cover

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།

པོད། ཨོཾ༽

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཆེད་དུ་བརྗོད་པའི་ཚིག

མཁས་གྲུབ་བྱེ་བའི་གཙུག་རྒྱན ༧གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་མཆོག་ནི་ཡང་གསང་སྙིང་ཐིག་གི་བསྟན་པ་སྤྱི་དང་། ཁྱད་པར་དུ་མདོ་ཁམས་ལི་གཙང་། གསེར་རྟ། ཨ་མདོ་མགོ་ལོག །རེབ་ཀོང་སོགས་ཡུལ་གྲུ་དུ་མར་ཀུན་མཁྱེན་ཡབ་སྲས་དང་། འཇམ་མགོན་མི་ཕམ་པའི་ལེགས་བཤད་དྲི་མ་མེད་པ་འཆད་ཉན་སྒོམ་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སྔ་འགྱུར་བསྟན་པའི་རྩ་ལག་ཆེན་པོ་ཉིད་དུ་ངེས་ཤིང་། ཡང་སྒོས་སུ་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ་མཆོག་ལ་ཐུན་མོང་མ་ཡིན་པའི་དགོངས་བརྒྱུད་ཀྱི་རྟོགས་པ་གཅིག་ཏུ་འཕོས་ཏེ་བྱིན་རླབས་ཀྱི་ཆུ་བོ་ཆེན་པོ་གཅིག་འདྲེས་ཀྱི་ཚུལ་དུ་བཞུགས་པའི་བརྒྱུད་པའི་བླ་མ་ཉག་གཅིག་ལགས་པས། རང་ཅག་ལ་མཚོན་ན། གང་གི་བཀའ་དྲིན་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་གཞལ་ཡང་ས་ཡིས་ལང་མི་འགྱུར། །ཞེས་པ་ལྟར་རོ། །

དེ་ཡང་ཇི་སྐད་དུ། གསེར་དང་བོང་བ་མཉམ་པའི་འཕགས་མཆོག་ལ། །གླིང་བཞིའི་ཕུན་ཚོགས་བསྟབས་ཀྱང་ཅི་བགྱི་སྟེ། །དེ་ཡི་ཐུགས་ལ་བརྣག་པའི་ཆོས་བཟུང་ན། །དགོངས་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་གྲགས། །ཞེས་གསུངས་པ་ལྟར། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བ་ལ། གསུང་རབ་ཀྱི་གླེགས་བམ་ཕྲ་མོ་པར་དུ་བསྐྲུན་པ་ནི་མེད་དུ་མི་རུང་བ་ལགས་ཤིང་། དམ་པ་རྣམས་ཀྱིས་བསྔགས་པར་བྱ་བའི་ཡུལ་དུ་གྱུར།

ད་ལན་གཡུ་ཁོག་མཁན་པོ་ཤེས་བྱ་ལགས་ཀྱིས་ལེགས་སྒྲིག་དང་དཔེ་སྐྲུན་མཐུན་འགྱུར་། དེ་བཞིན་གཡུ་མཁར་དགོན་པའི་མཁན་སྤྲུལ་རྣམས་དང་གསེར་བྲག་ཆེན་ཡར་ལུང་དགོན་གྱི་བླ་མ་བསོད་དར་སོགས་ཀྱིས་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་དེ་རྡོ་ཛི་སྨར་གསུམ་སོགས་སུ་ཕེབས་ནས་མ་དཔེ་འཚོལ་སྡུད་རྒྱ་ཆེར་གནང་བ་དང་། མཆོག་སྤྲུལ་མཉམ་མེད་ལགས་ནས་ཀྱང་མགོ་འདྲེན་རོགས་རམ་གནང་བ་བཅས་ལ་བརྟེན་ནས་ད་ལན་གཡུ་ཁོག་བྱ་བྲལ་རིན་པོ་ཆེའི་གསུང་འབུམ་ཕྱོགས་སྒྲིག་ཡོངས་སུ་གྲུབ་པ་དང་ཆབས་ཅིག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་ཡིན།

ཕྲན་ཐུབ་བསྟན་ཉི་མས་རབ་རྒྱན་ཤིང་བྱ་ཟླ་༣ཚེས་༨ལ་དགེ་བར་གུས་ཕུལ།

གསུང་ཆོས་བཀའ་བསྡུ་དང་དཔར་དུ་སྐྲུན་པའི་གསལ་བཤད།

དེ་ཡང་གསང་ཆེན་བསྟན་པ་རྒྱ་མཚོའི་མངའ་བདག་༧སྐྱབས་རྗེ་གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ་མཆོག་ནི་དུས་རབས་ཉི་ཤུ་པའི་དུས་འགོར་གངས་ལྗོངས་མདོ་ཁམས་ཀྱི་ཕྱོགས་སུ་ཐེག་དགུའི་ཡང་རྩེ་ཟབ་གསང་རྫོགས་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་སྐྱེས་མཆོག་དམ་པ་ཞིག་ཡིན། དམ་པ་མཆོག་དེས་སྐུ་ཚེ་ཧྲིལ་པོར་སྐལ་བཟང་ལས་ཅན་གྱི་གདུལ་བྱ་རྣམས་ཟག་ཕུང་འོད་སྐུར་གྲོལ་བའི་གདམས་ཟབ་མང་དུ་བསྩལ། དེ་དག་ལས་རྗེ་གང་གིས་ཕྱི་རབས་གདུལ་བྱའི་སྐལ་བར་བཞག་པའི་གསུང་རྩོམ་དངོས་དང་སློབ་བུ་རྣམས་ཀྱིས་ཟིན་བྲིས་སུ་བགྱིས་པ་སོགས་མང་དུ་མཆིས་མོད། དུས་འགྱུར་སོགས་ཀྱི་དབང་གིས་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུ་བ་མ་བྱུང་། དེར་བརྟེན་རྗེ་གང་གི་ཞལ་གསུང་བདུད་རྩིའི་ཟེགས་མ་རེ་རེའང་འཐོར་བར་ཕངས་པས་གུས་ཕྲན་པས་ཉེ་བའི་ལོ་ཤས་རིང་ཕྱོགས་བསྐྱོད་ཀྱིས་དམ་པ་གང་གི་གསུང་ཆོས་རྣམས་ཀྱི་བཀའ་བསྡུའི་བྱ་བ་ལ་ཉེ་བར་བརྩོན་པས་ཐེངས་འདིར་པོད་གསུམ་ཙམ་བསྡུ་ཐུབ་པ་བྱུང་། དེ་ཡང་ཀུན་བཏུས་སོགས་སྔོན་འགྲོའི་སྐོར་རྣམས་ༀ་པོད་དུ་བསྡུས་པ་དང་། ཡེ་ཤེས་བླ་མ་དང་ལྕེ་བཙུན་སྙིང་ཐིག་གི་ཟིན་བྲིས་སོགས་དངོས་གཞིའི་སྐོར་རྣམས་ཨཱ༔པོད་དུ་བསྡུས། གསང་སྙིང་སྐོར་གྱི་ཟིན་བྲིས་རྣམས་དང་། ཞལ་གདམས་སོགས་གསུང་ཐོར་བུའི་སྐོར་རྣམས་རྒྱབ་ཆོས་ཀྱི་ཚུལ་དུ་ཧཱུྃ་པོད་དུ་བསྡུས་ཡོད། དེ་དག་ཀྱང་སློབ་མ་རྣམས་ཀྱིས་ཟིན་བྲིས་གནང་བ་ལས་དཔེར་ན། སྔོན་འགྲོ་བསྡུས་པ་རྣམས་དང་རུ་ཤན་གྱི་སྐོར། དེ་བཞིན་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད། སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད། ཐོད་རྒལ་གྱི་འཕགས་ཆོས་བདུན་སོགས་ཕལ་ཆེར་ཕྱོགས་འདྲ་རྣམས་ཀྱང་ཚིག་གི་རྒྱས་བསྡུས་དང་རྣམ་འགྱུར་ཅུང་ཟད་རེ་མི་འདྲ་བས་རྗེ་གང་གི་གསུང་གི་ཟུར་ཙམ་ཡང་ཉམས་པར་ཕང་པས་ཟློས་མིན་ལ་མ་ལྟོས་པར་ཆ་ཚང་སོ་སོར་བཀོད་ཡོད། དེ་ལས་སྔོན་འགྲོ་ཀུན་བཟང་ཞལ་ལུང་། ཡེ་ཤེས་བླ་མ། ལྕེ་བཙུན་སྙིང་ཐིག གསང་སྙིང་སོགས་ཀྱི་ཟིན་བྲིས་རྣམས་༧སྐྱབས་རྗེ་དམ་པ་སྐུ་དངོས་ཀྱི་ཕྱག་དཔེ་དག་མདུན་འདུག་བླ་མ་འགྱུར་མེད་རྡོ་རྗེ་ལ་ཡོད་པ་སྤྲུལ་ཆོས་མཆོག་རྡོ་རྗེ་ནས་གཡར་གནང་བ་དང་། གཞན་དངོས་གཞིའི་སྐོར་ཕལ་ཆེར་ཞལ་སློབ་མཆོག་གྱུར་འཛི་རོང་བླ་མ་མཆོག་ལྡན་གྱིས་ཟིན་བྲིས་གནང་བའི་ཕྱག་དཔེ་རྣམས་བླ་མ་རྒྱ་ཐར་ལས་མཆེད་རང་གྲོལ་གྱིས་དཔེ་གཅོད་རོགས་བྱས། དེ་བཞིན་མཁན་པོ་ཆོས་གསལ་ཀྱི་ཕྱག་དཔེ་རྣམས་མཁན་པོ་ཤེས་རབ་དང་། རྫི་སྒོའི་བླ་མ་ཀོང་ཚེའི་ཕྱག་དཔེ་སོགས་ཕལ་ཆེར་བླ་མ་བསོད་དར་ཀྱི་འཚོལ་རོགས་སྡུད་བྱས།སྔོན་འགྲོ་ཀུན་བཏུས་དང་། ཞལ་གདམས་སོགས་སྔར་ཤིང་པར་དུ་འཁོད་པ་རྣམས་དང་། གཞན་ཡང་ཨ་མདོ་མགོ་ལོག རྡོ་འཛི་གསེར་གསུམ། གཡུ་རྩང་སོགས་ས་ཕྱོགས་དུ་མ་ནས་རྗེ་གང་གི་དངོས་སློབ་དང་སློབ་རྒྱུད་རྣམས་ཀྱི་ཕྱག་བརྒྱུད་གསུང་ཆོས་དང་ཟིན་བྲིས་འདི་དག་ཕྱོགས་བསྡུས་དང་དག་ཞུས་གང་ནུས་བགྱིས་ཤིང་། མཁན་རིན་པོ་ཆེ་ནོར་བུ་སོགས་སྒར་ན་བཞུགས་པའི་རང་དགོན་མཁན་སློབ་རྣམས་ཀྱིས་ཀྱང་དག་ཞུས་ཕྱག་རོགས་གནང་། དེ་ལྟར་གསུང་ཆོས་འདི་ཕྱོགས་སྡུད་དང་དཔར་དུ་འཁོད་པ་སོགས་ཐོག་མཐའ་བར་གསུམ་དུ་མཁས་དབང་མཆོག་སྤྲུལ་དམ་པ་གཟན་དཀར་རིན་པོ་ཆེས་བཀའ་སློབ་དང་ཐུགས་ཁུར་ཕྱག་རོགས་སོགས་རྒྱ་ཆེར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། མཆོག་སྤྲུལ་མཉམ་མེད་རིན་པོ་ཆེས་གསུང་ཆོས་དཔར་དུ་འཁོད་ན་ལེགས་ཚུལ་གྱི་གསུང་གི་གནང་བ་བསྩལ་བར་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་ཕྱག་དཔེ་གཡར་བ་དང་བྲི་བསྡུ་དག་ཞུས་པར་སྐྲུན་སོགས་གང་ཐད་ཕྱག་རོགས་དང་ཐུགས་ཁུར་གནང་བའི་ཆོས་ཀྱི་མཆེད་པོ་དག་ལ་ཡང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། །མཁན་མིང་ཤེས་བྱ་ཀུན་གཟིགས་དེས།

སྐྱབས་རྗེ་གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་མཆོག་གི་རྣམ་པར་ཐར་པ་མདོར་བསྡུས་སུ་བརྗོད་པ་ཕྱི་རབས་དད་པའི་མཆོད་སྤྲིན་ཞེས་བྱ་བ།

དང་པོ་མདོ་ཁམས་གཡུ་ཁོག་ཏུ་སྐུ་འཁྲུངས་ཤིང་ཆོས་སྒོར་འཛུད་པའི་བླ་མ་ཧོར་བླ་གཞན་ཕན་རིན་པོ་ཆེས་རྗེས་སུ་བཟུང་བའི་སྐོར།

གཞི་དབྱིངས་ཀ་དག་གཉིས་ཆོས་ཡོངས་བྲལ་གདོད་མའི་ཆོས་སྐུ་ཀུན་ཏུ་བཟང་། །གཞི་སྣང་ལྷུན་གྲུབ་ཡེ་ཤེས་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས། །གཉིས་སུ་མེད་གང་རྫོགས་ཆེན་སྟོན་པ་སྤྲུལ་པའི་སྐུ་མཆོག་དགའ་རབ་སྟེ། །སྐུ་གསུམ་སྟོན་པར་མཉམ་ཉིད་ལྟ་དང་དྭངས་བའི་ཡིད་ཀྱིས་ཕྱག་བགྱིའོ། །འཇམ་དཔལ་རྣམ་སྤྲུལ་མཉྫུ་མི་ཏྲ་དང་། །ལྟ་བ་མཐར་སོན་ཤྲཱི་སེང་ཧའི་ཞབས། །འོད་ལུས་གྲུབ་པ་ཛྙཱ་ན་སུ་ཏྲ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །པཎ་གྲུབ་བྱེ་བའི་གཙུག་གི་རྒྱན་མཆོག་འཕོ་ཆེན་སྐུ་བརྙེས་བི་མ་ལ། །དུས་གསུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་གསང་ཆེན་སྟོན་པ་པདྨ་འབྱུང་། །རྣམ་སྣང་ལོ་ཙཱ་ཡེ་ཤེས་མཚོ་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་སོགས། །གྲུབ་བརྙེས་ལོ་པཎ་རྗེ་འབངས་ཚོགས་ཀྱིས་བྱིན་བརྒྱུད་རྟོགས་པའི་ཕ་ཕོག་སྩོལ། །གདོད་མའི་མགོན་པོ་ཀློང་ཆེན་རབ་འབྱམས་ཞབས། །ཀུན་མཁྱེན་གཉིས་པ་རིག་འཛིན་འཇིགས་མེད་གླིང་། །ཀུན་བཟང་གཞན་ཕན་རྒྱལ་བའི་མྱུ་གུ་སོགས། །དགོངས་བརྡ་སྙན་བརྒྱུད་བླ་མར་གུས་ཕྱག་འཚལ། །སྙིང་ཐིག་སྲོག་འཛིན་འཇིགས་མེད་ཆོས་ཀྱི་དབང་། །བཀའ་བབ་བདུན་ལྡན་མཁྱེན་བརྩེའི་དབང་པོ་དང་། །བརྒྱུད་སྲོལ་ཀུན་འདུས་དཔའ་བོ་རྡོ་རྗེ་སྟེ། །རྩ་རྒྱུད་བླ་མའི་ཚོགས་ཀྱིས་ཤིས་པ་སྩོལ། །ཆོ༷ས་དབྱིང༷ས་ཀ་དག་སྐྱེ་མེད་ཀློང་ནས་ཆོས་ཟད་དགོངས་པའི་ལྟ་བ་རྫོགས། །ར༷ང་གྲོལ༷་ལྷུན་གྲུབ་ལོངས་སྐུའི་ཞིང་གཟིགས་ཐོད་རྒལ་སྒོམ་པ་ཚད་ལ་ཕེབས། །ཟུང་འཇུག་སྣ་ཚོགས་སྤྲུལ་པའི་སྐུ་ཡིས་བྱར་མེད་སྤྱོད་པ་གོང་དུ་འཕེལ། །ཆོས་ཉིད་མངོན་གཟིགས་བྱ་བྲལ་བླ་མ་སྙིང་དབུས་དད་བརྒྱའི་པདྨོར་བཞུགས། །གང་གི་ཞིང་འདིའི་མཛད་རྣམ་ཕྱོགས་བསྡུས་ཤིག །ཕྱི༷་ར༷བས་ཁྱེད་རྗེས་སློབ་པར་ཁས་འཆེ་བས། །ད༷ད་གསུམ་གུས་པ༷འི་ཡིད་ཀྱིས་མཆོ༷ད་སྤྲིན༷་དུ། །འགོད་ལ་ལྷ་དང་བླ་མས་གནང་བ་སྩོལ། །ཞེས་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། འདིར་སྲིད་ཞིའི་ལེགས་ཚོགས་དང་ཕན་བདེ་མ་ལུས་པ་འབྱུང་བའི་གནས་གཅིག་པུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉག་གཅིག་ཡིན་ཞིང་། དེ་ཉིད་འཛིན་སྐྱོང་སྤེལ་བའི་བསྟན་འཛིན་སྐྱེས་ཆེན་དུ་མ་དུས་རབས་སོ་སོར་འཕགས་བོད་ཀྱི་ལྗོངས་སུ་ལེགས་པར་བྱོན་ཅིང་གང་ལ་གང་འདུལ་གྱི་མཛད་ཕྲིན་མཁའ་མཐར་ཁྱབ་པ་བརྗོད་ལས་འདས། ཁྱད་པར་བསིལ་ལྡན་བོད་ཀྱི་ལྗོངས་འདིར་རིས་མེད་རྒྱལ་བསྟན་སྐྱོང་བའི་མངའ་བདག་བསམ་བཞིན་བསྟན་འགྲོའི་ཆེད་དུ་བྱོན་པའང་བསམ་གྱིས་མི་ཁྱབ། དེ་ལས་འདིར་སྐབས་སུ་བབས་པ་ཉེ་རབས་སུ་མདོ་ཁམས་སྨད་ཀྱི་ཕྱོགས་འདིར། པཎ་ཆེན་བི་མའི་རྣམ་རོལ། མཁས་གྲུབ་བྱེ་བའི་གཙུག་རྒྱན། ཟབ་གསང་རྫོགས་ཆེན་ཀྱི་རྣལ་འབྱོར་བ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧ སྐྱབས་རྗེ་གཡུ་ཁོག་བླ་མ་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་ཞེས་མཚན་གྱི་རྔ་གསང་སྲིད་པ་གསུམ་ན་ལྷང་ངེར་གྲགས་པ་གང་དེ་ཉིད་ཀྱི་མཛད་རྣམ་རགས་ཙམ་འགོད་པ་ལ། དེ་ཡང་སྐྱབས་རྗེ་དམ་པ་གང་ཉིད་ངེས་པའི་དོན་དུ་གདོད་ནས་རྒྱལ་བ་རྣམས་དང་གཉིས་སུ་མེད་པར་མངོན་པར་བྱང་ཆུབ་ནའང་ཇི་སྐད་དུ། ཇི་ལྟར་གདུལ་བྱ་དག་པ་ཡི། །ཆུ་ཡི་སྣོད་ནི་ཐམས་ཅད་དུ། །བདེ་གཤེགས་ཉི་མའི་གཟུགས་བརྙན་ནི། །དཔག་ཏུ་མེད་པ་ཅིག་ཆར་འཆར། །ཞེས་གསུངས་པ་བཞིན་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ངོར་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཡས་པའི་ཚུལ་བསྟན་པ་ཉིད། རྡོ་བླ་བྱང་ཆུབ་རྡོ་རྗེ་དང་དཔའ་བོ་ཆོས་ཀྱི་རྡོ་རྗེ་སོགས་ཀྱི་ཟབ་གཏེར་དུ་མར་གུ་རུ་པདྨའི་ལུང་གིས་བསྔགས་པ་སྟེ། གཡུ་སྒྲའི་སྤྲུལ་པ་མདོ་ཁམས་སྨད་ནས་འབྱུང་། ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་བ། གསང་སྔགས་བསྟན་པའི་བདག་པོ་ཁྱད་པར་འཕགས། རེ་ཞིག་བར་དུ་རྒྱ་འདྲེ་བཟློག་པར་བྱེད། ཞེས་དང་། ཡག་སྒང་དུ་བི་མའི་སྤྲུལ་བ་འབྱུང་། །ཞེས་དང་། རྫོགས་ཆེན་རྣལ་འབྱོར་དྷརྨཱའི་མཚན་ཅན་གྱིས། །འབྲེལ་ཚད་རིག་འཛིན་ཞིང་དུ་འདྲེན་པར་འགྱུར། །ཞེས་སོགས་གདན་ས་དང་སྤྲུལ་གཞི་མཚན་དང་མཛད་པའི་ཆེ་བ་བཅས་འཁྲུལ་བྲལ་བསླུ་མེད་རྡོ་རྗེའི་ལུང་གིས་བསྔགས་ཤིང་གཞན་ཡང་རིག་འཛིན་ནུས་ལྡན་གླིང་པས་གྲུབ་ཆེན་ཤཱ་བ་རི་པ་དང་། པཎ་ཆེན་བི་མ་མི་ཏྲ། ཁམས་གཡུ་སྒྲ་སྙིང་པོ་རྣམས་ཟུང་དུ་འཇུག་པའི་རྣམ་རོལ་ཡིན་པར་ལུང་གིས་བསྔགས་པར་མ་ཟད། རྗེ་ཉིད་ཀྱིས་ཀྱང་གསེར་ཡེ་ཤེས་སེང་གེ་དང་རྡོ་བླ་འཇིགས་མེད་སྐལ་བཟང་སོགས་གོང་མའི་བག་ཆགས་སད་ཚུལ་ཞལ་འཕྲོས་སུ་གསུངས་པ་སོགས་ཀྱིས་བསམ་བཞིན་བསྟན་འགྲོའི་དོན་དུ་སྤྲུལ་པའི་རྣམ་རོལ་གྱིས་ཕེབས་པར་གདོན་མི་ཟ་བའི་ཕྱིར། སྐུའི་འཁྲུངས་རབས་དང་སྐུ་ཚེ་འདིར་ཡང་གསང་བ་གསུམ་གྱི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་དག་ནི་རྒྱལ་དང་རྒྱལ་བའི་སྲས་པོ་དག་གི་སྤྱོད་ཡུལ་ཉག་གཅིག་ལས་བདག་ལྟ་བུས་བརྗོད་པར་ག་ལ་ནུས། དེས་ན་འདིར་ཐུན་མོང་གི་ངོར་སྣང་བའི་མཛད་རྣམ་ཉུང་ངུ་ཐོས་འཛིན་གྱི་དགའ་སྟོན་ཏུ་སོན་པ་རྣམས་ཕྱོགས་གཅིག་ཏུ་འགོད་པ་ལ། མདོ་ཁམས་གཡུ་ཁོག་ཏུ་སྐུ་འཁྲུངས་ཤིང་ཆོས་སྒོར་འཛུད་པའི་བླ་མ་ཧོར་བླ་གཞན་ཕན་རིན་པོ་ཆེས་རྗེས་སུ་བཟུང་བའི་སྐོར། རིགས་སད་དེ་གསེར་སྨད་ལྷ་རྩེ་དགོན་དུ་གྱང་ཁང་སྐྱབས་མགོན་རིན་པོ་ཆེ་སོགས་བསྟེན་པའི་སྐོར། ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམ་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ནོད་པའི་སྐོར། བླ་མའི་བཀའ་བཞིན་གནས་ངེས་མེད་དུ་གདན་ས་བཙལ་མཐར་གསེར་སྨད་ཡག་སྒང་དུ་གདན་སའི་རྟེན་འབྲེལ་འགྲིགས་ཤིང་བཞུགས་སྒར་བཏབ་པའི་སྐོར། གཏེར་ཆེན་ལས་རབ་གླིང་པ་གསེར་ལྗོངས་སུ་ཆིབས་ཁ་བསྒྱུར་བའི་མཐུན་སྦྱོར་གནང་ཞིང་མཇལ་འཛོམས་ཀྱིས་ཟབ་དགུའི་ཆོས་ཚུལ་གསན་པའི་སྐོར། གདན་སར་སློབ་མ་བསྐྱངས་ཤིང་མཛད་འཕྲིན་མཁའ་མཐར་ཁྱབ་པའི་སྐོར། སྣང་བར་རང་དབང་འབྱོར་བའི་གྲུབ་རྟགས་དང་དུས་གསུམ་ས་ལེར་གཟིགས་པའི་མངོན་ཤེས་མངའ་ཚུལ་གྱི་སྐོར། མཐར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་དང་གསུང་ཆོས་སློབ་ཚོགས་བཅས་ཀྱི་སྐོར་ཏེ་བཀྲ་ཤིས་པའི་གྲངས་ལས་དང་པོ། དེ་ཡང་སྐྱབས་རྗེ་དམ་པ་གང་དུ་སྐུ་འཁྲུངས་པའི་ཡུལ་ནི། བསིལ་ལྡན་གངས་རིའི་ལྗོངས་ཀྱི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ། འབྲི་རྫ་ཟལ་མོ་སྒང་གི་ཉེ་ཞོལ། ཤར་མི་ཉག་རབ་སྒང་གི་གཡོན་ཟུར། རྒྱལ་མོ་ཚ་བ་རོང་དང་ཉེ་བའི་ཆར། སློབ་དཔོན་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། ལྷ་ལུང་དཔལ་ཀྱི་རྡོ་རྗེ་སོགས་གྲུབ་བརྙེས་རྗེ་འབངས་དུ་མས་རྫུ་འཕྲུལ་གྱི་སྒོ་ནས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་དལ་འབབ་ཀྱི་ཆུ་བོས་གཡས་ནས་གཡས་སུ་བསྐོར་བའི་ལྗོངས། བོད་ཡུལ་སྐྱོང་བའི་དགེ་བསྙེན་ཉེར་གཅིག་གི་ཡ་གྱལ། གནས་བདག་དགེ་བསྙེན་ཆེན་པོ་རྡོ་རྗེ་གཡུ་ཁྲོམ་ཡུམ་སྲས་བློན་འཁོར་དང་བཅས་པས་ས་ཕྱོགས་བདག་གིར་མཛད་ཅིང་སྐྱོང་བའི་ཡུལ། གླིང་རྗེ་གེ་སར་རྒྱལ་པོས་བླ་གཡུ་ངོ་མཚར་བ་ཡུལ་ཕྱོགས་འདིའི་སའི་བཅུད་ཡུལ་རྟེན་དུ་གཏེར་དུ་སྦས་པ་དེ་ནས་བཟུང་གཡུ་ཁོག་ཅེས་གྲགས་པའམ་ཡང་ན་ས་ཕྱོགས་གཅན་གཟན་གཡི་དཀར་གྱི་པགས་པ་བསྐྱངས་པ་དང་འདྲ་བས་ན་གཡི་ཁོག་ཅེས་ཀྱང་གྲགས་པའི་གནས་མཆོག་དེར། དཀར་ནག་ཕྱུགས་ཀྱིས་འཚོ་བའི་འབྲོག་སྡེས་ཁྱབ་ཅིང་ཆོས་ལྡན་ཁྲིམས་ཀྱིས་སྐྱོང་བའི་དཔོན་རབས་རྣམས་ཀྱིས་མངའ་འབངས་བདེ་བས་བསྐྱངས། མཁས་ཤིང་གྲུབ་པ་བརྙེས་པའི་བསྟན་འཛིན་སྐྱེས་ཆེན་དུ་མ་བྱོན་ནས་སྔ་ཕྱིར་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་སོགས་ཕྱག་བཏབ་ཅིང་བཤད་སྒྲུབ་འཁོར་ལོ་གསུམ་གྱིས་བསྐྱངས་པ་སོགས་ལུགས་གཉིས་ཀྱི་ལེགས་ཚོགས་གོང་དུ་འཕེལ་བའི་གནས་དེའི་ཆར། ཤར་རྒྱལ་མོ་ཚ་བ་རོང་གི་གནས་ཀྱི་གོང་བར་གྲགས་པ་རྗེ་བཙུན་འཕགས་མ་ཉེར་གཅིག་གིས་བྱིན་གྱིས་བརླབས་པའི་གནས་མཆོག་ཆུ་དབར་ཏ་རཱེའི་གནས་ཞེས་བྱིན་རླབས་ཀྱི་ན་བུན་འཐུལ་ཞིང་ལྗོན་ཤིང་དང་ཆུ་མཚོ་མེ་ཏོག་གིས་བརྒྱན་པའི་གནས་མཆོག་དེའི་ཉེ་འགྲམ་དུ་མཚན་དཔེའི་མེ་ཏོག་ཉེ་བར་བཞད་པ་སྟེ། དེ་ཡང་ཡབ་ཁྱི་ཤུལ་བཀྲ་ཚེ་དང་ཡུམ་ཨ་འཛི་བཟའ་བ་ལོ་ཞེས་པ་གཉིས་ལ་སྲས་ལྕམ་སྲིང་མང་དུ་འཁྲུངས་བའི་ནང་ནས་རྗེ་འདི་རབ་བྱུང་བཅོ་ལྔ་པའི་བགྲང་བྱ་དྲུག་པ་ཨང་གི་ར་སྟེ་ཆུ་ཕོ་སྤྲེལ་གྱི་ལོའི་༼ཕྱི་ལོ་༡༨༧༢༽གནམ་ལོ་གསར་དུ་ཚེས་པའི་དུས་ཚེས་བཟང་པོ་ཞིག་ཏུ་ངོ་མཚར་བའི་ལྟས་དང་བཅས་མངལ་གྱི་ཆུ་འཛིན་ལས་གྲོལ། རྗེ་འདིའི་མཆེད་ལྕམ་གཞན་དག་ནི། བླ་མ་སྒྲ་དབྱངས་རྒྱ་མཚོ་། ཁྱི་ཤུལ་མཁན་པོ་ཀུ་ལོ། བླ་མ་ནོར་ལྷུན། འགོ་ཚ་སྤྲུལ་སྐུ་ཐེག་མཆོག་བསྟན་འཛིན། ཀརྨ་སྒྲོན། གནས་སྐྱིད་བཅས་དང་གཞན་སྐུ་མཆེད་ཆུང་བ་གཉིས་ཆུང་དུས་ཆུར་ལྷུང་སྟེ་གཤེགས་པར་གྲགས། རྗེ་འདིི་ཆུང་ངུའི་དུས་མཚན་ལ་པདྨ་རྡོ་རྗེ་ཞེས་ཞུ་ཞིང་ཅུང་ཟད་སྐུ་ནར་སོན་སྐབས་ཕ་མ་གཉིས་ཀྱིས་སྐུ་ཉེ་ཨ་ནེ་རྒན་མོ་ཞིག་ལ་བུ་སྐལ་དུ་བྱིན་སྟབས་ཁོང་ཡང་བྱིས་པ་གཞན་དག་དང་མཉམ་དུ་ཕྱུགས་རྫི་དང་ནུས་ཚོད་ཀྱི་ལས་ཀར་བསྐུལ། དེ་ཡང་དམ་པ་རྣམས་ཀྱི་མཛད་སྤྱོད་ནི་གདུལ་བྱའི་དབང་གིས་མཐའ་གཅིག་ཏུ་མ་ངེས་ཏེ། ཁ་ཅིག་དང་པོ་ནས་སྐྱེས་སྦྱང་གི་རིགས་སད་ཅིང་ཞི་དུལ་གྱི་ཚུལ་དང་། ཡང་ཁ་ཅིག་ནི་དང་པོ་མཛད་སྤྱོད་ཐམས་ཅད་མ་ངེས་པའི་ཚུལ་དུ་སྟོན་པའང་ཡོད་པ་ལས་རྗེ་འདི་ཕྱི་མ་སྟེ། དེ་ཡང་ཅུང་ཟད་སྐུ་ཤེད་རྒྱས་སྐབས་རྒྱུན་དུ་མེ་མདའ་རྒྱབ་ཏུ་ཁུར། རལ་གྲི་སྐེད་ལ་དྲངས། རྟ་རྒྱུག་འབའ་ཞིག་གནང་བ་སོགས་མཛད་སྤྱོད་ཕལ་ཆེར་གཞན་དག་དང་མ་འདྲ་བར་གྲུབ་པའི་མཛད་སྤྱོད་ཁོ་ན་གནང་ཡང་ཡུལ་མི་ཀུན་གྱི་བློར་མ་ཤོང་བས་མ་དད་པ་སྐྱེས་པ་དང་མི་རྒོད་གདུག་རྩུབ་ཅན་ཞིག་ཏུ་ངོས་བཟུང་ཞིང་ཡུལ་མི་ཀུན་ཁོང་ལ་སྐྲག་ཅིང་ཞེད་དགོས་པ་ཞིག་ཏུ་གྱུར་པར་མ་ཟད་ཀུན་གྱིས་ཁོང་ལ་ཨ་འཛིའི་མི་སྨྱོན་ཞེས་ངན་སྨད་བྱེད། སྐབས་ཤིག་དགེ་བཤེས་རྒྱལ་པོ་ཆུ་དབར་ཁོག་ཏུ་ཚ་གཟིམ་དུ་ཕེབས་པ་ལ་ཁོང་གིས་ལམ་འཕྲང་དོག་ས་ཞིག་གི་ངོས་ནས་ཤིང་སྡོང་མང་པོ་བསྒྲིལ་བས་དཔོན་བློན་ཐམས་ཅད་ཀྱི་ཆིབ་རྟ་དང་མཛོ་སོགས་འདྲོ གས་ནས་ས་ལ་དྲུད་ཀྱང་ཉེས་སྐྱོན་མ་བྱུང་བ་དང་། ཡང་གནས་དེར་མཚོ་ནག་ཅེས་ཀླུ་གདུག་རྩུབ་ཅན་གནས་པའི་མཚོ་ཞིག་ཡོད་པ་དེའི་འགྲམ་དུ་ཐ་ན་སྐད་ཅོར་བརྒྱབ་ཀྱང་སེར་བ་འབབ་པའི་མཚོ་དེར་ཁོང་གིས་བྱིས་པ་མང་པོ་ཁྲིད་དེ་རྦབ་རྡོ་མང་དུ་བསྒྲིལ་ཡང་འཁུ་ལྡོག་མ་བྱུང་བ་སོགས་ཡ་མཚན་གྱི་མཛད་པའང་མང་མོད་ཡིད་ཆེས་བྱེད་མཁན་ཆེར་མ་བྱུང་། གཞན་ཡང་ཕྱུགས་རྫི་རྣམས་གྱི་བྲོ་ཆས་འཕྲོག་ནས་གསོལ་ཞིང་ཁོང་རྣམས་ལ་བརྡུང་བརྡེག་དང་གཡོག་ཏུ་བཀོལ་བ་སོགས་མཛད་པ་ཕལ་ཆེར་དེ་དག་གི་ཚེ་གེགས་བར་ཆད་སེལ་བྱེད་དུ་གྱུར་ཚུལ་སོགས་རྗེས་སུ་རྟོགས། དེ་སྐབས་ཏཱ་རེའི་གནས་སུ་ཧོར་བླ་མ་གཞན་ཕན་འོད་ཟེར་ཞེས་གྲུབ་ཆེན་ཨ་ཙར་ས་ལེའི་རྣམ་འཕྲུལ་དུ་གྲགས་པའི་གྲུབ་བརྙེས་གཏེར་ཆེན་དམ་པ་ཞིག་བཞུགས་པ་ཁོང་གིས་དུས་གསུམ་ས་ལེར་གཟིགས་པའི་མངོན་མཁྱེན་གྱིས་ཁོང་ལ་ཀློག་གི་ཕྱི་མོ་བསླབ་པ་སོགས་ཐབས་མཁས་ཀྱི་མཛད་པ་དུ་མས་རྗེས་སུ་བཟུང་ཞིང་། ཐུན་མོང་མ་ཡིན་པའི་བླ་མར་གྱུར་ཏེ་བཀའ་དྲིན་ཆེ་ཚུལ་ཕྱིས་ཀྱི་ཞུ་ཡིག་རྣམས་སུའང་གསལ་ལོ། །དེ་ལྟར་རང་ཡུལ་དུ་མཛད་སྤྱོད་ངེས་མེད་ཀྱིས་དགུང་གྲངས་བཅོ་བརྒྱད་བར་བཞུགས་པ་ཡིན།

གཉིས་པ་རིགས་སད་དེ་གསེར་སྨད་ལྷ་རྩེ་དགོན་དུ་གྱང་ཁང་སྐྱབས་མགོན་རིན་པོ་ཆེ་སོགས་བསྟེན་པའི་སྐོར་ནི།

དེ་ནས་རྗེ་འདི་དགུང་གྲངས་བཅོ་བརྒྱད་ཙམ་ལ་སླེབ་སྐབས་ཤིག་ལ་ཐུགས་རིགས་སད་པའི་རྟགས་སུ་འཁོར་བ་ལ་ཞེན་ལོག་གི་ངེས་འབྱུང་བཅོས་མིན་ཞིག་གིས་ཐུགས་རྒྱུད་བསྐུལ་ནས། ཉིན་ཞིག་གློ་བུར་དུ་ཁོང་ཆ་ལུགས་སྔར་བཞིན་བླ་མ་ཧོར་བླ་རིན་པོ་ཆེ་གཡུ་མཁར་དགོན་ནང་དུ་གསུང་ཆོག་གནང་བཞིན་པའི་ཉེ་སར་ཕེབས་ནས་ཧོར་བླ་གཞན་ཕན་ལ་ཚུར་གཏུག་གསུང་པས། ཧོར་བླའི་ཐུགས་ཅུང་མ་བདེ་བར་ཚུར་ཕེབས་ནས་ཁོང་ལ། ཁྱོད་ཀྱིས་མི་འདྲ་བསད་པ་མིན་ནམ་གསུངས་པར། ཁོང་གིས་ཁྱོད་བླ་མ་གཤིན་པོའི་རྣམ་ཤེས་མཐོང་མཁན་ཞིག་གིས་ངས་མི་བསད་ཡོད་མེད་ཙམ་ཡང་མི་ཤེས་སམ། ང་ཡོང་དོན་གཙོ་བོ་ནི་ང་རང་གྲྭ་ས་ཞིག་ལ་འགྲོ་འདོད་བྱུང་བས་གང་དུ་སོང་ན་དགའ་ཁྱོད་ལ་བློ་ཞིག་འདྲི་སར་འོང་བ་ཡིན་ཞེས་ཞལ་རྩེད་དང་བཅས་ཞུས་པར། ཧོར་བླས་འོ་ན་ཉེས་སྐྱོན་མེད་པར་ང་བློ་བདེ་བྱུང་། ཁྱོད་གྲྭ་སར་གང་དུ་འགྲོ་དགོས་ད་སྟེ་ཞག་བདུན་གྱི་རྗེས་སུ་ཆ་ལུགས་སྒྱུར་ལ་ཤོག་དང་ངས་ཁྱོད་ལ་ལམ་སྟོན་བྱེད་ཆོག་གསུངས། དེ་ནས་ཁོང་ཕར་ཆུ་དབར་ཁོག་ཏུ་ཕེབས་ནས་རང་གི་རྟ་དང་མེ་མདའ་སོགས་མེད་པར་བྱས་ཏེ་འགྲོ་ཆས་བསྒྲིག་ཅིང་ཨ་ལྕོ་བྱ་བྲལ་གྱི་སྤྱོད་པ་དང་དུ་བླངས་ནས་ཚུར་གཡུ་མཁར་དགོན་དུ་ཧོར་བླའི་རྩར་ཕེབས་ནས་བསྒུག ཉིན་ཞིག་དགོན་པའི་འདུ་ཁང་ལ་སྐོར་བར་ཕེབས་སྐབས་དགོན་བྱང་ངོས་ཀྱི་གྲྭ་ཤག་ཞིག་གི་སྟེང་ནས་བླ་མ་ཞིག་གིས་ཡར་ཕེབས་གསུངས། དེར་སྐུ་མདུན་བཅར་བས་ཡི་གེ་ཤེས་སམ་གསུངས། ཅུང་ཟད་ཤེས་ཞུས་པས། འཇམ་དཔལ་མཚན་བརྗོད་ཅིག་གནང་ནས་ལྟོས་གསུངས་འཕྲལ་ཞུ་དག་གཏོང་ཁུལ་གྱིས་ལྗགས་ལུང་གནང་ནས་ཕེབས་ཁར་ཕྲུག་དུམ་ཞིག་སྤྲད་དེ་འདིས་ཞྭ་ཞིག་བཟོས་གསུངས། ཚུར་ལ་ཕེབས་ནས་ཧོར་བླ་ལ་ལོ་རྒྱུས་ཞུས་སྐབས། ཨོ་དེ་ནི་རྒྱ་ལྷ་མོ་ཚེ་རིང་ཞུ་བ་གཡུ་མཁར་དགོན་པའི་བསྟན་བདག་གྲུབ་ཆེན་ཁྱད་འཕགས་ཤིག་ཡིན། ཁྱེད་ཡུལ་མདོ་སྨད་ཀྱི་མགོའི་ཞྭ་ལྟ་བུ་ཞིག་ཏུ་འགྱུར་བའི་རྟེན་འབྲེལ་ཡིན་པས་ཤིན་ཏུ་ལེགས་གསུངས། དེ་ནས་ཉིན་ཤས་ཀྱི་རྗེས་ཧོར་བླས་ཁོང་ལ་ད་ཁྱོད་གནས་སྐབས་གསེར་ལྷ་རྩེ་དགོན་དུ་གྱང་ཁང་སྐྱབས་མགོན་རིན་པོ་ཆེའི་མདུན་དུ་སོང་དང་ངས་ཁོང་ལ་ཁྱོད་ཀྱི་ལོ་རྒྱུས་ངོ་སྤྲོད་ཡི་གེ་ཞིག་སྐུར། ད་རེས་ལྷ་རྩེ་དགོན་པའི་གྲྭ་རྒན་ཞིག་ཀྱང་འགྲོ་རོགས་འདུག་གསུངས། སྐབས་དེར་ལྷ་རྩེ་དགོན་པའི་གྲྭ་རྒན་བསོད་སྙོམས་པ་ཞིག་ཕྱིར་ཕེབས་པ་དང་གཞན་གཡུ་ཁོག་པའི་གྲྭ་རྒན་ཤིས་རྡོར་ཞེས་པ་བཅས་ཁོང་གསུམ་མཉམ་དུ་ལམ་ལ་ཆས། དེར་ལྷ་དགོན་གྱི་བླ་མས་བྲོ་ཆས་ན་བཟའ་སོགས་ཀྱང་ཁོང་ལ་ཁུར་བཅུག་པ་མ་ཟད་བླ་རྒན་ཤིན་ཏུ་བཟེ་རེ་ཆེ་བས་ཁོང་གིས་ལམ་ནས་སྐུ་རྩེད་མང་དུ་མཛད་ཅིང་ཕེབས་པའི་ལོ་རྒྱུས་ཀྱང་ཡོད། རིམ་གྱིས་གཡུ་སྨད་བརྒྱུད་ཕེབས་ལམ་དུ་ཡུལ་མི་ཁ་ཤས་ཀྱིས་གང་དུ་འགྲོ་དྲིས་ཚེ་གྲྭ་སར་འགྲོ་བ་ཡིན་གསུངས། དེར་ཁོང་ཚོས་གྲྭ་སར་འགྲོ་ན་གཡུ་སྟོད་ནས་གྱེན་དུ་ཀཿདཔལ་རྫོགས་གསུམ་ཕྱོགས་སུ་འགྲོ་དགོས་པ་ལ་ཁྱེད་གཡུ་ཆུ་ལག་གཡས་བྱས་ནས་ཐུར་དུ་འགྲོ་བ་ནི་སུ་དང་མི་འདྲ་བ་ཞིག་རེད་ཅེས་འཕྱས་ཀྱང་། ཕྱིས་སུ་ཁོང་གིས་སུ་དང་མི་འདྲ་བ་ཟེར་བ་དེས་ཁོང་ལ་རྟེན་འབྲེལ་ཤིན་ཏུ་ལེགས་པར་གསུངས། དེ་ནས་ཀྱང་ཕེབས་ལམ་དུ་རྒྱ་གསེར་བ རྐོ་བ་ཁ་ཤས་ཀྱིས་ཉ་མང་པོ་བཟུང་ནས་སྐམ་དུ་བཏོན་པའི་སྡུག་བསྔལ་མཐོང་བས་ཁོང་ལ་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཐུགས་ལ་འཁྲུངས་ཤིང་སྤྱན་ཆབ་མང་དུ་ཕྱུང་། སྔར་ཐུགས་རྒྱུད་ཅུང་རྩུབ་པའི་ཚུལ་མཛད་ཀྱང་དེ་ནས་བཟུང་སྙིང་རྗེས་རྒྱུད་བརླན་པར་གསུངས། དེ་ལྟར་ཉིན་ཞག་དུ་མའི་དཀའ་སྤྱད་དང་དུ་བཞེས་མཐར་གསེར་སྨད་ལྷ་རྩེ་དགོན་དུ་ཕེབས། དེར་ཉིན་ཤས་སྡོད་གནས་མ་རྙེད་པར་ལུས་སྐབས་ཤིས་རྡོར་ཞེས་པའི་གྲྭ་རྒན་དེས་ཁོ་རང་གི་ངོ་ཤེས་ལྷ་དགོན་གྱི་གྲྭ་རྒན་སྐུ་མཆེད་གཉིས་ལ་སྡོད་གནས་གཡར་གྲོགས་ཞུས་པར། དེ་གཉིས་ཀྱིས་ཁོང་འོག་ཁང་ཞིག་དུ་གནས་ཚང་གཡར་ཙམ་བྱུང་ཞིང་མེ་ཤིང་ཁུར་ནས་གནས་གླ་སྤྲད། སྐབས་དེར་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེ་སངས་རྒྱས་དཔལ་ལྡན་མཆོག་ཆུའི་ཕྱར་རི་ཁྲོད་དུ་ཐུགས་དམ་བཅད་རྒྱར་བཞུགས་ཡོད་པས་སྐུ་མདུན་དུ་རང་གར་ཚུད་དཀའ་བར་ཡོད་པས་གནས་ཚང་གྲྭ་རྒན་གཉིས་ཀྱིས་ཁོང་ལ་ཁྱོད་སྐུ་མདུན་དུ་ཚུད་དཀའ་ངེས་གསུངས། དེར་ཉིན་ཞིག་ཁོང་གིས་བླ་མ་གཞན་ཕན་གྱི་ཕྱག་ཡིག་བསྣམས་ནས་རི་ཁྲོད་དུ་ཕེབས་འཕྲལ་ཡུལ་མི་ཁ་ཤས་ལ་ཐུན་མཚམས་མཇལ་ཁ་གནང་བཞིན་པའི་སྐབས་དང་ཁེལ་བས། ཁོང་ཡང་སྐུ་མདུན་དུ་ཚུད་པར་མ་ཟད་བླ་མ་ཧོར་བླའི་ཕྱག་ཡིག་ཕུལ་ཞིང་ལོ་རྒྱུས་ཞུས་ནས་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། སྐྱབས་མགོན་རིན་པོ་ཆེས་དགྱེས་བཞིན་བརྩེ་བས་རྗེས་སུ་བཟུང་ཞིང་དེ་འཕྲལ་སྔོན་འགྲོ་ཀུན་བཟང་ཞལ་ལུང་གི་ཆོས་ཁྲིད་དབུ་བཟུང་བ་དང་། རིམ་གྱིས་སྤྱོད་འཇུག་སོགས་ཟབ་ཆོས་ཀྱི་སྒོ་ཕྱེས་ནས་བླ་སློབ་ཐུགས་ཡིད་གཅིག་འདྲེས་སུ་གྱུར། ཁོང་ལ་དཔེ་ཆ་མེད་སྟབས་བླ་མ་སྐུ་དངོས་ཀྱི་ཕྱག་དཔེ་རྣམས་ཀྱང་གཡར་གནང་མཛད། དེ་སྐབས་དགོང་མོ་ཕྱིར་གནས་ཚང་དུ་ལོག་དུས་གནས་ཚང་བླ་རྒན་གཅིག་གིས་སྐུ་མདུན་དུ་ཚུད་དམ་ཞུས་པར། ཚུད་པ་མ་ཟད་ཆོས་ཁྲིད་གནང་ནས་ཕྱག་དཔེ་ཡང་གཡར་སོང་གསུངས་པས་བླ་རྒན་གྱིས་བླ་མའི་ཕྱག་དཔེ་ངོ་ཤེས་ནས་དེ་མ་ཐག་གང་ཟག་ཁྱད་པར་བ་ཞིག་ཡིན་པ་འདྲ་ཞེས་བཞུགས་གནས་ཡར་སྟེང་ཐོག་ཏུ་སྤར། ཡང་དེ་རྗེས་བླ་མས་ཁོང་ཆུའི་ཕྱར་རི་ཁྲོད་དུ་དཀའ་བ་སྤྱད་ནས་བཞུགས་སུ་བཅུག །སྐབས་ཤིག་བླ་མས་རྡོ་ཁོག་ཏུ་ནས་བསོད་ཞིག་ལ་སོང་གསུངས་པ་བཞིན་ཕེབས། དེ་སྐབས་རྡོ་ཀླུང་དལ་འབབ་ཀྱི་རྒྱུན་ལ་བརྒལ་དཀའ་བས་གྲུ་གཟིངས་ལ་ཞུགས་ཏེ་བྱོན་པ་ན་གློ་བུར་དུ་རླུང་འཚུབ་དྲག་པོ་ཞིག་བྱུང་བས་ཆུ་ཆེན་པོའི་རྦ་རླབས་ཀྱིས་བསྐྱོད་དེ་གྲུ་གཟིངས་འཐོར་ལ་ཁད་པ་དང་སྟེང་འོག་བསྒྱུར་ཙམ་མང་པོ་བྱས་སྐབས་ཧོར་བླ་སོགས་བླ་མ་རྣམས་ལ་གསོལ་བ་དྲག་ཏུ་བཏབ་པས་གནོད་བྱེད་ཀྱི་རྐྱེན་ལས་གྲོལ་ཏེ་ཆུ་བོ་ལས་བརྒལ་ཐུབ་པ་བྱུང་ངོ་། །དེ་ནས་རྡོའི་དགྲ་བླ་ཟེར་བའི་ས་རོང་རྩུབ་པའི་འཕྲང་ཆེན་དེར་གྲོགས་མེད་པར་རྗེ་རང་ཉིད་གཅིག་པུར་སྐུ་བསྐྱོད་སྐབས། གཟིག་མ་བུ་གསུམ་གྱིས་ཤིན་ཏུ་ངར་བསྐྱེད་དེ་ཡར་བདའ་མར་བདའ་མང་དུ་བྱས་པས་ཐུགས་བྲེད་སྔངས་ཆེན་པོ་བྱུང་། དེ་འཕྲལ་བླ་མ་ལ་གསོལ་བ་སྙིང་ནས་བཏབ་པས་གཅན་གཟན་གཟིག་གི་འཇིགས་པ་ལས་གྲོལ། དེ་རྗེས་ནས་ཁོང་གི་གཟིམ་ལམ་དུ་ལན་གྲངས་མང་པོར་གཅན་གཟན་དེ་དག་རྨིས་ཏེ་ཐུགས་ལ་སྐྲག་དངངས་དྲག་པོ་བྱུང་བས་རེ་ཞིག་ན་བུད་མེད་ཅིག་གིས་གཅན་གཟན་དེ་དག་ཁྲིད་ནས་སྨྲས་པ། གཅན་གཟན་འདི་དག་ངའི་ཆོ་འཕྲུལ་ཡིན་ཡང་ཚུལ་དེ་ཁྱོད་ཀྱིས་མ་ཤེས་པ་རེད་ཟེར་ཞིང་གཅན་གཟན་རྣམས་བུད་མེད་དེར་ཐིམ་སོང་། བུད་མེད་དེ་ཡང་ཡི་གེ་ཞིག་ཏུ་གྱུར་ནས་མི་སྣང་བར་གྱུར། ཚུལ་དེ་རྣམས་བླ་མ་སྐྱབས་མགོན་རིན་པོ་ཆེ་ལ་ཞུས་པར་ཁོང་གིས་དེ་དག་ལྷོང་ཚད་ཡིན་ཡང་ཁྱོད་ཀྱིས་ད་བར་མ་ཆོད་པ་རེད། ད་ནི་ཆོད་པ་ཡིན་གསུངས། དེ་རྗེས་རྗེ་བཙུན་མི་ལའི་རྣམ་ཐར་དཔེ་ཆ་ཞིག་མཇལ་ཚེ་ཉིན་ཞག་ལྔའི་བར་དུ་སྣང་བ་གཏད་མེད་དུ་སོང་ནས་སྣང་བའི་འཆིང་ཞེན་ལྷོད་ཀྱིས་གྲོལ་བ་བྱུང་། ཡང་ཁོང་གི་ཉམས་སྣང་ལ་ཆོས་རྗེ་དམ་པ་ཧོར་བླ་གཞན་ཕན་འོད་ཟེར་གྱིས་ཞལ་གཟིགས་གནང་སྟེ་རིགས་ལྔའི་ཕྱག་མཚན་ཞིག་ཕྱག་ཏུ་གཏད་ནས། ད་ནི་སྒྲ་བསྒྱུར་མར་པའི་གདན་ས་ལྷོ་གྲོ་བོ་ལུང་དུ་ཕེབས་པའི་དུས་ལ་བབ་པ་ཡིན་ཞེས་ལུང་བསྟན། དེའི་ཚུལ་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེར་ཞུས་ཚེ་ལུང་བསྟན་འཁྲུལ་མེད་ཡིན་ཡང་ད་དུང་འགྲོ་མི་དགོས་གསུངས། དེ་རྗེས་ལོ་གཉིས་ཙམ་ནས་སྐྱབས་རྗེའི་སྐུ་ལ་སྙུང་གཞི་དྲག་པོ་བཞེས་པར་ཞབས་པད་བརྟན་པའི་སྐུ་རིམ་བསྒྲུབ་ཆེད་དུ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་སྤྲུལ་རོལ་བའི་རྡོ་རྗེ་ལྕགས་མོ་སྤྲུལ་སྐུ་ལྷ་རྩེ་དགོན་དུ་གདན་ཞུས་ཀྱིས་ཁོང་གི་གཏེར་བྱོན་ལྷ་མཆོག་ཧྱ་གྷྲྀ་ཝ་སྟེ་ལྕགས་མོ་རྟ་གསར་གྱི་བཀའ་རྒྱ་བཀྲོལ་ཏེ་དབང་ལུང་མན་ངག་གི་རྒྱུན་སྤེལ། གཏེར་སྟོན་རང་ཉིད་གོང་གནོན་དུ་བཞུགས་ནས་ཟླ་སྒྲུབ་ཅིག་མཛད་པས། སྐྱབས་རྗེའི་སྐུ་གེགས་བསལ་ཏེ་སྐུ་ཚེ་ཡུན་དུ་བསྲིངས་ཤིང་སྙུང་ལས་གྲོལ། དུས་རྒུད་སོགས་ལའང་ཕན་འབྲས་མངོན་གྱུར་ཐོབ་པ་བྱུང་། སྐབས་དེར་སྐྱབས་རྗེ་མཆོག་སྤྲུལ་ཁོང་ལ་གྲུབ་ཆེན་ནས་བརྒྱུད་པའི་རྫོགས་པ་ཆེན་པོའི་མན་ངག་གི་རྒྱུན་ཁྱད་པར་བ་བཞུགས་པར་སྐུ་མདུན་དུ་བཅར་ཏེ། རྗེ་བཙུན་དམ་པ་ལགས། དེང་དུས་སུ་རྫོགས་པ་ཆེན་པོའི་ཆོས་སྐད་ཙམ་རེ་གླེང་བ་མང་མོད། འོན་ཀྱང་བདག་ལ་ལམ་དེའི་ཡོན་ཏན་གྱི་ཆ་ཕྲ་མོའང་རྒྱུད་ལ་མ་འབྱོར་བས་མགོན་ཉིད་ཀྱིས་རྗེས་སུ་འཛིན་པར་ཞུ་ཞེས་ནན་གྱིས་གསོལ་བ་བཏབ་པ་ན། ཁྱེད་བླ་མ་གཞན་ཕན་ཉིད་ནས་འདིར་མངག་པ་ཡིན་སྐད་ཐོས། གཞན་ཕན་ཁོང་ལ་ང་རང་ཡང་མཇལ་འདོད་ལྷག་པར་ཆེ་ཡང་དེང་སྐབས་སྟབས་མ་འགྲིགས། དེ་སླད་མི་རྒན་ང་ཡི་ཁོང་ནས་ཁྱོད་ལ་རྫོགས་པ་ཆེན་པོ་ཞིག་རྟོགས་པའི་རེ་བ་མེད་ཀྱང་ཁྱོད་རང་ང་དང་ལྷན་དུ་མགོ་ལོག་ཕྱོགས་སུ་ཤོག་དང་ལྟོ་གོས་གཉིས་པོ་ངས་སྦྱར་ཆོག རྡོ་གྲུབ་རིན་པོ་ཆེའི་མདུན་དུ་བཅར་ན་རྫོགས་པ་ཆེན་པོ་རྒྱུད་ལ་འབྱོར་བར་ངེས་སོ་གསུངས། ཚུལ་དེ་ལྷ་རྩེ་སྐྱབས་མགོན་རིན་པོ་ཆེར་ཞུས་ཀྱང་བཀའ་ཡི་གནང་བ་མ་ཐོབ། དེ་ཚེ་མཆོག་སྤྲུལ་རོལ་བའི་རྡོ་རྗེས་ད་ནི་བན་ཆུང་ཁྱོད་ལ་སྐྱབས་མགོན་གྱིས་གནང་བ་མེད་ཀྱང་གྲུབ་རྗེ་ཉིད་ཀྱི་གདམས་ཟབ་བྱིན་རླབས་ཀྱི་བརྒྱུད་པའི་ཕ་ཕོག་བླ་ན་མེད་པ་འདི་ངས་ཁྱོད་ལ་བསྟན་གྱིས་གསུངས་ནས། ཐུགས་རབ་ཏུ་དགྱེས་པ་ཆེན་པོས་ཁྲིད་ཡིག་ཡེ་ཤེས་བླ་མ་ལ་སོགས་པའི་རྫོགས་ཆེན་ཀྱི་མན་ངག་ཅི་རིགས་དང་ཞལ་འཕྲོས་སུ་ཟབ་གནད་མང་པོ་ཞིག་གཅེས་ནོར་དུ་གདམས་ཏེ་རྡོ་གྲུབ་བསྟན་པའི་ཉི་མའི་གདམས་ངག་གི་སྙིང་པོ་དེ་ཀ་རང་ལགས་ཕྱིར་བརྩོན་པས་ཉམས་སུ་ལོངས་ཤིག་གསུངས། ཁོང་གིས་བརྩོན་པ་དྲག་པོས་ཐུགས་ཉམས་སུ་བཞེས་ཚེ་ཞག་བདུན་ཕྲག་གཅིག་གི་མཚམས་སུ་སློབ་དཔོན་གྱིས་སྣང་སྲིད་བླ་མར་ངོ་སྤྲད་པ་སོགས་ཀྱི་ཉམས་སྣང་སྣ་ཚོགས་ཤར་ཞིང་། གཞན་ཡང་གཟུང་འཛིན་ལས་རླུང་གི་རྒྱུ་བ་དབྱིངས་སུ་ནུབ་སྟེ་རྟོག་མེད་ཀྱི་ངང་དུ་འབྱམས་ཀླས་པ་ན། དྲན་མེད་དང་ལུང་མ་བསྟན་དུ་མ་སོང་བར་བུམ་ནང་གི་མར་མེ་བཞིན་འོད་གསལ་ཡེ་ཤེས་ཀྱི་འཆར་སྒོ་འགགས་པ་མེད་པར་གཞོན་ནུ་བུམ་སྐུའི་ཞིང་ཁམས་ཀྱི་བཀོད་པ་མངོན་དུ་གྱུར་པ་ཡིན་ཞེས་གཟུགས་མི་སྣང་བར་སྒྲའི་དབྱངས་ཀྱིས་ལུང་བསྟན་པ་དང་། རིགས་ལྔའི་ཞིང་ཁམས་སོགས་ཀྱི་སྣང་བ་གསལ་ལ་མ་འདྲེས་པར་ཤར་བ་ན། རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་བུད་མེད་མཛེས་མ་དུ་མས་རིགས་ལྔའི་ཞིང་སོགས་སོ་སོའི་བརྡ་སྤྲོད་བྱེད་པ་དང་གཞན་རྒྱ་ཡིག་དང་བོད་ཡིག་སོགས་ཡིག་རིགས་སྣ་ཚོགས་ཤར་ཞིང་། ཚེ་རབས་ལས་ཀྱི་བླ་མ་སངས་རྒྱས་ཐོགས་མེད་བྱ་བ་དེ་ད་ལྟ་ཁ་བ་ལ་དེར་བཞུགས་ཡོད་པས་དེ་རུ་སོང་ཞེས་ལུང་བསྟན་པ་སོགས་མཐའ་ཡས་པ་བྱུང་ངོ་། །དེ་ནས་བཟུང་རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཀློང་ནས་རྡོལ་བས། སྣང་བ་བརྡ་དང་དཔེ་ཆར་ཤར་བའི་རྟགས་སུ་མགྲིན་པ་རྡོ་རྗེའི་གསང་མཛོད་ནས་ངལ་གསོི་མགྲོན་པོའི་རྒྱང་གླུ་སོགས་ལྟ་མགུར་གྱི་རིགས་དང་སྙན་ཞིང་འཇེབས་ལ་སྐབས་དོན་ཁྱད་པར་ཅན་གྱི་འབེལ་རྩོམ་དོ་ཧའི་སྐོར་སོགས་ལྗགས་རྩོམ་ཡང་མང་དུ་གནང་ངོ་། །སྐབས་ཤིག་རྗེ་འདིའིི་ལྟ་མགུར་ལས། ཨ་ཧོ། གྲོང་དགོན་སྤེལ་མ་ཡི་ཁྲོད་ན། །གནས་ཉམས་འཐུག་པོ་ཡི་མལ་དུ། །ཉམས་ཞེན་རོ་མྱོང་ལ་ཆགས་པའི། །ངལ་བ་དོན་མེད་ཀྱི་སྒོམ་ཆེན། །ཨ་འཐས་ཉམས་ཞེན་གྱི་འཆིང་བས། །རང་རྒྱུད་བསྡམས་པ་དེ་ཨེ་གོ །དབང་མེད་བྱེད་པོ་ནི་མ་མཆིས། །ཅུང་ཟད་ཀློད་ན་ནི་བདེའོ། །ཅིར་ཡང་མ་གྲུབ་པའི་ངང་ནས། །དྭངས་གསལ་འགགས་མེད་ཀྱི་ཉམས་ལེན། །ཞང་ཞུང་བོན་པོ་དང་མཐུན་པའི། །ལྟ་དེ་སྤྲོས་ཅན་དུ་འདུག་གོ །བསྒོམ་ཡང་སེམས་འཛིན་གྱི་བསམ་གཏན། །མ་བསྒོམ་འཁྲུལ་འབྱམས་ཀྱི་རང་བཞིན། །དེ་འདྲའི་གནས་འགྱུ་ཡི་ངང་ལ། །མི་ཚེ་ཟད་པ་འདི་ཨེ་གཟིགས། །གཟུགས་མེད་བསམ་གཏན་གྱི་ཁུང་བུར། །སེམས་གནས་དགུང་ལོ་ནི་བགྲེས་ཀྱང་། གནས་དགའ་འགྱུ་སྡུག་གི་ངང་དུ། །ད་དུང་འོ་བརྒྱལ་ཞིག་ཡོད་སྐད། །ལྟ་བའི་བགྲོ་གླེང་རེ་བྱས་ཚེ། འདྲི་ས་གླེང་ས་ཙམ་མེད་པའི། །ཁྱོད་ཀྱི་ལོག་རྟོག་དེ་སྤོངས་དང་། །ང་ཚོས་ཉམས་མགུར་ཞིག་འཐེན་ཡ། །ཞེས་སོགས་དང་གཞན་ཡང་། གསེར་ལྷ༵་རྩེ༵་གསེར་གྱི་མཆོད་རྟེན་ལ། ཕྲ་ཚོམ་གཡུ༵་ཡི་ཏོག་གིས་མཛེས། །རེ་ཞིག་ལ་རྟོག་པའི་དྲྭ་བ་བཤིག་ཞེས་སོགས་གསུངས་པ་དེ་དག་གནས་དེར་ཉམས་ལེན་གནད་དུ་མ་སོང་བའི་བླུན་སྒོམ་མུན་རྡོ་བ་སོགས་ལ་གདམས་པར་གོར་མ་ཆག་ཀྱང་། རྗེ་རིག་འཛིན་བུདྡྷ་ཤྲཱི་ཝན་གྱི་ལྟ་བ་ལ་ཟུར་ཟ་བའི་ཚིག་རེད་ཅེས་བླ་སློབ་ཀྱི་བར་དུ་དབྱེན་བྱས་པ་མ་ཟད་ཐ་ཆད་འགས་ཁོང་ལ་སྦྱར་དུག་ཀྱང་དྲངས་པ་སོགས་ལབ་གླེང་དང་སྤྱོད་ངན་མང་པོ་བྱུང་མོད། ཁོང་ལ་དུག་གིས་མ་གནོད་པ་མ་ཟད་ཁོང་བླ་སློབ་ཐུགས་ཤིན་ཏུ་མཐུན་པོ་ཡིན་སྟབས་ཀྱིས་གླགས་མ་རྙེད་དོ། །དེ་རྗེས་ཡུན་རིང་སོང་མཐར་སྐྱབས་རྗེ་བླ་མས་གདུལ་བྱའི་ངོར་གཟུགས་སྐུའི་བཀོད་པ་བསྡུ་ཚུལ་མཛད་པ་སོགས་རྐྱེན་འགའ་ཞིག་གིས་གནས་དེར་བཞུགས་པའི་སྐབས་མ་མཆིས་པར། མཆེད་གྲོགས་འགའ་དང་ལྷན་དུ་གསེར་སྟོད་ཕྱོགས་སུ་གནས་ངེས་མེད་དུ་རྒྱུ་ཞིང་ཕེབས་སོ། །གཞན་ཡང་འདི་སྐབས་ཡས་མས་སུ་ར་ཧོར་སྐུ་ཆེན་གྱི་མདུན་དུ་དགེ་ཚུལ་གྱི་བསླབ་སྡོམ་ནོད་པ་དང་། སྐུ་ཞབས་བྲག་དཀར་བའི་མདུན་ནས་སྔོན་འགྲོ་སོགས་ཆོས་བཀའ་འགའ་ཞིག་གསན་པའི་ལོ་རྒྱུས་ཀྱང་ཐོས་སོ། །

གསུམ་པ་ལྕགས་སྐོང་བདུད་འཇོམས་རྡོ་རྗེའི་ལུང་བཞིན་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་དང་མཇལ་ནས་གདམས་ཟབ་ཀྱིས་ཐུགས་ཀྱི་བུམ་བཟང་གཏམས་པའི་སྐོར་ནི།

དེ་ནས་རིམ་གྱིས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གཏེར་ཆེན་བདུད་འཇོམས་གླིང་པའི་ཆོས་སྒར་དུ་བྱོན་ཅིང་དེར་ཆོས་འབྲེལ་ཞུས་ནས་བཞུགས། ཉིན་ཞིག་སྣང་སྦྱང་གསུངས་སྐབས་ཁྲིད་དཔོན་ཨ་བོའི་བསོད་རྒན་སྤྲུལ་སྐུས་སེམས་ཐག་ཆོད་ན་འབུ་ནག་སྒོང་སྡེར་གང་མེ་ལ་བསྲེག་ཀྱང་ས་རྡོ་དང་ཁྱད་མེད་ཚུལ་སོགས་གསུངས་པ་ཁོང་གི་ཐུགས་ལ་མ་བབས་པར་ཁོང་ལ་འགྲམ་ལྕག་ཅིག་གཞུས་ནས་ཁྱད་ཨེ་འདུག་ཅེས་ཤེས་པ་ཡོད་མེད་ཀྱིས་ཁྱད་ཤིན་ཏུ་ཆེ་ཚུལ་དགག་བཞག་གནང་བ་སོགས་གཏེར་ཆེན་གྱིས་གསན་ནས་མདུན་དུ་ཤོག་གསུངས། ཕེབས་པས་ཁྱེད་ཀྱིས་ངའི་ཁྲིད་དཔོན་ལ་ཤག་འགྱེད་བྱེད་པའི་སྤོབས་པ་ཅི་ཡོད་སོགས་བཀའ་བཀྱོན་གནང་བས་ལོ་རྒྱུས་ཞིབ་པར་ཞུས་སྐབས་ཐུགས་དགྱེས་པས་དེ་རྗེས་ནས་སྐུ་མདུན་དུ་སྣང་སྦྱང་རྒྱས་པར་ཞུས་ཤིང་སྣང་སྦྱང་གི་ཟིན་བྲིས་ཀྱང་གནང་བ་མ་ཟད། ཁོང་སྣང་སྦྱང་ལ་མཁས་ཚུལ་དུས་ཕྱིས་གཏེར་ཆེན་སྐུ་སྲས་རྡོར་དགྲས་རང་གི་དངོས་སློབ་ཤ་བའི་ཨ་ཏི་དང་། དོམ་ཚང་གཏེར་སྟོན་ཚེ་དབང་མགོན་པོ་སོགས་ཀྱང་གཡུ་ཁོག་བླ་མའི་སྐུ་མདུན་སྣང་སྦྱང་ཞུ་བར་ཆེད་མངགས་མཛད་པ་ཡིན་ནོ། །དེ་ལྟར་ལྕགས་སྐོང་སྒར་དུ་བཞུགས་སྐབས་ཉིན་ཞིག་གཏེར་ཆེན་བདུད་འཇོམས་རིན་པོ་ཆེས་ཁོང་ལ་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམས་འབྲུག་རྒན་འགྲོ་འདུལ་དཔའ་བོ་རྡོ་རྗེ་རེད་འདུག་པས་ད་ལྟ་ཉིད་དུ་ཁྲོམ་ཁོག་ཏུ་སོང་ཞེས་ལུང་བསྟན་དབུག་དབྱུང་གནང་བས། དེ་སྐབས་ཁོང་གི་ཞབས་ཕྱི་སྒོ་སྤུས་ཡོན་ཏན་དང་ལུང་ནང་བླ་མ་བསོད་ནམས་ཕུན་ཚོགས་སོགས་གྲྭ་འཁོར་བཅས་བཤུལ་རིང་ལམ་གྱི་སྐུ་ངལ་ཁྱད་དུ་བསད་ནས་ཕེབས་མཐར་རིམ་གྱིས་སྐྱབས་རྗེ་འཁོར་ལོའི་མགོན་པོ་ཨ་འཛོམས་འབྲུག་པ་རིན་པོ་ཆེ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་གདན་སར་ཕེབས། རྡོ་རྗེ་འཆང་དངོས་འབྲུག་པ་རིན་པོ་ཆེའི་ཞབས་པད་ལ་བདེ་ཆེན་འཁོར་ལོའི་ཅོད་པན་གྱིས་གཏུག་ནས་སྒོ་གསུམ་ལྟོས་མེད་དུ་ཕུལ་ཞིང་རྗེས་སུ་འཛིན་པར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན། བླ་མ་རིན་པོ་ཆེས་ཀྱང་མཇལ་ཙམ་ཉིད་ནས་གཞན་ལས་ལྷག་པའི་ཚུལ་གྱིས་དགྱེས་བརྩེས་རྗེས་སུ་བཟུང་ཞིང་། སྐལ་བཟང་ལས་ཅན་གྱི་འཁོར་ཚོགས་རྒྱ་མཚོ་ལྟ་བུ་ལ་ཁམས་དང་དབང་པོ་བསམ་པ་དང་མཐུན་པའི་ཟབ་རྒྱས་ཀྱི་ཆོས་སྦྱིན་མི་ཟད་པའི་གཏེར་ཆེན་གྱི་སྒོ་ཡངས་པོར་ཕྱེ་བའི་ཆོས་གྲྭ་དེར། ཁོང་ལ་ཡང་གདུལ་བྱ་རྗེས་འཛིན་གྱི་ཐབས་ལ་དགོངས་ཏེ་དང་པོ་ཐུན་མོང་སྔོན་འགྲོ་ནས་གཞི་བཙུགས་ཏེ་ལམ་གྱི་འཇུག་རིམ་་ཆགས་སུ་རིམ་གྱིས་བསྩལ་ཞིང་། ཁྱད་པར་དཔལ་གདོད་མའི་མགོན་པོ་ནས་སྔ་འགྱུར་སློབ་དཔོན་པདྨ་ཀཱ་ར་སོགས་ལ་བརྒྱུད་དེ་རིམ་པར་བཀའ་བབས་བདུན་གྱི་མངའ་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་། རྒྱལ་སྲས་སེམས་དཔའ་ཆེན་པོ་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་ལ་བརྒྱུད་པ་བཅས་ཤིན་ཏུ་གསང་བའི་མན་ངག་འདི་ཡིན་ནོ་ཞེས། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་འོད་གསལ་ཐོད་རྒལ་གྱི་སྙན་བརྒྱུད་མན་ངག་ལག་ལེན་བཅས་འདི་ནི་ཐེག་མཆོག་རྒྱལ་པོའི་མན་ངག་སྟེ། སྐལ་ལྡན་ཚེ་འདིར་གྲོལ་བའི་གདམས་པ་རྡོ་རྗེ་ཐེག་པའི་ལམ་གྱི་རྩེ་མོ་ཡང་གསང་བླ་ན་མེད་པ་སྟེ་དབྱིངས་ཀྱི་མཁའ་འགྲོ་འབུམ་གྱི་ཐུགས་མཛོད། གྲུབ་བརྙེས་རིག་འཛིན་སྟོང་གི་དགོངས་པའི་ཞེ་ཕུག རྟོགས་ལྡན་རྒན་པོ་ཡོངས་ཀྱི་ཉེ་ལམ་ཟེར་བ་འདི་ག་ཡིན་གསུངས་ནས། སྔ་ཕྱིར་ལྕེ་བཙུན་སྙིང་ཐིག་དང་དགོངས་པ་ཟང་ཐལ། ཁྱད་པར་སྙིང་ཐིག་གོང་འོག་གི་སྨིན་གྲོལ་དང་ལྗགས་ལུང་། རྩ་རླུང་གཏུམ་མོ། བཅུད་ལེན་སོགས་གདམས་ཟབ་མང་པོ་བུམ་པ་གང་བྱོའི་ཚུལ་གྱིས་གཅེས་ནོར་དུ་རྫོགས་པར་ཉམས་ཁྲིད་དུ་བསྩལ། གཞན་ཡང་བཀའ་གཏེར་གསར་རྙིང་གི་ཆོས་བཀའ་དང་དབང་ལུང་དུ་མ་ཡང་གསན་ནས་གནས་དེར་ཁྲིད་སྦྱང་དང་བཅུད་ལེན་ལ་བཞུགས་པ་སོགས་དཀའ་བ་བརྒྱ་ཕྲག་གིས་སྦྱང་བརྩོན་ཡུན་རིང་གནང་བས། མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་རྩོད་མེད་དུ་གཤེགས་པས་ཨ་འཛོམས་འབྲུག་པ་རྡོ་རྗེ་འཆང་གི་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་གྱུར་ནས། བླ་མས་ཁོང་ལ་བྱ་བྲལ་ཆོས་དབྱིངས་རང་གྲོལ་ཞེས་དོན་ལྡན་གྱི་མཚན་གྱི་ཅོད་པན་དཔྱང་བ་མ་ཟད། ཁོང་དང་གོ་འཇོ་མཁར་སྤྲུལ་པདྨ་ཤེས་རབ་བཟང་པོ་གཉིས་ལ་བཤད་པའི་བཀའ་བབས་དང་། ངོར་རྟོགས་ལྡན་ཤཀྱཱ་ཤྲཱི་དང་། སྨུག་སེང་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་བློ་གྲོས་གཉིས་ལ་སྒྲུབ་པའི་བཀའ་བབས་ཏེ་ཐུགས་སྲས་ཀ་ཆེན་བཞི་ཞེས་ཡོངས་སུ་གྲགས་པ་བྱུང་། ཆོས་སྒར་དེར་བཞུགས་སྐབས་ཉིན་ཞིག་བླ་མས་ཁོང་གི་སྲས་མོ་འཆི་མེད་ཁྱོད་ཀྱི་ཡུམ་སྐལ་རེད་འདུག་པས་ཐབས་ཤེས་འབྲེལ་ན་ལེགས་ཚུལ་གསུངས་ཀྱང་། ཁོང་གིས་བླ་མ་ལ་གཞན་ནི་ཁྱེད་ཀྱིས་ཅི་གསུང་དང་དུ་ལེན་ཡང་བུད་མེད་འདི་བདག་ལ་དགོས་པ་མི་འདུག་པས་དེ་ལྟར་མི་དགོས་པའི་དགོངས་ཁྲོལ་ཡང་ཡང་ཞུས། ཕྱིས་སུ་ཡང་ཁོང་རྟེན་རབ་བྱུང་ཡིན་མོད་ཆ་ལུགས་ལྕང་ལོ་དང་་གཟན་དཀར་སོགས་སྔགས་ཆས་ལྟ་བུར་བཞུགས་པ་ནི་བླ་མ་རིན་པོ་ཆེའི་བཀའ་གསུང་དང་མི་འགལ་བའི་ཆེད་དུ་ཡིན་གསུངས། དེ་ལྟར་ཨ་འཛོམས་འབྲུག་པ་རིན་པོ་ཆེའི་མདུན་དུ་བགྲང་བྱ་དུ་མར་ཟབ་རྒྱས་ཆོས་མཛོད་དུ་མར་གསན་བསྒོམ་ཟུང་དུ་འབྲེལ་ནས་རྟོགས་པ་ནམ་མཁའ་དང་མཉམ་པ་ཡིན་ནོ།།

བཞི་པ་བླ་མའི་བཀའ་བཞིན་གནས་ངེས་མེད་དུ་གདན་ས་བཙལ་བའི་མཐར་གསེར་སྨད་ཡག་སྒང་དུ་གདན་སའི་རྟེན་འབྲེལ་འགྲིགས་ཤིང་བཞུགས་སྒར་བཏབ་པའི་སྐོར་ནི།

དེར་འབྲུག་པ་རྡོ་རྗེ་འཆང་གི་མདུན་ནས་བགྲང་བྱ་མང་དུ་བཞུགས་མཐར་གསན་སྦྱང་མཐའ་རུ་ཕྱིན་ནས་མཁས་གྲུབ་ཆེན་པོའི་རྒྱལ་སར་གཤེགས་སྐབས། འབྲུག་པ་རིན་པོ་ཆེས་ད་ནི་གཞན་དོན་གདུལ་བྱ་སྐྱོང་བའི་དུས་ལ་བབས་སོ་ཞེས་བཀའ་གསུང་བསྩལ་ཞིང་། དཔོན་སློབ་ཚེ་རབས་ཀུན་ཏུ་འབྲལ་བ་མེད་པའི་ཐུགས་བསྐྱེད་དང་སྨོན་ལམ་བཅས་ཞལ་གྱེས་ནས་སྨྱོ་ཤུལ་ལྗོན་པ་ལུང་དུ་གནས་མཇལ་དུ་ཕེབས་ཤིང་། དེར་བླ་མ་ལུང་རྟོགས་རིན་པོ་ཆེ་མཇལ་བ་ལ་འདི་ལྟར་ཞུས། ང་ལ་ཨ་འཛོམས་རིན་པོ་ཆེས་གཞན་དོན་གདུལ་བྱ་སྐྱོང་བའི་དུས་ལ་བབས་གསུངས་ཀྱང་མཁས་པའི་ཡོན་ཏན་ཅི་ཡང་མི་བདོག་པས་ཐབས་ཅི་ཡོད་ལགས་ཞུས་པར། སྨྱོ་ཤུལ་བླ་མ་ལུང་རྟོགས་ཀྱི་ཞལ་ནས། སྐྱོན་མེད་དེ་ལྟར་མཛོད་དང་བན་རྒན་ངས་ཤེས་ཚད་ཀྱང་ཁྱོད་ལ་སྦྱིན་ཞེས་བྱིན་རླབས་གནང་བས་ཆོས་གང་ལ་ཡང་ཆགས་ཐོགས་མི་མངའ་བའི་གཟུངས་སྤོབས་ཀྱི་བློ་གྲོས་ཐོབ་པར་ཡང་གསུངས། རིམ་གྱིས་ཉག་རོང་ཕྱོགས་སུ་གནས་ངེས་མེད་དུ་ཕེབས་ནས་འགྲོ་དོན་བསྐྱངས་ཀྱང་གདན་ས་སོགས་ཀྱི་རྟེན་འབྲེལ་དང་འགྲོ་དོན་ཆེར་མ་རྒྱས། འདི་སྐབས་རྒྱ་ནག་ཕྱོགས་སུ་གནས་སྐོར་ལ་ཕེབས་ཚུལ་ཞིག་ཀྱང་འདུག །དེ་ནས་ཕྱིར་སྐུ་འཁྲུངས་ཡུལ་གཡུ་ཁོག་ཕྱོགས་སུ་ཕེབས། འོན་ཀྱང་སྐབས་དེར་གཡུ་ཁོག་བ་དང་ལི་ཁོག་མ་སྡེ་འཁྲུགས་ཀྱི་རྐྱེན་ལས་གཡུ་ཁོག་དཔོན་རྣམས་གྲོངས་པས་དཔོན་མེད་སྡེ་འཐོར་ལྟ་བུར་ཡོད་སྟབས། ཚུལ་བཞིན་གདན་ཞུ་སྣེ་ལེན་སོགས་མེད་པ་མ་ཟད། གཡུ་མཁར་དགོན་དུ་ཕེབས་སྐབས་སུས་ཀྱང་ངོ་མ་ཤེས། དེར་དགོན་གྱི་སྤྱི་ཁང་དུ་གནས་ཚང་ཞིག་གཡར་རོགས་གསུངས་ཀྱང་མ་གཡར། ཆུ་དབར་ཁོག་ཏུ་ཁྱུག་ཙམ་ཕེབས་ནས་སླར་གསེར་རྟའི་ཕྱོགས་སུ་ཕེབས། རིམ་གྱིས་གསེར་སྨད་སྦོ་མདའི་སར་ཕེབས་སྐབས། སྡེ་དཔོན་གླ་རི་ཨོ་རྒྱན་ཚེ་བརྟན་དང་མཆོད་ཡོན་ཉི་ཟླ་ཟུང་འབྲེལ་གྱིས་སྔ་འགྱུར་རྒུ་གདོང་དགོན་གྱི་ཆོས་གཞི་དང་ལྷ་སྡེ་བཅས་གྲྭ་འབུལ་བྱས་པས་རྟེན་འབྲེལ་ལེགས་ཕྱོགས་སུ་འགྲིགས། ཆོས་དགོན་དེར་ལོ་ཤས་རིང་བཞུགས་ཀྱང་སྔར་གྱི་ས་དཔྱད་ཉམས་པ་སོགས་ཀྱིས་རྐྱེན་ལས་གདུལ་བྱ་དང་ཕྲིན་ལས་ཆེར་མ་རྒྱས་པར། སླར་ཨ་འཛོམས་འབྲུག་པ་རིན་པོ་ཆེར་བརྟག་ཞུས་དང་གདན་ས་གང་དུ་ཡོད་ལུང་བསྟན་གྱི་ཞུ་ཡིག་བཅས་སྐུ་འཁོར་ཁ་ཤས་མངགས་པར་གསུང་ལན་དུ། ཁྱེད་ཀྱི་གདན་ས་དེ་རི་ཤ་བའི་སྒྲོ་བ་ལྟ་བུའམ་རི་བོ་དུང་དཀར་གཡས་འཁྱིལ་ལྟ་བུའི་ལྟེ་བ་ན་ཡོད་ཅེས་ལུང་བསྟན་གནང་འདུག་པ། ཕྱོགས་ཀུན་ཏུ་བཙལ་ནས་ཡག་སྒང་གི་རི་རྩར་ཕེབས་སྐབས་སྦྱིན་བདག་རྒད་པོ་ཞིག་གིས་ལམ་ཁ་ནས་གདན་ནག་པོ་ཞིག་བཏིང་ཞིང་དེར་བཞུགས་རོགས་ཞུས། སྦྱིན་བདག་ལ་ཁྱོད་ཀྱི་མིང་ལ་ཅི་ཟེར་གསུངས་པས་ངའི་མིང་ལ་ཕྲིན་ལས་དར་རྒྱས་ཟེར་ལགས་ཞུས་པ་དང་ཞོ་མདོང་མོ་གང་དྲངས་པས། གདན་ནག་པོ་ནི་ཆོས་ཉིད་མི་འགྱུར་བའི་བརྡ་སྟེ་གནས་འདིའི་ཉེ་འཁོར་ཞིག་ལ་བཞུགས་གདན་འཇག་པའི་རྟེན་འབྲེལ་དང་། ཕྲིན་ལས་དར་རྒྱས་ཞེས་པས་དེར་གདུལ་བྱ་ཕྲིན་ལས་རྒྱས་ངེས་དང་། ཞོ་བཀྲ་ཤིས་པའི་རྫས་ཡིན་པ་སོགས་རྟེན་འབྲེལ་ཧ་ཅང་ལེགས་གསུངས། དེར་སེང་ཆེན་རྒྱལ་པོའི་གནས་སུ་གྲགས་པའི་ཡག་ཡེ་དེའུ་ལེ་གཉན་པོ་ཞེས་པའི་རི་བོ་དུང་དཀར་གཡས་འཁྱིལ་གྱི་དབྱིབས་སུ་གནས་པ་དེ་གདན་སར་གཟིགས་ནས་གྲྭ་འཁོར་བཅས་རི་དེའི་མགུལ་དུ་ཕེབས་སྐབས། རི་མགུལ་གྱི་ཕྱིས་ཀྱི་གདན་སའི་ས་མིག་དེར་ཐབ་རྡོ་སུམ་ཚིགས་དང་མེ་ཤིང་ཁུར་པོ་ཞིག་བཅས་བཞག་འདུག་པས། བླ་སློབ་ཐམས་ཅད་རྟེན་འབྲེལ་འགྲིགས་པའི་ཐུགས་དགྱེས་ཚོར་ཆེན་པོའི་ངང་གནས་དེར་བསང་དང་གསེར་སྐྱེམས་སོགས་ཀྱིས་མཆོད་སྐབས། ནམ་མཁའ་འཇའ་འོད་ཀྱིས་གང་བའི་གསེབ་ནས་ཆོས་སྐུ་འོད་དཔག་མེད། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས་འཁོར་རྗེ་འབངས་དང་སྔ་འགྱུར་ཀུན་མཁྱེན་ཡབ་སྲས་སོགས་ཀྱིས་ཞལ་མངོན་སུམ་གཟིགས་ནས་ལུང་བསྟན་དང་དབུག་དབྱུང་སོགས་གནང་བ་རྗེ་ཉིད་ཀྱིས་མངོན་སུམ་དུ་གཟིགས། གཞན་ཡེ་ཤེས་དང་ཐེག་མཆོག ཡོན་ཏན་སོགས་གྲྭ་འཁོར་རྣམས་ཀྱིས་འཇའ་འོད་དང་། ནམ་མཁའ་ནས་བྱ་རྒོད་མང་པོས་ལྡིང་སྐོར་དང་རི་ཐོད་དུ་བྱ་རྒོད་མང་པོས་སྐོར་བ་བྱེད་པ་སོགས་རྟགས་ཡ་མཚན་ཅན་མང་དུ་བྱུང་བ་མཐོང་བས་ཀུན་ཀྱང་དད་པའི་བ་སྤུ་གཡོ་ཞིང་དགའ་བའི་སྤྱན་ཆབ་ཀྱང་བབས། སྐབས་དེར་རྗེ་ཉིད་ཀྱིས་གྲྭ་འཁོར་ཁ་ཤས་ལ་ཁྱེད་ཅག་རི་འདིའི་གཡས་གཡོན་དུ་ཆུ་ཡོད་མེད་བལྟ་རུ་སོང་གསུངས། དེ་འཕྲལ་གྲྭ་བ་ཁ་ཤས་བལྟ་རུ་འགྲོ་སྐབས་རི་དེའི་གཡས་ངོས་སུ་ཆུ་མིག་ཞིག་གསར་དུ་རྡོལ་ནས་ཆུ་ཡར་འཕྱུར་བཞིན་རྩྭ་དང་ས་རྡུལ་སོགས་ཀྱང་འཕྱག་བཞིན་པ་མཐོང་བ་དེ་ནི་ཕྱིས་སུ་རྨ་བྱ་ཆུ་མིག་ཞེས་པ་དེ་ཡིན། དེར་དཔོན་གཡོག་རྣམས་ཀྱིས་སྔར་གྱི་ཐབ་སྟེང་ནས་གསོལ་ཇ་བསྐོལ་ཞིང་ཐེངས་དང་པོར་གསོལ་ཇ་བཞེས། དེ་ནས་ཁོང་གིས་སློབ་མ་རྣམས་ལ་ད་ཁྱེད་རྣམས་ཕྱོགས་ཕྱོགས་སུ་སོང་ལ་ཤ་ཆང་སོགས་ཚོགས་རྫས་རེ་སློང་དང་གནས་སྟོན་ཚོགས་འཁོར་ཞིག་བྱེད་གསུངས་པས། གྲྭ་སློབ་རྣམས་ཕྱོགས་སོ་སོར་བསོད་སྙོམ་དུ་ཕེབས་ནས་ཕྱིར་ཉིན་མཉམ་དུ་འཛོམས་སྐབས། ཤ་ཐམས་ཅད་ཕྱོགས་གཅིག་བསྡོམས་པས་ཤ་ཁོག་ཆ་ཚང་བ་ཞིག་དང་། གཞན་ཡང་འོ་ཞོ་མར་ཐུད་སོགས་བཟའ་བཏུང་གི་རིགས་མང་དུ་རྙེད་འདུག་པས་རྟེན་འབྲེལ་ཧ་ཅང་ལེགས་གསུངས། དེར་ཉིན་ཤས་གནས་སྟོན་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་སྐབས། ཚོགས་ཀྱི་ལྷག་མ་ཡང་རྒོད་ཐང་དཀར་བཞིས་ཁྱེར་བའི་ལོ་རྒྱུས་ངོ་མཚར་བ་བྱུང་། དེ་ནས་ལོ་དེ་གར་གཟིམ་ཁང་བཀོད་ལེགས་ཤིག་སྔར་གྱི་ཐབ་ཤུལ་མ་ནོར་བར་ཐབ་ཀ་ཁེལ་བ་བཅས་བསྐྲུན་པ་མ་ཟད། ཆོས་ར་དང་དེ་ནས་རིམ་གྱིས་འདུ་ཁང་དང་གྲྭ་འཁོར་རྣམས་སོ་སོས་ས་ཁང་དང་གད་ཕུག་སོགས་བཞུགས་གནས་འཛོམས་པར་བྱས་ཤིང་། ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར་བས་གདུལ་བྱ་ཕྲིན་ལས་དབྱར་མཚོ་ལྟར་འཕེལ་བ་བྱུང་ངོ་། བཞུགས་སྒར་བཏབ་པའི་རྗེས་སུ་ཡང་གཡུ་ཁོག་ཏུ་ཐེངས་འགའ་ཕེབས་པ་མ་ཟད་ཕྱིས་དཔོན་བླ་དགེ་འདུན་རྒྱ་མཚོས་གཡུ་ཁོག་ཏུ་ལུགས་གཉིས་སྐྱོང་སྐབས། དཔོན་བླས་ཁོང་མ་འདས་བར་དུ་གཡུ་ཁོག་དུ་བཞུགས་དགོས་པའི་བཀའ་བཞིན་བྱ་བྲལ་རིན་པོ་ཆེ་གཡུ་དགོན་དུ་ཡུན་རིང་ཙམ་བཞུགས་ནས་དཔོན་བླ་འདས་རྗེས་སླར་གསེར་ཡག་སྒང་རི་ཁྲོད་དུ་ཕྱིར་ཕེབས་ནས་སྐལ་བཟང་ལས་ཅན་གྱི་གདུལ་བྱའི་ཚོགས་ལ་ཟབ་གསང་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་་བ་ཡིན་ནོ། །

ལྔ་པ་གཏེར་ཆེན་ལས་རབ་གླིང་པ་གསེར་ལྗོངས་སུ་ཆིབས་ཁ་བསྒྱུར་བའི་མཐུན་སྦྱོར་གནང་ཞིང་མཇལ་འཛོམས་ཀྱིས་ཟབ་ཆོས་ཀྱི་གདམས་པ་ནོད་པའི་སྐོར་ནི།

སྐབས་དེ་ཙམ་ན་གཏེར་ཆེན་ལས་རབ་གླིང་པའམ་ཉག་བླ་བསོད་རྒྱལ་རིན་པོ་ཆེ་ཉག་ཁོག་ཏུ་མི་བཞུགས་པར་ཨ་མདོ་རེབ་ཀོང་ཕྱོགས་སུ་ཕེབས་རྒྱུ་རེད་ཅེས་གསན་པས། ཁོང་གིས་དེ་མ་ཐག་གླ་རི་ཨོ་རྒྱན་ཚེ་བརྟན་སོགས་གསེར་སྨད་ཕྱོགས་ཀྱི་བླ་དཔོན་རྣམས་ལ་ཁྱེད་རྣམས་ཀྱིས་ཉག་བླ་བསོད་རྒྱལ་རིན་པོ་ཆེ་གསེར་རྟའི་ཕྱོགས་སུ་གདན་འདྲེན་ཞུ་ཐུབ་ན། མ་འོངས་པར་ས་ཕྱོགས་འདི་ཆོས་ཀྱི་གདུལ་ཞིང་ཆེན་པོ་ཞིག་ཏུ་འགྱུར་ངེས་པ་ཡིན། ཅེས་གསུངས་པས་དེ་འཕྲལ་བླ་དཔོན་རྣམས་ཉག་བླའི་མདུན་གདན་འདྲེན་དུ་འགྲོ་སྐབས། བླ་མ་ཉག་བླས་ཁོང་ལ་སྒར་བ་མང་བས་གསེར་རྟའི་ཕྱོགས་ནས་འཚོ་བ་སོགས་རྙེད་དཀའ་རྒྱུ་རེད་གསུངས་ཀྱང་། གཡུ་ཁོག་བླ་མའི་གསུང་བསྐུལ་དང་དེར་ཡོད་བླ་དཔོན་རྣམས་ཀྱི་རེ་ཞུ་ལ་བརྟེན། མཐར་ཁོང་གསེར་ཁོག་ཏུ་ཆིབ་བསྒྱུར་གནང་བར་ཞལ་གྱིས་བཞེས་ནས་གསེར་ཁོག་ཏུ་ཕེབས། བྱ་བྲལ་རིན་པོ་ཆེས་གདན་ཞུས་ཀྱིས་ཁོང་རྣམ་གཉིས་ཞལ་རས་མཉམ་འཛོམས་བྱུང་ཞིང་གཡུ་ཁོག་བླ་མས་ཁྱེད་ང་ལ་མན་ངག་སྒོ་སྐྱེལ་གྱི་ཚུལ་དུ་ཕེབས་པ་ངོ་མཚར་ཆེ་གསུངས་ནས་ཞབས་སྤྱི་བོར་བླངས་ཏེ་རིགས་ཀྱི་བདག་པོར་བསྟེན། གཏེར་སྟོན་རིན་པོ་ཆེ་རྒྱུན་དུ་དེ་ཕྱོགས་སུ་བཞུགས་པའི་བཀའ་གྲོས་མཛད་པ་སོགས་ཐུགས་ཡིད་གཅིག་འདྲེས་སུ་གྱུར། དེ་ནས་བླ་མ་ཉག་བླས་གསེར་སྨད་དུ་ཉག་སྒར་ཞེས་པ་གསར་འདེབས་མཛད་ཅིང་བྱ་བྲལ་རིན་པོ་ཆེས་བླ་མ་ཉག་བླ་ལ་ཁྱེད་སྦོ་མདའ་ཡར་མར་གྱི་ཁོང་གི་སྦྱིན་བདག་ལྷ་སྡེ་རྣམས་ཀྱི་དུད་ཁྱིམ་རེ་རེ་བཞིན་ཕེབས་གནང་མཛད་ནས་ཚེ་འགུག གཡང་འབོད། གསུར་རེ་བཅས་གསུང་རྒྱུ་བདག་གི་རེ་བ་ཡིན། སྦྱིན་བདག་ཚོས་འབྱོར་ཚོད་དང་བསྟུན་ནས་སོ་སོས་ཁྱེད་ལ་འབྲེལ་འཇོག་རེ་བྱེད་དགོས་པར་འདུག ངས་ཁྱེད་ལ་ཞབས་ཕྱི་བྱེད་ཆོག་ཅེས་དང་། སྦྱིན་བདག་རྣམས་ལ་ད་རེས་གསེར་གྱི་ཕ་བོང་སྒོ་འགྲིལ་ཡིན་པས་སོ་སོས་འབྱོར་ཚོད་དང་བསྟུན་པའི་འབྲེལ་འཇོག་རེ་བྱས་ན་འདི་ཕྱི་གཉིས་ཕན་ཡིན་གསུངས་ཤིང་། དེ་ནས་ཉག་བླ་རིན་པོ་ཆེ་ལ་གཡུ་ཁོག་བླ་མས་ཞབས་ཕྱི་བྱས་ནས་ཉེ་སྐོར་ཐམས་ཅད་ལ་ནས་བསོད་ཀྱི་ཚུལ་དུ་བྱོན་ཅིང་སྦྱིན་བདག་ཚོས་ཀྱང་སྣེ་ལེན་གཟབ་རྒྱས་བྱས། ཉིན་ཞིག་སྦྱིན་བདག་ཞིག་གི་ཁང་པའི་ཕྱི་ནས་ཡར་སུམ་ཐོག་ལ་སྐས་རིང་ཞིག་བརྒྱུད་ནས་ཉག་བླ་སྔོན་དང་གཡུ་ཁོག་བླ་མ་རྗེས་ནས་ཡར་ཕེབས་སྐབས། གཡུ་ཁོག་བླ་མས་ཞལ་མཚར་གྱི་ཚུལ་དུ། སྐས་རིང་འདི་ལ་་ཡུན་རེ་རིང་། །དཀོར་ལ་སྐྱོ་བ་སྐྱེ་བར་ཤོག །ཅེས་གསུངས་མ་ཐག་ཉག་བླས་ཡར་ཕེབས་མཚམས་བཞག་ནས་ཅི་འདྲའི་གདམས་ངག་ཟབ་མོ་ཞིག་རེད་གསུངས་འཕྲལ་ནས་བསོད་ཀྱི་འཕྲོ་བཞག་ནས་མ་ཕེབས་པར་གྲགས། སླར་གཡུ་ཁོག་བླ་མ་གྲྭ་འཁོར་བཅས་ཉག་སྒར་དུ་ཆེད་ཕེབས་ཀྱིས་ཡུན་རིང་བཞུགས་ནས། ཁོང་ལ་བླ་མ་ཉག་བླས་ཉིན་མོར་སྒྱུ་འཕྲུལ་སྤྱི་དོན་མཛོད་ཀྱི་ལྡེ་མིག་དང་། མཚན་མོར་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་གཉིས་རེས་མོས་སུ་ལྗགས་ཁྲིད་གནང་ཞིང་རྗེ་འདིའི་ཞལ་རྒྱུན་སོགས་ཟིན་བྲིས་གནང་བ་རྣམས་དེང་སང་མཇལ་དུ་ཡོད་པ་རྣམས་གསུང་འབུམ་དུ་བཀོད་པ་ལྟར་ལགས། གཞན་གསང་འགྲེལ་ཕྱོགས་བཅུ་མུན་སེལ་དང་། དགོངས་རྒྱན་ཞལ་ལུང་སོགས་སྒྱུ་འཕྲུལ་གྱི་བཤད་པ་རྒྱ་ཆེར་གསན་པ་དང་། རྫོགས་ཆེན་སེམས་ཕྱོགས་གཙོ་བོར་གྱུར་པའི་མན་ངག་དང་། ལྟ་ཁྲིད། ཐོད་རྒལ་སོགས་ཀྱི་བཤད་པ་བཅས་ཤིན་ཏུ་གསང་བའི་མན་ངག་རྣམས་གཅེས་ནོར་དུ་གདམས་པ་སོགས་ཀྱིས་མཚོན། སྨིན་གྲོལ་གྱི་རིགས་རྒྱ་ཆེར་གསན་ཏེ་ཐུགས་ཉམས་སུ་བཞེས་པ་སོགས་ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཀྱིས་བླ་མ་ཉག་བླས་གསེར་ལྗོངས་འཛིན་མའི་ཁྱོན་དེར་བསྟན་འགྲོའི་དོན་ཆེན་འགྱེད་པའི་ཐོག་མའི་རྟེན་འབྲེལ་ཡང་འགྲིགས་པ་ཡིན་ནོ། །

དྲུག་པ་གསེར་ཡག་སྒང་རི་ཁྲོད་དུ་སློབ་མ་བསྐྱངས་ཤིང་བསྟན་འགྲོའི་དོན་ཆེན་ཕྱོགས་མེད་དུ་རྒྱས་པའི་སྐོར་ནི།

དེ་ལྟ་བུའི་སྐྱབས་རྗེ་འགྲོ་བའི་མགོན་པོ་གང་གིས་གདན་ས་ཡག་སྒང་དུ་འཁོར་སློབ་རྣམས་ལ་ཆོས་སྦྱིན་མི་ཟད་པའི་ཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེས་ནས། གདུལ་བྱ་རྒྱ་མཚོ་ལྟ་བུ་སྨིན་གྲོལ་ལ་བཀོད་པའི་ཚུལ་ལས་བརྩམས་ཏེ་ཅུང་ཟད་བརྗོད་ན། དེ་ཡང་གསང་ཆེན་སྔ་འགྱུར་བའི་བསྟན་པ་རིན་པོ་ཆེ་ནུབ་རིའི་རྩེ་མོར་ཡིབ་ལ་ཉེ་བ་ཐུགས་ཀྱིས་མ་བཟོད་པར། སྙིང་པོའི་བསྟན་པ་ཁོ་ནས་རྒྱལ་བསྟན་གྱི་སྲོག་འཛིན་པར་ཐུགས་ལ་བཅངས་ཏེ། སྐུ་ཚེ་ཧྲིལ་པོར་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉིད་ལྷུར་ལེན་པ་གཙོ་བོར་མཛད་དེ། སྤྱིར་སློབ་བུའི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་བསྟུན་ནས་ཁྲིད་གསུང་པ་ཁོ་ན་གཙོ་བོ་མཛད་པས། ངོ་སྤྲོད་གདབ་ཚུལ་སོགས་ཁྲིད་ཁ་འཇོག་སྟངས་མཐའ་གཅིག་ཏུ་མ་ངེས་ཀྱང་། དང་པོའི་ལས་ཅན་ཆོས་སྒོར་གསར་དུ་ཞུགས་པའི་རིགས་ལ་སེམས་ཉིད་ངལ་གསོ་དང་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཀློང་སྙིང་སྔོན་འགྲོའི་དམིགས་ཁྲིད་ལྟར་ཕྱག་བཞེས་མ་ཉམས་པར་མཛད་དེ། དེ་ཡང་དལ་འབྱོར་རྙེད་དཀའ་ནས་བཤེས་གཉེན་བསྟེན་པའི་བར་ཐུན་མོང་ཕྱི་ཡི་སྔོན་འགྲོའི་ཁྲིད་རྐང་དྲུག་པོ་རེ་རེ་བཞིན་ཉམས་ཁྲིད་ཞིབ་པར་གནང་སྟེ། བློ་ལྡོག་རྣམ་བཞི་རྒྱུད་ལ་མ་སྐྱེས་ཀྱི་བར་སྒོམས་སུ་འཇུག དེའི་རྗེས་སུ་སྐྱབས་སེམས་ནས་བླ་རྣམ་བར་ནང་གི་ཁྲིད་རྐང་རེ་རེ་བཞིན་ཁྲིད་ཅིང་། འབུམ་ལྔའི་བསགས་སྦྱང་ཀྱང་གནད་དུ་ཁེལ་ངེས་གསོག་ཏུ་འཇུག་ཅིང་བླ་རྣམ་སྐབས་སིདྡྷི་བྱེ་བ་ས་ཡ་སོགས་གྲངས་མང་འཁྱོལ་དུ་འཇུག དེ་ནས་རིམ་གྱིས་དངོས་གཞི་རྣམས་རྟགས་དང་སྦྱར་ཏེ་བྱུང་གནས་འགྲོ་གསུམ་གྱིས་གཞི་བཟུང་ནས། བཞག་ཐབས། ཤན་འབྱེད། ངོ་སྤྲོད། གེགས་སེལ་བོགས་འདོན་བཅས་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་བཞག་གདན་ཐོག་གཅིག་ཏུ་ཉམས་སུ་བླངས་ནས། མཐར་ཐུག་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པའི་བར་ལམ་གྱི་རིམ་པ་ཚང་ལ་མ་ནོར་བར་འཇུག་རིམ་ལྟར་ཁྲིགས་ཆགས་སུ་ཉམས་ཁྲིད་དུ་གདམས་པ་དེ་ནི་གང་ཟག་སྣང་བ་ཡུལ་གྱི་བློ་ཅན་ནམ་རིམ་གྱིས་པ་རྣམས་སྐྱོང་ཚུལ་ཡིན་ཅིང་། ཡང་གང་ཟག་ཅིག་ཆར་བའི་རིགས་རིག་པ་རང་སྣང་གི་བློ་ཅན་རྣམས་ལ་ཐོག་མ་ནས་འོད་གསལ་བའི་ཡེ་ཤེས་རྗེན་པར་ངོ་སྤྲད་དེ། ལོ་དང་ཟླ་བ་ཙམ་གྱིས་རྟོགས་པ་མངོན་དུ་བྱས་པའང་དུ་མ་ཡོད། གཞན་སློབ་མའི་ཐུགས་རྒྱུད་དང་བསྟུན་ནས་མཁྱེན་རབ་ཀྱི་རྩལ་དང་ལྡན་པའི་རིགས་རྣམས་ལ་སྒྱུ་འཕྲུལ་གསང་བ་སྙིང་པོ་རྩ་འགྲེལ། ཀློང་ཆེན་མཛོད་བདུན། བླ་མ་ཡང་ཏིག རྫོགས་ཆེན་དགོངས་པ་ཟངས་ཐལ། ལྕེ་བཙུན་སྙིང་ཐིག ཁྲིད་ཡིག་ཡེ་ཤེས་བླ་མ། གཉུག་སེམས་སྐོར་གསུམ། ངལ་གསོ་སྐོར་གསུམ། ངེས་ཤེས་སྒྲོན་མེ་སོགས་བླ་མེད་ཀྱི་རྒྱུད་སྡེ་དང་མདོ་ཕྱོགས་དབུ་ཕར་སོགས་ཀྱི་བཤད་པའང་མཛད་པས་མཁས་གྲུབ་གཉིས་ལྡན་གྱི་གསུང་ལས་སྐྱེས་པའི་དངོས་སློབ་མཐའ་ཡས་པ་བྱུང་ངོ་། དེ་ལྟར་དགུང་གྲངས་གཞོན་སྐབས་རྗེ་ཉིད་ཀྱིས་གང་ལ་གང་འདུལ་གྱི་ཟབ་ཆོས་སྐུ་ངལ་འཛེམ་མེད་ཀྱི་ཚུལ་དུ་ཁྲིད་གནང་ཞིང་། སྐུ་ན་སྨིན་སྐབས་སུ་ཐུན་མོང་སྔོན་འགྲོ་དང་སྐྱབས་སེམས་སོགས་ཕལ་ཆེར་དེར་བཞུགས་སློབ་མའི་མཆོག་གྱུར་མཁན་པོ་ཆོས་གསལ་དང་། འཇང་སྒང་དབོན་པོ་སོགས་ལ་གསུང་དུ་འཇུག་ཅིང་སྨིན་ཁྲིད་རྣམས་རྗེ་ཉིད་ཀྱིས་མཛད། གང་ལྟར་གསར་དུ་སླེབ་པ་རྣམས་ལ་སྔོན་འགྲོའི་བློ་སྦྱངས་དང་སྐྱབས་སེམས་སོགས་ཉི་མ་རེ་རེ་བཞིན་ཁྲིད་དུ་འཇུག་ཅིང་རྒྱུད་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་སྨིན་ངེས་སུ་མཛད་པ་ལས། དང་པོ་ནས་དངོས་གཞིའི་ཁྲིད་རྣམས་གང་བྱུང་དུ་ཁྲིད་སྲོལ་གཏན་ནས་མེད་པར་མ་ཟད། རྗེ་ཉིད་ཀྱིས་དངོས་གཞིའི་སྨིན་ཁྲིད་རྣམས་སྩོལ་བའི་སྐབས་ཀྱང་། སློབ་བུ་ལྔ་ཡན་ལ་མཉམ་དུ་ཁྲིད་སྲོལ་མེད་ཅིང་དེ་ཡང་ངོ་སྤྲོད་དངོས་ནི་ཁེར་ཁྲིད་ཁོ་ནས་ངོ་སྤྲོད་ཐེབས་ངེས་སུ་མཛད་པས་རྗེ་འདིའི་དངོས་སློབ་ཡིན་ཕྱིན་འཁོར་བ་ལ་གཏིང་ནས་བློ་ལོག་ཅིང་སྐུ་ཚེ་དབེན་རིར་བསྐྱལ་ཏེ་ཉམས་ལེན་མཐའ་རུ་ཕྱིན་པ། ལྷག་པར་དུས་འགྱུར་མུན་ནག་གིས་བརྫི་བར་མ་ནུས་པས་ཚེ་དང་སྒྲུབ་པ་མཉམ་པ་གཅིག་ལས་གཅིག་གིས་བཟང་བ་ལྟ་བུ་ཤ་སྟག་བྱུང་བས། ཕལ་ཆེར་ཚེ་འདིར་གྲོལ་རྟགས་མངོན་དུ་གྱུར་བའམ་འཆི་ཁ་ཚུན་ལ་ལམ་སྣ་མ་ཟིན་པ་གཅིག་ཀྱང་མེད་པ་ལྟ་བུ་བྱུང་བ་ན། རྗེ་འདིའི་བྱིན་རླབས་དང་སློབ་མ་སྐྱོང་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་ངེས་སོ། །ཞེས་དེང་སང་ཀུན་གྱིས་དད་འདུན་གྱི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བཞིན་པ་འདིའོ། །གཞན་ཡང་བདག་ཉིད་ཆེན་པོ་འདི་ནི་གདུལ་བྱ་སྐྱོང་བའི་ཐབས་ལ་མཁས་པའི་ཚད་དུ་གླེང་བ་སྟེ། ཆོས་ལ་མ་འདྲེས་པའམ། ཡང་ན་ཆོས་ལ་དོན་གཉེར་མེད་པ་དག་ལ་དངོས་རྫས་ཕྲན་ཙམ་རེ་གནང་བའམ། གནའ་དཔེ་དང་གཏམ་རྒྱུད་གླེང་བ་སོགས་སྙན་པར་སྨྲ་བ་ཁོ་ནས་སྣང་བ་ཆོས་ཀྱི་ཕྱོགས་སུ་རིམ་གྱིས་ཁ་དྲངས་བར་མཛད་ཅིང་། ཐ་ན་བྱིས་པ་ཆུང་ངུ་དག་ལའང་ཞལ་རྩེད་དང་མངར་ཆས་ཀྱི་རིགས་སོགས་གནང་སྟེ། བློ་སྣང་དབང་མེད་དུ་འབྲིད་མཁས་པ་དང་། མི་ཆེན་དང་བླ་ཆེན་གྱི་རིགས་སམ་ཡང་ན་ང་རྒྱལ་དང་ཁེངས་སེམས་ཆེ་བའི་རིགས་ལ་མཚང་ནས་སྒོལ་ཏེ་དྲག་པོའི་བཀའ་བཀྱོན་ཀྱིས་ཚར་བཅད། དབུལ་ཕོངས་ཉམས་ཆུང་གི་རིགས་ལ་ཆོས་བསྒྲུབ་པའི་མཐུན་རྐྱེན་སྦྱར་བ་སོགས་གྱིས་རྒྱུན་དུ་བརྩེ་བས་བསྐྱངས། མི་དབང་ས་སྐྱོང་གི་རིགས་ལ་རྒྱལ་ཁྲིམས་ཆོས་དང་མི་འགལ་བར་ཆབ་སྲིད་བདེ་སྐྱིད་ཀྱི་དཔལ་ལ་བཀོད་པ་སོགས་ཐབས་ལ་མཁས་པའི་གཞན་དོན་གྱི་མཛད་པ་ཁོ་ན་ལས་རང་ཆེ་ཐབས་འབའ་ཞིག་དང་། གྲགས་པ་དོན་དུ་གཉེར་ཞིང་ལོག་འཚོའི་དཀོར་མང་སྡུད་པའི་གཡོ་ཐབས་དང་། གཞན་མཐོ་ལ་ཕྲག་དོག་གིས་ཟུར་ཟ་ཞིང་མི་སྙན་པར་གླེང་བ་དང་། མཉམ་པར་འགྲན་གྱིས་དོགས་ནས་ཐབས་སྣ་ཚོགས་ཀྱིས་ཚར་བཅད་དེ་འབངས་སུ་བཀོལ་བ་སོགས་རང་དོན་ཕུགས་བཅུག་གཞན་ཕན་ཁ་རུ་འདོན་པའི་ཆོས་བརྒྱད་ཀྱི་མངོན་ཞེན་ཕྲ་མོས་ཀྱང་། སྐུ་ཚེ་ཧྲིལ་པོར་གོས་པ་མེད་པར་སྔོན་བྱོན་རྒྱལ་བ་གོང་མའི་མཛད་པ་དང་རྗེས་སུ་མཐུན་པར་བསྡུ་བ་རྣམ་པ་བཞི་དང་། ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ལ་མངའ་དབང་འབྱོར་བ་ཡིན། དེ་བཞིན་རྒྱུན་དུ་སྐུ་མདུན་ནས་འགྲིག་འདེད་རྒྱུ་དང་། གླིང་སྒྲུང་བཤད་དུ་འཇུག་པ་སོགས་ཀྱང་དུས་ཀྱི་གཡོ་འཁྲུག་བཟློག་པའི་ཐབས་མཁས་ཡིན་པར་གསུངས་པ་སོགས། རྟག་ཏུ་གཞན་ཕན་གྱི་ཕྲིན་ལས་རླབས་པོ་ཆེ་གདུལ་བྱ་ཡོངས་ལ་སྙོམས་པར་འཇུག་པས་ཆེས་ངོ་མཚར་རྨད་དུ་གྱུར་པའི་མཛད་པ་ལ། ལྷར་བཅས་འཇིག་རྟེན་ཀུན་གྱིས་བསྟོད་དབྱངས་མགྲིན་གཅིག་ཏུ་སྒྲོགས་པ་ལགས་སོ། །ཁོང་ནི་རྟོགས་པ་ནམ་མཁའ་དང་མཉམ་པས་བྱ་བྲལ་གྱི་མཚན་དོན་དང་མཐུན་པ་སྟེ། བསྙུང་གནས་བླ་མ་རིན་ཆེན་དར་རྒྱས་ཀྱིས་ཁོང་ལ། ཁྱེད་ལ་ཕྱི་ན་ཁ་ཞོས་མཛོ་མོ་མང་། ནང་ན་རྒྱུ་རྫས་དང་ཐ་ན་མེ་ཤིང་ཡན་ཆད་འདི་འདྲ་མང་བས་ཅིའི་ཕྱིར་ན་བྱ་བྲལ་བ་ཟེར་ཞེས་ཞུས་ཚེ། ཁོང་གིས་ཁྱེད་ཀྱིས་ནོར་བ་རེད། རྒྱུ་མེད་ན་སྤྲང་པོ་ཟེར། བྱ་བྲལ་ཟེར་བ་ནི་ནང་རིག་པའི་ཡེ་ཤེས་ལ་གཟུང་འཛིན་གྱི་བྱ་བ་བྲལ་དགོས་པ་ཡིན། གཞན་བྱ་བྲལ་མཁྱེན་བརྩེའི་དབང་པོ་ཅི་ལ་ཟེར་ཞེས་དོན་གྱི་བྱ་བྲལ་དུ་ཞལ་གྱིས་བཞེས། དེ་བཞིན་རྗེ་འདིི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་ལ་ཐུགས་དགྱེས་ཤིང་། ཁྱད་པར་འཇམ་མགོན་མི་ཕམ་རིན་པོ་ཆེའི་གཞུང་ལ་ཐུགས་རྩིས་ཧ་ཅང་ཆེ་བར་གནང་བ་སྟེ། སྔར་ཨ་འཛོམ་རིན་པོ་ཆེའི་སྐུ་མདུན་བཞུགས་དུས། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེ་ཞལ་བཞུགས་སྐབས་ཡིན་སྟབས། བྱ་བྲལ་རིན་པོ་ཆེ་ཁོང་དེར་ཞལ་མཇལ་དང་གསུང་ཆོས་ཞུ་རུ་ཕེབས་འདོད་ཧ་ཅང་ཆེ་བས་བླ་མ་ལ་གནང་བ་ཞུས་ཀྱང་། འབྲུག་པ་རིན་པོ་ཆེས་ངས་ཁྱེད་ལ་བཤད་པ་དེ་ཚོས་ཁྱོད་ཀྱིས་རང་གཞན་གཉིས་ཀྱི་དོན་འགྲུབ་ངེས་པས་དེ་དག་ཉམས་སུ་ལོངས་ཞེས་ཕེབས་པར་མ་གནང་། ཡང་ཁྱོད་ཀྱི་སྐུ་སྔོན་མ་རྡོ་བླ་འཇིགས་སྐལ་ཡང་ཧ་ཅང་མཁས་པས་རྒྱ་ནག་ཏུ་གདན་དྲངས་སྐབས་ཐབས་མ་མཁས་པས་ཁྲིམས་སུ་ཚུད། དེ་བས་ཁྱེད་རང་ལ་ཡང་ཀེག་ཆེ་སྟབས་སྦྱངས་པ་དེ་ཙམ་གྱིས་ཆོག་གསུངས་ནས་མ་གནང་བ་རེད་ཅེས་ཀྱང་ཐོས། གང་ལྟར་འཇམ་མགོན་བླ་མ་སྐུ་དངོས་སུ་མ་མཇལ་ཡང་། ཕྱིས་སུ་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བར་ངེས་ཏེ། བོད་སྤྲུལ་རིན་པོ་ཆེ་དང་མཉམ་དུ་གཞུང་གི་བགྲོ་གླེང་གནང་སྐབས་ཁོང་གིས་འཇམ་མགོན་བླ་མའི་གསུང་གི་གནད་གསང་མང་པོ་ཞལ་འཕྲོས་སུ་གནང་བས་མི་ཕམ་རིན་པོ་ཆེས་བྱིན་གྱིས་བརླབས་པའི་ཐུགས་སྲས་ཡིན་ངེས་པའི་ཐུགས་ངེས་འཁྲུངས་ཞེས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མས་རྒྱུན་དུ་གསུངས། ཡང་མགོ་ལོག་མཁན་པོ་འཇམ་དོན་ལ་བྱ་བྲལ་རིན་པོ་ཆེས་ཁྱོད་ཀྱིས་མི་ཕམ་ལ་རྒྱུན་དུ་གསོལ་བ་ཐོབ་གསུངས་པས་གསོལ་བ་རྩེ་གཅིག་ཏུ་བཏབ་ཚ། བླ་མ་རང་ཉིད་རེ་རྨིས་པས་ཁོང་རྣམ་གཉིས་ཐུགས་རྒྱུད་གཅིག་པ་འདྲ་ཞེས་མཁན་པོ་འཇམ་དོན་གསུངས། དེ་བཞིན་མི་ཕམ་རིན་པ་ོཆེའི་གསུང་ལ་ཐུགས་གཙིག་ཧ་ཅང་ཆེ་བར་གནང་སྟ། ཁོང་གིས་མཁན་པོ་ཆོས་གསལ་ལ། ཁྱོད་ཀྱིས་ཀློང་ཆེན་ཀློང་ཆེན་གསུངས་ཀྱང་ཀློང་ཆེན་པའི་གསུང་གི་ལྡེ་མིག་ལྟ་བུ་མི་ཕམ་རིན་པོ་ཆེའི་གསུང་ཡིན་པས་དེ་ལ་ལྟོས་ཞེས་གསུངས་ཤིང་། སྐུ་དངོས་ཀྱིས་རྒྱུན་དུ་ངེས་སྒྲོན་དང་། གསང་སྙིང་སྤྱི་དོན། གཉུག་སེམས་སོགས་ལྗགས་ཁྲིད་གནང་བ་མ་ཟད། ཕྱིས་སུ་ཆོས་སྒར་དུ་ལུང་རྒྱུན་སྤེལ་བའི་མཐུན་རྐྱེན་ཡང་གནང་། དེ་ལྟར་རྗེ་འདི་ཉིད་མདོ་སྔགས་ཀྱི་གཞུང་ལ་ཐུགས་བྱང་ཆུབ་པ་མ་ཟད་ཐུན་མོང་གསོ་རིག་གི་གཞུང་དང་ལག་ལེན་ལའང་བྱང་ཆུབ་པས་རྒྱུན་དུ་གསོ་བ་རིག་པའི་སྐོར་གྱི་ལག་ལེན་དང་གཞུང་ཁྲིད་གནང་བར་བརྟེན། ཁོང་གི་སློབ་མ་ཕལ་ཆེར་གྱིས་སྨན་གྱི་ལག་ལེན་ཤེས་པ་མ་ཟད། མདུན་འདུག་པ་གཡུ་ཁོག་བླ་མ་འགྱུར་མེད་རྡོ་རྗེ་སོགས་སྨན་པ་མཁས་པ་ཡང་མང་དུ་བྱུང་། དེ་ལྟར་རྗེ་འདི་མཁས་ཤིང་གྲུབ་པ་བརྙེས་པའི་མཚན་སྙན་གྱིས་ཕྱོགས་ཀུན་ཁྱབ་པས། སྐབས་དེར་གངས་ལྗོངས་མདོ་སྨད་ཀྱི་ཨ་མདོ་མགོ་ལོག་ཚུན་ཆད་ནས་སྨད་མི་ཉག་རྒྱ་རོང་ཡན་ཆད་ཀྱི་བླ་སྤྲུལ་སྐྱེས་ཆེན་དུ་མ་དང་། དཔོན་རིགས་མི་དྲག་མང་པོ། དེ་བཞིན་ལས་ཅན་གྱི་གདུལ་བྱའི་ཚོགས་གྲངས་མེད་པ་ཞལ་རས་མཇལ་བ་དང་ཟབ་ཆོས་ཞུ་རུ་ལྷགས། སྐབས་དེར་ཁོང་གི་འཁོར་སློབ་ལ་བསླབ་པ་སྦྱིན་པའི་མཁན་པོ། རྒྱུད་སྡེ་འཆད་པའི་མཁས་པ། མཚན་ཉིད་སྟོན་པའི་དགེ་བཤེས་སོགས་མང་དུ་བཞུགས་པ་ལས། རྒྱུན་དུ་ཆོས་སྒར་དེར་བཟོ་གསོ་བ། སྒྲ་ཚད་མ། ནང་དོན་སྡེ་སྣོད་རིན་པོ་ཆེ་གསུམ་གྱི་བཤད་པ་དང་། གཞན་སྐར་རྩིས། བརྡ་སྤྲོད་རིག་པ། ཡི་གེ་བྲིས་གཟུགས་ཡན་ཆད་ཡོན་ཏན་གང་སློབ་པར་འདོད་ཀྱང་རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟར་འདོད་པའི་རེ་བ་ཡིད་བཞིན་དུ་འཇོ་བར་བྱེད་ཅིང་། སྔོན་རྗེས་སུ་མཁས་མང་རྒྱ་མཚོ་ལྟ་བུའི་འབྱུང་གནས་སུ་ཡང་གྱུར་ཏོ། གཞན་ཡང་དེར་ཡོད་འདུས་སྡེ་ཡོངས་ཀྱིས་ཕྱི་སོ་ཐར་གྱི་བསླབ་པས་ཐུགས་རྒྱུད་ལེགས་པར་བསྡམས་ཏེ། འདུལ་བ་གཞི་གསུམ་གྱི་ལག་ལེན་ཕྲ་ཞིབ་ཕྱག་བཞེས་སུ་བསྟར་ཞིང་། ཡར་མར་གྱི་གསོ་སྦྱོང་རྒྱུན་དུ་མཛད་པ་སོགས་ཕྱིི་ལྟར་སྤྱོད་པ་དམ་ཆོས་འདུལ་བ་དང་སྒོ་བསྟུན་པར་བྱེད་པ་དང་། ནང་གསང་སྔགས་ཀྱི་ལྟ་སྒོམ་ཟབ་མོ་ཐུགས་ཉམས་སུ་བཞེས་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་ཅིང་། ཟླ་བ་བྱུང་ངོ་ཅོག་གི་ཡར་མར་གྱི་ཚེས་བཅུ་ལ་ཚོགས་མཆོད་རྒྱུན་མི་ཆད་པར་འབུལ་བ་དང་། ཁྱད་པར་གསང་བ་རྫོགས་ཆེན་གྱི་དངོས་གཞིའི་ཉམས་ལེན་ཟབ་མོ་ཆུ་བོའི་རྒྱུན་གྱི་ཏིང་ངེ་འཛིན་ལ་བསླབ་པས། མཉམ་བཞག་གི་རྩི་དང་མི་འབྲལ་བར་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བལྟས་ཏེ་བསོད་ནམས་ཀྱི་ཚོགས་སྡུད་པར་བྱེད་པ་སོགས། སྔ་འགྱུར་མཁས་གྲུབ་གོང་མའི་མཛད་པའི་སྲོལ་རྒྱུན་ཇི་བཞིན་ཕྱག་ལེན་དུ་འདེབས་པ་ཉིད་རྗེ་འདིའི་ཆོས་སྒར་གྱི་ཁྱད་པར་གྱི་ཕྱག་བཞེས་སུ་མངོན་ཞིང་། སྐབས་དང་སྐབས་སུ་གཞན་ཕན་གྱི་ཕྲིན་ལས་སྤེལ་བ་སོགས་ཆོས་མཐུན་གྱི་མཛད་པ་བཟང་པོའི་ངང་ཚུལ་ལས་ནམ་ཡང་འདའ་བར་མི་བྱེད་པ་སོགས་ཀྱིས་སྐྱེ་བོ་གྲངས་མེད་པ་དད་པའི་ཞིང་ས་ལ་བཀོད་པར་མཛད་དོ། །

བདུན་པ་སྣང་བར་རང་དབང་འབྱོར་བའི་གྲུབ་རྟགས་དང་། དུས་གསུམ་ས་ལེར་གཟིགས་པའི་མངོན་ཤེས་ཐོགས་མེད་མངའ་ཚུལ་གྱི་སྐོར་ནི།

