབྲས་བུ་སྡུག་བསྔལ་ཀྱི་རྣམ་གྲངས་བསྐྱེད་པར་བྱེད་པའི་གཞིའམ་སྒོར་གྱུར་པ་ལུས་ངག་ཡིད་གསུམ་སོ་སོས་རྒྱུ་རང་བཞིན་གྱི་མི་དགེ་བ་སྡིག་པ་བྱས་ཤིང་བསགས་པའི་ལས་ཀྱི་འབྲས་བུ་ནི། འདི་ལྟར་ཞེ་སྡང་གིས་ཀུན་ནས་བསླང་ཏེ་མནར་སེམས་གྱི་དངོས་པོ་དགུ་གཞན་ནས་གསུངས་པ་ལྟ་བུའི་ལས་ཀྱི་འབྲས་བུ་ནི། ངན་སོང་གི་གནས་ལ་རིགས་གསུམ་གྱི་ཐོག་མ་དམྱལ་བར་སྐྱེ་ནས་ཚ་གྲང་གི་སྡུག་བསྔལ་མྱོང་ཚུལ་གྱི་དང་པོ་ཚ་དམྱལ་བརྒྱད་ལས། དང་པོ་ཡང་སོས་ནི། གནས་དེ་ཉིད་དུ་སྐྱེས་པའི་རིགས་མཐུན་པ་དག་གིས་ཕན་ཚུན་བརྡེག་རེས་དང་གསོད་རེས་ཀྱིས་གཅིག་གིས་གཅིག་བསད་དེ་ཤི་མ་ཐག་ནམ་མཁའ་ནས་སོས་པར་གྱུར་ཅིག་གི་སྒྲ་ཐོས་པའི་མོད་ལ་ཡང་སོས་པ་དེ་ལྟར་ཚེ་ཚད་རྫོགས་ཀྱི་བར་མྱོང་བ་དང་། གཉིས་པ་ཐིག་ནག་ནི། ལུས་ཐང་ཤིང་ལྟར་བསྒྱེལ་བ་ལ་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་ལྕགས་སྲེག་དམར་ལིང་གི་ཐིག་སྐུད་བརྒྱད་དང་བཅུ་དྲུག་དེ་བས་ཆེས་མང་པོ་བཏབ་ཏེ་བཏབ་ཤུལ་ཏུ་ལྕགས་སྲེག་གི་སོག་ལེ་རྣོན་པོས་གཤག་འབྱར་གཉིས་ཀ་ཚེ་ཚད་རྫོགས་ཀྱི་བར་མྱོང་བ་དང་། གསུམ་པ་བསྡུས་འཇོམས་ནི། སྔར་རང་གིས་གང་བསད་པའི་སྲོག་ཆགས་སྒོ་ཕྱུགས་དང་། རི་དྭགས་དང་། གཅན་གཟན་སོ་སོའི་མགོ་བརྙན་དུ་གྱུར་པས་མགོ་བོ་རྣམས་ཕན་ཚུན་རྡུང་ཁ་བཀྱེ་བའི་བར་དུ་རང་གི་ལུས་པོ་ལྒང་ལྤགས་དབུགས་ཀྱིས་བཀང་པ་བྲག་ལ་བརྒྱབ་པ་ལྟར་ཤ་ཚལ་བ་ཁྲག་ཐིག་པ་དམར་ཆལ་ཆལ་བརྡུང་འཐག་གཏུབ་པ་དང་། ལྕགས་སྲེག་གི་གཏུན་ནང་དུ་ཐོ་ལུམ་མེ་འབར་བས་ཏིལ་མར་གཅིར་བ་ལྟར་ཚེ་ཚད་རྫོགས་ཀྱི་བར་སྡུག་བསྔལ་མྱོང་ངོ་། །བཞི་བ་ངུ་འབོད་ནི། དཔེར་ན་མེ་ཆེན་གྱིས་ཆུ་ཚན་ཁོལ་བ་བཞིན་དུ་ལྕགས་སྲེག་འབར་བའི་ཡོལ་གོ་ཆེན་པོར་རང་གི་ལུས་པོ་འདི་ཁྲོ་ཆུ་ཞུན་མས་བཙོ་ཞིང་འཚོད་པ་འབྲས་ཆན་གྱི་ཅོང་འཕེན་པ་ལྟར་སྟེང་འོག་ཏུ་ཁོལ་ཤུགས་ཀྱིས་ཡང་ཡང་འགྲེ་ལྡོག་གྲངས་མེད་དུ་བསྒྱུར་ཏེ་ཚེ་ཚད་རྫོགས་ཀྱི་བར་དུ་མྱོང་བའོ། །ལྔ་བ་འབོད་སྒྲོག་ཆེན་པོ་ནི། ལྕགས་བསྲེག་དམར་པོ་མགར་གྱི་ཚ་ཚ་ལྟ་བུ་དམར་ཐོར་ཐོར་དུ་འཚུབ་པའི་ཁང་པ་ཉིས་རིམ་གྱི་ནང་དུ་ཐར་མེད་དུ་ཚུད་དེ་ཚེ་ཚད་རྫོགས་ཀྱི་བར་འཚིག་པའོ། །དྲུག་པ་ཚ་བ་ནི། སྔ་མ་ལྟར་ལྕགས་སྲེག་གི་ཁང་པར་ཕྱིར་མི་ཐར་བར་འབར་བའི་མེ་ཆེན་པོ་དང་རང་ལུས་གཉིས་ཐ་དད་དུ་མི་སྣང་བར་དབྱེར་མེད་དུ་བསྲེག་པ་ཚེ་ཚད་རྫོགས་ཀྱི་བར་མྱོང་བའོ། །བདུན་པ་རབ་ཏུ་ཚ་བ་ནི། མེ་འབར་བའི་ལྕགས་ཁྱིམ་གྱི་ནང་དུ་ལུས་གསལ་ཤིང་མེ་འབར་བས་འོག་ནས་འཕོང་ཚོས་གཉིས་དང་གཤང་ལམ་དང་གསུམ་གྱེན་དུ་འབིགས་ཏེ། སྟེང་གི་ཕྲག་སོ་གཉིས་དང་སྤྱི་བོ་དང་གསུམ་དུ་ཐལ་མར་ཕྱུང་ལ། ཕྱི་ནས་ལྕགས་སྲེག་གི་སྣམ་བུ་གླེགས་མས་དཀྲིས་ཏེ་ཕྱི་ནས་ནང་དུ་འཚིག །ནང་ནས་ཕྱིར་བསྲེག་པ་ཚེ་ཚད་རྫོགས་ཀྱི་བར་མྱོང་བའོ། །བརྒྱད་པ་མནར་མེད་པ་ནི། གསང་སྔགས་ཀྱི་སྒོར་ཞུགས་ནས་བླ་མ་ལས་དམ་ཚིག་ཉམས་པ་སྐྱེ་བའི་གནས་ཡིན་ཏེ། སྡུག་བསྔལ་གྱི་ངོ་བོ་ནི་དམྱལ་བ་སྔ་མ་བདུན་པོའི་སྡུག་བསྔལ་གཅིག་ཏུ་བསྡོང་བ་ལྟ་བུ་ཤུགས་དྲག་ལ། གདུང་བའི་རྣམ་པ་བཟོད་མི་ནུས་པ་མང་པོ་མྱོང་བས་བདེ་བར་བསྟི་བའི་སྐབས་ཅུང་ཟད་ཀྱང་བྲལ་ལ་དེ་ལས་ལྷག་པའི་སྡུག་བསྔལ་གཞན་མེད་པས་ན་མནར་མེད་པ་ཞེས་བྱའོ། །བྱེ་བྲག་ཏུ་དམྱལ་བ་ཉེ་འཁོར་གྱི་རིམ་པ་ནི། འབར་ཞིང་ཚ་བའི་མེ་མ་མུར་གྱི་འོབས། དྲི་ང་བའི་རོ་མྱག་གི་འདམ་རྫབ། རེག་བྱ་མི་བཟོད་པའི་མཚོན་ཆའི་ཐང་། ན་ཚ་བསྲན་མི་ཚུགས་པའི་རལ་གྲི་ལོ་མའི་ནགས་ཚལ་དང་བཞི་བཞི་རེ་ཤར་ལྷོ་ལྟ་བུ་ཕྱོགས་རེ་རེ་ན་ཡོད་པས་བཅུ་དྲུག་གོ། །ད་དུང་ལྕགས་ཀྱི་ཤལ་མ་ལི་ཞེས་བྱ་བ་སྔར་རང་གི་དགའ་གདུང་གིས་ཡིད་ཞེན་པའི་ཡུལ་གང་ཡིན་པ་དེ་ཉིད། དང་པོ་རི་བོ་ལྟ་བུའི་རྩེ་མོ་དང་རྩ་བ་ནས་ཡར་མར་འབོད་སྙམ་བྱེད་པའི་སྣང་བ་ཤར་ཏེ་དེ་དང་དེར་རང་ཉིད་དགའ་གདུང་དེའི་ཤུགས་ཀྱིས་ཕྱིན་པ་ན། ཕྱིན་པའི་ལམ་ཐམས་ཅད་ལྕགས་ཀྱི་ཐུར་མ་རྣོན་པོས་ཟངས་མ་ཐལ་དུ་ཡར་མར་འབྱིན་ནས། བྱ་རྒོད་ཀྱིས་མིག་འབྲས་ཐང་དུ་འདྲུ། ལྕགས་སྲེག་གི་བུད་མེད་ཀྱིས་ལུས་ལ་འཁྱུད་དེ་ཀླད་པ་ལྡག་ཤིང་རྔུབ་པ་སོགས་མྱོང་བ་ཡིན་ནོ།། གྲང་དམྱལ་བརྒྱད་པོ་ནི། སྤྱིར་ས་གཞི་ཐམས་ཅད་གངས་རི་དང་ཆབ་རོམ་གྲང་ངར་གྱི་ལྷག་པ་མི་བཟོད་པ་ཤ་སྟག་ཏུ་གྱུར་པའི་ནང་དུ། བྱེ་བྲག་ལུས་གཅེར་བུ་གོས་མེད་ཀྱི་རྣམ་པ་རླུང་དང་གྲང་ངར་གྱིས་ཉེན་པས་ལུས་ལ་ཆུ་བུར་ཐོལ་ཐོལ་ཏུ་བྱུང་བ་དང་གཅིག སླར་ཡང་སྔར་གྱི་དངོས་པོ་ཕྱིར་རྡོལ་ཏེ་རྨ་དང་ཆུ་སེར་གྱི་ཟག་པས་ཆུ་བུར་རྡོལ་བ་དང་གཉིས། རྨའི་ཟུག་རྔུ་བསྲན་མི་ཚུགས་པའི་སྟོབས་ཀྱིས་ཁའི་སོ་གཉིས་འཐམ་པར་གྱུར་པས་སོ་འཐམ་འཐམ་པ་དང་གསུམ། འཁྱག་གྲང་གི་གདུང་བ་མི་བཟོད་པས་སྨྲེ་སྔགས་རྒྱུན་མི་འཆད་པར་འདོན་པས་ཨ་ཆུ་ཟེར་བ་དང་བཞི། ལུས་ཀྱི་ཕྱི་ནང་གཉིས་གྲང་ངར་བསྲན་མི་ནུས་པས་གདུང་བའི་སྐད་ངན་ཀྱེ་ཧུད་ཟེར་བ་དང་ལྔ། ལུས་གྲང་བས་འཁྱག་པ་ཁོ་ནར་སོང་བས་བཞི་ཚལ་དུ་ཨུཏྤལ་ལྟར་གས་པ་དང་དྲུག སླར་ཡང་པགས་པ་བརྒྱད་ཚལ་དུ་པདྨ་ལྟར་གས་པ་དང་བདུན། ལུས་དང་གྲང་བ་གཉིས་དབྱེར་མེད་དུ་གྱུར་པས་ཚལ་པ་བཅུ་དྲུག་དང་སུམ་ཅུ་རྩ་གཉིས་ལ་སོགས་པར་པདྨ་ལྟར་ཆེན་པོ་གས་པ་དང་བརྒྱད་དོ། །དེ་ལྟར་ཚལ་བ་མང་པོར་གས་པའི་ནང་དུ་སྲོག་ཆགས་མཆུ་རྣོན་པོ་ཅན་གྱིས་ཟ་ཞིང་སྡུག་བསྔལ་མི་བཟོད་པ་དང་བརྒྱད་དེ་གྲང་དམྱལ་བརྒྱད་དང་། སྔར་གྱི་ཚ་དམྱལ་བརྒྱད་དེ་བཅུ་དྲུག ཉེ་འཁོར་ལྷག་པའི་བྱེ་བྲག་གཅིག་ཏུ་བསྡོམ་པས་བཅུ་བདུན། གཞན་འཇིག་རྟེན་གྱི་ཁམས་མ་ངེས་པ་རྣམས་སུ། སྒོ་འབྱེད་གཅོད། ཀ་བ་སློང་འདེགས། ཐབ་ཁ་སྐོལ་འཚོད། ཐག་པ་སྒྲིམ་རྐྱོང་། རྫ་ཡི་ཕྲུ་བ། ཕྱགས་མ། གཏུན་ལ་སོགས་པ་དང་། དྲི་ཟའི་གྲོང་ཁྱེར་ལྟར་བདེ་སྡུག་ངེས་པ་དང་མ་ངེས་པ་དུ་མར་མྱོང་བའི་དམྱལ་བ་སྟེ་བཅོ་བརྒྱད་ཀྱི་རྣམ་གྲངས་དང་། གཉིས་པ་ཡི་དྭགས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་ཚུལ་ལ་ཁ་ཁབ་མིག་ཙམ་པ་ལ་མགྲིན་པ་རྟ་རྔ་ཙམ་དུ་ཉག་ཕྲ་བ་དང་། ལྟོ་བའམ་གསུས་པ་ཡུལ་ལྗོངས་ཙམ་པ། རྐང་ལག་འཇག་མ་ཙམ་གྱིས་མི་ཐེག་པ་དང་། བཟའ་བཏུང་ཤིན་ཏུ་རྙེད་པར་དཀའ་ཞིང་། གལ་ཏེ་ཅུང་ཟད་རྙེད་ཀྱང་ཁར་སླེབ་པ་ན་བྱེ་མ་མེ་དཔུང་ལྟར་ཚ་བས་གཞོབ་སྟེ་གློ་སྙིང་ནས་མེ་འབར་བས་ནང་གི་སྒྲིབ་པ་ཅན་ཞེས་བྱའོ། །ཡི་དྭགས་རེ་རེའི་ལུས་ལ་ཡི་དྭགས་མང་པོས་ཚང་བཅས་ནས་ལུས་ཀྱི་ནང་ནས་ཟ་བ་ལ་སོགས་པ་མྱོང་བ་ཕྱིའི་སྒྲིབ་པ་ཅན་དང་། འཇིག་རྟེན་ན་བཙན་དང་། རྒྱལ་པོ་ལ་སོགས་གནོད་སྦྱིན་མ་རུང་བའི་རིགས་གཞན་ལ་འཚེ་བ་ཅན་ལས་ཀྱི་རྫུ་འཕྲུལ་ཕྲན་བུ་དང་ལྡན་ཅིང་། སྲོག་གཅོད་ཀྱི་གཤེད་མ་ངན་པ་དང་བསྡོང་ནས་སྲོག་འཆད་པའི་ཚོར་བ་མི་བཟོད་པ་སྔར་མྱོང་བའི་དུས་མཚམས་དེ་ཀ་ཕྱིས་ནམ་སླེབ་པ་ན་དེ་རེ་རེ་མྱོང་ཞིང་། དེ་ཚེ་དེ་ཉིད་གཞན་ལ་སྤོ་བའི་བསམ་ངན་གྱི་སྦྱོར་བ་གློ་བུར་དུ་ཕ་རོལ་པོ་ལ་འབྱུང་བ་ཡིན། སྤྱིར་དབྱར་དང་དགུན་གཉིས་དུས་ཚིགས་གོ་ལྡོག་པ་དང་། ཉི་མས་གྲང་། ཟླ་བས་ཚ། རི་བོ་རྒྱུག་པ། ཆུ་ཀླུང་སྐམ་པ་ལ་སོགས་ཕྱིན་ཅི་ལོག་བཞིའི་སྣང་བ་འཆར་བའོ།། གསུམ་པ་དུད་འགྲོར་སྐྱེས་ན་མི་ལ་བརྟེན་པའི་དུད་འགྲོ་རྣམས་ནི་བཀོལ་སྤྱོད་ཏེ། རྩྭ་དང་ཆུའི་བསྒོ་སྐལ་ཙམ་གཏད་ནས་སྣ་འབིག་པ་དང་། བྱ་གཅོད་པ་དང་། གསོན་ཁྲག་འབྱིན་པ་དང་། གསོད་པ་དང་། སྤུ་འབྲེག་པ། ཁལ་འགེལ་བ། ཞོན་པ་ལ་སོགས་པའི་སྒོ་ནས་སྡུག་བསྔལ་བར་བྱེད་པ་དང་། ཁ་འཐོར་བའི་རིགས་རི་དྭགས་རྣམས་ལས་གཅན་གཟན་ཕལ་ཆེར་དང་། བྱ་རིགས་འགས་ནི་གཅིག་ལ་གཅིག་ཟ་ཞིང་། ཤ་བ་དང་། རྣ་བ་ལ་སོགས་པ་རྣམས་སྤུ་དང་པགས་པ། རྭ་ཅོ་དང་གླ་རྩི་ལ་སོགས་པ་རང་ཉིད་ཀྱི་སྲོག་གཅོད་པའི་རྐྱེན་རང་ལས་བྱུང་བའི་རྒྱུས་སྡུག་བསྔལ་བ་དང་། བྱིང་ན་གནས་པ་དག་ཆེན་པོས་ཆུང་ངུ་ཁྱུར་མིད་དང་། ཆུང་ངུས་ཆེན་པོའི་ལུས་ལ་ཚང་བཅའ་ཞིང་འབིགས་པ་ལ་སོགས་མདོར་ན་ངན་སོང་གསུམ་པོ་འདིར་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་སེམས་ཀྱིས་དཔག་དཀའ་ཞིང་སོ་སོའི་ལས་ཀྱི་ཚུལ་ཡང་མཐའ་གཅིག་ཏུ་མ་ངེས་པས་མཐའ་ཡས་པ་ཞིག་འཚལ་བས་ངན་འགྲོའི་སྲིད་པ་ཞེས་བྱའོ། །གནས་རིས་དེ་གསུམ་ལ་ལྟོས་ན་ཅུང་ཟད་བདེ་བར་གྱུར་བའི་འགྲོ་བ་མཐོ་རིས་ཀྱི་གནས་རིས་གསུམ་ན་ཡང་ལྷ་མ་ཡིན་པ་རྣམས་ནི་སུམ་ཅུ་རྩ་གསུམ་གྱི་ལྷའི་བདེ་སྐྱིད་ཀྱི་དཔལ་འབྱོར་ལ་རང་བཞིན་གྱིས་སྡང་བ་ཕྲག་དོག་གིས་མི་བཟོད་པས་རྒྱུ་མཚན་དེས་ན་གཡུལ་དང་འཁྲུགས་པས་འཐབ་ཅིང་རྩོད་པས་ཡིད་མི་དལ་བར་གདུང་བ་དང་། གོང་མ་ལྷ་རྣམས་ཀྱི་མཚོན་ཆ་ལྷ་མིན་གྱི་གནད་དུ་ཕོག་ན་འཆི་བར་འགྱུར་པ་སོགས། མདོར་ན་ལྷ་མིན་འདི་ལ་འབྱོར་བ། ཚེ་རིང་། གདུག་རྩུབ་པ་ལ་སོགས་རིགས་རྣམ་པ་དྲུག་པོ་གང་ཡང་སྡུག་བསྔལ་བའོ། །གལ་ཏེ་མིའི་ལུས་རྟེན་ཐོབ་པར་གྱུར་ན་ཡང་རྩ་བའི་སྡུག་བསྔལ་ཆེན་པོ་བཞི་སྟེ། མ་ཡི་མངལ་ལས་སྐྱེ་བའི་དུས་ཀྱི་དོ་ཤི་དོ་ཆད་ཀྱི་ཚོར་བ་མྱོང་བ་དང་། འབྱུང་བཞིའི་སྒྱུ་ལུས་ན་ཚོད་ཡོལ་བས་རྒས་ཤིང་བཀྲག་མདངས་དང་སྟོབས་ནུས་རྒུད་པ་དང་། སྔོན་ལས་གློ་བུར་འཕྲལ་རྐྱེན་གྱིས་བསླངས་ཏེ་ལུས་ཀྱི་ཕྱི་ནང་གང་རུང་རླུང་མཁྲིས་པ། བད་ཀན་དང་འདུ་བ་ལ་སོགས་པ་ན་བའི་བྱེ་བྲག་དང་། ལྷག་པར་དུ་སེམས་ཅན་སྤྱི་མཐུན་ནམ་མིའི་འཇིག་རྟེན་ན་འཆི་བའི་སྡུག་བསྔལ་གནད་གཅོད་ཀྱི་ཚོར་བ་དྲག་པོ་ཉམས་སུ་མྱོང་བ་དང་། ཁྱད་པར་སྡིག་ཆེན་གྱི་རིགས་འཆི་ཁར་འགྱོད་པས་གདུང་བའམ་སྲོག་གཅོད་གྱི་གཤེད་མས་གཤིན་པོའི་བླ་བརླབས་ཏེ་གསོན་པོར་གནོད་འཚེས་རང་གཞན་གཉིས་བརླག་པའི་སྡུག་བསྔལ་བ་སོགས་རྩ་བ་བཞི་དང་། དགྲ་སྡང་བ་དང་འཕྲད་པ། གཉེན་བྱམས་པ་དང་འབྲལ་བ། ཡོད་པ་འཚོ་སྐྱོང་མི་ཐུབ་པ། མེད་པ་བཙལ་ཀྱང་མི་རྙེད་པ་ལ་སོགས་ཡན་ལག་གི་སྡུག་བསྔལ་བརྒྱད་བཅས་མྱོང་དགོས་པ་དང་། མཐོ་རིས་ཀྱི་རིགས་བཟང་ཤོས་ལྷར་སྐྱེས་ནའང་། ཇི་ལྟར་འཚོ་བའི་ཚེ་ཡི་ཡུན་ལ་སྒོ་གསུམ་བག་མེད་པར་གྱུར་ཏེ་འདོད་སྲེད་ཀྱི་འཆིང་བ་དམ་པོས་དཀྲིས་བཞིན་ལེ་ལོར་གཡེང་བས་བསོད་ནམས་ཀྱི་ལས་གསར་དུ་བསོག་པ་དང་བྲལ་ལ་མཐར་འཆི་འཕོ་བ་ན་མི་ལས་ཀྱང་ཁྱད་པར་དུ་གྱུར་པའི་འཆི་འཕོའི་སྡུག་བསྔལ་རྣམ་པ་བདུན་དང་། ཕྱི་མར་གར་སྐྱེས་ཀྱི་རང་བཞིན་ཤེས་པ་རྣམས་ལྷ་ཡུལ་སོ་སོའི་ཞག་བདུན་བདུན་དུ་མྱོང་དགོས་པའོ། །དེ་ལྟར་ཡང་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་སོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱང་བ།

གཉིས་པ་ཐུན་གྱི་སྔོན་འགྲོས་བློ་སྦྱང་བ་ནི། བདེ་བའི་སྟན་ལ་ལུས་དལ་སེམས་ཁོང་ལྷོད་པ་ལ་སོགས་པ་ཁྲིད་རྐང་སྔ་མ་རྣམས་དང་མཚུངས་པར་བྱས་ལ། བློ་སྦྱོང་གི་ངོ་བོ་ནི། ཇི་སྐད་དུ། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཅེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་འགྲོ་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པས། དམྱལ་བ་ཚ་གྲང་གིས་མཚོན་ཏེ། ངན་སོང་གསུམ་པོའི་མཚན་ཉིད་རྣམས་སོ་སོར་མ་འདྲེས་པ་ཁྲིད་དུ་ཇི་ལྟར་གསུངས་པ་རྣམས་རེ་རེ་ནས་དངོས་སུ་རང་ལ་སྨིན་ཡོད་པ་ལྟར་དང་དུ་བླང་སྟེ་བསྒོམ། ངན་སོང་གི་སྡུག་བསྔལ་རྣམས་མྱོང་བ་ཐོན་ངེས་སུ་བསྒོམ་པས་ཡིད་འཁུལ་ལ། གནས་གང་དུ་བསམ་ཡང་། ལས་ཅི་ལ་སྤྱོད་ཀྱང་། གྲོགས་སུ་དང་འགྲོགས་ཀྱང་། མདོར་ན་ཉོན་མོངས་པའི་ལམ་དང་། ལས་ཀྱི་ལམ་དང་། རྣམ་པར་སྨིན་པའི་ལམ་དང་གསུམ་གྱི་དབང་གིས་འཁོར་བ་ན་གནས་པའི་གནས་སྐབས་དག རྣམ་སྨིན་གྱི་ཆ་ནས་མེ་ཡི་འོབས་དང་མཚུངས་ལ། ལས་ཀྱི་ཆ་ནས་རེག་ན་མ་རུང་བས་དུག་སྦྲུལ་གྱི་ཚང་དང་འདྲ་བ། ཉོན་མོངས་པའི་ཆ་ནས་སྐྱོན་གྱིས་གོས་ཤིང་བསླད་པས་མི་གཙང་བའི་འདམ་ལྟར་དུ་ཤེས་ཤིང་རྒྱུ་མཚན་མཐོང་ནས་དེའི་དབང་གིས་འབྲས་བུ་འཁོར་བ་ལ་ཆགས་ཤིང་ཞེན་པའི་བློ་ལྡོག་སྟེ། དཔེར་ན་དུག་ནད་བྱུང་ཟིན་པའི་སྐྱེས་བུས་ཕྱིན་ཆད་དུག་གི་དངོས་པོ་ལ་འཛེམ་བག་བྱེད་པ་ལྟར་འཁོར་བའི་སྡུག་བསྔལ་དེའི་རྒྱུ་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་ཉེ་ཉོན་དང་བཅས་པ་ལས་ངན་སློང་བྱེད་ཀྱི་རྒྱུ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཐམས་ཅད་དང་། འབྲས་བུ་འཁྲུལ་སྣང་གི་དངོས་པོ་ལ་ཞེན་ཅིང་ཆགས་པའི་སྲེད་པ་དང་ཉེར་ལེན་ལས་ལྡོག་པར་བྱ་སྙམ་པས་དམ་པའི་ཆོས་ལ་དོན་གཉེར་གྱི་འདུན་པ་ཡང་ནས་ཡང་དུ་བསྐྱེད་པར་བྱས་ལ་རྗེས་སུ་དགེ་བ་གཞན་གྱི་ཕྱིར་བསྔོ་བ་གོང་མ་རྣམས་ཀྱི་སྐབས་དང་འདྲའོ། །ཁྲིད་རྐང་བཞི་བ་སོང་།

ཐར་བའི་ཕན་ཡོན།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

ད་ནི་དགེ་བའི་ཕན་ཡོན་མཐོང་ནས་དེ་ལ་འཇུག་འདོད་ཀྱི་བྲོད་པ་བསྐྱེད་པ་ཐར་བའི་ཕན་ཡོན་བསྟན་པ་ལ་གཉིས། ཁྲིད་ཀྱི་སྔོན་འགྲོ་དང་། ཐུན་གྱི་སྔོན་འགྲོ་གཉིས། དང་པོ་ནི། འདི་ལྟར་གཞི་ལུས་ངག་ཡིད་གསུམ་གྱིས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཟག་བཅས་ཀྱི་དགེ་བ་དེ་ལས་དང་པོ་ལུས་ཀྱི་ལས་སུ་གཞན་གྱི་སྲོག་སྐྱོབ་པ། སྦྱིན་པ་གཏོང་བ། དཀའ་ཐུབ་ཀྱི་སྡོམ་པ་སྲུང་བ་དང་གསུམ། གཉིས་པ་ངག་གི་ལས་སུ་བདེན་པར་སྨྲ་བ། འཁོན་པ་སྡུམ་པ། འཇམ་པོར་སྨྲ་བ། ཆོས་ལྡན་གྱི་གཏམ་སྨྲ་བ་དང་བཞི། ཡིད་ཀྱི་ལས་སུ་ཆོག་ཤེས་ཆེ་བ། ཕན་འདོགས་ཀྱི་བསམ་པ། རྒྱུ་འབྲས་ལ་ཡིད་ཆེས་ཏེ་དཀར་པོ་ལེགས་བྱས་ཀྱི་ལམ་བཅུ་བོ་དང་། གཞན་དུ་ལྷ་སྒོམ་པ། སྔགས་བཟླ་བ། ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་སོགས་ཚུལ་བཞིན་དུ་དང་དུ་བླང་ནས་བརྩོན་པས་འབྲས་བུ་ཡང་སྲིད་ཕྱི་མའི་བདེ་དོན་འདོད་པ་ན་སྤྱོད་པའི་གནས་རིས་ཀྱི་བྱེ་བྲག་རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་ལྷ་གནས་དྲུག་དང་། འཛམ་བུའི་གླིང་ལ་སོགས་པ་མི་ཡི་འགྲོ་བ་བདུན་ཏེ་མངོན་མཐོའི་རྟེན་ཅན་དང་། སྔར་གྱི་མི་དགེ་བཅུ་སྤོང་གཞིར་བཞག་ལ་རྒྱུ་མི་གཡོ་བ་སྙོམ་འཇུག་གིས་བསྐྱེད་པའི་འབྲས་བུ་སྐྱེ་བའི་བསམ་གཏན་གྱི་ལྷ་གནས་གཟུགས་ཁམས་གནས་རིས་བཅུ་བདུན་དང་། དེ་ལས་ཀྱང་ཕྲ་བ་ཡིད་ཀྱི་ལས་ཞེན་པའི་ཆ་དང་བཅས་པའི་ཏིང་ངེ་འཛིན་གྱིས་བསྐྱེད་པའི་གཟུགས་མེད་སྐྱེ་མཆེད་མུ་བཞི་ལ་སོགས་སྲིད་པ་ན་གནས་སྐབས་ཀྱི་བདེ་བ་དང་། ཟས་གོས་དང་གནས་ཀྱིས་མཚོན་ལོངས་སྤྱོད་ཀྱི་འབྱོར་བ་གང་ཇི་སྙེད་པ་ཐམས་ཅད་དེ་དག་ཏུ་ཟག་བཅས་ཀྱི་དགེ་བའི་ལས་ཀྱི་འབྲས་བུ་ཡིན་པར་ཡིད་ཆེས་ཀྱིས་འདུལ་བ་ལུང་དང་། དྲན་པ་ཉེར་བཞག ལས་བརྒྱ་བ་ལ་སོགས་པ་ནས་གསུངས་པ་ལ་ངེས་ཤེས་སྐྱེ་ངེས་ཐག་ཆོད་པར་ཉམས་སུ་བླང་ངོ་།།

ཐུན་གྱི་སྔོན་འགྲོས་བློ་སྦྱང་བ།

གཉིས་པ་ཐུན་གྱི་སྔོན་འགྲོ་ནི། བདེ་བའི་སྟན་ལ་ལུས་སེམས་ཁོང་ལྷོད་པ་ལ་སོགས་པ་ཁྲིད་རྐང་སྔ་མ་རྣམས་དང་མཚུངས་པར་བྱས་ལ། བློ་སྦྱོང་གི་ཚུལ་ནི། དེ་ལྟར་འཇིག་རྟེན་ཟག་བཅས་ཀྱི་དགེ་བས་མངོན་མཐོའི་ཡོན་ཏན་ཐོབ་ཚུལ་ལ་ཡིད་ཆེས་པ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གུས་པ་གཞིར་བཞག་གི་སྟེང་ད་རེས་རང་རེ་རྟེན་མི་ལུས་རིན་ཆེན་ཐོབ། རྒྱུ་བདེ་གཤེགས་སྙིང་པོ་མཇལ། རྐྱེན་དགེ་བའི་བཤེས་གཉེན་གྱིས་ཟིན་ཏེ་ཐེག་པ་ཆེན་པོ་བླ་ན་མེད་པའི་ཆོས་སྒོར་ལེགས་པར་ཞུགས་པའི་སྐབས་འདིར་ཐོག་མ་མེད་པའི་དུས་ཀྱི་བདག་དོན་ཏུ་ཞེན་པའི་བག་ཆགས་ཀྱི་དངོས་གཉེན་ཐར་བའི་ཕན་ཡོན་ལ་བྱང་ཆུབ་ཆེ་འབྲིང་ཆུང་གསུམ་གྱི་ལམ་འབྲས་བུ་དང་བཅས་པའི་ཐོབ་བྱ་ཐོབ་བྱེད་ལ་ཡིད་ཆེས་མཆོག་ཏུ་བསྐྱེད་ནས། དེ་ལས་ཀྱང་ལྟ་བ་དང་། ཉོན་མོངས་དང་། འཛིན་པའི་ཟག་པ་གསུམ་མེད་པ་ལམ་འཕགས་པའི་ཡེ་ཤེས་རང་རྒྱུད་ལ་མྱུར་དུ་སྐྱེ་བའི་ཉེ་རྒྱུ་གང་ཟག་དང་ཆོས་ཀྱི་བདག་མེད་རྣམས་གཅིག་དང་། ཕྱེད་དང་། གཉིས་རྟོགས་པའི་ལམ་བདེན་པ་བཞི་ལ་འཇུག་ལྡོག་མ་ནོར་བར་བསྒྲུབ་པའི་ཉན་ཐོས་དང་། རང་རྒྱལ་རྣམས་ཀྱི་བྱང་ཆུབ་དང་། དེ་དག་ཐོབ་ཀྱང་གཞན་དོན་མཁའ་ཁྱབ་དུ་འབྱུང་བའི་སངས་རྒྱས་ཀྱི་རྣམ་མཁྱེན་གངས་ཆེན་མཚོ་དང་མཉམ་པའི་གོ་འཕང་ལས་ཆེས་ཆེར་ཉམས་པ་ཞི་བ་ཕྱོགས་གཅིག་ཏུ་ཞེན་པའི་རང་དོན་གོམས་པའི་བློ་མངོན་སུམ་དུ་ལྡོག་ལ་གཞན་དོན་ཁོ་ནར་གཞོལ་བའི་བྱམས་སྙིང་རྗེ་ཁྱད་པར་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཀུན་ནས་བསླང་སྟེ། འབྲས་བུ་མཐའ་གཉིས་ལ་མི་གནས་པའི་མྱང་འདས་བྱང་ཆུབ་ཆེན་པོའི་གོ་འཕང་དམ་པ་ལས་ཉོན་གྱི་ཟུག་རྔུ་བྲལ་བས་ཞི་བ། སྡུག་བསྔལ་གསུམ་གྱི་གདུང་བ་མེད་པས་བདེ་བ། ཐར་བའི་ཡོན་ཏན་རྫོགས་པས་བསིལ་བ། འབྲས་བུ་མི་འགྱུར་བ་ངེས་པར་ལེགས་པའི་རང་བཞིན་ཅན་དེ་ཉིད། ད་ལྟ་རྟེན་འདིར་མངོན་སུམ་དུ་ཐོབ་པའི་ཕྱིར་ཐོབ་བྱེད་ཀྱི་ལམ་མ་ནོར་བ་དགེ་རྩ་ཐབས་ཀྱིས་ཟིན་པ་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་རྩ་རྐྱེན་གྱིས་མི་ཤིག་པ་དངོས་གཞི་དམིགས་མེད་དམ་པ། དགེ་རྩ་ཆུད་མི་ཟ་བ་རྗེས་བསྔོ་བ་དམ་པ་གསུམ་གྱིས་ཟིན་ངེས་པར་ཐར་བའི་ལམ་ལ་རང་དོན་དུ་ཞེན་པའི་ལེ་ལོ་སྤང་སྟེ་གཞན་དོན་འབའ་ཞིག་པ་ཡང་དག་པར་བསྒྲུབ་པའི་བརྩོན་འགྲུས་བརྩམས་པར་བྱས་ལ་ཡང་ཡང་དམ་བཅའ་ཞིང་རྗེས་བསྔོ་བ་བྱའོ།། ཁྲིད་རྐང་ལྔ་བ་སོང་།

ཆོས་ལམ་དུ་འགྲོ་བའི་ཐབས།

ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

སྐྱབས་ཡུལ་གསལ་གདབ་པ།

ཆོས་ལམ་དུ་འགྲོ་བའི་ཐབས་ལ་གསུམ། ཐར་བའི་ཕན་ཡོན་བསྟན་པ། ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ། ལམ་གྱི་ངོ་བོ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསུམ། དང་པོ་ནི་གོང་དུ་སོང་། གཉིས་པ་ལ་གཉིས། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་དང་གཉིས། དང་པོ་ནི་སྐྱབས་ཡུལ་གསལ་གདབ་པའི་རིམ་པ་སྟེ། ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་ཐོག་དྲངས་ནས་ས་ཕྱོགས་ཐམས་ཅད་དག་པ་རབ་འབྱམས་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་སྣོད་བཅུད་ཀྱི་བཀོད་པ་ཤིན་ཏུ་ངོ་མཚར་བའི་རང་བཞིན་ས་གཞི་དང་། ལྗོན་ཤིང་པདྨོ་དང་། ཆུ་ཀླུང་ལ་སོགས་པས་རྣམ་པར་བརྒྱན་པ། དོན་ལ་འཕགས་པའི་ཟག་མེད་ཀྱི་དགེ་རྩ་རྨད་དུ་བྱུང་བ་ལས་བྱུང་བའི་རང་སྣང་ཡེ་ཤེས་ཀྱི་རོལ་པ་རྣམ་པར་དག་པའི་ཞིང་ཁམས་ཕྱོགས་ཀུན་ཏུ་མཐའ་ཡས་པས་ས་ཁྱོན་ཆེ་ཆུང་གི་རྒྱ་ཆད་དང་། ཤར་ལྷོ་ལ་སོགས་པའི་ངེས་བཟུང་གི་ཕྱོགས་ལྷུང་ལ་སོགས་དངོས་པོ་མཐར་འཛིན་གྱི་ཡུལ་ཀུན་དང་བྲལ་བ། ཆོས་ཀྱི་དབྱིངས་འབྱམས་ཀླས་པར་གྱུར་པའི་དབུས་སུ་རང་གི་མདུན་གྱི་ནམ་མཁར་རིན་པོ་ཆེ་རྣམ་པ་དུ་མ་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་པའི་ཤིང་ཕྱོགས་བཞི་དབུས་དང་ལྔར་གྱེས་པའི་ཡལ་ག་ལྔ་བ། དབྱིབས་མི་འདྲ་བ་མང་པོའི་ལོ་མ་དང་། རྣམ་པ་སྣ་ཚོགས་པའི་འདབ་མ་དང་། ཁ་དོག་སྣ་ཚོགས་པའི་མེ་ཏོག་གི་རྒྱན་དང་། ལྷ་དང་མི་ཡི་ཁ་དོག་དུ་མ་དང་། དྲི་རབ་ཏུ་ཞིམ་པོ་དང་ལྡན་པའི་བསུང་ངད་ལྡང་ཞིང་། རྒུན་འབྲུམ་སྟར་ག་སེའུ་འབྲུ་ཁམ་བུ་རྣམས་ཀྱིས་མཚོན་སྣུམ་ཞིང་མངར་བའི་རོ་དང་ལྡན་པའི་འབྲས་བུ་ལ་སོགས་རིན་པོ་ཆེའི་ལྗོན་ཤིང་གི་བཀོད་པ་མ་ཚང་བ་མེད་པས་ཕུན་སུམ་ཚོགས་པ། དེའི་དབུས་སུ་ཡོད་པའི་ཡལ་ག་དཔང་མཐོན་པོར་རྒྱས་པའི་རྩེ་མོར་སེང་གེ་དཀར་མོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེ་མཛོད་མིག་བདུན་ལྡན་གྱི་ཁྲི་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་ཟེའུ་འབྲུ་དང་བཅས་པའི་སྟེང་། ཉི་མ་དང་ཟླ་བའི་དཀྱིལ་འཁོར་སྟེང་འོག་རིམ་པར་བརྩེགས་པའི་སྟེང་ངོ་བོ་རང་གི་རྩ་བའི་བླ་མ་ཨོ་རྒྱན་ལུང་རིག་གླིང་པ་དངོས་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པ། རྣམ་པ་རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་སློབ་དཔོན་ཆེན་པོ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ། གདུལ་བྱ་གཞན་སྣང་དུ་བསྟན་པ་སྤྲུལ་སྐུའི་ཆ་ལུགས་ཅན། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཅུང་ཟད་ཁྲོ་འཛུམ་ཞི་བའི་ཉམས་ཅན། རྣམ་སྨིན་དང་ཚེ་དབང་། ལྷུན་གྲུབ་དང་ཕྱག་ཆེན་བཞིའི་སྤང་རྟོགས་ཀྱི་ཡེ་ཤེས་རྩལ་རྫོགས་པ། སྐུ་ལ་མཚན་བཟང་དང་དཔེ་བྱད་ཀྱི་ཡོན་ཏན་མ་ཚང་བ་མེད་པས་བརྒྱན་པ་གསལ་རྫོགས་སུ་བསྒོམ། དེའི་མཐའ་སྐོར་དུ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བརྒྱུད་པ་གསུམ་གྱི་རིག་འཛིན་བླ་མ་མ་ལུས་ཤིང་ལུས་པ་མེད་པ་རྒྱ་མཚོ་སྤྲིན་གྱི་ཕུང་པོ་ལྟར་ལྷན་ཅིག་ཏུ་ཚོགས་པ་དང་བཅས་པ་ཁྲོམ་ཚོགས་སུ་བཞུགས་པར་མོས། མདུན་དུ་ཡལ་ག་མཛེས་ཤིང་ཡིད་དུ་འོང་བའི་རྩེར་ཡི་དམ་ལྷག་པའི་ལྷ་ཞི་བ་དང་ཁྲོ་བོ། ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན་འདི་ལྟར་ཀྲི་ཡ་ཨུ་པ་ཡོ་ག་བླ་མེད་དེ་རྒྱུད་སྡེ་བཞིའམ། ཕྱི་རྒྱུད་ཀྲི་ཡོག་སྡེ་གསུམ་དང་། ནང་རྒྱུད་མ་ཧཱ། ཨ་ནུ། ཨ་ཏི་སྟེ་རྣལ་འབྱོར་བླ་མེད་སྡེ་གསུམ་སྟེ་དྲུག་གི་ལྷ་ཚོགས་མ་ཚང་བ་མེད་པ་རྣམས་དང་། གཡས་ཀྱི་ཡལ་ག་ཀུན་ནས་རྒྱས་པའི་རྩེར། བསྟན་པའི་བདག་པོ་སངས་རྒྱས་ཤཀྱཱ་ཐུབ་པ་ལ། མར་མེ་མཛད་དང་། བྱམས་པ་མགོན་པོ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་གྲངས་མེད་པས་བསྐོར་བ་དང་། གཡོན་དུ་ཡལ་ག་ལྷུན་འཐུག་པོར་སྤུང་པའི་རྩེ་མོར་སློབ་པའི་ལམ་ཟུང་བཞིའི་རྒྱུན་དུ་ཞུགས་པ་གནས་པ་གཉིས། ལན་ཅིག་ཕྱིར་འོང་ཞུགས་པ་གནས་པ་གཉིས། ཕྱིར་མི་འོང་ཞུགས་པ་གནས་པ་གཉིས། དགྲ་བཅོམ་ཞུགས་པ་དང་། དེའི་འབྲས་བུར་གནས་པ་བརྒྱད་ཀྱི་ཉན་ཐོས་དང་རང་རྒྱལ་དགྲ་བཅོམ་པའི་དགེ་སློང་རྣམས་ངུར་སྨྲིག་གདིང་བའི་གདན་ལ་བཞུགས་པ་དང་། ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་སྡེ་རྣམས་མེ་ཏོག་གི་ཚལ་བཀྲ་བ་ལྟར་བཞུགས་པ་དང་། རྒྱབ་ཏུ་རིན་པོ་ཆེའི་ལྗོན་ཤིང་དྲྭ་མིག་གི་རྣམ་པར་འཁྱིལ་བའི་ནང་ཁོངས་སུ་ལུང་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དམ་པའི་ཆོས་དཀོན་མཆོག རྣམ་པ་ཡི་གེ་གླེགས་བམ་པུསྟི་ཀའི་ཚུལ་དུ་མེར་ཁྲིག་གེར་གོ་མཚམས་མེད་པར་གཏམས་པ་དང་། དེ་དག་གི་མཐའ་སྐོར་ཀུན་ཏུ་ཡུལ་ཉེར་བཞི། གནས་སོ་གཉིས། དུར་ཁྲོད་བརྒྱད་དེ་མདོར་ན་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་ལེགས་ཉེས་ཀྱི་སྟངས་གཅོད་པའི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད། མདོར་ན་ཡེ་ཤེས་དང་འཇིག་རྟེན་གྱི་དམ་ཅན་མ་ལུས་པ་རྣམས་དཔེར་ན་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་མངོན་སུམ་དུ་དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། བརྩེ་བའི་ཐུགས་ཀྱིས་དགོངས་ཏེ་བདག་གཞན་རྣམས་ཀྱི་སྐྱབས་དང་སྐྱོབས་པ། མགོན་དང་དཔུང་གཉེན་དམ་པར་བཞུགས་པར་གསལ་བཏབ་སྟེ་དམིགས་པ་ནི་སྐྱབས་ཡུལ་ཚོགས་ཞིང་གསལ་གདབ་པའི་རིམ་པ་ཡིན་ནོ།།

སྐྱབས་སུ་འགྲོ་བ་དངོས།

གཉིས་པ་སྐྱབས་སུ་འགྲོ་བ་དངོས་ནི། སྤྱིར་ནང་པ་སངས་རྒྱས་པའི་ཁྱད་ཆོས་ནི་དཀོན་མཆོག་གསུམ་སྐྱབས་གནས་སུ་འཛིན་པས་བྱེད་པ་ཡིན་ཏེ། དཔལ་ལྡན་ཇོ་བོ་རྗེས། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །དཀོན་མཆོག་སྐྱབས་འཛིན་ནང་པའི་སྲོལ། །ཅེས་གསུངས་པ་དང་། དེ་ལས་ལམ་ལྷག་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་བསྲུང་སྡོམ་གྱི་ཉམས་ལེན་དག་ཀྱང་དཀོན་མཆོག་གསུམ་སྐྱབས་གནས་སུ་གནས་སྐབས་དང་མཐར་ཐུག་གི་བར་དུ་འཛིན་པ་ལ་བརྟེན་ནས་འཇུག་པར་གསུངས་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་བཞིན་སྐྱབས་སུ་འགྲོ་བ་ལ་རྒྱུའི་དུས་ཀྱི་ཀུན་སློང་ལུང་མ་བསྟན་གྱི་ཆ་རྣམ་པར་སྤང་ནས་སྐྱབས་འགྲོ་མཚན་ཉིད་ཚང་བ་ཅན་དེ་ནང་པའི་གྲུབ་མཐའི་དོན་པོ་ངེས་པ་ཡིན་པས་ན། མཚན་ཉིད་ལ་རྒྱུ་དང་། ངོ་བོ། བྱེད་ལས་གསུམ་ཚང་བ་འཇོག་པ་ཡིན་ཏེ། དང་པོ་རྒྱུ་ཡི་མཚན་ཉིད་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། འཇིགས་པ་གསུམ་གྱི་ཆུ་གཏེར་འཁྲུགས་པ་ལས། །སྐྱབས་སུ་འོས་པར་ཡིད་ཆེས་སྲོག་བརྟན་པ། །དཀོན་མཆོག་གསུམ་གྱི་གྲགས་པའི་གདུགས་དཀར་ནི། །བསྟན་ལ་འཇུག་པའི་ཐོག་མ་ཉིད་དུ་འཛིན། །ཅེས་གསུངས་པས་འཇིགས་པ་ལ་གསུམ་སྟེ། སྤྱིར་འཁོར་བ་སྡུག་བསྔལ་གྱི་འཇིགས་པ། སྒོས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་དགོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་དང་གསུམ་པོ་ལ་བརྟག་ཅིང་དཔྱད་ན་མྱ་ངན་འབའ་ཞིག་མ་གཏོགས་བདེ་བ་ཅུང་ཟད་ཙམ་ཡང་མེད་པའི་ཚུལ་ཤེས་ཤིང་མཐོང་བར་བྱས་ནས། ཀྱཻ་མ་ཞེས་མྱ་ངན་གྱི་སྨྲེ་སྔགས་བཏོན་ལ། འདི་ལྟར་འཇིགས་པ་གསུམ་པོ་ལས། སྤྱིར་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་ནི། རྩ་བ་སྐྱེ་འཆི་གཉིས་དང་། དེ་སྐྱེད་པར་བྱེད་པ་དགེ་མི་དགེ་མི་གཡོ་བའི་ལས་དང་བཅས་པ་དང་། ཀུན་ནས་ཉོན་མོངས་པའི་སེམས་དང་སེམས་བྱུང་ཐམས་ཅད་ནི་དཔེར་ན་དགྲ་ལྟ་བུ་སྟེ། ཐར་བའི་ལམ་རང་རྒྱུད་ལ་ཐོབ་པའི་ཐབས་རྣམས་བཅོམ་ཤིང་འཕྲོག་པར་བྱེད་པ་ཡིན། སྒོས་རང་དོན་ཡིད་བྱེད་ཀྱི་འཇིགས་པ་ནི། རང་དོན་ཡིད་བྱེད་ཀྱི་བསམ་པས་གཞན་ཕན་དོན་གཉེར་གྱི་བསམ་པ་དང་། རྒྱུ་བྱམས་སྙིང་རྗེ་དང་བྲལ་བའི་དབང་གིས་གང་ཟག་གི་བདག་མེད་མཐོང་བ་གཙོ་བོར་གྱུར་བའི་སྟོང་པ་ཉིད་འབའ་ཞིག་ལ་གོལ་བས་རྣམ་མཁྱེན་རྫོགས་བྱང་གི་ཡོན་ཏན་ཚད་མེད་པ་ལས་ཉམས་པའི་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ནི། དཔེར་ན་གཡང་ས་ཆེན་པོ་ལྟ་བུ་སྟེ་འབྲས་བུ་སངས་རྒྱས་ཀྱི་ཡོན་ཏན་མི་ཟད་པའི་གོ་འཕང་ལས་དུས་ཤིན་ཏུ་རིང་པོའི་བར་དུ་ཕྱིར་ལྡོག་སྟེ་ཉམས་དམའ་བར་གནས་དགོས་པ་ཡིན། ཉིང་དགོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་ནི། གནས་སྐབས་ལམ་གྱི་མི་མཐུན་ཕྱོགས་རྒྱུ་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླང་བའི་ཡིད་ལ་གང་སྣང་ཚད་དག་དངོས་པོའི་བདེན་ཞེན་གྱི་འཆིང་བ་དམ་པོས་ཐ་མལ་འཁྲུལ་འཛིན་གྱི་ངན་རྟོག་ལས་ནམ་ཡང་ལྡང་མི་ནུས་པ་ནི། དཔེར་ན་དུག་ལྟ་བུ་སྟེ། རང་རྒྱུད་དགེ་བའི་ལམ་ལ་སྦྱོར་བའི་སྤྱོད་པ་དང་བྲལ་ཞིང་ལུས་ངག་མི་དགེ་བའི་བྱ་བ་ཐ་ཆད་དུ་ལུས་པས་འཕྲལ་ཕུག་ཀུན་ཏུ་ཡོངས་སུ་འཇོམས་པར་བྱེད་པ་ཡིན། དེ་ལྟར་ཤིན་ཏུ་ནས་ཀྱང་རྣམ་པ་བཟོད་པར་དཀའ་ཞིང་མཚན་ཉིད་འཇིགས་པའི་སྐྲག་པ་ཆེན་པོ་སྐྱེས་སུ་རུང་བ་འཁོར་བའི་རྣམ་སྨིན་གྱི་སྡུག་བསྔལ་ལས་ཐར་བར་འདོད་པའི་འདུན་པ་ཤུགས་དྲག་ཏུ་རང་རྒྱུད་ལ་ཡང་ཡང་བསྐྱེད་པ་ནི་སྐྱབས་སུ་འགྲོ་བའི་རྒྱུ་མཚན་མེད་ན་མི་འབྱུང་བ་ཡིན། སྤྱིར་ཐར་བའི་ལམ་གྱི་ཉེ་རྒྱུ་ངེས་འབྱུང་གི་བསམ་པའི་ངོ་བོའང་འདི་ཉིད་ཡིན་ནོ།། གཉིས་པ་ངོ་བོའི་མཚན་ཉིད་ནི། མགོན་པོ་བྱམས་པས། དམ་པའི་དོན་ཏུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པས། སྐྱབས་ཡུལ་གྱི་ཡོན་ཏན་གཞན་རྒྱུད་ལ་ད་ལྟ་གྲུབ་སྟེ་བྱོན་ཟིན་པ་རྣམས་རྒྱུའི་སྐྱབས་འགྲོའི་ངོ་བོ་དང་། ཡོན་ཏན་དེ་ཉིད་མ་འོངས་པ་ན་རང་རྒྱུད་ལ་འགྲུབ་པར་བྱས་པ་འབྲས་བུའི་སྐྱབས་འགྲོའི་ངོ་བོའོ། །དེ་ལྟར་རྒྱུ་དང་འབྲས་བུ་གཉིས་ཆར་ཡང་ཐར་བ་དམ་པའི་དོན་མི་བསླུ་བའི་གོ་འཕང་དེ་ཉིད་ཤིན་ཏུ་དོན་ཏུ་གཉེར་བས་ལམ་ངེས་པའི་ཚུལ་ཡང་དག་པར་སྐྱབས་སུ་འགྲོ་བ་ན་འབྲས་བུའི་སྐྱབས་ཐོབ་བྱ་བླ་ན་མེད་པ་ནི། དག་པ་གཉིས་ལྡན་གྱི་ཡེ་ཤེས་རྣམ་མཁྱེན་གྱི་སངས་རྒྱས་ཆོས་ཀྱི་སྐུ་ཉག་མ་གཅིག་པུ་ཉིད་ཡིན་ཏེ། སྟོན་པ་ཐུབ་པའི་དབང་པོ་ནི། དེ་ལྟར་ངེས་པའི་དོན་དུ་ཟག་མེད་གྱི་སྡེ་ཚན་མ་ལུས་པའི་ཆོས་ཉིད་མཐར་ཐུག་པའི་སྐུ་བསམ་གྱིས་མི་ཁྱབ་པ་བརྙེས་པའམ་ཐོབ་ཟིན་པའི་ཕྱིར་སངས་རྒྱས་དཀོན་མཆོག་དངོས་དང་། དེའི་ཞལ་ནས་གསུང་པའི་གསུང་རབ་ལུང་གི་ཆོས་དང་། ཐུགས་རྒྱུད་ལ་མངོན་དུ་གྲུབ་པར་མཛད་པ་རྟོགས་པའི་ཆོས་དཀོན་མཆོག་གི་རང་བཞིན་དང་། གདུལ་བྱ་གཞན་ངོར་མཛད་པ་གཟུགས་བརྙན་ལྟར་སྣང་བའི་བདག་པོའི་རྐྱེན་དམ་པ་གཟུགས་སྐུ་མཚན་དང་དཔེ་བྱད་ཀྱི་རྣམ་པར་སྣང་བ་ནི་ཚོགས་དགེ་འདུན་དཀོན་མཆོག་མཐར་ཐུག་པའོ། །དེ་ལྟ་བུའི་ངེས་ཤེས་ཀྱིས་གནས་སྐབས་སུ་སྟོན་པ་དེ་དང་། ལམ་དེ་དང་། གྲོགས་དེ་ཉིད་ལས་གཞན་མི་བསྟེན་པར་དམ་བཅས་ནས་མཐར་ཐུག་ཐོབ་བྱ་གོང་དུ་བཤད་པ་དེ་ཉིད་དུ་མ་གཏོགས་པའི་འབྲས་བུ་གཞན་དོན་དུ་མི་གཉེར་བར་བློ་གཏད་ཁེལ་ངེས་སུ་ཁས་ལེན་པ་ནི་སྐྱབས་འགྲོའི་ངོ་བོ་ཡིན་པ་སྤྱི་དོན་ཙམ་དུ་བཤད་ནས། ད་ནི་སྐྱབས་སུ་འགྲོ་བའི་ཡུལ་དངོས་ནི། གང་ཞིག་གདུལ་བར་བྱ་བའི་སེམས་ཅན་རིགས་ཅན་གསུམ་གྱིས་བསྡུས་པའི་འགྲོ་བ་རྣམས་ལམ་གྱི་རྟེན་ཐར་བ་དང་། ཐར་བའི་འབྲས་བུ་རྣམ་མཁྱེན་བླ་ན་མེད་པའི་གོ་འཕང་དུ་རིམ་པ་བཞིན་གདུལ་བྱ་རང་རང་གི་སྐལ་བའི་བྱེ་བྲག་དང་མཐུན་པར་འདྲེན་པར་མཛད་པའི་ལམ་མཁན་གྱི་དེད་དཔོན་ཕྱི་ལྟར་ན་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། ནང་ལྟར་ན་བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་བ་གསུམ་དང་། མཆོག་གསུམ་རྩ་བ་གསུམ་པོ་དེ་དག་གི་བཀའ་སྡོད་ལེགས་ཉེས་ཀྱི་སྟངས་འཛིན་པའི་དམ་ཅན་ཆོས་སྐྱོང་རྣམས་དང་བཅས་ཏེ། མདོར་ན་ཕྱོགས་དང་དུས་ཀྱིས་བསྡུས་པའི་རྒྱལ་བ་རྒྱ་མཚོའི་ཚོགས་མ་ལུས་ཤིང་ལུས་པ་མེད་པ་སྐྱབས་ཡུལ་ཏུ་ངེས་པར་བྱ་བ་ལ། སངས་རྒྱས་སྟོན་པ་སྐུ་གསུམ་གྱི་བདག་ཉིད། ཆོས་ལུང་དང་རྟོགས་པའི་དམ་པའི་ཆོས། དགེ་འདུན་འཕགས་པ་ཕྱིར་མི་ལྡོག་པའི་བདག་ཉིད་ཅན་དང་གསུམ་ཞེས་བྱ་ལ། རྩ་བ་གསུམ་ནི་གོང་དུ་སྐྱབས་ཡུལ་གྱི་ངེས་པའི་སྐབས་བཤད་ཟིན་པ་དེར་འདུ་བས་དེ་དག་ནི་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ཡིན་ནོ།། གང་གིས་ཇི་ལྟར་སྐྱབས་སུ་འགྲོ་བའི་གང་ཟག་ནི། འདི་ལྟ་སྟེ། ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་འགྱུར་ལ་བསམ་ནས། ཡང་སྲིད་ཕྱི་མའི་བདེ་བ་ཙམ་དོན་དུ་གཉེར་བ་སྐྱེས་བུ་ཆུང་ངུའི་ཀུན་སློང་། ཁམས་གསུམ་ཆར་གྱི་སྲིད་པ་སྡུག་བསྔལ་གྱི་གནས་རིས་སུ་རྟོགས་ནས་འཁོར་བ་ལས་ངེས་པར་རང་ཉིད་ཁོ་ན་ཐར་བར་འདོད་པ་སྐྱེས་སུ་འབྲིང་གི་ཀུན་སློང་། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ལ་ཕྱོགས་རིས་མེད་པར་ད་ལྟའི་མ་བཞིན་དུ་ཤེས་ནས་དེ་དག་ཡོངས་སུ་རྫོགས་པ་འཁོར་བ་ལས་སྒྲོལ་བར་འདོད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་སྐྱེས་བུ་ཆེན་པོའི་ཀུན་སློང་གིས་བློ་བཅོས་པས། དུས་བྱང་ཆུབ་སྙིང་པོ་འཐོབ་ཀྱི་བར་སྐྱབས་སུ་འགྲོ་བར་ཁས་ལེན་པའོ།། གསུམ་པ་བྱེད་ལས་ཀྱི་མཚན་ཉིད་ནི། ཇི་ལྟར་ཁས་ལེན་པའི་དུས་མཚམས་ཀུན་སློང་དང་བཅས་པ་ནི། ཐེག་པ་ཆེན་པོའི་སྐྱབས་སུ་འགྲོ་བའི་ཚུལ་ལོ། །འདིར་སངས་རྒྱས་ལ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པ་པོའི་འདུ་ཤེས། དམ་པའི་ཆོས་ལ་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་ལམ་གྱི་འདུ་ཤེས། འཕགས་པའི་དགེ་འདུན་ལ་ལམ་དེ་ཉིད་ཚུལ་བཞིན་དུ་སྒྲུབ་པའི་གྲོགས་ཀྱི་འདུ་ཤེས། རང་གི་ལུས་ངག་ཡིད་གསུམ་པོ་ལོངས་སྤྱོད་དང་བཅས་པ་བླ་མ་ལ་འབུལ། ཡི་དམ་ལ་བརྟེན། མཁའ་འགྲོ་ཆོས་སྐྱོང་ལ་རྗེས་སུ་བཅོལ་ཏེ་གནས་སྐབས་ཀུན་དུ་ལེགས་ཉེས་སྐྱིད་སྡུག་བཟང་ངན་ཅི་བྱུང་ཡང་། མཆོག་གསུམ་རྩ་གསུམ་དམ་ཅན་དང་བཅས་པ་ཁྱེད་རྣམས་མ་གཏོགས་ཐབས་གཞན་ཕྱུག་པོའི་ནོར། མཁས་པའི་བློ། དཔའ་བོའི་དཔུང་ལ་སོགས་པ་གང་ཡང་མི་འཚོལ་བར་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་མཆིའོ། །ཞེས་ཚིག་ཏུ་ཡང་བརྗོད་པར་བྱའོ།། དེ་ལྟར་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་ནུས་ན་སྐྱབས་གནས་དཀོན་མཆོག་གི་ཐུགས་རྗེ་ལ་བསླུ་བ་མི་སྲིད་ཅིང་། གདུལ་བའི་དུས་ལ་ཡང་ཡོལ་བ་མི་སྲིད་དེ། ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་ལས་ཡོལ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་གསུངས་སོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ།

གཉིས་པ་ཐུན་གྱི་སྔོན་འགྲོས་བློ་སྦྱང་བ་ནི། བདེ་བའི་སྟན་ལ་ལུས་དལ་ཞིང་། སེམས་ཁོང་ལྷོད་པ་ལ་སོགས་པ་ཚུལ་སྔ་མ་རྣམས་འདྲ་བ་ལ། དངོས་གཞི་ནི། བློ་ཆོས་སུ་འགྲོ་བའི་ཐབས་རྣམས་ཀྱིས་རང་རྒྱུད་ལས་སུ་རུང་བར་བྱས་རྗེས། ཐར་བའི་ཕན་ཡོན་གྱིས་བྲོད་པ་བསྐྱེད་དེ། ཐར་བའི་ལམ་ལ་ཐོག་མའི་འཇུག་སྒོ་ཐེག་པ་རྣམས་ཀྱི་རྐང་རྟེན། དོན་དུ་གཉེར་བའི་གཞི་མ་སྐྱབས་འགྲོའི་སྒོ་ནས་ཉམས་སུ་ལེན་པར་བྱེད་པ་སྟེ། དེ་ཡང་འོལ་སྤྱི་ཙམ་དུ་ལུས་པར་མི་བྱ་ལ། གནད་དུ་ཐེང་ངེས་པས་རྟེན་ཚོགས་ཞིང་གསལ་འདེབས་དང་། བརྟེན་པ་སྐྱབས་འགྲོའི་རིམ་པ་གཉིས་ཐུན་དུ་བཅད་པ་ལེགས་པར་བསྒོམ་སྟེ། མཐར་དགེ་བ་གཞན་དོན་དུ་བསྔོ་བར་བྱའོ། །དེ་ལྟར་སྐྱབས་སུ་སོང་བའི་བསླབ་བྱ་ལ། དགག་པའི་བསླབ་བྱ་གསུམ། སྒྲུབ་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་ལྔ་རྣམས་སུ་གསུངས་པས་ན། དང་པོ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བཟུང་འཁོར་བ་ན་གནས་པའི་ལྷ་ཉི་ཚེ་བ་ལ་སྐྱབས་སུ་མི་བརྟེན། ཆོས་ལ་སྐྱབས་སུ་སོང་ནས་བཟུང་ལས་དང་ལས་ཀྱི་འབྲས་བུ་ལ་ཡིད་ཆེས་པས་གཞན་སེམས་ཅན་ལ་གནོད་འཚེ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་བཟུང་མི་དགེ་བའི་བཤེས་གཉེན་ནམ་སྡིག་པར་ལྟ་བ་ཅན་དང་མི་འགྲོགས། གཉིས་པ་ལ་གསུམ་ནི་སངས་རྒྱས་ཀྱི་སྐུ་གཟུགས་ལུགས་སུ་བླུགས་པ། རི་མོར་བྲིས་པ། འབུར་དུ་དོད་པ་གང་ཡང་རུང་། ཐ་ན་དེ་དག་གི་རས་མ་ཙམ་ཡང་འགོམ་བརྫིས་སོགས་མ་དད་པའི་ཆ་སྤང་བར་བྱའོ། །དམ་པའི་ཆོས་གླེགས་བམ་པུསྟི་ཀའི་ཚད་དུ་ལོང་པ་ལྟ་ཅི་སྨྲོས། ཐ་ན་རྒྱ་ཇའི་ཁ་བྱང་ལ་ཡང་གུས་འདུད་བཀུར་སྟིས་དང་དུ་ལེན་པར་བྱའོ། །དགེ་སློང་བཞི་སྡེ་གཅིག་ཏུ་ལོང་བ་མན་ཆད་ནས། ཐ་ན་ན་བཟའ་ངུར་སྨྲིག་གི་རས་མ་ཙམ་འཆང་བ་ལ་ཡང་དད་གུས་བསྐྱེད་པར་བྱའོ། །གསུམ་པ་ལྔ་བོ་ནི། རང་སྲོག་འདོར་དགོས་པའི་དུས་དང་རྒྱལ་སྲིད་ལ་སོགས་པའི་བྱ་དགའི་རྔན་སྦྱིན་ཤིན་ཏུ་ཆེན་པོ་ཐོབ་པའི་ཆེད་དུའང་སྐྱབས་འགྲོ་མི་སྤོང་བ་དང་། སྡུག་བསྔལ་དོས་དྲག་པོས་མནར་བས་དགོས་གལ་ཇི་ལྟར་ཆེ་ཡང་དཀོན་མཆོག་གསུམ་ལས་ཐབས་གཞན་མི་འཚོལ་བ་དང་། ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་མི་ཆགས་པར་བྱ་བ་དང་། རང་རྒྱུད་དང་གཞན་གང་ཡང་སྐྱབས་འགྲོ་ལ་ལེགས་པར་འགོད་པ་དང་། ཕྱོགས་གར་འགྲོ་ན་ཡང་དེར་བཞུགས་ཀྱི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བར་བྱེད་པ་དང་ལྔའོ། །དེ་ལྟར་རྒྱུ་མཚན་དང་ངོ་བོ་དང་བྱེད་ལས་དང་གསུམ་གྱིས་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས།

ལམ་གྱི་ངོ་བོ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

ལམ་གྱི་ངོ་བོ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ་གཉིས། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱང་བ་དང་གཉིས། དང་པོ་ལ་གཉིས། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་དང་གཉིས། དེ་ལ་དང་པོ་ནི། ཡུལ་ཁམས་གསུམ་གྱི་སེམས་ཅན་རྣམས་སྡུག་བསྔལ་བར་གྱུར་བ་ལ་བསམ་སྟེ། ཀྱེ་མ་ཞེས་བརྩེ་བའི་ཤུགས་ཀྱིས་གདུང་ཚིག་ཀྱང་བརྗོད་དེ། འདི་ལྟར་འདོད་ཁམས་ན་ཤར་ལུས་འཕགས་གླིང་། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་གླིང་སྒྲ་མི་སྙན། ཤར་གྱི་གླིང་གཡོག་གཉིས། ལྷོའི་གླིང་གཡོག་གཉིས། ནུབ་ཀྱི་གླིང་གཡོག་གཉིས། བྱང་གི་གླིང་གཡོག་གཉིས། དམྱལ་བ། ཡི་དྭགས། དུད་འགྲོ། རྒྱལ་ཆེན་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དེ་ཉི་ཤུ་དང་། གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མེད་ཀྱི་སྐྱེ་མཆེད་རིགས་བཞི་སྟེ། མདོར་ན་ཁམས་གསུམ་དུ་གཏོགས་པའི་འཁོར་བའི་གནས་རིས་བདེ་བ་དང་སྡུག་བསྔལ་གྱི་རྣམ་པ་སྣ་ཚོགས་སུ་ཡོད་པ། གནས་དང་གྲོགས་དང་ལོངས་སྤྱོད་ཀྱི་ཆ་ཐ་དད་པའི་གྲོང་ཁྱེར་རྣམ་པ་གསུམ་དུ། སྣང་བ་ཡུལ་གྱི་བག་ཆགས། ཚོགས་བརྒྱད་དོན་གྱི་བག་ཆགས། རྣམ་སྨིན་ལུས་ཀྱི་བག་ཆགས་དང་གསུམ་གྱིས་བསྐྱེད་པའི་སྒྱུ་མ་ལྟ་བུའི་རང་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་དབང་གིས་སྐྱེ་འཆིའི་འཁོར་ལོ་ཟད་པ་མེད་པར་མྱོང་བ་འདི་དག་དོན་ལ་བདེན་པར་གྲུབ་པ་རྡུལ་ཙམ་དུ་མེད་ན་ཡང་། གནས་སྐབས་སུ་འཁྲུལ་སྣང་གིས་ཉེ་བར་བསླུས་པའི་མ་རྒན་དྲིན་མོ་ཆེ་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་འདི་རྣམས་རང་རང་གིས་དུས་རྟག་ཏུ་འདོད་རྒྱུ་བདེ་བ་ཞིག་ཐོབ་པར་འདོད་ན་ཡང་བདེ་བའི་རྒྱུ་ཡང་དག་པ་ཞིག་བསྒྲུབ་མི་ཤེས། མི་འདོད་པ་སྡུག་བསྔལ་བ་ཞིག་མྱོང་ན་སྙམ་པ་མི་འདོད་ཀྱང་། དེའི་རྒྱུ་ལས་ངན་པ་སྣ་ཚོགས་ཞིག་བསྒྲུབས་ཤིང་བསགས་པར་གྱུར་བས་འཁོར་བ་ལས་ནམ་ཡང་མི་ཐར་བས། དཔེར་ན་ལོང་བ་ཐང་སྟོང་དུ་འཁྱམ་པའམ། སྨྱོན་པ་མགོ་འཁོར་བ་ལྟ་བུར་གྱུར། ཐར་བའི་ལམ་གྱི་སྣང་བ་ནུབ། ལམ་མཁན་དགེ་བའི་བཤེས་གཉེན་གྱིས་སྟོར། མ་རིག་པས་མིག་ལྡོང་པ་འདི་རྣམས་ཀྱིས། དུས་ཐོག་མ་མེད་པ་ནས་གནས་རིས་གང་དུ་མངལ་ལས་སྐྱེ་བ་ཁ་བརྒྱུད་དེ་འོང་བ་ན། ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་མོས་གཡོགས། ནུ་ཞོའི་བཅུད་བླུད། སོར་མོའི་བར་གྱིས་བཟུང་། བྲང་གི་ཤ་དྲོད་ལ་བཅར། མི་གཙང་བ་ལག་པས་ཕྱིས། ཁ་ཟས་ལྕེ་རྩེས་བསྙོད། རང་སྲོག་ཁྱད་དུ་བསད། ན་ཚ་དང་དུ་བླང་སྟེ་ཤིན་ཏུ་བྱམས་པ་དང་བརྩེ་བས་བསྐྱེད་བསྲིང་བའི་མ་དྲིན་མོ་ཆེ་འདི་རྣམས་ཅི་མི་སྙམས་པས་ཡལ་བར་དོར་ན་དེ་ལས་ཁྲེལ་བོར་བ་འཇིག་རྟེན་ན་གཞན་མ་མཆིས་ཏེ། སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ནས་བཙའ་བ་ཅི་ཡང་མི་ནུས་པར། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟག་འཐུང་བ། །ངལ་བ་མང་བརྟེན་བྱམས་པ་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབ་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། །ཞེས་གསུངས་པས་ཡུལ་མ་རྒན་སེམས་ཅན་དེ་དག་ལ་དགྲ་གཉེན་གྱི་ཁྱད་པར་དང་། ཉེ་རིང་གི་ཁྱད་པར་མེད་པར་ཡིད་དུ་འོང་བའི་བྱམས་པ་དང་། སྡུག་བསྔལ་གྱི་དངོས་པོ་དང་བྲལ་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་ཏེ། མཐར་ཐུག་བྱང་ཆུབ་ཀྱི་རྣམ་གྲངས་གསུམ་དུ་ཕྱེ་བའི་ནང་ཚན་ལས་གོ་འཕང་གི་སྙིང་པོ་མཆོག་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་གིས་ཅི་ནས་ཀྱང་འགོད་པར་བྱའོ་སྙམ་པ་ནི་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའོ། །དེ་ལྟར་ཡང་རྗེ་བཙུན་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། དོན་གཉིས་ལྡན་པའི་སེམས་བྱུང་བ། །ཞེས་གསུངས་སོ། །དེ་ལྟར་ཟུར་གཉིས་སམ་དོན་གཉིས་དང་ལྡན་པས་ནི་བྱང་ཆུབ་སེམས་ཀྱི་མཚན་ཉིད་ལེགས་པར་བསྟན་པ་ཡིན་ལ། དེའི་མཚན་གཞི་ནི། སློབ་དཔོན་ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཅེས་གསུངས་པ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཚན་གཞི་མདོར་ལེགས་པར་བསྡུ་ན། ཀུན་རྫོབ་ཙམ་དུ་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། དམིགས་ཡུལ་ཉུང་ཟད་ཉི་ཚེ་ལྟ་བུ་མ་ཡིན་པ། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་མཐའ་མེད་པ་ལ་བསམ་སྟེ་སྙིང་རྗེ་རྒྱུ་མཚན་དུ་བྱས་ནས། དེ་དག་གི་དོན་དུ་བདག་གིས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་འདུན་པ་རྒྱ་ཆེན་པོར་སྨོན་པའི་སེམས་ཚད་མེད་པ་དང་ནི། གཞན་དོན་འབའ་ཞིག་ཏུ་ཐོབ་བྱའི་འབྲས་བུ་དེ་ཉིད་ཐོབ་བྱེད་ཀྱི་ལམ་ལ་ཞུགས་ཤིང་། ལམ་དེ་སྒྲུབ་པར་བྱ་བས་བྱང་ཆུབ་ཀྱི་རྒྱུ་ཡང་དག་པ་ཕར་ཕྱིན་དྲུག་གིས་མཚོན་པ་ལ་དངོས་སུ་འཇུག་པ་ཉིད་ནི་མཚན་གཞི་ཀུན་རྫོབ་ཀྱི་བྱང་སེམས་ཡིན་ནོ། །དེ་ལྟར་བཤད་པའི་སྨོན་འཇུག་གཉིས་པོ་དེ་བསམ་པ་དང་སྦྱོར་བའི་ཁྱད་པར་གྱིས་བཞག་པ་དཔེ་ཡིས་གསལ་བར་བསྟན་པ་སྟེ། བདག་རྒྱ་གར་དུ་འགྲོ་བར་འདོད་པའི་བློ་མངོན་དུ་སྐྱེ་བ་ལྟ་བུ་ནི་གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་པ་དང་། ལམ་དུ་ཞུགས་ཏེ་བགྲོད་པའི་འགྲོ་བ་དངོས་ཇི་ལྟ་བ་ནི་ལམ་དེ་བསྒྲུབ་པར་བྱ་བའི་རིམ་པར་མཁས་པ་བྱང་ཆུབ་སེམས་དཔའ་ལས་དང་པོ་བས་ཤེས་པར་བྱའོ་གསུངས་པས་དེ་རྣམས་ཀྱིས་བསྐྱེད་བྱ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉིད་སྐྱེད་པར་བྱེད་པ་པོ་བདག་རྒྱུད་ལ་ངེས་པར་བྱ་བ་ཡིན་ནོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱང་བ།

གཉིས་པ་ཐུན་གྱི་སྔོན་འགྲོ་ནི། བདེ་བའི་སྟན་ལ་བག་ཕེབ། ལུས་དལ་ལ། སེམས་ཁོང་ལྷོད་པར་བྱ་བ་སོགས་རིམ་པ་སྔོན་མ་དང་འདྲའོ། །བློ་སྦྱོང་བ་དངོས་ནི། དང་པོ་རྒྱུ་ལ་སྦྱང་བ་ནི། ལས་དང་པོ་པས་སེམས་སྐྱེ་སླ་བའི་ཡུལ་རང་གི་མ་རྒན་ཉིད་ཁོ་ནའི་འགྲོ་འདུག་གི་སྐབས། བཞིན་རས་བྱད་དབྱིབས་རྣམས་ལ་བློ་བཞག་སྟེ་ཤ་ཚ་དང་སྙིང་རྗེ་རེ་བསྒོམ་ནས། དེས་རང་སེམས་བརྩེ་བའི་རླན་གྱིས་སྙིང་དུང་ངེ་འགྲོ་ནུས་པ་ན། ཐོག་མ་ཉིད་ནས་ཡོད་དགོས་ཤིང་མེད་ན་མི་འབྱུང་བ་བཏང་སྙོམས་ཚད་མེད་པར་བློ་སྦྱོང་བ་གལ་ཆེ་སྟེ། དེའི་ངོ་བོ་སེམས་ཅན་ལ་རང་ཕྱོགས་དང་གཞན་གཉིས་སུ་བཟུང་ནས་དགྲ་གཉེན་དང་ཉེ་རིང་གི་ཁྱད་པར་མི་ཕྱེ་བར། དགྲ་དང་གཞན་ཕྱོགས་ལྟ་བུ་དེ་གཉེན་ཉེ་དུ་དང་ཁྱད་པར་མེད་པར་རྒྱུ་མཚན་དུ་མའི་སྒོ་ནས་བསྒོམ། མཐར་དེ་ཐམས་ཅད་རང་གི་མ་ཡིན་པའི་ཚུལ་ཤེས་བྱེད་ཚད་མས་ཡིད་ཆེས་པར་བྱས་ནས་བཏང་སྙོམས་ཀྱི་སེམས་རྣལ་མ་ཞིག་རྒྱུད་ལ་འབྱོངས་ངེས་སུ་བསྒོམ། དེ་ནས་བདེ་བ་མི་ལྡན་པའི་སེམས་ཅན་ལ་དམིགས་ནས། རྣམ་པ་བདེ་བའི་རྒྱུ་དགེ་བའི་བྱེད་ལས་དང་། བདེ་བའི་འབྲས་བུ་ཚེ་རིང་བ་དང་ནད་མེད་པ། ལོངས་སྤྱོད་དང་འབྱོར་བ་རྒྱ་ཆེ་བ། གང་ལ་ཡང་འཐབ་རྩོད་དང་བྲལ་བ་ལ་སོགས་འཇིག་རྟེན་ན་བདེ་བའི་དངོས་པོ་མཆིས་པ་དང་ལྡན་པར་གྱུར་ན་ཅི་མ་རུང་སྙམ་དུ་བྱམས་པ་ཚད་མེད་པའོ། །རྒྱུ་ཡིད་འོང་གི་བྱམས་པས་སྣ་དྲངས་ནས་དེ་ལ་བརྟེན་ནས་སྐྱེས་པ་བརྩེ་བའི་སྙིང་རྗེ་སྡུག་བསྔལ་གྱི་རྣམ་པ་ཉམས་སུ་མྱོང་བཞིན་པའི་སེམས་ཅན་ལ་དམིགས་ནས། རྣམ་པ་སྡུག་བསྔལ་གྱི་རྒྱུ་སྒོ་གསུམ་གྱི་མི་དགེ་བའི་ལས་ལ་འཇུག་ཅིང་བསགས་པ་དང་། འབྲས་བུ་སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་པའི་མི་འདོད་པའི་དངོས་པོ་གང་དང་ཅི་མྱོང་བ་མཐོང་བའམ་ཐོས་པ་དེ་ཉིད་ལས་ཕ་རོལ་པོ་དེ་བྲལ་ན་ཅི་མ་རུང་སྙམ་པ་སྙིང་རྗེ་ཚད་མེད་པའོ། །ཡུལ་སེམས་ཅན་གང་སུ་ཡང་རུང་། བདེ་བ་རྒྱུ་འབྲས་དང་འཕྲད་བཞིན་པའི་འགྲོ་བ་དག་ལ་དམིགས་ནས། རྣམ་པ་ལུས་དང་ལོངས་སྤྱོད་གནས་ཁང་དང་གྲོགས་འཁོར་ལ་སོགས་པའི་བདེ་བ་རྣམས་དང་ལྡན་པ་ལ་རང་གིས་ཐོབ་པ་ལྟ་བུའི་དགའ་བ་ཡང་དང་ཡང་དུ་བསྐྱེད་པ་ནི་དགའ་བ་ཚད་མེད་པ་སྟེ། ཚད་མེད་པ་རྣམ་པ་བཞི་བོ་དེ་མཐར་ཆགས་དང་། སྤེལ་མ་དང་། རེས་འཇོག་གི་ཚུལ་དུ་བསྒོམ་པ་ནི་རྒྱུ་ལ་སྦྱང་བའོ། །བྱང་ཆུབ་སེམས་ཀྱི་བསླབ་བྱ་ལ་སྦྱང་བ་ནི། བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་བས་གཞན་གཅེས་ཀྱི་ཚུལ་དང་གསུམ་པོ་ཐབས་དབུགས་འབྱིན་འཇུག་གི་རྒྱུ་བ་དང་སྦྲགས་ཏེ་བདེ་སྡུག་གཏོང་ལེན་གྱི་དམིགས་ཁྲིད་ཀྱི་མན་ངག་དང་སྦྱར་ལ་བསྒོམ་པར་བྱ་བ་དང་། བྱང་སེམས་དངོས་ལ་སྦྱང་བ་ནི། རྒྱས་པར་བྱེད་ན་ཚོགས་བསགས་ཡན་ལག་བདུན་པ་སྔོན་དུ་འགྲོ་བས། ཆོ་ག་ལ་བརྟེན་ནས་སྨོན་འཇུག་སྟབས་གཅིག་གམ་ཐ་དད་དུ་ལེན་པ་གང་རུང་ལན་དྲུག་ཏུ་ལེན་པ་ལ་བརྩོན། འབྲིང་དུ་ཉིན་རེ་བཞིན་མ་ཆགས་པར་བྱ་བ་དང་། ཐ་ན་ཡང་སངས་རྒྱས་ཆོས་ཚོགས་མ་ལྟ་བུའི་སྒོ་ནས་ལན་རེ་སྡོམ་པ་བཟུང་བར་བྱའོ། །གང་ལྟར་ཡང་མཇུག་ཏུ་དགེ་རྩ་གཞན་དོན་དུ་བསྔོ་བ་གོང་མ་རྣམས་དང་འདྲ་བའོ།།

ལམ་གྱི་འཁྲུལ་བ་སེལ་བར་བྱེད་པའི་ཐབས།

རྡོ་རྗེ་སེམས་དཔའི་སྒོམ་བཟླས།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

གསུམ་པ་ལམ་གྱི་འཁྲུལ་བ་སེལ་བར་བྱེད་པའི་ཐབས་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། མཐུན་རྐྱེན་ཚོགས་གསོག་པ་མཎྜལ་གྱི་རིམ་པ་གཉིས། དང་པོ་ལ་དོན་རྣམ་པ་བཞི། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། སོར་ཆུད་པའི་སྟོབས་དང་བཞིའོ། །དེ་ལས་དང་པོ་རྟེན་གྱི་སྟོབས་ནི། ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་དྲངས་ཏེ། རྡོ་རྗེ་ཐེག་པའི་ཉེ་ལམ་གྱི་ཁྱད་ཆོས་སྡིག་སྦྱོང་གི་ཐབས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་འདི་ཉིད་ཡ་མཚན་རྨད་དུ་བྱུང་བ་ལ་ངེས་ཤེས་ཐོབ་པས་ངོ་མཚར་བའོ། །དམིགས་པ་དངོས་ལ་གཉིས། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་དང་གཉིས། དང་པོ་ནི། གནས་གང་དུ་སྡོད་པའི་གཞིར་རང་ཉིད་ཐ་མལ་ཏུ་གནས་པ་སོར་བཞག་ལས། བསྐྱེད་བསྒོམ་ལྟ་བུའི་བཅོས་བསྒྱུར་གང་ཡང་མ་བྱས་པར་བཞག་པའི་ལུས་ཀྱི་སྤྱི་བོ་དེ་ཀ་རུ། ཡུ་བའི་སྡོང་བུ་སོར་བཞིའི་ཚད་ཙམ་ཚང་བུག་ཏུ་ཟུག་པའི་མེ་ཏོག་པདྨ་དཀར་པོ་འདབ་མ་གྲངས་སྟོང་ཕྲག་ཏུ་བརྡལ་བའི་ཟེའུ་འབྲུ་མཐར་རྒྱས་པ་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་གདན་གྱི་སྟེང་དུ། ངོ་བོ་སྐྱབས་གནས་མ་ལུས་པ་ཀུན་གཅིག་ཏུ་འདུས་པ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་དེ་ཉིད་རྣམ་པ་དཔལ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་དུང་དང་འོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཞལ་ཞི་ཞིང་འཛུམ་པའི་ཉམས་དང་ལྡན་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུའི་ཕྱག་རྒྱ་ཅན། ཐབས་མི་འགྱུར་བའི་བདེ་བ་ཟག་པ་མེད་པའི་ཡེ་ཤེས་དང་། ཤེས་རབ་སྤྲོས་པ་དང་བྲལ་བ་སྟོང་པ་ཉིད་ཀྱི་དབྱིངས་ཟུང་དུ་འཇུག་པའི་བརྡ་རྟགས་སུ་ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་སྐུ་མདོག་ཅུང་ཟད་སྔོ་སེང་བཀྲག་མདངས་ཡལ་བ་དང་མཉམ་སྦྱོར་དུ་འཁྲིལ་བ། ཕྱག་གཉིས་ཀྱིས་རིམ་པ་བཞིན་རྡོ་རྗེའི་ཡུ་བ་བྱས་པའི་གྲི་གུག་དང་། བདུད་རྩིས་གཏམས་པའི་ཐོད་པ་བསྣམ་པའི་ཕྱག་རྒྱ་ཡབ་ལ་འཁྱུད་སྟབས་སུ་བསྣོལ་བ། ཡབ་ཡུམ་གཉིས་ཀའི་སྐུ་ལ་ཅོད་པཎ་ཟི་ལྡིར། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོག གར་གྱི་ཕུ་དུང་། དམར་པོའི་ཨཾ་རག ཚི་གུའི་སྨད་དཀྲིས་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། དོ་ཤལ། སེ་མོ་དོ། ཕྱག་ཞབས་ཀྱི་གདུ་བུ། དཔུང་རྒྱན། སྐ་རགས་ཏེ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་ཀུན་ནས་བརྒྱན་པའི་སྐུ་མཉེན་ལྕུགས་འཁྲིལ་ལྡེམ་གསལ་འཚེར་ལྷུན་སྡུག་གཞོན་ཚུལ་གཟི་བྱིན་ལྡན་པ་སྟེ་ཞི་བའི་ཚུལ་དགུའི་རང་བཞིན་གྱིས་མཛེས་པ། ནམ་མཁའི་འཇའ་ཚོན་ནམ་ཆུ་ནང་གི་ཟླ་གཟུགས་ལྟར་སྣང་བཞིན་དུ་སྟོང་པ། སྟོང་བཞིན་དུ་སྣང་བ། ཆོས་ཉིད་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཐུགས་དབྱེར་མི་ཕྱེད་པའི་ངོ་བོ་རང་བཞིན་མེད་པ་དྭངས་གསལ་སྒྲིབ་གཡོག་དང་བྲལ་བར་ཝལ་ལེ་མངོན་སུམ་ལྟ་བུར་བསྒོམ་མོ། །རྡོར་སེམས་ཡབ་ཡུམ་གཉིས་པོའི་ཐུགས་ཀ་རུ། པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་། ཉ་གང་ཆ་ཤས་རྒྱས་པ་ཟླ་བའི་དལ་ལ། ཐུགས་སྲོག་གི་ངོ་བོ་ཡི་གེ་ཧཱུྃ་དཀར་པོ་སྤུའི་རྩེ་མོས་བྲིས་པ་ཙམ་གསལ་བའི་མཐའ་བསྐོར་ལས་ཡིག་བརྒྱའི་སྔགས་ཕྲེང་གིས་ཀློག་ཕྱོགས་སུ་སྐོར་བ་དང་བཅས་བསྒོམ་པ་ནི་རྟེན་གྱི་སྟོབས་སོ། །གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། བདག་ནི་འཁོར་བ་ན་ཚེ་རབས་ཐོག་མ་མེད་པ་ནས། རྒྱུ་ལས་ངན་པ་མི་དགེ་བ་བཅུ་དང་། དེའི་བག་ཆགས་ཀྱིས་འབྲས་བུ་སྡུག་བསྔལ་གྱིས་གདུང་ཤིང་མནར་བས་ན་སྡིག་པ་རྒྱུ་འབྲས་དང་མི་ཕྱེད་པར་ལྡན་པ་བདག །ད་ལྟ་ཉིད་ནས་དེ་དག་བཤགས་ཡུལ་གྱི་མགོན་པོ་རྡོ་རྗེ་སེམས་དཔའ་ཁྱོད་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་གི་ཁོང་རུས་པའི་གཏིང་ནས་རྩེ་གཅིག་ཏུ་སྡིག་པ་བཤགས་པའི་ཕྱིར་དུ་གསོལ་བ་འདེབས་པ་ལགས་པས། རང་རྒྱུད་སྡིག་པ་དང་འགྲོགས་པའི་གནས་ངན་སོང་གི་རྒྱུ་འབྲས་གཉིས་ཆར་གྱི་འཁོར་བ་མྱོང་འགྱུར་གྱི་རང་བཞིན་དོང་ནས་སྤྲུག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་ལ། ཡི་གེ་བརྒྱ་བ་གསོལ་འདེབས་ཀྱི་ཚུལ་ཏུ་ཐུན་རེའི་ནང་སྟོང་ཕྲག་ལས་མི་ཉུང་བར་གསལ་དག་ཐོན་པའི་སྒོ་ནས་བཟླ། དེའི་ཚེ་གསང་སྔགས་བཟླ་བཞིན་དུ། སྔར་བསགས་ཟིན་གྱི་སྡིག་ལྟུང་གི་ལས་ལ་བཟའ་བ་དུག་ཅན་ཁོང་དུ་སོང་བ་ལྟར་གནོང་དང་དུ་བླང་སྟེ་འགྱོད་པ་བློས་མི་བཟོད་པར་ཡང་ཡང་བསྐྱེད། ཡང་སྐབས་རེར་རང་དང་སྡིག་ལྟུང་སྐལ་བ་མཉམ་པ་ཅན་རྣམས་ལ་སྙིང་རྗེ་ཅི་ནུས་སུ་བསྐྱེད་དེ་དེ་དག་གི་སྡིག་ལྟུང་འདག་ཕྱིར་དུ་ཡང་ཡི་གེ་བརྒྱ་བ་བཟླ། ཡང་རེ་འགའ་རྩ་བའི་བླ་མ་ལ་མི་ཕྱེད་པའི་དད་གུས་གདུང་བ་དྲག་པོ་བསྐྱེད་དེ་ཅི་ནུས་སུ་བཟླ། ཐུན་དངོས་གཞི་ལས་ཀྱང་། ཐུན་མཚམས་སུ་བཤགས་སྦྱངས་ལ་བློ་གཏད་པ་ནི་ཐབས་ཡང་དག་པ་ཡིན་པས་ཚུལ་དེ་དག་ལེགས་པར་ཤེས་པར་བྱའོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་ནི། བདེ་བའི་སྟན་ལ་བག་ཕབ་ནས་ལུས་ཁོང་ལྷོད་དེ་གནས་པ་སོགས་སྔ་མ་ཇི་བཞིན་པ་ལས། ཐུན་དངོས་ལ། གསང་སྔགས་ཡི་གེ་བརྒྱ་བ་བཟླ་བཞིན་དུ་རྡོ་རྗེ་སེམས་དཔའ་མ་འདྲེས་གསལ་རྫོགས་སུ་བསྒོམ་པའི་ནུས་པའམ་གསོལ་བ་རྩེ་གཅིག་ཏུ་བཏབ་པའི་མཐུ་ཡིས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས། ཟག་མེད་ཡེ་ཤེས་ཀྱི་བྱིན་རླབས་བདུད་རྩི་དཀར་པོ་འོ་མ་ལྟ་བུའི་ཆུ་རྒྱུན་བབས། བདག་གི་སྤྱི་བོའི་ཚངས་པའི་བུ་ག་ནས་ཟུག་པའི་པདྨའི་ཡུ་བའི་སྡོང་བུ་ལ་འཁྲིལ་བཞིན་དུ་ཀླད་པའི་ནང་དུ་ཞུགས། ལུས་ཀྱི་ནང་ཁོང་ཀུན་ཡོངས་སུ་ཁྱབ། དཔེར་ན་ཤྭ་འུད་ཆེན་པོའི་སྣ་ལ་སྦུར་མ་སོགས་མི་ཆགས་པ་ལྟར་ནད་ཐམས་ཅད་དུད་ཁུ་སོལ་ཁུ། གདོན་ཐམས་ཅད་སྡོམ་སྡིག་སྦལ་སྦྲུལ་ལ་སོགས་སྲོག་ཆགས་ཀྱི་རྣམ་པ། སྡིག་སྒྲིབ་ཐམས་ཅད་རྣག་ཁྲག་གི་རྣམ་པར་ནུ་རུ་རུ་བ་སྤུའི་སྒོ་དང་འོག་སྒོའི་ལམ་ནས་ཐོན། དབང་ཆེན་གསེར་གྱི་ས་གཞིར་ཐིམ་པས་འཆི་བདག་ལས་ཀྱི་གཤིན་རྗེ་གླང་དམར་པོའི་རྣམ་པར་གན་རྐྱལ་དུ་གནས་པའི་ཁར་སོང་བས་རང་ཉིད་འཕྲལ་རྐྱེན་ལས་དུས་མ་ཡིན་པར་འཆི་བའི་རྐྱེན་མ་ལུས་པ་ཀུན་བཟློག་ཅིང་ནད་གདོན་སྡིག་སྒྲིབ་མ་ལུས་པ་ལྷག་མེད་དུ་དག་པར་བསམ་པ་ནི་སྦྱོང་བྱེད་རྣམ་པར་སུན་འབྱིན་པའི་སྟོབས་ཞེས་བྱའོ། །དེ་ལྟར་བཤགས་སྦྱང་བྱས་ལ། དེང་ཕྱིན་ཆད་རང་གི་སྲོག་དང་བསྡོས་ནས་མི་ལྕོགས་པའམ་མི་བཟོད་པའི་གནས་སྐབས་ཇི་ལྟ་བུ་བྱུང་ཡང་། སྤྱིར་ལས་འབྲས་ལ་ཡིད་ཆེས་པས་བརྩི་བསྲུང་དང་། བྱེ་བྲག་རང་གི་བླ་མའི་བཀའ་དང་འགལ་ཉེས་ཀྱི་དོགས་ཟོན་བྱེད་པ་དང་། སྒོས་སུ་རང་རྒྱུད་ཀྱི་ཉེས་པ་བྱས་ཟིན་གྱི་རྣམ་སྨིན་གྱི་འབྲས་བུར་འཇིགས་ཤིང་སྐྲག་པས་སེམས་སུན་ཕྱུང་བས་དེའི་དབང་གིས་དེང་ཕྱིན་ཆད་སྡིག་པ་མི་བགྱིད་དོ་སྙམ་པས་དམ་བཅའ་ཤིན་ཏུ་བརྟན་པོར་བཟུང་བ་ནི་སོར་ཆུད་པའི་སྟོབས་ཞེས་བྱའོ། །སྟོབས་བཞི་བོ་འདི་འཕགས་པ་ཆོས་བཞི་བསྟན་པའི་མདོ་སྡེར་སྟོན་པ་སངས་རྒྱས་ཀྱིས་གསུངས་པས། ཐབས་འདི་ནི་བཤགས་པ་བྱེད་ཚུལ་ཐམས་ཅད་ཀྱི་མཆོག་ཏུ་བསྔགས་པའི་མན་ངག་གོ། །དེ་ལྟར་ཐུན་དུ་བཅད་ལ་སྦྱངས་པའི་མཐར་དགེ་བ་བསྔོ་བའོ།།

མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་རིམ་པ།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ།

གཉིས་པ་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་རིམ་པ་ལ་གཉིས། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབས་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོངས་བའོ། །དང་པོ་ལ་གསུམ། ཐུན་མོང་སྤྲུལ་སྐུའི་མཎྜལ། ཐུན་མིན་ལོངས་སྐུའི་མཎྜལ། ཁྱད་པར་ཆོས་སྐུའི་མཎྜལ་དང་གསུམ། ཐོག་མར་མཎྜལ་གསུམ་བསྡུས་ཀྱི་མགོར། ཨེ་མ་ཧོ་ཞེས་རྡོ་རྗེ་ཐེག་པའི་ལམ་འདིར་ཚེགས་ཆུང་ལ་དོན་ཆེན་པོ། བྱ་སླ་ལ་ཆོད་ཆེ་བའི་ཚོགས་བསགས་ཀྱི་ཐབས་རྨད་དུ་བྱུང་བ་བསྟན་པ་ལ་ངོ་མཚར་བའོ། །ཞེས་བརྗོད་ལ། མཎྜལ་གྱི་དམིགས་པ་ནི། རྒྱུ་བདག་གིས་གཅེས་པར་བསྐྱང་བའི་ལུས་དང་། ཟས་གོས་ཀྱིས་མཚོན་པའི་ལོངས་སྤྱོད་དང་། བདག་གིར་བགྱིས་པའི་དགེ་བའི་རྩ་བ་སྟེ། གང་ཟག་གིས་ཡོངས་སུ་བཟུང་བ་རྣམ་གསུམ་རྒྱུར་བྱས་པ་ལས། རྣམ་པ་རྟེན་དབང་ཆེན་གསེར་གྱི་ས་གཞི། དེའི་སྟེང་དབུས་སུ་རི་རབ་ལྷུན་པོ་བང་རིམ་བཞི་བ་ཁ་དོག་ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་པོ་ལྷུན་པོའི་མཐའ་བསྐོར་དུ་རི་གཉའ་ཤིང་འཛིན་ནང་མ་དང་། མུ་ཁྱུད་འཛིན་ཕྱི་མ་བྱས་པའི་གསེར་གྱི་རི་བདུན་པོ་ཀུན་ནས་གྲུ་བཞི་བར་འཁོར་བ་དེ་དག་གི་བར་མཚམས་སུ་རོལ་བའི་མཚོ་བདུན་པོ་གསེར་རི་རྣམས་དང་སྤེལ་མར་འཁྱིལ་བ། ཕྱི་རོལ་གྱི་ཆར་ཤར་ལུས་འཕགས་པོ་དབྱིབས་ཟླུམ་ལ་དཀར་པོ། ལྷོ་འཛམ་བུའི་གླིང་དབྱིབས་སོག་ཁ་སྔོན་པོ། ནུབ་བ་གླང་སྤྱོད་དབྱིབས་ཟླ་གམ་དམར་ཤས། བྱང་སྒྲ་མི་སྙན་དབྱིབས་གྲུ་བཞི་སེར་པོ། གླིང་རེ་རེ་ལའང་གླིང་ཕྲན་གཉིས་རེ་དབྱིབས་དང་ཁ་དོག་གོང་མཚུངས། ཤར་གླིང་གི་སྟེང་ཉི་མའི་དཀྱིལ་འཁོར་ནོར་བུ་མེ་ཤེལ་ལས་གྲུབ་པ་དཔག་ཚད་པ། ནུབ་གླིང་གི་མཁར་ཟླ་བའི་དཀྱིལ་འཁོར་ཆུ་ཤེལ་ལས་གྲུབ་པ་དཔག་ཚད་པ། གཞན་ཡང་འབྱུང་བཞིའི་ཁམས་སོ་སོའི་ཆ་ལས་གྲུབ་པའི་གཟུགས་ཕན་གནོད་ཀྱི་བྱེད་ལས་འབྱུང་བའི་དུས་སུ་རྒྱུ་བའི་གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་ལ་སོགས་པ་རེ་རེ་ནས་གྲངས་བྱེ་བ་ཕྲག་བརྒྱར་སྣང་བ་རྣམས་དང་། ཚོམ་བུ་ལྟར་འགོད་ཚུལ་གྱི་དབང་དུ་བྱས་ན། རྒྱ་གར་གྱི་པཎྜི་ཏ་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་གྱི་གསུང་ཚོམ་བུ་ལྔ་བཅུ་མ་སོགས་ཀྱི་དོན་བསྡུས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་མཎྜལ་ཡོངས་གྲགས་སོ་བདུན་མ་ཉིད་ནས་ཇི་ལྟར་གསུངས་པ་དག་དམིགས་རྣམ་ཕྱེད་པར་བསྒོམ་ལ་དམིགས་རྟེན་དུ་རིན་ཆེན་སྨན་འབྲུ་གང་འཛོམ་གྱི་ཚོམ་བུ་ཡང་བཀོད་དེ། ཁྱད་པར་དུ་ནང་བཅུད་ལྷ་ཡི་བསོད་ནམས་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་། རྣམ་པར་རྒྱལ་བའི་ཁང་བཟང་། འདོད་འཇོའི་བ་མཆོག །ཅང་ཤེས་ཀྱི་རྟ། གླང་པོ་ཆེ་ས་ལ་རབ་བརྟན་ལ་སོགས་པ་འབྱོར་བ་ཕུན་སུམ་ཚོགས་པ་རྣམས་དང་། མིའི་ལྕགས་ཟངས་གསེར་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱི་ལོངས་སྤྱོད་དང་། གཞན་ཡང་འཇིག་རྟེན་གྱི་ཞིང་གང་དང་གང་ན་དངོས་པོ་བཟང་ཞིང་གྱ་ནོམ་པའི་རིགས་འདོད་རྒུའི་ཡོ་བྱད་ཀྱི་དངོས་པོ་བསོད་ནམས་ཀྱི་དཔལ་ལས་གྲུབ་པ་ཇི་སྙེད་པ་ཀུན། བསམ་པ་རྒྱ་ཆེན་པོའི་བློ་ཡིས་བླང་སྟེ་མངོན་སུམ་ལྟ་བུར་ཡིད་ཀྱིས་ཀྱང་སྤྲུལ་ནས་གུ་རུ་རྗེ་ལ་གུས་པའི་ཡིད་ཀྱིས་འབུལ་ལོ། །བཞེས་ནས་བདག་གཞན་ཀྱི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་ཏེ། དོན་ལ་ཞིང་ཁམས་སྦྱོང་བའི་དམིགས་འདུན་ཡང་ཞོར་ལ་རྫོགས་པས། བདག་གཞན་རྣམས་ཀྱི་མ་དག་པའི་ལས་སྣང་ཟད། དག་ཞིང་རང་དབང་ཅན་སངས་རྒྱས་སྤྲུལ་སྐུའི་ཞིང་ལ་སྤྱོད་ནུས་པར་ཤོག་ཅིག་པའོ།། གཉིས་པ་ཐུན་མིན་ལོངས་སྐུའི་མཎྜལ་ནི། དེའི་དམིགས་པ་རྒྱུ་རང་ལུས་འབྱུང་བ་ཤ་ཁྲག་དྲོད་དབུགས་ཏེ་བཞིའི་དངས་མའི་བཅུད་བསྡུས་པ་ལས་ཁམས་ལྔ་དང་། གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་དང་ལྔ། ལང་ཚོ་དར་བའི་གཟུགས་སྟོབས་རྣམ་པར་མཛེས་པའི་གཞོན་པ་ལུས་ཀྱི་ཟོ་མདོག་རྒྱས་པའི་བཀྲག་མདངས་འཚེར་བ་ལ། དབང་པོ་སྒོ་ལྔའི་སྐྱེ་མཆེད་དྭངས་ཤིང་གསལ་བ་སྐྱོན་དང་བྲལ་བས་རྣམ་པར་སྤྲས་པ་འདི་དང་། བདག་གིས་གཅེས་པར་བཟུང་བ་བུ་དང་བུ་མོ། ཆུང་མ་རྟ་ཕྱུགས་ལ་སོགས་པ་རྣམས་དང་། བྲན་དང་གཡོག་འཁོར་ཆབ་སྲིད་མངའ་ཐང་དང་། ས་ཆ་ཡུལ་རིས་ཁང་ཁྱིམ་གནས་མལ་ལ་སོགས་པ་ཅིར་སྣང་གི་སྤྱོད་ཡུལ་མ་ལུས་པ་སེམས་ཉིད་ཀྱི་རོལ་པར་ཤར་བ་རྣམ་ཤེས་ཚོགས་དྲུག་གིས་བསྡུས་པའི་ཡུལ་ལ་དེར་འཛིན་དང་བདེན་ཞེན་མེད་པར་སྐྱབས་གནས་ཕྱི་ནང་གསང་གསུམ་འདུས་པའི་བདག་ཉིད་བླ་མ་རྗེ་ཉིད་ལ་འབུལ་ལོ། །དེ་ལྟར་ཕུལ་བས་འགྲོ་ཀུན་གཞི་སྣང་གི་ཡེ་ཤེས་གཞི་ཐོག་ཏུ་རྣམ་པར་གྲོལ་ཏེ་རང་སྣང་ཤིན་ཏུ་དག་པ་རྡོ་རྗེའི་འོག་མིན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ལ་སྤྱོད་པར་ཤོག་ཅིག་པའོ།། གསུམ་པ་ཁྱད་པར་ཆོས་སྐུའི་མཎྜལ་ནི། རང་གི་གཉུག་མའི་སེམས་ཉིད་ངོ་བོ་རྒྱུ་དང་རྐྱེན་དང་བྲལ་བའི་སྐྱེ་མེད་བློས་སྤྲོས་པ་ཐམས་ཅད་དང་བྲལ་བས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་འབྱམས་ཀླས་པ། རང་བཞིན་འགག་པ་མེད་པའི་རང་རྩལ་ཐུགས་རྗེ་ཀུན་ཁྱབ་ཀྱི་རོལ་བ་རྣམ་ཤེས་ཚོགས་དྲུག་གི་རྟོག་ཚོགས་མ་སྤང་གནས་སུ་དག་པ་ཞི་ཁྲོ་ལོངས་སྤྱོད་རྫོགས་པའི་སྐུར་ཤར་བ། རང་བཞིན་རང་བབ་སྣ་ཚོགས་པའི་རྟོག་པ་སྤྲུལ་བའི་སྐུར་སྣང་བ་སྟེ། གཞི་དུས་རང་བྱུང་སྐུ་གསུམ་གྱི་ལྟ་བ་རང་ངོ་འཕྲོད་དེ། སྒོམ་པ་རང་བཞིན་མ་བཅོས་གཤིས་ལུགས་ཀྱི་ངང་མདངས་རྩིས་གདབ་མེད་པར་བསྐྱངས་ནས། སྤྱོད་པ་བྱ་བྲལ་རྩོལ་མེད་ཀྱི་ངོ་བོར་བོག་དབྱུང་བའི་རང་ཞལ་ཉིད། དཔལ་ལྡན་བླ་མ་རྗེ་བཙུན་འཁོར་ལོའི་མགོན་པོའི་ཐུགས་ཀྱི་ཡེ་ཤེས་དང་རྣམ་དབྱེར་མེད་པར་རྟོགས་ནས་འབུལ་ན། འཁོར་འདས་སྤང་བླང་མཉམ་པ་ཉིད་ཀྱི་ངོ་བོར། བདག་དང་འགྲོ་ཀུན་གཉིས་སུ་མེད་པར་ཆོས་སྐུ་བསམ་མི་ཁྱབ་པ་ལྷུན་གྲུབ་དོན་གྱི་ཞིང་ཁམས་ལ་སྤྱོད་པར་ཤོག་ཅིག་པའོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱོངས་བ།