སློབ་མ་རྣམས་ལ་ཁྱད་པར་རྗེ་འདི་ལ་དུས་གསུམ་ས་ལེར་གཟིགས་པའི་མངོན་ཤེས་ཐོགས་མེད་མངའ་བས་གང་གསུང་ཐམས་ཅད་ཕྱིས་སུ་ལུང་བསྟན་པ་ལྟར་གྱུར་ཚུལ་དང་། གཞན་ཡང་གྲུབ་པའི་རྟགས་ཡ་མཚན་ཅན་མང་པོ་དད་པ་དང་དག་སྣང་སྦྱང་བ་ཙམ་ཁོ་ན་མ་ཡིན་པར་ཀུན་ལ་མཐུན་སྣང་དུ་གྲུབ་ཚུལ་སྐོར་གྱི་གསུང་རྒྱུན་ཧ་ཅང་མང་མོད་འདིར་དཔེར་མཚོན་ཙམ་བཀོད་ན། དེ་ཡང་བོད་སྤྲུལ་རིན་པོ་ཆེ་ཁོང་གི་སྐུ་མདུན་ཕེབས་སྐབས། རྗེ་འདིས་དེ་རིང་གང་ཟག་ཁྱད་པར་བ་ཞིག་ཕེབས་ངེས་པས་བསུ་བ་དགོས་ཞེས་བོད་སྤྲུལ་ཕེབས་པ་སྔོན་ནས་མཁྱེན་པར་མ་ཟད། ཞལ་མཇལ་སྐབས་ཀྱང་ཁོང་ལ་རྡོ་བླ་འཇིགས་སྐལ་གྱི་བག་ཆགས་མང འ་ཚུལ་དང་། ཁྱེད་དཔལ་སྤྲུལ་གྱི་ཡང་སྤྲུལ་ཡིན་ཚུལ་སོགས་སྔོན་གནས་རྗེས་དྲན་གྱི་ཚུལ་དུ་གསུངས་ཤིང་གདམས་ཟབ་ཀྱི་སྒྲོ་འདོགས་བཅད་པ་སོགས་སྐྱེ་བའི་ཕྲེང་བ་ཀུན་ཏུ་བླ་སློབ་ཏུ་གྱུར། དེ་བཞིན་སྐྱབས་རྗེ་རྡོ་གྲུབ་བསྟན་པའི་ཉི་མའི་ཡང་སྤྲུལ་ངོས་འཛིན་སྐབས། གྲུབ་ཆེན་པས་རྫོགས་སྤྲུལ་ལྔ་པར་བརྟགས་ཞུས་ཕུལ་བས་ཁོང་གིས་རྡོ་ཁོག་མན་གསེར་ཁོག་ཡན་གྱི་བྱིས་པ་ཡོས་ལོ་བ་རྣམས་ཀྱི་མིང་ཡིག་བསྡུས་ནས་ཁྱེར་ཤོག་གསུངས། གྲུབ་ཆེན་དགོན་གྱི་གྲྭ་འཁོར་ཁ་ཤས་ཀྱིས་གསེར་ཁོག་ནས་མིང་ཡིག་བསྡུ་སྐབས་ཁོང་གི་སྐུ་མདུན་དུ་བཅར་ནས་ལོ་རྒྱུས་ཞུས་པར། བྱ་བྲལ་རིན་པོ་ཆེའི་ཞལ་ནས། ཁོང་གིས་གཟིགས་སྣང་ལ་རིགས་ལྔ་ཞིག་གི་རིགས་གསུམ་ཁ་ཕྱིར་བསྟན་ཅིང་གཉིས་ནང་དུ་འཁོར་བ་གཟིགས་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་ལྔ་ལས་གཉིས་ཞིང་ཁམས་སུ་བཞུགས་པ་དང་། གསུམ་མི་ཡུལ་དུ་འཁྲུངས་ངེས་པ་འདྲ་བས། ད་ལྟའི་མཆོག་སྤྲུལ་བྱིས་པ་དེའི་མཚན་ཡང་ངེས་པར་དུ་རྫོགས་ཆེན་རིན་པོ་ཆེ་ལ་ཕུལ་དགོས་ཞེས་བཀའ་མངགས་ནན་ཆེར་གནང་བ་ཕྱིས་སུ་རྫོགས་སྤྲུལ་རིན་པོ་ཆེས་ཆགས་ཐོགས་མེད་པའི་མངོན་མཁྱེན་གྱིས་དེ་ཉིད་ཡང་སྤྲུལ་དུ་ངོས་བཟུང་བས་རྗེ་འདིས་སྔར་ནས་དོན་གྱིས་ངོས་འཛིན་གནང་བ་ཡིན་ནོ། །ཡང་གཏེར་ཆེན་ལས་རབ་གླིང་པ་གསེར་ཁོག་ཏུ་ཆིབས་ཁ་བསྒྱུར་རྒྱུའི་ཐུགས་གྲོས་འདོན་སྐབས་ཀྱང་། ཁོང་ས་ཕྱོགས་འདིར་ཕེབས་ཐུབ་ན་སྐུ་ཚེ་འདི་དང་། ཁྱད་པར་སྐུ་རབས་རྗེས་མར་ས་ཕྱོགས་འདི་ནས་བསྟན་འགྲོའི་དོན་ཤིན་ཏུ་རྒྱ་ཆེན་པོ་འགྲུབ་ཚུལ་ནན་གྱིས་གསུངས་པ་མ་ཟད། མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་པོ་ཁོང་གི་སྐུ་མདུན་མཇལ་དུ་ཕེབས་སྐབས་ཀྱང་ཐུགས་དགྱེས་པའི་གསུང་གླེང་མཛད་ཅིང་། རྗེས་སུ་མཁན་པོ་ཆོས་གསལ་གྱིས་ཁོང་བླ་མ་ཉག་བླའི་སྤྲུལ་སྐུ་ཡིན་ནམ་ཞུས་ཚེ། དེ་ཡང་ལོས་ཡིན་ཏེ་གང་ལྟར་ཁོང་སྐྱེས་བུ་དམ་པ་ཕྲིན་ལས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཅན་ཞིག་རེད་ཅེས་མཁན་པོ་ཆོས་གསལ་ལ་ཡང་ཡང་གསུངས་པ་མཁན་པོ་ཤེས་རབ་ཀྱི་ཞལ་ལས་ཐོས་པ་དེ་ལྟར་ན་ད་ལྟ་མངོན་དུ་གྱུར་བ་འདི་ག་ལགས། མཁན་ཆེན་བླ་མ་པདྨ་ཆོས་དབྱིངས་ཁྱབ་བརྡལ་ལ་ཡང་ཁྱོད་རྫ་ཆུ་ཁར་བོད་སྤྲུལ་མདུན་སོང་དང་། མ་འོངས་པར་སྔ་འགྱུར་བསྟན་པའི་སྲོག་ཤིང་ཞིག་ཏུ་འགྱུར་ངེས་ཞེས་གསུངས་པ་དུས་ཕྱིས་མངོན་དུ་གྱུར། །དེ་བཞིན་མཁན་ཆེན་བླ་མ་ཟླ་བའི་འོད་ཟེར་རིན་པོ་ཆེས་མ་རྒན་གྱི་མཚན་བྱང་ཁྱེར་ནས་རྗེ་འདིའི་སྐུ་མདུན་དུ་མཇལ་ཁ་ཞུ་རུ་ཕེབས་སྐབས་ཀྱང་། ཁྱོད་ཕ་ཡུལ་དུ་མ་འདུག་པར་རྫ་སྟོད་དུ་བོད་སྤྲུལ་རིན་པོ་ཆེའི་སྐུ་མདུན་སོང་དང་། མ་འོངས་པར་བསྟན་འགྲོའི་དོན་འགྲུབ་ངེས་ཞེས་གསུངས་པ་བཞིན་ཕེབས་ནས་ཕྱིས་འཕགས་བོད་ཀྱི་ཡུལ་ནས་ལུང་བསྟན་མངོན་དུ་གྱུར། ཡང་སྐོར་ཞིག་གསེར་ཡུལ་སྟོད་སྨད་ཀྱི་དགོན་ཁག་མང་པོའི་གྲྭ་བ་སྟོང་ལྷག་ལ་མཉམ་དུ་ཆོས་ཁྲིད་གནང་སྐབས་ཉིན་ཞིག ད་རེས་ངེད་ཅག་འདིར་མཉམ་འཛོམས་བྱུང་བ་ནི་ཤིན་ཏུ་སྐལ་བ་བཟང་། མ་འོངས་པར་དུས་ཚོད་ཀྱི་འཕོ་འགྱུར་མང་བས་འདི་ལྟར་མང་དུ་འཛོམ་རྒྱུ་ལྟ་ཅི། ཐ་ན་གྲྭ་བ་མིག་གིས་མཐོང་བ་ཡང་དཀའ་མོ་ཡིན། དེ་དུས་མི་རྣམས་ཀྱི་བཟང་ངན་སོགས་ཀྱང་འབྱེད་ངེས་པས་ཁྱེད་རྣམ་པས་རྒྱུན་དུ་རང་ཚུགས་འཛིན་རྒྱུ་གལ་ཆེ་ཚུལ་སོགས་འབྱུང་འགྱུར་སྔོན་དུ་གཟིགས་པའི་བསླབ་བྱ་མང་དུ་བསྩལ། རྒྱུན་དུ་ཡང་མདུན་འདུག་རྣམས་ལ་རྩམ་པ་ཆུང་དགོས་ཞེས་གསུངས་ན་ལོ་དེར་སད་སེར་འདྲ་ཡོང་ངེས་པ་དང་། སྒ་སྟན་ཚེམ་དགོས་ཞེས་དགོངས་པ་ཅན་གྱི་གསུང་ཡང་ཡང་བསྩལ་ན་དམག་ཇག་གི་འཁྲུགས་སློང་རེ་འོང་ངེས་པས་གསེར་པའི་ཡུལ་མི་རྣམས་ཀྱིས་ད་ལོ་བླ་མས་གང་གསུངས་ཞེས་འདྲི་ཞིང་དེ་འདྲ་མ་གསུངས་ཚེ་ཀུན་ཀྱང་བློ་བདེ་བར་འདུག་ཅེས་ཐོས། ཡང་འཁྲུངས་ཡུལ་དུ་དང་པོ་ཕེབས་སྐབས་ཆུ་དབར་ཁོག་ཏུ་རྒུ་ཁང་ལ་ཁ་ཞེས་པར་སྐུ་མཚམས་གནང་སྐབས་ཤིག་ལ། དེ་ནས་ཐག་ཅུང་རིང་པའི་མཚོ་སྐམ་ཞེས་པ་ནས་མི་ཞིག་ཤི་བ་མཁྱེན་ཏེ་རྒྱང་འཕོ་མཛད། ཕྱིར་ཉིན་གདན་འདྲེན་ཞུ་མི་ཁ་ཤས་སླེབ་སྐབས། ངས་མདང་སུམ་ནས་རྣམ་ཤེས་སྤར་ཚར་གསུངས་པས། དེར་རྒད་པོ་གླེན་པ་ཞིག་གིས། ཧོ་ཧོ་ཁྱོད་ཀྱི་དེ་མེ་མདའ་འདྲ་ནི་མ་རེད། རོ་ཡོད་སར་མ་སོང་ན་ཕན་ནམ་ཞུས་ཚེ། ཐུགས་ཅུང་ཟད་སྐྱོ་སྟེ་ཨ་ཁ་ཁ། སངས་རྒྱས་བྱང་སེམས་ཀྱི་ཉེ་རིང་མེད་པའི་ཐུགས་རྗེ་ལ་དུས་ངན་གྱི་རྫས་ངན་ཞིག་ལས་ཀྱང་ལྟ་སྟངས་ཆུང་བ་ལ་གསུངས། ཡང་ཕྱིས་ཞིག་དེར་བཞུགས་སྐབས་གློ་བུར་དུ་མདུན་འདུག་ལ་འགྲོ་གསུངས་ནས་ཉིན་མཚན་ལྟོས་མེད་ཀྱིས་ཕེབས་མཐར། སྦོ་མདར་སྦྱིན་བདག་ཕྲིན་ལས་དར་རྒྱས་ཀྱི་ཁྱིམ་དུ་ཕེབས་སྐབས་སྦྱིན་བདག་གྲོངས་མ་ཐག་རེད་འདུག་པས་ངོ་སྤྲོད་དང་འ ཕོ་བ་སོགས་གནང་ནས་ཁྱིམ་མི་རྣམས་ལ་སེམས་གསོ་གནང་། ཡང་མཁན་པོ་ཆོས་གསལ་གཡུ་ཁོག་ཏུ་ཕེབས་སྐབས་སྐུ་མདུན་ནས་གྱེས་ཕྱག་ཞུས་ཏེ་ཅུང་ཙམ་སོང་སྐབས། མདུན་འདུག་ལ་མགྱོགས་པོར་སོང་ལ་ལྟོས་དང་ཁོང་རྣམ་པར་དོན་དག་འདྲ་བྱུང་མ་སོང་ངམ་གསུངས། མདུན་འདུག་བལྟ་རུ་འགྲོ་སྐབས་གདན་ས་དང་ཐག་མི་རིང་བའི་ལ་རྒྱབ་ནས་ཁོང་ཚོའི་རྟ་དྲེལ་རྣམས་འདྲོག་ནས་ཆས་གོས་ཕལ་ཆེར་ས་ལ་གཡུག་པ་སོགས་བྱུང་འདུག་ཀྱང་མི་རྣམས་ལ་སྐྱོན་མེད་པ་མཐོང་། ཉིན་ཞིག་མདུན་འདུག་རྩང་བ་རིག་ཐོ་ལ་ཁྱོད་སྙིང་རྗེ། མ་འོངས་པར་ཁྱོད་གང་དུ་བསྡད་ན་མུ་གེས་མི་འཆི་ཙམ་འོང་། ཁྱོད་གསེར་ཆུ་སྔོན་མོའི་རྒྱུད་ནས་བསྡད་ན་ཁ་མི་སོས། ལི་གཙང་ཆུས་བཞིའི་ས་ནས་ཀྱང་ཁ་སོས་དཀའ། དེ་བས་གཡུ་ཁོག་ཏུ་བག་ཤད་སྐེད་ལ་དྲངས། རྡོ་རྟ་རུམ་དུ་བཅུག་ནས་སོང་ན་མུ་གེས་མི་འཆི་ཙམ་ཨེ་མི་འོང་། སྙིང་རེ་རྗེ་གསུངས་བྱུང་བ་སྐབས་དེར་རིག་ཐོའི་བསམ་པ་ལ། ཨ་ཁ། ང་ལ་བླ་མས་ཅི་འདྲའི་ལྟ་སྟངས་ཆུང་བ་ལ། ང་བན་དེ་རབ་བྱུང་ཞིག་ཐབས་ཅི་ཙམ་སྡུག་ཀྱང་ཐ་ན་ཡང་ཨ་མཆོད་རེ་བྱེད་ས་ལོན་ངེས་པས་པགས་པ་མཉེ་ཅི་ལ་དགོས་སོགས་བསམ་པ་བྱུང་ཡང་། ཕྱིས་དུས་འགྱུར་སྐབས་ལས་དབང་གིས་གཡུ་ཁོག་ཕྱོགས་སུ་སླེབས་ཤིང་མུ་གེའི་ལོ་ལ་དངོས་སུ་རྡོ་རྟ་རུམ་དུ་བཅུག བག་ཤད་སྐེད་ལ་དྲངས་ནས་འགྲོ་བའི་སྐབས་ཁེལ་བས་སྔར་གྱི་བླ་མའི་གསུང་རྣམས་དྲན་ནས་མཆི་མ་དབང་མེད་དུ་ཤོར་བྱུང་གསུངས། ཡང་གཡུ་ཁོག་པ་རང་བྱུང་མདུན་ན་ཡོད་སྐབས་ཁྱོད་ཀྱིས་མ་འོངས་པར་སྡུག་ཤིན་ཏུ་མྱོང་དགོས་པས་ད་ལྟ་ནས་སྦྱང་དགོས། ཁྱོད་ལ་མགོ་སྔས་འཇོག་དབང་མེད་ཅེས་གསུངས་ནས་དགོང་མོ་མགོ་སྔས་གཏན་ནས་འཇོག་མ་བཅུག གདན་ཡང་སྲབ་མོ་ལས་བཏིང་མ་བཅུག་པ་དེ་སྐབས་ཁོའི་སེམས་ལ་འབབ་པོ་མ་བྱུང་ཡང་། ཕྱིས་དུས་འགྱུར་སྐབས་དེ་བཞིན་མངོན་དུ་གྱུར་ནས་སྡུག་བསྔལ་མང་དུ་མྱང་། སྔས་གདན་གཏན་ནས་མེད་པས་སྔར་གྱི་བླ་མའི་གསུང་ལུང་བསྟན་མངོན་སུམ་དུ་གོ་ཞེས་བཤད། ཡང་ཆུང་ཡོས་ཀྱི་གྲྭ་བ་ཞིག་མཇལ་དུ་འོང་ནས་ཞལ་མཇལ་མ་ཐག་བླ་མས། ཁྱོད་ཤུལ་རྫུམ་བྱེད་མཁན་ལ་ཅི་འདྲ་མི་མཚར། ཞེས་ཡང་ཡང་གསུངས། དེ་དུས་ཅི་གསུང་པ་ཡིན་གོ་བ་མ་ལོན་ཡང་། དུས་འགྱུར་སྐབས་གྲྭ་བ་དེ་རི་ལ་བྲོས་ནས་འགྲོ་སྐབས། ཕྲུག་ཚ་རུ། གཡུ་བྱུར་སོགས་མདོར་ན་རྒྱུ་རྩ་ཆེན་མང་པོ་འཐོར་ཡོད་པ་མཐོང་ཡང་བླ་མའི་གསུང་དྲན་ནས་གཅིག་ཀྱང་མ་ཁྱེར་ཞེས་བཤད། ཡང་གྲྭ་བ་ཞིག་ལ་ཉིན་གཅིག་སྐུ་མདུན་དུ་ཤོག་གསུངས། སྐུ་མདུན་དུ་བཅར་བས་གསུང་བཟང་ངང་ཞོ་མང་དུ་བླུད་མཐར། ཞལ་ནས། དུས་མཐའ་འདིར་ཟོག་གི་རྨིག་ཀོང་ནང་ཉིན་བདུན་བརྒྱག་པའི་ཟས་ཡོད་ཟེར་སྲོལ་ཡོད་པ་དེ་ཙམ་མི་ཤེས་ཀྱང་། ཉིན་ཤས་བརྒྱག་ངེས་ཡོད་པས་ཁྱོད་ཀྱང་དུས་ཚོད་དེ་འདྲ་དང་འཕྲད་ངེས་ཞེས་གསུངས། ཕྱིས་དུས་འགྱུར་དང་མུ་གེ་བྱུང་སྐབས་ཤིག་ལ་གྲྭ་བ་དེ་ཉིན་ཤས་ཁ་ཟས་མ་རྙེད་པར་ཕྱི་རོལ་ཞིག་ཏུ་འགྱེལ་ནས་ཡོད་སྐབས། ཐག་ཉེ་ཞིག་ན་རྨིག་པ་ཞིག་འདུག་པ་དེ་ཉིད་ཚུར་བླངས་ནས་དེའི་ནང་ཟ་རྒྱུ་ཅུང་ཟད་འཚོལ་སྐབས་བླ་མའི་གསུང་དྲན་ནས་མིག་ཆུ་ཤོར་ཞེས་བཤད། ཡང་རྒྱ་ཁོག་གི་གྲྭ་བ་ཞིག་ལ་གལ་ཏེ་མ་འོངས་པར་ཁྱེད་ཀྱིས་མི་འདྲ་གསད་དགོས་བྱུང་ཚེ་སྔོན་ལ་སྡོམ་པ་འབུལ་དགོས་མ་གཏོགས་ཉེས་པ་དེ་བས་ལྕི། སྡོམ་པ་འབུལ་ཚུལ་འདི་ལྟར་ཡིན་སོགས་བསླབ་པ་ཕྱིས་སུ་གྲྭ་བ་དེ་དུས་འགྱུར་གྱི་རྐྱེན་ངན་ནང་དངོས་སུ་དོན་དེ་དང་འཕྲད་པའི་ལོ་རྒྱུས་ཀྱང་ཐོས། ཡང་སྟག་རིང་ངེས་ལེགས་ལ་འཆི་ཁ་ངེད་གཉིས་ཐུག་ངེས་ཞེས་གསུངས་པ། ཕྱིས་སུ་ངེས་ལེགས་འདའ་ཁར་མདང་སུམ་བླ་མ་མཇལ་ནས་ང་ལ་ཤོག་གསུངས་བྱུང་བས་ང་འགྲོ་རན་པ་འདྲ་ཞེས་གསུངས། ཕྱིར་ཉིན་འདས་ཞེས་ཐོས། ཡང་ཉིན་ཞིག་མདུན་འདུག་ལ་མར་མེའི་མེ་ཆེ་འདུག མེ་ལྕེའི་ནང་མེ་འདྲེ་ཡང་ཡོད་ལས་ཆེ་གཟབ་དགོས། ཞེས་སོགས་གསུངས་པ་ཕྱིར་ཉིན་ཉེ་འགྲམ་ནས་རི་མེ་ཤོར་བ་ལ་དགོངས་པ་འདྲ་ཞེས་ཐོས། དེ་བཞིན་གདན་ས་ཡག་སྒང་རི་ཁྲོད་དུ་ཉིན་ཞིག་སྐུ་འཁོར་ཁ་ཤས་བཅས་ཕྱི་རོལ་དུ་བཞུགས་སྐབས། གློ་བུར་དུ་འབྲུག་གྲགས། ཐོག་འཕངས། དེར་ཞབས་ཕྱི་རྣམས་ཀྱིས་ཉེ་སྐོར་ཞིག་ལ་ཐོག་འཕང་སོང་ཞེས་འཚབ་འཚུབ་ཀྱིས་ཕྱོགས་ཀུན་ཏུ་བལྟས་ནས་སླར་ཞིབ་ཏུ་ལྟ་སྐབས། བླ་མའི་ན་བཟའི་སྟེང་ཐོག་ཆུ་འཁྱིལ་འདུག་པ་མཐོང་བས་གཟོད་ཀུན་གྱིས་ཐོག་བླ་མས་བཞེས་པའི་ངོ་མཚར་ལ་དད་པ་ཐོབ། ཡང་ཉིན་ཞིག་ལྷ་རྩེ་ཆུའི་ཕྱར་རི་ཁྲོད་ནས་ཞབས་ཐང་དུ་སྔ་མོ་ནམ་ལངས་སྐབས་ཙམ་ལ་ཕེབས། གཡུའི་སྒེག་སྨད་དུ་ཕེབས་དུས་ཉི་ཤར་ཙམ་རེད་འདུག་ཅེས་ཞལ་འཕྲོས་སུ་གསུངས་པ་ཕལ་བའི་ཉིན་ལམ་ཁ་ཤས་ཡུད་ཙམ་གྱིས་བགྲོད་པའི་ངོ་མཚར་ཡང་བྱུང་། ཡང་ལྷ་རྩེ་རུ་བཞུགས་སྐབས་ཆུའི་ཕྱར་རི་ཁྲོད་ནས་བྲག་གཡང་གཟར་མཐོན་པོ་ཞིག་ནས་ལྷུང་ཚེ། ཁོང་གི་ཐུགས་ལ་ནམ་མཁར་ཡར་འཕགས་ཏེ་མར་བབ་ན་བརྡབ་སྐྱོན་ཤོར་མི་འོང་སྙམ་སྟེ། ཡར་ལྡང་ཚེ་དངོས་སུ་ནམ་མཁར་ཡར་འཕགས་ཤིང་མར་ས་ལ་ཞབས་གཉིས་སྔོན་ལ་རེག་ཅིང་བབས་ཞེས་ཞལ་འཕྲོས་སུ་གསུངས་པ་དང་། ཡང་གནས་དེར་བཞུགས་སྐབས་རོ་ལངས་མངོན་སུམ་བཏུལ་བ་དང་། སྨྱོན་མ་ཞིག་ཀྱང་བཏུལ་རབ་འདུག དེ་དུས་ཉེ་སྐོར་ཞིང་པ་རྣམས་ཀྱིས་སད་བཀག་གནང་བར་ཞུས་སྐབས། དེར་སད་ལྡང་ལ་ཉེ་དུས་ཁོང་གིས་ཆབ་བསང་གནང་བ་ལས་རླངས་པ་མང་དུ་འཕྱུར་ཞིང་སྤྲིན་འཁོར་ནས་སད་མ་བྱུང་བའི་ལོ་རྒྱུས་ཀྱང་ཡོད། ཡང་སྐོར་ཞིག་གསེར་སྟོད་ཕྱོགས་ནས་སྦྱིན་བདག་ཞིག་གིས་ཚེ་འདས་མང་པོའི་མཚན་བྱང་ཁྱེར་འོང་བ་དང་། ཉིན་དེར་བྲག་མགོ་ཕྱོགས་ནས་ཀྱང་མི་ཞིག་གིས་མཚན་བྱང་འགའ་བླ་མར་འབུལ་བར་སླེབས། བླ་མ་སྐུ་མཚམས་དང་ཁེལ་བས་མདུན་དུ་མ་ཚུད་པར། མདུན་འདུག་ལ་དངུལ་སྒོར་བཅས་གཉིས་ཀས་སྤྲད། ཐུན་མཚམས་སྐབས་མདུན་འདུག་གིས་མཚན་བྱང་རྣམས་སོ་སོར་ངོ་སྤྲོད་དང་། དངུལ་སྒོར་བཅས་སྐུ་མདུན་འབུལ་སྐབས། བླ་མས་བཞད་མོ་གནང་བཞིན་དངུལ་སྒོར་རྣམས་ཕན་ཚུན་ནོར་སོང་ཞེས་གསུངས། མདུན་འདུག་གིས་ཞིབ་ཏུ་བསམ་བློ་གཏོང་སྐབས་དངོས་སུ་ནོར་འདུག་ཟེར། རྒྱུན་དུ་སྐུ་མདུན་ལ་མཚན་བྱང་སླེབས་པ་རྣམས་ལ་མ་ཎི་ཚར་རེ་གསུངས་བཞིན་སེ་གོལ་རེ་གནང་ཞིང་འགའ་རེ་མྱུར་དུ་བསྲེག་སྦྱང་མཛད། འགའ་རེ་ལོ་དང་ཟླ་བའི་བར་འཇོག་ཅིང་བླ་མ་ཀོང་ཚེ་སོགས་ལ་རྒྱུན་དུ་གསུར་བསྔོ་རུ་འཇུག ཡང་མདུན་འདུག་ཞིག་གིས་གསོལ་སྨན་འབུལ་སྐབས་དཀར་ཡོལ་སྨན་ཆུ་བཅས་སྐུ་དངོས་ཀྱིས་གཟིམ་ཁང་གི་ཕྱི་རོལ་ཏུ་འཕང་ཡང་ཆུ་ཙམ་ཡང་མ་ཕོས་པར་ཕྱི་རོལ་རྡོ་གཅལ་སྟེང་བཞག་འདུག་པ་མཐོང་ཞེས་ཐོས། ཡང་དགེ་རྩེ་ཟླ་ཁོག་ཕྱོགས་ནས་ཡིན་པའི་གྲྭ་བ་ཁ་ཤས་སྐུ་མདུན་དུ་སླེབས་པའི་ནང་སྤུ་རིས་ཞེས་པ་ཞིག་ཡོད་པ་ལ་ཁྱོད་ཀྱིས་མོན་གླིང་ཞིག་ཕབས་དགོས་གསུངས་པར། དེར་སྤུ་རིས་ནས་ངས་སྒྲུང་དེ་འདྲ་ཕབས་མི་ཤེས་ཀྱང་ང་དང་མཉམ་དུ་བྲིས་པ་དར་རྒྱས་ཟེར་བ། སྒྲུང་དང་སྙན་ངག་ལ་མཁས་པ་ཞིག་ཡོད་པས་ངེད་གཉིས་ཀྱིས་ལྷན་དུ་བྲིས་ན་ཞུས་ཚེ། འོ་ཆོག་གསུངས། སྒྲུང་ཕབས་རྒྱུས་དབུ་བཟུང་ནས་ལྡེབ་རེ་ཟུང་བྲིས་ཚེ་འགགས་ནས་བྲི་རྒྱུ་མ་རྙེད་པས་སྤུ་རིས་གྱིས་ངས་མི་དྲན་གི་དར་རྒྱས་ལ་འབྲི་བཅུག་ན་ཞུས་ཚེ། བླ་མས་དར་རྒྱས་ལ་བཀའ་བཀྱོན་གནང་ཞིང་སྤུ་རིས་ལ། དེ་ནས་འདི་འདྲ་བྱས་པ་ཨེ་མི་ཡིན་ཞེས་ཟུར་ཙམ་རེ་གསུངས་ཚེ་ཁོ་ལ་རང་ཤུགས་ཀྱིས་བབས། དེ་ལྟར་མོན་འདུལ་ཆ་ཚང་བླ་མའི་སྐུ་མདུན་རང་དུ་ཕབས། དེ་ནས་ཕྱིས་སུ་བླ་མ་དང་ཆོས་སྒར་མཐོང་བ་ཙམ་གྱིས་གླིང་སྒྲུང་དུ་མ་རྩོལ་མེད་རང་ཤུགས་ཀྱིས་བབས་པས་བླ་མས་ཁོའི་རྩ་སྒོ་ཕྱེ་བ་ཡིན་པར་གྲགས་ཤིང་། བླ་མས་མོན་དུང་སྐྱོང་གི་སྤྲུལ་བར་གསུངས་ནས་ཁོའི་མཚན་ལ་སྒྲུང་གཏེར་ཉི་མ་རང་ཤར་ཞེས་གནང་ཞིང་། རིམ་གྱིས་ཏ་ཟིག་ནོར་རྫོང་དང་གྲུ་ུགུའི་གོ་རྫོང་། རྟ་རྒྱུག་སོགས་གླིང་སྒྲུང་མང་དུ་ཕབས། རྟ་རྒྱུག་གི་སྒྲུང་ལ་ལྡེབ་དགུ་བཅུ་གོ་དགུ་ལས་མེད་པ་ལ་སྒྲུང་གཏེར་གྱིས་ལྡེབ་བརྒྱ་བྱས་ན་ལེགས་ཀྱང་ངས་ནི་མཇུག་ཏུ་རྩོམ་བྲི་མི་ཤེས་པས་བླ་མ་རིན་པོ་ཆེ་ནས་གནང་བར་ཞུས་ཚ། དེ་འཕྲལ་བླ་མས་ཚིག་བཅད་ཁ་ཤས་གསུངས་པ་མཁན་པོ་ཆོས་གསལ་གྱིས་སམ་ཊའི་ངོར་བྲིས། དེར་མཁན་པོ་ཆོས་གསལ་ལ་དོ་དགོང་ཕར་ཁྱེར་ནས་འགྲིགས་མིན་ལྟོས་གསུངས། ཕྱིར་ཉིན་མཁན་པོ་ཆོས་གསལ་གྱིས་གཞན་ཤིན་ཏུ་ལེགས་མོད་སྒྲུང་གཏེར་ནི་རབ་བྱུང་དུ་འདུག་ན། ཁྱེད་ཀྱི་གསུང་དུ་སྔགས་པ་ལྟ་བུ་ཞིག་གནང་འདུག་པའི་དགོངས་པ་ཅི་ལགས་ཞུས་ཚེ། བླ་མས་རྗེས་སུ་སྔགས་པ་རེད་ཨེ་འགྲོ་ཅི་ཤེས། ཞེས་གསུངས་པ་ཕྱིས་ལུང་བསྟན་ཐོག་ཏུ་བབས། སྒྲུང་གཏེར་གྱིས་བླ་མ་ནི་ལྷ་སྲས་དགྲ་ལྷའི་རྣམ་སྤྲུལ་རེད་ཅེས་གསུངས། སྤྱིར་གནས་དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་གནས་ཡིན་པར་གྲགས་ཤིང་། གནས་དེ་ན་གེ་སར་གྱི་ཁྲབ་རྨོག་སོགས་གཏེར་དུ་སྦས་ཡོད་པ། རྗེ་ཁོང་དང་། སྒྲུང་གཏེར་གཉིས་ལ་གཏེར་ནས་བཞེས་པའི་ལུང་བསྟན་ཡོད་ཀྱང་སའི་བཅུད་ཡུལ་རྟེན་དུ་དགོངས་ནས་མ་བཞེས་པར་གསུངས། རྒྱུན་དུ་ཡང་སྡེ་བརྒྱད་དང་གཞི་བདག་གིས་སྒྲོམ་བུ་མང་པོ་ཕྱག་ཏུ་ཕུལ་ཡང་། ཐུགས་སྣང་ཐུགས་རྩིས་ཅི་ཡང་མི་མཛད་ཅེས་ཀྱང་ཐོས་སོ། དེ་སོགས་སྣང་བར་རང་དབང་འབྱོར་བའི་གྲུབ་པའི་རྟགས་ཡ་མཚན་ཅན་དང་། དུས་གསུམ་ས་ལེར་གཟིགས་པའི་མངོན་མཁྱེན་སོགས་ཕྱི་ནང་གསང་བའི་ངོ་མཚར་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ཅིང་། དེ་དག་ཀྱང་དད་པ་དང་དག་སྣང་གིས་རང་གི་བླ་མ་ལ་བསྟོད་བསྔ གས་ཙམ་མ་ཡིན་པར། ཕར་ཆེར་དུས་ཕྱིས་ཀུན་གྱིས་མིག་མཐོང་ལག་ཟིན་དུ་བྱུང་བ་ཤ་སྟག་ལས་འདིར་ཐོས་འཛིན་དུ་སོན་པ་ཆ་ཤས་ཤིག་ཕྱི་རབས་དྭངས་བ་སྐྱེད་ཕྱིར་བཀོད་པའོ། །

བརྒྱད་པ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཚུལ་དང་གསུང་ཆོས་ཞལ་སློབ་བཅས་ཀྱི་སྐོར་ནི།

དེ་ལྟར་བསྟན་འགྲོའི་དོན་ཆེན་ཡུན་རིང་བསྐྱངས་མཐར་ལྕགས་ཡོས་ལོ་༼༡༩༥༡༽བསྙུང་བབ་ལྕི་ཡང་ལྕགས་སྐོང་བླ་མ་རྡོར་དགྲ་ཕེབས་ནས་ཞབས་བརྟན་དང་བརྟན་བཞུགས་ཕུལ་བར་བརྟེན་ལོ་གཅིག་རིང་བསྙུང་གཞི་དྭངས། དེ་ནས་ཕྱིར་ལོ་སླར་ཡང་སྣང་ངོར་ཟླ་ཕྱེད་ལྷག་སྐུ་ཧ་ཅང་བསྙུང་ཚུལ་མཛད། ཉིན་ཞིག་སྐུ་མདུན་དུ་མཁན་པོ་ཆོས་གསལ་དང་། རྒོ་འཛི་གཏེར་ལོ། གཡུ་ཁོག་བླ་མ་བློ་ལྡན། སྐུ་མདུན་པ་འགྱུར་མེད་རྡོ་རྗེ་སོགས་ཡོད་པ་ལ། བླ་མས། ང་ལ་དོན་དུ་ཞིང་ཁམས་ཀྱི་སྣང་བ་ལས་ཅི་ཡང་མི་འདུག་མོད། ངས་བདེ་སྡུག་གཏོང་ལེན་སོགས་ཀྱི་ཆེད་དུ་ན་ཚུལ་བསྟན་པ་ཡིན། ད་ནི་ཡུན་རིང་མི་འདུག་གསུངས། དེར་ཁོང་རྣམས་དང་གྲྭ་འཁོར་ཡོངས་ནས་བརྟན་བཞུགས་མང་དུ་ཕུལ་བ་མ་ཟད། ཡར་མར་གྱི་དགོན་སྡེ་ཁག་ལ་ཞབས་རིམ་མང་དུ་བ སྒྲུབ་རྒྱུ་བཅོལ་ཞིང་བཞུགས་ཞུས་ནན་གྱིས་ཕུལ་ཡང་ཞལ་གྱིས་མ་བཞེས་ཤིང་། རྟེན་ཕལ་ཆེར་ཡང་སོ་སོར་བགོས། མདུན་འཁོར་སོགས་ལ་ཞལ་ཏ་དང་། བསླབ་བྱ་མང་དུ་བསྩལ་ནས་རྗེས་ཀྱི་གདུང་མཆོད་ཇི་ལྟར་བྱ་ཚུལ་སོགས་ཞིབ་པར་མཁན་པོ་ཆོས་གསལ་ལ་ཡི་གེར་འཁོད་བཅུག་སྟེ། སྐུ་ཚེ་དང་མཛད་ཕྲིན་མཐའ་རུ་ཕྱིན་ནས་དགུང་གྲངས་གྱ་གཅིག་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ཉེར་དྲུག་པ་ནནྡ་ཞེས་པ་དགའ་བ་སྟེ། ཆུ་ཕོ་འབྲུག་གི་ལོའི་༼ཕྱི་ལོ༡༩༥༢༽ ཟླ་བ་དང་པོའི་ཚེས་ཉེར་གཉིས་ལ་སྟོན་པ་ཐུགས་རྗེ་ཅན་སྐུ་ཞི་བར་གཟིམས་པའི་ཚུལ་བཞིན་སེང་གེ་ཉལ་སྟབས་ཀྱི་ཚུལ་དུ་དགོངས་པ་ཆོས་ཉིད་ཞི་བ་ཆེན་པོའི་དབྱིངས་སུ་གཤེགས་སོ། །དེ་ནས་སྐྱབས་རྗེ་གང་གི་ནང་ཐུགས་ཀྱི་སྲས་མཆོག རྡོ་གྲུབ་སྐུ་ཕྲེང་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་མཆོག་གིས་ཐུགས་དམ་ལས་དཀྲོལ་གནང་བ་དང་། རྗེས་ཀྱི་རིམ་པའི་ཐུགས་འགན་གཙོ་བཞེས་གནང་སྟེ། དེར་འདུས་སྐལ་ལྡན་སློབ་ཚོགས་དང་། གཞན་ཡང་ཡུལ་ཕྱོགས་སྟོད་སྨད་བར་གསུམ་ནས་བསྟན་དགོན་གྱི་ཁུར་བཞེས་པའི་དབུ་སྙན་གྱི་གྲགས་པ་འཛིན་པའི་བླ་ཆེན་མཁན་སྤྲུལ་རབ་ཏུ་མང་པོ་གདན་དྲངས་ཏེ་རྒྱུད་སྡེ་དང་། སྒྲུབ་སྡེའི་དཀྱིལ་འཁོར་རབ་འབྱམས་ཀྱི་ཞལ་ཕྱེས་ཏེ་འདས་མཆོད་ཀྱི་རིམ་པ་རྒྱ་ཆེར་ཕུལ། དད་ལྡན་སེར་སྐྱ་ཕོ་མོ་ཀུན་ས་ཡི་རྩི་ཤིང་བཞིན་ཕྱོགས་ཀུན་ནས་འདུས་པ་རྣམས་ཀྱིས་གདུང་མཇལ་དང་མཆོད་འབུལ་སྨོན་ལམ་འདེབས་པ་སོགས་བར་མཚམས་མེད་པར་བྱུང་། དེ་ཚེ་སྐུ་གདུང་ལས་བདུད་རྩི་བབས་པ་དང་། དྲི་བཟང་གི་ན་བུན་ཕྱོགས་ཀུན་འཐུལ་བ་སོགས་རྟགས་ཡ་མཚན་ཅན་མང་དུ་བྱུང་། དེ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་ལ་སྦྱང་སྐབས། གདུང་དུད་ཀ་བ་བསླང་བ་ལྟར་ནམ་མཁར་ཟུག་པ་ལ། གནས་ཡུལ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་མཁའ་ལྡིང་གི་ཟོལ་གྱིས་ཕྱག་དང་བསྐོར་བའི་ཚུལ་གྱིས་བྲེལ་ཞིང་། ཕྱིའི་མཁའ་དབྱིངས་ཤིན་ཏུ་དྭངས་པ་ལ་འཇའ་འོད་དང་སྤྲིན་སྲབ་མོའི་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་མང་པོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་ངོ་། །དེ་ལྟ་བུའི་སྐྱབས་རྗེ་འགྲོ་བའི་མགོན་པོ་གང་དེས་ཟབ་གསང་ཆོས་ཀྱི་བདུད་རྩིས་བསྐྱངས་པའི་ཞལ་སློབ་སྔ་ཕྱིར་བགྲང་ལས་འདས་ཀྱང་ཕྲན་གྱིས་གོ་ཐོས་བྱུང་བ་རྣམས་རགས་ཙམ་བཀོད་ན། རྗེ་གང་གི་གསང་བ་གསུམ་གྱི་བྱིན་རླབས་ཐོབ་ཅིང་དགོངས་པ་དབྱེར་མེད་དུ་གྱུར་པའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་མཆོག དེ་བཞིན་སྐུ་ཚེའི་སྟོད་ཀྱི་སློབ་མ་ཁྲེགས་ཆོད་ལ་མངའ་བརྙེས་པ་གྲོང་སྟོད་བླ་མ་ཕུར་བ། ཐོད་རྒལ་ལ་མངའ་བརྙེས་པ་རྒུ་ནང་བླ་མ་འཇིགས་མེད་རང་གྲོལ་རྣམ་གཉིས། ཡང་གྲ་ལག་མཁན་པོ་དྲི་མེད་འོད་ཟེར། ཡག་སྐོར་མཁན་པོ་ཆོས་གསལ། འཛི་རོང་བླ་མ་མཆོག་ལྡན། ར་སྐོར་གང་ཤར་རང་གྲོལ། ཙི་མདའ་ཡེ་ཤེས་སྙིང་པོ་སྟེ་ཁྲིད་ཁ་གཅིག་པའི་སློབ་བུ་མཆོག་གྱུར་ལྔ། དེ་བཞིན་རྒྱུན་བཞུགས་དང་ཆོས་འབྲེལ་ཐོབ་པའི་སློབ་མ་ནི། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། ཀཿཐོག་མཁན་ཆེན་ནུས་ལྡན། ཆུང་ཡོས་མཁན་པོ་ཟླ་འོད། མཁན་ཆེན་འཇིགས་མེད་ཕུན་ཚོགས། བྱ་བྲལ་བླ་མ་ཆོས་དབྱིངས་ཁྱབ་བརྡལ། མཁན་ཆེན་ཟླ་བའི་འོད་ཟེར། བསྙུང་གནས་བླ་མ་རིན་ཆེན་དར་རྒྱས། འཇང་སྒང་དབོན་པོ། དཀྱིལ་སྔོན་བྱམས་སྤྲུལ། རྔ་ཟའི་བླ་མ་ཚུལ་ཁྲིམས་རྡོ་རྗེ། བླ་མ་ཀོང་ཚེ། ལྷ་རྩེ་བླ་མ་བསོ་ལོ་དང་རྒྱལ་མཚན། རིག་འཛིན། རིག་ཐོ། འཛུམ་ལུ། བླ་མ་སྣང་གསལ། ལུང་ནང་བླ་མ་བསོད་ནམས་ཕུན་ཚོགས། སྐྱེ་སྐུ་ཚུལ་ཁྲིམས་རྡོ་རྗེ། མདོ་པ་གདམས་ངག་རྒྱ་མཚོ། བླ་མ་ཆོས་དགའ། བླ་མ་མཁྱེན་ཆུང་། མཁན་པོ་བསོད་ནམས་ཉི་མ། གྲུབ་ཆེན་གླིང་སྤྲུལ། གྲུབ་ཆེན་སྤྲུལ་སྐུ་རྡོར་མཆོག གྱ་ལ་མཁན་པོ། ཡར་ལུང་མཆོག་སྤྲུལ་བསྟན་པའི་ཉི་མ། སྤྲུལ་སྐུ་འཇིགས་མེད་འོད་གསལ། གཡུ་ཐོག་ཀརྨ་བསོད་ནམས། མགོ་ལོག་མཁན་པོ་བསྟན་འཛིན། མཁན་པོ་འཇམ་དོན། འཇིགས་དཔལ། ཨ་ཁྱའི་བླ་མ་ཀར་ཆོས། ཁྲོ་ཤུལ་འབའ་རེ་ལྷག་རྒྱམ། སྨན་པ་ཨོ་རྒྱན། ལྷོ་བའི་ཀོའུ་ཕྲུག ར་སྐོར་རྟོགས་ལྡན་ཁམ་ལོ། མཁན་པོ་ཐུབ་ནོར། སྟག་ལུང་དབོན་པོ་མཁའ་ཀློང་། གཅུང་ཤེས་འོད་ལོ། ཤ་བའི་ཨ་ཏི། ཚེ་ཤེས་རིག་པ། ཚེ་ཤེས་ཏིང་འཛིན། དོམ་ཚང་གཏེར་སྟོན་ཚེ་དབང་མགོན་པོ། གནུབ་ཟུར་སྤྲུལ་སྐུ་པད་ནོར། སྤྲུལ་བློ་གྲོས་དབང་པོ། རྫོང་འགོ་མཁན་པོ་བློ་གྲོས། བླ་མ་རིག་འཛིན་ཉི་མ། མཁན་པོ་ཤེས་རབ། གདུང་ཀུན་གསལ། ཀོ་ཚོང་པད་གྲགས། མ་བླ་ཁྱབ་བདག་འོད་ཟེར། བསྟན་རྒྱས་དབོན་པོ་ཐེག་མཆོག དབོན་པོ་འཇིགས་མེད། ཨ་སྐྱབས་པདྨ་རྡོ་རྗེ། སྒོ་འཛི་གཏེར་ལོ། གནམ་མཚོ་མཁན་པོ་བསྟན་འཛིན། སྒོ་འཛི་རིག་གྲོལ། ཤིང་བཟོ་གར་བདེ། སྒོ་སྤུས་ཡོན་ཏན། སྒོ་སྤུས་ཀུན་འོད། རྡོ་བ་བསྟན་འཛིན། མདོ་མང་མཁན་པོ་ལེགས་བཤད། རྒྱ་རོང་བརྩོན་འགྲུས། རྒྱ་རོང་འཇིགས་མེད་ཡེ་ཤེས། ཁ་རོང་བླ་མ་གདན་གྲོལ། སྤྲུལ་ཨོ་རྒྱན་ཕྲིན་ལས་རྣམ་རྒྱལ། རྒྱ་རོང་རིག་འཛིན་རྡོ་རྗེ། རྒྱ་གདོང་ཤེས་རབ་མེ་འབར། བླ་མ་གནས་ཐར། རྡོ་བ་རང་རིག འཛི་རོང་བླ་མ་མཐོང་གྲོལ། རྫེས་རེ་དྲི་མེད་མཁྱེན་ལྡན། སྨར་རོང་ཤེར་བཟང་། ཁག་རྟ་པད་སྣང་། ལྷ་བཟོ་ཐུབ་གྲགས། འཛི་རོང་རྣམ་དྲུག རྩང་རོང་བླ་མ་ཆོས་སྐྱོང་། རིག་འདུས། གཡུ་ཁོག་ནས་དཔོན་བླ་དགེ་འདུན་རྒྱ་མཚོ། རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ། ཆ་ནང་སྤྲུལ་སྐུ་མི་ཕམ། གཡུ་ཁོག་ཀོང་སྤྲུལ་པདྨ་དགྱེས་པ། ཨ་ཚབ་བླ་མ་ཀུན་མཁྱེན། མཁན་པོ་བསོད་སེང་། མཁན་པོ་རི་རྡོར། མཁན་པོ་དོན་ཚེ། བླ་མ་བློ་ལྡན་ཤེས་རབ། བླ་མ་འགྱུར་མེད་རྡོ་རྗེ། བླ་མ་རིག་ཐོ་སོགས་ཕྲན་གྱིས་གོ་ཐོས་བྱུང་བ་ནི་དེ་ཙམ་ལགས་ཤིང་། གཞན་ཡང་སྐབས་དེ་ཙམ་ན་མདོ་ཁམས་སྨད་ཕྱོགས་ཨ་མདོ་མགོ་ལོག་ཚུན་ཆད་ནས། སྨད་རྒྱལ་མོ་ཚ་བ་རོང་ཡན་ཆད་ཀྱི་བླ་སྤྲུལ་མཁན་གསུམ་ཐམས་ཅད། རྗེ་གང་གི་ཞལ་སློབ་ཏུ་མ་གྱུར་པ་མེད་པ་ལྟ་བུར་ངེས་ཕྱིར་འདིར་ཆ་ཚང་འགོད་མ་ཐུབ། དེ་བཞིན་རྗེ་གང་གིས་མ་འོངས་པའི་རྗེས་འཇུག་ལས་དང་སྐལ་བ་དང་ལྡན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་བཞག་པའི་རྟོགས་པའི་འདྲ་འབག ཞལ་གསུང་བདུད་རྩིའི་ཟེགས་མ་ཡི་གེར་འཁོད་པ་མཇལ་དུ་ཡོད་པ་རྣམས་འདིར་བཀའ་བསྡུ་བྱས་པ་ༀ་ཨཱཿཧཱུྃ་ཧྲཱིཿ སྟེ་པོད་བཞི་ལས། དང་པོ་སྔོན་འགྲོའི་སྐོར་ༀ་པོད་དུ། རྗེ་ཉིད་ཀྱི་རྒྱུན་གསུང་གནང་བའི་དམ་པ་གསུམ་དང་། སྔོན་འགྲོ་བསྡུས་པ་ཀུན་ལས་བཏུས་པ། འབྲིང་པོ་དཔལ་མགོན་བླ་མའི་ཞལ་ལུང་། སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་ཉེར་མཁོ་བར་ལྡེབ་ཟིན་བྲིས་བཅས་། གཉིས་པ་དངོས་གཞིའི་སྐོར་ཨཱཿཔོད་ལ། ཁྲིད་ཡིག་ཡེ་ཤེས་བླ་མའི་ཟིན་བྲིས། ལྕེ་བཙུན་ཁྲིད་ཡིག་གི་ཟིན་བྲིས། རྗེ་གང་གི་དངོས་གཞིའི་ཟབ་ཁྲིད་ཀྱི་ཞལ་གསུང་རྣམས་སློབ་བུ་དག་གིས་ཟིན་བྲིས་སུ་བཀོད་པ་རྫོགས་ཆེན་ཁྲིད་རྒྱུན་ཉི་མའི་འཁོར་ལོ། ཚིག་གསུམ་གནད་བརྡེག་གི་མན་ངག་གསེར་གྱི་ཐིག་པ་དང་དེའི་ཞལ་རྒྱུན་ཟིན་བྲིས། འགྲེལ་བ། ཁྲེགས་ཆོད་ཀྱི་མན་ངག་ཁྱབ་བརྡལ་ཉི་མའི་འཁོར་ལོ། བསྒོམ་ཕྱོགས་དྲིས་ལན། གནས་ལུགས་རྡོ་རྗེའི་ཚིག་རྐང་གི་འགྲེལ་བ། དམ་པ་གསུམ་གྱི་གྲངས་བསོག་ཚུལ་བླ་མའི་ཞལ་ལུང་། བདུད་འཇོམས་སྣང་སྦྱང་གི་ཟིན་བྲིས། གཞན་ཡང་རྫོགས་ཆེན་སྐོར་གྱི་ཉམས་སུ་ལེན་ཚུལ་གནད་བསྡུས་མང་པོ་དང་། གསུམ་པ་མདོ་སྔགས་ཀྱི་རྒྱབ་ཆོས་སྐོར་ཧཱུྃ་པོད་ལ། སྟོན་པ་འཚང་རྒྱ་ཚུལ་གྱི་རྣམ་བཞག གསང་སྙིང་བླ་རྒྱུད་ཀྱི་རྣམ་ཐར། གསང་སྙིང་སྤྱི་དོན་མཛོད་སྡེའི་ཟིན་བྲིས། འོད་གསལ་སྙིང་པོའི་ཟིན་བྲིས། བསྐྱེད་རྫོགས་སྐོར་གྱི་མན་ངག་གནད་བསྡུས་འགའ། སྟོང་ཐུན་སེང་གེའི་ང་རོའི་བར་ལྡེབ། དེ་བཞིན་རྗེ་འདིའི་ཞལ་གདམས་དོ་ཧའི་སྐོར་སོགས་དང། ཧྲཱིཿཔོད་དུ། ཕྱིས་ཀྱི་གསར་རྙེད་ཁ་སྐོང་གི་སྐོར་ལ། དུས་བཞི་སངས་རྒྱས་མཉམ་སྦྱོར་དང་དམ་པ་གསུམ་གྱི་གདམས་ཁྲིད། ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་གནད་བསྡུས། བྱ་བྲལ་རིན་པོ་ཆེའི་ཞལ་རྒྱུན་སྔོན་འགྲོའི་གནད་བསྡུས། བླ་མ་རིན་པོ་ཆེས་སྐྱབས་འགྲོ་གསུང་སྐབས་ཞལ་རྒྱུན། ངེས་ཤེས་སྒྲོན་མེའི་ཟིན་བྲིས་ཚན་པ་གཉིས། ཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་། རྫོགས་ཆེན་སྙིང་ཐིག་གི་ཁྲིད་འཆད་ཐབས། ཞལ་རྒྱུན་ཟིན་བྲིས། ཞལ་རྒྱུན་གདམས་ཟབ་ཟིན་བྲིས་གནད་གསང་ཡེ་ཤེས་ལག་སྟེར། སེམས་རིག་དབྱེ་བ་རང་གྲོལ་རྟོགས་པའི་གསང་ལམ། ཕྱི་ནང་གསང་གསུམ་གྱི་སྔོན་འགྲོའི་ཟིན་ཐོ་མདོར་བསྡུས། གཞི་ལམ་འབྲས་བུའི་རྣམ་བཞག་སོགས་ཀྱི་ཟིན་བྲིས། སེམས་རིག་གི་ཁྱད་པར་གསུང་ལན་སོགས། རང་བཞིན་རྫོགས་པ་ཆེན་པོའི་མྱོང་ཁྲིད་གནང་སྐབས་ཀྱི་དཔལ་ལྡན་བླ་མའི་ཞལ་རྒྱུན། འོད་གསལ་རྫོགས་པ་ཆེན་པོའི་ལམ་གནད་ལེགས་པར་སྟོན་པའི་ཟིན་བྲིས་ཐོར་བུའི་སྐོར། ནམ་མཁའ་སུམ་ཕྲུག་གི་གནད་བསྡུས་། ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ། རྫོགས་ཆེན་གསུང་སྒྲོས་སྣ་ཚོགས་ཟིན་བྲིས་སུ་བཀོད་པ་གསུང་གི་འདྲ་འབག་ཆེན་མོ། ཞེན་ལོག་ཡི་གེ་ཉེར་ལྔའི་ཟིན་བྲིས་སོགས་གདུལ་བྱའི་བསོད་ནམས་ཀྱི་སྐལ་བར་བཞུགས་པ་བཅས་སོ། །

སླར་སྨྲས་པ། མཁྱེན་རབ་པ༷དྨ༷་འབུམ་དུ་བརྡལ་བའི་དབུས། །བརྩེ་ཆེན་ཡེ་ཤེས་རྡོ༷་རྗེ༷ས་ཉེར་མཛེས་པའི། །དུས་གསུམ་རྒྱལ་བའི་ཞལ་སྐྱིན་ཆོས་ཀྱི་རྗེ། །སླར་ཡང་སྙིགས་དུས་བསྟན་འགྲོའི་དཔལ་དུ་ཤར། །ངོ་མཚར་ས་ཡི་ཐིག་ལེ་གཡུ་ལྗོངས་ཀྱི། །རྨད་བྱུང་འཕགས་མའི་གནས་མཆོག་དག་ཞིང་དེར། །ཁྱེད་སྐུ་མཚན་དཔེ་ལང་ཚོ་གསར་བའི་གཟུགས། །དེ་ལྟར་པཎ་ཆེན་བི་མའི་རྣམ་སྤྲུལ། གསང་ཆེན་བསྟན་པའི་མངའ་བདག མཁས་ཤིང་གྲུབ་པའི་དབང་ཕྱུག བྱ་བྲལ་རྣལ་འབྱོར་བ་ཆེན་པོ། ༧སྐྱབས་རྗེ་གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་མཆོག་གི་རྟོགས་བརྗོད་རྣམ་ཐར་ཉུང་ངུའི་ངག་གིས་བརྗོད་པ་འདི་ཡང་རྗེ་གང་གི་གསུང་ཆོས་ཕྱོགས་སྡུད་དང་རྣམ་ཐར་ཅུང་རྒྱས་པ་ཞིག་བྲི་ཐུབ་པའི་རེ་འདུན་ཡུན་རིང་སྙིང་ལ་བཅང་སྟེ་ཕྱོགས་གང་སར་ཕྱིན་ཅིང་། ཁྱད་པར་ཤིང་བྱ་ལོར་ཆེད་དུ་རང་ཡུལ་ནས་རྗེ་གང་ཉིད་སྐུ་འཁྲུངས་བའི་གནས་མཆོག་ཆུ་དབར་ཏཱ་རེའི་གནས་སུ། མདུན་འདུག་པ་བླ་མ་རིག་ཐོའི་མདུན་ཆེད་བསྐྱོད་ཀྱིས་རྣམ་ཐར་སྐོར་བཀའ་འདྲི་མང་ཙམ་ཞུས་འཕྲལ། ཟླ་དེའི་ཚེས་ཉེར་ལྔ་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་གནས་མཆོག་དེར་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་དང་བཅས་རྣམ་བསྡུས་འདི་ཉིད་འ བྲི་བའི་མགོ་བརྩམ་ཞིང་། དེ་ནས་རིམ་གྱིས་གསེར་རྟའི་ཕྱོགས་སུ་བསྐྱོད་ནས་གསུང་ཆོས་དང་། རྣམ་ཐར་སྐོར་ལ་ཞིབ་འཇུག་གིས། མཐར་རྗེ་གང་གི་གདན་ས་དང་། མཐར་སྐུ་ཞི་བར་གཤེགས་པའི་གནས། གསེར་ཡག་སྒང་རི་ཁྲོད་དུ་ཟླ་རྗེས་མའི་ཚེས་ཉེར་ལྔའི་དུས་ཚེས་བཟང་པོར་མཇུག་གྲུབ་ཅིང་། སླར་ལོ་རྗེས་མར་ཡུལ་དབུས་སྨིན་གླིང་བཤད་གྲྭར་འཕྲི་བསྣན་བཅས་དུས་མཐའི་བཙུན་གཟུགས་ཤེས་བྱ་ཀུན་གཟིགས་དེས་རྫོགས་པར་བྲིས་པ་འདིས་ཀྱང་བསྟན་འགྲོའི་དོན་གཉིས་ལྷུན་གྱིས་འགྲུབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །

གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་གསོལ་འདེབས།

༈ རང་གི་སྤྱི་བོར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་གསལ་བཏབ་ལ་རང་གཞན་ཐམས་ཅད་དུས་འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ཁྱེད་ལ་སྐྱབས་སུ་མཆིའོ་སྙམ་པས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་སྙིང་ཁུ ང་རུས་པའི་གཏིང་ནས་བཏབ། དེ་ནས་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོའི་རིམ་པ་བསྒོམ་པར་བྱའོ་སྙམ་དུ་སེམས་བསྐྱེད། བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཚུངས་མེད་དྲིན་ཆེན་གྱི་བླ་མ་རིན་པོ་ཆེ་ཁྱེད་མཁྱེན་ནོ། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་མཁྱེན། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག དམ་ཆོས་ཀུན་འདུས་རྩ་བའི་བླ་མ་མཁྱེན། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །དགེ་འདུན་ཀུན་འདུས་རྩ་བའི་བླ་མ་མཁྱེན། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་མཁྱེན། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐུ་གསུམ་ཀུན་འདུས་རྩ་བའི་བླ་མ་མཁྱེན། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཕ་བླ་མའི་སྐུ་ལ་གསོལ་བ་འདེབས། །བུའི་ལུས་ལ་སྐུ་ཡི་བྱིན་གྱིས་རློབས། །ཕ་བླ་མའི་གསུང་ལ་གསོལ་བ་འདེབས། །བུའི་ངག་ལ་གསུང་གི་བྱིན་གྱིས་རློབས། །ཕ་བླའི་ཐུགས་ལ་གསོལ་བ་འདེབས། །བུའི་ཡིད་ལ་ཐུགས་ཀྱིས་བྱིན་གྱིས་རློབས། །ཕ་བླ་མའི་སྐུ་གསུང་ཐུགས་མཆོག་དང་། བུའི་ལུས་ངག་ཡིད་གསུམ་དབྱེར་མེད་ཤོག ཨ་ཨ་ཨ། ཞེས་བརྗོད་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་མཉམ་པར་འཇོག་ལ། སླར་ཡང་ཐུན་བསྡུ་བ་ནི། མགོན་པོ་ཁྱོད་ལས་སྐྱབས་གཞན་མ་མཆིས་པས། །འདི་ཕྱི་བར་དོ་གསུམ་དུ་ཐུགས་རྗེས་ཟུངས། །བདག་སོགས་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །ཆོས་དབྱིངས་རང་གྲོལ་གྱིས་སོ། ༈ །བླ་མ་དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་ནོ། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག བདག་གི་དུས་གསུམ་དུ་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག ཆོས་དབྱིངས་རང་གྲོལ་གྱིས་སོ། །

བླ་མ་རྒྱང་འབོད་ཐུགས་རྒྱུད་བསྐུལ་བའི་ལྕགས་ཀྱུ།

༈ བླ་མ་རྒྱང་འབོད་ཐུགས་རྒྱུད་བསྐུལ་བའི་ལྕགས་ཀྱུ་ནི། བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །འཁོར་འདས་མི་འགྱུར་སྤྲོས་བྲལ་ཆོས་སྐུ་ཡི་ཀློང་ན། །གསལ་མདངས་མ་འགགས་རང་སྣང་ལོངས་སྐུ་ཡི་དཀྱིལ་འཁོར། །ཐུགས་རྗེས་མཁྱེན་བརྩེ་ཕྲིན་ལས་སྤྲུལ་སྐུ་རུ་ཤར་བའི། །སྐུ་གསུམ་ངོ་བོ་གཅིག་འདུས་བླ་མ་དེ་མཁྱེན་ནོ། །ཁྱབ་བྱ་རྒྱུད་སྡེ་བཞི་དྲུག་ཡི་དམ་གྱི་དཀྱིལ་འཁོར། །ཁྱབ་བྱེད་བདེ་ཆེན་ལྷན་སྐྱེས་ཡེ་ཤེས་སུ་འདུས་ཤིང་། །གནས་ཡུལ་མཁའ་འགྲོ་རྒྱ་མཚོའི་འཁོར་ལོ་ཡི་བསྒྱུར་བ། །རྩ་གསུམ་གཅིག་ཏུ་རྫོགས་པའི་བླ་མ་དེ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་དབྱེར་མེད་ཡེ་ཤེས་ཀྱི་སྐུ་མཆོག །དམ་ཆོས་ཀུན་གྱི་མདོ་འགགས་བརྗོད་བྲལ་གྱི་གསུང་མཆོག །དགེ་འདུན་ཚོགས་མཆོག་རིག་གྲོལ་གཉིས་ལྡན་གྱི་ཐུགས་མཆོག །དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་དེ་མཁྱེན་ནོ། །འཁོར་བ་ཞེན་ལོག་ངེས་འབྱུང་སོ་ཐར་གྱི་རྩ་བ། །གཞན་ཕན་ཐུགས་རྗེས་འགྲོ་འདྲེན་བྱང་སེམས་ཀྱི་ངོ་བོ། །སྣང་སྲིད་དག་པའི་དཀྱིལ་འཁོར་གསང་སྔགས་ཀྱི་ལྟ་བ། །སྡོམ་གསུམ་ཡོངས་སུ་རྫོགས་པའི་བླ་མ་དེ་མཁྱེན་ནོ། །འཆད་ན་སྐལ་བཟང་སློབ་མའི་སེམས་རྒྱུད་ཀུན་གྲོལ་ནས། །རྩོད་ན་ལོག་རྟོག་ཐེ་ཚོམ་དྲྭ་བ་དེ་གཅོད་ཅིང་། །རྩོམ་ན་ལུང་རིགས་ཚིག་སྦྱོར་མཁས་རྣམས་ཀྱི་དཔལ་སྟེར། །མཁས་ཚུལ་གསུམ་དང་ལྡན་པའི་བླ་མ་དེ་མཁྱེན་ནོ། །གནས་ལྔ་རིག་གནས་ཤེས་བྱ་ཀུན་མཁྱེན་གྱི་མཁས་པ། །སྡོམ་གསུམ་དྲི་མས་མ་གོས་རྣམ་དག་གི་བཙུན་པ། །ཉམས་མྱོང་བྱིན་རླབས་དྲོད་ཐོབ་ཡོན་ཏན་གྱི་བཟང་པོ། །དམ་པའི་ཚུལ་གསུམ་རྫོགས་པའི་བླ་མ་དེ་མཁྱེན་ནོ། །རྒྱལ་བཀའ་ལུང་གི་ཆུ་བོ་སྐལ་བཟང་ལ་འགྲིམས་ཤིང་། །དབང་དང་གདམ་ཟབ་སྨིན་གྲོལ་ཚད་མེད་དུ་སྩོལ་ཞིང་། །རྫོགས་རིམ་གནད་འགགས་དམར་ཁྲིད་ལག་མཐིལ་དུ་གཏད་པའི། །བཀའ་དྲིན་མཚུངས་པ་མེད་པའི་བླ་མ་དེ་མཁྱེན་ནོ། །སྙན་སོགས་བསྡུ་དངོས་བཞི་ཡི་ལྕགས་ཀྱུ་ཡིས་དྲངས་ནས། །སྦྱིན་སོགས་ཕར་ཕྱིན་དྲུག་གི་བགོ་སྐལ་ལ་བཀོད་མཐུས། །ཐར་ལམ་སྣང་བ་སྟེར་བའི་འཕགས་ཆེན་གྱི་སྐྱེས་མཆོག །རྒྱལ་བའི་ཕྲིན་ལས་དེད་དཔོན་བླ་མ་དེ་མཁྱེན་ནོ། །ཐུགས་གསུང་ཡིད་བཞིན་ཆུ་གཏེར་གཏིང་ཟབ་ལས་བྱུང་བའི། །རྨད་བྱུང་ཆོས་ཀྱི་གྲུ་ཆར་རིས་མེད་ཀྱི་འགྲོ་ལ། །མཁྱེན་དཔྱོད་ཆུ་འཛིན་ལྕེ་ཡི་བར་མེད་དུ་འགྱེད་པའི། །མཁས་དབང་གདེངས་ཅན་དབང་པོ་བླ་མ་དེ་མཁྱེན་ནོ། །གྲངས་མེད་གསུམ་གྱི་བསྐལ་བར་བརྩོན་འགྲུས་ཀྱིས་འབད་པའི། །ས་བཅུ་ལམ་ལྔ་བྱང་ཕྱོགས་སོ་བདུན་གྱི་ཆོས་ཀུན། །ཡེ་བབས་རིག་པ་རྗེན་པའི་རང་ངོ་ལ་རྫོགས་པའི། །ས་ལམ་གཅིག་རྫོགས་ཐེག་མཆོག་བླ་མ་དེ་མཁྱེན་ནོ། །སྣང་སྲིད་སྣང་སྟོང་ལྷ་སྐུ་བུམ་དབང་གི་ལྟ་བ། །དེ་ཉིད་གསལ་སྟོང་ཟུང་འཇུག་གསང་དབང་གི་ལྟ་བ། །བདེ་སྟོང་དགའ་བཞིའི་ཡེ་ཤེས་ཤེར་དབང་གི་ལྟ་བ། །རིག་སྟོང་ཚིག་དབང་རྫོགས་པའི་བླ་མ་དེ་མཁྱེན་ནོ། །དབེན་གསུམ་རྒྱུ་ལས་འོད་གསལ་གསང་འདུས་ཀྱི་རྣལ་འབྱོར། །བདེ་སྟོང་དགའ་བཞིའི་ཡེ་ཤེས་བདེ་མཆོག་གི་རྣལ་འབྱོར། །གསང་གསུམ་སྦྱོར་བ་དྲུག་ལྡན་དུས་འཁོར་གྱི་རྣལ་འབྱོར། །ཀུན་འདུས་ཨ་ཏིའི་དོན་རྟོགས་བླ་མ་དེ་མཁྱེན་ནོ། །ཀློག་པ་ཐོས་བསམ་འཁོར་ལོས་ཀུན་མཁྱེན་དུ་གྲོལ་ནས། །སྤོངས་པ་བསམ་གཏན་འཁོར་ལོས་བསྙེན་སྒྲུབ་ཀུན་མཐར་ཕྱིན། །སྒྲུབ་པ་ལས་ཀྱི་འཁོར་ལོས་རྒྱལ་བསྟན་གྱི་སྲོག་ཤིང་། །འཁོར་ལོ་གསུམ་ལྡན་ཕྲིན་ལས་བླ་མ་དེ་མཁྱེན་ནོ། །འོད་སྣང་སྟོང་ཁམས་གང་བ་མངོན་སུམ་གྱི་སྣང་བ། །ཚོམ་བུ་སྐུ་ཐུགས་སྨིན་པ་གོང་འཕེལ་གྱི་སྣང་བ། །སྣང་སྲིད་ཆོས་སྐུའི་ཞིང་ཁམས་ཚད་ཕེབས་ཀྱི་སྣང་བ། །ཐམས་ཅད་ཆོས་ཟད་སྣང་བཞིའི་བླ་མ་དེ་མཁྱེན་ནོ། །གདོད་ནས་རྡོ་རྗེ་ཁྲག་འཐུང་ཡང་དག་གི་དཀྱིལ་འཁོར། །དེ་ཉིད་བླ་མར་ཤར་བ་གནུབ་བན་གྱི་སྒྱུ་འཕྲུལ། །ཀུན་གཟུགས་འཇམ་དཔལ་རྡོ་རྗེའི་ཐུགས་སྲས་ཀྱི་ཐུ་བོ། །ཕྱི་ནང་དེ་ཉིད་བཅུད་ལྡན་བླ་མ་དེ་མཁྱེན་ནོ། །རབ་འབྱམས་རྒྱལ་བ་ཐམས་ཅད་གདུལ་བྱ་ལ་བརྩེ་བས། །སྙིགས་མའི་འགྲོ་ངོར་རྡོ་རྗེ་སློབ་དཔོན་དུ་ཤར་ནས། །སྨིན་གྲོལ་ཟབ་རྒྱས་ཆོས་འཁོར་བར་མེད་དུ་བསྐོར་ནས། །བཀའ་དྲིན་འཁོར་ཐབས་མེད་པའི་བླ་མ་དེ་མཁྱེན་ནོ། །བརྡ་དོན་སྤྱི་ཡི་བླ་མའི་རྣལ་འབྱོར་ལ་དད་པས། །རང་རིག་དོན་གྱི་བླ་མའི་བྱིན་གྱི་རླབས་ཤར་བས། སྣང་སྲིད་འཁོར་འདས་མ་ལུས་བླ་མ་ཡི་སྤྲུལ་པ། །རང་སེམས་རྩལ་དུ་ཤར་བའི་དངོས་གྲུབ་ཞིག་ཞུའོ། །དང་པོ་ཕྱི་རུ་བཟུང་ནས་གསོལ་འདེབས་དང་མོས་གུས། །བར་དུ་སེམས་དང་བསྲེས་ནས་ཐུགས་ཡིད་གཉིས་དབྱེར་མེད། །མཐར་ཐུག་དབྱེར་མེད་རོ་གཅིག་སངས་རྒྱས་སུ་གྲོལ་ནས། །འགྲོ་དོན་རྒྱུན་མི་འཆད་པའི་སྨོན་ལམ་དེ་འགྲུབ་ཤོག །ཅེས་བླ་མའི་སྒྲུབ་ཐབས་གསོལ་འདེབས་མོས་གུས་ལ་བརྟེན་ནས་འབྲུག་པ་རིན་པོ་ཆེའི་ཞབས་རྡུལ་སྤྱི་བོར་བླངས་པ་ཆོས་དབྱིངས་རང་གྲོལ་ནས་བྲིས་པ་དགེའོ། །སརྦ་མངྒ་ལཾ།། །།

སྔོན་འགྲོ་ཀུན་ལས་བཏུས་པ།

པཱུརྦཀཱསརྦཾཏབིཙིཏཿབིཛཧརཾ།

སྔོན་འགྲོ་ཀུན་ལས་བཏུས་པ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ དེ་ལ་འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཕྱི་ནང་གི་སྔོན་འགྲོའི་རིམ་པ་རྒྱུན་དུ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་མཁས་གྲུབ་རྣམས་ཀྱིས་སྔོན་འགྲོ་རྒྱས་བསྡུས་གསུངས་པ་རྣམས་ལས་བཏུས་པ་ནི། དེ་ཡང་ཐོག་མར་ཐོ་ར ངས་ལྡང་བའི་དུས་ལ་བབ་པ་ན། མདུན་གྱི་ནམ་མཁར་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་གི་རྣམ་པ་ལ་འཁོར་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བས་ཌཱ་མ་རུའི་སྒྲ། དབྱངས་ཡིག་བཅུ་དྲུག་དང་། གསལ་བྱེད་སོ་བཞིའི་སྔགས་ཀྱི་གདངས་སུ་བསྒྲགས་པས་བསྐུལ་ཏེ་གཉིད་ལས་སད་པར་བསམ་ཞིང་། རང་ཉིད་གཞི་ལུས་ཀྱི་ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ། རྣམ་པ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་དང་། ཞིང་ཁམས་ཀྱི་བཀོད་པ་དང་བཅས་པ་གསལ་བཞིན་པའི་ངང་ནས་ལྡང་སྟེ། བླ་མ་བཞེངས་བསྐུལ་གྱི་གསོལ་འདེབས་འདི་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱིའི་ཡོངས་འཛིན་དགེ་བའི་བཤེས་གཉེན་ནི། བླ་མ་མཁྱེན་སོགས། བླ་མ་མཁྱེན་ཞེས་བརྗོད་པ་དང་པོའི་ཚེ། རང་གཞན་གྱི་རྒྱུད་ལ་ངེས་འབྱུང་གི་བསམ་པ་སྐྱེ་བའི་ཆེད་དུ། བླ་མ་དང་། སངས་རྒྱས་དང་། ཆོས་སྐུ་གསུམ་དང་། གཉིས་པའི་ཚེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བའི་ཆེད་དུ། ཡི་དམ་དང་། དམ་ཆོས། ལོངས་སྐུ་གསུམ་དང་། གསུམ་པའི་ཚེ་སྣང་སྲིད་རྣམ་དག་གི་དག་སྣང་རྒྱུད་ལ་སྐྱེ་བའི་ཕྱིར། མཁའ་འགྲོ་དང་། དགེ་འདུན། སྤྲུལ་སྐུ་གསུམ་དང་། ཡང་ན་དང་པོའི་དུས་དཀོན་མཆོག་གསུམ་དང་། གཉིས་པའི་དུས་རྩ་བ་གསུམ་དང་། གསུམ་པའི་དུས་སྐུ་གསུམ་སྟེ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གསལ་ལ་བརྗོད་པའི་རྐྱེན་གྱིས་བླ་མའི་ཐུགས་རྗེས་རང་གི་སྙིང་དབུས་པདྨ་འདབ་བཞིའམ་འདབ་བརྒྱད་ལས། དངས་འདོད་ཡིད་ཆེས་ཀྱི་དད་པའི་གེ་སར་བཞད་པ་ནས། འདི་ཕྱི་བར་དོ་གསུམ་གྱི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་སེལ་བའི་སྐྱབས་གཅིག ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་པའི་བདག་ཉིད། དྲིན་ཆེན་རྩ་བའི་བླ་མ་ཡར་ལ་བཞེངས་ནས་རྩ་དབུ་མའི་ལམ་བརྒྱུད་དེ་སྤྱི་བོའི་སྟེང་གི་ནམ་མཁར་དགྱེས་བཞིན་དུ་བཞུགས་པར་བསམ། དགོས་པ་ཅིའི་ཕྱིར་ཞེ་ན། རྒྱུ་ལས་དང་ཉོན་མོངས་པ་དྲག་པོས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་ཆེན་པོས་མནར་ཞིང་གཟིར་བའི་སྐལ་བ་ངན་པ་བདག་ཉིད་ལ་ལས་ཉོན་སྡུག་བསྔལ་རྣམས་ལས་སྐྱོབ་པའི་ཕྱིར་དུ། བདག་གི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་འདི་ནས་བྱང་ཆུབ་ཀྱི་བར་དུ་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དེ་ཉིད་རྒྱན་དུ་བཞུགས་སུ་གསོལ། ཞེས་པ་དང་། གཉིས་པ་ནང་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་ནི། དྲན་དང་ཤེས་བཞིན་སོགས། དྲན་ཤེས་བག་ཡོད་དང་ཕྱིན་དྲུག་རྣམས་ཡིན་ལ། དྲན་པ་ནི་ཆོས་ཐམས་ཅད་ཀྱི་དངོས་གཞི་ཡིན་པའི་ཚུལ། བཤེས་སྤྲིང་ལས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པུའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་དབང་ཕྱུག་ཅེས་རྒྱལ་པོ་ལ་བོས་ནས། སྤྱོད་ལམ་གྱི་གནས་སྐབས་ཐམས་ཅད་དུ། ལུས་ལ་སོགས་པར་གཏོགས་པའི་དྲན་པ་ནི་བདེ་བར་གཤེགས་ཀྱིས། ཐར་ལམ་འདོད་པ་ཐམས་ཅད་འདི་ནས་ཞུགས་དགོས་པའི་ཕྱིར་བགྲོད་པ་གཅིག་པུའི་ལམ་དུ་ཉེ་བར་བསྟན་པ་སོགས་དང་། ཤེས་བཞིན་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་སུ་བསྟན་ཏེ། ཆོས་ཐམས་ཅད་ཀྱི་མིང་ཚིག་གི་རིམ་པ་ཤེས་པ་དང་། དེ་ལ་བརྟེན་པའི་དོན་རྣམས་མ་འདྲེས་པར་ཤེས་པ་དང་། མངོན་པར་མཐོ་བའི་བདེ་བ་འདོད་པའི་རྒྱུ་འབྲས་ཤེས་པ་དང་། ངེས་པར་ལེགས་པ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བསྒྲུབ་པའི་རྒྱུ་འབྲས་ལེགས་པར་ཤེས་པའི་སྡེ་བཞིའི་དཔལ་གྱི་འབྱུང་གནས་ཤེས་བཞིན་ཡིན་ལ། ཤེས་བཞིན་མེད་ན། སྤྱོད་འཇུག་ལས། ཤེས་བཞིན་མེད་པའི་སེམས་ལྡན་པའི། །ཐོས་དང་བསམ་དང་སྒོམ་པ་ཡང་། །གློ་རྡོལ་བུམ་པའི་ཆུ་བཞིན་དུ། །དྲན་པ་ལ་ནི་དེ་མི་གནས། །ཞེས་དང་།བག་ཡོད་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། ཚུལ་ཁྲིམས་ཐོས་དང་གཏོང་དང་དེ་བཞིན་བཟོད། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །གཏེར་ཐོབ་བྱེད་ཅེས་བདེ་བར་གཤེགས་པས་བསྟན། །ཞེས་སོ། །དེ་ལྟར་དྲན་ཤེས་བག་ཡོད་དང་བཅས་པ་ཀུན་ཀྱང་བླ་མའི་ཐུགས་རྗེ་བྱིན་རླབས་ཀྱིས་རང་རྒྱུད་ལ་བཞེངས་ཏེ་ཡོངས་སུ་གསལ་བར་མཛད་དུ་གསོལ་ཞེས་བསམ། ཕྱི་ནང་གི་ཡོངས་འཛིན་གང་ནས་གསུངས་ཤེ་ན། སྡུད་པ་ལས། སངས་རྒྱས་བྱང་ཆུབ་མཆོག་ཞུགས་བྱང་ཆུབ་སེམས་དཔའ་དག །ཕ་རོལ་ཕྱིན་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན། །དེ་དག་རྗེས་སུ་སྟོན་བྱེད་འདི་ནི་བསྒྲུབ་པའི་ས། །རྒྱུ་རྣམ་གཉིས་ཀྱིས་སངས་རྒྱས་བྱང་ཆུབ་མྱུར་དུ་རྟོགས། །ཞེས་གསུངས། མི་ཕམ་རིན་པོ་ཆེའི་སྡུད་འགྲེལ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་མཆོག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དག་དང་། ལམ་ཕ་རོལ་ཏུ་ཕྱིན་པ་དང་བཅས་ཏེ་དགེ་བའི་བཤེས་སུ་བསྟེན་པར་བྱའོ། །དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་ནི་ཐེག་པ་ཆེན་པོ་འདི་གཞན་ལ་རྗེས་སུ་སྟོན་པར་བྱེད་པ་ཡིན་པས་ཕྱིའི་ཡོངས་འཛིན་ཞེས་བྱ་ལ། དེ་དག་གི་བསྟན་པ་ལ་ལམ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉམས་སུ་ལེན་པའམ་བསྒྲུབ་པར་བྱ་བའི་སའམ་གནས་ཡིན་པས་ནང་གི་ཡོངས་འཛིན་ཞེས་བྱའོ། །དེ་ལྟར་ཕྱི་ནང་གི་ཡོངས་འཛིན་དེས་ཐེག་པ་མཆོག་གི་ལམ་ལས་ལམ་གཞན་དུ་མི་ལྟུང་བར་འཛིན་པས་ན་ཡོངས་འཛིན་གཉིས་པོ་དེ་བསྟེན་པའི་རྒྱུ་རྣམ་པ་དེ་གཉིས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་རྟོགས་པར་འགྱུར་ཏེ་མཚུངས་པ་མེད་པའི་རྒྱུ་ཕུན་སུམ་ཚོགས་པར་གྱུར་པའི་ཕྱིར་རོ། །ཞེས་གསུངས། མཁས་འཇུག་ལས་ཀྱང་། ཕྱི་ཡི་ཡོངས་འཛིན་ཐེག་ཆེན་ཚུལ་བཞིན་སྟོན་པའི་དགེ་བའི་བཤེས་གཉེན་བསྟེན་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ། མཐའ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་སངས་རྒྱས་འཐོབ་པ་ལ་ཉེ་བའི་ཐབས་ཀྱི་དམ་པར་གྱུར་པ། མཐར་འཛིན་དང་དམིགས་པ་ཅན་འབྲས་ཡུམ་ལ་རིང་ཞིང་ཐེག་ཆེན་ལམ་གྱི་མི་མཐུན་ཕྱོགས་སུ་གྱུར་པ་རྣམས་ཀྱི་གཉེན་པོར་གྱུར་པའི་ལམ་ཡང་དག་པ་ཟབ་ཅིང་རྒྱ་ཆེ་བ་ཟུང་དུ་འཇུག་པའི་གདམས་ངག་ཚང་ལ་མ་ནོར་བ་ནོད་པར་བྱས་ནས་དེ་བཞིན་ཡིད་ལ་བྱ་བ་ནང་གི་ཡོངས་འཛིན་དང་མ་བྲལ་བར་བྱའོ། །ཞེས་གསུངས། དེ་ནས་ལུས་གནད་རྣམ་སྣང་ཆོས་བདུན་ནི། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་ངམ་སྐྱིལ་ཀྲུང་ཕྱེད་པ་བཅའ། ལག་པ་མཉམ་བཞག རྒལ་ཚིག་དོང་ཙེ་ལྟར་བརྩེགས། དཔུང་པ་ལྷོད་དེ་བརྒྱངས། མགྲིན་པ་ཨེན་ཙམ་དགུགས། མཆུ་སོ་མ་རེག་པར་དབུགས་དལ་བའི་ངང་ནས་ལྕེ་ཡ་རྐན་ལ་སྦྱར། མིག་གཉིས་སྣ་རྩེར་ཕབ་པ་སྟེ་བདུན་ནོ། །དེ་ལྟར་ལུས་གནད་ལེགས་པར་བཅོས་ཏེ། རླུང་རོ་དགུ་ཕྲུགས་སུ་བསལ་བ་ནི། ལག་པ་གཡོན་པ་རྡོ་རྗེའི་ཁུ་ཚུར་བརླའི་རྩ་བོ་ཆེའི་སྟེང་ནས་མནན། གཡས་པ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་སྣ་བུག་གཡས་པ་བཀག་སྟེ་གཡོན་ནས་ལན་གསུམ་དང་། གཡས་ནས་ཀྱང་སྔ་མ་བཞིན་ལན་གསུམ་དང་། ལག་གཉིས་རྡོ་རྗེའི་ཁུ་ཚུར་གྱིས་བརླ་རྩ་གཉིིས་མནན་ཏེ་སྣ་བུག་གཉིས་ནས་མཉམ་དུ་ལན་གསུམ་སྟེ་དགུ་ཕྲུགས་སུ་འབུད། དེ་ཡང་སྣ་བུག་གཡས་ནས་ཞེ་སྡང་གི་རླུང་དཀར་པོ། དེ་བཞིན་དུ་གཡོན་དུ་འདོད་ཆགས་ཀྱི་རླུང་དམར་པོ། མཉམ་དུ་གཏི་མུག་གི་རླུང་ནག་པོར་གསུངས། ངག་བྱིན་གྱིས་བརླབས་པ་ནི། ༀ་ཨཱཿཧཱུྃ། ལྕེ་དབང་སོགས། སྐུ་གསུམ་གྱི་ས་བོན་བྱིན་གྱིས་བརླབས་པའི་སྔགས་ནི། ༀ་ཨཱཿཧཱུྃ་གསུམ་བརྗོད་པས་ངག་གི་ཉེས་པ་ཐམས་ཅད་འབྱུང་བའི་སྒོར་གྱུར་པ་ལྕེ་ཡི་དབང་པོ་དེ་ཉིད་ཀྱི་དབུས་སུ་རཾ་ཡིག་དམར་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཆེན་པོའི་རང་བཞིན་ལས་བྱུང་བའི་མེས་ངག་གི་སྒྲིབ་པ་ཐམས་ཅད་བསྲེགས་ནས། རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་འོད་དམར་གྱི་རྣམ་པའི་དབྱིབས་རྡོ་རྗེ་རྩེ་གསུམ་པ་ལྟེ་བ་ཟླུམ་པོ་ཁོང་སྟོང་གི་སྦུབས་སུ། དབྱིངས་ཤེས་རབ་ཀྱི་ཡི་གེ་ཨ་ལི་ཁ་དོག་དམར་པོ་དང་། གསལ་བྱེད་ཐབས་ཀྱི་ཡི་གེ་ཀ་ལི་དཀར་པོ་དང་། མཐའ་སྐོར་དུ་ཐབས་ཤེས་གཉིས་མེད་ཀྱི་ཡི་གེ་རྟེན་འབྲེལ་སྙིང་པོ་མཐིང་གའི་མདོག་ཅན་འོད་འཚེར་བའི་མུ་ཏིག་གི་ཕྲེང་བ་ལྟ་བུའི་ཡིག་འབྲུ་རྣམས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པའི་རྩེ་ལས་མཆོད་པའི་ལྷ་མོ་མཆོད་རྫས་འཛིན་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པས་ཐུགས་དགྱེས་ཤིང་མཉེས་པར་བྱས། འོད་ཟེར་རྣམས་སླར་འདུས་ཏེ་དབྱངས་གསལ་རྟེན་སྙིང་དང་བཅས་པ་ཆར་བབས་པ་བཞིན་རང་གི་ངག་ལ་ཐིམ་པས་ངག་གི་སྒྲིབ་པ་ཐམས་ཅད་དག་ནས་རྒྱལ་བ་རྣམས་ཀྱི་གསུང་རྡོ་རྗེའི་ངོ་བོ་བརྗོད་དུ་མེད་པ་དང་། རྣམ་པ་གསུང་ཚངས་པའི་དབྱངས་ཡན་ལག་དྲུག་ཅུའི་བྱིན་རླབས་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། དེ་རྣམས་ལན་བདུན་རེ་བརྗོད། འདི་ཡན་ཆད་ཀྱི་གོ་རིམ་ཟབ་དོན་བདུད་རྩིའི་ཉིང་ཁུ་ལྟར་བྱས་སོ། །སྔོན་འགྲོ་དངོས་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ཐུན་མོང་ལ་བློ་ལྡོག་རྣམ་པ་བཞི་དང་། རང་སྐྱོན་ངོས་བཟུང་གནད་ཀྱི་མན་ངག་དང་གཉིས། དང་པོ་ལ། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་དང་བཞི་ལས། དང་པོ་དལ་འབྱོར་རྙེད་དཀའ་ལ། སྤྱི་དང་། བྱེ་བྲག་གཉིས། དང་པོ་ལ། དལ་འབྱོར་གྱི་ངོ་བོ་བསམ་པ། དེ་རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་དང་། གྲངས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་དང་གསུམ་ལས། དང་པོ་ལ་གཉིས། དལ་བ་བརྒྱད་ནི། ད་རེས་དམྱལ་བ་སོགས། མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་ན་ཆོས་བྱེད་པའི་མཐུ་མེད་པས་དལ་བ་མ་ཡིན་པའི་ཚུལ། ད་རེས་ཀྱི་སྐྱེ་བ་འདིར་དམྱལ་བ། ཡི་དྭགས། དུད་འགྲོ་དང་། ཚེ་རིང་ལྷ་སྟེ་མི་མ་ཡིན་པའི་མི་ཁོམ་པ་བཞི་དང་། མཐའ་འཁོབ་ཀླ་ཀློ། ལོག་ལྟ་ཅན། སངས་རྒྱས་མ་བྱོན་པའི་ཞིང་དང་། དབང་པོ་ལྐུགས་པ་སྟེ་མིའི་མི་ཁོམ་པ་བཞི་དང་བྲལ་ཏེ། དེ་ལྟར་མི་ཁོམ་པ་བརྒྱད་ལས་ཐར་བའི་དལ་བ་ཐོབ་པ་ཞེས་བྱ་སྟེ་བརྒྱད་པོ་གོ་རིམ་ངེས་ཅན་དུ་རེ་རེ་ནས་ཐུན་རེར་བསམ། གཅིག་ལེགས་པར་བསམས་པ་རྫོགས་ནས་གཞན་ལ་སྤོ། གཉིས་པ་འབྱོར་བ་བཅུ་ནི། མིར་གྱུར་དབང་པོ་སོགས། མིར་གྱུར། དབང་པོ་ལྔ་ཚང་བ་དང་། ཡུལ་དབུས་སྐྱེས། ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ་རང་ཉིད་ལ་འབྱོར་བ་ལྔ་ཚང་བ་དང་། སངས་རྒྱས་བྱོན། ཆོས་གསུངས། བསྟན་པ་གནས་པ་དང་། དེ་ལ་འཇུག་སྲོལ་ཡོད་པ་དང་། བཤེས་གཉེན་དམ་པས་ཟིན་པ་དང་གཞན་འབྱོར་ལྔ་པོའང་རེ་རེ་ནས་བཟུང་ཐམས་ཅད་རྫོགས་པར་བསམ་མོ། །ཤེར་འབྱུང་གི་འགྲེལ་ཆེན་སོགས་སུ་མི་ཁོམ་པ་བརྒྱད་ལས་ལྡོག་པའི་མི་ལ་དལ་འབྱོར་དུ་བཞེད་ལ། མི་ཁོམ་པ་བརྒྱད་བྲལ་གྱི་མི་ལ་འབྱོར་པ་ཚང་ཚུལ་ནི། མིར་སྐྱེས་པས་མི་ཉིད་དང་། ཀླ་ཀློ་སོགས་ཀྱི་ནང་དུ་མ་སྐྱེས་པས་ཡུལ་དབུས་སུ་སྐྱེས་པ་དང་། གླེན་ལྐུགས་སོགས་མིན་པས་དབང་པོ་ཚང་བ་དང་། ལོག་ལྟ་ཅན་མིན་པས་གནས་དད་དང་། ལས་མཐའ་མ་ལོག་པ་གཉིས་བསྟན་པར་ཤཱནྟི་པས་གསུངས་པར་བཤད་ཅིང་། མུན་བསྐལ་ལས་ལྡོག་པའི་སྒྲོན་མེའི་བསྐལ་པར་སྐྱེས་པས་གཞན་འབྱོར་ལྔ་ཡང་བསྡུས་པར་གསུངས་ལ། མདོ་དང་སློབ་དཔོན་ཁ་ཅིག་གིས་འབྱོར་བ་བཅུ་ལྡན་ལ་དལ་འབྱོར་དུ་གསུངས་ཏེ། མི་ཁོམ་བརྒྱད་སྤང་པ་ནི་དེའི་ནང་དུ་འདུས་པས་སོ་ཞེས་བཞེད་ལ། བི་བྷུ་ཏི་སོགས་འགའ་ཞིག་གིས་མི་ཁོམ་པ་བརྒྱད་སྤངས་ཤིང་འབྱོར་བཅུ་ལྡན་པ་ལ་དལ་འབྱོར་དུ་བཤད་པ་དང་། འགའ་ཞིག་གིས་མི་ཁོམ་བརྒྱད་བྲལ་དགག་པ་དང་འབྱོར་བ་བཅུ་ལྡན་སྒྲུབ་པའི་ཡོན་ཏན་ཡིན་པས་མི་ཟློས་པར་ཡང་བཤད་དོ།། སྐལ་ལྡན་འཇུག་ངོགས་ལས། མི་མ་ཡིན་པའི་མི་ཁོམ་པ་བཞིར་མ་སྐྱེས་པའི་ཁྱད་པར་གྱི་ལྡོག་པ་ནི་མིར་གྱུར་པ་ཉིད་དོ། །དབང་པོ་མ་ཚང་བ་ལས་ལྡོག་པ་ནི་དེ་ཚང་བའོ། །ཡུལ་མཐའ་འཁོབ་ལས་ལྡོག་པ་ནི་ཡུལ་དབུས་སོ། །ལོག་ལྟ་ཅན་ལས་ལྡོག་པ་ནི་དད་པ་ཅན་ཏེ་ལས་མཐའ་མ་ལོག་པའང་དེའི་ཁྱད་པར་གྱི་ཆོས་སོ། །མུན་བསྐལ་ལས་ལྡོག་པ་ནི་སྒྲོན་མེའི་བསྐལ་པ་སྟེ་དེའི་ཁྱད་པར་གྱི་ཆོས་ནི་སངས་རྒྱས་བྱོན་པ་དང་། དེས་ཆོས་གསུངས་པ་དང་། བསྟན་པ་གནས་པ་དང་། གདུལ་བྱ་དེའི་རྗེས་སུ་འཇུག་པ་དང་། དེ་ལ་བླང་དོར་སྟོན་པའི་བཤེས་གཉེན་ཡོད་པ་རྣམས་ཡིན་གསུངས། ཀུན་བཟང་བླ་མའི་ཞལ་ལུང་ལས་དལ་འབྱོར་གྱི་རང་བཞིན་ཉེར་བཞི་གསུངས་པའང་དལ་འབྱོར་གྱི་དབྱེ་བསྡུ་འདི་ལྟར་བཞེད་པ་ཡིན་ནོ། །དེ་ལྟར་དལ་འབྱོར་བཅོ་བརྒྱད་པོ་འདི་ལ་མཁས་པ་ཁ་ཅིག་གིས་གཉིས་ཀའི་དོན་བསྡུས་སུ་བཞེད། མཆན། ཐམས་ཅད་རང་ཉིད་ལ་ཚང་བའི་གནས་དམ་ཆོས་སྒྲུབ་པའི་རྟེན་མཆོག་ཏུ་གྱུར་པ་མི་ལུས་རིན་པོ་ཆེ་ཐོབ་ཀྱང་། འཆི་བའི་རྐྱེན་མང་པོས་ནམ་འཆི་ངེས་པ་མེད་པའི་ཚེ་སྲོག་སྤངས་ནས་འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར་ན་བདག་གིས་ཅི་བྱར་ཡོད། དེ་བས་ན་ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབད་སྙམ་དུ་སྙིང་ནས་བསམ་པ་ནི་རང་སྟོབས་དང་། གཞན་སྟོབས་བརྒྱུད་གསུམ་བླ་མའི་ཐུགས་རྗེས་རང་རྒྱུད་ལ་དགེ་བའི་བསམ་པ་འབྱུང་བར་བྱ་བའི་ཕྱིར། རང་གི་བློ་སྣ་ཉིད་དམ་པའི་ཆོས་ཚུལ་བཞིན་སྒྲུབ་པའི་ཕྱོགས་ལ་སྒྱུར་ཅིག་མ་ཧཱ་གུ་རུ་པདྨ་འབྱུང་གནས་མཁྱེན་ནོ། །དེ་ཡང་ཐར་པའི་ལམ་ལས་གོལ་བའི་རྟག་ཆད་དང་། རང་དོན་ཡིད་བྱེད་ཀྱི་ལམ་དམན་པར་མ་གཏོང་ཀུན་མཁྱེན་ཆོས་ཀྱི་རྗེ་དྲི་མེད་འོད་ཟེར་མཁྱེན་ནོ། །དེ་གཉིས་ཀྱི་དོན་བརྒྱུད་དགོངས་པའི་བྱིན་རླབས་རྒྱུད་ལ་འཕོས་ཏེ་གཉིས་སུ་མེད་པར་གྱུར་པའི་དྲིན་ཆེན་རྩ་བའི་བླ་མ་དང་དབྱེར་མེད་པའི་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་མཁྱེན་ནོ། །འདི་ནི་འོག་མ་ཀུན་ལ་བསྒྲེའོ། །དེ་ལྟར་དལ་འབྱོར་བཅོ་བརྒྱད་པོ་དེ་རེ་རེའང་ལྡན་དཀའ་ན་རང་ལ་ཐམས་ཅད་ཚང་འདུག་པ་འདི་ཤིན་ཏུ་རྙེད་པར་དཀའ། ཆོས་ཀྱི་རྟེན་ཁྱད་པར་ཅན་འདི་ཤིན་ཏུ་རྙེད་དཀའ་འོ་ཞེས་སྤྱིར་བསམ། འདི་སྔར་ཡང་རྙེད་དཀའ། ཕྱིས་ཡང་ཡང་མི་རྙེད་པས་ད་ལྟ་དོན་ཞིག་བསྒྲུབ་པར་བྱ་བསམ་དགོས་སོ། །

གཉིས་པ་རྒྱུའི་སྒོ་ནས་རྙེད་དཀའ་ཚུལ་ནི། ད་རེས་དལ་རྟེན་སོགས། ད་རེས་དལ་བའི་ལུས་རྟེན་བཟང་པོ་འདི་ལ་དམ་པའི་ཆོས་བསྒྲུབ་ཏེ་དོན་ཡོད་པར་མ་བྱས་ན། ཕྱི་ནས་ཐར་པ་ཚུལ་བཞིན་བསྒྲུབ་པའི་ལུས་རྟེན་འདི་འདྲ་མི་རྙེད་པའི་ཚུལ་ནི། བདེ་འགྲོའི་ལུས་རྟེན་འདི་ལ་བསོད་ནམས་དགེ་བའི་རྒྱུ་ཟད་པར་གྱུར་ན་ཤི་བའི་འོག་ཏུ་ངན་པར་སོང་བ་དམྱལ་བ། ངན་པར་འགྲོར་འགྱུར་ཡི་དྭགས་དང་། ལོག་པར་ལྟུང་བ་དུད་འགྲོའི་གནས་རྣམས་སུ་འཁྱམས་པར་འགྱུར་ཞེས་ཁ་ཅིག་གིས་བཞེད་ཀྱང་། འདིར་སྐད་གཉིས་ཤན་སྦྱར་ལས། ས་འོག་གི་འཇིག་རྟེན་ལ་དུད་འགྲོ་ཡི་དྭགས་དམྱལ་བ་གསུམ་ཡོད་པ་དེ་དག་གི་སྤྱི་མིང་དུ། ངན་འགྲོ། ངན་སོང་། ལོག་པར་ལྟུང་བ། ཞེས་ཟེར་གསུངས། དེ་དག་གིས་དགེ་སྡིག་གི་ངོ་མི་ཤེས་ཤིང་དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་ན་ཆོས་བསྒྲུབ་པ་ལྟ་ཞོག །གལ་ཏེ་བདེ་འགྲོ་ཐོབ་ཀྱང་ལམ་སྟོན་དགེ་བའི་བཤེས་གཉེན་དང་མི་མཇལ་བ་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུར་གྱུར་ཚེ་མཚང་རེ་ཆེ་སྟེ་སྐྱོན་ཆེན་པོ་ཡིན་ནོ། །འདི་དཔེ་ཡི་སྒོ་ནས་བསྟན་པ་ཡིན་ཞེས་བཞེད་ཚུལ་ཡང་ཡོད་དོ། །དཔེ་དངོས་བསྟན་པ་ནི། ཟླ་བའི་སྙིང་པོའི་མདོ་དང་། མྱ་ངན་ལས་འདས་པའི་མདོ་སོགས་དང་། བཤེས་སྤྲིང་སོགས་ལས་བསྟན་པ་བཞིན་ནོ། །གསུམ་པ་གྲངས་ཀྱི་སྒོ་ནས་རྙེད་དཀའ་ཚུལ་ནི། སེམས་ཅན་ཙམ་གྱི་སོགས། སྤྱིར་སེམས་ཅན་ཡིན་ཙམ་གྱི་གྲངས་དང་རིམ་པ་ལ་ལྟོས་ཤིང་ལེགས་པར་བསམ་ན་མི་ལུས་ཙམ་ཐོབ་པ་ཡང་སྲིད་མཐའ་མ་ཁེགས་པ་ཙམ་ཡིན་ཏེ། འདི་ལྟར་དམྱལ་བ་ནི་མཚན་མོའི་སྐར་མ་ཙམ་ལ་ཡི་དྭགས་ནི་ཉིན་མོའི་སྐར་མ་ཙམ། ཡི་དྭགས་མཚན་མོའི་སྐར་མ་ཙམ་ལ་དུད་འགྲོ་ཉིན་མོའི་སྐར་མ་ཙམ། དུད་འགྲོ་མཚན་མོའི་སྐར་མ་ཙམ་ལ་བདེ་འགྲོ་ཉིན་མོའི་སྐར་མ་ཙམ་ལས་མེད་ལ། མི་ཡང་ཆོས་མེད་སྡིག་ལ་སྤྱོད་པ་མཐོང་ཆོས་སུ་གྱུར་པ་འདི་དག་ནི་མཚན་མོའི་སྐར་མ་ཙམ་མང་བས་མི་ལུས་ཙམ་པོ་པ་དང་། དགེ་སྡིག་འདྲེས་མར་སྤྱོད་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མེད་པས་མི་ལུས་ཁྱད་པར་བ་ཞེས་བཞེད། ཡང་དགེ་སྡིག་འདྲེས་མར་སྤྱོད་པ་ནི་མཚན་མོའི་སྐར་མ་ཙམ་དུ་མང་ན། དམ་པའི་ཆོས་ཚུལ་བཞིན་སྤྱོད་པའི་མི་ལུས་རིན་པོ་ཆེ་ནི་ཉིན་མོའི་སྐར་མ་ཙམ་ལས་མེད་པས་ཆོས་མེད་སྡིག་སྤྱོད་བདག་གི་བློ་སྣ་མྱུར་དུ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཅིག་སོགས་གོང་ལྟར། གཉིས་པ་བྱེ་བྲག་ཏུ་བསམ་པ་ལ་གཉིས་ལས། དང་པོ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་ནི། གལ་ཏེ་མི་ལུས་སོགས། འཕྲལ་བྱུང་ཞེས་པ་ནི། རང་རྒྱུད་ལ་འདི་དག་འཕྲལ་དང་འཕྲལ་དུ་འབྱུང་ཉེ་བས་འཕྲལ་བྱུང་ཞེས་གསུངས། དེ་ཡང་གལ་ཏེ་སྔོན་བསགས་བསོད་ནམས་ཀྱི་མཐུ་ལས་ལྷ་ཆོས་བསྒྲུབ་པའི་མི་ཡི་ལུས་རྟེན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དགོས་འདོད་ཀུན་འབྱུང་ལྟ་བུ་ཐོབ་སྟེ་དམ་ཆོས་དར་བའི་ཡུལ་གླིང་དུ་ཕྱིན་ཡང་། ལུས་རྟེན་བཟང་པོ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྒྲུབ་ནུས་ཀྱི་རྟེན་ཁྱད་པར་ཅན་ཡིན་ལ། འོན་ཀྱང་སྡིག་སྡུག་གི་གནོད་པ་ཐམས་ཅད་འབྱུང་བའི་བློ་ལས་སུ་མི་རུང་བ་བྱུར་པོ་ཆེ་ཡི་སེམས་མི་བསྲུན་པ་སྤྲེའུ་ལྟ་བུ་འདི་ཐར་བ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་སྡུག་བསྔལ་གྱི་རྒྱུ་བསྒྲུབ་པའི་ལས་སུ་འགྱུར་ཏེ། སེམས་ལས་སུ་མི་རུང་བའི་ཕྱིར་རོ་ཞེས་སྤྱིར་བསྟན་ནས། ཁྱད་པར་ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྟོན་པའི་བདུད་ཀྱི་བཤེས་གཉེན་གྱིས་ཟིན་ན་རང་བློ་ལོག་ལམ་དུ་བསྒྱུར་བས་ཡང་དག་པའི་ཆོས་དང་རྒྱབ་འགལ་བ་དང་། ༡ རང་རྒྱུད་ཀྱི་དུག་ལྔ་ཉོན་མོངས་པ་ཤིན་ཏུ་རགས་ཤིང་འཁྲུགས་པའི་རིགས་ཅན་རྣམས་ནི། ཆོས་བསྒྲུབ་འདོད་ཀྱི་བློ་རེ་འགའ་ཙམ་སྐྱེས་ཀྱང་རང་རྒྱུད་ཀྱི་དུག་ལྔ་དབང་ཆེ་བས་ཕལ་ཆེར་དེའི་དབང་དུ་སོང་སྟེ་ཆོས་ཡང་དག་པ་མི་འགྲུབ། ༢ སྔོན་བསགས་ཀྱི་ལས་ངན་བྱས་པ་རྣམས་ཆོས་ལ་བརྩོན་འགྲུས་བྱེད་དུས་ལས་ངན་གྱི་འབྲས་བུ་རང་ཐོག་ཏུ་བབས་པས་སྡུག་བསྔལ་གྱི་མཚོ་ཆེན་རྡོལ་བའི་ཚེ་རང་བྱས་ཀྱི་ལས་འབྲས་སུ་མི་ཤེས་པར་ཆོས་ལ་ཡི་ཆད་སྐྱེ་བ་དང་། ༣ ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་ཅུང་ཟད་ཀྱང་མེད་པའི་ལེ་ལོ་ཅན་ནི་རྣམ་གཡེང་དང་ཕྱི་བཤོལ་གྱི་དབང་དུ་སོང་སྟེ་ཆོས་མི་འགྲུབ་པ་དང་། ༤ རང་ལ་རང་དབང་མེད་པར་གཞན་ཁོལ་བྲན་གཡོག་རྣམས་ལ་ཆོས་བྱེད་འདོད་ཀྱི་བློ་རེ་འགའ་ཡོད་ཀྱང་གཞན་དབང་དུ་སོང་ནས་ཆོས་བསྒྲུབ་ཏུ་མི་སྟེར། ༥ ཚེ་འདིའི་ལྟོ་གོས་སམ་ནད་གདོན་དང་རྒྱལ་པོའི་ཆད་པ་སོགས་ཀྱི་འཇིགས་པ་ལས་སྐྱོབ་པའི་ཆེད་དུ་ཆོས་སྒོར་ཞུགས་ཀྱང་སྙིང་ནས་ཆོས་ལ་ངེས་ཤེས་མེད་པས་སྔོན་གྱི་བག་ཆགས་རྙིང་བས་ཆོས་མ་ཡིན་པ་ལ་སྤྱོད། ༦ རྙེད་བཀུར་སྙན་གྲགས་སོགས་ཚེ་འདི་སྒྲུབ་པའི་བསམ་པས། གྲུབ་རྫུན་དང་། གཏེར་རྫུན། མ་ཎི་པ་རྫུན་པ་སོགས་གཞན་སྣང་དུ་ཆོས་པ་ལྟར་བཅོས་ཀྱང་ཅི་བྱས་ངན་སོང་གི་རྒྱུར་སོང་བ་ནི་ཐར་པའི་ལམ་དང་བྲལ། ༧ ཤིན་ཏུ་བླུན་ཞིང་རྨོངས་པའི་རིགས་ཅན་ཤེས་རབ་ཀྱི་སྣང་བ་ཅུང་ཟད་ཀྱང་མེད་པ་རྣམས་ནི་ཆོས་སྒོར་ཞུགས་ཀྱང་ཆོས་ཀྱི་ཚིག་དོན་ཕྲན་བུ་ཙམ་ཡང་ཤེས་མི་ནུས་ན་ཐོས་བསམ་སྒོམ་གསུམ་བྱེད་པའི་སྐལ་བ་མེད་ཅིང་། ༨ གཞན་ཡང་སྡིག་པའི་གྲོགས་སོགས་གློ་བུར་དུ་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་པ་བརྒྱད་པོ་གང་རུང་བདག་གི་རྒྱུད་ལ་ཆོས་ཀྱི་མི་མཐུན་པའི་ཕྱོགས་འགལ་ཟླར་བྱུང་ཞིང་ལྷག་པའི་ཚེ། བློ་སྣ་སོགས། དེ་ཡང་རང་རྒྱུད་ལ་ཞིབ་ཏུ་བརྟགས་ནས་དེ་དག་རེ་རེ་ནས་གཉེན་པོ་བརྟེན་དགོས་ཏེ། བདུད་ཀྱིས་ཟིན་པའི་གཉེན་པོ་ཐུགས་རྒྱུད་ན་བྱང་ཆུབ་སེམས་ཀྱིས་ཟིན་པའི་ལྟ་སྤྱོད་རྣམ་དག་གི་བཤེས་གཉེན་བསྟེན། དུག་ལྔའི་གཉེན་པོ་ལ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ། ཞེ་སྡང་གི་གཉེན་པོར་བྱམས་པ། གཏི་མུག་གི་གཉེན་པོར་ཁམས་ཀྱི་རབ་དབྱེ། ང་རྒྱལ་གྱི་གཉེན་པོར་དམན་ས་བཟུང་ནས་ཕྱག་འཚལ་བ་སོགས། ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་རྣམས་བསྒོམ་དགོས། ལས་ངན་ཐོག་བབས་ཀྱི་གཉེན་པོར་ཆོས་ལ་ཡི་ཆད་མི་སྐྱེ་བར་ལས་རྒྱུ་འབྲས་བསླུ་བ་མེད་པ་ལ་ཡིད་ཆེས་བསྐྱེད་ནས་སྔོན་གྱི་ལས་ངན་བསགས་པ་ལ་འགྱོད་བཤགས་བྱེད་དགོས། ལེ་ལོའི་གཉེན་པོར་འཆི་བ་མི་རྟག་པ་སྙིང་ནས་དྲན་ཞིང་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་རྩོམ་དགོས། གཞན་ཁོལ་བྲན་གཡོག་གི་གཉེན་པོར་བླ་མ་དང་ཕྱུག་པོའི་བྲན་གཡོག་དབང་མེད་དུ་གྱུར་པ་ལ་དེ་ལས་ཐར་བའི་ཐབས་ལེགས་པོ་ཞིག་ལ་འབད་དགོས། འཇིགས་སྐྱོབ་ཀྱི་གཉེན་པོར་ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་རྣམ་དག་ཞིག་གིས་ཟིན་པ་བྱེད་དགོས། ཆོས་ལྟར་བཅོས་པའི་གཉེན་པོར་འཇིག་རྟེན་ཚེ་འདི་སྒྲུབ་པའི་བསམ་སྦྱོར་གྱི་ཉེས་དམིགས་ཤིན་ཏུ་ཆེ་བར་ཤེས་ནས་སྤང་དགོས། བླུན་རྨོངས་ཀྱིས་ནི་ཐོས་ཀྱང་ཚིག་མི་གོ །བསམ་ཀྱང་དོན་མི་ཤེས། བསྒོམ་ཀྱང་གནས་ལུགས་ཀྱི་རྟོགས་པ་མི་སྐྱེ་བ་སྔོན་ཆོས་སྤང་སོགས་ལས་ངན་བྱས་པའི་སྒྲིབ་པ་ཡིན་པས་དེའི་གཉེན་པོར་སྟོབས་བཞི་ཚང་བའི་བཤགས་པ་དང་། ཤེས་རབ་བསྐྱེད་པའི་ལྷ་འཕགས་པ་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས་དགོས། གཉིས་པ་རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་ནི། སྐྱོ་ཤས་ཆུང་ཞིང་སོགས། རིས་ཆད་ཅེས་པ་ནི། རང་གི་རྒྱུད་དང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཉིས་རིས་སུ་གཅོད་པས་ན་རིས་ཆད་ཅེས་གསུངས། དེའང་ངན་སོང་དང་འཁོར་བའི་ཉེས་པ་བཤད་དམ། ཚེ་འདིའི་སྡུག་བསྔལ་ཅི་ལྟ་བུ་ལའང་སྐྱོ་ཤས་ཆུང་ཞིང་སྐྲག་པའི་བློ་གཏན་ནས་མི་སྐྱེ་ན་ཆོས་ལ་འཇུག་པའི་རྒྱུ་ངེས་འབྱུང་གི་བློ་རྩ་བ་ནས་མི་སྐྱེ། ༡ ཡང་དག་པའི་ཆོས་དང་བླ་མ་ལ་མོས་གུས་དང་དད་པའི་ནོར་དང་བྲལ་ན་བསྟན་པའི་འཇུག་སྒོ་འགགས་ཏེ་ཐར་པའི་ལམ་དུ་མི་ཚུད། ༢ འཁོར་བའི་བདེ་བ་ལ་འདོད་སྲེད་ཀྱི་ཞགས་པས་དམ་པོར་བཅིངས་ནས་དམ་པའི་ཆོས་བྱེད་ལོང་མེད་པ་དང་། ༣ ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཤིན་ཏུ་རྩུབ་པའི་རིགས་ཅན་རྣམས་ནི་ཡང་དག་པའི་བཤེས་གཉེན་དང་འཕྲད་ཀྱང་དམ་པའི་ལམ་དུ་བསྒྱུར་དཀའ། ༤ མི་དགེ་སྡིག་པའི་ལས་དང་རྣམ་སྨིན་ལ་མི་འཛེམ་པས་སྒོ་གསུམ་ཉེ་བར་མ་ཞི་བ་ནི་དམ་པའི་ཡོན་ཏན་དང་བྲལ་ཏེ་ཆོས་ལས་ཕྱིར་ཕྱོགས། ༥ ཆོས་སྒོར་ཞུགས་ཀྱང་སྒོ་གསུམ་ཆོས་འགལ་གྱི་ལས་བྱས་པ་ཐམས་ཅད་ལས་མཐའ་ལོག་ལམ་དུ་ཞུགས་པ་ཡིན་གསུངས་པས་རང་རྒྱུད་ལ་ཡོན་ཏན་མཚན་ཉིད་པ་མི་སྐྱེ། ༦ སོར་བྱང་གི་ལམ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་ཉམས་ཤིང་འཆལ་ན་འགྲོ་ས་ངན་སོང་ལས་མེད་པས་མི་ཁོམ་པའི་གནས་ལས་མི་ཐར། ༧ གསང་སྔགས་ཀྱི་དབང་བཞི་ཐོབ་ཀྱང་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་ཤིང་རལ་བ་ན་རང་གཞན་ཕུང་ལ་སྦྱོར་བས་དངོས་གྲུབ་ཀྱི་སྐལ་བ་ཆད་པ་༨ སྟེ་རིས་ཆད་བློ་ཡི་མི་ཁོམ་པ་རྣམ་པ་བརྒྱད་ཅེས་བྱ་སྟེ། བདག་ལ་དམ་པའི་ཆོས་ཀྱི་འགལ་ཟླར་ལྷག་པའི་ཚེ་བློ་སྣ་སོགས། དེ་ཡང་སྐྱོ་ཤས་ཆུང་བའི་གཉེན་པོ་ནི། ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་ཚུལ་ཤེས་པར་བྱས་ནས་ངེས་འབྱུང་གི་བློ་བསྐྱེད། དད་མེད་ཀྱི་གཉེན་པོ་ནི། ཆོས་དང་བླ་མའི་ཡོན་ཏན་ལ་ཡང་ཡང་བསམ་སྟེ་ཕྱིར་མི་ལྡོག་པའི་དད་པ་བསྐྱེད། འདོད་སྲེད་ཀྱི་གཉེན་པོ་ནི། འཁོར་དང་ལོངས་སྤྱོད་མི་རྟག་པར་སྒྱུ་མ་ལྟ་བུར་ཤེས་པས་ཆགས་ཞེན་གྱི་འཁྲི་བ་གཅོད། ཀུན་སྤྱོད་ངན་པའི་གཉེན་པོ་ནི། སྒོ་གསུམ་ཞི་ཞིང་དུལ་བ་ལ་བསྟེན་ནས་རང་སེམས་ཆོས་ཀྱིས་འདུལ། མཁས་པ་འགའ་ཞིག་གིས་ཀུན་སྤྱོད་ངན་པ་ལ་གཉེན་པོ་མེད་གསུངས། མི་དགེ་སྡིག་སྤྱོད་ཀྱི་གཉེན་པོ་ནི། ལས་རྒྱུ་འབྲས་ལ་ཡིད་ཆེས་ནས་སྡིག་པ་ལ་བཤགས་སྡོམ་བྱེད་དགོས། ཆོས་ལ་སེམས་པ་བྲལ་ཞིང་ལས་མཐའ་ལོག་པའི་གཉེན་པོ་ནི། དམ་པའི་ཆོས་ལ་འཕྲད་དཀའ་བའི་འདུན་པ་བསྐྱེད་དེ་སྒོ་གསུམ་ཆོས་འགལ་གྱི་ལས་སྤང་དགོས། སོར་བྱང་གི་སྡོམ་པ་ཉམས་པའི་གཉེན་པོ་ནི། སོ་ཐར་གྱི་སྡོམ་པ་ཉམས་ན་ཕྱིར་བཅོས་ནས་ཚུལ་ཁྲིམས་ཡང་དག་པར་བསྲུང་། ཇོ་བོ་རྗེ་ལ་པཎྜི་ཏ་ག ཅིག་གིས། ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་གང་ལགས་ཞུས་པས། བྱང་ཆུབ་ཀྱི་སེམས་ཡིན་ཞེས་གསུངས་པ་སོགས་ཚུལ་ཁྲིམས་ཀྱི་རྒྱུ་ལའང་བསླབ་པར་བྱ། བྱང་སེམས་ཀྱི་སྨོན་འཇུག་གཉིས་ཉམས་ན་ཐུན་གྱི་དྲུག་ཆ་མ་འདས་གོང་དུ་བཤགས་ན་རྩ་ལྟུང་དུ་མི་འགྱུར་བས་བཤགས་དགོས། དམ་ཚིག་རལ་བའི་གཉེན་པོ་ནི། སྔགས་སྡོམ་ཉམས་ན་བྱང་སེམས་བཞིན་གཉེན་པོ་སླེབ་པ་དང་། སྔགས་རྒྱུད་རྣམས་ལས་ཇི་སྐད་གསུངས་པ་བཞིན་བཤགས་སྦྱངས་བྱས་ནས་དམ་ཚིག་བསྲུང་དགོས། དེ་ལྟ་བུའི་དལ་བའི་རང་བཞིན་ཉེར་བཞི་དང་། འབྱོར་བ་བཅུ་སྟེ་སུམ་ཅུ་སོ་བཞི་པོ་འདི་རྣམས་རང་རྒྱུད་ལ་ལེགས་པར་བརྟགས་ནས་མི་ཚང་བར་འདུག་ན་ཐབས་དུ་མས་འབད་ལ་ཚང་བར་བྱ། ཚང་བར་འདུག་ན་དགའ་བ་བསྒོམ། དེ་ལྟར་དོན་ཆེན་པོ་རྙེད་པ་འདི་དེ་སྔ་སྔ་དྲོ་གཅིག་ཀྱང་དོན་མེད་འདུག་པ་རེ་སྐྱོ། ད་མྱུར་དུ་འཇིག་ཅིང་སྙིང་པོ་མེད་པས་འདི་ལས་ཡུན་གྱི་རྟེན་ཞིག་སྒྲུབ་པ་ལས་དོན་མེད་ཆུད་ཟོས་མི་བྱ་ཞེས་ཡང་ཡང་བསམ་ལ་བློ་རྒྱུད་འགྱུར་བ་ཐོན་པའི་བར་དུ་ཅིས་ཀྱང་འབད། འདིའི་གྲུབ་འབྲས་བློ་ལ་སྔར་དང་མི་འདྲ་བའི་འགྱུར་བ་ཐོན་པ་དེ་ཡིན། དེ་ཆེ་ཆུང་གང་རུང་མ་བྱུང་བར་གསལ་པོར་བསམ་དགོས་གསུངས། སྔོན་འགྲོ་ཐར་ལམ་རབ་གསལ་སྐབས་བློ་ལྡོག་རྣམ་བཞི་གསུངས་པ་ལས། དལ་འབྱོར་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་ན་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་སྒྲུབ་པར། །དོན་མེད་ཆུད་ཟོས་གྱུར་བ་བདག་ཅག་ལ།། དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །ཞེས་གསུངས། གཉིས་པ་ཚེ་མི་རྟག་པ་ནི། ད་ལྟ་ནད་དང་སོགས། ད་ལྟ་ལུས་ལ་འདུ་བ་རྣམ་བཞིའི་ནད་དང་སེམས་ལ་སྡུག་བསྔལ་གྱི་ཚོར་བ་ཆེན་པོས་མ་གཟིར་ཞིང་། གཞན་གྱི་བྲན་ཁོལ་དང་གྲོགས་ངན་ལ་སོགས་གཞན་དབང་ཉིད་དུའང་མ་གྱུར་བས་རང་ཉིད་ཀྱི་ལུས་སེམས་ལ་རང་དབང་ཐོབ་ཅིང་དམ་ཆོས་སྒྲུབ་པའི་རྒྱུ་རྐྱེན་རྟེན་འབྲེལ་ལེགས་པར་འགྲིག་པའི་དུས་འདིར། སྙོམ་ལས་ངང་དུ་དལ་འབྱོར་ཆུད་གས ན་པར་གྱུར་ཏེ་འཆི་བ་གློ་བུར་དུ་སླེབས་པར་གྱུར་ན། རང་གི་འཁོར་གཡོག་རྣམས་དང་། སྡིག་སྡུག་གི་སྒོ་ནས་བསགས་པའི་ལོངས་སྤྱོད་དང་། ད་ལྟ་ཤིན་ཏུ་བརྩེ་བའི་གཉེན་ཉེ་དུ་སོགས་འབྲེལ་བ་རྣམས་ལ་ཡུན་རིང་པོར་མི་འབྲལ་ཞིང་འགྲོགས་པར་བལྟ་བ་ལྟ་ཅི་སྨོས། དེར་མ་ཟད་ཟས་གོས་སོགས་ཀྱིས་གཅེས་པར་བསྐྱངས་ཤིང་བདག་ཏུ་བཟུང་བའི་ལུས་འདི་ཡང་རིང་པོར་མི་ཐོགས་པར། མལ་གྱི་ནང་ནས་གོས་མེད་གཅེར་བུར་ཕྱུང་སྟེ་ས་ཕྱོགས་སྟོང་པར་བསྐྱལ་ནས། ཝ་དང་བྱ་རྒོད་ཁྱི་སོགས་ཀྱི་སྡེར་མོ་དང་སོ་ཡིས་ཤ་ལྤགས་འདྲད་ཅིང་འཇིགས་པའི་སྒྲ་དང་བཅས་ནས་ཟ་བའི་དུས། རྣམ་པར་ཤེས་པ་སྲིད་པ་བར་མ་དོའི་ཡུལ་ན་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲང་ཞིང་འཇིགས་སྐྲག་གི་རྣམ་པ་བསམ་གྱིས་མི་ཁྱབ་པའི་འཁྲུལ་སྣང་ཤིན་ཏུ་ཚབ་ཆེན་པོ་ལ་སྤྱོད་པར་འགྱུར་བས། དུས་ད་ལྟ་ཉིད་དུ་རང་གཞན་གྱི་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཅིག་ཅེས་སོགས་དེ་ལྟར་ནམ་འཆི་ཆ་མེད་ཡིན་པས་ཚེ་མཐར་ཐུག་པར་ཨེ་འདུག་མི་ཤེས། ཐམས་ཅད་འདུག་ཤོམ་གྱི་ངང་ནས་འཆི་ཚུལ། རྒས་སམ་གཞོན་པའི་སྐབས་ནམ་འཆི་ཆ་མེད། འཆི་རྐྱེན་ནི་མང་། ཟས་ཟོས་པས་ནད་རེད་ནས་ཤི་བ་སོགས་དཔེ་ལས་ངེས་མེད་སྣ་ཚོགས་བསམ་ནས། ད་ལོ་ཡོད་ཀྱང་སང་ཕོད་གཤིན་གྲལ་དུ་ཡོད་ན་ཅི་ཆ། ལོ་སྟོད་གསོན་ཀྱང་ལོ་སྨད་འཆིའམ། དེ་བཞིན་དུ་ཟླ་སྟོད་ཟླ་སྨད་ནས་སྔ་དྲོ་ཕྱི་འཕྲེད་ཀྱི་བར་དུ་ཇེ་ཐུང་ཇེ་ཐུང་བློ་སྣ་བསྟུངས་ལ་བསམ། དེ་ཙམ་ཨེ་འཆིའམ་སྙམ་ན་མི་འཆི་བའི་གདེང་མེད་ཚུལ། འཆི་རྐྱེན་ངེས་པ་མེད་ལུགས། ཚེ་ཡི་འཕེན་པ་ཅི་ཡོད་ཆ་མེད། ཐམས་ཅད་གསོན་དུ་རེ་བ་དང་མི་ཤི་བའི་འདུན་པ་བྱེད་གྲབ་ཁོ་ནའི་ངང་དུ་འཆི་བ་ལས་མེད་ན། རང་གིས་རང་བསླུས་ཏེ་མི་འཆི་སྙམ་པས་ཅི་བྱ། ད་དུང་མི་འཆི་སྙམ་དང་གློ་བུར་མི་འདོད་བཞིན་འཆི་བ་ཐོག་ལྟར་འབབ་པ་ཡིན་སྙམ་དུ་ངེས་མེད་འདི་གཙོ་ཆེར་བསམ་ནས། མྱུར་དུ་ཆོས་ཤིག་བྱ། འཆི་ཁར་དབུགས་སྣེ་རིང་ཐུང་སར་སླེབ་དུས་ཆོས་དྲན་པས་མིི་ཕན། ད་རེས་ནད་སོགས་རང་དབང་མེད་པ་ཅི་ཡང་མེད་སྐབས་འདིར་ཆོས་ལ་ཅིས་མི་འབད་སྙམ་པའི་བློ་སྣ་ཐུང་ཧ་རེ་མ་སོང་བར་བསམ་མོ་གསུངས། ཐར་ལམ་རབ་གསལ་ལས། འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམ་ཀྱང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་།། རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། །བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །ཞེས་གསུངས། གསུམ་པ་ལས་རྒྱུ་འབྲས་ནི། དགེ་སྡིག་ལས་ཀྱི་སོགས། སྤྱིར་འཁོར་འདས་ཀྱི་སྣང་ཚུལ་ཐམས་ཅད་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཀྱི་དབང་གིས་ཡིན་ཞིང་། ཁྱད་པར་བདེ་བ་ཕྲ་རགས་ཐམས་ཅད་དགེ་འབྲས། མི་བདེ་བ་ཐམས་ཅད་མི་དགེ་བའི་འབྲས་བུ་ལ་རག་ལས་ཏེ་རང་དབང་མེད་ཚུལ་བསམ་མོ། །བྱེ་བྲག་ཏུ་བསམ་པ་ནི། སྤང་བྱ་མི་དགེ་བའི་ལས་བཅུ་དང་། བསྒྲུབ་བྱ་དགེ་བའི་ལས་བཅུའི་རེ་རེ་བཞིན། རྣམ་སྨིན་གྱི་འབྲས་བུ། བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ། དབང་གི་འབྲས་བུ། སྐྱེས་བུ་བྱེད་པའི་འབྲས་བུའོ། །དེ་དག་རིམ་བཞིན་མཐར་ཆགས་སུ་བསམ་མོ། །དེ་ཡང་དགེ་སྡིག་ལས་ཀྱི་རྣམ་སྨིན་རང་ཉིད་ཀྱི་ཕྱི་བཞིན་འབྲངས་ཏེ། སྲིད་པ་ཐ་མ་པ་རྣམས་ལའང་སྨིན་ཚུལ་དང་། ད་ལྟ་སེམས་ཅན་གྱི་བདེ་མི་བདེ་སྣ་ཚོགས་སངས་རྒྱས་ཀྱི་ཕྱག་གིས་ཀྱང་མི་ཁེགས་པ་འདི་བཞིན་ལས་འབྲས་ནི་ནམ་ཡང་མི་བསླུ་བར་ཡིད་ཆེས་བསྐྱེད་ལ་བསམ། དེས་ན་དགེ་སྡིག་གི་ལས་ཕྲ་མོ་ཡང་། རང་བྱས་རང་ལ་སྨིན་པ་ལས་འོས་མེད་པས་སྨན་དང་དུག་གི་ནུས་པ་ལྟར། རང་དོན་ཤེས་པས་བླང་དོར་འཆུག་མི་ཉན་ཚུལ་ནན་ཏན་བསམ་ཞིང་། རང་དོན་སྒྲུབ་པ་ལ་ལས་རྣམས་བླང་དོར་ཚུལ་བཞིན་བྱ་བ་ལས་གཞན་མེད་པར་ཐག་ཆོད་པའི་བར་དུ་བསམ་མོ་གསུངས། ཐར་ལམ་རབ་གསལ་ལས། དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །ཞེས་གསུངས། བཞི་པ། འཁོར་བའི་ཉེས་དམིགས་ཀྱི་ཁྲིད་ལ། ངན་སོང་གསུམ་དང་། མཐོ་རིས་གསུམ་སྟེ་གཉིས་ལས། དང་པོ་ལ་ངན་སོང་གསུམ་ལས། དང་པོ་དམྱལ་བ་ལ་སྡེ་ཚན་བཅོ་བརྒྱད་ལས། ཚ་དམྱལ་བརྒྱད་ནི། ཁྱད་པར་དམྱལ་བའི་སོགས། དེ་ཡང་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་བདེ་བ་སྐད་ཅིག་ཙམ་ཡང་མེད་ལ། ཁྱད་པར་དུ་སྡུག་བསྔལ་ཤིན་ཏུ་ཆེ་བ་དམྱལ་བའི་འཇིག་རྟེན་གྱི་ཁམས་ཉིད་དུ་སོན་པར་གྱུར་ན། གནས་དེ་དག་ཐམས་ཅད་ཀྱི་གཞི་དང་འཁོར་ཡུག་ཀུན་མགར་གྱི་ལྕགས་བསྲེགས་ལྟ་བུ་ལས་རྡོག་པ་བཞག་ས་ཙམ་གྱི་བདེ་བར་མངོན་པ་ཡང་མེད་པར་མེ་ལྕེ་འབར་བའི་ཀློང་ཤིན་ཏུ་དབལ་ཚ་བ་ཁོ་ན་ཡིན་ཏེ། ཡང་སོས་ཞེས་བྱ་བ་ནི། ལྕགས་བསྲེགས་ཀྱི་ས་གཞིར་མདག་མེ་འབར་བའི་ཀློང་དུ་དམྱལ་བའི་སེམས་ཅན་གྲངས་མེད་ལྷན་ཅིག་ཏུ་འདུས་ཏེ། ཕན་ཚུན་ཐམས་ཅད་ཀྱང་དགྲ་མི་ཤ་བོ་མཐོང་བ་ལྟར་ཁོང་ཁྲོའི་སེམས་ཀྱིས་མཚོན་ཆ་བརྡེག་རེས་འབའ་ཞིག་བྱེད་པས་ཐམས་ཅད་མཚོན་གྱིས་མགོ་ལུས་རྣམས་འདྲལ་ཞིང་ཤི། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་གྲགས་མ་ཐག་ཐམས་ཅད་ཡང་སོས་ནས་སྔར་བཞིན་འཐབ་པས་སྡུག་བསྔལ་བ་དང་། ཐིག་ནག་ནི། གཤིན་རྗེའི་ལས་མཁན་འཇིགས་སུ་རུང་བ་རྣམས་ཀྱིས་དམྱལ་བའི་སེམས་ཅན་དེ་དག་གི་ལུས་མགལ་དུམ་བཞིན་དུ་བསྒྱེལ་ཏེ་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཐིག་ནག་པོ་བཞི་བརྒྱད་བཅུ་དྲུག་སུམ་ཅུ་སོ་གཉིས་ལ་སོགས་པ་བཏབ་ནས་ལྕགས་ཀྱི་སོག་ལེ་མེ་འབར་བས་སྤྱི་བོ་ནས་རྐང་མཐིལ་ལ་ཐུག་གི་བར་གཤོག་ཅིང་འདྲལ་བ་དང་། དེ་མ་ཐག་སླར་འབྱར་བ་ཡང་ཡང་གཤོ ག་པས་སྡུག་བསྔལ་བ་དང་། བསྡུས་འཇོམས་ནི། ལྕགས་བསྲེགས་ཀྱི་གཏུན་ཆེན་པོ་ཡུལ་ལྗོངས་ཙམ་པ་རེའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བླུགས་ནས། ལྕགས་ཀྱི་ཐོ་ལུམ་ཆེན་པོ་མེ་འབར་བས་ཏིལ་བཞིན་དུ་འཚིར་ཞིང་བརྡུང་བ་དང་། ལུང་པ་ཕན་ཚུན་གྱི་རི་ཐམས་ཅད་སྔར་རང་གིས་གང་བསད་པའི་སྲོག་ཆགས་ར་ལུག རི་དྭགས་ལ་སོགས་པའི་མགོ་བརྙན་དུ་གྱུར་པའི་རྭ་རྩེར་མེ་འབར་བས་རྡུང་ཁ་བཀྱེ་བའི་བར་དུ་ཕྱེ་མར་འཐག་ཀྱང་དེ་མ་ཐག་སོས་ནས་ཡང་འཇོམས་པ་སོགས་སྡུག་བསྔལ་བ་དང་། ངུ་འབོད་ནི། སྒོ་མེད་པའི་ལྕགས་བསྲེགས་ཀྱི་ཁང་ཁྱིམ་མེ་འབར་བའི་ནང་དུ་འཚེད་ཅིང་འོ་དོད་འབོད་པས་སྡུག་བསྔལ་བའོ། །ངུ་འབོད་ཆེན་པོ་ནི། གཤིན་རྗེ་རྣམས་ཀྱིས་ཐོ་བ་ལ་སོགས་པས་བརྡེག་ཅིང་ལྕགས་ཀྱི་ཁྱིམ་མེ་འབར་བ་ཉིས་རིམ་དུ་བཅུག་ནས་སྒོ་ཕྱི་ནང་གཉིས་ཀ་ལྕགས་ཞུན་གྱིས་ཞལ་བ་བྱས་ཤིང་། མེའི་དུ་བ་མཆེད་པས་མུན་ནག་འཐུམས་པོར་སྒོ་ནང་མ་ལས་ཐར་ཀྱང་ཕྱི་མ་ལས་མི་ཐར་སྙམ་དུ་འོ་དོད་དྲག་པོ་འབོད་པས་སྡུག་བསྔལ་བའོ། །ཡིད་བཞིན་མཛོད་ལས་ངུ་འབོད་ཆེན་པོ་དང་། ངུ་འབོད་ཞེས་གསུངས། ཚ་བ་ནི། མེ་འབར་བའི་ལྕགས་ཀྱི་གསལ་ཤིང་རྩེ་གཅིག་པ་སོགས་དང་མདུང་ཐུང་གིས་ལུས་ཐལ་མར་འབིགས་པས་སྡུག་བསྔལ་བའོ། །བདེན་གཉིས་ཤིང་རྟ་ལས། ཚ་བ་ནི་ལྕགས་ཀྱི་གསལ་ཤིང་འབར་བས་ལུས་ཀྱི་གཞུང་འབིགས་ཤིང་ཀླད་པར་ཐལ་མར་འབྱིན་ལ། དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མེ་འབྱུང་བའོ། །ཡང་སླ་ང་རབ་ཏུ་འབར་བར་བསྲེགས་པ་དང་། ལྕགས་ཀྱི་གཞི་ཀུན་ནས་འབར་བ་ལ་གན་རྐྱལ་དུ་བསྙལ་ནས་ལྕགས་ཀྱི་ཐོ་བ་འབར་བས་བརྡུང་བའོ། །ཞེས་གསུངས་པ་དང་། ལག་ལེན་འདེབས་པ་ལས། ཚ་བ་ནི་ལྕགས་ཀྱི་ཡོལ་གོར་ཁྲོ་ཆུ་འབར་བར་འཚོད་ཅིང་། སྟེང་དུ་འཐོན་པའི་རེས་ལ་མགོ་ལ་ཐོ་ལུམ་བསྣུན་ནས་དྲན་པ་ཉམས་པའང་བདེ་བར་བསྒོམ་པས་སྡུག་བསྔལ་ལོ། །ཞེས་གསུངས། རབ་ཏུ་ཚ་བ་ནི། ཡོན་མཛོད་འགྲེལ་ཆུང་གསེར་གྱི་ཐུར་མ་ལས། མདུང་ཐུང་རྩེ་གསུམ་པས་ལུས་ཀྱི་གཞུང་མས་ནས་གྱེན་དུ་འབིགས་པས་ཕྲག་གོང་གཉིས་དང་ཀླད་པར་ཟིངས་འཐེན་ཏེ། ཕྱི་ནས་ལྕགས་བསྲེགས་ལེབ་མོའི་ཐག་པས་དཀྲིས་ཤིང་། ཁྲོ་ཆུ་ཁོལ་མའི་ནང་དེར་འཚོད་པ་དང་བཅས་པའོ། །ཞེས་གསུངས། ལག་ལེན་འདེབས་པ་ལས། རབ་ཏུ་ཚ་བ་ནི་ལྕགས་ཁྱིམ་འབར་བའི་ནང་དུ་གསལ་ཤིང་རྩེ་གསུམ་པས་ཕྲག་པ་གཉིས་དང་སྤྱི་བོ་ལ་ཐལ་མར་འབིགས་ཤིང་། ལྕགས་བསྲེགས་ཀྱི་སྣམ་བུས་ལུས་ལ་དཀྲིས་པས་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་གསུངས། མནར་མེད་ནི། ལྕགས་ཁྱིམ་མེ་འབར་བ་ཉེ་འཁོར་ལྷག་པ་བཅུ་དྲུག་གིས་བསྐོར་ཞིང་ཀུན་ནས་རབ་ཏུ་ཚ་བའི་མེས་ལུས་མར་མེའི་སྡོང་བུ་ལྟར་བསྲེགས་ཤིང་འོ་དོད་འབོད་པའི་སྒྲ་ཙམ་ལས། མེ་དང་ལུས་གཉིས་སུ་མེད་ཅིང་སོ་སོར་བལྟར་མི་མངོན་པ་སོགས་དམྱལ་བ་གཞན་བདུན་པོའི་སྡུག་བསྔལ་ཡང་ཚང་ཞིང་མྱོང་དགོས་པའོ། །དེ་ལྟར་ཚ་བའི་དམྱལ་བ་བརྒྱད་ཚན་གཅིག་ཡོད་པ་བློ་ལ་བླང་ཞིང་བསམ་མོ། །གྲང་དམྱལ་བརྒྱད་ནི། གངས་རི་སྟུག་པོའི་སོགས། སྤྱི་མཐུན་དུ་གཞི་དང་འཁོར་ཡུག་ཐམས་ཅད་གངས་རི་སྟུག་པོའི་འདབས་འབྱོར་དང་ཆབ་རོམ་ཆུ་འཁྱགས་ཀྱི་ཁྲོད། དེ་ཡང་གཅོང་རོང་ཡ་ང་བའི་གནས་རྣམས་སུ་ཉིན་མཚན་གྱི་དབྱེ་བ་མེད་པར་རྟག་ཏུ་ཁ་བ་བུ་ཡུག་འབའ་ཞིག་འཚུབས་པས་ལུས་སྦྲེབས་པ་དེར། བྱིས་པ་བཙས་མ་ཐག་པ་ལྟ་བུའི་ལུས་ལ་གྲང་བའི་རེག་བྱ་བཟོད་དཀའ་བའི་སྟེང་དུ་རླུང་གིས་བཏབ་པའི་རྐྱེན་གྱིས་ལུས་ཀྱི་ལང་ཚོ་གཞོན་ཤ་ཆགས་པ་ལ་ཆུ་བུར་ཐོལ་གྱིས་བྱུང་བ་ནི་ཆུ་བུར་ཅན་དང་། ཆུ་བུར་དེ་དག་ལྷག་པར་གྲང་བས་རྡོལ་ནས་རྨར་སོང་བ་ན་ཆུ་བུར་རྡོལ་བ་ཅན། སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པ་ཨ་ཆུ་ཆུ་ཟེར་བ་དང་། དེའང་ཚོར་བ་ཤིན་ཏུ་གྲང་བའི་སྡུག་བསྔལ་བརྣག་ཅིང་བཟོད་པར་དཀའ་བ་ཡིས། ལུས་ཟུངས་ཀྱིས་རབ་ཏུ་བཏང་ཞིང་ཟད་ནས་འཆི་ཁའི་ནད་པ་བཞིན་དུ་སྐད་ཀྱི་གདངས་ཆག་པས་ཤུགས་རིང་གིས་ཀྱེ་ཧུད་འདོན་ཅིང་སྨྲ་བ་ནི་ཀྱེ་ཧུད་འདོན་པ་དང་། གྲང་བའི་ཟུག་རྔུ་མི་བཟོད་པར་སོ་འཐམས་ཏེ་སྐད་མི་ཐོན་པ་སོ་ཐམ་ཐམ་པ་དང་། ཕྱི་ཡི་པགས་པ་མདོག་སྔོན་པོར་སོང་ནས་བཞི་ཚལ་དུ་འགས་པ་ཨུཏྤལ་ལྟར་གས་པ་དང་། ནང་གི་ཤའུ་དམར་པོ་ཐོན་པ་ཡང་ཤིན་ཏུ་གྲང་ནས་བརྒྱད་ཚལ་དུ་གས་པ་པདྨ་ལྟར་གས་པ་དང་། དེ་ལས་ཀྱང་ལྷག་པར་གྲང་བས་དམར་ནག་ཏུ་གྱུར་པ་བཅུ་དྲུག་དང་། སུམ་ཅུ་སོ་གཉིས་ལ་སོགས་གྲངས་མེད་པར་གས་ཏེ་པདྨ་ཆེན་པོ་ལྟར་གས་པའོ། །དེ་ལྟར་གས་པའི་རྨ་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་ཅན་མང་པོ་ཞུགས་ནས་ཟ་ཞིང་གྲང་བའི་སྡུག་བསྔལ་མི་འདྲ་བའི་མྱོང་ཚུལ་བརྒྱད་ལ་མིང་བརྒྱད་དུ་ཆགས་པའོ། །ལག་ལེན་འདེབས་པ་ལས་ནི། ཆུ་བུར་ཅན། ཆུ་བུར་རྡོལ་བ། སོ་ཐམ་པ། ཨ་ཆུ། ཀྱེ་ཧུད་འདོན། ཨུཏྤལ་ལྟར་གས། པདྨ་ལྟར་གས། པདྨ་ལྟར་ཆེན་ཞེས་དང་། མཁས་འཇུག་སྡོམ་བྱང་ལས། ཨ་ཆུ་ཀྱེ་ཧུད་སོ་འཐམ་པ། །ཆུ་བུར་ཅན་དང་ཆུ་བུར་རྡོལ། །པདྨ་པད་ཆེན་ལྟར་གས་པ། །ཨཏྤལ་ལྟར་གས་གྲང་དམྱལ་བརྒྱད། །ཅེས་དེ་ལྟར་ཚ་དམྱལ་དང་གྲང་དམྱལ་གྱི་གོང་འོག་གི་གོ་རིམ་མི་འདྲ་བར་གསུངས་པས་ཚེ་ཚད་ཀྱང་དེ་ལྟར་རང་རང་གི་གཞུང་ལས་ཤེས་པར་བྱའོ། །ཉེ་འཁོར་ལྷག་པ་བཅུ་དྲུག་ནི། དེ་བཞིན་སྤུ་གྲིའི་སོགས། ཚ་དམྱལ་བརྒྱད་ཀྱི་འཁོར་དུ་ཕྱོགས་བཞི་སོ་སོ་ན་ཡོད་པར་བཤད་ལ། དེ་བཞིན་སྤུ་གྲིའི་ཐང་ལ་མཚོན་ཆ་སྣ་ཚོགས་རྩྭ་ལྟར་སྐྱེས་པས་རྐང་པ་གཤོ ག་པ་དང་། རལ་གྲིའི་ཚལ་དུ་ལྕགས་ཀྱི་སྡོང་པོ་ལ་རལ་གྲི་མང་པོ་ལོ་མ་ལྟར་སྐྱེས་པ་རླུང་གིས་བསྐྱོད་པས་ལུས་ལ་བཅད་གཏུབ་བྱེད་པ་དང་། རོ་མྱགས་ཀྱི་འདམ་ནི་མི་རོ་སོགས་རོ་རུལ་པ་འབའ་ཞིག་གི་འདམ་དུ་ཚུད་དེ་སྡུག་བསྔལ་བ་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་ནི་མདག་མེ་རབ་ཏུ་འབར་བའི་ཀློང་དུ་ཚུད་དེ་ཤིན་ཏུ་སྡུག་བསྔལ་བའོ། །དེ་ལྟར་མནར་མེད་པའི་ཉེ་འཁོར་བ་ལྷག་པ་བཅུ་དྲུག་དང་། འགྱུར་བ་ཅན་ཞེས་པ་ནི། ཁ་ཅིག་གིས་ཤལ་མ་རིར་བཞེད། ཉི་ཚེ་བ་ནི། འགྱུར་བ་ཅན་སོགས། སྡུག་བསྔལ་རྣམ་པར་འགྱུར་བ་ཅན། སྒོ་དང་། ཀ་བ་དང་། སྐད་གཉིས་ཤན་སྦྱར་ལས། ཕྲུ་བ་སྟེ་རྫ་མ་སོགས་སྐམ་པར་མི་བསྲེག་ཅིང་ནང་དུ་ཇ་སོགས་བསྐོལ་སྣོད་དོ། །ཞེས་གསུངས། ཐབ་དང་། ཐག་པ་སོགས་ཡོ་བྱད་ཅི་སྙེད་པ་དང་། དེ་ལྟར་བེམ་པོ་ཕལ་ཆེར་ལ་རྣམ་ཤེས་ཞུགས་ནས་དུས་རྟག་ཏུ་སྡུག་བསྔལ་གྱི་ཁུར་ཆེན་པོས་སེམས་ཀྱི་ཐོག་ཏུ་བཀོལ་ཞིང་ཉེར་ལེན་ཚོར་བ་རྩུབ་མོ་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ཉི་ཚེ་བའམ་གློ་བུར་འགྱུར་བའི་སྡུག་བསྔལ་ཕན་ཚུན་ཉམས་སུ་མྱོང་བ་ཞེས་བྱ་སྟེ། ཀུན་མཁྱེན་ཆེན་པོས། ཁ་ཅིག་གིས་ཚེ་ཉི་མ་རེ་ལས་མེད་པས་ཉི་ཚེ་བ་ཞེས་འདོད་ཀྱང་། མི་འཐད་དེ། ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལས། ད་དུང་ཡང་ནི་མང་པོ་ཞིག །ཕྱིར་ཡང་དམྱལ་བ་འདིར་གནས་སོ། །ཞེས་སོ། ཁ་ཅིག་གིས་གཅིག་པུར་གྲོགས་མེད་པའི་ཕྱིར་ཉི་ཚེ་བའོ་ཞེས་འདོད་པའང་མི་འཐད་དེ། སྔོན་གྲོ་བཞིན་སྐྱེས་ཀྱིས་གཙུག་ལག་ཁང་དུ་དགེ་སློང་ལྔ་བརྒྱ་ཙམ་གནས་པ་གཟིགས་པ་བཞིན་ནོ། །ཞེས་གསུངས། དེ་ལྟར་དམྱལ་གནས་རྣམ་གྲངས་བཅོ་བརྒྱད་པོ་གང་ལས་འབྱུང་བའི་རྒྱུ་ཡི་གཙོ་བོ་ཞེ་སྡང་དྲག་པོའི་ཀུན་སློང་ཡིན་པས། དེས་ན་དུག་གསུམ་གྱི་ཀུན་སློང་ངན་པ་སྐྱེས་པའི་ཚེ། སྐད་ཅིག་དེ་མ་ཐག་ཏུ་དེའི་རྒྱུན་བཅད་དེ་བློ་སྣ་དམ་པའི་ཆོས་ཕྱོགས་ལ་སྒྱུར་ཅིག་སོགས། ༈གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ལ་གཉིས་ལས། བྱིང་གནས་ལ་སྤྱི་མཐུན་གྱི་སྡུག་བསྔལ་ནི། དེ་བཞིན་ཕོངས་ལ་སོགས། དམྱལ་བའི་སྡུག་བསྔལ་དེ་བཞིན་དུ་ཡི་དྭགས་ཀྱི་གནས་ནའང་སྤྱི་མཐུན་གྱི་སྡུག་བསྔལ་ནི། ཟས་སྐོམ་གྱིས་དབུལ་ཞིང་ཕོངས་ལ་རྡོ་གསེག་དང་ཚེར་མ་ལ་སོགས་པའི་ས་ཕྱོགས་ཤིན་ཏུ་ཉམས་མི་དགའ་བའི་ཡུལ་དུ། བཟའ་བཏུང་དང་ལོངས་སྤྱོད་ཀྱི་དངོས་པོ་རྣམས་མིང་ཡང་མི་གྲགས་པར་གྱུར་ན་མྱོང་བ་ལྟ་ཅི་སྨོས། ཟས་དང་སྐོམ་ལོ་བཅུ་གཉིས་ཙམ་དང་ཟླ་བ་མང་པོའི་བར་ལའང་མི་རྙེད་པས་ཤིན་ཏུ་བཀྲེས་ཤིང་སྐོམ་པས་གདུང་བ་དང་། ཡི་དྭགས་རྣམས་ཀྱི་ལུས་ནི་པགས་རུས་གཉིས་ཀྱི་བར་ན་ཤ་མེད་པས་རིད་ཅིང་སྐེམ་པ་ལས་ལྡང་བའི་ནུས་སྟོབས་ཙམ་ཡང་ཉམས་ཤིང་ཤིན་ཏུ་སྡུག་བསྔལ་བའོ། །དེ་ལ་ནང་གསེས་སུ་དབྱེ་ན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྒོས་ཁུར་གྱི་སྒྲིབ་པ་ཅན་གསུམ་མོ།། མཁའ་ལ་རྒྱུ་བ་ནི། བཙན་དང་རྒྱལ་པོ་འདྲེ་ལ་སོགས་པ་རྣམས་ཏེ། དེ་དག་ཀྱང་རྟག་ཏུ་འཇིགས་སྐྲག་འཁྲུལ་སྣང་གི་སྡུག་བསྔལ་འབའ་ཞིག་ལ་སྤྱོད་དགོས་པའོ།། དེ་ལྟ་བུ་གང་ལས་འབྱུང་བའི་རྒྱུ་ཡི་གཙོ་བོ་ནི་སེར་སྣ་དང་འཇུར་གེགས་ཡིན་པས་རང་གིས་ཀྱང་དེ་ལྟ་བུའི་ལས་དུ་མ་བསགས་ཟིན། དེར་སྐྱེས་པ་རྣམས་ལ་སྙིང་རྗེ་བསྒོམ་དགོས་སོ། །གསུམ་པ་དུད་འགྲོ་ལ་གཉིས་ལས། བྱིང་ན་གནས་པ་ནི། གཅིག་ལ་སོགས། ཕྱིའི་རྒྱ་མཚོ་ཆེན་པོའི་ཀློང་རྣམས་དང་ཆུ་གཏེར་ཆེན་པོ་བཞིའི་ཁྱོན་ལ་གནས་པ་སྟེ། དེ་ཡང་སྔོན་གྱི་གཏི་མུག་ལ་གོམས་པའི་མཐུས་གླེན་རྨོང ས་ཀྱི་སྡུག་བསྔལ་ཡོད་པ་གཞིར་བཞག་ལ། བྱེ་བྲག་ཏུ་ཚ་གྲང་བཀྲེས་སྐོམ་ལ་སོགས་དཔག་ཏུ་མེད་ཅིང་། ཕན་ཚུན་སྦྲུལ་དང་ཆུ་སྲིན་སོགས་ཆེ་བས་ཆུང་བ་རྣམས་ཁྱུར་མིད་བྱེད་ཅིང་ཟ། ཆེ་བ་ལའང་རྣམ་གྲངས་མང་སྟེ། ཇི་སྐད་དུ། དཔག་ཚད་བརྒྱ་བའི་ཞེང་ལྡན་པའི། །ཏི་མིད་ཞེས་བྱའི་ཉ་མིད་ཡོད། །དེ་མིད་པ་ཡི་ཉ་མིད་ཡོད། །དེ་ཡང་མིད་པའི་ཉ་མིད་ཡོད། །ཅེས་གསུངས། ཆུང་ངུས་ཆེན་པོ་འབིགས་པ་ལ་སོགས་པའི་གླིང་བར་མུན་ནག་གི་རྒྱ་མཚོ་ན་ཡོད་པ་རྣམས་ནི་རང་གི་ཡན་ལག་བརྐྱང་བསྐུམ་ཙམ་ཡང་མི་མཐོང་ཞིང་། བཤད་མ་ཐག་པ་ལྟར་གཅིག་ལ་གཅིག་གིས་ཟ་བར་བྱེད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཁ་འཐོར་བ་ནི། གསོད་པའི་འཇིགས་པ་སོགས། མིས་བདག་ཏུ་མ་བཟུང་བ་བྱ་དང་རི་དྭགས་སོགས་གཅིག་གིས་གཅིག་ཟ་སྟེ། ཁྲས་བྱེའུ། བྱེའུས་འབུ་ཟ་བ་ལ་སོགས་པ་དང་། རྔོན་པ་དང་གཅན་གཟན་ལ་སོགས་པས་གསོད་པའི་འཇིགས་པ་ཆེ་ཞིང་། རྟ་སོགས་མིས་བདག་ཏུ་བཟུང་བ་རྣམས་ལ་བཀོལ་ཞིང་སྤྱོད་པས་ཉམ་ཐག་ལ་བླང་དོར་གྱི་གནས་མི་ཤེས་པར་རྨོངས་པ་སོགས་ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་མནར་ཞིང་གཟིར་བའི་ཚུལ་རྣམས་བློ་ལ་བླངས་ནས་སྔར་བཞིན་བསྒོམ། དེར་སྐྱེ་བའི་རྒྱུའམ་ས་བོན་ནི་བླང་དོར་གྱི་གནས་མི་ཤེས་པའི་གཏི་མུག་མུན་པར་འཁྱམས་པ་བདག་གི་བློ་སྣ་མྱུར་དུ་སོགས། ༈ གཉིས་པ་མཐོ་རིས་གསུམ་གྱི་སྡུག་བསྔལ་ནི། ཟག་བཅས་ཀྱི་དགེ་བས་མཐོ་རིས་གསུམ་དུ་སྐྱེས་ཀྱང་། མཁས་འཇུག་རྩ་བ་ལས། འཁོར་བའི་བདེ་བ་ལྟར་སྣང་བ་ཐམས་ཅད་ཀྱང་མཐར་འགྱུར་བའི་སྡུག་བསྔལ་དང་། ཚ་གྲང་བཀྲེས་སྐོམ་ནད་སོགས་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཟག་བཅས་ཀྱི་ཕུང་པོ་མཐའ་དག་སྲིད་པ་ཉེ་བར་ལེན་པའི་རྒྱུ་ཡིན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་པོས་བཅིང་བའི་ཕྱིར་རོ། །ཞེས་གསུངས། དེ་འདྲའི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བདེ་བར་སེམས་པའི་རང་སེམས་ཕྱིན་ཅི་ལོག་འདི། ཇི་ལྟར་སྐྱིད་ཀྱང་མི་ངོམས། ཇི་ལྟར་སྡུག་ཀྱང་མི་སྐྱོ་བས་འཁོར་བ་ལས་མ་ཐར་བར་སྡུག་བསྔལ་གྱི་འདམ་དུ་ཚུད་པའི་རང་མཚང་ནན་ཏན་བསམ་ཞིང་། འཁོར་བ་འདིར་སྐྱེ་ཤིའི་ཁ་བརྒྱུད་པས་སྡུག་བསྔལ་ཚད་མེད་མཐའ་མེད་མྱོང་བ་ལ་ཤིན་ཏུ་ཡིད་དབྱུང་ནས་ད་རེས་གཏན་དུ་བདེ་བའི་གོ་འཕང་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །ཞེས་གསུངས། ཐར་ལམ་རབ་གསལ་ལས། བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་བས་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། །ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མས་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས། དེ་ལྟར་བློ་ལྡོག་རྣམ་པ་བཞིས་བློ་ལེགས་པར་སྦྱངས་ཏེ་དངོས་གཞི་ཐུན་མོང་མ་ཡིན་པའི་སྒོར་འཇུག་པ་ལ་ནི། དབང་བཞི་ཡོངས་སུ་རྫོགས་པ་ཐོབ་ཅིང་དབང་སྲོག་དམ་ཚིག་གིས་བཟུང་སྟེ། ཁྱད་པར་གྱི་སྔོན་འགྲོའི་སྒོ་ནས་སྐུ་གསུམ་དང་སེམས་རིག་གི་སྣ་ཁྲིད་དེ་གཟོད་ཉམས་ཁྲིད་དམར་བཅིང་དུ་བྱེད་པའི་ཚེ། དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་ཚུལ་ནི། སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན་པས། དེ་ཡང་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་དེ་ལ་ཆོས་གཟུགས་གཉིས་ཡོད། བསྒྲུབ་ཚུལ་ལ་རིང་ལམ་རྒྱུའི་ཐེག་པ། ཉེ་ལམ་སྔགས་ཀྱི་ཐེག་པ། མྱུར་ལམ་མཐར་ཐུག་འོད་གསལ་རྫོགས་པ་ཆེན་པོའི་ལམ་དང་གསུམ་དུ་བཞེད་ལ། འདིར་ནི་ཆོས་གཟུགས་གཉིས་དངོས་སུ་ལམ་དུ་བྱེད་པ་ཁྲེགས་ཆོད་དང་ཐོད་རྒལ་གཉིས། སྐྱེ་འཆིའི་མཚན་འཛིན་གྱི་རྟོག་པ་དབྱིངས་སུ་གྲོལ་ནས་འཆི་མེད་གཉུག་མའི་སེམས་མངོན་དུ་གྱུར་པ་དང་། འཁོར་བའི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་ལམ་བདེན་དུ་ཤར་བ་དང་། འབྲས་བུ་སྡུག་བསྔལ་གྱི་བདེན་པ་འགོག་བདེན་དུ་སད་དེ་དེའི་ངོར་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ནི་རང་རང་གི་མི་མཐུན་ཕྱོགས་ཀྱིས་བརྫི་མི་ནུས་ཤིང་རང་ས་ཟིན་པས་ན་ཐུན་མོང་མ་ཡིན་པའི་བློ་ལྡོག་རྣམ་བཞི་རྒྱུད་ལ་སྐྱེ་བའི་ཚད་ཡང་དག་ཏུ་བཞེད་པ་ཡིན་ལ། དེ་ཡང་བློ་ལྡོག་རྣམ་བཞིས་བློ་སྦྱངས་ཁུལ་བྱས་ཀྱང་ཕུགས་སྙོགས་ས་ཅི་ཡང་མེད་པ་དང་འདི་མི་འདྲ་གསུངས། དེ་ནས་ཐར་བའི་ཕན་ཡོན་དྲན་ཏེ་དེའི་རྒྱུ་འབྲས་ལ་དགའ་སྤྲོ་བསྐྱེད། མཐུན་རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནི། ནོར་ཅི་ཡོད་འབུལ་བའི་སྙིང་ཁམས། ལས་ཆོས་སུ་མཐོང་བའི་དད་པ། བཀའ་ཇི་ལྟར་སྩལ་བའི་སྒྲུབ་པ་གསུམ་དགོས་ཞེས་ཀུན་མཁྱེན་གཉིས་པས་བཞེད་པ་ལྟར་ལེགས་པར་བསྟེན་ནས། གཉིས་པ་རང་སྐྱོན་ངོས་བཟུང་གནང་བའི་མན་ངག་ནི། ཆོས་ལམ་ཞུགས་ཀྱང་སོགས། དམ་ཆོས་འདུལ་བའི་ལམ་ལ་ཞུགས་ཤིང་སོ་ཐར་གྱི་སྡོམ་པ་བླངས་ཀྱང་འཁོར་བར་ཞེན་ལོག་གི་ངེས་འབྱུང་དང་བྲལ་བས་ཉེས་པར་སྤྱོད་པ་ཕམ་ལྟུང་སོགས་ཀྱིས་རང་རྒྱུད་མི་སྡོམ་ཞིང་འཆལ་བ། ཐེག་ཆེན་གྱི་སྒོར་ཞུགས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཀྱང་གཞན་ཕན་དོན་དུ་གཉེར་བའི་བྱང་ཆུབ་ཀྱི་སེམས་དང་བྲལ་བ། གསང་སྔགས་རྡོ་རྗེའི་ཐེག་པའི་སྨིན་བྱེད་དབང་བཞི་ཟབ་མོ་ལེགས་པར་ཐོབ་ཀྱང་གྲོལ་བྱེད་ཀྱི་ལམ་ཐབས་བསྐྱེད་པའི་རིམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཉིས་མི་བསྒོམ་པའི་རིགས་ཅན་རྣམས་ནི། ལམ་གོལ་ཏེ་ལོག་པའི་ལམ་དུ་སོང་བ་ཡིན་པས། ལམ་ལོག་པ་འདི་ལས་མྱུར་དུ་བླ་མས་བསྒྲལ་དུ་གསོལ། གནས་ལུགས་ཀྱི་ལྟ་བ་མ་རྟོགས་བཞིན་རྟོགས་རྫུན་གྱིས་ལས་འབྲས་ཁྱད་གསོད་རྔམ་པོ་ཆེ་ངག་ནས་སྨྲ་ཞིང་། ལུས་ཀྱིས་ཐོ་ཅོའི་སྤྱོད་པ་གྲུབ་པའི་ཆ་ལུགས་སུ་བརྫུ་བ་ཅན་དང་། སྒོམ་པ་ཡེངས་ཀྱང་སྤྱི་འབྱམས་གཤིས་ཤོར་གྱི་གོ་ཡུལ་ཙམ་ལ་བརྟེན་ནས། ཡེངས་དང་མ་ཡེངས་ཁྱད་མེད་ལ་སོགས་ཚིག་སྐམ་གྱི་འུད་གོག་ཤིན་ཏུ་ཆེ་བས་ཉམས་མྱོང་ཕྱེ་མར་འཐག་པ་དང་། མ་ཆགས་ཞེན་མེད་ཀྱི་སྤྱོད་པ་ཡོན་ཏན་ཅན་ལས་ནོར་ཞིང་ཆགས་སྲེད་ཀྱི་དབང་གིས་དགེ་སྡིག་གི་བླང་དོར་འཆོལ་ཉོག་ཏུ་སྤྱོད་ཀྱང་རང་སྐྱོན་ལ་མི་སེམས་པའི་ཆོས་དྲེད་འདི་ཉིད་ཆོས་མིན་ལས་བླ་མས་མྱུར་དུ་བསྒྲལ་དུ་གསོལ། སྲིད་པའི་ཡོ་བྱད་ལ་ཆགས་ཤིང་ཤིན་ཏུ་ཞེན་པ་རྣམས་ནི། སང་ནང་པར་འཆི་བའི་དུས་ལ་བབས་པར་ཤེས་ན་ཡང་ད་དུང་གནས་ཁང་ཟས་གོས་ནོར་དང་ལོངས་སྤྱོད་རྣམས་ལ་སྲེད་ཅིང་ཆགས་པ་དང་། གཞོན་པའི་ན་ཚོད་ཡོལ་ནས་རྒས་ཤིང་འཁོགས་པའི་གནས་སུ་གྱུར་ན་ཡང་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་དང་། སྡུག་བསྔལ་ལ་སྐྱོ་ཤས་བྲལ་བ་དང་། ཐོས་བསམ་སྒོམ་པའི་ཤེས་རབ་ཆུང་ཡང་ཁྲོན་པའི་སྦལ་པ་ལྟར་ཕྲན་བུ་རེ་ཤེས་པ་དེ་ཡོན་ཏན་ཅན་དུ་རློམ་སྟེ་ང་རྒྱལ་བྱེད་པ་དེ་ནི། མ་རིག་པའི་དབང་དུ་སོང་བ་ཡིན་པས་འདི་ལས་བླ་མས་བསྒྲལ་དུ་གསོལ། ཆོས་པར་ཁས་འཆེས་པ་འགའ་ཞིག་གིས་སེམས་ཆགས་སྡང་རྨོངས་སོགས་སྐྱེ་བའི་རྐྱེན་ཁར་འཆོར་བ་ཡང་མི་ཤེས་པར་འདུ་འཛི་དང་རྣམ་གཡེང་གི་དབང་དུ་སོང་ནས་བདེ་སྡུག་རོ་སྙོམས་མི་ནུས་བཞིན་དུ་གནས་སྐོར་སོགས་མཆོག་ཡིན་སེམས་པ་ནི། ཀུན་མཁྱེན་འཇིགས་མེད་གླིང་པས། ཕུགས་སྤྲང་སྙོགས་འཁྱེར་བའི་སྔ་ལྟས་སུ་ཤར་བས། ཞེས་གསུངས་པ་ལྟར་རོ། །ལུས་དབེན་པ་མི་མེད་ཀྱི་གནས་ལ་བརྟེན་ནས་ཡུན་རིང་བསྒོམ་ལོ་བྱས་ཀྱང་། སེམས་མ་རིག་བདེན་འཛིན་གྱིས་དྲངས་པའི་ཉོན་མོངས་པའི་རྟོག་ཚོགས་ལས་དབེན་པ་མ་ཐོབ་པར་རང་རྒྱུད་ཤིང་སྐམ་ལྟར་དུ་རེངས་ཤིང་གྱོང་བའོ། །ཕྱིའི་ཀུན་སྤྱོད་འཇམ་ཞིང་དུལ་བར་བསྟན་ནས་གཞན་རྒྱུད་འདུལ་བའི་དམ་ཆོས་སྨྲ་བར་བྱེད་ཁུལ་བྱས་ན་ཡང་། ནང་རང་རྒྱུད་ཀྱི་ཆགས་སྡང་གྲ་མ་ཉམས་ཤིང་མ་ཞིག་པའི་སྤྱོད་པ་བྱི་ལའི་སྟོན་པ་ལྟ་བུ་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བ་སྟེ། ཆོས་བརྒྱད་ནི། མཁས་འཇུག་སྡོམ་བྱང་ལས། རྙེད་བདེ་གྲགས་བསྟོད་འདོད་གྱུར་ཅིང་། །མ་རྙེད་སྡུག་བསྔལ་མི་སྙན་དང་། །སྨད་པ་དག་ནི་མི་འདོད་པ། །འཇིག་རྟེན་ཆོས་བརྒྱད་ཅེས་སུ་བཤད། །ཅེས་གསུངས་པ་ལྟར། འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་གྱུར་པ་འདི་ལས་མྱུར་དུ་བླ་མ་ཐུགས་རྗེ་ཅན་གྱིས་བསྒྲལ་དུ་གསོལ། མ་རིག་བདག་ཏུ་འཛིན་པའི་གཉིད་འཐུག་པོ་འདི་ལས་མྱུར་དུ་སད་པར་བྱེད་པའི་ཐབས་བླ་མས་བསྟན་དུ་གསོལ། རྒྱུ་མ་རིག་པ་ལས་བྱུང་བའི་ཁམས་གསུམ་འཁོར་བའི་བཙོན་ར་རྒྱལ་པོའི་ཁྲི་མུན་ལྟ་བུ་ལས་ཉོན་ལྕགས་སྒྲོག་གིས་དམ་དུ་བསྡམས་པ་འདི་ལས་མྱུར་དུ་དབྱུང་ཞིང་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དཔལ་མགོན་བླ་མ་དམ་པ་ཁྱེད་མཁྱེན་ནོ་སྙམ་དུ་བསམ་ལ་འབོད་པ་དྲག་པོས་ཐུགས་རྗེ་སློང་བར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་དྲུག་ལས། དང་པོ་སྐྱབས་སུ་འགྲོ་བ་ལ་རྒྱུ་སྐྱབས་དང་འབྲས་སྐྱབས། སྐྱབས་སུ་འགྲོ་ཚུལ་དང་གཉིས། དང་པོ་ནི། སེམས་ཉིད་ངལ་གསོའི་འགྲེལ་བ་ལས། དེའང་མཚན་ཉིད་ཀྱི་ཐེག་པས་ཆོས་སྐུ་མཐར་ཐུག་རང་གི་རྒྱུད་ལ་ཐོབ་པར་འདོད་པ་ནི་འབྲས་བུའི་སྐྱབས་འགྲོ་ཡིན་ལ་དེ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་གསུམ་ལ་ལམ་གྱི་སྐྱེལ་མར་སྐྱབས་སུ་འགྲོ་བ་ནི་དེ་ཐོབ་པའི་རྒྱུ་བྱེད་པས་རྒྱུའི་སྐྱབས་འགྲོ་ཞེས་བྱའོ། །ཞེས་དང་། གསང་སྔགས་པས་ནི་རང་ལ་ཡོད་པའི་སེམས་ཉིད་སངས་རྒྱས་སུ་ད་ལྟ་རང་ཆས་སུ་གནས་པ་མངོན་དུ་མཐོང་བར་འདོད་ནས། ཐུན་མོང་གི་ཡུལ་ཕྱི་རོལ་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། ཐུན་མོང་མ་ཡིན་པ་རང་གི་སེམས་ཉིད་གདོད་མ་ནས་མ་སྐྱེས་པའི་ངང་དུ་མཉམ་པར་འཇོག་གོ། །དེའང་དཀྱིལ་འཁོར་སོ་སོའི་དཀོན་མཆོག་གསུམ་དང་། བསྟན་པ་སྤྱིའི་དཀོན་མཆོག་གསུམ་གཉིས་ཀ་རྒྱུའི་སྐྱབས་ཡུལ་དུ་འདོད་ལ། དེ་ལ་སྐྱབས་སུ་འགྲོ་བ་ནི་རྒྱུའི་སྐྱབས་འགྲོའོ། །རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དཀོན་མཆོག་གསུམ་ཡེ་ནས་གནས་པ་ནི་འབྲས་བུའི་སྐྱབས་ཡུལ་ཏེ། དེ་ལ་བླང་དོར་དང་བཅོས་བསླད་མེད་པར་རྩེ་གཅིག་ཏུ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའོ། །ཞེས་གསུངས། དེ་ལྟར་གཉུག་མའི་སེམས་དེ་ཉིད་གདོད་ནས་འབྲས་བུའི་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་བཞུགས་པ་ཡིན་ལ། དེ་རྒྱུའི་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ལ་བརྟེན་ནས་སད་ཅིང་རྟོགས་པར་བྱས་ན་ཡིད་ཤེས་བདེ་མྱུར་དུ་སྐྱོབས་པས་མཚན་འཛིན་གྱི་རྟོག་ཚོགས་ཐམས་ཅད་འོད་གསལ་གཉུག་མའི་ཀློང་དུ་བག་ཆགས་བསོག་ལོང་མེད་པར་རང་གྲོལ་དུ་འགྲོ་བའོ། །གཉིས་པ་སྐྱབས་སུ་འགྲོ་ཚུལ་ལ། ཡུལ་གྱི་ཁྱད་པར་ནི། དཀོན་མཆོག་གསུམ་དངོས་སོགས། ཐུན་མོང་ཐེག་པའི་ལུགས་ལ། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ལ་སྟོན་པ། ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ལ་ལམ། རིག་གྲོལ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་མོས་ཏེ་དཀོན་མཆོག་གསུམ་ལ་ལམ་གྱི་སྐྱེལ་མ་ལྟ་བུར་འགྲོ་ཞིང་། མ་འོངས་པ་ན་རང་རྒྱུད་ལ་དེ་གསུམ་དངོས་སུ་གྲུབ་པར་འདོད་པས་སྐྱབས་སུ་འགྲོ་བ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱིས། སྤང་རྟོགས་མཐར་ཕྱིན་པ་བདེ་བར་གཤེགས་པའི་ངོ་བོ་ལས་ཕྱེ་བའི། བྱིན་རླབས་ཀྱི་རྩ་བ་བླ་མ་ལ་སྒོ་གསུམ་འབུལ། དངོས་གྲུབ་ཀྱི་རྩ་བ་ཆོས་སྐུ་ཞི་བའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རབ་འབྱམས་སུ་ཤར་བའི་ཡི་དམ་ལ་བསྟེན། བར་ཆད་སེལ་བའི་རྩ་བ་ཆོས་ཉིད་སྐྱེ་བ་མེད་པའི་མཁའ་ལ་འགག་མེད་ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་ཡེ་ཤེས་མཁའ་འགྲོ་ལ་གྲོགས་ཀྱི་ཚུལ་དུ་བྱས་ནས་དེ་ལྟ་བུའི་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱིས། སྐུ་བསྒྲུབ་པར་བྱ་བའི་རྟེན་རྩ་ཡི་དྭངས་མ་ཆེན་པོ་སྤྲུལ་སྐུར་བསྟེན། གསུང་བསྒྲུབ་པར་བྱ་བའི་རྟེན་མི་ཤིགས་རླུང་ལྔ་ལོངས་སྐུར་སྦྱོང་། ཐུགས་བསྒྲུབ་པར་བྱ་བའི་རྟེན་ཐིག་ལེའི་རང་བཞིན་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བའོ། །དེ་ལྟ་བུའི་རྡོ་རྗེའི་ལུས་ཀྱི་དྭངས་མའི་རྩ་རླུང་ཐིག་ལེ་ཁྱད་པར་ཅན་དེ་ལ། བརྟེན་པ་འགྱུར་མེད་ཀྱི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་ཟུང་འཇུག་འདུ་འབྲལ་མེད་པའི་འོད་གསལ་བའི་ཐིག་ལེ་ཆེན་པོའི་རྩལ་ལས་ཤར་བའི། རྩ་རླུང་ཐིག་ལེ་ཕྲ་རགས་དང་སྙིགས་མར་གྱུར་པ་ཐམས་ཅད་ཐབས་ཀྱིས་ཟིན་ན་དག་པ་ཡེ་ཤེས་ཀྱི་སྣང་བ་དང་། ལམ་དུ་མ་ལོང་ན་མ་དག་འཁྲུལ་བའི་སྣང་བ་འཆར་བ་ཡིན་ལ། དེ་ལྟར་རྡོ་རྗེའི་ལུས་ཀྱི་གནས་ལུགས་དེ་ཉིད་རྒྱུད་ལུང་མན་ངག་གསུམ་ནས་ཇི་སྐད་བཤད་པ་བཞིན་ཤེས་པ་གལ་ཆེ། མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་གཉིས་མེད་རང་བྱུང་གི་ཡེ་ཤེས་བྱང་ཆུབ་ཀྱི་སེམས་ངོ་བོ་སྟོང་པ་ཆོས་ཀྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། རང་བཞིན་གསལ་བ་ལྷུན་གྱིས་གྲུབ་པའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ་དོན་གྱི་དཀྱིལ་འཁོར་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་པ་དང་། དེ་ཡང་ངོ་བོ་སྟོང་པ་ཆོས་སྐུ་དང་། བླ་མ། སངས་རྒྱས་དཀོན་མཆོག །རང་བཞིན་གསལ་བ་ལོངས་སྐུ་དང་། ཡི་དམ། ཆོས་དཀོན་མཆོག །ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་དང་། མཁའ་འགྲོ། དགེ་འདུན་དཀོན་མཆོག་ཡིན་གསུངས། དེ་ཡང་ཁ་ཅིག་ན་རེ། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ། གསང་སྔགས་ཀྱི་སྐྱབས་གནས་ཐུན་མོང་མ་ཡིན་པ་རྣམས་མ་འདུས་སོ་ཞེ་ན། དེ་ནི་འདིར་འདུ་སྟེ། བླ་མ་ནི་སྐྱེ་འཕགས་གང་རུང་ལས་མ་འདས་པའི་ཕྱིར་སངས་རྒྱས་དང་དགེ་འདུན་གང་རུང་ལས་མི་འདའ་ལ། ཡི་དམ་ནི་སྤྱིར་བཏང་ཡེ་ཤེས་པ་གཅིག་ཡིན་པར་འདོད་དགོས་ལ། བྱེ་བྲག་རྣམ་འགྱུར་གྱི་སྒོ་ནས་ཞི་ཁྲོ་གང་རུང་ལས་མ་འདས་ཏེ་དེས་ན་དེ་ནི་སངས་རྒྱས་སུ་འདུའོ། །དཔའ་བོ་མཁའ་འགྲོ་ནི་རིག་འཛིན་ནང་གི་དགེ་འདུན་དུ་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་སོགས་པ་ནས་གསལ་པོར་གསུངས་ཕྱིར་དེར་འདུའོ། ཁྱད་པར་རྩ་བ་གསུམ་ལྟ་བུར་མཚོན་ན། སྤྱིར་བཏང་བླ་མ་རྣམས་སངས་རྒྱས་དང་དགེ་འདུན་གང་རུང་ལས་མ་འདས་ཀྱང་། བྱེ་བྲག་རང་ལ་སྨིན་གྲོལ་གྱི་གདམས་པ་དངོས་སུ་གནང་བའི་བླ་མ་དེ་ལྷག་པར་བཀའ་དྲིན་ཤིན་ཏུ་ཆེ་བས། དེ་ཉིད་བྱིན་རླབས་ཀྱི་རྩ་བར་ཤེས་པའི་ཕྱིར་སྐྱབས་སུ་འགྲོ་བ་དང་། ཡི་དམ་ཞི་ཁྲོ་ཐམས་ཅད་སངས་རྒྱས་ལས་མ་འདས་ཀྱང་། རང་གི་མེ་ཏོག་གང་ལ་ཕོག་པའི་ཚེ་རབས་སྔོན་གྱི་ལས་འབྲེལ་ཡོད་པའི་ལྷ་དེ། དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་ཤེས་ནས་ལྷག་པའི་ལྷར་འཛིན་པ་དང་། དཔའ་བོ་མཁའ་འགྲོ་ཐམས་ཅད་རིག་འཛིན་ནང་གི་དགེ་འདུན་དུ་ཤེས་ནས་སྐྱབས་སུ་སོང་བ་ཡིན་ཡང་། རང་ལ་ལྷག་པར་ཉེ་ཞིང་འགོ་བ་དེ་ཉིད་བར་ཆད་སེལ་བའི་རྩ་བར་ཤེས་ནས་བསྒྲུབ་ཅིང་མཆོད་པ་སྟེ། འདི་དག་ནི་སྤྱི་ལས་བྱེ་བྲག་ཏུ་བྱས་པའོ། །དེ་ཡང་སྐྱེས་བུ་ཆེན་པོའི་བློས་དུས་འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་སྙིང་པོའི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་སྟེ། སྐྱབས་སུ་འགྲོ་བའི་ཡུལ་ཚོགས་ཞིང་གསལ་འདེབས་པ་ནི། རང་ཉིད་གང་དུ་འདུག་པའི་ས་ཕྱོགས་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བའི་གཞིར། དཔག་བསམ་ལྗོན་ཤིང་ཡལ་ག་ལྔ་པ། ལོ་འདབ་དང་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་ལ་རིན་པོ་ཆེའི་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་པས་རྣམ་པར་བརྒྱན་པ་ནམ་མཁའི་དབྱིངས་ཀུན་ཁྱབ་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་གདན་ལ། སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ཞབས་དྲུང་རིན་པོ་ཆེས། སྐྱབས་འགྲོའི་སྐབས་འདིར་སྐུ་མདོག་སྔོན་པོར་གསུངས་པ་ཀུན་མཁྱེན་རང་ཉིད་ཀྱི་ཞལ་རྒྱུན་ལྟར་ཡིན་གསུངས། དེ་ནི་བླ་མ་གསང་འདུས་ལས། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་སྤྱན་གསུམ་རུས་རྒྱན་ཅན༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན༔ ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ དེ་ཡི་པང་གཡོན་རིག་མ་ནི༔ ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ༔ བཅུ་དྲུག་ལོན་པའི་གཞོན་ཚུལ་ཅན༔ ཞེས་སོགས་གསུངས། མཆན། རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་མཚོ་རྒྱལ་དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ། དར་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དབུ་གཙུག་ཏུ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་ཤིང་། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པས་མཐའ་ནས་བསྐོར་བ། མདུན་གྱི་ཡལ་ག་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སོགས་དུས་གསུམ་གྱི་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན་རྣམས་དང་། གཡས་ཀྱི་ཡལ་གར་ཉེ་བའི་སྲས་བརྒྱད་ལ་སོགས་པ་ཐེག་པ་ཆེན་པོའི་དགེ་འདུན། གཡོན་གྱི་ཡལ་ག་ལ་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཕགས་པའི་ཚོགས། རྒྱབ་ཀྱི་ཡལ་གར་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ཁ་དོག་དམར་པོ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ། དེ་དག་གི་བར་མཚམས་ཐམས་ཅད་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བར་མེད་དུ་གང་བ། འདིར་ལས་ལས་གྲུབ་པ་ཞེས་པ་ནི། འཇིག་རྟེན་ལས་འདས་ཀྱང་འཇིག་རྟེན་པའི་སྐྱེ་རྒྱུད་ལྟར་ལས་ཉོན་ལས་གྲུབ་པའི་ལུས་དེ་ཉིད་མ་སྤངས་བར་ད་དུང་འཇིག་རྟེན་པའི་རྣམ་པར་སྣང་བ་དབང་ཕྱུག་ཉེར་བརྒྱད་ལྟ་བུ་སྟེ། དཔེར་ན་རྡོ་རྗེ་མི་ཡི་སྲིན་མོ་མགྲིན་བཅུའི་ཆུང་མ་བྱེད་དུས་སྲིན་ཞལ་ཡིན་པ་ལས་རུ་ཏྲས་འཕྲོག་པ་ན་ཁོ་མགོ་བརྙན་ལ་དགའ་བས་སྲིན་ཞལ་གཡག་གདོང་དུ་ཞལ་བསྒྱུར་བ་སོགས་སོ་གསུངས། ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་འདྲེན་པའི་དེད་དཔོན་ཆེན་པོར་མངོན་སུམ་དུ་བཞུགས་པར་བསམ་ལ། དེའི་མདུན་དུ་རང་ཉིད། རང་གི་མདུན་གཡས་སུ་ཕ། གཡོན་དུ་མ། མདུན་དུ་གནོད་བྱེད། མཐའ་བསྐོར་ཀུན་ཏུ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལུས་གུས་པའི་ཐལ་མོ་སྦྱར། ངག་ནས་སྐྱབས་འགྲོའི་ཚིག་འུར་དིར་གྱིས་བརྗོད། ཡིད་ཀྱིས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་ལ་འདྲེན་པ། ཡི་དམ་དང་སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ལ་ལམ་སྒྲུབ་པའི་ཟླ་གྲོགས་ཞུ་བའི་ཚུལ་གྱིས་བདག་ཅག་རྣམས་ཁྱེད་ལ་བརྟེན། ཁྱེད་ལ་འབུལ། ཁྱེད་ལས་གཞན་པའི་སྐྱབས་དང་རེ་ས་མེད་པས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་གདུང་བ་དྲག་པོས་སྐྱབས་སུ་འགྲོ་བར་མོས་ཏེ་སྐྱབས་འགྲོ་ཅི་འགྲུབ་ཏུ་བྱ། མཐར་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་དག །ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་གོང་དུ་འཕེལ་ཞིང་རྒྱས་པར་བསམ་ལ་སེམས་འཛིན་མེད་ཀྱི་ངང་དུ་ཅུང་ཟད་རེ་མཉམ་པར་བཞག་གོ ཞེས་གསུངས། ཡང་ན། དཔལ་སྤྲུལ་རིན་པོ་ཆེའི་སྔོན་འགྲོའི་དམིགས་རིམ་བསྡུས་པ་ལས། ཐུན་མཐར། བདག་དང་སེམས་ཅན་ཐམས་ཅད་བྱ་ཁྱུ་འུར་རྡོས་དཀྲོགས་པ་ལྟར་འུར་དིར་གྱིས་སྐྱབས་ཡུལ་ལྷ་ཚོགས་རྣམས་ལ་ཐིམ། སྐྱབས་ཡུལ་རྣམས་ཀྱང་རིམ་པར་འོད་དུ་ཞུ་ནས་མདུན་གྱི་སངས་རྒྱས་ཐམས་ཅད་ཤཱཀྱ་ཐུབ་པ་ལ་ཐིམ། གཡས་ཀྱི་བྱང་སེམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་ཐིམ། གཡོན་གྱི་ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ཤཱ་རིའི་བུ་ལ་ཐིམ། དེ་ཐམས་ཅད་རྒྱབ་ཀྱི་ཆོས་ལ་ཐིམ། ཆོས་དཀོན་མཆོག་ཐམས་ཅད་ཀྱང་ཨོ་རྒྱན་ཆེན་པོ་ལ་ཐིམ། མཐའ་བསྐོར་གྱི་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་ཨོ་རྒྱན་ཆེན་པོ་ལ་ཐིམ། བླ་མ་ཡང་མཐའ་ནས་རིམ་པར་འོད་དུ་ཡལ་ཏེ་མི་དམིགས་པའི་ངང་ལ་དར་ཅིག་མཉམ་པར་བཞག ཅེས་གསུངས། འདི་ནི་དོན་དམ་པའི་སྐྱབས་འགྲོའམ་མཐར་ཐུག་སྔགས་ཀྱི་འབྲས་སྐྱབས་ཡིན་ཞེས་པའང་ཡོད། མི་ཕམ་རིན་པོ་ཆེས། ཐུན་མཐར་སྐྱབས་ཡུལ་འོད་དུ་ཞུ། རང་སོགས་སེམས་ཅན་ཀུན་ལ་ཐིམ་པས་ཐམས་ཅད་སངས་རྒྱས་པར་བསམ་ཞིང་དགེ་བ་བསྔོ་བར་བྱའོ། །ཞེས་གསུངས། བསླབ་བྱ་དང་ཕན་ཡོན་གཞན་ལས་ཤེས་པར་བྱའོ། །

༈ གཉིས་པ་སེམས་བསྐྱེད་ནི། རྒྱས་པར་ཐེག་ཆེན་ལམ་གྱི་ཁྱད་པར་འབྱེད་ཆོས་སེམས་བསྐྱེད་ཀྱི་ཕན་ཡོན། སྡོམ་པ་ལེན་ཚུལ། བསླབ་བྱ་སོགས་ཞིབ་ཏུ་ཤེས་པར་བྱ། ཚོགས་ཞིང་སྔར་ལྟར་གསལ་བའི་སྤྱན་སྔར་རང་གཞན་ཀུན་འཁོད་པར་དམིགས་ནས། སེམས་བསྐྱེད་ལེན་པའི་དམ་བཅའ་བརྟན་པོས་སེམས་བསྐྱེད་ཀྱི་ཚིག །ཧོཿ སྣ་ཚོགས་སྣང་བ་སོགས། ཞེས་ལན་གསུམ་སོགས་ཇི་ལྟར་རིགས་པ་བརྗོད། མགོ་འདྲེན་བྱེད་ཧོཿ ཞེས་པ་ནི། ངོ་མཚར་བའི་ཚིག་ཡིན་ཏེ། ངོ་ཅི་ཞིག་མཚར་ན། སེམས་ཅན་ཐམས་ཅད་རང་རིག་འོད་གསལ་བའི་དབྱིངས་སུ་ངལ་གསོ་བའི་ཕྱིར་དུ་ཚད་མེད་བཞི་ཡི་ངང་དུ་སེམས་བསྐྱེད་པ་འདི་ངོ་མཚར་ཞེས་བཞེད་པ་དང་། ཁ་ཅིག་གིས་སྙིང་རྗེ་བའི་ཚིག་སྟེ། སྙིང་རྗེ་བའི་ཡུལ་སྡུག་བསྔལ་བའི་སེམས་ཅན་རྣམས་སོ་ཞེས་འདོད། ཡང་ཁ་ཅིག་གིས་སྐྱོ་བའི་ཚིག་ཏུ་འདོད་པའང་ཡོད་དོ། །སེམས་ཅན་རང་རང་གི་སྔོན་ལས་སྣ་ཚོགས་བསགས་པའི་དབང་གིས་བདེ་སྡུག་སྣ་ཚོགས་པ་རང་སེམས་ཕྱིན་ཅི་ལོག་གི་སྣང་བ་འདི་དག་དཔེ་ཆུ་ནང་གི་ཟླ་བའི་གཟུགས་བརྙན་སྣང་ཡང་དཔྱད་ན་བདེན་པར་མ་གྲུབ་པ་ལྟར། ཡུལ་དང་ཡུལ་ཅན་གཉིས་ཀ་ཐོག་མའི་གཞི་དུས་དང་། མཐར་ཕྱིན་འབྲས་དུས་ན་མེད་པས་གློ་བུར་འཁྲུལ་བའི་སྣང་བ་རྫུན་པ་བསླུ་བའི་ཆོས་ཅན་གྱི་སྣང་བ་འདི་དག་ཀྱང་། ལས་སྣ་ཚོགས་པའི་རྐྱེན་གྱིས་སོ་སོར་རིས་སུ་བྲིས་པ་ལྟ་བུ་སྟེ། ལས་ནི་རི་མོ་མཁན་དང་འདྲ། གསུངས་པ་བཞིན་ཆུ་གཅིག་པོ་ལའང་རིགས་དྲུག་གི་སེམས་ཅན་རྣམས་ཀྱིས་མཐོང་བ་མི་འདྲ་བའི་སྣང་བ་རྣམས་ཀྱང་ལས་དང་བག་ཆགས་ལས་བྱུང་བའི་གཟུང་འཛིན་འཁྲུལ་བའི་བློ་མ་ཟད་ཀྱི་བར་འགོག་ཏུ་མེད་པར་འཁོར་བའི་འཁོར་ལོ་རྒྱུན་མ་ཆད་པར་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ་བ་འདི་དག་ཐམས་ཅད་ཀྱི་ལས་སྣང་བག་ཆགས་དང་བཅས་པ་བྲལ་ནས་རང་རང་གི་རིག་པའི་ཡེ་ཤེས་འོད་གསལ་གྱི་དབྱིངས་སུ་སོན་ཏེ། མི་དགེ་བའི་ལས་སྣ་ཚོགས་ཀྱིས་ངལ་ཞིང་དུབ་པ་རྣམས་སངས་རྒྱས་ཀྱི་གོ་འཕང་ལ་དབུགས་འབྱིན་གྱི་ངལ་གསོ་ཐོབ་པར་བྱ་བའི་ཕྱིར། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེ་ཚད་མེད། དེའི་རྒྱུ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་འདོད་པའི་བློ་ནི་བཏང་སྙོམས་ཚད་མེད། བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་འདོད་པ་བྱམས་པ་ཚད་མེད། བདེ་བ་རྒྱུ་འབྲས་གཉིས་དང་མི་འབྲལ་བར་འདོད་པ་དགའ་བ་ཚད་མེད་དེ། ཚད་མེད་སྔ་མ་གཉིས་ཀྱི་སྙིང་རྗེའི་མཐུས་མཁའ་ཁྱབ་ཀྱི་སེམས་ཅན་ལ་དམིགས་པ་དང་། ཕྱི་མ་གཉིས་ཀྱི་འཇོག་ཚུལ་ནི་བླ་ན་མེད་པའི་བདེ་བ་འོད་གསལ་ཆོས་སྐུ་ཐོབ་འདོད་ཀྱི་བྱམས་པ་ཚད་མེད། དེ་དང་མི་འབྲལ་བར་འདོད་པ་དགའ་བ་ཚད་མེད་གཉིས་ནི་ཤེས་རབ་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་པ་སྟེ། དེ་ལྟ་བུའི་ཚད་མེད་རྣམ་པ་བཞི་ཡིས་བློ་ཡང་ཡང་སྦྱངས་པའི་མཐར། དེའི་ངང་ནས་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཅི་ནས་ཀྱང་ཐོབ་ངེས་པ་ཞིག་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉིད་ཀྱིས་མཚོན་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབས་ནས་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་པར་བྱའོ་སྙམ་པ་འཇུག་པ་སེམས་བསྐྱེད་དོ། །སྤྲོ་ན་བར་འདིར་བདག་གཞན་མཉམ་བརྗེའི་བློ་སྦྱོང་དང་། ཁྱད་པར་དབུགས་འགྲོ་འོང་དང་བསྟུན་ཏེ་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་ཉམས་སུ་བླང་ཞིང་། བདག་མེད་རྣམ་གཉིས་ཀྱི་ངེས་པས་དྲངས་པའི་ཞི་ལྷག་ཟུང་འཇུག་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱང་ཅི་རིགས་སུ་བསྒོམ་པ་ཤིན་ཏུ་གལ་ཆེ་སྟེ། ཇོ་བོ་རྗེའི་རྣམ་ཐར་ལས། བོད་དུ་བྱོན་ནས་དགེ་བཤེས་སྟོན་པ་ལ་སོགས་པ་ལ་སེམས་བཟང་པོ་གྱིས། བྱང་ཆུབ་ཀྱི་སེམས་མེད་ན་ཆོས་མང་པོ་མཉན་པ་དང་། བལྟ་བ་དང་། བསམ་པ་དང་། བསྒོམ་པ་དང་། བསྐྱེད་རིམ་དང་། རྫོགས་རིམ་དང་། དབུ་མའི་ལྟ་བ་བསྒོམ་པ་དང་། བཟླས་བརྗོད་ལ་སོགས་པ་གང་བྱས་ཀྱང་ཕན་མེད། བྱང་ཆུབ་ཀྱི་སེམས་ཀྱིས་མ་ཟིན་པའི་དགེ་སྦྱོར་དང་། བྱང་ཆུབ་ཀྱི་སེམས་ལ་གནོད་པའི་དགེ་སྦྱོར་ཐམས་ཅད་བདུད་ཀྱི་ལས་ཡིན་ཞེས་གསུངས། མཐར་བདག་དང་སེམས་ཅན་ཐམས་ཅད་སྐྱབས་ཡུལ་རྣམས་ལ་ཐིམ། དེ་རྣམས་ཀྱང་དབུས་ཀྱི་བླ་མ་ལ་ཐིམ། དེ་ཡང་ཆོས་སྐུ་སྤྲོས་བྲལ་གདོད་མའི་དབྱིངས་སུ་བསྟིམས་ནས་མཉམ་པར་བཞག་གོ་གསུངས། ཡང་ན། ཐུན་མཐར་ཚོགས་ཞིང་རྣམས་མཐའ་ནས་རིམ་བཞིན་འོད་དུ་ཞུ་ནས་དབུས་ཀྱི་བླ་མ་ལ་ཐིམ། དེ་ཡང་འོད་དུ་ཞུ་སྟེ་རང་གི་སྤྱི་བོ་ནས་ཐིམ་པས་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་ལྷང་གིས་སྐྱེས་པར་བསམ་ཞིང་དགེ་བ་བསྔོ། སྨོན་པའི་བསླབ་བྱ་བདག་གཞན་མཉམ་པ་བརྗེ་བ་བདག་བས་གཞན་གཅེས་རྣམས་བསྒོམ་པ་དང་། འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ། །

གསུམ་པ་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རྡོ་རྗེ་སེམས་དཔས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་ཐུགས་བསྐྱེད་པའི་ཚེ། མ་འོངས་པ་ན་བདག་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སེམས་ཅན་གང་མཚམས་མེད་པ་ལྔ་དང་། དམ་ཚིག་གི་སྒྲིབ་པ་ཅན་རྣམས་ཀྱིས་ང་ཡི་མིང་ཐོས་པ། བདག་ཡིད་ལ་བྱེད་པ་དང་། གསང་སྔགས་ཀྱི་རྒྱལ་པོ་ཡི་གེ་བརྒྱ་པ་བཟླས་པ་ཙམ་གྱིས་དེའི་སྡིག་ལྟུང་ལྷག་མེད་དུ་བྱང་ཞིང་དག་པར་གྱུར་ཅིག །དེ་ལྟར་མ་གྱུར་གྱི་བར་དུ་བདག་འཚང་མི་རྒྱ་བར་ཤོག་ཅིག་ཅེས་པ་དང་། དམ་ཚིག་ཉམས་ཆགས་ཅན་རྣམས་ཀྱི་མདུན་དུ་བདག་གནས་ནས་སྒྲིབ་པ་ཐམས་ཅད་སྦྱོང་བར་ཤོག་ཅིག་ཅེས་པའི་སྨོན་ལམ་གྱི་མཐུ་ཡོངས་སུ་གྲུབ་པས་ཐུགས་བསྐྱེད་གཞན་དང་མི་འདྲ་ཞིང་། ལྷག་པའི་ལྷ་རིགས་བརྒྱ་རིགས་ལྔ་སོགས་གཅིག་ཏུ་འདུས་པའི་རང་བཞིན་རིགས་བརྒྱའི་ཁྱབ་བདག་གསང་ཆེན་རིགས་གཅིག་རྡོ་རྗེ་སེམས་དཔའ་ཡིན་པས་ལྷ་གཞན་དང་མི་འདྲ་བ་དང་། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་བཤགས་པའི་ཐབས་འབད་པ་བས། དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་དང་སྡུད་པའི་བྱེད་པོ་བླ་མ་དང་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པར་བསྒོམས་ནས་བཤགས་པ་བྱེད་ན་སྔ་མ་ལས་ཁྱད་པར་དུ་གྱུར་པ་ཡིན་གསུངས། དེ་ཡང་སྦྱང་བྱ་དང་སྦྱོང་བྱེད་གཉིས་ལས། སྦྱང་བྱ་སྒྲིབ་པ་བཞི་ནི། ལས་ཀྱི་སྒྲིབ་པ་རང་བཞིན་གྱི་སྡིག་པ་དང་བཅས་པའི་ལྟུང་བ་གཉིས། ཉོན་མོངས་པའི་སྒྲིབ་པ་ནི། མགོན་པོ་བྱམས་པས། སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཅེས་མི་མཐུན་ཕྱོགས་སེར་སྣ་དང་འཆལ་ཚུལ་ལ་སོགས་པའི་རྣམ་རྟོག་གང་ཡིན་པ་དེ་ནི་ཕར་ཕྱིན་ཡོངས་སུ་དག་པའི་གེགས་ཉོན་མོངས་པའི་སྒྲིབ་པ་ཡིན་པར་འདོད་དོ། །ཤེས་སྒྲིབ་ནི། མགོན་པོ་བྱམས་པས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་འཁོར་གསུམ་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ཕར་ཕྱིན་ཡོངས་སུ་རྫོགས་པའི་གེགས་ཤེས་བྱའི་སྒྲིབ་པ་ཡིན་པར་འདོད་དོ། །བག་ཆགས་ཀྱི་སྒྲིབ་པ་ནི། མདོ་ལྟར་ན་རྩི་སྣོད་ལྟར་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་བའི་གནས་སྐབས་དང་། སྔགས་ལྟར་ན་གཉེན་པོ་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས་བཅོམ་བྱའི་སྣང་གསུམ་འཕོ་བའི་བག་ཆགས་དེ་ཡིན་ནོ། །སྒྲིབ་པ་བཞི་པོ་དེས་གང་ལ་སྒྲིབ་ན། རང་བཞིན་གྱི་སྡིག་པས་གནས་སྐབས་མཐོ་རིས་ལ་བསྒྲིབ། བཅས་ལྟུང་གིས་གནས་སྐབས་མཐོ་རིས་དང་། མཐར་ཐུག་བྱང་ཆུབ་གསུམ་ལ་སྒྲིབ། ཉོན་སྒྲིབ་ཀྱིས་ཐར་པ་ལ་སྒྲིབ། ཤེས་སྒྲིབ་དང་བག་ཆགས་ཀྱི་སྒྲིབ་པ་གཉིས་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྒྲིབ་པའོ། །སྦྱོང་བྱེད་གཉེན་པོ་སྟོབས་བཞིའི་སྒོ་ནས་འདིར་སྒྲིབ་པ་ཇི་ལྟར་སྦྱོང་བའི་ཚུལ་ནི། ཨཱཿ བདག་ཉིད་ཐ་མལ་སོགས། ཨཱཿ ཆོས་ཉིད་སྐྱེ་བ་མེད་པའི་དོན་དྲན་པའི་ངང་ནས། བདག་ཉིད་ཐ་མལ་དུ་གནས་པའི་སྤྱི་བོ་རུ། པད་དཀར་འདབ་མ་བརྒྱད་པ་སྡོང་བུ་སོར་བཞི་ཙམ་ཚངས་བུག་ཏུ་ཟུག་པའི་ལྟེ་བར་ཟེའུ་འབྲུ་དམར་སེར་གྱི་ཚད་དང་མཉམ་པའི་ཟླ་དཀྱིལ་དཀར་བསིལ་ཉ་གང་བའི་གདན་གྱི་དབུས་སུ། དབྱིངས་རིག་དབྱེར་མེད་མཚོན་པའི་ཧཱུྃ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་འོད་ཟེར་འཕྲོ་ཞིང་། ཞི་འཛུམ་མཚན་དཔེའི་ཉམས་འགྱུར་ཡོངས་སུ་རྫོགས་པ་ལ། དར་དཀར་པོའི་སྟོད་གཡོགས། ཁ་དོག་སྣ་ཚོགས་པའི་སྨད་དཀྲིས། ཅོད་པན། ཟི་ལྡིར་ནི་དར་མཐིང་ཁྲའི་ཅོད་པན་ལྟག་པ་ནས་ཕྱིར་འཕྱང་པ། གར་གྱི་ཕུ་དུང་ནི་བྲིས་ཆ་རྙིང་པ་རྣམས་སུ་འབྱུང་བའི་སྟོད་གཡོགས་ལྟ་བུ་ལ་ཕུ་དུང་ཐུང་ངུ་ཡོད་པ་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རགས། རིན་པོ་ཆེའི་དོ་ཤལ་ལྟེ་འོག་ཡན་འཁོར་བ། སེ་མོ་དོ་ནི་ནུ་མའི་བར་སླེབ་པའི་དོ་ཤལ་ཐུང་བ་ཞེས་གསུངས། སྐད་གཉིས་ཤན་སྦྱར་ལས། དོ་ཤལ་ཏེ་མུ་ཏིག་སོགས་ཀྱི་རྒྱན་ཕྲེང་ལྟེ་འོག་སླེབ་པ། དོ་ཤལ་ཕྱེད་པ་སྟེ་སེ་མོ་དོ་ཞེས་པར་འབོད་པ་ནུ་མའི་བར་སླེབ་པ། རྐང་གདུབ་སྟེ་ལོང་ཚིགས་ཀྱི་རྒྱན་འཁོར་བའོ།། ཞེས་གསུངས་པ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་དོ། །དེ་ལྟར་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྐུ་ལ་སྤྲས་པ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་ནས་འཛིན་ཅིང་། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་བརྡར་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ། ཡུམ་སྙེམས་མ་དཀར་མོ་པད་དཀྱིལ་མཆན། ཕྱག་གཡས་སྐྱེ་ཤི་རྩད་ནས་གཅོད་པའི་གྲི་གུག་དང་། གཡོན་བདེ་ཆེན་སྦྱོར་བའི་བརྡར་ཐོད་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་འཛིན་པ་དང་མཉམ་པར་འཁྲིལ་བའི་སྐུ་ཅན་དུ་གསལ་བཏབ་ནས། ཁྱོད་ལ་སྐྱབས་སུ་གསོལ་ཞིང་སྡིག་པ་སྦྱོང་བར་མཛད་དུ་གསོལ་ཞེས་མོས་གུས་གདུང་ཤུགས་དྲག་པོས་བདག་གི་ཤེས་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཞིག་ཁྱེད་མཁྱེན་ནོ་སྙམ་པ་རྟེན་གྱི་སྟོབས། ༡ སྔར་བྱས་ཀྱི་སྡིག་པ་ལ་སྙིང་ནས་འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས་སོ་སྙམ་པ་རྣམ་པར་སུན་འབྱིན་པའི་སྟོབས། ༢ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པའི་ལས་མི་བྱེད་སྙམ་པ་ཉེས་བྱས་སྡོམ་པའི་སྟོབས། ༣ སྔར་བྱས་ཀྱི་གཉེན་པོར་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གཉིས་སུ་མེད་པ་ཁྱོད་ཀྱི་ཐུགས་ཀར་ཟླ་བ་ཉ་གང་བ་རྒྱས་པའི་སྟེང་དུ། ཧཱུྃ་ཡིག་གི་མཐའ་མར་ཡིག་བརྒྱའི་སྔགས་ཕྲེང་དཀར་པོ་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་གཡས་བསྐོར་དུ་གསལ་ལ། ཅུང་ཟད་བཟླས་པས་སྔགས་ཀྱི་ཐུགས་རྒྱུད་བསྐུལ་བས་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་བདེ་ཆེན་གྱི་བདུད་རྩི་དཀར་པོ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པ་བབས། ཡབ་ཡུམ་གྱི་སྐུ་ཡི་དབྱིབས་བརྒྱུད་དེ་བདེ་ལ་རོལ་བའི་སྦྱོར་མཚམས་ནས་བྱུང་། པདྨའི་སྡོང་བུ་ལ་འཁྲི་བའི་ཚུལ་གྱིས་བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ་ག་བུར་གྱི་རྡུལ་ལྟར་འཛག་ཅིང་རང་གི་ཚངས་བུག་ནས་ཞུགས་པ་དེ་ཡིས། ཤ་འུད་ཆེན་པོའི་སྣ་ལ་སྦུར་མི་ཆགས་པ་ལྟར་བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་མི་དགེ་བའི་ལས་དང་ཉོན་མོངས་པ་སྡུག་བསྔལ་གྱི་རྒྱུ་དང་། དེ་དག་གི་འབྲས་བུ་ནད་ཐམས་ཅད་རྣག་ཁྲག་དང་། གདོན་ཐམས་ཅད་སྲོག་ཆགས། སྡིག་སྒྲིབ་ཉེས་ལྟུང་དམ་གྲིབ་མ་ལུས་པ་དུད་སོལ་ཁུ་རླངས་ཀྱི་རྣམ་པས་བ་སྤུའི་བུ་ག་དང་འོག་སྒོ་གཉིས་ནས་འཐོན། ས་རིམ་པ་དགུའི་འོག་ཏུ་འཆི་བདག་གླང་དམར་པོའི་རྣམ་པར་གནས་པའི་ཁ་གདངས་པ་ནས་ཞུགས། ལྟོ་བར་ཚུད་པས་མི་མཐུན་པའི་ཕྱོགས་དེ་ཐམས་ཅད་བྱང་བར་མཛད་དུ་གསོལ་བསམ་ལ། ཡི་གེ་བརྒྱ་པ་རབ་ཅི་ནུས། འབྲིང་བརྒྱ་རྩ། ཐ་མའང་ཉེར་གཅིག་ལ་ཉུང་མཐའ་བྱས་པ་བཟླ་བ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་༤ སོ། །དེ་ནས་མཐར་ཐུན་འཇོག་ཁར། འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པ་ཐམས་ཅད་ངོམས་ཤིང་ཚིམས། ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང་། སྡིག་སྒྲིབ་དག །གཤིན་རྗེའི་ཁ་ལག་སྦར་གསུམ་ཡང་ཟུམ། ས་གས་པ་ཡང་སོས་ཏེ་དུས་མིན་གྱི་འཆི་བ་བསླུས་པར་བསམ། དེ་ལྟར་སྟོབས་བཞིའི་གནད་དང་ལྡན་པས་ཉམས་སུ་བླངས་པའི་མཐར། འཁོར་ལོ་བཞིའི་གནས་རྣམས་ཀྱང་བདུད་རྩིས་སྐྱ་མེར་གྱིས་ཁེངས་པས་སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག །བདེ་སྟོང་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པས་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ། མཇུག་བཤགས་སྡོམ་བྱ་བ་ནི། སླར་ཡང་མོས་གུས་གདུང་ཤུགས་དྲག་པོས། མགོན་པོ་བདག་ནི་སོགས། སྐྱབས་གསོལ་གྱི་ཚིག་བརྗོད་པ་དང་། རང་རྒྱུད་ཀྱི་སྡིག་ལྟུང་དག་པ་ལ་རྡོ་རྗེ་སེམས་དཔའ་ཐུགས་དགྱེས་པས་ཞལ་འཛུམ་མདངས་སུ་བཞད་ཅིང་། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུང་གིས་དངོས་སུ་གནང་བ་བྱིན་པ་དང་ཆབས་གཅིག་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས། རང་ཉིད་ཀྱང་སྐད་ཅིག་གིས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་སོགས་མ་འདྲེས་ཤིང་ཡོངས་སུ་རྫོགས་པ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་བའི་ཐུགས་ཀར་ཟླ་དཀྱིལ་གྱི་དབུས་སུ་ཐུགས་སྲོག་ཧཱུཾ། ཕྱོགས་བཞིར་ༀ་བཛྲ་ས་ཏྭའི་སྔགས་ཀྱི་ཡིག་འབྲུ་རྣམས་གསལ་བ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། འཕགས་པ་མཆོད། བྱིན་རླབས་དང་དངོས་གྲུབ། འདིར་ཞབས་དྲུང་རིན་པོ་ཆེས། བླ་མ་ཉག་བླ་ལ་ཡིག་འབྲུ་དང་འོད་ཟེར་དཀར་པོར་གསལ་ཀྱང་རུང་གསུངས། མཆན། ཐམས་ཅད་ཚུར་འདུས་རང་ལ་ཐིམ། སླར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཕྱི་སྣོད་ཀྱི་འཇིག་རྟེན་འོག་མིན་མངོན་པར་དགའ་བའི་ཞིང་དང་། ནང་བཅུད་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྡོར་སེམས་རིགས་ལྔའི་གོ་འཕང་ལ་བཀོད། དེ་ཐམས་ཅད་དང་རང་ཉིད་ལྷན་ཅིག་པས་བཟླས་པར་བསམ་ལ་ཞེས་གསུངས། ཕྱག་རྡོར་དྲག་པོ་གསུམ་འདུལ་གྱི་རྒྱུད་ལས། ༀ་བཛྲ་ས་ཏྭ་ཧཱུཾ། ཞེས་པ་འབུམ་ཕྲག་གཅིག་བརྗོད་ན། རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་གསུངས་པས། ཡང་སྙིང་ཅི་ནུས་སུ་བཟླ་བ་ནི་ཁྱད་པར་བསྐྱེད་རིམ་ལ་བརྟེན་པའི་སྒྲིབ་སྦྱོང་དང་། མཐར་ཐུག་ལྷ་སྔགས་ཀྱི་སྤྲོས་པ་འོད་གསལ་གཉུག་མའི་ངང་དུ་བསྡུས་ཏེ། སྦྱང་བྱ་སྦྱོང་བྱེད་ཀྱི་རྟོག་ཚོགས་ཐམས་ཅད་གཟོད་མ་ནས་རང་བཞིན་གྱིས་མ་གྲུབ་པའི་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་ཞིང་མཉམ་པར་འཇོག་པ་ནི་དོན་དམ་རྫོགས་རིམ་ལ་བརྟེན་པའི་སྒྲིབ་པ་སྦྱོང་ཚུལ་བླ་ན་མེད་པའོ། །ཞེས་གསུངས། ཇི་སྐད་དུ། ཨཱཿ ཡིག་སྐྱེ་བ་མེད་པའི་ཆོས་ཉིད་དོན། །གཞི་ལམ་འབྲས་བུ་དབྱེར་མེད་བྱང་ཆུབ་སེམས། །སྦྱང་བྱ་སྦྱོང་བྱེད་ལས་འདས་རྫོགས་པ་ཆེར། །རྣམ་གྲོལ་རིག་སྟོང་སོར་བཞག་བཤགས་པའི་རྒྱལ། །ཞེས་གསུངས་སོ། ། བཞི་པ་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ནི། ༀ་ཨཱཿཧཱུྃ། སྟོང་གསུམ་འཇིག་རྟེན་སོགས། །མདུན་གྱི་ནམ་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་སྟེ་རིན་པོ་ཆེ་ལ་སོགས་པའི་མཎྜལ་བྱི་དོར་བྱས་ལ། དྲི་བཟང་དང་བ་བྱུང་གི་ཆུས་བྱུག་པར་མེ་ཏོག་གི་ཚོམ་བུ་རང་རང་གི་གཞུང་ལྟར་བཀོད་པ་དམིགས་རྟེན་ཏུ་བྱ། རྒྱུན་དུ་མ་གྲུབ་ན་དམིགས་པས་ཀྱང་རུང་སྟེ། གང་ལྟར་ཡང་། ཐུན་མོང་སྤྲུལ་སྐུའི་མཎྜལ་གླིང་བཞི་རི་རབ་ལྷ་གནས་དང་བཅས་པའི་སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ན། རྒྱལ་སྲིད་རིན་ཆེན་སྣ་བདུན་ལ་སོགས་པ་ལྷ་མིའི་ཡོ་བྱད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པས་ཡོངས་སུ་གཏམས་ཤིང་གང་བ་དང་། བྱེ་བྲག་ཏུ་བདག་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ལྟོས་མེད་དུ་ཡོངས་སུ་འབུལ་གྱིས། དམ་པ་ཆོས་ཀྱི་འཁོར་ལོས་འགྲོ་བ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བསྒྱུར་བའི་རྒྱལ་སྲིད་དམ་པ་སྤྲུལ་པའི་སྐུ་ཐོབ་པར་ཤོག་ཅིག་སྙམ་པའོ། །དེའི་སྟེང་གི་ནམ་མཁར་ཐུན་མིན་ལོངས་སྐུའི་མཎྜལ་འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་ན། ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུའི་རྣམ་པ་ཅན་ལ། སྒེག་སོགས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པ་ཐོགས་པ་ཕུལ་བས་ལྷུན་གྲུབ་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག་ཅིག་སྙམ་པའོ། །དེའི་སྟེང་གི་དབྱིངས་ལ་ཁྱད་པར་ཆོས་སྐུའི་མཎྜལ་གནས་ལུགས་རང་བྱུང་གི་ཡེ་ཤེས་དེ་ཉིད་སེམས་ཀྱི་ཆོས་ཉིད་དུ་གདོད་ནས་གཞོན་ནུ་བུམ་སྐུའི་ཚུལ་དུ་བཞུགས་པ་ཡིན་ལ། དེ་ལྟར་སྣང་སྲིད་རྣམ་པར་དག་པ་གཞོན་ནུ་བུམ་པའི་སྐུའི་གཞི་ལ། ཐུགས་རྗེ་མ་འགགས་འོད་གསལ་གྱི་སྣང་ཆ་ཆོས་ཉིད་རོལ་བའི་རྒྱན་དུ་ཤར་བའི་སྐུ་དང་ཐིག་ལེའི་འཛིན་པ་རྣམ་པར་དག་པའི་ཞིང་སྐུ་ཕོ་བྲང་གསུམ་གྱི་སྣང་ཆ་ཚོམ་བུའི་ཚུལ་དུ་ཕུལ་བས་ཀུན་བཟང་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག་ཅིག་སྙམ་པའོ། །བསྡུ་ན། ས་གཞི་སྤོས་ཆུས་སོགས། མཎྜལ་ཚོམ་བུ་བདུན་མ་འདི་ཉིད་སྤྲུལ་སྐུའི་མཎྜལ་ཡིན་ཀྱང་། སྤྲུལ་སྐུ་སྐུ་གསུམ་གྱི་བདག་ཉིད་ཡིན་པས་སྐུ་གསུམ་གྱི་མཎྜལ་དུ་དམིགས་ཀྱང་རུང་མོད་གསུངས་པས་འདི་ཁོ་ན་ཕུལ་ཡང་ཆོག་གསུངས། གཞན་ཡང་། བཞེད་སྲོལ་འགའ་ན། མི་མཇེད་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་དང་། ནང་རང་ལུས་ཀྱི་མཎྜལ་པགས་པ་དབང་ཆེན་གསེར་གྱི་ས་གཞི། ཁྲག་དྲི་བཟང་གི་ཆག་ཆག །ཡན་ལག་བཞི་གླིང་བཞི། ཉིང་ལག་རྣམས་གླིང་ཕྲན། མིག་གཉིས་ཉི་ཟླ། དབང་ཡུལ་གཞན་རྣམས་མཆོད་པའི་ལྷ་མོ་རྣམས་སུ་མོས་ནས་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བ་དང་། གསང་བ་ཆོས་སྐུའི་མཎྜལ་ཀ་དག་གདོད་མའི་གཞི་ལ་ལྷུན་གྲུབ་སྣང་བ་བཞི་པོ་ཚོམ་བུའི་ཚུལ་དུ་བཀོད་དེ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ་སོགས། དེ་ལྟར་སྔ་འགྱུར་རང་ལུགས་ཀྱི་མཎྜལ་བཀའ་གཏེར་རང་རང་གི་གཞུང་ན་གསལ་བས་དེར་བལྟ་བར་བྱའོ། །ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་གསུང་ཚོམ་བུ་སོ་བདུན་མ་ཡོངས་གྲགས་ལྟར་དང་། ཡོ་གའི་རྒྱུད་ཀྱི་དགོངས་པ་སློབ་དཔོན་སངས་རྒྱས་གསང་བའི་བཞེད་པ་ནི། ཚོམ་བུ་བཅུ་གསུམ་མ་སྟེ། རི་རབ་གླིང་བཞི་གླིང་ཕྲན་བཅས་བསྡོམས་པའོ། །སློབ་དཔོན་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བའི་བཞེད་པ་ནི། གླིང་བཞི་གླིང་ཕྲན་རི་རབ་དང་བཅས་པའི་སྟེང་དུ་ཉི་ཟླ་གདུགས་རྒྱལ་མཚན་བཞི་བསྣན་པས་ཚོམ་བུ་བཅུ་བདུན་པའོ། །སློབ་དཔོན་འཇམ་དཔལ་གྲགས་པའི་བཞེད་པ་ནི། རི་གླིང་གླིང་ཕྲན་བཅས་ཀྱི་སྟེང་དུ་རྒྱལ་སྲིད་བདུན། གཏེར་བུམ། ཉི་ཟླ་བཅས་བསྣན་པས་ཚོམ་བུ་ཉེར་གསུམ་པའོ། །དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་པ་ནི། ཚོམ་བུ་ཉེར་གསུམ་པ་དེ་གའི་སྟེང་དུ་སྒྲ་གཅན་དང་དུས་མེ་གཉིས་བསྣན་པས་ཚོམ་བུ་ཉེར་ལྔ་པའོ། །ཚོམ་བུ་བཅུ་གསུམ་པར་ཉི་ཟླའི་ཚོམ་བུ་དོར། བཅུ་བདུན་པར་ལྷོ་བྱང་དུ་གདུགས་དང་རྒྱལ་མཚན། ཉེར་གསུམ་པར་ཕྱོགས་མཚམས་བརྒྱད་དུ་རྒྱལ་སྲིད་བདུན་དང་གཏེར་བུམ། ཤར་ནུབ་ཏུ་ཉི་ཟླ། ཉེར་ལྔ་པར་ལྷོ་བྱང་དུ་སྒྲ་གཅན་དང་དུས་མེ་འགོད་པར་བྱའོ། །ཞེས་གསུངས་སོ། ། ལྔ་པ་བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་སཱ་ལུའི་ཚོགས་གསོག་ལ། དེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ། སྔགས་དང་རྗེས་སུ་མཐུན་པའི་མདོ་སྔགས་དགོངས་པ་ཟུང་འབྲེལ། དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་བ། འཁོར་བར་འཆིང་བྱེད་ཀྱི་བདུད་བཞི་པོ་སེམས་ཀྱི་སྙེམ་རྟོག་ངར་འཛིན་ཁོ་ནའི་སྟེང་དུ་གཅོད་པར་བྱེད་པ་ཡིན་ལ། སྤྱིར་བཀའ་སྲོལ་འདིའི་རང་སྐད་དུ། ཟུང་བཞི་ཡ་བརྒྱད་ཀྱིས་ཁོག་ཕུབ། མཚོན་པ་དཔེ་དྲུག་གིས་ཆེ་བ་བརྗོད། ཅེས་གསུངས་ཏེ། དང་པོ་ནི། ཞུ་བ་པོའི་གང་ཟག་གིས་དབྱེ་ན་ཕོ་བརྒྱུད་མོ་བརྒྱུད་གཉིས། ངོ་བོས་དབྱེ་ན་གཞུང་ཁྲིགས་ཅན་དང་ཁ་འཐོར་གཉིས། ཡོངས་ལ་གྲགས་ཚུལ་གྱིས་དབྱེ་ན་སྔ་དར་ཕྱི་དར་གཉིས། བྱོན་ཚུལ་གྱིས་དབྱེ་ན་བཀའ་མ་གཏེར་མ་གཉིས་ཏེ་ཟུང་བཞི་ལ་ཡ་བརྒྱད་དུ་བྱུང་ངོ་། མཚོན་པ་དཔེ་དྲུག་ནི། གཅོད་འདི་གངས་དཀར་དང་འདྲ་སྟེ་གངས་ལ་ཁ་བ་བབས་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན་དུ། གཅོད་མཁན་རྣལ་འབྱོར་པ་ལ་ཐོས་པའི་ཤེས་རབ་ཡོད་ཀྱང་ལེགས་ལ་མེད་ཀྱང་ཆོག་པའོ། །སེང་གེ་དང་འདྲ་སྟེ་དེས་མང་པོ་ཟིལ་གྱིས་གནོན་ལ་གཅིག་པུར་ཉམ་ང་མེད་པ་བཞིན། གཅོད་བྱེད་པ་མང་པོ་དང་འགྲོགས་ཀྱང་ཆོག་ལ་གཅིག་པུར་འགྲིམས་ཀྱང་ཆོག་པའོ། །རྔ་བོ་ཆེའི་སྐད་དང་འདྲ་སྟེ་རྔ་ཆེན་ལ་རོལ་མོ་གཞན་གྱི་སྒྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་བཞིན་འདི་ལ་དགེ་སྦྱོར་གྱི་གྲོགས་གཞན་ཡོད་མེད་ཀྱང་ཁྱད་མེད་པའོ། །དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚོད་དང་འཚམས་པར་འབྱུང་བ་བཞིན་ལུགས་འདིར་གང་ཟག་གི་བློ་ཚོད་དང་འཚམས་པར་བསླབ་ཏུ་ཡོད་པའོ། །གསེར་གཡུ་ཆག་པའི་དུམ་བུ་དང་འདྲ་སྟེ་ཆེ་ན་རིན་ཐང་ཆེ་ལ་ཆུང་ནའང་དེ་དང་འཚམས་པའི་རིན་ཐང་ཡོད་པ་བཞིན་གཅོད་སྐོར་རྒྱ་ཆེར་ཤེས་ན་ཡོན་ཏན་དཔག་ཏུ་མེད་ལ་ཅུང་ཟད་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོགས་པའོ། །རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ཁྱད་པར་མེད་པ་བཞིན། གཅོད་ཡུལ་མཐར་ཕྱིན་པའི་གང་ཟག་དེ་མཆོག་དམན་གང་ཡིན་ཀྱང་གཞན་ལས་བྱིན་རླབས་ཆེ་བར་གསུངས་སོ། །གཅོད་ཡུལ་གྱི་རྣམ་བཞག་མདོར་བསྡུས་ལས། གཅོད་ཡུལ། གཅོད་བྱ། གཅོད་བྱེད། ཇི་ལྟར་གཅོད་ཚུལ་བཞི། དང་པོ་ནི། ཇི་ལྟར་ཤིང་གཅོད་པ་ན་གཅོད་ཅིང་འགྱེལ་བའི་ཡུལ་ནི་ས་གཞི་ཡིན་པ་ལྟར། འཁྲི་བ་བཅད་ནས་ཞེན་མེད་དུ་གནས་པའི་ཡུལ་ནི་ཆོས་དབྱིངས་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ཡིན་ཏེ། དེ་ལ་གནས་པ་ནི་འཕགས་པའི་གནས་པ་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ཅན་ནོ། །དེའི་ངང་དུ་བདུད་བཞི་རྒྱུ་བ་མེད་པར་ནམ་མཁའ་ལྟར་མཉམ་པ་ལ་བདུད་བཞི་དབྱིངས་སུ་གཅོད་པའམ་གཅོད་ཡུལ་ཞེས་གསུངས་སོ། །གཅོད་བྱ་ནི་འཁྲི་བ་སྟེ། ཉ་ལྕགས་ཀྱུས་བཟུང་བ་བཞིན་དུ་བདུད་བཞི་དང་འབྲེལ་བའི་དྲྭ་བ་ལྟ་བུ་ཡིན་ནོ། །གཅོད་བྱེད་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ་རལ་གྲི་བཞིན་ནོ། །ཞེས་དང་། ཇི་ལྟར་གཅོད་ན་ཡུལ་བཞི་པོ་བདེན་པ་མེད་པར་མཐོང་བས་ཡུལ་ཅན་དེར་འཛིན་གྱི་ཞེན་པ་ཆོད་པས་ན་ཡུལ་ཡུལ་ཅན་གྱི་བར་ལག་འབྲེལ་བའི་འཁྲི་བ་ཆད་པའོ། །ཞེས་དང་། སེམས་ཅན་ཐམས་ཅད་ལ་བར་དུ་གཅོད་ཅིང་མི་འདོད་པ་སྐྱེད་པའི་རིགས་བསྡུ་ན་བཞིར་འདུ་བས་དེ་ཆོད་ན་བར་ཆོད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བས་ན་བདུད་བཞི་གཅོད་པ་ཡིན་ཏེ། མ་ཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་ནས། ཐོགས་བཅས་ཡུལ་གྱི་འཁྲི་བ་བཅད། །ཐོགས་མེད་ཡིད་ཀྱི་འཁྲི་བ་བཅད། །དགའ་སྤྲོ་ཞེན་པའི་འཁྲི་བ་བཅད། །སྙེམས་བྱེད་བདག་གི་འཁྲི་བ་བཅད། །ཅེས་གསུངས་པ་ལྟར། བདུད་ཀྱི་རྒྱར་འཆིང་ཞིང་ལྟུང་བ་ནི་རྣམ་པར་རྟོག་པའི་འཁྲི་བ་བཙན་པོའི་སྟོབས་ཀྱིས་ཡིན་པས་ན་དེ་གཅོད་དགོས་སོ། །དེ་གང་ལ་འཁྲི་ན་སེམས་ཉིད་ཀྱི་ངང་དུ་རྣམ་པར་རྟོག་པའི་སེམས་ལ་འཁྲི་སྟེ། དོན་དམ་པར་སེམས་ཉིད་ལ་འཁྲི་ཞིང་བཅིང་བ་མེད་ཀྱང་རྣམ་པར་རྟོག་པའི་དབང་གིས་འཁྲི་བ་ལྟར་སྣང་བ་ནི། མཁའ་ལ་སྤྲིན་འཁྲིགས་པ་ལྟར་མི་རྟོག་པའི་རང་ཞལ་བསྒྲིབ་ཅིང་། ཇི་བཞིན་མཐོང་བ་ལ་བར་དུ་བཅད་པའམ་འཁྲི་བ་ཞེས་བཤད་དོ། །གང་འཁྲི་ན་བདུད་བཞི་པོའོ། །ཇི་ལྟར་འཁྲི་ན། ཐོགས་བཅས་ཀྱི་རིགས་ནི་སེམས་དང་ཡུལ་འབྲེལ་བས་འཁྲི་སྟེ། དེ་ཡུལ་དུ་བྱས་པ་ལས་ཆགས་སྡང་དང་གནོད་འཇིགས་མང་པོ་སྐྱེ་བ་ཡིན་པས་སོ། །ཐོགས་མེད་ནི་ཡིད་ཀྱི་འཁྲི་བ་སྟེ་ཡིད་ལ་ལམ་གྱིས་ཤར་བ་ཙམ་པོ་དེ་ཡལ་བར་མ་དོར་བར་ཆེས་ཆེར་འཛིན་པའི་དབང་གིས་ཀུན་ཉོན་སྣ་ཚོགས་འཕེལ་བའོ། །དགའ་ཞིང་སྤྲོ་བའི་བདུད་ནི་ཞེན་པའི་འཁྲི་བ་སྟེ། གང་ཞེན་པ་དེ་ལ་དེས་འཆིང་བ་ཕག་ལ་མི་གཙང་བ་བཞིན་ནོ། །ངའོ་ཞེས་སོགས་སུ་སྙེམས་པའམ་བདག་ཏུ་རྟོག་པར་བྱེད་པའི་བདུད་ནི་བདག་བདག་ཅེས་འཛིན་པའི་ཡུལ་གྲུབ་གྲུབ་མོ་འདྲ་བ་དེའི་ཚུལ་གྱིས་འཁྲིའོ། །དེས་ན་གཟུང་འཛིན་གྱི་འཇུག་པ་དབྱིངས་སུ་མ་ནུབ་བར་དུ་ཐོགས་བཅས་ལ་སོགས་པའི་ཡུལ་དེ་དག་གི་སྣང་བ་ཙམ་མི་ཁེགས་ཀྱང་། སྣང་ཡང་མི་བདེན་ཞིང་བདེན་པར་བཟུང་ན་བདུད་ཀྱི་རྒྱར་འཆིང་བའི་ཚུལ་ཅན་དུ་ཤེས་ནས་དེར་འཛིན་པའམ་འཁྲི་བ་ཆོད་པ་ནི་ལམ་གྱི་གཅོད་དང་། མཐར་གོམས་པ་ཀློང་དུ་གྱུར་པ་ན་སྣང་ཞེན་ཐམས་ཅད་གྲོལ་ཏེ་ཆོས་སྐུ་ཆེན་པོར་རོ་མཉམ་པ་ནི་འབྲས་བུའོ། །དེ་ལྟ་ནའང་འཁྲི་བ་ཇི་ལྟར་གཅོད་སྙམ་ན། གང་འཁྲི་རྒྱུའི་ཡུལ་བཞི་པོ་དེ་ལ་དེར་འཛིན་གྱི་དབང་གིས་དེ་དག་ཡལ་བར་མ་དོར་བར་དང་དུ་བླང་བས་ན་འཁྲི་བ་བྱུང་བའི་ཕྱིར། ཡུལ་དེ་དག་རང་བཞིན་མེད་པར་ངེས་པའི་སྒོ་ནས་དེའི་རྗེས་སུ་མི་འབྲང་བར་ཕཊཿ ཅེས་བརྗོད་པས་ལིང་གིས་བསྐྱུར་ཏེ་རོ་མཉམ་ཆེན་པོར་གནས་པ་ནི་འཁྲི་བ་བཅད་པ་སྟེ། །དེ་ལྟར་འཁྲི་བ་ཆོད་པ་དེ་ལ་ཡུལ་བཞི་པོའི་གནོད་པ་རྒྱུ་བའི་གོ་སྐབས་མེད་དོ། །ཞེས་གསུངས། བདུད་བཞི་ལམ་དུ་འཁྱེར་ཚུལ་ནི། མ་རི་ནའི་སྒྲ་ལས་བདུད་ཅེས་བྱ་སྟེ། མ་རྟོགས་བར་དུ་སྐྱོན་སྡུད་ལ། རྟོགས་ནས་ཡོན་ཏན་སྡུད་པར་བྱེད་པའོ། །གཅོད་པའི་དུས་ནི་ས་མ་ཐོབ་པའི་གང་ཟག་ཚོགས་ལམ་ལ་གནས་པ་རྣམས་ནི་འཇིག་རྟེན་པའི་ལམ་ཡིན་པས། དེའི་དུས་སུ་སེམས་ལ་དབང་མ་ཐོབ་པས་ནད་སོགས་མི་འདོད་བཞིན་དུ་འོང་བ་དང་། རྫུ་འཕྲུལ་དང་མངོན་ཤེས་མ་ཐོབ་པས་འབྱུང་བ་བཞི་ལ་ཐོགས་ཏེ། དེའི་དུས་སུ་ཐོགས་བཅས་ཀྱི་བདུད་ཆོད་པར་དཀའ་འོ། །ཐོགས་མེད་ཀྱི་བདུད་ནི་ས་མ་ཐོབ་ཀྱང་གཅོད་ཡུལ་གྱི་མན་ངག་དང་ལྡན་པས་ཚོགས་སྦྱོར་གྱི་དུས་སུ་གཅོད་ནུས་ལ། མཐོང་ལམ་འཇིག་རྟེན་ལས་འདས་པའི་ལམ་ཡིན་པས་ཐོགས་བཅས་ཀྱི་བདུད་འབྱུང་བ་བཞི་དང་། དུག་དང་མཚོན་ལ་སོགས་པ་གཅོད་པར་ནུས་སོ། །ལམ་དུ་འཁྱེར་ཤེས་ན་བདུད་མ་ཡིན་པར་བསྟན་པ་ནི། ཐོགས་མེད་ཀྱི་བདུད་དེ་གཅོད་ནུས་ཚེ་ཡོན་ཏན་གྱི་སྒོ་འབྱེད་པ་སྟེ། ནང་བདེ་སྡུག་རོ་སྙོམས། ཕྱི་རུ་འཁོར་འདས་རོ་སྙོམས་པར་འགྱུར་ཏེ་ཡོན་ཏན་གྱི་སྣ་འདྲེན་པའི་ཕྱིར་བདུད་མ་ཡིན་ནོ། །ཐོགས་བཅས་ཀྱི་བདུད་ལ་བརྟེན་ནས། ཉམས་ལེན་གྱི་དྲོད་ཐོབ། བརྟུལ་ཞུགས་ཀྱི་ངར་དང་བཅས། རྟོགས་པ་གདེངས་དང་ལྡན་པས། རྫུ་འཕྲུལ་འཆར་བའི་སྣ་འདྲེན། གཞན་དོན་འབྱུང་བའི་གྲོགས་བྱེད་པའི་ཕྱིར་བདུད་མ་ཡིན་ནོ། །སྙེམས་བྱེད་ཀྱི་བདུད་ནི། ནང་གི་ཉམས་ལེན་གྱི་གདེངས་ཐོབ། དགེ་སྦྱོར་གྱི་དྲོད་སྐྱེལ་ཉམས་ཀྱི་ནུས་པ་རྙེད་པ་དེ་ཡིན་ལ། སྙེམས་བྱེད་དེ་མེད་ན་གཅོད་ཀྱི་གདམས་ངག་དང་ཉམས་ལེན་མེད་པའི་ཕྱིར་རོ། །ལས་དང་པོ་བ་རྣམས་ཀྱིས་གཅོད་བྱེད་པའི་དུས་སུ་སྙེམས་དགོས་ཏེ། ཆོ་འཕྲུལ་བྱུང་བའི་དུས་སུ་སྟོང་ཉིད་ལྟ་བའི་ངང་དུ། གཏོང་ཕོད་ལིང་བསྐྱུར་དང་། ཉམས་ལེན་གྱི་ཞེ་གདེངས་དགོས་པས་དེ་ཁོ་ན་སྙེམས་ཡིན་ཏེ་བདུད་མ་ཡིན་ནོ། །དགའ་བྲོད་ཀྱི་བདུད་ནི། གཅོད་བྱེད་པའི་དུས་སུ་ན་ཚ་སོགས་འགལ་རྐྱེན་གྱི་བར་ཆད་བྱུང་ན་དགའ་བར་ལྟ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྐྱེན་དེ་ལ་བརྟེན་ནས་འགལ་རྐྱེན་དེས་ཚོགས་རྫོགས། སྒྲིབ་པ་འདག ལས་ངན་འཛད། དགེ་སྦྱོར་གྱི་བོགས་ཐོན། ལམ་གྱི་གེགས་སེལ། བདེ་སྡུག་རོ་སྙོམས་ལམ་དུ་ཁྱེར་བས་རྫོགས་པའི་བྱང་ཆུབ་འཐོབ་བོ་སྙམ་པ་དེ་ནི་དགའ་བྲོད་ཀྱི་བདུད་དོ། །གཅོད་ཀྱི་བརྗེད་ཐོ་ལས། སེམས་ཚོལ་གྱིས་གཞི་རྩ་ཆོད་པར་བྱས་ནས་རྣམ་པར་མི་རྟོག་པའི་དབྱིངས་ལ་ཤེས་པ་གཏད་དེ་དབྱིངས་རིག་བསྲེ་བ་ལ་སྦྱར་ན་མི་རྟོག་པའི་དབྱིངས་དེ་སྟོང་ཉིད་ཀྱི་རང་བཞིན་དུ་ཇེ་གསལ་ལ་འོང་བ་ཡིན་གྱི། གཞི་རྩ་མ་ཆོད་པར་ཡུམ་དོན་ངོ་འཕྲོད་ལུགས་མེད། དེ་ནས་དབྱིངས་རིག་བསྲེ་བ་དངོས་ལ། རིག་པ་ཕུང་པོའི་གཟེབ་ཀྱིས་བཏུམ་ནས་གཅེར་བུར་འབུད་མི་ཐུབ་པ་དེ། དམིགས་པས་རྟེན་དང་ཕྲལ་ཏེ་གཅེར་བུར་བཏོན་ནས་དབྱིངས་ལ་བསྲེ་བ་ནི། རིག་པ་རྟེན་མེད་དུ་ཕྱུང་ནས་དབྱིངས་རིག་བསྲེ་བ་ཞེས་པར་འགྱུར་ཏེ་གཅོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡིན་གསུངས། སེམས་ཀྱི་ཐིག་ལེ་མས་རིམ་ནས་སྤར་ཏེ་ལུས་སེམས་བྲལ་ལུགས་འདི་ལ་རིགས་དྲུག་གནས་སྦྱོང་ཡང་ཚང་ཞེས་འབྲུག་ཆེན་པས་གསུངས། དེ་ལྟར་དབྱིངས་རིག་བསྲེ་བ་ཚད་ལྡན་ཞིག་བྱུང་ན་དེའི་སྟེང་ནས་གཟན་སྐྱུར་བྱས་ན་ལུས་ལ་རང་ལུས་སུ་མི་འཛིན་པར་རྩྭ་དང་རྩིག་པ་ལྟ་བུའི་བློ་འཆར་བདེ་བས་གཅེས་འཛིན་གྱི་འཁྲི་བ་བཙན་ཐབས་སུ་གཅོད་པའི་མན་ངག་གི་རལ་གྲི་རྣོན་པོའོ། །དབྱིངས་རིག་བསྲེ་བ་བྱང་ཚེ་ལུས་སེམས་མ་ཕྲལ་བར་ཡུམ་དོན་བསྐྱང་ནའང་འདྲ་གསུངས། དེའང་ནམ་མཁའ་སྒོ་འབྱེད་དུས་དབྱིངས་རིག་བསྲེས་ཐོག་དེར་རྩེ་གཅིག་བཞག །དེ་ལ་མི་གནས་ན་གཟན་སྐྱུར་གྱིས་ཞེན་འཛིན་བཅད་དེ། དེ་ཀའི་ངང་ལ་ཡང་དབྱིངས་རིག་བསྲེ་སྟེ། འདིའི་དམིགས་རིམ་ཐམས་ཅད་ཡུམ་དོན་སྐྱོང་བའི་རྣམ་འགྱུར་དང་རྩལ་སྦྱོང་ཡིན་གསུངས། ཞེས་དང་། དེའང་འདིའི་དབྱིངས་རིག་བསྲེ་ཐད། ཤེས་པ་རྟེན་མེད་དུ་བཞག་པས་གློ་བུར་བའི་དམིགས་རྟེན་ཅན་གྱི་བློའི་སྤྲོས་པ་ཤས་ཇེ་ཆུང་ལ་རིམ་གྱིས་སོང་ནས། རྟེན་མེད་ཀྱི་ཤེས་རིག་གཉུག་མའི་ཆ་ཞིག་རྗེན་ལ་བུད་ཡོང་། དེ་ཀ་བཟོ་མེད་རང་བབས་སུ་བསྐྱང་བ་ལས་ལྷག་པ་ནི་རྫོགས་ཆེན་ཁྲེགས་ཆོད་ལ་ཡང་མ་མཐོང་ངོ་། །ཞེས་གསུངས། དེ་ཡང་ཚོགས་ཞིང་སྔར་གསལ་བཞིན་པའི་འོག་ཏུ་གནོད་བྱེད་ཀྱིས་གཙོས་པའི་རིགས་དྲུག་སེམས་ཅན་ཐམས་ཅད་སྐད་ཅིག་གིས་གསལ་བཏབ་ལ། ཕཊཿ ལུས་གཅེས་འཛིན་བོར་བས་ལྷ་བདུད་བཅོམ། །ཞེས་སོགས་བརྗོད་པ་དང་ཆབས་གཅིག་རང་ལུས་ལ་གཅེས་འཛིན་གྱི་ཞེན་པ་བོར་བས་ལྷའི་བུའི་བདུད་བཅོམ། རང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་སྲན་མ་ཙམ་པ་ཞིག་སྤྱི་བོ་ཚངས་པའི་སྒོ་ནས་ནམ་མཁའི་དབྱིངས་ལ་ཐོན་ཏེ་དབྱིངས་རིག་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་པས་འཆི་བདག་གི་བདུད་བཅོམ། དེ་ནས་སྐད་ཅིག་གིས་རང་རིག་ཡེ་ཤེས་ཀྱི་མཁའ་འགྲོ་ཁྲོས་མ་ནག་མོར་གྱུར་ཏེ་དར་དང་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ། སྤྱི་བོར་ཕག་ཞལ་གྱིས་མཚན་པའི་ཕྱག་གཡས་པ་ན་ཉོན་མོངས་པའི་བདུད་བཅོམ་པའི་མཚོན་བྱེད་གྲི་གུག་ནམ་མཁའ་ལ་འཕྱར་བས། གཟུགས་ཕུང་པོའི་བདུད་བཅོམ་པ་ཐོད་པ་སྨིན་མཚམས་ནས་བྲེགས་ཏེ། གཡོན་ལས་བྱེད་ཀྱི་ཚུལ་གྱིས་སྟོང་གསུམ་དང་མཉམ་པར་གྱུར་པའི་བྷནྡྷ་ཐོགས་པ་དེ་ཉིད། སྐུ་གསུམ་གྱི་མཚོན་བྱེད་མི་མགོའམ་ཐོད་པའི་སྒྱེད་པུ་རི་རབ་ཙམ་གསུམ་གྱི་ཁར་བཞག་པའི་ནང་དུ་སྟོང་གསུམ་གང་བའི་བམ་རོ་དེ་ཉིད་དུམ་བུར་བཅད་དེ་བླུགས། འོག་ནས་ཨ་ཐུང་ལས་ཡེ་ཤེས་ཀྱི་མེ་འབར་བ་དང་། སྟེང་ནས་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་གནས་པ་ལས་བདུད་རྩིའི་རྒྱུན་འཛག་སྟེ་ཞུ་ཞིང་ཁོལ། འབྲུ་གསུམ་གྱི་ནུས་པས་ༀ་བརྗོད་པས་མ་དག་པའི་དངོས་པོ་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པས་ཕྱིར་ཐོན་ཏེ་སྦྱངས། ཨཱཿས་དག་པ་ཡེ་ཤེས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པར་སྤེལ། ཧཱུྃ་གིས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་དགུའི་ལོངས་སྤྱོད་ཅིར་ཡང་འཆར་བའི་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་བསྒྱུར་བར་བསམ་ལ། འབྲུ་གསུམ་མང་དུ་བརྗོད། དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། ཡར་མཆོད་ཡུལ་དཀོན་མཆོག་སྲིད་ཞི་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་མཆོད་པས་ཐུགས་རྒྱུད་ཟག་མེད་ཀྱི་བདེ་བས་ཚིམ་སྟེ་ཐུགས་དམ་བསྐངས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བསམ། མར་རིགས་དྲུག་འཁོར་བའི་མགྲོན་ལ་དཀར་འགྱེད་དང་ཁྲ་འགྱེད་བྱས་པས་མཉེས་ནས་བུ་ལོན་དང་ལན་ཆགས་བྱང་བར་བསམ། ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཀྱི་ཚོགས་རྣམས་ལ་བྱིན་པས་སོ་སོའི་གང་འདོད་པའི་ཡོ་བྱད་དང་། ཤ་ཁྲག་རུས་པའི་ཕུང་པོར་གྱུར་ནས་ལོངས་སྤྱད་པས་ཚིམ། ལན་ཆགས་དང་བུ་ལོན་བྱང་། ནད་གདོན་དང་བར་ཆད་གདུག་སེམས་དབྱིངས་སུ་ཞི། རྐྱེན་ངན་གྲོགས་སུ་ཤར་བ་དང་། འཁོར་བའི་རྩ་བ་བདག་འཛིན་རྡུལ་དུ་བརླགས་ཤིང་ལུས་ཟག་མེད་འཇའ་ཚོན་གྱི་སྐུ་དང་། སེམས་རྟོག་མེད་ཆོས་ཀྱི་སྐུ་རུ་གནས་གྱུར། མཐར་མཆོད་བྱ་དང་མཆོད་ཡུལ་སོགས་ཀྱིས་མཚོན་གཟུང་འཛིན་གྱི་རྟོག་ཚོགས་མ་ལུས་པ་ཀུན་རང་བཞིན་གྱིས་མ་གྲུབ་པའི་སེམས་ཀྱི་གཤིས་ལུགས་འོད་གསལ་རྫོགས་པ་ཆེན་པོའི་དབྱིངས་སུ་སྦྱངས་ནས་འཁོར་གསུམ་གྱི་མཚན་མ་དང་བྲལ་བའི་མ་བཅོས་གཉུག་མའི་ཀློང་དུ་ཨཿ ཞེས་ངལ་གསོའོ། །དྲུག་པ་དངོས་གཞིའི་ཉམས་རྟོགས་ཀྱི་སྒོ་འབྱེད་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། རྣམ་བཤད་པདྨ་དཀར་པོ་ལས། དུས་གསུམ་རྒྱལ་བའི་སྤྱི་དཔལ་ཨོ་རྒྱན་ཆེན་པོ་དེ་ཉིད་རང་བྱུང་གདོད་མའི་ཆོས་ཀྱི་སྐུ་ཡེ་ནས་རྣམ་པར་གྲོལ་བ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པ་ཆོས་སྐུའི་དབྱིངས་ལས་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་ཅིང་། དེའི་རང་མདངས་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པའི་ཚུལ་དུ་ཤར་བ་ཉིད་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ལས་གཞན་པའི་ཡུལ་མིན། ཞེས་དང་། རང་ཅག་གི་གནས་འཛམ་བུའི་གླིང་འདིར་ཡང་སྐུ་གཅིག་མཚན་བརྒྱད་འཕྲུལ་མཚན་ཉི་ཤུ་སོགས་ཀྱི་བཀོད་པ་དང་། ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་མཛད་ལ། ད་ལྟ་རྔ་ཡབ་གླིང་དུ་དབུས་ན་ཟངས་མདོག་དཔལ་རི་པདྨ་འོད་སྟེང་འོག་བར་གསུམ་སྤྲུལ་པའི་བཀོད་པ་གསུམ་དང་། སྲིན་པོའི་གླིང་ཆེན་པོ་ཉེར་གཅིག་ཏུ་མཚན་དང་སྐུ་ཡི་རྣམ་འགྱུར་ཐ་དད་པའི་སྤྲུལ་པ་རེ་རེར་བཞུགས་པ་སོགས་ཀྱིས་མཚོན་ནས། མདོར་ན་ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་མཛད་པ་མཐའ་ཡས་ཤིང་། ཞེས་དང་། མ་འོངས་ཀླ་ཀློས་ཉེན་པའི་ཚེ། སྟག་ཤམ་གསང་ལུང་ལས། པད་འབྱུང་ང་ཉིད་དྲག་པོ་འཁོར་ལོ་ཅན། །རྗེ་འབངས་ཉེར་ལྔ་རིགས་ལྡན་དཔུང་དང་བཅས། །ཞེས་སོགས་ཀླ་ཀློ་མཐར་བྱེད་ཅིང་གསང་སྔགས་ཀྱི་བསྟན་པ་སྤེལ་བར་གསུངས། པདྨ་བཀའ་ཡི་ཐང་ཡིག་ལས་ལྷ་ལྕམ་ལ་གསུངས་པ། སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིདཿ གཉིས་མེད་པདྨ་ང་རུ་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་དང་། བླ་མ་དགོངས་འདུས་སྐུ་རྒྱུད་ཤེལ་གྱི་རི་བོ་ལས༔ དྲི་མེད་མཚོ་གླིང་གེ་སར་རྒྱས་པའི་སྟེང༔ མངལ་གྱིས་མ་གོས་པདྨ་བཛྲ་རྩལ༔ བདེ་བའི་རོ་འབྱིན་ལྷ་ལྕམ་མནྡཱ་ར༔ ཐབས་ཤེས་བདེ་སྟོང་གར་གྱི་དབང་ཕྱུག་མཆོག༔ རྒྱལ་བ་ཡོངས་ཀྱི་ཐུགས་བཅུད་འདུས་པ་སྟེ༔ དེ་ཡི་རྩལ་ལས་རྣམ་འཕྲུལ་དུ་མར་སྣང༔ ཞེས་དང་། བླ་མ་སྒྲུབ་པའི་གསང་ཐེམ་གནད་ཡིག་ལས༔ ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་སངས་རྒྱས་ཐམས་ཅད་མཐོང ༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་དང་། གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྙིང་ཐིག་ཚིག་བདུན་པའི་གསོལ་འདེབས་ལས། གཞན་ཡང་སྐྱབས་གྱུར་རེ་ས་རྣམས༔ ཨོ་རྒྱན་བདག་ལ་རྫོགས་པར་སོམས༔ ཞེས་གསུངས། སྐྱབས་ཡུལ་གསལ་གདབ་པ་ནི། ཨེ་མ་ཧོ། རང་སྣང་ལྷུན་གྲུབ༴ སོགས་བརྗོད་པ་དང་ཆབས་གཅིག །འདི་ལྟར་ནམ་མཁས་གར་ཁྱབ་ཐམས་ཅད་རང་གི་སྣང་བས་ཁྱབ་ཚད་ཀྱི་ཞིང་ཁམས་ཐམས་ཅད་ལ་ཐ་མལ་གྱི་འཛིན་སྟངས་དབྱིངས་སུ་ཐིམ་པ་ལས་རང་བྱུང་ལྷུན་གྲུབ་ཏུ་ཤར་བའི་དག་པ་རབ་འབྱམས་ཀྱི་ཞིང་། དབྱིབས་དང་རྒྱན་དང་། བཀོད་པ་རབ་ཏུ་རྫོགས་པ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ་སྟེང་འོག་བར་གསུམ་སྤྲུལ་པའི་དབུས་སུ། རང་ཉིད་གཞི་ལུས་ཀྱི་དངོས་པོ་དེ་ཉིད་དཔལ་རིའི་ཞིང་གི་གཙོ་མོ་མཚོ་རྒྱལ་ཡིན་པས་རང་ཉིད་དེར་བྱིན་གྱིས་རློབས་ན་གུ་རུའི་ཐུགས་རྒྱུད་བསྐུལ་བ་དང་། པདྨ་འོད་ཀྱི་ཞིང་ལ་དབང་སྒྱུར་བའི་རྟེན་འབྲེལ་གྱི་གནད་ཆེ་བས་ངོ་བོ་མཚོ་རྒྱལ་ལ། རྣམ་པ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་གསལ་གཡས་གྲི་གུག་དང་། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་ཅིང་། གྲུ་མོ་གཡོན་ན་ཁ་ཊྭཱཾ་ག་འཆང་བ། པད་ཉི་བམ་རོའི་གདན་ལ་ཞབས་གཡས་བརྐྱང་ཞིང་། གཡོན་ཅུང་ཟད་བསྐུམ་པའི་ཞབས་གཉིས་དོར་སྟབས་ཀྱིས་བཞུགས་པ། སྐུ་གཅེར་མོ་དར་དང་རུས་པའི་རྒྱན་གྱིས་བརྒྱན་ཅིང་མེ་ཏོག་གི་ཆུན་འཕྱང་ཅན་ནོ། །མཚན་མའི་རྟོག་པའི་སྒྲིབ་གཡོག་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཆོས་དབྱིངས་མཚོན་བྱེད་རུས་པའི་འཁོར་ལོ། མགུལ་རྒྱན་མཉམ་ཉིད། རྣ་ཆ་སོར་རྟོག གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པའོ། །དེ་ལྟར་གསལ་ཞིང་མོས་གུས་ཀྱི་སྤྱན་གསུམ་མདུན་གྱི་ནམ་མཁར་བཞུགས་པའི་བླ་མའི་ཐུགས་ཀར་རིངས་པའི་ཚུལ་གྱིས་གཟིགས་པའི་སྤྱི་བོའི་ཐད་ཀར། མདུན་གྱི་ནམ་མཁའི་གནས་སུ་སྣ་ཚོགས་པདྨ་འབུམ་བརྡལ། དེའི་ཟེའུ་འབྲུ་དང་ཚད་མཉམ་པའི་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ་དེ་ཉིད་ཀྱི་སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན་པ་གཞོན་ནུ་ལོ་བརྒྱད་ལོན་པའི་ཤ་ཚུགས་ཅན། སྤྱན་གཉིས་ལྟ་སྟངས་ཧྲིག་གེར་གཟིགས་པ། སྐུ་ལ་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ་དང་། དེའི་སྟེང་དུ་རིམ་པར་འདུང་མ་དམར་པོ་དང་། བླ་གོས་བཙག་ཁ། སྣམ་སྦྱར་ངུར་སྨྲིག་གསེར་གྱི་མེ་ཏོག་གི་རི་མོས་སྤྲས་པ་དང་། ཟ་འོག་གི་བེར་དམར་སྨུག་རྣམས་བརྩེགས་མར་གསོལ་བ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་བའི་ཚུལ་དང་། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལའི་དབུས་སུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཚེའི་བུམ་པ་དང་། གྲུ་མོ་གཡོན་དུ་ཡུམ་མནྡཱ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་གྱི་རྣམ་པར་བསྣམས་པ། དབུ་ལ་འདབ་མ་ལྔ་པ་དང་ལྡན་པའི་པདྨའི་མཉེན་ཞུ་གསོལ་ཞིང་ཁྲོ་འཛུམ་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་མཐའ་སྐོར་ཀུན་ཏུ་འཇའ་ཚོན་གྱི་གུར་ཕུབ་ཅིང་། འོད་ལྔའི་ཟེར་ཐག་གི་དྲྭ་བ་མིག་མང་རིས་སུ་འབྲེལ་བའི་ནང་ཁོངས་འཇའ་འོད་ཀྱི་ཐིག་ལེ་ཟླུམ་པོར་འཁྱིལ་བའི་ཀློང་དུ། རྩ་བའི་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ་ལས་ཤར་བའི་རྒྱ་གར་གྱི་རིག་འཛིན་བརྒྱད། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི། བོད་ཀྱི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་སོགས་རྒྱ་བོད་ཀྱི་པཎ་གྲུབ་རིག་པ་འཛིན་པའི་ས་ལ་བཞུགས་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་ཞི་ཁྲོ་རབ་འབྱམས། གནས་ཉེར་བཞི། ཡུལ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབ་པ་ལྟར་བཞུགས་ཤིང་། དེ་ཐམས་ཅད་ཀྱང་གསལ་སྟོང་ཟུང་འཇུག་ཆུ་ཟླ་དང་འཇའ་ཚོན་ལྟ་བུ་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ། ཞེས་ཞབས་དྲུང་རིན་པོ་ཆེས་ན་བཟའ་སོགས་གོང་འོག་གི་གོ་རིམ་ལེགས་པར་བསྡེབས་པ་འདི་ཉིད་གསལ་བདེ་བ་ཡིན་ནོ། །ཧཱུྃ་ཨོ་རྒྱན་ཡུལ་གྱི་སོགས། ཚིག་བདུན་གསོལ་འདེབས་མོས་གུས་ཀྱི་གདུང་ཤུགས་དྲག་པོ་དང་བཅས་ཏེ་བསྐུལ་བས་རྔ་ཡབ་དཔལ་རི་སྤྲུལ་བའི་ཞིང་ནས་ཨོ་རྒྱན་པདྨ་ཐོད་ཕྲེང་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ཏིལ་གྱི་གང་བུ་ཁ་ཕྱེ་བ་བཞིན། ལྷོ་ནུབ་ཀྱི་མཚམས་ནས་ཡེར་གྱིས་བྱོན་ཏེ་དམ་ཚིག་པ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བལྟའོ།། ཚིག་བདུན་འདི་ཡི་རྣམ་བཤད་ནི། པདྨ་དཀར་པོ་ལས། ཕྱི་གསོལ་འདེབས་དཀྱུས་མའི་ཚིག་དོན་བཤད་པ། ནང་སྦས་དོན་གྲོལ་ལམ་དང་ཐབས་ལམ་ལྟར་བཤད་པ། ཡང་གསང་ཐུན་མིན་རྫོགས་ཆེན་འོད་གསལ་སྙིང་ཐིག་གི་དགོངས་པ་ལྟར་བཤད་པ་རྣམས་ལས་ཤེས་པར་བྱའོ། །ཡན་ལག་བདུན་པ་འབུལ་བ་ནི། ཧྲཱིཿ བདག་ལུས་ཞིང་གི་སོགས། བདག་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་ཐུགས་ཀ་ནས་སྤྲུལ་པའི་ལུས་ཐ་མལ་བའི་ཚུལ་གྱིས་ཞིང་གི་རྡུལ་སྙེད་དུ་རྣམ་པར་སྤྲུལ་ཏེ་དེ་རྣམས་དང་ལྷན་ཅིག་ཏུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱང་མིའི་གཟུགས་སུ་གྱུར་ཏེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བར་གསུངས་པ་དང་། དངོས་སུ་བཤམས་པ་དང་། ཡིད་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་མཁའ་དབྱིངས་ཁྱབ་པར་སྤྲུལ་ཞིང་ཏིང་འཛིན་ཟབ་མོའི་མཐུས། སྣང་ཞིང་སྲིད་པའི་ཆོས་སོ་ཅོག་མཆོད་པའི་ཕྱག་རྒྱར་དམིགས་ཏེ་འབུལ་བའོ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་སྒོ་གསུམ་གྱིས་བསགས་པའི་མི་དགེ་བའི་ཁ་ན་མ་ཐོ་བའི་ལས་རྣམས་ཀུན་ཀྱང་། གནོང་འགྱོད་དྲག་པོས་བཤགས་པས་སྡིག་སྒྲིབ་ཐམས་ཅད་རང་གི་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལ། ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམ་ལ་ཕྱིས་མི་བྱེད་པར་གཉེན་པོས་སྡོམ་པ་ཀུན་རྫོབ་དང་། རྗེས་ལ་སྡིག་པ་རང་བཞིན་གྱིས་མ་གྲུབ་པར་ཤེས་ནས་འོད་གསལ་ཆོས་སྐུའི་ངང་དུ་སྡིག་ལྟུང་དབྱིངས་སུ་བཞག་ནས་བཤགས་པ་ནི་དོན་དམ་མོ། །ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱིས་བསྡུས་པའི་འཁོར་འདས་ལམ་གསུམ་གྱི་དགེ་བའི་ཚོགས་ཀུན་ལ་དགའ་ཞིང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་རིགས་ཅན་གསུམ་གྱི་གདུལ་བྱར། ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཇི་སྲིད་འཁོར་བ་མ་སྟོངས་བར་དེ་སྲིད་དུ་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་དང་། དེ་ལྟར་བསགས་པའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཀུན། སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་ཡོངས་སུ་བསྔོ་བ་སྟེ། ཡན་ལག་བདུན་གྱི་དམིགས་པ་རྣམས་དྲན་བཞིན་པས་ཕྱག་དང་བཅས་ཏེ་ལན་ཇི་ལྟར་རིགས་པར་བྱའོ། །ཁྲིད་ཡིག་དྲན་པ་ཉེར་བཞག་ལས། ཧྲཱིཿ བདག་ལུས་ཞིང་གི་རྡུལ་སྙེད་དུ། །སོགས་བརྗོད་ཅིང་འདིའི་ཁོངས་སུ་ཕྱག་འབུམ་ཡང་འགྲོ་བར་བྱེད་པ་ལག་ལེན་ཡིན་ནོ། །ཞེས་གསུངས། ཕྱག་སྐྱབས་འགྲོ་དང་སྦྲེལ་བ་ནི་གཞན་ལུགས་ཡིན་ནོ། །བཞེད་པ་འགའ་ན། ཐུན་མཐར་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལས་འོད་ཟེར་འཕྲོས་པས་སྤྲུལ་བ་རྣམས་སྤྲུལ་གཞིར་བསྡུ་ཞིང་། སེམས་ཅན་རྣམས་འོད་དུ་ཡལ་ནས་ཚོགས་ཞིང་ལ་ཐིམ་པར་ཡང་གསུངས། ཕུར་ཚུགས་སུ་གསོལ་བ་འདེབས་ཤིང་རྒྱུད་རྡོ་རྗེ་བཞིའི་ངོ་བོར་བསྒྲུབ་པ་ལ། དང་པོ་དངོས་གྲུབ་བསྒྲུབ་པ་ནི། རྗེ་བཙུན་གུ་རུ་སོགས། འདི་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རག་ལས་ཤིང་། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་དང་། བྱིན་རླབས་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པས་ན། རང་གི་རྩ་བའི་བླ་མ་དེ་ཉིད་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད། མི་ཕམ་རིན་པོ་ཆེས། དེ་ཡང་རང་ལུགས་རྡོ་རྗེ་རྩེ་མོའི་གྲུབ་མཐའ་སྙོགས་མི་སྙོགས་ཀྱི་གནད་ནི། ཐོས་བསམ་རྒྱ་ཆེན་པོ་དང་བསགས་སྦྱང་ཕྱི་ཚུལ་སོགས་ཇི་ལྟར་ཕུན་སུམ་ཚོགས་པར་བྱས་ཀྱང་། དེ་ཁོ་ནས་ཐུན་མིན་ལམ་གྱི་གྲུབ་མཐའ་ཟིན་པའི་ངེས་པ་མེད་ཅིང་། རྫོགས་པ་ཆེན་པོའི་དོན་བརྒྱུད་དང་ལྡན་པའི་བླ་མ། སེམས་ཉིད་ཆོས་སྐུར་ངོ་སྤྲོད་པའི་མན་ངག་སྙན་ཁུང་དུ་བརྒྱུད་ནུས་པ། རང་དང་སྐལ་བ་མཉམ་པའི་མི་ཡི་ཚུལ་དུ་བསྟན་པའི་བཤེས་གཉེན་ཆེན་པོ་དེ་ལྟ་བུ་གང་ན་ཡོད་ཀྱང་། ཡོན་ཏན་དེ་ཁོ་ནས་སངས་རྒྱས་དང་མཚུངས་པར་རྙེད་དཀའ་བའི་འདུ་ཤེས་ཀྱིས་སྒོ་གསུམ་གཡོ་ཟོལ་མེད་པར་གུས་པས་བསྟེན་ནས་ཐུགས་མཛོད་ལོན་པ་དེ་གཅིག་པུས་རྡོ་རྗེ་སྙིང་པོའི་གྲུབ་མཐའ་སྙོགས་པ་འབྱུང་བས་ན། རྒྱལ་བ་རིག་འཛིན་བརྒྱུད་པ་དང་བཅས་པས་ཡང་ཡང་གསུངས་པ་ལྟར། གསང་སྔགས་སྙིང་པོའི་ལམ་འཚོལ་བ་རྣམས་ཀྱིས་བླ་མ་མཚན་ཉིད་དང་ལྡན་པ་དབང་བཞི་པའི་ཡེ་ཤེས་ལ་མྱོང་བ་ཅན་བསྟེན་པར་བྱ་བ་ལས། གཞན་གང་གིས་ཀྱང་མི་ཕན་པ་འདི་ཁོ་ན་མི་ཤེས་སུ་མི་རུང་བའི་གནད་ཡིན་པས། རིག་འཛིན་གོང་མ་རྣམས་ཀྱི་ལམ་མ་ནོར་བ་འདི་ལ་ལམ་ཉིད་དུ་ངོ་ཤེས་པའི་ངེས་ཤེས་སུ་ལ་ལྡན་པ་དེ་ལ་གསང་སྔགས་སྙིང་པོའི་སྐལ་བ་ཡོད་པའི་ཕྱིར། ཐོབ་གྲངས་དང་བཟླས་གྲངས་བླ་མ་མང་པོ་བསྟེན་པའི་གྲངས་ཙམ་ཞིག་ལ་བློ་གདེངས་མི་འཆའ་བར། རང་སེམས་ཆོས་སྐུར་ངོ་སྤྲོད་པའི་མན་ངག་ཟབ་མོ་དཔལ་ལྡན་བླ་མའི་ཞལ་ནས་མཉན་ཏེ། དེ་ལ་ནན་ཏན་སྙིང་པོར་བྱ་བ་འདི་ཁོ་ན། བཤད་བཤད་ཀྱི་སྙིང་པོ། སྒྲུབ་སྒྲུབ་ཀྱི་འབྲས་བུ། བཙལ་བཙལ་གྱི་དོན་པོ་ཡིན་པས་གནད་འདི་མ་སྟོར་བར་གྱུར་པ་ཅིས་ཀྱང་གལ་ཆེའོ། །ཞེས་གསུངས་པ་ལྟར། རྗེ་བཙུན་མ་ཧཱ་གུ་རུ་རིན་པོ་ཆེ་ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་རྣམས་ཀྱི་བྱིན་རླབས་ཐམས་ཅད་གཅིག་ཏུ་འདུས་པའི་དཔལ་དང་ལྡན་པ། སེམས་ཅན་ཡོངས་ཀྱི་སྐྱབས་དང་མགོན་གཅིག་པུར་གྱུར་པ་ལ། བདག་གིས་གཅེས་པར་བཟུང་བའི་ལུས་དང་། དེ་གསོ་བར་བྱེད་པའི་ལོངས་སྤྱོད། བློ་སྙིང་བྲང་གསུམ་དང་བཅས་པ་ཆགས་ཞེན་གྱི་ལྟོས་པ་མེད་པར་ཁྱོད་ལ་འབུལ་ཞིང་གཏད་པ་ཡིན་པས། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན་ཅི་བྱུང་ཡང་རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་ཁྱེད་ཁོ་ན་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་ཚུལ་གྱིས་ལུས་ཀྱི་བ་སྤུ་གཡོ་བ། མིག་ནས་མཆི་མ་འཁྲུག་པ། བློ་སྣ་བླ་མས་ཕྲོགས་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་མོས་གུས་གདུང་ཤུགས་དྲག་པོས། རྗེ་བཙུན་གུ་རུ་རིན་པོ་ཆེ༔ སོགས། གྲངས་བསོགས་ཚུལ་གྱི་བཞེད་སྲོལ་ལ། སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་བཞག་ལས། རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱིཿ སོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ ཡན་ཆད་ཚར་ཅི་ནུས་བཟླས་རྗེས། བདག་ལ་རེ་ས་གཞན་ན་མེད༔ ཅེས་པ་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ཡན་ཆད་ཚར་འོས་མཚམས་ཀྱི་རྗེས་སུ། གསོལ་འདེབས་རྒྱུད་བསྐུལ་གྱི་རྣལ་འབྱོར་བཛྲ་གུ་རུ་ལ་ཆིག་སྒྲིལ་དུ་བྱ་གསུངས། ཞབས་དྲུང་རིན་པོ་ཆེའི་བཞེད་ཚུལ་ནི་འདི་ཉིད་ལྟར་ཡིན་ནོ། །དཔལ་སྤྲུལ་རིན་པོ་ཆེའི་དངོས་སློབ་མཁས་གྲུབ་ཆེན་པོ་དཔལ་གྱི་སེང་གེའི་བཞེད་པ་ལ། དངོས་གྲུབ་བསྒྲུབ་པའི་དུས། དང་པོ་སྐྱབས་འགྲོའི་ཚུལ་དུ། རྗེ་བཙུན་གུ་རུ་རིན་པོ་ཆེཿ སོགས་ཅི་ནུས་བརྗོད། དེ་ནས་སིདྡྷི་བརྒྱ་རེ་སོང་མཚམས་ལན་རེ་བརྗོད། དེ་ལྟར་ཐུན་གཅིག་ལ་བསྙེན་པ་ཅི་ཙམ་བཟླ་བའི་སུམ་གཉིས་ཙམ་སོང་ནས། དངོས་གྲུབ་བསྐུལ་བའི་དུས་སུ། བདག་ལ་རེ་ས་སོགས། སིདྡྷི་ཕྲེང་སྐོར་རེའི་མཚམས་སུ་ལན་རེ་བརྗོད་གསུངས། བླ་མ་ལུང་རྟོགས་ཀྱི་ཕྱག་བཞེས་ལ། ཚིག་བདུན་གསོལ་འདེབས་སྐབས། ཌཱ་དྲིལ་འདྲ་ཡོད་ན་དཀྲོལ། ཚར་བདུན་དང་ལྔ་གསུམ་སོགས་མོས་གུས་མ་སྐྱེས་བར་འདོན། སྤྲོ་ན། ཧཱུྃ་བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ སོགས་དང་། ནང་སྒྲུབ་རིག་འཛིན་འདུས་པ་ལས། གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སོགས་བརྗོད། བླ་རྣམ་སྐབས་ཉིན་རེར་ལེའུ་བདུན་མ་ཚར་རེ་འགྲོ་དགོས་པས། ལེའུ་བདུན་མའི་ལེའུ་རེ་རེ་བཏོན་ནས། ཀུན་བཟང་བླ་མའི་ཞལ་ལུང་ལྟར་བསོགས་དཀའ་ན། རྗེ་བཙུན་གུ་རུ་རིན་པོ་ཆེ༔ སོགས་ནས་པད་འབྱུང་མཁྱེནཿ བར་ལན་གསུམ་བརྗོད་དེ་སིདྡྷི་སྟོང་ཕྲག་རེའི་མཚམས་རྗེ་བཙུན་གུ་རུ་ཚར་གསུམ་རེ་བརྗོད། དེ་ལྟར་ཐུན་གཅིག་གི་ཕྱེད་ཙམ་སོང་ནས་སྟོང་ཕྲག་རེའི་མཚམས་སུ། བདག་ལ་རེ་ས་གཞན་ན་མེད༔ སོགས་ཚར་གསུམ་རེ་བཏོན་ནས་སིདྡྷི་བཟླ། ཐུན་གྲོལ་ཚེ་བརྒྱུད་པའི་གསོལ་འདེབས་མན་ཆད་འདོན་དགོས་གསུངས། ཀུན་བཟང་བླ་མའི་ཞལ་ལུང་ལས། དངོས་གྲུབ་བསྒྲུབ་པའི་དུས་སུ། རྗེ་བཙུན་གུ་རུ་རིན་པོ་ཆེ༔ སོགས་ནས། རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ བར་སོང་ནས། གསོལ་འདེབས་རྒྱུད་བསྐུལ་གྱི་འཛབ་བཛྲ་གུ་རུ་ཁོ་ན་ལ་འབད། སིདྡྷི་བརྒྱ་རེ་སོང་མཚམས། རྗེ་བཙུན་གུ་རུ་རིན་པོ་ཆེ༔ ལ་སོགས་པ་སྔར་ལྟར་བྱ། དེ་ལྟར་བསྙེན་པ་ཅི་ཙམ་བཟླ་བའི་ཕྱེད་ཙམ་སོང་ནས། དངོས་གྲུབ་བསྐུལ་བའི་དུས་སུ། སིདྡྷི་ཕྲེང་སྐོར་རེའི་མཚམས་སུ། བདག་ལ་རེ་ས་གཞན་ན་མེད༔ སོགས་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ཡན་ཆད་ཚར་རེ་བྱ། ཞེས་གསུངས། དངོས་གྲུབ་བསྐུལ་བ་ནི། བདག་ལ་རེ་ས་སོགས། བདག་ལ་ནི་བླ་མ་རིན་པོ་ཆེ་ཁྱེད་མ་གཏོགས་སྐྱབས་གནས་རེ་ས་གཞན་ན་མེད་དོ། །ད་ལྟ་མི་དགེའི་ལས་སྟོབས་ཆེ་བའི་དུས་ངན་ཞིང་། བསོད་ནམས་དམན་པས་སྲོག་རྒུད་པ་ཚེ་ཡི་སྙིགས་མ། ཁྱིམ་པའི་དགེ་ཕྱོགས་རྒུད་པ་ཉོན་མོངས་པའི་སྙིགས་མ། རབ་བྱུང་གི་དགེ་ཕྱོགས་རྒུད་པ་ལྟ་བའི་སྙིགས་མ། ལུས་རྒུད་པ་སེམས་ཅན་གྱི་སྙིགས་མ། ལོངས་སྤྱོད་རྒུད་པ་དུས་ཀྱི་སྙིགས་མ་སྟེ་སྙིགས་མའི་འགྲོ་བ་བདག་ཅག་རྣམས། ཤིན་ཏུ་མི་བཟོད་པའི་སྡུག་བསྔལ་སྣ་ཚོགས་ཀྱི་འདམ་དུ་བྱིང་བ་འདི་ལས་མྱུར་དུ་སྐྱོབས་ཤིག་མ་ཧཱ་གུ་རུ། སྐུ་བུམ་དབང་། གསུང་གསང་དབང་། ཐུགས་ཤེར་དབང་། དབྱེར་མི་ཕྱེད་པ་ཚིག་དབང་སྟེ་དབང་བཞི་བསྐུར་བར་མཛོད་ཅིག་མཁྱེན་པའི་ཡེ་ཤེས་མངའ་བའི་བྱིན་རླབས་ཅན། ཉམས་དང་རྟོགས་པའི་ཡོན་ཏན་སྤོར་ཅིག་བརྩེ་བའི་ཐུགས་རྗེ་ཅན། སྒྲིབ་གཉིས་བག་ཆགས་དང་བཅས་པ་མྱུར་དུ་སྦྱོངས་ཤིག་ནུས་མཐུ་ཅན་ཞེས་འདོད་དོན་གསོལ་འདེབས་དང་། ༀ་ནི་སངས་རྒྱས་སྤྲུལ་སྐུའི་སྙིང་པོ། ཨཱཿ ནི་སངས་རྒྱས་ལོངས་སྐུའི་སྙིང་པོ། ཧཱུྃ་ནི་སངས་རྒྱས་ཆོས་སྐུའི་སྙིང་པོ། བཛྲ་ནི་རྡོ་རྗེ་སྟེ་དབྱིངས་རིག་དབྱེར་མི་ཕྱེད་པའི་ཡེ་ཤེས་སོ། །རྣམ་བཤད་པདྨ་དཀར་པོ་ལས། གུ་རུ་ནི་ཡོན་ཏན་ཐམས་ཅད་ཀྱིས་ལྕི་བ་བླ་མ་སྟེ་གོང་ན་མེད་པ། པདྨ་ནི་ཨོ་རྒྱན་ཆེན་པོའི་མཚན་གྱི་ཐོག་མ། སིདྡྷི་ནི་དོན་དུ་གཉེར་བྱ་མཆོག་ཐུན་གྱི་དངོས་གྲུབ། ཧཱུྃ་ནི་དངོས་གྲུབ་དེ་ལྟ་བུ་སྩོལ་ཅིག་པར་དོན་གྱིས་བསྐུལ་བའོ། །ཞེས་གསུངས། ཟབ་དོན་བདུད་རྩིའི་ཉིང་ཁུ་ལས། ༀ་ཨཱཿ ཧཱུྃ་ཞེས་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས་ཏེ། བཛྲ་ནི་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པའི་ཕྱིར་ཆོས་ཀྱི་སྐུ་དང་། གུ་རུ་ནི་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་ལྕི་བས་ན་ལོངས་སྐུ། པདྨ་ནི་དེའང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་གདངས་གསུང་པདྨའི་རིགས་སུ་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོར་ཡོན་ཏན་རྗེས་སུ་དྲན་པས། སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་རང་རྩལ་མོས་གུས་སུ་དུང་ངེ་བའི་ངང་ནས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས། སིདྡྷི་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད། ཧཱུྃ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་ཅིག་སྙམ་པའི་དོན་དྲན་པར་བྱ་བ་དང་། སྐབས་སུ་ཕྱི་སྣོད་ཀྱི་འཇིག་རྟེན་ཟངས་མདོག་དཔལ་རིའི་ཕོ་བྲང་། ནང་བཅུད་ཀྱི་སེམས་ཅན་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲར་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ། གསང་བ་སེམས་ཀྱི་འཕྲོ་འདུ་རང་གྲོལ་བྱ་ལམ་རྗེས་མེད་དུ་ཤེས་པའི་ངང་ནས་བཟླས་པ་ལ་འབད། མཐར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་དྲན་བཞིན་དུ་བརྒྱུད་པའི་གསོལ་འདེབས་ནི། ཨེ་མ་ཧོ། རྒྱ་ཆད་ཕྱོགས་ལྷུང་སོགས་ནས། སྩོལ་ཞེས་པའི་བར་དང་། འདི་ཕྱི་བར་དོ་གསུམ་གྱི་སྨོན་ལམ་ལ། རབ་ཚེ་འདིར་གྲོལ་བར་སྨོན་པ་ནི། སྲིད་ལས་ངེས་པར་སོགས། ཚེ་འདིར་སྲིད་པ་འཁོར་བའི་གནས་ལས་ངེས་པར་འབྱུང་བའི་ཞེན་ལོག་གིས། རྡོ་རྗེའི་བླ་མ་དོན་དང་ལྡན་པ་དཔྲལ་བའི་མིག་བཞིན་དུ་བསྟེན་ནས། དེ་ཡིས་ཅི་གསུང་གི་བཀའ་བསྒྲུབ་ཅིང་གདམས་པ་ཟབ་མོའི་ཉམས་ལེན་ལ་ལྟེམ་རྐྱང་སྟེ་ཐང་ལྷོད་མེད་པའི་བསྒྲུབ་ཚུགས་ཞེ་རུས་ཀྱི་སྒོ་ནས། བླ་མའི་ཐུགས་རྒྱུད་ཀྱི་དགོངས་པའི་བྱིན་རླབས་ཐམས་ཅད་བདག་གི་རྒྱུད་ལ་འཕོ་བར་ཤོག་ཅིག །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི་གནས་ཚུལ་ཡེ་ནས་དག་པ་རབ་འབྱམས་འོག་མིན་གྱི་ཞིང་དུ་ལུང་རིགས་མན་ངག་གསུམ་གྱིས་གཏན་ལ་ཕབས་ཏེ། ཐ་མལ་མ་དག་པའི་སྣང་ཞེན་ལྷ་སྐུར་རྫོགས་པ་དང་། སྒྲ་གྲགས་བདེ་ཆེན་སྔགས་སུ་དག །དྲན་རྟོག་འོད་གསལ་ཆོས་སྐུར་སྨིན་ཏེ་དག་རྫོགས་སྨིན་གསུམ་མཐར་ཕྱིན་པའི་འབྲས་བུ་ནི། སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེན་པོ་ཤེས་ཉམས་ཡིད་དཔྱོད་ལས་འདས་པའི་སྣང་ཉམས་རང་བྱུང་རིག་པའི་རང་གདངས་ཆོས་ཉིད་མངོན་སུམ་གྱི་སྣང་བ་དབྱིངས་ཐིག་རིག་གསུམ་རྗེན་པར་མཐོང་བར་ཤོག །དངོས་འཛིན་མཚན་མའི་རྟོག་པ་ལས་རྣམ་པར་གྲོལ་བའི་འཇའ་ཟེར་དང་ཐིག་ལེའི་སྦུབས་སུ། སྐུ་ཕྱེད་དང་རྐྱང་པ་དང་འོད་ལྔའི་ཐིག་ལེའི་ཚོམ་བུ་ཉམས་ཀྱི་སྣང་བ་གོང་དུ་འཕེལ་བ་དང་། རིག་རྩལ་ཡོངས་སུ་རྫོགས་ཏེ་རང་སྣང་ལོངས་སྐུའི་ཞིང་སྐུ་ཕོ་བྲང་གསུམ་ལམ་སྣང་དུ་ཤར་ཏེ་ཚད་ལ་ཕེབས་པ་དང་། ཆོས་ཅན་གྱི་སྣང་བ་མཐའ་དག་ཆོས་ཉིད་ཀྱི་ཀློང་དུ་ཟད་ནས་བློ་འདས་འོད་གསལ་ཆེན་པོའི་དབྱིངས་སུ་སངས་རྒྱས་ཏེ། གཞོན་ནུ་བུམ་སྐུའི་གནས་ལུགས་མངོན་དུ་གྱུར་ནས་གཏན་སྲིད་ཟིན་པར་ཤོག །དབང་པོ་འབྲིང་བར་དོར་གྲོལ་བར་སྨོན་པ་ནི། ཤིན་ཏུ་རྣལ་འབྱོར་སོགས། ཚེ་འདིར་འབད་རྩོལ་ཆུང་བས་ཤིན་ཏུ་ཟབ་པའི་རྣལ་འབྱོར་སྣང་བཞིའི་ཡེ་ཤེས་རང་གི་ཉམས་འོག་ཏུ་མ་ཆུད་པ་དེ་ཡིས། རགས་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ན། ནམ་ཞིག་ཚེ་ཡི་འདུ་བྱེད་བསྡུ་བའི་ཚེ། འཆི་བ་འོད་གསལ་ཀ་དག་ཆོས་སྐུའི་དགོངས་པ་ཤར་ནས་རང་ངོ་ཤེས་ཏེ་སངས་རྒྱས་པ་དང་། གལ་ཏེ་དེར་གྲོལ་བར་མ་གྱུར་ན་ཆོས་ཉིད་བར་དོའི་སྣང་ཆ་སྒྲ་འོད་ཟེར་གསུམ་སོགས་རང་སྣང་དུ་ངོ་ཤེས་ནས་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་དང་། དེ་ལྟར་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་ཟབ་མོའི་ལམ་གྱི་རྩལ་རྫོགས་ནས་དེ་གཉིས་གང་རུང་དུ་མ་པང་དུ་བུ་འཇུག་པ་ལྟ་བུར་གཉིས་མེད་ཀྱི་ཚུལ་དུ་གྲོལ་བར་ཤོག་ཅིག །དབང་པོ་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་བར་སྨོན་པ་ནི། གསང་ཆེན་འོད་གསལ་སོགས། གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ་མོར་གྱུར་པ། སངས་རྒྱས་གཞན་ནས་མི་འཚོལ་བར་སེམས་ཉིད་ཆོས་སྐུའི་རང་ཞལ་མངོན་དུ་གྱུར་ཏེ་གདོད་མའི་ས་ལ་མ་གྲོལ་ན། ཡུན་རིང་མ་བསྒོམས་ཀྱང་སངས་རྒྱས་པའི་ཆོས་མཐོང་གྲོལ་ཙཀྲ་སྟེ་འཁོར་ལོ། ཐོས་གྲོལ་ཞི་ཁྲོའི་རྒྱུད་དང་གཟུངས་སྔགས་སོགས། མྱོང་གྲོལ་དམ་རྫས། རེག་གྲོལ་བཏགས་གྲོལ་དང་མུ་ཏྲ། འཕྲད་ཅིང་དྲན་པས་གྲོལ་བ་འཕོ་བ་དང་ལྔའི་ལམ་མཆོག་རྣམས་ལ་བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ཁམས། ཤར་ཕྱོགས་མངོན་པར་དགའ་བ། ལྷོ་ཕྱོགས་དཔལ་དང་ལྡན་པ། ནུབ་ཕྱོགས་པདྨ་བརྩེགས་པ། བྱང་ཕྱོགས་ལས་རབ་གྲུབ་པ། དབུས་ཕྱོགས་མེ་རི་འབར་བ་སྟེ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་མཆོག་ལྔ་དང་། ཁྱད་པར་རིགས་འདུས་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་དུ། བླ་མ་རིག་འཛིན་རྒྱ་མཚོའི་ཚོགས་ཀྱི་གཙོ་བོ་མཆོག་ཏུ་གྱུར་པ་ཨོ་རྒྱན་གྱི་རྗེས། གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར། སྲས་ཀྱི་ཐུ་བོར་སྐྱེས་ནས་ལས་ཉོན་སྡུག་བསྔལ་མཐའ་དག་ལས་དབུགས་དབྱུང་སྟེ་རང་དོན་མཐར་ཕྱིན། མཐའ་ཡས་ཁམས་གསུམ་འགྲོ་བའི་མངོན་མཐོ་དང་ངེས་ལེགས་ཀྱི་ཉེར་འཚོར་བདག་ཉིད་འགྱུར་བར་ཤོག །དེ་ལྟར་སྨོན་པའི་ལེགས་ཚོགས་འགྲུབ་པར་བྱེད་པའང་། རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་བདེན་པ་ཆེན་པོའི་མཐུ་ཡིས། དལ་འབྱོར་གྱི་ལུས་རྟེན་འདི་ལ་རྫོགས་སྨིན་སྦྱང་གསུམ་གྱི་རྟེན་འབྲེལ་མངོན་དུ་གྱུར་ནས་དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག །དངོས་གྲུབ་ཞུ་བ་སྟེ་ལམ་དབང་བླང་བ་ནི། གུ་རུའི་སྨིན་མཚམས་ནས་སོགས། པདྨ་འོད་དུ་བགྲོད་པའི་ཐེམ་སྐས་ལས། དབང་ལེན་སྐབས་འདིར་འཁོར་གྱི་བླ་མ་དང་མཁའ་འགྲོ་རྣམས་ཀྱང་གཙོ་བོ་དང་དགོངས་པ་གཅིག་ཏུ་བཞུགས་ནས་དབང་སྐུར་བའི་མཛད་པ་ལ་ཐུགས་གཏད་པར་བསམ་ན་བྱིན་རླབས་ཀྱི་ཚན་ཆེ་བར་རྟོགས་སོ། །ཞེས་གསུངས། སྙིང་པོའི་དོན་གསལ་ལས། དེ་ལྟར་གསོལ་བ་བཏབ་པས་རྩ་གསུམ་ལྷ་ཚོགས་རྣམས་འོད་དུ་ཞུ་ནས་གཙོ་བོ་གུ་རུ་རིན་པོ་ཆེ་ལ་ཐིམ། དེའི་གནས་གསུམ་དུ་འབྲུ་གསུམ་གསལ། ཞེས་གསུངས། ཟབ་དོན་བདུད་རྩིའི་ཉིང་ཁུ་ལས། མོས་གུས་གདུང་ཤུགས་དྲག་པོ་བྱས་པས་འཁོར་རྣམས་རྩ་བའི་བླ་མ་ལ་ཐིམ། བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པ་ལས་དབང་བཞི་ངག་འདོན་གྱི་དཀྱུས་ནས་གསལ་བ་ལྟར་བླངས་རྗེས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་དུ་བསྲེས་ཏེ་རང་སེམས་རིག་སྟོང་རྗེན་པ་སྐད་ཅིག་མའི་ངང་མདངས་བརྐྱངས་ནས་བཟླས་པ་བྱ། ཞེས་གསུངས། གསོལ་འདེབས་ཀྱི་བསྙེན་པའི་ཚད་ཀྱང་འབུམ་ཕྲག་བརྒྱ་ཐམ་པ་ཁོ་ནའོ། །རྡོ་རྗེ་སློབ་དཔོན་གྱིས་དབང་བཞི་ཡོངས་རྫོགས་བསྐུར་ཞིང་སྨིན་པར་བྱས་པ་ནི་གཞིའི་དབང་དང་། དེ་ནས་བླ་མའི་རྣལ་འབྱོར་གྱི་ཚེ་རང་ཉིད་ཀྱིས་དབང་བཞི་ལེན་པ་ནི་ལམ་གྱི་དབང་དང་། མཐར་ཐུག་འབྲས་དུས་ཀྱི་འོད་ཟེར་ཆེན་པོའི་དབང་བསྐུར་ཐོབ་ནས་སངས་རྒྱས་པ་ནི་འབྲས་བུའི་དབང་ངོ་། །མཐར་ཐུན་བསྡུ་བའི་ཚེ། ནམ་ཞིག་ཚེ་ཡི་སོགས། ནམ་ཞིག་ཚེ་ཡི་དུས་བྱས་པའི་ཚེ། རང་གི་སྣང་བ་ཐམས་ཅད་ལྷོ་ནུབ་རྔ་ཡབ་གླིང་ཟངས་མདོག་དཔལ་རིའི་ཞིང་། སྣང་སྟོང་ཟུང་འཇུག་སྤྲུལ་པའི་ཞིང་ཁམས་མངོན་སུམ་དུ་གསལ་བའི་དབུས་སུ། གཞི་ལུས་རྡོ་རྗེ་རྣལ་འབྱོར་མ་ཉིད་བླ་མའི་ཐུགས་ཀའི་འོད་ཀྱི་རྐྱེན་ལས། གསལ་ཞིང་འཚེར་བའི་འོད་ཀྱི་གོང་བུ་རུ་གྱུར་ནས། རྗེ་བཙུན་ཆེན་པོ་པདྨ་འབྱུང་གནས་དང་རང་རིག་དབྱེར་མེད་བདེ་བ་ཆེན་པོར་སངས་རྒྱས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པའི་རང་རྩལ་ཆོ་འཕྲུལ་གྱི་ཡེ་ཤེས་ཆེན་པོའི་རོལ་བ་ལས། ཁམས་གསུམ་གྱི་སེམས་ཅན་མ་ལུས་པ་ཐར་བ་དང་རྣམ་མཁྱེན་གྱི་ས་ལ་འདྲེན་པའི་དེད་དཔོན་དམ་པ་མཆོག་གི་སྤྲུལ་སྐུ་རུ་རྗེ་བཙུན་པདྨས་དབུགས་དབྱུང་བར་མཛད་དུ་གསོལ། གསོལ་བ་ཡིད་ཁྱེད་ཤེས་ཀྱི་དད་པས་སྙིང་གི་དཀྱིལ་ནས་འདེབས་པ་ལགས་ཀྱི། མཆུ་འདབ་རླུང་གིས་བསྐྱོད་པའི་ཁ་ཙམ་དང་ཚིག་ཙམ་ནེ་ཙོའི་འདོན་པ་ལྟ་བུ་མ་ཡིན་ནོ། །མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀྱང་ཟག་མེད་ཐུགས་ཀྱི་ཀློང་ནས་སྩོལ་ལ། བསམ་པའི་དོན་ཀུན་ཆོས་མཐུན་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཟབ་དོན་བདུད་རྩིའི་ཉིང་ཁུ་ལས། ཞེས་བརྗོད་པ་དང་ཆབས་ཅིག་རྫོགས་རིམ་བསྡུ་བའི་དམིགས་པ་ནི། བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་ཐུགས་རྗེའི་འཇུག་པས་ལྷག་པར་དགོངས་ཏེ། ཞལ་འཛུམ་པ་དང་སྤྱན་རྗེས་ཆགས་སུ་གཡོ་བའི་ངང་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་ཚ་ལམ་པ་ཞིག་ཐོན། རང་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རེག་པའི་མོད་ལ་ལུས་སེམས་བདེ་ཕྲིལ་གྱིས་སོང་མཐར་འོད་དམར་པོ་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས། རླུང་སེམས་གཉིས་མེད་ཀྱི་རང་བཞིན་འོད་ཀྱི་གོང་བུ་སྲན་མ་ཙམ་དུ་གྱུར། དེ་ཉིད་ཀྱང་མཐར་མེ་སྟག་ཡལ་བ་བཞིན་གུ་རུ་རིན་པོ་ཆེའི་ཐུགས་ཀར་འདྲེས་པའི་ངང་ལ་མཉམ་པར་བཞག །དེ་ལས་ལྡང་བའི་ཚེ་དྭངས་པའི་ཆུ་ལས་ཉ་འཕར་བ་བཞིན་གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་སྔར་བཞིན་གསལ་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །སོགས། གསོལ་འདེབས་བསྔོ་སྨོན་སྤྱི་དང་། ཟངས་མདོག་དཔལ་རིའི་སྨོན་ལམ་དཔལ་རིའི་གསང་ལམ་ཡང་གདབ། ཐུན་མཚམས་རྣམས་སུ་ཐུན་མོང་འཁྱེར་སོ་གསུམ་གྱི་རྣལ་འབྱོར་བཟླས་དམིགས་ཀྱི་སྐབས་སུ་བཤད་པ་བཞིན་དང་། ཁྱད་པར་བཟའ་བཏུང་གི་ཕུད་བདུད་རྩིའི་རང་བཞིན་དང་། གོས་ལྷ་རྫས་ཀྱི་ན་བཟར་བསམ་ལ་སྤྱི་བོའི་བླ་མ་ལ་འབུལ། ཚོགས་དྲུག་གི་སྣང་བར་བཟང་ངན་ལེགས་ཉེས་གང་ཤར་ཡང་ཐ་མལ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་ལྷ་སྔགས་ཡེ་ཤེས་ཀྱི་རིག་གདངས་རྒྱུན་བསྐྱང་། ནུབ་མོ་ཉལ་བའི་ཚེ་རང་གཞན་ཐམས་ཅད་ཀྱི་དོན་དུ་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་དང་། ཁྱད་པར་སྐུ་གསུམ་ཞིང་ཁམས་སྦྱོང་བའི་སྨོན་ལམ་གྱི་མཐར། སྤྱི་བོའི་བླ་མ་ཚངས་པའི་བུ་ག་ནས་མར་ཡེར་གྱིས་བྱོན་ནས། རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོན། དེའི་འོད་ཟེར་གྱིས་རང་ལུས་ཀྱི་ནང་ཐམས་ཅད་གང་བའི་གསལ་ལམ་མེ་བ་ལ་སེམས་གཏད་དེ། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་པའི་ངང་ཉམས་ལེན་གྱི་རྒྱུན་བརྐྱངས་ཏེ་གཉིད་ལོག་པའམ། ཡང་ན་འོད་ཟེར་དེས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གསལ་བ་ལ་ཕོག་པས་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དུ་ཞུ། ནང་བཅུད་སེམས་ཅན་ལྷར་གསལ་བ་ལ་ཐིམ། དེ་རང་ལ་ཐིམ། རང་སྙིང་གའི་བླ་མ་ལ་ཐིམ། དེ་ཡང་མི་དམིགས་པ་འོད་གསལ་དུ་སྦྱངས་པའི་སྣང་བ་ནང་གསལ་རིག་སྟོང་རྗེན་པ་ཐིམ་ལ་མ་རྨུགས་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཁམས་གསོ། གལ་ཏེ་སད་ན་འཕྲོ་རྒོད་རྒྱ་འབྱམས་རྨི་ལམ་སོགས་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་ཁྱབ་གདལ་དུ་བརྐྱངས་པས་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་པར་འགྱུར་ལ། སླར་ཡང་ཐོ་རངས་ལྡང་བའི་རྣལ་འབྱོར་སོགས་ཇི་སྐད་བཤད་པ་བཞིན་ཐུན་བཞི་སོགས་སུ་ཉམས་སུ་བླང་ངོ་། །གཞན་ཡང་ནམ་འཆི་བའི་དུས་ལ་བབ་པའི་ཚེ། རྫོགས་རིམ་བསྡུ་བའི་དམིགས་པ་དང་བཅས་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག་པ་ནི་འཕོ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཅིང་གལ་ཏེ་འཕོ་བ་མ་ཐེབ་ན་བར་དོར་འཁྱེར་སོ་གསུམ་གྱི་རྣལ་འབྱོར་དྲན་པས་གྲོལ་བར་འགྱུར་ལ། མདོར་ན་མོས་གུས་དང་དམ་ཚིག་རྣམ་པར་དག་པས་སྔོན་འགྲོའི་ལམ་འདི་ཁོ་ན་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུགས་དབྱུང་། དག་པའི་ཞིང་ཁམས་དེར་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་ཀུན་ཏུ་བཟང་པོའི་ས་ལ་ཕྱིན་པར་འགྱུར་བ་ནི་ངེས་པའོ། །དེ་ལྟ་བུའི་སྔོན་འགྲོའི་ཚུལ་ལ་ཉམས་མྱོང་སྐྱེས་པ་ན། རིམ་གྱིས་དངོས་གཞིར་བུམ་དབང་གི་ལམ་རིག་འཛིན་ཞི་དྲག་གི་བསྐྱེད་རིམ། གསང་དབང་གི་ལམ་རླུང་དང་གཏུམ་མོ། ཤེར་དབང་གི་ལམ་སྦས་དོན་ཐབས་ལམ། དབང་བཞི་པའི་ལམ་ལ་ཁྲེགས་ཆོད་དང་ཐོད་རྒལ་ཡན་ལག་དང་བཅས་པ་རྣམས་ལ་ཉམས་ལེན་སྙིང་པོར་དྲིལ་ནས་ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་མངོན་དུ་བརྙེས་པའི་ཐབས་ལ་འབད་པར་བྱའོ། །ཞེས་གསུངས་སོ། ༈ །འོད་གསལ་རྫོགས་ཆེན་ཀློང་ཆེན་སྙིང་ཏིག་གི། །སྔོན་འགྲོའི་བསྡུས་འགྲེལ་ཀུན་ལས་བཏུས་པ་ཡི། །ཆོས་སྦྱིན་སྤར་གྱི་འཕྲུལ་ཆེན་བསྐྲུན་པའི་དགེས། །བདག་གཞན་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཀུན། །ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མའི་དྲུང་། །འབྲལ་མེད་མན་ངག་ཟབ་མོ་ལ་བརྟེན་ནས། །ས་ལམ་རྟོགས་པའི་ཡོན་ཏན་མཐར་ཕྱིན་ཏེ། །ཟུང་འཇུག་སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །དགེའོ། །དགེའོ། །དགེའོ། །སརྦ་དཱ་ཱཀ་ལྱ་ཎཱ་ཱཾབྷ་ཝ་ཏུ།།