གཉིས་པ་ཐུན་གྱིས་བློ་སྦྱོང་བ་ནི། བདེ་བའི་སྟན་ལ་བག་ཕེབས། སེམས་ཁོང་ལྷོད་དེ་གནས་པ་ལ་སོགས་ཁྲིད་རྐང་སྔ་མ་རྣམས་དང་ཚུལ་མཐུན་པར་བྱས་ལ། བློ་སྦྱོང་དངོས་ནི། དང་པོ་ཚོགས་ཞིང་གི་དམིགས་རྟེན་དུ་བསྒྲུབ་པའི་མཎྜལ་ཚོམ་བུ་ལྔ་པ་རིགས་བསྡུས་པ་སོ་སོར་མཐིང་དཀར་སེར་དམར་ལྗང་གུའི་ཁ་བསྒྱུར་བ་ཅན་ལེགས་པར་གཙོ་འཁོར་གྱི་རྣམ་པར་བཀོད་དེ་སྟེགས་ཀྱི་ཁར་བཞག་པའི་མདུན་ངོས་སུ་ཉེར་སྤྱོད་ཀྱི་མཆོད་པ་ཡང་བཤམས། མཆོད་པའི་མཎྜལ་གོང་དུ་གསལ་འདེབས་སྐབས་སུ་ཁྲིད་པ་ཇི་ལྟ་བ་བཞིན་རྒྱུ་དང་། རྣམ་པ། དམིགས་པ་གསལ་ངེས་སུ་བསྒོམ་ནས། ཚོགས་སོགས་པའི་དགོས་པ་ཡོད་ཕྱིར། ལག་པ་གཡོན་པས་གཏན་པ་ཐོགས་ལ། གཡས་པའི་མཁྲིག་མས་གཏན་པའི་ངོས་ཀྱི་གཡའ་རྡུལ་བྱི་དོར་བྱེད། བ་ལས་བྱུང་བ་ལྔའམ། དྲི་བཟང་གི་ཆུས་བྱུགས། དེ་ནས་ལག་གཡས་པས་རབ་རིན་པོ་ཆེ། འབྲིང་སྨན་སྣ། ཐ་མ་འབྲུ་དངོས་གཙང་གིས་ཚོམ་བུ་བཀོད། དམིགས་པ་དང་མཐུན་པའམ་ཡང་ན་ཞལ་རྒྱུན་དུ་སྤྲུལ་སྐུའི་མཎྜལ་ཚོམ་བུ་བདུན། ལོངས་སྐུའི་མཎྜལ་ཚོམ་བུ་ལྔ། ཆོས་སྐུའི་མཎྜལ་ཚོམ་བུ་གཅིག་གསུངས་པས་དེ་ལྟར་ལག་ལེན་དུ་ཐེབ་པས་ཅི་རིགས་པ་ཕུལ་མཐར་དགེ་བ་བསྔོ་བ་སྤྱི་དང་འདྲ་བའོ། །དེ་ཡན་གྱིས་ཁྲིད་རྐང་དགུ་བ་སོང་གྲུབ།

འཁྲུལ་སྣང་ཡེ་ཤེས་སུ་འཆར་བྱེད་བླ་མའི་རྣལ་འབྱོར།

ཁྲིད་ཀྱི་སྔོན་འགྲོས་གསལ་འདེབ་པ།

ཐུན་གྱི་དངོས་གཞིར་ཉམས་སུ་ལེན་པ།

བླ་མ་ཇི་ལྟར་བསྐྱེད་པའི་རྣལ་འབྱོར།

བཞི་བ་འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱེད་པའི་ཐབས་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་ཁྲིད་རིམ་ལ་དོན་གཉིས། ཁྲིད་ཀྱི་སྔོན་འགྲོས་གསལ་འདེབ་པ་དང་། ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་དང་གཉིས། དང་པོ་ལ་དོན་རྣམ་པ་གཉིས། ཐུན་གྱི་དངོས་གཞིར་ཉམས་སུ་ལེན་པ་དང་། ཐུན་མཚམས་སུ་ཇི་ལྟར་བྱ་བའོ། །དང་པོ་ཐུན་གྱི་དངོས་གཞི་ལ་གསུམ། བླ་མ་ཇི་ལྟར་བསྐྱེད་པའི་རྣལ་འབྱོར་དང་གཅིག མོས་གུས་གསོལ་འདེབས་ཀྱི་རྣལ་འབྱོར་དང་གཉིས། དབང་ལེན་ཅིང་ཐུགས་ཡིད་བསྲེ་བའི་རྣལ་འབྱོར་དང་གསུམ་མོ། །དང་པོ་རང་བྱུང་རང་གནས་ཀྱི་ཡེ་ཤེས་རྩོལ་མེད་བཙན་ཐབས་སུ་རྟོགས་པའི་སྒོ་ཁྱད་པར་གྱི་ལམ་འདིར་ཡ་མཚན་སྐྱེས་པས་ན། ཨེ་མ་ཧོ་ཞེས་བརྗོད་དེ་ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་འབྱུང་། །ཞེས་དུས་གསུམ་གྱི་བདེ་བར་གཤེགས་སོ་ཅོག་ཐམས་ཅད་ཀྱི་རང་རང་གི་ཐོག་མའི་བདག་པོའི་རྐྱེན་དམ་པ་བླ་མ་ཉིད་ཡིན་པར་བསྟན་པ་དང་། ཁྱད་པར་ཐེག་པའི་སྡེ་སྣོད་ཕལ་བོ་ཆེའི་སྡོང་པོ་བཀོད་པའི་ལེའུ་ལས་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་ཤིན་ཏུ་གསུངས་པར་མཛད་པ་དང་། དགེ་བའི་བཤེས་གཉེན་བླ་མ་ལ་མ་བརྟེན་ན་གངས་ཀྱི་རིའི་ངོས་ལ་ལག་རྡུམ་གྱིས་འཛེག་མི་ནུས་པ་དང་། མཉན་པ་མེད་པ་ཆུ་བོ་ལས་སྒྲོལ་མི་ཤེས་པ་དང་། དེད་དཔོན་མེད་ན་གསེར་གླིང་དུ་བསྒྲོད་མི་ཐུབ་པ་ལྟར། ཐར་བའི་ལམ་གྱི་ས་མཁན་བླ་མ་མ་བསྟེན་པར་རང་དགར་རང་སྟོབས་ཀྱིས་ཆོས་ཀྱི་དེ་ཉིད་མི་རྟོགས་པས་དེས་ན་བླ་མ་བསྟེན་པ་གལ་ཆེའོ། །བླ་མ་བསྟེན་ཚུལ་ཡང། བཟུང་ན་མ་བཏང་བ། འཇུས་ན་མ་ཤོར་བ་ཞེས་གསུངས་པ་ལྟར་དེང་སང་གི་དུས་འདིར་ཕྱོགས་གང་ཞིག་ན་སྙན་གྲགས་ཆེ་བ་ཅན་དང་། འབྱོར་སྟོབས་ཆེ་བ་ཅན་དང་། ཁྱབ་རྒྱ་ཆེ་བ་ཅན་ལྟ་བུའི་འཇིག་རྟེན་མཐུན་འཇུག་གི་སྤོམ་ཡོར་ལ་བསྟེན་སོ་མི་བྱེད་པར། ཡོན་ཏན་མཛོད་ལས། དང་པོ་བླ་མ་བརྟགས་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་མོས་གུས་ཁོ་ནས་གྲོལ། །ཅེས་གསུངས་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་བསྟེན་པ་དང་། རྗེ་བཙུན་མི་ལས་མར་བ་ལོ་ཙཱ་བསྟེན་པ་དང་། མར་བ་ཆོས་ཀྱི་བློ་གྲོས་ཀྱིས་པཎ་ཆེན་ན་རོ་པ་བསྟེན་པ་དང་། ཀུན་མཁྱེན་ཆོས་རྗེས་རིག་འཛིན་ཀུ་མ་རཱ་ཛ་བསྟེན་པ་དང་། གྲུབ་ཆེན་རིན་པོ་ཆེས་རིག་འཛིན་མཁྱེན་བརྩེའི་འོད་ཟེར་བསྟེན་པ་དང་། གཞན་བླ་མ་བསྟེན་ཚུལ་མདོ་དང་རྒྱུད་སྡེ་བསྟན་བཅོས་དང་། ཞལ་རྒྱུན་རྣམས་ནས་གསུངས་པ་བཞིན་འཆུག་མེད་དུ་བྱས་པའི་སྒོ་ནས་རབ་སྒྲུབ་པས་མཉེས་པ། འབྲིང་ཟང་ཟིང་གིས་མཉེས་པ། ཐ་མ་ཞབས་ཏོག་གིས་མཉེས་པ་དང་གསུམ་དུ་བཤད་པའི་ནང་ཚན་འདིར་རབ་བསྒྲུབ་པས་མཉེས་བྱེད་ཀྱི་ཚུལ་དེའི་དབང་དུ་བྱས་ཏེ་བྱིན་རླབས་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་རིམ་པ་ལ། དང་པོ་སྐུ་བསྐྱེད་པའི་རྣལ་འབྱོར་ནི་འདི་ལྟ་སྟེ། རང་གི་སྣང་བས་གར་ཁྱབ་ཐམས་ཅད་གཟུང་འཛིན་གཉིས་བསྡུས་ཀྱི་ངོ་བོ་ཆོས་ཉིད་སྐྱེ་བ་མེད་པར་རྣམ་པར་དག་པ་ལས། གདངས་རྩལ་འགག་པ་མེད་པ་ལྷུན་གྲུབ་ཏུ་ཤར་བ་བདེ་ཆེན་ས་ལ་སྤྱོད་པའི་ཞིང་ཁམས། རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོའི་རྩེ་མོར་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ་ཐོག་སོ་སུམ་བརྩེགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་ནང་ཟང་ཐལ་སྒྲིབ་གཡོག་དང་བྲལ་བ་ཡེ་ཤེས་རིན་པོ་ཆེ་ལས་གྲུབ་པའི་གཞལ་མེད་ཁང་། བརྡ་དོན་རྟགས་གསུམ་གྱི་བཀོད་པས་ཁྱད་པར་དུ་འཕགས་པ། རིའི་རྩ་བ་རྒྱ་མཚོ་ཆེན་པོ་ཀླུ་རྒྱལ་འཇོག་པོའི་ཁང་སྟེང་དུ་ཟུག་པ། ཆུ་མཚམས་ཡན་ཆད་བརྟན་ཅིང་བརྗིད་པའི་བྲག་རི་ཟངས་ཀྱི་མདོག་ལྟ་བུ་དཔང་དུ་ལྷུན་མཐོ་བར་བརྩེགས་པའི་བར་མཚམས་ཀུན་ཏུ་ནེའུ་གསེང་མེ་ཏོག་གི་དྲྭ་བས་ཁེབས་པའི་སྤང་རི་ལྷུན་སྡུག་པ། ངོས་ཐམས་ཅད་ན་བཟའ་ཤིང་གི་ལྗོན་པ་རྣམ་པ་སྣ་ཚོགས་པའི་མེ་ཏོག་གི་འདབ་མ་ཕང་ཕུང་རྒྱས་པས་མགོ་ལྕོག་ཤིང་ཞིམ་མངར་གྱི་འབྲས་བུ་གཡུར་དུད་པ། ལྗོན་ཤིང་འགའ་ཞིག་གི་ལོ་མ་དང་འདབ་མ་བླ་རེ་ལྟ་བུར་བྲེས་པའི་འོག་དང་། བྲག་རིའི་ཕུག་པ་ལྟ་ན་སྡུག་པའི་ནང་དག་ན་བདེན་ཚིག་ལ་དབང་བའི་དྲང་སྲོང་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་ལ་རྩེན་པའི་རིག་པ་འཛིན་པ་དུ་མས་གང་བ། སྐད་སྙན་པར་སྒྲོག་ཅིང་འཕུར་ལྡིང་གི་རོལ་རྩེད་བར་སྣང་ལ་འཕྱོ་བའི་སྤྲུལ་པའི་བྱ་རིགས་མང་པོ་དང་རྐང་དྲུག་གིས་གླུ་གར་བསྒྱུར་བ། རེག་བྱ་འཇམ་ཞིང་དལ་བར་གཡོ་བའི་དྲི་ཡི་བཞོན་པ་དང་འགྲོགས་པའི་བསུང་ངད་མི་ཟད་པར་འཐུལ་བ། དེ་ལྟར་རྟེན་ཟངས་མདོག་དཔལ་གྱི་རི་བོའི་སྟེང་། བརྟེན་པ་བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བར་གྱུར་པ། ཕྱི་ནང་ཀུན་ཏུ་འཇའ་ཚོན་ཡིད་འཕྲོག་པའི་ཐིག་ལེ་གུར་ཁང་ཟེར་ཐག་སྤྲོ་བ་དང་སྡུད་པ་དུ་མས་འཁྲིགས་པའི་དབུས་ཀྱི་ལྟེ་བའི་ཆར། རང་གི་གཞི་ལུས་གདོས་བཅས་རྣམ་སྨིན་ཤ་ཁྲག་གིས་མཚོན་པའི་ཐ་མལ་གྱི་དངོས་པོ་འདི་ཉིད་ཐོལ་སྐྱེས་སུ་གནས་འགྱུར་ཏེ་ངོ་བོ་སྟོང་གསལ་གཉིས་མེད་ཀུན་ཁྱབ་ཀྱི་ཆོས་ཉིད་མཚན་མའི་མཐའ་ལས་འདས་པའི་རང་མདངས། རྣམ་པ་འགག་མེད་ཡེ་ཤེས་ཀྱི་ཌཀྐཱི་མ་རྡོ་རྗེ་ཕག་མོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་མོ། དར་དམར་གྱི་གུར་ཕུབ་པ་ལྟ་བུ་འོད་ཀྱི་ཕུང་པོ། སྒྲིབ་མེད་དྭངས་གསལ་གྱི་རང་བཞིན། ཕྱག་གཡས་པས་རྡོ་རྗེའི་ཡུ་བ་བྱས་པའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་ལྦུ་ཕྲེང་གི་རྣམ་པར་ཁོལ་བ་ཐུགས་ཀར་བརྟེན་ནས་འཛིན་པ། ཞལ་ཁྲོ་འཛུམ་ཆགས་པའི་ཉམས་ཅན་སྤྱན་གསུམ་གྱེན་དུ་གཟིགས་པ། མཆེ་བའི་མྱུ་གུ་གཙིག་པའི་ཚེམས་ཀྱི་ཕྲེང་དཀར་བཞད་ཚུལ་དུ་བསྟར་བ། རྣ་ལྟག་གཡས་སུ་ཕག་ཞལ་མཐིང་ནག་མཆེ་བ་བཞི་གཟེང་བའི་ཞལ་ནས་ངུར་བའི་སྒྲས་ཁམས་གསུམ་གྱི་སྐྱེ་འགྲོ་མ་ལུས་པ་གཏི་མུག་མ་རིག་པའི་གཉིད་ལས་སློང་བཞིན་སོ་སོའི་འཁྲུལ་སྣང་དབང་དུ་སྡུད་པ། ཐབས་ཡབ་ཀྱི་ངོ་བོ་རྣམ་པ་ཧེ་རུ་ཀའི་ཕྱག་མཚན་ཁ་ཊཱཾ་ཀར་བྱིན་གྱིས་རླབས་པ། དེ་ཡང་ཡུ་བ་ཆུ་ཤིང་ནག་པོ་མཉེན་ལ་ལྕུག་པ་ཟུར་བརྒྱད་པ། མར་གྱི་རྟིང་པ་ལ་གསེར་རྡོར་རྩེ་ལྔའི་ཏོག་གིས་སྤྲས་པ། ཡར་གྱི་རྩེ་མོར་རིམ་པ་བཞིན་འོག་ཏུ་ཐོད་རློན། བར་དུ་མགོ་བོ་རྙིད་པ། སྟེང་དུ་ཐོད་པ་སྐམ་པོ་སྟེ་སུམ་བརྩེགས་བརྒྱུས་པ། དེའི་སྟེང་གསེར་གྱི་བུམ་མགུལ་པད་ཕོར་མཛེས་པ། དར་སྣ་ལྔའི་ཆུན་པོ་དང་གསེར་གྱི་གཡེར་ཁ། དངུལ་གྱི་དྲིལ་ཆུང་སྤུད་པ། པད་ཕོར་ལས་སྐྱེས་པའི་ཁ་ཊཱཾ་ཀ་ཡར་རྩེ་རྭ་གསུམ་པ་ལྕགས་ལུང་གསུམ་གསུམ་རེ་དགུ་ཡིས་བརྒྱན་པ་ཅན་མཆན་ཁུང་གཡོན་དུ་བརྟེན་པར་བཅུག་པ། སྐུ་ལ་རིགས་ལྔའི་ཕྱག་མཚན་རྫོགས་པའི་རུས་པའི་རྒྱན་དྲུག་གི་ཕྲེང་བ་དྲྭ་བ་དང་དྲྭ་ཕྱེད་ཀྱི་ཚུལ་དུ་སྤྲས་པའི་གཤམ་དུ་གསེར་དངུལ་གྱི་དྲིལ་བུ་ཆུང་བུས་སྒྲ་སྙན་སལ་སིལ་དུ་འཁྲོལ་བས་སྤུད་པ། སྐུ་སྟོད་ལ་དར་དཔྱང་མཐིང་དམར་དང་། སྐུ་ཤ་འཁྲིལ་བག་ཆགས་པ། ཡན་ལག་གི་ཤ་ཚུགས་རགས་པ། གདན་པདྨ་དང་ཉི་མའི་གདན་ལ་ཞབས་གཉིས་གཡས་བསྐུམ་ཉམས་དང་། གཡོན་བརྐྱང་པའི་འདོར་ཐབས་ཀྱིས་ཁྲོ་མོའི་ཆས་ཀུན་རྫོགས་པ། ཕྱི་རོལ་དུ་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་བཀྲག་མདངས་ཀྱི་གཟི་འོད་ཡེ་ཤེས་འོད་ལྔ་འཁྲིགས་པའི་ཟེར་འཕྲོ་བ། དེའི་སྤྱི་བོར་ཁྲུ་གང་ཙམ་གྱི་ཐད་དུ་གདན་ཐབས་བདེ་བའི་ཆ་དང་ཤེས་རབ་དབྱིངས་ཀྱི་ངོ་བོ་མཉམ་པར་ཞུགས་པའི་རྟགས་སུ་པདྨ་འདབ་མ་སྟོང་ཕྲག་ཁ་དོག་སྣ་ཚོགས་པའི་སྟེང་ཉི་མ་དང་ཟླ་བའི་གདན་ལ། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་གནས་ཕྱི་ནང་གསང་གསུམ་ཀུན་འདུས་པའི་བདག་ཉིད་དུ་གྱུར་པ། སྒོས་སུ་བདག་ཉིད་ལ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་འབོགས་པ་དང་། ཁྱད་པར་དུ་དབང་བསྐུར། རྒྱུད་བཤད། མན་ངག་བསྩལ་བའི་བཀའ་དྲིན་ཐོབ་པའི་རྩ་བར་གྱུར་བའི་བླ་མ་རྗེ་ཨོ་རྒྱན་ལུང་རིག་གླིང་པའམ་རང་གི་བླ་མ་གང་ཡིན་པ་དེ་ཉིད། རྣམ་པ་སློབ་དཔོན་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་གཞོན་ཚུལ་ཅན་དུང་ལ་ཕོ་ཚོས་བསྐུས་པ་ལྟར་དཀར་ལ་དམར་བའི་མདངས་དང་ལྡན་ཞིང་སྤྱན་གཉིས་ཐད་གར་འབྲུ་ཚུགས་ཟིམ་བུས་ཁྲོ་འཛུམ་རྒྱས་པའི་ཞལ་རས་མཛེས་པ། ཕྱག་གཡས་པས་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་ཐུགས་ཀར་གཏོད་ཅིང་། ཕྱག་གཡོན་པས་བདེ་སྐྱོང་གི་ཐོད་པ་དུམ་བུ་གཅིག་པ་ཛ་གད་ཀྱི་ཉིང་ཁུས་བཀང་བ། དེའི་ནང་ཟག་མེད་ཀྱི་བདུད་རྩིའི་བཅུད་གཏམས་པའི་ཚེའི་བུམ་པ་རྒྱན་ལྡན་དང་བཅས་ལྟེ་བའི་ཐད་ཁར་མཉམ་བཞག་གིས་བརྟེན་པ། དཔལ་ཡང་དག་ཧེ་རུ་ཀའི་རྩ་བའི་ཕྱག་མཚན་འབྲལ་སྤང་གི་དམ་ཚིག་ཏུ་ཁ་ཊཱཾ་ཀ་གྲུ་མོ་གཡོན་དུ་བརྟེན་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། དེའི་སྟེང་འདུང་མ་དམར་པོ། དེའི་སྟེང་དུ་ཕོད་ཁ་མཐིང་ཁ། སྐུ་སྨད་དུ་མཐང་གོས། སྐུ་སྟོད་ལ་ཆོས་གོས་དམར་སེར་གསེར་མདོག་གི་གླེགས་བུའམ་ཚལ་བུ་ཅན། དེ་དག་གི་ཕྱིའི་སྟེང་གོས་ཟ་འོག་དམར་པོའི་བེར་རམ་ཕྱམ་ཙེ་ལྷབ་ལྷུབ་དུ་གསོལ་བ། དབུ་ལ་པདྨ་ཁ་འབུས་པ་ལྟ་བུའི་གཙུག་ཞྭ་འདབ་མ་ལྔ་ལྡན། ཉི་ཟླ། རྡོ་རྗེ། རྒོད་སྒྲོའི་ལྡེམ་འཕྲུ་དང་བཅས་པ་ཅན་གསོལ་བ། རིན་པོ་ཆེའི་སྙན་ཆ་དང་མགུལ་རྒྱན་གྱིས་མཛེས་པར་སྤྲས་པ། ཞབས་གཉིས་སག་ལྷྭམ་འཇའ་ཚོན་རིས་མནབས་པ། འཁོར་ལོས་བསྒྱུར་བའི་རོལ་སྟབས་ཀྱིས་བརྗིད་ཆགས་པར་འོད་དང་འོད་ཟེར་མུ་མཐའ་མེད་པར་སྤྲོ་བའི་དབུས་ན་བཞུགས་པའོ། །སྐུའི་གཡས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཚངས་པ་ལྷའི་མེ་ཏོག་ཞི་མ་ཁྲོའི་ཉམས་ཅན། སྐུ་ལ་ནང་དུ་གསང་གོས་དཀར་པོ་དང་ལའུ་དམར་པོ། ཟ་འོག་གི་གོས་སེར་པོ་འཕེལ་ཁ་ཆེ་བ་དང་རྒྱ་བེར་དམར་སྨུག་གསོལ་བ། ཞལ་རས་རྒྱས་པ་སྨ་ར་དང་ཨག་ཚོམ་འཁྱིལ་ཆགས་པ། དབུ་ལ་དར་གྱི་ལ་ཐོད་དང་སྙན་ཆ་སྤྲས་པ། ཕྱག་གཉིས་མཉམ་བཞག་གི་རྒྱས་གསེར་འཁོར་རྩིབས་བཞི་བསླང་སྟེ་འཛིན་པ། ཞབས་གཉིས་ལྷམ་མནབས་པས་རྒྱལ་པོ་རོལ་སྟབས་སུ་དར་ཟབ་ཀྱི་གབ་ཙེ་སུམ་བརྩེགས་ཀྱི་གདན་ལ་འགྱིང་བག་དང་ལྡན་པས་བཞུགས་པའོ། །སྐུའི་གཡོན་དུ་འབངས་ལོ་ཆེན་བཻ་རོ་ཙ་ན་གངས་ཅན་གྱི་མིག་གཅིག་པུ་རབ་ཏུ་བྱུང་བའི་ཆ་ལུགས་ཅན། ཆོས་གོས་རྣམ་གསུམ་གསོལ་ཞིང་ཕྱག་གཉིས་གཡས་ཆོས་འཆད་དང་། གཡོན་མཉམ་བཞག་གིས་གླེགས་བམ་བསྣམས་པ་སྟ་ཟུར་གཡས་སུ་སྒྲོམ་བུ་པུསྟིས་བཀང་བ་བརྟེན་པ། དབུ་ལ་པཎ་ཞུ་གསོལ་བ། ཞབས་གཉིས་རྗེན་པར་ངུར་སྨྲིག་འདིང་བ་ལ་ཕྱེད་པའི་སྟབས་སུ་བཞུགས་པའོ། །སྐུའི་མདུན་དུ་གྲོགས་ཡེ་ཤེས་མཚོ་རྒྱལ་བོད་མོའི་ཆས་དང་། ཞི་འཛུམ་ཆགས་པའི་ཚུལ་ཅན། དབུ་རྒྱན་སྙན་ཆ། མགུལ་རྒྱན་དང་ཆས་ཕྲེང་། འོག་པགས་དང་དར་གྱི་རྩེ་གོས་སྣ་ཚོགས་སྐུ་ལ་སྤྲས་པ། ཕྱག་གཉིས་གདུ་བུ་སོར་རྒྱན་དང་བཅས་པས་བདེ་སྐྱོང་གི་སྣོད་མཚན་ཉིད་དང་ལྡན་པར་མ་དཱ་ན་བསྐྱིལ་བ་གུ་རུ་རིན་པོ་ཆེར་འདྲེན་ཐབས་སུ་བསྣམ་པ། ཞབས་གཉིས་རྟ་བབ་ཀྱི་སྐྱིལ་མོས་ཟ་འོག་གི་གདན་ལ་རོལ་པའོ། །རྒྱབ་ཏུ་ཟབ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་དགོངས་གཏེར་མུ་མཐའ་མེད་པར་སྩོལ་ཞིང་སྨོན་ལམ་གཏད་རྒྱ་དང་། བཀའ་བབ་ལུང་བསྟན་གྱིས་དབུགས་དབྱུང་ཞིང་མངའ་གསོལ་ཏེ་བྱིན་རླབས་མངོན་སུམ་གྱི་བདག་པོ། གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་ཅུང་ཟད་བགྲེས་ཉམས་དང་རབ་བྱུང་གི་ཚུལ་ཅན། སྐུ་ལ་ནང་དུ་འགག་གོས་དང་། དེའི་ཕྱི་རྔུལ་གཟན་དང་ཤམ་ཐབས་གསོལ་བ། དབུ་ལ་པད་ཞྭ་དང་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཐུགས་ཀར་མཛད་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཟང་གོས་ཀྱི་སྟན་ནང་ཚངས་ཅན། སྟེགས་ཁེབ་ལ་པར་ཏགས་ཁྲ་བོའི་གྲུམ་རྩེའི་གདན་ལ་བརྗིད་ཆགས་པར་བཞུགས་པའོ། །མཐའ་སྐོར་དུ་འཇའ་ཚོན་འོད་ལྔའི་དྲྭ་བ་མིག་མང་རིས་སུ་འཁྲིགས་པའི་ཀློང་དུ་སྐུའི་རིག་འཛིན་འཇམ་དཔལ་བཤེས་གཉེན། གསུང་གི་རིག་འཛིན་ཀླུ་སྒྲུབ་སྙིང་པོ། ཐུགས་ཀྱི་རིག་འཛིན་ཧཱུྃ་ཀ་ར། ཡོན་ཏན་གྱི་རིག་འཛིན་དྲི་མེད་བཤེས་གཉེན། ཕྲིན་ལས་ཀྱི་རིག་འཛིན་འོད་གསལ་གླང་པོ། མ་མོའི་རིག་འཛིན་ནོར་ལེགས་སྦྱིན། དྲག་སྔགས་ཀྱི་རིག་འཛིན་ཞི་བའི་སྙིང་པོ། མཆོད་བསྟོད་ཀྱི་རིག་འཛིན་གསང་བ་སྦས་པ་སྟེ་བརྒྱད་ཀ་རབ་ཏུ་བྱུང་བའི་ཆ་ལུགས་ཅན། གཡས་ཐམས་ཅད་ཀྱིས་བདེ་གཤེགས་སྒོས་བཀའ་རང་རང་གི་རྩ་བའི་ཕྱག་མཚན་ལ་གཡོན་པ་རྣམས་མཉམ་བཞག་མཛད་དེ་ཞབས་གཉིས་ཕྱེད་སྐྱིལ་ཅན་བཞི་དང་། བརྟུལ་ཞུགས་ཀྱི་སྐྱིལ་སྟབས་བཞིས་བཞུགས་ཏེ་པད་ཟླའི་གདན་ལ་རོལ་བའོ། །ཕྱི་རོལ་དུ་བོད་ཀྱི་གྲུབ་ཆེན་རྗེ་འབངས་ཉི་ཤུ་རྩ་ལྔ་རང་རང་རབ་བྱུང་དང་སྔགས་པའི་ཆ་ལུགས་སོ་སོར་མ་འདྲེས་ཐ་དད་དུ་བཞུགས་པའོ། །ཚོགས་ཞིང་གི་སྤྱི་བོར་སྟེང་གི་ནམ་མཁའ་ལ་དབུས་སུ་སངས་རྒྱས་ཐམས་ཅད་ཀྱི་མེས་པོ། ཡེ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་འོད་མི་འགྱུར་བ། སྟོན་པ་རྒྱལ་བ་རིགས་ལྔ། རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་སེམས་དཔའ་སྟེ་རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་པྲ་ཧེ་བཛྲ། མཉྫུ་ཤྲི་མི་ཏྲ། དཔལ་གྱི་སེང་གེ། ཡེ་ཤེས་མདོ། དྲི་མེད་བཤེས་གཉེན་གྱིས་མཚོན་རིག་འཛིན་བརྡའ་ཡི་བརྒྱུད་པ། སློབ་དཔོན་ཆེན་པོ་པདྨ་ཀཱ་ར། ཆོས་ཀྱི་སྒྲོན་མེ་རྣམ་པར་སྣང་མཛད་ཞབས། གསང་ཆེན་བཀའི་སྡུད་པོ་ཛྙ་ན་ས་ག་ར། ཆོས་ཀྱི་འཁོར་ལོས་བསྒྱུར་མཛད་པྲ་ཧ་མ་དེ་ཝ་པུཥྤེ་སོགས་གང་ཟག་སྙན་ཁུང་བརྒྱུད་པའི་བླ་མའི་ཚོགས་ཁྲོམ་ཆེན་པོ་འདུས་པ་ལྟར་གོ་མཚམས་མེད་པར་བཞུགས་པ་དང་། བར་མཚམས་ཐམས་ཅད་དུ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། མགོན་པོ་ཕོ་རྒྱུད། ལྷ་མོ་མོ་རྒྱུད་ལ་སོགས་རྡོ་རྗེ་ཆོས་སྐྱོང་བའི་བསྲུང་མ་རྒྱ་མཚོ་དང་། ཚོགས་ཞིང་རྗེ་བཙུན་བླ་མའི་སྟེང་འོག་ཕྱོགས་མཚམས་མ་ལུས་པར་གསང་སྔགས། རིག་སྔགས། གཟུངས་སྔགས་ཀྱིས་བསྡུས་པའི་རྒྱུད་སྡེ་བཞིའམ་དཀའ་ཐུབ་རིག་བྱེད་དང་། དབང་བསྒྱུར་ཐབས་ཀྱི་དགོངས་པས་ཕྱེ་བའི་རྒྱུད་སྡེ་དྲུག་གི་ལྷ་ཚོགས་དངོས་གྲུབ་ཀྱི་རྩ་བར་གྱུར་པ་མ་ལུས་ཤིང་ལུས་པ་མེད་པ། དཔེར་ན་ནམ་མཁའ་ལ་སྤྲིན་གྱི་ཕུང་པོ་འཁྲིགས་པ་བཞིན་དུ་བསྒོམ་པས་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་ནུས་པ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བས་གསལ་སྟོང་འཛིན་ཞེན་མེད་པ་རང་བྱུང་ལྷུན་གྲུབ་ཆེན་པོར་བསྒོམ་མོ། །དེ་ཡན་ཆད་ཀྱིས་ཇི་ལྟར་བསྐྱེད་པའི་རིམ་པ་སོང་།

མོས་གུས་གསོལ་འདེབས་ཀྱི་རྣལ་འབྱོར།

གཉིས་པ་མོས་གུས་གསོལ་འདེབས་ཀྱི་རིམ་པ་ནི། ཚེ་འདིར་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས་མཆོག་གི་དངོས་གྲུབ་ཐོབ་པའི་ཉེ་ལམ་ཐུན་མོང་མ་ཡིན་པར་ངོ་མཚར་བས་ན། ཨེ་མ་ཧོ་ཞེས་བརྗོད་དེ། འཇིག་རྟེན་པའི་བློར་སྣང་བའི་གནས་རིས་མཆོག་དམན་གྱིས་བཟང་ངན་དུ་བཟུང་བའི་ཕྱོགས་ལྷུང་ལྟར་མེད་པ་དང་། མཚན་མའི་རྟོག་པའི་འོག་ཏུ་མ་གྱུར་པས་འོག་མིན་སྲིད་ཞིའི་ཁམས་ཀུན་དང་མཉམ་པའི་ཆོས་ཀྱི་དབྱིངས་སྐྱེ་འགག་གནས་དམིགས་འགྲོ་འོང་གིས་མཚོན་མཐའ་བརྒྱད་ཀྱི་སྤྲོས་པ་དང་བྲལ་བའི་རང་སྣང་དོན་གྱི་ཕོ་བྲང་ནས། རང་བཞིན་དག་པ་གཉིས་ལྡན་ངོ་བོ་ཆོས་སྐུ་ཀུན་དུ་བཟང་པོ་དང་། འཁོར་རྒྱལ་ཚབ་རིགས་ལྔའི་སྐྱེས་བུ། རིགས་ཆུང་གི་སེམས་དཔའ་དང་སེམས་མ། སྟོན་འཁོར་དགོངས་པ་དབྱེར་མེད་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་རང་ཤར་བ་ཉིད་ལས་མི་གཞན་པའི་ཡེ་ཤེས་ཀྱི་འཁོར་ཚོགས། རྒྱལ་སྲས་སེམས་དཔའ་དང་འཇོམས་བྱེད་ཁྲོ་བོ་སྟེ་སངས་རྒྱས་རང་སྣང་གིས་བྱིན་རླབས་དགོངས་བརྒྱུད་རྟོགས་པ་མངོན་གྱུར་གྱི་བླ་མ་རྣམས་ལ་ལྟ་བ་ཞལ་མཇལ་གྱི་ངང་ནས་གསོལ་བ་འདེབས་སོ། །དེའི་བྱིན་རླབས་མངོན་སུམ་རང་གནས་ཀྱི་ཡེ་ཤེས་ངོ་རང་ཐོག་ཏུ་འཕྲོད། ཐག་གཅིག་ཐོག་ཏུ་བཅད། གདེང་གྲོལ་ཐོག་ཏུ་བཅའ་བའི་ངོ་བོ་ཀ་དག་གདོད་མའི་གནས་ལུགས་རང་ངོ་རྗེན་པ་ད་ལྟ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས་ཤིག་པའོ། །མངོན་པར་དགའ་བ་དང་། དཔལ་ལྡན་བརྩེགས་པ་ལ་སོགས་གནས། ཕྱེད་སྤྲུལ་ལོངས་སྤྱོད་རྫོགས་པས་བསྡུས་པའི་སྟོན་པ། གསང་སྔགས་ཀྱི་རྒྱུད་དོན་མཐར་ཐུག་པ་སྟེ་ཆོས། གཞི་རྫོགས་འཕོ་འགྱུར་མེད་པའི་ངང་གི་དུས། རྒྱལ་སྲས་རིགས་གསུམ་སེམས་དཔའ་ལ་སོགས་འཁོར་ཏེ་ངེས་པ་ལྔ་དང་ལྡན་པའི་ངོ་བོ། རྣམ་པ་འགག་མེད་རང་བཞིན་ཡེ་ཤེས་ཀྱི་རོལ་རྩལ་ལྷུན་གྱིས་གྲུབ་པ་རྩོལ་མེད་ཕྱིར་གསལ་དུ་མཆེད་པའི་སྣང་བ། དག་པ་རབ་འབྱམས་ངོ་བོ་ཉིད་ཀྱིས་སྟོང་ཞིང་བདག་མེད་པས་འདུས་མ་བྱས་པ་རྒྱུ་རྐྱེན་ལས་འདས་པའི་ཕོ་བྲང་ཉིད་ནས། དག་ས་གསུམ་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོར་སྣང་བས་ན་ངོ་བོ་སངས་རྒྱས་རང་སྣང་གི་ཡེ་ཤེས་ལས་ཅུང་ཟད་མ་གཡོས་ཀྱང་། བྱད་དབྱིབས་དང་མེ་ལོང་དངས་པའི་དཔེ་བཞིན་བློ་གྲོས་མཆོག་གྱུར་གྱིས་སེམས་ཅན་གཞན་རྒྱུད་ལ་བརྡ་དང་བརྡ་ཐབས་ལྟར་སྐུའི་བཀོད་པ་མཚན་དཔེ་ཁྱད་པར་བའི་རྣམ་པར་ཤར་བ། ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་རིགས་ལྔའི་སངས་རྒྱས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་སྟོན་པ་འདི་ལྟ་སྟེ། གསུང་གིས་ཆོས་མི་སྨྲ་ན་ཡང་སྐུ་མཇལ་བ་ཙམ་གྱིས་དགོངས་པའི་ཁྱད་པར་བརྡའི་སྒོ་ནས་སྟོན་པར་མཛད་པའི་བརྡ་བརྒྱུད་ཀྱི་བླ་མ་གྲུབ་པ་མཆོག་བརྙེས་པ་རྣམས་ལ་གསོལ་བ་འདེབས་སོ། །རིག་པ་རང་བྱུང་གི་ཡེ་ཤེས་ཐབས་ཀྱི་རྟེན་འབྲེལ་ཙམ་གྱིས་མངོན་སུམ་བཅར་ཕོག་ཏུ་རྟོགས་བྱེད་ལྷུན་གྲུབ་སྣང་བ་བཞིའི་ཡེ་ཤེས་གོང་ནས་གོང་འཕེལ་དུ་འཆར་བར་བྱིན་གྱིས་རློབས་ཤིག་པའོ། །རྩོད་པའི་དུས་འདིར་ཐེག་མཆོག་གསང་བ་སྔགས་ཀྱི་གདུལ་ཞིང་། ལས་འཕྲོ་དང་སྐལ་བ་བཟང་པོ་དང་ལྡན་པའི་སེམས་ཅན། རྣམ་དཀར་བསོད་ནམས་དགེ་བའི་བློ་རང་ངོས་ནས་རྐྱེན་ལ་རགས་མ་ལས་པར་སྣང་བར་ནུས་པ། གངས་ཅན་བོད་ཀྱི་ས་ཡི་ལྟེ་བ་དབུས་གཙང་དག་པའི་ཞིང་ཁམས་ཆོས་འཁོར་རྣམ་གསུམ་གོས་ཀྱི་ཚུལ་ལ་སྒྲུབ་གནས་རྣམ་གསུམ་གོང་བ་ལྟ་བུར་འབྲེལ་བས་མཚོན་ཏེ་མ་ངེས་ཐ་དད་ཀྱི་གནས་ཆེན་པོ་སྔོན་བྱོན་མཁས་གྲུབ་ཀྱི་རིག་འཛིན་འགྲོ་བ་འདུལ་བའི་སྐྱེས་བུ་སྤྲུལ་བའི་སྐུ་དུ་མས་ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་བསམ་ཡས་དབུ་རྩེ་རིམ་གསུམ་གཙོ་བོར་གྱུར་པ་དང་། ཁྲ་འབྲུག་བྱམས་པ་གླིང་། ར་ས་འཕྲུལ་སྣང་། ཡེར་བ་ཟླ་བ་ཕུག་སོགས་དག་ཞིང་རང་དབང་ཅན་གྱི་ཕོ་བྲང་ནས་སྔོན་བསྟན་པ་དར་ཞིང་རྒྱས་པར་བྱེད་པའི་བདག་པོའི་རྐྱེན་སློབ་དཔོན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས། གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལ་སོགས་སྨིན་གྲོལ་གདམས་ངག་གི་ཆོས་བཀའ་ཞལ་ནས་སྙན་དུ་བརྒྱུད་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ལ་དངས་འདོད་ཡིད་ཆེས་ཀྱི་དད་པ་རྩེ་གཅིག་པས་གསོལ་བ་འདེབས་སོ། །སེམས་བསྐྱེད་ཀྱི་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་ནས་ཕྱོགས་མེད་ཀྱི་འགྲོ་བའི་དོན་འབད་རྩོལ་མི་དགོས་བཞིན་འབྱུང་ནུས་པར་བྱིན་གྱིས་རློབས་ཤིག་པའོ། །གཞན་ཡང་བརྒྱུད་པ་རིམ་པ་གསུམ་པོ་དེ་དག་གི་རྒྱུན་བར་མ་ཆད་པར་དམ་སེལ་གྱི་སླད་མ་ཞུགས། གདམས་ངག་གི་སྣ་ཁ་མ་ལོག བྱིན་རླབས་ཀྱི་ནུས་པ་མ་ཉམ་པར་གཅིག་ནས་གཅིག་ཏུ་རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་མན་ངག་དང་འབྲེལ། མན་ངག་ཕྱག་བཞེས་དང་འབྲེལ། ཕྱག་བཞེས་ཆོག་ཁྲིགས་དང་འབྲེལ་བས་ཆོས་ཁུང་བཙུན་པ། ཁྱད་པར་དུ་ཉེ་བརྒྱུད་ཟབ་མོ་གཏེར་གྱི་ཕྱོགས་ལའང་རྒྱ་ཆེ་བ་ས་གཏེར་ལ། མི་འགྱུར་བའི་བྲག གཡང་ཞག་གི་མཚོ། རིན་པོ་ཆེའི་སྒྲོམ་རྣམས་ནས་དངོས་སུ་གསང་གཏེར་དང་ཁྲོམ་གཏེར་གང་ཡང་རུང་བར་སྤྱན་དྲངས་པའི་གཏེར་ཁ། ཟུག་པ་རྩ་བ་ལྟ་བུ། འདྲིལ་བ་སྡོང་པོ་ལྟ་བུ། གྱེས་པ་ཡལ་ག་ལྟ་བུ། མཛེས་པ་མེ་ཏོག་ལྟ་བུ། སྨིན་པ་འབྲས་བུ་ལྟ་བུའི་ཆོས་སྐོར། བྱེ་བྲག་ནང་གསེས་སུ་ཡབ་གཏེར། ཡུམ་གཏེར། གསང་གཏེར། རྫས་གཏེར། ཕྱི་གཏེར། ནང་གཏེར། མ་ནིང་གི་གཏེར། སྨྱོ་གཏེར། ཟབ་གཏེར། ས་གཏེར་ལ་སོགས་རིགས་བཅོ་བརྒྱད་དུ་ཕྱེ་བར་མཛད་པ་དང་། ཟབ་མོ་དགོངས་པའི་གཏེར་ལ་ཐུགས་གཏེར་ཆེན་པོ་ཕྱི་ནང་གསང་གསུམ་དུ་བཞུགས་པ་དང་། དེ་ལས་ཀྱང་དག་སྣང་སྙན་བརྒྱུད་དང་སྔོན་གནས་རྗེས་དྲན་སོགས་མདོར་ན་གཏེར་བྱོན་རེ་རེ་ལ་ཟབ་ཆོས་བླ་རྫོགས་ཐུགས་གསུམ་གྱི་སྒྲུབ་ཐབས་གཞུང་མན་ངག་ལེ་ལག་དང་བཅས་པའི་ཆོས་ཏེ། ཇི་ལྟར་རིག་པའི་སྨིན་བྱེད་ཀྱི་དབང་བསྐུར་བ། ཤེས་རབ་ཀྱི་རྒྱུད་བཤད་པ། མན་ངག་གི་ཁྲིད་འབོགས་པ། ཉམས་ལེན་གྱི་སློབ་བཤད་སྟོན་པའི་སློབ་དཔོན། ཡོན་ཏན་གྱི་ངོས་ནས་སྐལ་བཟང་གི་འདྲེན་པ་སྟོང་དང་རྩ་གཉིས་རྣམས་དང་མཉམ་པ། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་སྟོང་ལས་ཀྱང་ལྷག་པའི་ཐུགས་རྗེ་གསུམ་ལྡན་གྱི་བདག་ཉིད་རྩ་བའི་བླ་མ་རིན་པོ་ཆེ་དང་། ཡི་དམ་ལྷག་པའི་ལྷ་ཞི་བ་དང་ཁྲོ་བོ་མ་མོ་མཁའ་འགྲོ་རྣམས་དང་། ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་ལ་སོགས། མདོར་ན་སྐྱབས་གནས་མ་ལུས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་པདྨ་ཐོད་ཕྲེང་རྩལ་དང་དབྱེར་མ་མཆིས་པ་ཚེ་རབས་ཀུན་གྱི་རིགས་ཀྱི་བདག་པོ་ཁྱོད་ཉིད་ཁོ་ན་ལས་བདག་ལ་འདི་ཕྱི་བར་དོ་གང་ལྟར་ཡང་སྐྱབས་དང་དཔུང་གཉེན་དུ་རེ་ས་དང་ལྟོས་སའི་ཡུལ་གཞན་ནས་ཉི་ཚེ་ཙམ་ཡང་མ་མཆིས་པས་གནས་སྐབས་སུ་སྐྱིད་དམ་སྡུག ལེགས་སམ་ཉེས། གང་ཅི་བྱུང་ཡང་ཐེ་ཚོམ་གྱི་སོམ་ཉི་རྡུལ་ཙམ་ཡང་མི་འཆར་བར་སྙིང་ཁོང་རུས་པའི་གཏིང་ནས་ཅི་མཛད་ཁྱེད་མཁྱེན་ནོ་སྙམ་པའི་ཡིད་ཆེས་ཀྱི་གུས་པས་སྒོ་གསུམ་ཆུན་གཅིག་དྲིལ་གྱི་འདུན་པ་རྩེ་གཅིག་པས་ལུས་ཀྱི་བ་སྤུ་གཟེང་བ། མིག་ནས་མཆི་མ་ཐོན་པ། བློ་སྣ་བླ་མས་འཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། སྣང་བ་བླ་མར་འཆར་བའི་མོས་གུས་བཟོད་མེད་ཀྱི་གདུང་བས་གསོལ་བ་འདེབས་སོ། །བདག་ལས་ངན་གྱི་ཁུར་གྱིས་ནོན། བག་ཆགས་ཀྱི་སྦུབས་སུ་འཐུམ། སྡུག་བསྔལ་གྱི་འདམ་དུ་བྱིང་བའི་ཚུལ་འདིར་མནོ་བསམ་བགྱིས་ན་རང་ཉིད་འདྲ་བ་སྲིད་ན་མ་མཆིས་པས། རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པས་རྣམ་པར་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱིས་གདུང་ཤིང་མནར་བའི་ཉམས་ཐག་པ་བདག་སྐྱེ་བ་ཐམས་ཅད་དུ་ཡང་ཐར་བའི་གོ་སྐབས་མེད་པའི་སྲིད་པའི་ཕུང་པོ་ཅན། ཁམས་གསུམ་གྱི་འཁོར་བའི་རྒྱ་མཚོ་འདུས་བྱས་ཀྱི་རྦ་ཀློང་ཤུགས་དྲག་ཏུ་གཡོ་བ་ལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་བསྒྲུབ། བདེ་བ་འདོད་ཀྱང་དེའི་ཚུལ་ལ་ལེགས་པར་འཇུག་མི་ནུས་པར་དབང་མེད་དུ་ནུབ་པ་རྣམས་རྗེ་བཙུན་བླ་མ་ཁྱེད་ཀྱི་བརྩེ་བ་ཆེན་པོའི་ཐུགས་རྗེས་འཇུག་པ་ལྕགས་ཀྱུ་རྣོན་པོ་ལྟ་བུ་ཡིས། གནས་སྐབས་ཕྱི་དུས་སུ་མི་འགྱང་བར་དུས་ད་ལྟ་འདི་ཁོ་ན་ཉིད་དུ་མངོན་སུམ་དུ་དྲང་བར་མཛད་དུ་གསོལ་ཞེས་སྨོན་ལམ་གསོལ་བའོ། །དགེ་སྡིག་བླང་དོར་མི་ཤེས་པ་གཏི་མུག་མ་རིག་པའི་བློ་ཤིན་ཏུ་རྨོངས་པའི་མུན་པ་ཆེན་པོས་བདག་མེད་ཀྱི་དོན་མཐོང་བའི་རང་ཞལ་ལ་ཀུན་ནས་སྒྲིབ་པས་ལམ་ནོར་བ་དང་། ལམ་གོལ་བར་འཕྱན་བཞིན་པའི་ལས་ཉོན་གྱིས་རྣམ་པར་འཐིབ་པའི་ཡིད་གཟུང་འཛིན་གཉིས་རྟོག་གི་ཤེས་པ་འཁོར་བའི་རྩ་བའམ་གཞིར་གྱུར་པ་འདི་བསལ་ཞིང་གྲོལ་བར་བྱེད་པའི་ཐབས་གྲོགས་ཁྱད་པར་ཅན། དགེ་བའི་བཤེས་གཉེན་ཚངས་པ་མཚུངས་པར་སྤྱོད་པ་མང་དུ་ཐོས་པ་ལུང་གི་ཡོན་ཏན་གྱིས་ཕྱུག་པས་གཞན་རྗེས་འཇུག་རྣམས་ཆོས་མིན་བདུད་ཀྱི་ལྟ་སྤྱོད་ལས་མངོན་སུམ་ལྡོག་པར་མཛད་ནུས་པ་ཅན་མཉེས་པ་གསུམ་གྱིས་བསྟེན་ནས། རང་ཉིད་སོ་ཐར་རིས་བདུན་གང་ཡང་རུང་བའི་ཚུལ་ཁྲིམས་ལ་གནས་པས་གཞི་བཟུང་། དུས་ངན་སྙིགས་མའི་རང་རྟགས་ཐོ་ཅོའི་རྩིང་སྤྱོད་རྣམས་ངང་གིས་བཏུལ་ལ་དགེ་བའི་བཤེས་གཉེན་གྱི་དྲུང་དུ། དམ་པའི་ཆོས་བཟང་པོ་བཀའ་དང་བསྟན་བཅོས་ཀྱི་གཞུང་ལུགས་ཡང་དག་པ་རྣམས་ཐོས་པར་བྱེད། ཐོས་པའི་དོན་ནི་རང་སྡེ་གྲུབ་མཐའ་སྨྲ་བ་བཞིའི་ལྟ་གྲུབ་སོ་སོའི་འདོད་པ་ལ་མདོར་བསྡུ་ན། བྱེ་སྨྲ་བས་ཤེས་བྱ་ཐམས་ཅད་གཞི་ལྔར་བསྡུ་བ་དང་། མདོ་སྡེ་བས་བེམ་ཤེས་གཉིས་སུ་འདོད་པ་དང་། སེམས་ཙམ་པས་མཚན་ཉིད་གསུམ་དུ་གཏན་ལ་ཕེབས་པ་དང་། དབུ་མ་བས་གཏན་ཚིག་ལྔས་བདེན་ཞེན་གཅོད་ཚུལ་དང་། སྔགས་ཕྱི་ནང་གིས་གཞི་ལྟ་བ། ལམ་བསྒོམ་པ། འབྲས་བུ་གྲུབ་པ་གསུམ་གྱིས་བསྡུས་པའི་རྒྱུད་ཀྱི་དངོས་པོ་བཅུ་ལ་སོགས་པ་ལེགས་པར་གསུང་པའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་དག་ཅི་རིགས་པ་རང་དང་སྐལ་བ་དང་འཚམ་པར་ཐོབ་པར་བྱེད། གང་ཐོབ་པ་རྣམས་ཐོས་པའི་ཡུལ་ཏུ་ལུས་པར་མི་བྱེད་པར་དེ་དག་གི་རྣམ་དབྱེ་དྲང་དོན་དང་ངེས་དོན། དགོངས་དང་ལྡེམ་དགོངས། སྒྲ་ཇི་བཞིན་དང་ཇི་བཞིན་མ་ཡིན་པ་སྟེ་མཐའ་དྲུག་དང་། ཚིག་དོན་དང་སྤྱི་དོན། སྦས་དོན་དང་མཐར་ཐུག་གི་དོན་སྟེ་ཚུལ་བཞིའི་སྒྲོམ་ནས་སྒྲོ་འདོགས་དང་སྐུར་འདེབ་གཉིས་ཀྱི་མཐར་མ་ལྷུང་བར་ཚིག་དོན་མཐའ་དཔྱོད་དང་བཅས་པ་བསམ་པའི་ཤེས་རབ་ཀྱིས་ངེས་པར་བྱ། བསམ་བྱུང་གི་ཤེས་རབ་ཀྱིས་གཞལ་ཞིང་འཇལ་བའི་དོན་རྟོག་གེའི་རིག་པའི་ལམ་དུ་མི་བཞག་པར། རང་རྒྱུད་ལ་དོན་མངོན་དུ་རྟོགས་པ་བསྒོམ་པའི་ཤེས་རབ་ལ་ཞུགས་ཏེ། དེ་ལ་ཞི་གནས་བསྒོམ་པ་དང་། ལྷག་མཐོང་བསྒོམ་པའི་རིམ་པ་གཉིས་ཀྱི་དང་པོ། སེམས་གནས་པའི་ཐབས་དགུའི་མན་ངག་ལ་བརྟེན། འགལ་རྐྱེན་ཉེས་པ་ལྔ་སྤོང་། གཉེན་པོ་འདུ་བྱེད་བརྒྱད་བསྟེན་པས་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་འགྲུབ་པར་བྱས་ཏེ། ཁྱད་པར་ངེས་འབྱུང་གི་བསམ་པ། བྱམས་སྙིང་རྗེའི་སེམས་བསྐྱེད། བདག་མེད་གཉིས་རྟོགས་ཀྱི་ཤེས་རབ་རྣམས་གོང་ནས་གོང་འཕེལ་ཏུ་བསྐྱེད་དེ་དོན་རབ་འབྱེད་པའི་བསམ་གཏན་གོམས་པས་ཀུན་རྫོབ་ཀྱི་བདེན་པ་སྣང་ལུགས་སྐྱེ་མེད་དུ་ངེས་པའི་ཡེ་ཤེས། དོན་དམ་གྱི་བདེན་པ་གནས་ལུགས་མངོན་སུམ་དུ་གཟིགས་པའི་ཤེས་རབ་ཀྱིས་ལྷག་མཐོང་གི་ཆོས་ཉིད་རྟོགས་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རིན་པོ་ཆེའི་འོད་ལྟ་བུས་བདག་བློའི་མི་ཤེས་པའི་མུན་པ་ལྷག་མེད་དུ་བསལ་དུ་གསོལ་ཞེས་གསོལ། རང་དང་གཞན་རྒྱུད་མ་རུང་བར་བྱེད་པའི་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུས་བསྐྱེད་པའི་ཞེ་སྡང་གི་ཆོས་ལྔ་རྫོགས་པའི་དབང་གིས་རང་དང་ཕ་རོལ་པོའི་ཤེས་རྒྱུད་འཁྲུགས་པས་དེའི་སྟོབས་ཀྱིས་ཟག་བཅས་ཉེར་ལེན་གྱི་བསོད་ནམས་བྱ་བའི་དངོས་པོ་འདུས་བྱས་པ་རྣམས་འཚིག་ཤིང་བརླག་པའི་མེ་ལྕེ་འབར་བའི་ཁོང་ཁྲོས་ཡིད་གདུང་བ་རྣམས། བསམ་པའི་ཀུན་སློང་གི་དམིགས་རྣམ་ཚད་མེད་པའི་ཡིད་འོང་གི་བྱམས་པའི་ངོ་བོ་བདུད་རྩིའི་ཆུ་རྒྱུན་ལྟ་བུས་གཞིལ་ཏེ་བསལ་དུ་གསོལ། མཛེས་ཤིང་ཡིད་དུ་འོང་བའི་ཡུལ་བུད་མེད་ལྟ་བུ་འདོད་པའི་འདོད་ཆགས་ཀྱི་ཞེན་པས་དེའི་དགའ་བདེའི་རོ་མྱོང་བའི་ལས་མི་གཙང་སྤྱོད་རྣམ་གྲངས་དུ་མར་བགྱིས་པའི་བྱས་ཤིང་བསགས་པའི་སྐྱོན་གྱིས་རང་རྒྱུད་ཆེས་ཆེར་གོས་པའི་ཡིད། ཚུལ་ཁྲིམས་ཀྱི་བསླབ་པ་ཞིག་རལ་ནག་ནོག་དྲི་མས་སྦགས་པ་དེ་ཡུལ་རྐྱེན་གྱིས་མི་འཕྲོག་པའི་ཏིང་ངེ་འཛིན་མི་སྡུག་པའི་འདུ་ཤེས་སུ་སྙོམས་པར་ཞུགས་པའི་ཆུ་རྒྱུན་གྱིས་མ་ལུས་པར་བཀྲུས་ཏེ། ཚུལ་འཆལ་གྱི་གདུང་བ་འཇིག་རྟེན་ན་དམ་པ་རྣམས་ཕལ་བར་བྱེད་པ། ཡོན་ཏན་ཉམས་པར་བྱེད་པ། བཀུར་འོས་དང་བསྟོད་འོས་ཀྱི་གོ་ས་ལས་ལྷུང་བར་བྱེད་པ་དག་རང་ངོ་རང་གིས་ཤེས་ནས་རང་ཐག་རང་གིས་རྦད་ཀྱིས་བཅད་ལ་རང་སྐྱོན་རང་སྟོབས་ཀྱིས་བསལ་དུ་གསོལ་ཞེས། མདོར་ན་ཆགས་སྡང་རྨོངས་གསུམ་གྱི་ལས་ངན་གྱི་ཆ་དག་པར་ངེས་པ་སྨོན་ལམ་དུ་བགྱིས་ཏེ། མཐར་འདི་ལྟར་ཉོན་མོངས་པ་རང་མཚན་ཅན་རྣལ་འབྱོར་བའི་རྟོག་པའི་ངོ་བོ་ལ་མ་གྲུབ་པས། དཔེར་ན་སྨིག་རྒྱུ་ལ་རགས་རྩིགས་མི་དགོས་པ་ལྟར་སྤོང་གཉེན་གྱི་ཚུལ་དུ་བསལ་དུ་མེད་དེ་ཆགས་སྡང་གིས་མཚོན་ཉོན་མོངས་པ་གང་ཤར་བ་ན་ཤར་ཙམ་ཉིད་ནས་རང་བཞིན་མ་གྲུབ་པ་དེ་སྟོང་པའི་གཤིས་ལུགས་ཡིན་པས་ཐད་གར་བཅོས་བསླད་མེད་པར་འཇོག དེའི་ཚེ་ངོ་བོ་སྟོང་པ་ཉིད་དུ་ངེས་པས་ན་དེ་ལ་རྣམ་རྟོག་གི་རྩོལ་སྒྲུབ་ཀྱིས་སྒོམ་དུ་རྡུལ་ཙམ་ཡང་མེད་པ་སྟེ་སྟོང་པ་ཉིད་ལ་ཐོབ་ཤོར་སྤུ་རྩེ་ཙམ་མ་མཆིས་པས་སེམས་ཉིད་ཀྱི་ངོ་བོ་རྣམ་པ་འགྱུ་དྲན་འཛིན་ཞེན་གྱི་རྟོག་པ་ཕྲ་རགས་གང་དང་ཅི་སྐྱེས་ཡང་དང་པོ་འགྲོ་དང་འོང་བའི་རྟེན། བར་དུ་གནས་པའི་གཞི། ཐ་མ་འགག་པའི་ཡུལ་ཐམས་ཅད་ལས་འདས་པ་རང་བྱུང་རིག་པའི་བབ། ཆུ་ལས་ཆུ་བུར་ལྟ་བུ་སྟེ་གཞི་དང་སྤྲོས་པ་གང་གི་ཆ་ཡང་སྔར་ཡོད་ཀྱི་དྲི་མ་རྣམ་རྟོག་ཅེས་བསལ་དུ་ཡང་མེད། སྔར་མེད་ཀྱི་ཡོན་ཏན་ཏིང་ངེ་འཛིན་ཞེས་གསར་བཞག་ཅི་ཡང་མེད་པ་ཡེ་བབས་གཉུག་མའི་གནས་ལུགས། གཤིས་སྐྱེ་མེད་དང་གདངས་འགག་མེད་ཀྱི་ལྟ་བ། བཟང་ངན་གྱི་གཏད་སོ་དང་ཆེད་འཛིན་མེད་པའི་སྒོམ་པ། སྤང་བླང་གི་རྩོལ་སྒྲུབ་བྲལ་བའི་སྤྱོད་པ་སྟེ་དོན་ལ་འཁོར་འདས་མཉམ་ཉིད་དང་སྣང་སྟོང་དབྱེར་མེད་དུ་གྱུར་པའི་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་ངག་གི་ཟླས་ཕྱེ་བའི་ཁྱད་པར། སློབ་དཔོན་པདྨ་དང་པཎ་ཆེན་བཱི་མ་ལའི་གྲུབ་མཐའི་སྲོལ་གངས་ཅན་དུ་དབྱེ་བ་ཉིད་བསྟན་པ་གཞི་བསླང་དུ་མཛད་པ་རྒྱལ་བ་ཀློང་ཆེན་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དང་། རིག་འཛིན་ཆེན་པོ་ཀུན་མཁྱེན་འཇིགས་མེད་གླིང་པ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་དགོངས་དོན་ཟབ་མོ་དྲི་མ་མེད་པ་ཚེ་གཅིག་ལུས་གཅིག་འདིར་མྱུར་དུ་རྟོགས་པར་བྱིན་གྱིས་རློབས་ཤིག་པའོ།།

དབང་ལེན་ཅིང་ཐུགས་ཡིད་བསྲེ་བའི་རྣལ་འབྱོར།

གསུམ་པ་དབང་བླང་ཞིང་ཐུགས་ཡིད་བསྲེ་བ་ནི། དེ་ལྟར་རྩེ་གཅིག་དངས་འདོད་ཡིད་ཆེས་ཀྱི་དད་པའི་ཡིད་ཀྱིས་གསོལ་བ་བཏབ་པའི་རྐྱེན་གྱིས། སྐྱབས་ཀུན་འདུས་པ་དྲིན་ཆེན་བླ་མ་ཐུགས་རྗེ་དང་བྱིན་རླབས་ཚད་མེད་པར་མངའ་བ་དེ་ཉིད་ཀྱིས་དགྱེས་པའི་ཞལ་གྱིས་བདག་ལ་ཕྱོགས། འཛུམ་པའི་སྤྱན་གྱིས་ཉེ་བར་གཟིགས། བརྩེ་བའི་ཐུགས་ཀྱིས་བདག་ལ་རབ་ཏུ་དགོངས་པར་མཛད་ནས་མཐའ་སྐོར་གྱི་བརྒྱུད་པ་གསུམ་ལྡན་གྱི་བླ་མ། རྒྱུད་སྡེ་བཞི་དྲུག་གི་ཡི་དམ། གནས་གསུམ་གྱི་མ་མོ་མཁའ་འགྲོ། ཡེ་ཤེས་འཇིག་རྟེན་གྱི་ཆོས་སྐྱོང་དང་བཅས་པ་ཀུན་མེ་ལོང་ལ་ཧ་བཏབ་པ་བཞིན་མཐའ་ནས་དབུས་སུ་འདུས་ཏེ་ཀུན་འདུས་ནོར་བུའི་ལུགས་སུ་བླ་མ་ལ་ཐིམ། དེ་ནས་བླ་མ་ཉིད་སྐུ་གཟི་བརྗིད་དང་བཀྲག་མདངས་མཆོག་ཏུ་རྒྱས། ཐུགས་སྤང་རྟོགས་ཀྱི་ཡོན་ཏན་ཡེ་ཤེས་ཀྱི་བྱིན་རླབས་གསང་བ་གསུམ་གྱི་ངོ་བོར་དུས་གཅིག་ཏུ་སྨིན་པར་བསམ་མོ། །བླ་མའི་སྐུའི་གནས་སོ་སོ་བཞི་ལས་རིམ་པ་བཞིན་དུ་འཕྲོས་པའི་འོད་ཟེར་དཀར་དམར་མཐིང་ཁ་གསུམ་དང་། ཁ་དོག་ལྔ་ལྡན་གཅིག་དང་ལྷན་དུ་འོག་ནས་བསྟན་པའི་ཡི་གེ་འབྲུ་བཞི་བོ་དང་བཅས་ཉི་ཟེར་གྱི་ཐག་པའམ། སྤོས་རིང་གི་དུད་པ་ལྟ་བུར་འཕྲོས་ཏེ་བདག་ཉིད་གཞི་ལུས་རྡོ་རྗེ་ཕག་མོར་བསྒོམ་པའི་སྤྱི་བོ། མགྲིན་པ། སྙིང་ཀ ལྟེ་བ་དང་བཞི་སོ་སོར་ཐིམ་པ་ཡིས། དང་པོས་ལུས་ཀྱི་ལས་དང་གནས་པ་རྩ་ཡི་སྒྲིབ་པ། ད་ལྟར་གྱི་ཉིན་མོ་སད་པའི་གནས་སྐབས་རྣམ་ཤེས་ཚོགས་དྲུག་གི་བག་ཆགས་མ་ལུས་པ་སྦྱངས། རྡོ་རྗེ་སྐུའི་བྱིན་རླབས་བུམ་པའི་དབང་གི་བཅུད་ཀྱི་ཡོན་ཏན་ཐོབ། ལམ་བསྐྱེད་རིམ་གྱི་རྣལ་འབྱོར་གཞལ་ཡས་ཁང་ལྷ་དང་བཅས་པ་བསྒོམ་པ་ལ་དབང། སྣང་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། མཐར་ཐུག་སངས་རྒྱས་སྤྲུལ་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གཉིས་པས་ངག་གི་ལས་དང་གཡོ་བ་རླུང་ལྔའི་སྒྲིབ་པ། རེ་ཞིག་པ་མཚན་མོ་གཉིད་ཚེ་རྨི་ལམ་གྱི་གནས་སྐབས། དབང་ཤེས་རགས་པ་འགག་པའི་ཡིད་ངོར་སྣང་བའི་བག་ཆགས་མ་ལུས་པ་སྦྱང་། རྡོ་རྗེ་གསུང་གི་བྱིན་རླབས་གསང་བའི་ནུས་པ་ཐོབ། ལམ་མཚན་བཅས་ཀྱི་རྣལ་འབྱོར་རང་ལུས་ཐབས་ལྡན་གྱི་ཉམས་ལེན་དང་། བསྙེན་སྒྲུབ་བཟླས་བརྗོད་དང་བཅས་པ་བསྒོམ་པ་ལ་དབང། གསལ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། མཐར་ཐུག་སངས་རྒྱས་ལོངས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །གསུམ་པས་ཡིད་ཀྱི་ལས་དང་བཀོད་པ་རྒྱུའི་ཐིག་ལེའི་སྒྲིབ་པ། གང་དུ་གཉིད་འཐུག་གི་གནས་སྐབས། ཡིད་ཤེས་རླུང་གིས་བསྐྱེད་དེ་རྩ་གནས་ཐ་དད་དུ་ཞུགས་པའི་བག་ཆགས་ཕྲ་བ་མཐའ་དག་སྦྱང་། རྡོ་རྗེ་ཐུགས་ཀྱི་བྱིན་རླབས་ཤེར་དབང་གི་ཉམས་མྱོང་རྒྱུད་ལ་ཐོབ། ལམ་གཞན་ལུས་ཐབས་ལྡན་གྱི་བྱེད་པ་འདྲེན་པ་ལ་དབང་། བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། མཐར་ཐུག་སངས་རྒྱས་ཆོས་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ །བཞི་པས་སྒོ་གསུམ་ཆ་མཉམ་གྱི་ཀུན་རྟོག་དང་སྙོམ་འཇུག་འཛག་བདེའི་སྲེད་པའི་ཞེན་ཆ་སྦྱང་། དབང་བཞི་བ་དོན་གྱི་ལྷན་ཅིག་སྐྱེས་པ་འོད་གསལ་རིག་པ་རྩལ་གྱི་དབང་ཐོབ། ལམ་ཀ་དག་དང་ཁྲེགས་ཆོད་ཀྱི་གསང་ལམ་བསྒོམ་པ་ལ་དབང་། རིག་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། མཐར་ཐུག་སངས་རྒྱས་མངོན་པར་བྱང་ཆུབ་པ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ །ཞེས་དམིགས་པ་སོ་སོའི་ཉམས་ལེན་དང་སྦྲགས་ལ་ཨོཾ་ཨཱ༔ཧཱུྃ་ཧྲཱིཿཞེས་ཡིག་འབྲུ་བཞི་བོ་འདི་ལྕེ་མཆུའི་ངལ་བ་ལ་རག་མི་ལས་པར་ནང་དུ་རླུང་ཅུང་ཟད་བཟུང་། ལུས་གནད་གཞོག་འཁྲེས་པ་སོགས་སྤང་ལ་ཤིན་ཏུ་དྲང་པོར་བསྲང་ནས། དམིགས་པ་ལ་འདྲིས་གོམས་ཡང་ཡང་བྱེད་པ་ནི་ལམ་དབང་ཐོད་རྒལ་དུ་ལེན་པའི་དགོངས་པ་ཞེས་བྱ་བའོ། །དེ་ལྟར་བཤད་པའི་ཉམས་ལེན་སྙིང་པོར་བྱས་ཏེ་ཡིག་འབྲུ་བཞི་ངག་བཟླས་ལ་ཡིད་མི་གཏོད་པར་དམིགས་པ་ལ་གོམས་འདྲིས་ནན་ཏན་བྱ། དམིགས་བསྒོམ་ཁོ་ན་ལ་འཛིན་པ་ཞུགས་པའི་ཉེར་ལེན་གཏད་སོ་ཅན་འབའ་ཞིག་ཀྱང་དོན་ཆུང་བས། བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་བཟོད་མེད་དུ་བསྐྱེད་པ་ནི་ཉམས་ལེན་འདིའི་སྙིང་པོ་གཅིག་ཆོག་མར་ངེས་པའོ། །དེ་ལྟར་ཡང་རྗེ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས། བླ་མ་སྐུ་གསུམ་གྱི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབྱུང་བས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་དང་། གཞན་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །ཅེས་གསུངས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གནས་སྐབས་དང་མཐར་ཐུག་ཀུན་གྱི་བྱིན་རླབས་ཀྱི་འཇུག་སྒོ་བླ་མ་ཉིད་དུ་ཡང་ཡང་བསྔགས་པས་ན་དབང་བཞི་ལེན་པའི་ངོ་བོ་མོས་གུས་རྩེ་གཅིག་པས་སློང་ཤིང་བཟུང་བ་གལ་ཆེའོ། །མཐར་ནི་བླ་མ་ཉིད་ཤིན་ཏུ་བདག་ལ་བརྩེ་བས་དགྱེས་བཞིན་པའི་ངང་ནས་འདར་ཕྲི་ལི་ལི་འོད་ཀྱི་གོང་བུ་ཁ་དོག་ལྔ་འདྲེས་ཀྱི་ཐིག་ལེར་མེ་རེ་རེ་གྱུར། འོད་ཕུང་ཉིད་སྤྲིན་དཀར་གྱི་དུམ་བུ་ཆད་པ་ལྟར་ཞུ་ནས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བ་ལ་ལན་ཚྭ་ཆུར་ཞུ་བ་བཞིན་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བྱིན་རླབས། ཐུགས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ངོ་བོ་རང་གི་ཡིད་ཤེས་རིག་པ་རྗེན་སེང་ངེ་བ་དང་དབྱེར་མེད་དུ་འདྲེས་པའི་ངང་མདངས་ཐད་ཀར་སྤུ་མ་བརྗེ་མདོག་མ་བསྒྱུར་བར་ཅི་གནས་སུ་བསྐྱངས། ཅི་ཞིག་ན་སྟོན་འཁོར་གཉིས་དགོངས་པ་རོ་མཉམ་པའི་ཡེ་ཤེས་མཐའ་དབུས་དང་བྲལ་བའི་དགོངས་པ་རང་རིག་སྨྲ་བསམ་བརྗོད་བྲལ་ཆོས་སྐུ་ཡེ་གདོད་མ་ནས་རང་གནས་ཀྱི་གནས་ལུགས། རྒྱུ་རྐྱེན་གྱི་བྱ་རྩོལ་ལས་འདས་པས་ངོ་བོ་མ་བཅོས་ཀ་ནས་དག་པ། རང་བཞིན་གྱི་མཁྱེན་ཆ་གོ་མ་འགག་པར་འོད་གསལ་བའི་ཡེ་ཤེས་ལྷུན་གྱིས་གྲུབ་པ། ཟུང་འཇུག་རང་བབ་གཉུག་མ་ལྷུག་པའི་ངང་གཟོད་མ་ནས་འཕོ་འགྱུར་མེད་པ་ངང་བཞག་ཀུན་བཟང་དགོངས་པའི་ཀློང་དུ་རང་གྲོལ་གྱི་དོན་ཐུགས་ཡིད་གཅིག་འདྲེས་སུ་ལ་བཟླ་བ་ནི། ཨེ་མ་ཧོ་ཞེས་ངོ་མཚར་བར་ཆེད་དུ་བརྗོད་པའོ།།

ཐུན་མཚམས་ཀྱི་བྱ་བ།

གཉིས་པ་ཐུན་མཚམས་ཀྱི་བྱ་བ་ནི། འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་སྟེང་། གདན་པདྨ་དང་ཟླ་བའི་སྟེང་རྩ་བའི་བླ་མ་ཐོད་ཕྲེང་རྩལ་བསྒོམ་ལ་མོས་གུས་བསྐྱེད་དེ་གསོལ་བ་འདེབས། འདུག་པའི་ཚེ་སྤྱི་བོའི་སྟེང་གི་ནམ་མཁར་མདའ་གང་ཙམ་གྱི་གོ་སར་གདན་དང་བཅས་ཏེ་བླ་མ་བསྒོམ་ལ་དབང་བཞི་ལེན། བཟའ་བཏུང་གི་ཚེ་མགྲིན་པའི་དབུས་སུ་བསྒོམ་ལ་བཟའ་བཅའ་ཚོགས་འཁོར་དུ་བྱིན་གྱིས་བརླབས་ལ་འབུལ། ཉལ་བའི་དུས་སྙིང་དབུས་པདྨ་འདབ་བཞི་བའི་ལྟེ་བར་འོད་དུ་ཞུ་སྟེ་ཚོན་གང་ཙམ་དུ་གསལ་བ་ལ་སེམས་འཛིན། གང་སྣང་བ་ཐམས་ཅད་རྔ་ཡབ་དཔལ་གྱི་རི་བོ་དང་། དཔའ་བོ་དང་རྣལ་འབྱོར་མ། སྒྲ་གྲགས་ཚད་བཛྲ་གུ་རུའི་ཛཔ྄་དབྱངས། དྲན་རྟོག་འགྱུ་བ་གང་ཤར་ཐམས་ཅད་རང་གྲོལ་བྱ་ལམ་རྗེས་མེད། རྐྱེན་ངན་གློ་བུར་བ་དང་འཕྲད་ཚེ་འཕྲིག་མི་ཚུད་པ་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་ལབ་ཟླ་བོར་བ་ལྟ་བུ། སྐྱིད་སྣང་དང་དགའ་ཚོར་བྱུང་ཚེ་ཞེན་བློ་མེད་པ་སྨྱོན་པས་བདག་བཟུང་བྲལ་བ་ལྟ་བུ། མདོར་ན་སྤྱོད་ལམ་ཀུན་ཏུ་བློ་སྣ་བླ་མ་ལ་གཏོད་པ་དང་འབྲལ་བ་མེད་པར་བྱའོ།།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ།

ཐུན་གྱི་སྔོན་འགྲོས་བློ་སྦྱོང་བ་ནི། བདེ་བའི་སྟན་ལ་བག་ཕབ། ལུས་སེམས་ཁོང་ལྷོད། རླུང་རོ་དགུ་ཕྲུག་ཏུ་བསལ་ལ་དབུགས་ཕྱམ་ལ་ཕབ། དྲན་པ་མངོན་དུ་བཞག་ནས་བླ་མའི་རྣལ་འབྱོར་གྱི་ཁྲིད་གཞུང་ནས་བཤད་པ་བཞིན་དོ་གལ་ཆེན་པོས་ཉམས་སུ་བླང་ངོ་། །དེ་ཡང་རྩ་བ་མོས་གུས་དཀར་པོ་ཆིག་ཐུབ་ལ་རག་ལས་པས་བྱིན་རླབས་རྒྱུད་ལ་ཐོབ་པ་ཞིག་བརྩོན་པ་ཤིན་ཏུ་གལ་ཆེའོ། །ལམ་དེ་དག་གི་རྗེས་སུ་བསྔོ་བ་ནི། ཨེ་མ་ཧོ་ཞེས་ཐབས་རྨད་དུ་བྱུང་བའི་བྱེད་ལས་ཀྱི་ཚུལ་ལ་ངོ་མཚར་ནས་བསྔོ་བྱ་བདག་གི་ལུས་ངག་ཡིད་གསུམ་པོའི་སྒོ་ནས་བརྩོན་པའི་དགེ་བའི་ཚོགས། དུས་གསུམ་དུ་བྱས་ཤིང་བསགས་པའི་ལེགས་བྱས་རྣམ་དཀར་མ་ལུས་པ་ཀུན། སྔོ་བྱེད་ཆོས་ཐམས་ཅད་ཀྱི་གནས་ལུགས་མཚན་མའི་རྟོག་པ་མཐའ་དག་དང་བྲལ་བའི་སྟོང་པ་ཉིད་དུ་མཉམ་པར་བཞག་པ་ལས་རང་གདངས་འགག་མེད་སྙིང་རྗེའི་རྣམ་པར་དུང་ངེ་ཤར་བ་སེམས་ཅན་གྱི་ཁམས་ལ་རྗེས་སུ་ཆགས་པས་ཀུན་ནས་བསླང་སྟེ། ལུས་ཅན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཡོངས་སུ་བྱང་། འབྲས་བུ་གཏན་བདེ་བླ་ན་མེད་པའི་ཕན་པ་རྒྱ་ཆེན་པོ་ངེས་པར་ཐོབ་བྱེད་ཀྱི་རྒྱུའམ་རྩ་བར་ཟག་མེད་ཆོས་ཀྱི་དབྱིངས་སུ་མི་བསྔོ་བའི་ཚུལ་གྱིས་ཆོས་ཉིད་སྐྱེ་བ་མེད་པ་དང་འགག་པ་མེད་པ། བློ་བྲལ་དམ་པའི་ངོ་བོ་རྟོགས་པའི་རྒྱུ་མཐུན་པས་བསྔོ་བའི་ཡུལ་མཐའ་ཡས་པའི་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོའོ། །དེ་ལྟར་བསྔོས་པ་ལས་བྱུང་བའི་མཐུས། མཉམ་ཉིད་སྐུ་གསུམ་གྱི་གོ་འཕང་རིང་པོར་མི་འགྱང་བར་མྱུར་དུ་ཐོབ་པར་ཤོག་ཅིག །

མཇུག་རྩོམ།

སླར་ཡང་བརྗོད་པ། རྒྱལ་བའི་ཐུགས་རྗེའི་སྤྱི་དཔལ་ཨོ་རྒྱན་རྗེའི། །རིང་ལུགས་ལུང་དང་རྟོཊ་པའི་བསྟན་པ་མཆོག །བཟུང་ནས་མཐའ་ཡས་གདུལ་བྱ་ཐར་གླིང་དུ། །འདྲེན་མཁས་འགྲོ་འདུལ་རིག་འཛིན་སྤྲུལ་པའི་སྐུའི། །ཟབ་གཏེར་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི། །དག་སྣང་སྙན་བརྒྱུད་ཐུགས་ཐིག་ཆོས་སྡེ་ལས། །ལམ་གྱི་སྔོན་འགྲོ་ཚངས་པའི་སྒྲ་དབྱངས་ཀྱི། །དོན་ཁྲིད་ལྷ་ཡི་རྔ་སྒྲར་མིང་བཏགས་ཏེ། །ཁྲིད་དུ་འདེབས་པའི་ཉམས་མྱོང་ཚད་མའི་ངག །བརྗོད་པའི་ལེགས་བཤད་བདག་ལ་ཡོད་མིན་ཀྱང་། །དམ་པའི་གསུང་གསང་བྱིན་རླབས་རྡོ་རྗེའི་ཚིག །མ་རྟོག་ལོག་རྟོག་བློ་ངན་གྱིས་དཀྲུག་འདི། །ཆང་གིས་མྱོས་པའི་གཏམ་སྒྲ་ཇི་བཞིན་དུ། །གཟུ་ལུམ་ཡིད་ཀྱིས་རང་བཟོས་གང་ནོངས་པ། །བླ་མ་ལྷ་དང་མཁའ་འགྲོ་དམ་ཅན་ཚོགས། །བརྩེ་ལྡན་ཡེ་ཤེས་གཟིགས་པར་བཟོད་པར་གསོལ། །གལ་ཏེ་འདི་ལ་ལེགས་བྱས་དགེ་བའི་ཆ། །ཤས་ཙམ་མཆིས་ན་འདིར་འབད་ལས་བྱུང་བའི། །དགེ་བའི་མཐུ་ཡིས་བསྟན་འཛིན་སྐྱེས་བུ་མཆོག །ཞབས་ཀྱི་པདྨོ་བསྐལ་བརྒྱར་བརྟན་གྱུར་ཅིག །གསང་ཆེན་སྔ་འགྱུར་ཐེག་པའི་སྒོར་ཞུགས་པའི། །བླུན་རྨོངས་བདག་ཀྱང་འདི་ནས་ཚེ་རབས་སུ། །ཆོས་བཞིན་སྤྱོད་པའི་བཤེས་ཀྱིས་རྗེས་བཟུང་སྟེ། །ལྟ་སྤྱོད་ལོག་པའི་ཕྱོགས་ལས་ལྡོག་པར་ཤོག །རང་རྒྱུད་ཆོས་མིན་ལོག་ལྟས་བསླད་བཞིན་དུ། །ཆོས་དྲེད་ཟོག་པོའི་ལས་ཀྱིས་རབ་གྱོང་པ། །ཡང་དག་ཐར་ལམ་ཆོས་འདིས་ལེགས་བརླན་ནས། །སྐྱོན་ངན་རྒོག་པོ་ཀུན་ཐུལ་མཉེན་པར་ཤོག །སྙིགས་མའི་རང་རྟགས་འཁྲུགས་རྩོད་མུ་གེ་ནད། །སེམས་ཅན་ལས་ཀྱིས་གདུང་བའི་རྒུད་པ་ཀུན། །ཡང་དག་ཕན་བདེའི་གཞིར་གྱུར་མཆོག་གཅིག་པུ། །རྒྱལ་བའི་བསྟན་པ་རྒྱས་པས་འཇོམས་པར་ཤོག །ཐུབ་དབང་ཤཀྱཱའི་རྒྱལ་པོའི་ལུང་རྟོགས་ཀྱི། །བསྟན་པ་བསླབ་གསུམ་རིན་ཆེན་གསེར་གྱི་ཏོག །བཤད་སྒྲུབ་འཛིན་སྐྱོང་གུས་པའི་གཙུག་ཕུད་རྩེར། །ཚེ་རབས་སྐྱེ་བ་ཀུན་ཏུ་བརྟེན་པར་ཤོག །ཨོ་རྒྱན་མཁན་པོ་པདྨ་སམ་བྷ་ཝའི། །རིང་ལུགས་སྔ་འགྱུར་བཀའ་གཏེར་ནོར་བུའི་མཛོད། །སྨིན་གྲོལ་འདོད་རྒུའི་འབྱུང་གནས་རིན་པོ་ཆེ། །དུས་ཀྱི་མཐར་ཡང་གོང་ནས་གོང་འཕེལ་ཤོག། ཅེས་པ་འདི་ནི་སྙིགས་མའི་དུས་འདིར་ཆོས་བཞིན་དུ་སྤྱོད་པའི་བསྟན་འཛིན་གྱི་སྐྱེས་མཆོག་དམ་པ་འགྲོ་འདུལ་རིག་པ་འཛིན་པ་སྤྲུལ་པའི་སྐུ་བླ་མ་གཞན་ཕན་ལགས་ནས་གནང་སྐྱེས་མང་པོ་དང་བྲི་གཞི་བཅས་ཆེད་དུ་བསྐུལ་མ་གནང་བ་གུས་པ་ཆེན་པོས་དང་དུ་བླང་སྟེ། ས་ཕོ་ཁྱིའི་ལོ་སོས་ཀ་རྣམས་ཀྱི་ཟླ་བ་དུས་ཚེས་བཟང་པོ་ལ་བསྟན་པའི་སྦྱིན་བདག་ཆེན་པོ་མངའ་ཐང་གི་འབྱོར་བ་དང་། ཁེ་དྲག་གི་དབུ་རྨོག་བཙན་པོས་མངོན་པར་མཐོ་བའི་མི་དབང་བསོད་ནམས་དབང་འདུས་ཀྱི་བཀྲ་ཤིས་པའི་འདུན་ས་ག་ལ་བར་བཙུན་པའི་གཟུགས་བརྙན་ཙམ་འཛིན་པ་བླུན་རྨོངས་གྱི་ན་བ་སོག་པོ་ཀུན་དགས་བྲིས་པ་རེ་ཞིག་དགེའོ།། །།

འཕོ་བ་སྡིག་ཅན་མྱུར་གྲོལ།

དམ་ཆོས་ཡང་ཟབ་པདྨའི་ཐུག་ཐིགལས༔ འཕོ་བ་སྡིག་ཅན་མྱུར་གྲོལ་བཞུགས་སོ༔

ན་མོ་གུ་རུ་བཛྲ་ས་ཏྭ་ཡེ༔ བླ་མ་རྡོ་རྗེ་སེམས་དཔའ་ལ༔ དངོས་པོ་ཀུན་གྱིས་གུས་བཏུད་ནས༔ འགྲོ་བའི་དེད་དཔོན་པདྨ་ངས༔ སྡིག་ཅན་མྱུར་གྲོལ་གདམས་པ་བཤད༔ མཚམས་མེད་ལྔ་དང་ཉེ་བ་ལྔ༔ དམ་ཚིག་ཉམས་པའི་སྡིག་ཅན་རྣམས༔ དབུགས་ཀྱི་རྒྱུན་ཐག་འགགས་མ་ཐག༔ དམྱལ་བར་མདའ་འཕང་ཇི་བཞིན་འགྲོ༔ ཐ་སྙད་ཚིག་ལ་ཞེན་པ་ཡི༔ ཡིད་དཔྱོད་གྲུབ་མཐའ་མཐར་ཕྱིན་ཡང༔ ལོག་ལྟ་ཐེ་ཚོམ་ལ་སོགས་པས༔ དམྱལ་བར་མྱུར་དུ་འགྲོ་ངེས་ན༔ དེ་དག་སྐད་ཅིག་གཅིག་ལ་ནི༔ མ་བསྒོམ་པར་ཡང་འཚང་རྒྱའི་ཐབས༔ གསང་སྔགས་བླ་མེད་ཁྱད་ཆོས་ཏེ༔ སྐལ་མེད་འགྲོ་ལ་གསང་བར་བྱ༔ ས་མ་ཡཱ༔ དེ་ལ་སྐལ་བ་ལྡན་པ་ཡིས༔ ཐེ་ཚོམ་ལོག་ལྟས་མ་བསླད་པར༔ བདུན་ཕྲག་བདུན་ནམ་ཞག་བདུན་ཕྲག༔ གལ་ཏེ་ལོང་མེད་སྐབས་བྱུང་ན༔ ལྔ་འམ་གསུམ་མམ་ཞག་གཅིག་རུང༔ རྙེད་དཀའ་འཇིག་སླ་རྒྱུ་འབྲས་དང་༔ བཟོད་མེད་འཁོར་བའི་སྡུག་བསྔལ་ལས༔ ངེས་འབྱུང་ཤུགས་དྲག་གདུང་བའི་བློས༔ རང་ཉིད་གཅིག་པུ་མ་ཡིན་པར༔ རང་དང་མཉམ་པའི་སྡིག་ཅན་རྣམས༔ སེམས་ཀྱི་དམིགས་པས་རབ་བསྡུས་ནས༔ སྡོམ་པ་ཀུན་གྱི་རྟེན་གཞི་མཆོག༔ བསླུ་མེད་དཀོན་མཆོག་གསུམ་པོ་ནི༔ ཀུན་འདུས་རྩ་བའི་བླ་མ་ལ༔ ཁྱེད་ཤེས་བློ་ཡིས་སྐྱབས་སུ་འགྲོ༔ མཁའ་མཉམ་འགྲོ་བ་མ་ལུས་པ༔ བདེ་ཆེན་ཞིང་དུ་དྲང་བའི་ཕྱིར༔ སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད༔ སྐད་ཅིག་ཡིད་ལ་དྲན་པས་ཀྱང་༔ ཐོག་མེད་སྡིག་སྒྲིབ་སྦྱོང་ནུས་པ༔ རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱ༔ རང་གི་ལུས་དང་ལོངས་སྤྱོད་དང་༔ དུས་གསུམ་དགེ་བའི་དངོས་པོ་ཀུན༔ བློ་ཡིས་གཅེས་པར་བཟུང་བའི་སྒྲོག༔ ཀུན་ལ་ཞེན་པའི་བློ་སྤང་ནས༔ ཀུན་ཀྱང་མཆོད་པའི་མཎྚལ་དུ༔ དམིགས་ཏེ་རྩ་བའི་བླ་མར་འབུལ༔ རང་ཉིད་གནས་པའི་ཞིང་ཁམས་ཡང༔ ཞིང་ཁམས་ལྔ་ལས་ཁྱད་འཕགས་པ༔ བདེ་བ་ཅན་གྱི་ཞིང་དུ་དམིགས༔ རང་ལུས་ཐ་མལ་མ་ཡིན་ཏེ༔ དྲན་རྫོགས་ཚུལ་དུ་འདི་ལྟར་སྒོམ༔ གསལ་འདེབས་སྙན་པའི་དབྱངས་ཀྱིས་གྱེར༔ ཨེ་མ་ཧོ༔ ཁྱེད་རང་གནས་པའི་འཇིག་རྟེན་ཁམས་འདི་དག༔ སྡུག་བསྔལ་མིང་མེད་བདེ་བ་ཅན་གྱི་ཞིང་༔ སྨོན་ལམ་ཡོངས་རྫོགས་བཀོད་ལེགས་ཕོ་བྲང་དབུས༔ ཉོན་མོངས་སྐྱོན་བྲལ་པདྨ་ཟླ་བའི་སྟེང་༔ རང་ལུས་གནས་འགྱུར་རྒྱལ་བ་ཀུན་གྱི་ཡུམ༔ སྒྲོལ་མ་དཔའ་མོ་མར་གད་ལྗང་གུའི་མདོག༔ ཞལ་གཅིག་བརྩེ་བའི་སྤྱན་དཀྱུས་འགྲོ་ལ་གཟིགས༔ ཕྱག་གཉིས་གཡས་པའི་མཆོག་སྦྱིན་པུས་སྟེང་སླེབས༔ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱ་ཐུགས་ཀར་མཛད༔ ཨུཏྤལ་འདབ་སྟེང་བཻཌཱུར་སྤྱི་བླུགས་ནས༔ བདུད་རྩིའི་རྒྱུན་འབེབས་དམྱལ་བའི་མེ་མདག་གཞིལ༔ ལོངས་སྐུའི་རྒྱན་རྫོགས་མཉམ་པའི་སྟབས་ཀྱིས་བཞེངས༔ ལུས་དབུས་སྣང་སྟོང་འོད་ཀྱི་ཁང་པ་རུ༔ རྩ་གཞན་མི་དམིགས་དབུ་མ་ཀ་བའི་ཚུལ༔ ཕྱི་དཀར་ནང་དམར་ཐབས་ཤེས་ཟུང་དུ་འབྲེལ༔ མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་ཟླུམ༔ ངན་སོང་གསུམ་སོགས་འཁོར་བའི་སྐྱེ་སྒོ་གཅོད༔ ཡར་སྣ་དྲང་པོར་སྤྱི་གཙུག་ཚངས་པའི་སྒོ༔ སྐར་ཁུང་ཇི་བཞིན་དཀར་སེང་ཧ་རེ་སྒོམ༔ ཐུགས་ཀར་ཨུཏྤལ་སྔོན་པོ་འདབ་རྒྱས་སྟེང༔ རླུང་གི་དཀྱིལ་འཁོར་ལྗང་ཁུ་ཡངས་ཤིང་གཡོ༔ དེ་སྟེང་རང་སེམས་དངས་མ་ལྔ་ལྡན་གྱི༔ ཐིག་ལེ་མ་སར་བྱ་ཡི་སྒོ་ང་ལྟར༔ གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བ་བསྒོམ༔ མིག་དང་རྣ་བ་ཁ་སྣ་འོག་སྒོ་གཉིས༔ ཏཱཾཿཡིག་ཁ་དོག་ལྔ་ལྡན་རེ་རེས་བཀག༔ སྤྱི་བོར་པདྨ་དམར་པོ་འདབ་བརྒྱད་སྟེང་༔ ཟླ་བའི་གདན་ལ་སྐྱབས་གནས་ཀུན་འདུས་པ༔ རྩ་བའི་བླ་མ་མགོན་པོ་འོད་དཔག་མེད༔ དམར་གསལ་བྱུ་རུ་ཉི་འོད་འཁྱུད་བཞིན་མཛེས༔ མཚན་དཔེ་ཡོངས་རྫོགས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཆོས་གོས་གསོལ་ཞིང་མཉམ་བཞག་ལྷུང་བཟེད་འཛིན༔ འཛུམ་པའི་སྤྱན་དཀྱུས་འགྲོ་བ་ཀུན་ལ་གཟིགས༔ གཡས་གཡོན་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ སངས་རྒྱས་བྱང་སེམས་རྩ་བརྒྱུད་བླ་མས་བསྐོར༔ མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་པ༔ སྒྲོལ་བའི་དེད་དཔོན་ཆེན་པོར་བཞུགས་པར་དམིགས༔ དེ་ནས་གདུང་བའི་དབྱངས་དང་གུས་པའི་བློས༔ རྩེ་གཅིག་གསོལ་བ་འདེབས་པ་འདི་བཞིན་བྱ༔ ཨེ་མ་ཧོ༔ རྣམ་གྲོལ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ རྒྱལ་ཀུན་སྤྱི་གཟུགས་འདྲེན་པ་འོད་དཔག་མེད༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ ལྷུན་གྲུབ་འོད་གསལ་རི་བོ་ཏ་ལ་ནས༔ སྙིང་རྗེའི་གཏེར་མཛོད་འཕགས་པ་སྤྱན་རས་གཟིགས༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རང་སྣང་རྣམ་དག་གཡུ་ལོ་བཀོད་པ་ནས༔ འཁོར་བའི་འཇིགས་སྒྲོལ་རྗེ་བཙུན་འཕགས་མ་ཡུམ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཕོ་བྲང་ནས༔ སྐྱབས་ཀུན་འདུས་པ་ཨོ་རྒྱན་ཐོད་ཕྲེང་རྩལ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ དགའ་བཞི་བདེ་སྟོང་མཁའ་འགྲོའི་ཚོགས་ཁང་ན༔ མཁའ་སྤྱོད་གཙོ་མོ་ཡེ་ཤེས་མཚོ་རྒྱལ་རྗེ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རྩ་ཐིག་རླུང་གསུམ་དག་པ་སྤྲུལ་པའི་གནས༔ གྲུབ་པའི་དབང་བསྒྱུར་རྗེ་འབངས་ཉི་ཤུ་ལྔ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ སྨོན་ལམ་དུས་བབས་ལས་ཀྱི་འཕྲོ་སད་པའི༔ སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་པ་ལ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རྒྱལ་བའི་བསྟན་ལ་བྱ་བ་བྱེད་མཁས་པའི༔ ཆོས་བདག་སྐྱེས་ཆེན་རིག་པ་འཛིན་རྣམས་ལ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ ངེས་མེད་གཅིག་ཏུ་འདྲེས་པ་རྡོ་རྗེའི་སྤུན༔ ཐེག་གསུམ་བསྒྲུབ་ལ་བརྩོན་པ་དགེ་འདུན་སྡེ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ རིམ་གཉིས་མཐར་ཕྱིན་སྐུ་གསུམ་དཀྱིལ་འཁོར་ནས༔ དངོས་གྲུབ་འདོད་སྟེར་ཡི་དམ་དཀྱིལ་འཁོར་ལྷ༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ ལེགས་ཉེས་སྟངས་འཛིན་མཁའ་སྤྱོད་ཕོ་བྲང་ནས༔ རྡོ་རྗེ་ཕག་མོ་མཁའ་འགྲོ་སྡེ་ལྔའི་ཚོགས༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ བཀའ་དང་དམ་ཚིག་གཉན་པོའི་ཕོ་བྲང་ནས༔ ཨེ་ཀ་ཛ་ཊི་བརྒྱུད་གསུམ་བསྲུང་མའི་ཚོགས༔ གསོལ་བ་འདེབས་སོ་བརྩེ་ཆེན་ཐུགས་རྗེས་དགོངས༔ བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ༔ མཁའ་སྤྱོད་གནས་སུ་འཕོ་བར་བྱིན་གྱིས་རློབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ལུས་རྟེན་མི་གཙང་སྒྱུ་མའི་མགྲོན་ཁང་ནས༔ སེམས་ཉིད་འཁྲུལ་མེད་རང་བྱུང་ཆོས་ཀྱི་སྐུ༔ མཐའ་བརྒྱད་བྲལ་བ་དབུ་མའི་ཀློང་ཡངས་ནས༔ འོད་གསལ་འདུས་མ་བྱས་པའི་གདེངས་ཚད་ཀྱིས༔ སྐུ་གསུམ་བླ་མའི་ཐུགས་གར་འཕོ་བར་ཤོག༔ དེ་ཚེ་རླུང་རིག་མིག་དང་གསུམ༔ གཅིག་ཏུ་བསྒྲིམ་ཏེ་འཕོ་ཚུལ་ནི༔ འོག་རླུང་གྱེན་དུ་དྲངས་ཏེ་བསྡམས༔ བར་རླུང་བུམ་ཅན་ཐད་སོར་བརྒྱངས༔ སྟེང་རླུང་སྤྱི་གཙུག་མཁའ་ལ་འཕངས༔ མིག་ཀྱང་བར་སྣང་དབྱིངས་སུ་བལྟ༔ རིག་པ་ཐིག་ལེའི་རྣམ་པ་རུ༔ སྤྱི་གཙུག་ཚངས་བུག་སྒོ་ནས་ཕྱུང༔ འོད་དཔག་མེད་ཀྱི་ཐུགས་ཀ་རུ༔ ཧིཀ་གི་སྒྲ་དང་བཅས་པས་འཕངས༔ དེ་ནས་ཚེ་འདིའི་སྣང་ཤེས་ལ༔ སྐད་ཅིག་ཙམ་ཡང་མི་ཡེང་གནད༔ ས་མ་ཡཱ༔ དེ་ལྟར་ཉམས་སུ་སུས་བླང་པ༔ མཚམས་མེད་ལྔ་ལ་སྤྱོད་པ་ཡང་༔ གྲོལ་བར་འགྱུར་ན་སྡིག་པ་གཞན༔ དྲུང་ནས་འབྱིན་པར་གདོན་མི་ཟ༔ གུ་ཧྱ༔ ཅེས་པའང་སྐལ་ལྡན་ལུང་རིག་གླིང་པ་བདག་གི་དག་སྣང་དགོངས་གཏེར་གྱི་ཆོས་སྡེ་ལས་བྱུང་བ་གསང་རྒྱས་བཏབ་ཏེ་ཅི་མི་སྙམ་མ་པར་བཞག་ཀྱང་ལས་ལྡན་ལུང་ཟིན་གྱིས་ཡང་ཡང་བསྐུལ་ངོར་དགོངས་པ་རང་བྱུང་དབྱིངས་ཀྱི་བརྡ་རིས་ལས་ཕབ་པའོ།། ༧ དེ་ནས་དགོས་རྒྱུའི་འདོན་ཆ་ཁ་སྐོང་ནི། གསོན་འཕོ་ལ་ནི་རྣམ་ཤེས་ཐིག་ལེ་དེ། མར་བབས་སྙིང་དབུས་རང་གནས་ཡོད་པར་བསམ།། སྤྱི་བོར་བསྒོམ་པའི་འཁོར་རྣམས་གཙོ་ལ་ཐིམ། །དེ་ཉིད་ཚེ་དཔག་མེད་པར་གནས་འགྱུར་ཏེ། །རང་ལ་ཐིམ་པས་རང་ཡང་འཆི་མེད་མགོན། །མཚན་དཔེའི་བདག་ཉིད་གཡུལ་ལས་རྣམ་པར་རྒྱལ། །ཁམས་གསུམ་སྣོད་བཅུད་དག་པའི་ཞིང་དུ་གྱུར། །ཨོཾ་ཨ་མ་ར་ཎི་ཛི་བནྟི་ཡེ་སྭཱཧཱ། དགེ་བ་བསྔོ་ཞིང་དམིགས་མེད་ངང་དུ་བཞག །གཤིན་འཕོ་རྣམ་ཤེས་སྤར་རྗེས་འདི་ལྟར་བསྒོམ། །ཨེ་མ་ཧོ། །འཕགས་མ་འོད་ཞུ་སྤྱི་བོའི་གཙོ་ལ་ཐིམ། །དེ་ཉིད་འོད་ཀྱི་ལམ་ནས་རྫུ་འཕྲུལ་གྱིས། །བདེ་ཆེན་ཞིང་གི་གཙོ་དང་འཁོར་ལ་འདྲེས། །མཐའ་ཡས་འགྲོ་བ་འདྲེན་པའི་དཔལ་དུ་གྱུར།། དགེ་བ་བསྔོ་ཞིང་གནས་ལུགས་ངང་དུ་འཇོག །ཅེས་པའང་ལུང་རིག་མིང་ཅན་རང་གིས་སོ། །དགེའོ། །དགེའོ། །དགེའོ།།

འཕོ་བ་སྡིག་ཅན་མྱུར་གྲོལ་གྱི་རེག་ཟིག་ཉུང་བསྡུས་སོག་པོ་ཀུན་དགས་མཛད་པ།

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་གི་ཆ་ལག་འཕོ་བ་སྡིག་ཅན་མྱུར་གྲོལ་གྱི་རེག་ཟིག་ཉུང་བསྡུས་བཞུགས།

༄༅། བླ་མ་དང་གཉིས་སུ་མེད་པ་མགོན་པོ་རྡུལ་བྲལ་འོད་སྣང་མཐའ་ཡས་ལ་ཕྱག་འཚལ་ལོ། །བདག་རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། དེ་ལ་འདིར་ཟབ་ལམ་འཕོ་བའི་རྣལ་འབྱོར་ལ་བརྟེན་པའི་རིམ་པ་ལ། སྤྱིར་དབང་པོ་རབ་འབྲིང་ཐ་གསུམ་གྱི་དབང་དུ་བྱས་ཏེ། རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་དང་གསུམ་ཁྲིད་ཡིག་རྣམས་སུ་གསུངས་པ་ལས། ད་ལམ་འདི་ནི་ཕྱི་མའི་དབང་དུ་མཛད་པའི་ཉམས་ལེན་སྡིག་པོ་ཆེ་གསང་ལམ་དུ་ཁྲིད་པའི་མྱུར་ལམ་ཟབ་མོ་སྟེ། འདི་ཉིད་དེ་བཞིན་ཉམས་སུ་ལེན་པའི་ཚུལ་ལ་གཉིས། རང་དོན་དུ་སྦྱང་བ་དང་། གཞན་དོན་དུ་ལས་ལ་སྦྱར་བའོ།། དོན་དུ་དེ་གཉིས་གང་ལྟར་ཡང་ལམ་འདིའི་ངེས་པ་ནི་འདི་ལྟ་སྟེ། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ། དང་པོ་སྔོན་འགྲོ་ལ་སྤྱི་དོན་དགོས་པའི་ཕན་ཡོན་བསྟན་པ་དང་། སྐབས་དོན་ལམ་འདིའི་སྔོན་འགྲོའི་རིམ་པ་དང་གཉིས་སོ།། དང་པོ་དགོས་པ་ནི། རང་གཞུང་ལས། མཚམས་མེད་ལྔ་དང་ཉེ་བ་ལྔ༔ དམ་ཚིག་ཉམས་པའི་སྡིག་ཅན་རྣམས༔ དབུགས་ཀྱི་རྒྱུན་ཐག་འགག་ནས་བཟུང༔ མ་བསྒོམ་པར་ཡང་འཚང་རྒྱའི་ཐབས༔ ཞེས་པ་ཡན་ཆོད་ཀྱིས་བསྟན་པའོ།། གཉིས་པ་སྔོན་དུ་འགྲོ་བའི་རིམ་པ་བསྟན་པ་ལ་གསུམ། ཉམས་ལེན་བྱེད་པོ་རྟེན་གྱི་གང་ཟག་ནི། དེ་ཡང་སྐལ་བ་ལྡན་པ་སོགས་ཚིག་རྐང་གཉིས། ལམ་སྦྱང་ཡུན་དུས་ཀྱི་ཚད་ནི། བདུན་ཕྲག་བདུན་ནམ་ཞག་བདུན་ཕྲག༔ ལ་སོགས་ཚིག་རྐང་གསུམ། ལམ་ཇི་ལྟར་སྦྱང་ཚུལ་དངོས་ནི། རྙེད་དཀའ་འཇིག་སླ་སོགས་ཚིག་རྐང་ཉེར་གཉིས་ཀྱིས་བསྟན་ཏོ།། དེ་ཡན་ཆད་ཀྱིས་སྐབས་དོན་ལམ་གྱི་སྔོན་འགྲོའི་རིམ་པའོ།། གཉིས་པ་དངོས་གཞི་ཉམས་ལེན་གྱི་ཚུལ་ལ་དྲུག ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། གཞི་རླུང་སེམས་ཀྱི་ཐིག་ལེ། རྟེན་སྐྱབས་ཡུལ་གསལ་གདབ། གྲོགས་གསོལ་འདེབས་ཀྱི་བྱིན་རླབས། འཕོ་བྱེད་སྒྲ་དང་དམིགས་པ་སྟེ་དྲུག །དང་པོ་ཕྱི་ལུས་ཀྱི་སྟོང་ར་ནི། ཚིག་རྐང་བཅུ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྤྱིར་གསང་སྔགས་ཀྱི་ལམ་ཐབས་ཀྱིས་ཁྱད་པར་དུ་འཕགས་ཤིང་། ཤེས་རབ་ཀྱི་སྒོ་ནས་ཡེ་གསང་དཔག་དཀའ་བའི་ཡེ་ཤེས་དབང་གིས་མྱུར་བར་གྱུར་པས་ན་ཐོག་མར་ངོ་མཚར་ཆེ་བའི་གནད་རྫོགས་པ་མཚོན་ཕྱིར། ཨེ་མ་ཧོ༔ཞེས་གསུངས་པ་སྟེ། གཞན་དུ་ཡུན་རིང་པོར་སྦྱང་དགོས་པའི་སྡིག་སྒྲིབ་ལམ་གྱི་བྱེད་རྩོལ་ལ་ལྟོས་དགོས་པ་ཅན་དག །འདིར་དེ་ལྟར་མ་དགོས་པར་མ་བསྒོམ་པར་སངས་རྒྱས་པའི་ཐབས་བསྟེན་དུ་ཡོད་པས་ངོ་མཚར་ཆེ་ཞེས་སྨོས་པའོ། །སྒོམ་དོན་དང་པོ་ནི། རང་དོན་དང་གཞན་དོན་གང་ཡིན་ཀྱང་། དང་པོ་ཞིང་སྦྱོང་བའི་དམིགས་པ་ནི། འདི་ལྟར་རང་ཉིད་གང་དུ་གནས་པའི་ཡུལ་ཁམས་དེ་ཉིད་ཀྱིས་མཚོན། སྣང་བས་གར་ཁྱབ་པའི་འཇིག་རྟེན་གྱི་ཁམས་འཁྲུལ་སྣང་གིས་བསྡུས་པ་འདི་དག ཐ་མལ་གྱི་དངོས་པོ་ས་རྡོ་རི་བྲག་ལ་སོགས་པ་ལས་སྤྱི་མཐུན་གྱི་དབང་གིས་གང་ཅིར་སྣང་ཐམས་ཅད་རང་ངོས་ནས་དེ་བཞིན་དུ་འཛིན་རྟོག་གི་ཨ་འཐས་བདེན་གྲུབ་དུ་མི་དམིགས་པར། དཔེར་ན་སྒྱུ་མའི་རྟ་གླང་བཞིན་དོན་ལ་བདེན་སྟོང་མཚན་མ་མེད་པར་ཤེས་པའི་ངང་ནས། རྣམ་སྨིན་སྡུག་བསྔལ་བདེན་པའི་མཚན་གཞི་བརྟན་གཡོ་གཉིས་བསྡུས་ཀྱི་ཆ་མིང་ཙམ་གྱི་གདག་གཞི་ཡང་མ་གྲུབ་པ། འཕགས་པའི་གཟུངས་དང་ཏིང་ངེ་འཛིན་དང་། ཚད་མེད་པའི་བསོད་ནམས་བློ་དང་བྲལ་བ་ལས་བྱུང་བ་བདེ་བ་ཅན་གྱི་ཞིང་རྫོགས་སྨིན་སྦྱང་གསུམ་གྱི་མཐུ་དང་། དཔེ་མེད་པའི་སྨོན་ལམ་རྒྱ་མཚོས་བསྐྲུན་པ། ས་གཞི་དང་ཆུ་ཀླུང་། མེ་ཏོག་དང་ལྗོན་ཤིང་། ཁྲུས་རྫིང་དང་བྱ་རིགས་ལ་སོགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པས་ཕྱི་ནང་ཀུན་ཏུ་བཀོད་ལེགས་པའི་ཞིང་ཁམས་དེར། སངས་རྒྱས་རང་སྣང་གི་ཡེ་ཤེས་ལས་གྲུབ་པའི་ཕོ་བྲང་རྒྱ་ཁྱོན་མཐའ་ཡས་པར་གྱུར་པའི་དབུས་ཀྱི་ལྟེ་བར། མ་དག་པའི་ཀུན་འབྱུང་ལས་དང་ཉོན་མོངས་པའི་སྐྱོན་ཐམས་ཅད་དང་ཡོངས་སུ་བྲལ་བའི་ཡོན་ཏན་རྫོགས་པའི་ཕྱིར། པདྨ་འདབ་མ་སྟོང་ཕྲག་གི་གྲངས་ལྡན་བརྡལ་བའི་ཟེའུ་འབྲུ་རྒྱས་པའི་རྩེར། ཟླ་བའི་དཀྱིལ་འཁོར་ཉ་གང་བ་བརྩེགས་པའི་གདན་གྱི་སྟེང་དུ་རང་དོན་དང་གཞན་དོན་གང་ལ་སྦྱར་ཡང་རུང་། ཕ་རོལ་པོའམ་རང་གི་སྒྱུ་ལུས་བེམ་པོ་ཟོ་ཁོག་དབང་རྟེན་དང་བཅས་པ་དེ་ཉིད་ཡོངས་སུ་གནས་གྱུར་ཏེ། སྐད་ཅིག་དྲན་རྫོགས་སུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཟག་མེད་ཡེ་ཤེས་ཀྱི་ཕུང་པོ་ཉིད་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་ལས་བསྐྱེད་པར་མཛད་པའི་ཡུམ། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བར་མཛད་པའི་ཕྲིན་ལས་མྱུར་མ་དཔའ་མོ་མཉེན་ལྕུགས་འཁྲིལ་ལྡེམ་གྱི་གཞོན་ཚུལ་རྫོགས་པའི་སྐུ། རིན་པོ་ཆེ་མརྒད་ལྗང་གུའི་མདོག་ལྟར་ལྡན་པའི་ཁ་དོག་འཚེར་བ། ཞི་ཞིང་འཛུམ་བག་ཆགས་པའི་ཞལ་གཅིག །གདུལ་བྱ་ཐམས་ཅད་ལ་ཐུགས་ཀྱི་དགོངས་པ་བུ་གཅིག་པུའི་མ་ལྟར་བརྩེ་བའི་སྤྱན་ཟུང་ཟིམ་བུར་གཡོ་བའི་བཞད་དཀྱུས་ཡངས་པས་གནས་སྐབས་སུ་རྗེས་སུ་འཛིན་པའི་ཡུལ་འགྲོ་བ་དེ་ཉིད་ལ་གཟིགས་པ། ཕྱག་གཉིས་ཀྱི་གཡས་བརྐྱང་པའི་མཆོག་སྦྱིན་གྱི་རྒྱས་ཞབས་གཡས་པའི་པུས་མོའི་སྟེང་དུ་སླེབས་པ། ཕྱག་གཡོན་པའི་སྐྱབས་སྦྱིན་ཕྱག་རྒྱ་ཚུར་བསྐུམས་ཏེ་ཐུགས་ཀར་མཛད་པའི་མཐེབ་མཛུབ་སྦྱར་བས་མེ་ཏོག་ཨུཏྤ་ལའི་སྡོང་བུ་བསྣམས་པའི་འདབ་མ་བརྒྱད་སྙན་གཡོན་པའི་ཐད་ཀར་ཁ་གྱེས་པའི་སྟེང་དུ། གདུལ་བྱའི་ཤེས་རྒྱུད་ཀྱི་དྲི་མ་སྦྱོང་མཛད་བཻཌཱུརྱའི་སྤྱི་བླུགས་དངས་གསལ་འཚེར་བའི་ནང་། ཟག་མེད་བྱིན་རླབས་ཀྱི་བདུད་རྩིའི་རྒྱུན་ཟད་མེད་དུ་འབེབས་པས་གནས་སྐབས་སུ་གདུལ་བྱར་གྱུར་པའི་སེམས་ཅན་དེ་ཉིད་ཀྱི་ཕྱིས་མྱོང་འགྱུར་གྱི་རྣམ་སྨིན་ངན་སོང་དམྱལ་བའི་ལས་སྣང་མེ་མདག་ལྕགས་ཞུན་འབར་བ་དག དཔེར་ན་མེ་ཕུང་ཆུས་བསད་པ་ལྟར་གཞིལ་བའི་ཐུགས་རྗེའི་བྱིན་རླབས་དང་ལྡན་པ། སྐུ་ལ་དར་དཀར་གྱི་སྟོད་གཡོག་དང་། ཁ་དོག་ལྔ་ལྡན་གྱི་ཚི་གུའི་སྨད་དཀྲིས་ལ་སོགས་པ་དང་། ལོངས་སྐུ་བདེ་བ་ཆེན་པོར་སྤྱོད་པའི་ཕྱིར་རིན་པོ་ཆེའི་དོ་ཤལ་དང་། སེ་མོ་དོ་ལ་སོགས་པའི་རྒྱན་རྫོགས་པ། འདི་སྐབས་སུ་དབུ་ལ་པྲོག་ཞུ་ཅོད་པཎ་རྣམས་དམིགས་པ་མ་ཡིན་པ་དམིགས་བསལ་ཡིན། ཞབས་གཉིས་ནི་གདུལ་བྱ་དེ་ཉིད་ཀྱི་དོན་ལ་བཞེངས་པའི་ཕྱིར་འགྲེང་བུར་མཉམས་པའི་སྟབས་ཀྱིས་བཞེངས་ཚུལ་དུ་རང་ཉིད་འཕགས་མའི་སྐུ་ལུས་སྣང་བཞིན་དུ་སྟོང་པ་ཆུ་ཟླ་ལྟ་བུ། སྟོང་བཞིན་དུ་སྣང་བ་འཇའ་ཚོན་ལྟ་བུ། ནང་ནས་ཕྱི་མི་སྒྲིབ་པ། ཕྱི་ནས་ནང་གསལ་བ་དཔེར་ན་ཕྲུ་མ་ཕུས་བརྒྱང་པའམ། དངས་མ་འོད་ཀྱི་ཁང་པ་ཤེལ་བུམ་སྒྲིབ་མེད་ལྟ་བུ་རུ་བསྒོམ་པ་ནི་ཕྱི་ལུས་ཀྱི་སྟོང་ར་ལྷག་པའི་ལྷས་བྱིན་རླབས་ཀྱི་དགོས་པ་དང་། ལམ་ཟབ་གནད་ཀྱི་ཁྱད་ཆོས་དང་འབྲེལ་བར་བསྐྱེད་པའོ།། གཉིས་པ་ནང་རྩའི་སྟོང་ར་བསྒོམ་པ་ནི། གཞི་ལུས་ལྷག་པའི་ལྷ་མོ་དྭངས་གསལ་སྒྲིབ་གཡོག་དང་བྲལ་བ་འོད་ཕུང་ལྗང་གསལ་གྱི་སྐུ་ཞལ་ཕྱག་སྐྱེ་མཆེད་དང་བཅས་པ་རྫོགས་པར་གསལ་བའི་སྐུ་ལུས་ཀྱི་ནང་ཁོང་དུ། རྩ་གཞན་གྱི་བྱེ་བྲག་ཕྲ་རགས་གང་ཡང་མི་དམིགས་པར། དབུ་མ་ཨ་ཝ་དྷུ་ཏི་ཆོས་ཉིད་ཀྱི་རྩ། དཔེར་ན་ཁང་སྟོང་གི་དཀྱིལ་ཀ་བ་གཅིག་ཟུག་པའི་ཚུལ་ལྟ་བུ། པདྨའི་འདབ་མ་ལྟར་སྲབ་པ། ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། ཕྱི་དཀར་བ་ནང་དམར་བ། གཞི་དུས་ཀྱི་ཆོས་ཉིད་དམིགས་བཅས་ཐབས་ཀྱི་ཟབ་ལམ། དམིགས་མེད་ཤེས་རབ་ཀྱི་ངོ་བོར་ཟུང་དུ་འབྲེལ་བའི་བསྒྲོད་པ་ཅན། རྩ་དེ་ཉིད་མར་སྣ་ལྟེ་བའི་འོག་ཏུ་སོར་བཞི་ཙམ་གཞལ་ཐད་དུ་ཕུག་སྡུགས་སུ་ཁ་ཟུམ་པ། དེའི་མཚོན་དོན་ངན་སོང་གསུམ་ལ་སོགས་པར་འཁོར་བའི་སྐྱེ་སྒོ་གཅོད་པའི་ཕྱིར་རོ། །དབུ་མའི་ཡར་སྣ་སྐུ་ལུས་ཀྱི་ནང་ཁོང་དྲང་པོར་ཡོ་བཟུར་འཁྱོག་དགྱེ་མེད་པར་སྤྱི་གཙུག་ཚངས་པའི་སྒོ་མོ་མགོ་བོ་རྒྱ་མཐོངས་སྐར་ཁུང་ཇི་བཞིན་དཀར་སང་ཧ་རེ་བ་སྒོམ་པ་ལ་དམིགས་རྣམ་བརྟན་པོ་གསལ་བ་ནི་ནང་རྩའི་སྟོང་རའོ།། གསུམ་པ་གཞི་རླུང་སེམས་ཐིག་ལེ་བཟུང་བ་ནི། རྩ་དབུ་མ་མཚན་ཉིད་བཞི་ལྡན་དུ་དམིགས་པའི་ཐུགས་ཀའི་ཐད་ཀར་ཁོང་སྟོང་དུ་མེ་ཏོག་ཨུཏྤལ་སྔོན་པོ་འདབ་མ་བརྒྱད་དུ་རྒྱས་པའི་སྟེང་། གཞི་དུས་རྣམ་རྟོག་གི་བཞོན་པར་གྱུར་པའི་ལས་ཀྱི་རླུང་ཆབས་གཅིག་གི་དཀྱིལ་འཁོར་ཁ་དོག་ལྗང་གུ་རེག་བྱ་ཤིན་ཏུ་ཡངས་ཤིང་འཕར་འདར་གཡོ་བའི་རྣམ་པ་ཅན། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་གནས་ལུགས་གློ་བུར་འགྱུ་འཕྲོའི་བསླད་དང་མ་འདྲེས་པ། ཡིན་མིན་གཟའ་གཏད་ཀྱི་ངོས་བཟུང་མེད་པ། ལྟ་སྒོམ་གྱིས་བསྒྱུར་བའི་བཟོ་བཅོས་མ་ཕོག་པ། གཞི་དང་རྩ་བྲལ་བའི་རིག་པ་རྗེན་པ་དྭངས་སལ་ལེ་བ་རང་བབ་ཐད་ཀར་གནས་པའི་ཆ། རྗེན་ཡེ་རེ། སྟོང་སང་ངེ། ཧ་ཕྱད་དེ་རྩེ་གཅིག་པའི་ངོ་བོ་དེ་ཉིད་རྣམ་པ་ཁ་དོག་དངས་མ་ལྔ་ལྡན་གྱི་ཐིག་ལེ། དཔེར་ན་མ་གསར་དུ་བཙས་པའི་བྱ་ཡི་སྒོ་ང་ལྟར་མདངས་གསལ་བ་ལ་འོད་འཚེར་བ། གཟི་བརྗིད་ཀྱི་སྣུམ་བག་ཆགས་པ་ལ་དབྱིབས་ཟླུམ་པོར་འདྲིལ་བ་ཞིག་གསལ་བརྟན་དང་ལྡན་པར་བསྒོམ། དེ་ལྟར་དམིགས་པ་མ་ཟིན་གྱི་བར་བརྗོད་ལ། དེ་ནས་རྟེན་ལུས་ཀྱི་ཆ་དེ་ཉིད་ལས། བརྟེན་པ་རྣམ་ཤེས་ཕྱིར་འཁྱམས་པའི་མ་དག་འཁོར་བའི་སྒོ་དགུ་བོ་དག །དཔེར་ན་སྒོ་འཕར་སྒོ་གླེགས་ཀྱིས་གཅོད་པ་ལྟར་སོ་སོ་བཀག་དགོས་པས་དེའི་ཐབས་ནི། མིག་གཉིས། རྣ་བ་གཉིས། ཁ། སྣ་བུག་གཉིས། འོག་སྒོ་གཤང་གཅིའི་ལམ་གཉིས་ཏེ་དགུ་བོ་རེ་རེ་བཞིན་དུ། འཕོ་བ་འདེབས་པ་པོ་རང་ཉིད་ཀྱང་ལྷག་པའི་ལྷ་རྗེ་བཙུན་སྒྲོལ་མར་བསྐྱེད་པའི་ཐུགས་ཀའི་ས་བོན་ཡི་གེ་ཏཱཾཿཡིག་གསལ་འཚེར་དང་ལྡན་པ། དངས་མ་ཕྲ་བའི་རླུང་ལྔའི་རང་མདངས་འོད་ཁ་དོག་ལྔ་གཅིག་ཏུ་འདྲེས་པའི་མདོག་དང་ལྡན་པ་རེ་འཕྲོས་ཏེ་སྒོ་རེ་རེ་བཞིན་བཀག་པར་བསམ་པའི་འདུན་པ་གཏད་བཞིན་དུ། སྐབས་འདིར་ཏཱཾཿཡིག་དགུ་དལ་བུས་བརྗོད་ན་ཡང་ལེགས་མོད། འཛོམ་ན་གནས་ཡིག་བརྟན་བཞུགས་ཅན་སོ་སོར་མར་སྦྲང་གིས་སྦྱར་ན་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ཡན་ཆད་ནི་གཞི་རླུང་སེམས་ཐིག་ལེ་བཟུང་བའི་ཐབས་བཤད་པའོ།། བཞི་པ་རྟེན་སྐྱབས་ཡུལ་གསལ་གདབ་པ་ནི། དེ་ལྟར་ཕྱི་ནང་གི་སྟོང་ར་གཉིས་དང་གཞི་ཐིག་ལེ་དང་བཅས་པ་གསལ་བར་བསྒོམ་པའི་སྤྱི་བོར། མདའ་གང་ཙམ་དཔག་པའི་གོ་སར། པདྨ་ཁ་དོག་དམར་པོ་འདབ་མ་བརྒྱད་ཁ་གྱེས་པའི་སྟེང་དུ། དཀར་གསལ་ཟླ་བའི་གདན་ཡངས་ཤིང་རྒྱ་ཆེ་བ་ལ། མཆོག་གསུམ་རྩ་གསུམ། སྐུ་གསུམ་མ་ལུས་པ་སྐྱབས་གནས་ཀུན་འདུས་པའི་ངོ་བོར་གྱུར་པ། རང་གི་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མི་ཕྱེད་པ། རྣམ་པ་རབ་འབྱམས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་གསུང་པདྨའི་རིགས་ཀྱི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག སྐལ་བཟང་འདྲེན་པ་སྟོང་གི་གསུང་གི་དབང་ཕྱུག འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་། སློབ་དཔོན་སངས་རྒྱས་གཉིས་པ། རྒྱལ་ཡུམ་འཕགས་མ་སྒྲོལ་མ་རྣམས་ཀྱི་སྤྲུལ་གཞི་རིགས་ཀྱི་བདག་པོ་མཚུངས་པ་མེད་པའི་ཐུགས་བསྐྱེད་ཀྱི་སྟོབས་དང་། དཔེ་མེད་པའི་སྨོན་ལམ་གྱི་མཐུས་འགྲོ་བ་འདྲེན་པའི་མགོན་པོ། བདེ་གཤེགས་སྣང་བ་མཐའ་ཡས་འོད་དཔག་ཏུ་མེད་པ། སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ལ་ཉི་འོད་འབུམ་གྱིས་འཁྱུད་པ་ལྟ་བུའི་བཀྲག་མདངས་མཛེས་པ། མཚན་བཟང་དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་གཟི་བརྗིད་ཀྱིས་ལྷུན་སྡུག་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་ཀྱིས་མཉམ་བཞག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པས་བཻ་ཌཱུརྱའི་ལྷུང་བཟེད་བདུད་རྩིའི་གང་བ་འཛིན་ཅིང་། སྐུ་ལ་སྟོད་དུ་བླ་གོས་དམར་སེར་དང་། ཆོས་གོས་དམར་པོ་མདངས་གསལ་བ་གསོལ་བ་ཞི་ཞིང་ཤིན་ཏུ་འཛུམ་ལ་ཆགས་པའི་སྤྱན་གྱིས་མཁའ་ཁྱབ་ཀྱི་འགྲོ་བ་ཀུན་ལ་ཐུགས་སྙོམས་པའི་བརྩེ་བ་ཚད་མེད་པས་རྟག་པར་གཟིགས་པ། མདོར་ན་སྐུ་གསུང་ཐུགས་ཀྱི་གསང་བ་བྱིས་པའི་བློའི་སྤྱོད་ཡུལ་དང་བྲལ་བར་ལྷང་ངེ། ལྷན་ནེ། ལྷམ་མེར་མངོན་སུམ་ཇི་བཞིན་པར་གསལ་བའི་གཡས་དང་གཡོན་གྱི་ཆར། ཐུགས་སྲས་ཡོངས་ཀྱི་ཐུ་བོ་སྤྱན་རས་གཟིགས་དཀར་པོ་དང་། གསང་བའི་བདག་པོ་མཐུ་ཆེན་ཐོབ་སྔོན་པོ་རྣམ་པ་གཉིས་དར་དང་རིན་པོ་ཆེའི་རྒྱན་ཆས་ལོངས་སྐུ་ཆགས་བཅས་ཀྱི་ཆ་ལུགས་ཅན་ཕྱག་གཉིས་གཡས་རྣམས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཕྱིར་བརྐྱང་སྟེ། གཡོན་གཉིས་རང་རང་གི་ཐུགས་ཀར་བསྐུམ་པའི་མཐེབ་མཛུབ་སྦྱར་མས་པདྨ་དང་ཨུཏྤ་ལའི་སྡོང་བུ་སོ་སོར་བསྣམས་པའི་འདབ་མ་རྣམས་སྙན་གཡོན་ཐད་དུ་ཁ་ཕྱེ་བ། ཞབས་གཉིས་འགྲོ་དོན་ལ་བཞེངས་སྟབས་ཀྱིས་འགྲེང་བུར་པད་ཟླ་རེ་རེའི་གདན་ལ་བཞུགས་པ། གཞན་ཡང་མཐའ་སྐོར་ཏུ་ཕྱོགས་བཅུའི་སངས་རྒྱས་རྣམས། ཐུགས་སྲས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ། ཁྱད་པར་ཟབ་ལམ་འཕོ་བའི་བྱིན་རླབས་ཉམས་མྱོང་གི་བཀའ་བབ་རྩ་བ་དང་། དེ་ལས་བརྒྱུད་པ་བར་མ་ཆད་དུ་བྱོན་པའི་སྔ་འགྱུར་བཀའ་གཏེར་སོ་སོའི་སྒོ་ནས་སྡིག་ཆེན་བཙན་ཐབས་སུ་འདྲེན་པའི་བླ་མས་ཁྲོམ་ཚོགས་སུ་བསྐོར་ཏེ། སྐྱབས་གནས་ཐམས་ཅད་ཀྱིས་དགྱེས་པའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། བརྩེ་བའི་ཐུགས་ཀྱིས་དགོངས་བཞིན་མཐོང་ཐོས་དྲན་རེག་གིས་འབྲེལ་བའི་འགྲོ་བ་མ་ལུས་པ་སྡུག་བསྔལ་ལས་སྒྲོལ་བའི་དེད་དཔོན་ཆེན་པོར་མངོན་སུམ་དད་གུས་ཀྱི་མོས་པ་དང་། རྩེ་གཅིག་པའི་འདུན་པ་གཏད་དེ་བཞུགས་པར་དམིགས་པ་ནི་རྟེན་སྐྱབས་ཡུལ་གསལ་གདབ་པའི་དམིགས་དོན་བཤད་པའོ།། ལྔ་བ་གྲོགས་གསོལ་འདེབས་ཀྱིས་བྱིན་རླབས་སྦྲན་པ་ནི། སྐབས་འདིར་གཞན་སྟོབས་ཐུགས་རྗེའི་སྨོན་ལམ་ལ་བརྟེན་པ་འདི་ཁོ་ན་གལ་ཆེ་བས། མགོན་པོ་འོད་དཔག་མེད་ཀྱི་མཚན་བརྗོད་པ་རང་གི་སྒོ་གསུམ་ཆུན་གཅིག་དྲིལ་གྱིས་སྟོང་ཕྲག་ལ་སོགས་བྱས་མཐར། ཨེ་མ་ཧོ་ཞེས་འཕོ་བ་སྡིག་ཅན་མྱུར་གྲོལ་གྱི་གསང་ལམ་ཟབ་མོར་ངོ་མཚར་སྐྱེ་བའི་ངེས་ཤེས་བསྐྱེད་དེ། འདི་ལྟར་རྒྱུ་ཀུན་འབྱུང་བདེན་པ་དང་། འབྲས་བུ་སྡུག་བསྔལ་བའི་ཕུང་པོ་ལས་རྣམ་པར་གྲོལ་བའི་སངས་རྒྱས་ཀྱི་ཏིང་ངེ་འཛིན་དང་སྨོན་ལམ་ཚད་མེད་པས་མངོན་པར་བསྐྲུན་པའི་བདེ་ཆེན་དག་པའི་ཞིང་ཁམས་ནས། དུས་གསུམ་གྱི་རྒྱལ་བ་ཀུན་གྱི་གསུང་གི་གསང་བ་པདྨ་རིགས་ཀྱི་ཁྱབ་བདག་ཚེ་དང་ཡེ་ཤེས་ཐམས་ཅད་གཅིག་དུ་འདུས་པའི་སྤྱི་གཟུགས། མཚན་ཐོས་པ་ཙམ་གྱིས་ཞིང་དེར་འདྲེན་པའི་སྨོན་ལམ་མངའ་བ་མགོན་པོ་འོད་དཔག་ཏུ་མེད་པ་དང་། འདུས་བྱས་རྩོལ་སྒྲུབ་ཀྱི་ཆོས་བསྐྱེད་པའི་རྩ་བ་མཚན་མའི་རྣམ་རྟོག་གི་སྤྱོད་ཡུལ་ལས་འདས་པའི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་རང་སྣང་ལྷུན་གྱིས་གྲུབ་པ། འོད་གསལ་གྱི་རང་གདངས་འགག་པ་མེད་པར་ཤར་བ་སྤྲུལ་པའི་ཞིང་ཁམས་རི་བོ་པོ་ཏ་ལ་ནས་རྒྱལ་བ་ཀུན་གྱི་ཐུགས་སྙིང་རྗེའི་གཏེར་མཛོད། སེམས་ཅན་གྱི་ཁམས་ལ་གང་ལ་གང་འདུལ་ཏུ་སྣང་བར་མཛད་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གཟུངས་དང་ཏིང་ངེ་འཛིན་གྱི་རང་རྩལ་ལས་མ་བཀོད་པར་སྣང་བ་ཤིན་ཏུ་རྣམ་པར་དག་པའི་ཞིང་ཁམས་གཡུ་ལོ་བཀོད་པ་ནས། སྔོན་སངས་རྒྱས་རྔ་སྒྲ་ཞེས་བྱ་བའི་དྲུང་དུ་རྒྱལ་པོའི་བུ་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བར་གྱུར་ཚེ་དང་པོ་བྱང་ཆུབ་མཆོག་དུ་ཐུགས་བསྐྱེད་དེ། དཔག་ཚད་བཅུ་གཉིས་ཀྱི་ཁྱོན་མཆོད་པ་རྒྱ་ཆེན་པོས་ཁྱབ་པར་མཛད་པ་དང་། དེའི་རྗེས་སུ་རྫོགས་པའི་སངས་རྒྱས་དོན་ཡོད་གྲུབ་པའི་སྤྱན་སྔར་ཕྱོགས་བཅུའི་རབ་འབྱམས་ཀྱི་ཞིང་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་ཡོངས་སུ་སྒྲོལ་བར་ཞལ་གྱིས་བཞེས་པར་མཛད་པའི་རྒྱལ་སྲས་སེམས་མ་ཆེན་མོ་དེ་ཉིད་ཀྱིས། འཁོར་བ་རྒྱུ་འབྲས་གཉིས་ལ་སྤྱོད་པའི་སེམས་ཅན་རྣམས་ཀྱི་གནས་སྐབས་སུ་མེ་དང་ཆུ། གཅན་གཟན་དང་ཆོམ་རྐུན་ལ་སོགས་འཕྲལ་རྐྱེན་མི་འདོད་པ་མཐའ་དག་དང་། མཐར་ཐུག་འཁོར་བ་ངན་སོང་གི་འཇིགས་པ་ལས་སྒྲོལ་བར་མཛད་པའི་རྗེ་བཙུན་འཕགས་མ་ཡུམ་ལྷག་པའི་ལྷ་ཁྱད་པར་ཅན་དང་། འཛམ་བུའི་གླིང་འདིའི་གླིང་ཕྲན་ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་ས་སྤྱོད་ཀྱི་ཞིང་ཁམས་སྤྲུལ་པའི་ཕོ་བྲང་ནས། ལྔ་བརྒྱ་ཐ་མ་པའི་གདུལ་བྱའི་བླ་མ་སྐྱབས་ཀུན་མ་ལུས་པ་ཀུན་འདུས་པའི་ངོ་བོ། བསྐལ་བཟང་སངས་རྒྱས་སྟོང་གི་ཕྲིན་ལས་མཐའ་དག་གི་བདག་ཉིད་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་དང་། གསང་སྔགས་ཐབས་ལམ་གྱི་ཆེ་བ་མཚན་ལྡན་གཟུངས་མའི་ཕོ་ཉའི་འདུ་འཕྲོད་ལས་ཉེ་བར་དྲངས་པའི་ཡས་བབས་ཞུ་བདེས་བསྐྱེད་པའི་དགའ་བ་བཞིའི་རྣམ་པར་ཤར་བའི་ཡེ་ཤེས་དང་། མས་བརྟན་ལུགས་ལྡོག་གི་ནུས་པས་བདེ་བ་ཆེན་པོ་འོད་གསལ་སྟོང་པ་བཞིའི་ངོ་བོར་རྫོགས་པའི་དཔེ་ཡི་ཡེ་ཤེས་ལ་ལོངས་སྤྱོད་པའི་གནས་གསུམ་གྱི་མཁའ་འགྲོ་རྒྱ་མཚོ་མཉམ་པར་འདུ་བའི་གསང་བའི་ཚོགས་ཁང་ཆེན་མོ་ནས། འོག་མིན་མཁའ་སྤྱོད་ཀྱི་ཞིང་དྷུ་མ་ཐ་ལའི་ཌཱཀྐི་འབུམ་གྱི་གཙོ་མོ་མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་མ་ཟབ་གཏེར་གྱི་བསྟན་པའི་བཀའ་བསྡུ་ལ་མངའ་བརྙེས་པའི་རྗེ་མོ་དང་། དོན་ཏུ་གསང་ཆེན་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་བོད་ཡུལ་དུ་དར་བའི་བསྟན་འཛིན་གྱི་སྡེ་གྲུབ་བརྙེས་རིག་པ་འཛིན་པའི་ཚོགས་སྔར་བྱོན་པའི་ནང་ཚན་གྱི་བྱེ་བྲག་རྣམས། སྟོན་པ་ཨོ་རྒྱན་སངས་རྒྱས་གཉིས་པས། ཆོས་གསང་སྔགས་སྨིན་གྲོལ་གྱི་མྱུར་ལམ། འཁོར་སློབ་དཔོན་ཆེན་པོའི་སྤྲུལ་པའི་རྣམ་རོལ། རྟེན་ཁམས་དྲུག་ལྡན་གྱི་གཞི་རྩ་ཐིག་རླུང་གསུམ་ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱིས་གནད་དུ་བསྣུན་པ་ལས། གནས་རང་སྣང་དག་པ་དབུས་གཙང་སྤྲུལ་པའི་སྒྲུབ་གནས་སུ། བསྒྲུབ་འབྲས་སྣང་སེམས་དབྱེར་མེད་དུ་རྟོགས་ཏེ། དངོས་གྲུབ་ལྷག་པའི་ལྷ་སོ་སོའི་གསང་བ་གསུམ་རེ་གཅིག་ཏུ་གྲུབ་པའི་དབང་བསྒྱུར་ཅན་སྐལ་ལྡན་དབང་རབ་རྟོགས་གྲོལ་དུས་མཉམ་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། འདིར་ཆོས་ཀྱི་བདག་པོ་ཐུགས་རྗེ་ཡེ་སྤྲུལ་གྱི་འདྲེན་པ་གང་ཞིག སྔོན་རབས་ཀྱི་སྐྱེ་བའི་ཕྲེང་བ་མང་པོར་སློབ་དཔོན་གུ་རུ་རིན་པོ་ཆེ་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་གཉིས་ཟུང་དུ་འཇུག་པའི་བྱིན་རླབས་དགོངས་བརྒྱུད་ཀྱི་འཕོ་བ་དངོས་སུ་ཐོབ་ཅིང་སྨོན་ལམ་གཏད་རྒྱའི་དབང་བསྐུར་དང་། དུས་དང་དུས་སུ་བཀའ་བབ་ལུང་བསྟན་གྱིས་དབུགས་དབྱུང་མངའ་གསོལ་ཆེན་པོ་བཅས་བཞིན་ཐུགས་བསྐྱེད་སྦྱངས་གོམས་ལས་ཀྱི་འཕྲོ་ཟབ་མོ་གཏེར་གྱི་ཕྱོགས་སུ་ཡོངས་སུ་སད་པའི་སྤྲུལ་པའི་སྐུ་མཆོག་འདི་ཉིད་ལ། ཁྱད་པར་དུ་ལྷ་སྲས་མུ་རུབ་བཙད་པོའི་སྐྱེ་མཐའ། བོད་ཆེན་མཁས་གྲུབ་རྒྱ་མཚོའི་རིགས་བདག་ཏུ་གྱུར་པའི་བླ་མ་གྲུབ་ཆེན་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཡེ་ཤེས་སྒྱུ་མའི་སྐུ་མངོན་སུམ་པས་མནལ་ལམ་འགའ་ཞིག་དུ་ཞལ་གཟིགས་བྱིན་རླབས་ཐུགས་ཡིད་དབྱེར་མེད་དུ་གྱུར་པ་ལས། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལ་སོགས་པའི་ཟབ་མོ་གཏེར་གྱི་ཆོས་ཀྱི་བདག་པོར་གྱུར་པ་ཨོ་རྒྱན་ལུང་རིག་གླིང་པའི་ཞབས་པད་ནས་དང་། གཞན་ཡང་ལམ་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་རྣལ་འབྱོར་རིག་འཛིན་རྣམ་པ་བཞིའི་ལྡང་ཆོད་ཀྱིས་མཐར་ཕྱིན་ཏེ། འབྲས་བུ་སྐུ་གསུམ་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་རྫོགས་པའི་དཀྱིལ་འཁོར་ནས་གདུལ་བྱའི་འགྲོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་འདོད་པ་བཞིན་སྟེར་བའི་ལྷ་སྔགས་རྒྱུད་སྡེ་བཞིའི་ཡི་དམ་གྱི་ལྷ་ཚོགས་དང་། འཁོར་བ་མྱང་འདས་ཀྱི་སོ་མཚམས་ཕྱེད་དེ། དགེ་སྡིག་རྒྱུ་འབྲས་ཀྱི་ལེགས་ཉེས་ཀྱི་སྟངས་གཅོད་པར་འཛིན་པའི་ས་སྤྱོད་ཉི་ཤུ་རྩ་བཞིའི་ཞིང་སྐྱེས་ཀྱི་ཌཱཀྐི་མ་རྣམས་དང་། བདེ་ཆེན་མཁའ་སྤྱོད་ཀྱི་གནས་མཆོག་རང་བཞིན་སྤྲུལ་པ་སྐུའི་ཕོ་བྲང་ནས། དཔལ་ལྡན་རྡོ་རྗེ་ཕག་མོ་དང་། འཁོར་མཁའ་འགྲོ་སྡེ་ལྔ། མ་སྲིང་ཤུགས་འགྲོ་རྒྱ་མཚོའི་ཚོགས་དང་། སྟོན་པ་རྡོ་རྗེ་འཆང་དང་། དཔལ་གསང་བའི་བདག་པོས་གཙང་མ་གནས་ཀྱི་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་སྟེ་ལྷ་གནས་གསུམ་ལ་སོགས་པར་གསང་སྔགས་ཀྱིས་ཆོས་འཁོར་བསྐོར་ཞིང་བཀའི་བསྡུ་བ་མཛད་པའི་ཚེ་བཀའ་ཉན་གྱི་སྲུང་མ་དང་། དམ་ཚིག་གཉན་པོ་ཁས་བླང་ཞིང་། ཐ་ཚིག་གིས་གཉེར་གཏད་པའི་ཕོ་བྲང་ནས། ཨོ་རྒྱན་སངས་རྒྱས་གཉིས་པའི་ཟབ་གཏེར་གྱི་བསྟན་པ་གཡེལ་མེད་དུ་འཛིན་པའི་མ་མོ་སྔགས་ཀྱི་བདག་མོ་ཨེ་ཀ་ཛ་ཊཱི་ལ་སོགས་ཕོ་རྒྱུད། མོ་རྒྱུད། མ་ནིང་གི་རྒྱུད་དེ་རྒྱུད་གསུམ་གྱིས་བསྡུས་པའི་ཡེ་ཤེས་དང་འཇིག་རྟེན་གྱི་སྲུང་མར་བཅས་པ་སྟེ་སྐྱབས་ཡུལ་གྱི་ལྷ་ཚོགས་དེ་ཐམས་ཅད་ལ། ཡིད་ཁྱེད་ཤེས་ཀྱི་དད་པ་བློ་གཏད་ལིང་སྐྱུར་གྱི་མོས་གུས་རྩེ་གཅིག་པས་གསོལ་བ་འདེབས་སོ། །ཁྱེད་རྣམས་ཀྱི་ཐུགས་བརྩེ་བ་ཆེན་པོས་ཐུགས་རྗེས་དགོངས་པར་མཛོད་ཅིག་དང་། དམིགས་ཡུལ་གྱི་གནས་སྐབས་སུ་ལས་དབང་བཟོད་དཀའ་བའི་རྣམ་སྨིན་གྱི་འབྲས་བུས་ངན་འགྲོའི་སྡུག་བསྔལ་དཔེར་ན་དོང་གཏིང་རིང་ལྟ་བུའི་གཡང་ས་ནས་དྲངས་དུ་གསོལ། ངན་སོང་གི་གནས་ནས་དྲངས་ཏེ་འོག་མིན་མཁའ་སྤྱོད་ཀྱི་གནས་བདེ་ཆེན་དག་པའི་ཞིང་དུ་རྟེན་འདི་ཉིད་ཀྱི་རྣམ་པར་ཤེས་པ་འཕོ་ངེས་པར་བྱིན་གྱིས་རློབས་ཤིག་པའོ། །དེ་ལྟར་མོས་གུས་རྩེ་གཅིག་པའི་གདུང་ཤུགས་ཀྱི་ངང་ནས་ཁྱེད་ཤེས་ཁྱེད་མཁྱེན་གྱིས་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས་གསོལ་བ་འདེབས་སོ། །བདག་གི་སྒྱུ་ལུས་དོན་ལ་མི་གཙང་བའི་རྫས་སོ་གཉིས་ཀྱིས་བཟུང་བའི་རྟེན་འབྱུང་བཞིའི་གཡར་བོ་མི་རྟག་སྒྱུ་མའི་རང་བཞིན་མགྲོན་ཁང་ཞིག་ རེ་ཞིག་བར་བདག་བཟུང་བྱས་པ་དང་འདྲ་བ་ནས། དམིགས་ཡུལ་གྱི་སེམས་ཉིད་གདོད་མའི་གནས་ལུགས་ཡེ་ནས་ངོ་བོ་ཉིད་ཀྱི་འཁྲུལ་གཞི་མེད་པ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྩ་བ་དང་བྲལ་བ་རང་བྱུང་གཞི་དུས་ཀྱི་གཉུག་མ་ཆོས་ཀྱི་སྐུ། རྣམ་པ་རླུང་སེམས་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་འདི་ཉིད། འཕོ་བྱེད་ཀྱི་ལམ་སྐྱེ་འགག་འགྲོ་འོང་ཡོད་མེད་གནས་དམིགས་ཏེ་མཐའ་བརྒྱད་ཀྱི་བློའི་འཛིན་སྟངས་བྲལ་བ། རྩ་དབུ་མ་ཆོས་ཉིད་སྟོང་གསལ་གྱི་ཀློང་ཡངས་བརྒྱུད་ནས། འཕོ་མཁན་གྱི་རྣལ་འབྱོར་ཉམས་མྱོང་རིག་སྟོང་གི་ཡེ་ཤེས་འོད་གསལ་སྟོང་པ་བསམ་བརྗོད་ཐམས་ཅད་ལས་འདས་པ་འདུས་མ་བྱས་པའི་ངང་ནས་བརྟན་པ་ཐོབ་པའི་གདེང་ཚད་ཀྱི་ཏིང་ངེ་འཛིན་གྱི་ནུས་པས། འཕོ་བའི་ཡུལ་འབྲས་བུ་སྐུ་གསུམ་ཟུང་དུ་འཇུག་པའི་ངོ་བོ་བླ་མ་མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་ཀར་འཕོ་བར་ཤོག་ཅིག་པའོ།། །དྲུག་པ་འཕོ་བྱེད་སྒྲ་དང་དམིགས་པའི་བྱེད་ལས་ནི། དམིགས་པ་ལ། རྟེན་དབུགས་ཀྱི་རླུང་། བརྟེན་པ་རིག་པ་སེམས་ཉིད། འཆར་སྒོ་མིག་སྒོ་དང་གསུམ་ཆུན་གཅིག་དུ་བསྒྲིམ་པ་སྟེ། དང་པོ་རྟེན་དབུགས་ཀྱི་རླུང་བསྒྲིམ་ཚུལ་ནི། འོག་རླུང་གི་སྒོ་སྲིན་ཞལ་འབྱེད་འཛུམ་རྩོལ་བ་དྲག་པོ་དང་བཅས་པས། ཐུར་སེལ་གྱི་རླུང་གྱེན་དུ་དྲངས་ཏེ་འོག་སྒོ་བསྡམ། ལྟེ་བའི་ཐད་ཀར་བར་རླུང་བུམ་པ་ཅན་དང་པོ་རྔུབ་པའི་སྦྱོར་བས། མཐར་ཐད་སོར་བཀང་སྟེ་བརྒྱང་ལ་སྣ་སྒོའི་གྱེན་རྒྱུའི་རླུང་འོག་དུ་གཞིལ་ལ། ཁའི་དབུགས་འཇམ་རླུང་དལ་བུས་དམིགས་ཡུལ་རྟེན་དེའི་སྤྱི་གཙུག་གི་མཁའ་ལ་ཕྱིར་འཕངས་ཏེ་ཅུང་ཟད་ཕྱིར་བཟུང་བ་རིག་པའི་གནད་ལ་ལེགས། འཆར་སྒོ་མིག་གཉིས་ཀྱང་བར་སྣང་ལ་འབྱེད་འཛུམ་མི་མང་བར་བལྟ་ལ། ཕྱི་དབྱིངས་སྣང་ཐོག་ཏུ་མདུང་ཚུགས་མི་བྱ་བར། མིག་གི་གདངས་རིག་ཐོག་དུ་ཅེར་ཡན་དུ་ལྷོད་དེ་དབྱིངས་སུ་བཞག་ལ་བལྟ། སྔར་བཤད་པའི་རིག་པ་རླུང་སེམས་ཀྱི་ཐིག་ལེ་དེ་ཉིད། གཞི་ལུས་འཕགས་མའི་ཐུགས་དབུས་ནས་ཡར་འཕར་སྤྱི་གཙུག་དབུ་མའི་ཡར་སྣ་ཚངས་བུག་གི་སྒོ་རྒྱ་མཐོངས་བར་འདར་ཤིག་ཤིག་དུ་འཕར་ཏེ་མངོན་ཙམ་པའི་རིག་པས་ཟིན་ཆ་གསལ་བའི་ངང་དར་ཅིག་མཉམ་པར་བཞག་བཞིན་དུ་སྒྲའི་བྱེད་པ་ཧིཀ་ཅེས་བྱའི་སྒྲ་བརྗོད་མ་ཐག སྐྱབས་ཡུལ་བླ་མ་འོད་དཔག་མེད་པའི་ཐུགས་ཀློང་དུ་འཕོ་བའི་འདུན་པ་གཏད་པ་འཕོ་བྱེད་སྒྲ་དང་དམིགས་པ་བཤད་པའོ།། གསུམ་པ་རྗེས་ཀྱི་རིམ་པ་ལ་གཉིས། གཞན་དོན་དུ་བྱ་བ་དང་། རང་དོན་དུ་བསྒྲུབ་པའོ། །དང་པོ་གཞན་དོན་གཤིན་པོ་རྣམས་ལ་འཕོ་ཆོག་མཛད་པའི་རྗེས་སུ། སྡིག་ཆེན་མྱུར་གྲོལ་གྱི་ཐབས། གསང་ལམ་ཟབ་མོར་ངོ་མཚར་བས་ཨེ་མ་ཧོ་ཞེས་བརྗོད་དེ། དམིགས་ཡུལ་གཞི་ལུས་ཀྱི་སྟོང་ར་རྗེ་བཙུན་འཕགས་མའི་སྐུ་རུ་གསལ་བ་མཐར་འོད་དུ་ཞུ། སྤྱི་བོའི་རྟེན་སྐྱབས་ཡུལ་གྱི་གཙོ་བོ་མགོན་པོ་འོད་དཔག་མེད་ལ་ཡར་གྱེན་དུ་འཕུར་ཏེ་ཐིམ། སངས་རྒྱས་འོད་དཔག་མེད་དེ་ཉིད་སླར་ཡང་ཚོན་སྣ་ལྔ་བའི་འཇའ་འོད་ཀྱི་ལམ་ནས་བདེ་བར་གཤེགས་པའི་ཡིད་མགྱོགས་ཀྱི་རྫུ་འཕྲུལ་གྱིས་གཤེགས་ཏེ། ནུབ་ཕྱོགས་བདེ་ཆེན་ཞིང་གི་གཙོ་བོ་འོད་དཔག་མེད་དང་དབྱེར་མེད་དུ་འདྲེས་ནས་ཕྱོགས་བཅུ་མཐའ་ཡས་པའི་འགྲོ་བ་དཔག་ཏུ་མེད་པ་འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་འདྲེན་པའི་དཔལ་དུ་བཞུགས་པར་གྱུར་སྙམ་པའི་ངེས་ཤེས་བསྐྱེད་པའོ།། གཉིས་པ་རང་དོན་ཏུ་མི་འགྱུར་བའི་གོ་ཆ་རྡོ་རྗེའི་ཚེ་སྒྲུབ་པ་ནི། མཐར་སྐྱབས་ཡུལ་གྱི་ཐུགས་དབུས་སུ་བསྲེ་འཕོའི་རྣམ་ཤེས་དེ་ཉིད་ཐིག་ལེ་ཁ་དོག་ལྔ་འདྲེས་ཀྱི་རྣམ་པས་མར་གྱི་ལི་ལི་བབས་ཏེ་རང་ལུས་ཁམས་དྲུག་ལྡན་གྱི་རྟེན་ཙིཏྟ་ཤའི་སྒྲོམ་རྩ་འདབ་བརྒྱད་ཀྱི་དབུས་སུ་གཡོ་མེད་དུ་གནས་པར་བསྒོམ་ལ། སྔར་སྤྱི་བོར་བསྒོམ་པའི་གཡས་གཡོན་གྱི་རྒྱལ་སྲས་ཐུ་བོ་རྣམ་གཉིས་དང་། འཁོར་ཟབ་ལམ་འཕོ་བ་བརྒྱུད་པའི་བཀའ་གཏེར་གྱི་བླ་མ་རྣམས་དབུས་ཀྱི་གཙོ་བོ་ལ་ཐིམ། གཙོ་བོ་ཆགས་བྲལ་བའི་སྐུ་སྣང་བ་མཐའ་ཡས་དེ་ཉིད། ལོངས་སྐུ་ཚེ་དཔག་ཏུ་མེད་པར་གནས་འགྱུར་ཏེ། ཡེ་རེ་རེ་འོད་དུ་ཞུ་སྟེ་རང་ལ་དབྱེར་མེད་དུ་ཐིམ་པར་མོས། དེའི་རྐྱེན་གྱིས་རང་ཡང་སྐད་ཅིག་གིས་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པའི་སྐུ་དྭངས་གསལ་སྒྲིབ་བྲལ་མཚན་བཟང་དང་དཔེ་བྱད་བཀྲ་ལམ་མེ་རྫོགས་པའི་བདག་ཉིད་ཕྱག་གཉིས་མཉམ་བཞག་གི་རྒྱས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་གཏམས་པའི་ཚེ་བུམ་བསྣམས་པ། དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་སྤྲས་པ། ཚེ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མཐུ་སྟོབས་ནུས་པས་ལས་དབང་འཆི་བདག་གི་བདུད་ཀྱི་འཇིགས་པ་ལས་རྣམ་པར་རྒྱལ་བའི་ངོ་བོར་བྱིན་གྱིས་བརླབས་ཏེ། འཁྲུལ་སྣང་ཁམས་གསུམ་སྣོད་བཅུད་དང་བཅས་པ་ཐམས་ཅད་བདེ་ཆེན་པདྨོ་བཀོད་པ་རྣམ་ཀུན་འཕོ་འགྱུར་མེད་པ་དག་པའི་ཞིང་དུ་གྱུར་བར་བསམ་ལ་དམིགས། ཚེ་སྒྲུབ་ཀྱི་གསང་སྔགས་ཅི་རིགས་པ་བཟླའོ། །མཐར་དགེ་བ་བསྔོ། སྨོན་ལམ་གདབ། སྤྱི་མཐུན་གྱི་ཤིས་པ་བརྗོད་པར་བྱའོ།། བླ་མ་ལྷ་ཁོའི་ཤོག་བུར་སེར་སྣ་བྲལ། །ཀུན་དགའ་སྨྱོན་པའི་ཁ་ལ་གཟའ་གཏད་མེད། །ལུང་རིག་གླིང་བའི་ཟབ་གཏེར་གསང་བའི་ཆོས། །རས་ཆོད་རང་བཟོས་བསླད་པ་བཟོད་པར་གསོལ། །འགྲོ་འདུལ་ཨོ་རྒྱན་ལུང་རིག་གླིང་པ་དེའི། །རྩ་བའི་ཆོས་བདག་བླ་མ་རྣམ་གཉིས་ཀྱིས། །སོ་སོར་སྔ་ཕྱིར་བཀའ་ཕེབས་མ་ལྡོག་པར། །བླུན་རྨོངས་བློ་ཡིས་དཔོག་པར་ནུས་ཚད་བྲིས། །འདི་ལས་བྱུང་བའི་ལེགས་བྱས་རྣམ་དཀར་ཆ། །མཆིས་ན་དེས་མཐུས་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཚེ་བསྐལ་པ་རྒྱ་མཚོར་རབ་བརྟན་ཏེ། །ཕན་བདེའི་ལེགས་མཛད་མཐའ་རྒྱས་བཀྲ་ཤིས་ཤོག །དགེའོ། །དགེའོ། །དགེའོ།།

ལམ་ཁྱེར་སྤྱོད་པ་དོན་ལྡན།

༄༅།། དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས༔ ལམ་ཁྱེར་སྤྱོད་པ་དོན་ལྡན་བཞུགས༔

༄༅། རང་བྱུང་རིག་པ་ཆོས་ཀྱི་སྐུ༔ ཡེ་ནས་སྒྲིབ་སྐྱོན་བྲལ་ལ་འདུད༔ དེ་ཉིད་ཇི་བཞིན་རྟོགས་པའི་ཕྱིར༔ གནས་སྐབས་སྤྱོད་པ་དོན་ཡོད་བྱ༔ ས་མ་ཡཱ༔ ཆོས་རྣམས་འདུན་པའི་རྩེ་ལ་གནས༔ ཡིད་ནི་ཆོས་རྣམས་ཐམས་ཅད་ཀྱི༔ སྔོན་དུ་འགྲོ་ལ་རྗེས་སུའང་འཇུག༔ བར་དུ་དེ་དང་ལྷན་ཅིག་གནས༔ དེ་ཡང་རྣལ་འབྱོར་བྱང་ཆུབ་ཀྱི༔ ལམ་དུ་ཞུགས་པས་ཐོག་མ་རུ༔ འདི་ལྟར་ཁམས་གསུམ་འགྲོ་བ་དྲུག༔ ཚེ་རབས་སྔོན་གྱི་ཕ་དང་མ༔ ཀུན་ཀྱང་མ་རིག་འཁྲུལ་སྣང་གིས༔ རབ་ཏུ་བསླུས་པས་སྡུག་བསྔལ་སྤྱོད༔ དེ་རྣམས་དེ་ལས་རབ་བསྒྲལ་ནས༔ ཐོག་མའི་ཀུན་བཟང་གྲོལ་གཞི་ལ༔ འགོད་འདོད་བློ་ཡིས་སེམས་མཆོག་བསྐྱེད༔ དེ་ཕྱིར་དུས་དང་རྣམ་ཀུན་ཏུ༔ འདུག་གམ་འགྲོ་འཆག་ཟ་ཉལ་ལྡང༔ གང་དང་གང་གི་སྐབས་སུ་ཡང༔ དགེ་བའི་འདུན་པས་བློ་བཅོས་ཏེ༔ སྤྱོད་ལམ་དོན་དང་ལྡན་པར་བྱ༔ དབེན་པའི་གནས་སམ་གྲོང་དུའང༔ སྡོད་གནས་གཡུ་ལོ་བཀོད་པའམ༔ རྔ་ཡབ་གླིང་ངམ་བདེ་ཆེན་ཞིང༔ ངེས་པར་གསལ་བཏབ་རང་ཉིད་ཀྱང༔ རྩ་གསུམ་ཞི་ཁྲོའི་ལྷ་རུ་བསྒོམ༔ གང་སྣང་སེམས་ཅན་བླ་མ་འམ༔ ཡི་དམ་ལྷ་རུ་ངེས་ཤེས་བསྐྱེད༔ གང་སྨྲས་བཟང་ངན་བསྟོད་སྨད་སྒྲ༔ གསོལ་འདེབས་སྙིང་པོ་མི་རྟག་དང༔ བདག་མེད་ཆོས་སུ་ཡང་ཡང་བསམ༔ གང་ཤར་རྟོག་པའི་འཕྲོ་འདུ་ཀུན༔ ངོ་བོ་སྐྱེ་མེད་ཆོས་ཀྱི་སྐུ༔ རྣམ་པ་འགག་མེད་གསལ་ལ་སྟོང༔ ཡེ་ཤེས་ལྔ་རུ་ལོངས་སྤྱོད་རྫོགས༔ རྩལ་སྣང་ལྷ་ཚོགས་ཅི་ཤར་ཡང༔ སྤྲུལ་པའི་སྐུ་སྟེ་ངོས་བརྒྱུད་ནས༔ དགེ་བའི་འདུན་པས་རང་དང་གཞན༔ ཕན་བདེ་འབྱུང་བའི་རྒྱུ་རུ་བསྒྱུར༔ ཉལ་བའི་ཚེའང་སྙིང་ག་རུ༔ བླ་མ་ཡི་དམ་ལྷ་ཡི་སྐུ༔ དེ་ལ་སེམས་གཏད་མོས་གུས་བྱེད༔ གཏི་མུག་གཉིད་འཐུག་མུན་པ་ཀུན༔ གསལ་སྟོང་ཡེངས་མེད་དྲན་པས་བཟུང༔ རྨི་ལམ་འོད་གསལ་ཆེན་པོ་རུ༔ ཤར་ནས་ཚེ་འདིར་སངས་རྒྱས་འགྲུབ༔ གཞན་དོན་འབྱུང་ཕྱིར་གསོལ་བཏབ་ཉལ༔ ཐོ་རངས་ལྡང་བའི་ཚེ་ནའང༔ རྩ་བའི་བླ་མ་དམ་པ་ལ༔ མདུན་དུ་རྩ་བའི་ཡི་དམ་དང༔ དཔའ་བོ་མཁའ་འགྲོས་མཐའ་ནས་བསྐོར༔ ཊཱ་མ་རུ་དང་དྲིལ་བུའི་སྒྲས༔ བདག་ཉིད་གཉིད་ལས་དཀྲོག་པར་བསམ༔ ཡང་ན་སྙིང་གི་བླ་མ་འམ༔ ཡི་དམ་དེ་ཉིད་ཡང་གསལ་གདབ༔ སྤྱི་བོར་ཐ་ལེ་འོད་དུ་གཤེགས༔ པདྨའི་གདན་ལ་བཞུགས་པར་བསམ༔ དད་དང་མོས་གུས་ཡང་ཡང་བྱ༔ དབང་བཞི་བླང་ནས་རང་ལ་བསྟིམ༔ དེ་བཞིན་ཉལ་ཁའི་ལྟུང་བ་དང༔ རྨི་ལམ་སྡིག་སེམས་གང་བྱུང་རྣམས༔ བཤགས་ཕྱིར་ཡི་གེ་བརྒྱ་བ་ནི༔ བརྒྱ་འམ་ཉེར་གཅིག་སྐབས་དང་བསྟུན༔ དེ་བཞིན་ཐོ་རངས་གུང་དང་སྲོད༔ ནམ་ཕྱེད་རང་རྒྱུད་ལེགས་པར་བརྟགས༔ སྡིག་པ་བཤགས་སེམས་ནན་ཏན་བྱ༔ ཟས་ཀྱི་ཕྱིར་དུ་མེ་གཏོང་སྐབས༔ མེ་ཡི་བུད་ཤིང་ཟིན་མ་ཐག༔ བྱང་ཆུབ་མེ་ཡིས་འགྲོ་རྒྱུད་ཀྱི༔ སྡིག་ལྟུང་ནད་གདོན་ཚིག་པར་བསམ༔ འབར་བའི་མེ་དབུས་ཉི་མའི་སྟེང༔ ཟ་བྱེད་རྡོ་རྗེ་མཁའ་འགྲོ་མཐིང༔ ཕྱག་གཉིས་གྲི་ཐོད་ཞབས་གཉིས་བགྲད༔ སྡིག་ཀུན་སྦྱོངས་བྱེད་ཆེན་པོར་བསྒོམ༔ མདུན་དུ་ཏིལ་བསགས་རང་ཉིད་ཀྱི༔ སྡིག་ཀུན་སྙིང་ཀར་ཀཾ་ནག་པོའི༔ རྣམ་པར་བསམ་ཤིང་རང་ཉིད་ཀྱི༔ ལྟེ་བའི་ཨ་ཤད་གྱེན་བསྟན་གྱི༔ མེ་ཡིས་དབུ་མའི་ལམ་ནས་དེད༔ སྣ་བུག་གཡོན་ནས་ལྕགས་སྡིག་གི༔ རྣམ་པར་ཏིལ་ལ་ཐིམ་བསམ་སྟེ༔ ཀུན་རིག་མི་འཁྲུགས་རྡོ་རྗེ་སེམས༔ གང་རུང་སྔགས་ཀྱི་ཤམ་བུ་རུ༔ ཧ་བཛྲ་ཊཀྐི་ནཱི་སརྦ་པཱ་པྃ་བདག་གི་དམ་ཚིག་ཉམས་ཆགས་ཉེས་ལྟུང་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ཉིད་ཉེར་གཅིག་ཐ་ན་བདུན༔ དེ་མཐར་སྔགས་འདིས་ཅི་ནུས་འབུལ༔ ཨོཾ་ཨཱཿཧཱུྃ་ནི་ཉེར་གཅིག་གམ༔ བདུན་མཐར་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་སྔགས་ཤམ་དུ༔ ནཻ་ཝེ་ཏྱ་ཞེས་བཏགས་ལ་ཕུལ༔ དེ་ནས་ཟས་ལ་སྤྱོད་པའི་ཚེ༔ རང་ལུས་འདོམ་གང་གཞལ་ཡས་དབུས༔ རང་རིག་ཡི་དམ་ལྷ་རུ་བསྒོམ༔ ལག་པ་མཆོད་པའི་ལྷ་མོ་ཡི༔ མཆོད་པས་སྦྱིན་བདག་ལ་སོགས་པའི༔ ཚོགས་རྫོགས་ཚེ་རབས་ཐམས་ཅད་དུ༔ བཀྲེས་སྐོམ་སྡུག་བསྔལ་དང་བྲལ་ནས༔ མཐར་ཐུག་མངོན་སངས་རྒྱས་པའི་ཚེ༔ ཆོས་ཀྱི་བདུད་རྩིས་ཚིམ་པར་སྨོན༔ དེ་བཞིན་ལྕེ་སྟེང་བླ་མ་བསམ༔ ཕུལ་བས་ཚོགས་རྫོགས་ཐབས་མང་ངོ༔ ས་མ་ཡཱ༔ གཞན་ཡང་སྤྱོད་ལམ་ཕལ་བ་ནི༔ སྣབ་ལུད་དྲི་གཉིས་མིག་རྣ་བའི༔ སྙིགས་མ་འདོར་ཚེ་ཨོཾ་ཨཱ་ཧཱུྃ༔ གསུམ་མམ་བདུན་དང་རྒྱུད་གཞན་ལས༔ བྱུང་བའི་སྔགས་ཀྱིས་རང་མདོག་དང༔ མཚུངས་པའི་ཡི་དྭགས་ཚིམ་པར་བསམ༔ ཆོས་དང་ཟང་ཟིང་མི་འཇིགས་བྱམས༔ སྦྱིན་པ་ཆེན་པོ་རྣམ་བཞིར་གྲགས༔ དེ་ཉིད་སྤྱོད་ལམ་རྒྱུན་དག་ཏུ༔ ཉམས་ལེན་ཆུ་སྦྱིན་བསང་དང་གསུར༔ ལུས་སྦྱིན་བཞི་རུ་བསྡུས་ཏེ་འབད༔ རེ་རེ་ལའང་བཞི་པོ་ཚང༔ འགྲོ་དུས་རང་གི་གཡས་ཕྱོགས་སུ༔ རྒྱལ་བ་ཤཱཀ་ཐུབ་པདྨ་འབྱུང༔ སྤྱན་གཟིགས་སྒྲོལ་མ་གཙོར་བཞུགས་པའི༔ སངས་རྒྱས་བྱང་སེམས་གྲངས་མང་བསམ༔ དེ་ལ་རང་ཉིད་དད་འདུན་གྱིས༔ བར་མེད་བསྐོར་བའི་འདུ་ཤེས་ངང༔ སོ་སོའི་མཚན་བསྟོད་གསོལ་འདེབས་དང༔ གཟུངས་སྔགས་ལ་སོགས་ངག་ཡིད་བཟླས༔ མལ་དུ་སྡོད་ཚེ་རྡོ་རྗེའི་གདན༔ ཐོབ་ཏེ་བདུད་བཏུལ་འགྲོ་བའི་དོན༔ བྱས་སོ་སྙམ་དང་སྒོ་གཏན་ཚེ༔ ངན་སོང་སྐྱེ་སྒོ་གཅོད་པར་བསམ༔ སྒོ་ཕྱེ་ཚེ་ན་ཐར་བའི་སྒོ༔ ཕྱེས་ཏེ་འགྲོ་རྣམས་ཁྲིད་པར་བསམ༔ སྐས་ལ་འབབ་ཚེ་རང་ཉིད་ཀྱི༔ ཞི་བདེ་མི་གཉེར་འགྲོ་དོན་དུ༔ ངན་སོང་སྟོང་ཕྱིར་འགྲོ་བར་དམིགས༔ གྱེན་ལ་འགྲོ་ཚེ་ཐར་ལམ་དུ༔ ས་བཅུ་བགྲོད་དེ་འདོང་བར་མོས༔ སྣོད་སྟོང་མཐོང་ཚེ་ཆོས་རྣམས་ཀུན༔ རང་བཞིན་སྟོང་པའི་བརྡ་རུ་ཤེས༔ བཅུད་དང་ལྡན་མཐོང་སྨིན་གྲོལ་གྱི༔ ཆོས་ཀྱིས་རང་གཞན་རྒྱུད་འགེངས་བསམ༔ རྒྱན་མེད་མཐོང་ན་འཁྲུལ་བའི་རྒྱན༔ སྤངས་ཏེ་རྣལ་འབྱོར་གཉུག་མར་སྟོན༔ རྒྱན་ལྡན་མཚན་དཔེའི་ཡོན་ཏན་ནི༔ བྱང་ཆུབ་སྒྲུབ་ལས་འབྱུང་བར་བསམ༔ སྐྱེས་པ་མཐོང་ཚེ་ཐབས་སྙིང་རྗེ༔ རྒྱལ་ཀུན་བསྐྱེད་པའི་ཡབ་ཏུ་མོས༔ བུད་མེད་མཐོང་ཚེ་ཤེས་རབ་ནི༔ རྒྱལ་སྲས་རྣམས་ཀྱི་ཡུམ་དུ་བསམ༔ བཙུན་པ་མཐོང་ཚེ་རྒྱལ་བ་ནི༔ ཐབས་མཁས་མཛད་པའི་དག་སྣང་བསྐྱེད༔ གལ་ཏེ་སྡང་བའི་མི་མཐོང་ན༔ སྔོན་ལས་འཕྱག་པའི་དྲིན་ལྡན་བསམ༔ ཤིན་ཏུ་བརྩེ་བའི་གྲོགས་མཐོང་ན༔ ཐར་ལམ་འཛུད་པའི་ཐབས་ལ་འབད༔ དེ་ལྟར་སྤྱོད་ལམ་ལམ་ཁྱེར་སྐབས༔ བྱང་ཆུབ་སེམས་ཀྱིས་རྩིས་ཟིན་ནས༔ དགེ་རྩ་འགྲོ་ལ་བསྔོ་བ་གནད༔ ས་མ་ཡཱ༔ གནད་ཀུན་བསྡུས་ན་གསུམ་དུ་འདུ༔ ལེགས་སམ་དགའ་བའི་ཡུལ་ཤར་ཚེ༔ མཆོད་པར་དམིགས་ཏེ་བླ་མར་འབུལ༔ ཉེས་སམ་སྡུག་བསྔལ་ཅི་བྱུང་ཡང༔ རང་བཞིན་མེད་པའི་མཚངས་བརྟགས་ནས༔ སྔོན་ལས་འཛད་པའི་རྒྱུ་རུ་མོས༔ བཏང་སྙོམས་བར་མ་ཐམས་ཅད་ཀུན༔ མི་རྟག་སྡུག་བསྔལ་བདག་མེད་པར༔ བློ་རབ་ལྷའམ་བླ་མ་རུ༔ ལམ་དུ་འཁྱེར་བའི་ཐབས་ལ་འབོད༔ སྤྱོད་པ་དོན་ལྡན་མན་ངག་འདི༔ བརྒྱུད་གསུམ་བླ་མའི་མན་ངག་བཅུད༔ རང་བྱུང་པདྨ་རྒྱལ་པོ་ཡིས༔ གྲོགས་མཆོག་ཡེ་ཤེས་མཚོ་རྒྱལ་གདམས༔ དབྱིངས་རིག་དགོངས་པའི་སྒྲོམ་དུ་སྦས༔ དུས་བབས་ལས་སྐལ་ལྡན་པ་ཡི༔ བློ་ལ་ཐེ་ཚོམ་མེད་པར་འཆར༔ གང་གིས་ཉམས་སུ་བླང་བ་ཀུན༔ ཡང་དག་ལམ་དང་འབྲལ་རེ་ཀན༔ ཡང་ཟབ་གདམས་པའི་ཆ་ལག་གོ༔ བཀའ་བསྲུང་སྔགས་སྲུང་ཁྲོས་མ་དང༔ དུད་སོལ་ལྷ་མོས་བྱ་ར་གྱིས༔ གུ་ཧྱ༔ སྐལ་ལྡན་ལུང་རིག་གླིང་པས་དག་སྣང་དུ་ཤར་བ་བཟོ་བཅོས་མེད་པར་བྲིས་པ་དགེའོ།། དགེའོ།། དགེའོ།།

བསྙེན་གནས་ཡན་ལག་བརྒྱད་པའི་མདོ་དོན་གསལ་བའི་མེ་ལོང་།

༄༅།། བསྙེན་གནས་ཡན་ལག་བརྒྱད་པའི་མདོ་དོན་གསལ་བའི་མེ་ལོང་བཞུགས་སོ།།

༄༅། ཨོཾ་སྭ་སྟི། རྒྱལ་ཀུན་མཁྱེན་བརྩེའི་ཆུ་མཚོ་ལས། །ལེགས་འཁྲུངས་གང་སྐུའི་ཟླ་གཞོན་གྱིས། །སྐལ་བཟང་དགེ་བའི་ཀུནྡཱའི་ཚལ། །རྒྱས་མཛད་སྤྱན་རས་གཟིགས་དབང་ལ། །དེང་ནས་བཟུང་སྟེ་བདག་གཞན་ཀུན། །བྱང་ཆུབ་བར་དུ་སྐྱབས་སུ་འདོང་། །ཚེ་རབས་ཀུན་དུ་དམ་པའི་ཆོས། །སྤྲིན་གྱི་རོལ་མོ་ལྟ་བུའི་གཏམ། །སྐལ་བཟང་རྨ་བྱའི་དགའ་སྟོན་དུ། །སྤེལ་ཕྱིར་བདག་གིས་འདིར་སྨྲའོ།། དེ་ལ་བསྙེན་གནས་ཡན་ལག་བརྒྱད་པའི་ཆོ་ག་ལའང་བསྲུང་བྱའི་སྡོམ་པ། བསྲུང་བའི་ཕན་ཡོན། མ་བསྲུང་བའི་ཉེས་དམིགས། གུས་པས་བསྲུང་ཚུལ་ལོ། །དང་པོ་ལའང་ངོ་བོ། བྱེ་བྲག གཏན་ཁྲིམས་སུ་འགྱུར་ཚུལ་ལོ།། དང་པོ་ནི། མངའ་རིས་པཎ་ཆེན་རིན་པོ་ཆེས། ངོ་བོ་ངེས་འབྱུང་བསམ་པས་ཀུན་བསླང་ནས། །གཞན་གནོད་གཞི་བཅས་ལྡོག་པ་ལུས་ངག་ལས། །སྐྱེ་ཕྱིར་གཟུགས་ཅན་ཡིན་ཞེས་འདོད་པ་དང་། །སྤོང་སེམས་རྒྱུན་ཆགས་ས་བོན་ལ་འདོད་པ། །རང་གི་སྡེ་བ་གོང་འོག་སོ་སོའི་ལུགས། །ཞེས་པ་སྟེ། འཁོར་བ་འདི་ཐམས་ཅད་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཁོ་ན་ཡིན་ཏེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ་ལོ། །དང་པོ་ནི་འདི་ལྟར་འཁོར་བའི་གནས་ཀྱི་སྡུག་བསྔལ་ཐམས་ཅད་འདོད་པའི་ཡོན་ཏན་གྱི་རྣམ་པ་ལྟར་མཐོང་བ་ཡིན་ནོ། །གཉིས་པ་ནི། གཏེར་ཆེན་ཤེས་རབ་འོད་ཟེར་གྱིས། །ཚེ་འདིའི་ལོངས་སྤྱོད་རྨི་ལམ་དགའ་སྟོན་བཞིན། །འཇིག་རྟེན་ཕུན་ཚོགས་ཀུན་ལ་དབང་བསྒྱུར་ཀྱང་། །སྟོན་དུས་མཛེས་པའི་སྤྲིན་དཀར་ཕུང་པོ་བཞིན། །སྐད་ཅིག་མི་རྟག་འཇིག་པའི་ཆོས་ཅན་དུ། །མཐོང་ནས་སྲིད་པར་ཡིད་ནི་འབྱུང་བར་ཤོག །ཅེས་གསུངས་པ་ལྟར་རོ། །གསུམ་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཟད་པ་མེད་པ་སྟེ། རིག་འཛིན་འཇིགས་གླིང་གིས། སྡུག་བསྔལ་སྔ་མས་ཕྱི་མ་ཉེ་བར་ལེན། །མཛེ་ཅན་ཕོལ་གྱི་ཐོག་ཏུ་རྨས་གཏུགས་བཞིན། །ཅེས་སོ། །དེ་ལྟ་བུའི་འཁོར་བ་ལ་ཡིད་ངེས་པར་འབྱུང་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པའི་ཕྱིར། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལོག་ནས་རྣམ་པར་རིག་བྱེད་མ་ཡིན་པའི་ཚུལ་དུ་རྒྱུད་ལ་གནས་པར་འདོད་པ་ནི་ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་ཡིན་ལ། གཞན་རྣམས་ནི་རེ་ཞིག་འདིར་མི་སྤྲོའོ།། །

གཉིས་པ་བྱེ་བྲག་ནི། མངའ་རིས་པཎ་ཆེན་རིན་པོ་ཆེས། རྩ་བཞི་སྤོང་བ་ཚུལ་ཁྲིམས་ཡན་ལག་བཞི། །ཆང་སྤོང་བག་ཡོད་ཡན་ལག་མལ་ཆེ་མཐོ། །གར་ཕྲེང་ལ་སོགས་ཕྱི་དྲོའི་ཁ་ཟས་སྤོང་། །བརྟུལ་ཞུགས་ཡན་ལག་བསྙེན་གནས་སྡོམ་པ་ཡིན། །ཞེས་པ་སྟེ། མི་དང་དུད་འགྲོའི་སྲོག་གཅོད་པ། དངོས་སམ་གཡོ་སྒྱུས་གཞན་ནོར་བརྐུ་བ། ཆགས་པའི་དབང་གིས་བུད་མེད་ལ་འཁྲིག་པ། མི་ཆོས་བླ་མའི་རྫུན་ནམ་ཕྱོགས་མཐུན་སྨྲ་བ་སྟེ་བཞི་ཚུལ་ཁྲིམས་ཀྱི་ཡན་ལག ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག མལ་སྟན་རིན་ཐང་ཆེན་པོ་དང་ཁྲུ་གང་ལས་མཐོ་བ། རྩེད་མོའི་གར་འཆམ་པ་དང་། རྒྱན་ཕྲེང་མི་འདྲ་བ་འདོགས་པ། ཉིན་གུང་ཡོལ་ནས་ཕྱི་དྲོའི་ཁ་ཟས་གསུམ་བག་མེད་ཀྱི་ཚོགས་སྤངས་པའི་ཕྱིར་བརྟུལ་ཞུགས་ཀྱི་ཡན་ལག་སྟེ་ཡན་ལག་བརྒྱད་པོ་འདི་ཉིན་ཞག་གི་མཐའ་ཅན་ཡིན་པའི་ཕྱིར་དུས་ཁྲིམས་སོ།། གསུམ་པ་གཏན་ཁྲིམས་སུ་འགྱུར་ཚུལ་ནི། འདི་བརྒྱད་པོ་ཇི་སྲིད་འཚོའི་བར་དུ་བསྲུང་ན། གཏན་ཁྲིམས་ཡིན་པར་དཀོན་མཆོག་བརྩེགས་པ་ལས་གསུངས་སོ། །དེའི་མིང་གོ་མའི་ཞེས་པར་གྲགས་སོ།། སྤྱི་དོན་གཉིས་པ་བསྲུང་བའི་ཕན་ཡོན་ལ་གནས་སྐབས་དང་མཐར་ཐུག་གོ། །གནས་སྐབས་ལྷ་མིའི་བདེ་བ་ཐོབ་སྟེ། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང་། །ལྷ་ཡི་ཕོ་བྲང་དམ་པར་སྐྱེ། །ཞེས་དང་། ཁྲིམས་ནི་མངོན་མཐོ་ལྷ་མིའི་རྒྱུ། །ཞེས་པ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་འགྲུབ་སྟེ། ས་གའི་ལྷས། ཏིང་ངེ་འཛིན་དང་ངེས་འབྱུང་ཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་དང་། གཞི་ལས། དགེ་སློང་དག་ཚུལ་ཁྲིམས་གོམས་པར་བྱས་ན། ཏིང་ངེ་འཛིན་ཡུན་རིང་དུ་གནས་པར་འགྱུར་རོ། །ཏིང་ངེ་འཛིན་གོམས་པར་བྱས་ན། ཤེས་རབ་ཡུན་རིང་དུ་གནས་པར་འགྱུར་རོ། །ཤེས་རབ་གོམས་པར་བྱས་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་སེམས་ཡང་དག་པ་ཁོ་ནར་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་སོ།། གསུམ་པ་མ་བསྲུང་བའི་ཉེས་དམིགས་ནི། སྤྱོད་འཇུག་ལས། དེ་ལྟས་ལྟུང་བ་སྟོབས་ལྡན་དང་། །བྱང་ཆུབ་སེམས་སྟོབས་ལྡན་པ་དག །འཁོར་བར་རེས་ཀྱིས་འདྲེས་བྱེད་ན། །ས་ཐོབ་པ་ལ་ཡུན་རིང་ཐོགས། །ཞེས་དང་། འདུལ་ལུང་ལས། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་དང་། མདོ་མཛངས་བླུན་ལས། བྲམ་ཟེ་གཉིས་ཀྱིས་ཡན་ལག་བརྒྱད་པའི་ཁྲིམས་བསྲུང་བའི་ཚེ། གཅིག་གིས་ལྷར་སྐྱེ་བར་སྨོན་ལམ་བཏབ་པ་ལས་ཆུང་མས་ཀུན་ཏུ་རྒྱུའི་སྤྱོད་པ་ཕྱི་དྲོ་ཟས་མ་ཟོས་ན་ཁྱོད་ཀུན་ཏུ་རྒྱུ་གཞན་རྣམས་ཀྱིས་མི་གྲལ་ནས་འདོན་ནོ། །ཞེས་ཡང་ཡང་སྨྲས་པས་དབང་མེད་ཀྱིས་ཕྱི་དྲོའི་ཟས་ཟོས་པས་ཀླུར་སྐྱེ་བ་དང་། གཅིག་གིས་རྒྱལ་པོར་སྐྱེ་བར་སྨོན་ལམ་བཏབ་ནས་སྡོམ་པ་བསྲུང་བས་དེ་བཞིན་དུ་གྱུར་བ་གཉིས་སྔོན་གྱི་ལས་ཀྱིས་ལྷན་དུ་འཛོམས་ནས་རྒྱལ་པོའི་ཕོ་བྲང་གི་ཉེ་ཆར་ཀླུ་གནས་པའི་ཆུ་མིག་ཡོད་པ་དེར་རེ་ཞིག་ཤིང་ཏོག་ཕུན་སུམ་ཚོགས་པ་ཞིག་འདུག་པ་རྒྱལ་པོའི་བཟའ་ཤིང་བསྲུང་མིས་རྙེད་དེ་སྒོ་སྲུང་ལ་བྱིན། དེས་ཉུག་རུམ་ལ་བྱིན། དེས་བཙུན་མོ་ལ་ཕུལ། བཙུན་མོས་རྒྱལ་པོར་ཕུལ་བས། རྒྱལ་པོས་གསོལ་བ་དང་སྔར་མེད་པའི་ཞིམ་མངར་ཕུན་སུམ་ཚོགས་པ་ཞིག་འདུག་པས་བཟའ་ཤིང་བསྲུང་མི་ལ་ཁྱོད་ཀྱིས་སྔར་ང་ལ་འདི་ལྟ་བུའི་ཤིང་ཏོག་མི་དྲངས་བའི་རྒྱུ་མཚན་ཅི་ཡིན་དྲིས་ནས་ད་མྱུར་དུ་ཤིང་ཏོག་ཟུངས་ལ་ཤོག གལ་ཏེ་མ་འོངས་ན་ཁྱོད་གསོད་དོ་ཞེས་སྨྲས་པས། བཟའ་ཤིང་བསྲུང་མིའི་སེམས་སྡུག་བསྔལ་ནས་ཆུ་མིག་གི་རྩར་སོང་ནས་ངུས་ཤིང་བསྡད་པས། མི་སྔོན་པོ་ཞིག་གློ་བུར་དུ་སླེབས་ནས་ཁྱོད་ཅིའི་ཕྱིར་ངུ་ཞེས་སྨྲས་པས། དེས་རྒྱུ་མཚན་ལེགས་པར་བཤད་པས། ཁོ་ན་རེ། ཁྱོད་ངུ་མི་དགོས་དང་ཤིང་ཏོག་དེ་ལྟ་བུ་ཡོད་དོ་ཞེས་མི་སྣང་བར་གྱུར་ནས། སླར་གསེར་གཞོང་ཤིང་ཏོག་རིགས་མི་འདྲ་བ་མང་པོས་བཀང་ནས་ཁྱོད་ཀྱི་རྒྱལ་པོ་ལ་ཞུས། རང་རེ་གཉིས་པོ་སྔོན་ཀུན་ཏུ་རྒྱུ་གཉིས་སུ་སྐྱེས་ནས་བསྙེན་གནས་ཀྱི་སྡོམ་པ་བླང་པ་ལས། བདག་གིས་ལྷར་སྐྱེ་བར་སྨོན་ལམ་བཏབ་ཀྱང་ཚུལ་ཁྲིམས་ཉམས་པས་ཀླུ་རུ་སྐྱེས། ཁྱོད་གྱིས་ཚུལ་ཁྲིམས་བསྲུང་བས་རྒྱལ་པོར་སྨོན་ལམ་བཏབ་པ་བཞིན་གྱུར་ན། ད་བདག་གིས་ཀྱང་ལུས་རྟེན་འདི་བོར་ནས་ལྷ་ཞིག་གི་ལུས་ལེན་པར་འདོད་པས་ཁྱོད་ཀྱིས་བསྙེན་གནས་ཡན་ལག་བརྒྱད་པའི་དཔེ་ཆ་ཞིག་སྐུར། གལ་ཏེ་མ་བསྐུར་ན་ངས་ཁྱོད་ཀྱི་ཕོ་བྲང་ཆུར་སྣུབ་བོ་ཞེས་འཕྲིན་བརྫངས་པ་ལྟར་བཟའ་ཤིང་བསྲུང་མིས་རྒྱལ་པོ་ལ་གསོལ་བས། རྒྱལ་པོ་སྐྲག་ནས་ད་ཅི་བྱ་དགོས། བདག་གིས་ཡན་ལག་བརྒྱད་པའི་ཁྲིམས་ཀྱི་དཔེ་མི་ལོན་སྙམས་ནས། བློན་པོ་རིག་པ་ཅན་ཞིག་ཡོད་པ་ལ། ཁྱོད་ཀྱི་ང་ལ་ཡན་ལག་བརྒྱད་པའི་ཁྲིམས་ཀྱི་དཔེ་ཆ་ཞིག་འོང་དགོས། མ་འོང་ན་ཁྱོད་གསོད་དོ་ཞེས་གསུངས་པས། བློན་པོ་ཡིད་མི་བདེ་བར་གྱུར་ནས་ཁྱིམ་དུ་སོང་བས། བློན་པོའི་ཕ་ཤིན་ཏུ་རྒས་པ་ཞིག་ཡོད་པ་དེས། བུ་ཁྱོད་སྔར་ངེས་པར་དགའ་བས་འོང་ན། དེ་རིང་ཅི་ཕྱིར་སྡུག་བསྔལ་བར་གྱུར་ཞེས་སྨྲས་པས། དེ་ན་རེ། ང་ལ་རྒྱལ་པོས་བསྙེན་གནས་ཀྱི་ཆོ་ག་དགོས་ཟེར་ཀྱང་། སྔར་གྱི་སངས་རྒྱས་ནི་མྱ་ངན་ལས་འདས། ད་ལྟ་ནི་བསྟན་པ་མི་གནས་པས་ཅི་བྱ་དགོས་ཞེས་སྨྲས། བློན་པོ་རྒན་པོས། སྔ་རབས་ཤིག་ནས་བདག་གི་ཀ་བ་འདི་ལས་འོད་འབྱུང་བས་དེ་གཤག་ན་སངས་རྒྱས་ཀྱི་ཆོས་ཤིག་ངེས་པར་ཡོད་དོ་ཞེས་བློ་བསྟན་པ་ལྟར། དེས་དེ་བཞིན་བྱས་པས་བསྙེན་གནས་ཀྱི་ཆོ་ག་ཞིག་ལོན་པས་དེས་རྒྱལ་པོ་ལ་ཕུལ། རྒྱལ་པོས་ཚུལ་བཞིན་བསྲུངས་ནས་ཀླུ་ལ་ཡི་གེ་ཕུལ་བས་ཀླུས་ཀྱང་ཡན་ལག་བརྒྱད་པའི་ཆོ་ག་བཞིན་བྱས་ནས་མཐར་གཉིས་ཀ་ཚེ་འཕོས་ནས་ལྷར་སྐྱེས་ཤིང་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འོང་ནས་དགྲ་བཅོམ་པའི་འབྲས་བུ་ཉེ་བར་ཐོབ་པ་ཞིབ་རྒྱས་སུ་མདོ་ལས་རྟོགས་པར་བྱའོ།། བཞི་བ་གུས་པས་བསྟེན་ཚུལ་ནི། དྲན་པ་དང་ཤེས་བཞིན་གྱིས་ལེགས་པར་སྡོམ་པ་དག་བསྲུང་བར་བྱའོ། །དེ་ལྟར་ཉུང་ངུའི་ཚིག་གི་གཟུགས་བརྙན་ཚོགས། །རྣམ་དག་བརྗོད་དོན་བཀྲ་བའི་ཨཱ་དར་ཤ །སྐལ་བཟང་སྒེག་མོས་དད་པའི་འཛུམ་ཞལ་གྱིས། །ལེགས་པར་ལྟོས་ཤིག་དགའ་བས་དང་དུ་ལོངས། །འདི་བརྗོད་དགེ་བ་འཆི་མེད་དལ་འགྲོའི་རྒྱུན། །ཐེག་དམན་གཅོང་རོང་གཡང་སར་མི་འགྲོ་བར། །རྒྱལ་སྲས་ལམ་གྱི་བགྲོད་པ་བདེ་བ་ལས། །རྫོགས་པའི་བྱང་ཆུབ་གངས་ཆེན་མཚོར་འཇུག་ཤོག །མདོ་སྔགས་བསྟན་པའི་ཉི་མ་འོད་པོ་ཆེ། །ཆེས་ཆེར་འགྲོ་བའི་དཔལ་དུ་འབར་ནའང་། །ཐོས་བསམ་བློ་གྲོས་དམན་པའི་མུན་ཁང་དེར། །ལེགས་བཤད་མཁས་རློམ་སྒྲོན་འདིས་ཕན་ནམ་སྙམ། །ཞེས་པའང་སྙིགས་མའི་ཆོས་གཟུགས་འདྲེན་པར་རློམས་པ་སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོར་འབོད་པས་མི་ཤེས་ཤེས་པར་རློམས་བཞིན་སྤེལ་བ་ལ་ཉེས་འགལ་ཅི་མཆིས་པ་ཐམས་ཅད་བླ་མ་རིན་པོ་ཆེའི་སྤྱན་སྔར་བཤགས་སོ། །དགེ་བའི་ཆ་ཤས་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་པའི་མཐུས་བདག་གཞན་ཐམས་ཅད་བླ་མ་སྤྱན་རས་གཟིགས་དང་དབྱེར་མེད་པར་གྱུར་ཅིག དགེའོ།།།

བསྙེན་གནས་ཡན་ལག་བརྒྱད་ཀྱི་རྣམ་བཤད་ཉུང་ངུ་།

༄༅།། བསྙེན་གནས་ཡན་ལག་བརྒྱད་ཀྱི་རྣམ་བཤད་ཉུང་ངུ་ནི།

འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཐོབ་པར་བྱ། དེའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཆོས་སྐོར་དང་འབྲེལ་བའི་བསྙེན་གནས་ཡན་ལག་བརྒྱད་པའི་སྡོམ་པ་ཚུལ་བཞིན་དུ་བསྲུང་ངོ་སྙམ་པའི་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་ངང་ནས་ཉན་འཚལ། གང་བསྲུང་བྱ་ནི། ཡན་ལག་བརྒྱད་པོ་ཡིན་ཏེ། ཚུལ་ཁྲིམས་ཀྱི་རྩ་བ་བཞི་ནི། སེམས་ཅན་གྱི་སྲོག་གཅོད་ཕྱོགས་མཐུན་དང་བཅས་པ་སྤོང་བ། མ་བྱིན་ལེན་པ་ཆ་དང་བཅས་པ་སྤོང་བ། མི་ཚངས་བར་སྤྱོད་པ་མཐུན་ཕྱོགས་ཀྱི་ཉེས་པ་སྤོང་བ། མི་ཆོས་བླ་མའི་རྫུན་དེ་དང་འབྲེལ་བ་རྣམས་སྤོང་བ། བག་ཡོད་ཀྱི་ཡན་ལག་འབྲས་བུ་ཆང་སོགས་མྱོས་བྱེད་ཀྱི་རྫས་སྤོང་བ། བརྟུལ་ཞུགས་ཀྱི་ཡན་ལག་གླུ་གར་དང་རོལ་མོའི་རིགས་བྱེད་སྤོང་བ། གདན་གཅིག་ལ་བརྟེན་པའི་ཟས་དཀར་གསུམ་མ་གཏོགས་དུས་མ་ཡིན་པའི་ཁ་ཟས་ཤ་སོགས་སྡིག་པ་དང་འདྲེས་པ་རྣམས་སྤོང་བ། གཞན་ལས་ལྷག་པའི་ང་རྒྱལ་སྐྱེ་བའི་རྒྱན་ཕྲེང་དང་ཁྲི་སྟན་ཆེ་མཐོ་སྟེ་བརྒྱད་པོ་སང་ཉི་མ་མ་ཤར་གྱི་བར་སྤངས་ཏེ། ལུས་ཀྱི་སྒོ་ནས་ཕྱག་སྐོར་བ། ངག་གི་སྒོ་ནས་མ་ཎི་དང་གསོལ་འདེབས། སེམས་ཀྱི་སྒོ་ནས་ཆོས་ཐམས་ཅད་མི་རྟག་པའི་འདུ་ཤེས། སྟོང་པའི་འདུ་ཤེས། སེམས་ཅན་ལ་སྙིང་རྗེ་ཆེན་པོའི་འདུ་ཤེས། ཚེ་འདིའི་བྱ་བ་ཐམས་ཅད་བསླུ་བའི་རང་བཞིན་གྱི་འདུ་ཤེས། དཀོན་མཆོག་གསུམ་སྤྱི་དང་། ཁྱད་པར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ལ་བློ་རྩེ་གཅིག་ཏུ་གཏོད་པའི་འདུ་ཤེས་དང་བཅས་ཏེ་མདུན་གྱི་ནམ་མཁར་འཕགས་པ་སྤྱན་རས་གཟིགས་སོགས་སྐྱབས་གནས་དམ་པ་རྣམས་དང་། ཁྲེལ་ཡོད་ཀྱི་རྟེན་སློབ་དཔོན་དང་བཅས་པ་ལ་སྡོམ་པ་ཁས་བླངས་ཏེ་མི་ཉམས་པར་བསྲུང་ངོ་སྙམ་པས་འདིའི་རྗེས་ཟློས་མཛད་

འཚལ། འཕགས་པའི་ཐུགས་ནི་སངས་རྒྱས་ཏེ། །གསུང་ནི་དམ་ཆོས་སྐུ་དགེ་འདུན། །གང་ལ་སྐྱབས་མཆི་སེམས་ཅན་དོན། །ཚད་མེད་བཞི་བསྒོམ་ཁྱོད་བསྒྲུབ་བྱ། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་སོགས་ཚད་མེད་བཞིས་བློ་སྦྱངས། སངས་རྒྱས་འཕགས་པ་དགོངས་སུ་གསོལ། །དེང་ནས་སང་གི་ཉི་ཤར་བར། །སྲོག་གཅོད་རྐུ་དང་མི་ཚངས་སྤྱོད། །རྫུན་དང་ཆང་དང་གླུ་གར་རྒྱན། །ཁྲི་སྟན་མཐོ་དང་ཕྱི་དྲོའི་ཟས། །སྤངས་ཏེ་ཡན་ལག་བརྒྱད་པ་བསྲུང་། །ཉོན་མོངས་དགྲ་སྡེ་འཇོམས་པར་ཤོག། ཨོཾ་ཨ་མོ་གྷ་ཤཱི་ལ་སོགས། ཁྲིམས་ཀྱི་ཚུལ་ཁྲིམས་སོགས༴ སོགས། བསོད་ནམས་འདི་ཡིས་སོགས། ཅེས་ལྷ་གྲོགས་ངོ་མཚར་གྱི་ངོར་རྒྱ་སྤྲུལ་མིང་གིས་བྲིས་པའོ།།

དལ་འབྱོར་རྙེད་དཀའི་ཀ་ཕྲེང་ཆོས་ལ་བློ་སྤྲོ།

དལ་འབྱོར་རྙེད་དཀའི་ཀ་ཕྲེང་ཆོས་ལ་བློ་སྤྲོ་ཞེས་བྱ་བ།

༄༅། སྔོན་འགྲོའི་ཆོས་བཅུའི་ཀ་ཕྲེང་བཞུགས། དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །སྔོན་འགྲོ་ཆོས་བཅུའི་ཐོག་མར་དལ་འབྱོར་རྙེད་དཀའི་ཀ་ཕྲེང་ཆོས་ལ་བློ་སྤྲོ་ཞེས་བྱ་བ་ནི། ཀ་ཡེ་གྲོགས་པོ་ངན་སོང་གནས་གསུམ་དང་། །ཁ་ལྐུགས་ཡིད་རྨུགས་ཀླ་ཀློ་ཚེ་རིང་ལྷ། །ག་དར་སངས་རྒྱས་ཀྱིས་སྟོང་ལོག་ལྟ་ཅན། །ང་ཅག་མི་ཁོམ་གནས་སྤངས་དལ་ཐོབ་སྤྲོ། །ཅ་རེ་ལ་སོགས་དབང་པོ་སྒོ་ལྔ་ཚང་། །ཆ་ལུགས་མིར་གྱུར་ཆོས་དར་ཡུལ་དབུས་སྐྱེས། །ཇ་ཁ་རྙོག་མས་ལས་ཀྱི་མཐའ་མ་ལོག །ཉ་ཟླ་ལྟ་བུའི་གནས་ལ་དད་ཐོབ་སྤྲོ། །ཏ་ཐཱ་ག་ཏ་བྱོན་ནས་ཆོས་འཁོར་བསྐོར། །ཐ་མལ་རྒྱུད་གྲོལ་བཤད་སྒྲུབ་བསྟན་པ་གནས། །ད་ལྟ་བསྟན་ཞུགས་དགེ་བའི་གྲོགས་དང་ཕྲད། །ན་རཀ་འཇིགས་སྐྱོབ་འབྱོར་བཅུ་ཚང་བས་སྤྲོ། །པ་པཾ་སྡིག་པའི་གྲོགས་པོ་དང་བྲལ་ཞིང་། །ཕ་རོལ་ཐར་ལམ་སྟོན་པའི་བླ་མ་མཇལ། །བ་དྭགས་དགེ་སྲོག་རྡོ་རྗེའི་སྤུན་དང་མཛའ། །མ་ནོར་ལུས་རྟེན་ནོར་བུ་རྙེད་པས་སྤྲོ། །ཙ་ར་ལ་སོགས་སྲོག་གཅོད་སྡིག་ལས་སྤངས། །ཚ་གྲང་དཀའ་སྤྱད་ཆོས་ཕྱིར་ནུས་ན་སྙམ། །ཛ་ལང་དམུ་རྒོད་ཙམ་མིན་སྡོམ་པས་བསྡམས། །ཝ་ཆུ་སྨིན་གྲོལ་རྒྱུན་དང་འཕྲད་པས་སྤྲོ། །ཞྭ་གོས་ལྷམ་སོགས་རབ་བྱུང་ཆས་ལ་བརྟེན། །ཟ་ཆོག་ཡིན་ཀྱང་ཆོས་སྒྲ་སྒྲོགས་པའི་ཚུལ། །འ་འོལ་ཙམ་མིན་མཆོག་གསུམ་སྐྱབས་སུ་བསྟེན། །ཡ་མཚན་གསང་ཆེན་ཆོས་དང་འཕྲད་འདི་སྤྲོ། །ར་བ་གངས་ལྗོངས་ལྷ་སྐལ་སྤྱན་རས་གཟིགས། །ལ་ལ་མ་ཡིན་སྤྱི་མཐུན་ཉིན་བྱེད་དེས། །ཤ་ཟ་གདོང་དམར་འདུལ་ཕྱིར་ཡི་གེ་དྲུག །ས་ཐོབ་སེམས་དཔས་ཆོས་སྐལ་བཞག་འདི་སྤྲོ། །ཧ་ལ་ཉོན་མོངས་སྤངས་པ་སོ་ཐར་ཁྲིམས། །ཧ་ཅང་གཞན་ཕན་རྩ་བ་བྱང་ཆུབ་སེམས། །ཨ་ཏི་ཉོན་མོངས་རང་གྲོལ་གསང་བ་སྔགས། །ཨ་ཧོ་སྡོམ་གསུམ་ཐེག་པར་མཇལ་འདི་སྤྲོ། །ཅེས་པ་གྲོང་ཚིག་དུམ་བཅད་འདི། །བློ་གསལ་བུདྡྷ་ཀིརྟིའི་ངོར། །ལུང་རིག་ཆོས་ལ་མོས་ལྡན་པ། །རྒྱ་སྤྲུལ་གྱི་ན་བ་དེས་བྲིས།

ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་དགྲ་ཐབས་ཕྲིན་ཆ།

༈ ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་དགྲ་ཐབས་ཕྲིན་ཆ་ཞེས་བྱ་བ་བཞུགས།

ཀ་ཡེ་གྲོགས་དག་སྐྱེ་རྒུ་མཐའ་དག་ཀུན། །ཁ་རུ་ཟ་བའི་འཆི་བདག་སྡང་མིག་ལ། །ག་ལེར་བརྟགས་ན་གློ་སྙིང་བྲང་གསུམ་འདར། །ང་འཆི་སོམས་ལ་མི་ངན་བློ་རྒྱ་སྐྱུར། །ཅ་རེ་མིག་སོགས་དབང་པོའི་འདབ་སྟོང་བཀྲ། །ཆ་ཤས་མཛེས་དགུའི་ལང་ཚོའི་གཟི་མདངས་འབར། །ཇ་ཆང་ཟས་ཀྱིས་བརྟས་པའི་ལུས་པོ་འདི། །ཉ་མོ་སྐམ་ལ་ཕྱུང་ལྟར་འཆི་བ་སོམས། །ཏ་ལའི་ནགས་ཚལ་སྤྲེའུ་ཚོགས་པ་ལྟར། །ཐ་དག་ལས་ཀྱིས་བསྡུས་པའི་གཉེན་གྲོགས་ཀུན། །ད་ལྟ་སྐད་ཅིག་སྡོད་པའི་དབང་མེད་པར། །ན་བུན་ཡལ་ལྟར་མྱུར་དུ་འཆི་བ་སོམས། །པ་པཾ་སྡིག་པ་མི་དགེ་བཅུ་ཡི་ལས། །ཕ་མ་མཛའ་གྲོགས་དོན་དུ་གང་བགྱིས་ཀྱང་། །བ་ལང་ལྟར་བླུན་རང་གི་སྒོ་གསུམ་ལ། །མ་རུང་རྣམ་སྨིན་འབྱུང་བཞིན་འཆི་བ་སོམས། །ཙ་མ་ར་ལྟར་རིགས་གཟུགས་ཀྱིས་ཁེངས་ཀྱང་། །ཚ་ཟེར་ཅན་གྱིས་བ་མོ་བཞུས་པ་བཞིན། །ཛ་བྷྱོ་སྔགས་སོགས་བསྲུང་བས་མི་བཟློག་པར། །ཝ་འདྲའི་སྐྱེ་བོ་ངུ་བཞིན་འཆི་བ་སོམས། །ཞྭ་རྨོག་ཁྲབ་སོགས་སོ་སོའི་གོ་ཆས་བསྒོས། །ཟ་བྱེད་གཤིན་རྗེ་ལྟར་རྔམས་མཚོན་ཆ་ཐོགས། །འ་འུར་གཡུལ་གྱི་བསྭོ་སྒྲའི་འབྲུག་ལྡིར་ཡང་། །ཡ་ང་འཆི་བས་བཟུང་ཚེ་ཕན་མེད་སོམས། །ར་གན་ཉེར་སྤྱོད་གསེར་དངུལ་རིན་ཆེན་རྫས། །ལ་ལུང་ཉུལ་ནས་བཙལ་ཏེ་ཆེར་བསགས་ཀྱང་། །ཤ་ཟ་གཤིན་རྗེའི་ཕོ་ཉས་ཁྲིད་པའི་ཚེ། །ས་སྟེང་འབྱོར་བས་བཀང་ཀྱང་ཕན་མེད་སོམས། །ཧ་ཅང་བཤད་པ་ཅི་དགོས་ཕྱི་སྣོད་དང་། །ཨ་ཧོ་མཚར་སྡུག་རྫོགས་པའི་སངས་རྒྱས་ནས། །དམན་པའི་སྐྱེ་བོ་རང་ཅག་ཡན་ཆད་ཀྱི། །ནང་བཅུད་འགྲོ་ཀུན་མི་རྟག་འགྱུར་བར་སོམས། །གྲོང་ཚིག་ཕྲེང་བའི་རྡོག་པོ་བཞིན། །གསལ་བྱེད་སྐུད་པར་བརྒྱུས་པ་འདི། །མཁས་པས་མཐོང་ན་ཁྲེལ་བའི་རྒྱུ། །རང་མཉམ་བླུན་པོའི་མགུལ་རྒྱན་ལགས། །ཞེས་ལུང་རིག་གླིང་པས་སོ།།

ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་འཆི་བདག་ཡོད་པའི་བྱ་གཏོང་།

༈ ཚེ་མི་རྟག་པར་གོ་དགོས་པའི་ཀ་ཕྲེང་འཆི་བདག་ཡོད་པའི་བྱ་གཏོང་ཞེས་བྱ་བ་བཞུགས།

ཀ་ཡེ་གྲོགས་དག་སྐྱེ་དགུ་མཐའ་དག་ཀུན། །ཁ་རུ་ཟ་བའི་འཆི་བདག་སྡང་མིག་ལ། །ག་ལེར་བརྟགས་ན་གློ་སྙིང་བྲང་གསུམ་འདར། །ང་འཆི་སོམས་ལ་མི་ངན་བློ་རྒྱ་སྐྱུར། །ཅ་རེ་མིག་སོགས་དབང་པོའི་འདབ་སྟོང་བཀྲ། །ཆ་ཤས་མཛེས་དགུས་ལང་ཚོའི་གཟི་མདངས་འབར། །ཇ་ཆང་ཟས་ཀྱིས་བསྙེན་པའི་ལུས་པོ་འདི། །ཉ་མོ་སྐམ་ལ་ཕྱུང་ལྟར་འཆི་བ་སོམས། །ཏ་ལའི་ནགས་སུ་སྤྲེའུ་ཚོགས་པ་ལྟར། །ཐ་དག་ལས་ཀྱིས་བསྡུས་པའི་གཉེན་གྲོགས་ཀུན། །ད་ལྟ་སྐད་ཅིག་སྡོད་པའི་དབང་མེད་པར། །ན་བུན་ཡལ་ལྟར་མྱུར་དུ་འཆི་བ་སོམས། །པ་པཾ་སྡིག་པ་མི་དགེ་བཅུ་ཡི་ལས། །ཕ་མ་མཛའ་གྲོགས་དོན་དུ་གང་བགྱིས་ཀྱང་། །བ་ལང་ལྟར་བླུན་རང་གི་སྒོ་གསུམ་ལ། །མ་རུང་རྣམ་སྨིན་འབྱུང་བས་འཆི་བ་སོམས། །ཙ་མ་ར་ལྟར་རིགས་གཟུགས་ཀྱིས་ཁེངས་ཀྱང་། །ཚ་ཟེར་ཅན་གྱིས་བ་མོ་བཞུས་པ་བཞིན། །ཛ་བྷྱོ་སྔགས་སོགས་བསྲུང་བས་མི་ཟློག་པས། །ཝ་འདྲའི་སྐྱེ་བོ་ངུ་བཞིན་འཆི་བ་སོམས། །ཞྭ་རྨོག་ཁྲབ་སོགས་དཔའ་བོའི་གོ་ཆ་བགོས། །ཟ་བྱེད་གཤིན་རྗེ་ལྟར་རྔམས་མཚོན་ཆ་ཐོགས། །འ་འུར་གཡུལ་གྱི་བསྭོ་སྒྲའི་འབྲུག་ལྡིར་ཡང་། །ཡ་ང་འཆི་བས་བཟུང་ཚེ་ཕན་མེད་སོམས། །ར་གན་ཉེར་སྤྱོད་གསེར་དངུལ་རིན་ཆེན་རྫས། །ལ་ལུང་ཉུལ་ནས་བཙལ་ཏེ་ཆེར་བསགས་ཀྱང་། །ཤ་ཟ་གཤིན་རྗེའི་ཕོ་ཉས་འཁྲིད་པའི་ཚེ། །ས་སྟེང་འབྱོར་བས་བཀང་ཡང་ཕན་མེད་སོམས། །ཧ་ཅང་བཤད་པ་ཅི་དགོས་ཕྱི་སྣོད་དང་། །ཨ་ཧོ་མཚར་སྡུག་རྫོགས་པའི་སངས་རྒྱས་ནས། །དམན་པའི་སྐྱེ་བོ་རང་ཅག་ཡན་ཆད་ཀྱི། །ནང་བཅུད་འགྲོ་ཀུན་མི་རྟག་འགྱུར་བར་སོམས། །གྲོང་ཚིག་ཕྲེང་བ་རྡོག་པོ་བཞིན། །གསལ་བྱེད་སྐུད་པར་བརྒྱུས་པ་འདི། །མཁས་པས་མཐོང་ན་ཁྲེལ་བའི་རྒྱུ། །རང་མཉམ་བླུན་པོའི་མགུལ་རྒྱན་ལགས། །ཞེས་ལུང་རིག་གླིང་པས་སོ།།

ཡང་ཚེ་མི་རྟག་པར་སྟོན་པའི་ཀ་ཕྲེང་།

༈ ཡང་ཚེ་མི་རྟག་པར་སྟོན་པའི་ཀ་ཕྲེང་བཞུགས།

ཀ་ཡེ་གྲོགས་པོ་འཇིགས་རུང་འཆི་བདག་གི། །ཁ་ནས་ཐར་བའི་འགྲོ་བ་གཅིག་ཀྱང་མེད། །ག་བུར་ལ་སོགས་སྨན་སྣ་འབུམ་ཕྲག་གིས། །ང་ཅག་འཆི་བའི་འཇིགས་སྐྱོབ་མིན་པར་སོམས། །ཅ་ཅོའི་སྨྲ་ལྕེ་བདེ་ཡང་ཤགས་མི་ཐེབས། །ཆ་ལུགས་མཛེས་མཛེས་བྱས་ཀྱང་བསླུ་མི་ནུས། །ཇ་དར་ནོར་རྫས་མང་ཡང་འཁྱེར་དབང་མེད། །ཉ་མོ་ལྕགས་ཀྱུས་ཟིན་འདྲའི་འཆི་བ་སོམས། །ཏ་ཐཱ་ག་ཏའི་སྐུ་ཡང་མི་རྟག་ན། །ཐ་མལ་ཆུ་བུར་ལུས་འདི་སྨོས་ཅི་དགོས། །ད་ལྟ་ལང་ཚོ་བདོ་བའི་ལུས་ཐོབ་ཀྱང་། །ན་བུན་རླུང་ཁྱེར་མྱུར་དུ་འཆི་བ་སོམས། །པ་སངས་ལྟར་དཀར་ན་རཱི་གཞོན་པ་ཚོ། །ཕ་རིའི་མེ་ཏོག་སད་བཞིན་བློ་གཏད་བྲལ། །བ་ལང་ལ་སོགས་ཕྱུགས་ལུག་མང་བསགས་ཀྱང་། །མ་རུང་གྲོགས་ཀྱི་བགོ་སྐལ་འཆི་བ་སོམས། །རྩ་ལག་གཉེན་བཤེས་མང་ཡང་བཤོལ་མི་ཐེབས། །ཚ་གྲང་ནད་སེལ་སྨན་པས་གསོ་མི་རུང་། །ཛ་ཡ་འཕགས་པ་བྱོན་ཀྱང་ཕན་མི་ནུས། །ཝ་འདྲའི་སྐྱེ་བོ་གཅིག་པུར་འཆི་བ་སོམས། །ཞྭ་གོས་བརྒྱ་ཕྲག་ཡོད་ཀྱང་འཁྱག་ནས་འགྲོ། །ཟ་མས་བང་བ་བཀང་ཡང་ལྟོག་ནས་འགྲོ། །འ་འུར་སྙན་གྲགས་ཆེ་ཡང་ཡལ་ནས་འགྲོ། །ཡ་ང་འཇིགས་རུང་མྱུར་དུ་འཆི་བ་སོམས། །ར་བ་ནོར་གྱིས་གང་ཡང་ལག་སྟོང་འགྲོ། །ལ་དགུ་ལུང་དགུར་བྲོས་ཀྱང་འཆོར་མི་སྲིད། །ཤ་ཟ་སྲིན་པོ་ཡིན་ཀྱང་འགྲན་མི་ནུས། །ས་དབང་རྒྱལ་པོར་གྱུར་ཀྱང་འཆི་བ་སོམས། །ཧ་ཅང་མཁས་པས་བཤད་རྒྱ་བསྐྱེད་དབང་མེད། །ཨ་ཏིའི་དགོངས་པ་རྟོགས་ཀྱང་སྒྱུ་ལུས་འདོར། །ཧ་ཧེའི་གླུ་དབྱངས་འཐེན་ཀྱང་གྲེ་བ་འགག །ཨ་ཙ་མ་ཡེ་ཐམས་ཅད་འཆི་བ་སོམས།། སྤྲུལ་པའི་སྐུ་མཆོག་ལུང་རིག་གླིང་བས་སྨྲས།།