སྔོན་འགྲོའི་ཞལ་རྒྱུན་ཟིན་བྲིས་སུ་བཀོད་པ་མདོར་བསྡུས།

སྔོན་འགྲོའི་ཞལ་རྒྱུན་ཟིན་བྲིས་སུ་བཀོད་པ་མདོར་བསྡུས་ཞེས་བྱ་བ་བཞུགས་སོ། །

དམ་པའི་ཆོས་བསྒྲུབ་པའི་ཐོག་མར་རང་རྒྱུད་ཀྱི་ཀུན་སློང་ལ་བརྟགས་པ་གལ་ཆེ་ཞེས་ཡང་ཡང་གསུངས། ཀུན་སློང་དེ་ལ་དགེ་བའི་ཀུན་སློང་དང་། མི་དགེ་བའི་ཀུན་སློང་། ལུང་མ་བསྟན་གྱི་ཀུན་སློང་དང་གསུམ་དཔལ་སྤྲུལ་རིན་པོ་ཆེ་སོགས་དམ་པ་དུ་མས་གསུངས་ནི་རེད། མི་དགེ་བའི་ཀུན་སློང་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་མ་བྲལ་བ་ཞིག་ཡིན་པས་དེས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ནི་ལྟར་སྣང་ཙམ་ལ། འཇིགས་སྐྱོབས་དང་། ལེགས་སྨོན་སོགས་དགེ་བ་ལྟ་བུ་རེ་ཡིན་ན་ཡང་དམ་པའི་ཆོས་ཡང་དག་པའི་ཕྱོགས་ཙམ་ལ་མི་འགྲོ་བས་དུག་ཅན་གྱི་ཟས་བཞིན་ནམ་ཡང་སྤང་དགོས། ལུང་མ་བསྟན་གྱི་ཀུན་སློང་ནི་དགེ་སེམས་སྡིག་སེམས་གང་གིས་ཀྱང་མ་བསྒྱུར་བས་གང་དུའང་ལུང་མ་བསྟན་པ་བསྒྲུབ་བྱ་བསྒོམ་བྱ་ཞིག་ཡིན་པར་ཤེས་ཙམ་གྱིས་ཆོས་དེ་ལ་འཇུག་འདོད་ཀྱི་བློ་དེ་ཡིན་པས། དཔེར་ན་མིའི་ལད་མོ་མི་རྒོད་ཀྱིས་བྱེད་པ་ལྟ་བུ། མི་རྗེས་སུ་ཁྱི་ཞེན་པ་ལྟ་བུ། བྱིས་པས་མེ་ཏོག་འཐུ་བ་ལྟ་བུ། མདའ་སྟོང་འཕེན་བྱེད་པ་ལྟ་བུའི་ངང་ལ་དགེ་བ་རྒྱ་ཆེན་པོ་ཇི་ལྟར་བྱས་ཀྱང་ངལ་བ་འབྲས་མེད་མ་གཏོགས་རྒྱུད་ལ་ཐར་བའི་ས་བོན་ཙམ་ཡང་མེད་པར་རྫ་དཔལ་སྤྲུལ་རིན་པོ་ཆེས་གསུངས། གང་ཟག་དབང་བཙན་དུ་བྱས། ཆོས་དབང་བཙན་དུ་བྱས་ན་ཐར་བའི་ས་བོན་ཙམ་ཡོད་སྲིད་གསུངས། བླ་མ་ལུང་རྟོགས་ཚང་གིས་ཐར་བའི་ས་བོན་ཙམ་ཞིག་ཨེ་མི་ཡོད་གསུངས། དེས་ན་ལུང་མ་བསྟན་གྱི་ཀུན་སློང་དེ་བཅོས་པ་གལ་ཆེ། དགེ་བའི་ཀུན་སློང་དེ་ལ་ཡང་རང་དོན་སྒྲུབ་པའི་ཀུན་སློང་དང་། གཞན་དོན་བསྒྲུབ་པའི་ཀུན་སློང་གཉིས་ལས། རང་དོན་བསྒྲུབ་པའི་ཀུན་སློང་དེ་ཡང་རང་འདོད་ཡིད་བྱེད་ཀྱི་བློ་དང་མ་བྲལ་བའི་ཕྱིར་ན། དེ་ཡང་གཞན་དོན་བསྒྲུབ་པའི་དགེ་བའི་ཀུན་སློང་ཡང་དག་པ་ཞིག་གིས་རྩིས་ཟིན་པ་ཞིག་དགོས། དེ་ནས་བླ་མ་མཁྱེན་གསུམ་ནི། ཆོས་སྐུའི་བླ་མ་དྲི་མེད་འོད་ཟེར་ཞེས་སོགས་སྐུ་གསུམ་དང་སྦྱར་ཏེ་བཤད་ཚུལ་དང་། ལྟ་སྒོམ་སྤྱོད་གསུམ་དང་སྦྱར་ཏེ་བཤད་ཚུལ་སོགས་མང་པོ་ཡོད་ཀྱང་། འདིར་སྐུ་ཞོག་བྲག་དཀར་ཆེན་པོའི་ཀུན་མཁྱེན་འཇི གས་མེད་གླིང་པའི་སློབ་མ་སྣང་གཅོད་པ། དེའི་སློབ་མ་འབའ་ཕུག་སྤྲུལ་སྐུ། དེའི་སློབ་མ་སྐུ་ཞོག་བྲག་དཀར། དེའི་ཞལ་སྔ་ནས་བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེས་གསན། མཆན། ཞལ་རྒྱུན་ལྟར་ན་སོ་བྱང་སྔགས་གསུམ་དང་སྦྱར་ཏེ་གསུངས་པས། བླ་མ་མཁྱེན་དང་པོའི་དུས་སུ་འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་ཤེས་ནས་འཁོར་བ་འདི་ལས་ཐར་བའི་ཐབས་ཤིག་བླ་མ་དཀོན་མཆོག་གསུམ་པོ་ཁྱེད་མ་འཆུག་སྙམ་ནས་ངེས་འབྱུང་གི་བསམ་པ་དང་འབྲེལ་ཏེ་གསོལ་འདེབས་ཀྱི་ཚུལ་དུ་འབོད་དགོས། གཉིས་པའི་སྐབས་སུ་ཁམས་གསུམ་འཁོར་བ་ན་གནས་པའི་སེམས་ཅན་ཐམས་ཅད་རང་གི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པས་ཕ་མ་དེ་དག་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་བླ་མ་དཀོན་མཆོག་གསུམ་པོ་ཁྱེད་ཤེས་སྙམ་ནས་བྱང་ཆུབ་ཀྱི་སེམས་དང་འབྲེལ་ཏེ་འབོད་དགོས་སོ། །གསུམ་པའི་སྐབས་སུ་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གནས་ཚུལ་ལ་ཡེ་ནས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས་མ་འདས་པར་ཤེས་ནས་དེ་ལྟར་དུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པ་ཞིག་བླ་མ་དཀོན་མཆོག་གསུམ་པོས་བྱིན་གྱིས་རློབས་ཤིག་ཅེས་སྣང་སྲིད་རྣམ་དག་གི་ལྟ་བ་དང་འབྲེལ་ཏེ་གསོལ་བ་འདེབས་དགོས། ཡང་ན་འཁོར་བར་ཞེན་ལོག་གི་ངེས་འབྱུང་དེ་ཉིད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག དེ་བཞིན་དུ་གཞན་ཕན་དོན་གཉེར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག སྣང་སྲིད་རྣམ་དག་གི་དག་སྣང་དེ་ཉིད་རང་གཞན་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་ནའང་ཆོག་གསུངས།

༈ དལ་འབྱོར་རྙེད་དཀའི་སྐབས་སུ་དོན་ཆེན་གཏན་གྱི་འདུན་མ་མི་བསྒྲུབ་པར་དོན་མེད་ཆུད་ཟོས་སུ་གྱུར་བའི་བློ་སྣ་དེ་ལྡོག་བྱ། དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཞིག་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་རྙེད་པར་དཀའ་ཚུལ། རྙེད་ན་དོན་ཆེ་བ་སོགས་སྒོམ་པར་བྱེད་པ་ནི་ལྡོག་བྱེད་ཀྱི་ཐབས་སམ་མན་ངག ཡུལ་གཅིག་ལ་དམིགས་ནས་རྣམ་པ་འཛིན་སྟངས་དངོས་འགལ་དུ་སོང་བའི་སྒོ་ནས་ལྡོག་པའི་ཚུལ། ཚད་ནི་སྤྱན་སྔ་བ་ལྟ་བུའོ། །མདོར་ན་དལ་འབྱོར་གྱི་ལུས་རྟེན་ཆུད་ཟོས་སུ་མི་གཏོང་བར་སྙིང་པོ་ཞིག་ལེན་དགོས་པ་ཡིན། སྙིང་པོ་ལེན་པ་ནི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ཡིན། སངས་རྒྱས་དེ་ལ་ཆོས་གཟུགས་གཉིས་ཀྱི་བསྒྲུབ་གཞི་ཚང་བ་ཞིག་དགོས། དེ་ནི་ཕར་ཕྱིན་ཐེག་པ་ལྟར་ན་སྦྱིན་སོགས་ཐབས་ཀྱི་ཆ་ལྔ་པོས་གཟུགས་སྐུའི་བསྒྲུབ་གཞི། ཤེས་རབ་ཀྱིས་ཆོས་སྐུའི་བསྒྲུབ་གཞི་བྱེད། སྔགས་བླ་མེད་སྤྱི་ན་བསྐྱེད་རིམ་སྒྱུ་ལུས་སོགས་ཀྱིས་གཟུགས་སྐུའི་བསྒྲུབ་གཞི། སྟོང་བཞིའི་དྲང་བའི་འོད་གསལ། དགའ་བཞིས་དྲང་བའི་ཡེ་ཤེས་སོགས་ཀྱིས་ཆོས་སྐུའི་བསྒྲུབ་གཞི་བྱེད། འོད་གསལ་རྫོགས་ཆེན་ལྟར་ན་གཞི་ཁྲེགས་ཆོད་ཀྱིས་ཆོས་སྐུ་ལམ་དུ་བྱེད། ལམ་ལྷུན་གྲུབ་ཐོད་རྒལ་གྱིས་གཟུགས་སྐུ་ལམ་དུ་བྱེད་པ་ཡིན་གསུངས།

༈ འཆི་བ་མི་རྟག་སྐབས། རྟག་འཛིན་གྱི་བློ་ངན་དེ་ལྡོག་བྱ། ཕྱི་སྣོད་ནང་བཅུད་སོགས་རགས་པ་རྒྱུན་གྱིས་འགྱུར་བ་དང་། ཕྲ་བ་ཆོས་ཉིད་ཀྱི་ཚུལ་ལ་བསམ་པ་ནི་ལྡོག་བྱེད། ཚད་ནི་དགེ་བཤེས་ཁ་རག་པ་ལྟ་བུའོ། །མདོར་ན་སྐྱེ་འཆིའི་བར་ལག་འགྱེལ་ཏེ་ཞིང་འཆི་མེད་གཉུག་མའི་བཙན་ས་མ་ཟིན་བར་བསྒོམ་དགོས་གསུངས་སོ། །དེ་ནི་རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན་སོགས་གསུངས་པ་ལྟར། སྐྱེ་འཆིའི་མཚན་འཛིན་གྱི་རྟོག་པ་ལས་འདས་པ་སྐྱེ་འཆི་བགྲེས་རྒུད་ཐམས་ཅད་དང་བྲལ་བ་གཞི་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་གྱུར་པ་ལ་གསུངས།

༈ ལས་རྒྱུ་འབྲས་སྐབས། སྡིག་པ་མི་དགེ་བའི་བློ་ལྡོག་བྱ། ལས་མ་བྱས་པ་དང་མི་འཕྲད། བྱས་པ་རྣམས་ཆུད་མི་ཟ་གསུངས་པ་ལྟར་རྒྱུ་འབྲས་བསླུ་བ་མེད་པ་དང་། དེ་རེ་རེ་ལའང་བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན། རྣམ་སྨིན་སོགས་མྱོང་ཚུལ་ལ་བསམ་ཏེ་ལས་རྒྱུ་འབྲས་བསླུ་མེད་དུ་བསྒོམ་པ་ནི་ལྡོག་བྱེད། ཚད་ནི་མི་ལ་རས་པ་ལྟ་བུ། མདོར་ན་ཀུན་འབྱུང་ལམ་བདེན་དུ་མ་ཤར་བར་བསྒོམ་དགོས་གསུངས།

༈ འཁོར་བའི་སྡུག་བསྔལ་སྐབས། སྲིད་པའི་དཔལ་འབྱོར་འདི་ཇི་ལྟར་སྐྱིད་ཀྱང་ངོམས་པའམ། ཚིམ་པ་མེད་ཅིང་། ཇི་ལྟར་སྡུག་ཀྱང་སྐྱོ་བའམ་སུན་པ་མེད་པའི་བློ་དེ་ལྡོག་བྱ། སྲིད་རྩེ་ནས་མནར་མེད་ཀྱི་བར་དུ་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་བསྒོམ་པ་ནི་ལྡོག་བྱེད་ཀྱི་མན་ངག །ཚད་ནི་གླང་རི་ཐང་པ་ལྟ་བུའོ། །མདོར་ན་སྡུག་བསྔལ་གྱི་བདེན་པ་སྣོད་བཅུད་གཉིས་པོ་འགོག་བདེན་སྐུ་དང་ཡེ་ཤེས་དག་པ་རབ་འབྱམས་སུ་

ཤར་ནས་སྡུག་བསྔལ་ཅི་ཙམ་བྱུང་ཡང་སྡུག་བསྔལ་གྱི་མིང་ཙམ་མེད་པར་གང་སྣང་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་སད་དེ་་དཔེར་ན་བླ་མ་ཞང་རིན་པོ་ཆེ་ལྟ་བུ་ཞིག་མ་བྱུང་གི་བར་དུ་བསྒོམ་དགོས། སྔོན་བྱོན་གྱི་དམ་པ་གོང་མ་ཞིག་ཡིན་ན་འཁོར་བའི་ཕུན་ཚོགས་ཡིད་སྨོན་གྱི་གནས་ཅི་ཙམ་མཐོང་ཡང་དཔེར་ན་དྭ་ཕྲུག་མས་མཐོང་བ་ལྟར་ཐུགས་སྐྱོ་ལྷུང་ངེ་འགྲོ་ཞིང་། སྲིད་པའི་དཔལ་འབྱོར་རྣམས་རྩྭ་རྩེའི་ཟིལ་བ་ལྟར་འཇིག་པའི་ཆོས་ཅན། སྦྲུལ་གྱི་པགས་པ་ལྟར་འདོར་བའི་ཆོས་ཅན། སྒྱུ་མའི་གྲོང་ཁྱེར་ལྟར་འཇིག་ལ་ཁད་པ། ཆུ་ཡི་ལྦུ་བ་ལྟར་སྙིང་པོ་མེད་པ། རྨི་ལམ་གྱི་ལོངས་སྤྱོད་ལྟར་སད་ལ་ཁད་པ་ཞིག་ཏུ་གཟིགས་ནི་རེད་གསུངས། མདོར་ན་སང་ཉིན་ནམ་ལང་པ་དང་། ང་ཚེ་ཕྱི་མའི་ཡུལ་དུ་འགྲོ་བ་གཉིས་ལས་གང་སྔ་སྙམ་པ་དང་། དོ་དགོང་ཉི་མ་ནུབ་པ་དང་ང་ཕྱི་མའི་ཡུལ་ལ་འགྲོ་བ་གཉིས་གང་སྔ་སྙམ་པ་དང་། དེར་མ་ཟད་དབུགས་ཕྱི་ནང་དུ་རྒྱུ་འགྲུལ་བྱེད་པའི་བར་ལའང་ཚེ་ཕྱི་མའི་ཡུལ་དུ་འགྲོ་མི་དགོས་པའི་གདེང་མེད་དོ་བསམ་ནས་ཡིད་སྐྱོོ་ལྷུང་ངེ་། སྣང་བ་འཇིགས་ཟིང་ངེ་བའི་ངང་ནས་དམ་པའི་ཆོས་ཁས་ཆུང་རེ་ཅི་ནས་ཀྱང་ཨེ་འགྲུབ་བལྟ་དགོས་གསུངས།

༈ དེ་ནས་དེ་ཙམ་གྱིས་ཀྱང་མི་ཆོག་པར་སྐྱབས་སུ་འགྲོ་དགོས། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་གསུངས་པ་ལྟར། སྐྱབས་འགྲོ་ཞིག་མེད་ན་སྐྱབས་བྲལ་མགོན་མེད་ཀྱི་སེམས་ཅན་ཞིག་ཡིན་པས་སྐྱབས་འགྲོ་ཞིག་ངེས་པར་གལ་ཆེ། དེ་ལ་སྐྱབས་སུ་འགྲོ་བའི་ཡུལ། དུས། གང་ཟག སྐྱབས་སུ་འགྲོ་བའི་ཚུལ་དང་བཞི་ཡོད་པ་ལས། དང་པོ་སྐྱབས་སུ་འགྲོ་བའི་ཡུལ་ནི་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་དེ་ཉིད་སྤྱི་བོར་བཞུགས་ཡོད་སྙམ་ནས་གསལ་བཏབ་པ་དེ་ཡིན། དེ་ཡང་སྤྱིར་ཀུན་མཁྱེན་ཀློང་ཆེན་པས། ཕྱི་སྤྲུལ་སྐུ་ལྟར་བསྒྲུབ་པ། ནང་ལོངས་སྐུ་ལྟར་བསྒྲུབ་པ། གསང་བ་ཆོས་སྐུ་ལྟར་བསྒྲུབ་པ། ཡང་གསང་ཡེ་ཤེས་ལྟར་བསྒྲུབ་པ་དང་། རིག་འཛིན་འཇིགས་མེད་གླིང་པས་ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ། ཡང་གསང་ཐིག་ལེ་རྒྱ་ཅན་ནམ་ཡེ་ཤེས་བླ་མ་ལྟར་བསྒྲུབ་ཚུལ་དང་བཞི་རེར་གསུངས་ཀྱང་། འདིར་སྐྱབས་ཡུལ་གསལ་སླ་བའི་ཕྱིར་དང་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་མྱུར་ཏུ་སྐྱེ་བར་འདོད་པས་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་དགོས་གསུངས་པ་ལྟར་བྱེད་པ་ལ་མཚན་དཔེ་ཞལ་ཕྱག་སོགས་བསྐྱེད་རིམ་ལྟར་གསལ་མི་དགོས་ཏེ། གང་ཞིག་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། གསུངས་པ་ལྟར་ཡིན་ཞིང་ཁྱད་པར་གུ་རུ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། ང་ཉིད་གང་ཟག་སུས་དྲན་ན། ལུས་ལ་བཟང་ངན་ན་སོ་ལ་རྒན་གཞོན། ལུས་ལ་ཕོ་མོ་མེད་པར་དྲན་པ་པོའི་མདུན་གྱི་ནམ་མཁར་བཞུགས་ཡོད་གསུངས་པ་དེ་ཤེས་དགོས། སྤྱི་བོའི་གཙུག་ན་རིགས་བདག་གི་ཚུལ་དང་། མདུན་མཁའ་ན་བཞུགས་པ་གཉིས་གང་ལྟར་བསྒོམས་ཀྱང་འགལ་བ་མེད་ཚུལ་གྲུབ་ཆེན་རིན་པོ་ཆེས་གསུངས། སྔ་འགྱུར་རྙིང་མའི་བླ་མ་ཟེར་བ་གཙོ་བོ་གུ་རུ་རིན་པོ་ཆེ་ཡིན་ཚུལ་ཞབས་དྲུང་རིན་པོ་ཆེས་གསུངས། དེས་ན་ཡ་ཀི་རྡོ་རྗེ་འཆང་ནས་ད་ལྟའི་རང་ལ་ཡི་གེ་སློབ་པའི་སློབ་དཔོན་ཡན་ཆད་ཀྱི་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ། རྒྱུད་སྡེ་བཞི་དྲུག་གི་ཡི་དམ། གནས་ཡུལ་ཞིང་སྐྱེས་ཀྱི་མཁའ་འགྲོ། ཆོས་སྐུའི་ཞིང་ན་བཞུགས་པའི་ཆོས་སྐུའི་སངས་རྒྱས། ལོངས་སྐུའི་ཞིང་ན་བཞུགས་པའི་ལོངས་སྐུའི་སངས་རྒྱས། སྤྲུལ་སྐུའི་ཞིང་ན་བཞུགས་པའི་སྤྲུལ་སྐུའི་སངས་རྒྱས་དང་། ལུང་རྟོགས་ཀྱི་བསྡུས་པའི་དམ་ཆོས། ཐེག་དམན་ཉན་རང་གི་དགེ་འདུན་ཉན་ཐོས་ཟུང་བཞི་ཡ་བརྒྱད། ཐེག་ཆེན་བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་སྦྱོར་ནས་རྒྱུན་མཐའི་བར་དུ་བཞུགས་པ་དང་། དེར་མ་ཟད་སྔགས་ཀྱི་དགེ་འདུན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱང་དགེ་འདུན་གྱི་ཁོངས་སུ་བསྡུས། ཁྱད་པར་རྡོ་རྗེ་སྤུན་གྲོགས་རྣམས་ལ་བརྩེ་གདུང་ཡིད་ལ་མ་བྱས་པར་ཉིན་ཞག་གིས་བར་ཆོད་ན་དམྱལ་བར་འགྲོ་དགོས་གསུངས་པའི་ཕྱིར་ན་སྐྱབས་སུ་དྲན་པ་གལ་ཆེ། དམ་ཆོས་ཚིག་བཞི་གཅིག་སྔ་ཕྱི་བྱས་ནས་ཞུས་ན་ཕུ་བོ་དང་ནུ་བོ་ལྟ་བུའི་འདུ་ཤེས། མཉམ་དུ་ཞུས་ན་མཚེ་མ་ལྟ་བུ། དཀྱིལ་འཁོར་གཅིག་ཅིང་བླ་མ་ཐ་དད་ན་མ་གཅིག་པའི་བུ་སྤུན་གྱི་འདུ་ཤེས། དཀྱིལ་འཁོར་ཐ་དད་ཅིང་བླ་མ་གཅིག་ཡིན་ན་ཕ་གཅིག་པ་ལྟ་བུའི་འདུ་ཤེས། དཀྱིལ་འཁོར་བླ་མ་གཉིས་ཀ་གཅིག་ཡིན་ན་ཕ་མ་གཅིག་པའི་བུའི་འདུ་ཤེས་དགོས། མཆེད་གྲོགས་རྣམས་ནི་འགྲོགས་ཡུན་རིང་བ་བྱང་ཆུབ་སྙིང་པོའི་བར། འགྲོགས་བདེ་བ་གོས་དང་སྐ་རགས་ལྟ་བུ། མར་མེ་དང་མེ་ལྕེ་ལྟ་བུ་ཞིག་ཡིན་པར་ཤེས་དགོས་གསུངས། ཚིགས་བཅད་གཅིག་གི་དོན་ཉན་པ༴སོགས་གསུངས་པ་ལྟར་ཆོས་ཚིག་གཅིག་སྟོན་པའི་སློབ་དཔོན་ཡན་ཆད་བླ་མར་འཛིན་དགོས། དེར་མ་ཟད་ཇོ་བོ་བཀའ་གདམས་པ་རྣམས་ཀྱི་ལུགས་ལྟར་ན་རང་ལ་དགེ་སེམས་ཉག་མ་ཞིག་སྐྱེ་བའི་རྐྱེན་ཁྱི་དང་བུད་མེད་ཀྱིས་བྱས་ན། ས་དང་རྡོ་ཡིས་བྱས་ན་སྣང་བ་བརྡ་ཡི་བླ་མ་ཡིན་པས་དེ་ཡང་སྐྱབས་གནས་སུ་འདུས་པར་ཤེས་དགོས། མདོར་ན་ཕྱི་རོལ་རྟགས་ཀྱི་བླ་མའམ་མཚོན་བྱེད་དཔེ་ཡི་བླ་མ་དེ་ལ་བརྟེན་ནས་མཚོན་བྱ་དོན་གྱི་བླ་མའམ་རང་རིག་དོན་གྱི་བླ་མ་གཉུག་མའི་ཡེ་ཤེས་དེ་ཉིད་སད་དགོས་པ་ཡིན། དེ་ལྟར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་དེ་ཉིད་སྤྱི་བོར་མངོན་སུམ་དུ་བཞུགས་ཡོད་བསམ་པ་ནི་སྐྱབས་སུ་འགྲོ་བའི་ཡུལ། དུས་འདི་ནས་བཟུང་སྟེ་ནམ་ཞིག་ན་ཕྱི་བྱང་ཆུབ་ཀྱི་ཤིང་དྲུང་དུ་མཉམ་པར་བཞག །ནང་ཁམས་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་མ་གྱུར་བར་སྐྱབས་སུ་འགྲོ་བའི་དུས་ཡིན་གསུངས། རང་གཞན་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བའི་གང་ཟག སྐྱབས་སུ་འགྲོ་བའི་ཚུལ་ནི་འཁོར་བའི་གནས་འདི་མེ་ཡི་འོབ། དུག་སྦྲུལ་གྱི་ཚང་། ཁབ་ཀྱི་རྩེ། སྲིན་མོའི་གླིང་ལྟར་བདེ་བའི་གོ་སྐབས་སྤུ་ཙམ་ཡང་མེད་པར་ཤེས་ནས་སྡུག་བསྔལ་རྒྱུ་འབྲས་གཉིས་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་ཞིག་དགོས། སྡུག་བསྔལ་འདི་ལས་སྐྱོབས་པའི་ནུས་པ་ཞིག་བླ་མ་དཀོན་མཆོག་གསུམ་པོ་མ་གཏོགས་བརྩེ་བའི་ཕ། བྱམས་པའི་མ། གཅེས་པའི་བུ། མཛའ་བའི་གྲོགས། གཞན་ཡང་རི་ཡི་ལྷ། ཤིང་གི་ལྷ། འཇིག་རྟེན་ན་མཐུ་བོ་ཆེ་ཚངས་པ་དང་བརྒྱ་བྱིན་སོགས་གང་ལའང་མེད་པར་ཤེས་ནས་སྐྱབས་སུ་འགྲོ་དགོས། དེའི་སྟེང་དུ་བྱང་སེམས་ལྟར་ན་རང་འདོད་ཡིད་བྱེད་ཀྱི་བློ་དང་། སྔགས་ལྟར་ན་ཐ་མལ་མ་དག་པའི་སྣང་ཞེན་ལས་ཀྱང་སྐྱོབ་དགོས། རྒྱུ་མཚན་དེས་ན་བླ་མ་དཀོན་མཆོག་གསུམ་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སྐྱོབ་པའི་ནུས་མཐུ་ཚད་མེད་པར་ཤེས་ནས། གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས་ཀྱང་། མཐོ་རུ་གཏོང་ངམ། དམའ་རུ་གཏོང་ངམ། སྐྱིད་ན་སྡུག་ན། ལེགས་ན་ཉེས་ན་བླ་མ་དཀོན་མཆོག་གསུམ་པོ་ཁྱེད་ལས་རེ་ས་སྐྱབས་གནས་མེད་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོ་ཞིག་ཡོད་པ་ནི་སྐྱབས་སུ་འགྲོ་བའི་ཚུལ་ཡིན་ཏེ། ཇོ་བོ་རྗེས་སྐྱབས་འགྲོའི་ངོ་བོ་ཨི་ཐི་བ་ཞེས་ཡིད་ཆེས་པའི་དད་པ་ཞིག་གལ་ཆེ་གསུངས། སྤྱིར་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་བ་སྐྱབས་འགྲོ། སྐྱབས་འགྲོའི་སྒོ་དབྱེ་བ་དད་པ་ཡིན་པས་དད་པ་བརྟན་པོ་གལ་ཆེ་ཚུལ་ནི། ཀུན་མཁྱེན་འཇིགས་མེད་གླིང་པས་བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག། ཞེས་གསུངས་སོ། །

༈ དེ་ནས་ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད་གསུངས་པ་ལྟར་སེམས་བསྐྱེད་མེད་ན་ཐེག་དམན་དུ་འགྱུར་བའི་ཕྱིར་ན་སེམས་བསྐྱེད་དགོས། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་དོན་དམ་སེམས་བསྐྱེད་སྐྱེ་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་ནི་བདེ་གཤེགས་སྙིང་པོ་ཡིན་ཏེ། དོན་དམ་ཞེས་པ་ཆོས་ཀྱི་དབྱིངས་དང་སེམས་ཞེས་པ་འོད་གསལ་བའི་ཡེ་ཤེས་ལ་གོ་དགོས། འདིར་སྨོན་སེམས་ནི་སེམས་ཅན་ཐམས་ཅད་རྣམ་གྲོལ་གཏན་གྱི་བདེ་བ་ལ་འགོད་པའི་སླད་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱ་བསམ་པའི་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་དེ་ཡིན། སྤྱིར་སེམས་བསྐྱེད་ལ་གཙོར་འདོན་བྱེད་ཚུལ། གསར་རྙིང་སོགས་་ཀྱི་བཞེད་པ་མི་འདྲ་བ་མང་ཡང་དོན་ལ་རང་དོན་ཡིད་བྱེད་ཀྱི་བློ་དང་མ་འདྲེས་ན་སེམས་བསྐྱེད་མཆོག་ཡིན་གསུངས། དེའི་ཆེད་དུ་ལམ་ཟབ་མོ་ལ་འཇུག་པ་ནི་འཇུག་པ་སེམས་བསྐྱེད་ཡིན། དེ་ལྟར་སྐྱབས་ཡུལ་དེ་དག་གི་མདུན་ནས་སེམས་བསྐྱེད་པ་སོགས་ནི་ཐོག་མར་དགེ་བ་སྐྱབས་འགྲོ་དང་སེམས་བསྐྱེད་ཞེས་པ་ཡིན་གསུངས།

༈ དེ་ནས་བླ་མའི་གནས་གསུམ་ལས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ངོ་བོ་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་དག་ཅིང་བུམ་གསང་ཤེར་གསུམ་གྱི་དབང་ཐོབ། མཐར་བླ་མ་ཉིད་འོད་དུ་ཞུ་ནས་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ཅིང་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ་པར་བསམ་པ་ནི་དབང་བཞི་ལེན་པ་དང་བླ་མ་འོད་ཞུ་ཡིན་གསུངས། དེ་ལྟར་བླ་མའི་ཐུགས་དང་རང་སེམས་ཡེ་ནས་དབྱེར་མེད་ཡིན་སྙམ་པའི་ཐུགས་ཡིད་དབྱེར་མེད་བསྲེ། ཐུགས་ཡིད་དབྱེར་མེད་བསྲེས་པས་བྱིན་རླབས་འཇུག །དགེ་སྡིག་གཏོང་ལེན་བྱས་པས་སྡིག་སྒྲིབ་འདག་གསུངས་པ་ལྟར། བླ་མ་དཀོན་མཆོག་གསུམ་གྱི་ཡོན་ཏན། རྒྱལ་བ་གོང་མའི་རྣམ་ཐར་རེ་དྲན་པའི་སྟོབས་ཀྱིས་དད་པ་ལེགས་པོ་རེ་སྐྱེ་ནའང་། དེ་ཚེ་ཐུགས་ཡིད་དབྱེར་མེད་འདྲེས་པའི་ལྟ་བས་དྲངས་པའི་ངང་ལ་མཉམ་པར་བཞག་ན་

དེའི་རང་དུས་དེ་ན་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་བསེ་ལུ ང་ལྕགས་ཀྱི་རྒྱ་མདུད་བཞིན་དུ་འཐོར། བྱིང་རྨུག་གཉིད་གསུམ། ཉམས་ཞེན་གྱི་ཤུན་པ། བཟོ་བཅོས་ཀྱི་གོས། གཟུངས་འཛིན་ཀྱི་དྲི་མ། ཕྱི་ནང་གི་གཏད་སོ། །འཁྲུལ་བའི་འཁོར་ལོ་ཐམས་ཅད་སྤྲིན་ཆེན་ནམ་མཁར་དེངས་པ་བཞིན་དུ་དེངས། ཆོས་དང་གང་ཟག་གི་བདག་འཛིན་ཐམས་ཅད་སྣང་བའི་མདུན་ན་མུན་པ་འདུག་ལོང་མེད་པ་བཞིན་རང་གྲོལ་རང་ཞིག་ལ་སོང་བ་དཔེར་ན་སྦྲུལ་གྱི་མདུད་པ་རང་ཞིག་ཏུ་འགྲོ། སྒོ་ལྔ་ཆ་མཉམ་དུ་བཞག་ན་ཡུལ་ལྔ་པོ་འགག་མེད་དུ་ཚུར་ཤར་བ་ཡིན། དེ་ལྟ་བུའི་མཉམ་བཞག་དེ་དག་པ་ནམ་མཁའ་ལྟ་བུ། སངས་བ་མེ་ཏོག་ལྟ་བུ། དྭངས་པ་རྒྱ་མཚོ་ལྟ་བུ་རང་བབས་ཀྱི་བསམ་གཏན་དེ་ལྟ་བུ་ཞིག་ཤར་ཚེ་ཕར་ལ་བློ་ཡིས་མ་བསྒོམ། ཚུར་ལ་དྲན་པས་མ་བཅིངས། ཐོལ་སྐྱེལ་རྦད་ཆོད། དྲན་པས་རྗེས་སླེབ། གཉེན་པོས་འབུར་འཇོམས། གནས་པའི་ངང་སྐྱོང་སོགས་མ་དགོས་པར། ལྟ་བ་ཡན་ཐུབ། བསྒོམ་པ་ཡེང་ཐུབ། སྤྱོད་པ་རྐྱེན་ཐུབ། འབྲས་བུའི་གོལ་ས་ཐུབ། རང་ངོ་འཕྲོད་པ་ལྟ་བ། ངང་ལ་གནས་པ་བསྒོམ་པ། གང་ཤར་རང་གྲོལ་གྱི་སྤྱོད་པ་ཞེས་ལྟ་སྒོམ་སྤྱོད་གསུམ་གནད་གཅིག་ཏུ་འདུས་པ་ཡིན། ལྟ་བའི་གནས་དག །སྒོམ་པའི་རྨང་ཞིག། སྤྱོད་པའི་ལ་དོར། དེ་དུས་འདོད་ཡོན་ལྔ་སོགས་ཡུལ་གང་སྣང་ཡང་མི་ཞེན་པ་སྦྱིན་པའི་ཕར་ཕྱིན། དུས་གསུམ་ཡིད་ཀྱི་འཁྲུལ་བའི་དྲི་མས་མ་གོས་པ་ཚུལ་ཁྲིམས། ཟབ་མོའི་དོན་ལ་མི་སྐྲག་པ་བཟོད་པ་སོགས་ཕར་ཕྱིན་དྲུག་དང་། དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བཞི་སོགས་དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་ངམ་ངམ་ལྷུན་གྱིས་གྲུབ། ཡེ་ཤེས་གསལ་ཡང་མི་འཛིན་པས་གཟུགས་ཁམས་ལས་གྲོལ། ཐུགས་རྗེས་རིག་ཀྱང་མི་འཕྲོ་བ་འདོད་ཁམས་ལས་གྲོལ། ངོ་བོ་མི་རྟོག་ཀྱང་ཡེ་ཤེས་ཀྱི་གསལ་ཆ་མ་འགག་པས་གཟུགས་མེད་ཁམས་ལས་གྲོལ། ལྡོག་ཆས་དབྱེ་ན་སྟོང་པ་ནམ་མཁའ་ལྟ་བུ། གསལ་བ་ཉི་ཟླ་ལྟ་བུ། རིག་ཆ་མིག་འབྲས་བཞིན་དུ་ཧྲིག་གེ་བའི་བདག་ཉིད་དུ་བཞུགས་པ་སྐུ་གསུམ་གྱི་ཉམས་ཟེར་ཏེ། སྐུ་གསུམ་ཉམས་ནི་ནམ་མཁའི་མཐའ་དང་མཉམ་ཞེས་གསུངས་པ་དང་། རྒྱ་གྲོལ་སྣང་བ་ནམ་ལང་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། །ཞེས་གསུངས་པ་ལྟར་ལགས། སྲིད་གསུམ་ཀ་དག་གི་ལྟ་བ། ཁམས་གསུམ་ཡོངས་སྒྲོོལ་གྱི་བསྒོམ་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ། དེ་ལས་མི་འདའ་བའི་དམ་ཚིག་སོགས་ཀྱང་ཡིན། དེར་མ་ཟད་བསྐང་རྫས་རྡུལ་ཚོན་གྱི་ཐིག་ལེ། འགུལ་བསྐྱོད་ཡེ་ཤེས་ཀྱི་ཕྱག་རྒྱ་སོགས་གང་སྣང་ཅི་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་བ། ཆོས་ཉིད་ལ་ཆོས་ཉིད་རོལ། ཟས་ཟོས་ཀྱང་འགག་མེད་དུ་མྱོང་། ཞེན་མེད་དུ་རོལ། རྟེན་མེད་དུ་གྲོལ་བས་ཚོགས་ཆེན་ཡེ་རྫོགས་ཀྱི་དགོངས་པ་སྟེ། དེ་ལྟ་བུའི་དགོངས་པ་དཀོན་མཆོག་གསུམ་གྱི་སྣང་བ་དང་མ་བྲལ་བ་ཞིག་ཡིན་ན་གེགས་དང་གོལ་ས་གཏན་ནས་མེད་གསུངས། དེ་མིན་གཞན་དུ་གནས་ན་དྭངས་ཆ་མེད་ན་ཞི་གནས་ཀྱི་སྙིགས་མ། གསལ་ན་ལྷོད་ཆ་མེད་ན་གསལ་འཛིན་གྱི་འཆིང་བ། འགྱུ་ན་གྲོལ་ཆ་མེད་ན་འཁྲུལ་བའི་རྗེས་བསྙེགས་ཡིན་པས་གཟབ་དགོས། བཟང་རྟོག་ཤར་ཡང་མཐའ་གྲོལ་ཀློང་ཡངས། ངན་རྟོག་ཤར་ཡང་རང་ཤར་རང་གྲོལ་ཞེས། གྲོལ་རྒྱུ་དེ་ལ་བཟང་རྟོག་ངན་རྟོག་བར་མ་དོའི་རྟོག་པ་གསུམ་ལས། བཟང་རྟོག་གྲོལ་ཞེས་པ་ནི་དགེ་སེམས་རྣམས་ཀྱི་སྟེང་ན་བདག་འཛིན་རློམ་སེམས་ང་རྒྱལ་སོགས་མཚན་འཛིན་གྱི་རྟོག་པ་ཐམས་ཅད་དྭངས་སེ་ལྷོད་སེ་འགྲོ་བ་ལ་ཟེར་བ་ཡིན། དེ་ལྟར་མ་ཤེས་པར་བཟང་རྟོག་དགེ་སེམས་ཀྱི་ཆ་ཐམས་ཅད་མེད་འགྲོ་དགོས་པ་ཞིག་ལ་གཏན་ནས་བཟུང་མི་རུང་ངོ་། །འཁོར་བར་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་བྱང་སེམས། སྣང་སྲིད་རྣམ་དག་གི་དག་སྣང་། བཀའ་དྲིན་ཅན་གྱི་བླ་མ་ལ་མོས་གུས། ཡོན་ཏན་ཅན་ལ་དད་པ་སོགས་དགེ་སེམས་རྣམས་ནི་འདི་ནས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་འགྲོ་དགོས་ངེས་པ་ཅན་ཡིན་ཞེས་ཡང་ནས་ཡང་དུ་གསུངས། ངན་རྟོག་ནི། ཆགས་སྡང་རྨོང་གསུམ་གྱི་རྟོག་པ་ཐམས་ཅད་ཡིན། བར་མའི་རྟོག་པ་ནི། ས་བསམ་རྡོ་བསམ་ལྟ་བུའི་ཕན་མེད་གནོད་མེད་བར་མའི་རྟོག་པ་ཐམས་ཅད་ཡིན། དེ་རྣམས་མཉམ་བཞག་ལྟ་བའི་ཀློང་དུ་གྲོལ་ནས་འོད་གསལ་རིག་པའི་རང་རྩལ་དུ་གྲོལ་བ་ཞིག་དགོས། རྟོགས་མ་རྟོགས་རྐྱེན་དང་བསྲེས། གོམས་མ་གོམས་མཚན་མོའི་གཉིད་ལ་དྲིས་གསུངས་པ་བཞིན་གྲོལ་དཀའ་ཚུལ་མང་དུ་གསུངས་ཀྱང་མ་བྲིས། མདོར་ན་གྲོལ་ཟེར་རྒྱུ་བོ་ཕྱི་སྣང་བ་མ་སྤང་སྣང་ཐོག་ནས་གྲོལ་བ་བྱེའུ་ཆུང་ཁྲས་ཁྱེར་བ་ལྟ་བུ། ནང་འགྱུ་བ་མ་སྤང་འགྱུ་ཐོག་ནས་གྲོལ་བ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཞིག་དགོས་གསུངས། དེ་ནི་བར་དུ་དགེ་བ་དངོས་གཞི་ཐུགས་ཡིད་དབྱེར་མེད་ཡིན་ནོ་གསུངས། ༈ མཐར་ཏིང་ངེ་འཛིན་གྱི་རྒྱ་མ་རལ་གོང་། བྱིང་རྨུག་གཉིད་གསུམ་དང་འཁྲུལ་བའི་དབང་དུ་མ་ཤོར་གོང་དུ་བསྔོ་བ་བྱེད་པ་གལ་ཆེ་བས་ན། བསྔོ་བའི་དཔང་པོ་རྒྱལ་བ་སྲས་བཅས་ཀྱི་མདུན་དུ། བསྔོ་རྒྱུའི་དགེ་རྩ་བདག་གིས་དུས་གསུམ་དུ་སྒོ་གསུམ་གྱིས་བསགས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་བྱས་པ་ལ་རྗེས་སུ་ཡི་རང་བའི་དགེ་རྩ་སོགས་རང་གཞན་ཐམས་ཅད་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བློ་ཡིས་བསྡོམ་ནས་དཔེར་ན་མིག་ཅན་གྱིས་གཟུགས་མཐོང་བ་བཞིན་དུ་མངོན་སུམ་དང་འདྲ་བ་ཞིག་དམིགས། བསྔོ་ཡུལ་སེམས་ཅན་ཐམས་ཅད་མཐའ་གཉིས་ལ་མི་གནས་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ། རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོ་བར་བྱ་ཞེས་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་བློ་ཐེ་ཚོམ་མེད་པ་ཞིག་དགོས། དེ་ནི་བསྔོ་བ་རྗེས་མཐུན་པ་ཙམ་ཡིན། འཁོར་གསུམ་དམིགས་མེད་ཀྱི་བསྔོ་བའི་དོད་ཀྱང་ཐུབ། དམིགས་མེད་མཚན་ཉིད་པ་ནི་འཕགས་པ་ལ་འཇོག་དགོས། དེ་ལྟར་སྦྱོར་དངོས་རྗེས་གསུམ་དང་བཅས་པའི་ཐུན་ཡུན་ཐུང་ལ་གྲངས་མང་བ་ཞིག་གལ་ཆེ་བས་ཉིན་རེ་ལ་ལན་དྲུག་ཅུ་རེ་ལྔའམ། ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག་ལས་གསུངས་པ་ལྟར་བརྒྱ་དང་ཉེར་ལྔ་ཙམ་རེ་མི་ཆག་པར་འགྲོ་དགོས། ལས་དང་པོ་བས་ཡུན་ཐུང་ལ་གྲངས་མང་བ་བྱེད་དགོས་ཚུལ། ཨོ་རྒྱན་རིན་པོ་ཆེས། ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་བཞིན། །ཞེས་པ་ལྟར་ཡིན། དེ་ཡང་དགྲ་འདུལ་གཉེན་སྐྱོང་། ཞིང་ལས་སོ་ནམ། ཕྱུག་གི་འཚོ་སྐྱོང་། དཀོར་ཁ་གྲོང་ཆོག ཚོང་ཁེ་སོ་ནམ་སོགས་རྣམ་གཡེང་ཁོ་ནས་ཉི་མ་ནམ་ཚ་ཟད་ཡོད་པ་ཞིག་མི་བྱེད་པར། མཐོ་ལ་ཁ། དམའ་ལུང་ཁུང་། ཉི་མ་ཉིན་ཕྱེད། ཟླ་བ་མཚན་ཕྱེད། གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས། ལས་ཅི་བྱེད་སོགས་དུས་ནམ་དུ་ཡང་། བླ་མ་དང་གཉིས་སུ་མེད་པའི་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་དེ་ཉིད། སྤྱི་བོའི་གཙུག་ཏུ་བསྒོམ་ཞིང་དབང་བཞི་བླང་། སྙིང་གི་དབུས་སུ་བསྒོམ་ཞིང་ཐུགས་ཡིད་དབྱེར་མེད་བསྲེས་ཏེ་བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་བླ་མས་འཕྲོག་པ། གང་སྣང་བླ་མར་ཤར་བ་ཞིག་མ་བྱུང་གི་བར་དུ་བསྒོམ་ནུས་ན་ཕྱི་མར་སྲིད་པ་བར་དོའི་སྐབས་སུ་བླ་མ་དངོས་སུ་དེར་བྱོན་ནས་དབང་བསྐུར་ཞིང་ངོ་སྤྲོད། ཡི་དམ་གྱིས་གེགས་བསལ། མཁའ་འགྲོས་བར་ཆད་ལས་བསྐྱབས་ཏེ་གྲོལ་བར་ཐེག་མཆོག་མཛོད་ལས་གསུངས། མདོར་ན་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་མཇལ། དམ་པའི་ཆོས་དང་འཕྲད། གདམས་ངག་གི་བདུད་རྩི་ཐོབ། སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བ་སྔགས་རྡོ་རྗེའི་ཐེག་པར་འཕྲད་ཡོད་པའི་དུས་འདིར། པདྨ་ཅན་གྱི་མཚོ་ལ་ངང་པ་ཞུགས་པ་དང་། དྲི་ཞིམ་པདྨོའི་ཚལ་དུ་བུང་བ་རྒྱུ་བ་བཞིན་དུ་དགའ་སྤྲོ་དང་བཅས་ཏེ་གདམས་པ་འདིར་འཇུག་རིགས་སོ་ཞེས་གསུངས་སོ།།

༈སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་དེ་ལ། རྟོག་པ་རྩད་བཅད་པ། སེམས་ཀྱི་མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟག་པ་གསུམ་ལས། དང་པོ་ནི། འཁོར་རྩ་དངོས་ངོས་བཟུང་བ་དཔེར་ན་རྐུན་པོ་ངོས་འཛིན་ལྟ་བུའི་གདམས་པ་ཡིན་ཏེ། འཁོར་བ་ཡ་མཐའ་ཐུག་མེད། དེ་བཞིན་དུ་སེམས་ཅན་ཡ་མཐའ་ཐུག་མེད། འཁྲུལ་བ་ཡ་མཐའ་ཐུག་པ་མེད་པ་ཞིག་ནས་ཉི་མ་དེ་རིང་གི་བར་དུ་འཁོར་བའི་གནས་འདིར་རྫ་མཁན་གྱི་འཕང་ལོ་བཞིན་དུ། སྔུན་ན་ཁྲིད་མཁན་དང་རྒྱབ་ན་འདེད་མཁན་མེད་པར་དབང་མེད་དུ་འཁྱམས་པའི་རྒྱུའི་གཙོ་བོ་སེམས་ཡིན་པའི་རྩ་གདར་ལེགས་པར་ཆོད་པ་དེ་ཡིན། མཚང་བཙལ་བ་ནི་དེ་ཉིད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡིན་ལ། གསུམ་པ་ནི། བྱུང་ས་། གནས་ས། འགྲོ་ས་སྟེ་ཡུལ་གསུམ་དང་། བྱུང་མཁན། གནས་མཁན། འགྲོ་མཁན་སྟེ་ཡུལ་ཅན་གསུམ་པོ་དབུ་མའི་གཏན་ཚིགས་ལྟར་རམ། རྡུལ་ཕྲན་བསགས་གཏོར་གྱི་རིགས་པས་དཔྱད་དེ་གཏན་ལ་ཕབ་ཚེ། ཡུལ་དང་ཡུལ་ཅན་ཐམས་ཅད་སྣང་བཞིན་དུ་སྟོང་ལ། སྟོང་བཞིན་དུ་སྣང་བའི་སྣང་སྟོང་ཟུང་འཇུག་གི་ངེས་ཤེས་ཡང་དག་པ་སྐྱེས་ཚེ། ངེས་ཤེས་དེའི་ངང་དུ་མཉམ་པར་བཞག་ན་དབུ་མའི་ལྟ་བ་ལས་ཁྱད་ཆོས་ཡོད་ཚུལ་རྡོ་གྲུབ་ཆེན་རིན་པོ་ཆེས་ཉག་རོང་གཏེར་སྟོན་ལ་གསུངས་པ་ཡིན་ལ། དེ་ནི་མཐའ་བཞིའི་འཛིན་སྟངས་མེད་པའི་རྟགས་སུ་ངོ་བོའི་དབྱིངས་ལས་ཤར་ཆ་འགགས་མེད་དུ་ཤར་བ་དང་། ལྟ་བ་ཡང་དག་པས་རང་རྒྱུད་ལ་ཁྱབ་པའི་འབྲས་རྟགས་སུ་གང་ཤར་ཐམས་ཅད་བག་ཆགས་བསོགས་ལོང་མེད་པར་གྲོལ་བ་ཡིན་གསུངས། ཞེས་དེ་ལྟར་ཤ་ཟིན་སྤུ་ཟིན་གྱིས་ཚིག་ཟིན་དུ་བྲིས་པ་ལགས་་སོ། །

༈ གོལ་ས་གསུམ་ནི། ཀུན་གཞི་ནི་ཤེས་པ་ལུང་མ་བསྟན་ཁ་ཕྱིར་ལྟས་ཀྱི་ཤེས་པ། ངོ་བོ་རྟོག་མེད། རྣམ་པ་དྭངས་གསལ། སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ། ཨི་སྣང་ན་སྣང་། ཨི་འཛིན་ན་མི་འཛིན། ཕྱིའི་ཡུལ་ལ་མ་གཏད། ནང་དུ་མ་བསྒོམ། བར་དུ་མ་བཞག འཁྲུལ་ནི་མ་ཡིན། དུབ་ཆ་དང་འཐིབས་ཆ་སོགས་གང་ཡང་མེད་པ་ངོ་བོ་ཀུན་གཞི། རྣམ་པ་ཀུན་གཞིའི་རྣམ་ཤེས། དཔེར་ན་བཙས་མ་ཐག་པའི་བྱིས་པའི་སྣང་བ་བཞིན་དུ། ཡུལ་སྣང་སྒོ་ལྔའི་རྣམ་ཤེས་ཡུལ་ལ་མ་མཆེད་པས་ཀ་བུམ་སོགས་ཀྱི་བྱེ་བྲག་མི་ཤེས་པས་འདི་ཡིན་འདི་མིན་གྱི་སྟངས་མ་བྱེད་པ་ཡིན། ཀློང་ཆེན་པས། མི་ཞིག་དཀའ་བའི་ཤུགས་ཀྱིས་རྟོག་པ་རྒྱུན་འགག་པ་ཀུན་གཞི་ཡིན་གསུངས། ཐ་མལ་པ་རྣམས་དཀའ་བའི་ཤུགས་དང་འཇིགས་སྔངས་དང་དྲན་བརྗེད་ཀྱི་དུས་སུ་ཀུན་གཞི་དེ་ཉིད་རྐྱེན་གྱིས་བསྐྱེད་ནི་རེད། རྣལ་འབྱོར་པས་ལམ་བསྒོམ་པའི་སྟོབས་ཀྱིས་ཀུན་གཞིའི་སྟེང་དུ་ཐོན་ནི་རེད། ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་འོད་གསལ་བའི་རིག་པ་ཡིན་ཏེ། གཞན་དུ་ཆོས་ཐམས་ཅད་བདེན་སྟོང་གི་ཤེས་རབ་དང་འགྱུ་ཆ་ལ་གྲོལ་ཆ་ཡོད་པ་སོགས་ལྷག་མཐོང་ལ་རྣམ་གྲངས་མང་གསུངས། ཅི་ལ་གནས་དང་ཏིང་ངེ་འཛིན་རྐྱེན་མེད་དང་། བདག་མེད་གཉིས་རྟོགས་ཀྱི་སྟོང་ཉིད་དང་། རྫོགས་ཆེན་པས་འོད་གསལ་གྱི་ངང་ལ་གནས་པ་སོགས་ཅི་ཡང་མེད་པས་སོ། །དབང་ཤེས་ལྔའི་ནང་ན་མིག་ཤེས་ལ་ཡིད་ཤེས་ཀྱིས་གྲོགས་བྱས་ནས་ནམ་མཁའ་ལ་གཏད་པས་ཕྱིའི་ནམ་མཁའ་དང་འདྲེས་པའི་ཉམས་འཆར་གསུངས། དེ་ཡང་རིག་པས་ངང་བསྐྱངས་ཀྱང་སྒོམ་ཡུན་རིང་ན་རིག་པའི་ས་ཕུད་ནས་མིག་ཤེས་ལ་ཞེན་ཏེ་ནམ་མཁའ་དང་འདྲེས་པའི་ཉམས་འཆར། རྟགས་ནི་རི་མཐོན་པོའི་རྩེ་དང་ནམ་མཁའ་དྭངས་པ་དང་། ཁང་པའི་སྒོ་དང་སྐར་ཁུང་ཕྱེ་བའི་དུས་སུ་སྔར་ལས་ཀྱང་དྭངས་གསལ་གྱི་རྣམ་པ་འཆར་ནི་རེད། མིག་བཙུམ་པ་དང་། གནམ་ངོ་འཁྲུགས་པ་དང་། མུན་རུབ་ཀྱི་དུས་དང་སྒོ་དང་སྐར་ཁུང་བཅད་དུས་འཐིབ་ཆ་བྱུང་བ་ནི་མིག་ཤེས་ལ་གོལ་བའི་འབྲས་རྟགས་ཡིན། སྟོང་གསུམ་མུན་པར་འཁྲུགས་ཀྱང་ང་མི་འཐིབ། །ཞེས་གསུངས་པའི་དོན་རྨི་ལམ་དང་བར་དོའི་འོད་གསལ་སོགས་གང་དུའང་ཟང་ཐལ་དུ་ཤར་བ་ཡིན་ཏེ། དེ་འདྲའི་ཡུལ་རྐྱེན་གྱི་གོས་པ་མི་སྲིད་གསུངས། གེགས་སེལ་ནི། རི་མཐོན་པོའི་རྩར་དང་། མིག་བཙུམས་པ་དང་། སྔོན་དུ་གྱང་ལོག་གིས་བཅད་ནས་སྒོམ་དགོས་གསུངས། ཡིད་ཤེས་ནི། མངོན་སུམ་རྟགས་ལ་མ་བརྟེན་པར། །རྗེས་དཔག་འབྱུང་བར་མི་སྲིད་དོ། །ཞེས་གསུངས་པས། དབང་ཡུལ་འཕྲད་དུས་དབང་ཤེས་ཀྱི་ཡུལ་མངོན་སུམ་རེད། ཡིད་ཤེས་ཀྱི་ཡུལ་རྗེས་དཔག་ཡིན་ཀྱང་ཡིད་ཤེས་ཀྱི་ཡུལ་རྣམས་རང་ལ་མངོན་སུམ་ཡིན་སྣང་ཤར་ཀྱང་མངོན་སུམ་མ་རེད། རྗེས་དཔག་རེད། རྗེས་དཔག་་གི་ཡུལ་ཤེས་ནི་དེ་ཤེས་རྒྱུད་གཅིག་ཡིན་ནི་གི་ཡིན་གསུངས། ཉམས་བདེ་གསལ་མི་རྟོག་གསུམ་དང་། དེ་གསུམ་གང་ཡང་ཤན་མ་ཕྱེས་པའི་སྟོང་ཧད་ཧད་པོ་དང་བཞི་པོ་འདི་ཡིད་ཤེས་ཀྱི་ཡུལ་མྱང་བྱ་ཡིན། མྱང་བྱ་དེ་རྣམས་འཛིན་མཁན་གྱི་ཡུལ་ཅན་ཡིད་ཤེས་ཡིན་གསུངས། ཉོན་ཡིད་ནི། ཉམས་རྣམས་གང་རུང་ལ་ཆགས་ཤིང་ཞེན་པས་འབྲལ་མི་ཕོད་པ་ལྟ་བུའི་འདོད་ཆགས། རྩུབ་ཉམས་དང་མི་བདེ་བ་སོགས་བྱུང་ན་དེ་ལ་འདོར་བའི་རྣམ་པས་མནར་སེམས་ཅན་ཞེ་སྡང་། འདོར་ལེན་གྱི་རྣམ་པ་མིན་པའི་བར་མའི་རྣམ་པར་རྟོག་པ་གཏི་མུག་གོ། །དེ་ལྟ་བུའི་ཀུན་གཞི་ལུང་མ་བསྟན་དང་། སྒོ་ལྔའི་རྣམ་ཤེས་རྣམས་ལས་མིག་ཤེས་འདི་ཁྱབ་ཆེ་བས་དེ་དང་། ཡིད་བདེ་གསལ་མི་རྟོག་གསུམ་དང་དེ་གསུམ་ཤན་མ་ཕྱེས་པའི་སྟོང་ཧད་ཧད་པོ་དང་བཞི་པོ་འདི་གོལ་ས་ཆེན་པོ་གསུམ་མམ་བཞི་ཡིན། རང་གི་ཉམས་ལེན་དང་གོལ་ས་དེ་རྣམས་ནོར་མི་ནོར་བརྟགས་དཔྱད་ལེགས་པར་བྱེད་པ་ཤིན་ཏུ་གལ་ཆེ། རེས་འོད་གསལ་ལ་མཉམ་པར་བཞག རེས་གོང་གི་གོལ་ས་རྣམས་སེམས་ཐོག་ཏུ་བླངས་ཏེ་བསྒོམ་ཞིང་རེས་མོས་བྱས་ཏེ་བསྒོམ་པས་གོང་གི་གོལ་ས་དེ་རྣམས་དང་འདྲེས་མ་འདྲེས་ཀྱིས་ཤན་ལེགས་པར་འབྱེད་ནུས་པ་ཡིན་ནོ་གསུངས། །དགེའོ།། དགེའོ།། དགེའོ། བཀྲ་ཤིས།།

ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་བསྡུས་དོན་དཔལ་མགོན་བླ་མའི་ཞལ་ལུང་།

ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་བསྡུས་དོན་དཔལ་མགོན་བླ་མའི་ཞལ་ལུང་བཞུགས་སོ།།

བརྒྱུད་གསུམ་བླ་མའི་ཞབས་ལ་གུས་ཕྱག་འཚལ། དེ་ལ་འདིར་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ། ཚེ་གཅིག་སངས་རྒྱས་འགྲུབ་པའི་མྱུར་ལམ། འོད་གསལ་རྫོགས་པ་ཆེན་པོའི་མན་ངག །བརྒྱུད་གསུམ་དཔལ་མགོན་བླ་མའི་ཞལ་ལུང་། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་དགོངས་པའི་ཀློང་མཛོད་ནས་རྡོལ་བའི་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་འདི་ཉིད་འཆད་པར་བྱེད་པ་ལ། ༈ བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་དངོས་བཤད་པ་དང་གཉིས་ལས། དང་པོ་བཤད་བྱའི་ཡན་ལག་བཤད་པ་ལའང་ཀུན་སློང་དང་། ཀུན་སྤྱོད་གཉིས་ལས། དང་པོ་ཀུན་སློང་ལའང་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དང་གཉིས་ལས། དང་པོ་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ནི། དམིགས་པ་རྒྱ་ཆེ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བྲལ་བར་འདོད་པ། དོན་རྒྱ་ཆེ་བ་སེམས་ཅན་དེ་དག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པ། སྙིང་སྟོབས་རྒྱ་ཆེ་བ་སེམས་ཅན་གཅིག་གི་ཕྱིར་དུའང་མནར་མེད་དུ་འཇུག་པ་ལ་པདྨ་ཅན་གྱི་མཚོ་རུ་ངང་པ་ཞུགས་པ་ལྟ་བུའི་དགའ་སྤྲོ་དང་བཅས་པ། དུས་རྒྱ་ཆེ་བ་འཁོར་བ་མ་སྟོང་གི་བར་དུ་རང་དོན་ཡལ་བར་དོར་ནས་གཞན་དོན་ཁོ་ན་ལྷུར་ལེན་པ་ཡིན་ལ། དེ་ལྟར་རྣམ་དཀར་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་ཚུལ་ཤེས་པར་བྱས་ནས་རང་རེ་སོ་སོའི་སྐྱེ་བོའི་སྐབས་འདིར་ཆོས་བསྒྲུབ་པའི་ཐོག་མར་རང་རྒྱུད་ལ་ལེགས་པར་བརྟགས་ནས་ཀུན་སློང་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འཆོས་པ་ནི་ཤིན་ཏུ་གལ་ཆེ་སྟེ། ཇི་སྐད་དུ། ཆོས་རྣམས་ཀུན་གྱི་དང་པོ་མགོ། །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟགས་པ་ཡིན་ནོ་ཞེས། །ཟླ་མེད་བླ་མ་མཆོག་དེས་གསུངས། །ཞེས་དང་། སློབ་དཔོན་དཔའ་བོས། འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན། །མཐོ་རིས་འདོད་དང་རྒྱལ་སྲིད་སྒྲུབ་ཕྱིར་མིན། །བདག་གི་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི། །གཞན་དོན་བསྒྲུབ་ཕྱིར་བདག་གིས་འདི་བརྩམ་མོ། །ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་། རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། །རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། །བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། དགེ་བའི་རྩ་བ་རྒྱ་ཆེ་ཆུང་ཇི་ལྟ་བུ་ཞིག་བསྒྲུབ་ཀྱང་ཀུན་སློང་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་རང་བདེ་ཡལ་བར་དོར་ནས་མ་རྣམས་བདེ་བའི་ཐབས་ལ་བརྩོན་པར་བྱ་དགོས་ཏེ། རིན་ཆེན་ཕྲེང་བ་ལས། ཕྱོགས་རྣམས་ཀུན་ཏུ་ནམ་མཁའ་དང་། །ས་དང་ཆུ་དང་མེ་དང་རླུང་། །ཇི་ལྟར་ནམ་མཁའ་དེ་བཞིན་དུ། །སེམས་ཅན་སྡུག་བསྔལ་མཐའ་ཡས་འདོད། །ཅེས་གསུངས་པ་ལྟར། འདི་ལྟར་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་ཉོན་གྱིས་ཁྱབ། ལས་ཉོན་གྱིས་གར་ཁྱབ་སྡུག་བསྔལ་གྱིས་ཁྱབ། སྡུག་བསྔལ་གྱིས་ཁྱབ་པའི་འགྲོ་བ་སེམས་ཅན་འདི་རྣམས་སྤྱིར་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལྟའི་བར་དུ་རང་གི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ། ཁྱད་པར་མིར་གྱུར་བའི་དུས་སུ་ད་ལྟའི་རྩ་བའི་མ་འདིས་རང་རེ་རྣམས་ལ་གཅེས་སྤྲས་ཇི་ལྟར་བགྱིས་པ་བཞིན་དུ་ཟླ་དགུ་ངོ་བཅུར་ལུས་ལ་བཟུང་། དེ་ནས་ཕྱིར་བཙས་པའི་དུས་སུ་སྐྱུག་བྲོ་བའི་གནས་སུ་གྱུར་བ་དེ་ཡང་མ་དྲིན་མོ་ཆེ་དེས་ཚམ་ཚོམ་མེད་པར་པང་དུ་བླང་། རྒྱབ་ཀྱི་ཕྲུ་མ་བཤུས། མི་གཙང་བ་ལག་པས་ཕྱིས། ལུས་ཀྱི་དྲོད་ལ་བཅར། མངར་བའི་ནུ་ཞོ་བསྣུན། བྱམས་པའི་མིག་གིས་བལྟས། བརྩེ་བའི་སེམས་ཀྱིས་བསྐྱངས། སྙན་པའི་མིང་ནས་བོས། དགའ་བའི་འཛུམ་གྱིས་བསུས། སོར་བཅུའི་རྩེ་ལ་གཡེང་། ཟས་ཞིམ་མངར་གྱི་བཅུད་ཀྱིས་གསོས། གོས་དྲོ་འཇམ་གྱིས་བརྩེ་ཞིང་བྱམས་པས་གཡོགས། ཕན་པའི་བདེ་བ་མཐའ་དག་ནི་བསྒྲུབས། གནོད་པའི་སྒོ་དུ་མ་ལས་བསྐྱབས། དཀའ་ཚེགས་དང་སྡུག་བསྔལ་ཐམས་ཅད་ཁྱད་དུ་བསད་ནས་དྲིན་ཆེན་པོས་ཡང་ཡང་བསྐྱངས་པའི་དྲིན་ཆེན་ཤ་སྟག་ཡིན་ལ། དྲིན་ཆེན་དེ་དག་རྣམས་ཀྱིས་འདོད་པ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་ནི་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་སྡིག་པ་མི་དགེ་བ་བཅུ་སྤང་མི་ཤེས་པ་ཡིན་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་བཞིན་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བས་ལམ་ལོག་མགོ་རྨོངས་སུ་གྱུར་ནས་ལོང་བ་ཐང་དཀྱིལ་དུ་ལུས་པ་ལྟ་བུའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། བདག་ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། མཚན་ལྡན་གྱི་བླ་མ་དང་མཇལ། ཡང་དག་པའི་ཆོས་ལ་སྤྱོད་པ་འདི་སྐལ་བ་བཟང་བས་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་མི་གཏོང་བར་དམ་པའི་ཆོས་ཟབ་མོ་འདི་ལྟ་བུ་ཉམས་སུ་བླངས་ཏེ་མ་རྒན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་ནི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། གང་ལ་རང་དོན་སེམས་པ་ཡོད་མིན་ན། །བཀྲེས་པ་ཟས་དང་སྐོམ་པ་ཆུར་གདུང་བཞིན། །སེམས་ཅན་འབའ་ཞིག་དོན་དུ་རྣམ་མཁྱེན་གྱི། །གོ་འཕང་གཉེར་ལ་བྱང་ཆུབ་སེམས་ཞེས་གྲགས། །ཞེས་གསུངས་པ་བཞིན་ནོ། །

གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ཞི་བ་རིན་ཆེན་དྲྭ་བ་ལས། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །ཡིན་པར་ཤེས་པའི་བདག་ཉིད་དུ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པ་ལྟར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་ཡིན་ཀྱང་དེ་ལྟར་མ་རྟོགས་པའི་འཁྲུལ་བའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ། འཁྲུལ་སྣང་རང་སར་གྲོལ་ཏེ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་ངོ་འཕྲོད་ནས་ཚེ་ལུས་གཅིག་གིས་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པའི་ཕྱིར་དུ་བསྐྱེད་རྫོགས་ཟབ་མོའི་ལམ་ལ་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དགོས་པ་ཡིན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མ་ནི་ཡིད་ཅེས་བྱ་བ་སྟེ། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་དང་། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་པ་ལྟར། རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཀས་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་དོན་གཅིག་ནའང་། འབྲས་བུ་སྔགས་ཀྱི་ཐེག་པ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་བཞིས་འཕགས་ཏེ། སངས་རྒྱས་བསྒྲུབ་པའི་ཚུལ་ལ་མ་རྨོངས་པ་དང་། གནས་ལུགས་ཀྱི་ལྟ་བ་མྱུར་དུ་མཐོང་བའི་ཐབས་མང་བ་དང་། ལམ་བདེ་ཞིང་མྱུར་བས་དཀའ་ཚེགས་མེད་པ་དང་། གང་ཟག་དབང་རྣོན་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་འབྲས་བུ་མངོན་བྱེད་ཀྱི་ཐབས་ཟབ་མོ་ཡིན་ཏེ། སམྦུ་ཊི་ལས། བསྐལ་པ་བྱེ་བ་དུ་མ་རུ། །བསྒྲུབ་དཀའ་བ་ཡི་སངས་རྒྱས་ཀྱང་། །ཚེ་འདི་ཉིད་ལ་སྟེར་བས་ན། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་དང་། པདྨའི་རྩེ་མོ་ལས། ཤིན་ཏུ་དཀའ་བས་མི་འགྲུབ་པ། །སྐད་ཅིག་ཡང་དག་སྦྱོར་བའི་ཕྱིར། །རྒྱུ་སྔོན་སོང་ལ་མ་ལྟོས་པར། །གནད་ལས་འབྲས་བུ་འབྱིན་པའི་ཕྱིར། །འབྲས་བུའི་ཐེག་པ་ཞེས་བྱའོ། །ཞེས་སོ། །གཞན་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པས་ཕྱི་སྣང་བའི་བདེན་ཞེན་བཟློག་པ་ལ་སྒྱུ་མར་བསྒོམ་པ་ལ་སོགས་པས་འབྱུང་བའི་རིག་པ་ལ་རྨོངས་པ་དང་། ནང་ཕུང་པོ་ལྷར་མ་ཤེས་པས་གནས་པ་དོན་ལ་རྨོངས་པ་དང་། གསང་བ་རྟོག་ཚོགས་དང་ཉོན་མོངས་པ་ཡེ་ཤེས་སུ་མ་ཤེས་པས་ལམ་གྱི་རྣམ་པ་ལ་རྨོངས་པ་དང་། སྣང་སྟོང་གི་ཆོས་རྣམས་དག་མཉམ་བདེན་པ་དབྱེར་མེད་དུ་མ་ཤེས་པས་རྟོགས་པའི་ལྟ་བ་ལ་རྨོངས་པ་ཡིན་ནོ། །འབྲས་བུ་སྔགས་ཀྱི་ཐེག་པས་ཕྱི་འབྱུང་བར་སྣང་བ་ཡུམ་ལྔ་དང་། ནང་ཕུང་པོར་སྣང་བ་ཡབ་ལྔ་དང་། རྟོག་ཚོགས་བྱང་ཆུབ་སེམས་དཔའི་བདག་ཉིད་ཡེ་ཤེས་ལྔ་དང་། བདེན་པ་དབྱེར་མེད་སྣོད་བཅུད་དག་མཉམ་ཡེ་ནས་སངས་རྒྱས་ཀྱི་ཞིང་ཁམས་ཆེན་པོར་འདོད་པ་ཡིན་ཏེ། སྒྱུ་འཕྲུལ་གསང་བ་སྙིང་པོ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་དང་། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་ཉིད། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་རྙེད་དོ། །ཞེས་སོ། །འདི་དག་གི་རྣམ་བཞག་ཞིབ་ཏུ་ཤེས་པར་འདོད་ན་ཀུན་མཁྱེན་ཡབ་སྲས་ཀྱི་གསུང་འབུམ་ལས་ཤེས་པར་བྱའོ། །རྒྱུ་མཚན་དེའི་ཕྱིར་དུ་ཆོས་འཆད་པའི་གནས་དང་སྟོན་པ་ལ་སོགས་པ་ཐ་མལ་མ་དག་པའི་སྣང་བར་མི་བལྟ་བར་ཕུན་སུམ་ཚོགས་པ་ལྔ་གསལ་འདེབས་དགོས་པ་ཡིན་ལ། དེ་ཡང་གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སྟོན་པ་ཕུན་སུམ་ཚོགས་པ་ཆོས་སྐུ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་རིགས་ལྔའི་སངས་རྒྱས། ཆོས་ཕུན་སུམ་ཚོགས་པ་བརྡ་ཚིག་བློ་ལས་འདས་པ། དུས་ཕུན་སུམ་ཚོགས་པ་དུས་བཞི་མཉམ་ཉིད་ཆོས་ཉིད་མི་འགྱུར་བའི་དུས། ཡང་ན་གནས་ཕུན་སུམ་ཚོགས་པ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས། སྟོན་པ་ཕུན་སུམ་ཚོགས་པ་རྣམ་པར་སྣང་མཛད། ཆོས་ཕུན་སུམ་ཚོགས་པ་ཐེག་པ་ཆེན་པོ་འབའ་ཞིག །འཁོར་ཕུན་སུམ་ཚོགས་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོ། །ཡང་ན་གནས་ཕུན་སུམ་ཚོགས་པ་ཝཱ་ར་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ལ་མི་འཇིགས་པ་སྦྱིན་པའི་ནགས། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་བཀའ་བདེན་པ་བཞི། འཁོར་ཕུན་སུམ་ཚོགས་པ་ལྔ་སྡེ་བཟང་པོ་ལྷ་བརྒྱད་ཁྲི་དང་བཅས་པ། དུས་ཕུན་སུམ་ཚོགས་པ་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལོན་པའི་དུས་སོ།། ཡང་ན་གནས་ཕུན་སུམ་ཚོགས་པ་བྱ་རྒོད་ཕུང་པོའི་རི། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་བཀའ་རྒྱས་འབྲིང་བསྡུས་གསུམ། འཁོར་ཕུན་སུམ་ཚོགས་པ་ཤཱ་རིའི་བུ་ལ་སོགས་པ་དགེ་སློང་ལྔ་སྟོང་ཙམ་དང་། སྐྱེ་དགུའི་བདག་མོ་ལ་སོགས་པའི་དགེ་སློང་མ་ལྔ་བརྒྱ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་པའི་དགེ་བསྙེན་དང་། དགེ་བསྙེན་མ་ས་ག་མ་ལ་སོགས་པ་རྣམས་སོ། །ཐུན་མོང་མ་ཡིན་པའི་འཁོར་བྱང་ཆུབ་སེམས་དཔའ་བཟང་སྐྱོང་དང་དེད་དཔོན་དམ་པ་ལ་སོགས་པ་བྱེ་བ་ཕྲག་ཁྲིག་རབ་ཏུ་མང་པོ་རྣམས་ལ། དུས་ཕུན་སུམ་ཚོགས་པ་ལོ་བཅུ་གཉིས་སུ་གསུངས་པའོ། །ཡང་ན་གནས་ཕུན་སུམ་ཚོགས་པ་ལྷ་ཀླུ་དང་རྒྱལ་པོའི་ཁབ་ལ་སོགས་པ་དང་། སྟོན་པ་ཕུན་སུམ་ཚོགས་པ་ཤཱཀྱ་ཐུབ་པ། ཆོས་ཕུན་སུམ་ཚོགས་པ་ངེས་པ་དོན་གྱི་འཁོར་ལོ། འཁོར་ཕུན་སུམ་ཚོགས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་རྣམས་ལ། །དུས་ཕུན་སུམ་ཚོགས་པ་ལོ་སུམ་ཅུ་རྩ་གཉིས་ཀྱི་བར་དུའོ། །ཡང་ན་ཆོས་འཆད་པའི་གནས་དེ་ཉིད་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་། ཆོས་སྟོན་པའི་བླ་མ་དེ་ཉིད་ཨོ་རྒྱན་པདྨ་འབྱུང་གནས། ཆོས་ཉན་པའི་འཁོར་རྣམས་ཀྱང་རིག་འཛིན་རྗེ་འབངས་ཉེར་ལྔ། བཤད་པར་བྱ་བའི་ཆོས་གསང་སྔགས་རྡོ་རྗེ་ཐེག་པ། བཤད་པའི་དུས་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ་ཕུན་སུམ་ཚོགས་པ་ལྔ་ཡེ་ནས་ཡིན་པ་ལ་ཡིན་ཚུལ་ཤེས་པའི་སྒོ་ནས་གསལ་འདེབས་དགོས་པ་ཡིན་ལ། མ་ཡིན་པ་ཞིག་གཟོད་གསལ་འདེབས་པ་ནི་མིན་ཏེ། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་ཡེ་ནས་གནས་པ་ཡིན་ནོ། །དེ་ལྟར་མདོ་སྔགས་རང་རང་གི་ཆོས་འཆད་པའི་ཚེ་སྟོན་པ་ཡང་དེ་བཞིན་དུ་གསལ་འདེབས་དགོས་པ་ཡིན་གསུངས། འོན་ཀྱང་མདོ་ཡིན་ན་སྣང་བ་སྒྱུ་མའི་དཔེ་བརྒྱད་དུ་ལྟ་བའི་ངང་ནས་ཉན་པ་དང་། སྔགས་ཡིན་ན་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གསལ་འདེབས་དགོས་སོ། །དེ་ཡང་འཕགས་ཆེན་རྣམས་ཀྱི་སྣང་ངོར་ནི་སྣོད་བཅུད་རྒྱལ་བའི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་དུ་སྣང་ཡང་། རང་རེ་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་མིག་མ་དག་པའི་དབང་གིས་སྣོད་བཅུད་ཀྱི་གནས་ཚུལ་ཡང་དག་པ་ལྷའི་རང་བཞིན་དུ་གནས་ཀྱང་། སྣང་ཚུལ་ལ་འཁྲུལ་བ་ཅན་གྱིས་དེ་ལྟར་དུ་སྣང་མི་ནུས་ཏེ། སྒྱུ་འཕྲུལ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཉིད་འོག་མིན་དགའ་ལྡན་གནས། །ཞེས་པ་ལྟར། དཔེར་ན་མཁྲིས་ནད་ཅན་གྱི་སྣང་ཚུལ་ལ་དུང་སེར་པོར་སྣང་ཡང་། གནས་ཚུལ་ལ་དཀར་པོའི་རང་བཞིན་ལས་གཞན་དུ་གྱུར་བ་མེད་དེ། རྒྱུད་དོན་མདོར་བསྡུས་ལས། རང་སྣང་བསམ་པ་མ་དག་པས། །མིག་སྐྱོན་ཅན་གྱིས་གངས་ཉིད་ལ། །རྒྱུན་དུ་ནག་པོ་མི་སྲིད་ཀྱང་། །ནག་པོར་དངོས་སུ་མཐོང་དང་མཚུངས། །ཞེས་དང་། མཁྲིས་ནད་ཅན་གྱིས་དུང་ཉིད་ལ། །རྒྱུན་དུ་དཀར་པོ་ཉིད་ཡིན་ཀྱང་། །སེར་བོ་མཐོང་བ་ཉིད་དང་མཚུངས། །ཞེས་དང་། སྔོན་ཤཱ་རིའི་བུས་སངས་རྒྱས་ཀྱི་ཞིང་འདི་མ་དག་པར་མཐོང་ཞིང་། ཚངས་པ་རལ་བ་ཅན་གྱིས་དག་པར་མཐོང་ནས་གཉིས་ཀ་བརྩད་པ་ན། སངས་རྒྱས་ཐུགས་རྗེ་ཅན་གྱིས་ཞིང་དག་པར་ཐམས་ཅད་ཀྱིས་མཐོང་བར་མཛད་ནས། ང་ཡི་ཞིང་ནི་རྟག་ཏུ་འདི་ལྟར་དག་ཀྱང་ཁྱེད་རྣམས་མ་མཐོང་ངོ་། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་བླ་མ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་ངོ་བོ་སྟེ་དཀོན་མཆོག་ཀུན་འདུས། སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་དུ་བཞུགས་པ་ཡིན་ཏེ། དེ་ཡང་སྐུ་དགེ་འདུན་ཞེས་པ་ནི། ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེའི་བདག་ཉིད་དུ་བཞུགས་ཤིང་སྐུའི་སྤྱོད་ལམ་ཐམས་ཅད་དགེ་བ་དང་མཐུན་པ་བ་སྤུའི་གཡོ་འགུལ་ཙམ་གྱིས་འགྲོ་བ་མང་པོ་ཐར་ལམ་ལ་བཀོད་པའི་ཕྱིར་དང་། གསུང་དམ་ཆོས་ནི་བཀའ་སྡེ་སྣོད་གསུམ་དང་ལམ་ཐེག་པ་རིམ་དགུ་སོགས་མགུལ་གྱི་བུམ་པ་ནས་ཕྱུང་། ལྗགས་ཀྱི་པདྨོ་ནས་བཀྲམ། དུང་གི་ཚེམས་བར་ནས་དྲངས། གདུལ་བྱའི་ཁམས་དབང་དང་མཚུངས་པར་སྟོན་ནུས་ཤིང་། ཁྱད་པར་དུ་གང་གསུང་གཞན་ལ་ཕན་ཞིང་། གསུང་ཐོས་པ་ཙམ་གྱིས་རྒྱུད་ལ་ཐར་བའི་ས་བོན་ཐེབས་པ་དང་། ཐུགས་སངས་རྒྱས་ནི་། རང་བཞིན་གནས་རིག་གདོད་ནས་སངས་རྒྱས་ཡིན་པར་མ་ཟད་ཐུགས་རྗེ་ཡེ་སྤྲུལ་གྱི་གང་ཟག་ད་ལྟ་མི་ཡི་རྣམ་རོལ་དུ་སྣང་བ་ལས་དོན་དུ་ན་གདོད་ནས་སངས་རྒྱས་ཡིན་པ་ཤེས་པར་བྱའོ། །སྐུ་བླ་མ་ནི། ཕྱོགས་དང་རིས་སུ་མ་ཆད་པ་ནམ་མཁའི་བླ་བྲེ་ལྟ་བུ་འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་མཛད་སྤྱོད་མ་ལྟ་བུར་བྱེད་པའི་ཕྱིར་སྐུ་ཡི་སྤྱོད་ལམ་ཁོ་ན་ལ་གོ་ན་ངོས་འཛིན་སླ་བ་ཡིན་ནོ། །གསུང་ཡི་དམ་ནི། གང་གསུང་ཉམས་སུ་བླངས་ཏེ་ཡི་དམ་དུ་བཟུང་ནས་བསྒྲུབ་ན་ལམ་བདེན་སྔ་མ་རྣམས་རིམ་པར་འདོར་བ་ལ་ཆུ་བརྒལ་བའི་གྲུ་བོ་དང་འདྲ་སྟེ། ཕྱི་མའི་འབྲས་བུ་རྣམས་རིམ་གྱིས་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ཡང་ཡི་དམ་ལྷའི་སྐུ་བསྐྱེད་རྫོགས་ཀྱི་སྒོ་ནས་བསྒྲུབ་པ་ཡང་ཆོས་དང་ཡི་དམ་ལ་ལམ་གསུངས་པ་ཡིན་ཏེ། ནམ་ཞིག་ལོངས་སྐུའི་རྣམ་རོལ་དུ་སངས་རྒྱས་པ་དང་། ཐུགས་མཁའ་འགྲོ་ནི། སྟོང་ཉིད་མཁའ་ལ་ཐུགས་རྗེ་ཤུགས་ཀྱིས་འགྲོ། །ཞེས་པ་ལྟར། ཆོས་དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ནས་ཐུགས་རྗེ་འདུ་འཕྲོ་ཉི་མའི་ཟེར་བཞིན་འགགས་མེད་དུ་འཆར་བའོ། །ཡང་ན་དབྱིངས་རང་བཞིན་སྤྲོས་པ་དང་བྲལ་བ་བླ་མ། གདངས་རང་རྩལ་འགགས་མེད་དུ་འཆར་བ་ཡི་དམ། གཉིས་མེད་བདེ་སྟོང་གི་རྣམ་པར་རོལ་བ་མཁའ་འགྲོའོ། །སྐུ་སྤྲུལ་སྐུ་ནི་མ་ངེས་པ་སྟེ། དང་པོ་གཞོན་ནུའི་དུས་བྱིས་པ་ཆུང་ངུའི་ཚུལ་གྱིས་འགྲོ་བ་མང་པོ་ལ་དངོས་སམ་བརྒྱུད་ནས་ཕན་བཏགས་ཏེ་རྒྱུད་ལ་ཐར་བའི་ས་བོན་བཞག །སྐུ་ཚེའི་ལང་ཚོ་དར་ལ་བབ་པའི་ཚེ་ན་གདུལ་བྱའི་ཁམས་དབང་བསམ་པ་དང་མཚུངས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཐར་བའི་ལམ་ལ་བཀོད། དེ་ནས་རེ་ཞིག་ལྗོངས་དེར་གདུལ་བྱ་རྫོགས་པའམ། ཡང་ན་ལེ་ལོ་ཅན་རྣམས་བརྩོན་འགྲུས་བསྐྱེད་པ་དང་། སྙོམས་ལས་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དང་། རྟག་འཛིན་ཅན་རྣམས་དེ་ལས་བཟློག་པའི་ཆེད་དམ། གནས་གཞན་དུ་གདུལ་བྱ་དུས་སུ་བབ་པ་གཟིགས་པའི་ཚེ། ལྗོངས་འདིར་མི་སྣང་བའི་ཚུལ་མཛད་ནས་མཚན་དཔེ་ཞལ་བཟང་གི་གཟིགས་པ་གཞན་དུ་ངོམས་པར་འགྱུར་བའོ། །གསུང་ལོངས་སྐུ་ནི། སྔ་མའི་ཤུགས་ཀྱིས་གོ་སླ་བའོ།། ཐུགས་ཆོས་སྐུ་ནི། རིགས་རང་བཞིན་གྱིས་དག་པ་དང་། ཁམས་གློ་བུར་གྱི་དྲི་མས་དག་པའི་ཕྱིར་དག་པ་གཉིས་དང་ལྡན་པའོ། །གསང་བ་འདུས་པའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུང་། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །ཞེས་གསུངས་པ་ལྟ་བུའི་དཔལ་མགོན་བླ་མ་དམ་པ་དེ་ཉིད་འདས་པའི་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་བ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་ཁུངས། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་རྒྱལ་ཚབ་ཏེ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་ཀྱང་མ་ཐུལ་བའི་རང་རེ་སྙིགས་མའི་སེམས་ཅན་རྣམས་རྗེས་སུ་འཛིན་པའི་ཐུགས་རྗེ་དང་། བཀའ་དྲིན་སངས་རྒྱས་ཐམས་ཅད་ལས་ཀྱང་ལྷག་པ་ཡིན་ནོ། །ཀུན་མཁྱེན་ཆེན་པོས། སྔོན་གྱི་རྒྱལ་བ་གྲངས་མེད་ཀྱང་། །བདག་ཅག་སྤངས་ནས་ཐར་བར་གཤེགས། །ད་ནི་ཕྱོགས་བཅུའི་རྒྱལ་བ་ཡིས། །ཁྱོད་ལ་བསྐུལ་ནས་བདག་ཅག་གི །དོན་དུ་བླ་མར་རྣམ་སྤྲུལ་ན། །ཁྱོད་ཀྱིས་བདག་ཅག་འདོར་ཕོད་དམ། །ཞེས་གསུངས་པ་བཞིན་ནོ། །རང་རེ་ཆོས་ཉན་པའི་འཁོར་རྣམས་ཀྱང་གཞི་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་གིས་ཟིན་པས་མ་འོངས་པའི་སངས་རྒྱས་སུ་འདོད་པ་ཡིན་ཏེ། ཀྱེ་རྡོ་རྗེ་རྒྱུད་བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབ། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་སོ། །

གཉིས་པ་ཀུན་སྤྱོད་ལ། སྤང་བྱའི་ཀུན་སྤྱོད་དང་། བླང་བྱའི་ཀུན་སྤྱོད་གཉིས་ལས། དང་པོ་སྤང་བྱའི་ཀུན་སྤྱོད་ལ། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔའོ། །དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། ཞེས་པ་ལྟར། དང་པོ་ཆོས་ཉན་པའི་དུས་སུ་རང་གི་རྣ་བའི་ཤེས་པ་ཡུལ་གཞན་དུ་མི་གཡེང་བར་ཆོས་འཆད་པའི་སྒྲ་དེ་ལ་གཏད་ནས་ཉན་དགོས། དེ་ལྟར་མ་ཉན་ན་སྣོད་ཁ་སྦུབས་པའི་སྟེང་དུ་བཅུད་བླུགས་པ་དང་འདྲ་སྟེ་ལུས་ཆོས་གྲལ་ན་ཡོད་ཀྱང་ཆོས་མ་ཐོས་པ་དང་ཁྱད་པར་མེད་པའོ། །གཉིས་པ་དེ་ལྟར་ཐོས་པའི་ཆོས་དེ་ཡང་ཡིད་ལ་མ་བཟུང་ན་སྣོད་ཞབས་རྡོལ་དུ་བཅུད་ཅི་ཙམ་བླུགས་ཀྱང་ཆགས་རྒྱུ་མེད་པ་དང་འདྲ་སྟེ། ཆོས་ཅི་ཙམ་ཐོས་ཀྱང་རང་རྒྱུད་ལ་སྐྱེད་འདོན་མེད་པའོ། །གསུམ་པ་ཀུན་སློང་སྐྱོན་ཅན་སོགས་ཆོས་བརྒྱད་ཀྱི་བསམ་པ་སྤངས་ནས་ཡང་དག་པའི་འདུ་ཤེས་དང་ལྡན་པས་ཉན་དགོས། སེམས་ཉོན་མོངས་པ་དང་འདྲེས་བཞིན་དུ་ཆོས་ལ་ཉན་ན་དཔེར་ན་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲའོ། །གཉིས་པ་དྲི་མ་དྲུག་ནི། དབྱིག་གཉེན་གྱིས་རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ཀྱང་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་མ་དད་པའི་ལོག་ལྟ། ཆོས་ཐོས་བསམ་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་གཡེང་བ། དབང་པོ་སྒོ་ལྔ་ནང་དུ་སྡུད་པ། ཆོས་ཐུན་རིང་བ་སོགས་ཀྱིས་སེམས་སྐྱོ་བ་སྟེ་འདི་དག་སྤངས་བར་བྱའོ། །གཞན་ཡང་བདུད་ཀྱི་ལས་དྲུག་ལ་སོགས་པའི་ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ནས་ཉན་དགོས་ཏེ། ཡིད་བཞིན་མཛོད་ལས། མ་གུས་ལ་སོགས་བདུད་ཀྱི་ལས་དྲུག་དང་། །ང་རྒྱལ་ལ་སོགས་སྒྲིབ་པའི་ལས་དྲུག་དང་། །ཚུལ་དུ་འཆོས་སོགས་ཆོས་སྤོང་ལས་དྲུག་དང་། །ཟང་ཟིང་རྙེད་སོགས་གཡེང་བའི་སྐྱོན་དྲུག་དང་། །རྙེད་བཀུར་ཆགས་སོགས་ལོག་པའི་སྐྱོན་དྲུག་དང་། །གཞན་དུ་བྱེད་སོགས་གོལ་སའི་ཆོས་དྲུག་སྟེ། །ཉེས་པ་སུམ་ཅུ་རྩ་དྲུག་སྤངས་ལ་ཉན། །ཞེས་སོ། །

གསུམ་པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་དང་། དོན་འཛིན་ལ་ཚིག་མི་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་དང་། གོང་འོག་བསྣོལ་ཏེ་འཛིན་པ་དང་། ལོག་པར་འཛིན་པ་དང་ལྔ་ཡིན་ལ། དེ་ལྟ་བུའི་སྤང་བྱའི་ཀུན་སྤྱོད་རྣམས་སྤངས་ནས། ཐོས་པའི་ཆོས་ཀྱི་ཚིག་དོན་རྣམས་ཡ་མ་བྲལ་བའི་སྒོ་ནས་ཡིད་ལ་འཛིན་དགོས་ཏེ། སྤྱིར་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཀྱང་མ་བསླབ་པར་ཤེས་པ། མ་བསྒྲུབ་པར་འགྲུབ་པ་གང་གིས་ཀྱང་མ་གསུངས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། མ་བསླབ་པ་ནི་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །ཞེས་དང་། བདག་ཅག་གི་སྟོན་པས་ཀྱང་། སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་བྱི་ལིང་གར་ལི་ཞེས་བྱ་བས་ཆོས་ཚིག་བཞི་པ་གཅིག་རྣ་བར་ཐོས་པའི་ཕྱིར་དུ། ལུས་ལ་ལྕགས་ཀྱི་གཟེར་བུ་སྟོང་བཏབ་པའི་ལོ་རྒྱུས་དང་། རྒྱལ་པོ་ཀ་ན་ཤི་ན་ས་ལི་ཞེས་བྱ་བས་ཆོས་ཚིག་བཞི་པ་གཅིག་ཐོས་པར་བྱ་བའི་ཕྱིར་དུ། ལུས་ལ་མར་མེ་སྟོང་བཙུགས་པའི་ལོ་རྒྱུས་དང་། དྲང་སྲོང་ཨི་ཏ་ལ་ཞེས་བྱ་བས་ཆོས་གསན་པའི་ཕྱིར་སྐུ་ལུས་ཀྱི་པགས་པ་བཤུས་ཏེ་ཤོག་བུ་བྱས་ལ་རུས་པས་སྨྱུ་གུ་བྱས། ཁྲག་གིས་སྣག་ཚ་བྱས་ཏེ་ཚིགས་བཅད་རྣམས་བྲིས་པར་མཛད་པའི་ལོ་རྒྱུས་དང་། རྒྱལ་ཚབ་ད་མ་གཾ་ཞེས་བྱ་བས་ཆོས་གསན་པའི་ཕྱིར་དུ། མེའི་དོང་ཟབས་སུ་ཁྲུ་བཅུ་ཡོད་པའི་ནང་མེ་མ་མུར་གྱིས་བཀང་བའི་ནང་དུ་མཆོང་བར་མཛད་པའི་ལོ་རྒྱུས་ལ་སོགས་པ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་ཆོས་བཙལ་བ་ཡིན་ཏེ། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། །ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བཙལ། །ཞེས་གསུངས་པ་ལྟར། རྒྱལ་དང་དེ་སྲས་རྣམས་ཀྱིས་ཐོས་པ་བཙལ་བའི་ཕྱིར་དུ་བརྩོན་འགྲུས་ཀྱིས་དཀའ་སྤྱད་དེ་ལྟ་བུ་ཞིག་མཛད་དགོས་ན། རང་ཅག་རྣམས་ཀྱིས་ལྟ་ཅི་སྨོས། དེའི་ཕྱིར་ལས་དང་པོ་བའི་དུས་འདིར་ཐོས་པ་ལས་བྱུང་བའི་ཤེས་རབ་གལ་ཆེ་སྟེ་མ་ཐོས་པར་བསམ་པ་དང་བསྒོམ་པ་མི་ནུས་ཏེ། མགོན་པོ་ཀླུས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་ན། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་དང་། སློབ་དཔོན་དཔའ་བོས། ཐོས་ཉུང་དམུས་ལོང་བསྒོམ་པའི་ཚུལ་མི་ཤེས། །དེ་མེད་དེས་ཀོ་ཅི་ཞིག་བསམ་པར་བྱ། །ཞེས་དང་། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཕྲོག་ནོར་གྱི་མཆོག། ཀུན་ནས་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་དང་། ཐོས་དང་ལྡན་ན་འགལ་བ་མེད་པ་ཡིན། །སྡེ་གསུམ་ལམ་ལ་རབ་ཏུ་གནས་པར་འགྱུར། །ཞེས་དང་། ས་པཎ་གྱིས། རང་བློ་ཤེས་བྱའི་གནས་ལ་མ་སྦྱངས་ན། །ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་། །དེ་ལྟར་དགོངས་ནས་རྒྱལ་དང་དེ་སྲས་ཀྱིས། །ཤེས་བྱའི་གནས་ཀུན་སྦྱངས་ཞེས་ལེགས་པར་གསུངས། །ཞེས་དང་། གཞན་ཡང་དབང་པོ་རྟུལ་ཞིང་ན་སོ་རྒས་པ་དང་། ཚེ་ཐུང་བ་སོགས་ལ་བསམ་ནས་ཐོས་བསམ་བྱེད་མི་ནུས་པའམ་ནུས་ཀྱང་ལོང་མེད་སྙམ་དུ་སེམས་ཞུམ་པ་ནི་མི་རིགས་ཏེ། ཇི་སྐད་དུ། རིག་པ་ནང་པར་འཆི་ཡང་བསླབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་ལ་ངེས་ཤེས་སྐྱེས་ནས་ཐོས་པ་འཚོལ་བར་བྱའོ། །

གཉིས་པ་བླང་བྱའི་ཀུན་སྤྱོད་ལ་འདུ་ཤེས་བཞི་དང་། ཕར་ཕྱིན་དྲུག་དང་། སྤྱོད་ལམ་གཞན་བསྟན་པ་དང་གསུམ་ལས། དང་པོ་འདུ་ཤེས་བཞི་ནི། ཀུན་མཁྱེན་ཆེན་པོས། བླ་མ་སྨན་པ་གདམས་ངག་སྨན་དང་ནི། །རང་ལ་ནད་པའི་འདུ་ཤེས་ཉེར་བཞག་སྟེ། །ནན་ཏན་བརྩོན་པ་སྨན་ཉིད་བསྟེན་ཚུལ་དང་། །ཞི་བདེ་ནད་ལས་གྲོལ་བའི་འབྲས་ཐོབ་བཞིན། །ཞེས་དང་། མདོ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་མགྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་མི་འཇིགས་པ་སྦྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྐྱེལ་མ་དཔའ་བོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་གྲུ་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཆུའི་ཕ་རོལ་དུ་ཕྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་མཉན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། ཕྱག་བསྟོད་ལས། ངས་ནི་རབ་ཏུ་བཟང་པོའི་ཆོས་བཤད་ཀྱང་། ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་བ་ཐོགས་པ་དག །བདག་གི་ནད་ནི་གསོ་བར་མི་ནུས་བཞིན། །ཞེས་གསུངས་པ་བཞིན་དུ་ཤེས་པར་བྱའོ། །

གཉིས་པ་ཕར་ཕྱིན་དྲུག་གི་སྒོ་ནས་འཆད་ཉན་བགྱི་ཚུལ་ལ། དང་པོ་འཆད་པ་པོ་སློབ་དཔོན་གྱིས་ཕ་རོལ་དུ་ཕྱིན་པ་དྲུག་གི་སྒོ་ནས་འཆད་པ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚིག་དོན་ལེགས་བཤད་ཆོས་ཀྱི་སྦྱིན་པ་སྟེ། །ཉོན་མོངས་མེད་པ་ཚུལ་ཁྲིམས་ཕ་རོལ་ཕྱིན། །སྐྱོ་ངལ་བཟོད་པ་སྤྲོ་བས་བརྩོན་འགྲུས་ཏེ། །མ་ཡེངས་བསམ་གཏན་འབྱེད་པ་ཤེས་རབ་བོ། །ཞེས་ཆོས་ཀྱི་ཚིག་དོན་ལེགས་པར་བཤད་པ་སྦྱིན་པ། ཉོན་མོངས་པ་དང་མ་འདྲེས་པར་འཆད་པ་ཚུལ་ཁྲིམས། སྐྱོ་ངལ་བཀྲེས་སྐོམ་དང་འཁོར་གྱི་ལོག་སྒྲུབ་སོགས་བཟོད་པས་བཟོད་པ། འཆད་པ་ལ་མི་སྐྱོ་ཞིང་སྤྲོ་བ་བརྩོན་འགྲུས། སེམས་གཞན་དུ་མི་གཡེང་པར་འཆད་པ་བསམ་གཏན། ཆོས་དང་ཆོས་མིན་སོ་སོར་འབྱེད་པའམ་རང་བཞིན་མེད་པར་རྟོགས་པ་ནི་ཤེས་རབ་ཡིན་ནོ། །ཀློང་གསལ་ལས། རྡོ་རྗེའི་ཚིག་རྐང་བཀྲོལ་ལ་བཤད། །རྒྱུད་དཀྲུགས་པ་རྣམས་བསྡེབ་ལ་བཤད། །ལུང་གཅུས་པ་རྣམས་བརྐྱང་ལ་བཤད། །ཅེས་པ་ལྟར་རྡོ་རྗེའི་ཚིག་རྐང་རྣམས་དོན་བརྒྱུད་ཀྱི་དགོངས་པས་བཀྲལ། རྒྱུད་དཀྲུགས་པ་རྣམས་མུ་ཏིག་བསྟར་ལ་བརྒྱུས་པ་བཞིན་དུ་བསྡེབ། ལུང་གཅུས་པ་རྣམས་སྦྲུལ་གྱི་མདུད་པ་བརྐྱང་བ་ལྟར་བསྲང་། མན་ངག་གབ་པ་རྣམས་ཉི་མས་མུན་པ་བསལ་བ་བཞིན་མངོན་དུ་ཕྱུང་ནས་བཤད་དགོས་པ་ཡིན་གསུངས། གཞན་ཡང་ཆོས་འཆད་པའི་ཚེ། ཉོན་མོངས་པས་ཀུན་ནས་བསླང་བའི་སེམས་དང་། བརྡ་མ་འཕྲོད་པ་དང་། ཚིག་དོན་ནོར་བ་དང་། ཚིག་མི་གསལ་བ་དང་། ལྷག་ཆད་དུ་གྱུར་བ་དང་། དམ་བཅའ་སྔ་མ་ཕྱི་མས་སུན་འབྱིན་པ་དང་། གཞན་ཁྱད་དུ་གསོད་པ་དང་། ཡུལ་གྱི་བརྡ་སྐད་ངན་པ་དང་འདྲེས་པ། གདུལ་བྱའི་བློ་དང་མི་འཚམས་པ་སོགས་སྐྱོན་དུ་གྱུར་བ་རྣམས་སྤངས་ནས། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ། བརྡ་གསལ་བས་འཁོར་གྱི་ཁམས་སུ་ཁྱབ་པ་དང་། རྣ་བར་སྙན་པས་ཀུན་གྱིས་ཉན་པར་སྤྲོ་བ། ཚིག་དོན་ངེས་པས་ཐེ་ཚོམ་གཅོད་པ། དཔེ་དོན་ལ་མཁས་པས་ཉན་པ་པོའི་ཡིད་དུ་འབབ་ཅིང་རྟོགས་པར་སླ་བ། གདུལ་བྱའི་བློ་དང་འཚམས་པས་དོན་དུ་འགྱུར་བ། ལུང་རིགས་ཀྱི་སྒྲོམ་ནས་བཏོན་པས་ནོར་འཁྲུལ་མེད་པ། གོ་བདེ་ཞིང་ཚིག་བཟུང་བར་འོས་པ། སྐབས་སུ་གཏམ་རྒྱུད་ངོ་མཚར་ཅན་བཤད་པས་ཉན་པ་པོ་རྣམས་མི་སྐྱོ་བར་བྱེད་པ་སོགས་ཐབས་ལ་མཁས་པར་བྱའོ། །དེ་ལྟ་བུའི་ཆོས་བཤད་པའི་ཕན་ཡོན་ནི། སངས་རྒྱས་ལ་མཆོད་པའི་མཆོག་ཏུ་གྱུར་པ་དང་། སེམས་ཅན་ལ་སྦྱིན་པའི་མཆོག་ཏུ་གྱུར་བ་དང་། བསོད་ནམས་འཕེལ་ཞིང་མངོན་ཤེས་ཐོབ་པར་འགྱུར་བ་གསུམ་ལས། མཆོད་པའི་མཆོག་ཏུ་གྱུར་བ་ནི། མདོ་ལས། གང་ལ་ཕན་ཕྱིར་ང་ཡི་ཆོས། །ཚུལ་བཞིན་བསྟ ན་པས་མཆོད་འགྱུར་གྱི། །མེ་ཏོག་བྱུག་པ་མར་མེ་ཡིས། །རྒྱལ་བ་ཡང་དག་མཆོད་མ་ཡིན། །ཞེས་གསུངས་སོ། །སྦྱིན་པའི་མཆོག་ཏུ་གྱུར་བ་ནི། བྱམས་པ་སེང་གེ་སྒྲའི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བདུན་གྱིས་ཡོངས་སུ་བཀང་བྱས་ནས། །རབ་དགའི་སེམས་ཀྱིས་རྒྱལ་བར་འབུལ་བ་དང་། །གང་གིས་སེམས་ཅན་གཅིག་ལ་ཚིགས་བཅད་སྦྱིན། །རིན་ཆེན་སྦྱིན་པ་ཤིན་ཏུ་རྒྱ་ཆེ་དེས། །ཚིགས་བཅད་སྦྱིན་པ་སྙིང་རྗེས་སྒྲུབ་དེ་ལ། །ཆར་ཡང་མི་ཕོད་གྲངས་སུ་མ་ཡིན་ན། །གཉིས་དང་གསུམ་ལ་བསམ་དུ་ག་ལ་ཡོད། །ཅེས་སོ། །བསོད་ནམས་འཕེལ་ཞིང་མངོན་ཤེས་ཀྱང་དཔག་མེད་ཐོབ་པར་གསུངས་པ་ཡིན་ཏེ། བསླབ་བཏུས་ལས། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད། །བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ། །ཞེས་དང་། མདོ་ལས། ཤཱ་རིའི་བུ་ཁྱིམ་པ་གང་གིས་གངྒའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། རབ་ཏུ་བྱུང་བར་གྱུར་བ་གང་གིས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན། འདི་ནི་དེ་བས་བསོད་ནམས་མང་དུ་བསྐྱེད་དོ། །ཞེས་དང་། སེངྒེ་སྒྲས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། །ཞེས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཆོས་ཀྱི་སྦྱིན་པས་ནི་ཟག་པ་ཟད་པ་མངོན་པར་ཤེས་པའི་རྣམ་པར་འགྱུར་རོ་ཞེས་གསུངས་པ་དང་། གཞན་ཡང་། རྒྱན་སྟུག་པོ་བཀོད་པ་ལས། འཇམ་དཔལ་ཕྱོགས་གང་ན་ཆོས་སྨྲ་བ་དེ་འདུག་གམ། དེའི་རུས་བུའམ། རོ་བམ་པ་ཞིག་ཡོད་པ་མཐོང་ན་ཡང་མཚམས་མེད་པའི་ལས་ལྔ་རྣམ་པར་བྱང་བར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཉན་པ་པོ་སློབ་མས་ཀྱང་ཉན་ཚུལ་ནི། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་པ་ལྟར། །ཆོས་ཀྱི་ཁྲི་བཤམས་ནས་གདན་འདིང་བ་དང་མཎྜལ་འབུལ་བ་སོགས་སྦྱིན་པ། གནས་ཁང་ཕྱག་དར་བྱས་ནས་དྲིས་ཆག་ཆག་གདབ་པ་དང་མེ་ཏོག་བཀྲམ་པ་སོགས་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པར་བྱ་བ་ནི་ཚུལ་ཁྲིམས། སྲོག་ཆགས་ཕྲ་མོ་ཡན་ཆད་ལ་ལུས་ངག་གིས་གནོད་འཚེ་མི་བྱེད་པར་ཆོས་ཕྱིར་དཀའ་ཐུབ་སོགས་བཟོད་པས་བཟོད་པ། ཆོས་དང་བླ་མ་ལ་འཕྲད་དཀའི་འདུ་ཤེས་བཞག་ནས་དད་གུས་སྤྲོ་དགའ་དང་བཅས་ཏེ་ཉན་པ་ནི་བརྩོན་འགྲུས། སེམས་གཞན་དུ་མི་གཡེངས་ཤིང་ཚིག་དོན་ཡ་མ་བྲལ་བར་ཡིད་ལ་འཛིན་པ་ནི་བསམ་གཏན། ཐེ་ཚོམ་གྱི་གནས་དོགས་སེལ་གང་བྱུང་སླར་འདྲི་ཞིང་གདམས་པའི་ཕུ་ཐག་གཅོད་པ་ནི་ཤེས་རབ་ཡིན་ནོ། །གསུམ་པ་སྤྱོད་ལམ་གཞན་བསྟན་པ་ལ་སྤང་བླང་གཉིས་ལས། དང་པོ་འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་འཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་པ་ལྟར་རང་གི་སྒེག་ཆོས་སུ་གདུགས་དང་། །འཁར་བ་དང་། མཚོན་ཆ་དང་། མགོ་གོས་ཀྱིས་གཡོགས་པ་དང་། མཆིལ་ལྷམ་གྱོན་ནས་འདུག་པ་སོགས་སྤངས་བར་བྱ་དགོས་ཏེ། ཀུན་ཏུ་བཟང་པོའི་རྒྱུད་ལས། མི་ན་བ་ལ་མགོ་གཡོགས་དང་། །དགྲ་མེད་པ་ལ་མཚོན་ཐོག་དང་། །མ་རྒས་པ་ལ་དབྱུག་ཐོགས་དང་། །ཚུལ་དང་མི་མཐུན་ཐམས་ཅད་སྤངས། །ཞེས་དང་། ཞྭ་མོ་ཡོད་ན་མདུན་དུ་བཞག །སྐྲ་ལོ་ཡོད་ན་མདུན་དུ་ཕབ། །ལག་པ་ཐལ་སྦྱར་མཉམ་བཞག་བཅའ། །ལག་གིས་འདུ་བྱེད་ཐམས་ཅད་སྤང་། །ཞེས་གསུངས་པ་ཡིན་ནོ། །གཉིས་པ་སྐྱེས་རབ་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རབ་ཏུ་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམ་ཏེ་ཆོས་ཉོན་ཅིག །ཅེས་དང་། པདྨ་བཀའ་ཐང་ལས། ཉི་མ་འོད་ཟེར་དམའ་བའི་ས་ལ་འདུག །མིག་གི་དབང་པོས་ཆོས་སྨྲའི་ཞལ་ལ་བལྟ། །རྣ་བའི་དབང་པོས་མ་ཡེངས་གསུངས་ལ་ཉན། །ཡིད་ཀྱི་དབང་པོས་ཚིག་བཟུང་དོན་ལ་བརྟགས། །ཞེས་དང་། ཡང་རྒྱུད་ལས། མིག་གིས་བླ་མའི་ཞལ་ལ་བལྟ། །རྣ་བས་བླ་མའི་གསུང་ལ་ཉན། །སེམས་ཀྱིས་ཚིག་དོན་གཏན་ལ་འབེབས། །ཐེ་ཚོམ་དུས་སུ་ལོག་ལ་ཞུ། །ཞེས་པ་ལྟར། སེམས་འཁྲུལ་བ་མེད་པ། ངག་ཅ་ཅོ་མེད་པ། ལུས་དྲང་པོར་འདུག་སྟེ། ལག་ཐལ་མོ་སྦྱར་ཞིང་འཛུམ་པ་དང་བཅས་པས་ཉན་དགོས་ཏེ། ཀུན་མཁྱེན་ཆེན་པོས། ཕྱག་འཚལ་དྲང་པོར་འདུག་སྟེ་ཐལ་མོ་སྦྱར། །མ་ཡེངས་གུས་པའི་ཚུལ་གྱིས་མཉན་པར་བྱ། །ཞེས་དང་། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལས། འདུན་པ་དང་བསམ་པ་ལ་སོགས་པ་ཐོས་པའི་རྣམ་པ་བརྒྱད་ཅུ་རྩ་བཞི་གསུངས་པ་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས་ཀྱང་། ཐོས་པ་རྣམ་པ་བརྒྱད་ཅུ་རྩ་བཞི་དང་། །ལྡན་བྱས་རབ་དང་གུས་པའི་ཡིད་ཀྱིས་ཉོན། །ཞེས་གསུངས་སོ། །གཞན་ཡང་ཡོན་ཏན་སུམ་ཅུ་རྩ་དྲུག་དང་ལྡན་པའི་སྒོ་ནས་ཉན་ཚུལ་བཤད་པའང་ཡོད་དེ། ཡང་དེ་ཉིད་ལས། ནོར་བུའི་འདུ་ཤེས་ལ་སོགས་གཅེས་པ་དྲུག །ཉོན་མོངས་བཟོད་སོགས་དཀའ་བའི་སྤྱོད་པ་དྲུག །ཐོས་མང་གཉེར་སོགས་རྐྱེན་གྱིས་མི་འགྱུར་དྲུག །སྙིང་རྗེ་བསྐྱེད་སོགས་ཆེད་དུ་བྱ་བ་དྲུག །བྱེ་བྲག་ཤེས་སོགས་དགོས་པ་རྣམ་པ་དྲུག །ཆོས་འཚོལ་ལ་སོགས་འཚོལ་བ་རྣམ་དྲུག་སྟེ། །ཡོན་ཏན་སུམ་ཅུ་རྩ་དྲུག་ལྡན་པས་ཉན། ཞེས་གསུངས་སོ། །དེ་ལྟ་བུའི་ཉན་པའི་ཕན་ཡོན་ནི་ཤིན་ཏུ་ཚད་མེད་དེ། ཀུན་མཁྱེན་ཆེན་པོས། ཆོས་རྔ་བསྒྲགས་པ་ཐོས་པའི་སེམས་ཅན་ཡང་། ངན་སོང་རྣམ་གྲོལ་ཉན་པ་སྨོས་ཅི་འཚལ། །ཞེས་དང་། གཎྜིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜི་བརྡུངས་པའི་སྒྲ། །ཐོས་པས་བྱང་ཆུབ་འཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་དང་། སྔོན་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་ལེན་པ་ན་ཉིན་མཚན་ཀུན་ཏུ་གསུང་རབ་མང་པོ་ཁ་ཏོན་བྱེད་ཚེ། གཟིམ་ཁང་གི་གྲབ་ཞབས་སུ་ཕུག་རོན་ཞིག་ཡོད་པས་ཆོས་སྒྲ་དེ་རྟག་ཏུ་གོ་ཞིང་། དེ་ཚེ་འཕོས་ནས་མཐའ་འཁོབ་ཀྱི་རྒྱལ་པོ་ཞིག་གི་སྲས་སུ་སྐྱེས་སོ། །དེ་སྐྱེས་མ་ཐག་ཏུ་བདག་གི་བླ་མ་གར་ཡོད་ཅེས་སྨྲས་པས། །ཁྱོད་ཀྱི་བླ་མ་སུ་ཡིན་དྲིས་པ་ན་དབྱིག་གཉེན་ནོ། །ཡུལ་དབུས་སུ་ཚོང་པ་འགྲོ་བ་རྣམས་ལ་དེ་འདྲའི་བླ་མ་ཡུལ་དབུས་སུ་བཞུགས་སམ་དྲིས། དེ་རྣམས་ཀྱིས་ཡོད་དོ་ཞེས་སྨྲས། དེ་ནས་བུ་དེ་འགྲོ་བར་འདོད་ནས་དེར་བསྐྱལ་བ་དང་། དེ་དབྱིག་གཉེན་གྱི་དྲུང་དུ་སླེབ་པ་དང་བླ་མ་ཞེས་བོས་སོ། །ཁོ་བོ་ཁྱོད་ཀྱི་བླ་མ་ཡིན་པར་མི་དྲན་ནོ་གསུངས། དེས་རང་གི་སྔོན་གྱི་ཚེ་རབས་དྲན་ཏེ་སྨྲས། དེས་དེ་རྗེས་སུ་བཟུང་སྟེ་ཀློག་ཏུ་བཅུག་པས་སློབ་དཔོན་བློ་གྲོས་བརྟན་པ་ཞེས་སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཏོ། །ཞེས་དང་། ཡང་བཅོམ་ལྡན་འདས་ཀྱིས་ཚལ་སྔོན་པོ་ཞིག་ན་ཆོས་གསུངས་པ་ན་སྟེང་གི་ནམ་མཁའ་ལ་བྱ་ངང་པ་ལྔ་བརྒྱ་ཙམ་ཞིག་འཕུར་བའི་ཚེ་སངས་རྒྱས་ཀྱིས་ཆོས་གསུངས་པའི་སྒྲ་ཐོས་ནས། དེར་འ བབ་འདོད་ནས་བབས་ཀྱང་། བྱ་གསོད་མཁན་རྣམས་ཀྱིས་ངང་བ་ཐམས་ཅད་བཟུང་སྟེ་བསད་པ་དང་། ཐམས་ཅད་སུམ་ཅུ་རྩ་གསུམ་དུ་ལྷའི་བུ་ལྔ་བརྒྱའི་སྐྱེ་བ་བླངས་སོ། །ཞེས་དང་། ཡང་དགེ་སློང་ཞིག་གི་བྲང་ཁང་གི་གདུང་རྩ་ན་བྱ་ཐི་བ་གཅིག་ཉལ་བའི་ཚང་ཞིག་ཡོད་པས་བྱ་དེ་མཚན་མོ་ཉལ་བ་དང་། དགེ་སློང་དེས་ཐོ་རངས་འཕགས་པ་སྡུད་པ་ཞལ་འདོན་མཛད་པ་བྱ་ཐི་བའི་རྣ་བར་ཐོས་པ་ལ་དེར་སྡུད་པ་རེས་ཕྱེད་ཐོན་ཙམ་ན་ནམ་ལངས། རེས་སུམ་ཉིས་ཐོན་ཙམ་ན་ནམ་ལངས་ནས་འཕུར་འགྲོ་བས། འཕགས་པ་སྡུད་པའི་ཆོས་ཀྱི་སྒྲ་རྣ་བར་ཐོས་པ་ཙམ་གྱིས་བྱ་ཐི་བ་དེའི་སྒྲིབ་པ་སྲབ་ནས་བྱ་དེ་ཤི་མ་ཐག་མི་ལུས་ཐོབ་སྟེ། དཀོན་མཆོག་གསུམ་ལ་དད་ཅིང་རབ་ཏུ་བྱུང་། སྔར་གྱི་འཕགས་པ་སྡུད་པ་རྣ་བར་ཐོས་ཚད་སློབ་མ་དགོས་པར་ཤེས་པ་ཞིག་བྱུང་བ་ཡིན་ནོ། །དེ་ལྟར་དུད་འགྲོའི་རྣ་བར་ཆོས་ཀྱི་སྒྲ་ཐོས་པ་ཙམ་ལ་ཕན་ཡོན་དེ་ལྟ་བུ་ཡོད་ན། རང་རེ་མིར་གྱུར་བ་ནི། སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་ཡིན། གསུངས་པ་ལྟར་འཆད་ཉན་གྱི་སྣོད་དུ་རུང་ཞིང་ཉམས་སུ་ལེན་བྱར་ཡོད་པ་ནི་ཤིན་ཏུ་སྐལ་བ་བཟང་པོ་ཡིན་ནོ། །དེའི་ཕྱིར་ཐོས་བསམ་ལ་འབད་པར་བྱ་དགོས་ཏེ། ས་སྐྱ་པཎ་ཆེན་གྱིས། སྐྱེ་བ་སྔ་མར་མ་བསླབས་པས། །ཚེ་འདིར་བླུན་པོར་མཐོང་གྱུར་ན། །ཕྱི་མར་བླུན་པོར་སྐྱེ་དོགས་པས། །ཚེ་འདིར་དཀའ་ཡང་འབད་དེ་ཉན། །ཞེས་གསུངས་སོ། །དེ་ལྟར་ཕན་ཡོན་ལ་བསམ་ནས་ཉན་བསམ་སྒོམ་པ་གང་གི་སྐབས་སུ་ཡང་སྔར་སོང་བག་ཆགས་ཀྱི་རྗེས་སུ་མི་འབྲང་། མ་འོངས་ཉོན་མོངས་པའི་མདུན་མི་བསུ། ད་ལྟའི་ཚོགས་དྲུག་རྐྱེན་ཁར་མ་ཤོར་བར་བྱས་ནས་སེམས་སྒྲིམ་ལྷོད་རན་པར་བྱེད་པ་གལ་ཆེ་སྟེ། རྒྱལ་སྲས་ཐོགས་མེད་ཀྱིས། སྔོན་སྤྱད་བདེ་སྡུག་ཆུ་ཡི་རི་མོ་འདྲ། །ཟིན་པ་རྗེས་མེད་ཡིན་གྱི་རྗེས་མ་གཅོད། །ཅིས་ཀྱང་དྲན་ན་འབྱོར་རྒུད་འདུ་འབྲལ་སོམས། །ལྟོས་ཐུབ་ཆོས་ལས་འདུག་གེ་མ་ཎི་པ། །ཕྱི་ཚིས་གྲབ་ཤོམ་གྲོག་སྐམ་ཉ་རྒྱ་འདྲ། །བསམ་པའི་ཐོག་ཏུ་མི་འབབ་འདོད་འདུན་སྐྱུངས། །ཅིས་ཀྱང་དྲན་ན་ནམ་འཆི་ཆ་མེད་སོམས། །ཆོས་མིན་བྱ་ལོང་འདུག་གེ་མ་ཎི་པ། །འཕྲལ་གྱི་བྱ་བཞག་རྨི་ལམ་སོ་ཚིས་འདྲ། །འབད་པ་དོན་མེད་ཡིན་གྱི་སྐྱུར་ལ་ཐོངས། །ཆོས་མཐུན་ཟས་ཀྱང་ཞེན་མེད་རྒྱ་ཡིས་ཐོབ། །བྱ་བྱེད་སྙིང་པོ་མེད་དོ་མ་ཎི་པ། །རྗེས་ཐོབ་དུས་གསུམ་རྟོག་པའི་འདུལ་སྦྱོང་འདི། །དྲན་སྣང་ཐམས་ཅད་ཆོས་སྐུར་མ་ཤར་བར། །མེད་ཐབས་མེད་དོ་དགོས་དུས་དྲན་པར་གྱིས། །འཁྲུལ་རྟོག་ཡན་པར་མ་བཏང་མ་ཎི་པ། །ཞེས་གསུངས་པ་ལྟ་བུའི་མན་ངག་རྣམས་ཀྱིས་རང་རྒྱུད་སྦྱང་བར་མ་བྱས་ན། འདོད་པའི་ཡུལ་ལྔ་ལ་ཞེན་ཅིང་ཆགས་པའི་དབང་གིས་སྡུག་བསྔལ་ལ་འཇུག་པ་ཡིན་ཏེ། མིག་ཤེས་གཟུགས་ལ་ཆགས་པས་ཕྱེ་ལེབ་མར་མེར་འཆི་བ། རྣ་ཤེས་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད་པ། སྣ་ཤེས་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་འཐུམ་པ། ལྕེ་ཤེས་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་བཟུང་བ། ལུས་ཤེས་རེག་བྱ་ལ་ཆགས་པས་གླང་པོ་འདམ་དུ་བྱིང་བ་ལྟ་བུ་ཡིན་ཏེ། དོ་ཧ་མཛོད་ཀྱི་གླུ་ལས། ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདིར་ནི་རི་དྭགས་བཞིན་དུ་བལྟ་བར་བྱོས། །ཞེས་དང་། དབྱིག་གཉེན་གྱིས། འབར་བ་ཆེན་པོའི་ཚོགས་དག་གི། །མེ་ཆེན་དག་ནི་མཐོང་ནས་ཀྱང་། །གཟུགས་ལ་ཆགས་པ་ཆེན་པོ་ཡང་། །ཕྱེ་ལེབ་མེ་ལ་འཇུག་པར་འགྱུར། །རྩྭ་ཡི་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དྭགས་རྔོན་པས་གླུ་དབྱངས་ཀྱིས། །ངེས་པར་གསོད་པ་རྩོལ་བར་འགྱུར། །རྟག་ཏུ་ནམ་མཁའ་ལ་རྒྱུ་ཞིང་། །གཟུགས་ནི་ཤིན་ཏུ་ཡིད་འོང་བའི། །བུང་བ་དྲི་ཡི་ཉེས་པ་ཡིས། །ངེས་པར་འཆི་བར་འགྱུར་བ་ཡིན། །བཀག་པ་མེད་པའི་ལམ་འགྲོ་ཞིང་། །རྟག་ཏུ་རྣམ་པར་རྒྱུ་བ་ཡང་། །རོ་མྱོང་བ་ལ་ཆགས་པ་ཡིས། །ཉ་ནི་ལྕགས་ཀྱུས་བརླག་པར་བྱེད། །ས་སྲུང་དང་ནི་རབ་འགྲན་ཞིང་། །རི་ཡི་རྒྱལ་པོ་རྒྱུན་ཤེས་པས། །བ་ལང་མོ་ཡི་ཉེ་རེག་གིས། །ངེས་པར་གླང་པོ་བསད་པར་འོང་། །ཞེས་སོ། །དེ་ལྟར་འདོད་པའི་ཡུལ་ལྔ་ལ་ཞེན་ཆགས་སྤངས་ཏེ། ཐོས་བསམ་བསྒོམ་པ་ལ་བརྩོན་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཐོས་པས་མ་རིག་པའི་མུན་པ་སངས་པ། བསམས་པས་གནས་ལུགས་ཀྱི་དགོངས་པ་རྟོགས་པ། བསྒོམ་པས་ཆོས་ཉིད་ཀྱི་ཀློང་དུ་གྲོལ་བ། བཤད་པས་རང་གཞན་གྱི་ཤེས་རབ་འཕེལ་བ། ཉན་པས་བློ་གྲོས་ཀྱི་པདྨོ་རྒྱས་པ། བལྟས་པས་ཉོན་མོངས་ཀྱི་སྡིག་སྒྲིབ་འཛད་པ། དཔྱད་པས་ཐར་ལམ་གྱི་བྱང་ཆུབ་བརྙེས་པ་སྟེ། ཡོན་ཏན་དཔག་ཏུ་མེད་པའི་ཚོགས་ཆེན་པོས་ལེགས་པར་བརྒྱན་པར་གསུངས་པ་ཡིན་ནོ། །