འཁོར་བའི་ཉེས་དམིགས་ལ་གདམས་པའི་ཀ་ཕྲེང་དུག་སྦྲུལ་མཛུབ་སྟོན།

༈ འཁོར་བའི་ཉེས་དམིགས་ལ་གདམས་པའི་ཀ་ཕྲེང་དུག་སྦྲུལ་མཛུབ་སྟོན་ཞེས་བྱ་བ་བཞུགས་སོ།།

ཀ་དག་གནས་ལུགས་དོན་ལ་ལོག་པར་བལྟ། །ཁ་དོག་མཛེས་སོགས་གཞན་ནོར་ཡིད་འོང་བརྣབ། །ག་དར་གཞན་ཕན་འགལ་ཟླ་གནོད་སེམས་ཏེ། །ང་བདག་རྩ་བ་ཡིད་ཀྱི་མི་དགེ་གསུམ། །ཅ་ཅོའི་ཚིག་གིས་གཞན་མགོ་བསྐོར་བའི་རྫུན། །ཆ་ལུགས་ཁ་སེམས་མཐུན་པའི་གྲོགས་ལ་དབྱེན། །ཇ་ཁ་གཞན་སེམས་དཀྲུགས་བྱེད་རྩུབ་མོའི་ཚིག །ཉ་ཉུང་བསྲེས་ལྟའི་ཀྱལ་ཀ་ངག་གི་བཞི། །ཏ་ལའི་ལྗོན་ཤིང་སྒྱེལ་འདྲའི་གཞན་སྲོག་གཅོད། །ཐ་དད་དབང་པོ་གཉིས་སྦྱོར་མི་ཚངས་སྤྱོད། །ད་ལྟ་དངོས་སམ་འཇབ་བུས་མ་བྱིན་ལེན། །ན་རཀ་རྩ་བ་ལུས་ཀྱི་མི་དགེ་གསུམ། །པ་པཾ་སྡིག་པའི་ལས་བཅུ་གང་སྤྱད་ཀྱང་། །ཕ་རོལ་འགྲོ་ཚེ་དམྱལ་བ་ཚ་གྲང་དང་། །བ་ལང་ལ་སོགས་དུད་འགྲོ་བཀོལ་སྤྱོད་བླུན། །མ་དག་འགྲོ་བའི་སྡུག་བསྔལ་ཕ་མཐའ་ཡས། །རྩྭ་རྩེའི་ཟིལ་བ་ཙམ་གྱི་བཏུང་བ་ཡང་། །ཚ་བའི་མེར་གྱུར་ཁ་ནས་མེ་དུད་འཐུལ། །ཛ་ཧུའི་རྒྱུན་ཡང་མཐོང་བའི་དུག་གིས་སྐམ། །ཝ་འདྲའི་ཡི་དྭགས་ལུས་རྟེན་འདོར་དཀའ་སོམས། །ཞ་ལོང་འོན་ལྐུགས་ལ་སོགས་དམན་པའི་གྲོགས། །ཟ་མ་མོ་སོགས་ལུས་རྟེན་ཉམས་ང་བ། །འ་འོལ་མ་ཡིན་སྡིག་པའི་འབྲས་བུ་སྟེ། །ཡ་ང་སོམས་ལ་དགེ་སྡིག་བླང་དོར་རེམ། །རྭ་དང་པགས་པའི་ཆེད་དུ་གཞན་གྱིས་གསོད། །ལྭ་བའི་རྒྱུ་སོགས་སྤུ་འབྲེག་ཟུག་རྔུས་གདུང་། །ཤ་ཁྲག་འདོད་པས་མཚོན་རྣོན་སྙིང་ལ་བསྣུན། །ས་ཡི་སྟེང་འོག་དུད་འགྲོའི་སྡུག་བསྔལ་སོམས། །ཧ་ལ་དུག་དང་མེ་མུར་མཚོན་ཆའི་ཚོགས། །ཨ་ཙ་ལུས་ལ་བརྡེག་དང་ཁ་རུ་བླུགས། །མི་བཟོད་ངན་སོང་སྡུག་བསྔལ་མི་འདོད་ཕྱིར། །དེ་རུ་མི་དགེའི་ལས་རྣམ་སྤངས་འཚལ་ལོ།།

ལས་རྒྱུ་འབྲས་ཀྱི་ཀ་ཕྲེང་མ་ནོར་ལམ་སྟོན།

༈ ལས་རྒྱུ་འབྲས་ཀྱི་ཀ་ཕྲེང་མ་ནོར་ལམ་སྟོན་ཞེས་བྱ་བ་བཞུགས་སོ།།

ཀ་དག་དགོངས་དོན་རྒྱུ་འབྲས་ལས་འདས་ཀྱང་། །ཁ་ལྟ་སྟོང་སྐད་དྲེད་པོའི་སྲོལ་དེ་མིན། །ག་དར་རང་སེམས་གཙང་མ་དཔང་ཞོག་ལ། །ང་བཞིན་འཆོལ་བུར་མ་བྱེད་སྤང་བླང་རེམ། །ཅ་ག་ཀུན་སློང་ཆགས་སྡང་རྨོངས་གསུམ་གྱིས། །ཆ་ཤས་གང་བསྐྱེད་མི་དགེ་སྡུག་བསྔལ་རྒྱུ། །ཇ་ཁ་རྙོག་བྲལ་ཆོས་མཐུན་སེམས་དུལ་བས། །ཉ་ཟླ་འཕེལ་བཞིན་གང་བསགས་དགེ་བའི་ལས། །ཏ་ཐཱ་ག་ཏ་ཐུགས་རྗེའི་བདག་ཉིད་དེས། །ཐ་དད་གདུལ་བྱའི་བློ་དང་འཚམས་པའི་ཆོས། །ད་ལྟ་སྡོམ་པ་གསུམ་གྱི་ཁྲིམས་བསྲུང་ན། །ན་རཀ་འཇིགས་སྐྱོབ་འདི་ལས་ཐབས་གཞན་གང་། །པ་སངས་ལྟར་དཀར་སྨོན་འཇུག་སེམས་ལྡན་པ། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །བ་དྭགས་སྲོག་ལྟར་གཅེས་པས་དང་བླང་ན། །མ་ནོར་ཐར་ལམ་དེ་ལས་གཞན་ཡོད་མིན། །རྩྭ་ཕུང་རི་ཙམ་མེ་སྟག་གིས་བསྲེག་དཔེས། །ཚ་གྲང་རྒྱུར་འགྱུར་སྡིག་པ་ཕྲ་ཡང་འཛེམས། །ཛ་ཧུ་ཆུ་ཐིག་བསགས་པས་སྣོད་འགེང་དཔེས། །ཝ་ལེར་བདེ་ཐོབ་དགེ་བ་ཆུང་ཡང་འབོད། །ཞྭ་ལྟར་བཀུར་འོས་སངས་རྒྱས་བྱང་སེམས་ནས། །ཟ་མའི་དོན་དུ་ཉུལ་བའི་ལོང་སྤྲང་ཡན། །འ་འོལ་བདེ་སྡུག་མཐོ་དམན་སྣ་ཚོགས་ཀུན། །ཡ་མཚན་བསླུ་མེད་དགེ་སྡིག་ལས་ལས་བྱུང་། །ར་གན་ལྕགས་ཞུན་འཐུང་བའི་དམྱལ་བ་དང་། །ལ་ལུང་ཟས་སྐོམ་མེར་འབར་ཡི་དྭགས་འགྲོ། །ཤ་ཁྲག་ཆེད་དུ་སྤྱོད་འགྱུར་དུད་འགྲོ་སོགས། །ས་གསུམ་སྡུག་བསྔལ་ཇི་སྙེད་སྡིག་ལས་བྱུང་། །ཧ་ཅང་འདོད་ཡོན་ལྔས་མྱོས་ལྷ་རྣམས་དང་། །ཨ་རོག་བདེ་སྐྱིད་ལ་སྡང་ལྷ་མ་ཡིན། །ཧ་བག་རྩེད་འཇོའི་བདེ་རོལ་མི་ལ་སོགས། །ཨ་ཧོ་འདི་ཀུན་དགེ་བའི་ལས་འབྲས་ཡིན། །ཟག་བཅས་དགེ་འབྲས་ཆུ་ཤིང་བཞིན་དུ་འཛད། །ཟག་མེད་དགེ་འབྲས་དཔག་བསམ་ཤིང་བཞིན་འཕེལ། །དེ་ཕྱིར་སྡུག་བསྔལ་ཤེས་དང་ཀུན་འབྱུང་སྤངས། །ཐར་ལམ་རྒྱུད་བརྟེན་འགོག་པ་མངོན་བྱ་བ། །རྒྱལ་གསུང་རྒྱུ་འབྲས་ཆོས་ལ་ནན་དན་མཛོད། །འདི་འདྲའི་བླུན་ཚིག་ཤེལ་དཀར་ཕྲེང་། །བློ་དམན་བུ་མོའི་རྒྱན་འོས་ཀྱང་། །ཐོས་ཟོབ་ཚིག་གིས་ལུས་རྒྱས་པའི། །དྲེགས་ལྡན་འཕྱོར་མོར་འོས་པ་མིན།། རྒྱ་སྤྲུལ་བས་སོ།།

ལས་རྒྱུ་འབྲས་ཀྱི་ཀ་ཕྲེང་སྨན་དུག་གི་ཤན་འབྱེད།

༈ ལས་རྒྱུ་འབྲས་ཀྱི་ཀ་ཕྲེང་སྨན་དུག་གི་ཤན་འབྱེད་ཅེས་བྱ་བ་བཞུགས།

ཀ་ཡེ་གྲོགས་པོ་རྒྱུ་འབྲས་ཆོས་ཤིག་བཤད། །ཁ་མངར་སྐྱུར་བའི་ས་བོན་མྱུ་གུ་བཞིན། །ག་ནས་ཀུན་སློང་དགེ་སྡིག་གིས་བསྐྱེད་འབྲས། །ང་བདག་ཅན་ལ་བདེ་སྡུག་སོ་སོར་འབྱུང་། །ཅ་རེ་མིག་གིས་མངོན་དུ་མ་མཐོང་ཀྱང་། །ཆ་ཤས་ལྐོག་ཏུ་སྡིག་པའི་ལས་བསགས་ན། །ཇ་ཆང་དུག་དང་བསྲེས་ནས་བཏུང་བ་ལྟར། །ཉྭ་བཞིའི་ཤ་རུས་འཐོར་ཚེ་མངོན་དུ་འགྱུར། །ཏ་ལ་གསལ་བའི་གཞན་སྲོག་བཅད་པའི་འབྲས། །ཐ་ཆད་མི་དེ་ཚ་གྲང་དམྱལ་བར་སྐྱེ། །ད་ལྟ་གཞན་ནོར་རྐུ་འཕྲོག་གང་བྱས་ཀྱང་། །ན་ཚའི་ཟུག་རྔུ་བཀྲེས་སྐོམ་ཡི་དྭགས་འགྱུར། །པ་ཏྲའི་རྒྱན་འཆང་བུད་མེད་ཆགས་སྤྱོད་ན། །ཕ་རོལ་བརྙས་པའི་ཡུལ་གྱུར་དུད་འགྲོར་སྐྱེ། །བ་ལང་ལྟར་བླུན་རྫུན་གྱིས་མགོ་བསྐོར་ན། །མ་རུང་དམྱལ་གནས་ལྕེ་ལ་ཐོང་གཤོལ་གཤགས། །ཙ་ལག་མཛའ་བཤེས་འབྱེད་པའི་དབྱེན་བྱས་ན། །ཚ་བའི་མེ་འབར་ཁྲོ་ཞུན་ཁ་རུ་ལྡུད། །ཛ་ལང་ཚིག་རྩུབ་གཞན་གྱི་སྙིང་བསྲེག་ན། །ཝ་ཆུའི་རྒྱུན་བཞིན་མི་སྙན་བརྒྱུད་མར་ཐོས། །ཞ་ལོང་གཏམ་བཞིན་ཀྱལ་ཀས་གཡེང་གྱུར་ན། །ཟ་གསོད་གནས་ངན་དག་ཏུ་ཡང་ཡང་འཁོར། །འ་འོལ་སེམས་ཀྱིས་གཞན་ནོར་ལ་རློམས་ན། །ཡ་ངའི་ཡུལ་སྐྱེ་འདོད་པའི་དོན་མི་འགྲུབ། །རྭ་ལྟར་རྒྱུད་གྱོང་གཞན་གནོད་སེམས་འཆང་ན། །ལ་ལུང་གང་དུ་སྐྱེས་ཀྱང་སྡུག་བསྔལ་འབྱུང་། །ཤ་ཟའི་སེམས་ལྡན་རྒྱུ་འབྲས་མེད་ལྟ་ན། །ས་འོག་དམྱལ་ཁམས་བརྒྱུད་ལས་ཐར་སྐབས་མེད། །ཧ་ལམ་མི་དགེ་བཅུ་ཡི་རྒྱུ་འབྲས་བཤད། །ཨ་ཧོ་དེ་ལས་ལྡོག་གང་དགེ་བ་བཅུ། །ཨ་ལ་ལ་ཞེས་འདི་ཕྱིའི་བདེ་འབྲས་ཀུན། །ཨེ་མ་དགེ་ལ་འབད་ན་འབྱུང་བར་ངེས། །བླུན་ཚིག་དམ་དུམ་རྡོ་གཡུའི་ཕྲེང་། །གསལ་བྱེད་སྐུད་པར་བརྒྱུས་ན་ཡང་། །བློ་དམན་ཕལ་བའི་བུ་མོ་ལས། །མཁས་དབང་རྗེ་མོས་གཟིགས་མི་འོས།།

ཐར་བའི་ཕན་ཡོན་ལ་གདམས་པའི་ཀ་ཕྲེང་རིན་ཆེན་གླིང་དུ་བསྒྲོད་པའི་ཤིང་རྟ།

༈ ཐར་བའི་ཕན་ཡོན་ལ་གདམས་པའི་ཀ་ཕྲེང་རིན་ཆེན་གླིང་དུ་བསྒྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།

ཀ་རའི་རོ་ལྟར་ཆོས་ཀྱི་བདུད་རྩི་མྱོང་། །ཁ་འདོན་ཕྱག་སྐོར་དགེ་བའི་ཕྱོགས་ལ་འབད། །ག་དར་ཁྲིམས་གཙང་རང་སེམས་དཔང་པོར་ཞོག །ང་རྒྱལ་མ་མཛད་དགེ་བཅུར་འབད་འཚལ་ལོ། །ཅ་ཅོའི་རྫུན་སྤངས་བདེན་པར་སྨྲ་དང་གཅིག །ཆ་རོགས་མི་འབྱེད་འཁོན་པ་བསྡུམ་དང་གཉིས། །ཇ་དར་རྙོག་མའི་ཚིག་རྩུབ་སྤོང་དང་གསུམ། །ཉ་མའི་གཏམ་འདྲའི་ཀྱལ་ཀ་སྤོང་དང་བཞི། །ཏ་ལ་ལ་བཞིན་གཞན་སྲོག་སྐྱོབ་དང་གཅིག །ཐ་མལ་སྐྱོན་སྤང་ཚངས་སྤྱོད་ལྡན་དང་གཉིས། །ད་ལྟ་དངོས་རྫས་ཅི་ནུས་སྦྱིན་དང་གསུམ། །ན་གཞོན་གྲོགས་དག་ལུས་ངག་དགེ་བ་བདུན། །པ་སངས་ལྟར་དཀར་གཞན་ཕན་སེམས་དང་གཅིག །ཕ་རོལ་ནོར་ལ་མི་རློམ་ཆོག་ཤེས་གཉིས། །བ་གམ་དད་པའི་རྨིང་རྡོ་འཆུག་མེད་གསུམ། །མ་ནོར་ཡིད་ཀྱི་དགེ་བ་རྣམ་གསུམ་ཡིན། །རྩ་བ་ཡན་ལག་དམ་ཚིག་བསྲུང་བ་དང་། །ཚ་ཐུབ་གྲང་ཐུབ་ཆོས་ཕྱིར་བརྩོན་འགྲུས་བསྐྱེད། །ཛ་ཡའི་དགོངས་དོན་བསྐྱེད་རྫོགས་རིམ་གཉིས་སྒོམས། །ཝ་ཆུའི་རྒྱུན་ལྟར་ཆོས་སྤྱོད་ཆགས་མེད་མཛོད། །ཞྭ་ཐོད་ཇི་བཞིན་བླ་མ་མཁན་སློབ་བསྟེན། །ཟ་མ་མོ་སོགས་བློ་སྣ་ཆོས་ལ་སྒྱུར། །འ་འུར་གཞན་གྱིས་བསྟོད་སྨད་བྲག་ཆར་སོམས། །ཡ་ང་འཁོར་བའི་སྐྱོན་ལྟོས་ངེས་འབྱུང་སྐྱེད། །རྭ་ཆག་དུད་འགྲོ་སྲོག་སྐྱོབས་ཚེ་ཐར་གྱིས། །ལ་ལུང་མཁས་གྲུབ་ཀུན་ལ་དག་སྣང་སྒོམས། །ཤ་ཆང་ཟས་ལ་བག་ཡོད་རང་ཚོད་ཟུངས། །ས་བཅུའི་ཡོན་ཏན་སོམས་ལ་ཚོགས་གཉིས་སོག །ཧ་ལ་དུག་ལྔ་རང་འབར་མེ་ལྕེ་སོད། །ཨ་མི་ཏ་བྷ་ལོ་ཀི་ཤྭ་ར་དང་། །ཨ་ཧོ་རྒྱལ་དབང་པདྨ་འབྱུང་གནས་གསུམ། །རང་གི་གང་མོས་ཡི་དམ་ལྷ་རུ་གྱིས། །བསྙེན་སྒྲུབ་མཐར་སྐྱོལ་མི་ལུས་དོན་ལྡན་མཛོད། །དེས་ནི་རྟག་ཏུ་ཚེ་རིང་ནད་མེད་ཅིང་། །ལོངས་སྤྱོད་འབྱོར་ལྡན་གཞན་གྱིས་བསྟོད་བཀུར་བསྔགས། །མཐར་ཐུག་སྤྲོས་བྲལ་ཆོས་སྐུའི་རྒྱལ་ཁམས་ནས། །གཞན་དོན་གཟུགས་སྐུས་འགྲོ་འདྲེན་དོན་གཉིས་འགྲུབ། །གདོད་མའི་གཏན་སྲིད་འཕྱུགས་མེད་ཟིན་པ་ཡི། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་ངེས་སོ།།

ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་ཀ་ཕྲེང་ཐར་བའི་རྨིང་རྡོ།

༈ ཆོས་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བའི་ཀ་ཕྲེང་ཐར་བའི་རྨིང་རྡོ་བཞུགས།

ཀ་དག་སྤངས་རྟོགས་མཐར་ཕྱིན་ཐུགས་སངས་རྒྱས། །ཁ་གཏིང་བྲལ་བའི་ལེགས་བཤད་གསུང་དམ་ཆོས། །ག་དར་ཁྲིམས་གཙང་ངོ་མཚར་སྐུ་དགེ་འདུན། །ང་ཅག་བླ་མ་མཆོག་གསུམ་ཀུན་འདུས་ལ། །ཅ་ཅོ་ཁ་ཙམ་ཚིག་ཙམ་མ་ཡིན་པར། །ཆ་ཤས་འདུས་པའི་ཡོན་ཏན་དྲན་བཞིན་དུ། །ཇ་ཁ་རྙོག་མ་དྭངས་བའི་དད་པ་ཡིས། །ཉ་ཏོག་བདུད་ལས་རྒྱལ་ཕྱིར་སྐྱབས་སུ་འགྲོ། །ཏ་ཐཱ་ག་ཏ་སྐུ་གསུམ་རྫོགས་སངས་རྒྱས། །ཐ་ཐོག་བར་གསུམ་དགེ་བ་བདེན་གཉིས་ཆོས། །ད་ལྟའི་འདྲེན་པ་སྐྱེས་འཕགས་དགེ་འདུན་ལ། །ན་རཀ་འཁོར་མཚོ་སྒྲོལ་ཕྱིར་སྐྱབས་སུ་འགྲོ། །པ་ཏྲ་རིས་བཞིན་འབྲེལ་བའི་གཉེན་མཛའ་བཤེས། །ཕ་མཐའ་མི་མངོན་དེ་ཀུན་སྡུག་བསྔལ་ལས། །བ་དན་རླུང་གིས་གྲུ་ཆེན་མཐར་སྒྲོལ་བཞིན། །མ་ནོར་ཐར་མཆོག་རིན་ཆེན་གླིང་འཁྲིད་ཅིང་། །རྩ་ཐིག་རླུང་གསུམ་སྐུ་གསུམ་ངོ་བོར་སྦྱངས། །ཚ་གྲང་དཀའ་སྤྱད་ཚེ་གཅིག་ལུས་གཅིག་ལ། །ཛ་ཡ་རྡོ་རྗེ་འཆང་ཆེན་ཐོབ་བྱའི་ཕྱིར། །ཝ་ལེར་དྲན་ཤེས་ངང་ནས་སྐྱབས་སུ་འགྲོ། །ཞྭ་བཞིན་འབྲལ་མེད་གཙུག་ཏུ་བླ་མ་སྒོམས། །ཟ་མའི་ཕུད་ཀྱིས་རྟག་ཏུ་དཀོན་མཆོག་མཆོད། །འ་ཅག་སྐྱབས་ཡུལ་གཞན་ན་མ་མཆིས་པར། །ཡ་མཚན་མཆོག་གསུམ་གཏན་གྱི་སྐྱབས་སུ་སྟེན། །རྭ་ལྟར་རྒྱུད་གཟེངས་འཁོར་བའི་ལྷར་མི་བརྟེན། །ལ་ལ་ཙམ་མིན་སེམས་ཅན་གནོད་སེམས་སྤོངས། །ཤ་ཟའི་གདོན་འདུལ་དགེ་འདུན་གཟུགས་ཀྱང་མཆོད། །ས་གསུམ་གང་ནའང་སྐྱབས་ཡུལ་དེ་ལས་མེད། །ཧ་ཅང་སྨྲ་མི་དགོས་ཏེ་སྐྱབས་འགྲོ་ནི། །ཨ་ཧོ་ཆོས་ཀུན་གཞི་མར་མཁྱེན་འཚལ་ལོ། །དགེའོ།།

བྱང་ཆུབ་སེམས་བསྐྱེད་ཀྱི་ཀ་ཕྲེང་དཔག་བསམ་ལྗོན་ཤིང་།

༈ བྱང་ཆུབ་སེམས་བསྐྱེད་ཀྱི་ཀ་ཕྲེང་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས།

ཀ་ཡེ་བྱང་ཆུབ་སེམས་མཆོག་དམ་པ་ནི། །ཁ་ཞེ་མེད་པར་རྒྱུན་དུ་ཡེངས་མེད་མཛོད། །ག་དར་འགྲོ་གཞན་བདེ་ལྡན་སྡུག་བསྔལ་བྲལ། །ང་རྒྱལ་སྤངས་ཏེ་དགའ་དང་བཏང་སྙོམས་སྒོམས། །ཅ་ག་རྟོག་པས་བཏགས་པའི་ཕ་མ་རྣམས། །ཆ་ལུགས་མི་འདྲ་རིགས་དྲུག་ལུས་ངན་བླངས། །ཇ་ཁ་རྙོག་མའི་ཡིད་ལྡན་སྡུག་བསྔལ་སྤྱོད། །ཉ་བཞིན་འཁོར་མཚོར་འཁྱམས་པར་སྙིང་རྗེ་སྒོམས། །ཏ་ཐཱ་ག་ཏས་གཞན་དོན་དང་བླང་མཐུས། །ཐ་མལ་སྐྱོན་སྤངས་རྫོགས་སངས་རྒྱས་ལ་ལྟོས། །ད་ལྟ་སོ་སྐྱེས་རང་དོན་དང་བླངས་པ། །ན་རཀ་སྡུག་བསྔལ་བར་མེད་སྤྱོད་པ་སྒོམས། །པ་སངས་ལྟར་དཀར་ལྷག་པའི་བསམ་པ་ཡིས། །ཕ་མ་མཁའ་ཁྱབ་སངས་རྒྱས་གོ་འཕང་མཆོག །བ་དན་རླུང་གིས་གྲུ་ཆེན་ཚོང་པ་ལྟར། །མ་ནོར་ལམ་ལ་འགོད་ཕྱིར་ནན་ཏན་སྒོམས། །ཙ་མ་ར་བཞིན་རང་རྒྱུད་མ་རུང་པ། །ཚ་གྲང་དཀའ་སྤྱད་ཁོ་ནས་གདུལ་དཀའ་བས། །ཛ་ཡའི་ཐུགས་བཅུད་ཚད་མེད་རྣམ་པ་བཞི། །ཝ་ཆུའི་རྒྱུན་ལྟར་བར་མཚམས་མེད་པར་སྒོམས། །ཞྭ་གོས་གནས་གྲོགས་ཞེན་མེད་སྦྱིན་པར་ཐོངས། །ཟ་འདོད་ཆགས་སྡང་དགྲ་ལ་བཟོད་ཐུབ་གྱིས། །འ་འུར་འདིར་སྣང་བདེན་མེད་ཤེས་པའི་ངང་། །ཡ་མཚན་དབེན་པར་ཡེངས་མེད་བསམ་གཏན་སྒོམས། །ར་བ་བཙན་བཞིན་ཉེས་སྤྱོད་མཐའ་དག་སྡོམས། །ལ་ལ་ཙམ་མིན་དགེ་ཚོགས་མཐའ་དག་སྡུད། །ཤ་ཚའི་བུ་བཞིན་འགྲོ་བ་མཐའ་དག་གིས། །ས་བཅུ་ལམ་ལྔ་བགྲོད་ཕྱིར་སེམས་བསྐྱེད་སྒོམས། །ཧ་ཅང་སྟོང་དང་སྙིང་རྗེ་རྐྱང་པ་ཡིས། །ཨ་མི་དྷེ་ཝའི་གོ་འཕང་ཐོབ་དཀའ་བས། །ཨ་ཧོ་སྟོང་དང་སྙིང་རྗེ་ཟུང་འཇུག་གིས། །ཨ་དོན་དབྱིངས་སུ་འགྲོ་ཀུན་བསྒྲལ་འཚལ་ལོ།།

རྡོར་སེམས་སྒོམ་བཟླས་ཀྱི་ཀ་ཕྲེང་ཟླ་བ་སྤྲིན་གྲོལ།

༈ རྡོར་སེམས་སྒོམ་བཟླས་ཀྱི་ཀ་ཕྲེང་ཟླ་བ་སྤྲིན་གྲོལ་ཞེས་བྱ་བ།

ཀ་དག་རང་རིག་མངོན་དུ་མ་གྱུར་ན། །ཁ་ལྟ་སྟོང་སྐད་རྒྱུ་འབྲས་ཁྱད་མ་གསོད། །ག་དར་དམ་སྡོམ་ཉམས་ཆགས་སྦྱངས་བའི་མཆོག །ང་ཅག་བླ་མ་རྡོར་སེམས་སྒོམ་བཟླས་རེམ། །ཅ་རེ་དད་པའི་མིག་གིས་ལེགས་པར་ལྟོས། །ཆ་ཙམ་མ་ཡིན་ཡི་གེ་བརྒྱ་པ་ཟློས། །ཇ་དངུལ་བསགས་བཞིན་དགེ་བའི་ཡོ་བྱད་སོགས། །ཉ་སྟོང་གསོ་སྦྱོང་སྟོབས་བཞིའི་སྡིག་བཤགས་རེམ། །ཏ་ཐཱ་ག་ཏ་སྲས་བཅས་འདུས་པའི་དཔྱིད། །ཐ་མལ་མ་ཡིན་བླ་མ་རྡོ་རྗེ་སེམས། །ད་ལྟ་མངོན་སུམ་ཇི་བཞིན་སྤྱི་བོར་སྒོམས། །ན་རཀ་འཇིག་སྐྱོབ་རྟེན་གྱི་སྟོབས་ལ་རེམ། །པ་པཾ་སྡིག་ལྟུང་དུག་གི་ཁ་ཟས་ལྟར། །ཕ་རོལ་འགྲོ་ཚེ་ཐར་བའི་སྲོག་རྩ་གཅོད། །བ་ལང་ལྟར་བླུན་རང་སྐྱོན་མ་འཆབ་པར། །མ་རུང་སྡིག་ལྟུང་སུན་འབྱིན་སྟོབས་ལ་རེམ། །ཙ་ལྡུམ་དུག་གིས་ཚེ་གཅིག་སྲོག་ལ་རྒོལ། །ཚ་གྲང་དམྱལ་བའི་གནས་སུ་དེས་མི་ཁྲིད། །ཛ་ཡའི་བཅས་ཁྲིམས་ལས་འགལ་གཏན་དུ་སྡུག །ཝ་ཆུའི་རྒྱུན་ལྟར་གཉེན་པོའི་སྟོབས་ལ་རེམ། །ཞྭ་ལྟར་བཀུར་འོས་མཆོག་གསུམ་སྤྱན་སྔ་རུ། །ཟ་འོག་ཐགས་བཞིན་མ་འདྲེས་སྡིག་ལྟུང་རྣམས། །འ་འུར་ཚིག་གིས་ཕྱིན་ཆད་མི་བགྱིད་ཅེས། །ཡ་མཚན་སྡོམ་སེམས་སོར་ཆུད་སྟོབས་ལ་རེམ། །ར་ཡིག་གཉིས་པས་སྦྲང་རྩི་མྱོང་བ་ལྟར། །ལ་ལུང་མཁས་གྲུབ་ཞལ་གྱི་བཅུད་བཟང་འཐུང་། །ཤྭ་འུད་རྒྱུག་བཞིན་བདུད་རྩི་འབེབས་སྦྱོང་དང་། །ས་གསུམ་འགྲོ་ལ་བྱམས་དང་སྙིང་རྗེ་རེམ། །ཧ་ལ་དུག་ལྔ་རང་གི་ངོ་བོར་ལྟོས། །ཨ་དབྱིངས་མཁའ་ལྟར་སྐྱེ་འགག་གནས་གསུམ་བྲལ། །ཨ་དོན་སྐྱེ་བ་མེད་པའི་གཤིས་ལུགས་སུ། །ཨ་ཧོ་བཤགས་བྱ་བཤགས་བྱེད་རང་སར་གྲོལ།།

ཡང་རྡོར་སེམས་སྒོམ་བཟླས་ཀྱི་ཀ་ཕྲེང་བདུད་རྩིའི་ཆུ་རྒྱུན།

༈ ཡང་རྡོར་སེམས་སྒོམ་བཟླས་ཀྱི་ཀ་ཕྲེང་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ།

ཀ་དག་རིག་རྩལ་རང་གི་སྤྱི་བོ་རུ། །ཁ་དོག་འོད་ལྔའི་འཇའ་ཚོན་བཀྲ་བའི་ཀློང་། །ག་དར་པདྨ་ཟླ་བའི་གདན་གྱི་སྟེང་། །ང་བདག་འཛིན་བྲལ་ས་བོན་ཧཱུྃ་དཀར་ལས། །ཅ་ཅོའི་ཚིག་ཙམ་མ་ཡིན་བླ་མ་རྗེ། །ཆ་ལུགས་ལོངས་སྐུ་དཔལ་ལྡན་རྡོ་རྗེ་སེམས། །ཇ་ཁ་དྲི་བྲལ་གངས་ཀྱི་རི་བོ་ལ། །ཉ་གང་ཟླ་རྒྱས་ཤར་ལྟར་དཀར་གསལ་མཛེས། །ཏ་ལེར་འོད་འབར་ཞལ་གཅིག་འཛུམ་བཅས་བཞད། །ཐ་དད་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བརྟེན། །ད་ལྟ་མཐའ་བྲལ་དོན་སྟོན་དཀྱིལ་ཀྲུང་བཞུགས། །ན་རཀ་འཇིགས་སྐྱོབས་བཤགས་ཡུལ་རྟེན་གྱི་སྟོབས། །པ་པཾ་སྡིག་པ་སྔར་བྱས་དུག་འཐུང་ལྟར། །ཕ་རོལ་འཁྱམས་ཚེ་སྡུག་བསྔལ་ཆེན་པོའི་རྒྱུ། །བ་དྭགས་སྲོག་ལ་བབས་འདྲའི་གནོང་འགྱོད་བློས། །མ་རུང་ཉེས་ལྟུང་སྙིང་ནས་སུན་འབྱིན་སྟོབས། །རྩ་བའི་བླ་མ་རྡོར་སེམས་ཐུགས་ཀ་རུ། །ཚ་གདུང་འཇོམས་པའི་ཟླ་སྟེང་ཧཱུྃ་དཀར་མཐར། །ཛ་ཡའི་ཐུགས་སྲོག་སྔགས་ཕྲེང་གཡས་བསྐོར་ལས། །ཝ་ཆུའི་རྒྱུན་ལྟར་བདུད་རྩི་དཀར་ནར་བབས། །ཞྭ་ཏོག་འཛུགས་ཡུལ་ཚངས་པའི་བུ་གར་ཞུགས། །ཟ་ར་ཚགས་ལྟའི་རྩ་འཁོར་ཀུན་ཏུ་ཁྱབ། །འ་འོལ་འཁྲུལ་རྟོག་ལས་ཉོན་བག་ཉལ་ཀུན། །ཡ་མཚན་ཁྲུས་ཀྱིས་མི་གཙང་འཁྲུད་བཞིན་དེད། །རྭ་ལྟར་རྒྱུད་གྱོང་བདག་གིས་རབ་བསགས་པའི། །ལ་ལ་ཙམ་མིན་སྡིག་ཀུན་ནག་ཉིལ་ཕྱུངས། །ཤ་གཟུགས་སྦུབས་བརྒྱུད་འོག་སྒོ་གཉིས་ནས་ཐོན། །ས་གས་གཤིན་རྗེའི་ཁར་སོང་ཚེ་གེགས་ཟློག །ཧ་ཅང་སྡིག་ལ་འགྱོད་པ་དྲག་པོ་ཡིས། །ཨ་ཧོ་གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ། །ཧ་ལམ་ཙམ་མིན་རྟགས་མཐོང་བར་དུ་བཟླ། །ཨ་ལ་ལ་ཧོ་གཉེན་པོ་ཀུན་སྤྱོད་སྟོབས། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས། །མི་བགྱིད་དམ་བཅའ་བརྟན་པོ་སོར་ཆུད་སྟོབས། །མཐར་ནི་བཤགས་ཡུལ་འོད་ཞུ་རང་ལ་ཐིམ། །རང་ཉིད་རྡོར་སེམས་སྐུར་བསྒོམ་ཡིག་དྲུག་བཟླ། །དེ་རྗེས་རང་སེམས་སྟོང་པའི་ངང་མདངས་བསྐྱངས། །བཤགས་བྱ་བཤགས་བྱེད་རང་གྲོལ་ཨེ་མ་ཧོ།།

ཚོགས་བསགས་མཎྜལ་གྱི་ཀ་ཕྲེང་ཚོགས་གཉིས་སྤྲིན་ཕུང་ཡིད་བཞིན་ཆར་འབེབས།

༈ ཚོགས་བསགས་མཎྜལ་གྱི་ཀ་ཕྲེང་ཚོགས་གཉིས་སྤྲིན་ཕུང་ཡིད་བཞིན་ཆར་འབེབས་ཞེས་བྱ་བ།

ཀ་དག་སྟོང་ཉིད་དབྱིངས་ཀྱི་མཎྜལ་ལ། །ཁ་དོག་འོད་གསལ་རིག་པའི་ཉི་ཟླ་མཛེས། །ག་དར་རྟོག་ཚོགས་ཤར་གྲོལ་ཚོམ་བུར་བཀོད། །ང་བདག་འཛིན་བྲལ་ཆོས་སྐུའི་བླ་མར་འབུལ། །ཅ་རེ་མིག་སོགས་དབང་ལྔའི་མཎྜལ་ལ། །ཆ་ཤས་གསལ་སྟོང་ཡུལ་དྲུག་ཚོམ་བུར་བཀོད། །ཇ་རེ་ལོངས་སྤྱོད་གཅེས་དགུའི་མཛའ་གྲོགས་བཅས། །ཉ་ཟླ་ལྟར་གང་ལོངས་སྐུའི་བླ་མར་འབུལ། །ཏ་རེ་འོད་འབར་རཏྣའི་མཎྜལ་ལ། །ཐ་དད་ཡུལ་གྲུ་ནས་བྱུང་སྨན་སྣ་དང་། །ད་ལྟ་ཡོངས་གྲགས་འབྲུ་སྣའི་ཚོམ་བུར་བཀོད། །ན་རཀ་འཇིགས་སྐྱོབ་སྤྲུལ་སྐུའི་བླ་མར་འབུལ། །པ་སངས་ལྟར་དཀར་སྨོན་སེམས་མཎྜལ་ལ། །ཕ་རོལ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི། །བ་མཆོག་ནོར་བུ་ལས་འཕགས་ཚོམ་བུར་བཀོད། །མ་རིག་མུན་སེལ་རྩ་བའི་བླ་མར་འབུལ། །རྩ་བཟང་ཤེས་རབ་ལུས་ཀྱི་མཎྚལ་ལ། །ཚ་གྲང་རླུང་སྦྱངས་དྭངས་མ་དབབ་ལྡོག་དགྲམ། །ཛ་ཡའི་ཉེ་ལམ་དགའ་བཞིའི་ཚོམ་བུ་བཀོད། །ཝ་ར་ཧཱི་ཡི་ཚོགས་རྗེ་བླ་མར་འབུལ། །ཞྭ་ཏོག་ལྟར་མཐོ་རི་དབང་ལྷུན་པོའི་མཐར། །ཟ་འོག་ཐགས་བཞིན་གླིང་དང་གླིང་ཕྲན་བཀོད། །འ་ཅག་འདོད་རྒུའི་ལོངས་སྤྱོད་ཕྱུར་བུར་སྤུང་། །ཡ་མཚན་རྒྱལ་རྣམས་མཆོད་ཕྱིར་མཎྜལ་འབུལ། །ར་ག་རྗེས་ཆགས་ཡུལ་གྱུར་ཁམས་གསུམ་འགྲོའི། །ལ་ལ་ཙམ་མིན་བྱམས་བརྩེའི་དྲི་ཡིས་བྱུག །ཤ་གཟུགས་ཅན་ཀུན་སྐུ་གསུམ་ཚོམ་བུར་བཀོད། །ས་བཅུའི་མགོན་པོར་སྒྲུབ་པའི་མཎྜལ་འབུལ། །ཧ་ལ་དུག་ལྔ་རང་སྟོང་མཎྜལ་ལ། །ཨ་ཏིའི་དགོངས་དོན་འོད་གསལ་ཚོམ་བུར་བཀོད། །ཨ་ཧོ་སྣང་བཞི་མཐར་ཕྱིན་མཆོད་པའི་སྤྲིན། །ཨ་མི་ཏ་བྷ་གདོད་མའི་མགོན་པོར་འབུལ། །

བླ་མའི་རྣལ་འབྱོར་གྱི་ཀ་ཕྲེང་ལམ་ཁྱེར་མན་ངག

༈ བླ་མའི་རྣལ་འབྱོར་གྱི་ཀ་ཕྲེང་ལམ་ཁྱེར་མན་ངག་ཞེས་བྱ་བ་བཞུགས།

ཀ་དག་སྟོང་དབྱིངས་ཆོས་སྐུའི་རང་རྩལ་ལས། །ཁ་དོག་མ་འགག་ཕྱི་སྣོད་ཡུམ་ལྔའི་ཀློང་། །ག་དར་པདྨ་འོད་ཀྱི་ཕོ་བྲང་དབུས། །ང་བདག་རང་གྲོལ་པད་ཉི་བམ་གྱི་ཁྲིར། །ཅ་ཅོས་ཀུན་བརྟགས་རང་ལུས་རྣལ་འབྱོར་མ། །ཆ་ལུགས་རྡོ་རྗེ་ཕག་མོ་དམར་གསལ་བཞད། །ཇ་རིལ་དབུ་རྒྱན་མི་མགོའི་དོ་ཤལ་སོགས། །ཉ་ཏོག་བདུད་འཇོམས་ཁྲོ་མོའི་ཆས་ཀུན་རྫོགས། །ཏ་ན་ག་ན་སྦྱོར་སྒྲོལ་གྲི་ཐོད་གདེངས། །ཐ་མལ་གཙང་དམེའི་འཛིན་བྲལ་ཕག་ཞལ་ངུར། །ད་ལྟའི་འཛིན་རྟོག་དབྱིངས་གྲོལ་འདོར་སྟབས་བགྲད། །ན་བུན་མེ་དཔུང་འབར་བའི་ཀློང་དུ་བསྐྱེད། །པ་སངས་ཤར་ལྟར་འོད་ལུས་དེའི་སྤྱི་བོར། །ཕ་རོལ་ཟིལ་གནོན་སེང་ཁྲི་པད་ཟླའི་སྟེང་། །བ་ལིང་ཚོགས་རྗེ་གསུམ་ལྡན་རྡོ་རྗེ་འཛིན། །མ་ལུས་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །རྩ་གསུམ་ཀུན་འདུས་དཀར་དམར་མཛེས་འཛུམ་ངོམ། །ཚ་གྲང་གཞོམ་བྲལ་ཚེ་ཡི་རིག་པ་འཛིན། །ཛ་ཡ་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྡར། །ཝ་ལེར་རྡོ་རྗེ་བྷན་དྷ་ཚེ་བུམ་བསྣམས། །ཞྭ་མོ་པདྨ་མཐོང་གྲོལ་སྒྲོ་དར་བརྒྱན། །ཟ་བྱེད་བདུད་འཇོམས་ཁ་ཊཱཾ་མཆན་གཡོན་བརྟེན། །འ་འུར་སྒྲ་འཁྲོལ་སྙན་ཆ་དྲིལ་ཆུང་སྤྲས། །ཡ་མཚན་གསང་ཕོད་སྣམ་སྦྱར་ཟ་བེར་གསོལ། །ར་ག་ཆགས་པའི་སྤྱན་གྱིས་གདུལ་བྱར་གཟིགས། །ལྭ་ཝ་པ་སོགས་གྲུབ་ཆེན་བརྒྱད་ཅུ་དང་། །ཤ་ཟ་འཇིག་རྟེན་ཡེ་ཤེས་ཌཱཀྐི་སོགས། །ས་གསུམ་དཔའ་བོ་མཁའ་འགྲོ་སྐར་ལྟར་འཁྲིགས། །ཧ་ལ་དུག་ལྔ་གདུང་བས་སྙིགས་མའི་འགྲོ། །ཨ་ཧོ་བརྩེ་ཆེན་ཐུགས་ཀྱིས་ཉེར་དགོངས་ནས། །ཨ་ལ་ལ་ཧོ་ད་ལྟ་སྐད་ཅིག་མར། །ཨ་ཏིའི་དགོངས་དོན་རྟོགས་པར་བྱིན་གྱིས་རློབས།།

བླ་མའི་རྣལ་འབྱོར་གྱི་ཀ་ཕྲེང་བྱིན་འབེབས་དངོས་གྲུབ་བདུད་རྩིའི་བུམ་བཟང་།

༈ བླ་མའི་རྣལ་འབྱོར་གྱི་ཀ་ཕྲེང་བྱིན་འབེབས་དངོས་གྲུབ་བདུད་རྩིའི་བུམ་བཟང་ཞེས་བྱ་བཞུགས།།

ཀ་ཡེ་བྱིན་རླབས་མྱུར་དུ་འཇུག་པའི་ཐབས། །ཁ་ཙམ་མ་ཡིན་བླ་མའི་རྣལ་འབྱོར་སྒོམས། །ག་དར་ཕྱི་སྣོད་ཟངས་མདོག་དཔལ་རིའི་དབུས། །ང་བདག་འཛིན་བྲལ་པད་ཉི་བམ་རོའི་སྟེང་། །ཅ་ག་རང་ལུས་ཡེ་ཤེས་མཚོ་རྒྱལ་མ། །ཆ་ལུགས་ཁྲོ་མོ་གྲི་ཐོད་ཕྱག་རྒྱ་གདེངས། །ཇ་རིལ་མགོ་ཕྲེང་ཞབས་གཉིས་བརྐྱང་བརྐུམ་བགྲད། །ཉ་ཏོག་བདུད་འཇོམས་སྤྱན་གསུམ་མཁའ་ལ་གཟིགས། །ཏ་ལེར་འོད་འབར་སྤྱི་བོར་པད་ཟླ་དང་། །ཐ་གྲུ་གསལ་བྱེད་ཉི་མའི་གདན་གྱི་སྟེང་། །ད་ལྟ་སེམས་ཉིད་དོན་སྟོན་བླ་མ་རྗེ། །ན་ཚོད་བཅུ་དྲུག་གཞོན་ཚུལ་པདྨ་འབྱུང་། །པ་སངས་ལྟར་དཀར་དམར་མདངས་ཞལ་གཅིག་འཛུམས། །ཕ་རོལ་ཟིལ་གནོན་རྡོ་རྗེ་ཐོད་བུམ་བསྣམས། །བ་ལིང་ཚོགས་རྗེ་པད་ཞྭ་སྒྲོ་དར་དཔྱང་། །མ་རུང་ཚར་གཅོད་ཁ་ཊཱཾ་གྲུ་མོར་བརྟེན། །རྩ་རླུང་དབང་བསྒྱུར་གསང་ཕོད་ཆོས་གོས་གསོལ། །ཚ་གྲང་མི་མངའ་འོད་ལུས་ཡེ་ཤེས་ལྷ། །ཛ་ཡ་སྲིད་ཞིའི་མཐར་གྲོལ་དཀྱིལ་ཀྲུང་བཞུགས། །ཝ་ལེར་གསལ་བའི་སྤྱི་བོར་དགའ་རབ་དང་། །ཞྭ་ཏོག་བརྩེགས་ལྟར་ཤྲཱི་སེང་ཀུན་ཏུ་བཟང་། །ཟ་ར་ཚགས་བཞིན་བརྒྱུད་གསུམ་བླ་མས་བསྐོར། །འ་འོལ་ཙམ་མིན་སྙིང་ཁུང་རུས་གཏིང་ནས། །ཡ་མཚན་ཁྱེད་ཤེས་དད་པས་གསོལ་བ་འདེབས། །ར་ཡིག་གཉིས་པས་སྦྲང་རྩི་བཏུང་བ་ལྟར། །ལ་ལ་ཙམ་མིན་སྐྱབས་ཀུན་འདུས་པའི་དཔྱིད། །ཤ་ཟའི་ཁ་གནོན་རྡོ་རྗེ་ཐོད་ཕྲེང་རྩལ། །ས་བཅུའི་དངོས་གྲུབ་དད་ལྡན་བུ་ལ་སྩོལ། །ཧ་ཅང་གཅམ་བུ་མིན་པར་གདུང་བའི་བློས། །ཨ་ཧོ་རྩེ་གཅིག་གསོལ་བཏབ་མཐུས་བསྐུལ་བས། །ཨ་ལ་ལ་ཧོ་གནས་གསུམ་འོད་ཟེར་གྱིས། །ཨ་དོན་དབྱིངས་ནས་དབང་བཞིས་རྒྱུད་བཞི་གྲོལ། །མཐར་ནི་མོས་གུས་མཐུ་ཡིས་རང་ཉིད་ཀྱང་། །འོད་དུ་ཞུ་ནས་གུ་རུའི་ཐུགས་ཀར་ཐིམ། །ཐུགས་ཡིད་དབྱེར་མེད་རང་བབས་ཀློང་དུ་ཨ། །སྤྱོད་ལམ་ཀུན་ཏུ་བླ་མའི་རྣལ་འབྱོར་གྱི། །ལམ་ཁྱེར་མན་ངག་བཞིན་དུ་མཛད་འཚལ་ལོ།།

ཚེ་རབས་གཏན་གྱི་སྐྱབས་གཅིག་ཨོ་རྒྱན་ཆེན་པོ་ལ་བསྟོད་པ་ངོ་མཚར་སྤྲིན་གྱི་རོལ་མོ

༄༅། ཚེ་རབས་གཏན་གྱི་སྐྱབས་གཅིག་ཨོ་རྒྱན་ཆེན་པོ་ལ་བསྟོད་པ་ངོ་མཚར་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས།

ཨེ་མ་ཧོ། ཀ་དག་སྣང་མཐའི་ཐུགས་ཀའི་ས་བོན་ཧྲཱིཿ ཁ་དོག་མདངས་ལྡན་སིནྡྷུའི་དྭངས་མཚོར་བབས། །ག་དར་པདྨའི་སྡོང་པོར་བརྫུས་སྐྱེས་ཚུལ། །ང་ཡི་བླ་མ་མཚོ་སྐྱེས་རྡོ་རྗེར་བསྟོད། །ཅ་རེ་སྤྱན་མེད་འབྱོར་ལྡན་སྲས་ཀྱིས་ཕོངས། །ཆ་མེད་མཚོ་གླིང་རང་བྱུང་སྤྲུལ་སྐུར་མཇལ། །ཇ་དར་ལོངས་སྤྱོད་སྒྱུ་མའི་རྒྱལ་སྲིད་གཏད། །ཉ་ཟླ་སྤྲིན་བྲལ་རྒྱལ་སྲས་གཞོན་ནུར་བསྟོད། །ཏ་ན་ག་ན་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱིས། །ཐ་ཆད་སྡིག་བློན་ཆུང་མ་བུར་བཅས་བཀུམ། །ད་ལྟ་འཇིགས་ཡུལ་དུར་ཁྲོད་གནས་སུ་སྤྱུགས། །ན་ག་སྡེ་བརྒྱད་མཁའ་འགྲོའི་ཚོགས་རྗེར་བསྟོད། །པ་ཝ་སངས་སོགས་གཟའ་བརྒྱད་བྲན་དུ་ཁོལ། །ཕ་རོལ་ལམ་གཞུག་རབ་བྱུང་འདུལ་ཁྲིམས་བསྲུང་། །བ་གམ་བྲག་སོགས་གནས་བཞུགས་རིག་འཛིན་བརྒྱད། །མ་ནོར་གྲུབ་བརྒྱའི་ཐུགས་བཅུད་བླངས་ལ་བསྟོད། །ཙན་དན་མེ་དཔུང་དྭངས་བསིལ་ཆུ་མཚོར་བསྒྱུར། །ཚ་གྲང་གཞོམ་བྲལ་ཚེ་ཡི་རིག་འཛིན་བརྙེས། །ཛ་ཡའི་རྒྱལ་ཚབ་བསྟན་པའི་བདག་པོ་མཛད། །ཝ་འདྲའི་མུ་སྟེགས་རྒོལ་ངན་གཞོམ་ལ་བསྟོད། །ཞྭ་ལྟར་འཛམ་གླིང་མཁས་གྲུབ་གཙུག་གི་རྒྱན། །ཟ་བྱེད་སྲིན་རིགས་བོད་ཡུལ་མིག་གཅིག་པུ། །འ་འེ་ཙམ་མིན་འཇམ་དབྱངས་ཁྲི་སྲོང་རྗེའི། །ཡ་མཚན་སྙིང་གི་ནོར་བུར་གྱུར་ལ་བསྟོད། །རྭ་ལྟར་གཟེངས་བའི་རྒྱ་བོད་ལྷ་འདྲེ་བཏུལ། །ལ་ལུང་གཙུག་ལག་ཁང་དང་ཆོས་སྒྲས་བཀང་། །ཤ་ཟ་གདོང་དམར་སྲིན་པོའི་ཁ་གནོན་མཛད། །ས་བཅུའི་མཐར་སོན་ཨོ་རྒྱན་བླ་མར་བསྟོད། །ཧ་ལ་དུག་ལྔ་ལྕགས་ཁམས་གསེར་བསྒྱུར་ལྟར། །ཨ་ཧོ་ཡེ་ཤེས་དབྱིངས་སུ་མངོན་སངས་རྒྱས། །ཧ་ཅང་ཟོལ་མིན་མཆོག་གསུམ་ཀུན་འདུས་པ། །ཨ་མི་དྷེ་ཝའི་ཞལ་སྐྱིན་མཆོག་ལ་བསྟོད། །ཁྱེད་ལ་རྩེ་གཅིག་གདུང་བའི་བསྟོད་དབྱངས་འདིས། །ཁ་ཞེ་མངོན་ལྐོག་མེད་པར་གསོལ་འདེབས་ན། །བརྩེ་ཆེན་ཐུགས་རྗེས་བདག་ཉིད་རྗེས་བཟུང་ནས། །བྱང་ཆུབ་བར་དུ་མི་འབྲལ་སྐྱབས་མཛད་གསོལ། །ཅེས་པའང་རྒྱ་སྤྲུལ་མིང་ལྡོམ་བུ་པས་བྲིས་པ་ཛ་ཡནྟུ།

རྒྱལ་དབང་ཨོ་རྒྱན་ཆེན་པོར་བསྟོད་པའི་ཀ་ཕྲེང་ཕན་བདེའི་དཔལ་སྟེར།

༄༅། རྒྱལ་དབང་ཨོ་རྒྱན་ཆེན་པོར་བསྟོད་པའི་ཀ་ཕྲེང་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས།

ཀ་དག་རང་བྱུང་གདོད་མའི་མགོན་པོ་སིནྡྷུའི་དྭངས་མཚོར་པད་སྡོང་རྩེར། །ཁ་བ་ཅན་སོགས་གདུལ་དཀའི་འགྲོ་བ་ཐབས་ཀྱི་མཛད་པས་འདུལ་བའི་ཕྱིར། །ག་དར་སྤྲུལ་པའི་ཟློས་གར་བསྒྱུར་བ་རང་བྱུང་ལྷུན་གྲུབ་རྡོ་རྗེའི་སྐུ། །ང་ཅག་རྗེས་འཇུག་ལྷག་པའི་ལྷ་མཆོག་མཚོ་སྐྱེས་བླ་མར་སྙིང་ནས་འདུད། །ཅ་རེ་མིག་གིས་མཐོང་བའི་ཡུལ་མིན་རྔ་ཡབ་ཟངས་མདོག་དཔལ་གྱི་རིར། །ཆ་ལུགས་རྫུ་འཕྲུལ་ཅིར་ཡང་བསྒྱུར་བའི་རིག་འཛིན་དཔའ་བོ་དཔའ་མོའི་ཚོགས། །ཇ་རིལ་རུས་རྒྱན་སིལ་ཁྲོལ་གཡོ་ཞིང་བདེ་སྟོང་རོ་བརྒྱའི་ལང་ཚོས་སྒེག །ཉ་ཟླ་བྱེ་བའི་གཟི་མདངས་འཕྲོག་མཛད་བརྟུལ་ཞུགས་རྡོ་རྗེའི་གར་ལ་འདུད། །ཏ་ན་ག་ནའི་དགོངས་སྤྱོད་ཟབ་མོས་འབྲེལ་ཚད་རིག་འཛིན་ས་ལ་སྦྱོར། །ཐ་མལ་འགྲོ་བའི་མོས་ངོ་རྣམས་སུ་སྤྲུལ་པ་ཡང་སྤྲུལ་དེར་སྣང་སྟོན། །ད་ལྟའི་དུས་འདིར་ཉིད་ཀྱི་ཐུགས་རྗེ་བྱིན་རླབས་དེ་ནི་ལྷག་པར་མྱུར། །ན་རཀ་ངན་སོང་སྡུག་བསྔལ་ལ་སོགས་འགྲོ་བའི་གདུང་སེལ་ཁྱེད་ལ་འདུད། །པ་པཾ་མི་དགེའི་ལས་ཀྱི་མཐུས་ནོན་སྣང་ཞིང་སྲིད་པའི་ལྷ་མ་སྲིན། །ཕ་རོལ་རྒོལ་བ་ལྷག་མེད་གཞིལ་ནས་བསྟན་དང་འགྲོ་བའི་བདེ་སྐྱིད་ནི། །བ་དན་དཀར་པོ་མཁའ་ལ་སྒྲེང་བཞིན་ལྷུན་པོའི་སྤོ་ལ་ངོམ་མཛད་པ། །མ་བཅོས་རང་བྱུང་པདྨ་རྒྱལ་པོའི་གསང་གསུམ་ཡོན་ཏན་དེ་ལ་འདུད། །ཙ་རི་ཏྲ་སོགས་སྒྲུབ་གནས་དབེན་གནས་ཟབ་མོའི་གཏེར་ཁ་བྱེ་བས་བཀང་། །ཚ་ཟེར་འོད་སྣང་སྤྲོ་བསྡུ་ཇི་བཞིན་སྤྲུལ་པ་དུ་མས་ཟབ་ཁྱད་འདོན། །ཛ་ཡ་ཐུབ་དབང་བསྟན་པ་དང་ནི་འཛམ་གླིང་འགྲོ་བ་སྐྱོབ་པའི་ཕྱིར། །ཝ་སྤྱང་ཚོགས་རྣམས་གདོང་ལྔས་མཐར་བཞིན་ཤ་ཟ་སྲིན་པོ་འདུལ་ལ་འདུད། །ཞ་ལོང་ལ་སོགས་རྐྱེན་གྱིས་གདུང་བའི་འཇིགས་པ་མ་ལུས་སེལ་བར་མཛད། །ཟ་བྱེད་དྲེགས་པའི་སྡེ་ཚོགས་འདུལ་ལ་ལྷ་ཁྱོད་མཐུ་སྟོབས་རྨད་དུ་བྱུང་། །འ་འུར་རྒྱུན་དུ་གསོལ་འདེབས་བུ་ལ་གཡེལ་མེད་ཐུགས་བརྩེས་ཉེ་བར་དགོངས། །ཡ་མཚན་ཆེ་བའི་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་ལ་འདུད། །ར་བའི་ལྗོངས་འདིའི་སྐལ་བཟང་སྐྱེས་བུ་ལས་དང་སྨོན་ལམ་ལྡན་པ་རྣམས། །ལྭ་དཀར་རས་རྐྱང་གོས་ཀྱིས་འཚོ་བའི་གཏུམ་མོའི་འོད་གསལ་ལ་བརྟེན་ནས། །ཤ་ཁྲག་གདོས་བཅས་ཚེ་ལུས་གཅིག་ལ་འོད་སྐུར་དེངས་བའི་ཐབས་མཆོག་ལམ། །ས་སྟེང་བསྟན་འགྲོར་ཐུན་མོང་མ་ཡིན་ཐུན་མིན་སྟོན་མཛད་དེ་ལ་འདུད། །ཧི་མ་ལ་དང་ཚནྡྷོ་ཧ་སོགས་ཉེ་དང་འདུ་བའི་ཉེ་གནས་སུ། །ཧེ་རུ་ཀ་པའི་བརྟུལ་ཞུགས་སྤྱོད་པའི་རིག་འཛིན་རྒྱ་མཚོའི་སྤྲོ་གཞི་ཆེ། །ཨུ་མ་དེ་ཝ་གཙོ་འཁོར་ལ་སོགས་མཁའ་འགྲོ་བྱེ་བའི་ཚོགས་དཔོན་མཆོག །ཨོ་ཊི་ཡ་ན་རང་བྱུང་རྡོ་རྗེ་གར་གྱི་དབང་ཕྱུག་དེ་ལ་འདུད།། ཅེས་པའང་ཙི་ནའི་སྤྲུལ་མིང་པས་སོ།།

བླ་མ་མཚོ་སྐྱེས་རྡོ་རྗེར་བསྟོད་པ།

༄༅། བླ་མ་མཚོ་སྐྱེས་རྡོ་རྗེར་བསྟོད་པ་བཞུགས།

ཀ་དག་སྣང་མཐའི་ཐུགས་ཀའི་ཡི་གེ་ཧྲཱིཿ ཁ་ཏོག་ལྔ་ལྡན་སིནྡྷུའི་རྒྱ་མཚོར་བབས། །ག་དར་པདྨའི་སྦུབས་སུ་བརྫུས་སྐྱེས་ཚུལ། །ང་ཡི་བླ་མ་མཚོ་སྐྱེས་རྡོ་རྗེར་བསྟོད། །ཅ་ག་འཇིག་རྟེན་ཚུལ་མཐུན་རྒྱལ་པོ་མཛད། །ཆ་ལུགས་རྒྱལ་སྲས་གཞོན་ནུ་རྩེད་འཇོར་རོལ། །ཇ་ཁ་འཁོར་བའི་སྐྱོན་ལས་ཐུགས་སྐྱོ་ནས། །ཉ་ཏོག་བདུད་བློན་སེམས་སུན་ཕྱུང་ལ་བསྟོད། །ཏ་ན་ག་ན་སྦྱོར་སྒྲོལ་བརྟུལ་ཞུགས་ཀྱིས། །ཐ་དད་དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད། །ད་ལྟའི་འགྲོ་ལ་དགོངས་ནས་རབ་ཏུ་བྱུང་། །ན་རིམ་བསྟན་ལ་བྱ་བ་མཛད་ལ་བསྟོད། །པ་སངས་ལྟར་དཀར་སྔོན་སྨོན་ཐུགས་བསྐྱེད་མཐུས། །ཕ་རོལ་འགྲོ་བའི་སྣང་སེམས་དབང་དུ་བསྡུས། །བ་དྭགས་སྲོག་གསོས་ཚེ་ཡི་རིག་འཛིན་འགྲུབ། །མ་ལུས་རྒྱལ་བའི་དགོངས་བཞེད་སྐྱོང་ལ་འདུད། །རྩ་རླུང་ཐིག་ལེ་ཡེ་དག་རྒྱལ་བའི་སྐུ། །ཚ་བའི་མེས་བསྲེགས་གྲང་བསིལ་ཆུ་མཚོར་བསྒྱུར། །ཛ་ཡ་བདག་མེད་ཆོས་ཀྱི་སེང་གེའི་སྒྲས། །ཝ་འདྲའི་མུ་སྟེགས་རྒོལ་ངན་བཅོམ་ལ་བསྟོད། །ཞྭ་བཞིན་འཕགས་བོད་མཁས་གྲུབ་གཙུག་གི་རྒྱན། །ཟ་བྱེད་བོད་ཀྱི་ལྷ་སྲིན་དམ་ལ་བཏགས། །འ་ཅག་མ་འོངས་འགྲོ་ལ་རྗེས་བརྩེ་བས། །ཡ་མཚན་གཏེར་གྱིས་ས་སྟེང་བཀང་ལ་བསྟོད། །ར་བ་གངས་ཅན་རྒྱལ་ཁམས་ཆོས་ལ་བཙུད། །ལ་ལུང་ཀུན་ཏུ་མཁས་གྲུབ་སྐར་ལྟར་བཀྲམ། །ཤ་ཟ་མ་རུང་སྲིན་པོའི་ཁ་གནོན་མཛད། །ས་གསུམ་འགྲོ་བའི་དེད་དཔོན་ཁྱོད་ལ་བསྟོད། །ཧ་ལ་དུག་ལྔ་ཡེ་ཤེས་རྣམ་པ་རུ། །ཨ་ཧོ་ལྕགས་ཁམས་གསེར་འགྱུར་རྩིས་ཐེབས་བཞིན། །ཨ་ཏི་གསང་ཆེན་གདམས་པའི་བདུད་རྩི་ཡིས། །ཨ་ལ་ལ་ཧོ་འགྲོ་ཀུན་སྐྱོང་ལ་བསྟོད། དེ་ལྟར་གསལ་བྱེད་མུ་ཏིག་ཕྲེང་བ་འདི། །དད་གསུམ་གསེར་གྱི་སྐུད་པར་ལེགས་བསྒྱུས་ནས། །བློ་གསལ་སྒེག་མོ་དགྱེས་པའི་རྒྱན་དུ་སྤེལ། །ཕན་བདེའི་དགའ་སྟོན་རོལ་བའི་དཔལ་དུ་ཤོག། བྷུ་སུ་ཀུ་པ་རྒྱ་སྤྲུལ་གྱིས་སོ།།

བླ་མ་པདྨ་འབྱུང་གནས་ལ་བསྟོད་པའི་ཀ་ཕྲེང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་མཚན།

༈ བླ་མ་པདྨ་འབྱུང་གནས་ལ་བསྟོད་པའི་ཀ་ཕྲེང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་མཚན་ཞེས་བྱ་བ་བཞུགས། ཀ་དག་རང་བྱུང་པདྨའི་སྡོང་པོ་ལ། །ཁ་ཏོག་མ་འགགས་འོད་ལྔའི་གུར་ཁང་ཀློང་། །ག་དར་དྲི་བྲལ་བརྫུས་སྐྱེས་སྤྲུལ་པའི་སྐུ། །ང་ཡི་བླ་མ་པདྨ་འབྱུང་གནས་མཁྱེན། །ཅ་ཅོའི་འཁྲུལ་ངག་ཐོས་པས་སེམས་འཁྲུགས་ཤིང་། །ཆ་ལུགས་ཡུམ་དང་འཁྲིལ་བ་ངན་རྟོག་བློས། །ཇ་ཁ་དུད་འཁྲིགས་ཙནྡན་མེར་བསྲེགས་ཀྱང་། །ཉ་གནས་བསིལ་བའི་མཚོ་རུ་བསྒྱུར་ལ་བསྟོད། །ཏ་ཐཱ་ག་ཏ་ཀུན་དང་དབྱེར་མེད་ཀྱང་། །ཐ་དད་དུར་ཁྲོད་བརྒྱད་དུ་སྒྲུབ་པ་མཛད། །ད་ལྟ་མཛའ་བའི་གྲོགས་བཞིན་ལྷ་ཞལ་མཇལ། །ན་དཱའི་དབྱིངས་ནས་བཀའ་བགྲོས་མཛད་ལ་བསྟོད། །པ་པཾ་སྡིག་པའི་དབང་གྱུར་བདུད་རྒྱལ་གྱིས། །ཕ་རོལ་སྲོག་གཤེད་ཆུ་ལ་བསྐྱུར་ན་ཡང་། །བ་དན་མཁའ་ལ་ཕྱར་ལྟར་རྫུ་འཕྲུལ་གྱིས། །མ་རུང་རྒོལ་ངན་ཟིལ་གྱིས་གནོན་ལ་བསྟོད། །ཙ་མ་ར་ལྟར་ཁེངས་པའི་མུ་སྟེགས་དཔུང་། །ཚ་ཟེར་གནམ་ལྕགས་མཚོན་ཆས་ཚར་བཅད་ནས། །ཛ་ཡ་བདག་མེད་སེང་གེའི་ང་རོ་ཡིས། །ཝ་སྐྱེས་ལོག་སྨྲའི་ཀླད་པ་འགེམས་ལ་བསྟོད། །ཞྭ་དམར་པདྨ་མཐོང་གྲོལ་ཟབ་བེར་སོགས། །ཟ་ཧོར་རྒྱལ་པོའི་ཚུལ་གྱིས་གཞན་སྣང་བསྒྱུར། །འ་འོལ་སྣང་སྲིད་ཆོས་སྐུར་རོ་མཉམ་པའི། །ཡ་མཚན་གྲུབ་བརྒྱའི་ཁྱུ་མཆོག་ཁྱོད་ལ་བསྟོད། །ར་བ་གངས་ལྗོངས་ལྷ་སྲིན་གདུག་པའི་ཚོགས། །ལ་ལ་མ་ཡིན་ཐམས་ཅད་དམ་ལ་བཏགས། །ཤ་ཟ་མ་རུང་སྲིན་པོའི་ཁ་གནོན་ཕྱིར། །ས་གསུམ་དཔའ་བོ་ཆེན་པོར་གྱུར་ལ་བསྟོད། །ཧ་ཅང་གཅམ་བུའི་ཟོལ་མིན་གདུང་བའི་བློས། །ཨ་ཧོ་སྐྱབས་མཆོག་ཁྱོད་ལ་གུས་བསྟོད་པས། །ཧ་ལ་དུག་ལྔའི་དབང་གྱུར་སྙིགས་མའི་འགྲོ། །ཨ་དོན་དབྱིངས་ནས་རྟག་ཏུ་ཐུགས་རྗེས་ཟུངས། །ཅེས་པའང་སྤྲུལ་མིང་པ་པདྨ་དོན་ལྡན་གྱིས་བྲིས་པ་དགེའོ། །

གུ་རུ་མཚན་བརྒྱད་ཀྱི་མངོན་རྟོགས་དང་ཅུང་ཟད་འབྲེལ་བའི་བསྟོད་པ་ཀ་ལ་པིངྐའི་དབྱངས་སྙན།

༈ གུ་རུ་མཚན་བརྒྱད་ཀྱི་མངོན་རྟོགས་དང་ཅུང་ཟད་འབྲེལ་བའི་བསྟོད་པ་ཀ་ལ་པིངྐའི་དབྱངས་སྙན་བཞུགས།

གུ་རུ་པདྨ་ཀཱ་ར་ན་མསྟུ་ཏེ། ཀ་དག་དབྱིངས་སྤྲུལ་མཐིང་ག་ལོངས་སྐུའི་ཆས། །ཁ་སྦྱོར་ལྷ་ལྕམ་དཀར་མོས་གྲི་ཐོད་འཁྲིལ། །ག་དར་པད་སྟེང་རྡོ་རྗེ་སྡིག་མཛུབ་གདེངས། །ང་བདག་རང་གྲོལ་པདྨ་འབྱུང་གནས་བསྟོད། །ཅ་རེ་མིག་རྒྱན་དཀར་དམར་མཛེས་འཛུམ་ཞལ། །ཆ་ལུགས་རབ་བྱུང་པཎ་ཞུ་དབང་མདོག་གསོལ། །ཇ་རིལ་བདུད་རྩིའི་ཐོད་བཀང་མཆོག་སྦྱིན་མཛད། །ཉ་ཟླའི་མདངས་འཕྲོག་པདྨ་སཾ་བྷར་བསྟོད། །ཏ་ཐཱ་ག་ཏ་གསེར་མདོག་མཚན་དཔེས་སྤྲས། །ཐ་མལ་བདུད་འདུལ་ས་གནོན་མཉམ་བཞག་མཛད། །ད་ལྟ་བསྟན་པའི་མངའ་བདག་ཆོས་གོས་གསོལ། །ན་རཀ་འཇིགས་སྐྱོབ་ཤཀྱཱ་སེང་གེར་བསྟོད། །པ་སངས་ལྟར་དཀར་དར་ཐོད་བེར་དམར་ཀླུབས། །ཕ་རོལ་དབང་སྡུད་དམར་གསལ་ཌ་རུ་སྒྲོགས། །བ་ལིང་ཚོགས་རྗེ་རིན་ཆེན་རྒྱན་ཕྲེང་ངོམ། །མ་ལུས་ཟིལ་གནོན་པདྨ་རྒྱལ་པོར་བསྟོད། །ཙ་ན་ཀ་སོགས་རིག་གནས་ཀུན་ལ་དབང་། །ཚ་ཟེར་ཅན་བཞིན་མུན་སེལ་སྐུ་མདོག་དཀར། །ཛ་ཡའི་རྒྱལ་ཚབ་ཌ་རུ་པད་ཕོར་བསྣམས། །ཝ་ལེར་བློ་ལྡན་མཆོག་སྲེད་ཞབས་ལ་བསྟོད། །ཞྭ་ཐོད་སྤངས་པའི་ཐོར་གཙུག་རུས་རྒྱན་བརྗིད། །ཟ་བྱེད་སྟག་ཤམ་དབང་མདོག་སྒོམ་ཐག་གསོལ། །འ་ཅག་མུན་སེལ་ཉི་ཟེར་ཁ་ཊཱཾ་བསྣམས། །ཡ་མཚན་གསེར་མདངས་ཉི་མ་འོད་ཟེར་བསྟོད། །ར་ག་དམར་སྨུག་ཁྲོ་ཞལ་ཨམ་གཙིགས་བསྡམ། །ལྭ་དར་བེར་སྔོན་ཆོས་གོས་མགོ་ཕྲེང་རྔམས། །ཤ་ཟ་སྟག་ཞོན་རྡོ་རྗེ་ལྕགས་ཕུར་གདེངས། །ས་གསུམ་བགེགས་འདུལ་རྡོ་རྗེ་གྲོ་ལོད་བསྟོད། །ཧ་ལ་དུག་ལྔ་འཇོམས་ཕྱིར་སེང་ལྤགས་གསོལ། །ཨ་ཧོ་མཐིང་ནག་རྡོ་རྗེ་ཁྱུང་ཁྲ་འགྱེད། །ཨ་དོན་སྟོན་པའི་བདག་ཉིད་སེང་གེའི་སྒྲ། །ཨ་དབྱིངས་སྐྱེ་མེད་ཀློང་ནས་སྒྲོགས་ལ་བསྟོད།།

འཕགས་མ་སྒྲོལ་མ་དཔའ་མོ་ལ་བསྟོད་པ་བརྒྱ་བྱིན་ལྷ་ཡི་རྔ་སྒྲ།

༈ འཕགས་མ་སྒྲོལ་མ་དཔའ་མོ་ལ་བསྟོད་པ་བརྒྱ་བྱིན་ལྷ་ཡི་རྔ་སྒྲ་བཞུགས་སོ།། ཨོཾ་སྭ་སྟི། དུས་གསུམ་རྒྱལ་བའི་ཕྲིན་ལས་འདོད་རྒུའི་གཏེར། །དུས་གསུམ་འགྲོ་ལ་སྩོལ་བའི་ལྷ་ཡི་ལྷ། །དུས་གསུམ་ཀུན་ཏུ་བདུད་འདུལ་དཔའ་མོ་ཆེ། །དུས་གསུམ་མཁྱེན་ཅིང་འཇིགས་ཚོགས་སྐྱོབས་ལ་འདུད། །མི་བཟད་འཁོར་བའི་སྡུག་བསྔལ་མཐའ་དག་དང་། །མི་མཐུན་འཇིགས་པ་བརྒྱད་དང་བཅུ་དྲུག་ལས། །མི་འཇིགས་སྦྱིན་ལ་དཔའ་བའི་རྗེ་བཙུན་མ། །མི་བཟོད་གདུང་བས་རྟག་ཏུ་གསོལ་འདེབས་ན། །གང་ཐུགས་ཆོས་སྐུ་ཞི་བའི་ལྷ་ལམ་ལས། །གང་གི་མཁྱེན་བརྩེ་ནུས་པའི་འོད་སྣང་འབུམ། །གང་ལ་ཤར་བས་ཕན་བདེའི་འདབ་སྟོང་ཅན། །གང་ཞིག་བཞད་པའི་ངོ་མཚར་སྙིང་ལ་སིམས། །ཀ་དག་ལོག་པར་བལྟས་པའི་གངས་རིའི་རྒྱུད། །ཁ་ལྟས་རྒྱུ་འབྲས་ཁྱད་གསོད་དཔའ་སྐད་འདོན། །ག་དར་ཁྱིམ་སོགས་རང་མཐོང་ལུས་བོང་བརྗིད། །ང་རྒྱལ་སེང་གེའི་འཇིགས་ལས་སྐྱོབས་ལ་འདུད། །ཅ་ཅོ་མི་སྙན་སྒྲ་དང་མྱུར་ཤུགས་ཀྱིས། །ཆ་མེད་འཇིགས་རུང་གཡང་ལ་སྐྱེ་བོ་འཁྲིད། །ཇ་ཁ་འདམ་རྙོག་རླབས་ཕྲེང་ཁྲོ་གཉེར་ངོམ། །ཉ་གྲོང་ཆུ་བོའི་འཇིགས་ལས་སྐྱོབ་ལ་འདུད། །ཏ་ལ་དགེ་བའི་ལྗོན་ཤིང་ཐལ་བར་བརླག །ཐ་ཆད་ཚིག་རྩུབ་འཐོར་རླུང་རྗེས་སུ་སྙེགས། །ད་ལྟ་བདེ་བའི་དཔལ་འཇོམས་ཞེ་སྡང་མེ། །ན་བུན་འཁྲིགས་པའི་འཇིགས་ལས་སྐྱོབས་ལ་འདུད། །པ་པཾ་སྡིག་པ་བྲང་འོག་ཁུང་བུར་ཡིབ། །ཕ་རོལ་བདེ་སྐྱིད་མཐོང་ཚེ་རང་སྙིང་འགས། །བ་དྭགས་གཡོ་སྒྱུའི་འཁྱོགས་འགྲོས་ཕྲག་དོག་དུག །མ་རུང་སྦྲུལ་གདུག་འཇིགས་ལས་སྐྱོབ་ལ་འདུད། །ཙ་མ་རི་སོགས་སྲོག་ཆགས་གསོད་དང་སྦེད། །ཚ་ཟེར་ཅན་དང་འགྲས་བཞིན་སྨག་ལ་རྒྱུ། །ཛ་ལང་ལྟ་བས་གཞན་ནོར་ཆུད་ཟོས་བྱེད། །ཝ་འདྲའི་རྐུན་པོའི་འཇིགས་ལས་སྐྱོབ་ལ་འདུད། །ཞ་བོ་ཇི་བཞིན་ཟས་ནོར་ཕུག་ཏུ་སྦས། །ཟ་བྱེད་ཆུ་སྲིན་ཁ་ལྟར་གཏོང་མི་ནུས། །འ་ཅག་སྲིད་པར་སྡོམ་བྱེད་སེར་སྣའི་རྒྱ། །ཡ་ང་ལྕགས་སྒྲོགས་འཇིགས་ལས་སྐྱོབ་ལ་འདུད། །ར་བ་བག་ཡོད་དྲན་ཤེས་མཆིལ་བ་དོར། །ལ་ལུང་སྐྱེ་བོའི་སྐྱོན་རྟོག་སྣ་ལྗགས་རིང་། །ཤ་ཟ་ལྟར་འཚེ་གཏི་མུག་གཉིས་འཐུང་མཐུས། །ས་ལམ་དམན་ཞུགས་འཇིགས་ལས་སྐྱོབ་ལ་འདུད། །ཧ་ཅང་དཔྱད་ཀྱང་བློ་འདས་མཉམ་པའི་དབྱིངས། །ཨ་ཧོ་ངེས་དོན་གནས་ལུགས་མ་མཐོང་བར། །ཧ་ལམ་གོ་བའི་ཕྱོགས་ཙམ་མཐོང་བ་ལ། །ཐེ་ཚོམ་ཤ་ཟའི་འཇིགས་ལས་སྐྱོབས་ལ་འདུད། །མདོར་ན་ཕྱི་ནང་གསང་བའི་འཇིགས་ཚོགས་ལས། །སྐྱོབ་ལ་རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །རྗེ་བཙུན་དཔའ་མོ་འཕགས་མ་སྒྲོལ་མ་ཞེས། །གྲགས་སྙན་སྲིད་མཐར་བརྒལ་ལ་སྙིང་ནས་འདུད། །ཁྱོད་ཞལ་ཡིད་ལ་དྲན་པའི་འོད་སྟོང་གིས། །བར་ཆད་མུན་པ་མིང་གི་ལྷག་མར་བྱས། །འདི་ཕྱིའི་བདེ་སྐྱིད་ཚེ་བསོད་སྣང་བ་རྒྱས། །འགྲོ་ཀུན་འདྲེན་ལ་ཁྱོད་དང་མཉམ་པར་ཤོག །གང་ཤར་གྲོང་ཚིག་པདྨའི་ཕྲེང་། །རང་མཉམ་བྱིས་པའི་རྒྱན་འོས་ཀྱང་། །མཁས་པ་ཐོས་པའི་ལང་ཚོ་ཡིས། །རྒྱགས་པའི་གཡོན་མིག་ཅན་ལ་མིན། །འོན་ཀྱང་དད་པའི་སྐྱེད་ཚལ་ནས། །བསྟོད་ཚིག་སོར་མོས་བླངས་པ་ལས། །རང་མཐོང་རིན་ཐང་རྩོད་དང་བྲལ། །དེ་ཕྱིར་དགེ་བས་མཆོད་པར་འོས།། རིག་འཛིན་ལུང་རིག་གླིང་བས་ཐོལ་བྱུང་ཐོགས་མེད་དུ་སྨྲས་པ་དགེ་ལེགས་འཕེལ།

རྒྱལ་ཡུམ་ཨརྱ་ཏཱ་རེར་བསྟོད་པའི་ཀ་ཕྲེང་ཨུཏྤལ་ཆུན་པོ།

༈ རྒྱལ་ཡུམ་ཨརྱ་ཏཱ་རེར་བསྟོད་པའི་ཀ་ཕྲེང་ཨུཏྤལ་ཆུན་པོ་ཞེས་བྱ་བ་བཞུགས།

ཀ་དག་གཟོད་ནས་རྣམ་གྲོལ་འོད་གསལ་འདུས་མ་བྱས་དབྱིངས་ཀུན་བཟང་མོ། །ཁ་སྦྱོར་ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྤྱོད་རྫོགས་པར་ཌཱཀྐིའི་གཙོ། །ག་དར་མཁྱེན་བརྩེའི་ཡེ་ཤེས་གཅིག་བསྡུས་སྤྲུལ་པའི་ཟློས་གར་ཏཱ་རེ་ཡུམ། །ང་ཅག་ཚེ་རབས་ལྷག་པའི་ལྷ་གཅིག་སྒོ་གསུམ་གུས་པས་སྙིང་ནས་འདུད། །ཅ་རེ་མཐོང་བས་བལྟར་མི་བཟོད་པའི་མཚན་དཔེའི་མཛེས་སྡུག་ལང་ཚོ་ནི། །ཆ་ཤས་དཔལ་ཡོན་ཀུན་ནས་རྫོགས་པའི་འཇོ་སྒེག་སྙིང་གི་ཐིག་ལེའི་དཔྱིད། །ཇ་ཁ་ར་རི་དྲི་མའི་སྐྱོན་བྲལ་ཚུལ་དགུའི་འོད་སྣང་བྱེ་བས་འཁྱུད། །ཉ་ཟླ་འབུམ་གྱི་གཟི་འོད་རབ་འབར་འཛམ་གླིང་མུན་སེལ་དེ་ལ་འདུད། །ཏཱ་རེ་ཙམ་གྱི་མཚན་ཐོས་འགྲོ་རྣམས་སྲིད་པའི་འཇིགས་ལས་དབུག་དབྱུང་མཛད། །ཐ་དད་མི་དམིགས་རང་རིག་ཡེ་ཤེས་བདེ་ཆེན་ཀློང་དུ་འདུ་འབྲལ་མེད། །ད་ལ་གདན་གསུམ་ལྷ་ཡི་འཁོར་ལོ་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ། །ན་དཱའི་དབྱིངས་ལས་སྐྱེ་བའི་ཚུལ་སྣང་ཟུང་འཇུག་ཡེ་ཤེས་རོལ་བར་འདུད། །པ་པཾ་མི་དགེའི་ལས་ཀྱིས་མངོན་རྟོག་འཇིགས་པ་ཆེན་པོ་བརྒྱད་སོགས་ནི། །ཕ་རོལ་ཕྱིན་ཡུམ་འཕགས་མའི་ཚོགས་ཀྱིས་ཚད་མེད་ཐུགས་རྗེ་མྱུར་ཕྱུང་ནས། །བ་མོར་ཉི་ཟེར་ཕོག་པ་ཅི་བཞིན་སྡུག་བསྔལ་མ་ལུས་ཞི་མཛད་པའི། །མ་ཁྱོད་རྫུ་འཕྲུལ་ཆེ་བའི་ཡོན་ཏན་དྲན་བཞིན་སྙིང་ནས་ལན་བརྒྱར་འདུད། །ཙ་ར་ཅི་བཞིན་བླུན་ཞིང་རྨོངས་པའི་འགྲོ་བ་ལས་དང་ཉོན་མོངས་ཀྱིས། །ཚ་གདུང་བཟོད་དཀའ་ཉིད་ཀྱི་ཐུགས་རྗེའི་གྲིབ་བསིལ་མཐུ་ལ་བརྟེན་ནས་ནི། །ཛ་ཡ་སྲས་བཅས་གཤེགས་ཤུལ་བདེ་ནས་བདེ་བའི་ངལ་སྟེགས་མཐོན་པོ་ལ། །ཝ་ལེར་འགོད་པའི་དུས་གསུམ་རྒྱལ་བའི་ཕྲིན་ལས་མ་ཁྱོད་རབ་ཏུ་འདུད། །ཞ་ལོང་དམན་པའི་འགྲོ་བ་སྤྲང་པོ་ཟས་གོས་འཚོལ་བ་རྣམས་དང་ནི། །ཟ་ཐང་ལོངས་སྤྱོད་ཆོས་སྲིད་འབྱོར་བ་མངོན་མཐོའི་དཔལ་ལ་རོལ་བས་ཀྱང་། །འ་འུར་ལྷ་ཁྱོད་གསོལ་བ་བཏབ་ན་གང་འདོད་འབད་མེད་མྱུར་དུ་འགྲུབ། །ཡ་མཚན་རྨད་བྱུང་ཐུགས་རྗེའི་བདག་ཉིད་འགྲོ་བའི་དེད་དཔོན་མ་ལ་འདུད། །རལ་བའི་ཁྲོད་ན་འོད་དཔག་མེད་མགོན་རིགས་ཀྱི་བདག་པོར་རྟག་པར་བཞུགས། །ལ་ལ་ཙམ་གྱི་རིས་གཅོད་དང་བྲལ་མཐའ་ཡས་འགྲོ་ལ་བརྩེ་བས་དགོངས། །ཤ་ཟ་མཁའ་འགྲོ་བདུད་སྲིན་ཡོངས་ཀྱིས་ཞབས་ཟུང་པདྨོ་གཙུག་ཏུ་བསྙེན། །ས་གསུམ་སྡེ་ནས་རྣམ་པར་རྒྱལ་བའི་མྱུར་མ་དཔའ་མོ་དེ་ལ་འདུད། །ཧི་མ་ལ་ཡི་གྲོང་ཁྱེར་ལ་སོགས་གནས་དང་ཡུལ་གྱི་ཞིང་ཀུན་ནས། །ཧེ་རུ་ཀ་དཔལ་རྟག་པར་དགྱེས་རོལ་ཆགས་མེད་ཆགས་པའི་བརྟུལ་ཞུགས་ངོམ། །ཨུཏྤལ་སྔོན་པོའི་ཆུན་འཕྱངས་གྱིས་བརྒྱན་མ་ཚོགས་མཁའ་འགྲོ་བྱེ་བ་འབུམ། །ཨོ་ཊི་ཡ་ན་དག་པའི་ཞིང་སོགས་རྗེ་བཙུན་མ་དང་དབྱེར་མེད་འདུད།། རྒྱ་སྤྲུལ་བས་སོ།།

སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལ་བསྟོད་པ་ཀ་ལ་པིངྐའི་མགྲིན་གླུ།

༈ སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ལ་བསྟོད་པ་ཀ་ལ་པིངྐའི་མགྲིན་གླུ་ཞེས་བྱ་བ་བཞུགས།

ཨེ་མ་ཧོ། ཀ་ལིང་སྲིན་པོའི་དཔེར་འོས་སྲོག་ཆགས་ཆེ། །ཁ་གདངས་མིག་བསྒྲད་རྣོ་དབལ་མཆེ་སྡེར་ཅན། །ག་དར་གངས་རིར་གནས་བཅས་གདུག་པའི་ཉམས། །ང་རྒྱལ་སེང་གེའི་འཇིགས་པ་སྐྱོབ་ལ་བསྟོད། །ཅ་ཅོ་མི་སྙན་སྒྲ་ཡིས་སྣ་དྲངས་ནས། །ཆ་མེད་གཤིན་རྗེའི་ཡུལ་དུ་སྐྱེལ་ལ་མྱུར། །ཇ་ཁ་རྙོག་མའི་ཁྲོ་གཉེར་རླབས་འཁྲུགས་པའི། །ཉ་གྲོང་ཆུ་བོའི་འཇིགས་པ་སྐྱོབ་ལ་བསྟོད། །ཏ་ལའི་ནགས་སོགས་ཡུལ་དང་ནོར་རྫས་བསྲེགས། །ཐ་དད་ལུས་སེམས་ཚ་བའི་དབལ་གྱིས་འབྱེད། །ད་ལྟ་མཐོང་ངམ་ཐོས་པས་བཟོད་དཀའ་བའི། །ན་བུན་མེ་ཡི་འཇིགས་པ་སྐྱོབ་ལ་བསྟོད། །པ་ཏྲ་རིས་བཞིན་འཁྱོགས་འགྲོས་ཁུང་བུར་ཡིབ། །ཕ་རོལ་ཕུན་ཚོགས་མི་བཟོད་ཕྲག་དོག་ཅན། །བ་གམ་བྲག་དང་ནགས་ཁྲོད་སྟུག་པོར་རྒྱུ། །མ་རུང་དུག་སྦྲུལ་འཇིགས་པ་སྐྱོབ་ལ་བསྟོད། །ཙ་མ་ར་སོགས་སྲོག་ཆགས་ཤ་ཁྲག་རློམས། །ཚ་ཟེར་ཅན་དང་མི་མཐུན་མཚན་མོ་རུ། །ཛ་ལང་སྤྱོད་རྩུབ་སྲོག་དང་ནོར་གྱི་གཤེད། །ཝ་འདྲའི་རྐུན་པོའི་འཇིགས་པ་སྐྱོབ་ལ་བསྟོད། །ཞ་གྲུམ་ནད་བཞིན་ཕྱོགས་སུ་འགྲོ་མི་སྟེར། །ཟ་བྱེད་ཆུ་སྲིན་ཁ་ལྟར་བཙོན་རར་བསྡམས། །འ་འུར་གཤེད་མའི་ཁྲོ་གཉེར་བསྲུང་མར་བཅས། །ཡ་ང་ལྕགས་སྒྲོག་འཇིགས་པ་སྐྱོབ་ལ་བསྟོད། །རྭ་ལྟར་རྒྱུད་གྱོང་གཞན་ལ་གནོད་སེམས་ཅན། །ལ་ལུང་བགྲོད་དམ་སྡོད་ཀྱང་སྦྱོར་ངན་ཤོམས། །ཤ་ཟ་མི་བསྲུན་འབྱུང་པོའི་འཇིགས་པ་དང་། །ས་བདག་རྒྱལ་པོའི་ཆད་པ་སྐྱོབ་ལ་བསྟོད། །ཧ་ལ་དུག་ཆུས་མྱོས་པའི་གཉིས་འཐུང་དང་། །ཨ་རོག་ཁ་དཀར་སྙིང་ནག་གྱིས་སྦྱར་བའི། །ཧ་ལའི་དུག་དང་རིམས་སོགས་འཇིགས་ཚོགས་ཀུན། །ཨ་ཧོ་དྲན་པས་སྐྱོབ་མཛད་སྒྲོལ་མར་བསྟོད། །འཇིགས་པ་བརྒྱད་སྐྱོབ་རྗེ་བཙུན་སྒྲོལ་མ་ལ། །བསྟོད་པ་ཀ་ལ་པིངྒའི་མགྲིན་གླུ་འདི། །འཕགས་མ་གང་ལ་རྩེ་གཅིག་དད་པའི་བློས། །དགེ་སྦྱོང་ལུང་རིག་མིང་གིས་བྲིས་པ་དགེ།།

འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

༈ འཕགས་པ་སྤྱན་རས་གཟིགས་ལ་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་བཞུགས།

ཀ་རུ་ཎི་ཀ་རྒྱལ་ཀུན་ཐུགས་རྗེའི་གཏེར། །ཁ་བ་ཅན་གྱི་སྐྱབས་གཅིག་ཡིད་བཞིན་ནོར། །ག་དར་དྲི་མེད་གངས་རིའི་མདངས་འཛིན་སྐུ། །ང་ཡི་ལྷ་མཆོག་སྤྱན་རས་གཟིགས་དབང་བསྟོད། །ཅ་ཅོ་མ་ཡིན་ངོ་མཚར་ཡི་གེ་དྲུག །ཆ་ཙམ་བཟླས་དང་བྲིས་པ་མཐོང་བས་ཀྱང་། །ཇ་ཁ་རྙོག་མའི་ཉོན་མོངས་ངང་གིས་ཞི། །ཉ་ཟླ་སྤྲིན་བྲལ་འཕགས་པའི་གསུང་ལ་བསྟོད། །ཏ་ལེར་ཉི་མ་ཤར་བས་མུན་སངས་བཞིན། །ཐ་དད་མ་ཡིན་སྟོང་ཉིད་སྙིང་རྗེ་གཉིས། །ད་ལྟ་ཟུང་འཇུག་སྐད་ཅིག་དྲན་པས་ཀྱང་། །ན་རཀ་འཇིགས་སྐྱོབ་འཕགས་པའི་ཐུགས་ལ་བསྟོད། །པ་ཎི་ཕྱག་བཞིའི་ཐལ་སྦྱར་པད་ཕྲེང་འཛིན། །ཕ་རོལ་ཕྱིན་དྲུག་རྒྱན་རྫོགས་དཀྱིལ་ཀྲུང་བཞུགས། །བ་མཆོག་དཔག་བསམ་ཤིང་བཞིན་འདོད་སྟེར་དཔལ། །མ་ལུས་འགྲོ་བའི་དབུལ་བ་སེལ་ལ་བསྟོད། །ཙན་དན་སྤོས་ཆུ་མེ་ཏོག་ཆར་འབེབ་པས། །ཚ་དབལ་མནར་མེད་མེ་ཡང་ཆིལ་ཆིལ་གཞིལ། །ཛ་ཡའི་རྣམ་རོལ་ཐུབ་དྲུག་སྤྲུལ་བ་འགྱེད། །ཝ་ཆུའི་རྒྱུན་བཞིན་བྱམས་བརྩེས་སྐྱོང་ལ་བསྟོད། །ཞྭ་ཐོད་མཛེས་བཞིན་སྣང་མཐའ་དབུ་ལ་བརྒྱན། །ཟ་བྱེད་སྡང་སེམས་ལྡན་རྣམས་སྙིང་རྗེས་འདུལ། །འ་འོལ་ཙམ་མིན་རང་བདེ་རྩྭ་བཞིན་དོར། །ཡ་མཚན་གཞན་བདེའི་བྱེད་པོ་གཅིག་པུར་བསྟོད། །ར་ག་དབང་མཛད་སྣང་སྲིད་ཟིལ་གྱིས་གནོན། །ལ་ལར་མ་ངེས་ཞི་ཆགས་ཁྲོ་ཚུལ་སྟོན། །ཤ་ཟ་གདོང་དམར་འདུལ་ལ་ཐུབ་པས་བསྔགས། །ས་བཅུའི་དབང་ཕྱུག་ཕྱག་ན་པདྨར་བསྟོད། །ཧ་ལ་དུག་དང་རིམས་ནད་འཇིགས་བརྒྱད་སོགས། །ཨ་ཅང་བཟོད་དཀའ་འཁོར་བའི་སྡུག་བསྔལ་ཀུན། །ཁྱོད་མཚན་ཐོས་དང་དྲན་པས་སྐྱོབ་མཛད་པའི། །སྐྱེ་དགུའི་བླ་མ་གྲུ་འཛིན་བདག་པོར་བསྟོད། །ལྷག་པའི་ལྷ་མཆོག་ཁྱེད་ལ་རྩེ་གཅིག་ཏུ། །མོས་ཤིང་གདུང་བའི་བསྟོད་དབྱངས་འདི་བརྗོད་མཐུས། །ཚེ་རབས་ཀུན་ཏུ་འཕགས་པ་མཆོག་ཁྱོད་ཀྱིས། །དགེ་བའི་བཤེས་གཉེན་བྱང་ཆུབ་བར་དུ་མཛོད།། ཅེས་པའང་རྒྱ་སྤྲུལ་མིང་བན་རྒན་གྱི་ན་བས་སྨྲས་པ་ཛ་ཡནྟུ།།

འཇམ་དབྱངས་ལ་བསྔགས་པ་པདྨའི་ཕྲེང་མཛེས།

༈ འཇམ་དབྱངས་ལ་བསྔགས་པ་པདྨའི་ཕྲེང་མཛེས་ཞེས་བྱ་བཞུགས་སོ།།

ཀ་དག་སྤྲོས་བྲལ་འཆི་མེད་ལམ་ཡངས་པོར། །ཁ་དོག་འགག་མེད་གཟུགས་སྐུའི་རི་བོང་འཛིན། །ག་དར་བློ་གྲོས་ཀུ་མུད་བཞད་པའི་གཉེན། །ང་བདག་སྙིང་གི་མུན་པ་སེལ་ལ་བསྟོད། །ཅ་རེ་མིག་རྒྱན་མཚན་དཔེའི་པདྨོ་དགོད། །ཆ་ཙམ་མ་ཡིན་རྒྱལ་གསུང་རྒྱུད་མང་སྙན། །ཇ་ཁ་རྙོག་བྲལ་མཁྱེན་བརྩེའི་ཐུགས་མངའ་བས། །ཉ་ཟླ་ལྟར་གསལ་འཇམ་དཔལ་དབྱངས་ལ་བསྟོད། །ཏ་ཐཱ་ག་ཏའི་རྒྱལ་ཚབ་ས་བཅུའི་དབང་། །ཐ་དད་འགྲོ་བ་གང་འདུལ་གཟུགས་སུ་སྟོན། །ད་ལྟ་ཤེས་བྱའི་ཆོས་ཀུན་ཐོགས་མེད་དུ། །ན་དཱའི་དབྱངས་ཀྱིས་སྟོན་མཛད་ཁྱོད་ལ་བསྟོད། །པ་སངས་ལྟར་དཀར་པད་ཟླའི་གདན་གྱི་ཁྲིར། །ཕ་རོལ་ཡིད་འཕྲོག་མཚམས་སྤྲིན་གསར་བའི་མདངས། །བ་སྤུ་རེ་རེས་ཞིང་དང་སྟོན་འཁོར་སོགས། །མ་ལུས་རྒྱལ་བའི་མཛད་པ་སྒྲུབ་ལ་བསྟོད། །ཙ་ཏུརྨུ་ཁ་ལ་སོགས་ལྷ་བརྒྱ་ཡིས། །ཚ་ཟེར་ཅན་ལ་པདྨས་བཏུད་པ་ལྟར། །ཛ་ཡ་སྨྲ་བའི་སེང་གེ་ཁྱོད་ཞབས་ལ། །ཝ་ལེར་གུས་པས་གཅིག་ཏུ་བཀུར་ལ་བསྟོད། །ཞྭ་བཞིན་རལ་བའི་ཟུར་ཕུད་ལྔས་མཛེས་ཤིང་། །ཟ་བྱེད་གཤིན་རྗེ་འཇོམས་པའི་གཤེད་དུ་གྱུར། །འ་ཅག་སྲིད་པའི་དྲྭ་བ་གཅོད་ཕྱིར་དུ། །ཡ་མཚན་རལ་གྲི་གླེགས་བམ་འཛིན་ལ་བསྟོད། །ར་ཡིག་གཉིས་པ་ལྟར་གནག་དབུ་སྐྱེས་དང་། །ལ་ལ་མ་ཡིན་ཀུན་ནས་མཛེས་པའི་སྐུ། །ཤ་གཟུགས་སྤངས་པའི་འོད་ཟེར་ཕུང་པོར་འབར། །ས་གསུམ་སྐྱེ་རྒུའི་སྒྲོན་མར་གྱུར་ལ་བསྟོད། །ཧ་རིའི་ཙན་དན་མཆོག་བཞིན་བསུང་ཞིམ་ངད། །ཨ་ལ་ལ་ཧོ་ཉེས་པའི་གདུང་བ་སེལ། །ཧ་ལ་དུག་གསུམ་འཇོམས་མཛད་སྨན་པའི་རྒྱལ། །ཨ་ཡིག་མཐའ་བྲལ་དཔའ་བོ་ཁྱོད་ལ་བསྟོད། །རྗོད་བྱེད་ཚིག་གི་གོས་རྒྱན་ཀླུབས་མིན་ཡང་། །བརྗོད་བྱ་འཕྱུགས་མེད་དར་བབས་ལང་ཚོ་མ། །སྐལ་བཟང་གཞོན་ནུའི་གྲོགས་འོས་འདི་ཕུལ་བས། །དད་གསུམ་རྩེ་དགས་ཅི་དགར་རོལ་མཛོད་ཅིག །

གསང་བདག་རྡོ་རྗེ་འཛིན་པ་ལ་བསྟོད་པ་རྡོ་རྗེ་སྲིན་པོའི་བཞད་གླུ།

༈ གསང་བདག་རྡོ་རྗེ་འཛིན་པ་ལ་བསྟོད་པ་རྡོ་རྗེ་སྲིན་པོའི་བཞད་གླུ་ཞེས་བྱ་བ་བཞུགས།

ཀ་ལ་རུ་པ་བདུད་སྲིན་གཟའ་ཀླུའི་ཁྲིར། །ཁ་དོག་མཐིང་ནག་ཁྲོ་ཆས་འདོར་སྟབས་འགྱིང་། །གར་དགུའི་ཉམས་ལྡན་རྡོ་རྗེ་སྡིག་མཛུབ་མཛད། །ང་བདག་བདུད་འཇོམས་བཛྲ་པ་ཎིར་བསྟོད། །ཅ་ག་རྟོག་པས་བསླུས་པའི་མཐའ་ཡས་འགྲོ། །ཆ་ཙམ་བཟོད་དཀའི་སྡུག་བསྔལ་མཚོ་ཆེན་ལས། །ཇ་གྲུར་བཏོན་བཞིན་ཐོགས་མེད་འདྲེན་ལ་དཔའ། །ཉ་ཏོག་བདུད་བཞིའི་མགོ་བོ་འགེམས་ལ་བསྟོད། །ཏ་ཐཱ་ག་ཏ་སྐལ་བཟང་འདྲེན་པ་སྟོང་། །ཐ་དད་སྐུར་སྣང་ཀུན་གྱི་བར་ཆད་སྲུང་། །ད་ལྟ་གསང་ཆེན་བཀའ་ཡི་སྡུད་པ་པོ། །ན་གའི་གཤེད་གྱུར་གོས་སྔོན་ཅན་ལ་བསྟོད། །པ་ར་མི་ཏ་ཕ་རོལ་ཕྱིན་གཞུང་དང་། །ཕ་མཐའ་ཡས་པའི་རྒྱུད་སྡེའི་སྟོན་དང་འཁོར། །བ་སྤུའི་གྲངས་སྙེད་གདུལ་དཀའ་འདུལ་བའི་ཆོས། །མ་ལུས་ཁྱོད་གཅིག་ཁོ་ནའི་རོལ་བར་སྟོན། །ཙ་མུནྚི་སོགས་ཤ་ཟ་ཌཀྐི་བཏུལ། །ཚ་ཏྲཾ་ཀ་བཞིན་རྒྱལ་བསྟན་བླ་རུ་འདེགས། །ཛ་ཧུའི་རྒྱུན་བཞིན་བརྩེ་བས་འགྲོ་ཀུན་སྐྱོང་། །ཝ་ལེར་ཟབ་གསལ་དབྱིངས་ཀྱི་སེམས་དཔར་བསྟོད། །ཞ་གྲུམ་ནད་གཏོང་ཀླུ་གཉན་འདུལ་ལ་བསྔགས། །ཟ་བྱེད་དུས་ཀྱི་ཕོ་ཉ་ཟིལ་གྱིས་གནོན། །འ་ཅག་འགྲོ་ཀུན་སྐྱབས་གཅིག་གསང་བའི་བདག །ཡ་མཚན་ཐུགས་ཀྱི་ལྷ་མཆོག་ཁྱོད་ལ་བསྟོད། །ར་ཛ་རྒྱལ་བསེན་གདུག་ཅན་སྲོག་གི་གཤེད། །ལ་ལ་མ་ཡིན་མཁའ་ཁྱབ་འགྲོ་བའི་མགོན། །ཤ་ཟ་སྲིན་པོའི་གཟུགས་འཆང་ཁྲོ་ཚུལ་དང་། །ས་བཅུའི་བྱང་སེམས་ཞི་ཚུལ་མཛད་ལ་བསྟོད། །ཧ་ལ་དུག་ལྔའི་རང་གཟུགས་དགྲ་བགེགས་ཀུན། །ཨ་ཡིག་སྐྱེ་མེད་དབྱིངས་སུ་རོལ་མཛད་པའི། །ཨ་ཧོ་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །ཨ་ལ་ལ་ཧོ་སྤྲུལ་བསྒྱུར་འགྱེད་ལ་བསྟོད།། ལུང་རིག་གླིང་བར་འབོད་པ་གང་དེས་བྲིས་པའོ།།

དུད་སོལ་མའི་བསྟོད་པ་རྡོ་རྗེ་སྲིན་མོ་ཁྲོས་པའི་ང་རོ།

༈ དུད་སོལ་མའི་བསྟོད་པ་རྡོ་རྗེ་སྲིན་མོ་ཁྲོས་པའི་ང་རོ་ཞེས་བྱ་བ་བཞུགས།

ཨོཾ་སྭ་སྟི། ཀ་དག་བདེ་ཆེན་ཆོས་སྐུའི་ལྷ་ལམ་དུ། །ཁ་སྦྱོར་བདུན་ལྡན་ལོངས་སྐུའི་སྤྲིན་ཕུང་འཁྲིགས། །ག་དར་དྲི་མེད་སྤྲུལ་སྐུའི་ཆར་རྒྱུན་འབེབས། །ང་བདག་སྲིད་པའི་མེ་དཔུང་གཞིལ་ལ་བསྟོད། །ཅ་ཅོ་མ་ཡིན་ཟབ་གསང་རྡོ་རྗེའི་གསུང་། །ཆ་ཙམ་མ་ཡིན་ཡོངས་རྫོགས་གཉེར་འཛིན་ཅིང་། །ཇ་ཆང་མ་ཡིན་ཟག་མེད་བདུད་རྩིའི་བཅུད། །ཉ་ཟླ་མ་ཡིན་ཐུགས་བརྩེའི་འཛིན་ལ་བསྟོད། །ཏཱ་རེ་འཕགས་མའི་བཀའ་སྡོད་དུད་སོལ་མ། །ཐ་དད་གཉིས་མིན་ཤེས་རབ་དབྱིངས་ཀྱི་ཡུམ། །ད་ལྟ་ཐུགས་སྒྲུབ་ཉམས་ལེན་བུ་བཞིན་སྐྱོང་། །ན་དཱའི་དོན་སྟོན་རྒྱལ་ཡུམ་དཔའ་མོར་བསྟོད། །པ་སངས་ལྟར་དཀར་བྱམས་བརྩེའི་འོད་ཕྲེང་སྤྲོ། །ཕ་རོལ་བདུད་སྲིན་སྙིང་ཁྲག་ཧུབ་ཀྱིས་འདྲེན། །བ་གམ་བྲག་ཁྲོད་འཛིན་པའི་སྒྲུབ་མཆོག་ལ། །མ་བཅོས་གཉུག་མའི་རང་ངོ་སྤྲོད་ལ་བསྟོད། །ཙ་རི་ལ་སོགས་གནས་ཡུལ་ཉེར་བཞིའི་བདག །ཚ་གྲང་ནད་སེལ་བདུད་རྩི་སྨན་གྱི་ལྷ། །ཛ་ལང་སྔགས་འཆོལ་ཉམས་པའི་སྲོག་གི་གཤེད། །ཝ་ར་ཧཱི་དངོས་དཔལ་ལྡན་ལྷ་མོར་བསྟོད། །ཞྭ་གོས་ལྷྭམ་སོགས་འདོད་རྒུའི་དཔལ་ཀུན་སྟེར། །ཟ་མ་ཏོག་བཞིན་མི་མངོན་གཏེར་རྒྱ་སྲུང་། །འ་ཅག་བསྟན་འགྲོའི་དཔུང་གཉེན་སྐུ་ཚེ་བསྲིང་། །ཡ་མཚན་ནོར་བུའི་ཏོག་བཞིན་མཛེས་ལ་བསྟོད། །ར་ག་དབང་གི་ཕྲིན་ལས་མཛེས་མའི་སྒྱུས། །ལ་ལུང་སྐྱེ་བོའི་བསྟན་པ་དབང་མེད་ཕྲོག །ཤ་རུལ་སྦྲང་བུ་ཇི་བཞིན་ཟས་ནོར་སྡུད། །ས་བརྒྱད་སེམས་མ་དབང་གི་ལྷ་མོར་བསྟོད། །ཧ་ལ་དུག་ལྔ་རང་གྲོལ་རྫོགས་པ་ཆེ། །ཨ་ཏི་ཡོ་གའི་བཀའ་སྲུང་རལ་གཅིག་མའི། །བཀའ་སྡོད་མདོ་རྒྱུད་བསྟན་སྲུང་དུད་སོལ་མ། །མ་ལུས་འཁོར་བཅས་གུས་པའི་ཡིད་ཀྱིས་བསྟོད།། ཅེས་པའང་རྒྱ་སྤྲུལ་པས་སྨྲས་སོ།།

ཆོས་མཐུན་གྱི་ནོར་རྫས་ཡིད་ལ་གང་བསམ་འབད་མེད་དུ་འབྱུང་བའི་གསོལ་འདེབས་ནོར་བུའི་ལྕགས་ཀྱུ།

༈ ཆོས་མཐུན་གྱི་ནོར་རྫས་ཡིད་ལ་གང་བསམ་འབད་མེད་དུ་འབྱུང་བའི་གསོལ་འདེབས་ནོར་བུའི་ལྕགས་ཀྱུ་བཞུགས་སོ༎

ཀ་དག་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང་། །ཁ་སྦྱོར་བདུན་ལྡན་ལོངས་སྐུ་རིགས་མཆོག་ལྔ། །ག་དར་བརྫུས་སྐྱེས་སྤྲུལ་སྐུ་ཐོད་ཕྲེང་རྩལ། །ང་ཡིས་སྒོ་གསུམ་གུས་པས་གསོལ་བ་འདེབས། །ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །ཅ་ག་འཁྲུལ་རྟོག་སྐྱོན་སྤངས་གྲུབ་ཆེན་བརྒྱད། །ཆ་ལུགས་སྤྲུལ་བསྒྱུར་རྗེ་འབངས་ཉི་ཤུ་ལྔ། །ཇ་དར་ལོངས་སྤྱོད་ཟད་མེད་ཆོས་རྒྱལ་ཚོགས། །ཉ་གང་ཟླ་ལྟར་མཛེས་ལ་གསོལ་བ་འདེབས། །ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །ཏ་ཐཱ་ག་ཏ་སྐལ་བཟང་འདྲེན་པ་སྟོང་། །ཇ་དག་སྐྱེ་དགུའི་མགོན་གྱུར་དམ་པའི་ཆོས། །ད་ལྟར་འཁོར་མཚོ་ལས་སྒྲོལ་འཕགས་པའི་སྡེ། །ན་རཀ་འཇིགས་སྐྱོབས་རྣམས་ལ་གསོལ་བ་འདེབས། །ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །པ་སཾ་ཟླ་ལྟར་རབ་དཀར་དབྱངས་ཅན་ལྷ། །ཕ་རོལ་དགྲ་ལས་རྣམ་རྒྱལ་འོད་ཟེར་ཅན། །བ་དྭགས་སྲོག་འཚོའི་ལྷ་མོ་རྣམ་པར་རྒྱལ། །མ་ལྟར་བརྩེ་བས་སྐྱོང་ལ་གསོལ་བ་འདེབས། ། ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །ཙ་ཏུར་ཞལ་གྱིས་མཛེས་པའི་ཚངས་པ་ཆེ། །ཚ་ངར་མེ་ཡིས་བདུད་བསྲེག་མགྲིན་སྔོན་ཅན། །ཛ་ཡའི་བསྟན་བསྲུང་མ་མགོན་མགར་གསུམ་གཟའ། །ཝ་ལེར་ཡིད་ལ་དྲན་བཞིན་གསོལ་བ་འདེབས། །ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །ཞྭ་ལྟར་གཙུག་ཏུ་འབྲལ་མེད་བླ་མ་རྗེ། །ཟ་བྱེད་བདུད་དགྲའི་གཤེད་གྱུར་དཔལ་ཆེན་པོ། །འ་ཅག་བར་ཆད་སེལ་མཛད་ཌཱཀྐིའི་ཚོགས། །ཡ་མཚན་རྩ་གསུམ་ལྷ་ལ་གསོལ་བ་འདེབས། །ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །ར་ག་དབང་གི་ལྷ་མཆོག་ཙིའུ་དམར། །ལ་ཕྱི་གངས་ཀྱི་གནས་བདག་ཚེ་རིང་མ། །ཤ་ཟ་བདུད་སྲིན་ཚར་གཅོད་བསྲུང་མའི་ཚུལ། །ས་ཐོབ་སེམས་དཔའ་མཛད་ལ་གསོལ་བ་འདེབས། །ཆོས་མཐུན་ཡིད་ལ་འདོད་པའི་ནོར་རྫས་ཀུན། །འབད་མེད་མྱུར་དུ་འཐོབ་པར་བྱིན་གྱིས་རློབས། །ཧ་ལ་དུག་ལྔ་རང་གྲོལ་རྫོགས་ཆེན་པའི། །ཨ་ཏི་ཡོ་གའི་བསྟན་སྲུང་ཐམས་ཅད་ལ། །རྩེ་གཅིག་མོས་པས་མཆོད་བསྟོད་བདག་བགྱིད་ན། །ཅི་བསམ་ཡིད་བཞིན་འགྲུབ་པའི་གྲོགས་མཛོད་ཅིག །ཅེས་པའང་ཆོས་མཐུན་གྱི་ནོར་རྫས་སྣ་ཚོགས་ཡིད་ལ་དྲན་བཞིན་ལག་རྩེར་སྩོལ་ཕྱིར་གསོལ་འདེབས་འདོད་གསོལ་དང་བཅས་པ་ཙི་ནའི་སྤྲུལ་མིང་རྒན་པོས་ཐོལ་བྱུང་དུ་སྨྲས་སོ།།

སྐྱབས་ཡུལ་དམ་པ་རྣམས་ཀྱི་གསོལ་འདེབས་ཀ་ཕྲེང་།

༈ སྐྱབས་ཡུལ་དམ་པ་རྣམས་ཀྱི་གསོལ་འདེབས་ཀ་ཕྲེང་བཞུགས།

ཀ་དག་རང་བྱུང་སངས་རྒྱས་པདྨ་སྐྱེས། །ཁ་བ་ཅན་གྱི་མུན་སེལ་ཁྲི་སྲོང་ཞབས། །ག་དར་བསྟན་པའི་གཞི་འཛིན་ཞི་བ་འཚོ། །ང་ཡི་བླ་མ་མཁན་སློབ་ཆོས་གསུམ་མཁྱེན། །ཅ་ག་ཀུན་བརྟགས་དབྱིངས་གྲོལ་ཀླུ་སྒྲུབ་རྗེ། །ཆ་གང་མཁྱེན་བརྩེའི་ཟླ་བ་ཐོགས་མེད་མཚན། །ཇ་སོགས་འདོད་རྒུའི་གཏེར་འཆང་རྣམ་ཐོས་སྲས། །ཉ་ཟླའི་རྗེས་འགྲོ་ཡོན་མཆོད་རྣམ་གསུམ་མཁྱེན། །ཏཱ་རེ་ལྷ་མོས་འཇིགས་པ་ཀུན་ལས་སྐྱོབ། །ཐ་དག་དགྲ་སྡེའི་དཔུང་འཇོམས་མ་རི་ཙྱཻ། །ད་ལྟ་འདི་ཕྱིའི་མགོན་གཅིག་རྣམ་རྒྱལ་མ། །ན་རཀ་སྐྱོབ་མཛད་འཕགས་མ་རྣམ་གསུམ་མཁྱེན། །པ་སངས་ལྟར་དཀར་འཕགས་པ་སྤྱན་རས་གཟིགས། །ཕ་རོལ་བདུད་ལས་རྣམ་རྒྱལ་གསང་བའི་བདག །བ་ལྟར་བླུན་པོའི་གསལ་སྒྲོན་མཉྫུ་ཤྲི། །མ་ནོར་ལྷག་པའི་ལྷ་མཆོག་རྣམ་གསུམ་མཁྱེན། །ཙ་རི་ལ་སོགས་རྒྱ་བོད་གནས་ཆེན་དང་། །ཚ་བ་རོང་སོགས་གདུག་ཅན་བདུད་ཀྱི་ཡུལ། །ཛ་ལང་སྤྱོད་འཆང་མཐའ་འཁོབ་གདུལ་མཛད་པ། །ཝ་ར་ཧཱི་སོགས་གནས་གསུམ་ཌཱཀྐི་མཁྱེན། །ཞྭ་སེར་ཐུབ་བསྟན་གསལ་མཛད་བློ་བཟང་གྲགས། །ཟ་བྱེད་གཤིན་རྗེའི་གཤེད་གྱུར་ཀུན་དགའ་ལེགས། །འ་ཅག་མཚན་གྱིས་གྲོལ་ནུས་ཀརྨ་པ། །ཡ་མཚན་བསྟན་འཛིན་གྲགས་ཅན་རྣམ་གསུམ་མཁྱེན། །ར་ག་དབང་ལྷས་རྗེས་བཟུང་ས་པཎ་རྗེ། །ལྭ་ཝ་པ་དངོས་གྲུབ་དབང་ཀཿཐོག་པ། །ཤ་གཟུགས་སྤང་བའི་འོད་ལུས་ཀློང་ཆེན་ཞབས། །ས་སྟེང་མཁས་གྲུབ་གཙུག་རྒྱན་རྣམ་གསུམ་མཁྱེན། །ཧ་ལ་དུག་ལྔ་སྤང་བསྒྱུར་ལམ་ཁྱེར་ཚུལ། །ཨ་ཧོ་ཐེག་པ་གསུམ་གྱི་ལམ་སྟོན་མཁྱེན།། བདག་འདྲ་སྤྲང་བན་རྒྱ་སྤྲུལ་གྱིས་བྲིས་པའོ།།

རང་གི་བླ་མའི་གྲངས་རྩིས་མི་བརྗེད་སྐྱོ་གྲོགས་འཛུམ་ཞལ།

༈ རང་གི་བླ་མའི་གྲངས་རྩིས་མི་བརྗེད་སྐྱོ་གྲོགས་འཛུམ་ཞལ་ཞེས་བྱ་བ་བཞུགས།

ཀ་མ་ལ་ཡི་པདྨའི་སྡོང་པོའི་རྩེར། །ཁ་བ་ཅན་སོགས་སྐྱེ་རྒུའི་མུན་སེལ་ཕྱིར། །ག་དར་རང་བྱུང་མཚོ་སྐྱེས་བླ་མ་དང་། །ང་ཡི་སྐྱབས་མཆོག་སྒྲོལ་མ་རྣམ་གཉིས་མཁྱེན། །ཅ་ཅོ་མ་ཡིན་མིང་དོན་མ་འཛོལ་བའི། །ཆ་ཤས་གཞལ་དཀའི་ཡོན་ཏན་གཏེར་བུམ་མཆོག །ཇ་རིལ་གཙུག་རྒྱན་ཀུན་བཟང་གཞན་ཕན་དང་། །ཉ་ཟླའི་ཐུགས་མངའ་གཞན་ཕན་མཐའ་ཡས་མཁྱེན། །ཏ་ཐཱ་ག་ཏ་བདེ་གཤེགས་གཙུག་ཏོར་ཅན། །ཐ་མལ་མིར་སྤྲུལ་མི་འགྱུར་ནམ་མཁའི་མཚན། །ད་ལྟ་ཆོས་སྒོར་འདྲེན་མཛད་དགེ་བའི་བཤེས། །ན་རཀ་འཇིགས་སྐྱོབ་བུདྷཱ་བྷ་ཏྲ་མཁྱེན། །པ་སངས་ལྟ་བུར་བསྟན་ལ་ཐུགས་བསྐྱེད་དཀར། །ཕ་རོལ་རྒོལ་འཇོམས་རྒྱལ་དབང་ཀརྨ་པ། །བ་གམ་ཐུབ་བསྟན་གཞི་འཛིན་གླིང་སྤྲུལ་ཞབས། །མ་བཅོས་རྣལ་འབྱོར་འཇམ་དབྱངས་རྣམ་གསུམ་མཁྱེན། །ཙ་རི་སོགས་བགྲོད་ཁྲིམས་ལྡན་ཤཱཀྱའི་མཚན། །ཚ་བའི་མེ་བཞིན་ལུང་རིགས་མན་ངག་མཐུས། །ཛ་ལང་རྒོལ་འཇོམས་མཁན་ཆེན་པད་རྡོར་དང་། །ཝ་ལེར་དག་སྣང་པྲ་ཛྙཱ་བྷ་ཏྲ་མཁྱེན། །ཞྭ་དམར་བསྟན་སྲོག་རིག་འཛིན་རྒྱ་མཚོ་དང་། །ཟ་བྱེད་བདུད་འཇོམས་རིག་འཛིན་གསང་སྔགས་གླིང་། །འ་འོལ་འཁྲུལ་གྲོལ་པདྨ་བློ་གསལ་མཚན། །ཡ་མཚན་འགྱུར་མེད་བྱང་ཆུབ་རྡོ་རྗེ་མཁྱེན། །ར་ག་དབང་གི་ལྷ་མོ་རྗེ་བཙུན་མ། །ལ་ལ་ཙམ་མིན་མཐའ་ཡས་འགྲོ་བའི་མགོན། །ཤ་གཟུགས་མིར་བསྟན་དགེ་སྤྲུལ་གཉིས་པར་གྲགས། །ས་ཐོབ་སེམས་དཔའ་སྐལ་ལྡན་རྒྱ་མཚོ་མཁྱེན། །ཧ་ལ་དུག་གསུམ་རང་གྲོལ་རིག་འཛིན་བཟང་། །ཨ་ཏིའི་བསྟན་སྲོག་རྒྱལ་སྲས་དྲི་མེད་གྲགས། །ཨ་ཧོ་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང། །ཨ་མི་ཏ་བྷའི་རྒྱལ་ཚབ་རྣམ་གསུམ་མཁྱེན། །དེ་ལྟར་དངོས་དང་དག་སྣང་མེ་ལོང་ངོགས། །གཙང་མར་ཤར་བའི་རྣམ་འདྲེན་ཉི་ཤུ་གཉིས། །ཙི་ནའི་སྤྲུལ་མིང་སྤྲང་པོས་དུས་རྒྱུན་དུ། །མི་བརྗེད་དྲན་པའི་གསོས་སུ་འདི་རུ་བཀོད། །མཛེས་མཛེས་སྙན་ངག་ཚིག་གི་མགུལ་རྒྱན་དང་། །ལེགས་ལེགས་སྡེབ་སྦྱོར་སྤེལ་བའི་སོར་གདུབ་ཕྲེང་། །མང་མང་མཁས་རློམས་དྲེགས་ལྡན་མགུ་མིན་ཀྱང་། །བརྗོད་དོན་གཟུགས་བཟང་འབོལ་རྩོམ་རས་གོས་འཇམ། །ནམ་ཡང་མི་བསླུ་ཀུན་ཏུ་བརྩེ་ལྡན་མ། །ཕན་བདེའི་དཔལ་སྟེར་མཛའ་གྲོགས་འདིར་འོས་སྙམས། །དེ་ཕྱིར་གསོལ་འདེབས་གསང་ཚིག་སྙིང་གཏམ་འདིས། །གཏན་དུ་མི་འབྲལ་ཐར་བའི་གྲོགས་སུ་ཤོག །

སྤྲང་བན་རྒྱ་སྤྲུལ་གྱི་བླ་མ་རྣམས་ཀྱི་ངོས་འཛིན་ཡ་མཚན་མཛུབ་སྟོན།

༈ སྤྲང་བན་རྒྱ་སྤྲུལ་གྱི་བླ་མ་རྣམས་ཀྱི་ངོས་འཛིན་ཡ་མཚན་མཛུབ་སྟོན་ཞེས་བྱ་བ་བཞུགས་སོ།།

ཀ་དག་ཆོས་སྐུ་མགོན་པོ་ཚེ་མཐའ་ཡས། །ཁ་བ་ཅན་སོགས་འགྲོ་ལ་ཉེར་དགོངས་ནས། །ག་དར་པདྨའི་སྦུབས་འཁྲུངས་ཨོ་རྒྱན་རྗེ། །ང་ཡི་བྱང་ཆུབ་བར་དུ་སྐྱབས་ཀྱི་མཆོག །ཅ་ག་འཇིགས་ཚོགས་རླབས་འཁྲུགས་འཁོར་མཚོ་ལས། །ཆ་ཙམ་དྲན་པས་སྒྲོལ་མཛད་འཕགས་མ་ཡུམ། །ཇ་རིལ་གཙུག་རྒྱན་ཀུན་བཟང་གཞན་ཕན་ཞབས། །ཉ་ཏོག་བདུད་ལས་སྐྱོབ་ནུས་རྣམ་གསུམ་ཡིན། །ཏ་ཐཱ་ག་ཏའི་གདུང་འཚོབ་རྫོགས་ཆེན་པ། །ཐ་དག་སྐྱེ་རྒུའི་སྒྲོན་མེ་རྒྱལ་བའི་སྲས། །ད་ལྟ་རྒྱལ་བསྟན་རྩ་ལག་པད་རྡོར་ཞེས། །ན་རཀ་དུཿཁ་སེལ་མཛད་རྣམ་གསུམ་ཡིན། །པ་ར་མི་ཏའི་དོན་གཟིགས་ཀརྨ་པ། །ཕ་ཅིག་གྲུབ་པའི་ཁྱུ་མཆོག་བུདྡྷའི་མཚན། །བ་དན་ཐུབ་བསྟན་རྒྱལ་མཚན་གླིང་སྤྲུལ་ཞབས། །མ་ནོར་ཐར་བའི་ལམ་སྟོན་རྣམ་གསུམ་ཡིན། །རྩ་ལག་གཉེན་སྤང་བྱ་བཏང་མཉྫུ་ཤྲི། །ཚ་གདུང་ཉོན་མོངས་སེལ་མཛད་དགེ་སྤྲུལ་མཚན། །ཛ་ཡའི་དགོངས་དོན་མངོན་གྱུར་ཤེས་རབ་བཟང་། །ཝ་ལེར་སྙིང་གི་མུན་སེལ་རྣམ་གསུམ་ཡིན། །ཞྭ་བཞིན་བཀུར་འོས་རིག་འཛིན་རྒྱ་མཚོ་དང་། །ཟ་བྱེད་གཤིན་རྗེ་ཟིལ་གནོན་རྗེ་བཙུན་མ། །འ་ཅག་འགྲོ་འདྲེན་བྱང་ཆུབ་རྡོ་རྗེའི་ཞབས། །ཡ་མཚན་མི་ཡི་སེང་གེ་རྣམ་གསུམ་ཡིན། །ར་ག་དབང་ལྷས་རྗེས་བཟུང་རིག་འཛིན་བཟང་། །ལ་ལུང་གནས་མཇལ་ཁྲིམས་ལྡན་ཤཱཀྱའི་མཚན། །ཤ་ཟ་རྟག་པའི་བདུད་གཅོད་སྐལ་ལྡན་ཞེས། །ས་སྟེང་དམ་པའི་མཛེས་རྒྱན་རྣམ་གསུམ་ཡིན། །ཧ་ལ་དུག་ལྔ་རང་གྲོལ་གསང་སྔགས་གླིང་། །ཨ་དོན་བདེན་མཐོང་པདྨ་བློ་གསལ་གྲགས། །ཨ་ཏིའི་བསྟན་སྲོག་འཇམ་དབྱངས་མཁྱེན་བརྩེའི་དབང་། །ཨ་ཧོ་བསྟན་འགྲོའི་དཔལ་མགོན་རྣམ་གསུམ་ཡིན། །ཨེ་མ་གྲུབ་དབང་རྒྱལ་སྲས་དྲི་མེད་གྲགས། །ཨ་ལ་ལ་ཧོ་སྐྱབས་ཀུན་འདུས་པའི་དཔྱིད། །སྙིང་ནས་གུས་པས་སྐྱབས་རྗེ་འདི་དག་ལ། །ས་མཐའི་སྤྲང་རྒན་ཙི་ནའི་སྤྲུལ་མིང་བདག །ད་ལྟ་ཤི་འམ་འདིའི་མཇུག་མ་ཚང་།

རྡོ་གྲུབ་དབང་རིན་པོ་ཆེ་ལ་བསྟོད་པ་ཟླ་བའི་སྲིང་མོའི་དགྱེས་གླུ།

༈ རྡོ་གྲུབ་དབང་རིན་པོ་ཆེ་ལ་བསྟོད་པ་ཟླ་བའི་སྲིང་མོའི་དགྱེས་གླུ་ཞེས་བྱ་བ་བཞུགས།

ཀ་དག་ཀུན་བཟང་པད་འབྱུང་མཁྱེན་བརྩེའི་ལྷས། །ཁ་བ་ཅན་དུ་རྫོགས་ཆེན་བསྟན་པའི་སྲོག །ག་དར་དྲི་མེད་འཛིན་ལ་རབ་བསྔགས་པའི། །ང་ཡི་བླ་མ་ཀུན་བཟང་གཞན་ཕན་བསྟོད། །ཅ་ཅོའི་བརྡ་འཕྲོད་བགྲང་བྱ་ལྔ་དྲུག་མཚམས། །ཆ་ཙམ་མ་བསླབ་ཡི་གེ་འབྲི་ཀློག་མཁྱེན། །ཇ་དར་ལོངས་སྤྱོད་མི་རྟག་སྒྱུ་མར་གཟིགས། །ཉ་ཟླ་གསལ་བཞིན་དག་སྣང་ཤར་ལ་བསྟོད། །ཏ་ཐཱ་ག་ཏའི་བསྟན་ཞུགས་སྔོན་འགྲོའི་ཆོས། །ཐ་མལ་མ་ཡིན་མཚན་ལྡན་བླ་མར་གསན། །ད་ལྟའི་དལ་འབྱོར་དོན་ལྡན་ཉམས་ལེན་མཛད། །ན་དཱའི་དོན་གཟིགས་བྱང་ཆུབ་རྡོ་རྗེར་བསྟོད། །པ་སངས་ལྟར་དཀར་ཐུགས་བསྐྱེད་རྨད་བྱུང་ནས། །ཕ་མའི་དོན་དུ་བོད་ཡུལ་གནས་ཆེན་མཇལ། །བ་ལིང་ཚོགས་གཏོར་མཎྜལ་མཆོད་འབུལ་བསགས། །མ་ནོར་ཚོགས་གཉིས་རྫོགས་པར་མཛད་ལ་བསྟོད། །ཙ་རི་ཏྲ་ནས་མཁའ་འགྲོའི་ལུང་བསྟན་ཐོབ། །ཚ་གྲང་དཀའ་སྤྱད་ཀཿདཔལ་རྫོགས་གསུམ་གྱི། །ཛ་ཡའི་རྣམ་རོལ་མཁས་གྲུབ་མང་བསྟེན་ནས། །ཝ་ཆུའི་རྒྱུན་བཞིན་འཆད་ཉན་མཛད་ལ་བསྟོད། །ཞྭ་ལྟར་ཁམས་གསུམ་གཙུག་རྒྱན་ཀུན་མཁྱེན་རྗེ། །ཟ་ཧོར་སློབ་དཔོན་གཉིས་པ་འཇིགས་མེད་གླིང་། །འ་འོལ་ཙམ་མིན་མཉེས་པ་གསུམ་གྱིས་བསྟེན། །ཡ་མཚན་སྙིང་ཐིག་བདག་པོར་བསྐོས་ལ་བསྟོད། །ར་གན་གསེར་མདོག་ཟོལ་ཟོག་ཅན་མིན་པའི། །ལ་ལུང་སློབ་དཔོན་མཁས་གྲུབ་སྐར་ལྟར་བཀྲམ། །ཤ་ཟ་འབྱུང་པོའི་ཚོགས་ཀུན་ཟིལ་གྱིས་མནན། །ས་སྟེང་གཡོ་བའི་མཚན་སྙན་ལྡིར་ལ་བསྟོད། །ཧ་ཅང་ཟོལ་མིན་མཐོང་ཐོས་དྲན་རེག་འགྲོ། །ཨ་མི་དྷེ་ཝའི་ཞིང་དུ་འདྲེན་མཛད་པ། །འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་ཞེས། །མཚན་མཆོག་དོན་ལྡན་གྲུབ་དབང་བླ་མར་བསྟོད། །དེ་ལྟར་གྲུབ་དབང་བླ་མའི་གསང་གསུམ་གྱི། །བསྟོད་པ་ཟླ་བའི་སྲིང་མོའི་དགྱེས་གླུ་འདི། །བཙུན་གཟུགས་འཛིན་པ་ཙི་ནའི་སྤྲུལ་མིང་པས། །བྲིས་པས་འགྲོ་ཀུན་གདོད་མའི་དབྱིངས་གྲོལ་ཤོག །བྷ་ཝནྟུ།

རྗེ་བླ་མ་རྡོ་གྲུབ་རིན་པོ་ཆེ་ལ་བསྟོད་པའི་ཀ་ཕྲེང་།

༈ རྗེ་བླ་མ་རྡོ་གྲུབ་རིན་པོ་ཆེ་ལ་བསྟོད་པའི་ཀ་ཕྲེང་བཞུགས།

ཀ་དག་ཆོས་སྐུ་འོད་སྣང་ཚེ་མཐའ་ཡས། །ཁ་བ་ཅན་གྱི་གདུལ་བྱར་རྗེས་བརྩེ་བས། །ག་དར་གཙང་མའི་རྒྱུད་དུ་སྐུར་སྤྲུལ་བ། །ང་ཡི་བླ་མ་རྡོ་གྲུབ་རྗེ་ལ་བསྟོད། །ཅ་ཅོའི་བརྡ་འཕྲོད་བགྲང་བྱ་ལྔ་དྲུག་སྐབས། །ཆ་ཙམ་མ་བསླབ་འབྲི་ཀློག་ཐོགས་མེད་མཁྱེན། །ཇ་རིལ་གཙུག་རྒྱན་དམ་པའི་རྟགས་ཀུན་ཚང་། །ཉ་ཏོག་བདུད་ལས་རྒྱལ་བའི་དཔའ་བོར་བསྟོད། །ཏ་ལ་ཡིད་བཞིན་ལྗོན་ལྟར་ཟབ་རྒུའི་གཏེར། །ཐ་དག་དབང་བསྒྱུར་ནུས་པའི་ལུང་བསྟན་ཐོབ། །ད་ལྟ་བློ་གསལ་ཚུལ་མཛད་སྔོན་འགྲོའི་ཆོས། །ན་རིམ་ཇི་བཞིན་གསན་བསམ་མཛད་ལ་བསྟོད། །པ་པཾ་སྒྲིབ་པའི་རྡུལ་གྱིས་མ་གོས་པར། །ཕ་རོལ་གཞན་དང་མ་འདྲེས་དངུལ་ཆུ་བཞིན། །བ་དན་དཀར་པོ་མཁའ་ལ་བསྒྲེང་བ་ལྟར། །མ་རུང་བྱིས་པའི་བླ་རུ་འཕགས་ལ་བསྟོད། །ཙ་རི་བསྐོར་དང་དྭགས་པོའི་གདན་ས་རུ། །ཚ་གྲང་དཀའ་སྤྱད་བགྲང་བྱ་ཉེར་གཉིས་སྐབས། །ཛ་ཡའི་ཐུགས་བཅུད་ཕྱག་རྒྱ་ཆེན་པོའི་དོན། །ཝ་ལེར་གསན་བཞིན་ཐུགས་སུ་ཆུབ་ལ་བསྟོད། །ཞྭ་བཞིན་བཀུར་འོས་ཀཿརྫོགས་དཔལ་ཡུལ་དུ། །ཟ་བྱེད་བདུད་འདུལ་ཀུན་གྲོལ་རྣམ་རྒྱལ་དང་། །འ་འོལ་འཁྲུལ་སྣང་དབྱིངས་གྲོལ་ཞིང་སྐྱོང་མཚན། །ཡ་མཚན་ངེས་དོན་བླ་མར་བསྟེན་ལ་བསྟོད། །རྭ་ལྟར་རྒྱུད་གྱོང་ཕལ་བའི་བློ་ངོ་རུ། །ལ་ལུང་དགྲ་འདུལ་གཉེན་སྐྱོང་ཚུལ་སྣང་ཡང་། །ཤ་གཟུགས་སྦུབས་ནས་སེམས་ཉིད་ཆོས་ཀྱི་སྐུ། །ས་དགུའི་སྒྲིབ་སྤངས་བདེན་པ་མཐོང་ལ་བསྟོད། །ཧ་ལ་དུག་ལྔ་རང་གྲོལ་སོ་བཞིའི་ལོར། །ཨ་མི་ཏ་བྷའི་ལུང་གིས་བསྐུལ་བ་ལྟར། །ཨ་ཏིའི་བསྟན་སྲོག་ངེས་དོན་བསྟན་འཛིན་དང་། །ཨ་ཧོ་དཔོན་སློབ་ནམ་མཁའ་འོད་གསལ་ལས། །ཨ་དོན་སྨིན་གྲོལ་གདམས་པ་ནོད་ལ་བསྟོད།།

རྩ་བའི་བླ་མ་རྫོགས་སྤྲུལ་བཞི་པ་ལ་བསྟོད་པ་ཚངས་པའི་གླུ་དབྱངས།

༈ རྩ་བའི་བླ་མ་རྫོགས་སྤྲུལ་བཞི་པ་ལ་བསྟོད་པ་ཚངས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས།

ཀ་དག་མཐའ་བྲལ་ལྟ་བའི་གངས་རིའི་སྤོར། །ཁ་གཏིང་ཞེན་མེད་ཉམས་རྟོགས་རྩལ་གསུམ་རྫོགས། །ག་དར་རྣམ་དཀར་སྤྱོད་པའི་གཡུ་རལ་མཛེས། །ང་ཡི་བླ་མ་མི་མཆོག་དཔའ་བོར་བསྟོད། །ཅ་ཅོ་བསྟོད་སྨད་སྒྲ་ཀུན་གྲགས་སྟོང་ངང་། །ཆ་ལུགས་བཅོས་མེད་རང་བབས་ལྷུག་པའི་གཤིས། །ཇ་ཆང་ཞེན་བྲལ་མྱོང་སྟོང་ཚོགས་སུ་རོལ། །ཉ་ཟླའི་དཔལ་འཆང་རྫོགས་སྤྲུལ་བཞི་པར་བསྟོད། །ཏ་ཐཱ་ག་ཏ་བདེ་གཤེགས་གཙུག་ཏོར་ཅན། །ཐ་ཆད་དུད་འགྲོས་མཚན་ཙམ་ཐོས་པས་ཀྱང་། །ད་ལྟ་རྒྱུད་ལ་ཐར་བའི་ས་བོན་འདེབས། །ན་རཀ་དུཿཁ་སྐྱོབ་ལ་ཅིས་མི་བསྟོད། །པ་པཾ་སྡིག་ཅན་ལོག་སྲེད་ཅན་དག་ཀྱང་། །ཕ་ཅིག་ཁྱོད་ཞལ་མཐོང་བས་སྐྱོ་ཤས་སྐྱེས། །བ་ལས་འོ་མ་འཇོ་བཞིན་སྨིན་གྲོལ་ཆོས། །མ་ལུས་རང་མོས་ཅི་དགར་སྩོལ་ལ་བསྟོད། །རྩ་ཐིག་རླུང་ལ་དབང་བསྒྱུར་གྲུབ་བརྒྱའི་རྗེ། །ཚ་གྲང་མི་མངའ་འཇའ་ལུས་རྡོ་རྗེའི་སྐུ། །ཛ་ཡ་བདག་མེད་ཐེག་ཆེན་སེང་གེའི་སྒྲས། །ཝ་འདྲའི་ལོག་རྟོག་ཟིལ་གྱིས་གནོན་ལ་བསྟོད། །ཞྭ་སེར་ཅན་སོགས་གྲུབ་མཐས་སྙེམས་པ་ཡི། །ཟ་ཟིས་གཡེང་བའི་མཁས་བླུན་ཀུན་གྱིས་བསྔགས། །འ་འོལ་འདི་སྣང་ཆོས་བརྒྱད་རང་གྲོལ་བའི། །ཡ་མཚན་རྫོགས་ཆེན་རྣལ་འབྱོར་ཁྱོད་ལ་བསྟོད། །ར་ག་དབང་གི་ཕྲིན་ལས་སྦུར་ལེན་ངོགས། །ལ་ལུང་སྐྱེ་འགྲོ་རྡུལ་བཞིན་རབ་འདུས་ཤིང་། །ཤ་ཟ་སྡང་སེམས་འཆང་བའི་ཚོགས་ཀུན་ཀྱང་། །ས་ལམ་དཀར་པོའི་ཤིང་རྟར་འདྲེན་ལ་བསྟོད། །ཧ་ལམ་ཙམ་ལས་གང་གི་གསང་བ་གསུམ། །ཨ་མི་དྷེ་ཝ་ཉིད་དང་དབྱེར་མེད་ཕྱིར། །ཨ་ཧོ་བསྐལ་བར་རྒྱལ་བའི་ལྗགས་ཀྱིས་ཀྱང་། །ཨ་ལ་ལ་ཧོ་བགྲང་བར་ནུས་མ་ཡིན། །དེ་སྐད་རྩ་བའི་བླ་མ་ལ། །གང་ཤར་ཚིག་གིས་འབོལ་རྩོམ་དུ། །བསྔགས་འདི་ནག་པོ་རྒྱ་ཡི་རིགས། །དམ་པའི་སྤྲུལ་བར་བཏགས་དེས་སྨྲས།།

རྩ་བའི་བླ་མ་རྫོགས་སྤྲུལ་རིན་པོ་ཆེ་ལ་བསྟོད་པ་རྡོ་རྗེ་གླུ་མའི་རྒྱུད་མང་།

༈ རྩ་བའི་བླ་མ་རྫོགས་སྤྲུལ་རིན་པོ་ཆེ་ལ་བསྟོད་པ་རྡོ་རྗེ་གླུ་མའི་རྒྱུད་མང་ཞེས་བྱ་བ་བཞུགས།

ཀ་དག་གདོད་ནས་མི༵་འགྱུ༵ར་ཆོས་ཀྱི་སྐུ། །ཁ་དོག་འགགས་མེད་ན༵མ་མཁ༵འི་ནོར་བུ་བཞིན། །ག་དར་རྡོ༵་རྗེ༵་གསུམ་གྱི་སྒྱུ་འཕྲུལ་གར། །ང་ཡི་བླ་མ་ཨོ་རྒྱན་ཆེ་མཆོག་བསྟོད། །ཅ་ཅོ་མ་ཡིན་གང་གསུང་རྡོ་རྗེའི་ཚིག །ཆ་ཙམ་ཐོས་པས་སྙིང་གི་མུན་པ་སེལ། །ཇ་དར་ལོངས་སྤྱོད་གཅེས་དགུའི་ཡོ་བྱད་ཀུན། །ཉ་རོ་རུལ་བཞིན་རིང་དུ་དོར་ལ་བསྟོད། །ཏ་ཐཱ་ག་ཏའི་ལུང་རྟོགས་བསྟན་པ་མཆོག །ཐ་མལ་ཇི་བཞིན་ཆགས་སྡང་གིས་མི་འཛིན། །ད་ལྟ་མཁས་གྲུབ་སློབ་ཚོགས་ལྷ་ལམ་དུ། །ན་བུན་སྤྲིན་ཕུང་འཐིབ་བཞིན་ངོམས་ལ་བསྟོད། །པ་སངས་ལྟར་དཀར་སྔོན་སྨོན་ཐུགས་བསྐྱེད་མཐུས། །ཕ་རོལ་གང་གིས་མཐོང་ཐོས་དྲན་པས་ཀྱང་། །བ་མཆོག་འདོད་པ་འཇོ་དང་དཔག་བསམ་ཤིང་། །མ་ཎི་ཀ་ལྟར་འདོད་རྒུ་སྟེར་ལ་བསྟོད། །ཙ་རི་ཏྲ་སོགས་གནས་ཡུལ་ཌཀྐིའི་ཚོགས། །ཚ་ཟེར་ཅན་དྲུང་པདྨའི་ཚལ་བཞིན་དུ། །ཛ་ཡ་ཁྱོད་ཞབས་ཉིན་བྱེད་བསྟེན་ལ་འདུད། །ཝ་ར་ཧཱི་ཡི་ཚོགས་རྗེར་གྱུར་ལ་བསྟོད། །ཞྭ་དམར་སེར་ནག་མཁས་གྲུབ་སྐྱེ་བའི་ཕྲེང་། །ཟ་ར་ཚག་བཞིན་བར་མ་ཆད་པར་བརྒྱུད། །འ་ཅག་བསོད་ནམས་ཁྱུང་སྐྱེས་ཀྱིས་བོས་མགྲོན། །ཡ་མཚན་སྐྱེ་དགུའི་ཉི་མ་ཁྱོད་ལ་བསྟོད། །རྭ་ལྟར་རྒྱུད་གྱོང་གཟུགས་ཅན་གཟུགས་མེད་འདུལ། །ལ་ལུང་སྐལ་བཟང་ཁབ་ལེན་ལྕགས་བཞིན་འདུ། །ཤ་གཟུགས་འོད་དུ་གྲོལ་བའི་བཱི་མ་ལ། །ས་གསུམ་འདྲེན་པའི་དེད་དཔོན་ཆེན་པོར་བསྟོད། །ཧ་ཅང་གཅམ་བུའི་ཟོལ་བསྟོད་ཙམ་མིན་ཏེ། །ཨ་ཏིའི་བསྟན་འཛིན་གང་གི་གསང་བ་གསུམ། །མཐའ་ཡས་རྒྱལ་བའི་གསང་གསུམ་ཡོན་ཏན་དང་། །ཐུན་མོང་ཉིད་ཕྱིར་རོ་འཛིན་ངལ་བའི་རྒྱུ། །འོན་ཀྱང་རང་གིས་བསོད་ནམས་ཚོགས་བསགས་ཕྱིར། །སྤྱི་བརྟོལ་བསྐྱེད་དེ་ཅུང་ཟད་བརྗོད་པ་ལ། །ནོངས་པ་གང་མཆིས་མཁས་རྣམས་ཀྱིས་བཟོད་མཛོད། །དགེ་བས་ཚེ་རབས་ཀུན་ཏུ་རྗེས་འཛིན་ཤོག། སྤྲང་བཙུན་རྒྱ་སྤྲུལ་པས་སོ།།

རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་བསྟོད་པ་སྐྱེ་བ་ལྔ་བའི་དུང་དཀར་སྒྲ་སྙན།

༈ རྒྱལ་སྲས་གཞན་ཕན་མཐའ་ཡས་ལ་བསྟོད་པ་སྐྱེ་བ་ལྔ་བའི་དུང་དཀར་སྒྲ་སྙན་ཞེས་བྱ་བ་བཞུགས།

ཀ་མ་ཤཱི་ལས་ལྟ་ངན་ཚར་བཅད་བཞིན། །ཁ་ལྟ་སྟོང་སྐད་ལོག་ཆོས་སུན་འབྱིན་ཕྱིར། །ག་དར་སྤྱོད་གཙང་འདུལ་ཁྲིམས་ལྷུར་མཛད་པའི། །ང་ཡི་བླ་མ་རྒྱལ་བའི་སྲས་པོར་བསྟོད། །ཅ་ཅོའི་ཚིག་མིན་གཞ༵ན་ཕ༵ན་ཁོ་ན་གཉེར། །ཆ་ཙམ་གཞལ་དཀའི་མཐ༵འ་ཡ༵ས་རྒྱུད་དོན་རྟོགས། །ཇ་ཧོང་ངུར་སྨྲིག་འདུས་སྡེའི་སྲོག་ཤིང་མཆོག །ཉ་ཏོག་རྒྱལ་མཚན་ཟིལ་གྱིས་གནོན་ལ་བསྟོད། །ཏ་ཐཱ་ག་ཏའི་བདེན་གསུང་དཔང་བཞག་ནས། །ཐ་དག་འགྲོ་ལ་ཡང་དག་ལམ་བཟང་སྟོན། །ད་ལྟ་ཐུབ་དབང་མཛད་པའི་ངོ་མཚར་ཅན། །ན་རཀ་སྐྱབས་གཅིག་འགྲོ་བའི་མགོན་པོར་བསྟོད། །པ་ཏྲ་སྤོས་རྒྱ་ཇི་བཞིན་རྒྱ་སོག་གིས། །ཕ་རོལ་མཐའ་ནས་བསྐོར་བའི་གངས་ལྗོངས་འདིར། །བ་དན་གྲགས་དཀར་གཡོ་བའི་རྡོ་གྲུབ་རྗེས། །མ་ཡི་བུ་བཞིན་སྲས་ཀྱི་ཐུ་བོར་བསྟོད། །རྩ་ཐིག་རླུང་སོགས་བསྐྱེད་རྫོགས་མཐར་ཕྱིན་ནས། །ཚ་གྲང་དཀའ་བ་མ་སྤྱད་གྲུབ་མཆོག་བརྙེས། །ཛ་ཡའི་དགོངས་དོན་མདོ་རྒྱུད་སྨིན་གྲོལ་ལུང་། །ཝ་ཆུའི་རྒྱུན་ལྟར་གདུལ་བྱར་སྩོལ་ལ་བསྟོད། །ཞྭ་སེར་གྲུབ་མཐས་སྙེམས་ཀུན་སྤ་བཀོང་ཞིང་། །ཟ་ཆོག་དམར་མཆོད་སྡིག་པའི་སྲོལ་ངན་བཅད། །འ་འེ་དབྱངས་རོལ་ཙམ་མིན་འཆད་རྩོད་རྩོམ། །ཡ་མཚན་མཁས་པའི་རྣམ་ཐར་སྐྱོང་ལ་བསྟོད། །རྭ་རྨིག་ཅན་གྱི་དུད་འགྲོ་གསོག་མིན་ཀྱང་། །ལ་ལུང་མཁས་གྲུབ་གདམས་པའི་ནོར་གྱིས་ཕྱུག །ཤ་ཆང་ཟས་ཀྱིས་འཁོར་མང་བསྡུས་མིན་ཀྱང་། །ས་གསུམ་སྐལ་བཟང་འདུན་པ་གཅིག་པུར་བསྟོད། །ཧ་ལ་དུག་ལྔ་སྤང་བསྒྱུར་ལམ་དུ་འཁྱེར། །ཨ་ཏིའི་ལམ་སྟེགས་སྡོམ་པ་གསུམ་གྱི་གཞུང་། །འཛམ་གླིང་མཛེས་རྒྱན་ཀླུ་དབང་བཞེད་སྲོལ་བཞིན། །འཕྱུག་མེད་རྒྱལ་བསྟན་རྩ་ལག་ཁྱོད་ལ་བསྟོད། །མཉམ་མེད་རྒྱལ་བསྟན་རིན་པོ་ཆེར། །ཚུལ་བཞིན་བྱ་བ་བྱེད་མཁས་པའི། །རྒྱལ་སྲས་གཞན་ཕན་མཐའ་ཡས་ལ། །དོན་བསྟོད་རྒྱ་སྤྲུལ་མིང་གིས་སོ།། ཤུ་བྷཾ།

རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་ལ་བསྟོད་པ་བློ་གསལ་རྨ་བྱ་དགའ་བའི་སྤྲིན་གྱི་གླུ་དབྱངས།

༈ རྫོགས་ཆེན་མཁན་རིན་པོ་ཆེ་པདྨ་བཛྲ་ལ་བསྟོད་པ་བློ་གསལ་རྨ་བྱ་དགའ་བའི་སྤྲིན་གྱི་གླུ་དབྱངས་ཞེས་བྱ་བ་བཞུགས།

ཀ་དག་ཆོས་སྐུའི་དགོངས་པ་མངོན་གྱུར་བའི། །ཁ་བ་ཅན་གྱི་སྐྱབས་མགོན་རྫོགས་ཆེན་པས། །ག་དར་བསྟན་པའི་བདག་པོར་མངའ་གསོལ་བ། །ང་ཡི་བླ་མ་མཁན་ཆེན་བསྔགས་པའི་ཡུལ། །ཅ་ཅོ་མ་ཡིན་ལེགས་བཤད་ཆོས་མཐུན་གསུང་། །ཆ་ལུགས་རབ་བྱུང་འཁོར་བའི་སྐྱོན་ལས་གྲོལ། །ཇ་དར་རྙེད་པ་ཚོགས་གཉིས་གོང་དུ་སྤེལ། །ཉ་ཟླ་སྤྲིན་བྲལ་མཁན་ཆེན་བསྔགས་པའི་ཡུལ། །ཏ་ཐཱ་ག་ཏའི་རྣམ་འཕྲུལ་འགྲོ་བའི་མགོན། །ཐ་མལ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ། །ད་ལྟའི་དུས་ཀྱི་སྟོན་པ་གཉིས་པར་གྲགས། །ནཱ་གཱརྫུ་ནའི་རྒྱལ་ཚབ་བསྔགས་པའི་ཡུལ། །པ་ར་མི་ཏའི་དགོངས་དོན་མཐའ་རུ་ཕྱིན། །ཕ་མའི་དོན་དུ་བསྙེན་སྒྲུབ་དགེ་བཅུར་བརྩོན། །བ་ལིང་ཚོགས་རྗེ་པདྨའི་བསྟན་པ་འཛིན། །མ་བཅོས་རྫོགས་ཆེན་རྣལ་འབྱོར་བསྔགས་པའི་ཡུལ། །ཙ་རི་ལ་སོགས་གནས་ཡུལ་བྱིན་ལྡན་དུ། །ཚ་གྲང་དཀའ་སྤྱད་སྒོ་གསུམ་ལྕགས་ཁམས་ལ། །ཛ་ཡའི་གསང་གསུམ་གསེར་འགྱུར་རྩི་ཡིས་ཐེབས། །ཝ་ལེར་རིག་སྟོང་མངོན་གྱུར་བསྔགས་པའི་ཡུལ། །ཞྭ་བཞིན་ཀུན་གྱིས་བཀུར་ཡང་དྲེགས་དང་བྲལ། །ཟ་ཧོར་མཁན་པོའི་རྗེས་འགྲོ་ཐུབ་པའི་བསྟན། །འ་འུར་གྲགས་པ་དོན་ལྡན་བཤད་སྒྲུབ་ཀྱིས། །ཡ་མཚན་སྲིད་རྩེར་བསྒྲེངས་མཛད་བསྔགས་པའི་ཡུལ། །ར་བ་ཇི་བཞིན་ཉེས་པའི་སྤྱོད་ཀུན་སྡོམ། །ལ་ལ་མ་ཡིན་དགེ་ཆོས་མཐའ་དག་སྡུད། །ཤ་ཟ་ལྟ་བུའི་གདུལ་དཀའ་ཐབས་ཀྱིས་འདུལ། །ས་ཐོབ་སེམས་དཔའ་མཁན་ཆེན་བསྔགས་པའི་ཡུལ། །ཧ་ལ་དུག་ལྔ་སྤང་བསྒྱུར་ལམ་དུ་འཁྱེར། །ཨ་ཏིའི་དགོངས་པ་རྟོགས་ཀྱང་རྒྱུ་འབྲས་ཞིབ། །ཧ་ཧེ་བཞད་པ་ཆོས་གླུས་གཞན་སྣང་བསྒྱུར། །ཨ་ཧོ་གྲུབ་པའི་དབང་ཕྱུག་བསྔགས་པའི་ཡུལ།། སྤྲུལ་པའི་སྐུ་གཏེར་སྟོན་ལུང་རིག་གླིང་པས་སོ།།

སྨར་ཁམས་བླ་མ་འཇམ་དབྱངས་རིན་པོ་ཆེ་ལ་བསྟོད་པ་བུང་བ་གཞོན་ནུའི་མགྲིན་གླུ།

༈ སྨར་ཁམས་བླ་མ་འཇམ་དབྱངས་རིན་པོ་ཆེ་ལ་བསྟོད་པ་བུང་བ་གཞོན་ནུའི་མགྲིན་གླུ་ཞེས་བྱ་བ་བཞུགས། ཀཿཐོག་པ་ཞེས་གྲགས་པ་དོན་ལྡན་པའི། །ཁ་བ་ཅན་གྱི་སྐྱབས་མཆོག་པཎ་ཆེན་རྗེས། །ག་དར་དགོངས་པའི་བྱིན་རླབས་ལེགས་འཕོས་པ། །ང་ཡི་མགོན་གྱུར་འཇམ་དབྱངས་མཚན་ཅན་བསྟོད། །ཅ་རེ་མིག་ལྟོས་ངན་པའི་ཕ་ཡུལ་ཁྱིམ། །ཆ་རོགས་གཉེན་འདུན་འདུས་པའི་བཟའ་ཚོ་དང་། །ཇ་དར་ལོངས་སྤྱོད་སྡུག་བསྔལ་རྒྱུར་གཟིགས་ནས། །ཉ་རྒྱས་ཐར་བཞིན་དབེན་པར་བྲོས་ལ་བསྟོད། །ཏ་ཐཱ་ག་ཏའི་རྣམ་འཕྲུལ་དམ་པ་བསྟེན། །ཐ་དད་ཆེ་ཆུང་ཆོས་ཀྱི་བདུད་རྩི་འཐུང་། །ད་ལྟའི་སྣང་བ་སྒྱུ་མའི་ཚུལ་མཁྱེན་ནས། །ན་ཚོད་ཆོས་མཐར་ཕྱིན་པའི་དམ་པར་བསྟོད། །པ་སངས་ལྟར་དཀར་ཐུགས་བསྐྱེད་བསྟན་འགྲོར་སྨན། །ཕ་རོལ་ཕྱིན་དྲུག་ཡོན་ཏན་མཐའ་དག་ཚང་། །བ་གམ་བྲག་དང་རི་ངོགས་ཁོ་ནར་བཞུགས། །མ་རིག་མུན་སེལ་མཁས་པའི་དབང་པོར་བསྟོད། །རྩ་ཐིག་རླུང་གསུམ་ལས་སུ་རུང་བའི་མཐུས། །ཚ་ངར་གཏུམ་མོའི་བདེ་དྲོད་མེ་རུ་འབར། །ཛ་ཡ་རྫོགས་ཆེན་སྣང་བཞི་མཐར་སོན་པའི། །ཝ་ར་ཧཱི་ཡི་ཚོགས་རྗེ་བླ་མར་བསྟོད། །ཞྭ་ཐོད་སྤངས་པའི་རལ་ཁྲོད་མཁའ་འགྲོའི་གྲོང་། །ཟ་ཆོག་མི་མཛད་ལོངས་སྤྱོད་ཆར་སྤྲིན་འཁྲིགས། །འ་འོལ་ནོར་རྫས་ཅི་ཡོད་མཆོད་སྦྱིན་གཏོང་། །ཡ་མཚན་བྱ་བཏང་མཉྫུ་ཤྲཱི་ལ་བསྟོད། །ར་བ་གངས་ལྗོངས་བཀའ་བསྟན་ཕལ་ཆེར་གཟིགས། །ལ་ལ་ཙམ་མིན་ཀུན་ལ་སྙོམས་པའི་ཐུགས། །ཤ་ཟའི་ཚོགས་ཀྱང་བྱམས་དང་སྙིང་རྗེས་འདུལ། །ས་ཐོབ་སེམས་དཔའི་རྣམ་འཕྲུལ་མཆོག་ལ་བསྟོད། །ཧ་ལ་དུག་གསུམ་སྐུ་གསུམ་དགོངས་པར་གྲོལ། །ཨ་ཧོ་མཁས་དང་གྲུབ་པའི་ཚོགས་ཀུན་གྱིས། །རབ་ཏུ་བསྔགས་པའི་སྐྱེས་མཆོག་མིའི་སེང་གེ། །ཚེ་རབས་ཀུན་ཏུ་ཁྱོད་དང་འབྲལ་མེད་ཤོག །དེ་ལྟར་བྱ་བཏང་བླ་མ་མཆོག །གང་གི་ཞབས་པད་བསྟེན་པ་ལས། །དམ་པའི་ཡོན་ཏན་མཐོང་བའི་གླུ། །ཐོས་ཆུང་ལུང་རིག་མིང་གིས་བྲིས།།

སྐྱབས་རྗེ་རིག་འཛིན་རྒྱ་མཚོར་བསྔགས་པའི་ཀ་ཕྲེང་།

༈ སྐྱབས་རྗེ་རིག་འཛིན་རྒྱ་མཚོར་བསྔགས་པའི་ཀ་ཕྲེང་བཞུགས།

ཀ་ནི་ཀ་ལྟར་ལྷ་མིས་མཆོད་པའི་ཡུལ། །ཁ་བཤད་ཙམ་མིན་རང་རྒྱུད་ལེགས་བཏུལ་ནས། །ག་དར་ངེས་འབྱུང་ཁྲིམས་ཀྱིས་ཀུན་སྤྱོད་གཙང་། །ང་ཡི་སྐྱབས་རྗེ་རིག་འཛིན་རྒྱ་མཚོར་བསྔགས། །ཅ་ཅོ་སྡིག་པ་གཏན་སྤངས་ཆོས་མཐུན་གསུང་། །ཆ་ལུགས་རང་གར་མི་མཛད་བསྟན་པའི་སྲོལ། །ཇ་ཧོང་ངུར་སྨྲིག་རྒྱལ་མཚན་རྒྱུན་ལྡན་འཆང་། །ཉ་ཟླ་སྤྲིན་བྲལ་ལྟ་བུའི་བླ་མ་བསྔགས། །ཏ་ཐཱ་ག་ཏའི་བཀའ་བསྟན་དཔང་བཞག་ནས། །ཐ་མ་ཁ་སོགས་ཉེས་པའི་རྒྱུ་ཀུན་དོར། །ད་ལྟ་སྙིགས་མའི་སྨག་ལ་སྒྲོན་མེ་ལྟར། །ནཱ་གཱརྫུ་ནའི་གཞུང་དོན་སྟོན་མཁས་བསྔགས། །པ་སངས་ལྟར་དཀར་ཀུན་སྤྱོད་གཙང་བ་དང་། །ཕ་རོལ་ཕྱིན་དྲུག་ཉམས་ལེན་མཛོད་ཅིག་ཅེས། །བ་ལྟར་བླུན་པའི་འཁོར་རྣམས་ཐབས་ཀྱིས་འདུལ། །མ་ནོར་ལམ་སྟོན་ཐར་པའི་དེད་དཔོན་བསྔགས། །ཙ་རི་ཏྲ་སོགས་གནས་ཡུལ་ལུས་ལ་ཚང་། །ཚ་ཐུབ་གྲང་ཐུབ་བསྐྱེད་རྫོགས་བཟླས་བརྗོད་ལ། །ཛ་ཡའི་དགོངས་པ་དང་མཐུན་སྒྲུབ་དགོས་ཞེས། །ཝ་ཆུའི་རྒྱུན་བཞིན་ཉིན་མཚན་བརྩོན་ལ་བསྔགས། །ཞྭ་དམར་བསྟན་པའི་རྒྱལ་མཚན་བླར་བཏེགས་པས། །ཟ་ཆོག་གྲུབ་མཐར་ཞེན་རྣམས་སྤ་བཀོང་ཞིང་། །འ་འུར་གྲགས་པ་དོན་ལྡན་སྨྲ་བའི་དབང་། །ཡ་མཚན་མི་ཡི་སེང་གེ་གང་དེར་བསྔགས། །ར་ཡིག་གཉིས་པས་སྦྲང་རྩིའི་བཅུད་འཐུང་ལྟར། །ལ་ལུང་མཁས་མང་གསུང་གི་བདུད་རྩི་མྱང་། །ཤ་བ་རི་སོགས་གྲུབ་བརྒྱའི་བྱིན་ནུས་ཐོབ། །ས་བཅུའི་དབང་ཕྱུག་འཇམ་དབྱངས་འཕྲུལ་དེར་བསྔགས། །ཧ་ལ་དུག་ལྔ་སྤང་བསྒྱུར་ལམ་ཁྱེར་གནད། །ཨ་ཏིའི་དགོངས་པ་རྟོགས་ཀྱང་རྒྱུ་འབྲས་ཞིབ། །ཨ་ཧོ་ལྟ་སྤྱོད་ཟུང་འབྲེལ་རྒྱལ་བའི་སྲས། །མཁས་མཆོག་པདྨ་དགེ་འདུན་གྲགས་པར་འདུད།།

ཚོགས་གླུའི་ཀ་ཕྲེང་།

༈ ཚོགས་གླུའི་ཀ་ཕྲེང་བཞུགས།

ཀ་དག་གཉུག་མའི་གནས་ལུགས་རྗེན་པ་རུ་སྟོན་པའི། །ཁ་བ་ཅན་གྱི་སྐྱབས་མགོན་པད་འབྱུང་དེ་དྲན་བྱུང་། །ག་དར་དངས་མའི་མཁའ་ལ་འཇའ་སྤྲིན་གྱི་དབུས་སུ། །ང་ཡི་ཚོགས་གྱི་གཙོ་བོར་བླ་མ་རུ་མཛོད་ཅིག །ཅ་ཅོ་ཐ་མལ་སྒྲ་མིན་ཌཱཀྐི་ཡི་བརྡ་སྐད། །ཆ་ལུགས་བཅོས་མ་མ་ཡིན་ཤུགས་འབྱུང་གི་སྤྱོད་པ། །ཇ་ཆང་དངོས་འཛིན་བྲལ་བའི་བདུད་རྩི་ཡི་ཚོགས་རྫས། །ཉ་གང་ཟླ་བཞིན་འབུལ་ན་དགྱེས་པ་རུ་བཞེས་ཤིག །ཏ་ཐཱ་ག་ཏའི་བསྟན་ཞུགས་འདུས་པ་ཡི་སྤུན་གྲོགས། །ཐ་མལ་སྐྱེ་བོ་འབུམ་གྱིས་འགྲན་ཟླ་དང་བྲལ་ཡང་། །ད་ལྟ་ཉམས་ལེན་གཅིག་དྲིལ་རྫོགས་ཆེན་ལ་ཞུགས་དང་། །ན་རྒ་འཆི་ཡང་འགྱོད་བྲལ་ཐར་ལམ་དེར་ཟིན་ཡོང་། །པ་ར་མི་ཏའི་རིང་ལམ་བསྐལ་མང་ལ་ལྟོས་མིན། །ཕ་རོལ་མིག་འཕྲུལ་ལྟ་བུའི་གསང་ཆེན་གྱི་ཉེ་ལམ། །བ་དྭགས་སྲོག་དང་འབྲེལ་བར་གདན་ཐོག་འདིར་སྒྲུབས་དང་། །མ་འོངས་སྒུག་ཡུན་མི་དགོས་སངས་རྒྱས་དེ་ཐོབ་ཡོང་། །ཙ་རི་ཏྲ་དང་འདྲ་བའི་སྒྲུབ་ཁང་དེ་གཞལ་ཡས། །ཚ་གྲང་དཀའ་སྤྱད་མི་དགོས་རང་སེམས་དེ་ལྷ་སྐུ། །ཛ་ཡ་རྒྱལ་བའི་རྒྱལ་ཚབ་དྲིན་ཆེན་གྱི་བླ་མ། །ཝ་ཆུའི་རྒྱུན་བཞིན་དངོས་གྲུབ་ལག་མཐིལ་དུ་སྩོལ་ཤོག །ཞྭ་བཞིན་པདྨ་ཐོད་ཕྲེང་སྤྱི་བོ་རུ་བསྒོམ་ནས། །ཟ་བྱེད་བདུད་སྡེའི་གཡུལ་འཇོམ་ཡི་དམ་ལྷར་བསྙེན་ན། །འ་འོལ་བར་ཆད་ན་བུན་མཁའ་དབྱིངས་སུ་དེང་འགྲོ། །ཡ་མཚན་གྲུབ་པའི་ཉི་མ་སྙིང་དབུས་ནས་འཆར་ཡོང་། །ར་བ་གངས་རིའི་མངའ་བདག་ཚངས་པ་ཡི་མེ་ཏོག །ལ་ལ་ཙམ་མིན་སྐྱེ་འགྲོ་ཐམས་ཅད་ཀྱི་སྐྱབས་གཅིག །ཤ་ཟ་གདོང་དམར་བོད་ཡུལ་སྲིན་པོ་ཡི་ཚོགས་ཀྱང་། །ས་བཅུ་ལམ་ལྔར་བཀོད་པའི་བཀའ་དྲིན་དེ་དྲན་བྱུང་། །ཧ་ལ་དུག་ལྔའི་ལྕགས་ཁམས་སྲ་མཁྲེགས་ཀྱི་རང་བཞིན། །ཨ་དོན་གསེར་འགྱུར་དངུལ་ཆུའི་སྦྱོར་བ་རུ་ཞུགས་དང་། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཨོ་རྒྱན་གྱི་སངས་རྒྱས། །དགྱེས་པའི་ཞལ་བཟང་ཟངས་མདོག་དཔལ་རི་ནས་སྟོན་ཡོང་། །མོས་གུས་མཚོ་ལས་འཁྲུངས་པའི་བྱིན་རླབས་ཀྱི་སྤྲིན་ཕུང་། །འདིར་འདུས་སྐལ་ལྡན་ཚོགས་ཀྱི་ཡིད་མཁའ་ལ་འཁྲིགས་ནས། །གྲུབ་གཉིས་འདོད་པ་འཇོ་བའི་དངོས་གྲུབ་ཀྱི་སྦྲང་ཆར། །བསྟན་འགྲོའི་དཔལ་དུ་འགྱུར་བའི་རྟེན་འབྲེལ་ཞིག་ཞུའོ།།

དབོན་རིན་པོ་ཆེའི་ཞུས་ལན་རང་སྐྱོན་རྐུན་མ་མཛུབ་ཚུགས་ཀྱི་ཀ་ཕྲེང་།

༄༅། དབོན་རིན་པོ་ཆེའི་ཞུས་ལན་རང་སྐྱོན་རྐུན་མ་མཛུབ་ཚུགས་ཀྱི་ཀ་ཕྲེང་བཞུགས་སོ།།

ཀ་དག་གནས་ལུགས་ཕྱོགས་ཙམ་མ་མཐོང་བར། །ཁ་ལྟ་སྟོང་སྐད་རྒྱུ་འབྲས་ཁྱད་གསོད་མཁན། །ག་བུར་ཡལ་ལྟས་མདོ་མེད་མི་སེམས་པར། །ང་རྒྱལ་རང་མཐོང་ཟོབ་རྒན་སྤྲུལ་མིང་པ། །ཅ་རེ་མིག་གིས་ལྟ་སྟངས་མཐོན་པོར་བྱེད། །ཆ་མེད་བར་དོའི་འགྲོ་བ་འདྲེན་ནོ་སྐད། །ཇ་དར་ནོར་རྫས་སྒྱུ་མར་མི་སེམས་པར། །ཉ་མོ་རྒྱར་ཚུད་ཟོབ་རྒན་སྤྲུལ་མིང་པ། །ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་ན་ཡང་། །ཐ་མལ་ངང་དུ་མི་ལུས་ཆུད་ཟོས་མཁན། །ད་ལྟ་མགྲོན་ལམ་ཙམ་དུ་མི་སེམས་པར། །ན་ཚོད་སྟོང་ཟད་ཟོབ་རྒན་སྤྲུལ་མིང་པ། །པ་པཾ་དཀོར་རྫས་སྡུད་ཕྱིར་གཡོ་སྒྱུ་མཁན། །ཕ་རོལ་འགྲོ་ངོར་ངན་སྦས་བཟང་རྫུ་མཁན། །བ་དྭགས་སྲོག་རྩ་ནམ་འཆད་མི་ཤེས་པའི། །མ་རབ་མཐོ་འདོད་ཟོབ་རྒན་སྤྲུལ་མིང་པ། །ཙ་རི་ལ་སོགས་གནས་ཆེན་ལྟ་ཅི་སྨོས། །ཚ་ཁང་ཆེན་པོ་ཙམ་ཡང་སྐོར་མ་མྱོང་། །ཛ་ཡའི་དགོངས་དོན་ཕྱོགས་ཙམ་མ་མཐོང་བའི། །ཝ་རྒན་མདོག་སྔོན་ཟོབ་རྒན་སྤྲུལ་མིང་པ། །ཞ་གྲུམ་ནད་ཀྱིས་གདུང་ཡང་དཀོར་ཕྱིར་རྒྱུག །ཟ་ཆོག་ཆེད་དུ་ལུས་སྲོག་གཏོང་ནུས་མཁན། །འ་འོལ་འདིར་སྣང་སྒྱུ་མར་མི་ཤེས་པའི། །ཡ་བོ་ཁྲེལ་མེད་ཟོབ་རྒན་སྤྲུལ་མིང་པ། །རྭ་གྱོང་སྣོད་དུ་བླུག་བཞིན་ཀུན་དང་འཐབ། །ལ་ལུང་ཀུན་དུ་སྤྲང་ཕྱིར་དལ་མེད་ཉུལ། །ཤ་གཟུགས་ཕུང་པོ་ནམ་འཐོར་མི་ཤེས་པའི། །ས་སྟོང་སྤྱང་ཀི་ཟོབ་རྒན་སྤྲུལ་མིང་པ། །ཧ་ལ་དུག་ལྔའི་མགོ་ཙམ་མ་ནོན་པར། །ཨ་ཏིའི་རྣལ་འབྱོར་རང་གྲོལ་ཡིན་མདོག་ཁ། །ཧ་ཅང་བཤད་ན་སྐྱོན་གྱི་གོང་བུ་སྟེ། །ཨ་ཏིའི་ཞ་བོ་ཟོབ་རྒན་སྤྲུལ་མིང་པ། །ཟོབ་རྒན་བརྒྱད་ཀྱིས་རང་གི་སྐྱོན། །རྐུན་མ་མཛུབ་བཙུག་གསལ་བྱེད་ཕྲེང་། །ལྷ་མོ་ཚེ་རིང་དེས་བསྐུལ་ངོར། །རང་རྒྱུད་བརྟག་ནས་བྲིས་པའོ།།

དམ་པའི་རྟགས་སྟོན་གྱི་ཀ་ཕྲེང་ཙན་དན་དྲི་བསུང་།

༈ དམ་པའི་རྟགས་སྟོན་གྱི་ཀ་ཕྲེང་ཙན་དན་དྲི་བསུང་བཞུགས།

ཡང་ཅིག་བཟང་པོའི་ལོ་རྒྱུས་ཤིག །འབྲི་དགོས་ཟེར་བས་རང་བསྟོད་ངག །ཙན་དན་བསུང་ཞིམ་ཞེས་བྱ་བའི། །ཀ་ཕྲེང་འདི་ཡིན་ལྟོས་ཤིག་ཀྱེ། །ཀ་དག་ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་། །ཁ་བ་ཅན་གྱི་སྐྱབས་མགོན་རྫོགས་ཆེན་པས། །ག་དར་སྨིན་གྲོལ་གདམས་པས་དབུགས་དབྱུང་མཛད། །ང་རང་དམ་པའི་སྐྱེས་བུར་བཏགས་ཀྱང་ཆོག །ཅ་ཅོ་བྱིས་པའི་དུས་ནས་ཆོས་ལ་ཞུགས། །ཆ་ཙམ་ཆོས་ལ་ཐོས་བསམ་བྱེད་ལོ་བྱས། །ཇ་ཧོང་གོས་འཆང་ཁྱིམ་པའི་གྲལ་ནས་བུད། །ཉ་ཟླ་ལྟར་གསལ་བཙུན་པར་བཏགས་ཀྱང་ཆོག །ཏ་ཐཱ་ག་ཏའི་བསྟན་ལ་ཞུགས་ནས་བཟུང་། །ཐ་ཆད་འདི་ཕྱི་བརྗེ་བའི་ལས་མ་བྱས། །ད་ལྟ་མཆོག་གསུམ་བླ་མར་འབྲལ་མེད་ངང་། །ན་རྒ་ཤི་སྐྱིད་རྣལ་འབྱོར་བཏགས་ཀྱང་ཆོག །པ་པཾ་སྡིག་ཟས་དཀོར་ནག་སྡུད་ཆེ་ཡང་། །ཕ་རོལ་འགའ་ཞིག་ཆུད་ཟོས་ཆེར་མ་བྱས། །བ་ལྟར་བླུན་པོ་མུན་ནག་མདའ་འཕེན་མིན། །མ་ནོར་ལམ་སྟོན་བླ་མར་བཏགས་ཀྱང་ཆོག །ཙ་རི་ལ་སོགས་གནས་ལ་མ་བསྐོར་ཞིང་། །ཚ་གྲང་དཀའ་སྤྱད་སྡུག་རྒུར་མ་བྱས་ཀྱང་། །ཛ་ཡ་རྒྱལ་དབང་པདྨས་རྗེས་བཟུང་མཐུས། །ཝ་ལེར་ཐུགས་གཏེར་མཛོད་འཛིན་བཏགས་ཀྱང་ཆོག །ཞྭ་ལྷམ་གདན་ཆས་དྲིལ་སོགས་རང་ཚོད་ཙམ། །ཟ་ཚོགས་རྙེད་ཕྱིར་བསྒྲིགས་ན་འགྲུབ་སྲིད་ཀྱང་། །འ་འོལ་འདིར་སྣང་བདེན་མེད་མཚང་རིག་ཕྱིར། །ཡ་མཚན་གང་བྱུང་བྱ་བཏང་བཏགས་ཀྱང་ཆོག །རྭ་ལྟར་གྱོང་པོའི་ཚུལ་དུ་བསྟན་ནའང་། །ལ་ལུང་གཉེན་དང་དགྲ་སོགས་ངོ་མཉམ་ཕྱིར། །ཤ་ཟ་ལྟ་བུའི་གནོད་སེམས་འཆང་སྙམ་མེད།།ས་ཐོབ་སེམས་དཔའི་སྤྲུལ ་བར་བཏགས་ཀྱང་ཆོག །ཧ་ཅང་ཁ་ལྟ་མཐོན་པོ་མ་ཡིན་ཀྱང་། །ཧ་ལམ་རང་རྒྱུད་བརྟག་པའི་གཏམ་འདི་ཉིད། །ཨ་ཧོ་ཁྱེད་རང་དགའ་ཕྱིར་སྨྲས་པ་སྟེ། །ཨ་མཚར་རྩེད་མོའི་ཚུལ་དུ་བཏགས་ཀྱང་ཆོག །བཏགས་ཀྱང་ཆོག་པ་བརྒྱད་ཀྱི་ཀ །དམ་པའི་རྟགས་སྟོན་ཙན་དན་དྲིའི། །བསུང་ཞིམ་ཞེས་འདི་གྱི་ན་བ། །རྒྱ་སྤྲུལ་ཞེས་བྱས་བྲིས་པ་དགེ།།

ལྕམ་སྤྲུལ་པདྨ་བསྟན་འཛིན་ལ་གདམས་པའི་ཀ་ཕྲེང་སྔོན་མ།

༈ ལྕམ་སྤྲུལ་པདྨ་བསྟན་འཛིན་ལ་གདམས་པའི་ཀ་ཕྲེང་སྔོན་མ་བཞུགས།

ཀྭ་ཡེ་ཡོན་ཏན་ཀུན་རྫོགས་སྤྲུལ་པའི་སྐུ། །ཁ་ཡི་སོ་འཐོར་རྒན་པོས་འདི་བཞིན་གླེང་། །ག་དར་དམ་སྡོམ་གཙང་མ་དཔང་བཞག་ནས། །ང་ཅག་ཐོག་མའི་བླ་སློབ་འཕྱུག་མེད་ལགས། །ཅ་ཅོ་བསྟོད་སྨད་སྒྲ་ཀུན་བྲག་ཆ་འདྲ། །ཆ་ལུགས་གཡོ་ཟོལ་མ་བྱེད་བཙུན་ཚུགས་རེམ། །ཇ་ཧོང་ངུར་སྨྲིག་ཐར་བའི་རྒྱལ་མཚན་འདི། །ཉ་ཏོག་བདུད་ལས་རྒྱལ་བའི་དཔའ་རྟགས་ལགས། །ཏ་ན་ག་ན་སྦྱོར་སྒྲོལ་ཟབ་མོ་ནི། །ཐ་མལ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པས། །ད་ལྟ་ལྟ་བ་མཐོ་ལ་རྒྱུ་འབྲས་ཞིབ། །ན་ཡམ་མ་ཡིན་ལྟ་སྤྱོད་ཟུང་འཇུག་ལགས། །པ་ཏྲ་རྣམ་རྟོག་འབྲེལ་བའི་ཚོགས་དྲུག་རྒྱུད། །ཕ་རོལ་ཡུལ་ལ་ཞེན་པས་འཁོར་བར་འཁྱམས། །བ་དྭགས་སྲོག་དང་བསྡོས་ནས་ཐོས་བསམ་དོན། །མ་རུང་རང་རྒྱུད་འདུལ་འདི་གོ་རིམ་ལགས། །ཙ་ན་ཀ་སོགས་སྒྲ་སྙན་སྡེབ་སྦྱོར་དང་། །ཚ་གྲང་སྨན་གྱིས་ཉོན་མོངས་གསོ་དཀའ་བ། །ཛ་ཡའི་དགོངས་དོན་བསླབ་གསུམ་དྲན་ཤེས་རྣམས། །ཝ་ལེར་ཐུགས་སུ་ཆུབ་པ་བསྟན་འཛིན་ལགས། །ཞྭ་དམར་སྡོམ་དང་གོས་ཕྲུག་གཟི་བྱིན་དང་། །ཟ་ཐང་རྩོད་པའི་ཆོས་བརྒྱད་ཆོས་འདོད་རྣམས། །འ་ཅག་དམ་པའི་སྤྱོད་ཡུལ་མ་ཡིན་པས། །ཡ་མཚན་བསྟན་ལ་ཕན་ན་སྐྱེས་མཆོག་ལགས། །རྭ་ལྟར་གྱོང་བའི་རང་རྒྱུད་ལེགས་བཏུལ་ན། །ལ་ལུང་སྐལ་བཟང་སྐྱེ་བོའི་ཚོགས་རྣམས་ཀུན། །ཤ་རུལ་སྦྲང་བུའི་ཚུལ་བཞིན་རབ་འདུས་ནས། །ས་གསུམ་འགྲོ་ལ་ཕན་པ་ཆོས་ཉིད་ལགས། །ཧ་ལམ་ཙམ་དུ་བདག་གི་སྙིང་གཏམ་འདི། །ཨ་མི་ཏ་བྷའི་རྒྱལ་ཚབ་པདྨ་ཡི། །ཨ་ཏིའི་བསྟན་འཛིན་ལྕམ་སྤྲུལ་འཁྲུལ་ཞིག་ལ། །ཨ་དབྱིངས་རིག་པའི་རྩལ་ལས་ཤར་བཞིན་ཕུལ།།

ལྕམ་སྤྲུལ་ལ་སྤྲིང་པའི་ཀ་ཕྲེང་རྗེས་མ།

༈ ལྕམ་སྤྲུལ་ལ་སྤྲིང་པའི་ཀ་ཕྲེང་རྗེས་མ་བཞུགས། ཀ་དག་རྫོགས་ཆེན་བླ་མས་རྗེས་བཟུང་ཡང་། །ཁ་ལྟ་སྟོང་སྐད་ལྟ་བ་དྲེད་པོར་ཤོར། །ག་དར་དམ་སྡོམ་འཆལ་བའི་བཙུན་གཟུགས་བྱས། །ང་ནི་མདོ་མེད་སྤྲང་པོ་སྨྱོན་པ་ལགས། །ཅ་ཅོའི་སྒྲ་ཙམ་ཆོ་གས་གཞན་མགོ་བསྐོར། །ཆ་ལུགས་གཞན་སྣང་བསྒྱུར་བྱེད་བཟང་བརྫུ་མཁན། །ཇ་དངུལ་ནོར་ལ་བརྐམ་ཤིང་འཛིན་ཆགས་ཆེ། །ཉ་བཞིན་ཟས་ལ་སྲེད་པའི་ཕུང་རྒན་ལགས། །ཏ་ཐཱ་ག་ཏའི་བསྟན་ཞུགས་དགེ་སློང་བྱས། །ཐ་མལ་པ་བཞིན་དུག་ལྔ་ནང་ནས་འཕེལ། །ད་ལྟ་མཁས་གྲུབ་གྲལ་སྙོགས་མཐོན་པོར་རློམས། །ན་སོང་རྒན་པོ་ཁྲམ་པ་གཡོ་ཅན་ལགས། །པ་པཾ་སྡིག་བསོགས་དཀོར་རྫས་ཁྱིམ་ལ་སྦྱིན། །ཕ་རོལ་ཉེས་ལྟུང་རྣམ་སྨིན་རང་གིས་ཁུར། །བ་གམ་བྲག་ལ་སྒྲུབ་ཚུགས་མ་ཟིན་པའི། །མ་རུང་ཁྱིམ་པའི་མཆོད་གནས་གཏོ་བ་ལགས། །ཙ་མ་ར་སོགས་དཀོར་ནོར་བཀོལ་སྤྱོད་བྱས། །ཚ་སྐྱུར་ཟས་ཀྱི་གཡོ་སྐོལ་བྱེད་ལ་མཁས། །ཛ་ལང་དམུ་རྒོད་རང་རྒྱུད་མ་ཐུལ་བའི། །ཝ་ངན་ཚོས་ཀྱི་བསྒྱུར་བའི་བླ་གཟུགས་ལགས། །ཞྭ་ལྷམ་གོས་སོགས་ཕྱི་ཚུལ་བག་མ་བྱས། །ཟ་ཐབས་ལག་ལེན་མི་ཤེས་གཞན་ལ་རེ། །འ་རེ་འུ་རེའི་ངང་དུ་མི་ཚེ་ཟད། །ཡ་ངའི་གཡང་སར་མཆོང་བའི་བྱིས་པ་ལགས། །ར་རྒན་རྩྭ་བཞིན་གང་རྙེད་དཀོར་ཟས་ཟོས། །ལྭ་བའི་འདབས་ཟད་རྐང་པའི་ལྷམ་ཡང་རྡོལ། །ཤ་ཟད་པགས་པའི་གཉེར་མས་རྒས་གཟུགས་སྟོན། །ས་ཁྱིམ་རྡིབ་ལ་ཁད་པའི་རྒད་པོ་ལགས། །ཧ་ཅང་རང་སྐྱོན་ངན་པའི་མཚང་རིག་ནས། །ཨ་དོན་སྟོན་པའི་དྲིན་ཆེན་བླ་མ་ལ། །ཨ་ཧོ་རྒྱུན་དུ་གསོལ་བ་འདེབས་བཞིན་དུ། །ཨ་ལགས་སྤྲུལ་སྐུའི་མདུན་དུ་ཡིག་ཚར་སྤྲིང་།།

གསུང་ཚུལ་བརྒྱད་ཀྱི་ཀ་ཕྲེང་ལྷ་གྲོགས་ཡེ་ཤེས་རྡོ་རྗེ་ལ་གདམས་པ།

༈ གསུང་ཚུལ་བརྒྱད་ཀྱི་ཀ་ཕྲེང་ལྷ་གྲོགས་ཡེ་ཤེས་རྡོ་རྗེ་ལ་གདམས་པ་བཞུགས།

ཀྱེ་ཧོ་གསོན་དང་ལྷ་གྲོགས་ཡེ་རྡོར་ལགས། །རང་གིས་ཉམས་སུ་མ་བླང་ཅི་ཞིག་གདམས། །དེ་ཕྱིར་རྫོགས་ཆེན་གྲུབ་དབང་ཡབ་སྲས་ཀྱིས། །གསུང་ཚུལ་བརྒྱད་ཀྱི་ཚིག་བཅད་འདི་རུ་འདྲི། །ཀ་དག་འོད་གསལ་རིག་པ་དྲི་བྲལ་བ། །ཁ་གཏིང་བྲལ་བའི་མོས་གུས་ཚོགས་བསགས་མཐུས། །ག་ནས་མ་བྱུང་རང་ཞལ་མཇལ་ལོ་ཞེས། །ང་ཅག་དྲིན་ཆེན་བླ་མས་དེ་སྐད་གསུངས། །ཅ་ཅོའི་སྒྲ་དང་སྣ་ཚོགས་བཀྲ་བའི་གཟུགས། །ཆ་ཤས་ཕྲ་མོ་ལྐོག་འགྱུའི་རྣམ་རྟོག་དང་། །ཇ་ཆང་ཞིམ་དགུའི་ཟས་སོགས་འདོད་ཡོན་ལྔར། །ཉ་ལྟར་ཞེན་པས་ནམ་ཡང་གྲོལ་དཀའ་གསུངས། །ཏ་ལའི་ལྗོན་ཤིང་རྩ་བ་བཅད་གྱུར་ན། །ཐ་དད་ཡལ་ག་ལོ་འདབ་སྐམ་པ་ལྟར། །ད་ལྟ་གཟུང་འཛིན་རྩ་བ་བཅད་གྱུར་ན། །ན་འཆིའི་སྡུག་བསྔལ་རང་མཚན་བྲལ་ལོ་གསུངས། །པ་སངས་མདངས་ལྟར་དཀར་བའི་ལྷག་བསམ་གྱིས། །ཕ་མ་འགྲོ་ལ་བརྩེ་གདུང་རྒྱུན་དུ་མཛོད། །བ་དན་རླུང་གིས་བསྐྱོད་འདྲའི་རྣམ་རྟོག་ཀུན། །མ་བཅོས་རང་སར་བཞག་པས་གྲོལ་ལོ་གསུངས། །ཙ་རི་ཏྲ་སོགས་ཕྱི་རོལ་གནས་སྐོར་ཆེད། །ཚ་གྲང་དཀའ་སྤྱད་ཅི་ཙམ་བྱེད་པ་ལས། །ཛ་ཡའི་དགོངས་དོན་མལ་ནས་སྒོམས་མཛོད་དང་། །ཝ་ལེར་ཆོས་སྐུའི་ཀློང་དུ་གྲོལ་ལོ་གསུངས། །ཞྭ་གོས་ལྷམ་སོགས་སུ་ཡིས་བསྒྲུབ་ཀྱང་འགྲུབ། །ཟ་ཆོག་དབྱངས་རོལ་སུ་ཡིས་བསླབ་ཀྱང་ཤེས། །འ་འོལ་ཆོས་ཀུན་སྒྱུ་མར་རྟོགས་མཛོད་དང་། །ཡ་མཚན་དོན་ཆེན་མྱུར་དུ་འགྲུབ་བོ་གསུངས། །རྭ་ལྟར་གྱོང་བའི་རང་རྒྱུད་བསླུ་བྱེད་བདུད། །ལ་ལར་ཆགས་ཤིང་འགའ་ཞིག་དགྲ་རུ་མཐོང་། །ཤ་ཟ་འབྱུང་པོ་འདི་ལས་ལོགས་སུ་མེད། །ས་ཐོབ་བླ་མར་བསྟེན་ནས་ཐུལ་ཅིག་གསུངས། །ཧ་ཅང་མང་པོ་ཐོས་པས་ཅི་ཞིག་བྱ། །ཨ་ཧོ་རང་གི་ཉམས་ལེན་སེམས་ཀྱི་གསང་། །ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། །ཆོས་ཀུན་རྩ་བ་སེམས་ལ་དྲིལ་ཅིག་གསུངས། །དེ་ལྟར་དམ་པའི་གྲོགས་ཀྱིས་བསྐུལ་བའི་ངོར། །ཆོས་མེད་ལས་ཀྱིས་མནར་བའི་རྙེད་འཚོལ་མཁན། །སྤྲུལ་མིང་པ་དེས་བྲིས་ནས་ཕུལ་བའི་དགེས། །བདག་མེད་རྟོགས་པས་བདག་གཞན་ཡོངས་གྲོལ་ཤོག།

གྲོགས་ལ་གདམས་པའི་ཀ་ཕྲེང་།

༈ གྲོགས་ལ་གདམས་པའི་ཀ་ཕྲེང་བཞུགས།

ཀ་ཡེ་གསོན་དང་བརྩེ་ལྡན་ལྷ་གྲོགས། །ཁ་ནི་མི་དགེའི་བང་མཛོད་ཡིན་ན། །ག་དར་སེམས་ཉིད་ངང་དུ་སྨྲ་བཅད། །ང་རྒྱལ་བདུད་ཀྱི་བསླུ་བ་སྤོངས་ཤིག །ཅ་རེ་ཟུར་མིག་གཡོན་མ་བདུད་གྲོགས། །ཆ་མེད་དབེན་པར་སྒྲུབ་ཚུགས་བཟུང་ནས། །ཇ་ཆང་ཟས་ལ་ཞེན་སྤོང་དཀའ་ཐུབ། །ཉ་ཟླ་སྤྲིན་བྲལ་ཚངས་སྤྱོད་རེམ་ཤིག །ཏ་ལའི་ནགས་ཁྲོད་དམ་པའི་ཕ་ཁྱིམ། །ཐ་ཆད་གྲོང་ཡུལ་སྡིག་སྡུག་སྤོང་ན། །ད་ལྟའི་བདེ་སྐྱིད་རྨི་ལམ་སྒྱུ་མ། །ན་བུན་ཡལ་འདྲའི་བསླུ་བྲིད་སྤོངས་ཤིག །པ་ར་མི་ཏའི་ལྟ་བ་བློ་བྲལ། །ཕ་རོལ་ཕྱིན་པའི་དགོངས་དོན་རྟོགས་ན། །བ་གམ་བྲག་རིར་སྒྲུབ་ཚུགས་བཟུང་ནས། །མ་རྒན་འགྲོ་བ་བྱམས་བརྩེས་སྐྱོངས་ཤིག །རྩ་ལག་གཉེན་འདུན་ཚོང་འདུས་མགྲོན་པོ། །ཚ་ཞང་གཉེན་གྲོགས་འཆིང་ཐག་ཡིན་ན། །ཛ་ཡ་མི་ཡི་སེང་གེ་གཅིག་པུ། །ཝ་འདྲེའི་འདུས་འཚོགས་རྒྱང་རིང་སྤོངས་ཤིག །ཞ་གྲུམ་སྤྲང་རྒན་ང་འདྲས་ཅི་ཤེས། །ཟ་ཆོག་ཆོས་བརྒྱད་མཁན་པོ་ཡིན་ན། །འ་འོལ་སྒྱུ་མའི་རྣལ་འབྱོར་འོད་འཕྲོ། །ཡ་མཚན་བསྟེན་ལ་ཅི་གསུང་སྒྲུབས་ཤིག །ར་བ་བསྲུང་སྡོམ་སྤྱོད་པ་ཞིབ་དགོས། །ལ་ལུང་སྐྱེ་བོར་གཞན་ཕན་སྒྲུབ་ན། །ཤ་གཟུགས་ཕུང་པོ་མལ་དུ་བསྟུང་ནས། །ས་གཅིག་སྡོད་ཚུགས་སྟན་རྡོལ་མཛོད་ཅིག །ཧ་ཅང་བཤད་རྒྱ་བསྐྱེད་དེ་ཅི་བྱ། །ཨ་ཏིའི་དགོངས་དོན་ཇི་བཞིན་རྟོགས་ན། །ཧ་ལ་དུག་ལྔ་རང་ངོར་གྲོལ་ནས། །ཨ་མི་དྷེ་ཝའི་རྒྱལ་སར་སྙོགས་ཤིག །དེ་སྐད་རྒྱ་སྤྲུལ་ཆོས་མེད་རྒན་པོས། །འཆི་ལ་ཉེ་བའི་འཆོལ་ཚིག་སྨྲས་སོ། །དོན་གཉིས་དོན་ཀུན་འགྲུབ་པར་ཤོག་ཅིག། མང་ག་ལཾ།

སློབ་བུ་རིག་འཛིན་བཟང་པོ་ལ་གདམས་པའི་ཀ་ཕྲེང་།

༈ སློབ་བུ་རིག་འཛིན་བཟང་པོ་ལ་གདམས་པའི་ཀ་ཕྲེང་བཞུགས།

ཀ་ཡེ་གསོན་དང་བརྩེ་ལྡན་རིག་འཛིན་བཟང་། །ཁ་གཞོན་དུས་འདིར་ཐོས་བསམ་སྒོམ་ལ་འབུང་། །ག་ལེ་ཕྱི་བཤོལ་དབང་དུ་ལུས་པ་ན། །ང་འདྲའི་ཆོས་དྲེད་རྒན་པོར་སོང་ཚེ་འགྱོད། །ཅ་ཅོའི་སྨྲ་བ་ཉུང་ན་ཀུན་དང་མཐུན། །ཆ་མེད་མི་ལ་བློ་གཏད་བྱས་ན་བསླུ། །ཇ་སོགས་བཟའ་བཏུང་ཚོད་ཟིན་འདུ་བ་སྙོམ། །ཉ་བཞིན་རྒྱུག་འདུར་མ་བྱེད་རང་ཚུགས་ཟུངས། །ཏ་རེ་འཕགས་མའི་སྒྲུབ་ཐབས་དམ་པ་འདི། །ཐ་ཆད་ལོག་ལྟ་ཅན་ལ་གསང་རྒྱ་གལ། །ད་ལྟ་དུས་བབ་ཟབ་ཆོས་བསླུ་བ་མེད། །ན་གཞོན་མི་ཁར་མ་རྒྱུགས་བསྙེན་སྒྲུབ་རེམ། །པ་སངས་ལྟར་གསལ་ལུང་ཟིན་སྐྱེས་བུ་རྣམས། །ཕ་རོལ་གཞན་དང་མི་མཚུངས་སོམས་ཉི་སྤོངས། །བ་དྭགས་སྲོག་དང་བསྡོས་ནས་མ་འབད་ན། །མ་དང་མཁའ་འགྲོའི་བཀའ་ཆད་འོང་བས་གཟོབ། །ཙ་རི་ལ་སོགས་གནས་ནས་འོང་བ་མིན། །ཚ་གྲང་དཀའ་སྤྱད་ས་རྡོ་རྡོལ་མིན་ཀྱང་། །ཛ་ཡ་རིག་འཛིན་པདྨའི་བྱིན་རླབས་ཀྱིས། །ཝ་ལེར་དག་སྣང་ཐུགས་གཏེར་ཐོབ་པས་སྤྲོ། །ཞ་བོར་གྱུར་ཀྱང་པོ་ཊ་ལ་སོགས་མཇལ། །ཟ་ཁ་མི་ཆུང་འཕགས་མས་བུ་བཞིན་སྐྱོང་། །འ་འུར་མེད་ཀྱང་རིག་འཛིན་གྲལ་དུ་ཚུད། །ཡ་ང་མི་དགོས་རྒྱལ་བའི་ཕྲིན་ལས་པ། །ར་ཐེན་ཤིང་ཐེན་རྐྱེན་གྱིས་མ་ཁྱེར་ན། །ལ་ལས་གཤེ་ཡང་འགྲོ་དོན་རྒྱ་ཆེན་འབྱུང་། །ཤ་ཟ་སྲིན་རྒྱལ་པདྨ་ཐོད་ཕྲེང་རྩལ། །ས་གསུམ་དྲེགས་པའི་གཙུག་རྒྱན་མ་ཡིན་ནམ། །ཧ་ཅང་བཤད་རྒྱུ་མང་བ་མ་ཡིན་ཀྱང་། །ཨ་ཧོ་དང་པོ་རང་གི་ཉམས་ལེན་གྱིས། །རིམ་གྱིས་སྤེལ་དང་བསྟན་འགྲོ་སྤྱི་དང་ནི། །རང་གཞན་ཡོངས་ལ་ཕན་པའི་རྟེན་འབྲེལ་ཡོད།

ཆོས་དང་མཐུན་པའི་གཏམ་གྱིས་གདམས་པའི་ཀ་ཕྲེང་།

༈ ཆོས་དང་མཐུན་པའི་གཏམ་གྱིས་གདམས་པའི་ཀ་ཕྲེང་བཞུགས་སོ།།

ཀ་དག་གི་དོན་སྟོན་བླ་མ་ལ། །ཁ་ཞེ་གཉིས་མེད་པར་སྙིང་ནས་འདུད། །ག་ལེ་གྱིས་སེམས་འདི་གནད་ལ་ཕོབས། །ང་རང་ཚོ་སྣང་བ་ཨེ་འཁྲུལ་ལྟོས། །ཅ་རེ་ཡི་ལྕགས་ཀྱུ་གཡོ་བ་དེ། །ཆ་ལུགས་ལ་བལྟས་ན་ལྷ་མོ་འདྲ། །ཇ་ཆང་དང་བཟང་དགུས་ལོངས་སྤྱོད་དེ། །ཉ་མོ་དང་ལྕགས་ཀྱུ་འཕྲད་པ་འདྲ། །ཏ་ལེ་རུ་ཤར་བའི་ཉི་མ་བཞིན། །ཐ་མལ་གྱི་ཤེས་པ་འོད་དུ་གསལ། །ད་ལྟ་རུ་ལྷ་ཆོས་མ་བསྒྲུབ་ན། །ན་ཚ་དང་འཆི་བ་ཅིས་ཀྱང་འོང་། །པ་སངས་ལྟར་ཁ་དོག་དཀར་ན་ཡང་། །ཕ་ཝང་ལྟར་སེམས་ལ་ཆོས་མི་དྲན། །བ་ལང་ལྟར་བླུན་པོའི་རྫུ་བག་ཅན། །མ་རྒན་དེ་མགོ་སྐོར་མ་བྱེད་ཨཾ། །ཙ་ར་ར་ཁྲག་གི་མཆི་མ་འབེབས། །ཚ་གྲང་གི་སྡུག་བསྔལ་བཟོད་མི་ནུས། །ཛ་བྷྱོ་ཡི་སྔགས་དེས་མི་ཕན་དུས། །ཝ་སྐྱེས་བཞིན་ངན་འགྲོར་ལྷུང་ད་རེ། །ཞྭ་གོས་དང་ལྷམ་བྲལ་ཤ་གཟུགས་དེས། །ཟ་བྱེད་ཀྱི་གཤིན་རྗེའི་མདུན་ས་རུ། །འ་འོལ་གྱི་རྫུན་ཚིག་སྨྲས་ན་ཡང་། །ཡ་རེ་ཆ་ཕན་པ་མི་འདུག་གོ། །ར་བ་དང་བྲལ་བའི་སྒྱུ་མའི་ནོར། །ལ་ལུང་དུ་འཚོ་སྐྱོང་བྱས་བྱས་ཀྱང་། །ཤ་ཁྲག་དང་བྲལ་བའི་བར་དོ་རུ། །ས་ལམ་གྱི་གེགས་སུ་གྱུར་ལ་ལྟོས། །ཧ་ཧ་ཡི་གད་མོ་ཆེར་འཆོར་བའི། །ཨ་མཚར་དུ་སྨྲས་ལ་དོན་ཀྱང་ཡོད། །ཧ་ལམ་གྱི་ཆོས་དང་མཐུན་པའི་གཏམ། །ཨ་ལ་ལ་གྲོགས་ཀྱིས་དོན་རྟོགས་ཤོག།

བཛྲ་མངྒ་ལ་གདམས་པའི་ཀ་ཕྲེང་།

༈ བཛྲ་མངྒ་ལ་གདམས་པའི་ཀ་ཕྲེང་བཞུགས།

ཀ་ཡེ་ལེགས་པར་གསོན་དང་ཙིཏྟའི་ཟླ་གྲོགས། །ཁ་ཞེ་གཉིས་སུ་མེད་པར་བྱང་ཆུབ་འདོད་ན། །ག་དར་རིག་པའི་རང་ཞལ་རྗེན་པར་ལྟོས་དང་། །ང་བདག་འཁྲུལ་བའི་རྫུན་ཕུག་ཞིག་ནས་འདུག་གོ །ཅ་རེ་ཟུར་མིག་མཛེས་མའི་ཟླ་གྲོགས་ལེགས་ཀྱང་། །ཆ་མེད་བར་དོའི་སྐྱབས་གནས་བླ་མར་བསྟེན་དགོས། །ཇ་དར་ལོངས་སྤྱོད་འཛོམས་པའི་སྣང་བ་སྐྱིད་ཀྱང་། །ཉ་ལྟར་སྒྲེན་མོར་འགྲོ་ཚེ་གདམས་ངག་ཡོད་དགོས། །ཏ་ཐཱ་ག་ཏའི་བསྟན་ལ་གུས་འདུན་ཡོད་ཀྱང་། །ཐ་མལ་འཁོར་བའི་ཆོས་ལ་ངེས་འབྱུང་སྐྱེས་དགོས། །ད་ལྟ་གཞོན་ནུའི་དུས་སུ་ཅི་བྱས་ཆོག་ཀྱང་། །ན་རྒ་འཆི་བས་མནར་ཚེ་འགྱོད་མེད་ཅིག་དགོས། །པ་ཏྲའི་རྗེས་སུ་འགྲོ་བའི་གཡོ་སྒྱུར་མཁས་ཀྱང་། །ཕ་རོལ་གཤིན་རྗེའི་དྲུང་དུ་བདེན་རྫུན་འབྱེད་དགོས། །བ་ལང་གསེར་མདོག་ངོམ་པའི་ན་བཟའ་མཛེས་ཀྱང་། །མ་རུང་དུག་ལྔས་གདུང་ཚེ་གཉེན་པོ་བརྟེན་དགོས། །ཙ་མ་ར་ལྟར་ཁེངས་སེམས་མཁའ་དང་མཉམ་ཡང་། །ཚ་གྲང་སྡུག་བསྔལ་སོམས་ལ་བློ་སྦྱོངས་ཞིག་དགོས། །ཛ་ཡ་རྒྱལ་བའི་རྗེས་འཇུག་ཡིན་པར་རློམས་ཀྱང་། །ཝ་འདྲའི་སྐྱེ་བོ་ཕལ་གྱིས་མི་ཁྲེལ་ཙམ་དགོས། །ཞྭ་གོས་ལྷམ་སོགས་མཛེས་པས་སྒེག་མོ་འདར་ཡང་། །ཟ་བྱེད་འཆི་བདག་བྱུང་ཚེ་ངེས་པར་སྐྱུར་དགོས། །འ་འོལ་སྒྱུ་མའི་ཆོས་ལ་རྟག་འཛིན་བྱས་ཀྱང་། །ཡ་མ་བརླ་རུ་འདུག་པས་སྙིང་པོ་ལེན་དགོས། །རྭ་ལྟར་གྱོང་བའི་རང་རྒྱུད་ངན་པར་ཤེས་ཀྱང་། །ལ་ལུང་ཉུལ་བའི་དྲེད་པོར་སོང་བ་གོ་དགོས། །ཤ་ཁྲག་ཕུང་པོ་འཇའ་ལུས་ཐོབ་པར་སྨོན་ཀྱང་། །ས་ལམ་སྦྱང་ནས་འབྱོང་བ་ཡིད་ལ་ངེས་དགོས། །ཧ་ཧ་སྤྲང་པོའི་ངག་ནི་བྱུང་རྒྱལ་ཡིན་ཀྱང་། །ཨ་ཧོ་གྲོགས་པོས་རྟོག་དང་བདེན་པར་ཨེ་འདུག །དགོས་རྒྱུའི་རྒྱུ་མཚན་ཤེས་ཀྱང་རྒྱུད་ལ་མ་འབྱོར། །ནད་པས་སྨན་སྐྱལ་ཐོག་འདྲའི་སྤྲུལ་མིང་དེས་སྨྲས། །མི་ངན་ཚིག་གི་རྦབ་ནི་མཐོ་དམན་ཀུན་ལ། །ཕོག་པ་ཡིན་པས་དེ་དང་ངེས་པར་མཚུངས་མོད། །ལྷག་བསམ་གངས་རིའི་རྒྱུན་ལ་དྲངས་པའི་ཕན་ཚིག །སྨན་ལྟར་ལེགས་པ་འཐུང་དང་སྙིང་པོ་འབྱུང་ངོ་།། ཞེས་བཛྲ་མངྒ་ལ་ཕུལ་ལོ།།

སློབ་བུ་རིག་འཛིན་རྡོ་རྗེར་གདམས་པའི་ཀ་ཕྲེང་།

༈ སློབ་བུ་རིག་འཛིན་རྡོ་རྗེར་གདམས་པའི་ཀ་ཕྲེང་བཞུགས།

ཀ་ཡེ་གསོན་དང་བཙུན་ཆུང་། །ཁ་དོག་མཛེས་པའི་ལང་ཚོ། །ག་ནས་བལྟས་ཀྱང་མི་རྟག །ང་རྒྱལ་སྤོངས་ལ་ཉོན་ཅིག །ཅ་རེ་མིག་གིས་ལྟོས་ལ། །ཆ་ཙམ་བླང་དོར་བྱེད་དགོས། །ཇ་ཆང་འཁོར་བའི་བསླུ་བྲིད། །ཉ་དང་ལྕགས་ཀྱུ་འདྲའོ། །ཏ་ཐཱ་ག་ཏའི་རྗེས་འཇུག །ཐ་མལ་མིག་ལྟོས་སྤོངས་ལ། །ད་ལྟ་ཤི་ཡང་འགྱོད་མེད། །ན་དཱའི་དབྱིངས་ལ་ཞོག་ཅིག །པ་རེ་པུ་རེ་མ་མང་། །ཕར་འགྲོ་ཚུར་འགྲོ་མ་བྱེད། །བ་ར་འཚོ་སྐྱོང་སྐྱུར་ལ། །མ་བཅོས་སེམས་ལ་ལྟོས་ཤིག །ཙ་ར་སྲོག་ཆགས་རྣམས་ལ། །ཚ་གྲང་བརྡེག་བཙོག་མ་བྱེད། །ཛ་ཧུའི་རྒྱུན་བཞིན་དགེ་སྦྱོར། །ཝ་ཆུ་ཆད་མེད་མཛད་འཚལ། །ཞྭ་ལྟར་དཀོན་མཆོག་མཆོད་ལ། །ཟ་ལྟར་རང་རྒྱུད་མ་རྩུབ། །འ་འུར་སྟངས་སྟབས་མ་ཆེ། །ཡ་མ་ཟུང་གི་སྤྱོད་པ། །རྭ་ལྟར་རང་རྒྱུད་གྱོང་པོ། །ལ་ལུང་ཉུལ་ཀྱང་ཐུལ་དཀའ། །ཤ་ཁྲག་སྡིག་ཟས་བཟའ་དུས། །ས་ཐོབ་བསྔོ་སྨོན་རྒྱས་ཐོབ། །ཧ་ལ་དུག་ལྔའི་མེ་ཏོག །ཨ་ཙ་མ་ཡི་རྒྱུར་ངེས། །ཨ་ཧོ་བླ་མ་དགོངས་འདུས། །ཨ་མཚར་ཙམ་དུ་མ་བྱེད། །སྐྱོན་གསུམ་སྤོངས་ལ་དད་གུས། །རྩེ་གཅིག་ངང་ནས་ཉོན་ཅིག །ཤིན་དུ་བརྩེ་བའི་བུ་གཅེས། །རིག་འཛིན་རྡོ་རྗེར་ཕུལ་ལོ།།

རང་སློབ་བན་རྒན་རྣམས་ལ་གདམས་པའི་ཀ་ཕྲེང་།

༈ རང་སློབ་བན་རྒན་རྣམས་ལ་གདམས་པའི་ཀ་ཕྲེང་བཞུགས།

ཀ་ཡེ་གསོན་དང་རང་སློབ་བན་རྒན་རྣམས། །ཁ་དགེ་ལེགས་དུས་ཁྱིམ་གྱིས་བསྟོད་བསྟོད་འདྲ། །ག་ལེར་རྒས་ན་ཁྱི་དང་ལྷན་ཅིག་ཡིན། །ང་རོ་མ་ཆེ་རང་དོན་ཆོས་ལ་འབུངས། །ཅ་རེ་མིག་གིས་བལྟས་པས་མི་མཐོང་ཡང་། །ཆ་མེད་བར་དོར་རང་གི་དགེ་སྡིག་ལས། །ཇ་རིལ་གཙུག་ཏུ་བབ་ན་ད་ལྟ་ནས། །ཉ་སྟོང་དུས་ཁྲིམས་ཙམ་རེ་བསྲུང་ན་ཨང། །ཏ་ལའི་ནགས་ཁྲོད་ཉུལ་བའི་བྱ་བྲལ་སྐྱིད། །ཐ་མལ་སྤྱོད་པ་སྤངས་པའི་ཆོས་པ་སྐྱིད། །ད་ལྟ་དབུལ་ཀྱང་འཕགས་ནོར་ལྡན་ན་སྐྱིད། །ན་རྒ་བྱུང་ཡང་རྫོགས་ཆེན་རྣལ་འབྱོར་སྐྱིད། །པ་ཏྲ་གདོང་ལ་དོད་ཚེ་མི་རྒན་སྡུག །ཚིག་རྐང་གཉིས་ཆད། མ་རིག་གཉིས་འཛིན་འཁྲུལ་བའི་སེམས་ཅན་སྡུག །ཙ་ཙོར་རྒྱན་ཆས་སྤུད་པའི་བཙུན་པས་ནོར། །ཚ་གྲང་དཀའ་སྤྱད་མི་བྱེད་ཆོས་པས་ནོར། །ཛ་བྷྱོས་ནོར་ལུག་བསྒྲལ་བའི་སྔགས་པས་ནོར། །ཝ་བཞིན་དགྲ་ལ་འབྲོས་པའི་སྐྱེ་བོས་ནོར། །ཞྭ་གོས་ལྟོ་རྒྱབ་གཉེར་བའི་བན་རྒན་རྣམས། །ཟ་བཞིན་ཀུན་འདིའི་མཇུག་མ་ཚང་།

སོ་སོར་གདམས་པའི་ཀ་ཕྲེང་ཐ་མ།

༈ སོ་སོར་གདམས་པའི་ཀ་ཕྲེང་ཐ་མ་བཞུགས།

ཀ་ཡེ་ལེགས་པར་གསོན་དང་ལས་འབྲེལ་གྱི་ཟླ་གྲོགས། །ཁ་ཏ་ཚིག་གསུམ་ཞུ་ཡི་སྙིང་ནོར་དུ་མཛོད་ཅིག །ག་ལེ་ཕྱི་བཤོལ་མ་མཛད་ལྷ་ཆོས་ཤིག་མཛོད་ལ། །ང་ཅག་དམ་པའི་སྐྱེས་བུའི་བཞུགས་གྲལ་ལ་སྙོགས་ཤིག །ཅ་རེ་ཟུར་མིག་མཛེས་མའི་འཛུམ་མདངས་དེ་ལེགས་ཀྱང་། །ཆ་མེད་བར་དོའི་འཕྲང་ལ་འགྲོགས་དབང་ནི་མི་སྣང་། །ཇ་དར་ལོངས་སྤྱོད་འཛོམ་པ་རྨི་ལམ་གྱི་འབྱོར་བས། །ཉ་མོ་ལྕགས་ཀྱུས་བཟུང་འདྲ་ངན་སོང་ལ་འཕེན་ངེས། །ཏ་ལའི་ནགས་ཚལ་འཐུག་པོའི་འཁོར་བ་ཡི་གྲོང་ཁྱེར། །ཐ་ཆད་སྡིག་པའི་གྲོགས་ཀྱི་སྤྲེའུ་དང་འགྲོགས་ན། །ད་ལྟ་ཕྱི་མར་ཕུང་བའི་ངན་སྤྱོད་ཞིག་འགོས་ནས། །ན་རཀ་ས་བོན་བྱེད་སྙམ་དོགས་ཟིན་ཞིག་མཛད་འཚལ། །པ་སངས་བཞིན་སྡུག་ངོམ་པའི་བཀྲག་མདངས་ལ་ལྟོས་དང་། །ཕ་རིའི་མེ་ཏོག་བཞིན་དུ་སྙིང་པོ་ནི་མི་འདུག །བ་ཐག་སྲོག་དང་བསྡོས་ནས་ཁྱིམ་ཐབས་ལ་འབད་ཀྱང་། །མ་རུང་གཤིན་རྗེས་ཁྲིད་ཚེ་ཕན་མེད་ལ་སོམས་ཤིག །ཙ་ལག་གཉེན་འདུན་མང་ཡང་གཅིག་པུ་རུ་འགྲོ་དགོས། །ཚ་ཞང་གསུར་ལ་རེ་ཚེ་བྱ་སྒྲོ་དང་རླུང་ཁྱེར། །ཛ་ཧཱུྃ་བཾ་ཧོས་བཀུག་ཀྱང་ཤོག་བྱང་གི་གཟུགས་ལ། །ཝ་ལེར་གནས་པར་འདུག་གམ་བསམ་མནོ་ཞིག་ཐོངས་ཤིག །ཞྭ་གོས་རྒྱན་ཆས་སྤུད་ཀྱང་བེམ་སྟོང་ནི་མེར་བསྲེགས། །ཟ་བྱེད་དྲུང་ན་གནས་པའི་རྣམ་ཤེས་ཀྱི་སྟེང་དུ། །འ་འོལ་འཁྲུལ་སྣང་འཇིགས་པའི་སྡུག་བསྔལ་ཞིག་བབ་ཚེ། །ཡ་ང་ཕྲག་དོག་བྱས་ཀྱང་ཕན་མེད་ལ་སོམས་ཤིག །ར་གན་གསེར་དུ་བརྫུ་བའི་བླ་གཟུགས་ཤིག་བྱས་ན། །ལ་ལུང་ཚེ་འདས་ཕོ་མོའི་འདྲེན་སྟོན་ལ་ཕེབས་ནས། །ཤ་ཐུད་དཀོར་རྫས་ཞིམ་ཀྱང་རྣམ་སྨིན་གྱི་རྩུབ་རེག །ས་ཚུགས་མེད་པར་འགྲོ་ཚེ་རང་ཐོག་ལ་སྨིན་ངེས། །ཧ་ལ་དུག་ལྔས་བསྡམས་པའི་སྤྲང་ཆུང་གི་གཏམ་འདི། །ཨ་དོན་སྐྱེ་མེད་སྒོམ་པའི་མཐུན་གྲོགས་ལ་ཤོད་ཅིག།

རང་དང་མཛའ་བའི་གྲོགས་སྐྱ་སེར་རྣམས་ལ་འབེལ་བའི་གཏམ་གཟུ་བོའི་ལམ་སྟོན།

༈ རང་དང་མཛའ་བའི་གྲོགས་སྐྱ་སེར་རྣམས་ལ་འབེལ་བའི་གཏམ་གཟུ་བོའི་ལམ་སྟོན་ཞེས་བྱ་བ་བཞུགས།