གཉིས་པ་བཤད་བྱ་དངོས་བཤད་པ་ལ། ཐུན་མོང་ཕྱིའི་སྔོན་འགྲོ། ཐུན་མིན་ནང་གི་སྔོན་འགྲོ། ཉམས་ལེན་དངོས་གཞིའི་ཆ་ལག་ཉེ་ལམ་འཕོ་བའི་ཁྲིད་དང་གསུམ་ལས། དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་ལ། དལ་འབྱོར་རྙེད་པར་དཀའ་བ། ཚེ་མི་རྟག་པ། འཁོར་བའི་སྡུག་བསྔལ། ལས་རྒྱུ་འབྲས། ཐར་བའི་ཕན་ཡོན། བཤེས་གཉེན་བསྟེན་པ་དང་དྲུག་ལས། དང་པོ་དལ་འབྱོར་རྙེད་དཀའ་བ་ལ། ངོ་བོ་དལ་བ་ལ་བསམ་པ། ཁྱད་པར་གྱི་ཆོས་འབྱོར་བ་ལ་བསམ་པ། རྙེད་དཀའི་དཔེ་ལ་བསམ་པ། གྲངས་ཀྱི་ཁྱད་པར་ལ་བསམ་པ་དང་བཞི་ལས། དང་པོ་ངོ་བོ་དལ་བ་ལ་བསམ་པ་ནི། སེམས་ཉིད་ངལ་གསོ་ལས། བདག་ནི་སེམས་དམྱལ་ཡི་དྭགས་མ་སྐྱེས་ཤིང་། །དུད་འགྲོ་ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་པོ་དག་ལས་རབ་འདས་ཤིང་། །ཞེས་པ་ལྟར། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་གསུམ་དུ་སྐྱེས་ན་སྡུག་བསྔལ་གྱིས་གཡེངས་ཏེ་ལུས་མི་ཁོམ། ལྐུགས་པ་ནི་ཚིག་དོན་ལ་བརྡ་སྤྲོད་པའི་ནུས་པ་མེད་པས་ངག་མི་ཁོམ། ཆོས་ཐོས་བསམ་ལ་སྤྱོད་པའི་འདུ་ཤེས་མེད་པས་ལྷ་ཚེ་རིང་པོ་དང་། འདུ་ཤེས་ཡོད་ཀྱང་སངས་རྒྱས་ཀྱིས་སྟོང་པའི་ཆོས་ཀྱི་སྣང་བ་མེད་པས་མུན་པའི་བསྐལ་པར་སྐྱེས་པ་དང་། སྣང་བ་ཡོད་ཀྱང་དེ་ལ་འཇུག་པའི་བློ་མེད་པས་ཀླ་ཀློ་དང་། འཇུག་པར་འདོད་ཀྱང་སྒྲོ་སྐུར་གྱི་མཐར་ལྷུང་བའི་ལོག་ལྟ་ཅན་བཞི་ནི་ཡིད་མི་ཁོམ་པ་སྟེ། དེ་དག་ལ་ཆོས་བསྒྲུབ་པའི་གནས་སམ་སྐལ་བ་མེད་པ་ཡིན་ནོ། །དེ་ཡང་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པ་དང་། གཞན་བཞི་ནི་མིའི་མི་ཁོམ་པ་ཡིན་ནོ། །དེ་ལྟར་མི་ཁོམ་པའི་གནས་བརྒྱད་པོ་དེ་དག་ཏུ་མ་སྐྱེས་པ་ནི་དལ་བ་ཕུན་སུམ་ཚོགས་པ་ཡིན་ནོ། །ལྷ་ཚེ་རིང་པོ་ཞེས་པ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་བསྒོམས་པའི་འབྲས་བུ་སྟེ། སེམས་རྟོག་མེད་ཀུན་གཞིའི་སྟེང་དུ་ཚོགས་དྲུག་གི་ཤེས་པ་བཀག་ནས་སྒོམ་པ་གོམས་པ་སྟེ། འདིར་ཉོན་ཡིད་མ་བཀག་པས་འགོག་པ་དང་མི་མཚུངས་ཏེ། འདི་ལ་སོ་སོའི་སྐྱེ་བོ་རྣམས་འཇུག་ཅིང་། འཕགས་པ་རྣམས་མི་འཇུག་ལ་འགོག་པར་འཕགས་པ་རྣམས་འཇུག་ལ་སོ་སྐྱེ་རྣམས་མི་འཇུག་གོ །ཉན་རང་འཕགས་པ་རྣམས་འགོག་པ་ལ་བདེ་བར་གནས་ཕྱིར་སྙོམས་པར་འཇུག་པ་དང་། བྱང་སེམས་འཕགས་པ་རྣམས་ཏིང་ངེ་འཛིན་ལ་རྩལ་སྦྱང་བའི་ཕྱིར་སྙོམས་པར་འཇུག་གོ། །ལྷ་དེའི་གནས་ནི། འབྲས་བུ་ཆེ་བའི་ལྷ་གནས་དང་གྲོང་དང་དགོན་པའི་ཚུལ་དུ་ཡོད་པ་ཡིན་ནོ། །

གཉིས་པ་ཁྱད་པར་གྱི་འབྱོར་བ་ལ་བསམ་པ་ལ། རང་འབྱོར་ལྔ་དང་། གཞན་འབྱོར་ལྔའོ། །དང་པོ་རང་འབྱོར་ལྔ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པ་ལྟར། ལྷ་ཆོས་ཀྱི་རྟེན་མི་ལུས་ཐོབ་པ་དང་། ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ་དང་། ཐོས་བསམ་གྱི་རྟེན་དབང་པོ་སྒོ་ལྔ་ཚང་བ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། བསྟན་པའི་གནས་ལ་དད་པ་སྟེ། ལྔ་པོ་འདི་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །

གཉིས་པ་གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། བསྟན་པ་གནས་དང་དེའི་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་པ་ལྟར། སྟོན་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་དམ་པའི་ཆོས་གསུངས་པ། བསྟན་པའི་གནས་ཚད་མ་རྫོགས་པ། དེའི་སྒོར་ཞུགས་པ། མཐུན་རྐྱེན་དགེ་བའི་བཤེས་གཉེན་གྱིས་ཟིན་པ་སྟེ་ལྔ་པོ་འདི་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་ན་གཞན་འབྱོར་ཞེས་བྱའོ། །གཞན་བརྩེ་ནི་ཆོས་བྱེད་པ་རྣམས་ལ་གཞན་གྱིས་སྙིང་བརྩེ་བའི་སྒོ་ནས་ཟས་གོས་སོགས་མཐུན་རྐྱེན་སྦྱོར་བ་པོ་མང་དུ་ཡོད་པ་ལ་བཤད་པའང་ཡོད་དོ། དེའང་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་བ་ནི་དེའི་ཁྱད་པར་གྱི་ཆོས་སོ། །བྲལ་ལྡན་གཉིས་ལ་དལ་འབྱོར་གྱི་ངོ་བོ་ཞེས་བཤད་པའང་ཡོད་དེ། བྲལ་ངོས་ནས་དལ་བ་དང་། ལྡན་ངོས་ནས་འབྱོར་བ་སྟེ་འགལ་རྐྱེན་མེད་པས་དལ་བ། མཐུན་རྐྱེན་ཚང་བས་འབྱོར་བ་ཞེས་བཤད་པས། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་འདི་རྙེད་པར་དཀའ་བས་ད་རེས་ཆོས་ལ་འབད་དགོས་པར་འདུག་སྙམ་པ་བློ་རྩེ་གཅིག་ཏུ་དྲིལ་བར་བྱ་དགོས་ཏེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པའི་གནས་བརྒྱད་དང་། རིས་ཆད་བློ་ཡི་མི་ཁོམ་པའི་གནས་བརྒྱད་ཡོད་དེ། དང་པོ་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ།། གཞན་དབང་འཇིགས་སྐྱོབས་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་པ་ལྟར། དུག་ལྔ་འཁྲུགས་པའི་ཉོན་མོངས་པ་ཤིན་ཏུ་རགས་པའི་རིགས་ཅན་རྣམས་ནི། ཆོས་སྒྲུབ་འདོད་ཀྱི་བློ་རེས་འགའ་ཙམ་སྐྱེས་ཀྱང་། རང་རྒྱུད་ཀྱི་དུག་ལྔ་དབང་ཆེ་བས་ཕལ་ཆེར་དེའི་དབང་དུ་སོང་ནས་ཆོས་ཡང་དག་པ་མི་འགྲུབ། ཤིན་ཏུ་བླུན་ཞིང་རྨོངས་པའི་རིགས་ཅན་རྣམས་ནི་ཤེས་རབ་ཀྱི་སྣང་བ་ཅུང་ཟད་ཀྱང་མེད་པ་དེ་ནི་ཆོས་སྒོར་ཞུགས་ཀྱང་ཆོས་ཀྱི་ཚིག་དོན་ཕྲན་བུ་ཙམ་ཡང་ཤེས་མི་ནུས་ཏེ། ཐོས་བསམ་སྒོམ་གསུམ་བྱེད་པའི་སྐལ་བ་མེད། ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྟོན་པའི་བདུད་ཀྱི་བཤེས་གཉེན་གྱིས་ཟིན་ན་རང་བློ་ལོག་པའི་ལམ་དུ་བསྒྱུར་ནས་དམ་པའི་ཆོས་དང་རྒྱབ་འགལ། ཆོས་ལ་སློབ་པར་འདོད་ཀྱང་བརྩོན་འགྲུས་ཅུང་ཟད་ཀྱང་མེད་པའི་ལེ་ལོ་ཅན་ནི་ལེ་ལོ་དང་ཕྱི་བཤོལ་གྱི་དབང་དུ་སོང་སྟེ་ཆོས་མི་འགྲུབ། ཆོས་ལ་བརྩོན་འགྲུས་བྱས་ཀྱང་རང་རྒྱུད་ལ་ཡོན་ཏན་མི་སྐྱེ་བའི་སྡིག་སྒྲིབ་ཅན་ལས་ངན་གྱི་མཚོ་ཆེན་རྡོལ་བ་ནི་རང་བྱས་ཀྱི་ལས་འབྲས་ཡིན་པ་མི་ཤེས་པར་ཆོས་ལ་ཡི་ཆད་སྐྱེ། རང་ལ་རང་དབང་མེད་པར་གཞན་གྱིས་བྲན་དུ་བཀོལ་བ་རྣམས་ནི་ཆོས་བྱེད་འདོད་ཀྱི་བློ་ཡོད་ཀྱང་གཞན་དབང་དུ་སོང་ནས་བསྒྲུབ་ཏུ་མི་སྟེར། ཚེ་འདིའི་ལྟོ་གོས་སོགས་དང་གནོད་པ་གཞན་གྱིས་འཇིགས་ནས་དེའི་ཆེད་དུ་ཆོས་སྒོར་ཞུགས་ཀྱང་ཞེ་ཐག་པ་ནས་ཆོས་ལ་ངེས་ཤེས་མེད་པས་སྔོན་གྱི་བག་ཆགས་རྙིང་པས་འཕྲོ་མཐུད་ནས་ཆོས་མིན་ལ་སྤྱོད། སྙན་པ་དང་གྲགས་པ་སྒྲུབ་པའི་ཆོས་མེད་བཙུན་པའི་གཟུགས་བརྙན་རྣམས་ནི་གཞན་སྣང་དུ་ཆོས་ལྟར་བཅོས་ཀྱང་། ཆོས་བརྒྱད་ཀྱི་བསམ་པས་ཚེ་འདི་ཁོ་ན་དོན་དུ་གཉེར་བས་ཐར་བའི་ལམ་དང་བྲལ་བ་དང་བརྒྱད་པོ་དེ་ཡང་ཆོས་སྒྲུབ་པའི་གནས་སུ་མི་ཁོམ་ཞིང་དལ་བ་ཆུད་གསོན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་གྱུར་བ་ཞེས་བྱ་བ་ཡིན་ནོ། །གཉིས་པ་རིས་ཆད་བློ་ཡི་མི་ཁོམ་པ་བརྒྱད་ནི། དེ་ཉིད་ལས། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཞེས་པ་ལྟར། ཚེ་འདི་དོན་དུ་གཉེར་བའི་འཆིང་བ་དམ་པོས་རང་རྒྱུད་བཅིང་བ་རྣམས་ནི་ལོངས་སྤྱོད་གཉེན་འདུན་སོགས་ཀྱི་དོན་དུ་རྩོལ་སྒྲུབ་ཀྱིས་གཡེངས་པས་ཆོས་བྱེད་ལོང་མེད། རང་རྒྱུད་ངན་པས་མི་གཞི་ཏིལ་འབྲུ་ཙམ་ཡང་མེད་པ་དག་ནི་དགེ་བའི་བཤེས་གཉེན་དང་འཕྲད་ཀྱང་དམ་པའི་ལམ་དུ་བསྒྱུར་དཀའ། ངན་སོང་དང་འཁོར་བའི་ཉེས་པ་བཤད་དམ་ཚེ་འདིའི་སྡུག་བསྔལ་ཅི་ལྟ་བུ་ལའང་སྐྲག་པའི་བློ་གཏན་ནས་མི་སྐྱེ་ན་ཆོས་ལ་འཇུག་པའི་རྒྱུ་ངེས་འབྱུང་གི་བློ་རྩ་བ་ནས་མི་སྐྱེ། ཡང་དག་པའི་ཆོས་དང་བླ་མ་ལ་དད་པ་ཅུང་ཟད་ཀྱང་མེད་ན་བསྟན་པའི་འཇུག་སྒོ་འགགས་ཏེ་ཐར་བའི་ལམ་དུ་མི་ཚུད། མི་དགེ་སྡིག་སྤྱོད་ལ་དགའ་བས་སྒོ་གསུམ་ཉེ་བར་མ་ཞི་བ་ནི་དམ་པའི་ཡོན་ཏན་དང་བྲལ་ཏེ་ཆོས་ལས་ཕྱིར་ཕྱོགས། ཡོན་ཏན་དགེ་བ་དང་དམ་པའི་ཆོས་ཀྱི་སྣང་བ་མེད་པ་ཁྱིའི་སྔོན་དུ་རྩྭ་བཞག་པ་ལྟར་གྱུར་ན་ཆོས་ལ་སྤྲོ་བ་མེད་པས་རང་རྒྱུད་ལ་ཡོན་ཏན་མི་སྐྱེ། ཐུན་མོང་གི་ཐེག་པ་ལ་ཞུགས་ནས་སེམས་བསྐྱེད་དང་སྡོམ་པ་རལ་ན་ངན་སོང་ལས་འགྲོ་ས་མེད་པས་མི་ཁོམ་པའི་གནས་ལས་མི་ཐར། གསང་སྔགས་ཀྱི་ཐེག་པ་ལ་ཞུགས་ནས་བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་ན་དངོས་གྲུབ་ཀྱི་སྐལ་བ་ཆད་པ་ཡིན་ཏེ། བརྒྱད་པོ་འདི་ནི་དམ་པའི་ཆོས་ལས་རིང་ཞིང་ཐར་བའི་སྒྲོན་མེ་ནུབ་པ་ཞེས་བྱའོ། །དེ་ལྟར་དལ་བའི་རང་བཞིན་ཆོས་ཉི་ཤུ་རྩ་བཞི་དང་། འབྱོར་བ་བཅུ་སྟེ་སུམ་ཅུ་སོ་བཞི་པོ་འདི་དག་ཚང་ངམ་མི་ཚང་རང་རྒྱུད་ལ་ལེགས་པར་བརྟགས། ཚང་བར་འདུག་ན་དགའ་བ་བསྒོམ་ཞིང་ད་རེས་རྟེན་བཟང་ཡིད་བཞིན་ནོར་བུ་ལྟ་བུ་རྙེད་པ་འདི་ཆུད་ཟོས་སུ་མི་གཏོང་བར་རང་གཞན་ལ་ཕན་པའི་ཆོས་ཡང་དག་པ་ཞིག་བསྒྲུབ་པར་བྱའོ་སྙམ་ནས་སེམས་ལ་དམ་བཅའ་འཛིན། མི་ཚང་བར་འདུག་ན་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཚང་བའི་ཐབས་ལ་འབད་པར་བྱའོ། །

གསུམ་པ་རྙེད་དཀའི་དཔེ་ལ་བསམ་པ་ནི། རླབས་ཆེན་པོས་རྣམ་པར་དཀྲུགས་པའི་རྒྱ་མཚོ་ཆེན་པོའི་སྟེང་གི་གཉའ་ཤིང་གི་བུ་ག་དང་། ཞབས་ཀྱི་རུས་སྦལ་གྱི་མགྲིན་པ་འཕྲད་པ་ལས་མི་ལུས་ཐོབ་དཀའ་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ཏེ། གང་ལས་གསུངས་ན་མེ་ཏོག་གི་ཚོམ་ལས། མིར་གྱུར་བ་དང་དལ་བ་ཕུན་སུམ་ཚོགས་པ་འགྲུབ་པའང་ཤིན་ཏུ་རྙེད་པར་དཀའ་འོ། །དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུ་དཔེར་ན་ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་ཏེ་ཞེས་རྒྱས་པར་གསུངས་པ་ཡིན་ནོ། །དེ་ཡང་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འདི་དག་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། རྒྱ་མཚོའི་གཏིང་ན་རུས་སྦལ་ལོང་བ་ཞིག་ལོ་བརྒྱ་བརྒྱ་ན་ཆུའི་སྟེང་དུ་ལན་རེ་འོང་བ་དེ་དང་། མཚོ་དེའི་ཁར་རྨོས་གླང་གི་རྭ་སྦྲེལ་བའི་ཤིང་ལ་གཉའ་ཤིང་དུ་གྲགས་པ་དེ་ལྟ་བུའི་ཤིང་བུ་ག་གཅིག་པ་ཞིག་ཡོད་པ་དེ་སྐད་ཅིག་ཀྱང་ས་གཅིག་ཏུ་མི་སྡོད་པར་རླུང་གིས་ཤར་ནས་ནུབ་ཏུ་བསྐྱོད་པ་དང་། ནུབ་ནས་ཤར་དུ་བསྐྱོད་པ་སོགས་དེ་གཉིས་འཕྲད་དེ། རུས་སྦལ་གྱི་མགྲིན་པ་གཉའ་ཤིང་གི་བུ་གར་ཆུད་པ་སྲིད་ཀྱི་ངན་སོང་དུ་སྐྱེས་པ་ལས་སླར་མི་ལུས་ཐོབ་པ་ནི་དེ་བས་ཀྱང་དཀོན་པ་ཡིན་ནོ། །ཡང་མི་ལུས་ཐོབ་པ་འདི་རྩིག་ངོས་ཀྱི་ཞལ་བ་འཇམ་པོ་ལ་སྲན་མ་གཏོར་བ་ཆགས་པ་ལས་ཀྱང་དཀའ་བ་ནི་ཟླ་བའི་སྙིང་པོའི་མདོ་སོགས་ལས་གསུངས་པ་དང་། དེ་བཞིན་དུ་མེ་ཏོག་ཨུ་དུམ་ཝཱ་ར་འཇིག་རྟེན་དུ་འབྱུང་དཀའ་བ་ལས་ཀྱང་དལ་འབྱོར་གྱི་མི་ལུས་ཆོས་ལྡན་རྙེད་པར་དཀའ་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཨུ་དུམ་ཝཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། །ཞེས་དང་། མྱ་ངན་ལས་འདས་པའི་མདོ་ལས། ཨུ་དུམ་ཝཱ་རའི་མེ་ཏོག་དེ་ནི་གནས་ཐམས་ཅད་དུ་མི་སྐྱེ་སྟེ། མཚོ་མ་དྲོས་པའི་བྱང་ཕྱོགས་རིའི་རྩེ་ན་དེའི་ཚལ་ཡོད་པ་དེར་སྐྱེ་ཞིང་དུས་ཐམས་ཅད་དུ་མི་སྐྱེ་སྟེ། ནམ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དེའི་ཚེ་སྐྱེའོ། །སྐྱེས་ནས་ཀྱང་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ན་ཤིན་ཏུ་རྒྱས་པར་འགྱུར་ལ། མྱ་ངན་ལས་འདས་པའི་ཚེ་རྙིང་ཞིང་ས་ལ་ལྷགས་པར་འགྱུར་རོ། །ཞེས་གསུངས་པ་བཞིན་ནོ། །

བཞི་པ་གྲངས་ཀྱི་ཁྱད་པར་ལ་བསམ་པ་ནི། ཀུན་མཁྱེན་འཇིགས་མེད་གླིང་པས། སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམ་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །ཞེས་པ་ལྟར། ངན་སོང་གསུམ་གྱི་འགྲོ་བ་ནི་ཤིན་ཏུ་མང་སྟེ། ས་ཆེན་པོའི་རྡུལ་བཞིན་དུ་མཐའ་ཡས་ཤིང་། མཐོ་རིས་གསུམ་གྱི་འགྲོ་བ་ནི་ཤིན་དུ་ཉུང་སྟེ། སེན་མོའི་སྟེང་གི་རྡུལ་ཙམ་དུ་གསུངས་པ་དང་། གཞན་ཡང་འབྲུའི་ཕུང་པོ་ཆེན་པོ་སྤུང་པའི་རྨིང་ལྟ་བུ་ནི་ངན་སོང་གི་གནས་གསུམ་ཡིན་ཏེ། གྲངས་མང་ལ་སྡུག་བསྔལ་ཡང་ཆེ། འབྲུ་སྤུངས་པའི་རྩེ་མོ་ལྟ་བུ་ནི་མཐོ་རིས་ཀྱི་འཇིག་རྟེན་གསུམ་ཡིན་ཏེ་ཤིན་ཏུ་ཉུང་བ་དང་། དེ་དག་གི་ནང་ནས་མི་ཡི་འགྲོ་བ་ཉུང་། སྒོས་འཛམ་གླིང་གི་མི་ཉུང་། ཡང་སྒོས་ཆོས་དང་ལྡན་པའི་མི་ལུས་ནི་སྲིད་མཐའ་ཙམ་སྟེ། ཀུན་མཁྱེན་ཆེན་པོས། མི་ལུས་ནང་ནས་དད་ལྡན་ཆོས་ཀྱི་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །ཞེས་སོ། །རྒྱུ་ལ་བསམ་ཀྱང་རྙེད་པར་དཀའ་སྟེ། རྒྱུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཕར་ཕྱིན་དྲུག་གིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་དགོས་པ་ཡིན་ལ། དེ་བསྒྲུབ་པའང་ཤིན་ཏུ་དཀའ་བ་ཡིན་ནོ། །དེ་ལྟར་རྙེད་པར་དཀའ་བའི་ལུས་རྟེན་བཟང་པོ་ཐོབ་པའི་དུས་འདིར་ཆོས་བསྒྲུབ་དགོས་ཏེ། དཔེར་ན་གྲུ་ཡོད་དུས་ཆུ་ཡི་ཕ་རོལ་དུ་བསྒྲོད་དགོས་པ་དང་འདྲ་སྟེ། སེམས་ཉིད་ངལ་གསོ་ལས། འཁོར་བའི་ཆུ་གཏེར་ཕ་མཐའ་ཡས་འདི་ལས། །རིན་ཆེན་གྲུ་བོ་ཐོབ་དུས་མ་བརྒལ་ན། །གཏན་ཏུ་ཉོན་མོངས་སྡུག་བསྔལ་རྦ་ཀློང་དུ། །རབ་ཏུ་འཁྲུགས་ཚེ་བདག་གིས་ཇི་ལྟར་བྱ། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་སོ། །དེ་ལྟར་རྙེད་དཀའི་དལ་འབྱོར་ཐོབ་ནས་ད་རེས་ཐར་བའི་ལམ་སྣ་མ་ཟིན་ན། རིན་ཆེན་གསེར་གླིང་དུ་ཕྱིན་ནས་སྟོང་པར་ལོག་པ་དང་འདྲ་བ་ལ་བསམས་ནས་ཆོས་ལ་འབད་པར་བྱ་དགོས་ཏེ། ཁ་རག་པས། དལ་འབྱོར་མི་ལུས་རིན་པོ་ཆེ། རྙེད་པར་དཀའ་བ་ཐོབ་པ་ལ། །ཐོབ་པ་ཡལ་བར་མ་གཏོང་བར། །གཏན་གྱི་སོ་ནམ་གྱིས་ཤིག་ཨཾ། །ཞེས་སོ། །

གཉིས་པ་ཚེ་མི་རྟག་པའི་ཁྲིད་ལ། ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། ནང་བཅུད་ཀྱི་འགྲོ་བ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། སྐྱེ་དགུའི་བདག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། དཔེ་དོན་སྣ་ཚོགས་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། འཆི་རྐྱེན་ངེས་མེད་ལ་བསམས་ཏེ་མི་རྟག་པ་བསྒོམ་པ། འདུན་པ་དྲག་པོ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་དང་བདུན་ལས། དང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། འདི་ལྟར་འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་གླིང་ཕྲན་བརྒྱད་དང་། རི་བོ་མཆོག་རབ་དང་། གསེར་གྱི་རི་བདུན་དང་། རོལ་བའི་མཚོ་བདུན་དང་། ཉི་མ་དང་ཟླ་བ། ལྕགས་རིས་བསྐོར་བ་དང་བཅས་པ་སྟོང་གི་མཐར། སུམ་ཅུ་རྩ་གསུམ་པའི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་འདྲ་བ་སྟོང་གི་མཐར། གཞན་འཕྲུལ་དབང་བྱེད་དང་མཉམ་པའི་ལྕགས་རིས་བསྐོར་བ་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་ལྟ་བུ་སྟོང་གི་མཐར། བསམ་གཏན་དང་པོའི་མཐོ་ཚད་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཞེས་གླིང་བཞི་ལྕགས་རི་དང་བཅས་པ་རེ་རེ་གཅིག་ནས་གཉིས་སུ་བསྒྲངས་ན་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་བཅུ་ཡོད་པ་ཡིན་ནོ། །དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དེ་ཡང་། དང་པོ་ཆགས། བར་དུ་གནས། མཐར་མཐར་འཇིག་པའི་རང་བཞིན་ཅན་ཡིན་ནོ། །དེ་ཡང་འཇིག་པའི་ཚུལ་ནི། སེམས་ཅན་འཇིག་པ་ལ་བར་གྱི་བསྐལ་པ་བཅུ་དགུ་འདའ་ལ། སྣོད་འཇིག་པ་ལ་བར་གྱི་བསྐལ་པ་གཅིག་འདའ་འོ། །བསྡོམས་པས་བར་བསྐལ་ཉི་ཤུ་ནི་འཇིག་པའི་བསྐལ་པ་ཞེས་བྱ་བར་འགྱུར་རོ། །དེ་ཡང་སྣོད་སྟོང་པ་ལ་བཅུད་སྟོང་པ་སྔོན་དུ་འགྲོ་དགོས། དེའི་ཚུལ་ནི། དང་པོ་དམྱལ་བའི་གནས་སུ་གསར་དུ་མི་སྐྱེ་བ་ནས་མགོ་རྩོམ་པ་ཡིན་ཏེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གནས་པ་རྫོགས་ནས་དམྱལ་བའི་འཇིག་རྟེན་དུ། །གསར་དུ་སྐྱེ་བར་མི་འགྱུར་གང་ཡིན་པ། །འཇིག་པའི་ཐོག་མ་དང་པོ་དེ་ནས་འཇོག །ཅེས་སོ། །ཇི་ལྟར་འཇིག་པའི་གོ་རིམ་ཡང་། དེ་ཉིད་ལས། ལས་ཟད་རྣམས་ནི་མཐོ་རིས་སྐྱེ་འགྱུར་ཞིང་། །དམྱལ་མྱོང་ལས་མ་ཟད་རྣམས་གཞན་དག་གི། །དམྱལ་བ་རྣམས་སུ་འཕོ་བར་འགྱུར་བ་ཡིན། །དེ་བཞིན་ཡི་དྭགས་དུད་འགྲོ་རྣམས་མཚུངས་ཏེ། །ངན་སོང་གསུམ་ན་སེམས་ཅན་མེད་པར་འགྱུར། །ཞེས་པ་ལྟར་དམྱལ་བ་ཞིག་མ་ཐག་ཡི་དྭགས་ཀྱི་འཇིག་རྟེན་འཇིག་པའི་མགོ་རྩོམལ། དེ་ཞིག་མ་ཐག་ཏུ་དུད་འགྲོ་འཇིག་པ་ཡིན་ནོ། །མིའི་འཇིག་རྟེན་གླིང་བཞི་འཇིག་པའི་ཚུལ་ནི། དེའི་ཚེ་འཛམ་བུའི་གླིང་གི་མི་གཅིག་གིས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་པ་ལས། དེ་ནས་ལངས་ཏེ་འདི་སྐད་དུ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་འདི་ཡིན་ནོ། ཞེས་སྨྲས་པའི་སྒྲ་དེས་སྐད་ཅིག་ཡུད་ཙམ་ལ་འཛམ་བུའི་གླིང་དུ་ཚེགས་མེད་པར་ཁྱབ་བོ། །སྒྲ་དེ་ཐོས་མ་ཐག་ཏུ་གཞན་དག་གིས་ཀྱང་དེའི་རྗེས་སུ་བསླབ་པས་བསམ་གཏན་གཉིས་པའི་བར་དུ་རྫོགས་པར་བྱས་ཏེ་གནས་སོ། །དེ་དག་འོད་གསལ་གྱི་ལྷའི་རིགས་སུ་སྐྱེ་བར་འགྱུར་ཏེ། གང་གི་ཚེ་འཛམ་བུའི་གླིང་ན་སེམས་ཅན་གཅིག་ཙམ་མ་ལུས་པ་དེའི་ཚེ། ཤར་ལུས་འཕགས་པོ་དང་། ནུབ་བ་གླང་སྤྱོད་ཀྱི་མི་རྣམས་ཀྱང་འཛམ་བུའི་གླིང་པ་ལྟར་འགྱུར་རོ། །དེ་ནས་བྱང་གི་སྒྲ་མི་སྙན་པ་རྣམས་ནི་རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བས། ཚེ་དེ་ལ་འདོད་པ་ལ་ཆགས་བྲལ་མི་སྲིད་པས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡིན་ནོ། །གླིང་ཕྲན་རྣམས་ནི་གཙོ་བོའི་གླིང་དང་འདྲ་བའོ། །དེའི་ཚེ་མིའི་འཇིག་རྟེན་ཞིག་པ་ཞེས་བྱའོ། །དེ་བཞིན་འདོད་ལྷ་རིགས་དྲུག་འཇིག་པའི་ཚུལ་ཡང་རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་ལྷ་གཅིག་གིས་བསམ་གཏན་ཐོབ་པའི་ཚུལ་བསྒྲགས་པ་ཐོས་པ་ལས་རྐྱེན་བྱས་ཏེ་བསྒོམ་པ་ལས། སྔ་མ་ལྟར་བསམ་གཏན་གཉིས་པ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། འདོད་ལྷ་ན་སེམས་ཅན་མེད་པ་དེའི་ཚེ་འདོད་ཁམས་ཞིག་པ་ཞེས་བྱའོ། །དེ་ནས་གཟུགས་ཀྱི་ཁམས་འཇིག་པའི་ཚུལ་ཡང་།ཚངས་པའི་འཇིག་རྟེན་དེར་སེམས་ཅན་གང་ཡང་རུང་བས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམ་པར་ཞུགས་ནས། རྗེས་ལ་སྔར་ལྟར་ཚིག་ཏུ་བརྗོད་པས། ཀུན་གྱིས་དེ་ལྟར་བསླབས་ཏེ་ཤི་འཕོས་ནས་འོད་གསལ་གྱི་ལྷར་སྐྱེས་ཏེ། ཚངས་པའི་འཇིག་རྟེན་དུ་སེམས་ཅན་འགའ་ཡང་མེད་པ་དེའི་ཚེ་ཞིག་པའོ། །དེ་ནས་རིམ་བཞིན་མེ་བདུན་ཆུ་གཅིག་རླུང་གིས་འཇིག་པར་འགྱུར་བ་ཡིན་ལ། མེ་ཞེས་པ་ནི་མདོ་ཁ་ཅིག་ལས་ཉི་མ་བདུན་དུ་གསུངས་ལ། ལ་ལ་ནས་ཉི་མ་བདུན་གྱི་དྲོད་ཉི་མ་གཅིག་ལ་ཡོད་པ་འཆར་བར་གསུངས་ཀྱང་། ཀུན་མཁྱེན་ཆེན་པོས། དོན་ལ་ཉི་མ་བྱེ་བ་ཕྲག་བརྒྱ་པོ་ཉིད་བདུན་འགྱུར་གྱིས་ཚར་སོང་སྟེ་འཚིག་པར་བཞེད་པ་ཡིན་ལ། ཉི་མ་གཅིག་གིས་རྩི་ཤིང་དང་ནགས་ཚལ་ཐམས་ཅད་བསྲེགས། གཉིས་པ་ཤར་བས་ཆུ་ཀླུང་དང་ལྟེང་ཀ་མ་ལུས་པ་སྐེམས། གསུམ་པས་ཆུ་ཀླུང་ཆེན་པོ་ཐམས་ཅད་སྐེམ། བཞི་པས་མཚོ་ཆེན་པོ་མ་དྲོས་པའང་སྐེམ། །ལྔ་པས་ཕྱིའི་རྒྱ་མཚོ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱ་སྐེམ་པ་ནས་བཟུང་རིམ་བཞིན་ཉིས་བརྒྱ་དང་། བདུན་བརྒྱ་དང་།སྟོང་དང་ཁྲ་ིདང་། བརྒྱད་ཁྲིའི་བར་དུ་སྐམ་པའི་ལྷག་མ་དཔག་ཚད་དང་རྒྱང་གྲགས་ནས་མཐར་རྨིག་རྗེས་ཀྱི་ཆུ་ཙམ་ཡང་མ་ལུས་པར་སྐེམ་པར་བྱེད། ཉི་མ་དྲུག་ཤར་བས་ས་ཆེན་པོ་གངས་རི་དང་བཅས་པ་བསྲེགས། བདུན་གྱིས་རིའི་རྒྱལ་པོ་རི་རབ། གླིང་བཞི་གླིང་ཕྲན་བརྒྱད། གསེར་གྱི་རི་བདུན། ཁོར་ཡུག་གི་ལྕགས་རི་དང་བཅས་པ་བསྲེགས་ནས་མེ་ལྕེ་གཅིག་ཏུ་གྱུར་ཏེ། ཐུར་དུ་འཁྱིལ་ཞིང་འབར་བས་དམྱལ་བའི་གནས་ཐམས་ཅད་བསྲེགས་ཤིང་། མེ་ལྕེ་གྱེན་དུ་གཡོས་པས་ཚངས་པའི་གཞལ་ཡས་ཁང་སྟོང་པ་རྣམས་ཀྱང་བསྲེགས་པས་འོད་གསལ་གྱི་ལྷའི་བུ་གཞོན་ནུ་རྣམས་སྐྲག་ཅིང་འདི་ལྟ་བུའི་མེ་ཆེན་པོ་འབར་ཞིང་བྱུང་ངོ་ཞེས་སྒྲོགས་པ་ན། ལྷ་རྒན་པོ་དག་གིས་འདི་ནི་སྔར་ཡང་ཚངས་པའི་འཇིག་རྟེན་གྱི་བར་དུ་བྱུང་ནས་སླར་ལོག་པ་ཡིན་གྱི་སྐྲག་མི་དགོས་སོ་ཞེས་དབུགས་འབྱིན་པར་བྱེད། དེ་ལྟར་མེ་ཡིས་ལན་བདུན་ཞིག་པའི་རྗེས་སུ་བསམ་གཏན་གཉིས་པའི་ལྷ་གནས་སུ་སྤྲིན་ཆུའི་སྙིང་པོ་ཅན་ཆགས་པ་ལས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་དང་། གཤོལ་མདའ་ཙམ་དུ་བབས་པས་འོད་གསལ་གྱི་ལྷ་གནས་མན་ཆད་ལན་ཚྭ་ཆུ་ལ་ཐིམ་པ་ལྟར་འཇིག དེ་ལྟར་ཆར་གྱི་རྒྱུན་ཐེངས་བདུན་དུ་བབ་པ་རྫོགས་ནས་འོག་གཞི་རླུང་རྡོ་རྗེ་རྒྱ་གྲམ་གྱེན་དུ་ལངས་ཏེ་བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་ཐལ་བ་རླུང་གིས་གཏོར་བ་ལྟ་གཏོར་ནས་འཇིག དེ་ལྟར་ན་འཇིག་ཐེངས་གཅིག་ལ་མེ་ཆུ་རླུང་གསུམ་ཀ་འབྱུང་ཞིང་བསམ་གཏན་གསུམ་པ་མན་ཆད་འཇིག་པའི་ལུགས་ཡིན་པས་མཛོད་ཀྱི་ལུགས་སོགས་དང་མི་འདྲ་གསུངས། ས་སྡེ་དང་མངོན་པ་ལྟར་ན་མེས་འཇིག་པ་ན་དུ་བ་ཡང་མེད་ཐལ་བའང་མེད་པར་བསྲེགས་ནས་བསམ་གཏན་དང་པོ་མན་ཆད་ཞིག་ནས་སླར་ཡང་སྔར་བཞིན་ཆགས་ཏེ། ཡང་མེས་འཇིག་པ་སོགས་མེ་འཇིག་ལན་བདུན་བྱུང་བའི་རྗེས་བསམ་གཏན་གཉིས་པ་མན་ཆད་དུས་འཇིག ཡང་ཆགས་ནས་མེས་འཇིག་བདུན་གྱི་རྗེས་ཆུ་འཇིག་གཅིག་སོགས་དེ་འདྲའི་ཚུལ་དུ་ཆུ་བདུན་ཐལ་བ་ན། ཡང་ཆགས་ནས་མེས་ལན་བདུན་འཇིག་ཅིང་དེ་ནས་སླར་ཆགས་པའི་འཇིག་རྟེན་དེ་རླུང་གིས་བསམ་གཏན་གསུམ་པ་མན་ཆད་འཇིག་པས་ན། བསྡོམས་པས་མེས་འཇིག་དྲུག ཆུས་འཇིག་བདུན།རླུང་འཇིག་གཅིག་སྟེ་འཇིག་ཐེངས་དྲུག་ཅུ་རྩ་བཞིར་བཤད་དེ། མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་འཇིག་པའི་སྒྲུབ་བྱེད་ནི། བསམ་གཏན་དང་པོ་མན་ཆད་ན་རྟོག་པ་དང་དཔྱོད་པ་སྟེ་སེམས་དང་སེམས་བྱུང་གི་ཚོར་བ་མེ་དང་འདྲ་བ་ཡོད་པས་དེ་དང་མཚུངས་ལྡན་གྱི་མེས་འཇིག་ལ། གཉིས་པ་ན་བསམ་གཏན་གྱི་དགའ་བདེ་བདུད་རྩིའི་ཆུ་རྒྱུན་ལྟ་བུ་ཡོད་པས་ཆུས་འཇིག་པ་དང་། གསུམ་པ་ན་དབུག་དབྱུང་རྔུབ་གཡོ་འགུལ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན་ནོ། །དེ་ཡང་འདོད་པའི་རགས་རླུང་ལྟར་མེད་དེ་ལུས་རགས་པ་རྩ་འདབ་ཅན་མེད་པའི་ཕྱིར་རོ། །ལྷ་རྒན་པོ་དག་གིས་སྔོན་ཡང་བྱུང་ཞེས་སྒྲོག་ཅེས་པ་ནི་མཛོད་སོགས་ལྟར་ན་གོང་མའི་ལྷ་རེ་རེའི་ཚེ་ལ་འཇིག་པ་དུ་མ་བྱུང་བ་ཉམས་སུ་མྱོང་བ་སྟོན་པའི་དོན་དུ་བཤད་པ་དང་། འདིར་ནི་འཇིག་རྟེན་ཆགས་འཇིག་གི་རྒྱུས་ཤེས་པ་དག་གིས་གཏམ་སྨྲ་བ་ཙམ་ལས་རང་གིས་སྔར་མཐོང་བ་ཡིན་ཞེས་འཆད་པ་མིན་གསུངས། དེ་ལྟར་ན་གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་བྱེ་བ་ཕྲག་བརྒྱ་སྟེ་སྟོང་གསུམ་འཇིག་རྟེན་གཅིག་གི་ནང་དུ་ཆུད་པ་ཐམས་ཅད་མཉམ་དུ་ཞིག་ནས་མཐར་ཐམས་ཅད་ཀྱང་ནམ་མཁའ་གཅིག་ཏུ་གྱུར་ཏེ་སྟོང་པའི་གནས་སྐབས་དེ་ལྟ་བུ་ཡོད་པ་ཡིན་ན་རང་རེ་མིའི་ལུས་རྟེན་ནམ་གཞུག་གི་སྦྲང་བུ་ལྟ་བུ་འདི་ལ་རྟག་པ་དང་བརྟན་པ་ཅི་ཡོད་སྙམ་དུ་སྙིང་ཐག་པ་ནས་བསྒོམ་པར་བྱའོ།།

གཉིས་པ་ནང་བཅུད་ཀྱི་སེམས་ཅན་ལ་བསམས་ནས་མི་རྟག་པ་བསྒོམ་པ་ནི། སེམས་ཉིད་ངལ་གསོ་ལས། སྔ་རབས་སྐྱེ་བོ་གྲངས་མེད་འདས་གྱུར་ཅིང་། །ད་ལྟའི་ས་སྟེང་འགྲོ་བ་ཕལ་ཆེར་ཡང་། །ལོ་བརྒྱའི་ནང་དུ་ངེས་པར་མི་རྟག་པ། །མ་འོངས་རྣམས་ཀྱང་དེ་ཡི་རྗེས་སུ་འགྲོ། །ཞེས་པ་ལྟར། སྲིད་པའི་རྩེ་མོ་ནས་དམྱལ་བའི་གནས་ཡན་ཆད་ན་སེམས་ཅན་ཡོད་དོ་ཅོག་འཆི་བའི་གནས་ལས་ཐར་པ་ནི་གཅིག་ཀྱང་མེད་ལ། དཔེར་ན་ས་སྟེང་གི་འགྲོ་བ་མི་ལ་མཚོན་ན། དེ་རིང་གི་ཉི་མ་འདི་ཡན་ཆད་མི་ལོ་བརྒྱའི་གོང་རོལ་ན་སྐྱེས་པའི་མི་རྣམས་བརྩི་བའི་ཚད་ལས་འདས་པ་ཞིག་བྱུང་ཡང་ད་ལྟ་མིང་གི་ལྷག་མ་ཙམ་ལས་གཅིག་ཀྱང་མེད་ལ། དེ་བཞིན་དུ་མ་འོངས་པའི་འགྲོ་བ་རྣམས་ཀྱང་ཚུལ་དེ་དང་མཚུངས་པ་ཡིན་ཏེ། སྤྲིང་ཡིག་ལས། སའམ་འོན་ཏེ་མཐོ་རིས་སུ། །སྐྱེས་ནས་ལ་ལ་མ་ཤི་བ། འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པ་བཞིན་ནོ། །

གསུམ་པ་དམ་པའི་སྐྱེས་བུ་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། ད་ལྟའི་བསྐལ་པ་བཟང་པོ་འདི་ལ་སྔོན་གྱི་དུས་སུ་བྱོན་པའི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིགས་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་རྣམས་མཚན་མོའི་ཟླ་བ་ཉ་གང་བ་ཤར་བ་ལྟར་མཚན་དཔེའི་ཞལ་བཟང་གི་དཀྱིལ་འཁོར་རྒྱས་པ་ལ་འཁོར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་དཔག་ཏུ་མེད་པ་དང་བཅས་པ་བྱོན་ནས། ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། གདུལ་བྱའི་སེམས་ཅན་དཔག་ཏུ་མེད་པ་རྣམ་གྲོལ་ལ་བཀོད་པར་མཛད་པ་དེ་དག་གི་བསོད་ནམས་བརྒྱ་ལས་གྲུབ་པའི་རྡོ་རྗེའི་སྐུ་ཡང་མི་རྟག་པར་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང་། དེ་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་བསྡུ་བ་མཛད་པའི་འོད་སྲུང་ཆེན་པོ་ལ་སོགས་པའི་དགྲ་བཅོམ་ལྔ་བརྒྱ་དང་། གྲགས་པ་ལ་སོགས་པའི་དགྲ་བཅོམ་བདུན་བརྒྱ་དང་། རྩིབས་ལོག་ལ་སོགས་པའི་དགྲ་བཅོམ་ལྔ་བརྒྱ་དང་། བ་སུ་མི་དྲ་ལ་སོགས་པའི་བཙུན་པ་བཞི་བརྒྱ་དང་། གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། གཞན་ཡང་འདས་རྗེས་ཐོབ་པའི་པཎ་ཆེན་རྣམ་བཞི། མཆོག་གི་རིག་འཛིན་ཆེན་པོ་བརྒྱད། འཛམ་བུ་གླིང་གི་རྒྱན་དྲུག་མཆོག་གཉིས། སློབ་དཔོན་དཔའ་བོ། སྒྲ་གཅན་འཛིན་བཟང་པོ། ཡོན་ཏན་འོད། ཆོས་སྐྱོང་སྟེ་ཆེན་པོ་བཞི། ཞི་བ་ལྷ་དང་། ཙནྟྲ་གོ་མི་སྟེ་རྨད་དུ་བྱུང་བའི་སློབ་དཔོན་གཉིས། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ་སོགས་པ་དང་། བོད་གངས་ཅན་གྱི་ལྗོངས་འདིར་ཡང་ཨོ་རྒྱན་སངས་རྒྱས་གཉིས་པས་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བའི་སྐབས་སུ་རྗེ་འབངས་ཉི་ཤུ་རྩ་ལྔ། ཡེར་བའི་གྲུབ་ཆེན་བརྒྱད་ཅུ། ཡང་རྫོང་གི་རྟོགས་ལྡན་ང་ལྔ། ཆུ་བོ་རིའི་འོད་ལུས་གྲུབ་པའི་བསྒོམ་ཆེན་བརྒྱ་དང་བརྒྱད། ཤེལ་བྲག་གི་སྔགས་པ་སུམ་ཅུ། འོད་སྐུར་གཤེགས་པའི་མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་དང་། ཕྱིས་སུ་ཡང་རྙིང་མའི་སོ་ཟུར་གནུབས་གསུམ། གསར་མའི་མར་མི་དྭགས་གསུམ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་ཅིང་། དེ་དག་ཕལ་ཆེ་བ་གྲུབ་པའི་གོ་འཕང་བརྙེས་ནས་མཁའ་ལ་བྱ་ལྟར་འཕུར་བ། ཆུ་ལ་ཉ་ལྟར་འཕྱོ་བ། རི་བྲག་ལ་ཟང་ཐལ་བྱེད་པ། འབྱུང་བཞི་ལ་རང་དབང་བསྒྱུར་བ། རྣམ་ཐར་སྣ་རེ་ཐོས་པས་སྐྱེ་བོ་མང་པོ་གྲོལ་བ། ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེ་དག་ཀྱང་མཐར་མི་རྟག་པའི་ཚུལ་བསྟན་ཏེ། ད་ལྟ་དེ་ལྟ་བུ་བྱོན་ཞེས་པའི་ལོ་རྒྱུས་ཙམ་ལས་མེད་ན། རང་རེ་མི་ཡི་ལུས་རྟེན་ཆུ་ཤིང་གི་སྡོང་པོ་ལྟ་བུ་སྙིང་པོ་མེད་པ་འདི་ལ་རྟག་པ་དང་བརྟན་པ་ཅི་ཞིག་ཡོད་དེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཆུ་ཤིང་སྙིང་པོ་མེད་འདྲ་རང་གི་ལུས། །སྒྱུ་མའི་ཁང་པ་འདྲ་བ་ཅིས་མི་འཇིག །ཞེས་དང་། མི་རྟག་པའི་ཚོམ་ལས། མཚན་སྟོང་གིས་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །དབུ་བ་རྡོས་འདྲ་ཡིད་བརྟན་མི་རུང་བའི། །རང་གི་ལུས་འདི་ངེས་པར་ཅིས་མི་འཇིག །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་དང་། སློབ་དཔོན་དཔའ་བོས། ཇི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོ་མེད་འདྲ་བའི། །ལུས་ཅན་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །

བཞི་པ་སྐྱེ་དགུའི་བདག་པོ་ལ་བསམས་ནས་མི་རྟག་པ་བསྒོམ་པ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཚངས་དབང་བདེ་འབྱུང་འཁོར་ལོས་བསྒྱུར་རྣམས་ཀྱང་། །འཆི་བདག་བདུད་ལས་བཟུར་བའི་ཐབས་མ་མཆིས། །ཞེས་པ་ལྟར། འདི་ལྟར་སྐྱེ་དགུའི་བདག་པོ་ཚངས་པ་དང་ཁྱབ་འཇུག་ཆེན་པོ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བའི་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་སྟོབས་འབྱོར་གཟི་བརྗིད་དང་ལྡན་པ་རྣམས་དང་། འཇིག་རྟེན་མི་ཡུལ་འདིར་སྟོབས་དང་འབྱོར་བས་མངོན་པར་མཐོ་བའི་འཁོར་ལོས་བསྒྱུར་པའི་རྒྱལ་པོ་ཆེན་པོ་རྣམས་དང་། རྒྱ་གར་ཤར་ནུབ་ཀྱི་རྒྱལ་པོ་མངའ་ཐང་སྟོབས་འབྱོར་རྒྱས་པ་དུ་མ་དང་། མང་པོས་བཀུར་བའི་རྒྱལ་པོ་ནས་བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་འཛིན་གྱི་བར་ལ། རྒྱལ་རབས་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་བར་འདུལ་བ་ལུང་ལས་གསུངས་སོ། །མང་པོས་བཀུར་བའི་རྒྱལ་པོ་ནས་བདག་ཅག་གི་སྟོན་པའི་བར་ལ་རྒྱལ་རབས་འབུམ་ཕྲག་དགུ་དང་སུམ་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཅིག་བྱུང་བར་ཡང་བཤད་པའོ། །བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་ཆོས་རྒྱལ་ཆེན་པོ་རྣམས་རིམ་གྱིས་བྱོན་ཚུལ་ཡང་། རྒྱ་གར་གྱི་༼འདི་ལ་བཞེད་ཚུལ་མང་ཡང་ལུགས་གཅིག་ལ། ༽ རྒྱལ་པོ་དམག་བརྒྱ་པ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པའི་སྲས་གཅིག་འཁྲུངས་པ་དེ་རྐང་ལག་ཐམས་ཅད་ངང་པ་བཞིན་དུ་འབྲེལ་བ། སྤྱན་བྱ་མིག་ལྟར་ཡས་འགེབས་པ། དེ་ལྟ་བུ་ཞིག་འདུག་ནས་ཡབ་ཀྱིས་འདི་མི་མ་ཡིན་གྱི་བུ་ཞིག་ཡིན་འདུག་པས་སྤྱུགས་བཏང་པ་གྲགས་ཟེར་ནས་སྲས་ཅུང་ཟད་ནར་སོན་པ་ན་སྤྱུགས་བཏང་བས་ལས་དབང་གིས་རྐང་འཁྱར་ཏེ་བོད་ཡུལ་དུ་ཕེབས།ཕྱུགས་རྫི་འགའ་དང་འཕྲད་དེ་གང་ནས་འོང་།སུ་ཡིན་དྲིས་པས་གནམ་ལ་མཛུབ་མོ་བསྒྲེངས་པས། གནམ་གྱི་ལྷ་ཡིན་སྙམ་ནས་ཐམས་ཅད་ཀྱིས་གཉའ་བར་ས་རྡོ་ཁུར་ནས་ཁྲི་བརྩིགས་ཏེ་དཔོན་དུ་མངའ་གསོལ་བ་དེ་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་གྲགས་སོ། །དེའི་སྲས་མུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་མེ་ཁྲི་བཙན་པོ།དེའི་སྲས་གདགས་ཁྲི་བཙན་པོ། དེའི་སྲས་སྲིབ་ཁྲི་བཙན་པོ་སྟེ་འདི་རྣམས་ལ་གནམ་གྱི་ཁྲི་བདུན་ཟེར།སྲིབ་ཁྲི་བཙན་པོའི་སྲས་གྲི་གུམ་བཙན་པོ། དེའི་སྲས་བྱ་ཁྲིའམ་སྤུ་དེ་གུང་རྒྱལ་ཟེར། འདི་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་བའོ། །སྤུ་དེ་གུང་རྒྱལ་གྱི་སྲས་ཨ་ཤོ་ལེགས། དེའི་སྲས་དེ་ཤོ་ལེགས།དེའི་སྲས་ཐི་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོང་ཞེར་ལེགས། དེའི་སྲས་ཨི་ཤོ་ལེགས་ཏེ་དེ་རྣམས་ལ་བར་གྱི་ལེགས་དྲུག་ཟེར། ཨི་ཤོ་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེའི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེའི་སྲས་སེ་བསྣོལ་ནམ་ལྡེ། དེའི་སྲས་སེ་བསྣོལ་པོ་ལྡེ། དེའི་སྲས་ལྡེ་བསྣོལ་ནམ། དེའི་སྲས་སྡེ་བསྣོལ་པོ། དེའི་སྲས་སྡེ་རྒྱལ་པོ། དེའི་སྲས་སྡེ་སྤྲིན་བཙན་སྟེ་འདི་ནི་ས་ཡི་སྡེ་བརྒྱད་ཟེར།སྡེ་སྤྲིན་བཙན་གྱི་སྲས་ཁྲི་བཙན་ནམ། དེའི་སྲས་ཁྲི་དགྲ་དཔུང་བཙན། དེའི་སྲས་ཁྲི་ལྡེ་ཐོག་བཙན། འདི་གསུམ་ལ་འོག་གི་བཙན་གསུམ་ཟེར།ཁྲི་ལྡེ་ཐོག་བཙན་གྱི་སྲས་འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ། ནམ་མཁའ་ནས་སྐུའི་རྟེན་ཙིནྟ་མ་ཎིའི་སྐུ་༼ གཟུངས་ཀྱི་བརྐོས་ཕོར་མཆན།༽དང་། གསུང་གི་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་།སྤང་སྐོང་ཕྱག་རྒྱ་པ་རྣམས་དང་།ཐུགས་ཀྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་རྣམས་ཉི་མའི་འོད་ཟེར་དང་འགྲོགས་ནས་བྱུང་སྟེ་དམ་པ་ཆོས་ཀྱི་དབུ་བརྙེས་པའོ། །ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྲས། ཁྲི་སྙན་གཟུངས་བཙན།དེའི་སྲས་འབྲོང་སྙན་ལྡེ་རུ། དེའི་སྲས་དམུས་ལོང་དཀོན་པ་བཀྲས་གཉན་པོ་གསང་བ་མཆོད། ༼གང་ཡིན་མི་ཤེས་ཀྱང་བཟང་པོར་གོ་སྟེ་མིང་གཉན་པོ་གསང་བར་བཏགས་སོ། མཆན།༽སྨན་པ་བོས་ནས་མིག་ཕྱེ་བས། སྐྱི་ཤོད་སྟག་གི་རི་ལ་གཉན་འགྲོ་བ་གཟིགས་པས་ན། མཚན་ཡང་སྟག་རི་གཉན་གཟིགས་ཞེས་ཀྱང་གྲགས་སོ། །དེའི་སྲས་གནམ་རི་སྲོང་བཙན། གནམ་རི་སྲོང་བཙན་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྲས་ཤིག་འཁྲུངས། སྲས་དེའི་དབུ་ལ་སངས་རྒྱས་ཨ་མི་དེ་བ་བཞུགས་པ། ཕྱག་ཞབས་འཁོར་ལོས་མཚན་པ། དབུ་སྐྲ་མཐོན་མཐིང་དུ་ཡོད་ཅིང་དེ་ཉིད་ནར་སོན་པ་ན་བློན་པོ་རྣམས་ཀྱིས་སྲས་འདི་ནི་ཤིན་ཏུ་ཐུགས་སྒམ་མོ་ཟེར་བས་མཚན་ལའང་སྲོང་བཙན་སྒམ་པོ་ཞེས་གྲགས་པའོ། །ཆོས་རྒྱལ་འདི་ཉིད་ཀྱིས་ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙུན་དང་། རྗེ་བཙན་སྒྲོལ་མའི་སྤྲུལ་པ་རྒྱ་བཟའ་གོང་ཇོ་གཉིས་ཁབ་ཏུ་བསུས་པའི་རྫོངས་སུ། སྟོན་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་གཉིས་༼བཟོ་བོས་སྐུ་ཚད་བཞེངས་པར་འདོད་པ་ལ། ཡུམ་སྐྱེ་རྒུའི་བདག་མོ་ན་རེ། དགུང་ལོ་བརྒྱད་ལོན་དུས་ལུམ་བིའི་ཚལ་གྱི་ཁྲིའི་མཐོ་དམན་དང་། དགུང་ལོ་བཅུ་གཉིས་ལོན་དུས་མཉན་ཡོད་སྒོ་མོ་ཆེའི་མ་ཐེམ་ལ་ཞབས་རེག་པས་ཡ་ཐེམ་ལ་དབུ་རེག་པ་ཡིན་ཞེས་ཚད་བསྟན་པ་བཞིན། མཆན།༽སྤྱན་དྲངས་པ་ལ་སོགས་རྟེན་གསུམ་དུ་མ་བྱོན་ཞིང་། བོད་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུའི་སྙིང་གར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང་། གྲུ་མོ་གཉིས་དང་པུས་མོ་གཉིས་ལ་མཐའ་འདུལ་དང་། རྐང་ལག་གི་མཐིལ་བཞི་ལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་ཏེ་རྒྱལ་པོ་འདིའི་རིང་ལ་སངས་རྒྱས་ཀྱི་བསྟན་པའི་སྲོལ་བཏོད། དེའི་སྲས་གུང་སྲོང་གུང་བཙན། དེའི་སྲས་མང་སྲོང་མང་བཙན། དེའི་སྲས་འདུར་སྲོང་མང་པོ་བཙན། དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པའོ། །དེའི་སྲས་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཏེ་དགུང་ལོ་བཅོ་བརྒྱད་ནས་དཔལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལོ་ལྔའི་ཁོང་དུ་ལེགས་པར་བཞེངས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའོ། །ཆོས་རྒྱལ་དེ་ལ་སྲས་གསུམ་འཁྲུངས་པ་ནི། མུ་ནེ་བཙན་པོ། མུ་རུབ་བཙན་པོ། མཇིང་ཡོན་སད་ན་ལེགས་སོ། །མཇིང་ཡོན་ལ་ཨོ་རྒྱན་ཆེན་པོས་མཚན་བཏགས་པ་མུ་ཏིག་བཙན་པོ་དང་། ཡབ་ཀྱིས་མཚན་བཏགས་པ་ཁྲི་ལྡེ་སྲོང་བཙན་དང་། ནང་བློན་གྱིས་མཚན་བཏགས་པ་མཇིང་ཡོན་སད་ན་ལེགས་དང་།རྒྱ་ཡིས་མཚན་བཏགས་པ་མུ་ཏིག་བཙན་པོའོ། །དེའི་སྲས་ལྡིང་ཁྲི། དེའི་སྲས་མངའ་བདག་ཁྲི་རལ་ཅན་ལ་སོགས་བྱོན་པ་རྣམས་ཀྱང་ད་ལྟ་དེ་ལྟ་བུ་བྱོན་ནོ་ཞེས་པའི་ལོ་རྒྱུས་ཙམ་ལས་མེད་ན། རང་རེ་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས་ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་དེད། བག་ཆགས་ངན་པས་མཚམས་སྦྱར་བའི་འབྱུང་བཞི་འདུས་པའི་སྒྱུ་ལུས་ཀྱི་ཕུང་པོ་འདི་ལ་ནམ་འཇིག་དང་འདིར་འཇིག་གི་ངེས་པ་མེད་པས་མྱུར་བ་ཉིད་དུ་ཆོས་ལ་འབད་པར་བྱའོ། །

ལྔ་བ་དཔེ་དོན་སྣ་ཚོགས་ལ་བསམས་ཏེ་མི་རྟག་པ་བསྒོམ་པ་ནི། སྤྱིར་བསྐལ་པའི་འཕེལ་འགྲིབ་ལ་བསམས་ཀྱང་མི་རྟག་སྟེ། བསྐལ་པ་དང་པོའི་དུས་སུ་མི་རྣམས་འོད་གསལ་ལྷ་ལས་མཆེད་ནས། གཟུགས་མཛེས་ཤིང་བལྟ་ན་སྡུག་པ། ཁ་ཏོག་གསལ་བ་འོད་དང་བཅས་པ། རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་། ལུས་བོང་དཔག་ཚད་མང་པོ་དང་ལྡན་པ། བདུད་རྩིའི་ཟས་ཟ་ཞིང་བདེ་སྐྱིད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་ཅིང་། ཚེ་ལོ་ཡང་དཔག་མེད་ཐུབ་ཀྱང་། ཉོན་མོངས་དང་མི་དགེ་བའི་དབང་གིས་ཚེ་དང་བསོད་ནམས་མར་བྲི་ནས་ཚེ་ལོ་བཅུ་པའི་བར་དུ་མར་འགྲིབ་པ་དང་ཡར་འཕེལ་བ་སོགས་ཀྱི་ཁུག་པ་རྣམས་རྫོགས་ནས་མཐར་མེ་ཆུ་རླུང་གིས་འཇིག་པའི་རང་བཞིན་ལས་མ་འདས་པ་དང་། བྱེ་བྲག་ནམ་ཟླ་དུས་བཞིའི་འགྱུར་ལྡོག་ལ་བལྟས་ཀྱང་མི་རྟག་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། སོས་ཀ་དབྱར་དང་སྟོན་དུས་དགུན་དང་དཔྱིད། །རིམ་གྱིས་འགྱུར་བས་མི་རྟག་སྐྱོ་ཤས་འཕེལ། །ཞེས་པ་བཞིན་ཉིན་དང་མཚན་དང་ཆུ་ཚོད་ཙམ་ཡང་སྐད་ཅིག་སྐད་ཅིག་གིས་འགྱུར་བ་ཅན་ལས་རྟག་པ་དང་བརྟན་པ་ནི་གཅིག་ཀྱང་མེད་དེ། སེམས་ཉིད་ངལ་གསོ་ལས། ཉིན་མཚན་སྐད་ཅིག་ཐང་ཅིག་འགྱུར་བས་ཀྱང་། །འཆི་བདག་གནས་སུ་ཉེ་བར་གྱུར་བ་ནི། །འབབ་ཆུའི་ཚོགས་རྣམས་རྒྱ་མཚོར་སྙེགས་པའམ། །ཉི་མའི་དཀྱིལ་འཁོར་ནུབ་རིར་ལྷུང་བ་བཞིན། །ཞེས་གསུངས་པ་ལྟར། སྐྱེས་པ་ཐམས་ཅད་མི་རྟག་སྟེ་འཆི། བསགས་པ་ཐམས་ཅད་མི་རྟག་སྟེ་འཛད། འདུས་པ་ཐམས་ཅད་མི་རྟག་སྟེ་འབྲལ། བརྩིགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། མཐོན་པོ་ཐམས་ཅད་མི་རྟག་སྟེ་ལྷུང་། དེ་བཞིན་དུ་དགྲ་གཉེན་དང་སྐྱིད་སྡུག་བཟང་ངན་དང་རྣམ་རྟོག་ཐམས་ཅད་ཀྱང་མི་རྟག་སྟེ། མཐོན་པོ་གནམ་ལྟ་བུ། བཙན་པོ་ཐོག་ལྟ་བུ། ཕྱུག་པོ་ཀླུ་ལྟ་བུ། མཛེས་པོ་ལྷ་ལྟ་བུ། འཕྱོར་བོ་འཇའ་ཚོན་ལྟ་བུ། སུ་དང་གང་ལའང་འཆི་བ་གློ་བུར་དུ་སླེབ་ཙ་ན་རང་དབང་སྐད་ཅིག་ཀྱང་མེད་པ་ཡིན་ཏེ། དམ་ཆོས་པདྨ་དཀར་པོ་ལས། སྐྱེ་བ་ཡོད་ན་འཆི་བ་ཡོད། །འདུས་པ་ཡོད་ན་འབྲལ་བ་ཡོད། །ཅེས་དང་། མདོ་རྒྱ་ཆེར་རོལ་བ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བ་གཡོ་བ་ཆུ་ཡི་ཟླ་བ་བཞིན། །སྐྱེས་བུའི་ཚེ་འགྲོ་རི་གཟར་འབབ་ཆུ་འདྲ། །འདུ་བྱེད་རྣམས་ནི་གར་ལ་བལྟ་དང་མཚུངས། །ཞེས་པ་ལྟར། དེ་རིང་གི་ཉི་མ་འདི་ལ་འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ཅན་གྱི་དབུས་ནས་རང་ཉིད་གཅིག་པུར་ཕྱི་མའི་ལམ་པོ་ཆེར་ཞུགས་ནས་མི་འགྲོ་བའི་ངེས་པ་མེད་པ་ཡིན་ནོ། །

དྲུག་པ་འཆི་རྐྱེན་ངེས་མེད་ལ་བསམས་ནས་མི་རྟག་པ་བསྒོམ་པ་ནི། སློབ་དཔོན་ཨཪྱ་དེ་བས། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། །འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་། །དེ་ཡང་འཆི་བའི་རྐྱེན་དུ་འགྱུར། །ཞེས་པ་ལྟར། གདུག་པའི་སྦྲུལ་དང་། གསོད་པར་བྱེད་པའི་དུག་དང་། སྲོག་གཅོད་པར་བྱེད་པའི་མཚོན་དང་། བདེ་བའི་གེགས་བྱེད་པའི་དགྲ་བོ་དང་། གདུང་བར་བྱེད་པའི་མེ་སོགས་གློ་བུར་ཡེ་འདྲོག་གི་འཆི་བའི་རྐྱེན་མང་ཞིང་། གཞན་འཚོ་བའི་རྐྱེན་དུ་རློམས་པའི་ཟས་དང་སྨན་སོགས་འཆི་བའི་རྐྱེན་དུ་འགྱུར་བའང་ཡོད་པ་ཡིན་ཏེ། འདུལ་བ་ལུང་ལས། ཁ་ཅིག་ཟས་ཀྱིས་བརྣང་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །དེ་བས་ངེས་པ་འགའ་མེད་དོ། །ཞེས་སོ། །ཚེ་ལ་སྣོན་པ་མེད་ཅིང་བྲི་བ་དང་བཅས་པའི་རང་བཞིན་ཅན་ཡིན་ཏེ། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འབྲིད་པ་དང་བཅས་པས། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་བརྟན། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། ཞེས་སོ། །

བདུན་པ་འདུན་པ་དྲག་པོ་ལ་བསམས་ནས་མི་རྟག་པ་བསྒོམ་པ་ནི། མན་ངག་རིན་པོ་ཆེའི་མཛོད་ལས། གཉེན་དང་མཛའ་བཤེས་མགྲོན་པོའི་འདུ་ཤེས་བསྒོམ། །གར་འདུག་གནས་ལ་མགྲོན་ཁང་འདུ་ཤེས་བསྒོམ། །ཟས་ནོར་ལོངས་སྤྱོད་རྩེད་མོའི་འདུ་ཤེས་བསྒོམ། །བྱ་བ་གང་བྱེད་རྨི་ལམ་འདུ་ཤེས་བསྒོམ། །ཉེ་རིང་གར་འགྲོ་འཆི་བའི་འདུ་ཤེས་བསྒོམ། །དེ་དང་ལྡན་ན་འཁོར་བའི་གནས་ལས་ཐར། །ཞེས་པ་ལྟར། དུས་རྟག་ཏུ་འགྲོ་འདུག་སོགས་བྱ་བ་གང་བྱས་ཀྱང་འདི་ནི་སྤྱོད་ལམ་གྱི་ཐ་མ་ཡིན་ནོ་ཞེས་ངག་གིས་བརྗོད་ཅིང་སེམས་ལ་ཡང་བསྒོམ་པར་བྱའོ། །དེ་ལྟ་བུའི་ཚེ་མི་རྟག་པའི་ཁྲིད་ལ། བསྒོམ་ཚུལ་མི་འདྲ་བ་མང་ཡང་། མདོར་བསྡུ་ན་འདིར་རྩ་བ་གསུམ། རྒྱུ་མཚན་དགུ། ཐག་བཅད་པ་གསུམ་གྱི་སྒོ་ནས་བསྒོམས་པ་ལ། རྩ་བ་གསུམ་ནི། ངེས་པར་འཆི། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མིན་ཅིས་ཀྱང་མི་ཕན་པའོ། །རྒྱུ་མཚན་དགུ་ནི། སྔར་མ་ཤི་བ་ལུས་པ་མེད་པ། ལུས་འདུས་བྱས་ཡིན་པ། ཚེ་སྐད་ཅིག་གིས་འཛད་པ། ཚེ་ལ་ངེས་པ་མེད་པ། ལུས་ལ་སྙིང་པོ་མེད་པ། འཆི་བའི་རྐྱེན་མང་བ། གཉེན་དང་མཛའ་བཤེས་ཀྱིས་མི་ཕན་པ། ཟས་དང་ནོར་གྱིས་མི་ཕན་པ། རང་གི་ལུས་ཀྱིས་མི་ཕན་པའོ། །ཐག་བཅད་པ་གསུམ་ནི། ངེས་པར་འཆི་བ་ཡིན་པས་འཆི་ཁར་ཕན་ངེས་ཀྱི་ཆོས་འབའ་ཞིག་སྒྲུབ་དགོས་པར་ཐག་བཅད་པ། ནམ་འཆི་ཆ་མེད་ཡིན་པས་ཆོས་ད་ལྟ་ནས་བསྒྲུབ་དགོས་པར་ཐག་བཅད་པ། འཆི་ཚེ་ཆོས་མིན་གང་གིས་ཀྱང་མི་ཕན་པས་ཆོས་ཁོ་ན་སྒྲུབ་དགོས་པར་ཐག་བཅད་པའོ། །མཚན་མོ་ཉལ་བའི་དུས་ཀྱང་སང་ཉི་མ་ཤར་བ་དང་ཚེ་ཕྱི་མའི་སྣང་བ་འཆར་བ་གཉིས་ལས་གང་སྔ་སྙམ་ནས་བློ་སྦྱངས་དགོས་ཏེ། མདོ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་ཚིས་ལ་མ་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་གསུངས་སོ། །ནམ་ལངས་པའི་དུས་སུའང་དེ་རིང་གི་ཉི་མ་འདི་ལ་མི་འཆི་བའི་ངེས་པ་ཅི་ཡོད། དོ་ནུབ་སླར་ཉལ་ནས་མཚན་མོའི་སྣང་བ་དང་ཕྱི་མའི་སྣང་བ་འཆར་བ་གཉིས་ལ་གང་སྔ་སྙམ་ནས་དགེ་བ་ལ་འབད་དགོས་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་སོ། །དབུགས་ཀྱི་འགྲོ་འོང་ལ་བསམ་ནའང་དབུགས་ནང་དུ་རྔུབ་པ་ལས་ཕྱིར་དབྱུང་བ་དང་། ཕྱིར་འབྱིན་པ་ནང་དུ་རྔུབ་ཁོམ་པའི་ངེས་པའང་མེད་དེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་པ་ཡིན་ནོ། །མདོར་ན་འཆི་བདག་གཤིན་རྗེའི་ཁྲིམས་ལ་ཕྱིར་བཟློག་མེད་པ་ཉི་མ་ནུབ་ཁའི་གྲིབ་སོ་ལྟ་བུ། ཟག་བཅས་ཀྱི་ལུས་ལ་སྙིང་པོ་མེད་པ་གཡང་ཁའི་སྡོང་རྒན་ལྟ་བུ། ཚེ་སྲོག་ལ་ཡིད་བརྟན་མེད་པ་རླུང་གསེབ་ཀྱི་མར་མེ་ལྟ་བུ། སྲིད་པའི་དཔལ་འབྱོར་ཐམས་ཅད་ནི་བར་སྣང་གི་འཇའ་ཚོན་ལྟར་མི་རྟག་པ། རྩྭ་རྩེའི་ཟིལ་བ་ལྟར་མི་བརྟན་པ། ཆུ་ཡི་ལྦུ་བ་ལྟར་སྙིང་པོ་མེད་པ། སྦྲུལ་གྱི་པགས་པ་ལྟར་འདོར་བའི་ཆོས་ཅན་དུ་མཐོང་ནས་ད་ལྟ་ཉིད་ནས་རང་དབང་རང་ལ་ཡོད་པའི་དུས་འདིར་མི་ཚེ་སྟོང་ཟད་དུ་མི་གཏོང་བར་འཆི་ཁར་ཕན་ངེས་ཀྱི་ཡང་དག་དོན་གྱི་སྙིང་པོའི་ཉམས་ལེན་ཞིག་བྱེད་དགོས་ཏེ། མདོ་ལས། སང་ཙམ་འཆིའམ་སུས་ཤེས་ཀྱི། །དེ་རིང་ཉིད་དུ་བསྟུན་ཏེ་བྱ། །འཆི་བདག་སྡེ་ཆེན་དེ་དང་ནི། །ཁྱོད་གཉིས་བཤེས་པ་མ་ཡིན་ནོ། །ཞེས་དང་། ཁ་རག་པས། མི་འཆི་སྡོད་པའི་ས་ཕྱོགས་མེད། །འཆི་ངེས་དེ་ཡང་མྱུར་དུ་འཆི། །འཆི་ལ་ཅིས་ཀྱང་མི་ཕན་གྱིས། །ལོང་མེད་རྒྱུད་ལ་བསྟེན་ཅིག་ཨང་། །ཞེས་དང་། སེམས་ཉིད་ངལ་གསོ་ལས། ཆུ་ཤིང་སྙིང་པོ་མེད་འདྲ་རང་གི་ལུས། །སྒྱུ་མའི་ཁང་པ་འདྲ་བ་ཅིས་མི་འཇིག །དེ་ཕྱིར་ངེས་པར་འཆི་དང་ནམ་འཆི་དང་། །འདིར་འཆི་འདིས་འཆི་ངེས་པ་འགའ་མེད་དོ། །ཅེས་པ་ལྟར། དུས་དང་རྣམ་པ་ཀུན་ཏུ་འཆི་བ་མི་རྟག་པ་བསྒོམ་པར་བྱས་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་ཏུ་དགེ་བ་ལ་བརྩོན་པའི་རྐྱེན་བྱེད། ཐ་མ་འོད་གསལ་ཆོས་སྐུ་འཐོབ་པའི་གྲོགས་བྱེད་པ་ཡིན་ཏེ། རྗེ་མི་ལས། ང་འཆི་བས་འཇིགས་ནས་རི་ལ་ཕྱིན། །ནམ་འཆི་ཆ་མེད་བསྒོམ་བསྒོམ་པས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་པ་བོར་ཏེ་ཐལ། །ཞེས་དང་། མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ནས། དང་པོ་ལོང་མེད་དུ་ཤེས་པ་སྐྱེས་བུའི་གནད་ལ་མདའ་ཕོག་པ་ལྟ་བུ་ཞིག་དགོས། བར་དུ་ཡེངས་མེད་དུ་བསྒོམ་པ་བུ་གཅིག་པོ་ཤི་བའི་མ་ལྟ་བུ་ཞིག་དགོས། ཐ་མ་བྱར་མེད་དུ་ཤེས་པ་ཕྱུགས་མ་དགྲས་དེད་པའི་རྫི་བོ་ལྟ་བུ་ཞིག་དགོས། ཞེས་དང་། དགེ་བཤེས་པུ་ཏོ་བས། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་བསྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་ཚེ་འདིའི་གདོས་ཐག་ཆོད་པའི་རྒྱུ་བྱེད། བར་དུ་འཁོར་བ་མཐའ་དག་ལ་ཞེན་པ་ལྡོག་པའི་རྐྱེན་བྱེད། ཐ་མ་མྱ་ངན་ལས་འདས་པའི་ལམ་དུ་འཇུག་པའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ན། དང་པོ་དད་པ་སྐྱེ་བའི་རྒྱུ་བྱེད། བར་དུ་བརྩོན་འགྲུས་རྩོམ་པའི་རྐྱེན་བྱེད། ཐ་མར་ཤེས་རབ་སྐྱེ་བའི་གྲོགས་བྱེད། ཡང་མི་རྟག་པ་འདི་བསྒོམ་ཞིང་རྒྱུད་ལ་སྐྱེ་ན། དང་པོ་ཆོས་འཚོལ་བའི་རྒྱུ་བྱེད། བར་དུ་ཆོས་སྒྲུབ་པའི་རྐྱེན་བྱེད། ཐ་མ་ཆོས་མཐར་ཕྱིན་པའི་གྲོགས་བྱེད། ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འཆི་བ་མི་རྟག་པ་བསྒོམ་པའི་ཕན་ཡོན་ནི་འདུལ་བ་ལུང་ལས། ངའི་འཁོར་བུམ་པ་བཟང་པོ་ལྟ་བུ་དགེ་སློང་ཤཱ་རིའི་བུ་དང་། མཽའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་ཡིན་ནོ། །ཞེས་སོ། །

གསུམ་པ་འཁོར་བའི་སྡུག་བསྔལ་གྱི་ཁྲིད་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། རང་རེ་ཐོག་མ་མེད་པའི་དུས་ནས་ཐ་མ་ད་ལྟའི་བར་དུ་ཁམས་གསུམ་འཁོར་བའི་གནས་སུ་རྫ་མཁན་གྱི་འཕང་ལོའམ། ཟོ་ཆུན་གྱི་ཁྱུད་མོའམ། བུམ་ནང་གི་བུང་བ་བཞིན་གཅིག་ནས་གཅིག་ཏུ་འཁོར་བ་ན་འཁོར་བའི་ཚེ་སེམས་ཅན་ཐམས་ཅད་ཕན་ཚུན་ཕ་མ་དང་དགྲ་གཉེན་བཏང་སྙོམས་མ་བྱས་པ་གཅིག་ཀྱང་མེད་པ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་བ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་དང་། དྲན་པ་ཉེར་བཞག་ལས། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་གང་གི་ཚེ། གྲོགས་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་ཆེས་མཐོ་ཞིང་། ངུས་པའི་མཆི་མའང་རྒྱ་མཚོ་བཞིའི་ཆུ་ལས་ལྷག་གོ། །དམྱལ་བ་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་དཔག་ཏུ་མེད་པ་ཞིག་འཐུང་པའི་ཟངས་ཞུན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་སྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་རྒྱ་མཚོར་བབ་པའི་ཆུ་ཀླུང་ཆེན་པོ་བཞི་བས་མང་ཞིང་། འདོད་པ་དག་གི་ཕྱིར་མགོ་དང་མིག་དང་ཡན་ལག་དང་ཉིང་ལག་བཅད་པའང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་ས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་འགྱུར་རོ། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། འདི་ལྟར་འཇིག་རྟེན་སྔ་ཕྱིའི་ལས་བསམ་ན། །སྐྱོ་བ་བས་ཀྱང་ཤིན་ཏུ་སྐྱོ་བ་འཕེལ། །རང་ཉིད་གྲོགས་སྦུར་གྱུར་པའི་ལུས་རྣམས་ཀུན། །གཅིག་པུར་བསྡོམས་ཏེ་ཕུང་པོར་བྱར་ཡོད་ན། །ལྷུན་པོ་རིན་ཆེན་བཞི་བས་ཆེས་མཐོ་ཞིང་། །ངུས་པའི་མཆི་མ་རྒྱ་མཚོ་བཞི་བས་ལྷག །སེམས་དམྱལ་ཡི་དྭགས་གྱུར་ཚེ་འཐུང་གྱུར་བའི། །ཟངས་ཞུན་རྣག་ཁྲག་མི་གཙང་ཁུ་བ་རྣམས། །ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་ཆར་མི་ཕོད། །དེ་བཞིན་གཞན་རྣམས་དཔག་ཡས་ནམ་མཁའ་འདྲ། །འདོད་ཕྱིར་མགོ་དང་ཡན་ལག་བཅད་པའི་གྲངས། །འཇིག་རྟེན་རྡུལ་ཕྲན་སྙེད་ཀྱིས་ཆར་མི་ཕོད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་དང་། ལྷ་མིན་དང་། ལྷའི་སྡུག་བསྔལ་དང་དྲུག་ལས། དང་པོ་དམྱལ་བ་ལ་ཚ་དམྱལ་དང་། ཉེ་འཁོར་དང་། གྲང་དམྱལ་དང་། ཉི་ཚེ་བ་དང་བཞི། དང་པོ་ཚ་བའི་དམྱལ་བ་ལ་ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེ་བ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་དང་བརྒྱད་ཡོད་དེ། ཇི་སྐད་དུ། ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཏུ་ཚ་བ་དང་། །མནར་མེད་ཅེས་བྱ་ཚ་དམྱལ་བརྒྱད། །ཅེས་གསུངས་པ་ལྟར། དང་པོ་ཡང་སོས་ནི། སེམས་ཉིད་ངལ་གསོ་ལས། ཡང་སོས་ལྕགས་ཀྱི་མདག་མེ་འབར་བའི་སྟེང་། །ཕན་ཚུན་འདུས་ནས་མཚོན་གྱིས་སྲོག་དང་བྲལ། །ཡང་སོས་སྒྲ་ཡིས་སྔར་བཞིན་སྡུག་བསྔལ་བ། །ལས་ཟད་བར་དུ་ུདེ་ལྟར་མྱོང་འཚལ་ལོ། །ཞེས་པ་ལྟར། དེའང་ལྕགས་ཀྱི་མདག་མེ་འབར་བའི་སྟེང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་ལས་ཀྱི་དབང་གིས་ལྷན་ཅིག་ཏུ་འདུས་ཏེ། དེ་དག་ཕན་ཚུན་དགྲ་མི་ཤ་བོ་མཐོང་བ་བཞིན་དུ་ཞེ་སྡང་སྐྱེས་པའི་ཚེ་ལག་ཏུ་མཚོན་ཆ་སྣ་ཚོགས་པ་རང་བྱུང་བས་གཅིག་གིས་གཅིག་ལ་བརྡེག་ནས་ཤི་བ་ལས། ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་བྱུང་མ་ཐག་སླར་སོས་ནས་སྔར་བཞིན་འཐབ་པ་སོགས་ཀྱིས་སྡུག་བསྔལ་བའོ། །ཚེ་ཚད་ནི། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཉིན་ཞག་གཅིག །དེ་སུམ་ཅུ་ལ་ཟླ་བ་གཅིག །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི། རང་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་དགོས་སོ། །གཉིས་པ་ཐིག་ནག་ནི། དྲན་པ་ཉེར་བཞག་ལས། གང་ཕྱིར་དེ་ལ་ཤིང་བཞིན་དུ། །ཐིག་ནག་བཏབ་ནས་སོག་ལེ་དང་། །འབར་བ་ཡི་ནི་གཤོག་བྱེད་དེ། །དེ་ཕྱིར་ཐིག་ནག་ཡིན་པར་བཤད། །ཅེས་པ་ལྟར། དམྱལ་བའི་སེམས་ཅན་དེའི་ལུས་མགལ་དུམ་ལྟར་བསྒྱེལ་ནས་ཐིག་ནག་པོ་མང་པོ་བཏབ་པའི་སྟེང་དུ་ལྕགས་ཀྱི་སོག་ལེ་མེ་འབར་བས་དྲ་བར་བྱེད་ཅིང་། བཅད་ཟིན་པ་ན་ཡང་འབྱར་ནས་སྔར་བཞིན་སྡུག་བསྔལ་བའོ། །ཚེ་ཚད་ནི། །མིའི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཐིག་ནག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་པའོ། །གསུམ་པ་བསྡུས་འཇོམས་ནི། སེམས་ཉིད་ངལ་གསོ་ལས། བསྡུས་འཇོམས་བྲག་རི་རྟ་དང་རྔ་མོང་དང་། །སྟག་དང་སེང་གེ་ལ་སོགས་འདྲ་བའི་བར། །རྡུལ་ཕྲན་བཞིན་འཇོམས་གྱེས་པས་སྔར་བཞིན་འཚོ། །ལྕགས་ཀྱི་ལྗོངས་སུ་ཐོ་བས་རྡུལ་བཞིན་འཐག །ཅེས་པ་ལྟར་རི་བྲག་སེང་གེ་འདྲ་བ་ལ་སོགས་པའི་བར་ནས་རྡུལ་ཕྲན་བཞིན་འཇོམས་པ་དང་། བྲག་རི་དཀར་པོ་རང་གི་སེན་མོའི་མདོག་འདྲ་བ་གཉིས་ཕན་ཚུན་འཐབ་པའི་བར་དུ་ལུས་རྡུལ་ཕྲན་ཕྱེ་མ་ལྟར་འཐགས་པ་དང་། ལྕགས་ཀྱི་ལྗོངས་སུ་ཐོ་བས་རྡུལ་བཞིན་འཐག་པ་སོགས་ཀྱིས་སྡུག་བསྔལ་བའོ།། ཚེ་ཚད་ནི། མི་ལོ་ཉིས་བརྒྱ་ལྷ་འཐབ་བྲལ་གྱི་ཞག་གཅིག་ཏུ་བྱས་པའི་ལོ་ཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་པའོ། །བཞི་པ་ངུ་འབོད་ནི། དྲན་པ་ཉེར་བཞག་ལས། དེར་ནི་དྲག་པོ་མེ་དག་གིས། །རྒྱུན་མི་འཆད་པར་བསྲེགས་པར་བྱེད། །གང་ཕྱིར་སྐད་ནི་དྲག་འབྱིན་པས། །དེ་ཕྱིར་དེ་དག་ངུ་འབོད་ཡིན། །ཞེས་པ་ལྟར། ལྕགས་ཀྱི་ཁང་པ་སྒོ་མེད་ལ་མེ་འབར་བར་བསྲེགས་པས་སྡུག་བསྔལ་བའོ། །ཚེ་ཚད་ནི། མི་ལོ་བཞི་བརྒྱ་ལ་ལྷ་དགའ་ལྡན་པའི་ཞག་གཅིག་ཏུ་བརྩིས་པའི་ལོ་བཞི་སྟོང་ལ་ངུ་འབོད་ཀྱི་ཞག་གཅིག་ཏུ་བརྩིས་ནས་རང་ལོ་བཞི་སྟོང་ཐུབ་པའོ། །ལྔ་པ་ངུ་འབོད་ཆེན་པོ་ནི། ཇི་སྐད་དུ། ངུ་འབོད་ཆེན་པོ་ལྕགས་ཁྱིམ་ཉིས་རིམ་དུ། །འབར་བའི་མེས་བསྲེགས་སྡུག་བསྔལ་ཕ་མཐའ་ཡས། །ཞེས་པ་ལྟར། གཤིན་རྗེའི་ལས་མཁན་རྣམས་ཀྱིས་དམྱལ་བའི་སེམས་ཅན་གྲངས་མེད་པ་དེད་ནས་ལྕགས་ཀྱི་ཁང་པ་ཉིས་རིམ་གྱི་ནང་དུ་བཙུད་ནས་ཐོ་བས་བརྡེག་པ་དང་། འབར་བའི་མེ་སོགས་ཀྱིས་གདུང་བས་སྡུག་བསྔལ་དྲག་པོ་མྱོང་བ་ཡིན་ནོ། །ཚེ་ཚད་ནི། མི་ལོ་བརྒྱད་བརྒྱ་ལ་ལྷ་འཕྲུལ་དགའི་ཞག་གཅིག་ཏུ་བརྩིས་པའི་ལོ་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག་གཅིག་ཏུ་བགྲངས་པའི་རང་ལོ་བརྒྱད་སྟོང་ཐུབ་པའོ། །དྲུག་པ་ཚ་བ་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚ་བ་མདག་མེ་འབར་བའི་ས་གཞི་ལ། །པགས་པ་བཤུས་ཏེ་ཕུར་བུས་རྒྱོང་བ་དང་། །ཞེས་པ་ལྟར་ལྕགས་བསྲེགས་ཀྱི་ས་གཞི་མེ་འབར་བའི་སྟེང་དུ་ལུས་ཀྱི་པགས་པ་བཤུས་ཏེ་ཕུར་བུས་བརྒྱང་ནས་ཐོ་བས་བརྡུང་བ་སོགས་ཀྱིས་སྡུག་བསྔལ་བའོ། །ཚེ་ཚད་ནི། མི་ལོ་སྟོང་དང་དྲུག་བརྒྱ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ཞག་གཅིག་ཏུ་བརྩིས་པའི་དེ་ཡི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག་གཅིག་ཏུ་བྱས་ཏེ་རང་ལོ་ཁྲི་དྲུག་སྟོང་ཐུབ་པའོ། །བདུན་པ་རབ་ཏུ་ཚ་བ་ནི། སེམས་ཉིད་ངལ་གསོ་ལས། རབ་ཏུ་ཚ་བ་ལྕགས་ཁྱིམ་ཉིས་རིམ་ནང་། །འབར་བའི་མེ་དང་མདུང་རྩེ་གསུམ་པས་བསྣུན། །སྤྱི་བོ་ཕྲག་པ་གཉིས་ཕྱུང་ལེབ་མས་དཀྲིས།། ཟངས་ཆེན་ཁོལ་མར་འཚེད་པས་སྡུག་བསྔལ་བ། །ཅེས་པ་ལྟར། ལྕགས་ཁྱིམ་ཉིས་རིམ་གྱི་ནང་དུ་འབར་བའི་མེ་ཡིས་གདུང་བ་ནི། ཕྱི་ནས་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཀྱི་མེ་དང་། ནང་ནས་གློ་སྙིང་ལ་མེ་འབར་བས་མེའི་ཕུང་པོ་བཅུ་གཅིག་གིས་བསྲེག་པ་དང་། མདུང་རྩེ་གསུམ་པས་ལུས་ལ་བསྣུན་པ་དང་། ལྕགས་ཀྱི་ལེབ་མ་འབར་བས་ལུས་དཀྲིས་པ་དང་། ལྕགས་ཀྱི་ཟངས་ཆེན་སྟོང་གསུམ་ཙམ་གྱི་ཁྲོ་ཆུ་ཁོལ་མར་བསྐོལ་བའི་ནང་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་འཚོད་པས་པགས་པ་དང་ཤ་ཁྲག་འཐོར་ནས་རུས་གོང་དཀར་པོར་གྱུར་ནས་ཤིན་ཏུ་སྡུག་བསྔལ་བའོ། །ཚེ་ཚད་ནི། བར་གྱི་བསྐལ་པ་ཕྱེད་ཐུབ་པ་སྟེ། མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས་པའོ། །བརྒྱད་པ་མནར་མེད་པ་ནི། སེམས་ཉིད་ངལ་གསོ་ལས། མནར་མེད་ལྕགས་ཁང་མེ་ལྕེ་འབར་བའི་ནང་། །སེམས་དམྱལ་ཀུ་ཅོ་སྨྲེ་སྔགས་འདོན་པ་ལས། །མེ་དང་སེམས་ཅན་སོ་སོར་མཐོང་བ་མེད། །མར་མེ་འབར་བ་སྙིང་པོ་ལ་ཞེན་བཞིན། །སྲོག་གི་ཟུང་ཙམ་མེ་ནང་དབུས་གནས་པ། །ཞེས་པ་ལྟར། ལྕགས་ཁྱིམ་མེ་འབར་བའི་ནང་དུ་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་དུམ་བུ་རི་རབ་ཙམ་དུ་སྤུངས་པའི་དབུས་སུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། སྟག་གཟིག་གི་སྦུད་པ་བུས་པས་མེ་ལྕེ་ལུས་དབྱེར་མི་ཕྱེད་པར་གྱུར་ནས་མེའི་ཕུང་པོ་གཅིག་གི་ཀློང་ན་འོ་དོད་འབོད་པའི་སྒྲ་ཙམ་ལས་ལུས་མི་མངོན་པ་དང་། གཞན་ཡང་གཤིན་རྗེའི་ཐོ་བས་བརྡུངས་པ་དང་། སོག་ལེས་གཤོག་པ་དང་། གཏུན་དུ་འཐག་པ་དང་། ཟངས་ཆེན་ཁོལ་མར་འཚོད་པ་དང་། མདུང་དང་རྩེ་གསུམ་ལ་སོགས་པའི་མཚོན་གྱིས་འབིགས་པ་དང་། ལྕགས་ལེབ་མེ་འབར་བས་ལུས་ཀྱི་མགོ་མཇུག་ཐག་པས་བཅིང་པ་ལྟར་དཀྲི་བ་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་དོ། །སྡུག་བསྔལ་དེ་དག་གི་ངོ་བོ་དབལ་ཚ་ཞིང་། རྣམ་གྲངས་མང་བ། བར་དང་མཚམས་མེད་པས་ན་མཚམས་མེད་དམ་མནར་མེད་ཅེས་བཤད་པ་ཡིན་ནོ། །དེ་དག་ཕལ་ཆེར་གྱི་ལུས་ཚད་ཀྱང་། རབ་ཞི་རྣམ་ངེས་ཀྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི། །ལྔ་བརྒྱའི་ཚད་དེ་མི་ཉུང་བ། །རབ་ཏུ་འབར་བས་རྨོ་བྱེད་དེ། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་དང་། མདོ་སྡེ་མྱང་འདས་ལས། མཚམས་མེད་པ་བརྒྱད་བྱས་པ་ལ་ལུས་དཔག་ཚད་བརྒྱད་ཁྲི་བའི་ལུས་ཡོད་པ་དང་། ཐེག་པ་ཆེན་པོའི་ཆོས་དང་གང་ཟག་ལ་སྐུར་པ་འདེབས་པའི་ལྕེ་དཔག་ཚད་འབུམ་དུ་གསུངས་པ་ཡིན་ནོ། །ཚེ་ཚད་ནི། ཀུན་མཁྱེན་ཆེན་པོས། བར་བསྐལ་གནས་པའི་ཡུན་གཅིག་བརྣག་དགོས་ཏེ། །དེ་ལས་ཆེ་བའི་སྡུག་བསྔལ་གཞན་མེད་དོ། །ཅེས་དང་། ལས་རྣམ་འབྱེད་ལས། མནར་མེད་པའི་སྒོ་ན་ལྕགས་ཀྱི་རི་དཔག་ཚད་སྟོང་དྲུག་ཁྲི་ཞིག་ཡོད་དེ། དེ་ཉིད་སེམས་ཅན་དམྱལ་བ་དག་གིས་དོར་བས་ཟད་པ་ན་དེ་དག་གི་ཚེ་འཕོས་པ་ཡིན་ཏེ། དཔག་ཏུ་མེད་དོ་ཞེས་གསུངས་པ་ནི་ཆོས་སྤང་གི་ལས་བྱས་པ་དང་། དམ་ཚིག་ཉམས་པ་ལ་སོགས་པ་ལས་སྒྲིབ་ཤིན་ཏུ་ཆེ་བ་རྣམས་ཀྱི་ཚེ་ཚད་ཡིན་པར་བཤད་པའོ། །གཉིས་པ་ཉེ་འཁོར་ནི། སེམས་ཉིད་ངལ་གསོ་ལས། ཉེ་འཁོར་མནར་མེད་ཁང་པའི་ཕྱི་རོལ་བཞིར། །མེ་མ་མུར་དང་རོ་མྱགས་མཚོན་ཆའི་ཐང་། །ཆུ་བོ་རབ་མེད་བཞི་བཞི་བཅུ་དྲུག་གོ། །ཞེས་མནར་མེད་ཀྱི་ཕྱོགས་བཞི་པོ་ན། མེ་མ་མུར་གྱི་འོབས། རོ་མྱགས་ཀྱི་འདམ། སྤུ་གྲིའི་ཐང་། རལ་གྲི་ལོ་མའི་ནགས་ཚལ་དང་བཞི་ཡོད་ལ། དེ་ཡང་ཤར་ན་བཞི། ལྷོ་ན་བཞི། ནུབ་ན་བཞི། བྱང་ན་བཞི་སྟེ་བཅུ་དྲུག། མཚམས་བཞི་ན། ལྕགས་ཀྱི་ཤལ་མ་རིའི་སྡོང་པོ་རེ་རེ་དང་བཅས་པའོ། །དང་པོ་མེ་མ་མུར་གྱི་འོབས་ནི། སེམས་ཉིད་ངལ་གསོ་ལས། མནར་མེད་སྒོ་ཕྱེ་སྙམ་ལས་ཕྱིར་འཐོན་པས། །འོབས་བཟང་གྲིབ་མ་མཐོང་ནས་ཕྱིན་མ་ཐག །མདག་མེ་འབར་བ་པུས་མོ་ནུབ་བརྒལ་བས། །ཤ་ཀུན་ཚིག་ནས་རུས་པ་ཀུནྡའི་མདོག །ཡང་སོས་སྔར་བཞིན་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་སོ། །གཉིས་པ་རོ་མྱགས་ཀྱི་འདམ་ནི། ཡང་ནི་བསིལ་བའི་འདམ་མཐོང་ཞུགས་མ་ཐག །རོ་མྱགས་རུལ་དྲི་ང་བའི་འདམ་བྱིང་ནས། །ལྕགས་ཟངས་གསེར་གྱི་མཆུ་ཅན་སྲིན་བུས་འབིགས།། ཞེས་སོ། །གསུམ་པ་སྤུ་གྲིའི་ཐང་ནི། སླར་ཡང་ཐང་ཉམས་དགའ་མཐོང་ཕྱིན་མ་ཐག །སྤུ་གྲི་འབར་བས་དུམ་བུར་གཏུབས་ཤིང་འཚོ། །ཞེས་སོ། །བཞི་བ་རལ་གྲི་ལོ་མའི་ནགས་ཚལ་ནི། །ནགས་འདབ་ཡིད་འོང་གང་དུ་ཕྱིན་པ་ལས། །རལ་གྲིའི་ནགས་ཚལ་ལས་རླུང་འཁྲིགས་པས་བཅོམ། །ཞེས་སོ། །ཤལ་མ་རིའི་སྡོང་པོ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། མཛའ་གཅུག་དམ་བཅའ་དྲན་ནས་བསྙེགས་པའི་ལམ། །ཚེར་མ་རྣོན་པོས་ཚབས་ཆེར་ཕུག་པའི་ལུས། །འབར་ཞིང་རྩུབས་པའི་ལྕགས་ཀྱི་བུད་མེད་ཀྱིས། །འཁྱུད་མཐར་ཁྭ་དང་བྱ་རྒོད་མིག་ལ་འདྲུ། །ཞེས་པ་ལྟར། ལྕགས་ཀྱི་ཤལ་མ་རི་གནོད་པའི་རང་བཞིན་ཅན་དེ་ཉིད་རི་བོ་རབ་ཏུ་ཉམས་དགའ་བ་མཐོང་ནས། དེའི་རྩེ་མོ་ན་སྔོོན་ཆད་འཁྲིག་པའི་ཆོས་བརྟེན་པའམ། མཛའ་བར་གྱུར་བ་དག་གིས་འབོད་པར་མཐོང་ནས་དེར་ཕྱིན་པའི་ལམ་དུ་ལྕགས་ཀྱི་ཚེར་མ་རྣོན་པོ་སོར་བཅུ་དྲུག་དག་གིས་ཁ་ཐུར་དུ་བལྟས་པས་ཤ་ཁྲག་གཟག་པ་དང་། དེའི་དྲུང་དུ་སླེབ་པའི་ཚེ་སྔོན་མཛའ་བར་གྱུར་པ་དེ་མ་ཡིན་པར་ལྕགས་ཀྱི་བུད་མེད་འཇིགས་སུ་རུང་བ་ལུས་སོག་ལེ་ལྟ་བུར་རྩིབ་ལ་མེ་སྟག་འཕྲོ་བས་འཁྱུད་ཅིང་དམ་པོར་འཛིན་པ་དང་། ཁྭ་དང་བྱ་རྒོད་ལ་སོགས་པས་མིག་འབྱིན། རྒྱུ་ལྟོ་འདྲེན་པ་ལ་སོགས་པའི་སྡུག་བསྔལ་གྱིས་མནར་བ་དང་། དེ་བཞིན་དུ་ཐུར་དུ་བབས་པའི་ཚེ་ན་ལྕགས་ཀྱི་ཚེར་མ་རྣམས་གྱེན་དུ་ཁ་བལྟས་པས་སྔར་བཞིན་སྡུག་བསྔལ་བ་ཡིན་ཏེ། སློབ་སྤྲིང་ལས། ཐུར་དུ་བབས་ཚེ་ལྕགས་ཚེར་གྱེན་དུ་ཁ་བལྟས་པས། །རྩིབ་ལ་རྣོ་བ་མང་པོས་ལུས་ཕུག་དྲན་པ་ཉམས། །ཞེས་གསུངས་སོ། །གསུམ་པ་གྲང་བའི་དམྱལ་བ་བཤད་པ་ལ། སྤྱི་མཐུན་གྱི་སྡུག་བསྔལ་བསྟན་པ་དང་། སོ་སོའི་རང་བཞིན་བཤད་པ་དང་གཉིས་ལས། དང་པོ་སྤྱི་མཐུན་གྱི་སྡུག་བསྔལ་བསྟན་པ་ནི། གྲང་བའི་དམྱལ་བ་པ་རྣམས་ཀྱི་ཡུལ་དེ་ན་ས་ཡི་དཀྱིལ་འཁོར་རྡོག་པ་བཞག་ས་ཙམ་ཡང་མི་མངོན་པར་གཞི་དང་ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ། ཁ་ཆར་དང་རླུང་ནག་འཚུབས་པའི་གནས་མུན་པ་འཐིབས་པོར། དཔེས་མི་མཚོན་པའི་ལྷག་པའི་རེག་བྱ་རྣོ་ངར་ཅན་གྱིས་ལུས་ལ་བཏབ་ནས་རུས་པའི་གཏིང་ཕུག་པ་སོགས་ཀྱི་སྡུག་བསྔལ་བའོ། །གཉིས་པ་སོ་སོའི་རང་བཞིན་བཤད་པ་ནི། །མཁས་པ་འཇུག་པའི་སྒོ་བཅུ་ལས། ཨ་ཆུ་ཀྱེ་ཧུད་སོ་ཐམ་པ། །ཆུ་བུར་ཅན་དང་ཆུ་བུར་རྡོལ། །པདྨ་པད་ཆེན་ལྟར་གས་པ། །ཨུཏྤལ་ལྟར་གས་གྲང་དམྱལ་བརྒྱད། །ཅེས་གསུངས་པ་ལྟར། གྲང་བས་ཉམ་ཐག་པས་ཨ་ཆུ་ཆུ་ཟེར་བས་ཨ་ཆུ་ཟེར་བ་དང་། ཀྱེ་ཧུད་ཀྱི་སྒྲ་ཙམ་ལས་མི་ཐོན་པས་ཀྱེ་ཧུད་ཟེར་བ་དང་། སྐད་མི་ཐོན་པས་སོ་འཐམས་པས་སོ་ཐམ་ཐམ་པ་དང་། ལུས་ལ་ཆུ་བུར་བྱུང་བས་ཆུ་བུར་ཅན་དང་། ཆུ་བུར་རྡོལ་ནས་རྨར་སོང་བ་ནི་ཆུ་བུར་རྡོལ་བ་ཅན་དང་། ལུས་ཀྱི་ལྤགས་མདོག་སྔོན་པོར་སོང་སྟེ་བཞི་ཚལ་དུ་གས་ནས་པདྨ་ལྟར་གས་པ་དང་། ཤའུ་དམར་པོ་ཕྱིར་ཐོན་ཏེ་རྨ་དེ་དག་ཕྱི་ནང་ལོག་ནས་པད་མ་ཆེན་པོ་ལྟར་བརྒྱད་ཚལ་དུ་གས་པའོ། །ཚལ་བ་བཅུ་དྲུག་གམ་སུམ་ཅུ་རྩ་གཉིས་སམ་བརྒྱ་྄སྟོང་དུ་གས་ནས་རྨ་དེ་དག་ཆུ་རྒྱུས་ཀྱི་གཟུགས་ཕྲ་མོས་སྦྲེལ་བས་ཨུཏྤལ་ལྟར་གས་པའོ། །དེ་དག་གི་ཚེ་ཚད་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། །ཚེ་ཚད་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས། །ལོ་བརྒྱ་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུས་འགྱུར། །ཞེས་པ་ལྟར། གྲོང་ཁྱེར་ཀོ་ས་ལའི་ཁལ་བརྒྱ་ཤོང་བའི་ཏིལ་སྦྱང་ནས་ཏིལ་འབྲུ་ཉག་མ་རེ་ལོ་བརྒྱ་བརྒྱ་སོང་དུས་ཕྱིར་བོར་བས་ཏིལ་སྦྱང་ཟད་པ་ནི་ཆུ་བུར་ཅན་གྱི་ཚེ་ཚད་ཡིན་ལ། ལྷག་མ་རྣམས་ནི་ཉི་ཤུ་འགྱུར་གྱིས་རིང་བར་འདོད་པ་ཡིན་ཏེ། མཛོད་ལས། ཏིལ་སྦྱང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དེ། །གཞན་གྱི་ཚེ་ནི་ཉི་ཤུས་འགྱུར། །ཞེས་སོ། །བཞི་བ་ཉི་ཚེ་བའི་སྡུག་བསྔལ་ནི། སེམས་ཉིད་ངལ་གསོ་ལས། ཉི་ཚེ་རི་དང་ལྗོན་ཤིང་ནམ་མཁའ་དང་། །བྲག་བར་མེ་ཆུ་ངེས་མེད་གནས་རྣམས་སུ། །ཞེས་པ་ལྟར། གནས་ངེས་མེད་རི་དང་། ལྗོན་ཤིང་དང་། ནམ་མཁའ་དང་། བྲག་དང་། མེ་དང་། ཆུ་ལ་སོགས་པའོ། །གཟུགས་མ་ངེས་པ་གཏུན་ལྟ་བུ་དང་། ཐག་པ་དང་། ཕྱག་མ་ལྟ་བུ་དང་། མགལ་དུམ་སྟེ་སྡོང་དུམ་ལྟ་བུའི་གཟུགས་ཐ་དད་པ་མང་པོ་འདུས་པ་གཅིག་པུར་གནས་པའང་ཡོད་དོ། །སྡུག་བསྔལ་ངེས་མེད་བྲག་བར་དུ་བཅར་བ་དང་། གངས་དང་ཆབ་རོམ་གྱི་ནང་དུ་འཁྱགས་ཤིང་རེངས་པ་དང་། ཆུ་ཚན་གྱི་ནང་དུ་འཚེད་པ་དང་། མེ་ནང་དུ་ཚ་ཞིང་བསྲེགས་པ་དང་། ཤིང་དང་ལོ་མའི་ཞབས་སུ་འཐུམ་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་རྣམས་ཉམས་སུ་མྱོང་བའོ། །ཚེ་ཚད་ནི་ཉིན་མཚན་ཕྱེད་མ་དང་། ཡུད་ཙམ་དང་། ལོ་མང་པོར་སྡུག་བསྔལ་གྱིས་གདུང་བས་ན་ཉི་ཚེ་བ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་གི་ཚེ་ཉི་མ་རེ་ལས་མེད་པས་ཉི་ཚེ་བ་ཞེས་འདོད་ཀྱང་མི་འཐད་དེ། ལྕགས་ཀྱི་ཁྱིམ་དུ་སྐྱེས་པའི་རབས་ལས། ད་དུང་ཡང་ནི་མང་པོ་ཞིག །ཕྱིར་ཡང་དམྱལ་བ་འདིར་གནས་སོ། །ཞེས་སོ། །ཁ་ཅིག་གིས་གཅིག་པུར་གྲོགས་མེད་པའི་ཕྱིར་ཉི་ཚེ་བའོ་ཞེས་འདོད་པའང་མི་འཐད་དེ། སྔོན་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་ཕྱིན་པ་ན། གཙུག་ལག་ཁང་ཡིད་དུ་འོང་བར་དགེ་སློང་ལྔ་བརྒྱ་ཙམ་གནས་པ་ཉིན་གུང་ཙམ་ལ་གཎྜི་བརྡུངས་ནས་གདུགས་ཚོད་ལ་འདུས་ཚེ་གཙུག་ལག་ཁང་ལྕགས་བསྲེགས་ཀྱི་ཁང་པ་དང་། ལྷུང་བཟེད་དང་ཕོར་བ་སོགས་མཚོན་ཆར་གྱུར་ནས་རྡེག་རེས་འབའ་ཞིག་བྱེད། གདུགས་ཚོད་ཡོལ་བའི་ཚོད་ལ་སྔར་བཞིན་གྱེས་ཏེ་གནས་པ། སྔོན་འོད་སྲུང་གི་དུས་སུ་དགེ་སློང་མང་པོ་གུང་ཚིགས་ཀྱི་སྐབས་ཚིག་གི་རྩོད་པ་བྱས་པའི་རྣམ་སྨིན་ཡིན་པར་བཤད་པ་ལ་སོགས་པ་རྣམས་ཡིན་ནོ། །

གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ནི། ཡི་དྭགས་ཕལ་ཆེར་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་པ་དང་། ཁ་འཐོར་བ་ནི་ས་གཞི་རི་ཀླུང་ཐམས་ཅད་ལ་ཁྱབ་པ་ལྟར་ཡོད་དེ། དེའང་ཡི་དྭགས་ཀྱི་རིགས་སུམ་ཅུ་རྩ་དྲུག་གསུངས་ཀྱང་། བསྡུ་ན་ཀུན་མཁྱེན་ཆེན་པོས། ཕྱི་ཡི་སྒྲིབ་ཅན་བཟང་དགུ་མཐོང་ནའང་སྐམ། །ནང་གི་སྒྲིབ་ཅན་གློ་སྙིང་མེ་འབར་ཞིང་། །སྤྱི་མཐུན་སྒྲིབ་པ་ཟས་སྐོམ་ཡིད་ལ་བཏགས། །བཅུ་གཉིས་ལོར་ཡང་ཆུ་ཡི་སྒྲ་མི་ཐོས། །ཞེས་གསུངས་པ་ལྟར། ཕྱི་ཡི་སྒྲིབ་པ་ཅན་ནི། ཟས་སྐོམ་ཀྱིས་གདུངས་ཤིང་ལུས་སྐམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཕྲ་བ། རྒྱང་རིང་པོ་ནས་ཟས་ཀྱི་ཕུང་པོ་དང་། ཆུ་ཀླུང་དང་། ལྗོན་ཤིང་འབྲས་བུ་ཅན་ལ་སོགས་པ་མཐོང་ཡང་། དེར་ཕྱིན་པ་ན་ཆུ་ཀླུང་རྣམས་སྐམ་པའམ་རྣག་ཁྲག་ཏུ་གྱུར། ལྗོན་ཤིང་རྣམས་ལ་འབྲས་བུ་མེད་ཅིང་སྡོང་དུམ་སྐམ་པོ་ཚེར་མ་ཅན་ཏུ་གྱུར་པ་དང་། ཡང་ན་སྐྱེས་བུ་མཚོན་ཆ་ཐོག་པ་མང་པོས་བསྲུང་བ་ལ་སོགས་པའི་སྡུག་བསྔལ་ཡོད་པ་ཡིན་ནོ། །ནང་གི་སྒྲིབ་པ་ཅན་ནི། སེམས་ཉིད་ངལ་གསོ་ལས། ནང་གི་སྒྲིབ་ཅན་ལྟོ་བར་མེ་འབར་ཞིང་། །ཁ་ནས་མེ་ལྕེ་དུད་པར་བཅས་པ་འཐུལ། །ཞེས་གསུངས་པ་ལྟར། ཁ་ཁབ་མིག་ལྟར་དོག་པ། མགྲིན་པ་རྟ་རྔ་ལྟར་ཕྲ་བ། ལྟོ་བ་རྒྱ་མཚོ་ལྟར་ཡངས་པ། རྐང་ལག་གྲོ་སོག་ལྟར་ཕྲ་ཞིང་ཟས་སྐོམ་མི་རྙེད་པའི་སྡུག་བསྔལ། རྙེད་ཀྱང་ཁར་མི་ཤོང་བའི་སྡུག་བསྔལ། ཁར་ཤོང་ཡང་མགྲིན་པར་མི་ཐར་བའི་སྡུག་བསྔལ། མགྲིན་པར་ཆུད་ཀྱང་ལྟོ་བ་མི་ཁེངས་བའི་སྡུག་བསྔལ། ལྟོ་བ་ཅུང་ཟད་རེ་ཁེངས་ཀྱང་གློ་སྙིང་སོགས་ལ་མེ་འབར་བས་ན་ནང་ཁྲོལ་ཀུན་བསྲེག་ཅིང་ཁ་ནས་དུད་པ་མེ་ལྕེ་དང་བཅས་པ་འཐུལ་བ་དང་། ཚིགས་བར་གྱི་རུས་པ་བརྡར་བས་མེ་འབར་བ་ལ་སོགས་པའི་སྡུག་བསྔལ་བའོ། །སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། དབུལ་ཞིང་ཕོངས་པ་དང་། བཀྲེས་ཤིང་སྐོམ་པ་དང་། གཟུགས་མི་སྡུག་པ་དང་། དབང་པོ་མ་ཚང་བ་དང་། རྟག་ཏུ་གཞན་གྱིས་འཚེ་བ་དང་། ཟས་སྐོམ་མྱོང་བ་ལྟ་ཅི། ཐ་ན་ལོ་གྲངས་བརྒྱ་ཕྲག་མང་པོའི་བར་དུ་ཆུ་ཡི་མིང་ཙམ་ཡང་ཐོས་མ་མྱོང་བས་ཤིན་ཏུ་སྡུག་བསྔལ་བའོ། །དེ་དག་རྣམས་ལ་དུས་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་བླག་མེད་ཅིང་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་པ་མྱང་དགོས་ཏེ། བཤེས་སྤྲིང་ལས། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང་། །ཞེས་པ་ལྟར། བྱེ་ཚན་དང་རྡོ་བསྲེགས་ཀྱི་ཆར་འབེབས་པ་དང་། སོས་ཀའི་དུས་སུ་ནི་ཟླ་བ་ཚ་ལ། དགུན་གྱི་དུས་སུ་ནི་ཉི་མའང་བསིལ་བར་འགྱུར་ཞིང་། ཚ་བས་གདུང་བའི་ཚེ་བུ་ཡུག་གྲང་བའི་རེག་པ་ཅན་དེ་ཡང་དྲོ་བར་འགྱུར་ལ། གྲང་བས་ཉམ་ཐག་པའི་ཚེ་ན་མེ་ཡང་དྲོད་དང་མི་ལྡན་པའི་གྲང་རེག་ཅན་ཏུ་འགྱུར་བ་ཡིན་ཏེ། སློབ་སྤྲིང་ལས། ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། ལྷག་པའི་ཉམ་ཐག་པ་ལ་མེ་ཡང་གྲང་བར་འགྱུར། ཞེས་སོ། །དེ་དག་གི་ཚེ་ཚད་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཚེ་ཚད་མི་ཡི་ལོ་བརྒྱ་ཡི་དྭགས་ཞག །རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་བ་ཡིན། །ཞེས་མི་རྣམས་ཀྱི་ལོ་བརྒྱ་ལ་ཡི་དྭགས་ཀྱི་ཞག་གཅིག་ཏུ་བརྩིས་པས་རང་ལོ་ལྔ་བརྒྱར་སྡུག་བསྔལ་མྱོང་དགོས་པ་དང་། མངོན་པ་མཛོད་ལས། མི་ཡི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པར་གསུངས་པ་དང་། བཤེས་སྤྲིང་ལས། ཡི་དྭགས་ལ་ལའི་ཚེ་ཚད་ལོ་ལྔ་སྟོང་དང་། ཡི་དྭགས་ཁ་ཅིག་གི་ཚེ་ཚད་སྟོང་ཕྲག་བཅུ་ཐུབ་པར་གསུངས་པ་ཡང་ཡོད་དོ། །ལུས་ཀྱང་ཉི་མའི་སྙིང་པོའི་མདོ་ལས། ཡི་དྭགས་ཆེ་བ་ལ་དཔག་ཚད་སྟོང་དང་། ཆུང་བ་ལ་མཐོ་གང་བ་གསུངས་སོ། །

གསུམ་པ་དུད་འགྲོའི་སྡུག་བསྔལ་བཤད་པ་ལ། བྱིང་ན་གནས་པ་དང་། ཁ་འཐོར་བ་གཉིས་ལས། དང་པོ་བྱིང་ན་གནས་པ་ནི། མཐའ་ཡས་རྒྱ་མཚོའི་ནང་ན་གཟུགས་དང་རྣམ་པ་མི་འདྲ་བ་ཆང་དར་མའི་སྦང་མ་བཞིན་ཏུ་ཡོད་ལ། སྤྱིར་ལུས་ཆུང་བ་ལ་སྐྲའི་རྩེ་མོ་བགོས་པའི་ཆ་ཙམ་དང་། ཉི་ཟེར་གྱི་རྡུལ་ཙམ་དང་། རྒྱ་ཤུག་གི་ཚིག་གུ་ཙམ་དང་། ཆེ་བ་ལ་དཔག་ཚད་ཁྲི་ཡོད་པ་དང་། གླང་པོ་ཆེ་ཁ་ཅིག་གི་ལུས་ལ་དཔག་ཚད་བདུན་ཡོད་པ་དང་། ཆུ་སྲིན་ཆེ་བ་ལ་དཔག་ཚད་ཉིས་སྟོང་བདུན་བརྒྱ་ཡོད་པ་དང་། ཀླུ་འགའ་ཞིག་རི་རབ་དང་མཉམ་པ་ལ་སོགས་པ་དང་། སྡུག་བསྔལ་གྱི་ཁྱད་པར་ཡང་ཕན་ཚུན་གཅིག་ལ་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ། ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། ཀླུ་ཁ་ཅིག་གིས་གནས་སུ་ཉིན་རེ་བཞིན་བྱེ་ཚན་གྱི་ཆར་བབས་པས་ཤ་དང་རུས་པ་བསྲེག་པ་དང་། ལ་ལ་གཅིག་པུར་གྲོགས་དང་བྲལ་བའི་སྡུག་བསྔལ་བ་དང་། མཁའ་ལྡིང་གཏུམ་པོས་ཟ་བ་དང་། གླིང་ཕན་ཚུན་གྱི་ལྕགས་རིའི་བར་ནི་གླིང་བར་མུན་པའི་ཁྲོད་ཅེས་བྱ་སྟེ། ཉི་ཟླའི་སྣང་བ་མེད་ཅིང་རྐང་ལག་བསྐྱང་བསྐུམ་ཙམ་ཡང་མི་མཐོང་བ་ལ་སོགས་པའི་སྡུག་བསྔལ་བའོ ། །གཉིས་པ་ཁ་འཐོར་བ་ནི། རི་དང་། ཆུ་དང་། ཐང་དང་། བྲག་དང་ནམ་མཁའ་ལ་སོགས་པ་ན་གནས་པའི་སྲོག་ཆགས་འབུ་སྦྲང་དང་། བྱ་དང་རི་དྭགས་ལ་སོགས་པ་རྣམས་ལ་ཚ་གྲང་དང་བཀྲེས་སྐོམ་དང་འཇིགས་སྐྲག་དང་། གཅིག་གིས་གཅིག་ཟ་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། གཅིག་ལ་གཅིག་ཟ་ཤིན་ཏུ་མི་ཟད་འབྱུང་། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །ཞེས་པ་ལྟར། མུ་ཏིག་གི་ཆེད་དུ་ཉ་ཕྱིས་གསོད་པ་དང་། བལ་གྱི་ཆེད་དུ་ལུག་སོགས་གསོད་པ་དང་། མཆེ་བ་དང་རུས་པའི་ཆེད་དུ་གླང་པོ་ཆེ་གསོས་པ་དང་། ཤ་ཁྲག་གི་ཆེད་དུ་རྐྱང་འབྲོང་གསོད་པ་དང་། པགས་པའི་ཆེད་དུ་སྟག་གཟིག་ལ་སོགས་པ་གསོད་པ་སོགས་རང་རང་གི་ལུས་ཉིད་ཀྱང་རང་ཉིད་གསོད་པའི་རྒྱུར་གྱུར་བའི་སྡུག་བསྔལ་དང་། བཀོལ་ཞིང་སྤྱོད་པའི་སྡུག་བསྔལ་སོགས་ཕ་མཐའ་ཡས་པ་ཡིན་དེ། སེམས་ཉིད་ངལ་གསོ་ལས། ཁ་འཐོར་མི་ཡུལ་བྱ་དང་རི་དྭགས་སོགས། །རྔོན་པས་གཙེས་ཤིང་རང་རང་གནོད་པས་ཉེན། །རྟ་གླང་རྔ་མོང་ར་དང་བོང་བུ་སོགས། །བཀོལ་སྤྱད་རྡེག་འཚོ ག་སྡུག་བསྔལ་མཐའ་ཡས་ཤིང་། །ཞེས་གསུངས་པའོ། །ཚེ་ཚད་ནི། ཉི་མའི་སྙིང་པོའི་མདོ་ལས། ཚེ་ཐུང་བས་ཡུད་ཙམ་དང་། རིང་བས་བསྐལ་པའི་བར་དུ་མྱོང་བར་གསུངས་པ་དང་། ཀུན་མཁྱེན་ཆེན་པོས། ཁ་ཅིག་ཚེ་ནི་ཡུད་ཙམ་དང་ཉིན་གཅིག་ལ་སོགས་པ་དང་། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ནི་བར་གྱི་བསྐལ་པ་ཐུབ་པའང་ཡོད་པར་གསུངས་པ་དང་། མཛོད་ལས། འཇོག་པོ་བསྐལ་པའོ། །ཞེས་དང་། རྒྱ་མཚོས་ཞུས་པའི་མདོ་ལས། ཁོ་བོ་ནི་རྒྱ་མཚོའི་གནས་འདིར་བར་གྱི་བསྐལ་པ་གཅིག་གནས་པ་ལགས་ན། ཞེས་སོ། །དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ལ་བསམ་ན་ད་ལྟ་རང་རེ་རྣམས་ཀྱིས་མེ་ནང་དུ་ལག་པ་བཅུག་པ་ཙམ་དང་། དགུན་གྱི་དུས་སུ་གཅེར་བུར་སྡོད་པ་དང་། ཉིན་ཞག་གཅིག་ལ་བཟའ་བཏུང་མེད་པ་ཙམ་ཡང་བཟོད་པར་དཀའ་ན། དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་དེ། བཤེས་སྤྲིང་ལས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་པ་ལྟར་རྩིག་པ་ལ་སོགས་པ་ལ་བྲིས་པ་མཐོང་བ་དང་། གཞན་གྱིས་བཤད་ནས་ཐོས་པ་དང་། སྔོན་ཉམས་སུ་མྱོང་བ་དྲན་པ་དང་། དམྱལ་བའི་སྡུག་བསྔལ་ནི་འདི་ལྟ་བུའོ་ཞེས་ཡི་གེར་བཀླགས་པ་དང་། འཇིམ་པ་ལ་གཟུགས་བརྙན་བྱས་པ་རྣམས་ཀྱང་འཇིགས་པ་སྐྱེད་པར་འགྱུར་ན་ཤིན་ཏུ་མི་བཟད་པའི་རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། སྔོན་ཀུན་དགའ་བོའི་ཚ་བོ་གཉིས་ཀྱིས་ལེ་ལོ་བྱས་ཏེ་ཆོས་ལ་མ་བརྩོན་པས་མཽ་འགལ་གྱི་བུས་ཁྲིད་དེ་དམྱལ་བ་བསྟན་པས་དེ་ཕྱིན་ཆད་ཤིན་ཏུ་སྐྲག་ཏེ་ཐུགས་རྒྱུད་ལ་ངེས་འབྱུང་སྐྱེས་ཏེ། སྔ་དྲོ་དམྱལ་བ་དྲན་ན་གུང་ཚིགས་ཟ་མི་ཐུབ་པ་དང་། ཕྱི་དྲོ་དམྱལ་བ་དྲན་ན་ཟོས་པ་རྣམས་སླར་སྐྱུགས་པ་ཡིན་ནོ། །