ཀ་དག་རང་རིག་རྟོགས་ན་གཏན་ཆུས་འགྲུབ། །ཁ་དོན་བཟླས་བརྗོད་བརྩོན་ན་ཡ་རབས་སྲོལ། །ག་དར་དམ་སྡོམ་བསྲུང་ན་བཙུན་པའི་མཆོག །ང་རྒྱལ་རང་མཐོང་མ་ཆེ་ཆོས་ཤིག་སྒྲུབས། །ཅ་ཅོའི་ཁ་ཤག་རྩོད་ན་ཚོགས་ངན་འགྲུབ། །ཆ་ལུགས་སྐྱ་ཆས་བྱས་ན་མ་རབས་སྲོལ། །ཇ་ཆང་ཞིམ་ལྟོ་གཉེར་ན་ལྟོག་འགོང་མཆོག །ཉ་མའི་འདོམ་ལ་མ་དགའ་ཆོས་ཤིག་སྒྲུབས། །ཏ་ཐཱ་ག་ཏའི་བསྟན་ཞུགས་ཐར་ལམ་འགྲུབ། །ཐ་ཆད་སྡིག་གྲོགས་སྤངས་ན་དམ་པའི་སྲོལ། །ད་ལྟ་ཀུན་དང་མཐུན་ན་མི་ཡི་མཆོག །ན་གཞོན་རྩེ་དགོད་མ་སྐྱེན་ཆོས་ཤིག་སྒྲུབས། །པ་པཾ་སྡིག་ལ་སྤྲོ་ན་དམྱལ་བ་འགྲུབ། །ཕ་རོལ་སེམས་རྒྱུད་དཀྲུགས་ན་མི་ངན་སྲོལ། །བ་གམ་བྲག་ལ་སྒོམ་ན་ཆོས་པའི་མཆོག །མ་རབས་སྲོལ་ལ་མ་ཞེན་ཆོས་ཤིག་སྒྲུབས། །ཙ་རི་གནས་ཆེན་བསྐོར་ན་དོན་ཆེན་འགྲུབ། །ཚ་གྲང་དཀའ་སྤྱད་ནུས་ན་ཡང་དག་སྲོལ། །ཛ་ཡའི་བཀའ་དང་མཐུན་ན་བླ་མའི་མཆོག །ཝ་ལྟར་གྲོང་ནག་མ་ཉུལ་ཆོས་ཤིག་སྒྲུབས། །ཞྭ་གོས་ལྷམ་གསུམ་འབྱོར་ན་འདུག་ཆུས་འགྲུབ། །ཟ་མ་ཐེབ་ཆགས་མེད་ན་ཁྱིམ་ཆེན་སྲོལ། །འ་འུར་འཛིང་རྩོད་སྤང་ན་གཟའ་ཚང་མཆོག །ཡ་མེད་བུ་ལོན་མ་དགའ་ཆོས་ཤིག་སྒྲུབས། །ར་བ་ནོར་རྫས་བསགས་ན་འབྱོར་ལྡན་འགྲུབ། །ལ་ལུང་གྲོགས་དང་མཐུན་ན་མི་བཟང་སྲོལ། །ཤ་ཆང་ལོག་སེམས་ཚོད་ཟིན་སྐྱ་རྒྱུད་མཆོག །ས་ངན་མི་ལ་མ་ལྟ་ཆོས་ཤིག་སྒྲུབས། །ཧ་ཅང་བཤད་རྒྱུ་མང་ན་ཁ་མཆུ་འགྲུབ། །ཨ་རག་ཆང་རྩིས་ཆེ་ན་མདོ་ཤོར་སྲོལ། །ཧ་ལམ་དམན་ས་བཟུང་ན་བག་ཡོད་མཆོག །ཨ་རོགས་རང་རྩིས་མ་ཆེ་ཆོས་ཤིག་སྒྲུབས། །ཞེས་རང་ལ་བཟང་པོའི་ཡོན་ཏན་སྣ་གཅིག་མེད་པར་སྨྱོན་པ་ལམ་དུ་ཞུགས་པ་ལྟ་བུའི་དཀོར་རྒན་རྒྱ་སྤྲུལ་གྱིས་སྨྲས་པའོ།།

རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་སྙན་ངག་ཀུན་ཏུ་བཟང་པོའི་འཁོར་ལོ།

༄༅། བྷནྚརཀམཉྫུགྷོཥསྟོཏྲཀབྱཱསམནྟབྷཏྲསྱཙཀྲདེཝཤཏོཥྞིཥམཎིནཱམབིཛཡནྟུ།།

༄༅། བྷ ནྚ ར ཀ མ ཉྫུ གྷོ ཥ སྟོ ཏྲ ཀ བྱཱ ས མ ནྟ བྷ ཏྲ སྱ ཙ ཀྲ དེ ཝ ཤ ཏོ ཥྞི ཥ མ ཎི ནཱ མ བི ཛ ཡ ནྟུ།།

༄༅། རྗེ་བཙུན་འཇམ་པའི་དབྱངས་ལ་བསྟོད་པ་སྙན་ངག་ཀུན་ཏུ་བཟང་པོའི་འཁོར་ལོ་ལྷ་བརྒྱའི་གཙུག་གི་ནོར་བུ་ཞེས་བྱ་བ་བི་ཛ་ཡནྟུ།།

ཨཱརྱབྷཱཝཤནྟདརྴནོནགོཙརསྶམཔྲསཱཎམཱར།། བྷོགཀཱཡམཱུལདྷརྨཀོརྟརཱནྱཡཏྶནཡཀྵརྻབཻཙ།།

ཨཱ རྱ བྷཱ ཝ ཤ ནྟ ད རྴ ནོ ན གོ ཙ ར སྶ མ པྲ སཱ ཎ མཱ ར ། །བྷོ ག ཀཱ ཡ མཱུ ལ དྷ རྨ ཀོ རྟ རཱ ནྱ ཡ ཏྶ ན ཡ ཀྵ རྻ བཻ ཙ།།

གདོད་ནས་སྲིད་ཞི་མཉམ་པར་བརྡལ་ཡང་ཚུ་རོལ་མཐོང་བའི་ཡུལ་མིན་ལ། །ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཆོས་མཆོག་གཞན་དུ་མི་འགྱུར་བ།།

ཨཱརྱབྷཱཝཤནྟདརྴནོནགོཙརསྶམཔྲསཱཎམཱར།། བྷོགཀཱཡམཱུལདྷརྨཀོརྟརཱནྱཡཏྶནཡཀྵརྻབཻཙ།།

བི ཏྱ སོ ག ཏ ཧྲི ད ཡྻ ས རྦ བ ཙ སྭ བྷ བ མཱུ ལ ས དྡྷ། །ཏི ན ཀཱ ལ ཀཱ ལ བཻ ས མ ནྟ བྷ ཏྲ ཀཱ ཤ པྲྀ ཏྱ བཻ ཛ ཡ ནྟུ།།

རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཚོགས་ཀྱི་དམ་པ་ཀུན་གྱི་དངོས། །དུས་གསུམ་དུས་མེད་ཀུན་ཏུ་བཟང་པོ་གསལ་འགྲིབ་མེད་པར་རྒྱལ་གྱུར་ཅིག །

༧ ཨོཾ་སྭ་སྟི།༼༡ རང་བཞིན་བརྗོད་པའི་རྒྱན། ཕུལ་བྱུང་དགེ་ལེགས་བྱེ་བས་རབ་བསྐྲུན་མཚན་དཔེའི་ལང་ཚོ་ལྷ་བརྒྱའི་གཙུག་ན་རབ་མཛེས་སྐུ། །ཚངས་དབྱངས་དྲུག་ཅུའི་གླུ་དང་ལྷན་ཅིག་ཆོས་ཁམས་རྒྱ་མཚོས་སྲིད་ཞིའི་གདུང་བ་སེལ་བའི་གསུང་། །སྒྲིབ་གཉིས་དག་ཅིང་ཇི་ལྟ་ཇི་སྙེད་ཆོས་ཁམས་ཀུན་མཁྱེན་རྣམ་པར་མི་རྟོག་བརྩེ་ཆེན་ཐུགས། །སྐྱེ་དགུ་ཡོངས་ལ་ཕན་བདེའི་མཆོག་སྦྱིན་འགྲོ་བའི་བླ་མ་ཤཱཀྱ་སེང་གེར་ཕྱག་འཚལ་ལོ། ༼༢།གཟུགས་ཅན་གྱི་རྒྱན་ལས་མཐའ་དག་གཟུགས་ཅན་མཐའ་ཡས་ཉེས་བརྒྱའི་དྲི་མ་མ་ལུས་འཁྲུད་པར་བྱེད་པའི་ཆུ་བོའི་རྒྱུན། །བདེ་ལེགས་ཡོན་ཏན་ཀུན་གྱི་གཞིར་གྱུར་ཕན་བདེའི་འབྲས་སྨིན་རྒྱ་མཚོའི་གོས། །གང་ལ་བརྟེན་ན་དབུལ་བ་སེལ་ཞིང་འདོད་རྒུའི་དཔལ་སྟེར་ནོར་བུ་བཞིན། །ཐོས་པ་ཙམ་གྱིས་དོན་དང་ལྡན་མཛད་དམ་ཆོས་སྣང་བས་དགེ་ལེགས་སྩོལ། ༼༣།དཔེ་ཡི་རྒྱན་ལྷག་པའི་ཚུལ་ཁྲིམས་ཉེས་པའི་སྐྱོན་བྲལ་ས་འཛིན་མཐོན་པོའི་རྩེར་གནས་ཤིང་། །ཏིང་འཛིན་མི་གཡོ་རབ་ཏུ་བརྟན་པའི་ས་སྲུང་དབང་པོ་བརྗིད་ལྡན་སྟེང་། །བདག་མེད་རྟོགས་པའི་ཤེས་རབ་མཆོག་གི་རྡོ་རྗེ་རྩེ་བརྒྱ་རབ་གདེངས་བས། །བདག་ལྟའི་གཡུལ་འཇོམས་དགེ་འདུན་རིན་ཆེན་མཆོད་སྦྱིན་བརྒྱ་པ་ཕྱག་གི་གནས། ༼༤།འཇོ་སྒེག་ཉམས་ཀྱི་ཟླ་བས་སྲིད་གསུམ་མཛེས་སྡུག་ཆུ་སྐྱེས་གཞོན་ནུའི་སྙེམ་པ་རབ་འཕྲོག་ཅིང་། །མཚན་དཔེའི་ཀུནྡ་གསར་དུ་བཞད་པའི་འཛུམ་དཀར་གཡོ་བས་སྐལ་བཟང་བུང་བ་དགའ་བར་བྱེད། །སྲབ་འཇམ་ལྷ་ཡི་གོས་དང་རིན་ཆེན་རྒྱན་ཕྲེང་མཛེས་པའི་སྒྱུ་སྐར་དོ་ཤལ་རྣམ་པར་སྤྲས། །རྒྱུད་མང་སྒྲ་ལས་ཆོས་ཕུང་བརྒྱད་ཁྲིའི་དོན་ཀུན་སྟོན་མཛད་ཚངས་པའི་བུ་མོས་བདག་བློ་སྐྱོངས། ༼༥།གང་གི་བྱིན་རླབས་བདུད་རྩིའི་མངར་བོ། །ཀློ༵ང་ཆེ༵ན་ཐུགས་ཀྱི་བུམ་པར་ལེགས་བསྐྱིལ་ནས། །ར༵བ་འབྱ༵མས་འགྲོ་ལ་འགྱེད་མཁས་དྲང་སྲོང་མཆོག །བློ་གྲོས་བཟ༵ང་པོ༵་ཚེ་རབས་གཏན་གྱི་སྐྱབས། ༼༦།རྒྱལ་ཀུན་ཡབ་གཅིག་མི༵་འགྱུ༵ར་གདོད་མའི་མགོན། །མངོན་པར་བྱང་ཆུབ་ན༵མ་མཁ༵འི་རང་བཞིན་ཅན། །སེམས་ཀྱི་རྡོ༵་རྗེ༵་པདྨ་ཐོད་ཕྲེང་དང་། །དབྱེར་མེད་དཔལ་ལྡན་བླ་མས་དགེ་ལེགས་སྩོལ། ༼༧།རྡོ་རྗེ་དབྱིངས་ཀྱི་རྒྱལ་མོ་གླུ་གར་མཁན། །མགྲིན་པའི་རྒྱུད་མང་བརྡུང་ཕྱིར་རོལ་པ་དང་། །ཆབ་གཅིག་བསྟོད་དབྱངས་ངོ་མཚར་རོལ་མོའི་སྒྲ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་ཅིར་ཡང་སྤྲོས། ༼༨།ཟབ་ཟབ་མཁྱེན་པའི་ཀློང་ཡངས་གངས་ཆེན་མཚོ། །མཚོ་ལྡན་མགྲིན་པར་རོལ་པའི་དབྱངས་སྙན་སྙན། །སྙན་འགྱུར་ཚིག་དོན་ལེགས་བཤད་བཅུད་བཟང་བཟང་། །བཟང་པོར་སྤྱོད་པའི་ངོ་མཚར་དཔལ་ལེགས་ལེགས། ༼༩།རྒྱལ་ཀུན་ཡབ་གཅིག་རྒྱལ་བ་ཀུན་གྱི་སྲས། །མཛེས་སྡུག་གཞོན་ཚུལ་རབ་མཛེས་མཚན་དཔེས་སྤྲས། །འཇམ་པའི་དབྱངས་ཅན་འཇམ་བརྗིད་ཟབ་མོའི་ཐུགས། །དཔལ་ལྡན་མགོན་ཁྱོད་དཔལ་འབྱོར་བཟང་པོས་ཕྱུག ༼༡༠།མང་མང་མཁས་པའི་གསེར་མངལ་རལ་བའི་རྒྱུན། །ཡང་ཡང་བཏུང་བའི་ལེགས་བཤད་ཕན་བདེའི་དཔལ། །སྙན་སྙན་ཚིག་གི་འབབ་སྟེགས་ལས་བབས་ཚེ། །མཚར་མཚར་ཛ་ཧུ་དྲང་སྲོང་ཁེངས་པ་འཕྲོག ༼༡༡།བསྔགས་པའི་ཡུལ་ནི་དམན་པ་མ་ཡིན་རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་དཔྱིད། །བསྟོད་པའི་ངག་འདི་ཅ་ཅོ་མ་ཡིན་ལེགས་བཤད་ཚིག་དོན་རྨད་དུ་བྱུང་། །བརྗོད་འབྲས་འདི་ཡང་གནས་སྐབས་མ་ལགས་མཐར་ཐུག་ཐར་པའི་གོ་འཕང་མཆོག །ལག་རྩེར་སྩོལ་བ་མཆིང་བུ་ལྟ་ཅི་ཡིད་བཞིན་ནོར་མཆོག་ལས་ཀྱང་ལྷག ༼༡༢།རིགས་རུས་ལ་སོགས་ཚེ༵་འདི་ཙམ་གྱིས་རྒྱགས་མིན་སྔོན་སྦྱང་ལས་སྨོན་གྱིས། །གསང་ཆེན་ཆོས་དང་བླ་མར་རང་དབ༵ང་བསྒྱུར་བའི་བསོད་ནམས་ན༵མ་མཁ༵འ་དག །ཆུང་ངུར་བྱེད་པའི་ཆོས་རྒྱལ་བཀའ་བསྩལ་ཁུར་དུ་རབ་ལྕི་བས། །གསེར་གྱི་པདྨོར་ལེགས་པར་བཏུད་བཞིན་ཀུན་བཟང་ཆོས་ཀྱི་འཁོར་ལོ་སྤེལ། ༼༡༣།ཚིག་དོན་ཉམས་ལྡན་ལེགས་བཤད་སྒེག་མོའི་བཞིན། །ཀུན་གསལ་མེ་ལོང་འཛམ་གླིང་མཁས་པའི་གཞུང་། །ཡོངས་འཛིན་དྲིན་ལས་ཅུང་ཟད་སྦྱངས་བའི་མཐུས། །བྱ་དཀའི་གནས་ཀྱང་འབད་མེད་དེང་འདིར་གསལ། །

ལྷ་ ཡི་ ལྷ་ མཆོག་ མཁྱེན་ ལྡན་ དབང་ དབང་ ལྡན་ བརྩེ་ མཆོག་ ལྷ་ ཡི་ ལྷ་

མཆོག་དབང་མཆོག་མངའ་སྟོབས་དབང་ཕྱུག་ཕྱུག་དབང་ སྟོབས་མངའ་མཆོག་དབང་མཆོག

མཁྱེན་བརྩེ་ཀུན་ལྡན་བློ་བཟང་དཔལ་དཔལ་བཟང་བློ་ལྡན་ཀུན་བརྩེ་མཁྱེན་

བརྩེ་མཆོག་ཀུན་དགའ་གསུང་སྙན་དབྱངས་དབྱངས་སྙན་གསུང་དགའ་ཀུན་མཆོག་བརྩེ་

ནུས་ཆེན་དཔལ་ལྡན་མཆོག་དབྱངས་འཇམ་འཇམ་དབྱངས་མཆོག་ལྡན་དཔལ་ཆེན་ནུས་

དབང་བཅུའི་ས་ཐོབ་དཔལ་ཁྱོད་མགོན་མགོན་ཁྱོད་དཔལ་ཐོབ་ས་བཅུའི་དབང་

དཔལ་ལྡན་གྲགས་དབྱངས་འཇམ་མགོན་མཁས་མཁས་མགོན་འཇམ་དབྱངས་གྲགས་ལྡན་དཔལ་

དཔལ་ལྡན་བཙུན་མཆོག་འཇམ་མགོན་མཁས་མཁས་མཆོག་འཇམ་མགོན་ཀུན་ལྡན་དཔལ་

མཆོག་གྱུར་ཤེས་རབ་དཔལ་ཁྱོད་མགོན་མགོན་ཁྱོད་དཔལ་རབ་མཁྱེན་གྱུར་མཆོག་

དགའ་ལྡན་མཁས་ཁྱོད་དཔལ་དབྱངས་འཇམ་འཇམ་དབྱངས་དཔལ་མཁས་དཔལ་ལྡན་སྟོབས་

ཀུན་དགའ་ཐུགས་འཇམ་དོན་ལྡན་དབྱངས་དབྱངས་ལྡན་ཟབ་འཇམ་དབང་པོ་ཆེ་

མཁས་ཀུན་གསུང་སྙན་དབྱངས་གྲགས་དཔལ་དཔལ་གྲགས་དབྱངས་ཟབ་ཐུགས་ཆེན་བརྩེ་

ཁྱོད་མཆོག་མཚན་བཟང་ཀུན་དཔལ་ལྡན་ལྡན་གྲོལ་ཀུན་བཟང་མཚན་མཆོག་དབང་

ལྷ་ཡི་ལྷ་མཆོག་ནུས་ལྡན་དབང་དབང་ལྡན་རིགས་མཆོག་ལྷ་ཡི་ལྷ་

གསེར་མངལ་ཅན་དང་གྲགས་པའི་མུ་ཁྱུད་ལ་སོགས་ལྷ༵་བརྒྱ་ཡི། །གཙུག་གི་ནོར་བུས་གང་གི་ཞབས་ཀྱི་པདྨོར་ལེགས་བཏུད་ནས། །དེ་དག་རྣམས་ལ་ཟབ་རྒྱས་ཆོས་མཆོག་འདོམ་ལ་དབ༵ང་བ་དང་། །འགྲོ་བ་ཀུ༵ན་གྱི་ཡིད་ལ་དག༵འ་བའི་དཔལ་མཆོག་སྟེར་བ་ན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་གྱུར་ཕྱིར་ཁྱོ༵ད་ནི་སྐྱེ་འགྲོའི་མགོན། །མཁ༵ས་ཞེས་བྱ་བ་དེ་ཡང་ཤེས་བྱའི་ཆོས་ལ་ཆགས་ཐོགས་མེད་ཕྱིར་བསྔགས། །

སྦྱིན་པ་ལ་སོགས་བསོད་ནམས་ཚོགས་དང་ནི། །ཐབས་སྟོབས་སྨོན་ལམ་ཤེས་རབ་ཡེ་ཤེས་ཚོགས། །ཚོགས་གཉིས་དཔ༵ལ་དང་ལྡ༵ན་ཕྱིར་གང་གི་མཚན། །གྲ༵གས་པ་དོན་ལྡན་སྙན་དང་མི་སྙན་པའི། །འཛིན་པ་ལས་འདས་ཀུན་ལ་ཁྱབ་པའི་དབྱ༵ངས། །ཉེས་པའི་སྐྱོན་ཀུན་བྲལ་ཕྱིར་འཇ༵མ་པའི་སྒྲས། །སྡུག་བསྔལ་བརྒྱ་ཕྲག་གིས་གདུང་འགྲོ་བའི་མགོ༵ན། །བསྔགས་འོས་ཤེས་བྱ་ཀུན་ལ་ཐོགས་མེད་མཁ༵ས།

ལྷ༵་ཞེས་བྱ་བ་འཁོར་ལོས་བསྒྱུར་བ་སོགས། །མི་ཡི་དབང་པོ་རྣམས་དང་ཕལ་བ་ལ། །དེར་མཐུན་གཟུགས་དང་མཆོ༵ག་གི་སྤྲུལ་སྐུ་ཡིས། །ཚངས་དབྱངས་དྲུག་ཅུའི་གསུ༵ང་གིས་ཉོན་མོངས་དང་། །ཤེས་བྱའི་སྒྲིབ་ལས་བྱུང་བའི་རྩུབ་རེག་ཀུན། །འཇ༵མ་པར་བྱེད་པའི་དཔ༵ལ་དང་ལྡན་ཁྱོ༵ད་མཁ༵ས།

འགྲོ་བ་ཡོངས་ལ་གནས་སྐབས་ཕན་པ་དང་། །མཐར་ཐུག་བདེ་བ་སྩོལ་ཕྱིར་ལྷ༵་ཞེས་བརྗོད། །ཚེ་དང་ལས་སོགས་དབ༵ང་བཅུའི་ཡོན་ཏན་གྱིས། །སར་གནས་ཀུ༵ན་ཀྱང་སྔར་མེད་དག༵འ་བ་མཆོ༵ག །སྦྱིན་ཕྱིར་བདེ་གཤེགས་ཉིད་ཀྱང་གཞན་མིན་ཁྱོ༵ད། །སྣང་སྲིད་རྟོག་པས་བཏགས་པ་ལས་འདས་མཁ༵ས། །

རང་དོན་རྒྱ་ཆེན་གྲུབ་པས་ཆོས་ཀྱི་སྐུ། །རྟོག་པ་མེད་ཀྱང་གཞན་དོན་འབད་མེད་དུ། །ལྷུན་གྱིས་གྲུབ་པས་དོན་གཉིས་དཔ༵ལ་དང་ལྡ༵ན། །མཐའ་ཡས་དངོས་པོ་ཀུ༵ན་ལས་ཁྱད་པར་དུ། །དམིགས་སུ་མ་གྲུབ་དམིགས་པ་མེད་ཕྱིར་མཆོ༵ག །རྟོག་པའི་གྲྭ་ཟུར་འཇ༵མ་པའི་མགོ༵ན་ཁྱོད་མཁ༵ས། །

རིགས་མཆོག་བདེ་གཤེགས་སྙིང་པོ་ནི། །སྐུ་དང་ཡེ་ཤེས་འབྲལ་མེད་ལྷ༵། །ཡེ་ནས་བྲི་གང་མེད་པའི་མཆོ༵ག །དུས་གསུམ་རྒྱལ་བ་ཀུན་གྱི་ཐུ༵གས། །སྒྲིབ་པས་གོས་པ་མེད་པས་འཇ༵མ། །གཙང་བདེ་བདག་རྟག་ཀུན་གྱི་དཔ༵ལ། །བདག་གཞན་འདས་ཀྱང་བསྔགས་ཡུལ་ཁྱོ༵ད། །སོ་སོ་རང་གིས་རིག་ཕྱིར་མཁ༵ས། །

༧ ༼༡ དབྱངས་ཅན་སྙིང་གི་པདྨོར་ལེགས་ཞུགས་མཁས་དབང་དནྜིའི་གཞུང་བཟང་ལས། །རྒྱལ་ཀུན་ཡབ་གཅིག་འཇམ་དབྱངས་གཞོན་ནུའི་གསང་གསུམ་ཡོན་ཏན་ཆུ་གཏེར་ཆེ། །བདག་བློའི་སྐྲ་རྩེའི་ཁྱོན་ལ་གཞལ་བའི་བསྟོད་དབྱངས་བདུད་རྩིའི་སྤྲིན་ཕུང་ལྟར། །ལེགས་པར་སྤྲོས་ལས་དགེ་ཚོགས་གང་མཆིས་མཐའ་ཡས་སྐྱེ་དགུའི་དཔལ་དུ་ཤོག །༼༢ མི་དབང་ཆོས་ཀྱི་རྒྱལ་པོའི་གསུང་གི་ཟེར། །སྙིང་གི་ཟེའུ་འབྲུར་སྣང་བའི་དབུགས་དབྱུང་བསྩལ། །མོས་བློས་བསྐྲུན་པའི་སྙན་ཚིག་དྲི་བཟང་པོ། །དགྱེས་པ་བསྐྱེད་ཕྱིར་དམ་པའི་སྐྱེས་བུ་མཚོན། །༼༣ རབ་དགེ་ཕུལ་བྱུང་བྱང་ཆུབ་སེམས་ཀྱི་སྤྲིན། །ཕན་བདེའི་གྲུ་ཆར་འཛད་མེད་འཇོ་བ་ལས། །བདེ་སྐྱིད་རྫོགས་ལྡན་དབྱར་གྱི་དཔལ་མོ་བཞིན། །སྐྱེ་དགུའི་བསོད་ནམས་མགྲོན་དུ་ཁུག་པར་ཤོག །༼༤ རྨད་བྱུང་བདེ་བའི་རྟེན་གྱུར་ལུ༵ང་གི་ཆོས། །མཁས་རྣམས་མགྲིན་རྔ་བརྡུང་བའི་དབྱངས་སྙན་པོ། །འཆད་རྩོད་རྩོམ་པའི་ཉམས་ཀྱི་འགྱུར་ཁུག་ཅན། །སྲིད་ཞིའི་གདུང་སེལ་སྒྲ་འཛིན་རྒྱན་དུ་ཤོག །༼༥ རྣམ་དག་ཁྲིམས་ཀྱིས་ལུས་སྟོབས་ལྷུན་ཆགས་ཤིང་། །རྣམ་དཀར་ཏིང་འཛིན་གསེར་གྱི་དྲྭ་བས་སྤྲས། །རྣམ་གྲོལ་ནོར་བུའི་དབང་ཕྱུག་ཤེས་རབ་གསུམ། །རྣམ་ཀུན་མཆོག་ལྡན་རྟོ༵གས་པའི་ས་སྲུང་དབང་། །༼༦ རྒྱལ་བསྟ༵ན་ཡོངས་རྫོགས་ཁུར་དུ་འདེགས་བཟོད་པ༵འི། །སྙིང་སྟོབས་སྤོབས་པ་གཟེངས་སུ་རབ་མཐོ་ཞིང་། །སྨྲ་བའི་ཉི༵ན་བྱེ༵ད་མཁས་བཙུན་དཔ༵ལ་བཟ༵ང་པོ༵། །གྲུབ་དབང་རྫོགས་ཆེན་ཞབས་པད་བརྟན་གྱུར་ཅིག །༼༧ བདག་ཀྱང་ཚེ་རབས་ཀུན་ཏུ་དགེ་བའི་བཤེས། །འཇམ་དབྱངས་གཞོན་ནུས་འབྲལ་མེད་རྗེས་བཟུང་མཐུས། །མཐར་ཐུག་འགྲོ་རྣམས་སྡུག་བསྔལ་ཆུ་བོ་ལས། །སྒྲོལ་བའི་དེད་དཔོན་མཆོག་གི་གནས་ཐོབ་ཤོག །

ཅེས་རྗེ་བཙུན་འཇམ་པའི་དབྱངས་ལ་སྙན་ངག་གི་བྱ་དཀའ་བའི་ལམ་ནས་བསྟོད་པ་ལྷ་བརྒྱའི་གཙུག་གི་ནོར་བུ་ཞེས་བྱ་བ་འདི་ནི་ས་སྐྱོང་མི་དབང་དམ་པ་ཁྲོ་ཆེན་རྒྱལ་པོ་ཚེ་དབང་ནམ་མཁས་བསྐུལ་བཞིན་ནག་པོ་རྒྱ་ཡི་རིགས་ལས་འཁྲུངས་པའི་སྤྲུལ་པའི་སྐུ་མཆོག་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་བརྩམས་ཏེ་ཀ་ཀོང་སེང་གེ་ཡང་རྫོངས་ཀྱི་རྒྱལ་པོའི་ཕོ་བྲང་གི་ངོས་ལ་བྲིས་འདུག་པ་ལས་གདུང་འཚོབ་ཨ་ཀྵ་ར་མ་ཏིའི་མཚན་ཅན་གྱིས་ཞལ་བཤུས་པའོ། །དགེའོ། །དགེའོ། །དགེའོ།།

འོད་ཟེར་ཅན་མ་ལ་བསྟོད་པ་བ་ལང་གི་འགྲོས་ལྟ་བུའི་འཁོར་ལོ་བྱས་པ་ཉི་ཟླའི་ཟེར་ཕྲེང་།

༄༅། སུརྱཙནྟྲམལེནཱམདེཝཱིརསྨིསྟུཏིགཽགཏབཙཀྲཀརབིཛཧརཏིསྨ།

༄༅། སུ རྱ ཙ ནྟྲ མ ལེ ནཱ མ དེ ཝཱི ར སྨི སྟུ ཏི གཽ ག ཏ བ ཙ ཀྲ ཀ ར བི ཛ ཧ ར ཏི སྨ།

༄༅། ལྷ་མོ་འོད་ཟེར་ཅན་མ་ལ་བསྟོད་པ་བ་ལང་གི་འགྲོས་ལྟ་བུའི་འཁོར་ལོ་བྱས་པ་ཉི་ཟླའི་ཟེར་ཕྲེང་ཞེས་བྱ་བ་བཞུགས།

ནམོཨཱརྱམརིཙྱཻམཱུཾ།

ན མོ ཨཱ རྱ མ རི ཙྱཻ མཱུཾ།

འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །

རྒྱལ་ཡུམ་དཔའ་མོ་སྒྲོལ་མ་ངོ་མཚར་རྨད། །ཁྱོད་མཚན་དྲན་པས་འཇིགས་བརྒྱད་སྐྱོབས་པར་མཛད། །

དབྱིངས་ཡུམ་དབང་མོ་འཕགས་མ་ངོ་མཚར་ཕུལ། །གང་སྐུ་བསམ་པས་འཇིགས་ཚོགས་སྐྲོད་པར་མཛད། །

འཇིགས་ཀུན་སྒྲོལ་མཛད་མཐུ་ལྡན་མ་ ཐུགས་བསྐྱེད་རྨད་བྱུང་སྙིགས་དུས་ཀྱི་

ཉེས་ཀུན་སེལ་མཛད་ནུས་ལྡན་ཡུམ་ སེམས་བསྐྱེད་ཕུལ་བྱུང་དེང་དུས་ཀྱི་

གང་མཚན་བརྗོད་པས་དགྲ་རྣམས་འཆིངས་ དཔའ་མོ་ཉི་ཟེར་འཕྲོ་ལ་འདུད་

ཁྱོད་མཚན་དྲན་པས་བགེགས་རྣམས་གཞོམས་ ལྷ་མོ་འོད་ཟེར་ཅན་ལ་འདུད་

གང་ཞལ་ཁྲོས་མིན་ཞི་བའི་འོད་ཟེར་རྟ་ལྗང་ཅན་འབུམ་ཅིག་ཆར་ཤར་བས་བསྐྲུན་དུ་མེད། །གཡས་གཡོན་ཕྱག་གིས་ཉི་ཟླའི་ཟེར་སྐུད་ཤིན་ཏུ་རྣོན་པོ་ཕ་ལམ་རྡོ་རྗེའི་མིག་ཏུ་བརྒྱུས། །འཇིགས་ཚུལ་རྔམ་པའི་དགྲ་སྡེའི་འདྲེན་བྱེད་མུན་པས་སྒྲིབ་ལ་ཐོགས་ཆགས་བྲལ་བའི་དཔའ་མོ་ཆེ། །དེང་འདིར་བཅོམ་ལྡན་བདེན་པའི་ཞལ་བཞེས་ཇི་བཞིན་བདག་ཅག་ལྟོས་བཅས་མ་ལུས་མྱུར་དུ་སྲུངས། །རང་གཞན་ཡོངས་ལ་ཕན་པའི་བློས། །ལུང་རིག་གླིང་པས་བྲིས་པ་ཡིས། །དགྲ་སྡེའི་འཚེ་བ་ཀུན་ཞི་ཞིང་། །ཐོག་ཐ་བར་དུ་དགེ་ལེགས་འཕེལ།།

༄༅། རྗེ་བཙུན་འཇམ་པའི་དབྱངས་ལ་བསྔགས་པ་རྡོ་རྗེ་དབྱངས་ཀྱི་རྒྱལ་མོའི་རྒྱུད་མང་ཞེས་བྱ་བ་བཞུགས།

ཨོཾ་སྭ་སྟི། གང་གི་རང་བཞིན་ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་དབྱིངས་མཁའ་ལྟར་དག །སྐུ་དང་ཡེ་ཤེས་ཡོན་ཏན་ལྷུན་རྫོགས་རྣམ་ཀུན་མཆོག་ལྡན་འོད་གསལ་གང་། །དུས་གསུམ་ཀུན་ཏུ་སྐྱེ་འགག་གཉིས་མེད་འགྲོ་ཀུན་སྙིང་ལ་ཡང་དག་གནས། །རིགས་བརྒྱའི་ཁྱབ་བདག་ཀུན་བཟང་བླ་མ་འཇམ་དབྱངས་གཞོན་ནུ་རྒྱལ་གྱུར་ཅིག །མཐའ་ཡས་འགྲོ་ལ་འདོད་རྒུའི་དཔལ་སྦྱིན་རྣམ་དག་ཁྲིམས་ཀྱི་བསུང་ཞིམ་མངར། །ཁྲོ་འཁྲུག་བསེར་བུས་ནམ་ཡང་མི་གཡོ་གཞན་དོན་བརྩོན་པའི་བསིལ་གྲིབ་ལྡན། །ཟག་མེད་སེམས་ཀྱི་རྩ་བ་རབ་བརྟན་ཤེས་རབ་འབྲས་བུ་གཡུར་དུ་ཟ། །རྒྱལ་བའི་སྲས་མཆོག་དཔག་བསམ་ལྗོན་བཟང་འཇམ་དབྱངས་གཞོན་ནུས་བདག་སྐྱོངས་ཤོག །སྲིད་ཞིའི་མཐར་སོན་མཁྱེན་པའི་སྤྱན་གྱིས་ཟག་བཅས་ཟག་མེད་ཆོས་ཀུན་གཟིགས། །དམིགས་བཅས་གོམས་པས་དམིགས་མེད་བརྩེ་བའི་ཕྱག་གིས་འགྲོ་ཀུན་རྗེས་སུ་འཛིན། །སྤངས་རྟོགས་ཡེ་ཤེས་ལུས་རྩལ་ཀུན་རྫོགས་མི་འཇིགས་བཞི་ལྡན་དཔའ་བོ་ཆེ། །འཇམ་དཔལ་གཞོན་ནུ་རྒྱལ་ཀུན་ཐུགས་དང་དབྱེ་བ་མེད་དེས་བདག་སྐྱོངས་ཤིག། ཅེས་པའང་སྐྱེས་ཐོབ་ཀྱི་ཤེས་རབ་ཕུན་སུམ་ཚོགས་པའི་དམ་པ་བིདྱ་དྷ་རས་བསྐུལ་ངོར། ཟོབ་རྒན་སྤྲང་པོ་ཙི་ནའི་སྤྲུལ་མིང་པས་གཞི་ལམ་འབྲས་བུའི་གོ་དོན་དང་འབྲེལ་བར་ཐོལ་བྱུང་དུ་བྲིས་པ་དགེ་ལེགས་འཕེལ།སརྦ་མངྒ་ལཾ།

༈ སྐྱབས་ཀུན་འདུས་པའི་བདག་ཉིད་ཨོ་རྒྱན་ཆེན་པོ་ལ་ངེས་དོན་གཏམ་རྒྱུད་དང་འབྲེལ་བའི་སྒོ་ནས་བསྟོད་སྨོན་ཤེས་ལྡན་སྙིང་གི་མུན་སེལ་བཞུགས་སོ།།

ན་མོ་གུ་རུ་པདྨ་ཀ་ར་ཡེ། །སྐལ་བཟང་སངས་རྒྱས་སྟོང་དང་བྱང་ཆུབ་སེམས། །འཕགས་པ་ཉན་ཐོས་རང་རྒྱལ་རྡུལ་སྙེད་ཀྱི།།གྲངས་དང་མཉམ་པའི་སྤྲུལ་གཞི་བླ་ན་མེད། །གཟི་བརྗིད་མཐའ་ཡས་འོད་དཔག་མེད་ལ་འདུད། །གང་ཐུགས་སྤྲོས་མེད་ཞི་ལས་མ་གཡོས་ཀྱང་། །དམིགས་མེད་སྙིང་རྗེ་ཆེན་པོའི་རོལ་རྩལ་གྱིས། །གངས་ཅན་འགྲོ་བའི་གཉེན་གཅིག་ཐུགས་རྗེ་ཅན། །འཕགས་མཆོག་སྤྱན་རས་གཟིགས་ལ་གུས་པས་བསྟོད། །གཞན་ཡང་རབ་འབྱམས་རྒྱལ་བ་མ་ལུས་པའི། །མཁྱེན་བརྩེ་ནུས་གསུམ་ཐུགས་རྗེ་སྨོན་ལམ་མཐུ། །གཅིག་བསྡུས་བགྲང་ཡས་ཞིང་དུ་སྣ་ཚོགས་སྐུར། །སྟོན་མཛད་ཨོ་རྒྱན་པདྨའི་སྐུ་ལ་བསྟོད། །སྣང་བ་མཐའ་ཡས་འཕགས་པ་སྤྱན་རས་གཟིགས། །ཐུབ་པའི་དབང་པོ་ལ་སོགས་རྒྱལ་ཀུན་གྱི། །བྱིན་རླབས་གཅིག་བསྡུས་ཐུགས་སྲོག་ཡི་གེ་ཧྲཱིཿ སྤྲུལ་པའི་སྐུ་སྣང་པདྨ་རྒྱལ་ལ་བསྟོད། །གསོལ་བ་བཏབ་ན་སྲས་བཅས་རྒྱལ་བ་ཀུན། །ཐུགས་རྗེ་བྱིན་རླབས་ནུས་པའི་སྟོབས་མཉམ་ཡང་། །སྨོན་ལམ་དབང་གིས་བྱིན་རླབས་གཞན་ལས་མྱུར། །མཚུངས་མེད་ཨོ་རྒྱན་སྤྲུལ་པའི་སྐུ་ལ་བསྟོད། །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མཐའ་ཡས་འཇིགས་པས་ཁྱེད་ལ་མི་ཚུགས་ལྟར། །བདག་ཀྱང་ཁྱེད་ལས་རེ་ས་གཞན་མེད་པས། །མི་མཐུན་འཇིགས་པ་བརྒྱད་ལས་བསྐྱབ་ཏུ་གསོལ། །སྔོན་ཚེ་ཨོ་རྒྱན་རྒྱལ་པོའི་བློན་པོ་ཡིས། །དུར་ཁྲོད་བསིལ་བའི་ཚལ་དུ་སྤྱུགས་པའི་ཚེ། །ཤ་ཟ་མཁའ་འགྲོ་དབང་དུ་བསྡུས་པ་ལྟར། །བདག་ཀྱང་དུར་ཁྲོད་དགོན་པ་གར་གནས་ཀྱང་། །ཤ་ཟ་འབྱུང་པོ་བྲན་དུ་བཀོལ་བ་དང་། །སྣང་སྲིད་བདེན་མེད་ལྟ་བའི་གདེངས་ལྡན་ནས། །ཉམས་ང་ཁུ་འཕྲིག་འཇིགས་དང་བྲལ་བར་ཤོག །སྔོན་ཚེ་ཟ་ཧོར་རྒྱལ་པོ་རབ་ཁྲོས་ནས། །གཏུམ་པོའི་མེ་ཡིས་གསོན་བསྲེག་བྱས་པའི་ཚེ། །ཞི་བསིལ་ཡིད་འོང་ཆུ་མཚོར་བསྒྱུར་བ་ལྟར། །བདག་ཀྱང་མེ་ཡིས་འཇིགས་པས་ཉེན་པའི་ཚེ། །འབྱུང་བའི་དངོས་འཛིན་ཞིག་པའི་རྟགས་ཤར་ནས། །མེ་ཡང་དྭངས་བསིལ་ཆུ་མཚོར་འགྱུར་བར་ཤོག །མུ་སྟེགས་རྒྱལ་པོས་ནང་པའི་སྨ་དབབ་ཕྱིར། །སྒྲོམ་དུ་བཅུག་ནས་ཆུ་ལ་བསྐུར་བའི་ཚེ། །མཁའ་ལ་འཕུར་དེ་རྫུ་འཕྲུལ་བསྟན་པ་ལྟར། །བདག་ཀྱང་ཆུ་ཡི་འཇིགས་པས་ཉེན་པའི་ཚེ། །མ་དག་རྩ་ཐིག་རླུང་གསུམ་དབང་འདུས་ནས། །འདབ་ཆགས་བྱ་བཞིན་མཁའ་ལ་འཕུར་བར་ཤོག །བོད་དུ་བྱོན་ཚེ་ཡར་ལྷ་ཤམ་པོ་ཡིས། །ཁ་ཆར་རླུང་གིས་བལ་ལྟར་གཡེངས་པའི་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་རླུང་མནན་དྲེགས་ཚོགས་བཏུལ། །བདག་ཀྱང་འབྱུང་བ་རླུང་གིས་གཙེས་པའི་ཚེ། །ཕྱི་ནང་འབྱུང་བ་རླུང་གི་སྲོག་འཕྲོག་ནས། །ཉམ་ང་མེད་པའི་གདེངས་དང་ལྡན་པར་ཤོག །བལ་ཡུལ་མཐིལ་ནས་བསྟན་མ་བཅུ་གཉིས་ཀྱིས། །གནམ་ལྕགས་ཕབས་ཏེ་དཔའ་ཟིལ་གཞོམ་འདོད་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་རྡོ་ཚན་མར་འཕྲད་ལྟར། །གནམ་ལྕགས་ཆུ་རུ་ཞུ་སྟེ་གནོད་བྲལ་བཞིན། །བདག་ཀྱང་ཐོག་གི་འཇིགས་པས་ཉེན་པ་ན། །གནམ་ལྕགས་མེ་ཡི་ཚ་ངར་ཞི་བར་ཤོག །མངའ་བདག་རྒྱལ་པོའི་བདུད་བློན་ཕལ་མོ་ཆེས། །གསོལ་ཟས་དུག་དང་བསྲེས་ནས་དྲངས་པའི་ཚེ། །ཡེ་ཤེས་བདུད་རྩིའི་གཟི་མདངས་འབར་བ་ལྟར། །བདག་ཀྱང་སྦྱར་དུག་དྲག་པོས་གསོད་ཉེན་ཚེ། །ཏིང་འཛིན་མཐུ་ཡིས་ཁ་ཟས་བདུད་རྩིར་གྱུར། །ནད་མེད་ལུས་ལ་བཀྲག་མདངས་རྒྱས་པར་ཤོག །སྔོན་ཚེ་བསམ་ཡས་མཆིམས་ཕུར་དགོངས་པར་བཞུགས། །གཟའ་ཀླུ་རྒྱལ་པོས་བར་ཆད་བརྩམས་པའི་ཚེ། །འགྱུར་མེད་ལྟ་བའི་གདེངས་ཀྱིས་བཏུལ་བ་ལྟར། །བདག་ཀྱང་སྡེ་བརྒྱད་གནོད་པས་ཉེན་པ་ན། །སྣང་བ་སེམས་ཀྱི་རང་རྩལ་ལེགས་རྟོགས་ནས། །བདེན་མེད་སྟོང་པའི་ཀློང་དུ་གྲོལ་བར་ཤོག །སྙིགས་དུས་ཨོ་རྒྱན་ཆེན་པོའི་མཚན་ཙམ་ཞིག །འཛིན་པའི་གང་ཟག་གཞན་ལས་རྒྱལ་བ་ལྟར། །བདག་ཀྱང་སྐྱབས་གནས་ཀུན་འདུས་ཁྱོད་ཉིད་ལ། །ཁ་ཞེ་མེད་པར་རྟག་ཏུ་གསོལ་བཏབ་མཐུས། །མི་དང་མི་མིན་འཇིགས་པའི་ཚོགས་ཀུན་ལས། །རྣམ་པར་རྒྱལ་བའི་རུ་མཚོན་སློང་བར་ཤོག །སྔོན་ཚེ་རྒྱལ་མོ་ཚ་བ་རོང་ཉིད་དུ། །བཻ་རོས་སྨིན་གྲོལ་ཆོས་འཁོར་བསྐོར་བའི་ཚེ། །ལྷ་སྲིན་ཚོགས་ཀྱིས་འཇིགས་གཟུགས་ཆོ་འཕྲུལ་བསྟན། །རྣམ་སྣང་ལོ་ཙས་ཨོ་རྒྱན་ཆེན་པོ་ལ། །གསོལ་བཏབ་རྫུ་འཕྲུལ་སྟག་ལ་ཆིབས་ནས་བྱོན། །གདུག་ཅན་ལྷ་འདྲེ་དམ་ལ་བཏགས་པ་ལྟར། །བདག་ཀྱང་ལྷ་འདྲེའི་དབང་དུ་འགྱུར་ཉེན་ཚེ། །པད་འབྱུང་དངོས་བྱོན་གདུག་ཅན་དམ་འདོགས་ཤོག །ཉམས་ཐག་སྒྲེན་མོ་གཉིས་ཀྱི་གནས་ཁང་དུ། །རྐུན་པོ་ཞུགས་ཏེ་ནོར་དང་བྲལ་བྱས་ཚེ། །ངེས་ཤེས་བརྟན་པོས་ཨོ་རྒྱན་ཆེན་པོ་ལ། །གསོལ་བཏབ་རྐུན་བུའི་འཇིགས་ལས་བསྐྱབས་པ་ལྟར། །བདག་ཀྱང་རྐུན་པོས་ཟས་ནོར་ཕྲོགས་པའི་ཚེ། །པད་འབྱུང་གསོལ་བཏབ་འཇིགས་པས་མི་ཚུགས་ཤོག །སྔོན་ཚེ་གཞན་གྱིས་བཀུར་འོས་བླ་མ་ཞིག །ལེའུ་བདུན་པ་ཐུགས་དམ་བྱས་པའི་མཐུས། །འཇིགས་བརྒྱད་ལས་གྲོལ་ལྷ་སྲིན་བྲན་ཁོལ་ལྟར། །བདག་ཀྱང་པད་འབྱུང་དྲན་ནས་གསོལ་བཏབ་མཐུས། །འཇིགས་པས་མི་ཚུགས་ལྷ་འདྲེ་ཟིལ་གནོན་ཤོག །སྔོན་ཚེ་རྗེ་འབངས་ཉི་ཤུ་རྩ་ལྔ་ཡིས། །ཨོ་རྒྱན་ཆེན་པོ་བླ་མར་བསྟེན་ནས་ཀྱང་། །བཀའ་བཞིན་བསྒྲུབ་པས་གྲུབ་འབྲས་མངོན་གྱུར་ལྟར། །བདག་ཀྱང་པད་འབྱུང་སྤྱི་བོའི་གཙུག་བསྒོམ་ནས། །རྩེ་གཅིག་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ་པར་ཤོག །སྔོན་ཚེ་གཏེར་ཆེན་རཏྣ་གླིང་པ་ཡིས། །ལྡང་ལྷའི་བྲག་ནས་ཟབ་གཏེར་བཏོན་པའི་ཚེ། །གཏེར་བདག་ཁྲོས་ཏེ་ཐོག་སེར་དྲག་པོ་ཡིས། །མི་རྣམས་སྐྲག་ཏེ་འབྲོས་པར་བརྩམ་པ་ན། །པད་འབྱུང་གསོལ་བཏབ་སྐྱིན་ཐང་དྲག་པོ་ཞི། །ལྡང་ལྷ་དངོས་བྱོན་གཏེར་སྒོ་བསྟན་པ་ལྟར། །བདག་ཀྱང་ཟབ་གཏེར་ཆོས་ལ་སྤྱོད་པའི་ཚེ། །ཆོ་འཕྲུལ་ཞི་ནས་འདོད་དོན་མྱུར་འགྲུབ་ཤོག །སྔོན་ཚེ་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཉིད། །རྒྱལ་པོའི་ཆད་པས་སྒྲོག་ཏུ་བཅུག་པ་ཡང་། །ཨོ་རྒྱན་གསོལ་བཏབ་ལྕགས་སྒྲོག་མདུད་གྲོལ་ལྟར། །བདག་ཀྱང་དངོས་འཛིན་ཞེན་པའི་ལྕགས་སྒྲོག་ལས། །བསྒྲལ་ནས་ཐར་བའི་གླིང་དུ་དྲོངས་ཤིག་ཅེས། །མཆོག་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ། །གསོལ་བཏབ་ཐུགས་རྗེས་རེ་འབྲས་དོན་སྨིན་ཤོག། ཅེས་ངེས་དོན་གཏམ་རྒྱུད་དང་བཅས་པའི་སྒོ་ནས་ཨོ་རྒྱན་ཆེན་པོ་ལ་བསྟོད་པ་སྨོན་ལམ་དང་འབྲེལ་བ་འདི་ནི་སྤྲང་བཙུན་རྒྱ་སྤྲུལ་མིང་གིས་སྨྲས་པ་ཆོས་ལ་མོས་པའི་སྐལ་བཟང་བཙུན་ཆུང་ལུང་རྟོགས་ཀྱིས་ཡི་གེར་བྲིས་པ་ཛ་ཡནྟུ།

༈ ཨོ་རྒྱན་རིན་པོ་ཆེའི་གསོལ་འདེབས་བདུད་རྩིའི་ཟེགས་མ་བཞུགས།

ཨེ་མ་ཧོ། རང་བྱུང་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི། །རང་རྩལ་འགགས་མེད་འཕགས་མཆོག་པད་དཀར་འཆང་། །ཐུགས་རྗེའི་སྤྲུལ་བསྒྱུར་ཨོ་རྒྱན་ཆེན་པོ་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ལྷོ་ནུབ་འོ་མ་ཅན་གྱི་ཆུ་གཏེར་དབུས། །ངོ་མཚར་ཨུ་དུམ་ཝ་རའི་པད་སྡོང་རྩེར། །རང་བྱུང་མཚན་དཔེའི་གར་བསྒྱུར་མཚོ་སྐྱེས་རྗེར། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །དབང་འབྱོར་ས་སྐྱོང་ཚངས་པའི་རྒྱལ་སྲིད་བསྐྱངས། །སྲིད་བདེ་སྒྱུ་མར་གཟིགས་ནས་རྒྱལ་སྲིད་སྤངས། །གསང་ཆེན་སྤྱོད་མཛད་ཤནྟ་རཀྵི་ཏར། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །ཕྱོགས་བཞིའི་དུར་ཁྲོད་ཀུན་ཏུ་བརྟུལ་ཞུགས་མཛད། །ཌཱཀྐིའི་ཚོགས་རྗེ་མཛད་ནས་ལྷ་སྲིན་བཏུལ། །ཐེག་པའི་འཇུག་སྒོར་རབ་བྱུང་བསླབ་ཁྲིམས་བླངས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །རྡོ་རྗེ་དྲག་རྩལ་སྲིད་ཞིའི་དབང་ཕྱུག་ཆེ། །ཤཱཀྱ་སེང་གེ་རྒྱལ་བསྟན་རྩ་ལག་མཆོག །འཆི་མེད་རིག་འཛིན་པདྨ་འབྱུང་གནས་ལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །མེ་དཔུང་མཚོར་བསྒྱུར་ཟ་ཧོར་ཆོས་ལ་བཙུད། །མཁའ་ལ་སྟག་ཞོན་ཆུ་བོ་གྱེན་ལ་ཟློག །ཨོ་རྒྱན་ཡུལ་དུ་པདྨ་རྒྱལ་པོར་གྲགས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །རྒྱ་གར་ཤར་ནུབ་ཉི་མའི་ཟེར་ལ་གཤེགས། །ཐེག་དགུའི་ཡང་རྩེ་རྫོགས་པ་ཆེན་པོའི་དོན། །རྡོར་སེམས་དགའ་རབ་ཤྲཱི་སེང་ཞལ་ལུང་ཐོབ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །མུ་སྟེགས་རྩོད་པ་ལུང་རིགས་མཐུ་ཡིས་བཏུལ། །སྟག་ཚང་ཕུག་ཏུ་དམ་སྲི་སྡེ་བརྒྱད་བཏུལ། །བདག་མེད་སེང་གེའི་སྒྲ་སྒྲོག་གྲོ་བོ་ལོད། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །འཇམ་དབྱངས་ཚངས་པའི་མེ་ཏོག་རྗེས་སུ་བཟུང་། །འབངས་རིགས་ཉེར་ལྔ་གྲུབ་པའི་ས་མཐོར་བཀོད། །བོད་ཡུལ་མུན་སེལ་ཨོ་རྒྱན་སྤྲུལ་པའི་སྐུར། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །གངས་ཅན་ས་སྟེང་ཆོས་དང་ནོར་གྱིས་བཀང་། །སྙིགས་མའི་འཇིགས་སྐྱོབ་གཏེར་སྟོན་ལུང་བསྟན་མཛད། །རྔ་ཡབ་སྲིན་པོའི་ཁ་གནོན་ཐོད་ཕྲེང་རྩལ། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །སྤྲེལ་ཟླའི་ཚེས་བཅུར་བོད་དུ་དངོས་སུ་འབྱོན། །བྱུང་ངོ་ཅོག་གི་ཟླ་བའི་ཚེས་བཅུ་ལ། །སྤྲུལ་བས་བོད་ཁམས་འདུལ་བར་ཞལ་གྱིས་བཞེས། །མི་ཕྱེད་རྩེ་གཅིག་གུས་པས་གསོལ་བ་འདེབས། །བྱིན་རླབས་ཐུགས་རྗེས་བདག་རྒྱུད་བྱིན་གྱིས་རློབས། །རྒྱལ་ཀུན་སྤྱི་གཟུགས་རྡོ་རྗེ་ཐོད་ཕྲེང་རྩལ། །ཁྱོད་ནི་བྱིན་རླབས་མཆོག་སྩོལ་བླ་མ་རྗེ། །དངོས་གྲུབ་འདོད་རྒུའི་ཆར་འབེབས་ཡི་དམ་ལྷ། །བར་ཆད་ཀུན་སེལ་མཁའ་འགྲོའི་ཚོགས་ཀྱི་བདག །ཕྲིན་ལས་ཀུན་འགྲུབ་དམ་ཅན་རྒྱ་མཚོའི་དཔལ། །གསོལ་བ་འདེབས་སོ་ཚེ་འདིའི་བར་ཆད་སོལ། །བར་དོར་ཞལ་མཇལ་ལུང་བསྟན་དབུགས་དབྱུང་མཛོད། །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་གཉེན་དུ། །འབྲལ་མེད་མཐར་ཐུག་ཐུགས་ཡིད་འདྲེས་གྱུར་ཅིག། ཅེས་པའང་རྣལ་འབྱོར་སྒྲུབ་བརྩོན་རིག་གསལ་ངོར་རྒྱ་སྤྲུལ་བཙུན་གཟུགས་འཆང་བས་སྣྲོན་ཟླའི་ཚེས་བཅུར་ཤར་མར་སྤེལ་བ་དགེའོ།།

གུ་རུའི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ།

༄༅། གུ་རུའི་གསོལ་འདེབས་ཐུགས་རྗེའི་ལྕགས་ཀྱུ་བཞུགས།

ཨེ་མ་ཧོ༔ ངོ་བོ་སྤྲོས་བྲལ་ཆོས་སྐུ་ཀུན་ཏུ་བཟང༔ རང་བཞིན་ལྷུན་གྲུབ་རིགས་ལྔ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་རྩོལ་མེད་སྤྲུལ་སྐུ་ཤཱཀྱ་ཐུབ༔ སྐུ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་ལ༔ ཁ་ཞེ་མངོན་ལྐོག་མེད་པར་གསོལ་བ་འདེབས༔ བདག་ལུས་ལོངས་སྤྱོད་མཆོད་པའི་མཎྜལ་འབུལ༔ རྟག་ཁྱབ་ལྷུན་གྲུབ་ཐུགས་རྗེས་ཉེར་དགོངས་ནས༔ འདི་ནས་བཟུང་སྟེ་སངས་རྒྱས་མ་ཐོབ་བར༔ ཚེ་རབས་ཀུན་ཏུ་བླ་མ་ཨོ་རྒྱན་རྗེས༔ དགེ་བའི་བཤེས་མཛད་མི་མཐུན་རྐྱེན་ངན་བསལ༔ མཐུན་རྐྱེན་བསམ་དོན་ཆོས་མཐུན་མ་ལུས་པ༔ ཐོག་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདག་སོགས་འགྲོ་ཀུན་ཚོགས་ལམ་ལ་གནས་ཚེ༔ དྲན་པ་ཉེར་བཞག་ཡང་དག་སྤོང་བ་བཞི༔ རྫུ་འཕྲུལ་རྐང་པ་བཞི་སོགས་མཐར་སོན་ནས༔ མོས་པའི་ལྟ་སྤྱོད་ཕུན་སུམ་ཚོགས་པ་དང༔ དད་སོགས་དབང་པོ་སྟོབས་སུ་གྱུར་བ་ཡིས༔ དྲོད་དང་རྩེ་མོར་སྦྱོར་བའི་ལམ་བགྲོད་ནས༔ སྐད་ཅིག་བཅུ་དྲུག་དང་པོའི་ས་ཐོབ་སྟེ༔ ཕ་རོལ་ཕྱིན་བཅུའི་ཡོན་ཏན་མཐར་ཕྱིན་ཤོག༔ དེ་ཚེ་སྒོམ་ལམ་དཔལ་ཡོན་རྫོགས་པའི་མཐུས༔ མི་སློབ་རིག་འཛིན་མཚོ་སྐྱེས་རྡོ་རྗེ་དང༔ དབྱེར་མེད་རང་གཞན་དོན་གཉིས་ལྷུན་གྲུབ་ནས༔ སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག༔ ཅེས་པའང་རྒྱུ་འབྲས་ཀྱི་ཆོས་ལ་མོས་པའི་བཙུན་ཆུང་དམ་པས་བསྐུལ་ངོར། དག་སྣང་གི་ཆོས་སྡེ་ལས་བྱུང་བ་བཞིན་རྒྱལ་ཁམས་ཀྱི་དཱ་རི་ཏྲ་སྤྲུལ་མིང་པས་བྲིས་པ་དགེའོ།།

གུ་རུའི་གསོལ་འདེབས་བར་ཆད་དབྱིངས་གྲོལ།

༄༅། གུ་རུའི་གསོལ་འདེབས་བར་ཆད་དབྱིངས་གྲོལ་བཞུགས༔

དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས༔ ཐེག་གསུམ་དམ་ཆོས་ཡོངས་རྫོགས་འདུས་པའི་གསུང༔ རིག་འཛིན་དགེ་འདུན་མ་ལུས་འདུས་པའི་སྐུ༔ གུ་རུ་རིན་པོ་ཆེ་ལ་གསོལ་བ་འདེབས༔ ཀྱཻ་མ་དགོངས་ཤིག་རིག་འཛིན་པདྨ་འབྱུང༔ ཁྱོད་སྐུ་ཟག་བྲལ་འཇའ་ལུས་རྡོ་རྗེའི་སྐུ༔ ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་གཤེགས་ལ༔ བོད་ཡུལ་རྗེ་འབངས་ཡོངས་ཀྱི་སྐྱབས་མཛོད་ཅིག༔ བསྐལ་བ་མར་འགྲིབ་ནད་མུག་མཚོན་འཁྲུགས་ཀྱིས༔ སྡུག་བསྔལ་དྲག་པོས་མནར་བ་འདིར་གཟིགས་ལ༔ ཨོ་རྒྱན་སྨན་གྱི་བླ་མ་རྣམ་ཐོས་བུ༔ རྡོ་རྗེའི་གུར་དུ་མཛོད་ལ་སྐྱབས་མཛད་གསོལ༔ ཚེ་ཐུང་ནད་མང་སྐྱེ་འགྲོར་བརྩེར་དགོངས་ནས༔ ཚེ་དཔག་མེད་དང་གསང་བདག་སྐུར་བཞེངས་ལ༔ བདག་སོགས་དུས་མིན་འཆི་བའི་འཇིགས་ལས་སྐྱོབས༔ དུས་ལ་བབ་ཚེ་བདེ་ཆེན་ཞིང་ཁམས་སུ༔ འདྲེན་པའི་བླ་མ་མཛོད་ཅིག་ཨོ་རྒྱན་མཁྱེན༔ བདག་འདྲ་སྤྲུལ་མིང་ལུང་རིག་གླིང་པས་གང་ཤར་དུ་སྤེལ་བ་དུས་གསུམ་དགེ་བའི་རྒྱུར་ཅིགསརྦ་མངྒ་ལཾ།

གུ་རུའི་གསོལ་འདེབས།

༄༅། གུ་རུའི་གསོལ་འདེབས་ནི།

ཨོཾ་ཨཱཿཧཱུྃ། མཆོག་གསུམ་རྩ་གསུམ་སྐུ་གསུམ་འདུས་པའི་དཔལ། །བསླུ་མེད་སྐྱབས་གནས་གུ་རུ་རིན་པོ་ཆེ། །པདྨ་རྒྱལ་པོ་སྣང་སྲིད་ཟིལ་གནོན་རྗེ། །གསོལ་བ་འདེབས་སོ་འཇིགས་བརྒྱད་ཞི་བ་དང་། །ཚེ་ཟད་བསྲིང་ཞིང་ལོངས་སྤྱོད་འབྱོར་བ་འཕེལ། །བློ་གྲོས་མི་ཟད་སྤོབས་པའི་གཏེར་མཛོད་རྡོལ། །ཤེས་རབ་མེ་འབར་འཆད་རྩོད་རྩོམ་ལ་མཁས། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་འཛུགས་པ་དང་། །ལྷ་སྲིན་བྲན་ཁོལ་ཆེ་བཙན་དབང་དུ་འདུས། །ཚེ་འདིར་མཁའ་སྤྱོད་ཟངས་མདོག་དཔལ་རིར་བགྲོད། །པདྨའི་ཞལ་མཐོང་ལུང་བསྟན་དབུགས་དབྱུང་ཤོག། ཅེས་པའང་སྙིགས་དུས་འདིར་ཕན་ནམ་སྙམ་ནས་བཙུན་གཟུགས་ལུང་རྟོགས་མིང་གིས་སྦྱར་བ་དགེའོ།།

གུ་རུའི་རྣམ་ཐར་གསོལ་འདེབས་བར་ཆད་འཕྲང་སྒྲོལ་ཐུགས་རྗེའི་སྐྱེལ་མ།

༄༅། དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ གུ་རུའི་རྣམ་ཐར་གསོལ་འདེབས་བར་ཆད་འཕྲང་སྒྲོལ་ཐུགས་རྗེའི་སྐྱེལ་མ་བཞུགས༔ ཨེ་མ་ཧོ༔ ནུབ་ཕྱོགས་བདེ་ཆེན་དག་པའི་ཕོ་བྲང་ནས༔ དུས་གསུམ་རྒྱལ་བ་ཀུན་གྱིས་བཀའ་བགྲོས་པས༔ འཛམ་གླིང་བོད་ཀྱི་སེམས་ཅན་སྡུག་བསྔལ་དགོངས༔ རྟག་ཏུ་རྒྱུན་ཆད་མེད་པའི་ཐུགས་རྗེ་བསྐྱེད༔ དུས་གསུམ་སངས་རྒྱས་རྣམས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ ཁྱད་པར་ཆོས་སྐུ་སྣང་བ་མཐའ་ཡས་ཀྱི༔ ཐུགས་བསྐྱེད་འཕགས་མཆོག་སྤྱན་རས་གཟིགས་དབང་གི༔ ཐུགས་ཀའི་ཧྲཱིཿལས་པད་སྡོང་རྩེ་མོར་འཁྲུངས༔ ཚེས་བཅུའི་ཉི་ཤར་མཚན་དཔེའི་ངོ་མཚར་བསྟན༔ སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ ཨོ་རྒྱན་རྒྱལ་པོ་ཨིནྟྲ་བྷུ་ཏི་ཡི༔ སྲས་ཀྱི་ཚུལ་མཛད་རྒྱལ་སྲིད་ཐབས་ཀྱིས་བསྐྱངས༔ བརྟུལ་ཞུགས་སྤྱོད་པས་དུར་ཁྲོད་བརྒྱད་དུ་གཤེགས༔ ཞིང་སྐྱོང་དཔའ་བོ་མཁའ་འགྲོ་བྲན་དུ་བཀོལ༔ གུ་རུ་རྡོ་རྗེ་དྲག་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ སློབ་དཔོན་ཆེན་པོ་པྲ་བྷ་ཧསྟི་ལས༔ རྣལ་འབྱོར་ཡོ་གའི་རྒྱུད་ལུང་མན་ངག་གསན༔ ཚུལ་བཞིན་བསྒྲུབ་པས་རྡོ་རྗེ་དབྱིངས་ཀྱི་ལྷས༔ ཞལ་གཟིགས་དབང་བསྐུར་ལུང་བསྟན་དབུགས་དབྱུང་མཛད༔ མཁས་པ་བློ་ལྡན་མཆོག་སྲེད་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ ཤཱཀ་ཐུབ་ཉེ་གནས་ཀུན་དགའ་བོ་དང་མཇལ༔ རབ་ཏུ་བྱུང་བའི་ཚུལ་མཛད་མདོ་སྡེ་ཡི༔ ལག་ལེན་སྤྱོད་པས་བསྟན་པའི་སྒྲོན་མེ་མཛད༔ རྒྱལ་བའི་རྒྱལ་ཚབ་འགྲོ་བའི་ལམ་སྣ་འདྲེན༔ ཤཀྱ་སེང་གེར་གྲགས་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ བྲག་ཕུག་མ་ར་ཏི་ཀའི་ཕོ་བྲང་དུ༔ མགོན་པོ་ཚེ་དཔག་མེད་པ་ཡབ་ཡུམ་དང་༔ དབྱེར་མེད་ཚེ་ཡི་རིག་འཛིན་མངོན་དུ་གྱུར༔ རྡོ་རྗེའི་སྐུ་བརྙེས་སྐྱེ་འཆི་བགྲེས་རྒུད་བྲལ༔ འཆི་མེད་པདྨ་ཡབ་ཡུམ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ལ་སོགས༔ མ་རིག་འཁྲུལ་བའི་སེམས་ཅན་གདུལ་དཀའ་རྣམས༔ གང་འདུལ་ཐབས་ཀྱིས་མེ་དཔུང་མཚོ་རུ་བསྒྱུར༔ རྒྱལ་པོས་སྲིད་ཕུལ་སྣང་སྲིད་ཟིལ་གྱིས་མནན༔ དགེ་སློང་པདྨ་སཾ་བྷ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ ཨོ་རྒྱན་ཡུལ་དུ་སྔོན་མེད་བརྟུལ་ཞུགས་མཛད༔ རྫུ་འཕྲུལ་སྣ་ཚོགས་གཞན་སྣང་དབང་དུ་བསྡུས༔ ཆོས་ཀྱི་རྒྱལ་པོ་ཁམས་གསུམ་ཡོངས་ཀྱི་སྐྱབས༔ སྲས་མཆོག་པདྨ་རྒྱལ་པོ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ གངས་ཅན་བོད་དུ་འཇམ་དབྱངས་ཆོས་ཀྱི་རྒྱལ༔ ཁྲི་སྲོང་ལྡེའུ་བཙན་ཡབ་སྲས་དགོངས་པ་བསྒྲུབ༔ ཡང་ལེ་ཤོད་དུ་དམ་སྲི་མུ་སྟེགས་བཏུལ༔ རྒྱ་བོད་ཡུལ་དུ་ལོག་འདྲེན་དམ་ལ་བཏགས༔ འཕགས་པ་སེང་གེ་སྒྲ་སྒྲོག་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ བོད་དུ་ཕྱག་ཕེབས་བསམ་ཡས་ལྷུན་གྱིས་གྲུབ༔ པདྨ་འབྱུང་གནས་ལྔ་བརྒྱའི་སྐྱབས་མགོན་མཛད༔ སྟག་ཚང་ཕུག་ཏུ་དམ་སྲི་སྡེ་བརྒྱད་བཏུལ༔ བོད་ཡུལ་ཆོས་ནོར་གཏེར་གྱིས་གང་བར་མཛད༔ རྡོ་རྗེ་གྲོ་ལོད་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ རྔ་ཡབ་གླིང་དུ་སྲིན་པོའི་ཁ་གནོན་མཛད༔ ཐུགས་ཀྱི་སྲས་མཆོག་སྐལ་ལྡན་རྗེས་སུ་འཛིན༔ མ་ངེས་སྤྱོད་པས་གདུལ་བྱའི་འགྲོ་དོན་མཛད༔ གསར་བྱུང་གདུག་འདྲེའི་ཚོགས་རྣམས་ཆམ་ལ་འབེབས༔ རཀྴ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསླུ་མེད་བརྩེ་ཆེན་ཐུགས་རྗེས་ཉེར་དགོངས་ནས༔ བདག་སོགས་སྐལ་ལྡན་བུ་ལ་བྱིན་གྱིས་རློབས༔ གནས་སྐབས་ནད་མཚོན་མུ་གེའི་འཇིགས་ལས་སྐྱོབས༔ མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དྲོངས༔ དེ་ལྟར་སྐྱབས་འོས་ཁྱོད་ལ་གསོལ་བཏབ་མཐུས༔ བར་ཆད་བདུད་ཀྱི་གཡུལ་ངོ་ལས་རྒྱལ་ཏེ༔ སྙིགས་མའི་དུས་འཁྲུགས་མཚོན་དང་ནད་མུག་སོགས༔ འགྲོ་བའི་སྡུག་བསྔལ་ཐམས་ཅད་ཕྱིར་བསྙིལ་ནས༔ བདེ་སྐྱིད་རྫོགས་ལྡན་དཔལ་ལ་སྤྱོད་པར་ཤོག༔ བསྟན་འགྲོའི་བདེ་སྐྱིད་མ་ལུས་འབྱུང་བའི་གནས༔ རྒྱལ་བའི་རྣམ་སྤྲུལ་དཔལ་ལྡན་བླ་མ་ཡི༔ སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང༔ དགེ་འདུན་རྣམས་ཀྱང་ཆོས་མཐུན་མཛད་པ་རྒྱས༔ རྣམ་དཀར་ལས་ལ་འགྲོ་ཀུན་གཅིག་ཏུ་བརྩོན༔ ཀུན་ཀྱང་མགོན་པོ་ཁྱོད་ཀྱིས་རྗེས་བཟུང་ནས༔ གནས་སྐབས་མཐར་ཐུག་ཕན་བདེའི་དཔལ་ཡོན་ལ༔ ལོངས་སུ་སྤྱོད་བཞིན་ཅི་བསམ་མྱུར་འགྲུབ་ཤོག༔ ཅེས་པའང་མ་དང་ཌཱཀྐིའི་ཞལ་ལུང་བཞིན་ལུང་རིག་གླིང་པས་སྦྱར་བའོ།།

ཚེས་བཅུའི་དུས་དྲན་གསོལ་འདེབས།

༄༅། དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ལས༔ ཚེས་བཅུའི་དུས་དྲན་གསོལ་འདེབས་བཞུགས༔ ཨོ་རྒྱན་པདྨའི་སྐུ་ལ་འདུད༔ ཚེས་བཅུའི་དུས་དྲན་གསོལ་འདེབས་ནི༔ ཚོགས་དང་འབྲེལ་ན་བསྐང་བའི་སྐབས༔ མིན་ཡང་ནམ་དྲན་དུས་སུ་རུང༔ ཁྱེའུས་མ་ལ་འབོད་པ་ལྟར༔ གདུང་བའི་དབྱངས་ཀྱིས་མཆི་མ་ཕྱུང༔ གུས་པ་ཆེན་པོས་འདི་སྐད་དོ༔ ཨེ་མ་ཧོ༔ འདི་ནས་ཉི་མ་ལྷོ་ནུབ་རྔ་ཡབ་གླིང༔ མི་ཟན་སྲིན་པོའི་ཡུལ་གླིང་ཆེན་པོ་དགུའི༔ དབུས་ཀྱི་གཞལ་མེད་ཟངས་མདོག་དཔལ་གྱི་རིར༔ ཐོད་སྐམ་གྲོང་ཁྱེར་སྟེང་ཁང་པདྨ་འོད༔ པད་འབྱུང་སྣང་བ་མཐའ་ཡས་སྐུ་རུ་བཞུགས༔ སྐལ་བཟང་སངས་རྒྱས་ཕྱོགས་བཅུ་དུས་གསུམ་གྱི༔ རྒྱལ་དང་རྒྱལ་སྲས་ཉན་ཐོས་རང་རྒྱལ་དང༔ རིག་འཛིན་གྲུབ་དབང་སྤྲུལ་བའི་ཚོགས་བཅས་ལ༔ དུས་འདིར་གདུང་བས་གསོལ་བ་འདེབས་ལགས་ན༔ དུས་ཀྱི་རྒྱལ་པོ་ཚེས་བཅུའི་མཆོད་པ་བཞེས༔ འཆི་མེད་ཚེ་ཡི་དངོས་གྲུབ་དུས་འདིར་སྩོལ༔ བར་ཁང་སྤྲུལ་པའི་ཕོ་བྲང་པོ་ཏ་ལར༔ པདྨ་འབྱུང་གནས་འཕགས་པ་སྤྱན་རས་གཟིགས༔ དབྱེར་མེད་རྗེ་བཙུན་སྒྲོལ་མ་ཡུམ་དང་བཅས༔ སར་གནས་སེམས་དཔའ་ཉན་རང་སྤྲུལ་འཁོར་ལ༔ དུས་འདིར་གདུང་བས་གསོལ་བ་འདེབས་ལགས་ན༔ དུས་ཀྱི་རྒྱལ་པོ་ཚེས་བཅུའི་མཆོད་པ་བཞེས༔ ས་བཅུ་ལམ་ལྔའི་དཔལ་ཡོན་དུས་འདིར་སྩོལ༔ འོག་ཁང་འཇིགས་རུང་དུར་ཁྲོད་གཞལ་ཡས་ཁང༔ པད་འབྱུང་སྲིན་རྒྱལ་རཀྴ་ཐོད་ཕྲེང་རྩལ༔ མཚོ་རྒྱལ་སྲིན་གཟུགས་མཐིང་འོད་འབར་མར་སྤྲུལ༔ རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་རྣམས༔ མ་ངེས་སྔགས་བཙུན་རྒྱལ་བློན་དམན་པའི་ཚུལ༔ དུས་ཀུན་བརྩེ་བས་འགྲོ་འདྲེན་ཐུགས་རྗེ་ཅན༔ སྤྲུལ་བ་ཉི་ཟེར་རྡུལ་ལྟར་གྲངས་མེད་འཚུབ༔ དུས་འདིར་གདུང་བས་གསོལ་བ་འདེབས་ལགས་ན༔ དུས་ཀྱི་རྒྱལ་པོ་ཚེས་བཅུའི་མཆོད་པ་བཞེས༔ འགྲོ་འདྲེན་ཐུགས་རྗེས་དངོས་གྲུབ་དུས་འདིར་སྩོལ༔ དུས་ཀྱི་རྒྱལ་པོ་སྤྲེལ་ཟླའི་ཚེས་བཅུ་ལ༔ མཚོ་དབུས་པདྨའི་ཟེའུ་འབྲུར་བརྫུས་ཏེ་འཁྲུངས༔ ཕག་ཟླར་རྒྱལ་སྲིད་བཟུང་ནས་ཆོས་ཀྱིས་བསྐྱངས༔ ཨིནྡྲ་བྷུ་ཏིའི་སྲས་མཆོག་པདྨ་རྒྱལ༔ བྱ་ཟླར་སྲིད་སྤངས་བསིལ་ཚལ་དུར་ཁྲོད་དུ༔ མཁའ་འགྲོའི་ཚོགས་རྣམས་བརྟུལ་ཞུགས་ཐབས་ཀྱིས་བཏུལ༔ ཁྱི་ཟླར་པྲ་བྷ་ཧསྟིར་རབ་ཏུ་བྱུང༔ ཤཱཀྱའི་འོད་ཟེར་མི་ཡི་སེང་གེར་མཛད༔ བྱི་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་པོས་བསྲེགས༔ མེ་དཔུང་མཚོར་བསྒྱུར་པདྨ་འབྱུང་གནས་དཔལ༔ གླང་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་པོ་ཡིས༔ གསོན་བསྲེག་མེ་ཡང་ཆུ་བསིལ་རྒྱ་མཚོར་མཛད༔ སྟག་ཟླའི་ཚེས་བཅུར་མུ་སྟེགས་རྒྱལ་པོ་ཡིས༔ ཆུ་ལ་བསྐྱུར་ཀྱང་མཁའ་རུ་ལྡིང་བཞིན་གཤེགས༔ ཡོས་ཟླའི་ཚེས་བཅུར་མུ་སྟེགས་སྟོན་པ་དང༔ རྩོད་པ་བྱས་ཚེ་གནམ་ལྕགས་ཐོག་གིས་བསྒྲལ༔ འབྲུག་ཟླའི་ཚེས་བཅུར་མུ་སྟེགས་ནག་པོ་ཡིས༔ དུག་དྲངས་སྐུ་མཆོག་འོད་ལྔའི་ཕུང་པོར་འབར༔ སྦྲུལ་ཟླའི་ཚེས་བཅུར་བལ་བོད་ལྷ་འདྲེ་རྣམས༔ རྡོ་རྗེ་ཕུར་བའི་སྐུར་བཞེངས་དམ་ལ་བཞག༔ རྟ་ཟླའི་ཚེས་བཅུར་བོད་ཡུལ་དབུས་སུ་བྱོན༔ བསམ་ཡས་བཞེངས་ཤིང་མཐའ་འཁོབ་ཆོས་ཀྱིས་བཀང༔ ལུག་ཟླའི་ཚེས་བཅུར་སྲིན་པོའི་ཡུལ་དུ་བྱོན༔ སྲིན་པོ་བཏུལ་ནས་འཛམ་གླིང་སྲོག་སྐྱབས་མཛད༔ སྤྲུལ་པའི་འོད་ཟེར་ཚེས་བཅུ་ནམ་ཤར་དུས༔ ཉི་ཟེར་འཆར་སྡུད་མདངས་ཆིབས་གཤེགས་བཞུད་མཛད༔ སྐལ་ལྡན་དངོས་ཉམས་རྨི་ལམ་རྗེས་སུ་འཛིན༔ གསར་བྱུང་གདུག་འདྲེ་དམ་བཏགས་ཡམ་རིམས་གཅོད༔ ཞལ་བཞེས་བསླུ་བ་མེད་དོ་ཐུགས་དམ་དགོངས༔ གསོལ་བ་འདེབས་སོ་འདིར་གཤེགས་བྱིན་གྱིས་རློབས༔ ནད་གདོན་བར་ཆད་རྐྱེན་ངན་དབྱིངས་སུ་སོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཅེས་པས་གསོལ་བཏབ་དངོས་ཉམས་སམ༔ ཐ་ན་རྨི་ལམ་དག་ཏུའང༔ ཡིད་ཆེས་བྱིན་རླབས་རྟགས་མཚན་འབྱུང༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ དུས་བབ་ཆོས་ཡིན་བསླུ་མི་སྲིད༔ བསྲུང་མས་མེལ་ཚེ་གུ་ཧྱ་རྒྱ༔ སྐལ་ལྡན་ལུང་རིག་གླིང་པས་དག་པར་ཕབ་པས་བྱིན་རླབས་ཀྱི་སྤྲིན་ཕུང་ངེས་པར་འཕྲོ་བས་ཡིད་ཆེས་པར་གྱིས་ཤིག༔ དགེའོ།།

བསམ་པ་ལྷུན་གྲུབ་ལས་ཚོགས་བཅུ་གསུམ་ལ་བསྟོད་པ་ཡིད་བཞིན་ནོར་བུ།

༈ བསམ་པ་ལྷུན་གྲུབ་ལས་ཚོགས་བཅུ་གསུམ་ལ་བསྟོད་པ་ཡིད་བཞིན་ནོར་བུ་བཞུགས། ངོ་མཚར་རྨད་བྱུང་པདྨ་གེ་སར་ལ། །མཚན་དང་དཔེ་བྱད་འབར་བའི་རྡོ་རྗེའི་སྐུ། །འགྲོ་བའི་དཔལ་དུ་རང་བྱོན་སྤྲུལ་པའི་གར། །ཅིར་ཡང་བསྒྱུར་མཛད་ཨོ་རྒྱན་རྗེ་ལ་འདུད། །ལྔ་བདོའི་དུས་སུ་རྒྱལ་དང་དེ་སྲས་ཚོགས། །འགྲོ་ལ་རྟག་ཏུ་བརྩེ་བའི་སྤྱན་བཟང་པོས། །ནམ་ཡང་གཟིགས་པ་མི་འདོར་ཐུགས་རྗེའི་འཕྲུལ། །ཕན་དང་བདེ་བའི་འབྱུང་གནས་བསམ་ལས་འདས། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་ཅི་མཆིས་པ། །དེ་དག་ཀུན་ཀྱང་སྡུག་བསྔལ་སྤོང་བ་དང་། །གནས་སྐབས་མཐར་ཐུག་བདེ་ལེགས་ཕུན་ཚོགས་འབྲས། །ཐོབ་པའི་བྱེད་པོར་གྱུར་ཕྱིར་གཅིག་ཏུ་མཐུན། །ཀུན་གྱི་ནང་ནས་སྙིང་པོའི་ཡང་ཞུན་བཅུད། །སྙིགས་མའི་སྙིགས་མ་སེལ་བའི་གདམས་ངག་མཆོག །རྒྱལ་ཀུན་ངོ་བོ་ཨོ་རྒྱན་བཀའ་དང་གཏེར། །ཟབ་ལས་ཆེས་ཟབ་གསོལ་འདེབས་ཡིད་བཞིན་མཛོད། །བསམ་པ་ལྷུན་གྲུབ་ལས་ཚོགས་བཅུ་གསུམ་པོས། །ཚེ་འདིར་འཇིགས་སྐྱོབས་ཕྱི་མ་དཔལ་རིར་གྲོལ། །བར་དོར་འཁྲུལ་ཞི་འགྲོ་དྲུག་གཡང་ས་གཅོད། །པདྨས་རྗེས་འཛིན་མཆོད་པའི་འོས་སུ་འགྱུར། །ཧོར་སོག་འཇིགས་པའི་དམག་དཔུང་འབར་བའི་ཚེ། །ཐུགས་རྗེས་བསིལ་བས་འཇོམས་པའི་བདུད་རྩིའི་ཆར། །དྲག་པོའི་ལས་སྦྱོར་སྔགས་ཀྱི་རྡོ་རྗེའི་སྒྲ། །གསོད་གཅོད་ལྷ་སྲིན་ཐོག་མདའི་དབལ་དང་བཅས། །ཀུན་འབྱུང་རྒྱུ་ལས་བཞི་བརྒྱ་རྩ་བཞིའི་འབྲས། །དུས་སུ་སྨིན་པས་གདུང་ཀྱང་གང་གི་མཚན། །དྲན་པ་ཙམ་གྱིས་ཕན་བདེའི་ངལ་བསོ་མཆོག །སྦྱིན་མཛད་ཨོ་རྒྱན་བཻ་ཌཱུརྱ་ཡི་འོད། །སེར་སྣའི་སྒོ་ལྕགས་དབྱེ་དཀས་རབ་བཟུང་ནས། །སྦྱིན་དང་མཆོད་ལ་མི་དབང་བདག་གིས་ཀྱང་། །ལོངས་སུ་སྤྱོད་བྱར་མ་གྱུར་འདོད་དགུའི་ཚོགས། །སྩོལ་བའི་ལྡེའུ་མིག་མཛོད་ཅིག་པདྨ་འབྱུང་། །སྔོན་སྨོན་ལས་འཕྲོ་དུས་ལ་བབས་པའི་ཚེ། །འཛད་པ་མེད་པའི་ཆོས་དང་ནོར་གྱི་གཏེར། །དམ་ཚིག་ཟོལ་མེད་སྐལ་བཟང་སྐྱེས་བུ་ལ། །སྟེར་མཛད་ཡི་དམ་ལྷ་མཆོག་ཐོད་ཕྲེང་རྩལ། །ཁ་ཆར་བུ་ཡུག་འཚུབས་ཤིང་སྦས་ཡུལ་སྒོ། །རབ་ཏུ་འགགས་ནས་བགྲོད་ལམ་ངལ་དུབ་ཀྱི། །ཞགས་པ་དམ་པོས་བཅིངས་ཚེ་ཡུལ་ལྷའི་ཚོགས། །དབང་སྡུད་ཟིལ་གནོན་མ་ཧཱ་གུ་རུ་རྗེ། །ཉོན་མོངས་གཏི་མུག་མུན་པའི་སྨག་རུམ་དུ། །ཞེ་སྡང་འཇིགས་ཚོགས་ལྟ་བའི་སྟག་གཟིག་དོམ། །ལོག་པའི་ལྕེ་གཉིས་རེག་པས་མཆོག་དམན་སྲོག །འཕྲོག་ལ་ཁྲེལ་བའི་གནས་སྦྱིན་དཔའ་བོ་གིང་། །འབྱུང་བཞིའི་འཇིགས་ལ་རང་གཤེད་ས་ཡིས་ཆུ། །ཆུ་ཡིས་མེ་དང་ས་ཡིས་རླུང་གི་ཁམས། །ཕམ་པར་མཛད་པའི་འབྱུང་བཞིའི་ལྷ་མོ་དང་། །པད་འབྱུང་ཐུགས་རྗེ་འགྲོ་བའི་མགོན་དུ་ཆས། །བགྲོད་དཀའི་ལམ་ན་དགུག་པའི་རྐུན་པོའི་ལུས། །ལྕགས་ཀྱུས་འགུགས་དང་ཞགས་པས་འཆིང་བར་བྱེད། །ལྕགས་སྒྲོག་གིས་བསྡམ་དྲིལ་བུས་མྱོས་མཛད་པའི། །ཕྱག་རྒྱ་བཞི་ལྡན་ཨོ་རྒྱན་ཧེ་རུ་ཀཿ གཡུལ་གྱི་ནང་ན་མཚོན་ཆས་འཚེ་བའི་ལྕེ། །གཅོད་ལ་རྡོ་རྗེ་ཕ་ལམ་བསྲུང་བའི་གུར། །རབ་འབྱམས་རྒྱལ་བའི་བྱིན་རླབས་ནུས་སྟོབས་དང་། །དབྱེར་མེད་གཅིག་གྱུར་ཨོ་རྒྱན་དཔའ་བོ་མཆོག །ཚེ་ཡི་འདུ་བྱེད་བཏང་བའི་མཆོག་དམན་འགྲོ། །སྲིད་པར་འཁྱམས་པའི་མྱ་ངན་ཁང་བུ་ལས། །བདེ་ཆེན་ཞིང་དུ་ངལ་གསོའི་དབུགས་དབྱུང་བའི། །ཐུགས་བསྐྱེད་ཨོ་རྒྱན་སྣང་བ་མཐའ་ཡས་དངོས། །སྒྱུ་ལུས་ཁང་པ་རྡིབ་པའི་རྣམ་ཤེས་མགྲོན། །བར་དོའི་ཐང་ལ་འཁྲུལ་སྣང་དྲྭ་བས་བཅིངས། །འགྲོལ་བའི་ཐབས་ལ་ཐུགས་རྗེའི་ཕྱག་བཟང་པོ། །རྐྱོང་མཁས་དུས་གསུམ་མཁྱེན་པ་པདྨ་འབྱུང་། །སྔོན་ལས་བཙོན་རར་འཕྲལ་རྐྱེན་བརྡེག་བཙོག་གིས། །ལུས་དང་སེམས་ལ་བདེ་བའི་སྐབས་མེད་ཀྱང་། །ད་དུང་བདེ་འདོད་སྡུག་བསྔལ་སྒྲུབ་མཁས་པའི། །ལས་ངན་སྒྲོལ་མཛད་བདེ་ཆེན་རྒྱལ་པོར་འདུད། །རིགས་དྲུག་གནས་སུ་ལས་ཀྱི་གཞན་དབང་གིས། །འགྱུར་དང་འདུ་བྱེད་སྡུག་བསྔལ་དྲག་པོ་ཡིས། །རྟག་ཏུ་གཙེས་པའི་མ་དག་འགྲོ་བ་ལ། །པད་འབྱུང་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས། །དེ་ལྟར་བསམ་པ་ལྷུན་གྲུབ་ཡིད་བཞིན་ནོར། །མན་ངག་བཅུ་གསུམ་བསྟོད་པའི་དགེ་རྩ་འདིས། །མ་གྱུར་མཁའ་ཁྱབ་སེམས་ཅན་རྣམས་དང་བདག །ཨོ་རྒྱན་ཆེན་པོས་འབྲལ་མེད་རྗེས་འཛིན་ཤོག །ཅེས་པའང་སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉིན་མོར་བྱེད་པས་སྨྲས་པ་མངྒ་ལཾ།།

གུ་རུ་ཡབ་ཡུམ་གྱི་གསོལ་འདེབས།

༄༅། གུ་རུ་ཡབ་ཡུམ་གྱི་གསོལ་འདེབས་བཞུགས༔ གུ་རུ་པདྨ་ང་ཉིད་ལ༔ དུས་ཀུན་གསོལ་བ་འདེབས་པའི་ཚིག༔ ཁ་ཞེ་མེད་པར་འདི་བཞིན་མཛོད༔ ཨེ་མ་ཧོ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང༔ ལོངས་སྤྱོད་རྫོགས་སྐུ་རིགས་མཆོག་ལྔ༔ ཐུགས་རྗེ་འགགས་མེད་རིགས་གསུམ་མགོན༔ གཅིག་བསྡུས་ཨོ་རྒྱན་པདྨ་ལ༔ ཁ་ཞེ་མེད་པར་གསོལ་བ་འདེབས༔ ལུས་དང་ལོངས་སྤྱོད་མཆོད་པར་འབུལ༔ ཚེ་རབས་སྐྱེ་བ་ཐམས་ཅད་དུ༔ བརྩེ་ཆེན་ཐུགས་རྗེས་བཟུང་དུ་གསོལ༔ དུས་མིན་འཆི་བའི་ཚེ་འཕྲང་ལས༔ མྱུར་དུ་ཐར་བར་མཛད་དུ་གསོལ༔ ཆོས་མིན་སྡིག་པའི་སྐྱོན་རྣམས་ལས༔ རྣམ་པར་གྲོལ་བར་མཛད་དུ་གསོལ༔ མི་དགེའི་བཤེས་དང་སྡིག་གྲོགས་ལ༔ ནམ་ཡང་འཕྲད་པར་མ་གྱུར་ཅིག༔ རྣམ་མཁྱེན་ཉེ་རྒྱུ་བྱང་ཆུབ་སེམས༔ རྒྱུད་ལ་སྐྱེ་བར་མཛད་དུ་གསོལ༔ ཚེ་རབས་ཀུན་ཏུ་དགེ་བའི་གྲོགས༔ འབྲལ་མེད་རྟག་ཏུ་འགྲོགས་པར་ཤོག༔ སྐྱབས་ཀུན་གཅིག་འདུས་གུ་རུ་རྗེས༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ལྟར་གསོལ་འདེབས་སྨོན་ཚིག་འདི༔ གཞན་ལ་སྤེལ་ཞིང་རང་ཉམས་ལོངས༔ དུས་བབས་ཆོས་ཡིན་བྱིན་རླབས་མྱུར༔ གཞན་ཡང་མཚོ་རྒྱལ་ང་ཉིད་ལ༔ མོས་པ་ལྡན་པའི་གང་ཟག་གིས༔ རྩེ་གཅིག་གུས་པས་གསོལ་འདེབས་ན༔ སྐྱབས་སུ་གྱུར་བའི་རྩ་བ་གསུམ༔ བདག་དང་དབྱེར་མེད་སྤྱི་བོར་སྒོམས༔ ཡེངས་མེད་ཚིག་འདིས་གསོལ་བ་ཐོབ༔ ཨེ་མ་ཧོ༔ དུས་གསུམ་བཞུགས་པའི་བླ་མ་དང༔ སངས་རྒྱས་བྱང་སེམས་ཡི་དམ་ལྷ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཀུན་འདུས་ཨོ་རྒྱན་ཆེན་པོ་དང༔ དབྱེར་མེད་རྒྱལ་ཡུམ་མཁར་ཆེན་བཟའ༔ སྐྱབས་མཆོག་ཡེ་ཤེས་མཚོ་རྒྱལ་ལ༔ ཁྱེའུས་མ་ལ་འབོད་པ་ལྟར༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ འདི་ཕྱི་བར་དོ་ཐམས་ཅད་དུ༔ མ་ཁྱོད་འབྲལ་མེད་འགྲོགས་ནས་ཀྱང༔ ལུང་སྟོན་ཆོས་གསུང་ཉམས་རྟོགས་སྤོར༔ སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ནས༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཇི་སྲིད་འཁོར་བ་མ་སྟོང་བར༔ འགྲོ་དོན་ལྷུན་གྱིས་འགྲུབ་པ་དང༔ སངས་རྒྱས་བསྟན་པའི་གཞི་ཚུགས་ནས༔ བཤད་སྒྲུབ་ཆོས་དང་འབྲལ་མེད་ཤོག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཌཀྐཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་རྒྱུན་དུ་གསོལ་འདེབས་དང༔ ཚོགས་དང་མེ་མཆོད་མཎྜལ་སོགས༔ དུས་ཆེན་ཉེར་ལྔ་ཆགས་མེད་དང༔ སྲོག་རྩོལ་རླུང་ལ་གནད་བསྣུན་ན༔ ཚེ་འདིར་མཁའ་སྤྱོད་འགྲུབ་པར་འགྱུར༔ དེ་ལྟར་གསོལ་འདེབས་སྨོན་ཚིག་འདི༔ གཞན་ལ་སྤེལ་ཞིང་རང་ཉམས་ལོངས༔ དུས་བབས་ཆོས་ཡིན་བྱིན་རླབས་མྱུར༔ སྐྱ་སེར་བུད་མེད་མཆོག་དམན་རྣམས༔ དད་པ་ཆོས་ཀྱི་རྩ་བ་ཡིན༔ འཕོ་འགྱུར་མེད་པར་གཏན་ལ་ཕོབས༔ མོས་གུས་བྱིན་རླབས་དབང་སྡུད་ཡིན༔ ཡང་ཡང་སྙིང་གི་དཀྱིལ་དུ་སྒོམས༔ དག་སྣང་སྒྲིབ་པའི་ཕྱགས་མ་ཡིན༔ ཀུན་གྱི་ཡོན་ཏན་དྲན་པར་གྱིས༔ གསོལ་འདེབས་ཆོས་ཀྱི་ཐོག་མ་ཡིན༔ དངོས་གཞི་ཡིན་ལ་རྗེས་ཀྱང་ཡིན༔ གཞན་ཡང་རྗེ་བཙུན་འཕགས་མ་དང༔ བདག་ཉིད་མཚོ་རྒྱལ་དབྱེར་མེད་ལ༔ དག་སྣང་མོས་པས་གསོལ་འདེབས་ན༔ གཙུག་ཏུ་སྒོམ་ལ་འདི་བཞིན་གྱིས༔ ཨེ་མ་ཧོ༔ སྐྱེ་མེད་ཡུམ་མཆོག་ཀུན་ཏུ་བཟང༔ འགགས་མེད་བཛྲ་ཝ་ར་ཧཱི༔ རྩོལ་མེད་འཕགས་མཆོག་སྒྲོལ་མཛད་མ༔ དབྱེར་མེད་རྒྱལ་ཡུམ་མཁར་ཆེན་བཟའ༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མར༔ རྩེ་གཅིག་གུས་པས་གསོལ་བ་འདེབས༔ བརྩེ་ཆེན་ཁྱོད་ཀྱིས་དགོངས་མཛོད་ལ༔ བདག་དང་འགྲོ་བ་མ་ལུས་པའི༔ ཚེ་འདིར་རྐྱེན་ངན་ཞི་བ་དང༔ བར་དོར་ཡུམ་ཆེན་ཁྱོད་དང་མཇལ༔ ཕྱི་མ་ས་བཅུའི་དཔལ་ཡོན་རྫོགས༔ དོན་གཉིས་འགྲུབ་པར་བྱིན་གྱིས་རློབས༔ ཅེས་པས་ཡང་ཡང་གསོལ་བཏབ་ན༔ བར་ཆད་སེལ་བར་ཐེ་ཚོམ་མེད༔ ས་མ་ཡཱ༔ ལུང་རིག་གླིང་པས་སོ།།

ཚེས་བཅུའི་དུས་དྲན་གསོལ་འདེབས་བསྡུས་པ།

༄༅། ཚེས་བཅུའི་དུས་དྲན་གསོལ་འདེབས་བསྡུས་པ་བཞུགས། ཨེ་མ་ཧོ། ངོ་མཚར་རྒྱལ་བའི་མཛད་པ་མཐའ་ཡས་ལ། །དབང་བསྒྱུར་བཅུ་གཉིས་ཟླ་བའི་ཚེས་བཅུ་རེར། །སྐུ་བལྟམས་སྲིད་བཟུང་སྤངས་དང་རབ་ཏུ་བྱུང་། །མེར་བསྲེགས་ཆུར་བསྒྱུར་མུ་སྟེགས་ཐོག་གིས་བསྒྲལ། །ཆུ་ལ་བསྐྱུར་བ་མཁར་གཤེགས་དུག་གི་ཟས། །ཟག་མེད་བདུད་རྩིར་བསྒྱུར་ནས་བལ་བོད་ཀྱི། །ལྷ་འདྲེ་དམ་བཏགས་མཐའ་དབུས་གཏེར་གྱིས་བཀང་། །སྲིན་པོའི་ཁ་གནོན་འཛམ་གླིང་བོད་ཡུལ་འདིར། །བཀའ་དྲིན་བསམ་ཡས་པདྨ་འབྱུང་གནས་ལ། །གསོལ་བ་འདེབས་སོ་ནད་གདོན་འཇིགས་བརྒྱད་ཞི། །ཚེ་བསོད་དཔལ་འབྱོར་གོང་འཕེལ་འབྲེལ་ཚད་འགྲོ། །བདེ་ཆེན་ཞིང་དུ་དྲོངས་ཤིག་ཐུགས་རྗེ་ཅན།། ཅེས་པའང་འདུ་ཤེས་གསུམ་པ་རྒྱ་སྤྲུལ་པས་སྨྲས་པ་དགེའོ།།

གུ་རུའི་གསོལ་འདེབས་ཚིག་གཅིག་མ།

༄༅། གུ་རུའི་གསོལ་འདེབས་ཚིག་གཅིག་མ་བཞུགས། ཨེ་མ་ཧོ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྗེའི་མངའ་བདག་རིན་པོ་ཆེ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་གུ་རུ་པདྨ་འབྱུང་གནས་ལ་བདག་གི་ལུས་ལོངས་སྤྱོད་དང་བཅས་པ་འབུལ་ལོ། །ཐུགས་བརྩེ་བ་ཆེན་པོས་བཞེས་སུ་གསོལ། བཞེས་ནས་ཀྱང་བདག་ལ་ཚེ་འདིའི་བདེ་སྐྱིད། བར་དོའི་ལམ་སྟོན། ཕྱི་མའི་ལམ་སྣ་དྲང་དུ་གསོལ། ཨོ་རྒྱན་པདྨ་རྒྱལ་པོ་ཁྱེད་ལ་རེ་ས་སྐྱབས་གནས་དཔུང་གཉེན་དུ་གསོལ་བ་འདེབས་སོ། །བྱིན་གྱིས་བརླབས་དུ་གསོལ། ལུང་རིག་གླིང་བས་སྨྲས་པའོ།།

མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་དྲན་པས་གདུང་སེལ།

༄༅། མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་དྲན་པས་གདུང་སེལ་བཞུགས་སོ།། ཨེ་མ་ཧོ། རབ་འབྱམས་ཞིང་གི་རྒྱལ་བ་རྒྱ་མཚོ་ཡི། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་འདུས་པའི་དཔལ། །མཚོ་དབུས་པད་སྡོང་ལས་འཁྲུངས་སྤྲུལ་པའི་སྐུ། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྙིགས་མ་རྩོད་ལྡན་དུས་སུ་ཤཀ་ཐུབ་བསྟན། །སྣ་ཚོགས་ཐབས་ཀྱིས་སྤེལ་མཛད་འདུལ་འཛིན་མཆོག །གངས་ཅན་བསྟན་པའི་སྒྲོན་མེ་འགྲོ་བའི་མགོན། །མཁན་ཆེན་བྱང་ཆུབ་སེམས་དཔར་གསོལ་བ་འདེབས། །བོད་ཡུལ་མུན་གླིང་སྡིག་སྤྱོད་འཐིབ་པའི་མཁར། །ཐུགས་བསྐྱེད་དམ་བཅའ་བརྟན་པོའི་སྐྱ་རེངས་ཀྱིས། །ཉེར་དྲངས་རྒྱལ་བསྟན་ཉིན་མོར་བྱེད་པའི་ལྷ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་། །ཟ་ཧོར་མཁན་ཆེན་དམ་པ་ཞི་བ་འཚོ། །བོད་ཡུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རྗེ། །རྣམ་གསུམ་དབྱེར་མེད་ཆེན་པོར་གསོལ་བ་འདེབས། །ཞིང་ལ་ལོ་ལེགས་ཕྱུགས་ལ་གཡང་འཕེལ་ཞིང་།།ལུས་ལ་ནད་མེད་སེམས་ལ་བདེ་སྐྱིད་ལྡན། །བསྟན་ལ་གུས་ལྡན་འགྲོ་ལ་འདོད་དགུ་སྨིན། །འདི་ཕྱི་ཀུན་ཏུ་སྡུག་བསྔལ་མིང་མེད་ཅིང་། །མཐར་ཐུག་པདྨ་འོད་དུ་འཚང་རྒྱ་ཤོག། པདྨ་ཚེ་དབང་གིས་བསྐུལ་ངོར་དཀོར་རྒན་སྤྲུལ་མིང་པ་ལུང་རྟོགས་ཀྱིས་སྨྲས་པ་དགེ་ལེགས་འཕེལ། དགེའོ།།

མཁན་སློབ་ཆོས་གསུམ་དང་ལུང་རིག་གླིང་བའི་གསོལ་འདེབས།

༄༅། མཁན་སློབ་ཆོས་གསུམ་དང་ལུང་རིག་གླིང་བའི་གསོལ་འདེབས་བཞུགས། གངས་ཅན་ཐུབ་བསྟན་སྲོལ་འབྱེད་ཞི་བ་འཚོ། །ལོག་རྟོག་རྒོལ་ངན་དཔུང་འཇོམས་པདྨ་འབྱུང་། །མཁས་གྲུབ་ངང་པའི་པད་མཚོ་ཁྲི་སྲོང་རྗེ། །བཀའ་དྲིན་མཚུངས་མེད་གསུམ་ལ་གསོལ་བ་འདེབས། །ཚེ་རབས་ཀུན་ཏུ་མཁན་སློབ་ཆོས་གསུམ་གྱིས། །ལུང༵་རིག༵་ཆོས་ཀྱི་སྣང་བའི་སྒོ་ཕྱེ་ནས། །ཡང་དག་ཐར་པའི་གླིང༵་དུ་དབུགས་དབྱུང་བ༵། །རྣམ་འདྲེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །རང་དོན་ས་ལམ་ཡོན་ཏན་མཐར་ཕྱིན་ནས། །གཞན་དོན་ངོ་མཚར་མཛད་པ་རྨད་བྱུང་བས། །བསྟན་དང་འགྲོ་བའི་དཔལ་དུ་འགྱུར་བར་ཤོག། ཅེས་པའང་ཤེས་བྱའི་གནས་ལ་བློ་གྲོས་ཀྱི་སྤྱན་ཡངས་པ་དམ་པའི་སྐྱེ་སྲིད་རིན་པོ་ཆེའི་དགོངས་བཞེད་ལྟར་བན་རྒན་བླུན་པོ་རྒྱ་སྤྲུལ་མིང་པས་སྨྲས་པ་དགེའོ།།

མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས།

༄༅། མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་བཞུགས། ཨོཾ་སྭ་སྟི། ཁམས་གསུམ་སྐྱེ་རྒུའི་སྐྱབས་གཅིག་པདྨ་འབྱུང་། །ཐུབ་བསྟན་སྲོག་ཤིང་མཁན་ཆེན་ཞི་བ་འཚོ། །གངས་ཅན་མུན་སེལ་ཆོས་རྒྱལ་ཁྲི་སྲོང་རྗེ། །ཕན་བདེའི་འབྱུང་གནས་རྣམ་གསུམ་ལ་ཕྱག་འཚལ།། ཅེས་པའང་སློབ་བུ་ས་ར་ཧི་ཏས་བསྐུལ་ངོར། ལུང་རིག་གླིང་བས་གསུངས་པ་དགེ་ལེགས་འཕེལ།

རྩ་གསུམ་སྲུང་མའི་གསོལ་འདེབས།

༄༅། རྩ་གསུམ་སྲུང་མའི་གསོལ་འདེབས་བཞུགས། བྱིན་རླབས་ཆར་ལྟར་འབེབས་པའི་བླ་མ་རྗེ། །དངོས་གྲུབ་སྤྲིན་ལྟར་འཁྲིགས་པའི་ཡི་དམ་ལྷ། །ཕྲིན་ལས་གློག་ལྟར་མྱུར་བའི་མཁའ་འགྲོ་མ། །རྩ་གསུམ་བསྲུང་མར་བཅས་ལ་གསོལ་བ་འདེབས།། སྤྲུལ་སྐུ་ལུང་རིག་གླིང་བས་སོ།།

འཕགས་བོད་ཀྱི་པཎ་གྲུབ་སྤྱི་དང་རྗེ་འབངས་ཉེར་ལྔའི་གསོལ་འདེབས།

༄༅། འཕགས་བོད་ཀྱི་པཎ་གྲུབ་སྤྱི་དང་རྗེ་འབངས་ཉེར་ལྔའི་གསོལ་འདེབས་བཞུགས། ཨེ་མ་ཧོ། དཀོན་མཆོག་རྩ་གསུམ་འདུས་པའི་བདག་ཉིད་རྗེ། །སྲིད་གསུམ་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །བཀའ་དྲིན་མཚུངས་མེད་ཨོ་རྒྱན་པདྨ་འབྱུང་། །གསོལ་བ་འདེབས་སོ་འདི་ཕྱིའི་རྐྱེན་ངན་སོལ། །འཆི་མེད་རིག་འཛིན་མཆོག་ཐུན་དངོས་གྲུབ་སྩོལ། །ཐུབ་བསྟན་སྲོག་འཛིན་མཁན་ཆེན་ཞི་བ་འཚོ། །སྙིང་ཐིག་བོད་འདིར་གསལ་མཛད་བཱི་མ་ལ། །སངས་རྒྱས་གསང་བ་ལ་སོགས་འཕགས་ཡུལ་གྱི། །པཎ་གྲུབ་བསྟན་པའི་མངའ་བདག་ཐམས་ཅད་ལ། །གསོལ་བ་འདེབས་སོ་འདི་ཕྱིའི་རྐྱེན་ངན་སོལ། །འཆི་མེད་རིག་འཛིན་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡིས། །སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ། །སྨིན་གྲོལ་གདམས་པས་རྗེས་བཟུང་མངའ་བདག་རྗེ། །ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །ཡང་དག་བཀའ་བབ་ཉི་མའི་ཟེར་ལ་ཆིབས། །གནུབ་ཀྱི་དགེ་སློང་ནམ་མཁའི་སྙིང་པོ་དང་། །གཤིན་རྗེའི་བཀའ་བབ་ལྕགས་ཕུར་བྲག་ལ་ཐེབས། །བུདྡྷ་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །རྟ་མགྲིན་བཀའ་བབ་གཙུག་ནས་རྟ་སྐད་འཚེར། །དབང་ཆེན་རྒྱལ་བ་མཆོག་དབྱངས་གྲུབ་པའི་རྗེ། །ཕུར་བའི་བཀའ་བབ་བསད་པའི་མི་རོ་སློང་། །ཇོ་མོ་མཁར་ཆེན་བཟའ་ལ་གསོལ་བ་འདེབས། །ཡོན་ཏན་བཀའ་བབ་བྲག་ལས་བདུད་རྩི་འཁྱིལ། །གཉགས་ཀྱི་ལོ་ཙ་ཛྙ་ན་ཀུ་མ་ར། །མ་མོའི་བཀའ་བབ་མཁའ་འགྲོ་ལས་ལ་བཀོལ། །འབྲོག་མི་དཔལ་གྱི་ཡེ་ཤེས་གསོལ་བ་འདེབས། །མཆོད་བསྟོད་བཀའ་བབ་ལྷ་སྲིན་གཡོག་ཏུ་བཅོལ། །རླངས་རིགས་གྲུབ་ཆེན་དཔལ་གྱི་སེང་གེར་གྲགས། །དྲགས་སྔགས་བཀའ་བབ་དམོད་པས་ལོག་འདྲེན་སྒྲོལ། །ལོ་ཆེན་བཻ་རོ་ཙ་ནར་གསོལ་བ་འདེབས། །གཡུ་སྒྲ་སྙིང་པོ་གསེར་གྱི་རྡོ་རྗེར་སྤྲུལ། །ཡེ་ཤེས་དབྱིངས་ཀྱིས་མཁའ་འགྲོའི་གནས་ཀུན་ཉུལ། །སོག་པོ་ལྷ་དཔལ་འཇིགས་རུང་སྟག་ལ་ཞོན། །སྣ་ནམ་ཡེ་ཤེས་བྱ་ལྟར་ལྡིང་ལ་འདུད། །ཕུར་པ་གདེངས་བས་སྒྲོལ་ནུས་དཔལ་དབང་ཕྱུག །མི་བརྗེད་གཟུངས་ཐོབ་ལྡན་མ་རྩེ་མང་ཞབས། །གཞན་རྒྱུད་ཀུན་མཁྱེན་སྐ་བ་དཔལ་བརྩེགས་དང་། །རླུང་ལྟར་ཐོགས་མེད་བདུད་འཇོམས་རྩལ་ལ་བསྟོད། །ཆུ་བོ་གྱེན་དུ་བཟློག་ནུས་ཤུད་བུ་དཔལ། །བམ་རོ་གསེར་དུ་བསྒྱུར་ནུས་རྒྱལ་བློ་གྲོས། །ཁྱེའུ་ཆུང་ལོ་ཙས་མཁའ་ལྡིང་མཛུབ་རྩེས་འཛིན། །འབྲོང་གཡག་བསྒྱེལ་ནུས་སྨྲྀ་ཏི་ག་གར་འདུད། །ཆུ་བོར་ཉ་སྲམ་ལྟར་འཛུལ་དབང་ཕྱུག་མཚན། །རྨ་ལོ་རཏྣས་བྲག་ཀྱང་ཟན་བཞིན་གསོལ། །མཁའ་ལ་སྤྱོད་ལམ་བཞི་མཛད་རྒྱལ་བྱང་ཆུབ། །བྲག་རིར་ཟང་ཐལ་ལྷ་ལུང་དཔལ་རྡོ་རྗེ། །ཐོག་མདའ་འཕེན་ནུས་དཀོན་མཆོག་འབྱུང་གནས་ཞེས། །རིག་འཛིན་འབངས་རིགས་ཉི་ཤུ་རྩ་ལྔ་ལ། །གསོལ་བ་འདེབས་སོ་འདི་ཕྱིའི་རྐྱེན་ངན་སོལ། །འཆི་མེད་རིག་འཛིན་མཆོག་ཐུན་དངོས་གྲུབ་རྩོལ།། ཅེས་པའང་རྡོ་རྗེ་འོད་འབར་གྱིས་བསྐུར་ངོར། སྤྲུལ་པའི་སྐུ་མཆོག་རིག་འཛིན་ལུང་རིག་གླིང་པས་མེ་བྱའི་ལོར་བྲིས་པའོ།།

གསོལ་འདེབས་བྱིན་རླབས་མྱུར་འཇུག

༄༅། གསོལ་འདེབས་བྱིན་རླབས་མྱུར་འཇུག་བཞུགས། མཐའ་ཡས་རྒྱལ་བའི་སྤྱི་གཟུགས་འོད་དཔག་མེད། །གངས་ཅན་སྐྱབས་གཅིག་འཕགས་མཆོག་སྤྱན་རས་གཟིགས། །འགྲོ་དྲུག་མུན་སེལ་བླ་མ་པདྨ་འབྱུང་། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཤེས་རབ་དབྱིངས་ཡུམ་ལྷ་ལྕམ་མནྡ་ར།།བོད་ཡུལ་གཏེར་གྱི་གཉེར་འཛིན་མཚོ་རྒྱལ་མ། །བསྟན་པའི་སྒྲོན་མེ་ཚངས་པའི་མེ་ཏོག་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དགོངས་ཀློང་ཆོས་མཛོད་རྡོལ་བའི་ལུང་རིག་གླིང་། །ཟབ་རྒྱ་འགྲོལ་ལ་ལུང་བསྟན་ནིརྨ་ཀཿ སྒྲུབ་སྡེ་བརྒྱད་ལ་མངའ་བརྙེས་ཡི་དམ་ལྷ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བར་ཆད་ཀུན་སེལ་དཔའ་བོ་མཁའ་འགྲོ་དང་། །རྒྱུད་གསུམ་དྲེགས་པ་དམ་ཅན་གཏེར་བདག་སོགས། །པདྨའི་རྣམ་འཕྲུལ་རྩ་གསུམ་བསྲུང་མ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དེ་ལྟར་རྩེ་གཅིག་གུས་པས་གསོལ་བཏབ་མཐུས། །མ་དག་སྣང་ཞེན་ལྷ་སྔགས་ཏིང་འཛིན་གྱིས། །ལྕགས་ཁམས་གསེར་འགྱུར་རྩི་ཡིས་ཐེབས་བཞིན་དུ། །གདོད་མའི་གྲོལ་གཞི་མངོན་དུ་འགྱུར་བར་ཤོག། ཅེས་པའི་གསོལ་འདེབས་འདི་ཡང་རིག་འཛིན་ལུང་རིག་གླིང་བས་དག་སྣང་མཁའ་འགྲོའི་བརྡ་ལས་བྱུང་བཞིན་ལེགས་པར་ཕབས་པ་སརྦ་ཛ་ག་ཏཾ།།

བླ་མ་དམ་པ་རྣམས་དང་རྡོ་རྗེའི་སྤུན་གྲོགས་ཡང་དག་པ་རྣམས་ལ་གསོལ་འདེབས་སྨོན་ཚིག

༄༅། བླ་མ་དམ་པ་རྣམས་དང་རྡོ་རྗེའི་སྤུན་གྲོགས་ཡང་དག་པ་རྣམས་ལ་གསོལ་འདེབས་སྨོན་ཚིག་བཞུགས། ཨེ་མ་ཧོ། སྲིད་པར་འཁྱམས་པའི་ཚེ་རབས་དུ་མ་རུ། །གང་འདུལ་ཐུགས་རྗེ་ཆེན་པོས་རྗེས་བཟུང་ཞིང་། །བྱང་ཆུབ་བར་དུ་འབྲལ་མེད་རིགས་ཀྱི་བདག །པདྨ་ཐོད་ཕྲེང་རྩལ་ལ་གསོལ་བ་འདེབས། །རྔ་ཡབ་གླིང་ནས་ཐུགས་རྗེའི་སྤྱན་རས་ཀྱིས། །རྟག་ཏུ་གཟིགས་པ་འདོར་མེད་ལྷུར་མཛད་དེ། །ཟབ་གཏེར་དགོངས་པའི་བརྡ་འགྲོལ་མཁའ་འགྲོའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །སྔོན་དུས་སྨོན་ལམ་དག་པའི་གསེར་སྐུད་ཀྱིས། །རིམ་བྱོན་སྐྱེས་རབས་ནོར་བུའི་ཕྲེང་བ་རུ། །རྗེས་བཟུང་ཉེ་བར་འབྲེལ་བ་དགེ་བའི་བཤེས། །གྲུབ་དབང་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །མཐའ་མེད་གཏིང་ཟབ་འཁོར་བའི་རྒྱ་མཚོ་ནས། །ཐུབ་བསྟན་རིན་ཆེན་གླིང་དུ་འདོང་བ་ལ། །སྐྱབས་གསུམ་གྲུ་བོས་ཉེར་ཁྲིད་དེད་དཔོན་མཆོག །རྒྱལ་དབང་ཀརྨ་པ་ལ་གསོལ་བ་འདེབས། །རིང་ནས་བག་ཆགས་གོམས་པ་གྱོང་པོའི་གཞི། །ཚད་མེད་ཐུགས་རྗེའི་འཕྲུལ་གྱིས་ལེགས་བཏུལ་ནས། །སྨིན་གྲོལ་ཐར་བའི་འབྲས་བཟང་སྨིན་མཛད་པ། །ཡོངས་འཛིན་བྷུདྡྷ་བྷ་ཏྲར་གསོལ་བ་འདེབས། །འཆི་མེད་རྡོ་རྗེའི་སྐུ་བརྙེས་བཱི་མ་ལ། །སྙིགས་དུས་བསྟན་འགྲོའི་རྒུད་མུན་སེལ་བའི་ཕྱིར། །གཟུགས་སྐུའི་ཉི་མ་སྐྱེ་རྒུའི་མིག་གཅིག་པུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །གྲུབ་དབང་བླ་མའི་སློབ་ཚོགས་རྒྱུ་སྐར་དབུས། །རྒྱལ་སྲས་སྤྱོད་པ་རྨད་བྱུང་འོད་དཀར་གྱིས། །གཞ༵ན་ཕ༵ན་ཀུན་དཱའི་དགའ་ཚལ་བཞད་མཛད་པ།།མཐ༵འ་ཡ༵ས་འགྲོ་བའི་མགོན་དེར་གསོལ་བ་འདེབས། །ཐུབ་བསྟན་ལུང་དང་རྟོགས་པའི་ནོར་བུའི་ཏོག །བཤད་དང་སྒྲུབ་པའི་རྒྱལ་མཚན་རྩེར་བཀོད་ནས། །ཕན་བདེའི་དཔལ་གྱིས་འགྲོ་རྣམས་སྐལ་བཟང་པོར། །བགྱིད་མཛད་མཆོག་གི་སྤྲུལ་སྐུར་གསོལ་བ་འདེབས། །ཆུང་ནས་ངེས་འབྱུང་དྲག་པོས་ཐུགས་རྒྱུད་བསྐུལ། །འདིར་སྣང་བྱ་བ་རྨི་ལམ་སྒྱུ་མར་གཟིགས། །ཚེ་གཅིག་སྒྲུབ་ལ་གཞོལ་བའི་རྣལ་འབྱོར་མཆོག །སྨར་ཁམས་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །མཚོ་བྱུང་ལྷ་མོས་མགྲིན་པ་གཟེངས་བསྟོད་ནས། །འཆད་རྩོད་རྩོམ་ལ་ཐོགས་མེད་མཁས་པའི་ཕུལ། །གསང་སྔགས་རིམ་གཉིས་མཐར་ཕྱིན་གྲུབ་བརྒྱའི་གཙོ། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །ཤེས་བྱའི་ཆོས་ཀྱི་གཟུགས་བརྙན་ཇི་སྙེད་པ། །མཁྱེན་རབ་མེ་ལོང་གཙང་མར་ལེགས་འཕོས་ཀྱང་། །ཚངས་སྤྱོད་བཟང་པོའི་བརྟུལ་ཞུགས་ལྷུར་བཞེས་པའི། །མཁན་ཆེན་དགེ་བའི་བཤེས་ལ་གསོལ་བ་འདེབས། །རང་རིག་གཟུང་འཛིན་སྦུབ་རྒྱ་ལས་གྲོལ་ནས། །མཁས་དང་གྲུབ་པ་རྒྱ་མཚོའི་གཙུག་རྒྱན་དུ། །གསུམ་ལྡན་བཤེས་གཉེན་གཟུགས་སྐུའི་སྒྱུ་འཕྲུལ་གར། །སྟོན་མཛད་དཔལ་ལྡན་བླ་མར་གསོལ་བ་འདེབས། །གསང་ཆེན་བསྟན་པའི་སྲོག་མཐུད་གཏེར་བདག་གླིང་། །མདོ་སྨད་གྲུབ་དབང་གནམ་མཚོའི་གདན་ས་རུ། །རྣམ་དག་མཚན་ལྡན་སྤྲུལ་བའི་སྐུར་བཞེངས་པ། །འགྱུར་མེད་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །ཕྲིན་ལས་བཀའ་བབས་མཁར་ཆེན་ལྕམ་དྲལ་གྱི། །རྣམ་འཕྲུལ་ཟབ་མོའི་གཏེར་ལ་དབང་བསྒྱུར་ནས། །མ་ངེས་སྤྱོད་པས་བསྟན་འགྲོའི་རྒུད་པ་སེལ། །རིག་འཛིན་གསང་སྔགས་གླིང་བར་གསོལ་བ་འདེབས། །གསང་སྔགས་རིག་སྔགས་གཟུངས་སྔགས་ལྷ་རྣམས་ཀྱི། །བསྙེན་སྒྲུབ་མཐར་ཕྱིན་སྒྲུབ་རྒྱུད་བསྟན་པ་འཛིན། །མཐོང་ཐོས་དྲན་རེག་ཐར་བའི་ལམ་ལ་འགོད། །སྐྱབས་མཆོག་རིག་འཛིན་བཟང་པོར་གསོལ་བ་འདེབས། །ཐར་ལམ་རྩ་བ་རྣམ་དག་ཁྲིམས་དང་ལྡན། །བྱིན་རླབས་རྩ་བ་བླ་མར་མོས་གུས་འབྱོངས། །དམ་ཚིག་རྩ་བ་རང་སེམས་དཔང་པོར་འཛུག །ཤཱཀྱ་ཆོས་འཕེལ་ཞབས་ལ་གསོལ་བ་འདེབས། །འགྲོ་རྣམས་འཇིགས་ཚོགས་ལས་གྲོལ་ཏཱ་རེ་ཡུམ། །འཁོན་ཆེན་ས་སྐྱའི་རྒྱུད་དུ་ལེགས་བལྟམས་ནས། །མི་མོའི་གཟུགས་ཀྱིས་འབྲེལ་ཚད་ཕན་བདེར་སྦྱོར། །སྐལ་བཟང་བསྟན་པའི་སྒྲོན་མར་གསོལ་བ་འདེབས། །པད་འབྱུང་རིང་ལུགས་འགྱུར་མེད་རྫོགས་པ་ཆེའི། །སྨིན་གྲོལ་དྲོད་ཐོབ་མཆོག་གི་སྐལ་བཟང་ལྡན། །ཐོས་བསམ་རྒྱ་མཚོའི་མཐར་སོན་མཁས་གྲུབ་རྗེ། །མཁན་ཆེན་དམ་པའི་ཞབས་ལ་གསོལ་བ་འདེབས། །སྐལ་བཟང་སྒྲོན་མེ་བཞི་པའི་བསྟན་པའི་སྲོག །བསླབ་པ་གསུམ་ལྡན་ཐོས་པ་རྒྱ་མཚོ་ལྟར། །གཞལ་དཀའི་སྤོབས་པ་མཐར་སོན་མཁན་ཆེན་རྗེ། །ཚད་མེད་འགྲོ་བའི་མགོན་དེར་གསོལ་བ་འདེབས། །ཐུབ་བསྟན་སྲོག་འཛིན་མཁན་ཆེན་བྱང་ཆུབ་སེམས། །རྒྱལ་སྲས་གཞོན་ནུའི་བརྟུལ་ཞུགས་ལ་བརྟེན་ནས། །ཁམས་བོད་སྐྱེ་འགྲོའི་བདེ་སྐྱིད་སྤེལ་བའི་མགོན། །ཐུབ་དབང་བསྟན་པའི་ཉི་མར་གསོལ་བ་འདེབས། །དྲི༵་མེ༵ད་མཁྱེན་པ་ཀུན་གསལ་ལམ་ཡངས་པོར། །བྱང་ཆུབ་སེམས་ཀྱི་གྲ༵གས་པ༵་དཀར་པོ་འོད། །རྨད་བྱུང་མཛད་པའི་ཟེར་ཕྲེང་འབུམ་ཕྲག་ཏུ། །སྤྲོ་མཁས་མཆོག་གི་སྤྲུལ་སྐུར་གསོལ་བ་འདེབས། །ཐོག་མའི་དུས་སུ་རང་བཞིན་གནས་རིགས་ཀྱི། །ས་བོན་དྲུག་པོ་སྐུ་བཞིའི་འབྲས་བུ་རུ། །སྨིན་བྱེད་སྨོན་ལམ་དག་པས་ཉེར་འབྲེལ་བའི། །རྒྱལ་ཡུམ་འཕགས་མ་སྒྲོལ་མར་གསོལ་བ་འདེབས། །གྲུབ་དབང་རྫོགས་ཆེན་ཆོས་གྲྭའི་སྐྱེད་ཚལ་དུ། །མདོ་རྒྱུད་གདམས་པའི་སྦྲང་རྩིའི་བཅུད་མྱོང་ནས། །ལེགས་བཤད་ཆོས་ཀྱི་བགྲོ་གླེང་དར་དིར་དུ། །སྒྲོག་མཛད་ལྷན་ཅིག་འདུས་པའི་རྡོ་རྗེའི་སྤུན། །སྐལ་བཟང་ར་ཡིག་གཉིས་པའི་ཚོགས་རྣམས་དང་། །ཉམས་ཆགས་ཉེས་ལྟུང་མིང་ཡང་མི་གྲགས་པར། །བསླབ་གསུམ་བྱང་ཆུབ་སེམས་ཀྱི་རྒྱུད་འབྲེལ་ནས། །བྱང་ཆུབ་སྙིང་པོའི་བར་དུ་འབྲལ་མེད་ཤོག། ཅེས་སྙིང་ནས་གསོལ་བ་འདེབས་པའི་ཡུལ་དུ་གྱུར་པའི་བླ་མ་དམ་པ་རྣམས་དང་རྡོ་རྗེའི་སྤུན་གྲོགས་ཡང་དག་པ་རྣམས་ལ་གུས་པས་གསོལ་འདེབས་སྨོན་ཚིག་དང་བཅས་དེ་ཤློ་ཀ་ཉེར་གསུམ་བསྒྲིགས་པ་འདི་ནི་དགེ་སྦྱོང་གི་རྟགས་འཛིན་པ་རྒྱ་སྤྲུལ་མིང་རྒན་པོས་སྨྲས་པ་བཞིན་དགེ་ཚུལ་གཞོན་ནུ་འགྱུར་མེད་བློ་གྲོས་མཐའ་ཡས་ཀྱིས་བྲིས་པའི་དགེ་བས་ཉེས་ཚོགས་དབྱིངས་སུ་སངས་ཤིང་ལེགས་ཚོགས་ཡར་ངོའི་ཟླ་གཞོན་ལྟར་རྒྱས་པའི་རྒྱུར་གྱུར་ཅིག། དགེའོ།། དགེའོ།། དགེའོ།། མངྒ་ལཾ།

བླ་མ་རྒྱང་འབོད་དང་འབྲེལ་བའི་སྤྲུལ་སྐུ་མྱུར་འབྱོན་བུ་གཅིག་མ་ཡི་གདུང་དབྱངས།

༄༅། བླ་མ་རྒྱང་འབོད་དང་འབྲེལ་བའི་སྤྲུལ་སྐུ་མྱུར་འབྱོན་བུ་གཅིག་མ་ཡི་གདུང་དབྱངས་ཞེས་བྱ་བ་བཞུགས། ཀ་དག་གཉུག་མ་འོད་གསལ་སྤྲོས་བྲལ་གྱི་ཀློང་ནས། །རང་ཤེས་རིག་པ་ཀུན་བཟང་ཆོས་སྐུ་ཡི་བླ་མ། །གདུལ་བྱའི་ཡུལ་དུ་ཤར་བ་མི་གཟུགས་ཀྱི་རྣམ་རོལ། །རྒྱལ་སྲས་དྲི་མེད་གྲགས་པའི་འོད་ཟེར་དེ་མཁྱེན་ནོ། །མགོན་ཁྱོད་ཞི་བ་མྱང་འདས་ཆོས་དབྱིངས་ཀྱི་མཁའ་ལས། །ངོ་མཚར་མཆོག་གི་སྤྲུལ་སྐུ་ཟླ་གཞོན་གྱི་འཛུམ་དཀར། །རིང་མིན་ལྟོས་བཅས་བློ་ཡི་སྐྱེད་ཚལ་དུ་ཤར་ནས། །བྱིན་རླབས་སྣང་བའི་དགའ་སྟོན་འབད་མེད་དུ་སྩོལ་ཅིག །རང་སྣང་ངེས་པ་ལྔ་ལྡན་ལྷུན་གྲུབ་ཀྱི་རྩལ་སྣང་། །མཚན་དཔེའི་ཉིན་བྱེད་སྟོང་འབར་ལོངས་སྐུ་ཡི་བླ་མ། །ཐེག་གསུམ་ཆོས་ཀྱི་བདུད་རྩི་སྐལ་བཟང་ལ་སྟོན་ཕྱིར། །མཚུངས་མེད་མཁས་གྲུབ་རྒྱལ་བའི་སྲས་པོ་དེ་མཁྱེན་ནོ། །གཟུགས་སྐུའི་ཟླ་བ་སྤྲོས་བྲལ་སྟོང་དབྱིངས་སུ་བསྡུས་ཀྱང་། །བརྩེ་ཆེན་ཐུགས་རྗེའི་དམ་བཅའ་གདུང་དབྱངས་ཀྱིས་བསྐུལ་ན། །དྲི་མེད་བསླབ་གསུམ་ནོར་བུ་ཡང་སྲིད་ཀྱི་རྣམ་རོལ། །རིང་མིན་བདག་སོགས་འགྲོ་བའི་དབུལ་སེལ་དུ་འབྱོན་མཛོད། །རྩལ་སྣང་འགགས་མེད་སྣ་ཚོགས་གདུལ་བྱ་ཡི་ཞིང་དུ། །རྨད་བྱུང་མདོ་སྔགས་སྟོན་པ་སྤྲུལ་སྐུ་ཡི་བླ་མ། །མཚུངས་མེད་སྐྱབས་ཀྱི་དམ་པ་བཀའ་དྲིན་དེ་གསུམ་ལྡན། །ཡོངས་འཛིན་དྲི་མེད་གྲགས་པའི་མཚན་ཅན་དེ་མཁྱེན་ནོ། །གྲུབ་པའི་ས་མཐོར་གཤེགས་པའི་རིག་འཛིན་གྱི་གཙོ་བོ། །འགྲོ་མགོན་ཡེ་ཤེས་རྡོ་རྗེའི་རྒྱལ་ཚབ་ཏུ་བསྔགས་པའི། །སྐྱེས་མཆོག་མི་ཡི་སེང་གེ་ཞིང་གཞན་དུ་གར་གཤེགས། །དམ་པའི་ཚུལ་དགུས་མཛེས་པའི་ཡང་སྲིད་ཞིག་འབྱོན་མཛོད། །རིས་མེད་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ནས། །ཐེག་མཆོག་རྡོ་རྗེ་སྙིང་པོའི་གངས་རི་ལ་འགྱིང་ཞིང་། །སྡེ་གསུམ་ཀློང་དགུའི་བདག་མེད་ཆོས་སྒྲ་ཡི་ང་རོས། །ལོག་རྟོག་ཝ་སྐྱེས་ཀླད་འགེམ་གྲུབ་དབང་དེ་མཁྱེན་ནོ། །ལུང་དང་རྟོགས་པའི་སྤྲིན་ཕུང་མཁའ་ཁྱབ་ཏུ་འཁྲིགས་ཤིང་། །སྨིན་གྲོལ་ཆོས་ཀྱི་ཆར་ཆེན་གདུལ་བྱ་ཡི་འཛིན་མར། །ཀུན་ཏུ་འབེབས་པར་མཛད་པའི་ཡང་སྲིད་ཀྱི་གསེར་ཞལ། །བདག་སོགས་གདུལ་བྱའི་དཔལ་དུ་མྱུར་བ་རུ་འབྱོན་མཛོད།། ཅེས་བླ་མ་རྒྱང་འབོད་དང་འབྲེལ་བའི་སྤྲུལ་སྐུ་མྱུར་འབྱོན་བུ་གཅིག་མ་ཡི་གདུང་དབྱངས་ཞེས་བྱ་བ་འདི་ཐོས་བསམ་སྒོམ་པའི་ལང་ཚོ་རྣམ་པར་བཀྲ་བའི་དགེ་སྦྱོང་དམ་པ་འཇིགས་མེད་ཐབས་མཁས་ནས་བསྐུལ་མ་གནང་ངོར། བཙུན་གཟུགས་རྒྱ་སྤྲུལ་མིང་གིས་གསོལ་བ་བཏབ་པ་དགེའོ།།དགེའོ།།དགེའོ།།

ཡུལ་དམ་པ་རྣམས་ལ་གསོལ་འདེབས་བྱིན་རླབས་སྒྲ་དབྱངས།

༄༅། ཡུལ་དམ་པ་རྣམས་ལ་གསོལ་འདེབས་བྱིན་རླབས་སྒྲ་དབྱངས་བཞུགས། ཨེ་མ་ཧོ། བྱིན་རླབས་གཏེར་མཛོད་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་འདོད་སྟེར་ཡི་དམ་ཞི་དང་ཁྲོ། །ཕྲིན་ལས་ཀུན་སྒྲུབ་མཁའ་འགྲོ་བསྲུང་མར་བཅས། །ཀུན་འདུས་ཨོ་རྒྱན་ཆེན་པོར་གསོལ་བ་འདེབས། །གང་དེའི་ཞལ་སློབ་རྣམ་སྣང་ལོ་ཙཱ་བའི། །ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་གྱིས། །གང་འདུལ་སྤྲུལ་བའི་སྐུར་བསྟན་གྲུབ་པའི་དབང་། །འགྱུར་མེད་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །ཟབ་གསང་བསྟན་པའི་མངའ་བདག་རྡོ་རྗེ་འཆང་། །གྲུབ་བརྒྱའི་གཙུག་རྒྱན་ཁྲག་འཐུང་དཔའ་བོ་ཡིས། །རྨད་བྱུང་སྨིན་གྲོལ་གདམས་པས་རྗེས་བཟུང་བ། །བྷུདྡྷ་ཛྙཱ་ནའི་ཞབས་ལ་གསོལ་བ་འདེབས། །མདོ་སྨད་བསྟན་པའི་མངའ་བདག་རྫོགས་ཆེན་པའི། །སྨིན་གྲོལ་འཆད་རྩོད་རྩོམ་པའི་ཆོས་གྲྭ་ཆེར། །མཁས་བཙུན་བཟང་པོའི་དཔལ་གྱིས་མངོན་མཐོ་བ། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །མཁས་གྲུབ་བྱེ་བའི་གཙུག་རྒྱན་ཨོ་རྒྱན་རྗེའི། །ཐུགས་རྗེའི་འོད་ཀྱིས་སྙིང་གི་མུན་བསལ་ནས། །དག་སྣང་ཆོས་ལ་དབང་བསྒྱུར་ནིརྨ་ཀ །ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས། །རྙིང་བསྟན་ཆོས་ཀྱི་རྩ་ལག་འགྲོ་བའི་མགོན། །ཨོ་རྒྱན་བླ་མའི་རྣམ་རོལ་དགེ་བའི་བཤེས། །སྨིན་གྲོལ་གདམས་པའི་ཉི་མ་ཆོས་ཀྱི་རྗེ། །དྲིན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྣམ་དག་ཁྲིམས་ཀྱི་ས་གཞི་གཙང་མ་ལ། །རྣམ་དཀར་བྱང་ཆུབ་སེམས་ཀྱི་འདབ་སྟོང་རྒྱས། །རྣམ་གྲོལ་ཤེས་རབ་དྲི་བཟང་འབྲས་བུ་སྨིན། །པདྨ་བློ་གསལ་ཞབས་ལ་གསོལ་བ་འདེབས། །ཀུན་བཟང་དགོངས་བཅུད་སྙིང་ཐིག་ཟབ་མོའི་ཆོས། །གྲུབ་བརྙེས་མཁས་གྲུབ་རྒྱ་མཚོའི་གདམས་པའི་མཛོད། །ཚུལ་བཞིན་སྒྲུབ་ལ་སྤྲོ་བའི་བརྟུལ་ཞུགས་ཅན། །རྣམ་འདྲེན་རིགས་དབོན་དམ་པར་གསོལ་བ་འདེབས། །གཞན་ཡང་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད། །མདོ་རྒྱུད་ཟབ་མོའི་བཀླགས་ལུང་ལ་སོགས་པ། །དམ་པའི་ཆོས་དང་མཐོང་རེག་གཏམ་ཀྱིས་འབྲེལ། །དགེ་བའི་བཤེས་གཉེན་རྣམས་ལ་གསོལ་བ་འདེབས། །དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག། ཅེས་པའང་གྲུབ་དབང་ལུང་རིག་གླིང་བས་སོ།།

རྩ་བ་གསུམ་གྱི་གསོལ་འདེབས་བྱིན་རླབས་འགུག་པའི་ལྕགས་ཀྱུ།

༄༅། རྩ་བ་གསུམ་གྱི་གསོལ་འདེབས་བྱིན་རླབས་འགུག་པའི་ལྕགས་ཀྱུ་བཞུགས། ཀུན་བཟང་རིགས་ལྔ་རྡོར་སེམས་དགའ་རབ་རྗེ། །བི་མ་པད་འབྱུང་ཆོས་རྒྱལ་རྣམ་སྣང་མཛད། །མཚོ་རྒྱལ་པཎ་གྲུབ་ཁྲག་འཐུང་དཔའ་བོ་སོགས། །བརྒྱུད་གསུམ་བླ་མ་རྣམས་ལ་གསོལ་བ་འདེབས། །འཇམ་དཔལ་སྐུ་དང་རྟ་མཆོག་གསུང་གི་ལྷ། །ཡང་དག་ཐུགས་དང་ཕུར་པ་ཕྲིན་ལས་ཏེ། །སྒྲུབ་སྡེ་བརྒྱད་སོགས་མཆོག་ཐུན་དངོས་གྲུབ་བདག །ཡི་དམ་དཀྱིལ་འཁོར་ལྷ་ལ་གསོལ་བ་འདེབས། །ཡེ་ཤེས་འཇིག་རྟེན་ལེགས་ཉེས་སྟངས་འཛིན་ཅིང་། །དམ་ཚིག་རྗེས་གཅོད་ཕྱི་ནང་བར་ཆད་སེལ། །གནས་ཡུལ་དཔའ་བོ་བརྒྱུད་གསུམ་བཀའ་གཏེར་སྲུང་། །མཁའ་འགྲོ་དམ་ཅན་རྒྱ་མཚོར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །བདག་གི་ཚེ་རབས་འདི་དང་གཞན་དག་ཏུ། །བྱང་ཆུབ་སེམས་གཉིས་སྦྱང་གོམས་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག། ཅེས་པའང་བཙུན་པ་རིག་འཛིན་གྱིས་བསྐུར་ངོར་རྒྱ་སྤྲུལ་མིང་བན་རྒན་གྱིས་སྨྲས་པ་དགེའོ།།

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་རང་མདངས།

༄༅། ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་རང་མདངས་བཞུགས། དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐ་མ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །རྣམ་འདྲེན་ཟས་གཙང་སྲས་ལ་གསོལ་བ་འདེབས། །དུས་གསུམ་རྒྱལ་ཀུན་ཐུགས་རྗེས་ཉེར་བསྐུལ་ནས། །ཚེ་མཐའ་ཡས་པའི་ཐུགས་ཀའི་ས་བོན་ཧྲཱིཿ པདྨའི་སྦུབས་ལས་ཉེར་འཁྲུངས་སྤྲུལ་བའི་སྐུ། །ཨོ་རྒྱན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས། །སྟོང་པ་ཆོས་སྐུའི་མཁའ་ལ་གཟུགས་སྐུའི་སྤྲིན། །འགྲོ་བའི་ཁམས་དང་དབང་པོའི་རྗེས་མཐུན་པར། །སོར་རྟོག་ཡེ་ཤེས་མི་མོའི་ཚུལ་འཛིན་པ། །མཁར་ཆེན་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཆོས་རྒྱལ་ཚངས་པ་ཉང་གི་རིགས་ལས་བལྟམས། །མངའ་བདག་བླ་མའི་སྲས་ཀྱི་ཚུལ་བཟུང་ནས། །མཁའ་མཉམ་འགྲོ་བ་བདེ་ལ་འགོད་མཛད་པའི། །ནམ་མཁའ་དཔལ་བའི་ཞབས་ལ་གསོལ་བ་འདེབས། །མ་ཧཱ་གུ་རུའི་རྒྱལ་ཚབ་འགྲོ་བའི་མགོན། །གསང་བ་ཡོངས་རྫོགས་བདུད་རྩིའི་རྒྱ་མཚོ་ཆེ། །སྐལ་བཟང་འཆི་མེད་ཚོགས་རྣམས་དགའ་སྐྱེད་པའི། །གཏེར་ཆེན་ཆོས་ཀྱི་དབང་པོར་གསོལ་བ་འདེབས། །གདོས་བཅས་ཤ་ཁྲག་ཟག་མེད་འོད་ཀྱི་སྐུར། །མངོན་པར་བྱང་ཆུབ་ཏིང་འཛིན་བཟང་པོ་ཡི། །ཐུགས་རྗེ་འགྲོ་ལ་རྗེས་ཆགས་སྤྲུལ་བའི་སྐུ། །ཨོ་རྒྱན་ལས་རབ་གླིང་བར་གསོལ་བ་འདེབས། །ཟབ་དང་རྒྱ་ཆེ་གཏིང་དཔག་དཀའ་བའི་ཆོས། །རྡོ་རྗེ་སྙིང་པོ་མདོ་སྒྱུ་སེམས་གསུམ་གྱི། །བསྐྱེད་རྫོགས་ལག་ལེན་ཕྱག་བཞེས་འཕྱུག་མེད་གནང་། །ངེས་དོན་བསྟན་འཛིན་བཟང་པོར་གསོལ་བ་འདེབས། །མངའ་བདག་མུ་རུབ་བཙད་པོའི་ཐུགས་རྗེའི་འཕྲུལ། །གངྒཱའི་བྱེ་སྙེད་འགྲོ་བ་འདྲེན་ནོ་ཞེས། །འཁྲུལ་མེད་རྡོ་རྗེའི་ལུང་གིས་རབ་བསྔགས་པའི། །གྲུབ་དབང་བྱང་ཆུབ་གླིང་པར་གསོལ་བ་འདེབས། །རབ་འབྱམས་རྒྱལ་བ་ཀུན་གྱིས་ཐུགས་རྗེའི་སྲས། །བསླབ་གསུམ་དྲི༵་མེ༵ད་ཡིད་བཞིན་དབང་གི་རྒྱལ། །གྲ༵གས་པ༵་མཐའ་ཡས་ཁམས་གསུམ་འགྲོ་བའི་མགོན། །མཁྱེན་བརྩེའི་འོད་ཟེར་འབར་ལ་གསོལ་བ་འདེབས། །གདོད་ནས་འགྱུར༵་བ་མེ༵ད་པའི་ཆོས་ཉིད་དོན། །མངོན་པར་བྱང༵་ཆུབ༵་ལོ་ཆེན་བཻ་རོ་ཡི། །གསང་གསུམ་རྡོ༵་རྗེ༵འི་སྒྱུ་འཕྲུལ་ལས་བྱུང་བ། །འགྲོ་འདྲེན་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། །འགྲོ་མགོན་པདྨའི་ཐུགས་རྗེའི་འོད་ཟེར་ལས། །ལུ༵ང་དང་རི༵ག་པའི་རྩལ་ཆེན་རབ་རྫོགས་ནས། །རྣམ་གྲོལ་རིན་ཆེན་གླིང༵་དུ་འགྲོ་བ༵་ཀུན། །སྒྲོལ་བའི་དེད་དཔོན་མཆོག་ལ་གསོལ་བ་འདེབས། །རིག༵་འཛིན༵་གྲུབ་བརྒྱའི་གཙོ་བོ་པད་འབྱུང་གིས། །གས༵ང་སྔ༵གས་བསྟན་པའི་བདག་པོར་མངའ་གསོལ་ནས། །འཛམ་གླི༵ང་མཁས་པ༵་ཡོངས་ཀྱིས་བསྔགས་པའི་གནས། །གཏེར་ཆེན་འགྲོ་བའི་མགོན་ལ་གསོལ་བ་འདེབས། །བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཐུབ་དབང་གིས། །ལུང་རྟོགས་ཆོས་ཀྱིས་སྒྲོན་མེ་རབ་སྦྱར་ནས། །མཁས་བཙུན་བཟང་པོའི་མཛད་པ་ལྷུར་ལེན་པའི། །མཁན་ཆེན་བླ་མའི་ཞབས་ལ་གསོལ་བ་འདེབས། །འདིས་མཚོན་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །བཤེས་གཉེན་མཆོག་བསྟེན་བསླབ་གསུམ་རྣམ་པར་དག །ཐོས་བསམ་སྒོམ་པའི་བྱ་བ་མཐར་སོན་ནས། །བྱང་ཆུབ་སྙིང་པོར་གཏན་སྲིད་ཟིན་པར་ཤོག། ཞེས་པའི་གསོལ་འདེབས་རགས་རིམ་འདི། །བློ་གསལ་གཞན་ཕན་བྷྲ་མ་རའི། །བསྐུལ་ཚིག་གླུ་དབྱངས་ཐོས་པ་ལས། །བློ་གྲོས་པདྨའི་སྐྱེད་ཚལ་ནས། །ལེགས་བཤད་སྦྲང་རྩིའི་སྐྱེས་འདི་ཕུལ།། སརྦ་མངྒ་ལཾ།

ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་མཆོད་སྤྲིན།

༄༅། ཡུལ་དམ་པ་རྣམས་ལ་གསོལ་བ་འདེབས་པ་དད་པའི་མཆོད་སྤྲིན་བཞུགས། ཨེ་མ་ཧོ། སེམས་ཉིད་འོ༵ད་གས༵ལ་སྤྲོས་ཀུན་ཉེར་ཞིའི་དབྱིངས། །རྡོ་རྗེ་སྙི༵ང་པོ༵འི་ལམ་བཟང་ལྡེ་མིག་གིས། །ཐོག་མར་སྨིན་གྲོལ་ཆོས་སྒོར་ཁྲིད་མཛད་པའི། །དྲིན་ཐོབ་དཔལ་ལྡན་བླ་མར་གསོལ་བ་འདེབས། །རབ་འབྱམས་རྒྱལ་ཀུན་ཐུགས་དབྱིངས་རྫོགས་པ་ཆེའི། །བསྟན་འཛིན་ཟླ་བྲལ་གྲུབ་དབང་བླ་མ་ཡི། །སྨིན་གྲོལ་བདུད་རྩིའི་བཅུད་བཟང་ལེགས་འཐུང་བའི། །མཆོག་སྤྲུལ་འཇིགས་མེད་མཚན་ཅན་ལ་གསོལ་བ་འདེབས། །གྲུབ་དབང་རྫོགས་ཆེན་ཆོས་གྲྭའི་སྐྱེད་ཚལ་དུ། །ལུང་རྟོགས་འདབ་སྟོང་བརྡལ་བའི་ཨུ་དུམ་ཝར། །འཆད་རྩོད་རྩོམ་པའི་མགྲིན་པ་གཟེངས་མཐོ་བའི། །པདྨ་བཛྲ་ཞབས་ལ་གསོལ་བ་འདེབས། །གས༵ང་སྔ༵གས་བསྟན་པའི་མངའ་བདག་པད་འབྱུང་གིས། །འཛམ་གླི༵ང་གཏེར་ཁ་གྲངས་མེད་སྦས་པ་ལས། །རང་སྐལ་དབང་བར་ལུང་ཟིན་དམ་པ༵་མཆོག །མཆོག་གི་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །སྔོན་ལས་དགེ་བའི་འཕྲོ་བཞིན་སྐ༵ལ་བར་ལྡ༵ན། །ལུ༵ང་རི༵ག་མན་ངག་གདམས་པས་རང་རྒྱུད་སྦྱངས། །ཐར་པའི་གླི༵ང་དུ་འདྲེན་པ༵འི་དེད་དཔོན་མཆོག །རྣམ་འདྲེན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཨོ༵་རྒྱ༵ན་སངས་རྒྱས་གཉིས་པའི་རིང་ལུགས་ཀྱི། །སྨིན་གྲོལ་གདམས་པས་རྗེས་བཟུང་དགེ་བའི་བཤེས། །ཆོ༵ས་སྤྱོད་དགེ་བཅུའི་གྲ༵གས་པ་དཔལ་ལྡན་མགོན། །བཀའ་དྲིན་གསུམ་ལྡན་བླ་མར་གསོལ་བ་འདེབས། །མཁས་གྲུབ་ཡོངས་ཀྱི་གཙུག་ཏོར་ནོར་བུའི་རྩེར། །གང་གི་ཞབས་པད་མངོན་མཆོད་གྲུབ་བརྒྱའི་རྗེ། །མི་འགྱུར་ནམ་མཁའི་རྡོ་རྗེའི་མཚན་སྙན་གྱིས། །འབྲེལ་ཚད་དོན་ལྡན་ཆེན་པོར་གསོལ་བ་འདེབས། །གྲུབ་དབང་བླ་མའི་ཐུགས་སྲས་རྒྱ་མཚོའི་དབུས། །རྒྱ༵ལ་བའི་སྲ༵ས་པོའི་རླབས་ཆེན་མཛད་པ་ཡི། །གཞ༵ན་ཕན༵་ཕ་མཐ༵འ་ཡ༵ས་པའི་འོ༵ད་སྟོང་ཟེ༵ར། །སྙིགས་མའི་མུན་པ་སེལ་ལ་གསོལ་བ་འདེབས། །དམ་པ་དེ་ཉིད་སླར་ཡང་གདུལ་བྱའི་ངོར། །གསུམ་ལྡན་རྡོ་རྗེ་འཛིན་པའི་རྣམ་རོལ་གྱིས། །ཐུ༵བ་དབ༵ང་བསྟ༵ན་པ༵འི་གསལ་བྱེད་ཉི༵་མ༵འི་འོད། །སྐལ་བཟང་པད་ཚལ་བཞད་དེར་གསོལ་བ་འདེབས། །སྐ༵ལ་བཟང་ཐར་ལམ་ཁྲིད་པའི་དེད་དཔོན་ཆེ། །བསླབ་ལྡ༵ན་ངུར་སྨྲིག་འཛིན་པའི་གཙུག་གི་རྒྱན། །རྒྱ༵་ཆེན་ཐོས་བསམ་སྒོམ་པའི་རིན་ཆེན་གཏེར། །མཚོ༵་སྐྱེས་བླ་མའི་སྤྲུལ་པར་གསོལ་བ་འདེབས། །མདོ་ཁམས་གསང་ཆེན་བསྟན་པ་རྒྱ་མཚོའི་སྲོག །ཀཿཐོག་པ་ཞེས་གྲགས་སྙན་སྲིད་མཐར་བརྡལ། །མཁས་གྲུབ་ཆེན་པོ་དགེ་རྩེ་མཆོག་སྤྲུལ་དང་། །ཞིང་སྐྱོང་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། ། འདིའི་མཇུག་མ་ཚང་།

གང་ལ་སྦྱར་དུ་རུང་བའི་གསོལ་འདེབས་བདུད་རྩིའི་ཐིགས་པ།

༄༅། གང་ལ་སྦྱར་དུ་རུང་བའི་གསོལ་འདེབས་བདུད་རྩིའི་ཐིགས་པ་ཨི་ཐི། ཨོཾ་ཨཱཿཧཱུྃ། ཀ་དག་སྤྲོས་བྲལ་ཆོས་སྐུ་གདོད་མའི་མགོན། །ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །གང་འདུལ་སྤྲུལ་སྐུ་ཐུབ་དབང་རྡོ་རྗེ་འཆང་། །མཐོང་ཐོས་དྲན་རེག་སྒྲོལ་མཛད་རྡོ་རྗེ་སེམས། །གསོལ་བ་འདེབས་སོ་བྱང་ཆུབ་མཆོག་འགྲུབ་ཤོག །གངས་ཅན་བསྟན་པ་སྤེལ་མཛད་གནས་བརྟན་སྡེ། །གུ་རུ་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྗེ། །རིགས་གསུམ་སེམས་དཔའ་སྒྲུབ་སྡེ་ཆེན་པོ་བརྒྱད། །གསོལ་བ་འདེབས་སོ་བྱང་ཆུབ་མཆོག་འགྲུབ་ཤོག །འཇིགས་བརྒྱད་ཀུན་སྐྱོབ་འཕགས་མ་སྒྲོལ་མཛད་ཡུམ། །བྱད་ཕུར་གཡུལ་འཇོམས་བདུད་འདུལ་སེང་གེའི་གདོང་། །གཞན་ཡང་སྐྱབས་འོས་དམ་པ་ཐམས་ཅད་ལ། །རྟག་ཏུ་གསོལ་འདེབས་འབྲལ་མེད་རྗེས་འཛིན་ཤོག།

གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས་པ།

༄༅། གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ལ་གསོལ་བ་འདེབས་པ་ནི། ཨོཾ་བདེ་ལེགས་སུ་གྱུར་ཅིག །སྲིད་ཞི་ཀུན་གྱི་ཡུལ་ལས་རབ་འདས་པ། །གཞོན་ནུ་བུམ་པ་ནང་གསལ་ཆོས་ཀྱི་སྐུ། །གསལ་སྣང་མ་འགག་སྒྱུ་འཕྲུལ་དྲྭ་བའི་གར། །སྟོན་མཛད་རྫོགས་ཆེན་གྲུབ་དབང་མཆོག་དེར་འདུད། །མགོན་ཁྱོད་གཞོན་ནུའི་དུས་ནས་ངེས་འབྱུང་དང་། །ཁྱད་པར་རྐྱེན་གྱིས་མི་བརྫི་དགོངས་པའི་ངང་། །ཐོས་བསམ་སྒོམ་གསུམ་བློ་འདས་བྱར་མེད་དོན། །གནད་ཟབ་གཅིག་ཏུ་དྲིལ་ལ་གསོལ་བ་འདེབས། །ཕྱོགས་མེད་གདུལ་བྱར་བསྟོད་དང་དབུགས་དབྱུང་སོགས། །ཀུན་ཡིད་བྱམས་དང་བརྩེ་བས་དབང་བསྡུས་ནས། །སྨིན་ཅིང་གྲོལ་བའི་གདམས་པས་གདོད་མའི་གཤིས། །ཇི་བཞིན་མངོན་སུམ་སྟོན་ལ་གསོལ་བ་འདེབས། །རྣམ་རྟོག་ཞེས་བྱ་གདོད་ནས་མ་གྲུབ་ཕྱིར། །གློ་བུར་འཁྲུལ་བ་ཆོས་སྐུའི་མཁའ་ལ་དྭངས། །རང་བྱུང་རིག་པ་མངོན་གྱུར་ཧེ་རུ་ཀ །ཆེ་མཆོག་དཔལ་གྱི་རྡོ་རྗེར་གསོལ་བ་འདེབས། །དམ་པའི་ཚུལ་དང་ནམ་ཡང་མི་འབྲལ་བར། །ནམ་མཁའི་རྣལ་འབྱོར་ནམ་མཁའི་དབྱིངས་ལ་རོལ། །རྣམ་ཀུན་མཆོག་ལྡན་དོན་གྱི་བླ་མ་དང་། །འབྲལ་མེད་བླ་མའི་དགོངས་པ་མངོན་གྱུར་ཤོག། ཅེས་པའང་རྒྱ་སྤྲུལ་མིང་པས་བྲིས་པ་སརྦ་མངྒ་ལཾ།

#dv1 རྫོགས་སྤྲུལ་བཞི་པའི་གསོལ་འདེབས་ཉུང་བསྡུས།

༄༅། རྫོགས་སྤྲུལ་བཞི་པའི་གསོལ་འདེབས་ཉུང་བསྡུས་བཞུགས། ཨེ་མ་ཧོ། དྲན་པ་ཙམ་གྱིས་འཁྲུལ་སྣང་འཇིག་པ། །ཐུགས་རྗེ་ནུས་ལྡན་གྱི་བླ་མ། །མི་འགྱུར་ནམ་མཁའི་རྡོ་རྗེ་དེ་མཁྱེན་ནོ། །མཐོང་ཐོས་ཙམ་གྱིས་དག་སྣང་འཆར་བ། །འབྲེལ་ཚད་དོན་ལྡན་གྱི་བླ་མ། ། མི་འགྱུར་ནམ་མཁའི་རྡོ་རྗེ་དེ་མཁྱེན་ནོ། །བསྒོམ་པ་ཙམ་གྱིས་ཉམས་རྟོགས་སྐྱེ་བ། །སངས་རྒྱས་མངོན་སུམ་གྱི་བླ་མ། ། མི་འགྱུར་ནམ་མཁའི་རྡོ་རྗེ་དེ་མཁྱེན་ནོ། །

གསོལ་བ་བཏབ་པས་བྱིན་རླབས་འཇུག་པ། །སྐྱབས་གནས་གཅིག་ཆོག་གི་བླ་མ། ། མི་འགྱུར་ནམ་མཁའི་རྡོ་རྗེ་དེ་མཁྱེན་ནོ། །དྲིན་ཆེན་རྗེ་བཙུན་ཁྱེད་ཀྱི་སྐུ་ལ་ཕྱོགས་རིས་མེད་ཀྱང་། །བདག་འདྲ་ལས་ངན་གྱི་འགྲོ་ལ་གཟིགས་ནས། །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་ཚེ་གཅིག་བྱང་ཆུབ་ཀྱི་ལམ་ལ་དྲང་དུ་གསོལ།། རྒྱ་སྤྲུལ་པས་སོ།།

བླ་མ་རྒྱང་འབོད་ཀྱི་མགུར་དབྱངས་བྱིན་རླབས་སྤྲིན་ཕུང་།

༄༅། བླ་མ་རྒྱང་འབོད་ཀྱི་མགུར་དབྱངས་བྱིན་རླབས་སྤྲིན་ཕུང་བཞུགས། ཨེ་མ་ཧོ། རྗེ་བཙུན་པདྨ་འབྱུང་གནས་ཀྱི་རོལ་གར། །ལྷ་གཅིག་རྟ་མགྲིན་རྒྱལ་པོ་ཡི་རྣམ་འཕྲུལ། །མ་རྒྱུད་མཁའ་འགྲོ་འབུམ་ཕྲག་གི་ཡབ་གཅིག །མཚུངས་མེད་རྫོགས་ཆེན་བཞི་པ་དེ་མཁྱེན་ནོ། །དེང་བཟུང་བྱང་ཆུབ་ཀྱི་སྙིང་པོ་ཐོབ་བར། །སྐྱབས་གཅིག་གྲུབ་དབང་གི་ཁྱུ་མཆོག་དམ་པ། །མི་འགྱུར་ནམ་མཁའ་ཡི་རྡོ་རྗེ་གང་དེ། །སྙིང་ཁྲག་དྭངས་མ་བཞིན་བརྟེན་ནོ་སྐྱབས་རྗེ། །སྤྲུལ་མིང་ལས་ངན་བདག་ཐུགས་རྗེས་མ་གཏོང་། །སྐྱིད་སྡུག་ཅི་བྱུང་ཡང་བླ་མ་རང་མཁྱེན། །ད་དུས་སྙིགས་མ་ཡི་དུས་ལ་བབས་ཚེ། །ལྷ་བུའི་བདེ་སྐྱིད་ཀྱི་བདུད་དང་ལྷན་ཅིག །ཉོན་མོངས་དུག་ལྔ་ཡི་གཡུལ་ངོར་ཕམ་ན། །སྐྱབས་གཅིག་འཁོར་བ་ཡི་གཡུལ་འཇོམས་དཔའ་བོ། །བླ་མ་དམ་པ་ཡི་ཐུགས་རྗེས་གཟིགས་ཤིག །ཚེ་སྲོག་གཡང་ཁ་ཡི་བྱེའུ་ཇི་བཞིན། །མི་སྡོད་ཕ་རོལ་ལ་འགྲོ་བའི་སྔ་ལྟས། །བྱུང་ཡང་འཇིགས་སྐྲག་དང་རེ་དོགས་སྤངས་ནས། །སྐྱབས་གཅིག་བླ་མ་ལ་གསོལ་བ་འདེབས་སོ། །ཞེས་བླ་མ་རྒྱང་འབོད་ཀྱི་མགུར་དབྱངས་བྱིན་རླབས་སྤྲིན་ཕུང་འདི་ཡང་རིག་འཛིན་ལུང་རིག་གླིང་པས་སྨྲས་པའོ།།

གསང་ཆེན་བསྟན་པའི་སྲོག་ཤིང་བླ་མ་རིན་པོ་ཆེའི་ཞབས་བརྟན་འཆི་མེད་བདུད་རྩིའི་བུམ་བཟང་།

༄༅། གསང་ཆེན་བསྟན་པའི་སྲོག་ཤིང་བླ་མ་རིན་པོ་ཆེའི་ཞབས་བརྟན་འཆི་མེད་བདུད་རྩིའི་བུམ་བཟང་བཞུགས། ཨོཾ་སྭ་སྟི། རང་བྱུང་འཕོ་མེད་ཡེ་ཤེས་སྒྱུ་མའི་ལུས། །ཚེ་ཡི་རིག་འཛིན་མཚོ་སྐྱེས་རྡོ་རྗེའི་ཞབས། །བསྟན་འགྲོའི་ཕན་བདེའི་རྩ་ལག་བླ་མ་རྗེའི། །ཞབས་བརྟན་སྨོན་པ་འགྲུབ་པའི་དཔང་པོ་མཛོད། །རྨད་བྱུང་ཐུགས་བསྐྱེད་བཟང་པོའི་ས་བོན་འབྲས། །རྣམ་དག་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས། །འཛིན་མཛད་སྐྱབས་མཆོག་བླ་མ་ཞབས་བརྟན་གསོལ། །གང་སྣང་ལྷ་སྐུར་འཆར་བའི་བསྐྱེད་རིམ་དང་། །སྤྲོས་བྲལ་དྷུ་ཏིར་ལས་རླུང་འཆིང་ནུས་པའི། །སྣང་མེད་ཀ་དག་ལྷུན་གྲུབ་ཆོས་སྐུའི་ཀློང་། །མངོན་གྱུར་གྲུབ་པའི་དབང་པོར་ཞབས་བརྟན་གསོལ། །མཆོག་གསུམ་འདུས་པའི་སྤྱི་གཟུགས་བླ་མ་རྗེའི། །ཞབས་པད་བརྟན་ཕྱིར་བདག་གི་ལེགས་བྱས་ཀྱི། །དངོས་པོ་མ་ལུས་ཀུན་བཟང་མཆོད་སྤྲིན་དུ། །སྤྲུལ་ཏེ་འབུལ་ལོ་བཞེས་ནས་བྱིན་གྱིས་རློབས།། ཞེས་པའང་ཤཱཀྱའི་དགེ་སྦྱོང་ཨ་ཡུའི་མིང་གིས་བསྐུལ་ངོར། རང་ཉིད་ཀྱང་མི་ཕྱེད་པའི་དད་པ་དང་བཅས་ཏེ་བཙུན་གཟུགས་རྒྱ་སྤྲུལ་མིང་གིས་བྲིས་པ་དགེ།།

རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས།

༄༅།། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་བཞུགས། ཨོཾ་སྭ་སྟི། སྨྲ་བའི་ཉི་མ་རྗེ་བཙུན་འཇམ་པའི་དབྱངས། །ཨོ༵་རྒྱ༵ན་ཆོས་ཀྱི་རྒྱལ་པོའི་བཀའ་གཏེར་བཅུད། །བསྟན་འགྲོའི་དཔལ་དུ་སྤེལ་ཕྱིར་སྒྱུ་མའི་གར། །འཇི༵གས་མེ༵ད་ཆོ༵ས་ཀྱི༵་དབ༵ང་པོ༵ར་གསོལ་བ་འདེབས། །མགོན་ཁྱོད་ཞི་བའི་དབྱིངས་སུ་མི་གཟིམ་པར། །ཐུབ་བསྟན་གངས་རིའི་སྤོ་ལ་རབ་འགྱིང་བའི། །མཆོག་སྤྲུལ་མི་ཡི་སེང་གེ་མྱུར་བྱོན་ནས། །བདག་མེད་ཆོས་སྒྲས་ལོག་རྟོག་ཚར་གཅོད་མཛོད། །དབང་བཞིའི་བདུད་རྩིས་སྒྲིབ་བཞིའི་དྲི་མ་བསལ། །གྲོལ་བྱེད་གདམས་པས་སྐུ་བཞིའི་རྒྱལ་སྲིད་གཏད། །མཐའ་ཡས་འགྲོ་ཀུན་དམ་པ་ཁྱོད་ཉིད་དང་། །དབྱེར་མེད་རྣམ་གྲོལ་མཆོག་ལ་དབུགས་དབྱུང་གསོལ།། ཅེས་པའང་དགེ་སྦྱོང་དམ་པ་ཨཀྵ་རས་ལྷ་རྫས་དྲི་མེད་བཅས་བཀས་བསྐུལ་ངོར་སྤྲང་བན་རྒྱ་སྤྲུལ་འདུ་ཤེས་གསུམ་པས་སྨྲས་པ་ཛ་ཡནྟུ།

གདུང་འབོད་རེ་སྨོན།

༄༅། གདུང་འབོད་རེ་སྨོན། ཨ་ལ་ལ་ཧོ། རང་སྣང་འོག་མིན་དག་པ་མཁའ་སྤྱོད་ཀྱི་ཞིང་མཆོག །བདེ་ཆེན་པདྨ་འོད་ཅེས་ཌཱཀྐི་ཡི་གནས་ན། །དུས་གསུམ་རྒྱལ་བ་ཀུན་དང་དབྱེར་མེད་ཀྱི་བླ་མ། །སྐུ་གསུམ་སྟོན་པ་མཚོ་སྐྱེས་པད་འབྱུང་རྗེ་མཁྱེན་ནོ། །བདག་ལ་ཁྱེད་ལས་རེ་ལྟོས་གཞན་པ་ནི་མ་མཆིས། །སྒོ་གསུམ་གུས་པས་གསོལ་བ་རྩེ་གཅིག་ཏུ་འདེབས་སོ། །དེང་ནས་དགོངས་པ་རོ་གཅིག་མ་གྱུར་གྱི་བར་དུ། །སྡིག་སྤྱོད་མི་དགེ་འཁོར་བའི་བྱ་བཞག་རང་སྤངས་ནས། །མ་གྱུར་འགྲོ་རྣམས་པདྨའི་ཐུགས་ཀློང་དུ་གྲོལ་ཕྱིར། །ཀུན་འདུས་མ་ཧཱ་གུ་རུ་འབྲལ་མེད་དུ་བསྒྲུབ་གྱི། །ནམ་ཡང་ཐུགས་རྗེས་དུས་ལས་ཡོལ་མེད་དུ་གཟིགས་ཤིང་། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དུས་འདི་རུ་སྩོལ་ཅིག །སྐལ་ངན་བདག་ནི་མཐའ་མེད་འཁོར་མཚོ་རུ་བྱིང་སྟེ། །བཟོད་མེད་ལས་ཀྱི་དུཿཁས་མནར་བ་འདི་གཟིགས་སམ། །འོན་ཀྱང་རང་ལུས་དག་པ་གདན་གསུམ་གྱི་དཀྱིལ་འཁོར། །ཡིན་ཕྱིར་བདག་དང་གཉིས་མེད་གཞི་རྫོགས་སུ་བཞུགས་ཀྱང་། །གཉིས་འཛིན་རིས་ཆད་བསམ་པས་ཐ་དད་པར་བཟུང་ནས། །དོན་གྱི་ལྷ་ཞལ་མཇལ་བའི་སྐལ་བ་རུ་མ་གྱུར། །ད་ནི་གཉིས་མེད་དོན་གྱི་དམ་ཚིག་ལ་གནས་ཏེ། །ཚུལ་བཞིན་བགྱིད་དོ་མི་དགེའི་ནོངས་པ་ཀུན་བཤགས་སོ། །ལུས་སྲོག་ལོངས་སྤྱོད་རྣམས་ཀྱང་ལྟོས་མེད་དུ་འབུལ་ན། །ཚེ་གཅིག་ཉིད་ལ་ཁྱེད་དང་དབྱེར་མེད་དུ་འགྲུབ་ཅིང་། །གཉུག་མའི་རང་ཞལ་གསལ་བ་རང་ཆས་སུ་མཇལ་ནས། །མ་འཁྲུལ་གཤིས་ལུགས་གདོད་མའི་གཞི་ཐོག་ཏུ་ཕེབ་པའི། །འོད་གསལ་ཕྱག་རྒྱ་ཆེན་པོའི་སངས་རྒྱས་སུ་སྨོན་ནོ། །ཕ་ཅིག་གུ་རུ་པདྨས་བྱིན་རླབས་དེ་སྩོལ་ཅིག །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །ཅེས་པ་འདི་ཡང་སྙིགས་དུས་ཀྱི་བཙུན་གཟུགས་པ་ལུང་རིག་གླིང་པ་སྐུ་གསུམ་བླ་མའི་སྙིང་པོའི་སྒྲུབ་པ་ལ་གཞོལ་ཚེ་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ།། དགེའོ།།

དགའ་སྟོན་ཚོགས་ཀྱི་གླུ་དབྱངས།

༄༅། དགའ་སྟོན་ཚོགས་ཀྱི་གླུ་དབྱངས་བཞུགས། ཡེ་གྲོལ་བདེ་གཤེགས་སྙིང་པོ་རང་བྱུང་གི་སངས་རྒྱས། །ཡེ་ནས་རང་ལ་གནས་པའི་ཁྱད་ཆོས་ཤིག་ཡོད་དེ། །ཡེ་ཤེས་རང་ཞལ་སྟོན་པའི་དྲིན་ཆེན་གྱི་བླ་མ། །ཡེ་ཐོག་གདོད་མའི་མགོན་པོ་པད་འབྱུང་ནི་དྲན་བྱུང་། །རྣམ་མང་གྲུབ་མཐའི་འདོད་ཚུལ་སྐར་ཚོགས་ལྟར་བཀྲ་ཡང་། །རྣམ་དག་པདྨའི་རིང་ལུགས་གསང་ཆེན་གྱི་ཉི་མ། །རྣམ་དཀར་ལས་འཕྲོ་བཟང་པོའི་ལྷ་ལམ་དུ་ཤར་བས། །རྣམ་གྲོལ་ཐར་བའི་དགའ་སྟོན་སྔོན་མེད་ཞིག་འཕེལ་བྱུང་། །འདིར་འདུས་ལས་སྨོན་མཐུན་པ་རྡོ་རྗེ་ཡི་སྤུན་གྲོགས། །བསླབ་གསུམ་འདབ་བརྒྱ་བཞད་པའི་སྐྱེད་ཚལ་ལ་ཕེབས་དང་། །འདི་ཕྱི་བདེ་ཞིང་སྐྱིད་པའི་དགའ་སྤྲོ་ཡི་ངང་ནས། །དཔལ་རི་པདྨ་འོད་ཀྱི་གྲོང་ཁྱེར་དུ་སླེབ་ཡོང་། །མཚུངས་མེད་ཐུགས་རྗེའི་མངའ་བདག་ཨོ་རྒྱན་གྱི་སངས་རྒྱས། །འབྲལ་མེད་སྙིང་གི་པདྨོར་རྩེ་གཅིག་ཏུ་བསྒོམ་པས། །རྩོལ་མེད་རང་གཞན་དོན་གཉིས་ལྷུན་གྲུབ་ཏུ་འབྱོངས་ནས། །འབད་མེད་བསྟན་འགྲོའི་ཕན་བདེའི་རྩ་ལག་ཏུ་འགྱུར་ཡོང་།། ཅེས་པའང་སྡོམ་བརྩོན་དམ་པ་དྷརྨའི་མཚན་ཅན་དང་ལྷ་གྲོགས་སྙིང་གི་ནོར་བུ་འགས་བསྐུལ་ངོར། བན་རྒན་གྱི་ན་བ་རྒྱ་སྤྲུལ་རྒན་པོས་བྲིས་པ་དགེ་བར་གྱུར་ཅིག

ཚོགས་ཀྱི་གླུ་དབྱངས་ཞལ་གདམས་དང་འབྲེལ་བ།

༄༅། ཚོགས་ཀྱི་གླུ་དབྱངས་ཞལ་གདམས་དང་འབྲེལ་བ་བཞུགས། ཨེ་མ་ཧོ། སྔོན་བསགས་བསོད་ནམས་ཀྱིས་རྙེད་དལ་འབྱོར་ནི་ཐོབ་ནས། །ཡང་དག་ལམ་གྱི་ས་མཁན་བཤེས་གཉེན་དང་མཇལ་ཏེ། །ཚེ་གཅིག་སངས་རྒྱས་འགྲུབ་བྱེད་གསང་ཆེན་ཆོས་ཐོབ་ཚེ། །དོན་མེད་སྟོང་ལོག་མ་མཛད་བསྙེན་སྒྲུབ་ལ་ཞུགས་ཤིག །བརྩིགས་པའི་ཁང་ཁྱིམ་ལེགས་ཀྱང་ཡུན་རིང་དུ་མི་སྡོད། །མཛའ་བའི་གཉེན་བཤེས་མང་ཡང་ལྕང་ཁ་ཡི་བྱིའུ་ཆུང་། །ཟས་ནོར་ལོངས་སྤྱོད་འཛོམས་ཀྱང་སྡུག་བསྔལ་དུ་ལུས་འགྲོ། །བདེ་ཆེན་ཞིང་དུ་སྨོན་བཞིན་འཕགས་ནོར་བདུན་སོགས་ཤིག །རྩ་རྒྱུད་བླ་མའི་ངོ་བོ་ཨོ་རྒྱན་གྱི་སངས་རྒྱས། །རྟག་ཏུ་འབྲལ་མེད་བདེ་ཆེན་འཁོར་ལོ་རུ་སྒོམ་བཞིན། །བཟའ་བཏུང་ཅི་འབྱོར་ཚོགས་ཀྱི་འཁོར་ལོ་རུ་བཤམས་ལ། །ཡེངས་མེད་རྩེ་གཅིག་དྲན་པས་གསོལ་འདེབས་ལ་འབོད་ཅིག །གངས་ཅན་སྙིང་རྗེའི་ལྷ་གཅིག་གྲུ་འཛིན་གྱི་བདག་པོ། །ཡི་དམ་ལྷག་པའི་ལྷ་ཀུན་དེ་ཉིད་དུ་འདུས་པས། །རྟག་ཏུ་སྙིང་ལ་དྲན་པས་ཡིག་དྲུག་ལ་འབུངས་དང་། །རང་མིན་རང་དང་གཞན་གྱི་དོན་ཆེན་ནི་འགྲུབ་ཡོང་། །འཇིགས་བརྒྱད་འཁོར་བའི་སྡུག་བསྔལ་མཐའ་དག་ལས་སྒྲོལ་བའི། །མཐའ་ཡས་འགྲོ་ལ་མ་ཡིས་བུ་ལྟར་དུ་བརྩེ་བའི། །འཕགས་མའི་ཕྱག་འཚལ་ཉེར་གཅིག་རྒྱུན་ཁྱེར་དུ་མཛོད་དང་། །འདི་ཕྱིའི་ལེགས་ཚོགས་ཡར་ངོའི་ཟླ་ལྟར་དུ་འཕེལ་ཡོང་། །མཁས་པ་དམ་སྡོམ་བསྲུང་བ་ཡོན་ཏན་གྱི་གཞི་རྟེན། །ཅི་བྱས་ཆོས་དང་མཐུན་པ་ཡ་རབས་ཀྱི་ཕྱག་བཞེས། །རང་རིག་རང་ཞལ་མཇལ་བ་ཕྱག་རྫོགས་ཀྱི་ཁྱད་ཆོས། །ཚེ་དང་སྒྲུབ་པ་མཉམ་པའི་ཉམས་ལེན་ཞིག་ཞུའོ།། ཚོགས་ཀྱི་གླུ་དབྱངས་ཞལ་གདམས་དང་འབྲེལ་བ་རྣལ་འབྱོར་བ་སྨྱོ་བརྫུས་བརྟུལ་ཞུགས་འཆང་བ་རིག་གསལ་ལ། རྒྱ་སྤྲུལ་བས་སྨྲས་པའོ།།

ཉམས་མགུར་རྡོ་རྗེའི་དོ་ཧ།

༄༅། ཉམས་མགུར་རྡོ་རྗེའི་དོ་ཧ་བཞུགས། ཨ་ཧོ། སྐྱེ་འགག་གནས་གསུམ་བྲལ་བ་མཐའ་བྲལ་ཀྱི་ངོ་བོ། །བརྗོད་མེད་བློ་ལས་འདས་པ་སྤྲོས་བྲལ་གྱི་ལྟ་བ། །རང་བབ་ཐད་ཀར་བཞག་པ་རང་བཞིན་གྱི་ངོ་བོ། །གཟུང་འཛིན་སྒྲོག་ལས་གྲོལ་པའི་རང་གདངས་དེ་སྒོམ་པ། །ཡིད་ལ་མ་བྱས་རང་ཤར་རྟོག་ཚོགས་ཀྱི་འཕྲོ་འདུ། །ཡེངས་མེད་འཛིན་མེད་ཕྱལ་ཡས་རང་གྲོལ་དེ་སྤྱོད་པ། །འདི་ཟེར་ཚད་མར་བཟུང་བའི་བློ་ངན་དང་བྲལ་བའི། །གང་ཡང་ཡིད་མཁར་དག་པའི་ལྷུན་མཉམ་གྱི་ངོ་བོ། །སྣང་སེམས་རོ་གཅིག་གྱུར་བའི་རིག་སྟོང་གི་བླ་མ། །ཚེ་འདིར་མཇལ་ཏེ་བརྒྱུད་པའི་ཤུལ་ཟིན་ཅིག་མཛོད་ཤོག །དེ་སྐད་གཞན་བློ་གསལ་བའི་འོད་ཟེར་ཞིག་མེད་ཀྱང་། །དམ་པའི་ཐུགས་རྗེས་འཚོ་བའི་བན་སྨྱོན་དེས་འཆལ་གཏམ།། དགེའོ།།

གནས་ཕྲན་འགའ་ཡི་སྡོམ་ཚིག

༄༅། གནས་ཕྲན་འགའ་ཡི་སྡོམ་ཚིག་བཞུགས། རྒྱལ་ཀུན་སྤྱི་མྱེས་མཚོ་སྐྱེས་རྡོ་རྗེ་དང་། །དབྱེར་མེད་གྲུབ་དབང་བྱང་ཆུབ་རྡོ་རྗེ་སོགས། །བརྒྱུད་ལྡན་བླ་མའི་ཚོགས་ལ་ཕྱག་འཚལ་ཏེ། །སྦས་ཡུལ་པདྨའི་དགའ་ཚལ་ལ་སོགས་པའི། །གནས་ཀྱི་ལུང་བྱང་ཉུང་བསྡུས་འདི་རུ་སྤེལ། །དེ་ལ་ལོངས་སྐུ་རྣམ་སྣང་གངས་ཆེན་གྱི། །མཉམ་བཞག་ཕྱག་གི་ལྷུང་བཟེད་ལས་བྱུང་བའི། །པདྨའི་ཕྲུམ་ཕྲུམ་ཉི་ཤུ་རྩ་ལྔ་ལ། །ཞིང་ཁམས་ཉི་ཤུ་རྩ་ལྔ་སྤྲུལ་པ་ལས། །བཅུ་གསུམ་མི་མཇེད་སྟོང་གསུམ་ཁམས་འདི་ཉིད། །ཐུགས་ཀྱི་ཐུགས་སྟེ་དགེ་སྡིག་ཅི་བྱས་ཀྱང་། །བྱེ་བ་དུང་ཕྱུར་འགྱུར་བའི་གནས། །ཞིང་ཁམས་གཞན་ལས་འཕགས་ཅེས་རྒྱལ་བས་བསྔགས། །དེ་ལས་ལྷོ་རྒྱལ་འཛམ་གླིང་ཞེས་བྱའི་བྱང་། །བོད་ཡུལ་ཁ་བ་ཅན་ཞེས་མཐའ་འཁོབ་འདིར། །རིགས་གསུམ་སེམས་དཔའི་གདུལ་བྱའི་ཡུལ་གྱུར་ཕྱིར། །འཇམ་དབྱངས་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །བོད་ཡུལ་དབུས་ཀྱི་བསམ་ཡས་བཞེངས་པའི་ཚེ། །ས་འདུལ་ཆེད་དུ་མཁན་ཆེན་ཞི་འཚོ་དང་། །ཨོ་རྒྱན་སངས་རྒྱས་གཉིས་པ་སྤྱན་དྲངས་ནས། །བོད་ཡུལ་མཐའ་དབུས་ཐམས་ཅད་བྱིན་བརླབས་ཤིང་། །ཆོས་ནོར་གཏེར་གྱིས་ཕྱུར་བུར་གཏམས་པ་ལས། །མདོ་སྨད་ཟལ་མོ་སྒང་གི་ཤར་ཕྱོགས་སུ། །སྦས་ཡུལ་རོག་མོ་ལྗོངས་ཀྱི་ཐུགས་ཀྱི་གནས། །པདྨ་རྣམ་པར་བཀྲ་བའི་དགའ་ཚལ་ཞེས། །ཕྱི་ནང་གསང་བ་ཡང་གསང་བཞི་ཡི་གནས། །རེ་རེར་བཞི་བཞིར་ཕྱེ་བས་གནས་ཕྲན་ནི། །བཅུ་དྲུག་འབྱུང་ཞིང་ཁྱད་པར་ཡང་གསང་གི། །གནས་ནི་ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁྱད་པར་བོད་སྐྱོང་དགེ་བསྙེན་ཉེར་གཅིག་གི། །ནང་ཚན་དགེ་བསྙེན་རྡོ་རྗེ་དབྱི་ཁྲོམ་གྱི། །གཡས་ཕྱོགས་ཏཱ་རེ་མི་འགྱུར་དགའ་བའི་ཚལ། །སྔོན་ཚེ་ལོ་ཙ་བཻ་རོ་ཙ་ན་དང་། །སློབ་དཔོན་ཆེན་པོ་པདྨ་ཀཱ་ར་ཡིས། །ཟབ་གཏེར་ཉེར་བདུན་སྦས་ཤིང་གནས་བདག་ནི། །རྡོ་རྗེ་ཐོག་མེད་རྩལ་དང་ཀླུ་རྒྱལ་ནི། །ཟླ་བའི་ཟུར་ཕུད་ཅན་གཉིས་བསྲུང་མར་བསྐོས། །མ་འོངས་འབྱུང་འགྱུར་ལུང་བསྟན་དང་བཅས་པ། །ཤེལ་ཕུག་ཁྱུང་ཆེན་བྲག་ལ་གཏེར་དུ་སྦས། །གྲུབ་བརྙེས་མང་པོ་འོད་སྐུར་གྲོལ་བའི་གནས། །ཕྱག་ཆེན་ལུང་པར་སེང་ཆེན་འགྱིང་འདྲའི་བྲག །བཻཌཱུར་མདོག་འདྲ་ཧཱུྃ་ཡིག་གསལ་བ་དེར། །རྫོགས་ཆེན་སྡེ་གསུམ་ཀློང་དགུའི་སྐོར་རྣམས་ཡོད། །འཕགས་མའི་རི་ལ་མ་རྒྱུད་མཁའ་འགྲོ་ཡི། །སྒྲུབ་ཐབས་ཕྱི་ནང་གསང་གསུམ་དུ་མ་ཡོད། །ཀེའུ་ཚང་བྲག་ལ་གུ་རུའི་སྒྲུབ་སྐོར་དང་། །སྐུ་བརྙན་བུ་ཆུང་ལོ་གསུམ་ཙམ་ཞིག་ནི། །རྡོ་དཀར་ལས་གྲུབ་ངོ་མཚར་ལྡན་པ་ཡོད། །དགེ་རྒྱས་ལུང་པར་རིགས་གསུམ་སྒྲུབ་སྐོར་དང་། །སྐུ་དང་ཕྱག་མཚན་ཡ་མཚན་ཆེ་བ་ཡོད། །མདོར་ན་ཕྱི་སྐོར་རྟ་པའི་ཞག་བཅུ་གསུམ། །གསང་སྐོར་ཞག་གི་ནང་གི་སྐོར་ཚད་ནི། །རྒྱང་གྲགས་བཅུ་གསུམ་ཡང་གསང་སྐོར་ལམ་ནི། །རྒྱང་གྲགས་བརྒྱད་ཡིན་ཕན་ཡོན་རང་བྱུང་སོགས། མིང་ཅན་གཅིག་གིས་གསལ་བར་སྟོན། །གུ་ཧྱཿ གནས་མཆོག་པདྨའི་དགའ་ཚལ་སོགས། །གནས་ཕྲན་འགའ་ཡི་སྡོམ་ཚིག་འདི། །དཀོར་རྒན་སྤྲུལ་མིང་པ་དེས་སྨྲས། །དགེ་བ་མཆིས་ན་འགྲོ་ལ་བསྔོ། །ཉེས་མཆིས་ལྷ་ལ་བཟོད་པར་གསོལ། །

སྤོ་མཐོ་བྲག་དམར་གྱི་ཡང་དབེན་སྒྲུབ་གནས་དབང་ཆེན་ཙན་ཏན་རྫོང་ལ་བསྟོད་པ།

༄༅། སྤོ་མཐོ་བྲག་དམར་གྱི་ཡང་དབེན་སྒྲུབ་གནས་དབང་ཆེན་ཙན་ཏན་རྫོང་ལ་བསྟོད་པ་ལེགས་སྨོན་སྤྲིན་གཞོན་དཀར་པོའི་ཟློས་གར་ཞེས་བྱ་བ་བཞུགས་སོ། །

༄༅། ཨོཾ་སྭ་སྟི། སྲས་བཅས་རྒྱལ་བ་ཀུན་གྱི་གསང་བ་གསུམ། །སླར་ཡང་གདུལ་བྱའི་དཔལ་དུ་གཟུགས་སྐུའི་གར། །ཡོངས་བཞེངས་རིགས་བརྒྱའི་ཁྱབ་བདག་མཁན་ཆེན་རྗེ། །པདྨ་བཛྲ་དད་བརྒྱའི་གཙུག་ཏུ་བསྙེན། །རྙེད་དཀའི་དལ་འབྱོར་རྟེན་བཟང་ནོར་འཛིན་ལྟོར། །ལོངས་སྤྱོད་འཁོར་ལོ་རྩ་ཡི་གེ་ས་རར། །སྒྲ་ཚིག་ཡི་གེའི་བུང་བས་ཉེར་བཟུང་ཕྱིར། །བསྟོད་ཚིག་མགྲིན་པའི་གླུ་དབྱངས་འདི་རུ་སྒྲོགས། །རྣམ་སྣང་གངས་ཆེན་མཚོ་ཡི་ཕྱག་རྒྱའི་ཕྲུམ། །རིམ་བརྩེགས་ཉེར་ལྔའི་ཞིང་ལས་བཅུ་གསུམ་པ། །སྟོང་གསུམ་མི་མཇེད་ལྷོ་ཕྱོགས་འཛམ་གླིང་གྲུར། །ངོ་མཚར་འཛམ་གླིང་བཀོད་པ་འབྱམས་སུ་ཀླས། །དེ་ལས་པྲེ་ཏ་པུ་རིར་རབ་བསྔགས་པའི། །རི་བཞི་སྒང་དྲུག་སྦས་གནས་རོང་ཆེན་བཞིའི། །ཡ་གྱལ་ཚ་བ་རོང་དང་ཉེ་བའི་ཆར། །སྣོད་བཅུད་བརྟན་གཡོའི་དགེ་མཚན་ཕུལ་བྱུང་བ། །གཡུ་ཞེས་མདོ་ཁམས་སྨད་ཀྱི་སའི་ཐིག་ལེ། །རྒྱ་བོད་གྲུབ་བརྙེས་རིག་འཛིན་ཕལ་མོ་ཆེས། །དགོངས་པས་བྱིན་བརླབས་དངོས་བྱོན་ཞབས་ཀྱིས་བཅགས། །སྒྲུབ་གནས་རྫ་གངས་བྲག་རི་གཡུ་མཚོ་རུ། །ཁྱད་འཕགས་ཆོས་ནོར་ཟབ་གཏེར་བྱེ་བས་གཏམས། །སླར་ཡང་འཇིག་རྟེན་དབང་ཕྱུག་རྣམ་སྣང་ཞབས། །རྔོག་ལོ་ཤེས་རབ་གུ་ཎ་ན་ཐཱ་རྗེ། །སོ་ཟུར་གནུབས་དང་ཤྲཱི་སེང་ཧ་སོགས། །འཕགས་ཆེན་དུ་མའི་རྣམ་འཕྲུལ་མཐའ་ཡས་པའི། །ཚད་མེད་ཐུགས་བསྐྱེད་ཆུ་གཏེར་ལས་འོངས་པའི། །ཕན་བདེའི་འབྱུང་གནས་ཆོས་གྲྭ་ཡིད་བཞིན་དབང་། །བསྟན་འགྲོའི་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །བཤད་སྒྲུབ་ཕྲིན་ལས་འོད་སྣང་ཕྱོགས་བརྒྱར་གཡོ། །དེ་ཡི་མདུན་རི་སྤོ་སྤོ་མཐོ་ཉམས་དགའི་གནས། །བྲག་དམར་བ་གམ་བརྗིད་ལྡན་ལྷུན་ཆགས་ཤིང་། །དབེན་པའི་ཡོན་ཏན་དུ་མས་རབ་བརྒྱན་པར། །བློ་གསལ་ཐར་འདོད་བག་ཡངས་དགེ་བས་འཚོ། །ཤར་ན་ཡུལ་སྐྱོང་གཙོ་བོས་སྡོང་གྲོགས་བྱེད། །ལྷོ་ན་དགྲ་ལྷ་མི་དཀར་གུས་ཤིང་འདུད། །ནུབ་ན་གཉན་པོ་ལྷ་རྩེ་ལས་བྱེད་ཚུལ། །བྱང་ན་མཚོ་སྨན་རྒྱལ་མོས་གནས་གཞི་སྲུང་། །ཀུན་གསལ་ཉི་ཟླའི་ད་ལ་མདུན་ནས་བགྲོད། །ཐབས་ཤེས་མཚོན་པའི་ལྷོ་ཆུས་གཡས་སུ་བསྐོར། །རི་རྩེ་གདུག༵ས་ཀྱི་རྩིབས་མ་བཞིན་དུ་འཁོར། །མཁས་གྲུབ་དགེ་བའི་བཤེས་གཉེན་བཞུགས་པའི་བརྡ། །རྒྱབ་རི་རྒྱ༵ལ་མཚ༵ན་བསྒྲེང་བཞིན་ལྟ་ན་སྡུག །རྨད་བྱུང་བཤད་སྒྲུབ་བསྟན་པ་འཛིན་པའི་བརྡ། །གཡས་རི་སྐྱེ༵་ལྔ༵འི་མགྲིན་པ་གཟེངས་སུ་མཐོ། །ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་བརྡ། །གཡོན་རི་བཅུད་ལྡན་བུ༵མ་པ༵་ཟླུམ་ཞིང་འཁྱིལ། །སྨིན་གྲོལ་གདམས་པའི་བདུད་རྩི་འཛད་མེད་བརྡ། །མདུན་ཐང་གཡས་ཞོལ་ཨུ༵ཏྤ༵ལ་འདབ་རྒྱས་འདྲ། །འཁོར་སྐྱོན་དྲི་བྲལ་ཐར་ལམ་ཟིན་པའི་བརྡ། །གཡོན་ཞོལ་གསེར་མིག་ཉ༵་མོ༵་ཆབ་བསྙེགས་འདྲ། །ཞི་གནས་མཚོ་ལ་ལྷག་མཐོང་རོལ་པའི་བརྡ། །མདུན་ངོས་སྤང་ལྗོངས་དཔ༵ལ་གྱི་བེ༵འུའི་གཟུགས། །སྟོང་ཉིད་སྙིང་རྗེ་ཐབས་ཤེས་ཟུང་འབྲེལ་བརྡ། །ཐེག་ཆེན་ཆོས་གྲྭ་འཁོ༵ར་ལོ༵འི་མཚན་སྙན་ཅན། །དམན་ལས་ཁྱད་འཕགས་སྲིད་ལས་རྣམ་གྲོལ་བརྡ། །རྟེན་འབྲེལ་བཀྲ་ཤིས་རྟགས་ཀྱིས་ཀུན་ནས་མཛེས། །དྭངས་བསིལ་བཀོད་མའི་ཆུ་རྒྱུན་འཕེལ་འགྲིབ་མེད། །སྤོས་དྲི་ལྡན་པའི་ལྷ་ཤིང་ར་བས་བསྐོར། །དབྱར་དགུན་བསིལ་དྲོད་ཁོད་སྙོམས་གྲང་རེག་འཇམ། །ནེའུ་སིང་དོ་ར་མེ་ཏོག་འབྲས་བུས་བརྒྱན། །ཕང་ཕུང་གཡོ་བའི་ལྗོན་ཤིང་ལོ་འབྲས་དུད། །མཛེས་པའི་བྱ་ཚོགས་སྙན་པའི་མགྲིན་གླུ་སྒྲོགས། །རྩེད་འཇོར་རོལ་པའི་རི་དྭགས་བག་ཡངས་རྒྱུ། །ཀུན་ཀྱང་ངེས་འབྱུང་སྐྱོ་ཤས་འཕེལ་བ་དང་། །མི་རྟག་ཆོས་ལ་བསྐུལ་བའི་ཕོ་ཉ་ལགས། །རིག་པ་དྭངས་ཤིང་ཉམས་རྟོགས་ངང་གིས་འཕེལ། །རེ་འགའ་ཚོགས་དྲུག་ཤེས་པ་ནང་དུ་སྡུད། །ཐིམ་ལ་མ་རྨུག་འོད་གསལ་ཆོས་སྐུར་འཇུག །རེ་འགའ་ཡུལ་ལྔའི་ཤེས་པ་ཕྱི་རུ་འཕྲོ། །ཆགས་སྡང་གནས་མེད་གུ་ཡངས་བློ་བདེ་བ། །གོང་ན་དཔོན་མེད་མཆོག་གསུམ་བྱིན་མཐུ་ཆེ། །འོག་ན་བྲན་མེད་རང་ཚོད་རང་དབང་བསྒྱུར། །བར་ན་དགྲ་གཉེན་མེད་ཅིང་འདུ་འཛིས་དབེན། །ཆོས་བརྒྱད་འབད་པས་མི་བསྒྲུབ་ཉམས་རྟོགས་འཕེལ། །གསོག་སྲུང་ཞེན་པས་མི་འཆིང་འཕགས་ནོར་ཕྱུག །འགྲོ་སྡོད་བྱ་བས་མི་བྲེལ་དམ་ཆོས་འགྲུབ། །དབེན་པའི་ཡོན་ཏན་བསམ་དང་བརྗོད་ལས་འདས། །བདག་ཀྱང་དེང་ནས་བྱང་ཆུབ་སྙིང་པོའི་བར། །མཚན་ལྡན་བླ་མས་རྗེས་བཟུང་གདམས་ངག་ནོད། །སྲིད་པའི་ཕུན་ཚོགས་སྒྱུ་མའི་མཚང་རིག་ནས། །ཉམས་དགའ་དབེན་པའི་གནས་སུ་ངལ་གསོ་ཤོག །ལས་ལྡན་སྐྱེས་བུ་ཕོ་མོ་སུ་ཡང་རུང་། །གནས་འདིར་མཚམས་སྒྲུབ་ལོ་ཟླ་ཞག་ཏུ་འབྲེལ། །མོས་གུས་དད་པས་ཕྱག་སྐོར་མཆོད་བགྱིད་ན། །དེ་ནི་ཐར་དང་རྣམ་མཁྱེན་རྒྱུ་རུ་ངེས། །དེ་སྐད་རྗོད་བྱེད་རབ་ཡངས་པདྨའི་ཚལ། །བརྗོད་དོན་ཟིལ་དངར་སྦྲང་རྩིའི་བཅུད་བཀང་ལས། །མཐོང་ཐོས་གཏམ་གྱི་དྲི་བཞོན་གྱིས་བསྐུལ་བས། །བློ་གསལ་རྐང་དྲུག་འདུ་བའི་ཉེར་འཚོ་ལགས། །དེར་ཡང་སྙིང་པོའི་བཅུད་ལ་དགྱེས་རོལ་ནས། །ཚུལ་གནས་གསན་བསམ་བསྒོམ་པའི་འདབ་གཤོག་རྒྱས། །བཅུ་ཕྲག་རིག་པའི་མགྲིན་གླུ་སྒྲོག་བཞིན་དུ། །དགའ་བའི་ཚལ་དེ་གཡོ་བར་མ་གྱུར་ཅིག །

མདོ་སྨད་ས་ཡི་ཐིག་ལེ་བཀྲ་ཤིས་འཆི་མེད་དགའ་ཚལ་གྱི་གནས་ལ་མངོན་པར་བསྟོད་པ།

༄༅། མདོ་སྨད་ས་ཡི་ཐིག་ལེ་བཀྲ་ཤིས་འཆི་མེད་དགའ་ཚལ་གྱི་གནས་ལ་མངོན་པར་བསྟོད་པ་རྡོ་རྗེ་གླུ་མའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭ་སྟི། གང་གི་རང་བཞིན་ཟབ་ཞི་སྤྲོས་བྲལ་འདུས་མ་བྱས་པ་ཆོས་ཀྱི་སྐུ། །རྒྱུ་རྐྱེན་མཚན་མའི་རང་མཚང་ལས་འདས་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐུགས་རྗེའི་འཇུག་པ་འགྲོ་བའི་ཁམས་མཐུན་བཟོ་སྐྱེ་མཆོག་གི་སྤྲུལ་བའི་གར། །སྐུ་གསུམ་དབྱེར་མེད་པདྨ་རྒྱལ་པོས་ཚེ་རབས་ཀུན་དུ་ཤིས་པ་སྩོལ། །འགྲོ་བའི་མགོན་པོ་ཨོ་རྒྱན་ཆེན་པོ་དེའི། །ཐུགས་བསྐྱེད་སྨོན་ལམ་འཛད་མེད་ཟླ་བའི་ཟེར། །སྙིགས་དུས་ལྔ་བདོའི་མུན་སེལ་གྲུབ་བརྒྱའི་གཙོ། །འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོར་འདུད། །གང་གི་བཀའ་དྲིན་བདུད་རྩི་བཏུང་བ་ཡིས། །མཁྱེན་པའི་ལང་ཚོ་བརྩེ་བའི་གཟི་བྱིན་འབར། །ནུས་མཐུས་རྩེ་བརྒྱས་ལོག་ལྟོག་ལྷ་མིན་དཔུང་། །འཇོམས་མཛད་གཏེར་ཆེན་བླ་མ་གསང་སྔགས་གླིང་། །གང་དེར་རྔ་ཡབ་སྤྲུལ་པའི་ཕོ་བྲང་ནས། །རཀྴ་སྲིན་པོའི་ཁ་གནོན་ཐོད་ཕྲེང་རྩལ། །རྣམ་འགྱུར་སྤྲུལ་པ་འཕུར་འགྲོའི་ལུང་བྱང་གིས། །གནས་འདིར་སྒྲུབ་སྡེའི་བསྐུལ་བྱང་ངོ་མཚར་ཕུལ། །སྔོན་དུས་ཆོས་རྒྱལ་ཚངས་པའི་མེ་ཏོག་གིས། །ཐུགས་བསྐྱེད་ཁྱུང་སྐྱེས་ཤིང་རྟས་ཉེར་བསྐུལ་ཚེ། །མཁའ་འགྲོའི་དབང་ཕྱུག་མཚོ་སྐྱེས་འོད་སྟོང་དལ། །གངས་ཅན་མཁའ་རུ་མཛེས་པའི་དགའ་སྟོན་ཐོབ། །བོད་ཡུལ་མཁས་གྲུབ་པདྨའི་སྐྱེད་ཚལ་དུ། །བློ་གསལ་མགྲིན་རྔ་འཁྲོལ་བ་ངང་པའི་ཁྱུ། །རྫོགས་ལྡན་མགྲོན་དུ་བོས་པའི་སྐལ་བཟང་གིས། །གླིང་བཞིའི་དཔལ་ཀུན་ཕྱོགས་འདིར་འོང་བ་བཞིན། །མདོ་སྨད་རྒྱལ་མོ་རོང་ཞེས་ཡོངས་གྲགས་པའི། །ས་ཡི་ལྟེ་བ་བཀྲ་ཤིས་འཆི་མེད་ཚལ། །ཆོས་རྗེ་བཻ་རོ་ཡབ་སྲས་དགའ་བའི་ལྗོངས། །སྲིད་ཞིའི་ལེགས་ཚོགས་འདོད་པ་འཇོ་བའི་གནས། །ཤར་རིའི་ཕྲག་ཏུ་ཟླ་གཞོན་མཛེས་པ་བཞིན། །ས་མདོག་དཀར་འཇམ་ཞི་བའི་ལས་འགྲུབ་ཕྱིར། །ནད་གདོན་ཉེར་འཚེའི་བར་ཆད་ཆུང་བའི་གནས། །རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་ཡུལ། །གསེར་རིའི་ངོས་སུ་ཉི་གཞོན་འཁྱུད་པ་བཞིན། །པདྨ་སེར་པོས་རི་ཐང་བརྒྱན་པའི་གནས། །ཚེ་བསོད་རྒྱས་ཤིང་མི་རིགས་འཕེལ་བའི་ལྗོངས། །རིན་ཆེན་འབྱུང་གནས་ནོར་ལྷས་བསྲུང་བའི་ཡུལ། །བྱི་རུའི་ལྗོན་ཤིང་ལོ་འདབ་རྒྱས་པ་བཞིན། །བྲག་དམར་བ་གམ་ཚོམ་བུར་བརྡལ་བའི་གནས། །སྣང་སྲིད་ལྷ་མི་དབང་དུ་འདུས་པའི་ཚལ། །སྣང་བ་མཐའ་ཡས་ཐུགས་བསྐྱེད་འགྲུབ་པའི་ལྗོངས། །གཡུ་ཡི་པ་ཏྲ་ཕྱོགས་སུ་བཀྲམ་པ་བཞིན། །སྔོ་ལྗང་ཆུ་བོས་གླུ་གར་རྩེ་བའི་གནས། །མངོན་སྤྱོད་ལས་ཀྱིས་ལོག་འདྲེན་གཞོམ་མོ་ཞེས། །དོན་གྲུབ་དཔའ་བོས་དབུགས་དབྱུང་མཛད་པའི་ལྗོངས། །གླིང་བཞིའི་དབུས་སུ་ལྷུན་པོ་མཐོ་བ་བཞིན། །ཕྱོགས་ཀྱི་རི་བོ་གཞན་ལས་མངོན་པར་འཕགས། །ལྷུན་པོའི་མཐའ་རུ་རི་ཕྲན་འདུད་པ་བཞིན། །མཐའ་བསྐོར་རི་གཞན་གུས་པས་འདུད་པའི་ཚུལ། །ཤར་རིའི་ཕྲག་ནས་ཉི་ཟླའི་སྒྲོན་མེ་ཡིས། །རབ་འབྱམས་རྒྱལ་བའི་སྤྱན་གཟིགས་མཛད་པ་དང་། །དེར་བརྟེན་གྲུབ་པའི་དབང་པོས་འགྲོ་བློའི་མུན། །ཅིག་ཆར་འཇོམས་པའི་རྟེན་འབྲེལ་འགྲིགས་པའི་གནས། །ཤར་ལམ་སྟག་གི་ངར་སྒྲས་ཝ་ལ་བཞིན། །ཟབ་གཏེར་ཆོས་ཀྱི་ང་རོས་ལོག་རྟོག་རིགས། །སྤ་བཀོང་དཔའ་རྟགས་རི་མོ་བཀྲ་བའི་ལྗོངས། །ས་ཡི་བསྲུང་བཞིའི་དང་པོར་འོང་ལ་ལྟོས། །ལྷོ་ཆུ་གཡུ་འབྲུག་མ་བུ་འཕྲད་པ་བཞིན། །བསྡུ་དངོས་བཞི་ཡིས་སྐལ་ལྡན་ལེགས་བསྐྱངས་ནས། །ཆོས་སྲིད་སྨིན་གྲོལ་རྒྱུན་མི་འཆད་པའི་གནས། །ས་སྲུང་གཉིས་པས་མཐུན་འཇུག་བྱས་དང་མཚུངས། །ནུབ་ཕྱོགས་བྲག་དམར་རྨ་བྱ་འགྱིང་བ་ལྟར། །བསོད་ནམས་ཤུགས་ཀྱིས་མི་གཞན་ཟིལ་མནན་ནས། །གསང་སྔགས་རླབས་ཆེན་ཐེག་དགུའི་དོན་སྟོན་ཕྱིར། །ས་ཡི་སྲུང་གསུམ་གྲོགས་པོར་བསྡེབས་པའི་ཚུལ། །བྱང་ཕྱོགས་རུ་སྦལ་མཚོ་རུ་ཉལ་བའི་དཔེས། །རི་ཕྲན་འཕྲེད་ཉལ་རྗེ་འོག་འབངས་འཁོར་ནས། །གུས་པའི་སློབ་མས་ཅི་བསྒོས་ལས་བྱས་ཏེ། །འདྲེན་པ་གཞན་དག་རང་དབང་འགྱུར་རོ་ཞེས། །ས་ཡི་སྲུང་བཞིས་ལྟ་གོན་བྱས་པ་འདི། །ཟབ་གཏེར་གཉེར་འཛིན་པདྨའི་རྒྱལ་ཚབ་ལ། །དབང་ཆེན་ས་ཡི་བདག་པོས་ཕུལ་བའམ། །ཡང་ན་བསོད་ནམས་ལས་ཀྱི་བསྒོ་སྐལ་ལགས། །མཛེས་མཛེས་རི་རབ་ལྷུན་པོའི་ཕྲག་པ་རུ། །མཛེས་མཛེས་རྒྱུ་སྐར་རྒྱལ་པོ་བཀྲ་བ་ལྟར། །མཛེས་མཛེས་མདོ་སྨད་ས་ཡི་ཐིག་ལེ་ཆེར། །མཛེས་མཛེས་གནས་ཀྱི་མཆོག་གྱུར་འདི་ཉིད་མཛེས། །ཀུན་ནས་མཉམ་བརྡལ་སྟོང་གསུམ་ཁྱོན་ཡངས་པོར། །ཀུན་ཏུ་རྒྱུ་དང་གནས་ཆེན་སོ་གཉིས་དང་། །ཀུན་ནས་རོལ་བའི་ཡུལ་མཆོག་ཉེར་བཞི་ལས། །ཀུན་དགའི་གནས་འདི་ཛ་ལནྡྷ་རར་ངེས། །རྔ་ཡབ་གླིང་གི་རཀྴའི་རྗེ་བོ་རུ། །རྒྱལ་ཀུན་སྤྱི་གཟུགས་པད་འབྱུང་སྒྱུ་འཕྲུལ་ལས། །རྩུབ་རོང་མི་བསྲུན་དྲེགས་པའི་གཙུག་ཏོར་ཅན། །ཟབ་གསང་བསྟན་འཛིན་གྲུབ་པའི་གནས་འདི་རྒྱལ། །ལྔ་ལྡན་འོག་མིན་ས་ལ་འཕོས་འདྲའི་གནས། །ལྔ་རིག་མཁས་པ་བཻ་རོས་བསྔགས་པའི་ཡུལ། །ལྔ་བདོའི་རྒུད་པ་འཇོམས་པའི་ཡིད་བཞིན་གཏེར། །ལྔ་བརྒྱའི་གཙུག་རྒྱན་དམ་པའི་བསྟི་གནས་མཆོག །རབ་བརྟན་བྲག་རིའི་བ་གམ་ལྷུན་ཆགས་ཤིང་། །རབ་མཛེས་ལྗོན་པའི་ཟློས་གར་བསྒྱུར་བ་ལས། །རབ་མང་རི་སྐྱེས་བུ་མོས་རྩེན་པའི་གནས། །རབ་ཏུ་དབེན་པའི་ཡོན་ཏན་ཕ་མཐའ་ཡས། །རྣམ་མང་གྲོང་གི་ཆོ་གས་བྲེལ་མིན་ཡང་། །རྣམ་དཀར་འཁོར་ལོ་གསུམ་གྱིས་རྒྱལ་བསྟན་དང་། །རྣམ་གྲོལ་ས་བོན་འགྲོ་ལ་སྦྱིན་པའི་ཕྱིར། །རྣམ་མཛེས་སྒྲུབ་སྡེའི་བཀོད་པ་འདི་རྨད་བྱུང་། །ལྷ་དང་དྲང་སྲོང་འཆི་མེད་རིག་འཛིན་ཚོགས། །བདེན་ཚིག་བསྔགས་པའི་མེ་ཏོག་འཐོར་བ་དང་། །ཆབས་ཅིག་པདྨའི་རྒྱལ་ཚབ་རྒྱུན་འབྱོན་པའི། །གནས་འདི་དཔལ་གྱི་རི་བཞིན་བསྔགས་པར་འོས། །ལེགས་བཤད་སྨྲ་བའི་མཁས་མང་འདུའོ་ཞེས། །ཆགས་མེད་འདབ་ཆགས་སྙན་པའི་གླུར་ལེན་ཅིང་། །ཉམས་མྱོང་དྲོད་ཐོབ་གྲུབ་བརྒྱའི་ཕོ་བྲང་ཞེས། །བག་ཡངས་རི་དྭགས་དགའ་བས་འདུའམ་སྙམ། །འདིར་གནས་བསྐྱེད་རྫོགས་མཐར་ཕྱིན་རིག་འཛིན་གཙོ། །གཞན་སྣང་ཟིལ་གྱིས་གནོན་པའི་རྟེན་འབྲེལ་གྱིས། །ཅི་བསྒོས་ལས་བྱེད་མི་དང་མི་མ་ཡིན། །རྗེས་སུ་ཡི་རང་ཐལ་མོ་སྦྱར་ལ་ཕྱོགས། །བོད་དང་བོད་ཆེན་གཉིས་པའི་ནང་ཚན་ལས། །མདོ་སྨད་རྒྱལ་མོ་རོང་དང་ཉེ་བའི་འདབས། །དགེ་མཚན་བཀྲ་ཤིས་སྣ་ཚོགས་འདུ་བའི་གཞི། །དམ་པ་མང་པོས་བྱིན་གྱིས་རླབས་པའི་གནས། །རྩེ་མོ་ཧེ་རུ་ཀ་ཡི་ཕོ་བྲང་གནས། །ཡེ་ཤེས་རང་སྣང་ལས་གྲུབ་གཞལ་ཡས་ཁང་། །གྲུབ་པའི་གནས་མཆོག་ངོ་མཚར་བཀོད་པའི་ཞིང་། །དཔའ་བོ་དཔའ་མོ་སྤྲིན་ལྟར་འཁྲིགས་པའི་དབུས། །རང་བྱུང་པདྨ་རྒྱལ་པོ་གཟི་འོད་འབར། །བར་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་གཅིག་བསྡུས་བཛྲ་ཀུ་མ་ར། འདིའི་མཇུག་མ་ཚང་་་་མཆན།

སྨོན་ལམ་དགོན་གྱི་གནས་བསྟོད་རྨད་བྱུང་མ།

༄༅། སྨོན་ལམ་དགོན་གྱི་གནས་བསྟོད་རྨད་བྱུང་མ་བཞུགས། ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྣང་སྲིད་ཐམས་ཅད་ཡུམ་ལྔའི་དལ། །ཀུན་གསལ་དྭངས་པའི་ནམ་མཁའ་ནི། །སྟོང་པ་ཆེན་པོའི་རང་བཞིན་མཚོན། །གསལ་འགྲིབ་མེད་པའི་ཉི་ཟླ་ཟུང་། །མཁྱེན་དང་བརྩེ་བའི་ངང་ཚུལ་སྟོན། །ཁྱད་པར་སྨོ༵ན་ལ༵མ་ཕུན་ཚོགས་པའི། །གནས་མཆོག་གྲུབ་དབང་གོང་མ་ཡིས། །ཞབས་ཀྱིས་བཅག་པས་བྱིན་རླབས་ཆེ། །རི་རབ་གླང་ཆེན་ས་སྲུང་གི། །གཙུག་ཏོར་རྩེ་མོར་གསེར་ཏོག་བཞིན། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་གྱིས། །ཡུལ་ཁམས་ས་བཅུད་གསོ་བ་དང་། །འབྱུང་བཞིའི་གཡོ་འཁྲུགས་སེལ་ནུས་པའི། །གཙུག་ལག་ཆོས་སྡེ་ཁྱད་པར་འཕགས། །གཡས་སུ་སྨིན་གྲོལ་བདུད་རྩིའི་རྒྱུན། །སྐལ་ལྡན་གདུལ་བྱར་འབེབས་པ་ཡི། །རང་བཞིན་མཚོན་པའི་ཆུ་མིག་ཡོད། །གཡོན་རི་འཇམ་ཞིང་བཀོད་མཛེས་པ། །ཡར་ངོའི་ཟླ་བ་ལྟ་བུར་མཛེས། །རྒྱབ་རི་མཐོན་པོའི་ས་འཛིན་རྩེར། །རྡོ་རྗེའི་བྲག་རི་ལྷུན་མཐོ་ཞིང་། །རི་སྐེད་ནགས་ཚལ་རབ་མཛེས་པ། །རྨ་བྱའི་གདུགས་ལྟར་ལྟ་ན་སྡུག །མདུན་དུ་ནེའུ་གསེང་མཎྜལ་ལ། །ཕུན་ཚོགས་གྲོང་དང་གྲོང་ཁྱེར་ནི། །ཚོམ་བུ་བཀོད་བཞིན་ཡིད་དུ་འོང་། །གཞན་ཡང་དཀར་ཕྱོགས་དགེ་བསྙེན་གྱིས། །བསྲུང་བའི་རི་དང་བྲག་ཕུག་དང་། །ནགས་ཚལ་མེ་ཏོག་སྨན་སྣས་བརྒྱན། །ནེའུ་སེང་ཆུ་མཚོ་ལ་སོགས་པ། །སྐུ་གསུམ་རྒྱལ་པའི་རྣམ་རོལ་གྱིས། །བྱིན་གྱིས་བརླབ་པའི་གནས་སུ་གྲུབ། །དེར་གནས་སྐྱེ་འགྲོ་མཆོག་དམན་ཀུན། །རིག་པ་བདེ་གཤེགས་སྙིང་པོ་ཡི། །བཅུད་དང་ལྡན་པའི་དལ་འབྱོར་ལུས། །སངས་རྒྱས་འགྲུབ་པའི་རྟེན་མཆོག་ནི། །དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །གདུལ་བྱར་མ་གྱུར་གཅིག་ཀྱང་མེད། །དེ་ཕྱིར་སྣོད་བཅུད་རྨད་དུ་བྱུང་། །དེ་སྐད་དམ་པའི་རིགས་དབོན་གྱིས། །གནས་བསྟོད་འདི་འདྲ་དགོས་ཞེས་པར། །ཚེས་གྲངས་ཆུ་ཀླུང་ཐུན་མཚམས་ལ། །ནན་ཏན་བསྐུལ་ངོར་རྒྱལ་བའི་སྲས། །པདྨ་དོན་ལྡན་གྱིས་བྲིས་པས། །སྣོད་བཅུད་ལེགས་ཞི་བདེ་ལེགས་ཤོག། བཀྲ་ཤིས་པར་གྱུར་ཅིག། ༈ སྲིད་པའི་འཁྲི་ཤིང་སྒྲིབ་གཉིས་སྤྲིན་ཞི་ཞིང་། །མི་འཇིགས་བཞི་ཡི་གཟི་བརྗིད་ཉི་བཞིན་འཁྲིགས།། རྒྱ་སྤྲུལ་རིན་པོ་ཆེས་གསུངས་སོ།།