བཞི་བ་མིའི་སྡུག་བསྔལ་བཤད་པ་ལ། མཁས་པ་འཇུག་པའི་སྒོ་བཅུ་ལས། །སྡུག་བསྔལ་གྱི་ནི་སྡུག་བསྔལ་དང་། །འགྱུར་བའི་སྡུག་བསྔལ་ཞེས་བྱ་དང་། ཁྱབ་པ་འདུ་བྱེད་སྡུག་བསྔལ་གསུམ། །རྩ་བའི་སྡུག་བསྔལ་གསུམ་ཞེས་བྱ། །སྐྱེ་རྒ་ན་འཆི་སྡུག་པ་བྲལ། །མི་འདོད་ཐོག་བབ་འདོད་མི་རྙེད། །ཉེར་ལེན་ཕུང་ལྔ་སྡུག་བསྔལ་བ། །སྡུག་བསྔལ་རྣམ་པ་བརྒྱད་དུ་གསུངས། །ཞེས་རྩ་བའི་སྡུག་བསྔལ་ཆེན་པོ་གསུམ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི། དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ། གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ། མི་འདོད་པ་ཐོག་ཏུ་འབབ་པའི་སྡུག་བསྔལ། འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་བའོ། །དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མས་ནོན་པ་མཛེའི་ཐོག་ཏུ་ཕོལ་བྱུང་བ། ཕོལ་ཐོག་ཏུ་རྨ་གཏུགས་པ། ཕ་ཤི་བའི་སྟེང་དུ་མ་ཤི་བ། དགྲས་དེད་པའི་སྟེང་དུ་མི་གཅེས་པ་ཤི་བ་ལྟ་བུའོ། །འགྱུར་བའི་སྡུག་བསྔལ་ནི། མདོ་ལས། འགྱུར་བའི་སྡུག་བསྔལ་ནི་སྐྱེ་བ་ན་བདེ། གནས་པ་ན་བདེ་ཡང་འགག་ན་སྡུག་བསྔལ་བའོ། །ཞེས་པ་ལྟར་འགྱུར་བའི་ཚེ་ན་སྔར་གྱི་བདེ་བ་ཉིད་ཡིད་གདུང་བའི་རྒྱུར་འགྱུར་བ་ནི། བུ་ཤི་བའི་མྱ་ངན་ལྟ་བུ་སྟེ། བུ་མ་བྱུང་ན་དེ་ཤི་བའི་མྱ་ངན་ཡང་མི་འབྱུང་བ་ཡིན་ནོ། །དེ་བཞིན་དུ་ད་ལྟ་བདེ་བར་ཡོད་འཕྲོ་ལ་སྡུག་བསྔལ་བ་སྟེ། དཔེར་ན་རྗེ་བཙུན་མི་ལའི་ཨ་ཁུ་ལྟ་བུ། སྔ་དྲོ་བག་མ་བསུས་ཏེ་སྐྱིད་པའི་སྟོན་མོ་བྱེད་པ་ལ་ཕྱི་དྲོ་ཁང་པ་བརྡིབས་ཏེ་སྡུག་བསྔལ་གྱི་སྨྲེ་སྔགས་བཏོན་པ་ལ་སོགས་པའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི། ཟག་བཅས་ཀྱི་ཕུང་པོ་མཐའ་དག་སྲིད་པ་ཉེ་བར་ལེན་པའི་རྒྱུ་ཡིན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བའོ། །མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེའི་ན་ཐམས་ཅད་སྡུག་བསྔལ་བའོ་ཞེས་སེམས་ཅན་འཁྲུལ་བའི་སྣང་ངོ་ལ་གང་ཅི་ཚོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་ཏེ། སྡུག་བསྔལ་གྱི་ཚོར་བ་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་འབྲེལ། བདེ་བའི་ཚོར་བ་ནི། ཐེངས་གཅིག་བདེ་བར་ཟིན་ཀྱང་ཕྱིས་སྡུག་བསྔལ་གྱི་རྒྱུར་འགྱུར་བས་ན་འགྱུར་བའི་སྡུག་བསྔལ་དང་འབྲེལ། བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ནི་མ་རིག་པའི་ཆོས་དང་ལྡན་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་དང་འབྲེལ་བའོ། སྐྱེ་བའི་སྡུག་བསྔལ་ནི། འདི་ལྟར་འཛམ་བུ་གླིང་པའི་མི་རྣམས་ནི། མངལ་ནས་སྐྱེ་བ་ཡིན་པས། ཕ་མའི་ཁུ་ཁྲག་གི་དབུས་སུ་དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ཞུགས་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། མ་རིག་རྣམ་ཤེས་རླུང་སེམས་ཐིག་ལེར་འདུས། །མེར་ནུར་ལྟར་མཁྲང་གོར་ཉ་རུས་སྦལ་འདྲ། །རིམ་བཞིན་བདུན་ཕྲག་བདུན་དུ་ཆགས་པའི་ལུས། །མ་ཡི་ངལ་དུབ་བཀྲེས་སྐོམ་ཚ་གྲང་སོགས། །ཅུང་ཟད་ཙམ་ལའང་སྡུག་བསྔལ་དཔག་ཏུ་མེད། །མུན་ནག་དོག་ཅིང་ཉམ་ང་དྲི་མི་ཞིམ། །འཁུམས་པའི་སྡུག་བསྔལ་མི་བཟད་བརྣག་དགོས་སོ། །ཞེས་པ་ལྟར། ཞག་བདུན་ཕྲག་དང་པོ་ལ་མེར་མེར་པོ་ཞེས་པ་ནི་དངུལ་ཆུའི་རྣམ་པ་ལྟ་བུ། བདུན་ཕྲག་གཉིས་པ་ནུར་ནུར་ཞེས་པ་ནི་སྣབས་ཀྱི་རྣམ་པ་ལྟ་བུ། བདུན་ཕྲག་གསུམ་པ་ལྟར་ལྟར་པོ་ཞེས་པ་མཐེབ་མཛུབ་ཀྱི་རྣམ་པ་ལྟ་བུ། བདུན་ཕྲག་བཞི་བ་མཁྲང་གྱུར་ཞེས་སྒོ་ངའི་རྣམ་པ་ལྟ་བུ། བདུན་ཕྲག་ལྔ་བ་གོར་གོར་ཞེས་པདྨའི་འདབ་མ་ལྟ་བུ། བདུན་ཕྲག་དྲུག་པ་ཁྱབ་འཇུག་ཞེས་པ་ཉ་ཡི་རྣམ་པ་ལྟ་བུ། བདུན་ཕྲག་བདུན་པ་རུས་སྦལ་གྱི་རྣམ་པ་ལྟ་བུའོ། །དེ་ལྟར་ཡན་ལག་ཉིང་ལག་དབང་པོ་ཐམས་ཅད་རྫོགས་པའི་ཚེ་མའི་མངལ་གྱི་ནང་དོག་ཅིང་། མུན་ནག་གི་ནང་དྲི་ང་བ་བཙོན་ཁང་ལྟ་བུའི་སྡུག་བསྔལ་མྱོང་། མས་ཁ་ཟས་ཚན་མོ་ཟོས་པས་མེ་ནང་དུ་བསྲེགས་པ་ལྟ་བུའི་སྡུག་བསྔལ། གྲང་མོ་ཟོས་པས་ཆུ་གྲང་དུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ། ཉལ་བ་ན་རིས་ནོན་པ་ལྟ་བུའི་སྡུག་བསྔལ། འགྲངས་པ་ན་བྲག་གི་བར་དུ་བཅར་བ་ལྟ་བུའི་སྡུག་བསྔལ། བཀྲེས་པ་ན་གཡང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ། འགྲོ་འདུག་བསྒུལ་བསྐྱོད་བྱས་པ་ན་རླུང་གིས་ཁྱེར་བ་ལྟ་བུའི་སྡུག་བསྔལ་སོགས་ཡོད། དེ་ནས་ཟླ་བའི་གྲངས་རྫོགས་ནས་བཙའ་བའི་དུས་སྲིད་པ་ལས་ཀྱི་རླུང་གིས་མགོ་མཇུག་བསྒྱུར་ཏེ། རུས་པའི་འཕྲུ ལ་འཁོར་གྱི་བར་ནས་འབྱུང་བའི་ཚེ། ལྕགས་ཀྱི་འཇུར་མིག་ནས་དྲངས་པ་ལྟ་བུའི་སྡུག་བསྔལ་དང་། བཙས་ནས་ཀྱང་སྟན་གྱི་སྟེང་དུ་ལྷུང་དུས་ཚེར་མའི་དོང་དུ་ལྷུང་བ་ལྟ་བུའི་སྡུག་བསྔལ། རྒྱབ་ཀྱི་ཕྲུ་མ་བཤུ་དུས་གསོན་པོར་པགས་པ་བཤུས་པ་ལྟ་བུའི་སྡུག་བསྔལ། མི་གཙང་བ་བྱི་དོར་བྱ་དུས་ཚེར་མའི་ལྕགས་ཀྱིས་བྲབ་པ་ལྟ་བུའི་སྡུག་བསྔལ། མའི་པང་དུ་བླངས་དུས་བྱེའུ་ཕྲུག་ཁྲས་ཁྱེར་བ་ལྟ་བུའི་སྡུག་བསྔལ། སྤྱི་བོར་མར་བྱུག་དུས་བཀྱིགས་ནས་དོང་དུ་འཕང་བ་ལྟ་བུ་ལ་སོགས་པའི་སྡུག་བསྔལ་མྱོང་པའོ། །དེ་ནས་རྒ་བའི་སྡུག་བསྔལ་ནི། ཀུན་མཁྱེན་ཆེན་པོས། རྒས་པའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ། །ལང་ཚོ་ཉམས་པས་ཀུན་གྱི་ཡིད་མི་འོང་། །སྟོད་སྨད་མི་ཐེག་འཁར་བ་ལ་བརྟེན་ཅིང་། །ལུས་ཀྱི་དྲོད་ཉམས་ཟས་ཀྱང་འཇུ་བར་དཀའ། །ཞེས་གསུངས་པ་ལྟར། ལུས་ཀྱི་བཀྲག་མདངས་ཉམས་པ། མགོ་ཡི་སྐྲ་དཀར་བ། ལུས་སྒུར་ཞིང་ཡན་ལག་འཁྱོག་པ། ཤ་སྐམ་པ་པགས་པ་ལྷོད་པ། གདོང་བྱད་གཉེར་མས་གང་བ། མལ་ནས་ལྡང་དཀའ་ཞིང་འགྲོ་ན་འཁྱོལ་བ། འདུག་ན་བུན་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དེ། རྗེ་མི་ལས། བརྟོད་ཕུར་འདོན་པའི་ལྡང་ལུགས་དང་གཅིག །བྱ་ལ་འཇབ་པའི་འགྲོ་ལུགས་དང་གཉིས། །ས་དོ་ཆད་པའི་སྡོད་ལུགས་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་སྒྱུ་ལུས་རྒུད་པའི་ཡིད་ཕམ་མ། །ཕྱི་པགས་པ་འདུས་པའི་གཉེར་མ་དང་གཅིག། ནང་ཤ་ཁྲག་ཟད་པའི་འབུར་གོབ་དང་གཉིས། །བར་གླེན་ལྐུགས་འོན་ལོང་ཐོམ་ཡོར་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མི་སྡུག་སྟོན་པའི་ཁྲོ་གཉེར་ཅན། །ལྕི་ལ་ཧྲུལ་བའི་དུག་པོ་དང་གཅིག །གྲང་ལ་ཉོག་པའི་བཟའ་བཏུང་དང་གཉིས། །པགས་པོ་བཞི་སྦྱོར་གྱི་མལ་ས་དང་གསུམ། །གསུམ་འདི་གསུམ་འཛོམ་པའི་དུས་ཚོད་ན། །ཨ་ཕྱི་མིས་འགོམ་ཁྱིས་འགོམ་གྱི་རྟོགས་ལྡན་མ། །ཞེས་གསུངས་པ་ལྟར། ལྡང་བའི་ཚེ་རང་བཞིན་གྱིས་འཕྲལ་དུ་ལྡང་མི་ནུས་པར་ལག་པ་གཉིས་ཀ་ས་ལ་བཙུགས་ནས་ས་སྲ་བ་ལས་བརྟོད་ཕུར་འདོན་པ་ལྟར་ལྡང་། འགྲོ་བའི་ཚེ་རྐེད་པ་རྒུར་བས་མགོ་བོ་བཏེག་མི་ནུས་ཤིང་གོམ་པའི་འདེགས་འཇོག་ཀྱང་མྱུར་དུ་བྱེད་མི་ནུས་པར་དལ་བུས་བྱིས་པ་བྱ་ལ་འཇབ་པ་ལྟར་འགྲོ། སྡོད་པའི་ཚེ་རྐང་ལག་གི་ལྷུ་ཚིགས་ཐམས་ཅད་ན་བས་དལ་བུས་སྡོད་མི་ནུས་པར་ལུས་ཀྱི་ལྗིད་ཕབ་སྟེ་ས་དོ་ཆད་པ་བཞིན་སྡོད། ལུས་ཀྱི་ཤ་ཟད་པས་པགས་པའི་སྐྱི་འདུས་ཏེ་ལུས་དང་ཁ་ངོ་ཐམས་ཅད་གཉེར་མས་གང་། ནང་གི་ཤ་ཁྲག་ཟད་པས་རུས་པའི་ཚིགས་ཐམས་ཅད་མངོན་ཏེ་འགྲམ་རུས་སོགས་ལྷུ་མགོ་ཐམས་ཅད་ཕྱི་ལ་འབུར། ཡིད་ཀྱི་དྲན་པ་ཉམས་པས་གླེན་ལྐུགས་དང་འོན་ལོང་དུ་གྱུར་ནས་སེམས་མི་གསལ་ཞིང་ཐོམ་ཡོར་རེ་སྡོད། ལུས་སྟོབས་དང་མཛེས་འདོད་ཉམས་པས་གོས་ཐམས་ཅད་ལྕི་ཞིང་ཧྲུལ། ལྕེ་ཡིས་རོ་རྣམས་མི་ཚོར་བས་བཟའ་བཏུང་ཐམས་ཅད་གྲང་ལ་ཉོག །ལུས་ལྕི་བས་གང་ལྟར་བྱས་ཀྱང་བདེ་བའི་དུས་མེད་པས་ཕྱོགས་བཞིར་བརྟེན་ས་བྱས། ཕྱིའི་སྒྱུ་ལུས་རྒུད་པས་ནང་དུ་ཡིད་ཕམ། བཞིན་མཛེས་ཀྱི་བཀྲག་མདངས་ཉམས་ནས་བསགས་པའི་གཉེར་མ་མང་བས་མི་སྡུག་པའི་ཁྲོ་གཉེར་སྟོན། ཀུན་གྱིས་བརྙས་བཅོས་བྱེད་ཅིང་མགོ་ཐོག་ཏུ་འགོམས་ནས་སོང་ཡང་གཙང་བཙོག་མེད་པར་རྟོགས་ལྡན་ལྟར་སྡོད་པ་ལ་སོགས་སྡུག་བསྔལ་དཔག་དུ་མེད་པ་ཡོད་དེ། སློབ་དཔོན་ཀ་མ་ལ་ཤཱི་ལས། རྒས་པས་ཉམ་ཐག་གཟུགས་ཀྱི་ཕུང་པོ་དེ། །མེ་ལོང་གྲིབ་མ་མཐོང་ན་འདྲེ་བས་འཇིགས། །ཞེས་གསུངས་པ་བཞིན་ནོ། །ན་བའི་སྡུག་བསྔལ་ནི། རླུང་མཁྲིས་བད་ཀན་ལ་སོགས་ནད་སྣ་ཚོགས་ཀྱིས་གཟིར་བས་སྡུག་བསྔལ་ཞིང་། གཡས་གཡོན་མདུན་རྒྱབ་གང་དུ་ཉལ་ཡང་བདེ་བའི་དུས་མེད། ཟས་སྐོམ་ཡིད་ཁར་མི་འོང་། ཉིན་པར་ཉིན་རིང་། མཚན་མོ་མཚན་རིང་ཞིང་། ན་བ་ལ་བརྟེན་ནས་འཆི་བ་གློ་བུར་དུ་འོང་སྙམ་པའི་སྡུག་བསྔལ་ལ་སོགས་ཡོད་དེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ན་བའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ། །ལུས་ཀྱི་རང་བཞིན་འགྱུར་དང་ཡིད་མི་བདེ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་ཞིང་། །སྲོག་དང་བྲལ་བར་དོགས་པས་མྱ་ངན་སྐྱེ། །ཞེས་གསུངས་པ་བཞིན་ནོ། །འཆི་བའི་སྡུག་བསྔལ་ནི། རྗེ་མི་ལས། མི་སྡིག་ཅན་ཤི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས་པ་ལྟར། འཆི་བའི་དུས་སུ་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད་ཀྱང་འཁྱེར་དབང་ནི་མེད། བློས་ནི་མི་ཐོང་། རྗེས་སུ་ནི་མི་འབྲང་། སྔར་བྱས་ཀྱི་སྡིག་པ་དྲན་པས་འགྱོད་པ་སྐྱེ། ངན་སོང་གི་སྡུག་བསྔལ་དྲན་ནས་འཇིགས་ཤིང་སྐྲག །འཆི་བ་གློ་བུར་དུ་སླེབས་པས་ཉམ་ང་། རང་ལ་རང་དབང་ཡོད་པའི་དུས་སུ་འཆི་ཁར་ཕན་པའི་ཆོས་ཞིག་མ་བསྒྲུབ་སྙམ་དུ་འགྱོད་པ་སྐྱེས་ནས་སེམས་སྡུག་བསྔལ་གྱིས་ནོན། མིག་མཆི་མས་གང་། འཆི་ཁར་བྲང་ལག་འཐབ་ཅིང་བྲང་སེན་རྗེས་ཀྱིས་བཀང་ནས་འཆི་བ་ཡིན་ཏེ། སྲོག་ཆད་པའི་ཚེ་འཆི་བ་ལ་སྙིང་མི་དགའ་ཞིང་། དྲན་པ་ནི་ཉམས། འདུ་ཤེས་ནི་འཁྲུལ། ཡིད་ཀྱི་དབང་པོ་ནི་འགགས། དབུགས་ཀྱི་རྒྱུ་བ་ནི་ཆད། ཚེ་འདིའི་སྣང་བ་ནི་ནུབ། གཤིན་རྗེའི་བསུ་མ་ནི་སླེབ། བར་དོའི་སྣང་བ་ནི་ཤར། མགོན་དང་དཔུང་གཉེན་ནི་མེད། ཕྱི་མའི་ལམ་དུ་ཞུགས་ནས་སྡུག་བསྔལ་གྱི་ཚོར་བ་དྲག་པོ་དག་གིས་གཟིར་བ་ན་གཉེན་ཉེ་བ་རྣམས་ཀྱིས་ལག་པས་བྲང་བརྡུང་ནས་མིག་ནས་མཆི་མ་འཐོར་ཞིང་། སེམས་མྱ་ངན་གྱིས་གདུངས་ཤིང་ངག་ནས་འོ་དོད་འབོད་པ་ལས་ཅི་བྱ་གཏོལ་མེད་དུ་སོང་ནས་གཅེས་པའི་བུ་ཆུང་ཡིན་ཀྱང་ལུས་ཐ་གུས་བཅིང་། ཡོལ་བས་བསྒྲིབས། རྡོ་སོགས་ཀྱིས་སྔས་བྱས། ཕོར་བ་སྔས་མགོར་སྦུབས། ཞག་ཁ་ཤས་ནས་ཕུང་པོ་དུར་ཁྲོད་དུ་བསྐྱལ་ཏེ་བྱ་ཁྱི་ལ་སོགས་པས་ཟོས་ཤིང་། རུས་པ་དེ་དག་རླུང་དང་ཉི་ཆར་སོགས་ཀྱིས་སོ་སོར་བྱས་ཏེ་ཕྱོགས་ཕྱོགས་སུ་འཐོར་བ་དང་། ཡང་ན་མེ་ལ་བསྲེགས་པ་དང་། དོང་དུ་སྦ་བ་ལ་སོགས་པ་ཡིན་ནོ། །དེ་ལྟ་བུའི་དུས་དེ་ནམ་འོང་ངེས་པ་མེད་པས་དུས་ད་ལྟ་ཉིད་ནས་དམ་པའི་ཆོས་ལ་འབད་པར་བྱའོ། །ལྔ་པ་ལྷ་མིན་གྱི་སྡུག་བསྔལ་བཤད་པ་ནི་སེམས་ཉིད་ངལ་གསོ་ལས། ལྷ་མིན་རྣམས་ལའང་བདེ་བའི་སྐབས་མེད་དེ། དོན་མེད་འཐབ་རྩོད་འཁྲུགས་ཤིང་ཞེ་སྡང་ལ། །ལྷ་ཡི་དཔལ་ལ་མི་བཟོད་ཕྲག་དོག་ལྡན། །གཡུལ་ངོར་སྡུག་བསྔལ་བརྒྱ་ཕྲག་བསྟེན་འཚལ་ལོ། །ཞེས་གསུངས་པ་ལྟར། ལྷ་མིན་ནི་ལྷུན་པོའི་ཆུ་མཚམས་མན་ཆད་ཀྱི་རི་རབ་ཀྱི་ཁོང་གསེང་ནས་གསེར་གྱི་ས་གཞིའི་བར་དུ་ཡོད་དེ། ཡིད་བཞིན་མཛོད་ལས། ལྷ་མིན་རི་རབ་ཆུ་མཚམས་མན་ཆད་ཀྱི། །ཁོང་གསེང་ནང་ནས་རིམ་པས་སྒྲ་གཅན་དང་། །སྐར་ཕྲེང་མགུལ་ཕྲེང་ཐག་བཟང་རིས་རྣམས་ཏེ། །ཞེས་པ་ལྟར་ཆུ་མཚམས་ནས་འོག་ནས་འོག་ཏུ་སྒྲ་གཅན་དང་། སྐར་ཕྲེང་དང་། མགུལ་ཕྲེང་དང་། ཐག་བཟང་རིས་རྣམས་རིམ་བཞིན་གནས་པའོ། །དེ་ཡང་ལུས་དང་རྫུ་འཕྲུལ་དང་ལོངས་སྤྱོད་དང་འདོད་པའི་རང་བཞིན་ལྷ་དང་འདྲ་ཡང་རིགས་དང་སྐལ་བ་ལྷ་དང་མི་འདྲ་བའི་ཕྱིར་ལྷ་མ་ཡིན་ཞེས་བྱ་བའོ།། འདི་དག་ལ་རིགས་ཀྱང་ལྔ་སྟེ། ཚེ་དཔལ་ལྷའི་རིགས་ནི་སུམ་ཅུ་རྩ་གསུམ་པ་དང་ཚེ་ལུས་དང་སྐལ་བ་མཉམ། སྟོབས་ཆེན་གནོད་སྦྱིན་གྱི་རིགས་ནི་རྒྱལ་ཆེན་སྡེ་བཞི་པ་དང་ཚེ་ལུས་ལོངས་སྤྱོད་མཉམ། རྩུབ་འགྱུར་བདུད་ཀྱི་རིགས་ནི་ནག་པོའི་ཕྱོགས་ལ་དགའ་བ་ཐག་བཟང་རིས་ལ་སོགས་པ་གཞན་འཕྲུལ་དབང་བྱེད་དང་ལོངས་སྤྱོད་རྣམས་འདྲ་ཞིང་ཚེ་སུམ་ཅུ་རྩ་གསུམ་དང་མཉམ། གསོད་བྱེད་སྲིན་པོའི་རིགས་ནི་སེམས་ཅན་གྱི་སྲོག་ལ་འཚེ་ཞིང་མཁའ་ལ་རྒྱུ་བའི་ཡི་དྭགས་དང་ཕྱོགས་མཐུན། གདུག་པ་ཀླུའི་རིགས་ནི་ཕྱེད་མར་གྱུར་པའི་ལུས་དང་། ལོངས་སྤྱོད་དང་བདེ་སྡུག་འདྲེས་ཤིང་བླུན་པར་གནས་པའོ། །ཁ་འཐོར་བ་ནི། མི་ཡི་ཡུལ་དང་། རྒྱ་མཚོ་དང་། ནགས་ཚལ་ལ་སོགས་པར་གནས་ཤིང་ཚེ་དང་འབྱོར་བའང་མ་ངེས་པ་ཡིན་ནོ། །དེ་དག་གིས་ལྷ་ཡི་དཔལ་དང་འབྱོར་བ་མཐོང་ནས་ཕྲག་དོག་གི་རླུང་འཚུབས་ཤིང་། ཞེ་སྡང་གི་མེ་འབར་བས་ལྷ་རྣམས་དང་འཐབ་པའི་ཚེ། མགོ་དང་ཡན་ལག་གཅོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། ལྷ་རྣམས་ནི་མགོ་དང་རྐེད་པ་མ་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་བ་དང་། ལྷ་མིན་རྣམས་ནི་མི་དང་འདྲ་སྟེ་གནད་དུ་ཕོག་ན་འཆི་སྟེ། ཤི་བའི་གཟུགས་བརྙན་ཡང་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་རང་ཡུལ་དུ་མ་ཐོན་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱི་གདུང་བ་དང་། རང་སྡེ་ལའང་འཐབ་ཅིང་རྩོད་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་དོ། །དྲུག་པ་ལྷ་ཡི་སྡུག་བསྔལ་བཤད་པ་ལ། འདོད་ཁམས་ཀྱི་ལྷ་དང་། ཁམས་གོང་མའི་ལྷ་དང་གཉིས་ལས། དང་པོ་འདོད་ལྷ་རིགས་དྲུག་གི་སྡུག་བསྔལ་བཤད་པ་ནི། སེམས་ཉིད་ངལ་གསོ་ལས། བག་མེད་འདོད་པས་མྱོས་དང་འཆི་འཕོ་ལྟུང་། །མེ་ཏོག་རྙིང་དང་སྟན་ལ་ཉམས་མི་དགའ། །གྲོགས་ཀྱིས་སྤོང་དང་ཕྱི་མའི་གནས་ལ་འཇུག །ཚོར་བ་མི་བཟད་ལྷ་ཡི་ཞག་བདུན་འབྱུང་། །ཞེས་གསུངས་ལ། ལྷ་དེ་དག་གི་གནས་ནི། རི་རབ་བང་རིམ་བཞིའི་སྟེང་མ་ལ། རྒྱལ་ཆེན་བཞི་འཁོར་དང་བཅས་ཏེ་གནས་པ་དང་། དེའི་འོག་གི་བང་རིམ་ལ་ཡས་ནས་མར་ལ་རིམ་པ་ལྟར། རྟག་མྱོས་དང་། ཕྲེང་ཐོགས་དང་། གཞོང་ཐོགས་ཀྱི་ལྷ་རྣམས་ཡོད་དོ། །དབུས་ཀྱི་རི་དབང་ལྷུན་པོའི་སྟེང་ན་དབང་པོ་དང་ཉེ་དབང་གི་གནས་མ་འདྲེས་པ་དང་། ནོར་བུ་སྙིང་པོ་དང་། ཡོངས་འདུས་གནས་པ་དང་། རྣམ་མཛེས་གནས་པ་དང་། དགའ་བའི་ཚལ་ལ་སོགས་པ་ལྷ་གནས་སུམ་ཅུ་རྩ་གསུམ་ན་གཙོ་བོ་ཉེ་དབང་སུམ་ཅུ་རྩ་གཉིས། ལྷའི་དབང་པོ་བརྒྱ་བྱིན་དང་སུམ་ཅུ་རྩ་གསུམ་ཡོད་པས་སུམ་ཅུ་རྩ་གསུམ་དང་། དེའི་སྟེང་དུ་རིམ་བཞིན་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་དྲུག་ཡོད་དེ། ལྷ་དེ་དག་བདེ་བ་ལྟར་སྣང་ཡང་། བདེ་བ་དེ་ཡང་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པ་ཡིན་ཏེ། འཆི་འཕོ་བ་ན་ལུས་ཀྱི་མདོག་མི་སྡུག་པ། སྟན་ལ་ཉམས་མི་དགའ་བ། མེ་ཏོག་གི་ཕྲེང་བ་རྙིང་བ། གོས་ལ་དྲི་མ་ཆགས་པ། སྔོན་མེད་པའི་ལུས་ལ་རྔུལ་ཆུ་འབྱུང་བ་ཡིན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བྱ་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ཞེས་པ་ལྟར། འཆི་འཕོའི་སྔ་ལྟས་ལྔ་ལྷ་ཡི་ཞག་བདུན་གྱི་གོང་དུ་འབྱུང་བ་ཡིན་ཏེ། དེའི་ཚེ་རང་ཉིད་ཀྱིས་ཀྱང་འཆི་བར་ཤེས་ཏེ་སྡུག་བསྔལ། ལྷ་ཟླ་བོ་རྣམས་དང་ལྷའི་བུ་མོ་རྣམས་ཀྱིས་ཀྱང་དེ་འཆི་བར་ཤེས་ནས་དྲུང་དུ་ཉེ་མི་ནུས་ཤིང་། རྒྱང་རིང་པོ་ནས་མེ་ཏོག་འཐོར་ཏེ། ཁྱོད་འདི་ནས་ཤི་འཕོས་ཏེ་མི་ཡུལ་དུ་སྐྱེས། ལས་དགེ་བ་ལ་སྤྱད་དེ་སླར་ཡང་ལྷ་ཡུལ་དུ་སྐྱེ་བར་ཤོག་ཅིག །ཅེས་སྨོན་ལམ་བཏབ་ནས་འགྲོ། རང་གཅིག་པུར་ལུས་པས་ཤིན་ཏུ་སྡུག་བསྔལ་ཞིང་ཕྱི་མ་གར་སྐྱེ་ལྷའི་མིག་གིས་བལྟས་པས་སྡུག་བསྔལ་བའི་གནས་སུ་སྐྱེ་བར་མཐོང་ནས་ནི་འཕོ་བའི་སྡུག་བསྔལ་མ་སངས་པའི་གོང་དུ་ལྟུང་བའི་སྡུག་བསྔལ་གྱིས་ནོན་ནས་འོ་དོད་འབོད་བཞིན་ལྷའི་ཞག་བདུན་དུ་སྡོད་དགོས་ཏེ། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ཞག་བདུན་ཏེ་མི་ལོ་བདུན་བརྒྱ་ཡིན། དེའི་བར་དུ་སྔར་གྱི་བདེ་སྐྱིད་དྲན་ཀྱང་སྡོད་དབང་མེད་པ་འཕོ་བའི་སྡུག་བསྔལ། ཕྱི་མའི་གནས་རིས་མཐོང་བས་ཉམ་ང་བ་ལྟུང་བའི་སྡུག་བསྔལ་དང་གཉིས་ཀྱི་སྡུག་བསྔལ་གྱིས་གདུང་བ་ལ་སོགས་པ་ཡོད་དེ། མགོན་པོ་ཀླུ་སྒྲུབ་ཀྱིས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང་། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་བཤད་པ་ནི། ཀུན་མཁྱེན་ཆེན་པོས། ཚངས་རིས་ལ་སོགས་གཟུགས་ཁམས་བསམ་གཏན་ལྷ། །སྔ་མའི་ལས་ཟད་སྲིད་པ་འོག་མར་ལྷུང་། །ཞེས་གསུངས་པ་ལྟར། གཟུགས་ཁམས་ཀྱི་གནས་ནི་གཞན་འཕྲུལ་དབང་བྱེད་ཀྱི་སྟེང་གི་ནམ་མཁའ་ལ་སྟེང་ནས་སྟེང་དུ་བརྩེགས་ཏེ་གནས་པ་ཡིན་ལ། དེ་ཡང་བསམ་གཏན་དང་པོ་ན། ཚད་མེད་བཞི་ལ་གནས་པས་ཚངས་རིས་ཞེས་བྱ་བའི་ལྷ་དང་། ཚངས་པ་ཆེན་པོའི་མདུན་ན་འདོན་བྱེད་པས་ཚངས་པ་མདུན་ན་འདོན་དང་། འཁོར་ཡིན་པས་ཚངས་པ་ཀུན་འཁོར་དང་། ཚངས་པ་ཆེན་པོའི་བྱ་བ་འབའ་ཞིག་བསྒྲུབ་པའི་གྲོགས་སུ་ཕན་པས་ཚངས་ལྷ་ཉེ་ཕན་ཞེས་བྱ་བའི་ལྷ་དང་། འོག་མ་བས་ལུས་བོང་ཆེ་བས་ཚངས་ཆེན་གྱི་ལྷ་དང་གསུམ། བསམ་གཏན་གཉིས་པ་ན། གོང་མ་བས་འོད་ཟེར་འཕྲོ་བ་ཆུང་བས་འོད་ཆུང་གི་ལྷ་དང་། ལུས་འོད་ཚད་མེད་པ་ཡོད་པའི་ཕྱིར་ཚད་མེད་འོད་དང་། ཁ་དོག་དང་འོད་ཟེར་ཤིན་ཏུ་གསལ་བས་འོད་གསལ་གྱི་ལྷ་དང་གསུམ། བསམ་གཏན་གསུམ་པ་ན། གོང་མ་བས་དགེ་བ་ཆུང་ངུ་སྤྱད་པའི་འབྲས་བུ་གྲུབ་པས་དགེ་ཆུང་། དགེ་རྩ་འབྲིང་དུ་སྤྱད་པ་ཚད་མེད་པའི་འབྲས་བུ་ལས་བྱུང་བས་ཚད་མེད་དགེ་དང་། དགེ་བ་རྒྱ་ཆེར་རྒྱས་པའི་འབྲས་བུས་བསྐྱེད་པའི་ཕྱིར་དགེ་རྒྱས་དང་གསུམ། བསམ་གཏན་བཞི་པ་ན། སྤྲིན་མེད་པའི་ཉི་མའི་སྣང་བ་དང་འདྲ་བས་ན་སྤྲིན་མེད་འོད་དང་། ཚད་མེད་བཞི་བསྒོམ་པའི་བསོད་ནམས་ལས་གཙོ་བོར་སྐྱེས་པའི་ཕྱིར་ན་བསོད་ནམས་སྐྱེས་དང་། སོ་སོའི་སྐྱེ་བོའི་བསོད་ནམས་ཆ་མཐུན་གྱི་དགེ་བའི་འབྲས་བུ་རྣམས་ཀྱི་མཆོག་ཏུ་གྱུར་བས་འབྲས་བུ་ཆེ་བ་དང་གསུམ། དེ་ལྟར་ཚངས་རིས་ནས་འབྲས་བུ་ཆེ་བའི་བར་བསམ་གཏན་གྱི་ལྷ་རྣམས་ཀྱང་འཆི་བའི་ཚེ་རང་གི་བདེ་བ་དེ་ཉིད་འགྱུར་བས་སྲིད་པ་ཕྱི་མར་འཇུག་པའི་སྡུག་བསྔལ་ཡོད་དེ། མགོན་པོ་ཀླུ་སྒྲུ བ་ཀྱིས། ཚངས་རིས་ལ་སོགས་བསམ་གཏན་ལྷ་རྣམས་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་པས།། ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་སོ། །གཟུགས་མེད་པའི་ཁམས་བཞི་ནི། ལྷག་མཐོང་གིས་མ་ཟིན་པའི་ཞི་གནས་ཀྱི་ངང་དུ་ནམ་མཁའ་ལྟར་དངོས་པོ་མེད་པར་བསྒོམས་པས་ནམ་མཁའ་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་ཉི་ཁྲིར་གནས་པ་དང་། བྱུང་ཚོར་གྱི་རྟོག་པ་བཀག་པའི་རྣམ་ཤེས་ཙམ་དུ་བསྒོམས་པས་རྣམ་ཤེས་མཐའ་ཡས་ཀྱི་ལྷ་རྣམས་བསྐལ་ཆེན་བཞི་ཁྲིར་གནས་པ་དང་། ཅི་ཡང་མི་དམིགས་པའི་ངང་དུ་ཡུལ་དང་བྲལ་བར་བསྒོམས་པས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་བསྐལ་ཆེན་དྲུག་ཁྲིར་གནས་པ་དང་། ཡོད་མེད་གཉིས་ཆར་མ་ཡིན་པའི་རོ་མྱོང་ལ་ཞེན་ནས་བསྒོམས་པས་ཡོད་མིན་མེད་མིན་གྱི་ལྷ་རྣམས་ཏིང་འཛིན་དེའི་ངང་དུ་བསྐལ་ཆེན་བརྒྱད་ཁྲིའི་བར་དུ་གནས་པའོ།། འཕགས་པ་རྣམས་ནི་སེམས་དེ་དག་ལ་མངོན་དུ་བྱས་ཏེ་བསྒོམ་ཡང་དེར་མི་སྐྱེ་བ་དང་། སོ་སྐྱེ་རྣམས་ལ་དེ་ལྟ་བུའི་ཏིང་འཛིན་ཡོད་ཀྱང་འཁོར་བར་འཁྱམས་པ་ནི་བདག་རྟོག་བག་ལ་ཉལ་བའི་ཆ་ཀུན་གཞི་ལ་ཡོད་པ་རང་བཞིན་མེད་པར་ཤེས་པའི་ཤེས་རབ་ཀྱིས་མ་རྟོགས་པས་ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་བས་སོ་སོའི་སྐྱེ་བོ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་ཏིང་འཛིན་ཉམས་ཀྱི་བདེ་བ་ལ་ཡིད་བརྟན་མེད་པར་ནམ་མཁར་འཕངས་པའི་མདའ་བཞིན་དུ་ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྷུང་བར་འགྱུར་བ་ཡིན་ཏེ། བཤེས་པའི་སྤྲིང་ཡིག་ལས། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་བ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བསྟེན་འཚལ་ལོ། །ཞེས་སོ། །དཔེར་ན་མེ་ཆེ་ཆུང་ཅི་ཡིན་ཀྱང་ཚ་བ་ལས་མ་འདས་པ་ལྟར། ཁམས་གསུམ་འཁོར་བའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་སྟེ། གནས་གང་དུ་བསྡད་ཀྱང་སྡུག་བསྔལ་གྱི་གནས། གྲོགས་སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་ཡིན་ཏེ། དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། མགོན་པོ་བྱམས་པས། འགྲོ་ལྔ་དག་ན་བདེ་བ་མེད། །མི་གཙང་ཁང་པར་དྲི་ཞིམ་མེད། །ཅེས་གསུངས་པ་ཡིན་ནོ། །

བཞི་བ་ལས་རྒྱུ་འབྲས་ཀྱི་ཁྲིད་ལ། སྤང་བྱ་མི་དགེ་བའི་ལས། བསྒྲུབ་བྱ་དགེ་བའི་ལས། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་དང་གསུམ། དང་པོ་སྤང་བྱ་མི་དགེ་བའི་ལས་ནི། ཡིད་བཞིན་མཛོད་ལས། མི་དགེའི་ལས་བཅུ་ངན་སོང་སྡུག་བསྔལ་རྒྱུ། །ཞེས་གསུངས་པ་ལྟར། སྲོག་གཅོད་པ་དང་། མ་བྱིན་ལེན་པ་དང་། ལོག་པར་གཡེམ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། ཚིག་རྩུབ་མོ་དང་། ངག་འཁྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྟེ་མི་དགེ་བ་བཅུའོ། །ལུས་ཀྱི་མི་དགེ་བ་གསུམ་ནི། མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་པ་ནི་གཞན་བསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བསྒྲོད་མིན་བསྒྲོད་པར་འདོད་ལ་སོགས། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་སོ། །ངག་གི་མི་དགེ་བ་བཞི་ནི། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བས། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཚིག །མི་སྙན་བརྗོད་པ་རྩུབ་མོ་སྟེ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཡིན། །ཞེས་སོ། །ཡིད་ཀྱི་མི་དགེ་བ་གསུམ་ནི། བསམ་ཆོས་ངན་ཞིང་བརྣབས་སེམས་ནི། །ལོག་པས་གཞན་གྱི་ནོར་ལ་ཆགས།། གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་པ་བཞིན་ནོ། །དེ་ལྟ་བུའི་མི་དགེ་བ་དེ་དག་གི་འབྲས་བུ་ལ། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་བཞི་ལས། དང་པོ་རྣམ་སྨིན་གྱི་འབྲས་བུ་ནི། ཀུན་མཁྱེན་ཆེན་པོས། ལས་བཅུ་ཆུང་ངུས་དུད་འགྲོ་འབྲིང་ཡི་དྭགས། །ཆེན་པོས་དམྱལ་བར་སྡུག་བསྔལ་རྣམ་སྨིན་འབྲས། །ཞེས་དང་། དྲན་པ་ཉེར་བཞག་ལས། རྣམ་པར་སྨིན་པ་འདི་དག་གི་ཆུང་ངུས་ནི་དུད་འགྲོ་རྣམས་སུ་སྐྱེའོ། །འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། །ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་སོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ལ། མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་དང་གཉིས་ལས། དང་པོ་མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པས་ཚེ་ཐུང་བ། བརྐུས་པས་ལོངས་སྤྱོད་དབུལ་བ། ལོག་པར་གཡེམ་པས་དགྲ་ཟླ་མང་བ། རྫུན་སྨྲས་པས་སྐུར་འདེབས་མང་བ། ཕྲ་མས་གྲོགས་དང་བྲལ་ཞིང་ཀུན་དང་མི་མཐུན་པ། ཚིག་རྩུབ་ཀྱིས་རྟག་ཏུ་ུམི་སྙན་པ་ཐོས་པ། ངག་འཁྱལ་གྱིས་ངག་མི་བཙུན་པ། བརྣབ་སེམས་ཀྱིས་ཡིད་ལ་རེ་བ་མི་འགྲུབ་པ། གནོད་སེམས་ཀྱིས་རྟག་ཏུ་འཇིགས་ཤིང་སྐྲག་པ། ལོག་པར་ལྟ་བས་གླེན་ཞིང་གཏི་མུག་པར་འགྱུར་བ་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སྲོག་བཅད་པས་ནི་ཚེ་ཐུང་འགྱུར།། མ་བྱིན་བླངས་པས་ནོར་དང་བྲལ། །བྱི་བོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲ་བས་སྐུར་པ་མང་། །ཕྲ་མ་ཡིས་ནི་བཤེས་དང་འབྲལ། །ཚིག་རྩུབ་པས་ནི་མི་སྙན་ཐོས། །ཀྱལ་བ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །གཉིས་པ་བྱེད་པ་རྒྱུ་མཐུན་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བྱེད་པ་རྒྱུ་མཐུན་བྱེད་ལས་མཐུན་པར་སྐྱེས། །ཞེས་པ་ལྟར། སྔར་སྲོག་གཅོད་བྱེད་པ་ཞིག་ཡིན་ན་ད་ལྟ་ཡང་སྲོག་གཅོད་ལ་དགའ། སྔར་མ་བྱིན་ལེན་པ་ཞིག་ཡིན་ན་ད་ལྟ་ཡང་རྐུ་བ་ལ་དགའ་བ་སོགས་ཡིན་ནོ། །གསུམ་པ་དབང་གི་འབྲས་བུའམ་བདག་པོའི་འབྲས་བུ་ནི། ཡུལ་ལ་སྨིན་པ་སྟེ། སྲོག་གཅོད་ཀྱིས་ས་ཕྱོགས་ཉམས་མི་དགའ་བ་སོགས་སྲོག་ལ་གནོད་པ་ཅན་དུ་སྐྱེ་བ། མ་བྱིན་བླངས་པས་ལོ་ཏོག་ལ་སད་སེར་ལྡང་བ་སོགས་མུ་གེ་ཡོད་པའི་སར་སྐྱེ་བ། ལོག་པར་གཡེམ་པས་མི་གཙང་བའི་འདམ་རྫབ་ལ་སོགས་པ་ཡིད་དུ་མི་འོང་བར་སྐྱེ་བ། རྫུན་གྱིས་འབྱོར་བ་མི་བརྟན་ཞིང་སྐྲག་པའི་ཡུལ་རྐྱེན་དང་འཕྲད་པ། ཕྲ་མས་ཡུལ་ངམ་གྲོག་སོགས་བསྒྲོད་པར་དཀའ་བ། ཚིག་རྩུབ་ཀྱིས་རྡོ་གསེག་དང་ཚེར་མ་ལ་སོགས་ས་ཕྱོགས་ཡིད་མི་བདེ་བ། ངག་འཁྱལ་གྱིས་ཞིང་ལས་སོ་ནམ་བྱས་ཀྱང་འབྲས་བུ་འབྱུང་དཀའ་བ། བརྣབ་སེམས་ཀྱིས་ལོ་ཏོག་ཉེས་ཤིང་སྡུག་བསྔལ་མང་པོ་འབྱུང་བ། གནོད་སེམས་ཀྱིས་རྟག་ཏུ་འཇིགས་པ་དང་འཚེ་བ་མང་བ། ལོག་ལྟས་འབྱོར་བ་ཉུང་ཞིང་སྐྱབས་དང་དཔུང་གཉེན་མེད་པར་སྐྱེ་བའོ། །བཞི་པ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། ལས་གང་བྱས་པ་དེ་མང་པོ་འཕེལ་ནས་སྐྱེ་བ་ཚེ་རབས་མང་པོར་སྡུག་བསྔལ་མྱོང་ནས་འཁོར་བ་མུ་མཐའ་མེད་པར་འཁྱམས་དགོས་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། སྐྱེས་བུ་བྱེད་པའི་འབྲས་བུ་མི་དགེ་བ། །གང་བྱས་དེ་ཉིད་འཕེལ་བས་སྡུག་བསྔལ་བསྐྱེད། །ཅེས་གསུངས་པ་ཡིན་ནོ། །གཉིས་པ་བསྒྲུབ་བྱ་དགེ་བའི་ལས་བཅུ་ནི། རིན་ཆེན་ཕྲེང་བ་ལས། སྲོག་མི་གཅོད་དང་རྐུ་སྤངས་དང་། །གཞན་གྱི་ཆུང་མ་སྤང་བ་དང་། །ལོག་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམས། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱིས་ལྟ་བ་ཡོངས་སྤངས་ལ། །འདི་དག་ལས་ལམ་དཀར་བཅུ་སྟེ། །ཞེས་གསུངས་པ་ལྟར། གཞན་གྱི་སྲོག་བསྐྱབ་པ། སྦྱིན་པ་གཏོང་བ། ཚངས་པར་སྤྱོད་པ། དྲང་པོར་སྨྲ་བ། འཁོན་པ་བཟླུམ་པ། ཆོས་མཐུན་གྱི་གཏམ་བརྗོད་པ། ཚིག་སྙན་པར་སྨྲ་བ། གཏོང་སེམས་ལ་གོམས་པ། བྱམས་པ་དང་སྙིང་རྗེ་བསྒོམ་པ། ཡང་དག་པའི་ལྟ་བ་རྒྱུད་ལ་བསྟེན་པའོ། །དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ནི། སེམས་ཉིད་ངལ་གསོ་ལས། ཆུང་ངུས་མི་དང་འབྲིང་གིས་འདོད་པའི་ལྷ། །ཆེན་པོས་བསམ་གཏན་གཟུགས་མེད་ཏིང་འཛིན་འབྲེལ། །གོང་མའི་ཁམས་གཉིས་བདེ་བ་འཛིན་པར་བྱེད། །ཅེས་གསུངས་པ་ལྟར། ཆུང་འབྲིང་དུ་སྤྱད་པས་འདོད་པའི་མི་དང་ལྷར་སྐྱེས་ལ། ཆེན་པོ་ནས་བསམ་གཏན་བཞི་དང་འབྲེལ་ནས་གོམས་ན་གཟུགས་ཁམས་སུ་སྐྱེ་བ་དང་། ཆེས་ཆེར་གོམས་པ་ཚད་དུ་ཕྱིན་པས་སྐྱེ་མཆེད་མུ་བཞི་ཐོབ་པའོ། །རྒྱུ་མཐུན་གྱི་འབྲས་བུ་ལ། བྱེད་པ་རྒྱུ་མཐུན་ནི། ཀུན་མཁྱེན་ཆེན་པོས། རྒྱུ་མཐུན་བྱེད་པའང་ངང་གི་དགེ་ལ་གཞོལ། ཞེས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་དགེ་བ་བྱེད་པ་ལ་སྤྲོ་བའོ། །མྱོང་བ་རྒྱུ་མཐུན་ནི། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྲོག་བཅད་སྤངས་པས་ཚེ་རིང་ནད་མེད་ཅིང་། །མ་བྱིན་ལེན་སྤངས་འབྱོར་བ་ཕུན་སུམ་ཚོགས། །ལོག་པར་གཡེམ་སྤང་ཁྱིམ་ཐབ་དགྲ་ཟླ་མེད། །རྫུན་དུ་སྨྲ་སྤངས་གཞན་གྱིས་བསྟོད་པ་དང་། རྩུབ་མོ་རྣམ་སྤངས་སྙན་པར་སྨྲ་བས་བདེ། །ཕྲ་མ་རྣམ་སྤངས་མཐོང་ན་མི་མཐུན་མེད། །འཁྱལ་བ་སྤངས་པས་ཚིག་བཟུང་འོས་པར་འགྱུར། །བརྣབ་སེམས་སྤངས་པས་རེ་བ་འགྲུབ་པ་སྟེ། །གནོད་སེམས་སྤངས་པས་ཡིད་འོང་མཐོང་ན་ཞི། །ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་སྟེ། མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བ་བཅུ། །མངོན་མཐོ་བདེ་འདོད་རྣམས་ཀྱིས་དང་དུ་ལོངས། །ཞེས་སོ། །བདག་པོའམ་དབང་གི་འབྲས་བུ་ནི། ཡུལ་ལ་སྨིན་པ་ཡིན་ཏེ། ས་ཕྱོགས་ཐམས་ཅད་མེ་ཏོག་དང་འབྲས་བུས་བརྒྱན་པ་ལ་སོགས་པའི་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱིས་འབྱོར་བར་འགྱུར་བ་ཡིན་ཏེ། དགེ་བ་བཅུ་བསྟན་པའི་མདོ་ལས། སྲོག་གཅོད་པ་སྤངས་པས་ནི་ཡུལ་བཟང་ལ་ཉམས་དགའ་བར་སྐྱེའོ། །མ་བྱིན་པར་ལེན་པ་སྤངས་པས་བཟའ་བཏུང་འཇུ་སླ་ཞིང་རོ་བྲོ་བ་དང་སྨན་མཐུ་ཆེ་བའི་ཡུལ་དུ་སྐྱེའོ། །འདོད་པས་ལོག་པར་གཡེམ་པ་སྤངས་པས་ས་ཕྱོགས་གཙང་ལ་སྤོས་ཀྱི་ངད་དང་ལྡན་པའི་སྨན་ཤིང་ཅན་དུ་སྐྱེའོ། །རྫུན་དུ་སྨྲ་བ་སྤངས་པས་ཡུལ་ཕྱོགས་གང་ན་དགྲ་དང་ཆོམ་རྐུན་ལ་སོགས་པའི་གནོད་འཚེ་མེད་ཅིང་མི་བསླུ་བར་སྐྱེའོ། །ཕྲ་མ་སྤངས་པས་གང་ན་སྐྱེ་དགུ་མཐུན་ཞིང་ས་ཕྱོགས་རྡོ་གསེག་དང་ཚེར་མ་མེད་པར་སྐྱེའོ། །ཚིག་རྩུབ་མོ་སྤངས་པས་དུས་ཚིགས་མ་ལོག་ཅིང་མེ་ཏོག་དང་འབྲས་བུ་དུས་སུ་སྨིན་པའི་ཡུལ་དུ་སྐྱེའོ། །གྱལ་བ་སྤངས་པས་ས་ཕྱོགས་ཚང་མ་མཉམ་ལ་མཚོ་དང་རྫིང་བུའི་བརྒྱན་པར་སྐྱེའོ། །བརྣབ་སེམས་སྤངས་པས་ས་ཕྱོགས་མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་བཟང་དགུ་འཕེལ་བ་མཐོང་བར་སྐྱེའོ། །གནོད་སེམས་སྤངས་པས་ལོ་མ་དང་། འབྲས་བུ་མང་ཞིང་རོ་མངར་བར་སྐྱེའོ། །ལོག་པར་ལྟ་བ་སྤངས་པས་འབྲས་བུ་དང་རིན་པོ་ཆེ་ལ་སོགས་པའི་འབྱུང་ཁུང་བཟང་ཞིང་མགོན་སྐྱབས་དང་དཔུང་གཉེན་ཕུན་སུམ་ཚོགས་པར་སྐྱེའོ། །ཞེས་སོ། །སྐྱེས་བུ་བྱེད་པའི་འབྲས་བུ་ནི། དགེ་བའི་ལས་གང་བྱས་པ་དེ་མངོན་པར་འཕེལ་ནས་བསོད་ནམས་རྒྱུན་མི་འཆད་པ་འབྱུང་བ་ཡིན་ནོ། །དེ་ལྟར་དགེ་སྡིག་གང་བྱས་ཀྱང་གོང་ནས་གོང་དུ་འཕེལ་བ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཇི་ལྟར་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤོ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་བས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་སོ། །གཞན་ཡང་བཀའ་དང་བསྟན་བཅོས་རྣམས་ལས་ལས་འབྲས་ཀྱི་རྣམ་བཞག་རྒྱ་ཆེར་གསུངས་པས་དབྱེ་སྒོའི་རྣམ་གྲངས་མང་ཡ ང་འདིར་འཕེན་རྫོགས་ཀྱི་སྒོ་ནས་དབྱེ་ན་མུ་བཞི་ཡོད་དེ། འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་སྡིག་པས་རྫོགས་པ་མི་དབུལ་པོ་ལྟ་བུ། འཕེན་བྱེད་སྡིག་པས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ཀླུ་འབྱོར་ལྡན་ལྟ་བུ། འཕེན་རྫོགས་གཉིས་ཀ་མི་དགེ་བས་བྱས་པ་དམྱལ་བའི་སེམས་ཅན་ལྟ་བུ། འཕེན་རྫོགས་གཉིས་ཀ་དགེ་བས་བྱས་པ་འཁོར་ལོས་བསྒྱུར་བ་ལྟ་བུའོ། །རྣམ་སྨིན་མྱུར་བུལ་གྱི་སྒོ་ནས་དབྱེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་ནི་ཚེ་དེ་ལ་བྱས་པའི་ལས་སྟོབས་ལྡན་ཚེ་དེ་ཉིད་དུ་སྨིན་པ་ལྷས་སྦྱིན་གྱིས་བཅོམ་ལྡན་འདས་ལ་སེན་མོས་དུག་རྩོམ་པར་གཟས་པ་ལས་དེ་ཉིད་དུ་དམྱལ་བའི་མེ་གྲུབ་པ་ལྟ་བུ། སྐྱེས་ནས་མྱོང་འགྱུར་གྱི་ལས་ནི་སྐྱེ་བ་འདིའི་ཕྱི་མར་སྐྱེས་མ་ཐག་ཏུ་རྣམ་སྨིན་མྱོང་བར་འགྱུར་བ་མཚམས་མེད་ལྔ་ཡི་ལས་ལྟ་བུ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི་སྐྱེ་བ་གསུམ་ཕན་ཆད་ནས་བརྒྱ་སྟོང་གི་བར་རྣམ་སྨིན་མྱོང་བར་འགྱུར་བའི་ལས་ལྟ་བུ། མྱོང་བར་མ་ངེས་པའི་ལས་ནི་ལས་བསགས་ཀྱང་སོ་སོའི་གཉེན་པོ་སོགས་ཀྱིས་བཅོམ་ནས་རྣམ་སྨིན་འབྱིན་པར་མ་ངེས་པ་སྟེ་བཞིར་གསུངས་སོ། །བྱས་བསགས་ཡིན་མིན་གྱི་སྒོ་ནས་དབྱེ་ན། དེའང་ལས་དཀར་པོ་ལ་མཚོན་ན། བྱས་ལ་བསགས་པ་ཞེས་པ་དད་པས་དཀོན་མཆོག་མཆོད་པ་ལྟ་བུ། མ་བྱས་ལ་བསགས་པ་ཞེས་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ལྟ་བུ། བྱས་ལ་མ་བསགས་པ་ཞེས་སེམས་གཡེང་བའི་བཟླས་བརྗོད་ལྟ་བུ། མ་བྱས་ཤིང་མ་བསགས་པ་ནི་གོ་སླའོ། །ལས་ནག་པོ་ལའང་མཚོན་ན་བྱས་ལ་བསགས་པའི་ལས་ནི་ཀུན་སློང་དྲག་པོས་བསམ་བཞིན་བྱེད་པ། དངོས་གཞི་ལས་དེ་རྫོགས་པར་བྱེད་པ། རྗེས་སུ་འགྱོད་པ་མེད་ཅིང་ཡི་རང་བ། དེ་འཇོམ་བྱེད་ཀྱི་གཉེན་པོ་མེད་པ། འབྲས་བུ་སྨིན་ངེས་ཀྱི་ནུས་པ་ཡོད་པ་དང་དྲུག་ཚང་བ་ལ་གསུངས་སོ། །བྱས་ལ་མ་བསགས་པའི་ལས་ནི་གོང་གི་དྲུག་མ་ཚང་བས་ལས་བྱས་ཀྱང་འབྲས་བུ་ཇི་ལྟ་བ་བཞིན་སྨི ན་པར་མ་ངེས་པའོ། །ལས་སྟོབས་ཆེ་ཆུང་གི་སྒོ་ནས་དབྱེ་ན། སྤྱིར་སྤང་བྱས་འབྲས་བུ་འཕངས་ཀྱང་གཉེན་པོས་བསྒྱུར་བར་ནུས་པའི་ཕྱིར་གཉེན་པོའི་ལས་སྟོབས་ཆེ་བའོ། །ཇི་ལྟར་སྣང་ཚུལ་གྱི་སྒོ་ནས་དབྱེ་ན། ལས་མཐུན་སྣང་བ་བསགས་པ་ལས་སྣོད་ཀྱི་འཇིག་རྟེན་གྱི་སྣང་བ་ཞིང་དེའི་འགྲོ་བ་རྣམས་ལ་ཕྱོགས་གཅིག་ཏུ་འཆར་བ་ལྟ་བུ་སྣང་འགྱུར་ཐུན་མོང་བའི་ལས་དང་། སེམས་ཅན་རང་རང་གི་ལས་སྣང་གིས་བསྒྲུབས་པའི་གནས་ལུས་ལོངས་སྤྱོད་སོ་སོར་ཐ་དད་པར་བདེ་སྡུག་ཉམས་སུ་མྱོང་བ་ལྟ་བུ་མྱོང་འགྱུར་ཐུན་མོང་མིན་པའི་ལས་སོ། །རིགས་མཐུན་མི་མཐུན་གྱི་སྒོ་ནས་དབྱེ་ན། མཐའ་གཅིག་ཏུ་རྣམ་པར་དཀར་བ་ཞེས་པ་དད་པས་བླ་མ་མཆོད་པ་ལྟ་བུ། བསམ་པ་དང་སྦྱོར་བ་གཉིས་ཀ་རིགས་མཐུན་གཅིག་ཏུ་དཀར་བས་དགེ་བའི་ལས་ལམ་རྫོགས་པའོ། །མཐའ་གཅིག་ཏུ་རྣམ་པར་གནག་པ་ཞེས་པ་གསོད་སེམས་ཀྱིས་སྲོག་གཅོད་པ་ལྟ་བུ། བསམ་སྦྱོར་གཉིས་ཀ་རིགས་མཐུན་གཅིག་ཏུ་གནག་པས་མི་དགེ་བའི་ལས་ལམ་རྫོགས་པ་ཡིན་ནོ། །དཀར་ནག་འདྲེས་མ་ཞེས་པ་མང་པོ་སྐྱོབ་ཕྱིར་གསོད་པ་ལྟ་བུ། གསོད་ཕྱིར་སྦྱིན་པ་གཏོང་བ་ལྟ་བུ་བསམ་པ་གནག་ལ་སྦྱོར་བ་དཀར་བ་རྣམས་སོ། །དེ་ལྟར་འདྲེས་མའི་ལས་ཀྱིས་འདོད་པར་བདེ་སྡུག་སྤེལ་མར་མྱོང་བར་བྱེད་པའོ། །དེའང་ལས་ཀྱི་ངོ་བོ་དཀར་ནག་འདྲེས་མ་མིན་ཀྱང་བྱེད་ལས་དེ་ལྟར་བཞག་པའོ། །དཀར་ནག་གི་ལས་དེ་དག་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་ནི་མི་དཀར་མི་གནག་པ་ཞེས་གསུངས་སོ། །

གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ནི། འདི་ལྟར་མཐོ་རིས་ལྷ་མིའི་བདེ་བ་དང་། ངན་སོང་གི་སྡུག་བསྔལ་རྣམས་ནི་རང་རང་གིས་སྔོན་བསགས་པའི་དགེ་སྡིག་གི་ལས་ཁོ་ན་ལས་བྱུང་བ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། དེ་ལྟར་སྲིད་པའི་བདེ་སྡུག་མཐོ་དམན་རྣམས། །སྔོན་བསགས་ལས་ལས་འབྱུང་བར་ཐུབ་པས་གསུངས། །ཞེས་དང་། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུངས། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །ཞེས་དང་། ཨེ་མ་ཧོ། འཇིག་རྟེན་ཐམས་ཅད་ལས་ལས་སྐྱེས། །བདེ་དང་སྡུག་བསྔལ་ལས་ཀྱིས་བྲིས། །རྐྱེན་རྣམས་ཚོགས་ནས་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །ཅེས་དང་། པདྨ་དཀར་པོ་ལས། ལས་ནི་ཀུན་བྱེད་རི་མོ་མཁན་འདྲ་ཞིང་། །ལས་ནི་འདུ་བྱེད་གར་མཁན་ཉིད་དང་འདྲ། །ཞེས་དང་། ལས་རྣམ་པར་འབྱེད་པའི་མདོ་ལས། བྲམ་ཟེའི་ཁྱེའུ་ནེ་ཙོས་ཁྱིམ་བདག་ཏོའུ་ཏ་ཡི་བུ། མཆན།གསོལ་བ། ཀྱཻ་གཽ་ཏ་མ་རྒྱུ་མཐུན་རྐྱེན་ནི་གང་གིས་སེམས་ཅན་རྣམས་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མང་བ་དང་། ནད་ཉུང་བ་དང་། མདོག་སྡུག་པ་དང་། མི་སྡུག་པ་དང་། དབང་ཆེ་བ་དང་། ཆུང་བ་དང་། རིགས་བཙུན་པ་དང་། དམན་པ་དང་། ལོངས་སྤྱོད་ཆེ་བ་དང་། ཆུང་བ་དང་། ཤེས་རབ་ཆེ་བ་དང་། ཆུང་བར་འགྱུར་བར་ཇི་ལྟར་ལགས། བཀའ་སྩལ་བ། བྲམ་ཟེའི་ཁྱེའུ་སེམས་ཅན་རྣམས་ནི་ལས་ལས་གྱུར་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་ཅན། ལས་ལ་བརྟེན་པ་སྟེ། དམན་པ་དང་། མཆོག་དང་། འབྲིང་པོ་དང་། མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོ་རྣམས་སུ་རྣམ་པར་ཕྱེའོ། །སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་པ་དང་། ལྟ་བ་སྣ་ཚོགས་པ་དང་། སྤྱོད་པ་སྣ་ཚོགས་དང་། ཞེས་དང་། ལས་ནག་པོས་ནི་སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེའོ། །ལས་དཀར་པོས་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །དོན་གཅིག་ཏུ་དྲིལ་ན་བདེ་འགྲོ་དང་ངན་འགྲོའི་རྒྱུ་ནི་དགེ་བ་དང་མི་དགེ་བ་གཉིས་ཁོ་ན་ལ་རག་ལས་སོ། །དེ་ཡང་དགེ་བ་ལ་ནི་ག ཉིས་ཡོད་དེ། བསོད་ནམས་ཆ་མཐུན་སྲིད་པའི་བདེ་འབྲས་སྐྱེད་ཙམ་ནས་ཟད་པར་འགྱུར་བ་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་སྟེ་ཐར་པ་དང་མ་འབྲེལ་བ་རྣམས་དང་།ཐར་པ་ཆ་མཐུན་མྱ་ངན་ལས་འདས་པའི་རྒྱུར་མཐུན་པ་རྣམས་སོ། །དེ་ལྟར་ལས་རྒྱུ་འབྲས་ཀྱི་རྣམ་བཞ ག་འདི་ལ་ཡིད་ཆེས་རྙེད་པར་བྱས་ནས་དགེ་སྡིག་གི་ལས་ཕྲ་མོ་ལའང་བླང་དོར་བྱེད་པ་ནི་ཤིན་ཏུ་ངོ་མཚར་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་ཉིད་ཤེས་ནས། །དགེ་བའི་ལས་འབྲས་བརྟེན་བྱེད་པ། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་གདུགས་ཞབས་ཀྱི་བླ་མ། རྒྱལ་ཁམས་ཀྱི་བྱ་བཏང་། རི་ཁྲོད་ཀྱི་ཆོས་པ། དབུ་ཚད་འཆད་པའི་དགེ་བཤེས། འདུལ་བ་འཛིན་པའི་མཁན་པོ། ངེས་མེད་ཀྱི་གཅོད་པ། གཏོ་ཡས་ལ་འབྱམས་པའི་གྲོང་ཆོག་པ་ལ་སོགས་མཆོག་དམན་སུ་ཡིན་ཀྱང་ལས་རྒྱུ་འབྲས་ལ་སྤང་བླང་མི་བྱེད་པ་ནི་དཀོན་མཆོག་གི་བླ་བཙོང་། བསྟན་པའི་རྐང་འདྲེན་ཡིན་ཏེ། ཇི་སྐད་དུ། །ངུར་སྨྲིག་གོས་ཅན་ཞི་ཚུལ་མཛེས་གྱུར་ཀྱང་། །བྱི་ལ་བཞིན་དུ་བསམ་པ་མ་རུང་པའི། །དམ་པའི་གཟུགས་བརྙན་གསོ་རུ་མེད་པ་སྟེ། །མ་མོ་རྣམས་ཀྱི་ཁ་རུ་གདབ་བྱ་ཡིན། །ཁྲི་ཕྲག་དགུ་ཡི་གཙོ་བོར་འདུག་གྱུར་ཀྱང་། །ཁྱབ་འཇུག་བཞིན་དུ་རང་རྒྱུད་མ་ཐུལ་བའི། །ཆགས་སྡང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་དེ། །གཤིན་རྗེ་གཤེད་ཀྱི་ཞལ་དུ་བསྟབ་བྱ་ཡིན། །ཞེས་གསུངས་པ་ལྟར་ངན་སོང་གི་རྒྱུ་བསྒྲུབ་པ་ལས་ལྟར་སྣང་དུ་ཇི་ལྟར་མཛེས་ཀྱང་གཞན་བསླུ་བའི་ཚུལ་འཛིན་ཙམ་ལས་སྙིང་པོ་ཡོད་པ་མིན་ཏེ། ས་པཎ་གྱིས། རི་དྭགས་རྔ་མ་མ་བསྟན་ན། །བོང་ཤ་འཚོང་བར་མི་ནུས་ལྟར། །དེ་བཞིན་བཟང་སྤྱོད་མ་བསྟན་ན། །ལོག་པའི་ཆོས་ཀྱིས་བསླུ་མི་ནུས། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་མགོན་པོ་ཀླུ་སྒྲུབ་ཀྱིས། ལས་ཀྱི་འབྲས་བུ་མེད་ཅེས་པ། །བསོད་ནམས་མ་ཡིན་ངན་སོང་བ། །ཞེས་དང་། འབྲོམ་སྟོན་པས། གསོན་ཚེ་དགེ་སྡིག་གཉིས་པོ་གང་བྱས་པའི། །འབྲས་བུ་ཕྱི་མའི་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་རྫུ་འཕྲུལ་ལ་དབང་འབྱོར་བའི་མཽ་གལ་གྱི་བུ་མུ་སྟེགས་པས་བརྡུངས་ནས་འདས་པ་དང་། དགྲ་བཅོམ་པ་རྒུར་ཆུང་གིས་ཐལ་སྐྱོ་གསོལ་ནས་འདས་པ་དང་། རྒྱལ་པོ་བདེ་སྤྱོད་ཀྱི་བུ་རབ་ནུས་ཀྱིས་མགོན་པོ་ཀླུ་སྒྲུབ་ཀྱི་མགུལ་ལ་ཀུ་ཤ་བརྒྱབ་པས་དབུ་ས་ལ་བྲུལ་ཏེ་འདས་པ་དང་། ཡང་སྔོན་ཁ་ཆེའི་དགེ་སློང་ར་བ་ཏི་ཞེས་བྱ་བ་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ། སློབ་མ་མང་པོ་ཡོད་པ་ཞིག་ནགས་གསེབ་ན་ཆོས་གོས་ངུར་སྨྲིག་ཅིག་འཚོད་ཅིང་ཡོད་ཙ་ན། དེ་དང་ཉེ་བའི་ཁྱིམ་བདག་གཅིག་གིས་བེའུ་སྟོར་ནས་བཙལ་དུ་ཕྱིན་པས། ནགས་གསེབ་ན་དུ་བ་ཅིག་འདུག་ནས་དེར་བལྟར་ཕྱིན་པས་དགེ་སློང་ཞིག་མེ་གཏོང་གིན་འདུག །ཁྱེད་ཅི་བྱེད་པ་ཡིན་བྱས་པས་ཆོས་གོས་འཚོད་པ་ཡིན་ཟེར། ཚོས་ཕྲུ་ཁ་ཕྱེ་ནས་བལྟས་པས་ཤ་རུ་འདུག་པ་ཟེར། ཁོང་རང་གིས་ཀྱང་ཤ་རུ་མཐོང་། དེར་ཁོང་ཁྲིད་ནས་རྒྱལ་པོ་ལ་གཏད་དེ། འདིས་བདག་གི་བེའུ་བརྐུས་པས་ཆད་པ་ཆོད་ཅིག་བྱས་པས། རྒྱལ་པོས་དེ་དོང་དུ་བཅུག དེ་ནས་ཞག་འགའ་ན་ཁོའི་བ་རང་གིས་བེའུ་རྙེད་ནས། དགེ་སློང་དེས་བེའུ་བརྐུས་པར་མི་གདའ་བས་གཏོང་བར་ཞུ་བ་ཕུལ་ན་ཡང་། རྒྱལ་པོ་ཡེངས་ནས་ཟླ་བ་དྲུག་ཏུ་གཏོང་བ་མ་བྱུང་། དེར་ཁོང་རང་གི་སློབ་མ་རྫུ་འཕྲུལ་ཐོབ་པ་མང་པོ་ཡོད་པ་ནམ་མཁའ་ནས་འཕུར་ཏེ་རྒྱལ་པོའི་དྲུང་དུ་འོངས་ནས། དགེ་སློང་འདི་ཡང་དག་པ་ཞིག་ལགས་པས་གཏོང་བར་ཞུ་ཞུས་པས། རྒྱལ་པོ་དགེ་སློང་གཏོང་དུ་བྱོན་པས། དགེ་སློང་འོ་བརྒྱལ་བ་གཟིགས་ནས་ཤིན་ཏུ་འགྱོད་དེ་ངས་བྱ་བ་དེ་འགྱངས་ཆེས། སྡིག་ཆེན་པོ་བསགས་འདུག་ཞུས་པས། མི་སྐྱོན། ང་རང་གིས་ལན་པ་ཡིན་གསུངས། ལས་ཅི་འདྲ་བསགས་ཞུས་པས། སྔོན་རྐུན་པོ་ཞིག་ཏུ་སྐྱེས། དེ་དུས་བེའུ་ཞིག་བརྐུས་པ་བདག་པོས་དེད་ནས་ནགས་གསེབ་ན་རང་སངས་རྒྱས་ཞིག་མཉམ་པར་བཞག་འདུག་པའི་མདུན་དུ་བསྐྱུར་ནས་བྲོས་པས། དེས་རང་སངས་རྒྱས་ཁྲིད་ནས་ཞག་དྲུག་དོང་དུ་བཅུག དེའི་རྣམ་སྨིན་གྱིས་སྐྱེ་བ་མང་པོར་ངན་སོང་གི་སྡུག་བསྔལ་མྱོང་། ཚེ་འདིར་ཡང་སྡུག་བསྔལ་མྱོང་བ་འདི་རྣམ་སྨིན་གྱི་ཐ་མ་ཡིན་གསུངས་སོ། །གཞན་ཡང་དེང་སང་ཁ་ཅིག་གིས་སྟོང་ཉིད་རྟོགས་པས་ཆོག་མོད། དགེ་སྡིག་ལ་བླང་དོར་བྱེད་མི་དགོས་སོ་ཞེ་ན། དེ་འདྲའི་ལོག་རྟོག་ནམ་ཡང་སྨྲ་བར་མི་བྱ་སྟེ། ཀུན་མཁྱེན་ཆེན་པོས། སྟོང་སྐད་ཧད་པོས་རྒྱུ་འབྲས་ཁྱད་བསད་ནས། །བྱར་མེད་ཆོས་ཀྱི་མཐར་ཐུག་ཡིན་སྙམ་ཡང་། །ཚོགས་གཉིས་སྤང་བས་ཉམས་ལེན་སྐལ་བ་ཆད། །ཟུང་འཇུག་བསྒོམས་པ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང་། གྲུབ་ཆེན་བིར་ཝ་པས། འཁོར་བ་དག་ལ་དོགས་པའི་སེམས་མེད་འཇིགས་བྲལ་ཡང་། །སྡིག་པའི་ལས་རྣམས་ཕྲ་མོ་དག་ལ་འཛེམ་པར་བྱ། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས། ཆོས་རྣམས་སྟོང་པ་ཉིད་དུ་རྟོགས་མོད་ཀྱང་། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་མཛོད། །ཅེས་དང་། ཇོ་བོ་རྗེས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་ཆེས་མཛོད། །ཅེས་སོ། །ཁ་ཅིག་གིས་སྟོང་ཉིད་རྟོགས་ན་སྙིང་རྗེ་མི་དགོས་ཞེས་སྨྲ་བ་དང་། ཁ་ཅིག་གིས་ཨ་བུ་ཚོ་བསམ་པ་བཟང་པོའི་སྒོ་ནས་སྙིང་རྗེ་རེ་སྒོམས་དང་། སྟོང་ཉིད་སྒོམ་པ་དོན་མེད་ཡིན་ནོ་ཞེས་སྨྲ་བ་པོ་རྣམས་ནི། མདོ་ལས། ཁྱི་ནི་རུས་པ་སྐམ་པོ་ཁར་བཅུག་ནས། །རང་གི་ཁྲག་ལ་དེ་རུ་མངོན་པར་ཞེན། །དེ་བསྲུང་གཞན་ལ་རབ་ཏུ་སྡང་བ་ལྟར། །འཇིག་རྟེན་ལོག་པར་མངོན་ཞེན་དེ་བཞིན་ནོ། །ཞེས་གསུངས་པར་ཟད་དོ། །དེ་དག་གིས་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་སྟོང་པ་ཉིད་དེ་གཉིས་ཟུང་ཏུ་འཇུག་པའི་ལམ་ཡང་དག་པ་རྙེད་པ་མིན་ཏེ། དཔལ་ས་ར་ཧ་པའི་ཞལ་ནས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་གང་ཞིག །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང་། །འཁོར་བ་འདིར་གནས་ཐར་བ་ཐོབ་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ཐར་འདོད་སྐྱེ་བོ་རྣམས་ཀྱིས་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་འདོད་པའི་ཐབས་སྙིང་རྗེ་ཆེན་པོ་དང་། ཆོས་རྣམས་བདག་མེད་དུ་རྟོགས་པའི་ཤེས་རབ་དང་ལྡན་ན་མཐའ་གཉིས་ལ་མི་གནས་པ་ཡིན་ཏེ། ཤེས་པས་སྲིད་ལ་མི་གནས་སྲིད་མཐའི་འཁྲུལ་བ་བྲལ་བ། སྙིང་རྗེས་ཞི་ལ་མི་གནས་ཞི་མཐར་ཞེན་པ་དག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་རྫོགས་པའི་སངས་རྒྱས་ཐོབ་བྱེད་ཀྱི་རྒྱུ་མ་ནོར་བ་ཡིན་པ་ཤེས་པར་བྱས་ནས་ཉམས་སུ་བླངས་པར་བྱའོ། །

ལྔ་བ་ཐར་བའི་ཕན་ཡོན་ལ་བསམ་པ་ནི། ཀུན་མཁྱེན་འཇིགས་མེད་གླིང་པས། ཉན་ཐོས། རང་རྒྱལ། རྫོགས་པའི་སངས་རྒྱས་གསུམ་གྱི་གོ་འཕང་གང་ཐོབ་ཀྱང་། ཞི་བ་བསིལ་བ། འཁོར་བའི་སྡུག་བསྔལ་གྱི་འཕྲང་ལས་ཐར་པ་ཅན་ཡིན་པས་ང་རེ་དགའ། དེའི་ནང་ཚན་ལས་ཀྱང་ད་རེས་ཐེག་པ་ཆེན་པོ་དང་མཇལ་བས་དགེ་བ་བཅུ་དང་ཚད་མེད་བཞི་དང་ཕར་ཕྱིན་དྲུག་དང་། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། ཞི་ལྷག་གཉིས་ལ་སོགས་པ་ཐམས་ཅད་རྫོགས་པའི་བྱང་ཆུབ་ཁོ་ན་འདོད་པས་བསྒྲུབ་པར་བྱ་སྙམ་དུ་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱིས་རྒྱས་ཐེབས་པའི་དམ་པ་གསུམ་གྱིས་ཟིན་པས་ཉམས་སུ་བླང་ངོ་། །ཞེས་གསུངས་པ་ཡིན་ནོ། །

དྲུག་པ་བཤེས་གཉེན་བསྟེན་པའི་ཚུལ་ལ། གང་ཞིག་བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད། གང་གིས་བསྟེན་པ་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ་དང་།དགོངས་སྤྱོད་བསླབ་པ། དེའི་ཕན་ཡོན་བཤད་པ་དང་ལྔའོ། །དང་པོ་གང་ཞིག་བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད་ལ། སྤང་བླང་གཉིས་ལས། དང་པོ་སྤང་བྱའི་སློབ་དཔོན་ལ། ཀུན་མཁྱེན་འཇིགས་མེད་གླིང་པས། ཤིང་གི་རང་འཐག་ལྟ་བུ། ཁྲོན་པའི་ལག་འགྲོ་ལྟ་བུ། སྨྱོན་པའི་ལམ་མཁན་ལྟ་བུ། ལོང་བའི་དེད་དཔོན་ལྟ་བུ་སྟེ་བཞིར་གསུངས་པ་ཡིན་ཏེ། བྲམ་ཟེ་བཞིན་དུ་ཆོ་རིགས་བསྲུང་བའམ། །བསྟི་གནས་ཉམས་པར་ཏོགས་པའི་རྫིང་བུ་རུ། །ཐོས་བསམ་འབྲས་བུ་གནས་མིན་ཁྲུས་ལ་ཞུགས། །ཤིང་གི་རང་འཐག་ལྟ་་བུའི་ལམ་སྟོན་དང་། །ཞེས་བྲམ་ཟེ་རྣམས་ཀྱིས་ཆོ་རིགས་འབའ་ཞིག་ལ་དོན་དུ་གཉེར་ཞིང་ཆོ་སྟེ་ཞང་པོའི་ཕྱོགས་དང་། རིགས་ནི་ཕའི་ཕྱོགས་ཡིན་ལ། དེ་གཉིས་ཀའི་རང་ལུགས་གང་ཡིན་དམ་པར་བསྲུང་བ་བཞིན་དུ་རང་རྒྱུད་ལ་ཐོས་བསམ་སྒོམ་པའི་ཡོན་ཏན་ཅུང་ཟད་ཙམ་ཡང་མེད་ཀྱང་ང་ནི་བླ་མ་དེ་དང་དེ་ལྟ་བུའི་རྒྱལ་སྲས་སམ་དབོན་པོའམ་གོང་མའི་སྐྱེ་སྲིད་དུ་གདགས་པ་སོགས་ཡིན་པས་གཞན་ལས་ལྷག་ཅིང་ངའི་བརྒྱུད་པ་རྣམས་ཀྱང་དེ་ལྟར་ཡིན་ནོ་སྙམ་དུ་རང་རྒྱུད་ཁེངས་ཤིང་བྲམ་ཟེ་བཞིན་ཆོ་རིགས་ཀྱིས་བསྲུང་བའམ། རང་ཉིད་གང་དུ་བསྟི་བའི་དགོན་གནས་སོགས་ཉམས་པར་དོགས་ཤིང་དཔེར་ན་མི་གཙང་བའི་རྫིང་བུ་རུ་ཁྲུས་བྱས་པ་ན་སླར་ཡང་དྲི་མས་གོས་པར་འགྱུར་བ་ལྟར་ཆོས་བརྒྱད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ་ཐོས་བསམ་སོགས་ཅུང་ཟད་བྱས་ཀྱང་ལྟར་སྣང་ཙམ་ལས་འབྲས་བུ་ཆོས་མ་ཡིན་པའི་སྐྱོན་གྱིས་རང་རྒྱུད་མ་རུང་བར་བྱེད་པས་གནས་མ་ཡིན་པའི་ཁྲུས་ལ་ཞུགས་པ་ཞེས་བྱ་སྟེ། དཔེར་ན་དེ་དང་འདྲ་བའི་ཤིང་གི་རང་འཐག་གིས་འབྲས་བུའི་རིགས་གང་ཡང་མི་ཆོད་པ་བཞིན་དུ་རང་རྒྱུད་མ་རུང་པས་གཞན་རྒྱུད་འདུལ་བར་མི་ནུས་པའི་ཤིང་གི་རང་འཐག་ལྟ་བུའི་ལམ་སྟོན་དང་། གཉིས་པ་ཁྲོན་པའི་ལག་འགྲོ་ལྟ་བུའི་ལམ་སྟོན་ནི། སོ་སོའི་སྐྱེ་བོའི་རང་བཞིན་མ་འགལ་ཡང་། བླུན་པོ་དད་པས་བབ་ཅོལ་གནས་ལ་སྦྱར། །རྙེད་དང་བཀུར་སྟི་མཆོད་པས་ཁེངས་གྱུར་པའི། །ཁྲོན་པའི་ལག་འགྲོ་ལྟ་བུའི་བཤེས་གཉེན་དང་། །ཞེས་སོ། །རང་རྒྱུད་ཉོན་མོངས་པས་གང་ཞིང་སོ་སོའི་སྐྱེ་བོ་ཕལ་པའི་རང་བཞིན་དང་མ་འགལ་ན་ཡང་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཇི་ལྟ་བུ་ཡིན་མི་ཤེས་ཤིང་བླང་དོར་གྱི་མིག་ཟུམ་པའི་བླུན་པོ་མང་པོས་འདི་ནི་ཐུགས་རྗེ་ཡེ་སྤྲུལ་གྱི་གང་ཟག་ཡིན་ནོ་ཞེས་སྒྲོ་བཏགས་ཏེ་དད་པ་བྱས་པས་བརྟགས་དཔྱད་མི་བྱེད་པར་བབ་ཅོལ་དུ་བསྔགས་ཡུལ་ལྟ་བུའི་གནས་ལ་སྦྱར་ནས་གོ་ས་མཐོན་པོར་གྱུར་ཅིང་། དེའི་ཚེ་མི་མཁས་པ་ཕལ་པ་རྣམས་ཀྱང་ལྟར་སྣང་གི་རྗེས་སུ་ཕྱོགས་ཏེ་རྙེད་པ་དང་བཀུར་སྟི་ཆེན་པོས་མཆོད་པ་བྱས་པས་རང་རྒྱུད་ང་རྒྱལ་གྱིས་ཁེངས་ཤིང་དམ་པའི་ཡོན་ཏན་མི་མཐོང་བའི་ཁྲོན་པའི་ལག་འགྲོ་ལྟ་བུ་ཞེས་བྱ་སྟེ། སྔོན་རྒྱ་མཚོར་གནས་པའི་སྦལ་པ་ཞིག་རླབས་ཀྱིས་འཕངས་ནས་ཁྲོན་པ་ཞིག་ཏུ་ཕྱིན་པ་དང་། དེ་ན་སྦལ་པ་ཞིག་ཡོད་པས་ཁྱོད་གང་ནས་འོངས་དྲིས་པས་རྒྱ་མཚོ་ཆེན་པོ་ནས་འོང་ཚུལ་བཤད་པས། ཁྱོད་ཀྱི་རྒྱ་མཚོ་དེ་ཅི་ཙམ་ཡོད་དྲིས་པས་རྒྱ་མཚོ་དེ་ཤིན་དུ་ཆེ་ཟེར། འོ་ན་ངའི་ཁྲོན་པ་འདིའི་བཞི་ཆ་ཙམ་ཡོད་དམ། མི་ཚད་དོ། །འོ་ན་ཕྱེད་ཙམ་མམ། མི་ཚད་དོ། །འོ་ན་ངའི་ཁྲོན་པ་འདི་ཙམ་ཡོད་དམ། མི་ཚད་དོ། །དེ་འདྲ་བ་མང་པོས་དོ་ཟླ་མེད་པའི་གཏམ་བཤད་པས་ཁོ་བསྔངས་ཤིང་བརྒྱལ་བ་སོགས་གསོ་ཐིག་ལས་བཤད་པ་བཞིན་ནོ། །གསུམ་པ་སྨྱོན་པའི་ལམ་མཁན་ལྟ་བུ་ནི། ཐོས་པ་ཉུང་ཞིང་སྡོམ་དང་དམ་ཚིག་འཆལ། །རྒྱུད་ཚོད་དམའ་ལ་ཀུན་སྤྱོད་ས་བླར་གཤེགས། །བྱམས་དང་སྙིང་རྗེའི་དཔྱང་ཐག་ཆད་པ་ཡི། །སྨྱོན་པའི་ལམ་མཁན་རྣམས་ལས་སྡིག་པ་འཕེལ། །ཞེས་སོ། །མདོ་རྒྱུད་ཀྱི་གཞུང་ལ་སྦྱང་བརྩོན་མེད་པས་ཐོས་པ་ཉུང་བ། །གནང་བཀག་གི་མཚམས་མི་ཤེས་ཤིང་ཅུང་ཟད་རེ་ཤེས་ཀྱང་དྲན་དང་ཤེས་བཞིན་མེད་པས་སྡོམ་དང་དམ་ཚིག་འཆལ་བ། རྒྱུད་ཚོད་སོ་སྐྱེས་ལས་དམའ་ཡང་གྲུབ་པའི་མཛད་སྤྱོད་ལྟར་ཀུན་སྤྱོད་ས་བླ་སྟེ་ནམ་མཁར་གཤེགས་ཏེ་མཐོན་པོའི་གོ་ས་འཛིན་པ། ཁོང་ཁྲོ་དང་ཟུར་ཟ་ཆེ་བས་བྱམས་དང་སྙིང་རྗེའི་དཔྱང་ཐག་སྟེ་འཇུ་ཐག་ཆད་པ། དེ་ལྟ་བུ་ནི་སྨྱོན་པའི་མི་ལ་ལམ་མཁན་བྱེད་དུ་བཅུག་ན་གཡང་ས་ལ་སོགས་ལམ་ལོག་ཏུ་འཁྲིད་པར་བྱེད་པ་བཞིན་སྨྱོན་པའི་ལམ་མཁན་ལྟ་བུའི་བཤེས་གཉེན་ཞེས་བྱའོ། །བཞི་པ་ལོང་པའི་དེད་དཔོན་ལྟ་བུའི་བཤེས་གཉེན་ནི། ཁྱད་པར་རང་ལས་ཡོ ན་ཏན་ལྷག་བཅས་མིན། །བྱང་ཆུབ་སེམས་བྲལ་གྲགས་པའི་མཐུས་བསྟེན་ན། །ལོང་བའི་དེད་དཔོན་ནོར་ས་ཆེན་པོ་སྟེ། །ཟོལ་འགྲོགས་མུན་པའི་སྨག་ཏུ་འཁྱམ་པར་འགྱུར། །ཞེས་ཁྱད་པར་སློབ་མ་རང་ལས་ལྷག་པའི་ཡོན་ཏན་ཅུང་ཟད་ཙམ་ཡང་མེད་ཅིང་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་བྲལ་བ། ཚེ་འདིའི་སྙན་པ་དང་གྲགས་པའི་མཐུ་ཆེ་ཙམ་ལ་ཡིད་རྟོན་བྱས་ཏེ་བརྟེན་པ་ནི། དཔེར་ན་མིག་ལོང་པའི་སྐྱེ་བོ་ཞིག་ལ་དེད་དཔོན་བཅོལ་ན་ནོར་བ་ཆེན་པོ་སྟེ། རྒྱ་མཚོར་བྱིང་བའམ་གཡང་སར་ལྕེེབ་པ་ལས་འོས་མེད་པ་བཞིན་དུ་མ་བརྟགས་ཟོལ་གྱིས་བརྟེན་ཞིང་འགྲོག་པར་བྱས་ན་བླང་དོར་གྱི་གནས་མཐོང་བའི་སྐབས་མེད་པའི་མུན་པའི་སྨག་རུམ་དུ་འཁྱམ་པར་འགྱུར་བས་ན་ལོང་བའི་དེད་དཔོན་ཞེས་བྱའོ། །དེ་ལྟར་དམ་པ་མ་ཡིན་པ་སྤང་དགོས་པའི་རྒྱུ་མཚན་བསྟན་པ་ནི། །དེ་ཕྱིར་དམ་པ་ཤིན་ཏུ་མ་བརྟགས་ན། །དད་པ་ཅན་གྱི་དགེ་ཚོགས་ཆུད་གཟན་ཞིང་། །དལ་བ་སྐབས་ཤིག་རྙེད་པ་སྦྲུལ་གདུག་དང་། །ཤིང་གི་གྲིབ་མ་ནོར་བཞིན་བསླུ་བར་འགྱུར། །ཞེས་རྒྱུ་མཚན་དེའི་ཕྱིར་ན་ཆོས་འབྲེལ་མ་ཞུས་པའི་གོང་དུ་དམ་པ་ཡིན་མིན་ཤིན་ཏུ་བརྟགས་དཔྱད་བྱེད་པ་གལ་ཆེ་སྟེ། དེའང་བླ་མ་ནི་སྐྱེ་བ་ནས་ཚེ་རབས་ཐམས་ཅད་ཀྱི་བློ་གཏད་ཞུ་ཞིང་སྤང་བླང་གི་གནས་སྟོན་པ་པོ་ཡིན་པས། ལེགས་པར་མ་བརྟགས་ན་གོང་དུ་བཤད་པའི་ལོག་པའི་བཤེས་གཉེན་དང་འཕྲད་ན་དད་པ་ཅན་གྱི་ཚེ་གཅིག་གི་དགེ་བའི་ཚོགས་ཆུད་གཟན་ཞིང་། ད་རེས་དལ་འབྱོར་གྱི་ལུས་རྟེན་རྙེད་པ་འདི་དོན་མེད་དུ་འགྱུར་བ་ནི། དཔེར་ན་ཤིང་ལྗོན་པའི་དྲུང་ན་སྦྲུལ་གདུག་པ་ཅན་འཁྱིལ་ནས་ཡོད་པ་ལ་ཤིང་གི་གྲིབ་མ་དང་ནོར་ནས་དེ་རུ་སོང་སྟེ་ངལ་གསོས་ན་སྦྲུལ་གྱིས་གསོད་པ་བཞིན་ཐུགས་རྗེའི་བསིལ་གྲིབ་ལ་བརྟེན་ནས་བདེ་བའི་ངལ་བསོ་ཐོབ་པར་འདོད་པ་རྣམས་ཀྱིས་དམ་པ་མ་ཡིན་པ་ལ་བརྟེན་ན་ཉེས་པ་བརྒྱ་ཕྲག་གིས་ཟིན་ནས་ཐར་པའི་སྲོག་འགག་པར་འགྱུར་བས་བསླུ་ཚབ་དེ་ལས་ཆེ་བ་གང་ཡང་མེད་པར་འགྱུར་བ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། བྱམས་དང་སྙིང་རྗེ་ཤེས་རབ་ཐོས་པ་ཆུང་། །ལེ་ལོ་སྙོམས་ལས་མི་ཤེས་ང་རྒྱལ་ཆེ། །ཀོ་ལོང་གདུག་རྩུབ་ཉོན་མོངས་དུག་ལྔ་རགས།། ཚེ་འདི་དོན་གཉེར་ཕྱི་མ་རྒྱང་རིང་འཕངས། །ཆོས་ལྟར་སྟོན་ཡང་ཆོས་མིན་ཟོག་པོའི་རིགས། །མི་གཙང་ཕུང་པོ་ལྟ་བུའི་བླ་མ་ནི། །གདུལ་བྱའི་བུང་བ་མང་ཡང་རིང་དུ་སྤང་། །དད་ལྡན་ལོག་ལམ་ངན་འགྲོར་འཁྲིད་པས་ན། །ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །ཞེས་གསུངས་པ་ཡིན་ནོ། །