ངེས་ལེགས་གནས་ཀྱི་རང་བཞིན་བརྗོད་པ།

ངེས་ལེགས་གནས་ཀྱི་རང་བཞིན་བརྗོད་པ་བཞུགས༔ འཁོར་འདས་ཤེས་བྱར་སྲིད་པའི་ཆོས་སོ་ཅོག༔ ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཉེར་གཟིགས་ནས༔ མི་འཇིགས་གཞན་ལ་སྟོན་མཛད་ཐུབ་དབང་དང༔ དབྱེར་མེད་ཨོ་རྒྱན་ཐོད་ཕྲེང་རྩལ་གྱིས་སྐྱོངས༔ བོད་ཡུལ་འཕགས་མཆོག་སྤྱན་རས་གཟིགས་དབང་གི༔ གདུལ་བྱའི་ཞིང་གྱུར་གང་འདུལ་ཐབས་ཀྱིས་བཏུལ༔ ཁྱད་པར་ཐུགས་ཀྱི་ཡེ་ཤེས་སྤྲུལ་པའི་སྐུ༔ རང་བྱུང་པདྨ་རྒྱལ་པོའི་ཐུགས་རྗེའི་མཐུས༔ རྩུབ་རོང་གནས་ཀུན་བྱིན་བརླབས་ལྷ་སྲིན་བཏུལ༔ ཡང་དགོས་གདུལ་བྱའི་དབང་གིས་བཻ་རོ་རྗེ༔ བོད་ཀྱི་ཡུལ་ནས་རྒྱལ་མོ་རོང་དུ་སྤྱུགས༔ དེ་ཚེ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང༔ གཞན་དང་བྱིན་གྱིས་བརླབས་པའི་གནས་མང་པོ༔ ཀུན་ལ་བྱིན་བརླབས་ནུས་མཐུ་ཚད་མེད་ཅིང༔ ཁྱད་པར་གཙུག་ལག་ཁང་དང་ཉེར་འབྲེལ་ཞིང༔ ཡོན་ཏན་གནས་མཆོག་ཐུགས་ཆེན་སྟོད་ཀྱི་ཆར༔ བཤེས་གཉེན་དང་ནི་བླ་མ་རིག་པ་འཛིན༔ གྲུབ་པའི་རྣལ་འབྱོར་གདན་ས་ཁྱད་པར་ཅན༔ རྙིང་མའི་རྒྱུད་དང་བཀའ་དགོངས་ཕུར་པ་སོགས༔ བཀའ་གཏེར་རྒྱུད་ཀྱི་གླེགས་བམ་མང་བཞུགས་ཤིང༔ གྲུབ་དབང་རྫོགས་ཆེན་བཞི་པའི་ཞལ་སྔ་དང༔ གཡུ་སྒྲའི་རྣམ་སྤྲུལ་རྒྱ་རོང་སྤྲུལ་པའི་སྐུས༔ གནས་སུ་ལུང་བསྟན་ངེས་ལེགས་ཐེག་མཆོག་གླིང༔ འདི་ཡི་ཆོས་འཁོར་བསྐོར་བ་སྟོང་རྩ་ལ༔ མ་ཎི་དུང་ཕྱུར་སིདྡྷི་བྱེ་ཆེན་གྱི༔ ཕན་ཡོན་ཡོད་ངེས་ནད་གདོན་གྱིས་མནར་བ༔ ཚེ་ཟད་མ་གཏོགས་རྐྱེན་ངན་སེལ་ནུས་སོ༔ ཁྱད་པར་གནོད་སྦྱིན་དམར་པོ་དབང་གི་ལྷའི༔ གནས་འདིར་གསོལ་མཆོད་བརྒྱ་རྩ་བསྒྲུབ་པས་ན༔ མི་དེའི་འདོད་དོན་ཡིད་བཞིན་འགྲུབ་ངེས་སོ༔ འདི་ནི་རང་བཟོ་ངོ་བསྟོད་མ་ཡིན་པར༔ རང་བྱུང་རིག་པ་བཅོས་མེད་རང་རྩལ་ལས༔ དབྱིངས་ཀྱི་བརྡ་རིས་ཡི་གེའི་ལམ་དུ་སྤེལ༔ བྱིས་པ་འཕགས་པའི་ངང་ཚུལ་སྟོན་པ་པོ༔ རྒྱ་སྤྲུལ་བླུན་རྒན་ལུང་རྟོགས་མིང་གིས་བྲིས༔ གེགས་ཞི་ལེགས་ཚོགས་ཡར་ཟླ་ལྟར་འཕེལ་ཤོག༔ ཛ་ཡནྟུ༔

ཀ་ཀོང་སེང་གེ་ཡང་རྫོངས་ཀྱི་གནས་འདུས་ཕན་ཡོན།

༄༅། ཀ་ཀོང་སེང་གེ་ཡང་རྫོངས་ཀྱི་གནས་འདུས་ཕན་ཡོན་བཞུགས༔ ཨེ་མ་ཧོ༔ འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ༔ གང་གི་རྒྱལ་ཚབ་པདྨ་ཀཱ་ར༔ གང་དེའི་བྱིན་རླབས་སྙིང་གི་པདྨོར༔ ཡང་ཡང་ཞུགས་པའི་དཔལ་ལྡན་བླ་མར༔ སྙིང་ནས་འདུད་དོ་བརྩེ་བས་གཟིགས་ལ༔ གདུལ་བྱའི་ཤེས་རྒྱུད་ཆོས་ལ་སྐུལ་ཅིག༔ རྒྱལ་ཁམས་ཡོངས་ལ་སྤྲིང་ཡིག་འབུལ་ལོ༔ སྔོན་ཚེ་པདྨ་རྒྱལ་པོ་གང་གིས༔ རྡོ་རྗེ་ཕུར་པ་བསྒྲུབས་པའི་གནས་མཆོག༔ ཀ་ཀོང་སེང་གེ་ཡང་རྫོངས་ཞེས་པ༔ གང་འདིར་རྒྱ་བོད་གནས་ཆེན་བརྒྱ་རྩ༔ གནས་ཕྲན་སྟོང་རྩའི་གནས་འདུས་ཡོད་པས༔ རྣལ་འབྱོར་རབས་ཀྱིས་བསྐོར་བ་གཅིག་ལ༔ ཕྱག་སྟོང་མ་ཎི་དུང་ཕྱུར་ཉེར་ལྔ༔ འབྲིང་གི་བསྐོར་བ་ལྔ་ལ་མ་ཎི༔ དུང་ཕྱུར་ཉེར་ལྔའི་ཕན་ཡོན་ཡོད་ངེས༔ རྣལ་འབྱོར་ཐ་མས་དད་གུས་ངང་ནས༔ བསྐོར་བ་བཅུ་བྱས་དུང་ཕྱུར་ཉེར་ལྔ༔ ཟླ་མཚམས་གཅིག་བྱས་ལོ་གསུམ་བསྒྲུབ་དང༔ ཁྱད་པར་སྤུ་ཙམ་ཡོད་པ་མ་ཡིན༔ གཞན་ཡང་ཕྱག་འཚལ་བསྐོར་བ་ཚོགས་བསྐང༔ མར་མེ་ཇོ་དར་གཅིག་ཕུལ་ཕན་ཡོན༔ གནས་གཞན་བསྒྲུབ་ལས་ཕན་ཡོན་ཁྱད་འཕགས༔ བརྒྱ་ཕྲག་སྟོང་གི་འགྱུར་བ་ཡོད་ངེས༔ དེ་སྐད་གནས་མཆོག་ཤུག་སྒང་བཞུགས་པའི༔ པདྨའི་རྒྱལ་ཚབ་སློབ་དཔོན་ཆེན་པོས༔ ཞལ་བསྟན་གསུང་གི་དབུགས་དབྱུང་ཐོབ་པའི༔ མཆོག་སྤྲུལ་མཁས་དབང་བསྟན་པ་རྒྱལ་མཚན༔ གང་གི་རྡོ་རྗེའི་གསུང་ལ་བསླུ་བ༔ མེད་པར་ངེས་སོ་ཤེས་ལྡན་ཀུན་གྱིས༔ ཡང་དང་ཡང་དུ་དད་གུས་མཛོད་ཅིག༔ དེ་སྐད་སྨྲ་བ་བླུན་རྒན་རྒྱ་སྤྲུལ༔ ལུང་རྟོགས་བསྟན་པའི་ཉི་མས་ཕུལ་ལོ༔ ཤུ་བྷཾ༔

རང་ལ་གྲོས་འདེབས་ཀྱི་མགུར་དྲན་པའི་བསྐུལ་མ།

༄༅། རང་ལ་གྲོས་འདེབས་ཀྱི་མགུར་དྲན་པའི་བསྐུལ་མ་ཞེས་བྱ་བ་བཞུགས། མགོན་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །གང་མི་ཡི་ཟོལ་བརྟེན་སྤྲུལ་པའི་སྐུ། །རྗེ་མི་འགྱུར་ནམ་མཁའི་རྡོ་རྗེ་སྟེ། །དཔལ་ཚེ་དབང་གྲུབ་པ་རྩལ་དེས་སྐྱོངས་། །ཀྱཻ་གསོན་དང་ནིརྨ་ཀ་ཡི་མིང་། །ཁྱོད་སྐྱེ་སྔོན་རྡོ་གྲུབ་རིན་པོ་ཆེའི། །སློབ་མ་ཡི་ཁྱུ་མཆོག་འཇི༵གས་མེ༵ད་པ། །སྐ༵ལ་བཟ༵ང་གི་སྐྱེས་བུ་ཡིན་ངེས་ན། །ད་རེས་སུ་དལ་འབྱོར་མི་ལུས་འདི། །སྟོང་ལོག་གི་ངང་དུ་མ་འཇོག་པར། །རྣམ་མཁྱེན་གྱི་གོ་འཕང་མི་བསྒྲུབ་ཀྱང་། །བསམ་གཏན་དང་གཟུགས་མེད་ཅིས་མི་འབད། །ལོ་དྲུག་སྟེང་ཆོས་སྒོར་ཞུགས་ནས་བཟུང་། །དབང་ཁྲིད་ཀྱི་གདམས་པ་མང་ཞུས་ཀྱང་། །ཐོབ་ཐོབ་ཀུན་ཉམས་ལེན་མ་བྱས་ན། །མཁས་མཁས་སུ་རློམ་ཀྱང་སྙིང་པོ་ཆུང་། །ད་ལྟ་ནི་ལོ་གྲངས་བཅུ་ཕྲག་གཉིས། །ན་ཚོད་དང་ལང་ཚོ་དར་བའི་དུས། །ཟབ་ཟབ་ཀྱི་དམ་ཆོས་སྒྲུབ་འདོད་ཀྱང་། །ཡེངས་ཡེངས་ཀྱི་ངང་ལ་མི་ཚེ་འཛད། །མང་མང་གི་རྣམ་རྟོག་པ་ཏྲ་རིས། །མང་མང་དུ་བསམ་ཀྱང་འགྲུབ་པར་དཀའ། །མཛེས་མཛེས་ཀྱི་ལྟར་སྣང་ཡུལ་ལྔ་པོས། །མཁས་མཁས་སུ་བསླུ་བ་མ་གཟིགས་སམ། །ཧ་ཧ། རྣམ་རྟོག་རྟ་རྒོད་ཡན་པ་འདི། །ཡུལ་ལྔའི་ཐང་ལ་ཇེ་རྒྱུག་རྒྱུག །འདོད་ཡོན་སྦྲང་རྩིའི་ཆུ་བོ་འདི། །ཆགས་པས་བཏུང་ཀྱང་ཇེ་དགོས་དགོས། །གཉེན་བཤེས་བདུད་ཀྱི་བུ་མོ་འདིས། །བསླུ་བྲིད་བརྩེ་གདུང་ཇེ་ཆེ་ཆེ། །ངོ་བསྲུང་མཐུན་འཇུག་བྱས་ན་ཡང་། །མི་མགུ་མི་དགྱེས་ཇེ་མང་མང་། །སྡང་དགྲ་བརྩོན་པས་བཏུལ་ན་ཡང་། །འདུལ་དགོས་དགྲ་དེ་ཇེ་སྡང་སྡང་། །མང་དུ་བཏུལ་ཀྱང་ཆགས་སྡང་གིས། །ད་དུང་གནོད་པ་ཇེ་བྱེད་བྱེད། །སྒྱུ་མའི་ནོར་རྫས་བསོག་ན་ཡང་། །ཡང་ཡང་བསགས་པས་ཇེ་དགོས་དགོས། །འཆི་ཚེ་ཕན་པ་མེད་པའི་སྟེང་། །ངན་འགྲོའི་ལམ་ལ་འཁྲིད་པའི་གཞི། །དེ་བས་ཚོགས་དྲུག་རང་གྲོལ་ལྟར། །ཆོས་གཟུགས་གཞོན་ནུ་བཞིན་བཟང་ཁྱོད། །བླ་མའི་གདམས་ངག་སྟོང་ཉིད་དང་། །ཟབ་མོའི་སྙིང་རྗེའི་ཐག་པ་དེས། །རྣམ་རྟོག་རྟ་རྒོད་དེ་ཟུངས་ལ། །མཉམ་པར་བཞག་པའི་ར་བར་ཚུད། །འདོད་ཡོན་ལན་ཚྭ་ལྟ་བུ་ལ། །སྙིང་པོ་མེད་པའི་ངེས་ཤེས་ཀྱིས། །བག་ཡོད་གདམས་པའི་བདུད་རྩི་སྟེ། །གཏན་གྱི་ཟས་སུ་དེ་ཚོལ་ཅིག །གཉེན་བཤེས་བདུད་ཀྱི་ན་ཆུང་མས། །ཐར་པའི་སྲོག་རྩ་གཅོད་ངེས་ན། །ངོ་བསྲུང་སྤོང་ལ་རི་ཁྲོད་དུ། །རང་དོན་སྒྲུབས་ཤིག་སྙིང་གི་བུ། །ཞེས་རང་གིས་རང་ལ་གྲོས་སུ་གདམས་པ་དྲན་པའི་བསྐུལ་མ་ཞེས་བྱ་བ་འདི་མ་ཧཱ་ཙི་ནའི་རིགས་འཁྲུངས་སྤྲུལ་པའི་སྐུ་མཆོག་ལུང་རྟོགས་བསྟན་པའི་ཉི་མས་བྲིས་པ་མངྒ་ལཾ།

རང་ལ་གདམས་པའི་གླུ་དབྱངས་བརྩོན་པའི་ལྕགས་འདེབས།

༄༅། རང་ལ་གདམས་པའི་གླུ་དབྱངས་བརྩོན་པའི་ལྕགས་འདེབས་བཞུགས། ཉམས་རྟོགས་རྒྱུད་ལ་འཆར་བ་མོས་གུས་ཀྱི་ཁྱད་པར། །བྱིན་རླབས་ནང་ནས་འབྱུང་ངོ་དྲིན་ཆེན་གྱི་བླ་མ། །ལྟ་སྒོམ་གཤོག་རླབས་ཆེ་བས་གཡང་ས་ལ་མི་འཇིགས། །སྤྲོས་བྲལ་དོན་གྱི་རྣལ་འབྱོར་རྫོགས་ཆེན་རང་མཁྱེན་ནོ། །ལས་སྨོན་རྟེན་འབྲལ་འཛོམས་པས་དལ་འབྱོར་ཞིག་ཐོབ་ཀྱང་། །མི་རྟག་སྒྱུ་མའི་ཟློས་གར་སྣ་ཚོགས་སུ་བསྒྱུར་བས། །ནམ་ཡང་བློ་གཏད་མེད་པ་ཚེ་འདི་ཡི་བྱ་བ། །གང་བྱུང་དེས་ཆོག་བྱེད་དོ་བླ་མ་རང་མཁྱེན་ནོ། །འཛུམ་དཀར་བརྩེ་གདུང་ཆེ་བ་རྣམ་གཡེང་གི་གྲོགས་ལ། །ཟུམ་མེད་མིག་གི་དབང་པོས་ཅི་ཙམ་ཞིག་བལྟས་ཀྱང་། །སྙིང་མེད་ལག་སྟོང་འགྲིམ་ཚེ་བླ་མ་ལས་སུ་ཞིག །སྐྱབས་དང་ཟླ་གྲོགས་མེད་པས་རི་ཁྲོད་ལ་ཕེབས་ཤིག །གཉེན་བཤེས་ཟླ་གྲོགས་སྐྱོང་བའི་སེམས་ཁྲལ་གྱིས་ངལ་ཞིང་། །སྐྱིད་བདེ་ལེགས་ལེགས་འདོད་བཞིན་སྡུག་བསྔལ་གྱིས་མནར་ནས། །མི་ཚེ་གཞོན་པའི་ཉི་མ་རྒས་གྲིབ་ཀྱིས་ནོན་ན། །ཤེས་རབ་རིག་པའི་ཉེ་འབྲེལ་སྙིང་དབུས་སུ་དྲོངས་ཤིག །ཤུབས་མཛེས་གྲི་ཆུང་རྣོན་པོའི་རྐེད་རྒྱན་ཞིག་མེད་ན། །གཟུགས་མཛེས་ན་ཆུང་བུ་མོས་བརྩེ་གདུང་ཞིག་མི་འདུག །ཤེས་རབ་རལ་གྲི་རྣོན་པོའི་རྒྱན་ཆ་ཞིག་ཐོགས་དང་། །མཁའ་སྤྱོད་རིག་འཛིན་དབང་མོའི་བསུ་མ་ཞིག་ཕེབས་ཡོང་། །ཁང་མཛེས་སྒྱུ་མའི་བཀོད་པ་མདངས་སུམ་གྱི་རྨི་ལམ། །རྩྭ་གཟུགས་འཇག་མའི་རྟ་ཕོ་སྤུ་མདངས་ཀྱིས་སྤྲས་ཀྱང་། །ཆ་མེད་བར་དོ་འགྲིམ་ཚེ་བྱ་སྒྲོ་ནི་རླུང་ཁྱེར། །གཏད་མེད་སྡུག་གིས་ནོན་ཚེ་བླ་མ་རང་མཁྱེན་ནོ། །སྔར་གོས་ཉེས་ལྟུང་ཁུར་བོའི་ལྕིད་ཀྱིས་ནི་ནོན་ཅིང་། །ཕྱིན་ཆད་ངན་སོང་གཡེང་བའི་བྲག་ལམ་ནི་དོགས་ན། །སྒྲིབ་སྦྱོང་དགེ་གྲོགས་བཟང་པོའི་ལག་རྟེན་ཞིག་ཚོལ་ལ། །སྐྱབས་མཆོག་མ་ཧཱ་གུ་རུའི་བཞུགས་གནས་ལ་ཕེབས་ཤིག །མཁུར་ཚོས་ཁྲག་མདོག་ངོམ་པ་རྒྱ་སྐྱེགས་ཀྱི་རི་མོ། །དངས་ཤེལ་ལང་ཚོ་མཛེས་འདྲའི་དབང་པོ་ལྔ་དྭངས་པའི། །ཤ་ཁྲག་གཟུགས་ཀྱི་མེ་ཏོག་ཡུན་རིང་དུ་མི་གནས། །སྙིང་རུལ་འཁོས་ཆུང་སྤྲང་པོ་མཁའ་སྤྱོད་ལ་རེམས་ཤིག །སྔོན་མེད་སྙིང་ནས་གཡོ་བའི་ངེས་འབྱུང་དང་སྐྱོ་ཤས། །མི་རྟག་སྒྱུ་མའི་བསྐུལ་མ་སྐྱེ་རྒས་ཀྱི་འཕེལ་གྲིབ། །མི་ཚེ་དོན་མེད་འདའ་བའི་སློབ་དཔོན་དུ་ཕེབས་ན། །གྲུབ་དབང་རྫོགས་ཆེན་བླ་མའི་གདམས་ངག་ལ་རེམས་ཤིག །འདི་ནས་ཚིག་རྐང་ཉིས་ཆད་དམ་སྙམ། མཆན། དད་གཤིན་དཀོར་ཟས་མངར་པོའི་ཁ་ཟས་ལ་ཆགས་ན། །རྣམ་སྨིན་ལྕགས་ཀྱུའི་རྩེ་ལ་དོགས་ཟོན་ནི་དགོས་སམ། །གཟུང་ཡུལ་བསླུ་བྲིད་བདུད་ཀྱི་འཆིང་བ་ཞིག་ཡོད་ཚེ། །ཞེན་མེད་དབེན་པའི་རི་ལ་རང་ཚུགས་ཤིག་བཟུང་ནས། །ཉམས་རྟོགས་གྲུབ་པའི་གོས་རྒྱན་བཟང་པོ་ཞིག་བགོས་ལ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་ཞུགས་ཤིག །ཅེས་རང་ལ་གདམས་པའི་གླུ་དབྱངས་བརྩོན་པའི་ལྕགས་འདེབས་ཅེས་བྱ་བ་འདི་ཡང་རིག་འཛིན་ལུང་རིག་གླིང་པས་མཛད་པའོ།།

རང་ལ་གྲོས་གདབ་ཚིག་གསུམ་བཅུད་དྲིལ།

༄༅། རང་ལ་གྲོས་གདབ་ཚིག་གསུམ་བཅུད་དྲིལ་བཞུགས། དུས་གསུམ་མཁྱེན་པ་ཨོ་རྒྱན་རྗེ། །སླར་ཡང་སྙིགས་མའི་སེམས་ཅན་རྣམས། །འདུལ་ཕྱིར་རྫོགས་ཆེན་སྤྲུལ་པའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེ་དེ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །རེ་ས་སྐྱབས་གནས་མཆོག་ཏུ་བརྟེན། །གསོན་དང་རང་གིས་རང་ལ་གྲོས། །རང་ལས་ལྷག་པ་སུ་ཡིས་གདབ། །རྣམ་གཡེང་ཆོས་བརྒྱད་སྤྲང་པོ་ཁྱོད། །མདོ་མེད་མི་ཡི་ངག་ལ་ཉན། །བློ་གཏད་དོན་མེད་གཏམ་ལ་བྱེད། །དེ་ལ་འདུན་པས་འཁོར་བར་འཁྱམས། །ད་ནི་དེ་ལྟར་མ་བྱེད་པར། །བརྩེ་བའི་གྲོས་འདི་སྙིང་ལ་ཟུངས། །ཡུལ་ངན་འཁོར་བའི་གྲོང་ཁྱེར་དེར། །གྲོགས་ངན་གཉེན་འདུན་གདུང་སེམས་ཅན། །བསམ་ངན་ཆགས་སྡང་གདོན་གྱིས་ཐེབས། །ཡེངས་མ་ལམ་ལ་མི་ཚེ་ཟད། །ཡུལ་ངན་འཁོར་བའི་གྲོང་ཁྱེར་དེར། །ཆགས་ན་འགྱུར་བའི་སྡུག་བསྔལ་སོམས། །བདེ་བའི་གོ་སྐབས་མེད་པ་སོམས། །འཆི་ཚེ་ཕན་པ་མེད་པར་སོམས། །འདི་ནི་གྲོས་གདབ་དང་པོ་ཡིན། །གྲོགས་ངན་གཉེན་འདུན་གདུང་སེམས་ཅན། །ཆགས་ན་ཚོང་འདུས་མགྲོན་པོ་སོམས། །ནམ་ཡང་འདུ་འབྲལ་མེད་པ་སོམས། །མི་འདོད་བཞིན་དུ་འབྲལ་བ་སོམས། །འདི་ནི་གྲོས་གདབ་གཉིས་པ་ཡིན། །བསམ་ངན་ཆགས་སྡང་གདོན་ཆེན་དེ། །རེ་ཞིག་དུག་དང་སྦྲང་རྩི་གཉིས། །ལྷན་དུ་འདྲེས་པའི་ཁ་ཟས་འདྲ། །ཆགས་སྡང་གདོན་གྱི་དུག་རྣམས་ཀུན། །ཚེ་རབས་མང་པོའི་རྩ་ལ་ཞུགས། །རྒྱུན་མི་འཆད་པའི་སྡུག་བསྔལ་སོམས། །འདི་ནི་གྲོས་གདབ་གསུམ་པ་ཡིན། །ཡུལ་གྱི་བློ་གཏད་ཐུབ་པ་དེ། །རང་སྣང་རྣམ་དག་ཕོ་བྲང་ཡིན། །གྲོགས་ཀྱིས་བློ་གཏད་མི་བསླུ་བ། །རྒྱལ་དབང་པདྨ་འབྱུང་གནས་ཡིན། །བསམ་པ་བཟང་པོས་མི་བསླུ་བ། །ཐེ་ཚོམ་མེད་པའི་ལྷ་ཆོས་ཡིན། །མ་ཡེངས་མ་ཡེངས་མིག་མ་ཡེངས། །མིག་གི་ལྟ་སྟངས་དབྱིངས་ལ་གཏོད། །མ་ཡེངས་མ་ཡེངས་ངག་མ་ཡེངས། །ངག་གིས་བསྙེན་པ་རྒྱུན་དུ་ཟློས། །མ་ཡེངས་མ་ཡེངས་སེམས་མ་ཡེངས། །སེམས་ཉིད་སྟོང་གསལ་རང་ངོ་སྐྱོངས། །མདོར་ན་ལུས་ངག་ཡིད་གསུམ་པོ། །ཆོས་ཉིད་དབྱིངས་ལ་ཅི་གནས་མཛོད། །གདམས་ངག་གྲོས་གསུམ་མཛའ་ན་མོ། །མགྲོན་དུ་ཁུག་པའི་གཞོན་ནུ་དེ། །བདེ་ཆེན་ཡེ་ཤེས་རྩེ་དགའ་ལ། །རོལ་བཞིན་དོན་གཉིས་ལྷུན་གྲུབ་ཤོག །རང་ལ་གྲོས་གདབ་ཚིག་གསུམ་བཅུད་དྲིལ་ཅེས་བྱ་བ་གྲུབ་དབང་རྫོགས་ཆེན་བཞི་པ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། ཡོངས་འཛིན་བུདྡྷའི་མཚན་ཅན་སོགས་དམ་པ་དུ་མའི་བཀའ་འབངས་སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ་བཟང་པོས་སྨྲས་པ་དགེ་བར་གྱུར་ཅིག་གུ།།

རྫོགས་ཆེན་གནད་ཀྱི་མན་ངག་གི་དྲིས་ལན།

༄༅། རྫོགས་ཆེན་གནད་ཀྱི་མན་ངག་གི་དྲིས་ལན་བཞུགས། ན་མོ་གུ་རུ། རབ་འབྱམས་རྒྱལ་བ་ཀུན་གྱི་ཐུགས་རྗེའི་འཕྲུལ། །རབ་མང་སྐྱེ་རྒུ་ཡོངས་ཀྱི་སྐྱབས་གཅིག་པུ། །ཕ་ཅིག་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ། །མི་འགྱུར་ནམ་མཁའི་རྡོ་རྗེས་བྱིན་གྱིས་རློབས།། ལགས། ཁོ་བོ་ལ་ཉམས་དང་རྟོགས་པའི་ཡོན་ཏན་མ་མཆིས་ཀྱང་། དྲིས་པ་ལ་ལན་བཏབ་པ་འདི་བཞིན་ལགས། སྤྱིར་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དང་པོ་མ་སྐྱེས། བར་དུ་མི་གནས། ཐ་མ་འགྲོ་འོང་རྡུལ་ཙམ་མི་དམིགས་ཀྱང་། གློ་བུར་འཁྲུལ་རྟོག་གི་དབང་གིས་དངོས་པོ་དང་མཚན་མར་བཟུང་། མེད་པ་ལ་ཡོད་པ་ལྟར་བཟུང་། མི་གཙང་བ་ལ་གཙང་བར་བཟུང་། སྡུག་བསྔལ་བ་ལ་བདེ་བར་བཟུང་། མི་བདེན་པ་ལ་བདེན་པར་བཟུང་ནས་འཁྲུལ་བའི་སེམས་ཅན་རྣམས་ཁམས་གསུམ་འཁོར་བར་བརྒྱུད་མར་འཁྱམས་ནས་ཡོད་པ་རྣམས། སེམས་ཞེས་བྱ་བའི་མི་འགྱུ་དགུ་དྲན་དེའི་དབང་དུ་སོང་བ་རྣམས་དང་རང་རེ་ལ་ཁྱད་མེད་ཀྱང་། བླ་མ་དམ་པ་དང་མཇལ་ནས་རྫོགས་པ་ཆེན་པོའི་གདམས་ངག་གསན་པ་དག་གི་དགོངས་བཞེད་འདི་ལྟར་ལགས། མི་དྲན་དགུ་དྲན་འདི་སེམས་ཡིན་ལ། དེའི་རང་ངོ་ལ་རང་བབས་སུ་བཞག་པས་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་གང་དུའང་མ་གྲུབ་པ་དེ་ལ་རིག་པ་ཞེས་བྱ་བ་རྟོག་པས་མ་གོས་པ་རང་བབ་ཆེན་པོ་ཡིན་ཏེ། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟོས། །ཞེས་དང་། གཞན་ཡང་། སྔ་མ་ཇི་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པ་ཆོས་ཉིད་དོ། །ཞེས་དང་། བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོགས་གསུངས། རྒྱ་སྤྲུལ་བས་སོ།།

ཏིང་འཛིན་རྣམ་གསུམ་གྱི་གོ་དོན་མདོར་བསྡུས།

༈ ཏིང་འཛིན་རྣམ་གསུམ་གྱི་གོ་དོན་མདོར་བསྡུས་ནི། བླ་མ་ལ་ཕྱག་འཚལ་ལོ། །ཏིང་ངེ་འཛིན་རེ་རེ་ལ་སྦྱང་གཞི་དང་། སྦྱོང་བྱེད། སྦྱངས་འབྲས་གསུམ་དང་། ཇི་ལྟར་སྦྱོང་བའི་ཚུལ་ཏེ་བཞིའོ། །དང་པོ་གཞི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་དང་བྲལ་བའི་རང་བཞིན་སྟོང་པ་ཆེན་པོའི་ངང་ལ་མཉམ་པར་འཇོག་པ་སྟེ། དེའི་སྦྱང་གཞི་ནི། གཟུགས་མེད་པའི་ཁམས་ཀྱི་སེམས་ཅན་རྣམས་སྲིད་པའི་རྩ་བ་ཀུན་གཞིར་ཚོགས་བདུན་གྱི་ཤེས་པ་བག་ཆགས་དང་བཅས་པ་བག་ལ་ཉལ་བ་དང་། སྐྱེ་འགྲོ་རྣམས་འཆི་བའི་ཚེ་སྣང་མཆེད་ཐོབ་གསུམ་གྱི་མཐར་རིག་པ་སྙིང་དབུས་ཀྱི་སྦུབས་སུ་བརྒྱལ་བ་སྦྱངས་ཤིང་། སྦྱངས་འབྲས་ཆོས་ཀྱི་སྐུ་འཐོབ་པའོ། །གཉིས་པ་ལམ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྟོང་པ་ཆེན་པོ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེའི་གདངས་འགགས་པ་མེད་པ་སྟེ། དེའི་སྦྱང་གཞི་གཟུགས་ཁམས་ཀྱི་སེམས་ཅན་རྣམས་འཁྲུལ་བའི་རྟེན་བརྟེན་པ་དང་བཅས་པ་ཡིད་ཀྱི་མཁའ་ལ་བརྟེན་པའི་གཟུགས་འགགས་མེད་དུ་གསལ་བ་དང་། ཆོས་ཉིད་ཀྱི་བར་དོའི་སྒྲ་འོད་ཟེར་གསུམ་གྱི་སྣང་བ་སྣ་ཚོགས་འཆར་བ་སྦྱངས་ཤིང་། སྦྱངས་འབྲས་ངེས་པ་ལྔ་ལྡན་ལོངས་སྐུ་འཐོབ་པའོ། །གསུམ་པ་འབྲས་བུ་རྒྱུའི་ཏིང་ངེ་འཛིན་ནི། སྟོང་ཉིད་སྙིང་རྗེ་དབྱེར་མི་ཕྱེད་པའི་རིག་པ་ཡིག་འབྲུར་གསལ་བའི་དཀྱིལ་འཁོར་གྱི་སྤྲོ་གཞི་སྟེ། དེའི་སྦྱངས་གཞི་འདོད་ཁམས་ཀྱི་སེམས་ཅན་རྣམས་ལུས་ངག་ཡིད་གསུམ་རགས་པ་ལ་བརྟེན་པ་དང་། སྲིད་པ་བར་དོའི་རྣམ་ཤེས་སྐྱེ་གནས་འཚོལ་བ་ལ་འབྲེལ་བ་སྦྱངས་ཤིང་སྦྱངས་འབྲས་སྤྲུལ་སྐུས་འགྲོ་བ་འདུལ་བར་སྣང་བའོ། །རྒྱ་སྤྲུལ་གྱིས་སོ། །

ཞལ་གདམས་བླང་དོར་རབ་གསལ།

༈ ཞལ་གདམས་བླང་དོར་རབ་གསལ་བཞུགས། སྐྱབས་ཀྱི་དམ་པ་དཀོན་མཆོག་རྣམ་གསུམ་དང་། །དབྱེར་མེད་ཨོ་རྒྱན་སངས་རྒྱས་གཉིས་པ་ཉིད། །མི་ཡི་རོལ་གར་གྲུབ་དབང་རྫོགས་ཆེན་པ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་བརྟེན། །བདག་སོགས་འགྲོ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། །བློ་སྣ་ཆོས་ལ་འགྲོ་བར་བྱིན་གྱིས་རློབས། །ལེགས་པར་གསོན་དང་དད་ལྡན་མོས་གུས་ཅན། །བདག་འདྲ་རང་རྒྱུད་དྲེད་པོར་སོང་བཞིན་དུ། །གཞན་ལ་བླང་དོར་སྟོན་པ་ཁྲེལ་བའི་རྒྱུ། །འོན་ཀྱང་ཆོས་མཐུན་གཏམ་གྱིས་ཕན་པའི་ཚིག །བརྗོད་འདི་དམ་པའི་སྐྱེས་བུ་རྣམས་ཀྱི་སྲོལ། །དེ་ཕྱིར་ཅུང་ཟད་སྨྲ་ལ་གུས་པས་ཉོན། །ཐོབ་དཀའ་དལ་འབྱོར་མི་ཡི་ལུས་རྟེན་འདི། །རྙེད་དཀའ་ཨུ་དུམ་ཝ་རའི་མེ་ཏོག་འདྲ། །མཇལ་དཀའ་བླ་མ་དམ་པས་རྗེས་བཟུང་ནས། །ཞུགས་དཀའ་རྒྱལ་བའི་བསྟན་ལ་རབ་ཏུ་བྱུང་། །དེ་ལྟར་རྩ་བའི་གནས་ཀུན་འཛོམས་པའི་ཚེ། །གཏན་གྱི་འདུན་མ་བྱང་ཆུབ་སྒྲུབ་འཚལ་ལོ། །སྐྱེས་པའི་ཐ་མ་འཆི་བའི་རང་བཞིན་ཅན། །འདུས་པ་རྣམས་ཀྱང་འབྲལ་བ་ཆོས་ཉིད་སྟེ། །བསགས་པའི་མཐར་ཡང་འཛད་པར་ངེས་པའི་ཕྱིར། །འཁྲུལ་བའི་ཆོས་ལ་སྙིང་པོ་འགའ་ཡང་མེད། །མཐོན་པོར་སྣང་བ་རྒུད་པའི་ངང་ཚུལ་ལ། །བསམ་ནས་གཏན་གྱི་བདེ་བ་སྒྲུབ་འཚལ་ལོ། །ཚེ་སྲོག་ཆུ་བོ་ཤུགས་དྲག་རྒྱུན་འབབ་པ། །འཆི་བདག་རྒྱ་མཚོའི་དྲུང་དུ་མྱུར་བར་སྙེགས། །རི་གཟར་ཁ་ནས་རྦབ་རྒོད་འདྲིལ་བ་ལྟར། །འཆི་བ་དབང་མེད་བྱུང་ཚེ་བཟློག་པའི་ཐབས། །སྟོབས་དང་འབྱོར་བ་རིགས་གཟུགས་དབང་ཐང་གིས། །མི་བསྟོངས་ངེས་པས་སྙིང་ནས་ཆོས་སྒྲུབ་འཚལ། །རང་ཉིད་གཅིག་པུར་བར་དོར་འཁྱམས་དུས་སུ། །ལོངས་སྤྱོད་སྐྱེད་འཕེལ་མང་པོས་ཅི་ཞིག་བྱ། །བེམ་རིག་བྲལ་ནས་འཇིགས་སྐྲག་འབྱུང་ངེས་ན། །ཆགས་སྡང་གཉེན་བཤེས་དེས་ཀྱང་དགོས་རྒྱུ་ཆུང་། །དེ་ཕྱིར་ཚེ་རབས་འདི་ཕྱིའི་སྐྱབས་ཀྱི་མཆོག །སྙིང་པོའི་ལྷ་ཆོས་སྒྲུབ་ལ་འབད་འཚལ་ལོ། །གཏིང་ནས་ཁྱེད་ཤེས་སེམས་ལ་མ་སྐྱེས་པའི། །འཕོ་འགྱུར་བཅོས་མ་འདིས་ཀྱང་རང་ཉིད་བསླུ། །ཟོལ་མེད་སེམས་ཀྱིས་འདུལ་ཁྲིམས་མི་བསྲུང་བར། །ལྟར་སྣང་བཙུན་གཟུགས་འདིས་ཀྱང་རང་ཉིད་བསླུ། །དེ་ཕྱིར་རང་གིས་རང་ལ་མི་ཁྲེལ་བའི། །དད་དང་ཚུལ་ཁྲིམས་སྲུང་ལ་འབད་འཚལ་ལོ། །དུག་ལྔའི་གཉེན་པོར་དམ་ཆོས་མ་སོང་ན། །ནད་ལ་མི་ཕན་སྨན་དེ་དགོས་རྒྱུ་ཆུང་། །འཁོར་བ་ཟིན་མེད་བྱ་བའི་ངང་ཚུལ་ལ། །འབད་ན་གདམས་ངག་ཡོད་ཀྱང་ཕན་པ་བྲལ། །དེ་ཕྱིར་ཉོན་མོངས་འཁོར་བའི་རྩ་བ་འདི། །ཐབས་ཀྱིས་གཅོད་ལ་ནན་ཏན་བགྱིད་འཚལ་ལོ། །མདོར་ན་གང་དུ་སྐྱེས་ཀྱང་དཀོན་མཆོག་གསུམ། །གཏན་གྱི་སྐྱབས་སུ་ཤེས་པས་གསོལ་བ་ཐོབ། །དགེ་སྡིག་བླང་དོར་རང་ནུས་དང་བསྟུན་པའི། །རྒྱུ་འབྲས་བསླུ་བ་མེད་ལ་ཡིད་ཆེས་པས། །ལུས་ངག་ཡིད་གསུམ་ཆོས་དང་མཐུན་པ་ཞིག །བྱུང་ཚེ་སུ་མ་མགུ་ཡང་གཏན་ཆུས་འགྲུབ། །ཁྱད་པར་རྩ་བ་བཞི་པོ་ཆང་དང་ལྔ། །ཐར་བའི་ལམ་གྱི་རྟེན་ལས་ཉམས་པའི་རྒྱུ། །ཡིན་ཕྱིར་སྲོག་ལ་བབ་ཀྱང་བསྲུང་དགོས་པས། །དེ་དག་ཡིད་ལ་རྒྱུན་དུ་འཇོག་པ་དང་། །རབ་བྱུང་རྟགས་དང་འབྲལ་མེད་མཛད་འཚལ་ལོ། །དེ་སྐད་རྒྱལ་ཁམས་ཉུལ་བའི་དཱ་རི་དྲ། །སྤྲུལ་མིང་ལུང་རྟོགས་བསྟན་པའི་ཉིན་བྱེད་དཔལ། །བཟང་པོར་གྲགས་པས་དད་ལྡན་གང་དེ་ལ། །ཕན་པའི་སེམས་ཀྱིས་སྨྲས་པ་མངྒ་ལཾ། །དགེའོ།།

ཞལ་གདམས་སྙིང་པོ་ལེགས་པའི་ལམ་སྟོན།

༈ ཞལ་གདམས་སྙིང་པོ་ལེགས་པའི་ལམ་སྟོན་བཞུགས། རྒྱལ་བ་ཀུན་གྱི་ཐུགས་རྗེའི་རང་གཟུགས་མཆོག །རྒྱལ་སྲས་ཐུ་བོ་རིགས་གསུམ་སེམས་དཔའ་དང་། །དབྱེར་མེད་བཀའ་དྲིན་གསུམ་ལྡན་རྡོ་གྲུབ་རྗེ། །མི་འབྲལ་རིགས་ཀྱི་བདག་པོར་སྤྱི་བོས་མཆོད། །ལེགས་པར་གསོན་དང་དད་ལྡན་གཞོན་ནུ་ལགས། །བདག་འདྲ་རང་གི་དོན་ཡང་མི་འགྲུབ་ན། །དབང་སྐུར་རྒྱུད་བཤད་མན་ངག་སྟོན་པ་སོགས། །གཞན་ལ་བླང་དོར་སྟོན་པ་གད་མོའི་གནས། །འོན་ཀྱང་མཁས་གྲུབ་བླ་མས་རྗེས་བཟུང་མཐུས། །སྒྲ་འཛིན་སྣོད་དུ་གདམས་ངག་བདུད་རྩིའི་བཅུད། །ཅུང་ཟད་ཐོས་འདི་ཉམས་སུ་མ་ལོན་ཡང་། །འོན་པས་རོལ་མོ་ཇི་བཞིན་གཞན་ལ་སྒྲོགས། །བརྒྱ་ལམ་རེ་འགའི་དལ་འབྱོར་མི་ལུས་འདི། །དཔེ་ཡི་སྒོ་ནས་རྙེད་པར་དཀའ་བ་ནི། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུ་ག་དང་། །རུས་སྦལ་མགྲིན་པ་ཆུད་ལས་དཀའ་འོ་ཞེས། །བཀའ་དང་བསྟན་བཅོས་རྣམས་ལས་གསལ་བར་གསུངས། །གྲངས་ཀྱི་རྙེད་དཀའི་དཔེ་ནི་ངན་སོང་གསུམ། །མཚན་མོའི་སྐར་མ་ཇི་བཞིན་མང་བ་ལ། །མཐོ་རིས་རྣམ་གསུམ་ཉིན་མོའི་རྒྱུ་སྐར་འདྲ། །མི་ལུས་ཆོས་ལྡན་དེ་ལས་དཀོན་པར་གསུངས། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་རྣམ་དག་བསྲུང་། །སྦྱིན་པས་འབྱོར་ཞིང་བཟོད་པས་གཟུགས་བྱད་ལེགས། །རྣམ་དག་སྨོན་པས་མཚམས་སྦྱར་ཤེས་རབ་ཀྱིས། །བླང་དོར་འབྱེད་པའི་རྣམ་རིག་ལྡན་དགོས་ན། །དེ་འདྲའི་རྒྱུ་ཡང་ད་ལྟ་དཀའ་འམ་སོམས། །དཔེ་གྲངས་རྒྱུ་ཡི་སྒོ་ནས་རྙེད་དཀའ་བའི། །ད་རེས་མི་ལུས་ལན་ཅིག་ཐོབ་དུས་འདིར། །ཡེངས་མ་ལམ་ལ་མི་ཚེ་ཟད་གྱུར་ན། །ནོར་བུའི་གླིང་ནས་སྟོང་ལོག་བྱས་པ་ལྟར། །གློ་བུར་འཆི་བས་བཅོམ་ན་དོན་སྙིང་རུལ། །འདུས་བྱས་ཆོས་ཀུན་སྐད་ཅིག་རེ་རེས་འགྱུར། །དེ་ཡང་རང་གི་ལུས་ལ་དཔེ་ལོངས་དང་། །དང་པོ་བྱིས་པ་ཐལ་རྩེད་མི་ཚེ་ཟད། །བར་དུ་གཞོན་དར་དགྲ་འདུལ་གཉེན་སྐྱོང་བརྩོན། །ཐ་མ་རྒས་འཁོག་གཞན་གྱིས་བརྙས་བཅོས་བྱེད། །འདི་ལ་རྟག་པར་འཛིན་པ་བདུད་ཀྱིས་བསླུས། །དེ་ཡང་འཚོ་བའི་རྐྱེན་ནི་ཉིན་སྐར་བཞིན། །འཆི་བའི་རྐྱེན་ནི་ས་ཡི་རྡུལ་ལས་མང་། །ནམ་འཆི་ཆ་མེད་འཆི་རྐྱེན་བསམ་མི་ཁྱབ། །ཚེ་འདིའི་གྲོགས་ལ་བརྩེ་གདུང་ཅི་བྱས་ཀྱང་། །འཆི་བའི་དུས་སུ་གྲོགས་མེད་གཅིག་པུར་འགྲོ། །ཆ་མེད་བར་དོར་ཕན་པའི་ཟླ་བོ་དཀོན། །བསླུ་མེད་ཡི་དམ་ལྷ་ལ་གསོལ་བ་ཐོབ། །སྒྱུ་མའི་ནོར་རྫས་དཀའ་བས་ཅི་བསགས་ཀྱང་། །བུང་བའི་སྦྲང་རྩི་ཇི་བཞིན་ཤུལ་དུ་ལུས། །ཕན་པའི་ནོར་རྫས་ཅུང་ཟད་འཁྱེར་དབང་མེད། །བསླུ་མེད་འཕགས་པའི་ནོར་བདུན་ཅི་སོག་གྱིས། །མི་གཙང་ལུས་ལ་གཅེས་སྤྲས་ཅི་བྱས་ཀྱང་། །ཤུལ་དུ་དོར་ནས་གཞན་གྱིས་བསྲེགས་ཤིང་གཏོར། །ལྷ་ཡི་བུ་དང་འདྲ་ཡང་ངེས་པར་བསླུ། །བསླུ་མེད་ལྷར་སྣང་སྒྱུ་མའི་ཏིང་འཛིན་སོམས། །འཇམ་པའི་གོས་ཕྲུག་སེར་སྣས་ཅི་བསགས་ཀྱང་། །གོས་མེད་གཅེར་བུར་ཕུང་པོ་བྱ་ཁྱིས་ཟ། །ཕན་པའི་ཞྭ་གོས་སྣ་གཅིག་འཁྱེར་དབང་མེད། །བསླུ་མེད་གཏུམ་མོའི་གོས་བཟང་རྒྱུན་དུ་གྱོན། །དཀར་མངར་འབྲུ་ཡི་ཟས་སྣ་ཅི་བསགས་ཀྱང་། །འཆི་བའི་དུས་སུ་བཀྲེས་སྐོམ་ནད་ཀྱིས་གདུང་། །ཟས་ཀྱི་འཕྲོ་ཡང་མྱོང་བྱེད་གྲེ་བ་འགགས། །བསླུ་མེད་ཏིང་འཛིན་ཟས་ལ་བློ་གཏད་ཀྱིས། །མདོར་ན་ཚེ་འདིའི་བྱ་བ་གང་སྒྲུབ་ཀྱང་། །ཐམས་ཅད་མི་བདེན་མི་རྟག་སྒྱུ་མ་དང་། །རྨི་ལམ་ཆུ་ཟླ་མིག་ཡོར་སྤྲུལ་པ་སོགས། །སྒྱུ་མའི་དཔེ་བརྒྱད་ཉིད་དུ་ཤེས་བྱས་ནས། །ཇི་ལྟར་སྒེག་མོའི་མགོ་ལ་མེ་ཤོར་དང་། །སྡར་མའི་པང་དུ་སྦྲུལ་ཞུགས་ལྟ་བུའི་དཔེ། །སུ་དང་འགྲོགས་ཀྱང་ཚོང་དུས་མགྲོན་པོ་ལྟར། །འབྲལ་བར་ངེས་པས་འཐབ་རྩོད་ངན་ཤག་སྤོངས། །བཀོད་ལེགས་གནས་ཁང་དྲི་ཟའི་གྲོང་ཁྱེར་ལྟར། །རྟག་བརྟན་མེད་པས་གནས་ཀྱི་སོ་ཚིས་སྤོངས། །འགྲོ་བའི་ལམ་ཡང་མི་རྟག་རྨི་ལམ་འདྲ། །བསྐོར་བར་ཤེས་པས་འགྲོ་སྡོད་དོན་ལྡན་གྱིས། །གློ་བུར་རྐྱེན་གྱིས་འཆི་བའི་དུས་བྱུང་ཚེ། །ཕྱི་མ་གར་འགྲོ་དགེ་སྡིག་ལས་ལ་རག །དེ་ཡང་རང་གི་བསམ་སྤྱོད་གཉིས་ཀ་ཡིས། །ལུས་ཀྱི་ལས་གསུམ་ངག་གི་མི་དགེ་བཞི། །དེ་བཞིན་ཡིད་ཀྱི་གསུམ་སྟེ་དུག་གསུམ་གྱིས། །བསྐྱེད་པའི་འབྲས་བུ་ངན་སོང་རྣམ་གསུམ་དང་། །གནས་སྐབས་ཚེ་ཐུང་དབུལ་ཕོངས་ཁྱིམ་ཐབ་འབྲལ། །གཞན་གྱིས་བསླུ་དང་མཐུན་པའི་གྲོགས་དང་འགྲས། །རྟག་ཏུ་མི་སྙན་ཐོས་ཤིང་ཚིག་མི་བཙན། །འདོད་དོན་མི་འགྲུབ་རྟག་ཏུ་སྡུག་བསྔལ་ཞིང་། །སྐྱབས་དང་བྲལ་ནས་མུན་ནས་མུན་པར་འགྲོ། །དེ་ཕྱིར་མི་དགེ་བཅུ་པོ་དུག་བཞིན་དུ། །རང་རྒྱུད་བརྟག་ནས་རྟག་ཏུ་སྤངས་འཚལ་ལོ། །དེ་བཞིན་ཕན་བདེའི་འབྱུང་གནས་དགེ་བ་བཅུ། །གཞན་སྲོག་སྐྱོབ་དང་སྦྱིན་གཏོང་ཚངས་པར་སྤྱོད། །ལུས་ཀྱི་ལས་གསུམ་དེ་བཞིན་བདེན་པར་སྨྲ། །འཁོན་པ་ཚིག་གིས་བསྡུམས་ཤིང་བསྟོད་ཅིང་བསྔགས། །རྟག་ཏུ་གསོལ་འདེབས་བཟླས་བརྗོད་རྩོམ་པ་བཞི། །ནོར་རྫས་ཆོག་ཤེས་གཞན་ལ་ཕན་སེམས་དང་། །རྒྱུ་འབྲས་ཆོས་ལ་ཡིད་ཆེས་ངེས་ཤེས་སྐྱེས། །དེས་མཐུས་མཐོ་རིས་རྣམ་གསུམ་བདེ་བ་འཐོབ། །གནས་སྐབས་ཚེ་རིང་འབྱོར་ལྡན་མི་ལུས་ཐོབ། །ཀུན་གྱིས་མི་བསླུ་རྟག་ཏུ་གྲོགས་དང་མཐུན། །གཞན་གྱིས་བསྟོད་ཅིང་གང་སྨྲས་དོན་དང་ལྡན། །ཡིད་ལ་གང་འདོད་ལེགས་པའི་དཔལ་ཀུན་འཐོབ། །དཀོན་མཆོག་རྗེས་འཛིན་སྣང་ནས་སྣང་བར་འགྲོ། །དེ་ལྟར་དགེ་བཅུ་རྟག་ཏུ་དྲན་ཤེས་ཀྱིས། །ནན་ཏན་བགྱིད་པ་འཁྲུལ་མེད་ཡང་དག་ལམ། །ཁྱད་པར་ངན་སོང་སྡུག་བསྔལ་ཕ་མཐའ་ཡས། །ཚ་གྲང་དམྱལ་ཁམས་སྡུག་བསྔལ་ཡ་རེ་ང་། །ཁྲོ་ཆུའི་སྐོམ་དང་མེ་མུར་བཟའ་བ་དང་། །ལྕགས་བསྲེག་གོས་དང་མཚོན་ཆས་གཅོད་དང་གཏུབ། །དེ་བཞིན་ཡི་དྭགས་ཕྱི་ནང་སྒོས་ཁུར་སྒྲིབ། །རྟག་ཏུ་བཀྲེས་སྐོམ་ལོ་ཟླར་ཟས་མི་རྙེད། །ཅུང་ཟད་རྙེད་པའང་ཁོག་པར་མེ་རུ་འབར། །ཕྱིན་ཅི་ལོག་བཞིའི་སྡུག་བསྔལ་བཟོད་པར་དཀའ། །དུད་འགྲོ་བྱིང་གནས་ཁ་འཐོར་བླུན་ཞིང་རྨོངས། །མུན་པར་རང་ཤ་ཟ་ཞིང་གཞན་གྱིས་འཚེ། །བཀོལ་སྤྱོད་བརྡེག་བཙོག་གསོད་དང་མཚོན་ཆས་གཏུབ། །ངན་སོང་གནས་སུ་འཁྱམས་པའི་རྒྱུ་དང་རྐྱེན། །ཤེས་བཞིན་སྤངས་པ་ཡང་དག་ཐར་བའི་ལམ། །མདོར་ན་འཁོར་བའི་གནས་རིས་མཐོ་དམན་ཀུན། །འདུ་བྱེད་འགྱུར་དང་དེ་བཞིན་སྡུག་བསྔལ་འབྲེལ། །མེ་ཡི་འོབ་དང་མི་གཙང་འདམ་རྫབ་ལྟར། །བདེ་བའི་གོ་སྐབས་ཅུང་ཟད་མེད་པ་ལས། །ཐོག་མ་མེད་ནས་དྲིན་གྱིས་བསྐྱངས་པ་ཡི། །ཕ་མ་མཁའ་ཁྱབ་འགྲོ་བ་མ་ལུས་པ། །རྣམ་གྲོལ་རྫོགས་སངས་རྒྱས་ཀྱི་གོ་འཕང་ལ། །འགོད་པའི་དམ་བཅའ་བརྟན་པོས་ཡིད་བསྐུལ་ཏེ། །ཕྱི་ནང་གསང་བའི་དཀོན་མཆོག་རྣམ་གསུམ་ལ། །བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བ་ནི། །ཆོས་རྣམས་ཀུན་གྱི་གཞི་རྟེན་མཆོག་ཏུ་གསུངས། །དེ་ཡི་བསླབ་བྱ་གསུམ་གསུམ་ཐུན་མོང་ལྔ། །རྟག་ཏུ་འཛིན་པ་སྐྱབས་གསུམ་དགེ་བསྙེན་ཏེ། །བསླབ་ཁྲིམས་ཀུན་གྱི་རྩ་བར་ནན་ཏན་མཛོད། །དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་ནི། །གནས་སྐབས་རྐྱེན་གྲོལ་ངན་འགྲོའི་འཇིགས་ལས་ཐར། །མཐར་ཐུག་རྫོགས་སངས་རྒྱས་ཀྱི་གོ་འཕང་མཆོག །ཐོབ་པར་ཐེ་ཚོམ་མེད་ཅེས་རྒྱལ་བས་གསུངས། །དེ་ཡི་རྗེས་སུ་ཚེ་རབས་ཐོག་མེད་ནས།།རང་ལ་ཤིན་ཏུ་བརྩེ་བའི་མ་རྒན་འགྲོ། །དེ་དག་རྣམས་ཀྱི་དྲིན་དྲན་དྲིན་གཟོ་དང་། །བདེ་དང་ལྡན་འདོད་དེ་བཞིན་སྡུག་བསྔལ་བྲལ། །བདེ་དགའ་མཆོག་དང་མི་འབྲལ་བཏང་སྙོམས་ཏེ། །ཚད་མེད་བཞི་ལ་རྒྱུན་ཏུ་སློབ་འཚལ་ལོ། །ཇི་ལྟར་ལམ་དུ་འགྲོ་བར་འདོད་པ་དང་། །ཞུགས་པ་ཇི་བཞིན་སྨོན་དང་འཇུག་པའི་སེམས། །མཚན་ལྡན་དགེ་བའི་བཤེས་ལས་ལེགས་མནོས་ཏེ། །མི་ཉམས་བསླབ་བྱར་ནན་ཏན་བགྱིད་འཚལ་ལོ། །འཕགས་ཡུལ་མཁས་པའི་གཙུག་རྒྱན་ཀླུ་དབང་དང་། །རྒྱལ་བའི་སྲས་པོ་ཐོགས་མེད་རྣམ་གཉིས་ལས། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་སྲོལ། །གཉིས་ཀྱི་ལུགས་བཞིན་བརྩོན་པ་གནད་དུ་ཆེ། །སྤྱིར་ནི་རྒྱལ་བའི་ཆོས་མཛོད་མཐའ་ཡས་པ། །གཅིག་ཏུ་བསྡུས་ན་བྱང་ཆུབ་སེམས་སུ་འདུས། །དེ་ཡང་བསྡུ་ན་ཀུན་རྫོབ་དོན་དམ་གཉིས། །ཀུན་རྫོབ་སྡོམ་པ་ཆོ་ག་དག་ལས་སྐྱེས། །དོན་དམ་མཉམ་པར་བཞག་པའི་མཐུ་ལས་འཐོབ། །འདི་ལ་རྒྱུན་དུ་ནན་ཏན་བགྱིད་པ་ནི། །རྒྱལ་བ་སྲས་དང་བཅས་པའི་གཤེགས་ཤུལ་ལགས། །དུས་རྣམས་ཀུན་ཏུ་དྲན་དང་ཤེས་བཞིན་ངང་། །བསླུ་མེད་རྒྱུ་འབྲས་འདོར་ལེན་བྱེད་པ་དང་། །ལྟ་བ་བློ་འདས་སྟོང་ཉིད་རང་བཞིན་ལ། །བསྒོམ་པ་འོད་གསལ་བསྐྱེད་རྫོགས་ཟུང་འཇུག་དང་། །སྤྱོད་པ་ཁྲིམས་གཙང་འཆོལ་བར་མ་སོང་བས། །འབྲས་བུ་སྐུ་གཉིས་བསྒྲུབ་ལ་བརྩོན་འཚལ་ལོ། །དེ་ལྟར་ཐོས་པའི་སྦུབས་རྒྱ་མ་གྲོལ་ཡང་། །སྐྱེ་བས་ཐོབ་པའི་ཤེས་རབ་ལུས་རྩལ་རྫོགས། །བློ་གསལ་ཀ་ལ་པིང་ཀ་དེས་བསྐུལ་ངོར། །གཉིས་སྐྱེས་རྒན་པོའི་འཆོལ་ཚིག་ཐོལ་བྱུང་ཐལ།།

བུད་མེད་ཀྱི་ཉེས་པ་བརྗོད་པའི་གཏམ།

༈ བུད་མེད་ཀྱི་ཉེས་པ་བརྗོད་པའི་གཏམ་བཞུགས། གཞན་ཡང་བུད་མེད་གཟུགས་ནི་མར་མེ་འདྲ། །དང་པོ་མཛེས་ལ་བར་དུ་ཚ་ཞིང་བསྲེག །ཐ་མ་སྡུག་བསྔལ་ཕྱེ་ལེབ་ཇི་བཞིན་དུ། །བདག་ཉིད་བསླུ་བར་འགྱུར་འདི་མཁྱེན་འཚལ་ལོ། །བུད་མེད་གཟུགས་ལ་ཞེན་པའི་ཉེས་པ་ནི། །ངེས་འབྱུང་སྐྱོ་ཤས་དད་པ་ལྡོག་པར་འགྱུར། །ཚེ་འདིའི་བྱ་བ་རྣམས་ལ་དགའ་བར་འགྱུར། །ཚེ་ཉམས་དབུགས་དངངས་བར་གཅོད་འབྱུང་བར་འགྱུར། །ཚེ་འཕོས་དམྱལ་བའི་མེ་ནང་ལྷུང་བར་འགྱུར། །རལ་གྲིའི་ཆར་བས་ཤ་རུས་གཏུབས་པར་འགྱུར། །སྐུ་ཡི་དམ་ཚིག་མ་ལུས་ཉམས་པར་འགྱུར། །ལུས་ལ་མཛེ་དང་རྨ་དང་ནད་འབྱུང་འགྱུར། །བུད་མེད་ངག་ལ་ཉན་པས་བསླུ་བར་འགྱུར། །ངག་ནི་ལྐུག་དང་ཏིག་དང་ལྕེ་འབབ་འགྱུར། །ཤ་ཟ་མཁའ་འགྲོས་རྟག་ཏུ་བར་ཆད་འགྱུར། །ཡིད་ནི་བུད་མེད་དྲན་པས་སེམས་བསླུ་འགྱུར། །བསྐྱེད་རིམ་རྫོགས་རིམ་ཐོས་བསམ་བརྗེད་པར་འགྱུར། །ཡིད་ཀྱི་དྲན་པ་མྱོས་ཤིང་འཐིབ་པར་འགྱུར། །ཤི་ནས་མི་གཙང་ཁྲོད་དུ་སྐྱེ་བ་དང་། །འདོད་པ་མི་འགྲུབ་རྟག་ཏུ་སྡུག་བསྔལ་འགྱུར། །དེ་སོགས་ཕ་མཐའ་ཡས་ཀྱང་དེ་ཙམ་མོ། །རྩ་ལྟུང་བཅུ་བཞི་ཤེས་རབ་རང་བཞིན་ལ། །སྨོད་པར་བྱེད་པ་ཡིན་ཕྱིར་མ་རྒྱུད་ཀྱི། །ལྷ་དང་བསྲུང་མའི་ཚོགས་ལ་གུས་པས་བཤགས། །དགེ་བས་ཁྱིམ་ཐབ་རྟག་ཏུ་སྤང་བར་ཤོག །ལུང་རིག་གླིང་བས་སོ།།

ཕམ་ལྟུང་གསུམ་པའི་ཉེས་པ་སྤོང་བའི་གཏམ་རྒྱལ་བསྟན་མཛེས་པའི་རྒྱན་ཕྲེང་།

༈ སོ་ཐར་གྱི་ཕམ་ལྟུང་གསུམ་པའི་ཉེས་པ་སྤོང་བའི་གཏམ་རྒྱལ་བསྟན་མཛེས་པའི་རྒྱན་ཕྲེང་ཞེས་བྱ་བ་བཞུགས། གདོད་ནས་མི༵་འགྱུ༵ར་བསྟན་པའི་གཞི་མ་མཆོག །ཉོན་མོངས་སྤྲིན་བྲལ་ན༵མ་མཁ༵འི་ནོར་བུ་བཞིན། །འཇིག་རྟེན་གསུམ་གྱི་རྒྱན་གྱུར་འདུལ་བ་འཛིན། །བརྒྱུད་པ་ཀུན་འདུས་རྡོ༵་རྗེ༵་བླ་མར་འདུད། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །འཛིན་པར་བྱེད་ལ་བསླབ་གསུམ་གལ་ཆེ་ཡང་། །དེང་སང་རྟགས་ཙམ་འཛིན་པའི་དུས་འདི་རུ། །སྡོམ་གསུམ་བསྲུང་ལ་བུད་མེད་གེགས་སུ་སྣང་། །མི་དགེ་བཅུ་ལས་བསྐྱེད་འབྲས་སྡུག་བསྔལ་ཏེ། །དེ་དག་ཀུན་ཀྱང་ཕལ་ཆེར་བུད་མེད་ལས། །ཉེ་བར་འབྱུང་ངོ་ཚིག་འདིར་ལེགས་གསོན་དང་། །དེ་ལས་བདེ་བའི་དོན་འབྲས་འབྱུང་ཡང་སྲིད། །མངལ་གྱི་གྲོང་ཁྱེར་ལས་སྐྱེས་སྲིན་བུ་རྣམས། །ཆགས་པས་སྦྱོར་ཚེ་སྲོག་གི་དབང་པོ་འགགས། །དེ་ཕྱིར་སྲོ༵ག་གཅོ༵ད་པ་ཡང་འདི་ལ་ཚང་། །དེ་ཡི་འབྲས་བུས་ཚེ་ཐུང་ནད་མང་འགྱུར། །གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ། །བདག་གིར་བྱས་ཚེ་དེ་ཡིས་མ་བྱིན་པར། །རང་གིས་བླངས་པས་བརྐུ༵ས་པའང་དེ་ལ་ཚང་། །དེ་ཡི་འབྲས་བུས་ཡི་དྭགས་གནས་སུ་འཁྱམས། །སོ་ཐར་བྱང་སེམས་སྡོམ་པའི་རྩ་བ་ལས། །ཉམས་ནས་བུད་མེད་དག་ལ་མི༵་ཚ༵ངས་བར། །སྤྱོ༵ད་པའི་འབྲས་བུས་ཤལ་མ་རི་ལ་འཛེགས། །མི་གཙང་གང་བའི་འདམ་དུ་ལྟུང་བར་གསུངས། །གང་དང་འབྲེལ་ཚེ་གཞན་ལ་སྦ་གསང་བྱས། །རྡོ་རྗེ་བླ་མ་མཆེད་ཀྱི་དཀྱིལ་འཁོར་ལྷར། །རྫུ༵ན་དུ་སྨྲས་པས་ཚེ་རབས་གཞན་དུ་ཡང་། །ལྐུགས་དང་དིག་དང་སྡུག་བསྔལ་དཔག་མེད་མྱོང་། །དེ་བཞིན་གཞན་གྱི་བུད་མེད་དང་འབྲེལ་ཚེ། །ཕ་རོལ་དང་འཁོན་ཕྲ༵་མ༵འི་ཚིག་སྨྲས་པས། །ཚེ་རབས་གཞན་དུ་གཉེན་དང་འབྲལ་བྱེད་ཅིང་། །དགྲ་དང་ཕྲད་སོགས་སྡུག་བསྔལ་ཕ་མཐའ་ཡས། །བླ་མ་འམ་ནི་སྙིང་ཉེ་གྲོགས་པོས་ཀྱང་། །དེ་ལས་ཟློག་པར་བསྐུལ་ཚེ་ཚི༵ག་ཀྱང་བཅག །ཐུགས་སེམས་དཀྲུགས་སོགས་ཉེས་པས་ཕྱི་མ་ཡི། །སྐྱེ་གནས་དེ་ལ་གཞན་གྱིས་སྨོད་ཅིང་སྡང་། །བུད་མེད་ཚིག་ལ་ཚུལ་བཞིན་མཉན་པ་ཡིས། །ང༵ག་འཁྱ༵ལ་སྣ་ཚོགས་བདག་ཡིད་བསླུ་བ་དང་། །རང་ཡང་དེ་རྗེས་འབྲངས་བས་གནས་སྐབས་སུ། །ཚིག་མི་བཙུན་ཞིང་མཐར་ཐུག་ངན་འགྲོའི་རྒྱུ། །གང་གི་གཟུགས་དང་སྤྱོད་ལམ་ལ་ཞེན་པས། །བརྣ༵བ་སེ༵མས་སྐྱེ་ཞིང་འདོད་པས་ཆོག་མི་ཤེས། །དེ་འབྲས་ལྷ་མིས་སྨོད་ཅིང་འདོད་པའི་དོན། །ནམ་ཡང་མི་འགྲུབ་འདི་ཕྱིར་སྡུག་བསྔལ་སྐྱེད། །རང་གིས་འདོད་པའི་བུད་མེད་དེ་ཉིད་ལ། །གཞན་རྣམས་འབྲེལ་མཐོང་གནོ༵ད་སེ༵མས་མེར་འབར་བས། །ཚེ་རབས་ཀུན་ཏུ་བསགས་པའི་ལེགས་བྱས་ཀྱི། །ས་བོན་བསྲེག་ཅེས་ཐུབ་དབང་ཞལ་ནས་གསུངས། །བླ་མའི་གསུང་གཅོག་ཆོས་ལ་ལོ༵ག་པར་བལྟ༵ས། །བུད་མེད་རྗེས་འབྲང་མ་རྒྱུད་མཁའ་འགྲོ་ཁྲོས། །ཚེ་འདིར་འཇིགས་མང་ཕྱི་མ་ངན་འགྲོར་ལྟུང་། །དེ་ཕྱིར་མི་དགེ་བཅུ་པོའང་འདི་ལ་ཚང་། །དེས་ན་མི་དགེ་སྣ་ཚོགས་བསྐྱེད་པའི་གཞི། །བུད་མེད་དག་ལ་ཆགས་པའི་བློ་ལོག་ཏེ། །ཡང་དག་ཚུལ་ཁྲིམས་ལེགས་པར་བསྲུང་བྱས་ནས། །རྣམ་ཀུན་བདེ་བའི་ལམ་ལ་འགྲོ་བར་ཤོག །དེ་སྐད་སྤྲུལ་མིང་ལུང་རིག་མིང་ཅན་གྱིས། །སྙིགས་དུས་སེར་གཟུགས་བུད་མེད་བསླུས་མཐོང་བས། །རང་གཞན་ཡོངས་ལ་ཕན་པའི་སེམས་ཀྱིས་བྲིས། །ཉེས་མཆིས་མ་རྒྱུད་མཁའ་འགྲོར་བཟོད་པར་གསོལ།། དགེའོ།། དགེའོ།། དགེའོ།།

མཐོང་ཆོས་བཅུ་བཞིའི་གླུ་དབྱངས།

༈ མཐོང་ཆོས་བཅུ་བཞིའི་གླུ་དབྱངས་བཞུགས། རྒྱལ་ཀུན་ངོ་བོ་དྲིན་ཆེན་བླ་མ་དེ། །བྱང་ཆུབ་བར་དུ་སྤྱི་བོའི་རྒྱན་དུ་མཆོད། །འཁྲུལ་བའི་སྨིག་སྒྱུས་བསླུས་པའི་རི་དྭགས་གྲོགས། །འགའ་ཞིག་མ་ཡེངས་དར་ཅིག་ཚུར་ལ་གསོན། །ངས་ནི་འཁོར་འདས་བརྗོད་པའི་ལྟད་མོ་ལ། །འཁྲུལ་སྣང་རྫུན་ཕུག་ལྡིབ་པའི་དཔེ་གཅིག་མཐོང་། །གཟུགས་མཛེས་ནམ་མཁའི་འཇའ་ཚོན་རི་མོ་ལ། །བལྟས་ཚེ་གཟུགས་ཀྱིས་བསླུས་པ་དེ་ནས་མཐོང་། །སྒྲ་སྙན་བསྟོད་སྨད་ཡལ་བའི་བྲག་ཆ་ལ། །ཉན་ཚེ་སྒྲ་ཡིས་བསླུས་པ་དེ་ནས་མཐོང་། །དྲི་ཞིམ་དབྱིངས་སུ་ཡལ་བའི་ལྟད་མོ་ལ། །དཔྱད་ཚེ་དྲི་ཡིས་བསླུས་པ་དེ་ནས་མཐོང་། །རོ་མངར་མི་གཙང་བརྡལ་བའི་ཕུང་པོ་ལ། །བསམ་ཚེ་རོ་ཡིས་བསླུས་པ་དེ་ནས་མཐོང་། །ཟངས་གླིང་ཚོང་པ་སྲིན་མོའི་འབྲལ་བ་ལ། །གཞིག་ཚེ་རེག་བྱས་བསླུས་པ་དེ་ནས་མཐོང་། །འཁྲུལ་སྣང་སྤྲིན་ཕུང་དབྱིངས་སུ་ཡལ་བའི་ཚེ། །རྣམ་རྟོག་གྲོགས་སུ་འཆར་བ་དེ་ནས་མཐོང་། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཉམས་མྱོང་དེས། །བར་དོ་ཆོད་དམ་མི་ཆོད་དེ་ནས་མཐོང་། །མི་གཙང་ཁྲོད་ནས་ནོར་བུ་རྙེད་པ་ལྟར། །དལ་འབྱོར་ལུས་འདི་ཤིན་ཏུ་དཀོན་པར་མཐོང་། །ཤིང་ལས་ལོ་འདབ་སོ་སོར་བྲལ་བ་ལྟར། །འདུས་བྱས་མི་རྟག་སྣང་ཚུལ་འགྱུར་བར་མཐོང་། །དེང་དུས་བཙུན་གཟུགས་མོ་སྲེད་བྱི་ལ་ལྟར། །བདག་བསྟོད་གཞན་སྨོད་འཆི་ཚེ་འགྱོད་པ་མཐོང་། །རྨི་ལམ་ཡུལ་གྱི་བདེ་སྐྱིད་སྡུག་བསྔལ་ལྟར། །འཁྲུལ་སྣང་བདེ་སྡུག་སྙིང་པོ་མེད་པར་མཐོང་། །ཚེ་གཅིག་ནོར་དང་ཉིན་གཅིག་ཟས་བརྗེ་ལྟར། །ཚེ་འདིའི་དོན་དུ་གཏན་ཆུས་བསྐྱུར་བར་མཐོང་། །མི་མེད་ལུང་པའི་རི་ཁྲོད་འགྲིམ་ནུས་ན། །ཉམས་དང་རྟོགས་པའི་ཡོན་ཏན་ཡོད་པར་མཐོང་། །དེ་ལྟར་མཐོང་ཆོས་བཅུ་བཞིའི་གླུ་དབྱངས་འདི། །སྐལ་ལྡན་གྲོགས་པོའི་སྤྱན་སྔར་གཟིགས་སུ་ཆུག །སྤྲང་པོ་རྒྱ་སྤྲུལ་གཅོལ་པོའི་འཆོལ་གཏམ་ལགས།

འཁོར་བའི་སྡུག་བསྔལ་དང་འབྲེལ་བའི་ཞལ་གདམས།

༈ འཁོར་བའི་སྡུག་བསྔལ་དང་འབྲེལ་བའི་ཞལ་གདམས་བཞུགས། དུས་གསུམ་མཁྱེན་པ་པདྨ་འབྱུང་། །དྲིན་ཆེན་རྩ་བའི་བླ་མ་རྗེ། །རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེ། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འུ་ཅག་གཞོན་པ་ཐམས་ཅད་ཀྱང་། །ད་ལྟ་བདེ་སྣང་སྐྱེ་ན་ཡང་། །བདེ་བའི་གོ་སྐབས་ཅུང་ཟད་མེད། །དང་པོ་སྐྱེ་བའི་སྡུག་བསྔལ་ནི། །བར་དོའི་རྣམ་ཤེས་འཁྱམས་པོ་དེ། །མ་ཡི་མངལ་དུ་ཞུགས་པ་ན། །ལྕགས་ཁང་སྒོ་མེད་ནང་ཚུད་འདྲ། །ས་ཆུ་མེ་རླུང་འབྱུང་བ་བཞིའི། །ས་ཡི་འོག་ཏུ་སོང་འདྲ་དང་། །ཆུ་རླབས་རྦ་ལ་གཡེང་བ་དང་། །མེ་ཡི་ནང་དུ་ཚིག་པ་དང་། །རླུང་གིས་ཁྱེར་ནས་འགྲོ་བ་སོགས། །སྡུག་བསྔལ་བསམ་གྱིས་མི་ཁྱབ་ཡོད། །དེ་ནས་སྐྱེ་བའི་དུས་ཙམ་ན། །བསྡུས་འཇོམས་དམྱལ་བའི་སྡུག་བསྔལ་ཡོད། །མ་ཡིས་ལག་ཏུ་བླང་བ་ན། །འཇིགས་སྐྲག་སྡུག་བསྔལ་བསམ་མི་ཁྱབ། །གོས་སུ་དྲོ་འཇམ་གང་བསྐོན་ཀྱང་། །ཚེར་མ་ལྟ་བུའི་རྩུབ་མོར་སྣང་། །ཁ་ཟས་ཞིམ་དགུ་གང་བྱིན་ཀྱང་། །བཙན་དུག་ངར་མ་ཟོས་པ་ལྟར། །ཚ་གྲང་སྡུག་བསྔལ་བཟོད་བླགས་མེད། །དེ་ནས་ལང་ཚོ་དར་ལ་བབས། །གཞོན་ནུའི་དུས་སུ་སྡུག་བསྔལ་ཆེ། །གཉེན་དང་བྲལ་བའི་སྡུག་བསྔལ་ཡོད། །རང་ལ་ནོར་རྫས་མེད་པ་བས། །གཞན་ལ་ཡོད་པར་སེམས་ཁྲལ་ཆེ། །དགྲ་དང་འཕྲད་པའི་སྡུག་བསྔལ་ཡོད། །སྔོན་གྱི་ལས་ལ་མ་གྲུབ་ན། །ནོར་བསགས་ཀྱང་སོགས་པའི་དུས་མ་མཆིས། །འཕགས་པའི་ནོར་བདུན་མ་བསགས་ན། །ནོར་བསགས་ཀྱང་འཆི་ཚེ་ཕན་པ་མེད། །ལུས་མེ་ཏོག་བཞིན་དུ་མཛེས་ན་ཡང་། །ལོ་གཅིག་ལོ་གཉིས་སོང་ཙམ་ན། །རྒས་པའི་སྡུག་བསྔལ་བསམ་མི་ཁྱབ། །མེ་ཏོག་སད་ཀྱིས་ཁྱེར་བ་འདྲ། །དེ་ཨི་འདྲ་རྒས་པའི་མི་ལ་ལྟོས། །གོས་འཇའ་ཚོན་བཞིན་དུ་མཛེས་ན་ཡང་། །ལོ་གཅིག་ལོ་གཉིས་སོང་ཙམ་ན། །མདོག་རྙིང་ནས་འཇའ་རིས་ཡལ་བ་འདྲ། །དེ་ཨི་འདྲ་རྙིང་པའི་གོས་ལ་ལྟོས། །མཚན་སྙན་གྲགས་ནམ་མཁའི་འབྲུག་འདྲ་ཡང་། །རང་འཆི་ཚེ་ཅུང་ཟད་མི་ཕན་པས། །གཏམ་སྙིང་པོ་མེད་པས་བྲག་ཆ་འདྲ། །དེ་ཨི་འདྲ་བྲག་ཆའི་སྒྲ་ལ་ཉོན། །ནོར་ལོངས་སྤྱོད་བསམ་མི་ཁྱབ་པ་ཡི། །སྟོབས་མངའ་ཐང་འཁོར་ལོས་བསྒྱུར་འདྲ་ཡང་། །རང་འཆི་ཚེ་མདང་གི་རྨི་ལམ་འདྲ། །དེ་ཨི་འདྲ་མདང་གི་རྨི་ལམ་ཀུན། །དུས་ད་ནང་གཅིག་ཀྱང་མེད་པར་ལྟོས། །གཉེན་མཛའ་བཤེས་ཅི་ཙམ་མང་གྱུར་ཀྱང་། །རང་འཆི་ཚེ་ཅུང་ཟད་མི་ཕན་པ། །དཔེ་ཚོང་དུས་མགྲོན་པོ་འཚོགས་པ་འདྲ། །དེ་ཨི་འདྲ་ཕྱོགས་ནས་འདུས་པ་ཡི། །ཚོང་པ་ཀུན་སོ་སོར་གྱེས་ལ་ལྟོས། །དོན་དེ་དག་སོམས་ལ་ལྷ་ཆོས་མཛོད། །ཆོས་ངེས་པར་སྙིང་ནས་སྒྲུབ་འདོད་ན། །ཕ་ཡུལ་ཀུན་བདུད་ཀྱི་བཙོན་ར་ཡིན། །དེར་བསྡད་ན་ཆགས་སྡང་རྨོངས་གསུམ་དང་། །ཕྲག་དོག་གི་ཟུག་རྔུས་རང་ཉིད་མནར། །རྣམ་གཡེང་གི་ངང་དུ་མི་ཚེ་འཛད། །འཆི་ཚེ་ནི་ལག་སྟོང་ངང་དུ་འགྲོ། །ཁང་ཁྱིམ་ནི་དམྱལ་བའི་ལྕགས་མཁར་འདྲ། །དགྲ་རྣམས་ལ་ཞེ་སྡང་འཛད་པ་མེད། །བཀོད་ལེགས་ལ་བལྟས་ན་འཆིང་བའི་རྒྱུ། །རང་ཉིད་ལ་འདུག་དབང་ཡོད་པ་མིན། །ཆུང་མ་ནི་སྲིན་མོ་འཛུམ་མདངས་ཅན། །ཁ་དོག་ལ་བལྟས་ན་ལྷ་མོ་འདྲ། །ཐར་ལམ་ལ་བར་ཆད་བདུད་མོ་ཡིན། །གཏམ་ངན་དང་མི་ཁའི་སྣ་འདྲེན་ཡིན། །ངན་སོང་དང་དམྱལ་བའི་གཏིང་རྡོ་ཡིན། །བུད་མེད་ལ་ཉེས་སྐྱོན་བསམ་མི་ཁྱབ། །དེ་དག་ལ་བལྟས་ན་སྡུག་བསྔལ་རྒྱུ། །ཕ་ཡུལ་དུ་རི་ཁྲོད་དབེན་པ་བརྟེན། །ཁང་ཁྱིམ་དུ་བྲག་ཕུག་ཞྭ་ལྟར་གྱོན། །ནོར་རྫས་སུ་དམ་ཆོས་བཟང་པོ་སོག །ཁ་ཟས་ཀྱི་འཚོ་བ་སློང་མོ་ལེགས། །གཏན་གྲོགས་སུ་རྩ་བའི་བླ་མ་སྒོམ། །ཚེ་འདི་ཡི་བྱ་བ་ཐམས་ཅད་ཀུན། །རྨི་ལམ་དང་སྒྱུ་མའི་ལམ་ཁྱེར་མཛོད། །དོན་དེ་ལས་མེད་དོ་སྙིང་ལ་ཟུངས། །རྒྱ་སྤྲུལ་རྒན་པོས་སྨྲས་པའོ།།

འཁོར་བའི་མཚང་སྟོན་སྐྱོ་བའི་མགུར་མ།

༈ འཁོར་བའི་མཚང་སྟོན་སྐྱོ་བའི་མགུར་མ་བཞུགས། རྗེ་སྐྱབས་མཆོག་པདྨ་འབྱུང་གནས་ཀྱིས། །མ་འགྲོ་ངོར་མངལ་སྐྱེས་ཤ་ཁྲག་གཟུགས། །གང་མཐོང་བའི་དོན་དང་ལྡན་མཛད་པ། །དཔལ་བླ་མ་རིན་པོ་ཆེ་ལ་འདུད། །སེམས་སྐྱོ་ཤས་མཆི་མའི་རྦ་རླབས་འཁྲུགས། །ལས་གང་བྱས་སྙིང་པོ་མེད་པར་མཐོང་། །ཚེ་འདིར་སྣང་བརྩེ་གདུང་འཁྲི་བ་ཅན། །བདག་གཏན་དོན་འགྲུབ་པར་བྱིན་གྱིས་རློབས། །ཡིད་གདུང་བའི་དྲྭ་བས་བཅིང་གྱུར་ཀྱང་། །མ་འགྲོ་ཀུན་འཁོར་བའི་རྒྱ་མཚོ་ནས། །འདོན་ནུས་པའི་སྙིང་སྟོབས་ཤིག་ཡོད་ན། །དུས་ད་ལྟ་ལྷ་ཆོས་ཅིས་མི་སྒྲུབ། །དུས་ནམ་ཟླ་དབྱར་དགུན་རེས་མོས་འགྱུར། །མི་བཟང་པོའི་སྤྱོད་པ་གྲོགས་ཀྱིས་བསྒྱུར། །གཏམ་ལབ་མོ་ཡུན་དུ་རྟག་མི་ནུས། །རང་གཞན་གྱི་བསམ་སྦྱོར་མཐོང་ཙ་ན། །སེམས་བུ་གཅིག་ཤི་བའི་མ་དང་མཚུངས། །ལུས་གང་འདུག་འགྲོ་ལྡང་སྡོད་མི་ཚུགས། །རྗེ་པདྨའི་མཚན་ཅན་རིན་པོ་ཆེ། །བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །རྟེན་རྙེད་དཀའི་མི་ལུས་སྐྱེ་འཆི་གཉིས། །གྲོགས་བརྩེ་གདུང་ཅན་དེ་འདུ་འབྲལ་གཉིས། །ནོར་ལོངས་སྤྱོད་འཛོམས་པ་བསོག་འཛད་གཉིས། །འདི་རེས་མོས་བཞིན་དུ་འོང་བར་ངེས། །ལུས་མཛེས་པའི་ཁ་ཏོག་གསར་རྙིང་གཉིས། །སེམས་དཔའ་བོའི་སྙིང་སྟོབས་དཔའ་ཞུམ་གཉིས། །གཏམ་བཟང་ངན་བསྟོད་དང་སྨད་པ་གཉིས། །དེ་རེས་མོས་འགྱུར་ལྡོག་མཐོང་ཙ་ན། །སེམས་འཁོར་བ་འདི་ལ་ཡི་རེ་ཆད། །ལས་བྱས་པ་ཐམས་ཅད་སྡུག་བསྔལ་རྒྱུ། །དོན་དེ་ལ་རྟོག་དཔྱོད་ཞིབ་མོ་མཛོད།།

ཞལ་གདམས་མན་ངག་ཀུན་འདུས།

༈ ཞལ་གདམས་མན་ངག་ཀུན་འདུས་བཞུགས། རྒྱལ་ཀུན་མཁྱེན་བརྩེའི་ནུས་མཐུ་ཆ་མཉམ་པ། །གངས་ཅན་འགྲོ་ལ་བཀའ་དྲིན་རྨད་བྱུང་བའི། །མཚོ་སྐྱེས་རྡོ་རྗེའི་ཞལ་སྐྱིན་དམ་པའི་མཆོག །གྲུབ་དབང་རྫོགས་ཆེན་བླ་མར་སྙིང་ནས་འདུད། །ཐུབ་གསུང་ཟབ་རྒྱས་ཆོས་ཀྱི་ཆུ་ཀླུང་ཀུན། །ཁྱོད་ཐུགས་མཁྱེན་པའི་རྒྱ་མཚོར་རོ་གཅིག་ཀྱང་། །མཁས་པའི་མི་ལ་དྲན་གསོ་ཇི་བཞིན་དུ། །སྤྱི་བརྟོལ་བསྐྱེད་དེ་གསུང་ལན་ཉུང་ངུར་ཞུ། །སྔོན་བསགས་བསོད་ནམས་ལྡན་པ་དམ་པའི་རིགས། །ལུགས་ཟུང་ཆོས་ལ་མཁྱེན་པའི་སྤྱན་རས་རྒྱས། །མཁའ་ལྟར་ཡངས་པས་རྐྱེན་ངན་གང་ཡང་བཟོད། །ཁྱོད་འདྲའི་རྣམ་འདྲེན་ནོར་བུའི་རྒྱལ་དང་མཚུངས། །འོན་ཀྱང་རང་རེ་དམ་སེལ་མེད་པ་དང་། །ཆུང་ནས་འདྲིས་ཤིང་ཁ་སེམས་མཐུན་པའི་ཕྱིར། །གཡོ་སྒྱུའི་ཚིག་གིས་ཟོལ་བསྟོད་མི་བྱ་བར། །ཐད་ཀའི་གཏམ་གྱི་གླེང་མོ་འདི་བཞིན་ཐལ། །མང་ཡང་ཆོས་ཀྱི་རྣམ་གྲངས་སྐར་ཚོགས་འདྲ། །འདི་ཡི་ཕ་མཐའ་ཆོད་པ་བརྒྱ་ལམ་ཙམ། །དགོས་དགོས་འཇིག་རྟེན་བྱ་བ་ཆུ་རླབས་འདྲ། །འདི་ཀུན་ཕུན་སུམ་ཚོགས་པ་ཨུ་དུམ་ཝར། །མཛེས་མཛེས་གཞོན་པའི་ལང་ཚོ་ནམ་མཁའི་འཇའ། །འདི་ལ་སྙིང་པོ་འདོད་པ་བྱིས་པའི་བློ། །བདེན་བདེན་སྒྱུ་མའི་ནོར་རྫས་བུང་བའི་རྩི། །ཅི་ཙམ་གཅེས་པར་བཟུང་ཡང་ཤུལ་དུ་ལུས། །འཁྲུལ་སྣང་ཚེ་འདིའི་ཆེ་མཐོ་སྙན་གྲགས་སོགས། །འབད་པས་བསྒྲུབ་ཀྱང་ཕན་མེད་རྨི་ལམ་ནོར། །འཇིགས་འཇིགས་འཆི་བདག་སྲིན་མོའི་སྡང་མིག་གིས། །ས་གསུམ་སྐྱེ་བོ་ཟིལ་གྱིས་གནོན་ལ་དགོངས། །འུ་ཅག་ཚེ་འདིའི་ལྷག་མ་ཅུང་ཟད་ཅིག །འདུག་གམ་འདུག་ན་སྙིང་པོའི་ལྷ་ཆོས་ལ། །ཞེ་བཅད་དམ་བཅའ་བརྟན་པོ་མི་བྱེད་པར། །རྣམ་གཡེང་ལོག་འཚོའི་དབང་དུ་སོང་འདི་ནོར། །ད་ནི་སྔོན་ཆད་ཐོས་པའི་ཆོས་རྣམས་ཀུན། །ཚིག་གི་རྗེས་སུ་ཤོར་བས་ན་ཡམ་ཡིན། །མང་མང་ཆོས་དོན་བསམ་པའི་རྣམ་རྟོག་ཀུན། །འདི་ཡིན་གཏད་སོ་མེད་དེ་ཁྲམ་པའི་གཏམ། །འཁོར་འདས་ཆོས་ཀུན་ཡེ་ནས་སྟོང་པ་ལ། །རྟོག་པས་བཟང་ངན་གཉིས་སུ་བཅོས་འདི་མཚར། །སྤྱོད་པའི་རྣམ་གྲངས་ཆོས་དང་མཐུན་དགོས་ཀྱང་། །ཤེས་བཞིན་དཀར་ནག་ཁྲ་བོར་བྱེད་འདི་ཅི། །ལྟ་བ་བློ་འདས་སྤྲོས་དང་བྲལ་ཟེར་ཡང་། །གོ་ཡུལ་ཡིད་དཔྱོད་འཁྲུལ་བས་བཅིང་འདི་ཅི། །སྒོམ་པ་ཡེང་འཁྲུལ་གཉིས་ལས་འདས་དགོས་ཀྱང་། །བློ་ཡིས་བཅོས་ཏེ་སྤང་གཉེན་བྱེད་འདི་ཅི། །འབྲས་བུ་ཡེ་ནས་རང་ལས་གཞན་མེད་ཀྱང་། །ད་གཟོད་བཟང་པོ་གསར་དུ་བསྒྲུབ་འདི་ཅི། །རང་བཞིན་རྫོགས་པ་ཆེན་པོའི་གསང་ཚིག་ལ། །གོ་ཡུལ་སྟོང་ལྟའི་དབང་དུ་ཤོར་བ་འཁྲུལ། །ཆོས་རྣམས་རང་བཞིན་སྟོང་ཉིད་རོ་གཅིག་ཕྱིར། །བདག་མེད་ཆོས་ཀྱི་སྙིང་པོ་ཉམས་ལེན་ཞུ། །ཚུལ་འཆོས་བཅོས་མའི་ཀུན་སྤྱོད་འདིས་བསླུས་པས། །ཟོལ་མེད་དམ་པའི་རྣམ་ཐར་རྗེས་སུ་སྐྱོངས། །བདེན་འཛིན་ཤོམ་རའི་བློ་རྒྱ་འདི་བསྐྱུངས་ལ། །གང་བབས་ཐད་ཀའི་རྟོག་པ་རང་སར་ཀློད། །ད་ལྟ་འཆི་བའི་ལ་ཆེན་བརྒལ་ན་ཡང་། །མི་འཇིགས་ལྟ་བའི་གདེངས་ཀྱི་སྐྱེལ་མ་དགོས། །ལོག་འཚོའི་རྙེད་པ་སྤྲིན་ལྟར་འདུས་ན་ཡང་། །སྣང་བས་མི་འཆིང་ཞེན་པ་གཏིང་ནས་ཆོད། །གང་བྱུང་རང་གཞན་ཚོགས་གཉིས་བསགས་པའི་ཕྱིར། །མཆོད་སྦྱིན་ཕྱོགས་སུ་གཏོང་བའི་གཏེར་སྒོ་ཕྱེས། །གཞན་སྐྱོན་མཐོང་བ་རང་སྣང་མ་དག་པས། །གང་སྣང་ལྷ་དང་བླ་མའི་ལམ་ཁྱེར་མཛོད། །སྒྲ་གྲགས་བཟང་ངན་བྲག་ཆའི་རྗེས་འགྲོ་བས། །སྙན་གྲགས་སྒྲུབ་པའི་བློ་ངན་གཏིང་ནས་ཕྱུངས། །འཁོར་སློབ་སྣ་ཚོགས་ལོག་སྒྲུབ་སྔོན་གྱི་ལས། །ཅི་མི་སྙམ་པའི་བཟོད་པས་ལས་སྒྲིབ་སྦྱོངས། །གནས་ཁང་བཀོད་ལེགས་ཁང་ཁྱིམ་ལྟ་བུ་ལ། །ཞེན་པ་གཏིང་ཕྱུངས་དག་པའི་ཞིང་ཁམས་སྦྱོངས། །གཉེན་གྲོགས་འདུས་ཚོགས་དོན་མཐུན་མགྲོན་པོ་ལྟར། །བློ་གཏད་མི་འདུག་བླ་མར་མོས་གུས་རེམ། །ལོངས་སྤྱོད་འབྱོར་བ་སྟོན་ཀའི་སྤྲིན་འདྲ་བས། །ཅི་འགྱུར་མི་ཤེས་འཕགས་པའི་ནོར་བདུན་སོགས། །མི་གཙང་རང་ལུས་ནམ་འདོར་ཆ་མེད་པས། །མཚན་དཔེའི་བདག་ཉིད་སྐུ་ཡི་ལམ་ཁྱེར་མཛོད། །ཅི་སྨྲས་ཚིག་ཀུན་སྐྱེ་འགགས་མཐའ་བྲལ་ཕྱིར། །སྨྲ་བཅད་ངང་ནས་གྲགས་སྟོང་བཟླས་པར་འབུངས། །ཡིད་ཀྱི་དྲན་རྟོག་ཕྲ་ཞིང་ཟབ་པའི་ཕྱིར། །སྟོང་གསལ་འགག་མེད་རྒྱལ་བའི་ཐུགས་སུ་སྦྱོངས།།

རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཞལ་གདམས་བདུད་རྩིའི་ཐིགས་པ།

༈ རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཞལ་གདམས་བདུད་རྩིའི་ཐིགས་པ་བཞུགས། འགྲོ་བའི་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ། །མི་འབྲལ་སྙིང་ནས་གུས་པས་ཕྱག་བགྱིའོ། །ལེགས་པར་གསོན་དང་དལ་འབྱོར་རྙེད་པར་དཀའ། །རྙེད་ཀྱང་ཡུན་དུ་མི་གནས་མྱུར་དུ་འཇིག །ཚེ་ལ་ངེས་མེད་འཆི་བའི་རྐྱེན་ཡང་མང་། །ཟས་ནོར་ལོངས་སྤྱོད་གཉེན་བཤེས་ཤུལ་དུ་ལུས། །རང་ཉིད་གཅིག་པུར་བར་དོའི་འཕྲང་ལ་འགྲིམ། །གཏན་འདུན་སྙིང་པོའི་ལྷ་ཆོས་བྱེད་འཚལ་ལོ། །ཤི་བར་མ་ཟད་དཀར་ནག་ལས་རྗེས་འབྲངས། །འཁོར་བར་འཁྱམས་ཚེ་བདེ་སྐྱིད་མི་རྟག་འགྱུར། །ཕ་མ་གཉེན་འབྲེལ་ཆགས་སྡང་རྩ་བ་ཡིན། །ཆུང་མ་བུ་ཚ་ཤལ་མ་རི་དང་མཚུངས། །ཟས་ཞིམ་གོས་འཇམ་ལྕགས་སྲེག་ཁང་པ་འདྲ། །འགྲན་སེམས་ཁོང་ཁྲོའི་རྟོག་པ་སྤངས་འཚལ་ལོ། །སྡུག་བསྔལ་རྩ་བ་སྡིག་སྒྲིབ་བག་ཆགས་ཡིན། །སྦྱང་བྱའི་གཉེན་པོར་རྡོ་རྗེ་སེམས་དཔའ་བསྒོམ། །རང་ཉིད་ཐ་མལ་སྤྱི་བོར་པདྨ་དཀར། །འདབ་མ་སྟོང་ལྡན་ཟླ་བ་རྒྱས་པའི་སྟེང་། །ཧཱུྃ་ལས་བསྐྱེད་པའི་བླ་མ་རྡོ་རྗེ་སེམས། །སྐུ་མདོག་དཀར་པོ་གངས་ལ་ཟླ་བའི་ཟེར། །ཤར་བ་ཇི་བཞིན་གཟི་མདངས་རབ་ཏུ་འབར། །ཞལ་གཅིག་འཛུམ་བཅས་ཕྱག་གཉིས་རྡོར་དྲིལ་བསྣམས། །དཀྱིལ་ཀྲུང་མི་གཡོ་ལོངས་སྤྱོད་རྫོགས་སྐུའི་ཆས། །ཐུགས་ཀར་ཟླ་བ་སེན་གང་ལེབ་ཆགས་སྟེང་། །ཧཱུྃ་དཀར་མཐའ་མར་ཨོཾ་ཡིག་ནས་བཟུང་སྟེ། །སྔགས་འཕྲེང་གཡས་སུ་འཁོར་བས་བདུད་རྩིའི་རྒྱུན། །འོ་མ་ལྟ་བུ་དཀར་ལ་དྭངས་པ་ནི། །ཚངས་བུག་བརྒྱུད་ནས་ལུས་ཀྱི་ནད་གདོན་དང་། །སྡིག་སྒྲིབ་བག་ཆགས་དུད་ཁུའི་རྣམ་པ་རུ། །རྐང་མཐིལ་འོག་སྒོར་ཐོན་ནས་ས་གཞིར་ཐིམ། །འཆི་བདག་ལས་ཀྱི་གཤིན་རྗེའི་ཁ་རུ་ཚུད། །དུས་མིན་འཆི་བའི་བར་ཆད་ཞི་བར་བསམ། །རང་ལུས་ཤེལ་བུམ་ཞོ་ཡིས་གང་བ་ལྟར། །དཀར་གསལ་དྭངས་ལ་རང་བཞིན་མེད་པར་སྒོམས། །རྡོར་སེམས་སྤྱི་བོར་སྒོམ་པ་རྟེན་གྱི་སྟོབས། །སྔར་བྱས་སྡིག་ལ་འགྱོད་པ་སུན་འབྱིན་སྟོབས། །ཕྱིན་ཆད་སྡོམ་སེམས་རྣམ་པར་སོར་ཆུད་སྟོབས། །གཉེན་པོར་ཡིག་བརྒྱ་བཟླ་བ་ཀུན་སྤྱོད་སྟོབས། །མཐར་ནི་རང་ཡང་རྡོ་རྗེ་སེམས་དཔར་གསལ། །དེ་ཡང་མི་དམིགས་སྟོང་ཉིད་ངང་དུ་འཇོག །སྦྱོར་དངོས་རྗེས་གསུམ་ཚང་བར་བསྒྲུབ་འཚལ་ལོ། །དགེའོ། །དགེའོ། །དགེའོ།།

སྔོན་འགྲོའི་མན་ངག་དང་འབྲེལ་བའི་ཞལ་གདམས་ཉུང་ངུ་།

༈ སྔོན་འགྲོའི་མན་ངག་དང་འབྲེལ་བའི་ཞལ་གདམས་ཉུང་ངུ་བཞུགས། ཨོཾ་སྭ་སྟི། རྒྱལ་བས་ཆོས་ཕུང་ཇི་སྙེད་གསུངས་པ་ཀུན། །ཐམས་ཅད་འགྲོ་བའི་བདག་འཛིན་གཅོད་པའི་ཕྱིར། །ཉོན་མོངས་སྤོངས་དང་བདག་མེད་རྟོགས་པར་དགོངས། །དེ་ཀུན་ཡིད་ལ་སོམས་ཤིག་སྐལ་ལྡན་ཀྱེ། །སྲིད་གསུམ་སྣོད་བཅུད་ཆོས་ཀུན་མི་རྟག་སྟེ། །སྔར་སྐྱེས་ཤི་དང་ད་ལྟའི་འགྲོ་རྣམས་དང་། །ཕྱིན་ཆད་སྐྱེས་འགྱུར་རྣམས་ཀྱང་འཆི་ངེས་པས། །རྟག་འཛིན་བློ་སྣ་སྟུངས་ལ་དམ་ཆོས་སྒྲུབས། །ཆོས་ཀུན་ཐོག་མར་སྐྱབས་སུ་འགྲོ་བ་དང་། །གཞན་དོན་རྫོགས་བྱང་ཐོབ་ཕྱིར་སེམས་བསྐྱེད་ནས། །གཉེན་པོ་སྟོབས་བཞིས་རང་རྒྱུད་སྡིག་པ་སྦྱོངས། །ཚེགས་ཆུང་དོན་ཆེ་མཎྜལ་རྒྱུན་དུ་ཕུལ། །རང་གི་བླ་མ་པདྨ་འབྱུང་གནས་དང་། །དབྱེར་མེད་སྤྱི་བོའི་གཙུག་ཏུ་རབ་སྒོམས་ལ། །བྱིན་རླབས་རྒྱུད་བསྐུལ་གསོལ་འདེབས་ལེའུ་བདུན་མས། །ཉིན་མཚན་དུས་དྲུག་རྟག་ཏུ་གསོལ་བ་ཐོབ། །རྗེས་སུ་རང་དང་བླ་མ་ཐུགས་ཡིད་བསྲེས། །རང་སེམས་བསལ་བཞག་འགྲོ་འོང་མེད་པ་ཡི། །རང་ངོ་བསྐྱངས་ཏེ་དོན་དམ་མཉམ་པར་ཞོག །དགེ་བས་གཞན་དོན་བདེ་ཆེན་ཞིང་ཁམས་སུ། །ཚེ་དཔག་མེད་པའི་གོ་འཕང་ཕྱིར་བསྔོས་ཤིག །

རྫོགས་སྤྲུལ་བཞི་པའི་མདུན་དུ་གསོལ་བ་གདབ་པའི་ཞུ་ཡིག

༄༅། རྩ་བའི་བླ་མ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་ཡང་སྲིད་རིན་པོ་ཆེའི་མདུན་དུ་གསོལ་བ་གདབ་པའི་ཞུ་ཡིག་བཞུགས། ལྷར་བཅས་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །སྐྱབས་ཀུན་བདག་ཉིད་གྲུབ་དབང་རྫོགས་ཆེན་པའི། །སྐུ་ཕྲེང་ལྔ་བ་རིག་འཛིན་ཆོས་རྡོ་རྗེར། །ཚེ་རབས་གཏན་གྱི་སྐྱབས་སུ་ངེས་པས་འདུད། །རྨོངས་པ་བདག་འདྲའི་སྒོ་གསུམ་པདྨོ་ནི། །གང་ཞབས་ཉིན་བྱེད་མཆོག་ལ་གུས་བཏུད་ནས། །སྨིན་གྲོལ་བདུད་རྩི་བཏུང་བས་མི་ངོམ་པར། །སྐལ་བཟང་གཞོན་ནུར་འགྱེད་པའི་བློ་ཡོད་ཀྱང་། །འཇིགས་རུང་དུས་ཀྱི་སེར་བས་ཉེར་བཅོམ་ནས། །སྐྱབས་བྲལ་སྲིད་པའི་བར་དོར་འཁྱམས་པའི་ཚེ། །རྩ་གསུམ་བདག་ཉིད་བླ་མ་ལས་གཞན་པའི། །སྐྱབས་དང་སྐྱོབ་པ་སུ་ཡང་ཡོད་མིན་པས། །བདག་མིང་རྒྱ་སྤྲུལ་ལུང་རྟོགས་ཉིན་བྱེད་ཀྱི། །ཕ་མས་གཙོར་བྱས་འབྲེལ་ཐོགས་གཤིན་གསོན་དང་། །མཐོང་ཐོས་དྲན་རེག་ལ་སོགས་སྲིད་ཁམས་འགྲོ། །བདེ་ཆེན་པདྨ་འོད་དུ་དབུགས་དབྱུང་ཕྱིར། །གསོལ་འདེབས་རྟེན་མཚོན་དངོས་རྫས་ཉི་ཚེ་བ། །རིན་ཆེན་གཉིས་པའི་ནས་བཟེད་ཐུར་སྲང་གྲངས། །དར་དཀར་རས་ཡུག་དང་བཅས་ཕུལ་བ་ལ། །བརྩེ་ཆེན་ཡེ་ཤེས་ཐུགས་ཀྱིས་ཉེར་དགོངས་ནས། །འདིར་གནས་རིགས་དབོན་གྲྭ་སློབ་འབངས་བཅས་ཀྱི། །ཉེར་འཚེ་ཞི་ཞིང་ཚེ་བསོད་འཕེལ་བ་དང་། །ཁྱེད་ཀྱི་མཁྱེན་བརྩེ་ནུས་པའི་ཕྱག་བཟང་གིས། །བཟོད་དཀའ་ངན་འགྲོའི་གནས་ལས་རབ་དྲངས་ཏེ། །བདག་སོགས་འཁོར་བཅས་རྣམ་མཁྱེན་རིན་ཆེན་གླིང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ས་རུ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་མཆོག །ཐོབ་ནས་འགྲོ་ཀུན་འདྲེན་ནུས་སྐྱབས་འཇུག་ཞུ། །རྒྱ་སྤྲུལ་འདུ་ཤེས་གསུམ་པ་རང་ཉིད་རྐང་འབམ་གྱིས་མནར་ནས་གཤིན་གསོན་གྱི་ཁོ་ཐག་མ་ཕྱེ་བའི་སྐབས་སུ་རྩ་བའི་བླ་མའི་མདུན་དུ་གསོལ་བ་གདབ་པའི་ཞུ་ཡིག་ལགས།

ཐུབ་དབང་བསྟན་པའི་ཉི་མའི་མདུན་དུ་གསོལ་བ་གདབས་པའི་ཞུ་ཡིག

༄༅། མཆོག་གཟིགས་སྤྲུལ་པའི་སྐུ་ཐུབ་དབང་བསྟན་པའི་ཉི་མའི་མདུན་དུ་གསོལ་བ་གདབས་པའི་ཞུ་ཡིག་བཞུགས། རབ་འབྱམས་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི། །གཞ༵ན་ཕ༵ན་ཐུགས་བསྐྱེད་ངུར་སྨྲིག་རྣམ་རོལ་གར། །མཐ༵འ་ཡ༵ས་འགྲོ་བའི་དེད་དཔོན་སྤྲུ༵ལ་པའི་སྐུ༵འི། །ཞབས་པད་ཟླ་ཚེས་གསར་བའི་ཉེ་དྲུང་དུ། །བསླབ་གསུམ་ཡོངས་རྫོགས་བཙུན་པའི་སྐྱེད་ཚལ་ནས། །ན་རྒ་འཆི་བའི་ཚ་གདུང་གིས་མནར་བའི། །ཆོས་གཟུགས་རྨོངས་པ་རྒྱ་སྤྲུལ་ཀུ་མུ་ཏས། །ཉེར་བཏུད་གདུང་བའི་ང་རོས་འདི་སྐད་གླེང་། །བདག་འདྲ་ལས་དང་ཉོན་མོངས་ཁུར་ལྕི་ཞིང་། །རྣམ་གཡེང་དཀོར་འབྱམས་ངང་དུ་ཞེན་ཆེས་པས། །སྲིད་པའི་ཕྲ་རྒྱས་རྐང་འབམ་གྱིས་མནར་ནས། །ཉེ་བར་འཚེ་མིན་དུས་ཀྱི་ཆད་པ་ལས། །མངོན་པར་སྐྲག་ཏེ་ཕ་མ་འབྲེལ་ཐོག་དང་། །བླུན་རྨོངས་བདག་སོགས་སྲིད་པའི་དུཿཁ་ལས། །དབུག་དབྱུང་མཛད་དེ་མངོན་མཐོ་ངེས་ལེགས་ཀྱི། །གོ་འཕང་མཆོག་ལ་འགོད་པའི་བསྔོ་སྨོན་རྟེན། །རིན་ཆེན་གཉིས་པའི་ནང་མཆོད་ཐུར་སྲང་གྲངས། །དར་དཀར་རས་བུབ་དང་བཅས་དངོས་རྫས་ནི། །ཕྲ་མོའི་ཕྲ་མོ་ལས་ཀྱང་མ་འབྱོར་ཀྱང་། །ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ། །འདིར་གནས་ལྟོས་བཅས་ཉེར་འཚེ་ཞི་བ་དང་། །དུས་གསུམ་ཕ་མ་འབྲེལ་ཐོག་གཤིན་གསོན་ཀུན། །འཇིགས་རུང་སྲིད་པའི་བཙོན་ར་ལས་དྲངས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་རྒྱལ་ས་རུ། །སྐུ་བཞིའི་གོ་འཕང་ཐོབ་པའི་སྐྱབས་འཇུག་ཞུ། །ཞེས་རྒྱ་སྤྲུལ་འདུ་ཤེས་གསུམ་པ་དུས་ཆོས་སུ་ཕྱོགས་ལ་ཉེ་ཚེ་མཆོག་གཟིགས་སྤྲུལ་པའི་སྐུའི་མདུན་དུ་གསོལ་བ་གདབས་པའི་ཞུ་ཡིག་ལགས། ཅེས་འདེགས་རྟེན་རབ་དཀར་ལྷ་རྫས་བཅས་སྤྲུལ་མིང་གྱི་ན་བས་ཕུལ། ༈ གང་མཚན་རྣ་བར་ལན་ཅིག་ཐོས་པས་ཀྱང་། །འཇིགས་རུང་སྲིད་པའི་དུཿཁ་ལས་སྒྲོལ་བའི། །རིན་ཆེན་གཙུག་ཏོར་སྲིད་པ་མི་ཡི་གར། །གྲགས་པ་དོན་ལྡན་མཆོག་སྤྲུལ་གང་དྲུང་དུ།།