གཉིས་པ་བླང་བྱའི་སློབ་དཔོན་ནི། སྡོམ་པ་གསུམ་གྱི་གནང་བཀག་གི་གནས་ལ་འགལ་བ་མ་སོང་བས་རྒྱུད་གཙང་བ། མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་ལ་མ་རྨོངས་པས་ཐོས་པ་ཆེ་བ། མཐའ་ཡས་པའི་སེམས་ཅན་རྣམས་ལ་བུ་གཅིག་པ་ལྟར་བརྩེ་བའི་སྙིང་རྗེས་རྒྱུད་བརླན་པ། ཕྱི་སྡེ་སྣོད་གསུམ་དང་། ནང་གསང་སྔགས་ཀྱི་རྒྱུད་སྡེ་བཞིའི་ཆོ་ག་ལ་མཁས་པ། དོན་ཉམས་སུ་བླངས་པ་ལ་བསྟེན་ནས་རང་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མངོན་དུ་གྱུར་པ། བསྡུ་བའི་དངོས་པོ་བཞིས་སྐལ་བཟང་གི་སློབ་མ་རྗེས་སུ་འཛིན་པའི་ཐབས་ལ་མཁས་པའོ། །ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་མན་ངག་གི་ཟབ་གནད་སྟོན་པའི་བླ་མ་ནི། རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པའི་སྨིན་བྱེད་དབང་གི་ཆུ་བོ་ཟམ་མ་ཆད་པས་རྒྱུད་སྨིན་པ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་གནས་ལ་འགལ་བ་མེད་པ། ཉོན་མོངས་དང་རྣམ་རྟོག་ཆུང་བས་རྒྱུད་ཞི་ཞིང་དུལ་བ། གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་རྒྱུད་དོན་ཐམས་ཅད་ཁོང་དུ་ཆུད་པ། ཡི་དམ་ལྷའི་ཞལ་མཐོང་བ་ལ་སོགས་བསྙེན་སྒྲུབ་ཀྱི་རྟགས་རྫོགས་པ། གནས་ལུགས་ཀྱི་དོན་མངོན་དུ་གྱུར་ནས་རྟོགས་པས་བདག་རྒྱུད་གྲོལ་བ། ཐུགས་རྒྱུད་སྙིང་རྗེས་གང་བས་གཞན་དོན་འབའ་ཞིག་གཉེར་བ། འཇིག་རྟེན་ཚེ་འདིའི་ཞེན་པ་སྤངས་པས་བྱ་བ་ཉུང་ཞིང་། ཕྱི་མ་དང་དུ་ལེན་པས་ནན་ཏན་ཆོས་ལ་སེམས་པ། འཁོར་བ་སྡུག་བསྔལ་དུ་མཐོང་བས་ཐུགས་སྐྱོ་ཤས་ཆེ་ཞིང་གཞན་ཡང་དེ་ལ་བསྐུལ་བ། གང་ལ་གང་འདུལ་གྱི་སྒོ་ནས་སློབ་མ་རྗེས་སུ་འཛིན་པའི་ཐབས་ལ་མཁས་པ། དེའི་སྟེང་དུ་བླ་མའི་བཀའ་བཞིན་བསྒྲུབས་པས་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་ཤིང་བྱིན་རླབས་ཀྱི་ན་བུན་འཐིབས་པ་ཞིག་དགོས་པ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། དབང་དང་སྡོམ་པ་དམ་ཚིག་གཙང་ལྡན་ཞིང་། །རྒྱུད་ལྡན་མན་ངག་རྒྱ་མཚོའི་ཕ་རོལ་ཕྱིན། །བསྙེན་བསྒྲུབ་ལས་སྦྱོར་ཕྲིན་ལས་མངའ་བརྙེས་ཤིང་། །ལྟ་བསྒོམ་སྤྱོད་འབྲས་ཉམས་རྟོགས་དྲོད་ཚད་ཐོབ། བརྩེ་ཆེན་ཐབས་མཁས་གདུལ་བྱ་སྨིན་གྲོལ་འགོད། །བརྒྱུད་པའི་བྱིན་རླབས་སྤྲིན་ཕུང་མ་ཡལ་བ། །དེ་འདྲའི་མཁས་གྲུབ་དཔལ་ལྡན་བླ་མ་བསྟེན། །ཞེས་གསུངས་པ་ལྟ་བུའི་བླ་མ་ནི། དཔེར་ན་ཤེས་རབ་ཟབ་ཅིང་རྒྱ་ཆེ་བའི་བླ་མ་ཀླུ་སྒྲུབ་དང་རོང་ཟོམ་ལྟ་བུ། ཟག་མེད་འཇའ་ལུས་གྲུབ་པའི་བླ་མ་ཤྲཱི་སེང་ཧ་དང་ལྕེ་བཙུན་སེང་གེ་དབང་ཕྱུག་ལྟ་བུ། བརྒྱུད་པའི་བྱིན་རླབས་དང་ལྡན་པའི་བླ་མ་ནཱ་རོ་དང་མི་ལ་ལྟ་བུ། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ཏཻ་ལོ་དང་མར་པ་ལྟ་བུ། མཐར་ཐུག་སྙིང་པོའི་དོན་སྟོན་པའི་བླ་མ་ཀུན་མཁྱེན་ཡབ་སྲས་ལྟ་བུའི་མཁས་ཤིང་གྲུབ་པ་བརྙེས་པ་བཙལ་ནས་བསྟེན་པར་བྱའོ། །གཞན་ཡང་སྤྱི་མདོ་དགོངས་པ་འདུས་པ་ལས། ཕྱི་སྒྲོ་འདོགས་ག ཅོད་པ་ལ་མཁས་པའི་བླ་མ། ནང་གསང་སྔགས་ཀྱི་གདམས་ངག་སྟོན་པ་དྲིན་ཅན་གྱི་བླ་མ། གསང་བ་སེམས་ཉིད་སྐྱེ་བ་མེད་པ་སྟོན་པ་རྩ་བའི་བླ་མ། རང་བཞིན་གཞིའི་བླ་མ། དག་པ་རང་སེམས་ཀྱི་བླ་མ། སྣང་བ་བརྡ་ཡི་བླ་མ། གང་ཟག་བརྒྱུད་པའི་བླ་མ་རྣམས་ལ་འདུས་པའོ། །ཞེས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ནི། ཀུན་མཁྱེན་འཇིགས་མེད་གླིང་པས། སྲིད་པའི་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ། །ལམ་མཆོག་འཁྲུལ་པར་མི་འགྱུར་དེད་དཔོན་དངོས། །ལས་ཉོན་མེ་ཚོགས་འཇོམས་པའི་བདུད་རྩིའི་ཆར། །མ་རིག་མུན་པ་སེལ་བའི་ཉི་ཟླར་མཚུངས། །ཐེག་པ་ཤིན་དུ་ཆེ་བས་ས་གཞི་འདྲ། །ཕན་དང་བདེ་བའི་འབྱུང་གནས་དཔག་བསམ་ཤིང་། །ཆོས་ཀྱི་མཛོད་ལྡན་བུམ་པ་བཟང་པོ་སྟེ། །ཀུན་འབྱུང་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག །ཀུན་ལ་སྙོམས་པར་བྱམས་པས་ཕ་མ་ཡིན། །ཆེ་ཞིང་མྱུར་བའི་སྙིང་རྗེ་ཆུ་ཀླུང་མཚུངས། །འཕོ་འགྱུར་མེད་པའི་དགའ་བ་རི་དབང་འདྲ། །འཁྲུགས་པ་མེད་པའི་བཏང་སྙོམས་ཆར་སྤྲིན་བཞིན། །ཞེས་གསུངས་པ་ལྟར། འཁོར་བའི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་མ་ནོར་བར་སྟོན་པའི་དེད་དཔོན་ལྟ་བུ། ལས་དང་ཉོན་མོངས་པའི་མེ་དཔུང་འབར་བ་གསོད་པའི་བདུད་རྩིའི་ཆར་པ་ལྟ་བུ། མ་རིག་པའི་མུན་པ་སྟུག་པོ་སེལ་ཞིང་ཆོས་ཀྱི་སྣང་བ་འ བྱེད་པ་ཉི་མ་དང་ཟླ་བ་ལྟ་བུ། ལོག་སྒྲུབ་དང་སྐྱོ་ངལ་བཟོད་ཅིང་ལྟ་སྤྱོད་ཀྱི་ཤོང་ཡངས་ཆེ་བས་ས་གཞི་ལྟ་བུ། ཚེ་འདིར་ཕན་པ་དང་ཕྱི་མར་བདེ་བའི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་དཔག་བསམ་གྱི་ཤིང་ལྟ་བུ། ཐེག་པ་དང་གྲུབ་མཐའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་འདོད་དགུའི་བང་མཛོད་དུ་གྱུར་བ་བུམ་པ་བཟང་པོ་ལྟ་བུ། གང་ལ་ཅི་འདོད་པའི་ལས་བཞིའི་ཕྲིན་ལས་རྒྱ་མཚོའི་འབྱུང་གནས་སུ་བཞུགས་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ། མཐའ་ཡས་པའི་སེམས་ཅན་ཀུན་ལ་ཉེ་རིང་དང་ཆགས་སྡང་མེད་པར་སྙོམས་པ་བྱམས་པ་ཕ་མ་ལྟ་བུ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ལ་དམིགས་པས་རྒྱ་ཆེ་ཞིང་། སྡུག་བསྔལ་མགོན་མེད་ཀྱི་སེམས་ཅན་ལ་ལྷག་པར་མྱུར་བའི་སྙིང་རྗེ་ཆུ་ཀླུང་ལྟ་བུ། ཕྲག་དོག་གིས་འཕོ་འགྱུར་མེད་ཅིང་བདེན་འཛིན་གྱི་རླུང་གིས་མི་གཡོ་བའི་དགའ་བ་རི་དབང་ལྟ་བུ། ཆགས་སྡང་གིས་རྒྱུད་མི་འཁྲུགས་པའི་བཏང་སྙོམས་ཆར་སྤྲིན་ལྟ་བུ་ཡིན་ནོ། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས། སྲིད་མཚོ་སྒྲོལ་བའི་གྲུ་ཆེན་མཉན་པ་སྟེ། །ལམ་ཞུགས་རྣམས་ཀྱི་དེད་དཔོན་བླ་ན་མེད། །རྒུད་པ་སེལ་བས་ཡིད་བཞིན་ནོར་བུ་སྟེ། །ལས་དང་ཉོན་མོངས་མེ་འཇིལ་བདུད་རྩིའི་ཆུ། །ཆེས་ཆེར་བསིལ་བས་ཆར་སྤྲིན་བཟང་པོ་སྟེ། །འགྲོ་ཀུན་དགའ་བསྐྱེད་ལྷ་ཡི་རྔ་བོ་ཆེ། །དུག་གསུམ་ནད་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་མུན་སེལ་སྒྲོན་མ་འོད་པོ་ཆེ། །སྐྱེ་དགུའི་བདེ་འབྱུང་དཔག་བསམ་ཤིང་ཆེན་ཏེ། །འདོད་དགུ་ལྷུན་གྲུབ་རིན་ཆེན་བུམ་པ་བཟང་། །བྱམས་ཆེན་ཉི་མ་འོད་ཟེར་དཔག་མེད་དེ། །གདུང་སེལ་ཟླ་བ་ཕན་བདེའི་འོད་དཀར་ཅན། །ཞེས་དང་། སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། གཞན་ཡང་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་བོ་ཆེ་ལྟ་བུའོ། །ཐར་པའི་ལམ་དུ་ཞུགས་པ་རྣམས་ཀྱི་དེད་དཔོན་ལྟ་བུའོ། །སྲིད་པའི་རྒུད་པ་རྣམས་སེལ་བས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །ལས་དང་ཉོན་མོངས་པའི་མེ་འཇིལ་བས་ཆུ་བོ་ལྟ་བུའོ།། ཆོས་ཀྱི་ཆར་ཆེན་འབེབས་པས་སྤྲིན་བཟང་པོ་ལྟ་བུའོ། །འགྲོ་བ་རབ་ཏུ་དགའ་བས་ལྷའི་རྔ་བོ་ཆེ་ལྟ་བུའོ། །ཉོན་མོངས་པའི་ནད་སེལ་བས་སྨན་པའི་རྒྱལ་པོ་ལྟ་བུའོ། །མ་རིག་པའི་མུན་ནག་ཐམས་ཅད་སེལ་བས་སྒྲོན་མ་ལྟ་བུའོ། །འདོད་དགུའི་རེ་བ་རྫོགས་པས་དཔག་བསམ་གྱི་ཤིང་ལྟ་བུའོ། །ཅི་བསམ་པ་ཐམས་ཅད་འགྲུབ་པས་བུམ་པ་བཟང་པོ་ལྟ་བུའོ། །བྱམས་པ་ཚད་མེད་པས་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །ཉོན་མོངས་པའི་གདུང་བ་སེལ་བས་ཟླ་བའི་དཀྱིལ་འཁོར་ལྟ་བུའོ། །ཡོན་ཏན་གྱི་འབྱོར་བ་སྟེར་བས་རྣམ་ཐོས་བུ་ལྟ་བུའོ། །ཞེས་སོ། །དེ་ལྟ་བུའི་བླ་མ་ནི་ཐུགས་རྗེ་དང་བྱིན་རླབས་ཀྱི་ངོས་ནས་སངས་རྒྱས་ཀུན་དང་མཉམ་ཞིང་། སྐུ་མཐོང་བ་དང་། གསུང་ཐོས་པ་དང་། མཛད་སྤྱོད་སོགས་ཡིད་ལ་དྲན་པ་ཙམ་གྱིས་ཉོན་མོངས་པའི་གདུང་བ་སེལ་ཞིང་བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཏུ་འགྱུར་བ་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། དེ་འདྲའི་བླ་མ་སངས་རྒྱས་ཀུན་དང་མཉམ། །གནོད་པ་བྱས་ཀྱང་བདེ་བའི་ལམ་འབྲེལ་ན། །ཟོལ་མེད་དད་པས་བསྟེན་པའི་སྐྱེས་བུ་ལ། །མངོན་མཐོ་ངེས་ལེགས་ཡོན་ཏན་ཆར་བཞིན་འབབས། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་བྱང་ཆུབ་སེམས་དཔའ་གང་ལ་ཕན་པ་བྱས་ན་བདེ་བ་སྟེར་བར་མ་ཟད་བརྙས་པ་ལ་སོགས་པའི་གནོད་པ་བྱས་ཀྱང་བྱང་སེམས་དེ་ཡི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུས། ངན་འབྲེལ་འཁོར་བ་མཐའ་ཅན་དུ་གྱུར་ནས་གནོད་བྱེད་དེ་ཉིད་མཐར་ཐུག་གི་བདེ་བ་དང་འབྲེལ་བར་མཛད་པ་ཡིན་ནོ། །འོ་ན་གོང་དུ་བྱང་སེམས་ལ་ངན་སེམས་བསྐྱེད་ན་དམྱལ་བར་སྐྱེ་བར་གསུངས་པ་དང་། འདིར་གནོད་པ་བྱས་ཀྱང་བདེ་བ་དང་འབྲེལ་བར་བཤད་པ་གཉིས་འགལ་ལོ་ཞེ་ན། དེ་ནི་མི་འགལ་ཏེ། སྔར་ངན་སེམས་བསྐྱེད་པ་དེ་ལ་འགྱོད་ཚངས་མ་བྱས་ན་དུས་ཉེ་བར་ངན་སོང་དུ་ལྟུང་བ་ལ་དགོངས་པ་དང་། འདི་ནི་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལས་མཐར་གནོད་བྱེད་དེ་ཉིད་བདེ་བ་དང་འབྲེལ་བ་ནི་དུས་རིང་བ་ལ་དགོངས་པ་ཡིན་ནོ། །གཉིས་པ་གང་གིས་བསྟེན་པ་སློབ་མའི་མཚན་ཉིད་ལ་སྤང་བླང་གཉིས་ལས། དང་པོ་སྤང་བྱའི་སློབ་མ་ནི། རྒྱུད་ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི།། ཤེས་ཆུང་ཁ་གསག་གདོང་ལྟས་ཆེ། །ཁ་མཁས་ལག་དམ་གཡོ་རྒྱུ་ཆེ། །བླ་མའི་གསུང་བཅག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་བརྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །དོན་དམ་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཞེས་གསུངས་པ་ལྟར། སྐལ་བ་ངན་པའི་སློབ་མ་ཉེས་པ་དུ་མའི་སྣོད་དུ་གྱུར་པ་དད་པ་དང་ངོ་ཚ་མེད་པ། བྱམས་པ་དང་སྙིང་རྗེ་ཆུང་བ། ལེ་ལོ་དང་རྣམ་གཡེང་ཆེ་བ། རྒྱུད་ཉོན་མོངས་པས་གང་ཞིང་། ཀུན་སྤྱོད་ངན་པ། སྡོམ་དང་དམ་ཚིག་མི་སྲུང་བ། ཁོང་ཁྲོ་དང་ཚིག་རྩུབ་ཆེ་བ། ཆོས་མིན་བྱ་བ་ལ་བརྩོ ན་པ། གཡོ་རྒྱུ་ཆེ་ཞིང་ཤེས་རབ་ཆུང་བ་ལ་སོགས་པའི་ཆོས་འཆད་པའི་སྣོད་དུ་མ་གྱུར་བའི་སྐལ་ངན་སློབ་མ་རྣམས་ནི་སྤང་དགོས་པ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། གཞན་དུ་སྐལ་ངན་སློབ་མ་ཉེས་ཀུན་གཞི། །དད་དང་ངོ་ཚ་ཁྲེལ་མེད་སྙིང་རྗེ་ཆུང་། །རིགས་དང་རང་བཞིན་ཀུན་སྤྱོད་སྐལ་བ་ངན། །སེམས་དང་ལས་དང་ཉོན་མོངས་དུག་ལྔ་རགས།། ཆོས་དང་ཆོས་མིན་དགེ་སྡིག་བསླབ་པ་འཆལ། །སྡོམ་དང་དམ་ཚིག་མི་བསྲུང་གཉེན་པོ་མེད། །ཅེས་དང་། བླ་མ་རི་དྭགས་ཆོས་ལ་གླ་རྩི་དང་། །རང་ལ་རྔོན་པ་ནན་ཏན་མདའ་འཕེན་དང་། །ཆོས་གྲུབ་འབྲས་བུ་གཞན་ཏུ་འཚོང་བའི་ཚུལ། །འདུ་ཤེས་ལག་པ་ལྔ་ཡིས་བསྟེན་པ་ནི། །དམ་ཚིག་མེད་པས་འདི་ཕྱིར་སྡུག་བསྔལ་འཐོབ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་བླང་བྱའི་སློབ་མ་ནི། རྒྱུད་རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །ཞེས་དང་། ཀུན་མཁྱེན་ཆེན་པོས། བསྐལ་བཟང་སློབ་མ་དད་དང་ཤེས་རབ་ཆེ། །བརྩོན་འགྲུས་བག་ཡོད་དྲན་དང་ཤེས་བཞིན་ལྡན། །བཀའ་ལས་མི་འདའ་སྡོམ་དང་དམ་ཚིག་བསྲུང་། །སྒོ་གསུམ་དུལ་ཞིང་སྙིང་རྗེ་ཕན་སེམས་ཆེ། །ཁོང་ཡངས་སྤྲོ་རིང་གཏོང་ཕོད་དག་སྣང་ཆེ། །ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། ཁམས་འདུས་དད་པས་གསོ་ནུས་ཤིང་། །རྐྱེན་ངན་གཉེན་པོས་ཐུབ་པས་ན། །ཅི་གསུང་ཚད་མར་བསྒྲུབ་པ་ལ། །ལས་ཅན་གྱི་སློབ་མ་མི་ཟེར་རམ། །ཞེས་གསུངས་པ་བཞིན་ནོ། །གསུམ་པ་ཇི་ལྟར་བསྟེན་པའི་ཚུལ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། ལུས་སྲོག་ལ་མི་བལྟ་བར་གཞོན་ནུ་ནོར་བཟང་གིས་འཕགས་པ་བྱམས་པ་བསྟེན་པའི་ཚུལ་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་སེམས་ཆོས་འཕགས་བསྟེན་པ་དང་། པཎ་ཆེན་ནཱ་རོ་པས་གྲུབ་ཆེན་ཏེ་ལོ་བ་བསྟེན་པ་དང་། རྗེ་བཙུན་མི་ལས་ལྷོ་བྲག་མར་པ་བསྟེན་པ་ལྟ་བུ་ཞིག་དགོས་པ་ཡིན་ཏེ། དེ་ཡང་གཞོན་ནུ་ནོར་བཟང་གིས་འཕགས་པ་བྱམས་པ་བསྟེན་པའི་ཚུལ་ནི། སྔོན་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་ཀྱི་ཚོང་དཔོན་ནོར་རབ་ཏུ་བསྟན་པའི་བུ་ནོར་བཟང་གིས་ལྷོ་ཕྱོགས་ཀྱི་རྒྱུད་ནས་ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་སོང་སྟེ་རྟག་ཏུ་ཆོས་འཚོལ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ལུང་བསྟ ན་ཅིང་བྱིན་གྱིས་བརླབས་པའི་བླ་མ་ལྔ་བཅུ་རྩ་བཞི། དེ་དག་གིས་གདམས་པ་རྗེས་སུ་བསྟན་པའི་བླ་མ་ལྔ་བཅུ་རྩ་བཞི་སྟེ་བརྒྱ་རྩ་བརྒྱད་བསྟེན་པ་ཡིན་ལ། དེ་ཡང་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ནོར་བཟང་གིས་སྨྲས་པ། ཇི་་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི། ཇི་ལྟར་ནན་ཏན་དུ་བགྱི་བ་སོགས་ཞུས་པ་དང་། འཇམ་དཔལ་གྱིས་ལེགས་སོའི་བསྔགས་པ་དང་བཅས་ཏེ་དགེ་བའི་བཤེས་གཉེན་འཚོལ་ཞིང་བརྟེན་པར་གདམས་ནས་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ན་ཡུལ་མི་མོ་གྱ་ནོམ་མཆོག་ཅེས་བྱ་བར། མགུལ་ལེགས་པ་ཞེས་བྱ་བའི་རི་ལ་དགེ་སློང་སྤྲིན་གྱི་དཔལ་ཞེས་པ་འདུག་གི་དེའི་དྲུང་དུ་སོང་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་བསླབ་པ་དྲིས་དང་། དེས་ཁྱོོད་ལ་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་སྟོན་ཏོ་ཞེས་ལུང་བསྟན་པར་བྱས་སོ། །དེ་ནས་ཚོང་དཔོན་གྱི་བུ་ནོར་བཟང་དེས་འཇམ་དཔལ་གྱིས་བསྟན་པ་བཞིན་དུ་དགེ་སློང་སྤྲིན་གྱི་དཔལ་དང་། དེས་ལུང་བསྟན་པའི་དགེ་སློང་རྒྱ་མཚོའི་སྤྲིན་དང་། དེས་ལུང་བསྟན་པ་དགེ་སློང་ཤིན་ཏུ་བརྟན་པ་སོགས་རིམ་བཞིན་བརྟེན་ནས་མཐར་ཁྱེའུ་དཔ ལ་འབྱུང་དང་བུ་མོ་དཔལ་གྱི་བློ་གྲོས་མས་སྨྲས་པ། རིགས་ཀྱི་བུ་ལྷོ་ཕྱོགས་ཀྱི་རྒྱུད་འདི་ཉིད་ཀྱི་ཕྱོགས་ཀྱི་སྒོའི་གནས་རྒྱ་མཚོའི་འགྲམ་ཞེས་བྱ་བར་བཟའ་ཤིང་གི་ར་བ་རྒྱལ་མཚན་ཆེན་པོ་ཞེས་བྱ་བའི་ནང་ན། ཁང་པ་བརྩེགས་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རྒྱན་གྱིས་བརྒྱན་པའི་སྙིང་པོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་དགེ་རྩ་རྣམ་པར་སྨིན་པ་ལས་གྲུབ་པ་དེ་ན་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་བྱ་བ་བཞུགས་ཀྱི་དེའི་གན་དུ་སོང་ལ་བྱང་ཆུ བ་སེམས་དཔའི་སྤྱོད་པ་ཐམས་ཅད་དྲིས་ཤིག་སོགས་གསུངས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་བརྒྱ་དང་བཅུ་བརྟེན་པ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྣ་རེ་རེ་ལས་མ་གསུང་ཞིང་། དེ་ནས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་བྱང་ཆུབ་སེམས་དཔའ་བྱམས་པ་བཞུགས་པའི་དྲུང་དུ་བྱོན་ཚེ་རྗེ་བཙུན་བྱམས་པས་ནོར་བཟང་ལ་བལྟས་ཏེ་འཁོར་རྣམས་ལ་ཕྱག་གཡས་པས་བསྟན་ནས་འདི་སྐད་ཅེས། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་རྣམས་རབ་ཏུ་བསྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོང་། །ཞེས་པ་ལ་སོགས་པ་ཡོན་ཏན་གྱི་བསྔགས་པའི་ཚིགས་སུ་བཅད་པ་སྨྲས་སོ། །དེ་ནས་ནོར་བཟང་བྱམས་པའི་མདུན་དུ་འདུག་སྟེ། འཕགས་པ་བདག་ནི་བླ་མེད་བྱང་ཆུབ་ཏུ་ཞུགས་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་བསླབ་པ་དང་། ཇི་ལྟར་ནན་ཏན་ཏུ་བགྱི་བ་ཞུས་པའི་དོན་ཏུ། དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བལྟས་ཏེ་ཚོང་དཔོན་གྱི་བུ་ནོར་བཟང་བསྟན་ནས་འདི་སྐད་དུ། ཚོང་དཔོན་གྱི་བུ་ནོར་བཟང་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་ཕྱིར་འཇམ་དཔལ་གྱིས་བཏང་ནས་གྲོང་ཁྱེར་དཔལ་གྱི་འབྱུང་གནས་ནས་ཉེ་བར་བཟུང་སྟེ། ལྷོ་ཕྱོགས་ཀྱི་རྒྱུད་ཐམས་ཅད་དུ་བརྒྱུས་ཤིང་དགེ་བའི་བཤེས་གཉེན་བརྒྱ་རྩ་བཅུ་ལ་ཡོངས་སུ་དྲི་བ་བྱས་ནས་མཐའ་མ་ངའི་དྲུང་། འདིའི་བར་དུ་སྐྱོ་བ་མེད་པ་ལྷག་པའི་བསམ་པས་ཕྱིན་པའོ། །ཞེས་གསུངས་སོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བྱང་སེམས་ཆོས་འཕགས་བསྟེན་པའི་ཚུལ་ནི། བྱང་སེམས་རྟག་ཏུ་ངུས་ཤེར་ཕྱིན་འཚོལ་བའི་ཚེ་བར་སྣང་ལས། ཤར་ཕྱོགས་སུ་སོང་ཞིག་ཅེས་ཐོས་པ་ན། བདག་ཇི་སྲིད་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མ་ཐོབ་ཀྱི་བར་དུ་ངལ་དུབ་དང་བཀྲེས་སྐོམ་དང་གཉིད་རྨུགས་དང་ཉིན་མཚན་ལ་སོགས་པ་ཡིད་ལ་མི་བྱེད་པར་གནས་པར་བྱའོ་སྙམ་ནས་དེ་བུ་གཅིག་པུ་ཤི་བའི་མ་བཞིན་དུ་ཡིད་ལ་བྱེད་པ་གཞན་མེད་པར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ནམ་ཐོས་སྙམ་དུ་ཤར་ཕྱོགས་ནས་ཤར་ཕྱོགས་སུ་སོང་ནས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་བའི་ཡོ་བྱད་ཀྱི་ཆེད་དུ་རང་གི་ལུས་ཤ་ཁྲག་བཙོང་བ་དང་། ཚོང་དཔོན་གྱི་བུ་མོ་འཁོར་ལྔ་བརྒྱ་དང་བཅས་པ་ཤར་ཕྱོགས་སུ་སོང་ནས་གྲོང་ཁྱེར་སྤོས་ངད་ལྡན་པ་ན་བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། བྱང་སེམས་དེ་ཉིད་ལོ་བདུན་གྱི་བར་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་ཆོས་སྟོན་པར་གྱུར་པའི་ཚེ། ས་ཕྱོགས་དེའི་དཔག་ཚད་གཅིག་ཚུན་ཆད་ཕྱགས་དར་བྱས་ནས་རྡུལ་མི་ལྡང་བའི་ཆེད་དུ་ཆག་ཆག་གདབ་པར་རྩོམ་པ་ན་བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྣང་བར་བྱས་པས། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་རང་གི་ལུས་ཀྱི་རྩ་ཐམས་ཅད་ཕུག་ནས་ཁྲག་གིས་ཆག་ཆག་བཏབ་པས་ཚོང་དཔོན་གྱི་བུ་མོ་འཁོར་ལྔ་བརྒྱ་དང་བཅས་པས་ཀྱང་རང་རང་གི་ལུས་ཀྱི་རྩ་ཐམས་ཅད་ཕུག་སྟེ་ཁྲག་གིས་ཆག་ཆག་བཏབ་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཁྲག་དེ་ཐམས་ཅད་ལྷ་ཡུལ་གྱི་ཙན་དན་དམར་པོར་བྱིན་གྱིས་རླབས། རྟག་ཏུ་ངུ་འཁོར་དང་བཅས་པས། དེར་སེང་གེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པ་བཤམས་པ་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་བྱོན་ནས་བཞུགས་ཏེ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྟན་པས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་སྟོང་ཕྲག་དྲུག་ཅུ་ཐོབ། སངས་རྒྱས་གྲངས་མེད་པའི་ཞལ་མཐོང་། དེ་ནས་བཟུང་སྟེ་རྨི་ལམ་ན་ཡང་སངས་རྒྱས་མཐོང་བ་དང་མ་བྲལ་ཞིང་། ད་ལྟ་ཡང་རྫོགས་པའི་སངས་རྒྱས་སྒྲ་དབྱངས་མི་ཟད་པ་སྒྲོགས་པའི་དྲུང་ན་བཞུགས་པར་གསུངས་པ་ཡིན་ནོ། །དེ་བཞིན་དུ་ནཱ་རོ་པཎ་ཆེན་གྱིས་ཏེ་ལོ་པ་བསྟེན་པའི་དུས་སུ་ཡང་དཀའ་བ་དཔག་ཏུ་མེད་པ་སྤྱད་པ་ཡིན་ཏེ། དེ་ཡང་ནཱ་རོ་པ་ནི།བྲམ་ཟེའི་རིགས་ལ་རིགས་དཀར་ནག་བརྒྱད་ཡོད་པའི་ནང་ནས། བཟང་ཤོས་ནཱ་རོ་ཏ་པ་ཞེས་བྱ་བའི་རིགས་སུ་འཁྲུངས་ཤིང་།ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། མཚན་ཛྙ་ན་སིདྡྷི་ཞེས་གྲགས་ལ། པཎྜི་ཏར་གྱུར་ཚེ་དཔལ་ནཱ་ལེནྟྲ་ན་མཁས་པ་སྒོ་དྲུག་ཏུ་གྲགས་པ་ཡོད་པའི། ཤར་སྒོ་སྲུང་བ་ཤཱནྟི་པ།ལྷོ་སྒོ་སྲུང་བ་ངག་དབང་གྲགས་པ།ནུབ་སྒོ་སྲུང་བ་ཤེར་འབྱུང་བློ་གྲོས།དབུས་ན་ཛྙཱ་ན་མི་ཏྲ་དང་། བྲམ་ཟེ་རིན་ཆེན་རྡོ་རྗེ་གཉིས་ཡོད་ཅིང་། ནཱ་རོ་པ་བྱང་སྒོ་སྲུང་བའི་པཎ་ཆེན་དུ་གྲགས་པའོ། །དེའི་ཚེ་བདག་ཤེས་བྱ་རིག་པའི་གནས་ལ་མཁས་ཀྱང་། རང་གི་སེམས་པ་འཇོ་བའི་ཡུན་ཙམ་དུའང་མི་གནས་པས་སེམས་ལ་དབང་ཐོབ་པའི་གདམས་ངག་ཅིག་དགོས་པར་འདུག་སྙམ་ནས་གནས་དབེན་པར་དཔལ་འཁོར་ལོ་སྡོམ་པའི་ཉེ་སྙིང་ཡི་གེ་བདུན་པ་ལ་བསྙེན་པ་འབུམ་ཕྲག་བདུན་བྱས་པས། ས་གཡོ་བ་ལ་སོགས་པའི་ལྟས་བྱུང་ནས་ཤར་ཕྱོགས་སུ་བླ་མ་ཏཻ་ལོ་པའི་དྲུང་དུ་སོང་ཤིག་ཅེས་མཁའ་འགྲོ་མས་ལུང་བསྟན་ཏོ། །དེ་ནས་རང་གི་གྲོགས་པོ་ལ་སྦྲན་པས་རིན་ཆེན་རྡོ་རྗེ་ན་རེ། ཁོ་བོ་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ནས།ཀུ་སཱ་ལིའི་རྐང་པ་ལ་ཕྱག་མི་འཚལ་ཟེར་ནས་འགྲོར་མ་ཉན། དེར་སློབ་དཔོན་གྱིས་རྒྱ་གར་ཤར་ཕྱོགས་ཛྭ་ར་བི་ཧ་ར་ཞེས་པ་དེར་བྱོན་ཏེ་མི་ཐམས་ཅད་ལ་ཏཻ་ལོ་པ་ག་ན་ཡོད་ཅེས་དྲིས་པས། ལ་ལ་ན་རེ། རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་ཟེར། ལ་ལ་ན་རེ།རྣལ་འབྱོར་པའི་ཆ་ལུགས་སུ་བཞུགས། རེས་འདིར་འོང་། རེས་བི་ཧ་རིའི་གཙུག་ལག་ཁང་དུ་འགྲོ་བ་ཡིན་ཟེར་ཏེ་མ་རྙེད། ལན་ཅིག་རིམ་ནད་འཕྲོག་པའི་ལྷ་ཁང་ན་ཐམས་ཅད་ཆོས་སྟོན་ཟ་བའི་ཚེ། དགེ་འདུན་གྱི་གྲལ་བྱེད་པའི་ཕྱི་རོལ་ན་མེ་ཕུང་ཡོད་པའི་དྲུང་དུ། མི་སྔོ་བ། རིད་པ། ཉི་ལྷགས་ཀྱིས་ཁྱེར་བ། འདོམ་དཀྲིས་ཀྱི་རས་ཙམ་ལས་གོས་མེད་པ་ཞིག་བྱུང་སྟེ། ཉ་མ་ཤི་བ་ཁ་ཅིག་ཁྱེར་ནས་མེ་གསེབ་ཏུ་བཅུག་ཅིང་བསྲེགས། དེ་ནཱ་རོ་པས་མཐོང་སྟེ། འདི་ལྟར་མ་བྱེད་བྱས་པས། ཉ་བསྲེགས་པ་ཆུར་བཅུག་སྟེ་ཕུས་བཏབ་པས། མ་ཤི་བར་སོས་སོ། །འདི་ནུས་པ་ཐོབ་པ་གཅིག་འདུག་པས། ཏཻ་ལོ་པ་ཡིན་ནམ་སྙམ་པ་དང་།ནཱ་རོ་པ། ང་ཏཻ་ལོ་པ་ཡིན་ཟེར། དེ་ལ་སོགས་པ་མངོན་པར་ཤེས་པ་མང་དུ་གསུངས་པས་ཏཻ་ལོ་པ་ཡིན་པར་ཡིད་ཆེས་ནས་ཕྱི་བཞིན་དུ་འབྲངས་ཏེ་སོང་ཀྱང་ཆོས་ནི་མ་གསུངས། ཉིན་གཅིག་མཁར་ཐོག་བརྩེགས་དགུ་ཡོད་པ་ཞིག་གི་རྩེ་མོར་ཁྲིད་ནས་བླ་མའི་བཀའ་བསྒྲུབ་ཕྱིར་མཁར་འདིའི་རྩེ་ནས་མཆོངས་ནུས་པ་ཡོད་དམ་གསུངས་པས། འདི་ན་མི་གཞན་ནི་སུ་མི་འདུག །ང་རང་ལ་གསུང་པ་ཡིན་སྙམ། མཁར་གྱི་རྩེ་ནས་མཆོངས་པས་ལུས་ཐམས་ཅད་བརྡབ་སྟེ། ན་ཚ་དང་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་། བླ་མ་བྱོན་ནས་ནའམ་གསུངས་པ་ལ། ན་བས་མ་ཚད་རོ་བཞིན་ཐལ་ཞུས་པས་བྱིན་རླབས་མཛད་ནས་ལུས་སྔར་བཞིན་སོས་ཏེ་ཁྲིད་ནས་སོང་། ཡང་ཉིན་གཅིག་ནཱ་རོ་པ་མེ་ཐོངས་ཤིག་གསུངས། མེ་བུས་ཙ་ན་ཁོང་གིས་སྙུག་གཤགས་རིང་པོ་མང་པོ་ལ་སྣུམ་གྱིས་བྱུགས། མེ་ལ་བསྲོས་ནས་ངར་བཏགས་ཏེ། བླ་མའི་བཀའ་བསྒྲུབས་ཕྱིར་འདི་ལྟ་བུའི་དཀའ་བ་ཡང་སྤྱད་དགོས་པ་ཡིན་གསུངས་ནས། སྨྱུག་མ་གཤགས་པ་རྣམས་རྐང་ལག་གི་སེན་བར་ནས་དྲངས་པས་ལུས་ཀྱི་ལྷུ་ཚིགས་ཐམས་ཅད་བརྒྱང་། ན་ཚ་དང་སྡུག་བསྔལ་བཟོད་བླག་མེད་པ་ཞིག་བྱས་ནས་བླ་མ་ག་ཤེད་བྱོན་སོང་། ཞག་ཤས་སོང་འཕྲལ་བླ་མ་བྱོན་ནས་སྨྱུག་མ་རྣམས་བླངས་པའི་ཤུལ་ནས་ཁྲག་དང་ཆུ་སེར་ལ་སོགས་པ་མང་པོ་བྱུང་། ཡང་བྱིན་རླབས་མཛད་ནས་ཁྲིད་དེ་བྱོན། ཉིན་གཅིག་ནཱ་རོ་པ་ང་ལྟོག་གི་འདུག །ཟ་མ་ཞིག་སློང་ལ་ཤོག་གསུངས། ཞིང་ལས་བྱེད་པའི་མི་མང་པོ་ཟ་མ་ཟ་སར་ཕྱིན་ནས་བསླངས་པས་ཐུག་པ་བསྐོལ་བ་ཐོད་ཕོར་གང་བྱིན། ཕྱིར་འོང་ནས་བླ་མ་ལ་དྲངས་པས་ཞིམ་ཞིམ་ལྟར་གསོལ། ཤིན་ཏུ་ཐུགས་དགྱེས་པའི་ཚུལ་བསྟན་པས། ནཱ་རོ་བའི་ཐུགས་དགོངས་ལ་ངས་སྔར་བླ་མའི་ཞབས་ཕྱི་དེ་ཙམ་བསྒྲུབས་ཀྱང་ད་རེས་འདྲ་བའི་ཐུགས་མཉེས་པོ་མ་བྱུང་། ད་དུང་སློང་དུ་ཕྱིན་ན་ཅུང་ཟད་རྙེད་དམ་སྙམ་ནས་ཡང་ཐོད་ཕོར་ཁྱེར་ཏེ་ཕྱིན་པས། ཁོང་རྣམས་ལས་བྱེད་པ་ལ་སོང་། སྔར་གྱི་འཐུང་ལྷག་དེ་གར་བཞག་འདུག་པ་ལ། ད་འདི་ཀར་བརྐུས་པ་དྲག་སྙམ་ནས་ཁྱེར་ཏེ་བྲོས་པས་ཁོང་རྣམས་ཀྱིས་མཐོང་། རྗེས་དེད་ནས་བཟུང་སྟེ་འཆི་ལ་ཐུག་པར་བརྡུང་། ན་ཚ་དཔག་ཏུ་མེད་པ་བྱུང་སྟེ་དེ་ནས་ལྡང་མ་ནུས་པར་ཞག་མང་པོར་ལུས། ཡང་བླ་མ་བྱོན་ནས་བྱིན་རླབས་མཛད་དེ་ཁྲིད་ནས་སོང་། ཉིན་གཅིག་ནཱ་རོ་པ་ང་ལ་ནོར་རྫས་མང་པོ་དགོས་པ་ཡོད་པས་རྐུས་ལ་ཤོག་གསུངས། ཕྱུག་པོ་ཞིག་ལ་རྐུར་ཕྱིན་པས་ཚོར་ནས་བཟུང་སྟེ་ཡང་ཤི་ལ་ཐུག་པར་བརྡུང་། ཞག་ཁ་ཤས་ནས་བླ་མ་བྱོན་ཏེ་ནའམ་གསུངས་པ་ལ་སྔར་ལྟར་ཞུས། བྱིན་རླབས་མཛད་ནས་ཡང་ཁྲིད་དེ་བྱོན་པ་སོགས་དེ་ལྟ་བུའི་དཀའ་ཆེན་བཅུ་གཉིས་དང་། དཀའ་ཕྲན་བཅུ་གཉིས་ཏེ་དཀའ་བ་མི་འདྲ་ཉི་ཤུ་རྩ་བཞི་སྐུ་ལུས་གཅིག་གི་སྟེང་དུ་སྤྱད་པ་ཡིན། དེ་ལྟར་དཀའ་སྤྱད་ཐམས་ཅད་རྫོགས་ནས་ཉིན་གཅིག་ནཱ་རོ་པ་ཁྱོད་སོང་ལ་ཆུ་ལོངས་ཤོག་དང་ངས་མེ་བཏང་ནས་འདུག་གིས་གསུངས། ནཱ་རོ་པས་ཆུ་བླངས་ནས་བྱོན་ཚེ་ཁོང་གིས་མེ་བུས་ནས་འདུག་པ་བཞེངས་ཏེ་ཕྱག་གཡོན་པས་ནཱ་རོའི་ཐོང་རྩ་ནས་བཟུང་ནཱ་རོ་པ་ཐོད་པ་སྟོན་གསུངས་ཏེ། ཕྱག་གཡས་པས་མཆིལ་ལྷམ་ཕུད་པ་བླངས་ནས་དཔྲལ་བར་བརྒྱབས་པས་ནཱ་རོ་པ་ནག་ཐུམ་གྱིས་བརྒྱལ་སོང་། བརྒྱལ་སངས་བ་དང་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་ཐམས་ཅད་ནཱ་རོ་པའི་རྒྱུད་ལ་སྐྱེས་ནས་དཔོན་སློབ་གཉིས་དགོངས་པ་དབྱེར་མེད་དུ་གྱུར་ནས་འདུག །དེ་ལྟར་པཎ་ཆེན་ནཱ་རོ་པས་དཀའ་བ་ཉི་ཤུ་རྩ་བཞི་སྤྱད་པ་དེ་དག་ཀྱང་དོན་ཏུ་བླ་མའི་བཀའ་ལུང་ཡིན་པས་སྒྲིབ་པ་སྦྱང་བའི་ཐབས་སུ་གྱུར་པ་ལས། རྣམ་པ་རང་བཞིན་དོན་མེད་པའི་ངལ་བ་ཁོ་ན་ལས་འདི་ཆོས་སུ་འདུག་སྙམ་པ་གཅིག་ཀྱང་མི་འདུག་ཅིང་བླ་མས་ཀྱང་ཆོས་ཚིག་གཅིག་ཀྱང་མ་གསུང་། སློབ་མས་ཀྱང་ཕྱག་རྡོག་གཅིག་བཙལ་བ་ལྟ་བུའི་ཆོས་ལ་ཉམས་ལེན་མ་བྱས་ཀྱང་གྲུབ་ཐོབ་ཀྱི་བླ་མ་དང་མཇལ་ནས། དཀའ་བ་ཁྱད་དུ་བསད་དེ་ཅི་གསུང་གི་བཀའ་བཞིན་བསྒྲུབས་པས་སྒྲིབ་པ་དག་སྟོབས་ཀྱིས་རྟོགས་པ་རྒྱུད་ལ་སྐྱེས་པ་ཡིན། དེས་ན་བླ་མའི་བཀའ་བཞིན་སྒྲུབ་པ་ལས་ལྷག་པའི་ཆོས་ཀྱི་ཉམས་ལེན་བྱ་བ་ལོགས་ན་ཅི་ཡང་མེད་པར་བླ་མའི་བཀའ་བསྒྲུབ་པ་དེ་ཙམ་དུ་ཕན་ཡོན་ཆེ་བ་ཡིན་ནོ། །རྗེ་བཙུན་མི་ལ་རས་པས་ལྷོ་བྲག་མར་པ་བསྟེན་པའི་ཚུལ་ནི། ཡུལ་མངའ་རིས་གུང་ཐང་གི་མི་ལ་ཤེས་རབ་རྒྱལ་མཚན་གྱི་སྲས་མི་ལ་ཐོས་པ་དགའ་ཞེས་བྱ་བ་རྗེ་བཙུན་མི་ལ་ཡིན་ཏེ། ནོར་རྫས་སོགས་གང་ཡོད་ཁུ་བོ་གཡུང་དྲུང་རྒྱལ་མཚན་གྱིས་ཕྲོག་པའི་ཚེ། ཐོས་པ་དགས་གཙང་གི་གཡུང་སྟོན་ཁྲོ་རྒྱལ་དང་། ལྷ་རྗེ་གནུབ་ཆུང་ལས་མཐུ་དང་སེར་བ་བསླབས་ཏེ་ཁུ་བོའི་བུ་དང་མནའ་མ་ལ་སོགས་མི་མགོ་སུམ་ཅུ་སོ་ལྔ་ཁང་བ་ཞིག་ནས་བསད། ཡུལ་མི་སྤྱིའི་སྡང་པོ་བྱས་པས་སེར་བ་གྱང་རིམ་གསུམ་ཡོད་པ་ཞིག་ཕབ་ནས་སྡིག་པ་ཆེན་པོ་བསགས། དེ་ལ་འགྱོད་ནས་ཆོས་བསྒྲུབ་པའི་ཐུགས་བློ་སྐྱེས་ཏེ་གཡུང་སྟོན་གྱི་བཀའ་བཞིན་རོང་སྟོན་ལྷ་དགའ་ཞེས་བྱ་བའི་དྲུང་དུ་སོང་ནས་སྔོན་གྱི་ལོ་རྒྱུས་རྣམས་ཞིབ་ཏུ་ཞུས་པའི་ཚེ། བླ་མས་ང་ལ་མ་བསྒོམ་པར་སངས་རྒྱས་པའི་ཆོས་རྫོགས་པ་ཆེན་པོའི་གདམས་པ་ཡོད་པས་ཁྱོད་ལ་སྟེར་གསུངས། ཞག་འགའ་སོང་བའི་ཚེ་རོང་སྟོན་ལྷ་དགས་ཁྱོད་སྡིག་པོ་ཆེ་ཡིན་ཟེར་བ་བདེན་པར་འདུག །ངས་ཆོས་ཀྱི་ཁ་ཕོ་དེ་ཡང་ཅུང་ཟད་ཆེས་པས། ད་ངས་ཁྱོད་མི་འདྲོང་བར་འདུག ད་ཁྱོད་རང་ལྷོ་བྲག་གྲོ་བོ་ལུང་ཞེས་བྱ་བའི་དགོན་པ་ན། རྒྱ་གར་གྱི་གྲུབ་ཐོབ་ནཱ་རོ་པའི་དངོས་སློབ། སྐྱེས་མཆོག་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་ཞེས་བྱ་བ་སྔགས་གསར་མའི་གྲུབ་ཐོབ། ས་གསུམ་ན་འགྲན་ཟླ་དང་བྲལ་བ་ཞིག་བཞུགས། དེ་དང་ཁྱོད་རང་ཚེ་སྔ་མ་ནས་ལས་འབྲེལ་འདུག་པས་དེར་སོང་ཞིག་གསུངས། དེར་སྒྲ་སྒྱུར་མར་པའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང་། ལུས་ལ་བ་སྤུ་ཀུན་གཡོ་བའི་བདེ་བ་དང་། མཆི་མ་འཁྲུགས་པའི་མོས་གུས་ཚད་མེད་པ་ཞིག་འཁྲུངས་ཏེ། བླ་མ་དང་མཇལ་ཏེ་ཞལ་མཐོང་བ་ཞིག་ནམ་འོང་ན་བསམ་ཞིང་ཕྱིན་པས། བླ་མ་ཡབ་ཡུམ་ལ་གཟིམས་ལམ་ཁྱད་པར་ཅན་མང་པོ་བྱུང་ནས་རྗེ་བཙུན་འབྱོན་པར་དགོངས་པ་དང་། བླ་མ་མཇལ་བའི་ཚེ་ཞབས་སྤྱི་བོར་བླངས་ཏེ་བླ་མ་ལགས། བདག་ཉི་མ་ལ་སྟོད་ཀྱི་མི་སྡིག་པོ་ཆེ་གཅིག་ལགས་པས། ལུས་ངག་ཡིད་གསུམ་ཀྱང་འབུལ། ལྟོ་གོས་ཆོས་གསུམ་ཀྱང་བླ་མ་ལ་ཞུ། ཚེ་འདིར་འཚང་རྒྱ་བ་ཞིག་ཞུ་ཞུས་པས། སྡིག་པོ་ཆེ་ཡིན་པའི་ཡུས་ང་ལ་མི་འགྲོ། ངའི་ཆེད་དུ་སྡིག་གསོག་ཏུ་བཏང་བ་ནི་མིན། ཁྱོད་ཀྱིས་སྡིག་པ་ཅི་བྱས་གསུངས། རྒྱུ་མཚན་རྒྱས་པར་ཞུས་པས། འདུག གང་ལྟར་ཡང་ལུས་ངག་ཡིད་གསུམ་འབུལ་བ་དེ་བཟང་། ལྟོ་གོས་ཆོས་གསུམ་ཀུན་མི་འོང་། ཡང་ན་ལྟོ་གོས་སྟེར། ཆོས་གཞན་ནས་ཚོལ། ཡང་ན་ཆོས་སྟེར། ལྟོ་གོས་གཞན་ནས་ཚོལ། དེ་གཉིས་འདོམས། ངས་ཆོས་སྟེར་བ་འདོམ་ན་ཚེ་གཅིག་ལ་འཚང་རྒྱ་མི་རྒྱ་ཁྱོད་རང་གི་སྙིང་རུས་ལ་རགས་ལས་གསུངས། འོ་ན་བླ་མའི་དྲུང་དུ་ཆོས་ལ་གཏད་ནས་འོངས་པ་ལགས་པས་ལྟོ་གོས་གཞན་ནས་འཚོལ་བར་ཞུས། དེ་ནས་རིམ་བཞིན་ཤར་གྱི་རི་སྣ་ཞིག་ཏུ་མཁར་ཟླུམ་པོ། ནུབ་ཏུ་ཟླ་གམ། བྱང་དུ་གྲུ་གསུམ་སྟེ་མཁར་གསུམ་བརྩེགས་སུ་བཅུག་ནས་ཐམས་ཅད་ཕྱེད་ཙམ་ལོང་སྐབས་བཀའ་བཀྱོན་དང་བཅས་པས་བཤིགས་ནས་ས་ས་མལ་དང་། རྡོ་རྡོ་མལ་དུ་བསྐྱེལ་བཅུག་པ་དང་། ཤར་ལྷོར་མཁར་གྲུ་བཞི་སྐྱ་བོ་དགུ་ཐོག་གཉྫི་ར་དང་བཅུ་ཐོག་ཡོད་པ་ཞིག་བརྩིགས་སྐབས་བླ་མའི་ཐུགས་སྲས་བུ་ཆེན་གསུམ་གྱིས་སྐུ་རྩེད་ལ་རྡོ་ཆེན་པོ་ཞིག་བསྒྲིལ་བྱུང་བ་ཡང་རྨིང་དུ་བཅུག་ནས་ཐོག་སོ་གཉིས་ཙམ་འབྱོངས་པ་ན་བླ་མ་བྱོན་ཏེ་གཟིགས་ནས་སྔར་གྱི་རྡོ་དེ་ལ་འདི་གང་ནས་བྱུང་གསུངས། རྒྱུ་མཚན་ཞུས་པས། ངའི་བུ་སློབ་རིམ་གཉིས་ཀྱི་རྣལ་འབྱོར་སྒོམ་པ་རྣམས་ཀྱིས་ཁྱོད་ཀྱི་གཡོག་མི་འོང་། རྡོ་འདི་ཐོན་ལ་རང་གནས་སུ་སྐྱོལ་གསུངས། ཡང་མཁར་རྩེ་ནས་བཤིག་ཏེ་རྡོ་བླངས་ནས་རང་གནས་སུ་བསྐྱལ། ཡང་ཁྱོད་རང་གིས་ལོངས་ལ་ཞོག་གསུངས། བླངས་ནས་སྔར་ལྟར་བཞག་སྟེ་བརྩེགས་པས་མཁར་བདུན་ཐོག་ལོངས་པའི་ཚེ་སྐེད་པ་ལ་སྒལ་མིག་ཞིག་བྱུང་། ༈ དེ་དུས་གཙང་རོང་གི་མེས་སྟོན་ཚོན་པོ་བདེ་མཆོག་གི་དབང་མོ་ཆེར་ཞུར་བྱུང་བས།ཡུམ་གྱི་ཞལ་ནས།ཁྱོད་རང་གིས་དབང་ཞིག་ཅིས་ཀྱང་ཐོབ་དགོས་གསུངས།རྗེ་བཙུན་གྱི་ཐུགས་དགོངས་ལ། ངས་འདི་ཙམ་གྱི་མཁར་ཞིག་བརྩིགས་པ་ལ།རྡོ་རྟ་མགོ་ཙམ་ཞིག་ལ་སོགས་སྐྱེད་པའི་གྲོགས་མེད་པར་བརྩིགས་པ་ཡིན་པས། ད་ལན་དབང་བསྐུར་གནང་འོང་སེམས་པ་བྱུང་སྟེ།ཕྱག་བཙལ་ནས་དབང་གྲལ་ལ་བསྡད།བླ་མས་མཐུ་ཆེན་ཁྱོད་ལ་དབང་ཡོན་ཅི་ཡོད་གསུངས།རྗེ་བཙུན་གྱིས། མཁར་གྱི་ཞབས་ཏོག་བསྒྲུབས་པས་དབང་དང་གདམས་པ་གནང་བའི་ཞལ་བཞེས་ཡོད་ཞུས་ཚེ།བླ་མས་བཀའ་བཀྱོན་མང་པོ་གནང་མཐར་དབང་གྲལ་དུ་མ་སྡོད་གསུངས་ནས་རྗེ་བཙུན་ལ་འགྲམ་ལྕགས་བརྒྱབ།སྐྲ་ནས་བཟུང་ཕྱིར་བཏོན་ནོ། །རྗེ་བཙུན་མཚན་ཐོག་ཐག་ཏུ་ངུ་ཞིང་བསྡད།ཡུམ་བྱོན་ནས་སེམས་གསོ་མཛད། ནང་པར་བླ་མ་བྱོན་ནས་ད་ཁྱོད་ཀྱིས་མཁར་གྱི་རྩིག་འཕྲོ་ཞོག་ལ་ཁྱམས་ཀྱི་རྣམ་པའི་ཞོལ་ཀ་བ་བཅུ་གཉིས་གཙང་ཁང་དང་བཅས་པ་ཞིག་རྩིགས་གསུངས། བརྩིགས་པས་ཁྱམས་ལོངས་པའི་ཚེ་་་ཚེ། དོལ་གྱི་མཚུར་སྟོན་དབང་ངེ་གསང་འདུས་ཀྱི་དབང་ཞུར་བྱུང་བས།ཡུམ་གྱི་ཞལ་ནས་ད་ལན་བུས་དབང་ཞིག་ཐོབ་པར་བྱེད་གསུངས་པས། མར་དང་།སྣམ་བུ། ཟངས་ཆུང་གཅིག་གནང་བ་ཕྱག་རྟེན་ལ་ཕུལ་ནས་དབང་གྲལ་ལ་བསྡད།བླ་མའི་ཞལ་ནས་མཐུ་ཆེན་ཁྱོད་ལ་དབང་ཡོན་ཅི་ཡོད་གསུངས།སྣམ་བུ་སོགས་དེ་རྣམས་ཡོད་ཞུས་པས། ངའི་ནོར་གྱིས་ཁྱོད་ཀྱི་དབང་ཡོན་མི་འོང་གསུངས་ནས་བཀའ་བཀྱོན་མང་པོ་གནང་། ཞབས་ཐོས་བརྡུང་ཏེ་གྲལ་ནས་བཏོན་ནོ། །ནང་པར་བླ་མ་བྱོན་ནས། ད་ཁྱོང་རང་གི་བརྩིགས་འཕྲོ་དེ་དག་མཐར་སྐྱོལ་དང་། དེ་ནས་དབང་དང་གདམས་པ་སྟེར་གསུངས། དེ་ནས་མཁར་ལས་བྱས་པས་ཁྱམས་མཐར་པྱིན་དུ་ལོངས་པའི་ཚེ་ཡང་ཚང་ར་ལ་རྒལ་པ་ཞིག་བྱུང་། དེ་ནས་སྐུ་རྒྱབ་ཐམས་ཅད་རྨར་སོང་ནས་སྒལ་མིག་གསུམ་ཀ་ནས་རྣག་ཁྲག་ཟག་པ་དང་། ན་ཚ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་བྱུང་ཡང་། ད་དུང་བཀའ་བཀྱོན་དང་ཕྱག་འབེབས་ཁོ་ན་མཛད་པ་ལ་སོགས་པའོ། །མཐར་བདེ་མཆོག་གི་དབང་བསྐུར་བའི་ཚེ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནས། གསང་མཚན་བཞད་པ་རྡོ་རྗེ་ཞེས་བསྩལ། དབང་དང་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་། དཀའ་སྤྱད་དྲག་པོས་ཉམས་སུ་བླངས་ནས་བསྒྲུབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །དེ་ལྟ་བུའི་སྔོན་བྱོན་པའི་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་བླ་མ་དགེ་བའི་བཤེས་གཉེན་བསྟེན་ཏེ། ཅི་གསུང་གི་བཀའ་བཞིན་དུ་བསྒྲུབས་ནས་དགོངས་པ་དབྱེར་མེད་དུ་གྱུར་པ་ཡིན་ནོ། །གཞན་ཡང་དཔེ་དུ་མ་ལ་བསམས་ཀྱང་བསྟེན་པར་གདམས་པ་ནི། ཀུན་མཁྱེན་ཆེན་པོས། དཀའ་ཐུབ་དཔུང་གཉེན་དཔའ་བོ་རྒྱལ་པོ་དང་། །སློབ་དཔོན་སྨན་པ་ཕན་འདོགས་གྲོགས་ཀྱི་དཔེས། །དགེ་བའི་བཤེས་གཉེན་བསྟེན་ལ་བརྩོན་པར་བྱ། །དེས་ནི་འདི་ཕྱིར་བདེ་ལེགས་ཆོས་འགྲུབ་བོ། །ཞེས་དུས་རྟག་ཏུ་གཡེལ་བ་མེད་པར་གཅེས་སྤྲས་དང་མོས་གུས་ཀྱིས་བསྟེན་པའི་གདམས་ངག་ནི། ཕྱི་རོལ་པས་དོན་མེད་པའི་དཀའ་ཐུབ་མེ་ལྔ་བསྟེན་པ་ལ་སོགས་པ་ལའང་འབད་པ་དྲག་པོ་བྱེད་ན། བདག་གིས་དོན་ཡོད་པ་བདེ་བ་ནས་བདེ་བར་འཁྲིད་པར་བྱེད་པའི་བླ་མ་ལ་མོས་གུས་དང་། བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། འཇིག་རྟེན་པ་རྣམས་དཔུང་གཉེན་གྱི་དོན་དུ་རྗེ་དཔོན་ལ་སོགས་པ་བཀུར་ཞིང་མཆོད་ན། བདག་གིས་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པའི་བླ་མ་ལ་ཅིའི་ཕྱིར་མི་མཆོད་སྙམ་པ་དང་། དར་ཅིག་གི་འཇིག་པས་སྐྲག་པ་རྣམས་དཔའ་བོ་བསྟེན་ན། བདག་གིས་གཏན་གྱི་འཁོར་བ་དང་ངན་སོང་ལས་ཐར་བར་བྱེད་པའི་བླ་མ་ཅིའི་ཕྱིར་མི་བསྟེན་སྙམ་པ་དང་། རྒྱལ་པོ་ལའང་རིན་པོ་ཆེ་དང་། རོལ་མོ་དང་གདུགས་ལ་སོགས་པས་མཆོད་ན། བདག་གིས་ཡུན་གྱི་དོན་སྲིད་ཆེན་པོ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། བཟོ་ལ་སོགས་པ་འཇིག་རྟེན་གྱི་རིག་པ་སློབ་པའི་སློབ་དཔོན་ལའང་བསྙེན་བཀུར་བྱེད་ན། སེམས་ཅན་ལ་སངས་རྒྱས་སྒྲུབ་པ་སྟོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། འདུ་བ་སྙོམས་པའི་སྨན་པའང་མཆོད་ན། དུག་ལྔའི་གཅོང་ནད་འདོན་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཉིན་རེའི་འཇིགས་པ་སྐྱོབ་པའི་སྐྱེལ་མ་ལའང་གཅེས་སྤྲས་ཀྱིས་མཆོད་ན། བདུད་བཞིའི་དགྲ་ལས་སྐྱོབ་པའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་པ་དང་། ཟས་གོས་དང་ནོར་ལ་སོགས་པའི་ཆས་ཅུང་ཟད་ཕན་འདོགས་པ་དེ་དག་གི་ཕྱིར་སྲོག་ཀྱང་གཏོང་བར་ནུས་ན། དགོས་འདོད་ཀྱི་ནོར་བུ་སྟེར་བའི་བླ་མ་ལ་མོས་གུས་དང་བསྙེན་བཀུར་ཅིའི་ཕྱིར་མི་བྱ་སྙམ་ནས་བསྟེན་པའིི་ཚེ་ཡང་དུས་དང་གནས་སྐབས་ཐམས་ཅད་དུ་བྱ་བ་དང་སྤྱོད་པ་ཐམས་ཅད་བླ་མའི་ཐུགས་དང་བསྟུན་ནས་སྒྲུབ་ཅིང་། ཐུགས་དང་འགལ་བའི་ལས་མི་འབྱུང་བར་བསྲུང་བ་ལ་མཁས་པ་དང་། བཀའ་བཀྱོན་དྲག་པོས་ཚར་བཅད་ཀྱང་ཁྲོ་བ་དང་འཁོན་འཛིན་མེད་པ་རྟ་མཆོག་ལྟ་བུ། བླ་མའི་མངགས་གཞུགས་སོགས་ཀྱི་ཕྱིར་དུ་འགྲོ་འོང་གི་གནས་ལ་སྐྱོ་བ་མེད་པ་གྲུ་ལྟ་བུ། ལས་བཟང་པོ་དང་ངན་པ་ཅི་དང་ཅི་ལྟ་བུ་བཀའ་སྩལ་ཀྱང་མི་ཐེག་པ་མེད་པ་ཟམ་པ་ལྟ་བུ། དཀའ་ཚེགས་དང་ཚ་གྲང་ཐམས་ཅད་བཟོད་པ་མགར་བའི་བཟོ་སྟེགས་ལྟ་བུ། ཅི་གསུང་གི་བཀའ་ཉན་པ་བྲན་ཁོལ་ལྟ་བུ། ང་རྒྱལ་སྤངས་ནས་དམན་ས་འཛིན་པ་ཕྱག་དར་བ་ལྟ་བུ། དྲེགས་པ་སྤངས་ནས་ཐམས་ཅད་ལ་གུས་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུས་བླ་མ་བསྟེན་དགོས་པར་མདོ་སྡོང་པོ་བཀོད་པ་ལ་སོགས་པ་ལས་གསུངས་པ་ཡིན་ཏེ། ཡོན་ཏན་མཛོད་ལས། བླ་མ་ཤིན་དུ་སྲུང་བས་མཛངས་པ་དང་། །བཀའ་བཀྱོན་དག་ལ་མི་ཁྲོ་རྟ་མཆོག་བཞིན། །གྲུ་ལྟར་འགྲོ་འོང་གནས་ལ་སྐྱོ་བ་སྤང་། །ཟམ་པ་ལྟ་བུར་བཟང་ངན་ཐམས་ཅད་ཐེག །བཟོ་སྟེགས་བཞིན་དུ་ཚ་གྲང་གང་ཡང་བཟོད། །བཀའ་བཞིན་ཉན་པ་བྲན་ཁོལ་ལྟ་བུ་དང་། །ང་རྒྱལ་སྤངས་པ་ཕྱག་དར་ལྟ་བུ་དང་། །དྲེགས་པ་སྤངས་པ་ཁྱུ་མཆོག་རྭ་ཆད་ལྟར། །བླ་མ་བསྟེན་ཞེས་སྡེ་སྣོད་དག་ལས་གསུངས། །ཞེས་སོ། །གཉིས་པ་བྱེ་བྲག་ལ། བསམ་པའི་སྒོ་ནས་བསྟེན་པ་དང་། སྦྱོར་བའི་སྒོ་ནས་བསྟེན་པའོ། །དང་པོ་བསམ་པའི་སྒོ་ནས་བསྟེན་པ་ནི། རང་རེ་སོ་སོའི་སྐྱེ་བོའི་ལོག་རྟོག་འཁྲུལ་པའི་སྣང་བ་དབྱིངས་སུ་མ་གྲོལ་ཞིང་། སྣང་སྲིད་དག་པ་རབ་འབྱམས་སུ་མ་ཤར་བས་རང་སྣང་འཁྲུལ་པ་ལ་བླ་མའི་སྐྱོན་དུ་བཟུང་ནས་འདི་དང་འདིའོ་ཞེས་སྐྱོན་བརྟགས་པའི་ཉེས་པ་ནི་ཚད་མེད་པ་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐལ་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམ་ནས་རང་གིས་རང་ཉིད་འཆོས། །ཞེས་སྡེ་སྣོད་བཅུ་གཉིས་པོ་བློ་ལ་ཆུབ་ནས་ཁ་ཏོན་དུ་བྱེད་ནུས་ཤིང་བསམ་གཏན་དང་པོའི་སེམས་ཐོབ་པའི་དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བ་ལོག་པར་ལྟ་བའི་སྡིག་པའི་མཐུན་སེམས་རྒྱུད་བཏབ་ནས། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་ཐམས་ཅད་གཡོ་སྒྱུ་འབའ་ཞིག་ཏུ་མཐོ ང་ནས་བསོད་ནམས་ལྷག་མ་མ་ལུས་པར་ཟད་དེ་ངན་སོང་གི་གནས་སུ་སོང་བའི་ཚུལ་ལ་ལེགས་པར་བསམ་ནས་རང་གིས་རང་ཉིད་ཀྱི་ཤེས་རྒྱུད་དགེ་བའི་ལམ་དུ་འཆོས་པ་ནི་གལ་ཆེ་བ་ཡིན་ནོ། །དེ་ཡང་སེམས་ཅན་འཁྲུལ་བའི་སྣང་ངོར་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་ཀྱི་བདག་ཉིད་དུ་མཐོང་བ་ལྟ་ཅི། དེར་མ་ཟད་འཕགས་པ་ཐོག་མེད་ཀྱིས་རྒྱལ་ཚབ་བྱམས་པ་མགོན་པོ་ཁྱི་མོ་ཁོག་སྨད་འབུས་གཡེང་བ་ལ་གཟིགས་པའི་ལོ་རྒྱུས་ལྟ་བུ་ལ་བསམ་ནས་མཛད་སྤྱོད་གང་ལའང་ལོག་པར་ལྟ་བར་མི་བྱ་སྟེ། སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་གྲུབ་ཐོབ་ས་ར་ཧ་པ་ལ་སོགས་ཕལ་མོ་ཆེ་རྣམས་རིགས་འཆོལ་ཞིང་གཙང་བཙོག་མེད་པ་གདོལ་སྤྱོད་མཁན་དུ་སྣང་བ་དང་། གཡུང་པོ་སྟེ་བྲན་དང་ཡང་བྲན་གྱི་ཚུལ་འཛིན་པ་དང་། གཞན་ཡང་རྔོན་པ་དང་། ཉ་པ་དང་། ཤན་པའི་ལས་བྱེད་པ་སོགས་སྡིག་སྤྱོད་ལྟར་སྣང་བས་འཇིག་རྟེན་ཕལ་པའི་སྤྱོད་ཚུལ་ལྟར་ཉམས་པ་ལས་ཀྱང་ཤིན་ཏུ་ཐ་ཆད་ཅིང་ཉམས་པར་སྟོན་པ་ཡོད་དེ། ལུང་དེ་ཉིད་ལས། མཛད་སྤྱོད་གང་ཡང་ལོག་པར་མི་བལྟ་སྟེ། །འཕགས་པའི་ཡུལ་གྱི་དབང་ཕྱུག་ཕལ་མོ་ཆེ། །གདོལ་བ་གཡུང་པོ་སྡིག་སྤྱོད་ཕལ་བའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །ཅེས་པ་ལྟར། མཁས་པ་ཤྲཱི་སེངྷས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཁྱིམ་བཙུན་ཆུང་མ་ཅན་ཞིང་རྨོ་བར་མཐོང་བ་དང་། གྲུབ་ཐོབ་མེ་ཏྲི་བས་ཤ་བ་རི་པ་ཕག་གསོད་པ་སོགས་མི་འཚམས་པའི་ལས་བྱེད་པར་མཐོང་བ་དང་། ནཱ་རོ་པས་ཏེ་ལོ་པ་ཉ་གསོན་བསྲེགས་མཛད་པར་མཐོང་བ་དང་། ཚེམས་བུ་པས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་དང་། རྡོ་རྗེ་དྲིལ་བུ་པས་རྡོ་རྗེ་ཕག་མོ་ཕག་རྫི་མོར་མཐོང་བ་དང་། གཞན་ཡང་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེ་རྣམས་ཀྱི་སྣང་ངོར་རང་གི་རིགས་ལས་ཉམས་ཤིང་གནས་བརྟན་གྱི་སྤྱོད་པ་སྤངས་ནས་སྙུག་མཁན་མོ་དང་ལྷན་ཅིག་ཏུ་སྤྱོད་པ་ལ་ཞུགས་པ་དང་། བྱ་ད་ལི་བ་གྲོང་ཁྱེར་རྣམས་སུ་བྱ་སྣ་ཚོགས་གསོད་པའི་ཚུལ་དང་། སྒེག་མོ་རྡོ་རྗེ་ཆང་ཚོང་མ་འདོད་ཆགས་ཅན་དུ་འབོད་པ་དང་། རིགས་ངན་ཡན་ལག་མེད་པའི་རྡོ་རྗེ་ཕག་རྫི་མོ་དང་ལྷན་ཅིག་སྤྱོད་ལ་ཁྲོ་ཞིང་བརྡེག་པའི་ངང་ཚུལ་ལ་ཞེ་སྡང་ཅན་དུ་སྨྲ་བ་དང་། སློབ་དཔོན་ལཱ་བ་པ་ལ་གཏི་མུག་ཆོས་སུ་སྨྲ་བ་དང་། གྲུབ་ཐོབ་ལུ་ཧི་པས་ཉའི་རྒྱུ་ལྟོ་གསོལ་ཞིང་སྒྲུབ་པ་མཛད་པ་དང་། ག་ཡ་བ་ཏི་གྲོང་ཁྱེར་དུ་གླུ་པའི་ལས་བྱེད་པ་དང་། དཱ་རི་ཀ་པས་སྨད་འཚོང་མའི་གཡོག་བྱེད་པའི་ཚུལ་སྟོན་པ་དང་། ཛ་ལན་དྷ་རི་བ་བྱིས་པའི་སྤྱོད་པས་དུས་འདའ་བ་དང་། བི་ན་ས་པོ་ཝཾ་ལ་ཆགས་ཚུལ་སྟོན་པ་དང་། ཏན་ཏི་བ་ཐག་མཁན་དུ་སྤྱོད་པ་ལ་སོགས་མཛད་སྤྱོད་ལ་ངེས་པ་མེད་པས་དག་སྣང་སྦྱངས་བ་གལ་ཆེ་སྟེ། རྒྱུད་དོན་མདོར་བསྡུས་ལས། བླ་མའི་མཛད་པ་ཐམས་ཅད་ལ། སངས་རྒྱས་མཛད་པ་ཉིད་དུ་བསམས། །གལ་ཏེ་གཟིམས་སམ་བཞེངས་པ་ནི། །འོད་གསལ་སྒྱུ་མར་སྣང་བར་བལྟ། །ཕྱག་དང་བསྐོར་བ་གང་མཛད་ཀྱང་། །སངས་རྒྱས་རོལ་པ་ཉིད་དུ་སྟོན། །གར་དང་རྣམ་འགྱུར་བཞད་པ་ན། །སངས་རྒྱས་དགོངས་པའི་མཛད་པ་ཅན། །ཁྲོ་དང་ཆགས་པ་ཅིར་སྟོན་ཡང་། །སངས་རྒྱས་བྱང་ཆུབ་ཉིད་དུ་བསམས། །མི་བརྒྱ་དུས་གཅིག་བསད་ན་ཡང་། །སངས་རྒྱས་འགྲོ་ལ་ཕན་མཛད་ཉིད། །བཙུན་མོ་བརྒྱ་དང་རོལ་ན་ཡང་། །བདེ་ཆེན་ཡེ་ཤེས་ཕྱག་རྒྱ་ཆེ། །འདོད་པ་འདུན་པ་ཅིར་སྣང་ཡང་། །སངས་རྒྱས་འདོད་པ་བྲལ་བ་ཡིན། །ཐམས་ཅད་སངས་རྒྱས་མཛད་པ་སྟེ། །ཅི་མཛད་མཐོང་བ་ལེགས་པའི་ལམ། །ཅི་གསུང་ཐོས་པ་དམ་པའི་ཆོས། །ཅི་དགོངས་ཐམས་ཅད་མཁྱེན་པའི་དཔལ། །ཞེས་དང་། གཞན་ཡང་ཇི་སྐད་དུ། མཚན་ལྡན་གྱི་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་ཤན་པ་མཛད་ན་ཡང་། །དེ་གས་འཚེངས་ཤིང་དེ་ཀ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང་། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང་། །ཐབས་ཤེས་ཟུང་འཇུག་ཡིན་པའི་བརྡ། །རྫུན་གྱིས་གཞན་མགོ་བསྐོར་ན་ཡང་། །བརྡའ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་བའི་ལམ་སྣ་འདྲེན། །སྐུ་འཕྲོག་ཆོམ་པོ་མཛད་ན་ཡང་། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོའི་ཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུང་བརྡེག་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་སོ། །གཉིས་པ་སྦྱོར་བའི་སྒོ་ནས་བསྟེན་ཚུལ་ལ་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཅུ་ཚན་གསུམ་གྱི་དམ་ཚིག་བསྲུང་མཚམས་དེའི་རྗེས་འབྲེལ་དང་བཅས་པ་ནི། རང་ཤར་གྱི་རྒྱུད་ལས། དང་པོ་སྐུ་ཡི་དམ་ཚིག་ནི། །དང་པོ་ལུས་ཀྱི་བསྲུང་བྱ་བཅུ། །བླ་མའི་གདོང་ནས་འགྲོ་མི་བྱ། །ཅི་ཕྱིར་ཁྲེལ་ནས་རྒྱབ་ཕྱོགས་འདྲ། །ཆོས་མེད་དུད་འགྲོའི་གནས་སུ་སྐྱེ། །བླ་མའི་གཞུག་ནས་འགྲོ་མི་བྱ། །ཅི་ཕྱིར་ཞབས་རྗེས་གནོན་པའོ། །སྐྱབས་མེད་མགོན་དང་བྲལ་བར་སྐྱེ། །བླ་མའི་གཡས་ནས་འགྲོ་མི་བྱ། །ཅི་ཕྱིར་བརྡེག་པའི་སྟབས་སུའོ། །ཚེ་ཐུང་ནད་མང་དམྱལ་བར་ལྷུང་། །དབུ་ཡི་གྲིབ་མ་མནན་མི་བྱ། །ཅི་ཕྱིར་ཁྱད་དུ་བསད་པ་ཡིན། །ངུ་འབོད་ཆེན་པོའི་དམྱལ་བར་ལྟུང་། །དབུ་སྐྲ་རྡོག་པས་བརྫི་མི་བྱ། །ཅི་ཕྱིར་སངས་རྒྱས་གཤུང་བ་འདྲ། །ཐིག་ནག་འདྲ་བའི་དམྱལ་བར་སྐྱེ། །དབུ་སྔས་བཞུགས་གདན་བརྫི་མི་བྱ། །ཅི་ཕྱིར་སངས་རྒྱས་བླ་མེད་སྨད། །ཤལ་མ་རི་ལ་འཛེགས་པ་སྐྱེ། །སྐུ་ལ་མཐོ་ཡིས་གཞལ་མི་བྱ། །ཅི་ཕྱིར་ལག་གིས་བརྒྱབ་དང་མཚུངས། །མདུང་ཐུང་སུམ་བརྒྱས་འཇོམས་པར་འགྱུར། །བླ་མའི་བཞེངས་ཕྱག་ཚུར་མི་བླང་། །མཐོ་རིས་ཐར་བའི་ལམ་སྣ་འགག །འདུ་ཤེས་མེད་པའི་དམྱལ་བར་སྐྱེ། །ཟབ་མོའི་མན་ངག་ཚིག་གསུམ་ཡང་།། མཉན་ནས་དེ་ཡི་གོང་དུ་མིན། །ཤེས་རབ་འཆལ་བའི་འདམ་དུ་འཛུད། །བླ་མའི་ཞལ་དུ་མ་གསོལ་བར། །ལོངས་སྤྱོད་ཟས་ལ་ཕུད་བཅད་ན། །ཤ་ཁྲག་འབར་བའི་ལུས་སུ་སྐྱེ། །གཞན་ཡང་བཞེངས་ཚེ་བསྡད་པ་ན། །མགོ་ལུས་བྲལ་བའི་དམྱལ་བར་སྐྱེ། །བཞུགས་ཚེ་སྟེགས་ལ་བསྡད་པ་ན། །དམྱལ་བ་མགོ་འཕྱང་ལུས་སུ་སྐྱེ། །དེ་རྣམས་སྐུ་ཡི་དམ་ཚིག་བཅུ། །ཉམས་ན་བསྐལ་པ་ཆེན་པོ་གཅིག །ཚ་གྲང་ལས་ཀྱི་དམྱལ་བར་སྐྱེ། །ཉམས་པ་སྐོང་ན་མཆོད་རྟེན་བཞེངས། །བུམ་པར་བླ་མའི་སྐུ་གཟུགས་བཞེངས། །མཆོད་ཅིང་བསྐོར་བ་རྒྱུན་མི་བཅད། །ཅེས་དང་། ངག་གི་སྒོ་ནས་དམ་བཅུ་བསྲུང་། །བླ་མ་སངས་རྒྱས་ཀུན་ལས་ལྷག །དེ་ལ་རྟོག་བཅས་བྱ་མི་རུང་། །རྒྱབ་ནས་འཕྱ་གཏམ་ཟེར་བ་དེ། །སངས་རྒྱས་རྒྱབ་ཀྱིས་ཕྱོགས་པ་ཡིན། །འབྲས་བུ་མེད་པར་ངན་སོང་ལྷུང་། །ལུས་རུལ་མགུལ་འགག་ནད་ཀྱིས་འདེབས། །བླ་མ་བླུན་ཞེས་བརྗོད་མི་རུང་། །བརྗོད་ན་བསྐལ་པ་ཕྲ་མོ་གཅིག །བྱང་ཆུབ་ལམ་དང་ཕྲད་མི་སྲིད། །བླ་མ་ཟོག་ཆེ་བྱ་མི་རུང་། །རལ་གྲི་སོ་མས་ལྕེ་གཏུབས་ནས། །ལྐུག་པའི་གནས་སུ་སྐྱེ་བར་འགྱུར། །བླ་མ་རྡོ་རྗེ་སློབ་དཔོན་ལ། །ཞེ་ལ་འབབ་པའི་ཚིག་མི་སྨྲ། །སྨྲས་ནས་རི་འཐབ་བར་དུ་སྐྱེ། །ལེགས་པར་གསུངས་པའི་བཀའ་མི་བཅག །བཅག་ན་མནར་མེད་གནས་སུ་སྐྱེ། །ངག་ཚིག་བརླང་པོས་ཞེ་འགེམས་ན། །འོ་དོད་འབོད་པའི་གནས་ངན་དུ། །བསྐལ་པ་སྟོང་ཕྲག་དྲུག་ཏུ་གནས། །སྨྲས་པའི་ཚིག་ལ་མི་གནས་པ། །སྡུག་བསྔལ་ལས་ལ་ཡུན་རིང་སྤྱོད། །སྒྲོ་སྐུར་མང་པོ་འདོགས་པ་དེ། །དགེ་སློང་འབུམ་ཕྲག་བསད་དང་མཉམ། །མནར་མེད་དམྱལ་བ་ཁོ་ནར་ལྷུང་། །ཁྱོད་བས་ང་བཟང་ཟེར་བ་དེ། །དམྱལ་བར་བསྐལ་པ་ཡུན་རིང་གནས། །དམོད་པའི་གཡོ་སྒྱུ་སྣ་ཚོགས་སྨྲ། །རྟག་ཏུ་རྐེ་བཅད་དམྱལ་བར་ལྷུང་། །དེ་ཡང་སྐུ་ཡི་དམ་ཚིག་ཡིན། །ཉམས་པ་སྐོང་ན་གཟུངས་སྔགས་འབུམ། །བྲིས་ལ་མཆོད་རྟེན་ནང་དུ་གཞུག། དྲིལ་བུ་ཟུང་འབྲེལ་མང་དུ་བཏག །ཅེས་དང་། ཡིད་ཀྱི་སྒོ་ནས་དམ་བཅུ་བསྲུང་། བླ་མའི་དཀོར་ལ་བརྣབ་སེམས་བྱེད། །ཡི་དྭགས་གནས་སུ་བསྐལ་པ་གཉིས།། བཀྲེས་སྐོམ་མི་བཟོད་མྱོང་བར་འགྱུར། །བླ་མ་དག་ལ་འགྲན་སེམས་བྱེད།། འཁོར་བའི་གཅོང་རོང་ཐར་མེད་དུ། །ཆོས་སྤྱོད་བརྩོན་ཡང་སྐྱེ་བར་འགྱུར། །ཞེ་འགྲས་པ་ཡི་སེམས་བྱེད་ན། །རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་འདོད་ཆགས་ཆེ། །སེམས་ན་ངན་སོང་ཀུན་ཏུ་སྐྱེ། །རྡོ་རྗེ་སློབ་དཔོན་ཞེ་སྡང་ཆེ། །སེམས་ན་དམྱལ་བ་དྲུག་ཅུར་འཚོད། །རྡོ་རྗེ་སློབ་དཔོན་འདུ་ཤེས་ཆུང་། །སེམས་ན་ངུ་འབོད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་གྲོད་པ་ཆེ། །སེམས་ན་མནར་མེད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་ང་རྒྱལ་ཆེ། །སེམས་ན་མཐའ་འཁོབ་གནས་སུ་སྐྱེ། །རྡོ་རྗེ་སློབ་དཔོན་ཁས་ཞན་དུ། །སེམས་ན་བླ་མེད་ལམ་མི་རྙེད། །རྡོ་རྗེ་སློབ་དཔོན་རྐྱེན་བཞིར་༼རྐྱེན་བཞི་ནི། བླ་མ་འདི་འཇིག་རྟེན་གྱི་བྱ་བ་ལ་མི་མཁས་སྙམ་པ་དང་། རང་བས་ན་ཚོད་གཞོན་སྙམ་པ་དང་། བཟའ་ཚོ་ཉེ་འབྲེལ་ཡིན་སྙམ་པ་དང་། རང་བས་རིགས་དམན་པ་ཡིན་སྙམ་པ་སྟེ། ལོག་པའི་འདུ་ཤེས་བཞིའོ། །མཆན།༽ སེམས། །རྟག་ཏུ་བསམ་ངན་མཚང་འབྲུ་བ། །ལྷ་ཀླུ་གདུག་པས་སྲོག་བཅད་ནས། །མྱུར་དུ་དམྱལ་བའི་གནས་སུ་ལྷུང་། །འདི་ཡང་སྐུ་ཡི་དམ་ཚིག་ཡིན། །ཉམས་པ་གསོ་ན་མཚན་གྱི་མཐར། །གསོལ་འདེབས་བསྟོད་པ་བྲིས་པ་འབུམ། །བཤགས་པའི་ཚིག་བྲིས་འབུམ་ཐེར་གཞུག །ལོ་ཟླ་དུས་མཆོད་རྒྱུན་དུ་བཟུང་། །ཞེས་སོ། །གཞན་ཡང་རྨི་ལམ་དུ་བླ་མའི་ཀུན་སྤྱོད་ལ་མ་དད་ནའང་གཉིད་སད་མ་ཐག་ཏུ་བཤགས་དགོས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ།། བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པར་བྱ། །གལ་ཏེ་བཤགས་པར་མ་བྱས་ན། །འདི་ཡང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། །ཉིན་པར་བྱུང་ན་སྐད་ཅིག་གམ་ཐང་ཅིག་གམ་ཉིན་མཚན་མ་འདས་པ་ལ་བཤགས་དགོས་སོ། །བླ་མ་ལ་གཞན་གྱིས་མི་སྙན་པ་བརྗོད་ནའང་དེ་ཉིད་ཐབས་ཀྱིས་བཟློག་ཅིང་། ནུས་པ་མེད་ན་བླ་མའི་ཡོན་ཏན་བསམ་ཞིང་རང་གི་རྣ་བ་མཛུབ་མོས་བཀག་ནས། མི་དེ་ལ་བསྟེན་འདྲེས་དང་བག་ཕེབས་པར་མི་བྱ་སྟེ། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་སྨོད་པ་ན། །ཞུ་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་རན་པས་དགབ་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲེས་གྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། །སྐུ་འདས་པའི་རྗེས་ལའང་། ཚེས་གྲངས་གང་ལ་ཐུགས་འཕོས་པ་དེའི་ཉིན་མཚན་ལ་མཆོད་པ་སོགས་བཀའ་དྲིན་དྲན་པའི་སྒོ་ནས་བྱེད་དགོས་པ་ཡིན་ཏེ། གལ་ཏེ་མ་བྱས་ན། རང་ཤར་གྱི་རྒྱུད་ལས། གཤེགས་ནས་འདས་མཆོད་མི་འབུལ་ན། །རྩ་བའི་ཉམས་པ་ཆེན་པོ་སྟེ། །ངན་སོང་གནས་ནས་ཐར་མི་སྲིད། །དེ་དག་ཉམས་ན་བླ་མའི་སྐུ། །བརྒྱ་རྩ་བཞེངས་ལ་མཆོད་པ་གསུམ། །རྒྱུན་མི་ཆད་པ་ཟླ་དྲུག་འབུལ། །སྐུ་ཡི་མཆོད་པ་ཕྱག་འཚལ་འབུམ། །གསུང་གི་མཆོད་པ་བཤགས་པ་སྟོང་། །ཐུགས་ཀྱི་མཆོད་པ་མར་མེ་བརྒྱ། །དང་པོ་ཟླ་བ་དྲུག་ཏུ་འབུལ། །ཕྱིན་ཆད་དུས་ཀྱི་མཆོད་པ་ཟུངས ། །ཞེས་སོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། དེ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གྲོགས་སུ་གྱུར་པ་ནི་དམ་ཚིག་བསྲུང་བ་ཁོ་ན་ལ་རག་ལས་ཏེ། དེ་མ་བསྲུང་ན་དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་ཐམས་ཅད་ཀྱིས་བྱ་བ་བྱེད་མི་ནུས་པ་བཞིན་ལྷ་བསྒོམ་པ་དང་།སྔགས་བཟླ་བ་ལ་སོགས་དོན་མེད་པར་འགྱུར་བས་ན་ཇི་ལྟར་བསྲུང་བའི་ཚུལ་ནི། གཉིས་པ་བྱེ་བྲག་ཏུ་བཤད་པ་ནི། དེ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གྲོགས་སུ་གྱུར་པ་ནི་དམ་ཚིག་བསྲུང་བ་ཁོ་ན་ལ་རག་ལས་ཏེ། དེ་མ་བསྲུང་ན་དཔེར་ན་སྲོག་གི་དབང་པོ་འགགས་ན་དབང་པོ་གཞན་ཐམས་ཅད་ཀྱིས་བྱ་བ་བྱེད་མི་ནུས་པ་བཞིན་ལྷ་བསྒོམ་པ་དང་།སྔགས་བཟླ་བ་ལ་སོགས་དོན་མེད་པར་འགྱུར་བས་ན་ཇི་ལྟར་བསྲུང་བའི་ཚུལ་ནི། འདིར་རང་བཞིན་རྫོགས་པ་ཆེན་པོའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པ་ལ་བརྟེན་ནས་དོན་བརྒྱུད་ཀྱི་རྟོགས་པ་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བར་བྱེད་པ་ནི་བླ་མ་ཁོ་ན་ལ་རག་ལས་ཏེ། དང་པོ་རྟོག་པ་རྩད་བཅད་པ་དང་།དེ་ནས་སེམས་ཀྱི་མཚང་བཙལ །དེ་ནས་བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སྟེ་སྔོན་འགྲོས་སེམས་ཀྱི་ཁང་བུ་བཤིགས། བར་དུ་དངོས་གཞི་རིག་པའི་རང་ངོ་སྤྲད།རྗེས་ཉམས་ལེན་གྱི་སྐྱོང་ཚུལ་སོགས་ཀྱི་གདོད་མའི་དབྱིངས་སུ་སྐྱེལ་བར་བྱེད་པའི་ཕྱིར། དེ་ལྟ་བུའི་བླ་མ་དེ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་བཞུགས་པས་བླ་མ་དང་དགོངས་པ་དབྱེར་མེད་རྡོ་རྗེ་གསུམ་དང་སྒོ་གསུམ་དབྱེར་མེད་དུ་བསྒྲུབ་པར་བྱ་བའི་ཕྱི་བསྲུང་བྱའི་རྩ་བ་ནི་བླ་མའི་སྐུ་གསུང་ཐུགས་དང་གསུམ་ཡིན་ལ། དེ་བསྲུང་བས་དམ་ཚིག་ཐམས་ཅད་འདུས་པ་ཡིན་ཏེ། ཀློང་གསལ་ལས། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ། །དམ་ཚིག་ཐམས་ཅད་འདུས་པར་བཤད། །ཅེས་པས། སྐུ་ཡི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཡི་དམ་མཁའ་འགྲོ་མཆེད་ལྕམ་རྡོ་རྗེ་སྤུན་དང་། སེམས་ཅན་ཐམས་ཅད་དང་འབྱུང་བ་ལྔ་ལ་སོགས་པ་ཐམས་ཅད་དང་། རང་གི་ལུས་ལ་མ་གུས་པ་དང་། སྲོག་གཅོད་རྐུ་འཕྲོག་བརྡེག་བཙོག་ངན་སྨྲས་ལ་སོགས་པ་དང་། དག་སྣང་ལོག་ཅིང་མི་དགེ་བའི་ལས་སྡིག་པར་གྱུར་པ་ཐམས་ཅད་མི་བྱ་བར། ཕྱི་ནང་སྣོད་བཅུད་རང་ལུས་ཐམས་ཅད་ཡི་དམ་ལྷར་མ་གྱུར་པ་མེད་པས། སྐུ་ཡི་རིགས་སུ་གྱུར་པ་ཐམས་ཅད་ལ་ཕྱག་མཆོད་བསྟོད་པ་ལ་སོགས་པས་དག་སྣང་ཕྱོགས་མེད་དུ་བྱའོ། །གསུང་གི་དམ་ཚིག་ཏུ་རྡོ་རྗེ་སློབ་དཔོན་གྱིས་ཅི་གསུངས་པ་ལས་མི་འདའ་ཞིང་སངས་རྒྱས་ནས་གང་ཟག་ཕལ་པའི་གསུང་རབ་ཡན་ཆོད་ལ་བརྙས་པར་མི་བྱ། འབྱུང་བ་དང་འགྲོ་བའི་སྒྲ་སྐད་ཐམས་ཅད་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱ་བར་སངས་རྒྱས་ཐམས་ཅད་ཀྱི་གསུང་དུ་བསམ་ཏེ་དག་སྣང་དང་མོས་གུས་བྱའོ། །ཐུགས་ཀྱི་དམ་ཚིག་ཏུ་མི་དགེ་བའི་རྟོག་པ་སྐད་ཅིག་མ་ཡན་ཆད་སྤངས་ལ་དགེ་བ་བྱང་ཆུབ་ཀྱི་སེམས་དུས་རྒྱུན་ཆད་མེད་པར་འགྲོ་བ་ཐམས་ཅད་ལ་ཅི་ཕན་དུ་བྱའོ། །སྐུ་ཡི་དམ་ཚིག་ཏུ་ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམ་ཞིང་། གསུང་གི་དམ་ཚིག་ཏུ་ུབཟླས་བརྗོད་མ་བྲལ་བ། ཐུགས་ཀྱི་དམ་ཚིག་ཏུ་རྫོགས་རིམ་གྱི་འཁོར་ལོ་ལས་མི་འདའ་བར་བྱའོ། །དེ་ལྟར་སྐུ་ཡི་དམ་ཚིག་བསྲུང་བའི་གནས་སྐབས་སུ་ལུས་ལ་ནད་མེད་ཅིང་སེམས་ཅན་ལ་ཕན་ཐོག་པས་མཐོང་ན་ཡིད་དུ་འོང་ཞིང་མཐོང་རེག་ཐམས་ཅད་དགེ་བ་ལ་འཁོད་ལ། མཐར་ཐུག་ལུས་ལ་རྡོ་རྗེའི་རྟེན་འབྱོན་ཞིང་གང་ན་བཞུགས་ས་དེར་གཞན་ལ་ཕན་པ། སྐྱེ་བ་འཕོས་ནས་སྤྲུལ་པ་དཔག་ཏུ་མེད་པས་སེམས་ཅན་གྱི་དོན་དུ་བྱེད་ཅིང་། མཚན་དང་དཔེ་བྱད་དུ་འབར་བའི་སྐུས་འགྲོ་བའི་དོན་ཏུ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་ལ་མངའ་བརྙེས་པར་འགྱུར་རོ། །སྐུ་ཡི་དམ་ཚིག་ཉམས་ན། འཁོར་ལོ་རིན་ཆེན་རྣམ་པར་བརྩེགས་པའི་རྒྱུད་ལས། སྐུ་ཡི་དམ་ཚིག་ལས་འདས་ན། །སངས་རྒྱས་སྐུ་ཞེས་ཚིག་དང་བྲལ། །འདི་ལྟར་ཁམས་གསུམ་སེམས་ཅན་རྣམས། །སྲོག་ནི་དུས་གཅིག་བཅད་པ་བས། །ཕས་ཕམ་པ་ནི་སྡིག་མཐའ་ཡས། །ཞེས་གསུངས་པ་ལྟར། གནས་སྐབས་སུ་ཚེ་ཐུང་ཞིང་ནད་མང་ལ། མི་འདོད་པ་ཐམས་ཅད་འབྱུང་ཞིང་མཐོང་རེག་ཐམས་ཅད་ངན་སོང་དུ་སྐྱེ་ལ ། མཐར་ཐུག་རྡོ་རྗེ་དམྱལ་བར་ལུས་ཀྱི་སྡུག་བསྔལ་ལས་ཐར་བའི་དུས་མེད་དོ། །གསུང་གི་དམ་ཚིག་བསྲུང་ན་གནས་སྐབས་སུ་ངག་སྙན་ཞིང་ཐམས་ཅད་ཀྱིས་བདེན་པར་འཛིན་པས་ལྷ་འདྲེ་མི་གསུམ་གྱིས་བཀའ་ཉན་པ། རྒྱུད་ལུང་མན་ངག་ཐམས་ཅད་ཤེས་ཤིང་ཆོས་ཀྱི་ཚིག་སྣ་ཚོགས་རང་རྡོལ་ནས། སྙན་ངག་བསྟན་བཅོས་ཐམས་ཅད་རྩོམ་པར་ནུས་ཤིང་། གསུང་ཐོས་པ་ཐམས་ཅད་ཀྱི་གནོད་འཚེ་ཞི་ནས་བསམ་པ་ཐམས་ཅད་འགྲུབ་ཅིང་སྐྱེ་བ་གཅིག་གིས་གྲོལ་བ། མཐར་ཐུག་གསུང་གི་སྤྲུལ་པས་འགྲོ་བའི་དོན་བྱེད་ཅིང་ཆོས་ཀྱི་འཁོར་ལོ་དྲི་མ་མེད་པར་བསྐོར་བར་འགྱུར་རོ། །གསུང་གི་དམ་ཚིག་ཉམས་ན། དེ་ཉིད་ལས། དེ་བཞིན་གསུང་ནི་ཞིག་པ་ན། །སངས་རྒྱས་གསུང་གི་ཚིག་མི་གནས། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི། །ལྕེ་ཡི་དབང་པོ་དུས་གཅིག་ལ། །བཅད་པའི་སྡིག་བས་འདི་མཐའ་ཡས། །ཞེས་གསུངས་པ་ལྟར། གནས་སྐབས་ལྕེ་འབབ་པའི་འཇིགས་པ་དང་མི་ཁ་ལྡང་ཞིང་གཏམ་གྱི་ཉེས་པས་རང་གཞན་ཐམས་ཅད་ལ་གནོད་ལ། དེའི་ཚིག་ཐོས་པ་ཐམས་ཅད་ཀྱང་བཀྲ་མི་ཤིས་ཤིང་ངན་སོང་དུ་སྐྱེ། མཐར་ཐུག་ལྕེ་ལ་རྨོ་དོར་ལྔ་བརྒྱ་བཙུག་ནས་སྡུག་བསྔལ་བར་འགྱུར་རོ། །ཐུགས་ཀྱི་དམ་ཚིག་བསྲུང་བས་གནས་སྐབས་སུ་ཐུགས་ཀྱི་སྤྲུལ་པས་འགྲོ་བ་འདུལ་ཞིང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བས་འགྲོ་བའི་བསམ་པ་རང་བཞིན་གྱི་བསམ་གཏན་ལ་གནས་པ་འབྱུང་ཞིང་དེ་བཞུགས་པའི་གནས་དེར་ཡང་ཏིང་ངེ་འཛིན་སྐྱེ་ཞིང་ཡུལ་ཕྱོགས་དེའི་སེམས་ཅན་ཐམས་ཅད་བདེ་བ་ཅན་ཏུ་སྐྱེའོ། །མཐར་ཐུག་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འཁོད་ཅིང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པའི་ངང་དུ་མྱ་ངན་ལས་འདའ་འོ། །ཐུགས་ཀྱི་དམ་ཚིག་ཉམས་ན། དེ་ཉིད་ལས། གལ་ཏེ་ཐུགས་ཉམས་གྱུར་པ་ན། །ཁམས་གསུམ་གང་བའི་བསམ་གཏན་པའི། །དོན་ལ་གནས་པའི་དགེ་སློང་རྣམས། །དུས་གཅིག་སེམས་དཀྲུགས་སེམས་སུན་ཕྱུང་། །སྡིག་པ་འདི་ནི་ཕ་མཐའ་ཡས། །ཞེས་གསུངས་པ་ལྟར། གནས་སྐབས་སུ་རྒྱུ་མི་དགེ་བས་རང་གཞན་ཀུན་ལ་གནོད་ཅིང་དེས་གང་ཡིད་ལ་བྱས་པ་དེ་ཡི་བསམ་པ་མི་འགྲུབ་ལ་བཀྲ་མི་ཤིས་ཤིང་ནད་གདོན་དང་སྙིང་རླུང་ལ་སོགས་པ་འབྱུང་། མཐར་ཐུག་ངན་སོང་ལས་ཐར་པའི་སྐབས་མེད་དོ། །དེ་ཕྱིར་སྨིན་བྱེད་དབང་གི་སྡོམ་པ་རྒྱུད་ལ་གནས་པ་ལ་དམ་ཚིག་བསྲུང་དགོས་པས། མི་དགེ་བ་མཐའ་དག་ལས་ལོག་ནས་དགེ་བ་འབའ་ཞིག་སྒྲུབ་པར་བྱའོ། །བཞི་པ་དགོངས་སྤྱོད་བསླབ་པ་ནི། དཔལ་མགོན་བླ་མ་དེ་ཉིད་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བརྟེན་ནས་དགོངས་སྤྱོད་བསླབ་དགོས་པ་ཡིན་ཏེ། ཇི་སྐད་དུ། ནོར་ཇི་ཡོད་འབུལ་བའི་སྙིང་ཁམས་དགོས། །ལས་ཆོས་སུ་མཐོང་བའི་དད་པ་དགོས། །བཀའ་ཇི་ལྟར་བསྩལ་བ་བསྒྲུབ་པ་དགོས། ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། །རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་དང་། །བུང་བས་མེ་ཏོག་བཅུད་ལ་རོ་མྱོང་བཞིན། །རྟག་ཏུ་འགྲོགས་པའི་སྤྱོད་པ་ངོ་མཚར་ཅན། །སྐྱོ་ངལ་མེད་པས་བླ་མའི་ཐུགས་བཟུང་ནས། །དད་པས་ཉེ་བར་ལེན་པས་ཡོན་ཏན་མྱང་། །ཞེས་གསུངས་པ་ལྟར། དཔེར་ན་རྫིང་བུ་མཆོག་ལ་བསྟེན་པའི་ངང་པ་རྣམས་ཀྱིས་རྫིང་བུའི་ཆུ་མི་རྙོགས་པར་དལ་གྱིས་རྩེ་ཞིང་ལོངས་སྤྱོད་པ་དང་། བུང་བ་མེ་ཏོག་གི་ཚལ་དུ་རྒྱུ་བའི་ཚེ། མེ་ཏོག་གི་ཁ་དོག་དང་དྲི་ལ་མི་གནོད་པར་མེ་ཏོག་གི་བཅུད་མྱང་ནས་འགྲོ་བ་འདྲ་བར། སྐྱོ་བ་དང་ངལ་བ་མེད་པར་ཅི་གསུང་བཀའ་བཞིན་བསྒྲུབས་པས་བླ་མའི་ཐུགས་བཟུང་སྟེ། དད་པ་དང་སྙིང་རུས་ཀྱི་ཉེར་ལེན་ལ་བརྟེན་ནས། བླ་མ་དམ་པའི་ཐུགས་རྒྱུད་ན་བཞུགས་པའི་ཐོས་བསམ་བསྒོམས་པའི་ཡོན་ཏན་ཐམས་ཅད་བུམ་པ་ཚད་ལྡན་ནས་ཚད་ལྡན་དུ་བྱོ་བ་བཞིན་དུ་རང་རྒྱུད་ལ་འཕོ་བར་བྱ་དགོས་སོ། །ལྔ་པ་དེའི་ཕན་ཡོན་ལ་གཉིས་ལས། དང་པོ་བསྟེན་པའི་ཕན་ཡོན་ནི། དགོངས་འདུས་ལས། སློབ་དཔོན་དག་ལ་མ་བསྟེན་པར། །སངས་རྒྱས་ནམ་ཡང་མི་འབྱུང་སྟེ། །འབྱུང་བར་ཡང་དག་ངས་མ་མཐོང་། །བྱུང་ན་དམ་པའི་ལུང་དང་འགལ། །ཞེས་པ་དང་། འཁོར་ལོ་བདེ་བའི་རྒྱུད་ལས། དེ་ཕྱིར་ཆོས་ཀུན་རྩ་བར་ནི། །བླ་མ་རྡོ་རྗེ་འཛིན་པར་བཤད། །བླ་མ་དག་ལས་མ་བྱུང་བའི། །དངོས་གྲུབ་རྙེད་པར་འགྱུར་མི་སྲིད། །བླ་མ་ཉིད་ལས་མ་བྱུང་བའི། །སངས་རྒྱས་ཞེས་བྱ་འབྱུང་མི་སྲིད། །སྲིད་པའི་ཁ་ལོ་གྱེན་དུ་ནི། །བླ་མ་མཚན་ཉིད་ལྡན་པས་སྒྱུར། །ཞེས་དང་། དགོངས་འདུས་ལས། གང་འདིར་མུན་པར་འཁྱམས་པ་ལ། །བདེ་ཆེན་སྣང་བའི་ལམ་སྟོན་པ། །སྐྱབས་ཆེན་བླ་མ་དེ་ཉིད་ལས། །གཞན་གྱིས་སྐྱོབས་པར་ནུས་མ་ཡིན། །ཞེས་དང་། བསྐལ་པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་དང་། ཀུན་མཁྱེན་ཆེན་པས། དགེ་སྡིག་སྤང་བླང་ཟབ་མོའི་གནད་སྟོན་ཅིང་། །སྡུག་བསྔལ་ནད་སེལ་མ་རིག་ཐིབས་པོ་སེལ། །ཤེས་རབ་མིག་འབྱེད་ཐར་ལམ་སྣང་བར་བྱེད། །བླ་མ་ལས་གཞན་མེད་ཕྱིར་རྟག་ཏུ་བསྟེན། །ཞེས་དང་། སྡོང་པོ་བཀོད་པ་ལས། དགེ་བའི་བཤེས་གཉེན་ནི་བྱ་བ་དང་མི་བྱ་བ་ཐམས་ཅད་སྟོན་པ། འཇིག་རྟེན་གྱི་གནས་འདོར་བ། སྡིག་ཏོ་དང་བག་མེད་པའི་གནས་ཐམས་ཅད་ལས་བཟློག་པ། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། འཁོར་བའི་གྲོང་ཁྱེར་ནས་འདོན་པ། བདུད་ཀྱི་ཞགས་པ་གཅོད་པ། མ་རིག་པའི་མུན་པ་སེལ་བ། ལྟ་བའི་འཆིང་བ་གཅོད་པ། སྡུག་བསྔལ་གྱི་ཟུག་རྔུ་འབྱིན་པ། མི་ཤེས་པའི་ཐིབས་པོ་སེལ་བ། སྲིད་པའི་ཆུ་བོ་ལས་སྒྲོལ་བ། འདོད་པའི་འདམ་ནས་འབྱིན་པ། བྱང་ཆུབ་སེམས་དཔའི་ལམ་སྟོན་པ། ཞེས་དང་། ཡང་རྣམ་པར་གྲོལ་བའི་ལམ་སྟོན་པ། སྙིང་རྗེ་ཆེན་པོ་བསྐྱེད་པ། ཤེས་རབ་ཀྱི་མིག་སྦྱོང་བ། བྱང་ཆུབ་ཀྱི་སེམས་སྤེལ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ། ཕ་རོལ་ཏུ་ཕྱིན་པའི་གདམས་པ་སྟོན་པ། ས་བཅུའི་གནས་ལ་འགོད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་གནས་པར་བྱེད་པའོ། །ཞེས་སོ། །དེ་ཡང་བླ་མའི་བྱ་བ་ལ་ཡུལ་ཐ་དད་པར་བང་ཆེན་གྱི་མངག་གཞུག་བྱ་བ་དང་། འཕྲལ་ཉེ་བར་མཁོ་བའི་གཡོག་གང་དགོས་སུ་བྱ་བ་དང་། བཞུགས་སར་སྟན་འདིང་བ་དང་། གཤེགས་སར་ཞབས་འབྲིང་བྱ་བ་དང་། ལམ་ཕྱགས་པ་དང་། རང་གི་གོས་སམ་དར་ལམ་ལ་སོགས་པ་བྱ་བ་དང་། སྤོས་ཀྱིས་བསུ་ཞིང་བསྐྱལ་བ་དང་། དྲིས་ཆག་ཆག་བྱ་བ་དང་། གཟིམ་ཁང་ལ་སོགས་པའི་ཉེ་འཁོར་དུ་ཕྱགས་དར་བྱས་པ་སོགས་ལ་ཕན་ཡོན་མཐའ་ཡས་པ་ཐོབ་པ་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། མངག་གཞུག་བང་ཆེན་ཕྱག་དར་ཚུན་ཆད་ཀྱང་། །ངལ་བ་འབྲས་བཅས་ཚོགས་ཀྱི་ལམ་མཆོག་ཡིན། །ཞེས་དང་། རྒྱུད་ལས། བླ་མ་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་དེ་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་པའི་ལམ་དུ་ང་ཡིས་བསྟན། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་དང་། ཡེ་ཤེས་རྒྱ་མཚོ་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པའི་སྐལ་ལྡན་གང་ཡིན་ཏེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །བསྐལ་པ་བྱེ་བ་དྲུག་འབུམ་དུ། །ཕྱག་བྱས་པས་ནི་འདི་དོན་ཆེ། །བླ་མས་བསྒོ་བ་བཞིན་བསྒྲུབ་ན། །འདོད་པ་ཐམས་ཅད་འགྲུབ་པ་དང་། །བསོད་ནམས་དཔག་ཏུ་མེད་པ་ཐོབ། །ཅེས་སོ། །བླ་མ་ལ་ཡོ་བྱད་སྣ་ཚོགས་ཀྱིས་མཆོད་པ་བྱེད་དགོས་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཆོས་ཀྱི་ཚིག་འབྲུ་རེའི་ཡོན་བསྐལ་པ་རེའི་བསྙེན་བཀུར་བྱས་པས་མི་རྫོགས་ན་བླ་མ་ཉིད་ཀྱི་དྲིན་ལྟ་ཅི་སྨོས། ཞེས་གསུངས་སོ། །གཉིས་པ་མཆོད་པའི་ཕན་ཡོན་ཡང་། མེ་ལྕེ་ཕྲེང་བའི་རྒྱུད་ལས། གལ་ཏེ་རྣལ་འབྱོར་བློ་ལྡན་གྱིས། །རང་ཟས་གོས་ལ་གྱོང་བསྐུར་ནས། །བླ་མ་རྡོ་རྗེ་མཆོད་པ་ནི། །ཞིང་གི་ཁོར་ཡུག་རྒྱལ་ཁམས་ན། །དགེ་སློང་དཔག་ཏུ་མེད་པ་ལ། །སྟོན་མོ་ལན་སྟོང་བྱས་པ་བས། །ཟས་སམ་ཡང་ན་གོས་ཀྱང་རུང་། །བླ་མ་ལན་ཅིག་མཆོད་པ་ལ། །བསོད་ནམས་བརྒྱ་ཕྲག་བརྗོད་མི་རྫོགས ། །ཞེས་པ་དང་། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་གིས་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདི་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོས་བསྒྱུར་རྒྱལ་ཐོབ་པར་འགྱུར། །ཞེས་དང་། བཀོད་པ་ཆེན་པོ་ལས། རྟ་དང་གླང་པོ་ནོར་གྱི་དབྱིག །རྒྱལ་སྲིད་བུ་དང་ཆུང་མ་དང་། །གསེར་དངུལ་ཟངས་ལྕགས་རིན་པོ་ཆེ། །བཟའ་བཏུང་དགའ་སྟོན་ན་བཟའ་དང་། །སྙིང་པོ་སྨན་འབྲུ་མེ་ཏོག་དང་། །ཆོས་དང་ཟང་ཟིང་ལོངས་སྤྱོད་རྣམས། །བླ་མ་མཉེས་ཕྱིར་ཡོན་ཏུ་འབུལ། །དེས་ནི་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་ཐོགས་མེད་འགྲུབ། །གལ་ཏེ་དེ་ལྟར་མ་འབྱོར་ན། །ཡིད་ལས་བྱུང་བའི་མཆོད་པའི་ཚོགས། །རང་གི་ལོ་གྲངས་ཙམ་ཕུལ་ན། །འདིས་ཀྱང་བསོད་ནམས་སྔར་དང་མཚུངས། །ཞེས་དང་། གསང་བ་འདུས་པ་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོད་པ་བས། བླ་མའི་བ་སྤུའི་ཁུང་བུ་གཅིག་མཆོད་པ་བསོད་ནམས་ཆེའོ། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། དེ་ལྟར་དངོས་གྲུབ་ལས་ཀྱི་མཐའ། །བླ་མ་བསྟེན་པ་ཉིད་ལས་བྱུང་། །གཞན་གྱིས་དངོས་གྲུབ་ཐོབ་མི་འགྱུར། །དེས་ན་དངོས་གྲུབ་ཀུན་གྱི་དངོས། །གལ་ཏེ་ཙན་དན་ག་བུར་རམ། །དྲི་ཡིས་བླ་མ་མཉེས་བྱས་ན། །བསྐལ་པ་བརྒྱ་ཕྲག་དུ་མར་ནི། །སངས་རྒྱས་ཞིང་ཁམས་འབུམ་ཕྲག་ལ། །མཆོད་ལས་བསོད་ནམས་ཁྱད་པར་འཕགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི། །གཟུགས་སྐུ་སྟོང་ཕྲག་གཞལ་མེད་ལ། །རིན་ཆེན་ལྔ་ཡིས་སྤྲས་པ་བས། །བླ་མའི་སྐྲའམ་བ་སྤུ་ཞིག། རིན་ཆེན་ལྔ་ཡིས་བརྒྱན་པ་ན། །འདི་ནི་བསོད་ནམས་ཕ་མཐའ་ཡས། །ཇི་ལྟར་དགེ་སློང་ཁྲིམས་ལྡན་པ། །འབུམ་ཕྲག་དྲུག་ཅུ་རྩ་གཉིས་ལ། །སྟོན་མོ་ལན་བདུན་བཅུག་པ་བས། །བླ་མའི་ཞལ་དུ་འབྲས་ཆན་འབྲུ། །རྡོག་མ་བདུན་དྲངས་བསོད་ནམས་ལ། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །ཅེས་གསུངས་པ་ཡིན་ནོ། །དེ་ལྟར་ཕུལ་ཀྱང་གཞན་ལ་ངོམ་པ་དང་བགྲང་བ་སོགས་མི་བྱ་སྟེ། ཡེ་ཤེས་དྲི་མེད་ལས། མཚན་ལྡན་བླ་མའི་ཕྱོགས་དག་ཏུ། །བཀུར་སྟི་རིམ་གྲོ་སུས་བྱས་པ། །ཡོངས་སུ་སྒྲོག་དང་བགྲང་མི་བྱ། །གལ་ཏེ་དེ་ལྟར་སུས་བྱེད་པ། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཕྱིར་བླ་མ་མཆོད་པ་ཐ་མ་ཟང་ཟིང་གི་འབུལ་བ་དང་། འབྲིང་ལུས་ངག་ཡིད་གསུམ་གྱི་ཞབས་ཏོག་བསྒྲུབ་པ་དང་། རབ་བསྒྲུབས་པས་མཉེས་པར་བྱེད་པ་དང་གསུམ་ཡིན་ལ། དེ་ཡང་རང་གིས་བྱ་བ་གང་བྱེད་པའི་སྔོན་དུ་བླ་མ་ལ་ཞུས་ཏེ་བྱ་དགོས་ལ། དེས་ནི་ལེགས་པ་སྟོན་ཅིང་ཉེས་པ་ཐམས་ཅད་འགོག་པ་ཡིན་ནོ། །རང་ཉིད་ཉལ་བའི་སྔས་ཀྱང་བླ་མ་བཞུགས་པའི་ཕྱོགས་སུ་སྟོན་པ་དང་། བཟའ་བཏུང་ཅི་ཟ་བ་ན་བླ་མ་དྲན་པས་ཕུད་འབུལ་བ་དང་། བྱ་བ་གང་བྱེད་ཀྱང་བླ་མས་གསུང་འབྱོན་པ་ཡིན་ནོ་སྙམ་སྟེ། ཤེས་བཞིན་གྱིས་དོན་བསྒྲུབ་པ་ལ་འབད་པར་བྱའོ། །

རྩ་བའི་ས་བཅད་གཉིས་པ་ཐུན་མིན་ནང་གི་སྔོན་འགྲོ་ལ། ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ། བདུད་བཞི་ཅིག་ཆར་དུ་གཅོད་པ་ཀུ་སཱ་ལུའི་ཚོགས་བསགས། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བྱ་བའི་ཐབས་ཀྱི་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་དང་དྲུག་ལས། དང་པོ་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ལ། སྐྱབས་སུ་འགྲོ་དགོས་པའི་རྒྱུ་ུམཚན། སྐྱབས་འགྲོ་དངོས་བཤད་པའོ། །དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། དེ་ཡང་ལས་ཉོན་གྱི་དབང་གིས་འཁོར་བའི་གནས་སུ་རྒྱུ་བའི་འགྲོ་བ་རྣམས་ནི་འཇིགས་པ་དུ་མས་མནར་བ་སྟེ། སྤྱིར་ཉན་རང་གི་ལམ་གྱི་མི་མཐུན་པའི་ཕྱོགས་འཁོར་བ་སྡུག་བསྔལ་གྱི་འཇིགས་པ། སྒོས་བྱང་སེམས་ལམ་གྱི་མི་མཐུན་པའི་ཕྱོགས་རང་དོན་ཡིད་བྱེད་ཀྱི་འཇིགས་པ། ཉིང་དགོས་གསང་སྔགས་ལམ་གྱི་མི་མཐུན་པའི་ཕྱོགས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་གསུམ་གྱི་ཆུ་གཏེར་གྱི་རྦ་རླབས་འཁྲུགས་པ་ཅན་ལ་ལྷུང་བའི་དུས་འདིར་དཀོན་མཆོག་གསུམ་པོ་ལ་སྐྱབས་སུ་འགྲོ་བར་རིགས་པ་ནི། ཕྱོགས་ཀྱི་གླང་པོས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་སྣང་བ་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པ། །དེ་རིང་གང་ལ་སྐྱབས་སུ་མཆི། །ཞེས་སོ། །གཉིས་པ་སྐྱབས་འགྲོ་དངོས་བཤད་པ་ལ། སྐྱབས་འགྲོའི་སྒོ་དབྱེ་བ་དད་པ། ཀུན་སློང་གི་ཁྱད་པར། སྐྱབས་སུ་འགྲོ་ཚུལ། བསླབ་བྱ་དང་ཕན་ཡོན་བསྟན་པ་དང་བཞི་ལས།དང་པོ་སྐྱབས་འགྲོའི་སྒོ་དབྱེ་བ་དད་པ་ནི།།དང་པོ་ནི། སྤྱིར་ཆོས་ཐམས་ཅད་ཀྱི་སྒོ་དབྱེ་བ་སྐྱབས་འགྲོ་ཡིན་ལ། སྐྱབས་འགྲོའི་སྒོ་དབྱེ་བ་ནི་དད་པ་ཡིན་པས་སྐྱབས་སུ་འགྲོ་བའི་དང་པོ་རང་རྒྱུད་ལ་དད་པ་བརྟན་པོ་སྐྱེ་བ་གལ་ཆེ། དེ་ཡང་དད་པ་སྐྱེ་བའི་རྒྱུ་ནི་རྣམ་པ་བཞི་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། །དད་པ་སྐྱེ་བའི་རྒྱུ་ནི་བཞི་ཡིན་ཏེ། །དམ་པ་བརྟེན་དང་དམ་པའི་གྲོགས་དང་འགྲོགས། །དཀོན་མཆོག་རྗེས་སུ་དྲན་དང་འཁོར་བ་ལ། །སྙིང་པོ་མེད་པའི་ཉེས་དམིགས་བསམ་ལས་སྐྱེ། ཞེས་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། ཆོས་སྒྲུབ་པའི་གང་ཟག་དང་འགྲོག་པ། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པ། འཁོར་བ་སྙིང་པོ་མེད་པའི་ཉེས་དམིགས་བསམ་པ་ལས་སྐྱེ་བ་ཡིན་ནོ། །ཇི་སྐད་དུ། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང་། །དེ ལས་སྐྱོབས་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་དད་པ་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་བཞེད། །ཅེས་སོ། །དད་པ་དེ་ལའང་ནང་གསེས་ཀྱིས་དབྱེ་ན་དྲུག་ཡོད་དེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །མོས་པའི་དད་པས་ཡུལ་མཆོག་སེམས་རབ་གཞོལ། །གུས་པའི་དད་པས་བག་ཡོད་མཆོག་དང་ལྡན། །དངས་བའི་དད་པས་ཡོན་ཏན་སེམས་རབ་དྭངས། །ཡིད་ཆེས་དད་པས་ཆོས་ལ་ཐེ་ཚོམ་ཟད། །ངེས་སེམས་དད་པས་ཐོས་བསམ་བསྒོམས་པ་ཡི། །ཆོས་མཆོག་རྣམས་ལ་ལྷག་པར་དད་པའོ། །ཞེས་འདོད་པའི་དད་པས་འཁོར་འདས་བླང་དོར་དུ་འདོད་པ་དང་། མོས་པའི་དད་པས་བླ་མ་དང་དཀོན་མཆོག་ལ་སེམས་རབ་ཏུ་དགའ་བ་དང་། གུས་པའི་དད་པས་དངས་བ་ལ་བརྟེན་ནས་བག་ཡོད་པར་བཀའ་ལས་མི་འདའ་བ་དང་། དངས་བའི་དད་པས་ཡུལ་གོང་མ་རྣམས་ཀྱི་ཡོན་ཏན་ལ་སེམས་མངོན་པར་དད་པ་དང་། ཡིད་ཆེས་པའི་དད་པས་གཞི་ལམ་འབྲས་བུའི་ཆོས་རྣམས་ལ་ཐེ་ཚོམ་མེད་པ་དང་། ཆོས་ཟབ་མོར་ངེས་པར་སེམས་པའི་དད་པས་ངེས་དོན་ཆོས་ཉིད་ཀྱི་དོན་འདོད་པ་ཡིན་ནོ། །བསྡུ་ན་གསུམ་དུ་འདུ་བ་ཡིན་ཏེ། དཀོན་མཆོག་གསུམ་ལ་རབ་ཏུ་དངས་བ་དང་། བདེན་པ་བཞི་ལ་བླང་དོར་དུ་འདོད་པ་དང་། ལས་རྒྱུ་འབྲས་ལ་ཡིད་ཆེས་པའི་དད་པ་སྟེ། དཔེར་ན་དངས་བའི་དད་པ་བུ་ཆུང་གིས་མ་མཐོང་བ་ལྟ་བུ། འདོད་པའི་དད་པ་བཀྲེས་པས་ཟས་འདོད་པ་ལྟ་བུ། ཡིད་ཆེས་པའི་དད་པ་ཐི་བྱ་ཚང་ལ་ཞུགས་པ་ལྟ་བུའོ། །དེ་ཡང་དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཕྱི་ནས་མི་འགྱུར་རི་རྒྱལ་ལྟ་བུ་དང་། །འཕེལ་འགྲིབ་གཉིས་མེད་ཉི་མཁའ་རྒྱ་མཚོ་ལ། །ཐང་ལྷོད་གཉིས་མེད་གཞུ་མོའི་རྒྱུད་དང་མཚུངས། །སྐྱོ་དུབ་མེད་པ་གྲུ་ཟམ་ལྟ་བུ་ལ། །རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ཆེན་བཞིན། །མཉེན་ལྕུག་ལྡན་པ་དར་ཐག་ལྟ་བུ་ལ། །རྐྱེན་གྱིས་མི་འཕྲོག་ནམ་མཁའ་ལྟ་བུར་བརྟན། །ཞེས་གསུངས་པ་ལྟར། འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པའི་དད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པའི་དད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པའི་དད་པ་མ་ལྟ་བུ། མཐའ་དབུས་མེད་པའི་དད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པའི་དད་པ་གཞུ་བདུང་བའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་ལ་སོགས་པའི་རྐྱེན་གྱིས་མི་འཕྲོག་པའི་དད་པ་ནམ་མཁའ་ལྟ་བུ། སྐྱོ་དུབ་མེད་པའི་དད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པའི་དད་པ་ཆུ་བོའི་གཞུང་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུའོ། །དེ་ལྟ་བུའི་དད་པ་གང་ལ་ཡོད་པ་དེའི་རང་བཞིན་བཤད་པ་ནི། ཡང་དེ་ཉིད་ལས། དད་པའི་རང་བཞིན་ས་གཞི་བཟང་པོ་འདྲ། །ཆོས་ཀུན་གཞིར་གྱུར་དགེ་ཚོགས་རྣམ་འཕེལ་བྱེད། །དད་པ་གཟིངས་འདྲ་སྲིད་པའི་ཆུ་བོ་སྒྲོལ། །སྐྱེལ་མ་དང་འདྲ་བདུད་དང་ཉོན་མོངས་སྐྱོབ། །ཞོན་པ་དང་འདྲ་ཐར་པའི་གླིང་དུ་འདྲེན། །ནོར་བུའི་རྒྱལ་བཞིན་ཅི་བསམ་འགྲུབ་པ་སྟེ། །དཔའ་བོ་དང་འདྲ་སྡིག་ཏོ་ཟིལ་གྱིས་གནོན། །ཚོགས་བསགས་དམ་པ་རྣམས་ཀྱི་ནོར་མཆོག་ལགས། །ཞེས་དད་པ་ཞིང་ས་གཤིན་པོ་དང་འདྲ་སྟེ། བྱང་ཆུབ་ཀྱི་མྱུ་གུ་རྒྱས་པར་འཁྲུངས་པ། རྒྱ་མཚོའི་གཟིངས་ལྟར་དད་པས་འཁོར་བའི་ཆུ་བོ་ལས་སྒྲོལ་བ། སྐྱེལ་མ་བཟང་པོ་དང་འདྲ་བར་དད་པས་ཉོན་མོངས་ཀྱི་དགྲ་ལས་སྐྱོབ་པ། དད་པ་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་པའི་གླིང་དུ་འདྲེན་པ། དད་པ་འདོད་པའི་རེ་བ་འགྲུབ་པའི་ནོར་བུ་དང་འདྲ་བ། དད་པ་དཔའ་བོ་དང་འདྲ་བར་མི་དགེ་བ་ཚར་གཅོད་པའོ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་བླ་མ་དཀོན་མཆོག་གསུམ་ལ་ཐུགས་རྗེ་དང་བྱིན་རླབས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། དེ་རང་རྒྱུད་ལ་འཇུག་པར་བྱེད་པ་ནི་དད་པ་དང་མོས་གུས་ཁོ་ན་ལ་རགས་ལས་པ་ཡིན་པས་ན། རང་ལ་དད་པ་མོས་གུས་རབ་ཅིག་ཡོད་ན་བླ་མ་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ཡང་རབ་ཅིག་འཇུག །དེ་བཞིན་དུ་དད་པ་དང་མོས་གུས་འབྲིང་ཞིག་ཡོད་ན་བྱིན་རླབས་དང་ཐུགས་རྗེ་ཡང་འབྲིང་ཞིག་འཇུག །དད་པ་དང་མོས་གུས་ཐ་མ་ཞིག་ལས་མེད་ན། བྱིན་རླབས་ཐུགས་རྗེ་ཅུང་ཟད་ལས་མི་འཇུག་ཅིང་། དད་པ་དང་མོས་གུས་རྩ་བ་ནས་མེད་ན་བྱིན་རླབས་དང་ཐུགས་རྗེ་གཏན་ནས་མི་འཇུག་པ་ཡིན། རང་ལ་དད་པ་མེད་ན་སངས་རྒྱས་དངོས་དང་མཇལ་ནས་རྗེས་སུ་བཟུང་ཡང་མི་ཕན་ཏེ། ཨོ་རྒྱན་ཆེན་པོས། དད་མེད་བྲག་ཕུག་བྱང་བལྟས་ལྟ་བུ་ལ། །ཐུགས་རྗེའི་ཉི་མ་ནམ་ཡང་འཆར་དུས་མེད། །ཅེས་དང་། དཀོན་མཆོག་བརྩེགས་པ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། སྐལ་མེད་རྣམས་ལ་དད་པ་ཅུང་ཟད་མེད། །དེ་ཡི་སྐྱོན་ནི་ཤིན་ཏུ་མཐའ་ཡས་ལྡན། །མཚོ་གཏིང་རྡོ་འདྲ་ཐར་པའི་སྐམ་དང་བྲལ། །མཉན་མེད་གྲུ་འདྲ་སྲིད་ལས་སྒྲོལ་དུས་མེད། །ལག་རྡུམ་ཕྱིན་འདྲ་དགེ་བའི་བགོ་སྐལ་མེད། །ས་བོན་ཚིག་འདྲ་བྱང་ཆུབ་མྱུ་གུ་མེད། །ལོང་བ་དང་འདྲ་ཆོས་གཟུགས་སྣང་བ་མེད། །འཁོར་དོང་ཆུད་འདྲ་གཏན་དུ་འཁོར་བར་འཁྱམས། ཞེས་སོ། །དེ་ཕྱིར་ཆོས་ཐམས་ཅད་ཀྱི་ནང་ནས་ཡོད་ན་དེས་ཆོག་ཡིད་ཁྱེད་ཤེས་ཀྱི་དད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་སོ། །གཉིས་པ་ཀུན་སློང་གི་ཁྱད་པར་ནི། ངན་སོང་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་མཐོ་རིས་ལྷ་མིའི་བདེ་བ་ཙམ་དོན་དུ་གཉེར་བས་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་དང་། འཁོར་བའི་གནས་མཐོ་དམན་ཐམས་ཅད་སྡུག་བསྔལ་དུ་ཤེས་ནས་རང་ཉིད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཐར་ནས་ཞི་བ་མྱང་འདས་ཀྱི་གོ་འཕང་ཙམ་དོན་དུ་གཉེར་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་འབྲིང་གི་སྐྱབས་འགྲོ་དང་། ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ན་གནས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆེན་པོའི་སྐྱབས་འགྲོ་ཡིན་ཏེ། བྱང་ཆུབ་ལམ་གྱི་སྒྲོན་མ་ལས། ཆུང་དང་འབྲིང་དང་མཆོག་གྱུར་པ། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །གསུམ་པ་སྐྱབས་སུ་འགྲོ་བ་ལ་སྐྱབས་ཡུལ་ངོས་བཟུང་བ་དང་། ཚོགས་ཞིང་གསལ་འདེབས་པའོ། །དང་པོ་སྐྱབས་ཡུལ་ངོས་བཟུང་བ་ལ། ཕྱི་ནང་གསང་བ་ཡང་གསང་སྟེ་བཞི་ལས། དང་པོ་ཕྱི་ཡི་དཀོན་མཆོག་གསུམ་ནི། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས། ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་ཆོས། རྒྱལ་སྲས་སར་གནས་ཀྱི་འཕགས་པའི་དགེ་འདུན་དེ་གསུམ་ཡིན་ལ། དེ་ཡང་སངས་རྒྱས་ཞེས་པའི་ངེས་ཚིག་ནི་ངོ་བོ་ཡེ་སྟོང་ཀ་ནས་དག་ཅིང་གློ་བུར་གྱི་འཁྲུལ་པའི་རྟོག་ཚོགས་ཐམས་ཅད་སངས་པ་དང་། ཐུགས་རྗེ་ཡེ་ཤེས་ཕྱོགས་མེད་དུ་རྒྱས་ཤིང་གང་འདུལ་གྱི་སྤྲུལ་པ་སྣ་ཚོགས་པའི་ཐབས་ལ་མཁས་པའོ། །ཆོས་ལ་ཡང་གསུམ་སྟེ། བསྟན་པའི་ཆོས། བསྒྲུབ་པའི་ཆོས། ཞི་བ་དང་མྱ་ངན་ལས་འདས་པའི་ཆོས་ཏེ། མདོར་ན་ངོ་བོ་རྣམ་པར་དཀར་ཞིང་། རང་བཞིན་གྱི་མཚན་ཉིད་སྟོང་པར་འཛིན་པ། དབྱེ་ན་རྒྱུ་འབྲས་གཉིས་སམ། སྡེ་སྣོད་གསུམ་མམ། ཐེག་པ་དགུའོ། །དགེ་འདུན་ལ་ཡང་གསུམ་སྟེ། ཉན་ཐོས་ཀྱི་དགེ་འདུན་དང་། རང་སངས་རྒྱས་ཀྱི་དགེ་འདུན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གསུམ་དུ་གསུངས་ཀྱང་། མདོར་ན་དོན་ལ་ངོ་བོ་མི་དགེ་བས་དབེན་པ། ངེས་ཚིག་དགེ་བ་ལ་འདུན་པ། དབྱེ་ན་ཕྱི་གཟུགས་བརྙན་རྟགས་ཀྱི་དགེ་འདུན། གཞན་དོན་སེམས་བསྐྱེད་ཀྱི་དགེ་འདུན། ཡང་དག་དོན་གྱི་དགེ་འདུན་ནོ། །དེ་ལྟར་ཡང་ལུང་ལས། སངས་རྒྱས་སྟོན་པ་ཆོས་ལ་ལམ་དང་ནི། །དགེ་འདུན་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ། །ཞེས་སྟོན་པ་ལམ་གྲོགས་ཀྱི་ཚུལ་གྱིས་སྐྱབས་སུ་འགྲོ་བ་རྒྱུའི་སྐྱབས་འགྲོ་དང་། ད་ལྟ་ལམ་བསྒྲུབ་པས་མ་འོངས་པ་ན་རང་རྒྱུད་ལ་དཀོན་མཆོག་གསུམ་འབྱོན་པར་སྨོན་པ་འབྲས་བུའི་སྐྱབས་འགྲོའོ། །

གཉིས་པ་ནང་གི་དཀོན་མཆོག་གསུམ་ནི། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལས། དེ་ཡང་བླ་མ་ནི་རང་རྒྱུད་གྲོལ་ཞིང་གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་མཚན་ཉིད་ལྡན་པ་རྣམས་དང་། ཁྱད་པར་ད་ལྟ་རང་རེ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཤིང་ཞི་བདེ་ཐར་གླིང་དུ་ཁྲིད་པའི་དེད་དཔོན་རྩ་བའི་བླ་མ་དམ་པ་བརྒྱུད་པར་བཅས་པ་སྟེ། གཞན་ཡང་སྐྱོན་ཟད་ཡོན་ཏན་རྫོགས་པའི་སངས་རྒྱས་གཉིས་པ་སློབ་དཔོན་པདྨ་འབྱུང་གནས་ནི་བྱིན་རླབས་ཐམས་ཅད་ཀྱི་འབྱུང་གནས་སོ། །ཡི་དམ་ཞི་ཁྲོ་རབ་འབྱམས་བསྒྲུབ་པ་བཀའ་བརྒྱད། གཞན་ཡང་རྒྱུད་སྡེ་དྲུག་གི་ལྷ་ཚོགས་མ་ལུས་པ་ཐམས་ཅད་དང་ཁྱད་པར་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཁྲོ་བོ་དབང་ཆེན་རྟ་མགྲིན་དངོས་གྲུབ་ཐམས་ཅད་ཀྱི་གཏེར་མཛོད་གཅིག་པུའོ། །མཁའ་འགྲོ་ནི་གནས་གསུམ་གྱི་མཁའ་འགྲོ་མཐའ་དག་དང་། ཁྱད་པར་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་ནི་ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་གཅིག་པུའོ། །

གསུམ་པ་གསང་བའི་དཀོན་མཆོག་གསུམ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ནི། བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ་ཡིན་ནོ། །ལོངས་སྐུ་རྒྱལ་བ་རིགས་ལྔ་ཡབ་ཡུམ་ལ་འཁོར་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་ཀྱིས་བསྐོར་བ་ནི། ཡེ་ཤེས་ལྔ་ལྡན་དོན་གྱི་ལྷའོ། །སྤྲུལ་སྐུ་རྡོ་རྗེ་འཆང་ལ་འཁོར་སྤྲུལ་པའི་སྐུའི་ཚོགས་ཀྱིས་བསྐོར་བ་ནི། ཐུགས་རྗེས་འགྲོ་ལ་བརྩེ་བའི་བདག་ཉིད་ཅན་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས། ངོ་བོ་ཀ་དག་སྤྲོས་པ་དང་བྲལ་ཞིང་གྲོལ་བ་ཆེན་པོ་བཞི་དང་ལྡན་པ། རང་བཞིན་ལྷུན་གྲུབ་ཡོན་ཏན་ཕུན་སུམ་ཚོགས་ཤིང་རང་གསལ་འོད་ལྔའི་མདངས་དང་ལྡན་པའོ། །ཐུགས་རྗེ་མ་འགགས་ཀུན་ལ་ཁྱབ་ཅིང་སྣ་ཚོགས་རང་གྲོལ་འདུས་མ་བྱས་པའོ། །ཡང་ན་ཕྱི་ཡི་དཀོན་མཆོག་གསུམ་ནི། སངས་རྒྱས་ནི་དོན་གཉིས་ཀྱིས་བསྡུས་པ། སྐྱེ་མེད་ཀྱི་ཆ་ནས་བདག་དོན་ཆོས་སྐུ། འགགས་མེད་ཀྱི་ཆ་ནས་གཞན་དོན་གཟུགས་སྐུའོ། །ཆོས་ནི་ལུང་རྟོགས་གཉིས་ཀྱིས་བསྡུས་པ། ལུང་གི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། རྟོགས་པའི་ཆོས་བསླབ་པ་གསུམ། དགེ་འདུན་ནི། རིག་གྲོལ་གཉིས་གྱིས་བསྡུས་པ། རྟོགས་བྱ་ཡང་དག་པའི་དོན་ཅི་རིགས་པར་རིག་པ་དང་། སྤང་བྱ་སྒྲིབ་གཉིས་ཀྱི་དྲི་མ་ཅི་རིགས་པ་ལས་གྲོལ་བའི་ཡོན་ཏན་གཉིས་དང་ལྡན་པའོ། ཡང་ན་ལྡན་གྲོལ་གཉིས་གྱིས་བསྡུས་པ་སྟེ། སྡེ་སྣོད་གསུམ་གྱི་དོན་རིག་པས་ཐོས་བསམ་བསྒོམ་གསུམ་དང་ལྡན་པ། བསླབ་པ་གསུམ་གྱིས་རྒྱུད་གྲོལ་བའོ། །ནང་གི་དཀོན་མཆོག་གསུམ་ནི། སེམས་ཉིད་སྤྲོས་མཐའ་དང་བྲལ་བ་བླ་མ། རང་རྩལ་འགགས་མེད་དུ་འཆར་བ་ཡི་དམ། གཉིས་མེད་བདེ་སྟོང་གི་རྣམ་རོལ་མཁའ་འགྲོ། གསང་བའི་དཀོན་མཆོག་གསུམ་ནི། གཞི་ཀ་དག་སྤྲོས་བྲལ་གྱི་ལྟ་བ། ལམ་ལྷུན་གྲུབ་འོད་གསལ་གྱི་སྒོམ་པ། འབྲས་བུ་སྐུ་གསུམ་གྱི་བདག་ཉིད་དུ་འདོད་པའང་ཡོད་དོ། །དེ་ལྟར་སྐྱབས་ཡུལ་གྱི་རྒྱུ་མཚན་ཡང་དག་པར་ཤེས་པར་བྱའོ། །གཉིས་པ་ཚོགས་ཞིང་གསལ་འདེབས་པ་ནི། སྐྱབས་ཡུལ་གྱི་ཡོན་ཏན་རྗེས་སུ་དྲན་པའི་ངང་ནས། རང་ཉིད་འདུག་པའི་ས་ཕྱོགས་འདི་དག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཞིང་ཁམས་མཛེས་ཤིང་ཡིད་དུ་འོང་བ་ལ་ལུང་འབར་འབུར་གཤང་གཤོང་གི་རྣམ་པ་མེད་པ་གཞོན་ནུ་མའི་ལག་མཐིལ་ལྟར་མཉམ་པ། ལེགས་པར་ཕྱིས་པའི་མེ་ལོང་གི་ངོས་ལྟར་དག་པ། དར་གྱི་འབོལ་གདན་ལྟར་རེག་བྱ་འཇམ་པ། ཐ་གྲུ་ཆེ་ཞིང་རྒྱ་ཤིན་ཏུ་ཡངས་པ། དྲི་མ་མེད་པས་འོད་གསལ་ཞིང་། གསེར་གྱི་དྲྭ་བས་ཁེབས་པ། འོད་ཟེར་བརྒྱ་ཕྲག་མང་པོ་འཕྲོ་བ། དེའི་དབུས་སུ་རང་གི་མདུན་དུ་དཔག་བསམ་གྱི་སྡོང་པོ་ཡལ་ག་ལྔ་པ། ལོ་འདབ་དང་འབྲས་བུ་ཕུན་སུམ་ཚོགས་པ་ཕྱོགས་ཀུན་ཏུ་རྒྱས་པས་ཤར་ལྷོ་ནུབ་བྱང་གི་ནམ་མཁའི་དབྱིངས་ཐམས་ཅད་ཁྱབ་པ། ཡལ་འདབ་ཐམས་ཅད་ལ་རིན་ཆེན་དྲིལ་གཡེར་འཕྱང་འཕྲུལ་སྣ་ཚོགས་པས་བརྒྱན་པ། དེའི་དབུས་ཀྱི་ཡལ་ག་ཅུང་ཟད་མཐོ་བའི་སྟེང་དུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་ཉི་མ་ཟླ་བའི་གདན་སུམ་བརྩེགས་ཀྱི་སྟེང་དུ་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྡིགས་པའི་ཚུལ་གྱིས་འཛིན་པ། གཡོན་མཉམ་བཞག་གི་སྟེང་ན་ཀ་པ་ལ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་དང་བཅས་པ་འཛིན་པ། སྐུ་ལ་ཟ་བེར་དམར་སྨུག་དང་། དར་མཐིང་གའི་ཕོད་ཀ། དར་དམར་གྱི་ཆོས་གོས་གསེར་གྱི་པ་ཏྲ་ཅན་གསོལ་བ། དབུ་ལ་པད་ཞུ་གསོལ་བ། ཡུམ་མཁའ་འགྲོ་མཚོ་རྒྱལ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་གཉིས་མེད་དུ་འཁྲིལ་བ། མདུན་གྱི་ཡལ་གའི་སྟེང་དུ་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་ལ་བསྐལ་པ་བཟང་པོའི་རྫོགས་པའི་སངས་རྒྱས་སྟོང་རྩ་གཉིས་ལ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་བྱད་ཅན། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་ཐམས་ཅད་དཀར་སེར་དམར་ལྗང་མཐིང་ག །སྐུ་ལ་འོད་དང་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོ་བར་གསལ། གཡས་ཀྱི་ཡལ་གའི་སྟེང་དུ་བྱང་ཆུབ་སེམས་དཔའ་འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས་ཏེ་རྒྱལ་སྲས་རིགས་གསུམ་མགོན་པོ་གཙོ་བོར་གྱུར་བའི་ཉེ་བའི་སྲས་ཆེན་བརྒྱད་ལ་བྱང་སེམས་འཕགས་པའི་དགེ་འདུན་གྱིས་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་དཀར་སེར་དམར་ལྗང་མཐིང་ག །ལོངས་སྤྱོད་རྫོགས་སྐུའི་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། གཡོན་གྱི་ཡལ་གའི་སྟེང་དུ་ཤཱ་རིའི་བུ་དང་མཽའུ་གལ་གྱི་བུ་སྟེ་ཉན་ཐོས་མཆོག་གཉིས་ལ་ཉན་རང་འཕགས་པའི་དགེ་འདུན་གྱིས་བསྐོར་བ། ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་ན་འཁར་སིལ་དང་ལྷུང་བཟེད་བསྣམས་པ་ཞབས་གཉིས་བཞེངས་པའི་སྟབས་ཀྱིས་བཞུགས་པ། རྒྱབ་ཀྱི་ཡལ་གའི་སྟེང་དུ་འཇའ་འོད་ཀྱི་དྲྭ་མིག་གི་ཀློང་དུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་ལ་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིས་སྟེང་མ་བྱས་ཏེ་ཐམས་ཅད་ཀྱང་གདོང་དར་རང་ལ་བསྟན་ཏེ་བཞུགས་པ། ཨོ་རྒྱན་ཆེན་པོའི་དབུ་གཙུག་ཏུ་འོད་གསལ་སྤྲུལ་པའི་རྡོ་རྗེ་པཎྜི་ཏའི་ཆས་ཅན། ཕྱག་གཡས་མཆོག་སྦྱིན་རྡོ་རྗེ་དང་བཅས་པད་སྡོང་རྩེར་བུམ་པ། གཡོན་མཉམ་བཞག་དྲིལ་བུ་བཅས་པད་སྡོང་པོད་རལ། གཡས་སུ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོ་པཎྜི་ཏའི་ཆས་ཅན། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ཕྱག་གཉིས་ལས་གྱེས་པའི་པད་སྡོང་རྩེར་རལ་གྲི་གླེགས་བམ། གཡོན་དུ་འཇམ་དཔལ་དགྱེས་པའི་རང་མདངས་མཚོ་བྱུང་བཞད་པའི་གེ་སར་པཎྜི་ཏའི་ཆས་ཅན། ཕྱག་གཉིས་ཆོས་འཆད་ལས་གྱེས་པའི་རྩེར་རལ་གྲི་དང་གླེགས་བམ། གཙོ་བོའི་དབུ་གཙུག་ཏུ་རིག་འཛིན་འཇིགས་མེད་གླིང་པ་དཀར་ཆས་གླེགས་རལ་ཅན་ཞབས་ཕྱེད་སྐྱིལ་ཕྱག་གཡས་མཆོག་སྦྱིན། གཡོན་གདན་བརྟེན་པད་སྡོང་པོད་རལ། གཡས་སུ་འཇིགས་མེད་རྒྱལ་བའི་མྱུ་གུ་རྡོ་རྗེ་སློབ་དཔོན་གྱི་ཆས་ཅན། ཕྱག་གཉིས་མཉམ་བཞག་གི་སྟེང་ན་གསེར་གྱི་འཁོར་ལོ། གཡོན་དུ་འཇིགས་མེད་ཕྲིན་ལས་འོད་ཟེར་དཀར་ཆས་གླེགས་རལ་ཅན། ཕྱག་གཡས་རྡོ་རྗེ་སྡིག་མཛུབ་དང་བཅས་མཁའ་ལ་ཕྱར་བ། ཕྱག་གཡོན་ཐོད་ཁྲག་བསྣམས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། གཙོ་བོའི་དབུ་གཙུག་ཏུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རམ་འབྱམས་པཎྜི་ཏའི་ཆས་ཅན། ཞབས་གཉིས་སྐྱིལ་ཀྲུང་། ཕྱག་གཉིས་སེམས་ཉིད་ངལ་བསོའི་ཕྱག་རྒྱ་ལས་གྱེས་པའི་པད་སྡོང་པོད་རལ། གཡས་སུ་མཁས་གྲུབ་དགེ་ལེགས་རྒྱ་མཚོ་དང་། གཡོན་དུ་སློབ་མ་བཟང་པོ་གཞོན་ནུ་སངས་རྒྱས་པཎྜི་ཏའི་ཆས་ཅན། ཆོས་འཆད་ཀྱི་ཕྱག་རྒྱ་ལས་གྱེས་པའི་པད་སྡོང་དང་པོད་རལ། གཙོ་བོའི་དབུ་གཙུག་ཏུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཁོར་ལོ་སྒྱུར་རྒྱལ་ཆས། ཕྱག་གཉིས་མཉམ་བཞག་ལས་གྱེས་པའི་པད་སྡོང་དང་པོད་རལ། དེའི་གཡས་སུ་ལོ་ཆེན་བཻ་རོ་ཙཱ་ན་པཎྜི་ཏའི་ཆས་ཅན། ཕྱག་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་པོ་ཏི། རྒྱལ་པོའི་གཡོན་དུ་ཡེ་ཤེས་མཚོ་རྒྱལ་ལོངས་སྤྱོད་རྫོགས་པའི་ཆས་ཅན། ཞབས་བཙུན་མོ་རོལ་སྟབས། ཕྱག་གཡས་མཆོག་སྦྱིན། གཡོན་ཀ་པཱ་ལ་བདུད་རྩིའི་གང་བ་དཀུར་བརྟེན་པ། རྒྱལ་པོའི་སྤྱི་བོར་ཨོ་རྒྱན་རིན་པོ་ཆེ་པདྨ་འོད་འབར་ལྟར་དང་། དེའི་དབུ་གཙུག་ཏུ་རིམ་བཞིན་དྲི་མེད་བཤེས་གཉེན་ཕྱག་གཉིས་མཉམ་བཞག་ཐོད་པ་བདུད་རྩིས་གང་བ། ཛྙ་ན་སུ་དྲ་ཕྱག་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་པུསྟི། ཤྲཱི་སེང་ཧ་ཕྱག་གཡས་རྡོ་རྗེ་དང་བཅས་སྡིག་མཛུབ་ནམ་མཁར་གཏད་དེ། གཡོན་ཀ་པཱ་ལ་དཀུར་བརྟེན་པ། འཇམ་དཔལ་བཤེས་གཉེན་ཆོས་འཆད་ཕྱག་རྒྱས་པུསྟི། བཞི་ཀ་ཧེ་རུ་ཀའི་ཆ་བྱད། དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་སངས་རྒྱས་སྤྲུལ་སྐུ་ཇི་ལྟ་བ་ཕྱག་གཉིས་ཆོས་འཆད། རྡོ་རྗེ་སེམས་དཔའ་སྤྱི་ལྟར། ཀུན་ཏུ་བཟང་པོ་རྒྱན་མེད་ཡབ་རྐྱང་རྣམས་སོ་སོའི་གོང་མའི་གདན་ཁྲི་ལ་འོག་མའི་དབུ་མ་རེག་ཙམ་དུ་ཡེ་ཤེས་ལྔའི་རང་མདངས་མཁྱེན་བརྩེ་ནུས་པའི་འོད་དང་འོད་ཟེར་དཔག་ཏུ་མེད་པ་དང་བཅས་ཐོ་བརྩེགས་སུ་ལྷ་ཚོགས་དེ་རྣམས་ཀྱི་ཞལ་རང་ལ་ཕྱོགས་པའི་ཚུལ་གྱིས་བཞུགས་པར་བསྒོམ། ཨོ་རྒྱན་ཆེན་པོའི་སྐུའི་མཐའ་བསྐོར་དུ་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་མ་དང་མཁའ་འགྲོ། དེ་དག་གི་བར་མཚམས་ཀུན་ཏུ་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་ཞལ་ཕྱིར་ཕྱོགས་ནས་དམ་ཆོས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་བཟློག་པ་དང་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛད་པ། ཆོས་སྐྱོང་མོ་རྒྱུད་ཐམས་ཅད་ཞལ་ནང་དུ་ཕྱོགས་པས་དམ་ཆོས་བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་བསྲུང་བ་དང་། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛད་པ། དེ་དག་ཐམས་ཅད་ཀྱང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་། འདྲེན་པའི་དེད་དཔོན་ཆེན་པོ་གཅིག་ཏུ་བཞུགས་པར་བསམ། རང་གི་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ། གཡོན་དུ་མ། མདུན་དུ་རང་ཉིད་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས་གཉིས་ཀྱིས་ཐོག་དྲངས་ཁམས་གསུམ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་མི་ཡི་གཟུགས་སུ་གྱུར་ནས་ས་གཞིའི་ངོས་ན་ཁྲོམ་ཚོགས་པ་བཞིན་དུ་འཁོད་དེ། ལུས་གུས་པའི་སྒོ་ནས་ཕྱག་འཚལ། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་བརྗོད། ཡིད་གུས་པའི་སྒོ་ནས་མཐོ་རུ་གཏོང་ངམ། དམའ་རུ་གཏོང་ངམ། སྐྱིད་སྡུག་ལེགས་ཉེས་ཅི་མཛད་རུང་ཉི་མ་དེ་རིང་ནས་བཟུང་སྟེ། བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད། ཐག་རང་གིས་མི་བཅད། སྐྱབས་གནས་དཀོན་མཆོག་གསུམ་པོ་ཁྱེད་ལ་བསྟེན། ཁྱེད་ལ་འབུལ། ཁྱེད་ཅིག་བསྒྲུབ་སྙམ་དུ་གདུང་བ་དྲག་པོས་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་བཅས་ཏེ། དཀོན་མཆོག་གསུམ་དངོས་སོགས༴ ཞེས་ཐུན་རེ་ལ་ཅི་ནུས་སུ་བསགས་ཤིང་ཐ་ནའང་སྐྱབས་འགྲོ་འབུམ་ཕྲག་གཅིག་མ་ཐུབ་ཀྱི་བར་དུ། ཐུན་དུ་བཅད་ནས་འགྲོ་ངེས་དང་། རྒྱུན་དུ་ཡང་སྐྱབས་འགྲོ་ལ་ཡི་དམ་དུ་བྱ། མཐར་ཐུན་བསྡུ་བའི་ཚེ་སྐྱབས་ཡུལ་གྱི་ལྷ་ཚོགས་རྣམས་ལ་མོས་གུས་དུང་དུང་བ་ཞིག་བྱས་པའི་རྐྱེན་གྱིས་སྐྱབས་ཡུལ་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་གའི་རྣམ་པ་གྲངས་མེད་པ་སྤྲོས། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་ཐོག་མ་མེད་པ་ནས་བསགས་པའི་ལས་ཉོན་བག་ཆགས་སྡིག་སྒྲིབ་དང་བཅས་པ་མུན་ཁུང་དུ་ཉི་མ་ཤར་བ་བཞིན་དུ་སངས་སངས་དག་ནས་བདག་དང་སེམས་ཅན་ཐམས་ཅད་བྱ་ཁྱུ་ུའུར་རྡོས་དཀྲོགས་པ་ལྟར་འུར་དིར་གྱིས་སྐྱབས་ཡུལ་ལྷ་ཚོགས་རྣམས་ལ་ཐིམ་པར་བསམ། ཡང་ན་འོད་ཟེར་བྱུང་བས་སེམས་ཅན་རྣམས་དག་པའི་ཞིང་དུ་དྲངས། གང་ལྟར་ཡང་སྐྱབས་ཡུལ་རྣམས་ཀྱང་རིམ་པར་འོད་དུ་ཞུ་ནས་མདུན་གྱི་སངས་རྒྱས་ཐམས་ཅད་ཤཱཀྱ་ཐུབ་པ་ལ་ཐིམ། གཡས་ཀྱི་བྱང་སེམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་ཐིམ། གཡོན་གྱི་ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ཤཱ་རིའི་བུ་ལ་ཐིམ། དེ་དག་ཐམས་ཅད་རྒྱབ་ཀྱི་ཆོས་ལ་ཐིམ། ཆོས་དཀོན་མཆོག་ཐམས་ཅད་ཀྱང་ཨོ་རྒྱན་ཆེན་པོ་ལ་ཐིམ། མཐའ་བསྐོར་གྱི་བླ་མ་ཡི་དམ་ཆོས་་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱང་ཨོ་རྒྱན་ཆེན་པོ་ལ་ཐིམ། བླ་མ་ཡང་མཐའ་ནས་རིམ་པར་འོད་དུ་ཡལ་ཏེ་ཆོས་སྐུ་སྤྲོས་བྲལ་གདོད་མའི་ངང་ལ་དུས་གསུམ་གྱི་འཁྲུལ་བ་དང་བྲལ་ནས་ཡུན་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་སྣང་སྲིད་ཐམས་ཅད་སྐྱབས་ཡུལ་ལྷ་ཚོགས་ཀྱི་སྐུར་བཀྲ་ལམ་གྱིས་གསལ་ལ་བསྔོ་བ་དགོས་ཏེ། དགེ་བ་འདི་ཡིས་མྱུར་དུ་བདག །དཀོན་མཆོག་གསུམ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཞེས་སོགས་བསྔོ་སྨོན་བྱ། བཞི་པ་བསླབ་བྱ་དང་ཕན་ཡོན་བསྟན་པ་ལས། དང་པོ་བསླབ་བྱ་ལ།ཐུན་མོང་མ་ཡིན་པ་དང་། ཐུན་མོང་གི་བསླབ་བྱ་དང་གཉིས་ལས། དང་པོ་ལ་དགག་སྒྲུབ་ཆ་མཐུན་གསུམ་ལས། དང་པོ་དགག་པའི་བསླབ་བྱ་ནི། མྱ་ངན་ལས་འདས་པའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས་པ་ལྟར། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ལ་མི་བསྟེན་པའོ། །དེ་ཡང་བོད་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཡང་། སྡིག་ཅན་གྱི་གྲོགས་རྒྱུ་འབྲས་ལ་བསྐུར་པ་འདེབས་པའི་མི་དང་མི་འགྲོག་གོ། །དེ་དག་རྣམས་ནི་དཀོན་མཆོག་གསུམ་གྱི་སྣང་བ་ཡོད་པའི་སར་སྐྱེས་ཀྱང་དེ་ཡི་ཡོན་ཏན་མི་མཐོང་བའི་དམུས་ལོང་ལྟ་བུར་གྱུར་པས་སྐལ་བ་ཆད་པ་ཡིན་ལ། དེ་དག་རྣམས་ལ་ནི་དཀོན་མཆོག་གི་ཐུགས་རྗེ་དང་བྱིན་རླབས་འཇུག་པའི་གོ་སྐབས་མེད་པ་ཡིན་ནོ། །ལས་དང་སྐལ་པ་བཟང་པོའི་མིག་དང་ལྡན་པ་རྣམས་ཀྱིས་ནི་མཆོག་གསུམ་གྱི་ཐུགས་རྗེ་ཉི་མའི་འོད་སྣང་ལ་བརྟེན་ནས་འདི་དང་ཕྱི་མའི་དོན་ཐམས་ཅད་བསྒྲུབ་པའི་བྱ་བ་བྱེད་པ་ཡིན་ཏེ། དཀོན་མཆོག་ཏཱ་ལའི་མདོ་ལས། ཇི་ལྟར་དམུས་ལོང་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ལ་འཆར། །མིག་དང་ལྡན་པས་སྣང་བ་ཤེས་གྱུར་ནས། །ཀུན་ཀྱང་སོ་སོ་རང་གི་ལས་ལ་འཇུག །ཅེས་སོ།

གཉིས་པ་སྒྲུབ་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་རྟེན་དང་ཐུགས་རྟེན་སཙྪའི་ཆག་དུམ་ཙམ་ལ་ཡང་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་གུས་པས་མཆོད་དགོས་ཏེ། པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་སོ། །ཆོས་ལ་སྐྱབས་སུ་སོང་ནས་ཡི་གེ་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་མ་གུས་པ་སྤང་ཞིང་གུས་པར་བྱེད་དགོས་ཏེ། སྙན་གྱི་གོང་རྒྱན་དུ། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་སོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་བྱུང་གི་རྟགས་སྐ་རགས་སེར་པོ་བཅིང་བ་ཡན་ཆད་དང་ཐ་ན་ལྷན་པ་དམར་སེར་ཙམ་ཡང་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བཞག་སྟེ་གུས་པར་བྱེད་དགོས་པ་ནི། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཙམ་པ་ཀ་ཡི་མེ་ཏོག་རྙིང་གྱུར་ཀྱང་། །མེ་ཏོག་རྣམ་པ་གཞན་ལས་ཤིན་ཏུ་ལྷག །དགེ་སློང་ཚུལ་ཁྲིམས་ཉམས་ཤིང་སྡིག་སྤྱོད་ཀྱང་། །མུ་སྟེགས་ཅན་དག་ཐམས་ཅད་ཀུན་ལས་འཕགས། །ཞེས་དང་། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོའི་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས། །ཞེས་དང་། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། སྔོན་རྒྱལ་པོས་གསོད་པ་ལ་ཐུག་པའི་མི་དུར་ཁྲོད་དུ་བོར་བ་ན། སྲིན་མོ་ཆེན་མོ་རྣམས་ཀྱིས་དེའི་མགུལ་དུ་ངུར་སྨྲིག་གི་ཚལ་བུ་ཐོགས་པ་མཐོང་ནས་གུས་པས་ཕྱག་འཚལ་ཏེ། སྐྱེས་བུ་ཁྱོད་ནི་མ་བསྙེངས་བདེ་བར་བཞུགས། །ཁྱོད་ལ་བདག་ཅག་གནོད་པ་མི་བགྱིད་དོ། །སྐྲ་བྲེག་ཆོས་གོས་གྱོན་པ་ཁྱོད་མཐོང་ནས། །བདག་ཅག་སངས་རྒྱས་རྗེས་སུ་དྲན་པར་གྱུར། །ཞེས་བསྟོད་པའོ། །གསུམ་པ་ཆ་མཐུན་གྱི་བསླབ་བྱ་གསུམ་ནི། རང་ལ་བླང་དོར་གྱི་གནས་སྟོན་པའི་བླ་མ་དགེ་བའི་བཤེས་གཉེན་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མཉེས་པ་གསུམ་གྱི་སྒོ་ནས་བསྙེན་བཀུར་བྱ་ཞིང་། སྐུའི་གྲིབ་མ་ཙམ་ཡང་མི་འགོམ། དེས་བཀའ་བསྩལ་བའི་གསུང་རྣམས་ལ་དམ་ཆོས་དངོས་ཀྱི་འདུ་ཤེས་བཞག་སྟེ་ཅི་གསུངས་ཚད་མར་འཛིན་ཞིང་བཀའ་ཟུར་ཙམ་ཡང་མི་བཅག བླ་མའི་འཁོར་གྲྭ་སློབ་རྣམས་ལ་དགེ་འདུན་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་པས་བསྟེན་ཏེ་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱའོ། །གཞན་ཡང་དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པ་དང་། ཐ་ནའང་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་ཅིང་དུས་རྒྱུན་དུ་སྐྱབས་སུ་འགྲོ་བ་དང་། ཕྱག་འཚལ་བ་སོགས་དད་པ་དང་དག་སྣང་མོས་གུས་ཐང་ལྷོད་མེད་པ་ལ་བསླབ་པར་བྱའོ། །འདི་ལ་མཁས་པ་ཁ་ཅིག་གི་ཆ་མཐུན་གྱི་བསླབ་བྱ་གསུམ་དུ་བཞེད་པའང་ཡོད་དོ། །གཉིས་པ་ཐུན་མོང་གི་བསླབ་བྱ་ནི། མངའ་རིས་པཎ་ཆེན་གྱིས། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། ཞེས་སོ། །གཉིས་པ་ཕན་ཡོན་ནི། དེ་ལྟར་དཀོན་མཆོག་གསུམ་པོ་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་རྒུད་པ་མ་ལུས་པ་ལས་དབུགས་འབྱིན་པ་ཡིན་ཏེ། མདོ་རྒྱལ་མཚན་དམ་པ་ལས། འཇིགས་པའམ་བག་ཚ་བའམ་སྤུ་ཟིང་ཞེས་བྱེད་པར་གྱུར་ན་སངས་རྒྱས་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་མི་དྲན་ན་ཆོས་རྗེས་སུ་དྲན་པར་གྱིས་ཤིག། གལ་ཏེ་མི་དྲན་ན་དགེ་འདུན་རྗེས་སུ་དྲན་པར་གྱིས་ཤིག །དེས་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལྷ་མིན་གྱི་གཡུལ་ཉེ་བར་གནས་པར་གྱུར་པ་ལ། བརྒྱ་བྱིན་གྱིས་ལྷ་རྣམས་ལ་སྨྲས་པ། ཁྱེད་ཅག་གཡུལ་དུ་འཇུག་པའི་ཚེ་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་རྗེས་སུ་དྲན་པར་གྱིས་ཤིག དེ་མི་དྲན་ན་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་དྲན་པར་གྱིས་ཤིག གལ་ཏེ་མི་དྲན་ན་ལྷའི་བུ་ཆུ་ལྷའི་རྒྱལ་མཚན་མཆོག་དྲན་པར་

བགྱིས་ན་དེས་འཇིགས་པ་སེལ་བར་འགྱུར་རོ། །ཞེས་བསྟ ན་པ་དེ་བཞིན་དུ་དཀོན་མཆོག་གསུམ་དྲན་པར་བྱ་བར་གསུངས་པ་ཡིན་ནོ ། །དེ་ལས་བསོད་ནམས་ཚད་མེད་པ་ཐོབ་པ་ནི་སྨོས་ཅི་དགོས། གཞན་ཡང་དཀོན་མཆོག་གསུམ་གྱི་སྒྲ་ཙམ་ཐོས་པའི་ཕན་ཡོན་ཡང་། ཟ་མ་ཏོག་བཀོད་པའི་མདོ་ལས། མདོ་སྡེ་ཟ་མ་ཏོག་བཀོད་པ་འདི་ཐོས་པའི་སེམས་ཅན་དེ་དག་ནི། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་པདྨ་ལ་བརྫུས་ཏེ་སྐྱེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་རོ། །ཞེས་དང་། ཡང་གྲོང་ཁྱེར་འཁོར་མོ་འཇིག་ཏུ་བྱོན་ནས་བཤང་གཅི་དག་གི་འདམ་རྫབ་ཆེན་པོའི་ཁྲོད་ན་སྲིན་བུའི་རིགས་བརྒྱ་སྟོང་ཕྲག་དུ་མ་གནས་པའི་དྲུང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བུང་བའི་གཟུགས་སུ་སྤྲུལ་ནས་ཟ་མ་ཏོག་བཀོད་པའི་མདོ་ལས་ཡི་གེ་དྲུག་པའི་སྒྲ་བྱུང་སྟེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་སྒྲ་བྱུང་ངོ་། །སེམས་ཅན་དེ་དག་གིས་སྒྲ་དེ་ཐོས་པ་དང་དཀོན་མཆོག་གསུམ་རྗེས་སུ་དྲན་ནས་དེ་རྣམས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ། ཁ་ནས་ཙནྡན་གྱི་དྲི་ངད་ཅེས་བྱ་བའི་བྱང་ཆུབ་སེམས་དཔར་གྱུར་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་པར་གྱུར་ཏོ། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། ས་ཡི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། ཁམས་གསུམ་ཀུན་ལ་བདེ་སྐྱིད་པ། །དེ་ཡང་དཀོན་མཆོག་གསུམ་ལས་བྱུང་། །དེ་བས་བདེ་ཞིང་སྐྱིད་འདོད་པ། །རྟག་ཏུ་དཀོན་མཆོག་མཆོད་པར་བྱ། །ཅེས་པ་དང་། ཕག་མོའི་རྟོག་བརྗོད་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །འཇིག་པ་མེད་པར་ཐོབ་པར་འགྱུར། །གང་ཞིག་གསུམ་ལ་སྐྱབས་སོང་ན། །མི་དེ་ངན་འགྲོར་མི་འགྲོ་ཞིང་། །མི་ཡི་ལུས་དག་བོར་ནས་ནི། །དེ་ནི་ལྷ་ཡི་ལུས་ཐོབ་བོ། །ལྷ་ཡི་ལུས་དག་བོར་ནས་ནི། །དེས་ནི་སངས་རྒྱས་བྱང་ཆུབ་འགྲུབ། །ཅེས་པ་དང་། ངན་སོང་གསུམ་དང་ཐབས་མིན་དང་། །འཇིགས་ཚོགས་ལྟ་བ་དམན་པ་ལས། །སྐྱོབས་ཕྱིར་སྐྱབས་ཀྱི་དམ་པར་འདོད། ཅེས་པ་དང་། སྐྱབས་འགྲོ་བདུན་ཅུ་པ་ལས། གང་ཞིག་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །ཅེས་དང་། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་ལས་ལྷག་པར་འགྱུར། །ཞེས་སོ། །དེ་ཡང་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་སྐྱོབས་ཤིང་བདེ་ཆེན་ཐར་གླིང་དུ་འདྲེན་པའི་དེད་དཔོན་མི་བསླུ་ངེས་པ་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་ཁོ་ན་ཡིན་ཏེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབ་ཙ་ན། །སུ་དག་སྐྱབས་སུ་མི་འགྱུར་ཏེ། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཇི་ལྟར་འདོད་པ་བཞིན་དུ་འགྲོ། །ཞེས་པ་དང་། ཀུན་དགའ་བོས་ཞུས་པ་ལས། སངས་རྒྱས་ཆོས་དང་འཕགས་པ་གསུམ། །འཇིག་རྟེན་ཀུན་གྱི་སྐྱབས་ཡིན་ཏེ། །སུ་ཞིག་འཕགས་པར་འདོད་པ་རྣམས། །དཀོན་མཆོག་གསུམ་ལ་སྐྱབས་སུ་འདོད། ཅེས་པ་དང་། ལུང་ལས། གཤིན་རྗེའི་ཕོ་ཉ་བྱུང་བའི་ཚེ། །ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །གཉེན་འདུན་རྩ་ལག་ཀུན་ཀྱང་མིན། །དེ་དག་ཀུན་གྱིས་ཁྱོད་བོར་ནས། །རང་ཉིད་གཅིག་པུ་ཕྱི་མར་འགྲོ། །ཞེས་གསུངས་པ་ཡིན་ནོ། ། གཉིས་པ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། སྨོན་པའི་བསླབ་བྱ་ཚད་མེད་རྣམ་བཞི་བཤད་པ། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་བཤད་པ། དེ་དག་གི་ཕན་ཡོན་བཤད་པ་དང་བཞི་ལས། དང་པོ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། བློ་སྟོབས་ཀྱི་སྒོ་ནས་དབྱེ་ན་གསུམ་ཡོད་དེ། ཀུན་མཁྱེན་ཆེན་པོས། རྒྱལ་སྲས་དེ་ཡང་རྣམ་པ་གསུམ་ཉིད་དེ། །རང་ཉིད་གྲོལ་ནས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །རང་དང་འགྲོ་བ་མཉམ་དུ་ཐར་འདོད་པ། །གྲུ་བ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །འགྲོ་བ་བསྒྲལ་ནས་རང་ཉིད་ཞི་འདོད་པ། །རྫི་བོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གསུམ། །རིམ་བཞིན་གྲངས་མེད་སུམ་ཅུ་རྩ་གསུམ་དང་། །བདུན་དང་གསུམ་གྱིས་གྲོལ་བ་འཐོབ་པ་ནི། །དབང་པོའི་རིམ་པ་ལགས་པར་མདོ་ལས་གསུངས། །དེའང་བྱང་ཆུབ་སེམས་དཔའ་འདོད་ཆེན་པོའི་སེམས་བསྐྱེད་ཅེས་བྱ་སྟེ། རང་ཉིད་ཐོག་མར་སངས་རྒྱས་ནས་ཕྱིས་འགྲོ་བ་སྒྲོལ་བ་ནི། དཔེར་ན་རྒྱལ་པོས་རྒྱལ་སྲིད་ཐོབ་ནས་རྒྱལ་འབངས་བདེ་བ་ལ་འགོད་པར་འདོད་པ་སྟེ། འཕགས་པ་བྱམས་པ་ལྟ་བུའི་སེམས་བསྐྱེད་དུ་མདོ་དུ་མ་ལས་བཤད་དོ། །རང་དང་འགྲོ་བ་མཉམ་དུ་གྲོལ་བར་འདོད་པ་ནི་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་བྱ་སྟེ། མཉན་པ་དག་གྲུའི་འགྲུལ་པ་དང་རང་ཉིད་མཉམ་དུ་ཆུ་བོའི་ཕ་རོལ་ཏུ་ཕྱིན་པར་འདོད་པའོ། །ཐོག་མར་སེམས་ཅན་བསྒྲལ་ནས་གདོད་རང་ཉིད་གྲོལ་བར་འདོད་པ་དཔེ་མེད་པའི་སེམས་བསྐྱེད་ཅེས་བྱ་སྟེ། ར་ལུག་དང་བ་ལང་གི་རྫི་བོ་དག་གིས་འཕྲང་ལ་སོགས་པ་དོག་ཅིང་ཉམ་ང་བའི་གནས་མཐོང་ངམ། གཞན་དུའང་རང་གི་མདུན་དུ་དེ་དག་བཅུག་ནས། གཅིག་ཀྱང་ཕྱི་ལ་མ་ལུས་པར་བྱས་ཏེ་འགྲོ་བ་ནི་འཇམ་དཔལ་དང་ཤཱཀྱ་ཐུབ་པ་ལྟ་བུའི་སེམས་བསྐྱེད་ཡིན་ནོ། །དེ་དག་ཀྱང་དབང་པོ་རྟུལ་པོ་རྣམས་ཀྱིས་གྲངས་མེད་སུམ་ཅུ་རྩ་གསུམ་དང་། འབྲིང་པོ་བདུན་དང་། རྣོན་པོ་གསུམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བ་ཡིནཏེ། དཀོན་མཆོག་བརྩེགས་པ་ལས། དེ་ལ་འདོད་ཆེན་པོའི་སེམས་བསྐྱེད་པས་ནི་གྲངས་མེད་སུམ་ཅུ་རྩ་གསུམ་གྱི་འཁོར་བ་ལས་ཐར་བ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་བདུན་གྱི་ཚད་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་དང་། ཆེན་པོར་གྱུར་པའི་ཕྱིར་ཏེ། འདི་དག་དཔེར་བྱ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་བ་དང་། སྐྱོང་བྱེད་ལྟ་བུའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །དེའང་དབང་རྟུལ་རྣམས་ནི་ཚོགས་ལམ་དང་སྦྱོར་ལམ་གཉིས་སུ་གྲངས་མེད་གསུམ། ས་བཅུ་པོ་རེ་རེ་ལ་གསུམ་གསུམ་མོ། །འབྲིང་པོས་ནི་གྲངས་མེད་བདུན་དེ། ཚོགས་སྦྱོར་གཉིས་ལ་གཉིས་གཉིས། མཐོང་ལམ་དུ་གཅིག སྒོམ་ལམ་དུ་གཉིས་སོ། །རྣོན་པོས་ནི་ཚོགས་སྦྱོར་གཉིས་སུ་གཅིག ས་དང་པོ་ནས་བདུན་པའི་བར་དུ་གཅིག དག་ས་གསུམ་དུ་གཅིག་གོ། །ས་མཚམས་ཀྱིས་དབྱེ་ན། ཚོགས་སྦྱོར་གྱི་ལམ་ན་མོས་པས་སྤྱོད་པའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་ལ་ལྷག་བསམ་རྣམ་དག་གི་སེམས་བསྐྱེད། དག་པའི་ས་གསུམ་ན་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་པ་སྤངས་པའི་སེམས་བསྐྱེད་དང་བཞི་ཡོད། སེམས་བསྐྱེད་རང་གི་ངོ་བོས་དབྱེ་ན་ཀུན་རྫོབ་དང་། དོན་དམ་སེམས་བསྐྱེད་གཉིས་ཡོད། ཀུན་རྫོབ་སེམས་བསྐྱེད་ལ་ཡང་ནང་གསེས་ཀྱི་དབྱེ་བ་གཉིས་ཏེ། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་གཉིས། དེ་ཡང་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་དང་། པདྨའི་སྙིང་གུར་ལས། སེམས་ཅན་དོན་ལ་སྨོན་བྱེད་པ། །རྫོགས་པའི་སངས་རྒྱས་མྱུར་བའི་ལམ། །ཞེས་དང་། གཞན་དག་སྲིད་པར་གྲོལ་བར་བརྩོན། །སེམས་དཔའ་འགྲོ་བའི་དོན་ལ་བརྩོན། །ཕ་རོལ་ཕྱིན་དྲུག་སྤྱོད་པར་བྱ། །ཞེས་གསུངས་པ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ལ། ཚོགས་སྦྱོར་གྱི་ལམ་དེ་ལྟ་བུའི་སེམས་བསྐྱེད་ལ་བསྟེན་ནས་ཡུན་རིང་པོར་བློ་སྦྱངས་པའི་མཐུ་ལས། མཐར་མཐོང་ལམ་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད། སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་པ་ནི་དོན་དམ་པའི་སེམས་བསྐྱེད་ཡིན་ནོ། །དེ་ལྟ་བུའི་ཀུན་རྫོབ་སེམས་བསྐྱེད་ཆོ་ག་ལས་ཐོབ་དགོས་པ་དང་། དོན་དམ་སེམས་བསྐྱེད་སྒོམ་སྟོབས་ཀྱིས་ཐོབ་པར་འདོད་ལ། དོན་དམ་ནི་ཆོས་ཀྱི་དབྱིངས་དང་། བྱང་ཆུབ་ཀྱི་སེམས་ནི་ཆོས་ཀྱི་དབྱིངས་དེ་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཡིན་ནོ། །འདིར་ལས་དང་པོ་བའི་དབང་དུ་བྱས་ཏེ། ཆོ་ག་ལྟར་ལེན་ཚུལ་ནི་སེམས་བསྐྱེད་འབོག་ཆོག་ལྟར་ཤེས་པར་བྱ་ཞིང་། དེ་ལྟར་ཐོབ་པའི་སེམས་བསྐྱེད་དེ་མི་ཉམས་ཤིང་གོང་ནས་གོང་དུ་འཕེལ་བའི་ཕྱིར་རྒྱུན་དུ་ཉམས་སུ་ལེན་དགོས་པ་ཡིན་ཏེ། དེ་ཡང་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་སེམས་བསྐྱེད་ཀྱི་དཔང་པོར་སྐྱབས་འགྲོའི་ཚོགས་ཞིང་ཇི་ལྟ་བ་བཞིན་གསལ་གདབ་ནས། འདི་ལྟར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་པར་ཤེས་པར་བྱས་ནས། སྙིང་རྗེའི་མཐུས་མཁའ་ཁྱབ་ཀྱི་སེམས་ཅན་དམིགས་ཤིང་། ཤེས་རབ་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་ཏེ་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་སྔོན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་སྤྱོད་རླབས་པོ་ཆེ་ལ་བསླབ་ཅིང་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པ་དེ་ཙམ་དུ་བརྩོན་འགྲུས་བརྩམ་མོ་སྙམ་པས། ཧོ། སྣ་ཚོགས་སྣང་བ༴ སོགས་ཞེས་ཅི་མང་དུ་བརྗོད་པའི་མཐར་ཚོགས་ཞིང་གི་ལྷ་ཚོགས་རྣམས་ལ་མོས་གུས་དུང་དུང་བ་ཞིག་བྱས་པས། ལྷ་ཚོགས་ཐམས་ཅད་མཐའ་ནས་རིམ་པ་བཞིན་དུ་ཡལ་ཏེ་དབུས་ཀྱི་བླ་མ་སྐྱབས་གསུམ་ཀུན་འདུས་ལ་ཐིམ། བླ་མ་ཡང་འོད་དུ་ུཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་སྐྱབས་ཡུལ་ལྷ་ཚོགས་དེ་དག་གི་ཐུགས་རྒྱུད་ན་བཞུགས་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རང་རྒྱུད་ལ་ལྷང་གིས་སྐྱེ་བར་བསམ་ཞིང་ཡུན་ཅི་གནས་སུ་མཉམ་པར་འཇོག་གོ། དེ་ལས་ལྡང་པ་ན། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། །གཉིས་པ་སྨོན་པའི་བསླབ་བྱ་ཚད་མེད་རྣམ་བཞི་བཤད་པ་ནི། སེམས་ཉིད་ངལ་གསོ་ལས། བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་གྲིབ་བསིལ་བཏང་སྙོམས་ཆུ་གཙང་གིས། །འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱང་ངོ་། །ཞེས་གསུངས་པ་ལྟར། བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་བདེ་བ་དང་ལྡན་པར་འདོད་པ་བྱམས་པ་དང་། སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཞིག་ལ་དམིགས་ནས་དེ་སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ་དང་། སྡུག་བསྔལ་མེད་ལ་བདེ་བ་དང་ལྡན་པའི་སེམས་ཅན་ཞིག་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པ་དགའ་བ། ཆགས་སྡང་ཅན་ལ་དམིགས་ནས་བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་དང་བྲལ་བར་ཤོག་ཅིག་སྙམ་པ་བཏང་སྙོམས་ཡིན་ནོ། །མདོར་ན་ལྡན་འདོད་བྲལ་འདོད་མི་འབྲལ་ཞི་བར་འདོད་པ་བཞིའི་སྒོ་ནས་ཚད་མེད་བཞི་འབྱེད་པ་ཡིན་ནོ། །དེ་ལྟར་བསྒོམ་པའི་ཕན་ཡོན་ནི། ཀུན་མཁྱེན་ཆེན་པོས། བྱམས་པས་ཞེ་སྡང་མེད་ཅིང་ལོངས་སྤྱོད་རྫོགས། །མེ་ལོང་ཡེ་ཤེས་རབ་ཏུ་ཐོབ་པར་འགྱུར། །ཞེས་དང་། སྙིང་རྗེས་འདོད་ཆགས་མེད་ཅིང་ཆོས་ཀྱི་སྐུ། །སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱེད། །ཅེས་དང་། དགའ་བས་ཕྲག་དོག་མེད་ཅིང་སྤྲུལ་པའི་སྐུ། །བྱ་གྲུབ་ཡེ་ཤེས་དམ་པ་ཐོབ་པར་འགྱུར། །ཞེས་དང་། བཏང་སྙོམས་ང་རྒྱལ་རྨོངས་མེད་ངོ་བོ་ཉིད། །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱེད། །ཅེས་གསུངས་པ་ཡིན་ནོ། །གཞན་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་གསུངས་པ་ལྟར། བདག་གཞན་བརྗེ་བ་ཞེས་པའི་དོན་ནི་གཙོ་བོར་རང་གཅེས་པར་འཛིན་པ་དང་། གཞན་ཡལ་བར་འདོར་བའི་བློ་གཉིས་བརྗེས་ནས། གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང་། རང་ལ་གཞན་ལྟར་ཡལ་བར་འདོད་པའི་བློ་སྐྱེད་པ་ཡིན་ཏེ། ཡང་དེ་ཉིད་ལས། བདག་ཉིད་གཞན་ལ་གཏང་བ་དང་། །གཞན་རྣམས་བདག་བཞིན་བཟུང་བར་བྱ། །ཞེས་དང་། འཆད་ཀ་བས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་གཉིས་རླུང་ལ་སྐྱོན་པར་བྱ། །ཅེས་དང་། ཇོ་བོ་རྗེས། ཆགས་སྡང་འཁྲུལ་བའི་ཉེས་པ་འབྱུང་ཉེ་བས། །བདག་གཞན་བརྗེ་བའི་བསམ་པ་གོམས་པར་མཛོད། །ཅེས་དང་། བདེ་སྐྱིད་བྱུང་ཚད་གཞན་ལ་བྱིན། །སྡུག་བསྔལ་བྱུང་ཚད་རང་ལ་ལོངས ། །ཞེས་དང་། སྤྱན་སྔ་བས། འཇིག་རྟེན་པ་རྣམས་གཞན་བས་རང་གཅེས་པར་འཛིན་ཏེ། འོ་སྐོལ་རང་བས་གཞན་གཅེས་པར་འཛིན་དགོས། ཞེས་གསུངས་པ་དང་། རྒྱལ་སྲས་ཐོགས་མེད་ཀྱིས། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །དེ་ཕྱིར་བདག་བདེ་གཞན་གྱི་སྡུག་བསྔལ་དག ཡང་དག་བརྗེ་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། གཞན་ཕན་རྩ་བ་ཡིན་པས་བདག་གཞན་བརྗེ་བ་སྒོམས། བདག་འཛིན་དགྲ་རུ་ཤེས་ནས་འདུལ་རྒྱུའི་དགྲ་གཞན་སྤངས། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིགས་དང་སྡུག་བསྔལ་ཇི་སྙེད་ཡོད་གྱུར་པ། །དེ་ཀུན་བདག་ཏུ་འཛིན་པ་ལས་བྱུང་ན། །འདྲེ་ཆེན་དེས་ཀོ་བདག་ལ་ཅི་ཞིག་བྱ། །ཞེས་དང་། སེམས་ཅན་མི་སྲུན་ནམ་མཁའ་བཞིན། །དེ་དག་གཞོམ་གྱིས་ཡོངས་མི་ལང་། །ཁྲོ་བའི་སེམས་འདི་གཅིག་བཅོམ་ན། །དགྲ་དེ་ཐམས་ཅད་བཅོམ་དང་འདྲ། །ས་སྟེང་འདི་དག་ཀོས་གཡོག་ཏུ། །དེ་སྙེད་ཀོ་བས་ག་ལ་ལང་། །ལྷམ་མཐིལ་ཙམ་གྱི་ཀོ་བས་ནི། །ས་སྟེང་ཐམས་ཅད་གཡོགས་དང་འདྲ། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་བཤད་པ་ནི། མཁས་པ་འཇུག་པའི་སྒོ་བཅུ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཕར་ཕྱིན་དྲུག །ཅེས་གསུངས་པ་ལྟར། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཏེ། ཐབས་སྤྱོད་པའི་ཕྱོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྔ། ཤེས་རབ་ཡེ་ཤེས་ཀྱི་ཚོགས་དང་དྲུག་ཡིན་ཏེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། དང་པོ་ལྔ་ནི་བསོད་ནམས་དམ་པའི་ཚོགས། །ཕྱི་མ་གཅིག་ནི་ཡེ་ཤེས་ཚོགས་ཆེན་ཏེ། །གཉིས་ལ་མ་བསྟེན་སངས་རྒྱས་ཡོད་མ་ཡིན། །ཞེས་སོ། །དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ། ཟང་ཟིང་གི་སྦྱིན་པ། ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་ལས། ཟང་ཟིང་གི་སྦྱིན་པ་དེ་ལ་གཏོང་བ་དང་། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བ་དང་གསུམ་ཡོད་དེ། སེམས་ཉིད་ངལ་གསོ་ལས། ཟས་གོས་རྟ་དང་ཤིང་རྟ་གླང་པོ་སོགས། །མཁོ་དགུའི་ཡོ་བྱད་དཔག་མེད་གཏོང་བ་སྟེ། །བུ་དང་བུ་མོ་ལ་སོགས་གཏོང་བ་ཆེ། །མགོ་དང་མིག་སོགས་ཤིན་ཏུ་གཏོང་བ་སྟེ། །ཞེས་དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཟང་ཟིང་ལ་ཡང་རྣམ་པ་གསུམ་ཡིན་ཏེ། །གཏོང་དང་གཏོང་བ་ཆེ་དང་ཤིན་ཏུ་གཏོང་། །གཏོང་བ་ཞེས་བྱ་ཟས་གོས་ཤིང་རྟ་དང་། །གླང་པོ་ཡུལ་ཁམས་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་བུ་དང་བུ་མོ་དང་། །ཁྱིམ་ཐབས་གཏོང་ཡིན་ཤིན་ཏུ་གཏོང་བ་ནི། །བྱ་དཀའི་གནས་ཏེ་མགོ་དང་ཡན་ལག་གཏོང་། །ཞེས་དང་། མདོ་ལས། གཏོང་བ་ཞེས་བྱ་ནི། ཟས་དང་། གོས་དང་། ཤིང་རྟ་དང་། གླང་པོ་ཆེ་གཞན་ལ་སྦྱིན་པའོ། །གཏོང་བ་ཆེན་པོ་ཞེས་བྱ་བ་ནི། བུ་དང་བུ་མོ། ཁྱིམ་ཐབས་སྦྱིན་པའོ། །ཤིན་ཏུ་གཏོང་བ་ཞེས་བྱ་བ་ནི། བྱ་དཀའ་བ་སྟེ། མགོ་དང་། མིག་དང་། ལག་པ་དང་། རྐང་པ་ལ་སོགས་པ་གཏོང་བའོ། །ཞེས་སོ། །འདི་དག་གི་དམིགས་བསལ་ནི། ཡོན་ཏན་མཛོད་ལས། སྙིང་རྗེའི་བསམ་པ་ཤིན་ཏུ་མ་དག་པར། །ལུས་དང་སྲོག་དག་བསླབ་བཏུས་ཉིད་ལས་བཀག ཞེས་དང་། བསླབ་བཏུས་ལས། སྙིང་རྗེའི་བསམ་པ་མ་དག་པར། །ལུས་ནི་བཏང་བར་མི་བྱའོ། །ཞེས་སོ། །སྦྱིན་པ་ལའང་ཤན་པ་ལ་མཚོན་ཆ་དང་། བསམ་ངན་ལ་དུ ག་དང་། བག་མེད་པ་ལ་ཆང་བྱིན་པ་ལ་སོགས་པ་མ་དག་པའི་སྦྱིན་པ་སུམ་ཅུ་རྩ་གཉིས་དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས་གསུངས་སོ། །ཆོས་ཀྱི་སྦྱིན་པ་ནི། ཆོས་བསྒྲུབ་པའི་ཡོ་བྱད་མཐུན་རྐྱེན་གང་ལ་གང་འོས་སུ་སྦྱིན་པ་དང་། ཁྱད་པར་དུ་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པའི་སྒོ་ནས་ཡང་དག་པའི་དོན་སྟོན་པར་བྱེད་པ་དང་། མདོར་ན་བཀླག་ལུང་དང་། བསླབ་པ་འབོགས་པ་ལ་སོགས་དབང་པོ་དང་འཚམས་པའི་ཐེག་པ་ཆེ་ཆུང་གི་ཆོས་གང་འོས་སུ་སྟེར་བ་ནི། སྦྱིན་པ་རྣམས་ཀྱི་ནང་ནས་ཆོས་ཀྱི་སྦྱིན་པ་མཆོག་ཏུ་གྱུར་པའོ། །འཕགས་པ་འཇིག་རྟེན་འཛིན་གྱིས་དྲིས་པའི་མདོ་ལས། དེ་ལ་ཆོས་ཀྱི་སྦྱིན་པ་ནི། སྨྱུ་གུ་དང་། སྣག་ཚ་དང་། གླེགས་བམ་སྦྱིན་པ་ནི་ཆུང་ངུའོ། །སྐལ་པ་ཇི་ལྟ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། བླ་ན་མེད་པའི་ཆོས་སྟོན་པ་ནི་ཆེན་པོའོ། །བླ་ན་མེད་པའི་བྱང་ཆུབ་འཛིན་དུ་འཇུག་ཅིང་། ནམ་མཁའ་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་སྟོན་པ་ནི་ཤིན་ཏུ་ཆེན་པོའོ། །ཞེས་སོ། །མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི། གཞན་དག་ནད་གདོན་མེ་ཆུ་མཚོན་དང་། རྒྱལ་པོའི་འཇིགས་པ་མུ་གེས་ཉེན་པ་སོགས་མདོར་ན་འཇིགས་པ་མཐའ་དག་ལས་རང་ལ་སྟོབས་ནུས་ཅི་ཡོད་ཀྱིས་སྐྱོབ་པའོ། །དེའང་བྱང་སེམས་ཁྱིམ་པས་ཟང་ཟིང་དང་། མི་འཇིགས་པའི་སྦྱིན་པ་དང་། རབ་བྱུང་གིས་ཆོས་ཀྱི་སྦྱིན་པ་བྱ་བར་གསུངས་སོ། །བཅོམ་ལྡན་འདས་ཀྱིས། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལས། སེམས་ཅན་གྱི་སྲོག་བསྐྱབས་པ་ཕན་ཡོན་ཆེ་བར་གསུངས་པ་ཡིན་ནོ། །རྒྱལ་སྲས་ཐོགས་མེད་ཀྱིས། བྱང་ཆུབ་འདོད་པས་ལུས་ཀྱང་གཏོང་དགོས་ན། །ཕྱི་རོལ་དངོས་པོ་རྣམས་ལ་སྨོས་ཅི་དགོས། །དེ་ཕྱིར་ལན་དང་རྣམ་སྨིན་མི་རེ་བའི། །སྦྱིན་པ་གཏོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་སོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ཡོད་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། སྡོམ་དང་ཆོས་སྡུད་སེམས་ཅན་དོན་བྱེད་དེ། རྒྱལ་སྲས་རྣམས་ཀྱི་ཚུལ་ཁྲིམས་གསུམ་རྟག་བསྲུང་། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བ་ལས་སེམས་བསྲུང་བ་ཡིན་ནོ། །དགེ་བའི་ཆོས་སྲུང་བའི་ཚུལ་ཁྲིམས་ཀྱིས་ནི་དགེ་བའི་རྩ་བ་མངོན་པར་བསྒྲུབ་པ་ཡིན་ནོ། །སེམས་ཅན་ཀྱི་དོན་བྱེད་པའི་ཚུལ་ཁྲིམས་ཀྱིས་ནི་གཞན་ལ་ཕན་པ་ལྷུར་ལེན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། གཞན་དོན་དུ་མི་འགྱུར་བའི་མི་དགེ་བ་ཐམས་ཅད་དུག་བཞིན་དུ་སྤང་བའོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། དགེ་རྩ་མཐའ་དག་རང་རྒྱུད་ལ་སྒྲུབ་པར་བྱེད་པའོ། །སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། རང་འདོད་རྩ་བ་ནས་ཟད་པའི་དུས་བསྡུ་དངོས་བཞིས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། མཁས་པ་འཇུག་པའི་སྒོ་བཅུ་ལས། སྦྱིན་དང་སྙན་པར་སྨྲ་བ་དང་། །དོན་སྤྱོད་དོན་མཐུན་བསྡུ་དངོས་བཞི། །ཞེས་གསུངས་སོ། །འདི་དག་གི་གནང་བཀག་གི་ཁྱད་པར་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། སོ་སོར་ཐར་བའི་སྡོམ་པའི་རང་དུས་བརྩིས་ན་མི་དགེ་བ་བཅུ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་གནང་བའི་སྐབས་མེད་པ་དང་། བྱང་ཆུབ་སེམས་དཔའ་ལ་ནི་ལུས་ངག་གི་མི་དགེ་བ་བདུན་གཞན་དོན་དུ་གནང་བ་དང་། སྔགས་ལ་མི་སྤོང་བར་ཐབས་ཀྱི་ཆར་བསྟེན་ཏེ་ཤིང་ལས་མེ་ལྟར་ཡེ་ཤེས་སྐྱེ་བའི་རྒྱུར་ལམ་ཟབ་པས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཞེས་གསུངས་པ་དང་། མདོ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །བུ་རམ་ཤིང་པ་རྣམས་ཀྱི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་འགྲུབ་པ་ལ་ཕན། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། གཞི་ལ་སྤོང་བར་བྱེད་པ་ནི། །སྐྱེ་བོའི་ལྡུམ་རའི་དུག་སྡོང་འདྲ། །སྦྱོང་བར་བྱེད་པའི་ལམ་པ་ནི། །འཚེ་བྱེད་མཁས་པས་མཐོང་བ་འདྲ། །སྒྱུར་བར་བྱེད་པའི་གསང་སྔགས་པ། །བྲམ་ཟེ་རིགས་སྔགས་གྲུབ་པ་འདྲ། །དབང་དུ་བྱེད་པའི་ནང་པ་ནི། །རྨ་བྱས་ཟས་སུ་མཐོང་བ་འདྲ། །རང་སར་འཇིག་པའི་རྫོགས་ཆེན་པ། །འབྱུང་ཆེན་ལྟོས་ཀྱི་ས་གཞི་འདྲ། ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ཐེག་པའི་དོན་འདུས་ཤེས་པའི་ཆོས་དྲུག་ནི། ཉོན་མོངས་རང་ཁར་ཐ་མལ་སྐྱོན་ཤེས་དགོས། །ཉོན་མོངས་སྤོང་བ་ཉན་རང་ལམ་ཤེས་དགོས། །ཉོན་མོངས་སྦྱོང་བ་རྒྱལ་སྲས་ལམ་ཤེས་དགོས། །ཉོན་མོངས་བསྒྱུར་བར་གསང་སྔགས་ལམ་ཤེས་དགོས། །རང་བཞིན་ཡོངས་ཤེས་རང་བྱུང་ཡེ་ཤེས་དགོས། །བླང་དོར་གྲོལ་བྱ་བཙལ་མེད་ཤེས་པ་དགོས། །དེ་དག་ལྡན་ན་ཉོན་མོངས་གོས་པ་མེད། །ཞེས་གསུངས་པ་དང་། གང་ཟག་གཅིག་གི་རྒྱུད་ལ་ནི། ངོ་བོ་གཅིག་ལ་ལྡོག་པའི་ཆ་ཐ་དད་ཡོད་དོ། །ཡུལ་འདོམ་ན་གོང་མ་བསྲུང་སྟེ་འོག་མའི་ཆ་དེར་འདུ་བའི་ཕྱིར་རོ། །འོག་མ་དང་རྣམ་པ་འགལ་བ་ལྟར་སྣང་ཡང་ངོ་བོ་མ་ཤོར་བས་འགལ་བ་ཅུང་ཟད་ཀྱང་མེད་དོ། །དཔེར་ན་གསང་སྔགས་ཀྱི་ཀུན་ཏུ་སྤྱོད་པའི་སྐབས་སུ་ཆང་འཐུང་བ་ལ་ནི་ཉན་ཐོས་པས་ལྟུང་བ་དང་། བྱང་ཆུབ་སེམས་དཔས་ཕྱོགས་མཐུན་གྱི་ཉེས་པར་བཤད་ཀྱང་། ཉེས་པར་མི་འགྱུར་ཏེ། དེའི་ཚེ་ཡུལ་བདག་ཉིད་དགེ་སློང་ངམ་བྱང་ཆུབ་སེམས་དཔའ་ཡིན་དགོས་པ་ལ། དེའི་ཚེ་ལྷར་བསྐྱེད་པས་གཞི་གཞན་དུ་གྱུར། དངོས་པོ་མྱོས་བྱེད་ཆང་ཡིན་དགོས་པ་ལས། སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་བདུད་རྩིར་བསྒྱུར་ཞིང་ལོངས་སྤྱད་པར་གསུངས་པ་དང་། བསམ་པའི་འདུ་ཤེས་གཞན་མ་གྱུར་པ་དགོས་པ་ལས། ལྷ་དང་། དཀྱིལ་འཁོར་དང་། བདུད་རྩི་ལ་སོགས་པའི་འདུ་ཤེས་སུ་གནས་གྱུར་པས་ཉེས་པ་མེད་པའི་སྟེང་དུ་ལྷ་མཆོད་པས་ཚོགས་རྫོགས་པ་དང་། ལྟ་བ་དང་ཏིང་ངེ་འཛིན་བསྒོམ་པའི་གྲོགས་སུ་གྱུར་བས་ཡོན་ཏན་ཡར་ལྡན་དུ་ཡོད་པར་གསུངས་པ་དང་། ཏིང་འཛིན་རྒྱལ་བོ་ལས། ངོ་བོ་ཉིད་སྟོང་རང་བཞིན་འོད་གསལ་བ། །བདག་མེད་ཆོས་རྣམས་དེ་ཡིས་རྣམ་རིག་ན། །དེ་ལ་སྡོམ་པ་ནམ་ཡང་མེད་མི་འགྱུར། །ཞེས་དང་། འཁོར་ལོ་བཅུ་བའི་མདོ་ལས། དོན་དམ་པའི་དགེ་སློང་ནི་ཁྱིམ་ན་གནས་ཤིང་སྐྲ་དང་ཁ་སྤུ་མ་བྲེག །ཆོས་གོས་ཀྱང་མ་བགོས། ཚུལ་ཁྲིམས་ཀྱང་མནོས་པ་མེད་ཀྱིས་འཕགས་པའི་ཆོས་ཉིད་དང་ལྡན་པ་དེ་ནི་དོན་དམ་པའི་དགེ་སློང་ཞེས་བྱའོ། །ཞེས་དང་། འདུལ་བ་ལུང་ལས། རབ་ཏུ་བྱུང་བ་དེ་ལྟ་བུ་ལ་ནི་ཀཪྴ་པ་ཎི་སྟོང་རིན་པའི་གོས་དང་། མི་ལྔ་བརྒྱ་ཤོང་བའི་ཙནྡ་གྱི་ཁང་བརྩེགས་དང་། རོ་བརྒྱ་དང་ལྡན་པའི་ཟས་རྣམས་ཀྱང་རྗེས་སུ་གནང་ངོ་། །ཞེས་གསུངས་པའོ། །ཚུལ་དེ་བཞིན་དུ་བསླབ་པའི་ཆ་ཤས་ཀུན་ལའང་ཤེས་པར་བྱའོ། །ཞེས་གསུངས་སོ། ། གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། སེམས་ཉིད་ངལ་གསོ་ལས། ཕྱི་ནང་གནོད་པ་སྣ་ཚོགས་སྡུག་བསྔལ་ལ། །ཇི་མི་སྙམ་དང་སྙིང་རྗེའི་ཆོས་ལ་སེམས། །དམིགས་མེད་བཟོད་པ་གསུམ་ཡང་བསྒྲུབ་པར་བྱ། །ཞེས་གསུངས་པ་ལྟར། གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་དང་གསུམ་ལས། གཞན་གྱི་ལོག་སྒྲུབ་བཟོད་པའི་བཟོད་པ་ནི། གཞན་གྱིས་རང་ལ་དངོས་སུ་རྡུང་རྡེག་དང་། འཕྲོག་བཅོམ་ཚིག་ངན་སྨྲ་བ་སོགས་དང་། ལྐོག་ནས་མི་སྙན་པར་བརྗོད་པ་སོགས་ལ་ཞེ་སྡང་དང་ཁོང་ཁྲོ་མི་བྱ་བར་སླར་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་ནས་དེ་དག་ལ་ཕན་འདོགས་དགོས་པ་ཡིན་ལ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སྙིང་རྗེ་རྒྱ་ལ་མ་སྐྱེས་ན། །ཁྲོ་བར་གྱུར་པ་ཅིའི་ཐ་ཚིག །ཞེས་སོ། །གལ་ཏེ་ཁྲོས་ནས་གནོད་ལན་བྱས་ན། སྡེ་སྣོད་ལས། ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་འཇོམས་པའོ། །ཞེས་དང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཞེ་སྡང་ལྟ་བུའི་སྡིག་པ་འགའ་མེད་ལ། །བཟོད་མཚུངས་དཀའ་ཐུབ་བསོད་ནམས་གཞན་མེད་པས། །སྣ་ཚོགས་ཚུལ་གྱིས་བཟོད་ལ་ནན་ཏན་དུ། །ཁྲོ་བའི་མེ་ཆེན་འཇིལ་ལ་བརྩོན་པར་བྱ། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། རང་རྒྱུད་གྱོང་པོ་ཐུལ་ན་དཔའ་བོའི་མཐར་ཐུག་ཡིན། །ཁོང་ཁྲོའི་དགྲ་བོ་ཐུལ་ན་རྒྱལ་བའི་མཐར་ཐུག་ཡིན། །ཞེས་གསུངས་སོ། །ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ནི། དམ་པའི་ཆོས་སྒྲུབ་པའི་ཆེད་དུ་དཀའ་ཚེགས་ཚ་གྲང་ཐམས་ཅད་ཁྱད་དུ་བསད་ནས་སྡུག་བསྔལ་དང་དུ་ལེན་པ་ནི་ཅི་མི་སྙམ་པའི་བཟོད་པའོ།། ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་དང་། ཁྱད་པར་རང་བཞིན་རྫོགས་པ་ཆེན་པོའི་གནས་ལུགས་བྱ་རྩོལ་དང་བྲལ་བའི་གནད་དགེ་སྡིག་རྒྱུ་འབྲས་ལས་འདས་པའི་རྡོ་རྗེ་གད་མོ་བཅུ་གཉིས་དང་། ངོ་མཚར་བའི་ཚིག་ཆེན་བརྒྱད་ལ་སོགས་པ་ཐོས་པ་ན། དེ་དག་ལ་མི་སྐྲག་ཅིང་བཟོད་དེ་སླར་དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ལོན་པའི་ཐབས་ལ་འབད་པར་བྱའོ། །བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། གང་ལ་བརྩོན་པའི་རང་བཞིན་དགེ་ལ་སྤྲོ། དེ་ལ་དགེ་ཆོས་མི་ཟད་སྤྲིན་བཞིན་འདུ། །དྲི་ཞིམ་པདྨའི་ཚལ་དུ་བུང་བ་བཞིན། །ཞེས་དང་། དབྱེ་ན་དགེ་བ་བསྒྲུབ་ཅིང་བདུད་བཞི་འཇོམས་པའི་རྒྱུ་གོ་ཆའི་བརྩོན་འགྲུས་དང་། ལམ་ལྔ་ས་བཅུ་རྫོགས་པར་བྱེད་པའི་རྒྱུ་སྦྱོར་བའི་བརྩོན་འགྲུས་དང་། རང་གཞན་གྱི་དོན་འགྲུབ་པའི་རྒྱུ་སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ། །ཞེས་གསུངས་པ་ལྟར། དགེ་བའི་གནས་ལ་སྤྲོ་བའི་སྒོ་ནས་ནན་ཏན་གྱིས་འཇུག་པ་ནི་བརྩོན་འགྲུས་ཏེ། དེ་ལ་དབྱེ་ན། བསམ་པ་མ་ཞུམ་པ་གོ་ཆའི་བརྩོན་འགྲུས་སམ་གུས་སྦྱོར་གྱི་བརྩོན་འགྲུས་དང་། སྦྱོར་བ་མི་འགོང་བར་རྟག་སྦྱོར་གྱི་བརྩོན་འགྲུས་དང་། སེམས་ཅན་གྱི་དོན་བྱེད་པ་དང་སངས་རྒྱས་ཀྱི་ཆོས་རྫོགས་པ་ལ་ཆོག་པར་མི་ཤེས་པའི་བརྩོན་འགྲུས་དང་གསུམ་དུ་དབྱེ་བ་ལ་སོགས་པའི་རྣམ་བཞག་མང་དུ་ཡོད་པ་ཡིན་ནོ། །དེ་ཡང་རྒྱལ་སྲས་ཐོགས་མེད་ཀྱིས། རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །མགོ་ལ་མེ་ཤོར་བཟློག་ལྟར་བརྩོན་མཐོང་ནས། །འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱིས། །བརྩོན་འགྲུས་རྩོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་ལུང་ལས། བརྩོན་ལ་བྱང་ཆུབ་འདི་གནས་ཀྱི། །མི་བརྩོན་པ་ལ་གནས་མ་ཡིན། །བརྩོན་པས་དགེ་བ་ཐམས་ཅད་སྡུད། །བརྩོན་པས་ཡོན་ཏན་རྣམ་པར་འཕེལ། །ཞེས་སོ། །བརྩོན་འགྲུས་མ་བརྩམ་པའི་ཉེས་པ་ནི། དྲན་པ་ཉེར་བཞག་ལས། ཉོན་མོངས་རྣམས་ཀྱི་གཞི་གཅིག་ནི། །ལེ་ལོ་ཡིན་ཏེ་གང་ལ་ཡོད། །གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། བརྩོན་འགྲུས་མེད་པའི་གང་ཟག་ལ། །ཤེས་རབ་དང་ནི་དབང་འབྱོར་སྟོབས། །གང་གིས་སྐྱོབ་པར་མི་ནུས་ཏེ། །གྲུ་གཟིངས་ཡོད་པའི་དེད་དཔོན་ལ། །སྐྱ་བས་རྡུགས་པ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར། བརྩོན་འགྲུས་མེད་ན་ལེ་ལོའི་དབང་དུ་སོང་ནས་ཆོས་བསྒྲུབ་པའི་དུས་མེད་དེ། ཀུན་མཁྱེན་ཆེན་པོས། དེ་ཡི་མི་མཐུན་ཕྱོགས་གང་ལེ་ལོ་གསུམ། བྱ་བ་ངན་ཞེན་སྒྱིད་ལུག་བདག་ཉིད་བརྙས། །ལེགས་པ་མི་འགྲུབ་ཉེས་ཀུན་འབྱུང་བའི་གཞི། །ཕུན་ཚོགས་ཉམས་ལ་རྒུད་པ་སྐྱེ་བར་འགྱུར། །ཞེས་དང་། ཚོང་སོ་ནམ་ཡིག་རྩིས་ལ་སོགས་པ་དམ་པའི་ཆོས་ལ་བར་དུ་གཅོད་པའི་བྱ་བ་ལ་སེམས་གཡེང་བ་ནི་བྱ་བ་ངན་ཞེན་གྱི་ལེ་ལོ་དང་། དཀའ་བ་མཐོང་ནས་མི་འགྲུབ་ངེས་སྙམ་དུ་སྦྱོར་བ་བཏང་བ་ནི་སྒྱིད་ལུག་པའི་ལེ་ལོ་དང་། བདག་འདྲ་བས་མི་ནུས་ཞེས་སེམས་ཞུམ་པ་ནི་བདག་ཉིད་བརྙས་པའི་ལེ་ལོ་ཡིན་ནོ། །ཞེས་གསུངས་སོ། ། ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཉིས་ལས། དང་པོ་འདུ་འཛི་རྣམ་གཡེང་ཐམས་ཅད་སྤངས་ནས་གནས་དབེན་པ་ཞིག་མ་བསྟེན་ན། བསམ་གཏན་རྒྱུད་ལ་སྐྱེ་མི་ནུས་ཏེ། དགེ་བཤེས་པོ་ཏོ་བས། མི་གསེབ་ལ་དགའ་ཞིང་བྱ་བྱེད་མང་བ་ལ་དགེ་སྦྱོར་མི་འོང་། དེའི་ནང་ནས་བསམ་གཏན་མི་འོང་། ཞེས་དང་། དགོན་པ་བས། བསམ་གཏན་གྱི་རྩ་བ་དབེན་པ་བསྟེན་པ་ལ་ཐུག ཞེས་དང་། ཀུན་མཁྱེན་ཆེན་པོས། ཇི་སྲིད་སེམས་ལ་བརྟན་པ་མ་ཐོབ་པར། །ཕྱི་རོལ་ཡུལ་གྱིས་རབ་ཏུ་བསླུ་བས་ན། །དབེན་པའི་ནགས་སུ་སྤྲོ་བས་གནས་པར་བྱ། །ཞེས་དང་། དབེན་པའི་གཏམ་ལས། ཇི་སྲིད་སྐྱེས་བུ་བཞི་ཡིས་ལུས། །ཁྱོགས་ལ་བཏགས་པར་མ་གྱུར་བར། །དེ་ཕྱིར་དགོན་པར་རབ་ཕྱོགས་ཏེ། །ཞི་བའི་ཏིང་འཛིན་བསྒྲུབ་པར་བྱ། །ཞེས་དང་། ཇོ་བོ་རྗེས། ཡེང་མ་ལམ་དུ་མི་ཚེ་ཟད་པས་ད་ནི་མཉམ་བཞག་བྱ་བར་རན། ཞེས་སོ། །གཉིས་པ་བསམ་གཏན་དངོས་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། དེར་ནི་སྟན་ལ་སྐྱིལ་ཀྲུང་རབ་བཅས་ནས། །རྩེ་གཅིག་སེམས་ལ་མི་གཡོ་མཉམ་པར་བཞག །བྱིས་པ་ཉེར་སྤྱོད་དོན་རབ་འབྱེད་པ་དང་།། དེ་བཞིན་གཤེགས་དགེའི་བསམ་གཏན་དམ་པ་བསྒྲུབ། །ཅེས་དང་། ལང་ཀར་གཤེགས་པ་ལས། བྱིས་པ་ཉེར་སྤྱོད་བསམ་གཏན་དང་། །དོན་རབ་འབྱེད་པའི་བསམ་གཏན་དང་། །དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ། །ཞེས་གསུངས་པ་ལྟར། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། དོན་རབ་འབྱེད་པའི་བསམ་གཏན། དེ་བཞིན་གཤེགས་དགེའི་བསམ་གཏན་དང་གསུམ་ལས། དེ་ཡང་བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་ནས། དེ་ཉིད་ལ་ཆེད་དུ་གཉེར་ཏེ་ཉམས་ཞེན་གྱི་རྩི་དང་བཅས་པར་བསྒོམ་པའི་དུས་ན་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱ། ཉམས་ཀྱི་ཞེན་པ་དང་བྲལ་ནས་བསམ་གཏན་གྱི་རོ་མྱོང་མེད་ཀྱང་སྟོང་འཛིན་གཉེན་པོའི་ཕྱོགས་ལ་ཞེན་ནས་བསྒོམ་པའི་དུས་ན་དོན་རབ་འབྱེད་པའི་བསམ་གཏན་ཞེས་བྱ། སྟོང་འཛིན་གཉེན་པོའི་བློ་དང་བྲལ་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ནི། དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བཤད་པ་ཡིན་ཏེ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། ལམ་དུ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་བསམ་གཏན་གཟུགས་མེད་པ་རྣམས་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་བྱའོ། །ལམ་དུ་ཞུགས་པ་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་པའི་ལམ་དུ་བྱེད་ཅིང་དོན་རབ་འབྱེད་པས་ན་དོན་རབ་ཏུ་འབྱེད་པའི་བསམ་གཏན་ཞེས་བྱའོ། །ས་དང་པོ་ཡན་ཆད་འཕགས་པའི་ཏིང་ངེ་འཛིན་རྣམས་ལ་ཟག་པ་མེད་པའམ་དེ་བཞིན་གཤེགས་དགེའི་བསམ་གཏན་ཞེས་བྱའོ། །ཞེས་གསུངས་སོ། །རྒྱལ་སྲས་ཐོགས་མེད་ཀྱིས། །བསམ་གཏན་མེད་པར་ཆོས་ཉིད་མི་མཐོང་བས། །རྣམ་རྟོག་མཚན་མ་མེད་པའི་ཏིང་འཛིན་བསྒོམ། །ཞེས་དང་། ཁ་རག་པས། ལས་དང་པོ་པ་ཡི་རྟོག་པ་ལ། །གསལ་ཆ་ཡོད་དེ་བརྟན་ཆ་མེད། །རྟོག་པའི་རླུང་ལ་མ་སྐུར་བར། །དྲན་པའི་ཐག་པས་ཆོངས་ཤིག་ཨང་། །ཞེས་གསུངས་སོ། །དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཐོས་དང་བསམ་དང བསྒོམ་པ་ལས་བྱུང་བའི། །ཤེས་རབ་གསུམ་གྱིས་ལྷག་མཐོང་ཡང་དག་འགྲུབ། །ཉོན་མོངས་ཚོགས་འཇོམས་ཆོས་དང་ཆོས་ཅན་ཤེས། །སྲིད་པའི་གྲོང་ལས་མྱ་ངན་མེད་པར་འདའ། །ཞེས་གསུངས་པ་ལྟར། ཐོས་པའི་ཤེས་རབ། བསམ་པའི་ཤེས་རབ། བསྒོམ་པའི་ཤེས་རབ་དང་གསུམ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། འདི་ལྟར་ཆོས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པར་བྱེད་པ་ནི་ཐོས་པ་ཡིན་ལ། དེ་ཡང་བསམ་པས་ངེས་པར་བྱས་ནས་སྒོམ་པས་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ནི་ཤེས་རབ་ཀྱི་རང་བཞིན་དུ་འདོད་པ་ཡིན་གསུངས། དེ་ཡང་རིག་པའི་གནས་ལྔ་ལ་མཁས་པའི་ཤེས་རབ་ནི་ཀུན་རྫོབ་རྟོགས་པའི་ཤེས་རབ། བདག་མེད་པའི་དོན་དོན་སྤྱིའི་སྒོ་ནས་སམ་མངོན་དུ་གྱུར་པའི་སྒོ་ནས་འཇལ་བའི་ཤེས་རབ་ནི་དོན་དམ་པའི་ཤེས་རབ། སེམས་ཅན་རྣམས་ཀྱི་འདི་ཕྱིའི་དོན་ཁ་ན་མ་ཐོ་བ་མེད་པ་བསྒྲུབ་ཚུལ་ཤེས་པ་ནི་སེམས་ཅན་དོན་བྱེད་ཚུལ་རྟོགས་པའི་ཤེས་རབ་ཏུ་བཤད་པའང་ཡོད། མཉམ་བཞག་ཟག་མེད་འཇིག་རྟེན་ལས་འདས་པའི་ཤེས་རབ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ཤེས་རབ་ལ་སོགས་པ་རྣམ་དབྱེ་མང་དུ་ཡོད་དོ། །དེ་ཡང་ཤེས་རབ་ལ་ནི་ལྷག་མཐོང་ཞེས་བརྗོད་པ་ཡིན་ཏེ། སྦྱིན་པ་ལ་སོགས་པའི་ཕར་ཕྱིན་གཞན་རྣམས་ལས་ཆེས་ཆེར་ལྷག་པ་ཡིན་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས། ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔ་ཡིས། །རྫོགས་པའི་བྱང་ཆུབ་འཐོབ་པར་མི་ནུས་པས། །ཐབས་དང་ལྡན་ཞིང་འཁོར་གསུམ་མི་རྟོག་པའི། །ཤེས་རབ་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པ་ལྟར། ཁྱད་པར་བདག་མེད་རྟོགས་པའི་ཤེས་རབ་མེད་ན་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ལྔ་ཡང་མིག་དང་བྲལ་བ་ལྟ་བུ་ཡིན་ཏེ། མདོ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །གང་ཚེ་ཤེས་རབ་ཀྱིས་ནི་ཡོངས་སུ་ཟིན་གྱུར་ན། །དེ་ཚེ་མིག་རྙེད་གྱུར་ཅིང་འདི་ཡི་མིང་འཐོབ་བོ། །ཞེས་གསུངས་པ་ལྟར། དཔེར་ན་མིག་མེད་པའི་དམུས་ལོང་ལམ་དུ་ཁྲིད་མཁན་གྱི་དམིགས་བུ་མེད་པ་ཞེས་མིག་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ལྷན་ཅིག་ཏུ་ཚོགས་པར་གྱུར་ཀྱང་། རང་གི་མདུན་ན་གནས་པའི་ལམ་ཡང་མི་མཐོང་ཞིང་མི་ཤེས་ན། ལམ་དེར་ཞུགས་ནས་གྲོང་ཁྱེར་གཞན་དུ་འགྲོ་བར་མི་ནུས་པ་ཡིན་ནོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་མིག་དང་ལྡན་པ་ལྟ་བུ་འདི་མེད་ན་ལོང་བའི་ཚོགས་ལྟ་བུའི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ཡིས་རྣམ་པ་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་བགྲོད་མི་ནུས་པ་ཡིན་ནོ། །སྦྱིན་སོགས་ཕར་ཕྱིན་ལྔ་པོ་དེ་དག་འཁོར་གསུམ་བདེན་གྲུབ་ཏུ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ན་དེ་ཡི་ཚེ་དེ་དག་མིག་རྙེད་པར་གྱུར་ནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་བདེ་བླག་ཏུ་ཕྱིན་པ་ཡིན་ནོ། །དེ་ཡང་ཕ་རོལ་ཕྱིན་པ་དེ་དག་ཚུར་བསྡུ་ན། ཇོ་བོའི་ཞལ་ནས། སྦྱིན་པའི་མཆོག་མ་ཆགས་པ་ཡིན། ཚུལ་ཁྲིམས་ཀྱི་མཆོག་སེམས་ཞི་བ་ཡིན། བཟོད་པའི་མཆོག་དམན་ས་བཟུང་བ་ཡིན། བརྩོན་འགྲུས་ཀྱི་མཆོག་བྱ་བ་ཐོང་བ་ཡིན། བསམ་གཏན་གྱི་མཆོག་བློ་མ་བཅོས་པ་ཡིན། ཤེས་རབ་ཀྱི་མཆོག་གང་ལ་ཡང་དེར་འཛིན་མེད་པ་ཡིན། ཞེས་དང་། ཡང་རིག་འཛིན་འཇིགས་མེད་གླིང་པས། །ཆོག་ཤེས་ལ་སྦྱིན་པའི་ཕར་ཕྱིན་གནས། །དེ་ཡི་ངོ་བོ་གཏོང་སེམས་ཡིན། །དཀོན་མཆོག་གིས་མ་ཁྲེལ་ན་ཚུལ་ཁྲིམས་ཡོད། །དྲན་རིག་མ་ཉམས་པ་བཟོད་པའི་མཆོག །ཀུན་གྱི་གྲོགས་སུ་བརྩོན་འགྲུས་དགོས། །སྣང་ཞེན་ལྷར་བསྒོམ་བསམ་གཏན་ཏེ། །འཛིན་ཞེན་རང་གྲོལ་ཤེས་རབ་པོ། །དེ་ལ་བསམ་དང་བསམ་བྱེད་མེད། །ཐ་མལ་མ་ཡིན་ངེས་ཤེས་བྲལ། །མྱ་ངན་འདས་ཞི་དམ་པའོ། །འདི་ནི་ཀུན་ལ་བརྗོད་མི་བྱ། །སེམས་ཀྱི་དམ་པར་ཟུངས་ཤིག་གུ། །ཞེས་དང་། རྗེ་མི་ལས། བདག་འཛིན་སྤངས་པའི་ཕ་རོལ་ན། །སྦྱིན་པ་བྱ་བ་ལོགས་ན་མེད། །གཡོ་རྒྱུ་སྤངས་པའི་ཕ་རོལ་ན། །ཚུལ་ཁྲིམས་བྱ་བ་ལོགས་ན་མེད། །དོན་ལ་མི་སྐྲག་ཕ་རོལ་ན། །བཟོད་པ་བྱ་བ་ལོགས་ན་མེད། །ཉམས་ལེན་འབྲལ་མེད་ཕ་རོལ་ན། །བརྩོན་འགྲུས་བྱ་བ་ལོགས་ན་མེད། །ངང་ལ་གནས་པའི་ཕ་རོལ་ན། །བསམ་གཏན་བྱ་བ་ལོགས་ན་མེད། །གནས་ལུགས་རྟོགས་པའི་ཕ་རོལ་ན། །ཤེས་རབ་བྱ་བ་ལོགས་ན་མེད།། བྱས་ཚད་ཆོས་ཀྱི་ཕ་རོལ་ན། །ཐབས་ཞེས་བྱ་བ་ལོགས་ན་མེད། །བདུད་བཞི་བཅོམ་པའི་ཕ་རོལ་ན། །སྟོབས་ཞེས་བྱ་བ་ལོགས་ན་མེད། །དོན་གཉིས་འགྲུབ་པའི་ཕ་རོལ་ན། །སྨོན་ལམ་བྱ་བ་ལོགས་ན་མེད། །ཉོན་མོངས་རང་མཚང་རིག་པ་ན། །ཡེ་ཤེས་བྱ་བ་ལོགས་ན་མེད། །ཅེས་གསུངས་པ་ལྟར། ཆོས་ཀུན་ཡོངས་སུ་འཛིན་པ་དང་བཀག་པ་མེད་པར་སྤྱོད་པས་སྦྱིན་པ། དེ་བཞིན་དུ་མཉམ་པ་ཉིད་དུ་རྟོགས་པས་སྐྱོན་གང་གིས་ཀྱང་གོས་པ་མེད་པ་བླ་ན་མེད་པ་ཚུལ་ཁྲིམས། འཁྲུགས་པ་མེད་པ་དང་ཡེ་ཤེས་ཀྱི་མཚན་ཡོངས་སུ་རྫོགས་པས་བཟོད་པ། ཉམས་པ་མེད་པ་དང་བྱེད་སྤྱོད་ཚོགས་སུ་འགྱུར་བ་བརྩོན་འགྲུས། དབང་པོ་ཡུལ་ཀུན་ལ་འཇུག་ཀྱང་མཉམ་ཉིད་ལས་མི་གཡོ་ཞིང་ཆོས་ཀུན་གྱི་རང་བཞིན་མཐོང་བ་ལ་གནས་པ་བསམ་གཏན། རང་བཞིན་ཕྱིན་ཅི་མ་ལོག་པ་རྟོགས་པས་ཆོས་ཀུན་མ་བཀག་པར་གསལ་ཞིང་དངོས་པོའི་མཚན་མ་ལས་ཡོངས་སུ་འདས་པ་ཤེས་རབ། བདག་གཞན་གྱི་དོན་རྩོལ་བ་མེད་པར་བྱེད་པས་ཐབས། ཞིང་དང་སྤྱོད་ཡུལ་ཡོངས་སུ་དག་པས་སྨོན་ལམ། མི་མཐུན་པའི་ཕྱོགས་ཀྱིས་ཡོངས་སུ་མི་བརྫི་བས་སྟོབས། དོན་ཇི་ལྟ་བ་རྟོགས་པས་གཉིས་ཆོས་ཀྱི་འཛིན་པ་ཀུན་དང་བྲལ་ཏེ་གཉིས་སུ་མེད་པ་ནི་ཡེ་ཤེས་སུ་གསུངས་པ་ཡིན་ནོ། བཞི་པ་ཕན་ཡོན་བཤད་པ་ནི། བྱམས་པའི་འཇུག་པ་ལས། གང་གིས་སྟོང་གསུམ་རིན་ཆེན་བཀང་བྱས་ཏེ། །སྟོབས་བཅུ་མངའ་བ་རྣམས་ལ་ཕུལ་བ་བས། །དེ་བས་བྱང་ཆུབ་དུ་ནི་སྨོན་བྱེད་པའི། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །ཞེས་དང་། །སྤྱོད་འཇུག་ལས། །དེང་ནས་བརྩམ་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་དང་། བཞི་བརྒྱ་པ་ལས། བསམ་པས་བྱང་ཆུབ་སེམས་དཔའ་ལ། །དགེ་འམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་ཀྱིས་དབང་བསྒྱུར་ཕྱིར། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། །བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམས་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མི་ཀུན་གྱིས་ཕྱག་བྱར་འགྱུར། ཞེས་དང་། དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་བས་ཀྱང་ནི་ལྷག་པར་འ གྱུར། །ཞེས་གསུངས་སོ། །

གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ནི། དེ་ཡང་ཟབ་མོའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་རང་རྒྱུད་ལ་སྐྱེ་བ་ལ་བར་དུ་གཅོད་པ་ནི་སྡིག་སྒྲིབ་བག་ཆགས་ཡིན་ལ། སྒྲིབ་པ་དེ་དག་སྦྱོང་བའི་ཐབས་གྲངས་མེད་ཞིག་རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན་ཀྱང་དེ་དག་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་བླ་མ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཡིན་ཏེ། རྒྱུད་ལས། དུས་གསུམ་རྒྱལ་བའི་ཡང་སྙིང་འདིས། །མཚམས་མེད་ཉེས་བྱས་རྣམ་སྨིན་བྱང་། །གསང་སྔགས་དམ་ཚིག་སོར་དུ་ཆུད། །མི་དགེ་ཕལ་བ་སྨོས་ཅི་དགོས། །གང་ཞིག་ནད་ཀྱིས་ཉེན་གྱུར་ཀྱང་། །སྡུག་བསྔལ་དེ་ལས་ངེས་པར་གྲོལ། །འགོ་བའི་ནད་རིམས་འབྱུང་བའི་ཚེ། །བདག་ཉིད་ཡི་དམ་གསལ་བ་ཡིས། །སྙིང་པོ་འདི་བརྗོད་དེས་མི་ཚུགས། །གང་ཞིག་ངན་སྔགས་མཚོན་བརྡེག་ཀྱང་། །སྙིང་པོ་འདི་བརྗོད་ཕར་ལ་བཟློག །དོན་གཉེར་ལམ་འགྲོ་འདི་བརྗོད་ན། །འཇིགས་པའི་དགྲ་ལས་ངེས་པར་གྲོལ། །གདོན་འཇིགས་བགེགས་ཀྱིས་འཚེ་བའི་ཚེ། །རིག་པ་འདི་བརྗོད་གདོན་དེ་འཇིལ། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་ཕྱི་ལྟར་ན་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་པ། ནང་རྒྱུད་ལྟར་ན་སྙིང་གར། གསང་བ་རྣལ་འབྱོར་རྒྱུད་ལྟར་སེམས་དཔའ་སུམ་བརྩེགས་སོགས་གསུངས་ཀྱང་། ཡང་གསང་བླ་མེད་ལྟར་འཁྱེར་སོ་གསུམ་ལྡན་དུ་གསུངས་པ་ཡིན་ཏེ། དེ་ཡང་རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁར་པད་དཀར་ཟླ་བའི་གདན་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་འོད་ཟེར་བཀྲག་མདངས་དང་ལྡན་པ་གཅིག་བསྒོམ། འོད་ཟེར་སྤྲོ་བསྡུ་མི་དགོས། མཆན། དེ་ནས་སྐད་ཅིག་གིས་ཧཱུྃ་ཡིག་དེ་ཉིད་གནས་འགྱུར་ནས་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིག་སྟོང་གི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་པ། གཡོན་སྣང་སྟོང་གི་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། དེ་ཡང་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་རྒྱན་བརྒྱད་ལས། དང་པོ་དར་གྱི་ཆས་གོས་ལྔ་ནི། ཅོད་པན་དང་གཅིག །སྟོད་གཡོགས་དང་གཉིས། དར་དཔྱངས་དང་གསུམ། སྐ་རགས་དང་བཞི། སྨད་དཀྲིས་དང་ལྔའོ། །རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་རྒྱན་དང་གཅིག །སྙན་རྒྱན་གཡས་གཡོན་གཅིག་ཏུ་བརྩིས་པ་དང་གཉིས། མགུལ་རྒྱན་དང་གསུམ། དཔུང་རྒྱན་གཉིས་གཅིག་ཏུ་བརྩིས་པ་དང་བཞི། དོ་ཤལ་དང་སེ་མོ་དོ་གཉིས་གཅིག་ཏུ་བརྩིས་པས་ལྔ། ཕྱག་གདུབ་གཉིས་གཅིག་ཏུ་བརྩིས་པས་དྲུག །སོར་གདུབ་རྣམས་གཅིག་ཏུ་བརྩིས་པས་བདུན། ཞབས་གདུབ་གཉིས་གཅིག་ཏུ་བརྩིས་པས་བརྒྱད་དོ། །ཡུམ་སྙེམས་མ་དཀར་མོ་དང་གཉིས་མེད་དུ་འཁྲིལ་བ། སྐུ་སྣང་ལ་རང་བཞིན་མ་གྲུབ་པ་སྣང་སྟོང་ཆུ་ཟླ་ལྟ་བུ། སྣང་ཆ་ནས་སྤྱན་གྱི་དཀར་ནག་རྒྱན་གྱི་བྱེ་བྲག་བ་སྤུའི་བུ་ག་ཚུན་ཆད་མ་འདྲེས་པར་གསལ་ཞིང་། སྟོང་ཆ་ནས་དངོས་པོ་གདོས་བཅས་ཀྱི་རྣམ་པར་མ་གྲུབ་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུ། དྲིན་ཆེན་རྩ་བའི་བླ་མ་དང་མགོན་པོ་རྡོ་རྗེ་སེམས་དཔའ་གཉིས་སུ་མེད་པའི་རང་བཞིན་ཐུགས་ཡེ་ཤེས་ཀྱི་མཁྱེན་ཆ་དང་བཅས་པས། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་དགོངས་ཏེ་རང་ཉིད་ཁ་ལྟ་ཕྱོགས་སུ་ཞལ་གྱུ་ནས་བཞུགས་པར་གསལ་བའི་སྤྱན་སྔར། རང་གི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་དུས་ད་ལྟ་ལ་ཐུག་གི་བར་དུ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ། མཚམས་མེད་པ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། ཕྱི་སོ་སོར་ཐར་པའི་སྡོམ་པ་དང་འགལ་བ། ནང་བྱང་ཆུབ་སེམས་དཔའི་བསླབ་བྱ་དང་འགལ་བ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ་ལ་སོགས་པ་ངོ་ཚ་འཇིགས་སྐྲག་འགྱོད་པ་དང་བཅས་ཏེ་བཤགས་དགོས་པ་ཡིན་ཏེ། ཨ༔ བདག་ཉིད་ཐ་མལ་སོགས་ནས། བྱང་བར་མཛད་དུ་གསོལ། ཞེས་བརྗོད། དེ་ལྟར་རྡོར་སེམས་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་དཀར་གླེབས་པ་ཙམ་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོ་སྤུས་བྲིས་པ་ལྟ་བུ་ཞིག་གསལ་ལ། ཧཱུྃ་གི་མཐའ་སྐོར་དུ་ཡི་གེ་བརྒྱ་བའི་སྔགས་ཕྲེང་རྣམས་གཅིག་ལ་གཅིག་མ་རེག་ཙམ་དུ་གཡས་བསྐོར་དུ་བསྐོར་བར་བསམ་ལ། བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་ཀྱི་རང་བཞིན་དུ་ཤེས་ནས་རང་ཉིད་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྟེན་གྱི་སྟོབས། སྡིག་པ་མི་དགེ་བའི་ལས་ཐམས་ཅད་ལ་འགྱོད་སེམས་བྱེད་པ་སུན་འབྱིན་པའི་སྟོབས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་ནི་ཉེས་པ་ལས་ལྡོག་པའི་སྟོབས། སྔར་བྱས་ཀྱི་གཉེན་པོར་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་བྱེད་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཡིན་ཏེ། དེ་ལྟ་བུའི་སྟོབས་བཞི་ཚང་བའི་སྒོ་ནས་ཐུགས་ཀའི་སྔགས་ཕྲེང་ལ་སེམས་གཏད་དེ། བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་སྙམ་པའི་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ནས་ཡི་གེ་བརྒྱ་བ་གསོལ་འདེབས་ཀྱི་ཚུལ་དུ་བརྗོད་པས། ཡི་གེ་བརྒྱ་བའི་སྔགས་ཕྲེང་གི་ཡིག་འབྲུ་རྣམས་ལས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་བྱང་ཆུབ་སེམས་དཀར་པོ་འོ་མའི་རྒྱུན་ལྟར་བབས། སྐུའི་དབྱིབས་བརྒྱུད་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་ཐོན་རང་གཞན་སེམས་ཅན་ཐམས་ཅད་གྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ། ལུས་ཀྱི་ནང་ཐམས་ཅད་བཀྲུས། ནད་ཐམས་ཅད་རྣག་ཁྲག་གདོན་ཐམས་ཅད་ཉ་སྦྲུལ་སྦལ་ལྕོང་སྡོམ་སྡིག་གྲོག་སྦུར། སྡིག་པ་ཐམས་ཅད་དུད་ཁུ་སོལ་ཁུ་ཐལ་དུད་སྤྲིན་ས་རླངས་གི་རྣམ་པ་འོག་སྒོ་གཉིས་དང་རྐང་མཐིལ་བ་སྤུའི་སྒོ་རྣམས་ནས་ཐོན་ཏེ། རང་གི་འོག་ཏུ་དབང་ཆེན་གསེར་གྱི་ས་གཞི་ཁ་གས་པའི་འོག་ཏུ་འཆི་བདག་གཤིན་རྗེའི་རྒྱལ་པོ་ལ་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་ཏེ་ཁ་ལག་སྦར་གསུམ་རང་ལ་ཟེད་ནས་ཡོད་པའི་ཁ་ལག་སྦར་གསུམ་དུ་སོང་བར་བསམ་ནས་ཡི་གེ་བརྒྱ་བ་བཟླ། མཐར་ཐོག་མ་མེད་པ་ནས་བསགས་པའི་ལན་ཆགས་བུ་ལོན་སོད། ཤ་མཁོན་བྱང་། སྡིག་སྒྲིབ་དག །མཐར་དེ་ཐམས་ཅད་ཀྱི་ཁ་ལག་སྦར་གསུམ་ཡང་ཟུམ། ས་གཞི་གས་པའང་སོས། རང་གི་ལུས་ཕྱི་ནང་ཐམས་ཅད་ཤེལ་བུམ་དྲི་མ་མེད་པ་ལྟར་ཕྱི་གསལ་ནང་གསལ་དུ་གྱུར་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཐུར་དུ་ལྟ་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབས་བཅུ་དྲུག་གྱེན་དུ་ལྟ་བ། སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབས་བརྒྱད་ཐུར་དུ་བསྟན་པ། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབས་དྲུག་བཅུ་རྩ་བཞི་གྱེན་དུ་ལྟ་བ་སྟེ། སླར་ཡང་རྡོ་རྗེ་སེམས་དཔའི་སྐུ་ལས་བདུད་རྩིའི་རྒྱུན་སྔར་བཞིན་བབ་པས་རྩ་འཁོར་བཞིའི་ནང་ཐམས་ཅད་བདུད་རྩི་བྱང་ཆུབ་སེམས་ཀྱིས་སྐྱ་ལྟེམས་ཀྱིས་གང་། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་རིན་པོ་ཆེ་སྟེ་དབང་བཞི་ཐོབ། ལས་ཀྱི་སྒྲིབ་པ། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིབ་པ་སྟེ་སྒྲིབ་པ་བཞི་དག །དགའ་བ། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་སྟེ་སྐུ་བཞིའི་གོ་འཕང་ཐོབ་པར་བསམ། དེ་ནས་མགོན་པོ་བདག་ནི་སོགས་ནས། མཛད་དུ་གསོལ། ཞེས་གནོང་ཚིག་བརྗོད་མ་ཐག་ཏུ། བླ་མ་རྡོ་རྗེ་སེམས་དཔའ་དགྱེས་བཞིན་ཞལ་འཛུམ་པ་དང་བཅས་ཏེ། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་ཏེ་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་སྔར་བསྐྱེད་པ་དང་འདྲ་བའི་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟར་གསལ་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཡུངས་དཀར་གླེབས་པ་ཙམ་གྱི་སྟེང་དུ། དབུས་སུ་ཧཱུྃ་མཐིང་ག །དེའི་མདུན་ༀ་དཀར་པོ། གཡས་སུ་བཛྲ་སེར་པོ། རྒྱབ་ཏུ་ས་དམར་པོ། གཡོན་ཏུ་ཏྭ་ལྗང་གུ་རྣམས་གསལ་ནས། ༀ་བཛྲ་ས་ཏྭ་ཧཱུྃ། ཞེས་བཟླས་པ་དང་མཉམ་དུ་ཡིག་འབྲུ་ལྔ་པོ་ལས། འོད་ཟེར་ཁ་ཏོག་དཀར་སེར་དམར་ལྗང་མཐིང་ག་ལྔ་ཡར་འཕྲོས་པའི་རྩེ་ལ་སྒེག་སོགས་འདོད་ཡོན་གྱི་ལྷ་མོ་རྣམས་ཀྱི་ཕྱག་ན་བཀྲ་ཤིས་པའི་མཆོད་རྫས་དུ་མ་ཐོག་ཏེ། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་བསམ་གྱིས་མི་ཁྱབ་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཚོགས་རྫོགས་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས། རང་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་པ་ནི་རང་དོན་ཆོས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་ལ། ཡང་ཡིག་འབྲུ་ལྔ་པོ་ལས་འོད་ཟེར་འཕྲོས་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག་པས་ལས་ཉོན་བག་ཆགས་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །སྣོད་ཀྱི་འཇིག་རྟེན་ཐམས་ཅད་མངོན་པར་དགའ་བའི་ཞིང་ཁམས། བཅུད་ཀྱི་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའ་དཀར་སེར་དམར་ལྗང་མཐིང་ག་ལྔའི་རང་བཞིན་ཏུ་གྱུར་ཏེ་དེ་དག་ཐམས་ཅད་ཀྱི་ཞལ་ནས་ༀ་བཛྲ་ས་ཏྭ་ཧཱུྃ་ཞེས་པའི་སྔགས་ཀྱི་སྒྲ་འུར་དི་རི་རི་སྒྲོགས་པར་བསམ་ལ་བཟླས་པ་ནི་གཞན་དོན་གཟུགས་སྐུའི་རྟེན་འབྲེལ་བསྒྲིགས་པ་ཡིན་ཏེ། ཇི་སྐད་དུ། འཕྲོ་འདུས་དོན་གཉིས་བྱས་ནས་རྟོག་སྒྲིབ་སྦྱངས། །ཞེས་པ་ལྟར་ཡིན་ནོ། །ཐུན་བསྡུ་ཁར་ཕྱི་སྣོད་ཀྱི་མངོན་དགའི་ཞིང་ཐམས་ཅད་ནང་བཅུད་ཀྱི་རྡོར་སེམས་རིགས་ལྔའི་ལྷ་ཚོགས་ལ་ཐིམ། ནང་བཅུད་ཀྱི་རྡོ་རྗེ་སེམས་དཔའ་ཐམས་ཅད་ཀྱང་རང་གཙོ་བོ་རྡོ་རྗེ་སེམས་དཔའ་ལ་ཐིམ། རང་ཉིད་ཀྱང་མཐའ་ནས་རིམ་པར་འོད་དུ་ཡལ་ཏེ་ཐུགས་ཀའི་ༀ་ལ་ཐིམ། ༀ་བཛྲ་ལ། བཛྲ་ས་ལ། ས་ཏྭ་ལ། ཏྭ་ཧཱུྃ་ཡིག་ལ། ཧཱུྃ་ཡིག་ཀྱང་ཞབས་ཀྱུ་འ་ཆུང་ཧ་ཁོག །མགོ་བོ་ཟླ་ཚེས་ཐིག་ལེ་ན་དའི་བར་བསྡུས་ནས་ནཱ་ད་ཡང་ནམ་མཁའ་ལ་འཇའ་ཚོན་ཡལ་བ་ལྟར་མི་དམིགས་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །དེ་ལས་ལྡང་བ་ན་སླར་ཡང་སྣོད་བཅུད་ཐམས་ཅད་མངོན་པར་དགའ་བའི་ཞིང་རྟེན་དང་བརྟེན་པར་བཀྲ་ལམ་མེར་གསལ་བཏབ་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཞེས་སོགས་བསྔོ་སྨོན་བྱ། དེ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ངང་ནས་མཉམ་པར་འཇོག་པ་ནི། སྡིག་ལྟུང་བཤགས་པའི་མཆོག་ཏུ་གྱུར་པ་ཡིན་ཏེ། དོན་དམ་པ་ལ་འཇུག་པའི་མདོ་ལས། ལྷའི་བུ་པདྨ་དཀར་པོས་གསོལ་བ། འཇམ་དཔལ་ལས་ཀྱི་སྒྲིབ་པ་ཇི་ལྟར་སྦྱང་བར་བྱ། སྨྲས་པ། ལྷའི་བུ། ལས་ཀྱི་སྒྲིབ་པ་ནི་ལས་ཉིད་ཡེ་ནས་དངོས་པོ་མེད་པར་ཤེས་ན་ཚེགས་མེད་པར་འདག་པར་འགྱུར་ཏེ། དུང་ལ་སོལ་བས་གོས་པ་ན་རས་ཀྱིས་ཕྱིས་པ་དང་མཚུངས་སོ། །ཞེས་དང་། ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། །ཞེས་དང་། མཁས་པ་ཀློང་ཆེན་པས། གང་ཟག་མཆོག་ཁ་ཅིག་གིས་ནི་སྐྱིལ་མོ་ཀྲུང་བཅས་ཏེ། ཐོག་མར་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་གྱིས་ཉེས་ལྟུང་གང་ཡིན་པའི་མིང་ནས་བརྗོད་དེ། མདུན་གྱི་ནམ་མཁའི་སངས་རྒྱས་སྲས་དང་བཅས་པ་ལ་བཤགས་པའི་རྗེས་ལ། ཉེས་པ་དེ་ཉིད་ནང་དང་ཕྱི་རོལ་དང་དེ་གཉིས་ཀའི་བར་དུ་ངོ་བོ་ངོས་བཟུང་དབྱིབས་ཁ་དོག་ལ་སོགས་པའི་བརྟགས་པ་བྱས་པས། གང་ནས་ཀྱང་མ་བྱུང་། གང་དུའང་མི་གནས་། གར་ཡང་མི་འགྲོ་བ་ནམ་མཁའི་རང་བཞིན་ཅན་དུ་ཤེས་ནས་དེའི་ངང་ལ་མཉམ་པར་བཞག་པས། ཉེས་ལྟུང་ཐམས་ཅད་ལས་རྣམ་པར་གྲོལ་བ་ཡིན་ནོ་གསུངས་པ་དང་། ཡང་ཐར་པ་ཆེན་པོ་ཕྱོགས་བཅུར་རྒྱས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཚུལ་ཁྲིམས་ཉམས་པ་དང་། ཉོན་མོངས་པའི་ཁ་ན་མ་ཐོ་བའི་ལས་ཐམས་ཅད་བྱང་བར་འགྱུར་རོ། །བཞི་གང་ཞེ་ན། ཆོས་རྣམས་འོང་བ་མེད་པའི་ཕྱིར་དང་། ཆོས་རྣམས་མི་སྐྱེས་པར་ཤེས་པའི་ཕྱིར་དང་། ཆོས་རྣམས་མི་འགག་པར་མཐོང་བའི་ཕྱིར་དང་། ཆོས་རྣམས་རྒྱུ་དང་རྐྱེན་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་པ་སྟེ། བཞི་པོ་དེ་དང་ལྡན་ན་ཚུལ་ཁྲིམས་ཉམས་པ་དང་། ཉོན་མོངས་པའི་ཁ་ན་མ་ཐོ་བ་འབྱུང་བར་མི་འགྱུར་རོ། །ཞེས་པ་དང་། ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་ཅན་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་སྟེ། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་རྡུལ་ཆགས་པ་གོས་ཀྱིས་ཕྱིས་པས་རྡུལ་མེད་པ་དང་མཚུངས་སོ། །ཡང་འདི་ལྟ་སྟེ། དཔེར་ན་ཁང་སྟོང་གི་མུན་པ་མུན་ནག་ལོ་སྟོང་ལོན་པ་ཡང་མར་མེ་གཅིག་གིས་མེད་པར་བྱེད་པ་བཞིན་དུ་སེམས་ལ་ངོ་བོ་ཉིད་མེད་པ་ཡང་དག་པའི་བདེན་པ་ཤེས་པས་བསྐལ་པ་གྲངས་མེད་པའི་སྡིག་པ་སྐད་ཅིག་མ་ལ་བྱང་བར་འགྱུར་རོ། །ཞེས་དེ་ལྟར་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་དང་འབྲེལ་བའི་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་ན་མི་འདག་པའི་སྡིག་པ་མེད་དེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གཅུང་དགའ་བོ་བུད་མེད་ལ་ཤིན་ཏུ་ཆགས་པ་དང་ལྡན་པ་ཞིག་ཡིན་ལ། བཅོམ་ལྡན་འདས་ཀྱིས་དམྱལ་བའི་འཇིགས་པ་བསྟན་ནས་སྐྲག་པ་བསྐྱེད་དེ། ཆོས་བསྟན་པས་དགྲ་བཅོམ་ཐོབ་པ་ལྟ་བུ་དང་། ཞེ་སྡང་ཅན་སོར་མོའི་ཕྲེང་བ་ཅན་བྲམ་ཟེའི་ཁྱེའུ་ཞིག་སྟེ། རང་གི་སློབ་དཔོན་གྱིས་མི་སྟོང་བསད་དེ་སོར་མོའི་ཕྲེང་བ་བྱས་ན་ཁྱོད་མཁའ་སྤྱོད་དུ་འགྲོ་ཞེས་སྨྲས་པས་བསླུས་ཏེ་མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་པ་ལས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་སྟེ་ཆོས་བསྟན་པས་དགྲ་བཅོམ་ཐོབ་པ་ལྟ་བུ་དང་། མཐོང་ལྡན་ནི་མ་སྐྱེས་དགྲ་སྟེ་སྡིག་པའི་གྲོགས་པོ་ལྷས་སྦྱིན་དང་འཕྲད་དེ་ཆོས་དང་ལྡན་པའི་ཕ་རྒྱལ་པོ་གཟུགས་ཅན་སྙིང་པོ་བསད་པ་ལ་སོགས་པའི་སྡིག་པ་བྱས་པ་ལས་ཕྱིས་སུ་སྟོན་པ་ལ་དད་པ་ཐོབ་པས་སྡིག་པའི་འབྲས་བུ་ལས་ཐར་པ་ལྟ་བུ་དང་། བདེ་བྱེད་ནི་གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་དུ་འགྲོ་བ་ལ་རང་གི་མས་བཟློག་པའི་ཚེ་མ་བསད་པ་ཡིན་ཏེ། ཕྱིས་སུ་གནས་གཞན་ཞིག་ཏུ་ཕྱིན་ནས་དགེ་འདུན་དུ་མ་བསྡུས་ཏེ་ཆོས་ཀྱིས་ཚུལ་བཞིན་དུ་བསྐྱངས་པའོ། །དེ་ནས་ཚེ་འཕོས་ནས་དམྱལ་བར་དར་ཀྱི་ཕོ་ལོང་ས་ལ་བརྡབ་པ་ཙམ་དུ་སྐྱེས་ཤིང་། དེ་ནས་ཤི་འཕོས་ཏེ་ལྷར་སྐྱེས་ནས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་བྱུང་ཡང་ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམ་ནས། ཡི་གེ་བརྒྱ་བ་ཉི་ཤུ་རྩ་གཅིག་རེ་བཟླས་ན། དེས་ལྟུང་བ་བྱིན་གྱིས་རླབས་པ་ཞེས་བྱ་སྟེ། ལྟུང་བ་བྱུང་བའི་རྣམ་སྨིན་གོང་ནས་གོང་དུ་འཕེལ་འགྲོ་རྒྱུ་མེད་པ་དང་། ཡི་གེ་བརྒྱ་བ་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་ཐམས་ཅད་རྩ་བ་ནས་དག་པར་སྙིང་པོ་རྒྱན་ལས་གསུངས་ཏེ། པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཏེ། །ཡི་གེ་བརྒྱ་བ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །རྟག་པར་དུ་ནི་ཉམས་སུ་བླང་། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་གསུངས་པ་ཡིན་ནོ། །

བཞི་པ་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ལ། མཎྜལ་འབུལ་དགོས་པའི་རྒྱུ་མཚན། མཎྜལ་གྱི་རྒྱུ་ཚད། ཚོམ་བུའི་ཁྱད་པར། མཎྜལ་གྱི་དབྱེ་བ། ཕན་ཡོན་བསྟན་པ་དང་ལྔ་ལས། དང་པོ་མཎྜལ་འབུལ་དགོས་པའི་རྒྱུ་མཚན་ནི། སློབ་དཔོན་ཆེན་པོས། ལྷ་དང་བླ་མ་ནམ་དྲན་དུས་ཉིད་དམ། །ཚོགས་པ་རྒྱ་མཚོའི་དབུས་ན་ཆོས་སྤེལ་ཚེ། །ཆོས་སྤྱོད་ཀུན་གྱི་ཐོག་མར་མཎྜལ་དབུལ། །ཞེས་གསུངས་པ་ལྟར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མ་རྫོགས་ན། དག་པ་གཉིས་ལྡན་གྱི་སངས་རྒྱས་ཐོབ་པའི་ཐབས་མེད། དེ་བཞིན་དུ་ཚོགས་གཉིས་ཡོངས་སུ་མ་རྫོགས་པར། སྟོང་པ་ཉིད་ཀྱི་དོན་མ་ནོར་བ་དེ་ཡང་རྒྱུད་ལ་སྐྱེ་མི་ནུས་ཏེ། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་གསུངས། དེ་བཞིན་དུ་གཞན་ཡང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས། སྟོང་ཉིད་མངོན་དུ་རྟོགས་ནས་ཀྱང་། ད་དུང་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་ལམ་གོང་ནས་གོང་དུ་བགྲོད་དགོས་པས་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ། རྣལ་འབྱོར་གྱི་དབང་ཕྱུག་ཏེ་ལོ་བའི་ཞལ་ནས། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་པར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་སོ། །གཉིས་པ་མཎྜལ་གྱི་རྒྱུ་ཚད་བཤད་པ་ནི། རབ་གསེར་དངུལ་སོགས་རིན་པོ་ཆེ་ལས་གྲུབ་པའི་མཎྜལ་དབྱིབས་ཟླུམ་པོ། འབྲིང་འཁར་བ་དང་། ལྕགས་ལ་སོགས་རིན་ཆེན་ཕལ་བ་ལས་གྲུབ་པ། ཐ་མ་རྡོ་དང་ཤིང་ལ་སོགས་པའི་མཎྜལ་ཁྲུ་གང་ལས་མི་ཆུང་བ་དགོས་པར་གསུངས་པའོ། །གསུམ་པ་ཚོམ་བུའི་རྒྱུ་ནི། བླ་མ་ཆོས་སྐུའི་ཚོགས་ལ་སྨན་གྱི་མཎྜལ་འབུལ། ཡི་དམ་ལོངས་སྐུའི་ཚོགས་ལ་རིན་པོ་ཆེའི་མཎྜལ་འབུལ། སྤྲུལ་སྐུ་དང་མཁའ་འགྲོ་རྣམས་ལ་འབྲས་བུའི་མཎྜལ་འབུལ་བར་གསུངས་ཀྱང་། འདིར་རང་ལ་ཅི་འབྱོར་གྱི་དངོས་པོ་དང་བསྟུན་ནས་རབ་རིན་པོ་ཆེའི་རིགས། འབྲིང་སྨན་གྱི་རིགས། ཐ་མ་ནས་འབྲས་གྲོ་སོགས་ལ་དྲི་བཟང་པོས་སྦགས་པའོ། །བཞི་པ་མཎྜལ་གྱི་དབྱེ་བ་ལ། བསྒྲུབ་པའི་མཎྜལ་དང་། མཆོད་པའི་མཎྜལ་དང་གཉིས་ལས། དང་པོ་བསྒྲུབ་པའི་མཎྜལ་ནི། ཚོམ་བུ་ལྔ་བཀོད་ལ་དབུས་ཀྱི་ཚོམ་བུ་དེ་སངས་རྒྱས་རྣམ་པར་སྣང་མཛད་ལ་བྷུདྡྷའི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། མདུན་ནམ་ཤར་གྱི་ཚོམ་བུ་དེ་སངས་རྒྱས་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེའི་རིགས་གྱི་ལྷ་ཚོགས་ཀྱིས་བསྐོར་བ། ལྷོའི་ཚོམ་བུ་དེ་སངས་རྒྱས་རིན་ཆེན་འབྱུང་ལྡན་ལ་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་ཚོམ་བུ་དེ་སངས་རྒྱས་སྣང་བ་མཐའ་ཡས་ལ་པདྨའི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བ། བྱང་གི་ཚོམ་བུ་དེ་སངས་རྒྱས་དོན་ཡོད་གྲུབ་པ་ལ་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཀྱིས་བསྐོར་བར་གསལ་བཏབ། ཡང་ན་དབུས་ཀྱི་ཚོམ་བུ་དེ་རྩ་བའི་བླ་མ་ཨོ་རྒྱན་ཆེན་པོ་ལ་རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ། མདུན་གྱི་ཚོམ་བུ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་འཁོར་བསྐལ་བཟང་རྫོགས་པའི་སངས་རྒྱས་སྟོང་གིས་བསྐོར་བ། གཡས་ཀྱི་ཚོམ་བུ་དེ་བྱང་སེམས་ཉེ་བའི་སྲས་བརྒྱད་ལ་བྱང་སེམས་འཕགས་པའི་དགེ་འདུན་གྱིས་བསྐོར་བ། གཡོན་གྱི་ཚོམ་བུ་དེ་ཉིད་ཉན་ཐོས་མཆོག་ཟུང་ལ་ཉན་རང་འཕགས་པའི་དགེ་འདུན་གྱིས་བསྐོར་བ། རྒྱབ་ཀྱི་ཚོམ་བུ་དེ་དམ་པའི་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་དེ་སྐྱབས་འགྲོའི་ཚོགས་ཞིང་ལྟར་གསལ་བཏབ། གང་ལྟར་ཡང་སྒྲུབ་པའི་མཎྜལ་དེ་མཆོད་སྟེགས་ལ་སོགས་པར་དགོད། མ་འབྱོར་ན་སྒྲུབ་པའི་མཎྜལ་མེད་ཀྱང་རུང་། ཚོགས་ཞིང་ཡིད་ཀྱིས་གསལ་འདེབས་དགོས་པ་ཡིན་ནོ། །གཉིས་པ་མཆོད་པའི་མཎྜལ་ནི། ལག་གཡོན་མེ་ཏོག་དང་བཅས་ཏེ་མཎྜལ་ཡོ་འཁྱོག་མེད་པར་བཟུང་། གཡས་པས་མཎྜལ་ལན་གསུམ་ཕྱི་ཞིང་ཡི་གེ་བརྒྱ་བ་བཟླས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པར་བསམ་པའོ། །དེ་ནས་གཡས་པའི་མཐེབ་འཛུབ་ཀྱི་བར་དུ་མེ་ཏོག་ཅུང་ཟད་དང་སོར་མོ་ལྷག་མ་རྣམས་བརྒྱང་ལ་དྲི་བཟང་དང་བ་བྱུང་གིས་སྦགས་དགོས་པ་ཡིན་ལ། དེ་ཡང་བ་བྱུང་ལྔ་ཞེས་པ་ནི། ཇི་སྐད་དུ། དགོན་པའི་རྩྭ་ཟོས་གཙང་མ་ཡི། །བ་ཡི་མར་དང་འོ་མ་ཞོ། །བཤང་བ་གཅིན་དང་བཅས་པ་ལ། །བ་བྱུང་ལྔ་ཞེས་རྒྱལ་བས་གསུངས། །ཞེས་སོ། །དེའང་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་རང་རྒྱུད་བརླན་པའི་བརྡར་མཎྜལ་གྱི་མཐའ་སྐོར་ནས་གཡོན་སྐོར་དུ་བྱས་ལ་རིམ་པར་བྱུག་ཅིང་། ངག་ཏུ། ༀ་བཛྲ་བྷུ་མི་ཨཱ་ཧཱུྃ། གཞི་ཡོངས་སུ་དག་པ་སོགས་ཞེས་བརྗོད་པ་ན། མཎྜལ་དེའི་སྟེང་དུ་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་གྱི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་རྒྱ་ཁྱོན་ཚད་ལས་འདས་པར་བསམ། ༀ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་སོགས། བརྗོད་པ་དང་མཉམ་དུ་སྲིན་ལག་གིས་མཎྜལ་གྱི་མཐའ་བསྐོར་ཞིང་། ལྕགས་རི་དང་པོ་འགོད། དབུས་སུ་ཧཱུྃ་ཞེས་བརྗོད་པ་དང་། གཡས་པའི་མཐེབ་མཛུབ་ན་ཡོད་པའི་མེ་ཏོག་དབུས་སུ་བཞག་པས་བགེགས་བསལ་བར་བསམ་པའམ། ལུགས་གཅིག་ཏུ་ཧཱུྃ་ལས་ཞེས་པ་ལྟར་ན་རི་རབ་བསྐྱེད་པའི་ས་བོན་ཡིན་པར་བཤད་པའང་ཡོད། སླར་ཡང་དེ་གའི་སྟེང་དུ་ཚོམ་བུ་ཆེ་བ་གཅིག་འགོད་པ་དང་མཉམ་དུ་རིའི་རྒྱལ་པོ་རི་རབ་ཅེས་བརྗོད་ཅིང་ཚུལ་བཞིན་དུ་བསམ། མདུན་ནས་བརྩམས་ཏེ་གཡས་སྐོར་དུ་རིམ་པར་དགོད་ཅིང་། ཤར་ལུས་འཕགས་པོ། ཞེས་ཤར་དུ་འགོད་ཅིང་གླིང་དབྱིབས་ཟླ་གམ་ཆུ་ཤེལ་གྱི་རང་བཞིན་ཏུ་བསམ། ལྷོ་འཛམ་བུ་གླིང་། ཞེས་བརྗོད་པ་དང་ལྷོར་འགོད་ཅིང་གླིང་དབྱིབས་སོག་ཁ་བཻཌཱུཪྱའི་རང་བཞིན་ཏུ་བསམ། ནུབ་བ་གླང་སྤྱོད། ཅེས་ནུབ་ཏུ་འགོད་ཅིང་དབྱིབས་ཟླུམ་པོ་པདྨ་རཱ་གའི་རང་བཞིན་དུ་བསམ། བྱང་སྒྲ་མི་སྙན་ཞེས་བྱང་དུ་འགོད་ཅིང་གླིང་དབྱིབས་གྲུ་བཞི་གསེར་གྱི་རང་བཞིན་དུ་བསམ། ཤར་གྱི་གཡས་སུ་ལུས་དང་། གཡོན་དུ་ལུས་འཕགས། ལྷོའི་གཡས་སུ་རྔ་ཡབ་དང་། གཡོན་དུ་རྔ་ཡབ་གཞན། ནུབ་ཀྱི་གཡས་སུ་གཡོ་ལྡན་དང་། གཡོན་དུ་ལམ་མཆོག་འགྲོ། བྱང་གི་གཡས་སུ་སྒྲ་མི་སྙན་དང་། གཡོན་དུ་སྒྲ་མི་སྙན་གྱི་ཟླ་རྣམས་རང་རང་གི་གླིང་དབུས་མ་དང་དབྱིབས་མཚུངས་པ། ཤར་གླིང་གི་ནང་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ། ལྷོ་གླིང་གི་ནང་དུ་རིན་ཆེན་སྣ་བདུན་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་ཤིང་དགོས་འདོད་འབྱུང་བའི་རང་བཞིན། ནུབ་གླིང་གི་ནང་དུ་འདོད་འཇོའི་བ་དམར་སེར་གཟུགས་བཟང་ཞིང་བལྟ་ན་སྡུག་པ། བྱང་གླིང་གི་ནང་དུ་མ་རྨོས་པའི་ལོ་ཏོག་རོ་བཅུད་ཕུན་སུམ་ཚོགས་པ། རིན་པོ་ཆེའི་རི་བོའི་མདུན་དུ་འཛམ་བུའི་ཆུ་གསེར་ལས་གྲུབ་པའི་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། དཔག་བསམ་གྱི་ཤིང་གི་མདུན་དུ་ནོར་བུ་རིན་པོ་ཆེ་བཻཌཱུཪྱ་ཟུར་བརྒྱད་པ་དཔག་ཚད་བརྒྱའི་བར་གྱི་ཁོར་ཡུག་གི་མུན་པའི་གོ་སྐབས་འཕྲོག་པར་བྱེད་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ། འདོད་འཇོའི་བའི་མདུན་དུ་བཙུན་མོ་རིན་ཆེན་གཟུགས་མཛེས་ཤིང་བལྟ་ན་སྡུག་པ་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང་ཡོན་ཏན་བརྒྱད་དང་ལྡན་པ། མ་རྨོས་པའི་ལོ་ཏོག་གི་མདུན་བློན་པོ་རིན་ཆེན་གཟི་བྱིན་བཟོད་པར་དཀའ་བ་རྒྱལ་པོའི་ཐུགས་ཀྱི་གང་འདོད་ཐམས་ཅད་སྐད་ཅིག་གིས་བསྒྲུབ་ནུས་པ། ཤར་ལྷོར་གླང་པོ་རིན་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་སྤྱི་གཙུག་དམར་ཞིང་དཔངས་མཐོ་བ་ནོར་བུའི་དྲྭ་བས་གཡོགས་པ། ལྷོ་ནུབ་ཏུ་རྟ་མཆོག་རིན་ཆེན་སྤུ་མདོག་རྨ་བྱའི་མགྲིན་པ་ལྟར་མཛེས་ཤིང་འཛམ་གླིང་ཉིན་གཅིག་ལན་གསུམ་བསྐོར་ནུས་པའི་བང་འགྲོས་མགྱོགས་པ། ནུབ་བྱང་དུ་དམག་དཔོན་རིན་ཆེན་སྙིང་སྟོབས་ཆེ་ཞིང་སྒྱུ་རྩལ་ལ་མཁས་པ་དཔུང་ཚོགས་ཡན་ལག་བཞི་དང་ལྡན་པ། བྱང་ཤར་དུ་གཏེར་ཆེན་པོའི་བུམ་པ་ཁ་དོག་མཐིང་ག་དགོས་འདོད་ཐམས་ཅད་འབྱུང་བའི་རང་བཞིན། འཁོར་ལོ་རིན་པོ་ཆེའི་མདུན་དུ་སྒེག་མོ་མ་དཀར་མོ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྒེག་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་སྟོན་ཞིང་མེ་ལོང་བསྣམས་པ། ནོར་བུ་རིན་པོ་ཆེའི་མདུན་དུ་ཕྲེང་བ་མ་སེར་མོ་རིན་པོ་ཆེའི་ཕྲེང་བ་ཐོག་པ། བཙུན་མོ་རིན་པོ་ཆེའི་མདུན་དུ་གླུ་མ་དམར་མོ་གླིང་བུ་སྙན་པའི་སྒྲ་འགྱུར་ཁུག་དང་ལྡན་པ་སྒྲོགས་པ། བློན་པོ་རིན་པོ་ཆེའི་མདུན་དུ་གར་མ་ལྗང་མོ་སྣ་ཚོགས་གར་གྱི་རྩེ་འཇོ་བྱེད་ཅིང་གར་གྱི་ཕྱག་རྒྱ་མཛད་པ། གླང་པོ་རིན་པོ་ཆེའི་མདུན་དུ་མེ་ཏོག་མ་དཀར་མོ་མེ་ཏོག་འཆང་བ། རྟ་མཆོག་རིན་པོ་ཆེའི་མདུན་དུ་བདུག་སྤོས་མ་མཐིང་ག་རིན་པོ་ཆེའི་སྤོས་ཕོར་བསྣམས་པ། དམག་དཔོན་རིན་པོ་ཆེའི་མདུན་དུ་སྣང་གསལ་མ་དམར་མོ་རིན་པོ་ཆེའི་སྒྲོན་མེ་བསྣམས་པ། གཏེར་གྱི་བུམ་པའི་མདུན་དུ་དྲི་ཆབ་མ་ལྗང་གུ་དྲིའི་དུང་ཕོར་བསྣམས་པ། སྒེག་མོ་མའི་མདུན་གྱི་ནམ་མཁར་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་རྩ་གཅིག་དང་ལྡན་ཞིང་འོད་ཟེར་འཕྲོ་བ། གླུ་མའི་མདུན་གྱི་ནམ་མཁར་ཆུ་ཤེལ་ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར་དཔག་ཚད་ལྔ་བཅུ་དང་ལྡན་ཞིང་དྭངས་ཤིང་གསལ་བ། གར་མའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ནོར་བུ་རིན་པོ་ཆེའི་ཏོག་གིས་མཛེས་པ། ཕྲེང་བ་མའི་མདུན་གྱི་ནམ་མཁར་ལྷ་རྫས་ལས་གྲུབ་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ། དེ་དག་གི་བར་མཚམས་རྣམས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཕྱུར་བུར་བཀང་ལ། དེ་ལྟར་གླིང་བཞི་རི་རབ་ལྕགས་རི་དང་བཅས་པ་སྟོང་ཕྲག་གཅིག་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། དེ་གཅིག་ཏུ་བརྩིས་ནས་དེ་འདྲ་བ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། དེ་གཅིག་ཏུ་བརྩིས་ནས་དེ་འདྲ་བ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཞེས་བྱ་སྟེ་གླིང་བཞི་བྱེ་བ་ཕྲག་བརྒྱ་དེ་དག་ན་ལྷ་དང་མིའི་ལོངས་སྤྱོད་ཇི་སྙེད་ཡོད་པ་ཐམས་ཅད་བློས་བླངས་ཏེ་བླ་མ་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ་ཡིན་ནོ།། རང་ལུགས་སྐུ་གསུམ་གྱི་མཎྜལ་ནི། ༀ་ཨཱཿཧཱུྃ་ཞེས་དྲི་བཟང་གི་ཆུས་བྱུགས་ཤིང་། ལྕགས་རི་དགོད། དབུས་དང་གླིང་ཕྲན་བརྒྱད་གོང་ལྟར་ཚོམ་བུ་བཀོད། ཡང་ན་དབུས་དང་ཕྱོགས་བཞི་མཚམས་བཞི་སྟེ་ཚོམ་བུ་དགུ་བཀོད་ལ། སྟོང་གསུམ་སོགས་བརྗོད་ནས། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བླ་མ་སྤྲུལ་སྐུའི་ལྷ་ཚོགས་ལ་འབུལ་བ་ནི་ཐུན་མོང་སྤྲུལ་སྐུའི་མཎྜལ། དེའི་སྟེང་དུ་ལྕགས་རི་གཉིས་པ་བཀོད་ནས། དབུས་དང་ཕྱོགས་བཞིར་ཚོམ་བུ་ལྔ་བཀོད་དེ། འོག་མིན་སྟུག་པོ་བཀོད་པའི་ཞིང་ན་རང་སྣང་ལོངས་སྐུའི་ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་། སྒེགས་སོགས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པ་དང་བཅས་པ་བློ་ཡིས་བླངས་ཏེ། འོག་མིན་བདེ་ཆེན་སོགས༴ བརྗོད་ནས། བླ་མ་ལོངས་སྐུའི་ལྷ་ཚོགས་ལ་འབུལ་བ་ནི་ཐུན་མིན་ལོངས་སྐུའི་མཎྜལ། དེའི་སྟེང་དུ་ལྕགས་རི་གསུམ་པ་བཞག་ལ་ཚོམ་བུ་གཅིག་བཀོད་དེ། ཆོས་དབྱིངས་སྐྱེ་བ་མེད་པ་མཎྜལ་གྱི་གཞིའི་ཚུལ་དུ་བཀོད་ནས་སྣང་ཞེན་ལ་སོགས་རྟོག་ཚོགས་གང་ཤར་ཐམས་ཅད་ཚོམ་བུའི་ཚུལ་དུ་བྱས་ཏེ། སྣང་སྲིད་རྣམ་དག་སོགས་བརྗོད་ནས། བླ་མ་ཆོས་སྐུའི་ལྷ་ཚོགས་ལ་འབུལ་བ་ནི་ཁྱད་པར་ཆོས་སྐུའི་མཎྜལ་ཡིན་ནོ། །དེ་ལྟར་གྲངས་བསོགས་པའི་སྐབས་སྐུ་གསུམ་གྱི་མཎྜལ་འབུལ་མི་ནུས་པ་དག་གིས། དབུས་དང་ཕྱོགས་བཞིར་ཚོམ་བུ་ལྔ་དང་ཤར་དང་ནུབ་ཏུ་ཚོམ་བུ་རེ་རེ་བཀོད་དེ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཀྱི་ས་གཞི་ཐམས་ཅད་སྤོས་ཆུས་བྱུགས་ཤིང་མེ་ཏོག་གིས་རྣམ་པར་བཀྲམ་ནས་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པ་སངས་རྒྱས་ཀྱི་ཞིང་ཁམས་མུ་མེད་པ་ལ་ཕུལ་བས། འགྲོ་ཀུན་རྣམ་པར་དག་པའི་ཞིང་ཁམས་ཁྱད་པར་ཅན་ལ་སྤྱོད་པར་ཤོག་ཅིག་ཅེས་སྨོན་དགོས་པ་ཡིན་གསུངས་པ་ལྟར། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་བརྗོད་ནས། ཚོམ་བུ་བདུན་ཁོ་ན་ཕུལ་ཀྱང་ཆོག་གསུངས་པ་ཡིན་ནོ། །མཐར་ཐུན་བསྡུ་ཁར་སྐྱབས་ཡུལ་གྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུ གས་པ་ཙམ་དུ་བསྐྱེད་ནས་ཚོགས་ཞིང་གི་ལྷ་ཚོགས་ཐམས་ཅད་གཙོ་བོ་ལ་ཐིམ། གཙོ་བོ་སྐུ་བཞིའི་བདག་ཉིད་དཔལ་མགོན་བླ་མ་དམ་པ་དེ་ཉིད་རང་གི་སྤྱི་བོར་བྱོན། ཚད་མེད་པའི་ཐུགས་རྗེས་རང་བཞིན་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སྒོ་གསུམ་དང་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་བདེ་སྟོང་ཟུང་འཇུག་གི་ངང་ལ་མཉམ་པར་བཞག་པར་བྱའོ། །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་སོགས་བསྔོ་སྨོན་བྱའོ། ། ལྔ་བ་ཕན་ཡོན་བསྟན་པ་ནི། དེ་ལྟར་ལུས་ལོངས་སྤྱོད་དགེ་བའི་རྩ་བ་འཁོར་གསུམ་ཡོངས་རྫོགས་སུ་ཕུལ་བའི་བསོད་ནམས་གཞལ་དུ་མེད་དེ། བཀོད་པ་ཆེན་པོ་ལས། རྣམ་དག་སེམས་ལྡན་མཎྜལ་ནི། །ཕུལ་བའི་བསོད་ནམས་གཞལ་དུ་མེད། །ཅེས་དང་། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ།། སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་སངས་རྒྱས་ཡེ་ཤེས་རྫོགས། ཞེས་གསུངས་པ་ཡིན་ནོ། །

ལྔ་པ་བདུད་བཞི་བདུད་བཞི་ནི། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། ཕྱི་ཡི་བདུད་བཞི་ནི། མི་ཆོས་བླ་མའི་བདུད། གསོག་འཇོག་སེར་སྣའི་བདུད། ངར་འཛིན་པས་ཨ་འཐས་ཀྱི་བདུད། ཐེ་ཚོམ་ཡིད་གཉིས་ཀྱི་བདུད། ནང་གི་བདུད་བཞི་ནི། དབང་པོ་ཐོགས་བཅས་ཀྱི་བདུད། ཡུལ་སྣང་ཐོགས་མེད་ཀྱི་བདུད། དགའ་བྲོད་ཉམས་ཞེན་གྱི་བདུད། སྙེམ་བྱེད་བདག་གི་བདུད། གསང་བའི་བདུད་བཞི་ནི། ལྟ་བ་ཕྱོགས་ལྷུང་གི་བདུད། སྒོམ་པ་ཡིད་དཔྱོད་ཀྱི་བདུད། སྤྱོད་པ་བཏང་སྙོམས་ཀྱི་བདུད། འབྲས་བུ་ཡིད་སྨོན་གྱི་བདུད་དོ། །མཆན། ཅིག་ཆར་དུ་གཅོད་པ་ཀུ་སཱ་ལིའི་ཚོགས་བསགས་པའི་ཁྲིད་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་སྤྱིར་བཤད་པ་ལ། བརྒྱུད་པའི་ལོ་རྒྱུས་ཀྱི་སྒོ་ནས་སྤྲོ་བ་བསྐྱེད་པ། ཟུང་བཞི་ཡ་བརྒྱད་ཀྱིས་ཁོག་ཕུབ་པ། མཚོན་པ་དཔེ་དྲུག་གིས་ཆེ་བ་བརྗོད་པ་དང་གསུམ་ལས། དང་པོ་བརྒྱུད་པའི་ལོ་རྒྱུས་ཀྱི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲུབ་ཆེན་དམ་པ་སངས་རྒྱས་ནས་བྱུང་བ་ཡིན་ཏེ། གྲུབ་ཆེན་དེ་ཉིད་ཀྱིས་སློབ་དཔོན་ཨིནྟྲ་བྷུ་ཏི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སོགས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན་ནས་དེ་དག་གི་གདམས་པ་མངའ་ཞིང་། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་དང་། མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས་ཏེ་བྱིན་གྱིས་རླབས་པ་དང་། རལ་གྲི་དང་མིག་སྨན་བཅུད་ལེན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་བརྙེས་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། དེ་ཉིད་བོད་དུ་ལན་ལྔ་ཕེབས་པ་ཡིན་ལ། གསུམ་པའི་དུས་སུ་བལ་བོ་ནས་གཙང་དུ་བྱོན་ནས། སྐྱོ་ཤཱཀྱ་ཡེ་ཤེས་དང་། ཡར་ཀླུང་སྨ་ར་སེར་པོ་སོགས་རྗེས་སུ་བཟུང་ནས་མདོ་ལུགས་རང་རྐང་གི་གཅོད་ཨཱཪྱ་དེ་བའི་གཞུང་ཆུང་ལྔ་བཅུ་པའི་དོན་གདམས་ངག་བྲུལ་ཚོ་དྲུག་པ་ཞེས་བྱ་བ་གནང་། སྐྱོ་ཤཱཀྱ་ཡེ་ཤེས་ཀྱིས་རང་དབོན་སྐྱོ་སྟོན་བསོད་ནམས་བླ་མ་ལ་གནང་། སྐྱོ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་ཀྱི་སྒྲོལ་མ་ལ་བྲུལ་ཚོ་བཞི་གནང་བ་དང་། ཡར་ཀླུང་སྨ་ར་སེར་པོས་ཉེ་གནས་སྨྱོན་པ་བེ་ཏེ་ལ་གནང་། དེ་ལས་བརྒྱུད་པ་ལ་ཕོ་གཅོད་དུ་གྲགས་པའོ། །ཕ་ཅིག་དམ་པ་དེ་ཉིད་ལན་ལྔ་པ་བོད་དུ་བྱོན་པའི་དུས་སུ་མཁའ་འགྲོའི་ཆོ་འཕྲུལ་བྱ་ནག་བཞི་འཕུར་ཞིང་འོང་བ་གཟིགས་པ་ལས། གཡེའི་མ་ཅིག་ལབ་སྒྲོན། གཉལ་སྟོད་ཀྱི་མ་ཇོ་བྱང་ཆུབ། གཙང་གི་ཞང་མོ་རྒྱལ་མཐིང་། ལྷ་སའི་མཁའ་འགྲོ་སྨྱོན་མ་བཞིར་གྱུར་པ་ལས། མ་ཅིག་ལབ་སྒྲོན་ནི་ཤེར་ཕྱིན་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་རྒྱུད་ལ་སྐྱེས། ཕ་ཅིག་དམ་པས་སྙིང་གཏམ་ཚིག་གཅིག་གསུངས་པས་རྒྱུད་གྲོལ་ཏེ་གྲུབ་པའི་ས་མཐོར་གཤེགས། ཤེར་ཕྱིན་གྱི་དགོངས་དོན་མ་ཅིག་ཉིད་ཀྱི་དགོངས་ཉམས་ལས་འཁྲུངས་པའི་དམ་ཆོས་གཅོད་ཡུལ་ཞེས་ཡོངས་སུ་གྲགས་པའི་ལམ་སྲོལ་རྒྱ་ཆེན་པོ་བྱས་ཏེ་གཞུང་གདམས་ངག་བསམ་གྱིས་མི་ཁྱབ་པ་མཛད་པ་ལ་མོ་གཅོད་ཞེས་བྱ་བ་གྲགས་སོ། །མ་ཅིག་རང་གི་ལྟ་བ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ལྟར་དབུ་མ་ཐལ་འགྱུར་ཡིན་པར་བཤད་པའོ། །འདིའི་བརྒྱུད་པ་ལ་ཕ་རྒྱུད་ཐབས་ཀྱི་བརྒྱུད་པ། མ་རྒྱུད་ཤེས་རབ་ཀྱི་བརྒྱུད་པ། གཉིས་མེད་དོན་གྱི་བརྒྱུད་པ། མཁའ་འགྲོ་ཉམས་ཀྱི་བརྒྱུད་པ་དང་བཞི། ཡང་ན་དབོན་སྲས་རྒྱལ་བ་དོན་གྲུབ། སྟོང་སྡེ་ངག་གི་དབང་ཕྱུག གྲོལ་སྡེ་རྒྱལ་བའི་འབྱུང་གནས། ཁུ་སྒོམ་ཆོས་ཀྱི་སེང་གེ་སྟེ་ཐུགས་སྲས་བཞི། འབྲོག་ཚ་རྒྱན། དཔལ་ལྡན་རྒྱན། བསོད་ནམས་རྒྱན། རིན་ཆེན་རྒྱན་ཏེ་སྲས་མོ་བཞི། སྐྱེ་མེད་དགའ་ཡན། ཕོ་སྨྱོན་སེང་གེ། སྨྱོན་པ་རང་སྣང་། དོལ་པ་ཟང་ཐལ། ཞིག་པོ་ཧུར་ཐོན། སྐལ་ལྡན་སེང་གེ། རྒྱ་སྒོམ་ཧར་ཐོན། རྗེ་བཙུན་ཟིལ་གནོན་ཏེ་མཁའ་འགྲོ་རང་དང་མཉམ་པ་བརྒྱད། དེ་ལྟར་ཞལ་སློབ་བུ་ཆེན་བཅུ་དྲུག་གཙོ་བོར་གྱུར་པའི་གྲུབ་ཐོབ་ཕོ་མོ་བརྒྱ་རྩ་བརྒྱད་ལ་སོགས་པ་བོད་གངས་ཅན་གྱི་ཡུལ་གྲུ་གྲུབ་ཐོབ་ཀྱིས་གང་བ་ཡིན་ནོ། །གཉིས་པ་ཟུང་བཞི་ཡ་བརྒྱད་ཀྱིས་ཁོག་ཕུབ་པ་ནི། ཞུ་བ་པོའི་གང་ཟག་གི་སྒོ་ནས་དབྱེ་ན་ཕོ་བརྒྱུད་དང་མོ་བརྒྱུད་གཉིས། ངོ་བོའི་སྒོ་ནས་ཕྱེ་ན་གཞུང་ཁྲིགས་ཅན་དང་ཁ་འཐོར་གཉིས། བྱོན་ཚུལ་གྱི་སྒོ་ནས་དབྱེ་ན་སྔ་དར་དང་ཕྱི་དར་གཉིས། རིང་བརྒྱུད་དང་ཉེ་བརྒྱུད་ཀྱི་སྒོ་ནས་ཕྱེ་ན་བཀའ་མ་དང་གཏེར་མ་གཉིས་ཏེ་ཟུང་བཞི་ལ་ཡ་བརྒྱད་དུ་བྱུང་བ་ཡིན་ནོ། །གཞན་ཡང་ཟུང་བརྒྱད་ལ་ཡ་བཅུ་དྲུག་ཏུ་བཤད་པའང་ཡོད་དེ། ཕོ་གཅོད་དང་མོ་གཅོད། བཀའ་མ་དང་གཏེར་མ། རྒྱ་གཅོད་དང་བོད་གཅོད། མདོ་ལུགས་དང་སྔགས་ལུགས། སྲས་བརྒྱུད་དང་དོན་བརྒྱུད། གནམ་ཆོས་དང་ས་ཆོས། ཁྲིགས་ཅན་དང་ཁྲིགས་མེད། ཁ་འཐོར་དང་ལེ་ལག་གོ། །དང་པོ་ཕོ་གཅོད་ནི། ཕ་ཅིག་དམ་པ་ནས་བརྒྱུད་པ་བྲུལ་ཚོ་དྲུག་པ་དང་། ལ་བཟླ་སྐོར་གསུམ་ལ་སོགས་པའོ། །གཉིས་པ་མོ་གཅོད་ནི། མ་ཅིག་ནས་བརྒྱུད་པ་ཕག་མོའི་སྐོར་ཊིཀ་ཆེ་ཆུང་ལ་སོགས་པའོ། །གསུམ་པ་བཀའ་མ་ནི། ཡུམ་ཆེན་མོ་དང་བསྟན་པའི་གཙོ་བོ་ནས་ཟམ་མ་ཆད་པར་བྱོན་པ་རྣམས་སོ།། བཞི་བ་གཏེར་མ་ནི། དམ་པས་བྱ་རྒོད་ཕུང་པོའི་རི་ནས་སྤྱན་དྲངས་པ་ཨུ་དུམྦ་ར་དང་། འབྲས་སྤུངས་མཆོད་རྟེན་ནས་སྤྱན་དྲངས་པ་ཕྱག་རྒྱ་ཆེ་གཅོད་ལ་སོགས་དང་། ཁྲོས་མས་གཏེར་དུ་སྦས་པ་མ་ཅིག་གིས་གཏེར་ནས་དྲངས། མ་ཅིག་གིས་སྦས་པ་བརྒྱུད་འཛིན་རྣམས་ཀྱིས་གཏེར་ནས་བཏོན་པའོ། །ལྔ་བ་རྒྱ་གཅོད་ནི། བྲམ་ཟེ་ཨཱཪྱ་དེ་བའི་རྒྱ་གཞུང་ཆེ་ཆུང་དང་། གྲུབ་ཆེན་ཏེ་ལོ་པའི་རོ་སྙོམས་གཟེར་ལྔ་དང་། པཎ་ཆེན་ནཱ་རོ་པའི་གསང་སྤྱོད་ལ་སོགས་པའོ། །དྲུག་པ་བོད་གཅོད་ནི། བོད་དུ་བྱུང་བའི་གཅོད་སྐོར་རྣམས་སོ། །བདུན་པ་མདོ་ལུགས་ནི། ཡུམ་གྱི་དགོངས་པ་ཆོས་ཚན་སུམ་ཅུ་ལ་སོགས་པའོ། །བརྒྱད་པ་སྔགས་ལུགས་ནི། སྒྲོལ་མའི་རྒྱུད་བཞི་ལ་བརྟེན་པའི་དབང་དང་བསྐྱེད་རྫོགས་ལ་སོགས་པའོ། །དགུ་པ་སྲས་བརྒྱུད་ནི། རྒྱལ་བ་དོན་གྲུབ་དང་། ཐོད་སྨྱོན་དང་། ཁམ་བུ་ཡ་ལེ། རྒྱན་ནེ་བཞི་ལས་བརྒྱུད་པའོ། །བཅུ་བ་དོན་བརྒྱུད་ནི། ཁུ་སྒོམ་ཆོས་ཀྱི་སེང་གེ་ལས་བརྒྱུད་པའོ། །བཅུ་གཅིག་པ་གནམ་ཆོས་ནི། ཐོག་སེར་གཟའ་སྲུང་གི་རིགས་ལ་སོགས་པའོ། །བཅུ་གཉིས་པ་ས་ཆོས་ནི། ས་དཔྱད་ཀླུ་གཉན་ས་བདག་གི་གཅོད་སྐོར་རྣམས་སོ། །བཅུ་གསུམ་པ་ཁྲིགས་ཅན་ནི། ཟབ་དོན་ཐུགས་སྙིང་ལྟ་བུའི་མན་ངག་ཡིན་ནོ། །བཅུ་བཞི་བ་ཁྲིགས་མེད་ནི། རྒྱ་མདུད་མ་དང་ཚིག་གསལ་ལ་སོགས་པའི་ཁྲིགས་སུ་མ་བསྡེབས་པ་རྣམས་སོ། །བཅོ་ལྔ་པ་ཁ་འཐོར་ནི། དམིགས་འབུམ་འཐོར་བུའི་རིགས་རྣམས་སོ། །བཅུ་དྲུག་པ་ལེ་ལག་ནི། རྩ་བ་གཅིག་ཡན་ལག་གསུམ་ཐུན་མོང་དང་ཐུན་མིན། ཁྱད་པར་གྱི་ལེ་ལག་ཉམས་ཀྱི་བརྒྱུད་པ་རྣམས་ཡིན་ནོ། །གསུམ་པ་མཚོན་པ་དཔེ་དྲུག་གིས་ཆེ་བ་བརྗོད་པ་ནི། བདུད་བཞི་དབྱིངས་སུ་གཅོད་པའི་མན་ངག་འདི་གངས་དཀར་གྱི་རི་བོ་དང་འདྲ་སྟེ་གངས་ལ་ཁ་བ་བབ་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན། གཅོད་མཁན་རྣལ་འབྱོར་པ་ལ་ཐོས་པའི་ཤེས་རབ་དེ་ཡོད་ཀྱང་ལེགས་ལ་མེད་ཀྱང་ཆོག་པའོ། །གཅོད་ཀྱི་མན་ངག་འདི་སེང་གེ་དཀར་མོ་དང་འདྲ་སྟེ་ཐམས་ཅད་ཟིལ་གྱིས་གནོན་ལ་གཅིག་པུར་ཉམས་ང་མེད་པ་བཞིན། གཅོད་བྱེད་རྣལ་འབྱོར་པ་གྲོགས་མང་པོ་དང་འགྲོགས་ཀྱང་ཆོག་ལ་གཅིག་པུར་འགྲིམས་ཀྱང་ཆོག་པ་ཡིན་ནོ། །ཟབ་ཆོས་ཀྱི་མན་ངག་འདི་ལྷ་ཡི་རྔ་བོ་ཆེའི་སྐད་དང་འདྲ་སྟེ་རྔ་ཆེན་ལ་རོལ་མོ་གཞན་གྱི་སྒྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་བཞིན། གཅོད་མཁན་རྣལ་འབྱོར་པ་དེ་ལ་དགེ་སྦྱོར་གྱི་གྲོགས་གཞན་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཡིན་ནོ། །གཅོད་ཀྱི་མན་ངག་འདི་དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚོད་དང་འཚམས་པར་འབྱུང་བ་བཞིན། འདིར་གང་ཟག་གི་བློ་ཚོད་དང་འཚམས་པར་བསླབ་ཏུ་ཡོད་པའོ། །གཅོད་ཡུལ་གྱི་གདམས་པ་འདི་གསེར་གཡུ་ཆག་པའི་དུམ་བུ་དང་འདྲ་སྟེ་ཆེ་ན་རིན་ཐང་ཆེ་ལ་ཆུང་ནའང་དེ་དང་འཚམས་པའི་རིན་ཐང་ཡོད་པ་བཞིན། རྣལ་འབྱོར་བས་གཅོད་སྐོར་རྒྱ་ཆེན་པོ་ཤེས་ན་ཡོན་ཏན་དཔག་ཏུ་མེད་པ་ཡོད་ལ་ཅུང་ཟད་ཙམ་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོགས་པ་ཡིན་ནོ།། གཅོད་ཡུལ་གྱི་གདམས་པ་འདི་རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ལ་ཁྱད་པར་མེད་པ་བཞིན། གཅོད་ཡུལ་མཐར་ཕྱིན་པའི་གང་ཟག་དེ་མཆོག་དམན་གང་ཡིན་ཀྱང་གཞན་ལས་བྱིན་རླབས་ཆེ་བར་གསུངས་པ་ཡིན་ནོ། །གཉིས་པ་བྱེ་བྲག་རང་ལུགས་ལ། གཅོད་ཀྱི་ངོ་བོ། སྒྲ་དོན། དབྱེ་བ། ཕུང་པོ་མཆོད་སྦྱིན་བྱེད་པ། དེའི་ཕན་ཡོན་བསྟན་པ་དང་ལྔ་ལས། དང་པོ་གཅོད་ཀྱི་ངོ་བོ་ནི། ཇི་སྐད་དུ། ཕ་ནི་ཕ་རོལ་ཕྱིན་པ་དང་། །ཊ་ནི་གསང་བ་སྔགས་ཀྱི་ལམ། །དེ་གཉིས་ཟུང་དུ་འབྲེལ་བས་ཕཊ། །ཞེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པ་དམ་ཆོས་བདུད་ཀྱི་གཅོད་ཡུལ་འདིས་འཁོར་བར་འཆིང་བྱེད་ཀྱི་བདུད་བཞི་པོ་སེམས་ཀྱི་སྙེམས་རྟོག་ངར་འཛིན་ཁོ་ནའི་སྟེང་དུ་གཅོད་པར་བྱེད་པ་ཡིན་ནོ། །གཉིས་པ་སྒྲ་དོན་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ཏེ། ཇི་སྐད་དུ། བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། །སྟོང་ཉིད་ལྟ་བས་འཁོར་བའི་འཁྲུལ་རྟོག་གཅོད། །ཅེས་གསུངས་པ་ལྟར། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད་པ་དང་། སྟོང་ཉིད་ཀྱི་ལྟ་བས་ཁམས་གསུམ་འཁོར་བའི་རྩ་བ་མ་རིག་བདེན་འཛིན་གྱི་འཁྲུལ་བའི་རྟོག་པ་སྐྱེ་མེད་ཀྱི་དབྱིངས་སུ་གཅོད་པ་ཡིན་ནོ། །གསུམ་པ་དབྱེ་བ་ནི། རྗེ་མི་ལས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྐྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་གཅོད།། ཅེས་གསུངས་པ་ལྟར། ཕྱི་ཡི་གཉན་ས་ནི། འཁྲུལ་སྣང་གདོན་གཟུགས་སུ་ཤར་བའི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བདག་ཏུ་བཟུང་བའི་དུར་ཁྲོད་ལ་སོགས་པའི་གནས་སུ་བརྟུལ་ཞུགས་ལ་ཆས་པའི་རྣལ་འབྱོར་པ་རྒྱུ་བ་ཡིན་ཏེ། མ་ཅིག་གིས། གཉན་སར་སོང་ལ་རིག་པ་ཀློད། །རྐྱེན་དང་སྤྲོད་ལ་ཉམས་སུ་ལོངས། །ཞེས་གསུངས་པའོ། །ནང་ཕུང་པོ་སྒྱུ་ལུས་ཀྱི་གཉན་ས་ནི། རང་ལུས་རི་གཉན་གྱི་བྲག་ཕུག་ན། །བདག་གཞན་འཛིན་པའི་འདྲེ་རྒོད་གནས། །གཉན་ས་དེ་རུ་ཆོད་མཛོད་ཅིག། ཉེ་རིང་རྩ་བ་རྦད་ཀྱིས་ཆོད། །ཅེས་གསུངས་སོ། །གསང་བ་ཀུན་རྟོག་འཁྲུལ་བའི་གྲོང་ཁྱེར་འཛིན་པ་སེམས་ཀྱི་གཉན་ས་ནི། བྲག་སྲིན་མོས། རྗེ་བཙུན་མི་ལ་རས་པ་ལ། འདྲེ་སེམས་ཀྱི་རྩ་བར་མ་ཤེས་ན། །འདྲེ་ང་བས་མི་ཚད་གཞན་ཡང་ཡོད།། ཁྱོད་སོང་ཞིག་བྱས་པས་ང་མི་འགྲོ། །ཞེས་དང་། རྗེ་མི་ལས། འདྲེ་འདྲེ་རུ་བཟུང་ན་གནོད་པ་ཡིན། །འདྲེ་སེམས་སུ་ཤེས་ན་གྲོལ་བ་ཡིན། །འདྲེ་སྟོང་པར་རྟོགས་ན་ཆོད་པ་ཡིན། །ཞེས་དང་། མ་ཅིག་གིས། སེམས་ཀྱི་རྩ་བ་ཆོད་གྱུར་ན། །འདྲེ་རྣམས་རང་སར་ཡལ་བ་ཡིན། །ཞེས་དང་། བདུད་རྣམས་མ་ལུས་སེམས་སུ་བཅད། །སེམས་ནི་སྐྱེ་མེད་དབྱིངས་སུ་གྲོལ། །ཞེས་སོགས་ཕྱི་ནང་གསང་གསུམ་གྱི་གཉན་ས་དང་། ལྷ་འདྲེ་རྣམ་དབྱེ་སོགས་གང་ཟག་གི་ཁམས་དང་མཐུན་པར་རྒྱ་ཆེར་གསུངས་པ་ཡིན་ནོ། ། བཞི་བ་ཕུང་པོ་མཆོད་སྦྱིན་བྱེད་པ་ནི། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་སེང་གེ་གླང་ཆེན་རྨ་བྱ་ཤང་ཤང་རྟ་མཆོག་རྣམས་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྐང་ཉི་ཟླ་པདྨ་སོགས་དང་དར་ཟབ་འབོལ་བརྩེགས་ཀྱི་སྟེང་དུ་ཞིང་ལྤགས་ཀྱི་གདན་ལ་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་ཧེ་རུ་ཀ་པ་རྣལ་འབྱོར་སྤྱོད་པའི་ཆས་ཅན་ཕྱག་གཡས་ཐོད་པའི་ཌཱ་མ་རུ་འཁྲོལ་ཞིང་། གཡོན་བྷནྡྷ་བཅུད་ལྡན་དཀུ་ལ་བརྟེན་ཞིང་། ཞབས་གཉིས་རོལ་སྟབས་སུ་བཞུགས་པ་དང་། གཞན་ཡང་པད་ཉི་བམ་རོ་ལ་སོགས་གདན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རྣམས་ལ། སྟེང་ན་བརྒྱུད་གསུམ་གྱི་བླ་མ། བར་ན་ཡི་དམ་གྱི་ལྷ་ཚོགས། འོག་ན་མ་དང་མཁའ་འགྲོ། འདབ་འཁོར་ན་ཆོས་སྐྱོང་སྲུང་མ་རྣམས་རང་རང་གི་གདན་ལ་བཞུགས་པར་དམིགས། འོག་ན་ཁམས་གསུམ་རིགས་དྲུག་གི་སེམས་ཅན་དང་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་འཁོད་པར་བསམ་ལ། རང་ཉིད་བསྐྱེད་རིམ་ལ་གོམས་པོ་ཡོད་ན། ཕཊ༔ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམས། །ཞེས་བརྗོད་པ་དང་མཉམ་དུ་རང་གི་རྣམ་པར་ཤེས་པ་དབུ་མའི་ལམ་ནས་སྤར་ཏེ་སྤྱི་གཙུག་ཏུ་འཐོན་པ་དང་མཉམ་དུ་སྐད་ཅིག་གིས་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་ནམ་མཁར་ཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོས་ངུར་སྒྲ་སྒྲོགས་པ་ཁྲོ་མོའི་ཆ་བྱད་ཅན་དེ་ལྟ་བུ་ཞིག་བསྐྱེད་ནས། ཕྱག་གཡས་ཀྱི་གྲི་གུག་གིས་རང་གི་ལུས་བམ་རོ་ཆེ་བ་ཚོ་བ་སྣུམ་པ་སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པ་དེ་ཉིད་ཀྱི་དཔྲལ་བར་ཚད་ཙམ་བྱས་པས་ཐོད་པ་ལིང་གིས་གོག །སྟོང་གསུམ་གྱི་རྒྱ་ཁྱོན་དང་མཉམ་པར་གྱུར་བ་དེ་ཉིད་ཕྱག་གཡོན་པས་བླངས་ཏེ་མི་མགོའི་སྒྱེད་པུ་རི་རབ་དང་མཉམ་པ་གསུམ་གྱི་སྟེང་དུ་དཔྲལ་བ་རང་ལ་བསྟན་ཏེ་བཀོད། དེ་ནས་ཕྱག་གཡས་ཀྱི་གྲི་གུག་དེས་བམ་རོ་དེ་ཉིད་ལིང་གིས་བླངས་ཏེ། བྷནྡྷའི་ནང་དུ་བཞག །དེའི་འོག་ཏུ་ཨ་ཐུང་དམར་པོ་མེའི་རང་བཞིན་རེག་བྱ་ཚ་བ་དང་། སྟེང་དུ་ཧཾ་ཡིག་དཀར་པོ་བདུད་རྩིའི་རང་བཞིན་ཅན་གཉིས་བསྒོམ། དེ་ནས། ༀ་ཨཱཿཧཱུྃ་ཞེས་བརྗོད་པའི་ཚེ་ཨ་ཐུང་ལས་མེ་འབར་ཐོད་པའི་ནང་གི་བམ་རོ་དེ་ཉིད་བདུད་རྩིའི་རང་བཞིན་དུ་མེར་གྱིས་ཞུ་སྟེ་མ་དག་པའི་འབག་རྩོག་ཐམས་ཅད་ལྦུ་བ་དང་སྤྲིས་མའི་རྣམ་པར་ཕྱིར་ལུད། མེའི་དྲོད་ཀྱིས་ཧཾ་ཡིག་ཞུ་བ་ལས་བདུད་རྩི་དཀར་དམར་གྱི་རྒྱུན་བབ་ནས་གཉིས་མེད་དུ་འདྲེས་ཤིང་། ཧཾ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་མཐིང་གའི་རྣམ་པར་ཐོད་པའི་བདུད་རྩི་ལ་ཐིམ། མཐར་ཧཾ་ཡིག་ཀྱང་འོད་དུ་སྟེམ་གྱིས་ཞུ་སྟེ་ཐོད་པའི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་བའི་མདངས་ཅན་ཏུ་གྱུར་པར་བསམ་ནས། ༀ་ཨཱཿཧཱུྃ། མང་དུ་བརྗོད་ནས། ༀ་གྱིས་ཁ་དོག་དྲི་རོ་ལ་སོགས་པའི་སྐྱོན་ཐམས་ཅད་སྦྱངས། ཨཱཿཡིས་མང་པོར་སྤེལ། ཧཱུྃ་གིས་གང་ལ་གང་འདོད་ཀྱི་དངོས་པོར་བསྒྱུར་ཏེ། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོད་རྒུ་ཡིད་བཞིན་གྱི་སྤྲིན་འཕྲོ་བའི་རོལ་པ་དང་རང་བཞིན་དུ་གྱུར་བའི་རླང་པ་ལ་བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འཕན་གདུགས་རྒྱལ་མཚན་བླ་བྲེ། གསེར་གྱི་འཁོར་ལོ་རྩིབས་སྟོང་། དུང་དཀར་གཡས་སུ་འཁྱིལ་བ་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཡར་མཆོད་ཡུལ་རྣམས་ལ་མཆོད་པ་ཕུལ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་རྣམས་ལ་རང་རང་དགྱེས་པའི་མཆོད་རྫས་དང་བརྟེན་རྫས། བསྐང་རྫས་དང་བསྒྲུབ་རྫས་ལ་སོགས་པའི་མཐུན་རྫས་སུ་གྱུར་ཏེ་མཆོད་པས་མཉེས་པར་བྱས་པའོ། །ཡང་མར་མགྲོན་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཅི་ལ་ཅི་འདོད་ཀྱི་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་བབས་པས་ཐམས་ཅད་དགའ་མགུ་ཚིམས་ཤིང་ཡི་རང་། ཁྱད་པར་རང་གི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བཟུང་སྟེ་ཐ་མ་ད་ལ་ཐུག་གི་བར་དུ། བསད་པ་ཚེ་ཐུང་བའི་ལན་ཆགས། འཕྲོགས་པ་ནོར་དབུལ་བའི་ལན་ཆགས། བརྡུང་བ་ནད་མང་བའི་ལན་ཆགས། གོང་མས་བསྐྱབས་པའི་ལན་ཆགས། འོག་མས་བཀུར་བའི་ལན་ཆགས། བར་མ་མཛའ་བའི་ལན་ཆགས། མཐོ་བ་མཁར་གྱི་ལན་ཆགས། དམའ་བ་ས་ཞིང་གི་ལན་ཆགས། གཉེན་གྲོགས་སྲིད་སྡེའི་ལན་ཆགས། བུ་ཚ་ཕྱུགས་ཀྱི་ལན་ཆགས། བཟའ་བ་ཟས་ཀྱི་ལན་ཆགས། བགོ་བ་གོས་ཀྱི་ལན་ཆགས། བུ་ལོན་འབྲེལ་གྱི་ལན་ཆགས། བཞོན་བཞོས་པའི་ལན་ཆགས། ཁལ་བཀལ་བའི་ལན་ཆགས། རྨོ་རྨོས་པའི་ལན་ཆགས་སོགས་ཚེ་ལན་སྲོག་ལན་ཤ་ལན་སོགས་ཆགས་པའི་ལན་ཆགས་བུ་ལོན་ཤ་མཁོན་བདག་པོ་བདག་མོ་ཐམས་ཅད་སྣོད་བཟུང་སྟེ་བུ་ལོན་བསྙགས་པ་ལྟར་དུ་འདུས་པ་ལ། དེ་དག་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཅི་ལ་ཅི་འདོད་ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། ལོངས་སྤྱོད་འདོད་པ་ལ་ལོངས་སྤྱོད། སྐྱེད་ཚལ་འདོད་པ་ལ་སྐྱེད་ཚལ། བཞོན་པ་འདོད་པ་ལ་བཞོན་པ། གནས་ཁང་འདོད་པ་ལ་གནས་ཁང་། གཉེན་གྲོགས་འདོད་པ་ལ་གཉེན་གྲོགས་ལ་སོགས་འདོད་རྒུའི་ལོངས་སྤྱོད་ཟད་པ་མེད་པའི་གཏེར་དུ་གྱུར་ནས་ཆར་ལྟར་བབས་པ་ལ། རང་རང་གིས་ལོངས་སྤྱད་ནས་ལན་ཆགས་འཁོར། བུ་ལོན་སོད། ཤ་མཁོན་བྱང་། སྡིག་སྒྲིབ་དག ཐམས་ཅད་ཀྱང་ངོམས་ཤིང་ཚིམས་ཏེ་དགའ་བར་བསམ། ཡང་དེ་དག་གི་ལྷག་མ་ཁས་ཞན་པ། དབང་ཆུང་བ། ཞ་བོ། ལོང་བ། འོན་པ། ལྐུགས་པ་ལ་སོགས་པ་དང་། རིགས་དྲུག་གི་སེམས་ཅན་སྡུག་བསྔལ་གྱིས་གདུང་བ་ཉམ་ཐག་པ་ཐམས་ཅད་ལ་རང་རང་གང་ལ་གང་འདོད་ཀྱི་དངོས་པོ། སྐྱབས་མེད་པ་ལ་སྐྱབས། མགོན་མེད་པ་ལ་མགོན། དཔུང་གཉེན་མེད་པ་ལ་དཔུང་གཉེན། གཉེན་གྲོགས་མེད་པ་ལ་གཉེན་གྲོགས། སྲིད་སྡེ་མེད་པ་ལ་སྲིད་སྡེ། ནད་པ་གསོ་བའི་སྨན། འཆི་བ་བསླུ་བའི་བདུད་རྩི། ཞ་བོ་ལ་རྫུ་འཕྲུལ་གྱི་རྐང་བ། ལོང་བ་ལ་ཡེ་ཤེས་ཀྱི་སྤྱན། འོན་པ་ལ་ཟག་མེད་ཀྱི་རྣ་བ། ལྐུགས་པ་ལ་ཤེས་རབ་ཀྱི་ལྕེ་ལ་སོགས་པར་གྱུར་ཏེ་ལོངས་སྤྱོད་པས་ཐམས་ཅད་ངོམས་ཤིང་ཚིམས། རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ། ཕོ་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ཀྱི་གོ་འཕང་། མོ་ཐམས་ཅད་རྗེ་བཙུན་འཕགས་མ་སྒྲོལ་མའི་གོ་འཕང་ཐོབ་སྟེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསམ་པ་ནི་ཁྲ་འགྱེད་ཡིན་ནོ། །དེ་ནས་སྟེང་ན་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་བསམ་གྱིས་མི་ཁྱབ་པ་བཞུགས་པ་དེ་དག་གིས་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རང་རང་གི་ཕྱག་མཚན་རྡོ་རྗེ་འཁོར་ལོ་པདྨ་རྒྱ་གྲམ་གྱི་རྣམ་པའི་སྦུ་གུ་ཅན་གྱིས་གསོལ་ནས། རང་གཞན་རྣམས་ཀྱི་ཚོགས་རྫོགས་སྒྲིབ་པ་དག མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། ཐོད་པའི་ཁའི་བར་སྣང་ལ་ཡེ་ཤེས་དང་ལས་ལ་གྲུབ་པའི་ཆོས་སྐྱོང་རྣམས་ཀྱིས་ལྗགས་ཉི་ཟེར་གྱི་སྦུ་གུ་ཅན་གྱིས་གསོལ། རང་གི་དམ་ཆོས་བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་བསྲུངས་པར་བསམ། དེ་ནས་ལས་བྱེད་ཀྱི་མཁའ་འགྲོ་གྲངས་མེད་བསམ་གྱིས་མི་ཁྱབ་པ་སེམས་ཅན་གྱི་གྲངས་དང་མཉམ་པ་སྤྲོས་ཏེ། དེ་ཐམས་ཅད་ལ་སྣོད་ཡེ་ཤེས་ཀྱི་ཀ་པཱ་ལ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་གང་བ་རེ་རེ་བྱིན་པའམ་ཡང་ན་རང་ཉིད་ཁྲོས་མའི་ཕྱག་གི་ཀ་པཱ་ལ་དེ་ཉིད་ཀྱིས་བདུད་རྩི་བཅུས་ཤིང་གཏོར་བས་དེ་དག་ཐམས་ཅད་དགའ་མགུ་ཚིམས་ཤིང་ཡི་རང་སྟེ་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་བསམ་ནས། ཡར་མཆོད་ཡུལ་མགྲོན་གྱིས་༴སོགས་གཤིས་རྫོགས་པ་ཆེན་པོ་མ་བཅོས་ཨ༔ ཞེས་བརྗོད་ཅིང་། མཆོད་བྱ་མཆོད་བྱེད་མཆོད་ཡུལ་དང་བཅས་པ་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པ་ནི་བདུད་རྩི་དཀར་འགྱེད་ཡིན་ནོ། །འདིར་ཁྲ་འགྱེད་དང་དཀར་འགྱེད་གཉིས་དུས་གཅིག་ལ་བྱས་ཀྱང་ལེགས་གསུངས། དམིགས་པ་ལ་གོམ་པོ་མེད་ན་རང་རང་གི་འདོན་ཆོག་ལྟར་སོ་སོར་བྱེད་དགོས་སོ། །དེ་ཡང་གང་ལྟར་ཡིན་ཀྱང་དཀོན་མཆོག་སྲིད་ཞིའི་མགྲོན་རྣམས་ལ་མཆོད་པ་ནི་རྒྱལ་པོ་ཆེན་པོ་ལ་འཁོར་འབངས་ཀྱིས་མཆོད་པ་ལྟ་བུའི་ཚུལ་དང་། མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ལ་རང་དང་མཉམ་པའི་གྲོགས་ལ་མགྲོན་བྱེད་པའི་ཚུལ་དང་། རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ་སྟོན་མོའི་ཚུལ་དུ་སྦྱིན་པ་དང་། བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ལ་བུ་ལོན་འཇལ་བའི་ཚུལ་དུ་སྦྱིན་དགོས་པ་ཡིན་ནོ། །སྤྱིར་གཅོད་གཞུང་རྣམས་ལས། དཀར་འགྱེད་དང་དམར་འགྱེད་ཁྲ་འགྱེད་ནག་འགྱེད་དེ་འགྱེད་ཆེན་བཞི་བཤད་ཀྱང་། འདིར་དཀར་འགྱེད་དང་ཁྲ་འགྱེད་གཉིས་ལས་དམར་འགྱེད་དང་ནག་འགྱེད་མེད་པ་ཡིན་ནོ། །དེ་ཡང་གཅོད་ཅེས་བྱ་བ་ནི། མ་ཅིག་གི་ཞལ་ནས། ཐོག་མ་མེད་པའི་དུས་ནས་ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་དེད། འཁྲུལ་སྣང་དང་སྡུག་བསྔལ་ཁོ་ན་ལ་ཁོར་མོ་ཡུག་ཏུ་སྤྱོད། ཤི་ཙམ་ན་ངན་སོང་གི་གཏིང་རྡོ་ལས་འགྲོ་ས་མེད་པའི་ལྷ་འདྲེ་གདུག་པ་ཅན་དེ་དག་ངས་སྙིང་རྗེའི་ལྕགས་ཀྱུས་བཟུང་སྟེ། རང་གི་ཤ་དྲོན་མོ་དང་ཁྲག་དྲོན་མོ་ཟས་སུ་བྱིན་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་སྣང་བ་བསྒྱུར་ཏེ། རང་གི་འཁོར་དུ་བསྡུས་པ་ཡིན་ནོ། །ཞེས་གསུངས་སོ། །མདོར་ན་གཅོད་པས་འདུལ་རྒྱུའི་ལྷ་འདྲེ་དེ་ནི། ཕྱི་ན་སུ་ཡང་མེད་པར་ནང་ན་ཡོད་དེ། ཕྱི་འཁྲུལ་སྣང་ལྷ་འདྲེའི་གཟུགས་སུ་སྣང་བ་ཐམས་ཅད་ཀྱང་ནང་ང་དང་བདག་ཏུ་འཛིན་པའི་སྙེམས་བྱེད་ཀྱི་རྩ་བ་མ་ཆོད་པ་ལས་བྱུང་བ་ཡིན་ཏེ། ཇི་སྐད་དུ། འདྲེ་མང་པོ་བྱ་བ་འདུ་ཤེས་ཡིན། །འདྲེ་ངར་མ་བྱ་བ་ངར་འཛིན་ཡིན། །འདྲེ་རྒོད་པོ་བྱ་བ་རྣམ་རྟོག་ཡིན། །འདྲེ་དེ་དག་ཆོད་ན་གཅོད་པ་ཟེར། །ཞེས་དང་། མ་ཅིག་གི་ཞལ་ནས། ཐོགས་བཅས་བདུད་དང་ཐོགས་མེད་བདུད། །དགའ་བྲོད་བདུད་དང་སྙེམས་བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་ལ་ཐུག། ཅེས་གསུངས་པ་ལྟར། འདྲེ་ཞེས་བྱ་བ་བདག་འཛིན་སྙེམས་བྱེད་ཀྱི་བདུད་ཡིན་པས་སྐྱེ་མེད་ཀྱི་དབྱིངས་སུ་གཅོད་དགོས་པ་ཡིན་ཏེ། ཇི་སྐད་དུ། རེ་ས་མེད་པས་སངས་རྒྱས་གཅོད། །དོགས་ས་མེད་པས་འཁོར་བ་གཅོད། །ཉམས་ང་མེད་པས་འདྲེ་བདུད་གཅོད། །འགོས་འཛེམས་མེད་པས་ནད་པ་གཅོད། །གཅོད་བྱ་མེད་པས་ཆོས་ཀུན་གཅོད། །ཅེས་དང་། །ལྷ་མེད་འདྲེ་མེད་ལྟ་བའི་གདེང་། །ཡེངས་མེད་འཛིན་མེད་སྒོམ་པའི་གནད། །བླང་མེད་དོར་མེད་སྤྱོད་པའི་གནད། །རེ་མེད་དོགས་མེད་འབྲས་བུའི་གནད། །ཅེས་གསུངས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་མལ་ས་གཉན་ས་རི་ཁྲོད། ལྟ་བ་ལྷ་མེད་འདྲེ་མེད། བསྒོམ་པ་རིག་པ་གཅེར་ཉལ། སྤྱོད་པ་རོ་སྙོམས་ཐོག་བརྫིས། རིམ་གྲོ་ཤ་ཁྱེར་ཁྲག་ཁྱེར། ཉམས་ལེན་ན་དགའ་ཤི་སྐྱིད། ལམ་ཁྱེར་ཕུང་པོ་གཟན་བསྒྱུར། འབྲས་བུ་རེ་མེད་དོགས་མེད་ལ་སོགས་གསུངས་པ་ཡིན་ནོ། ། ལྔ་བ་ཕན་ཡོན་བསྟན་པ་ནི། ལུས་ལ་གཅེས་འཛིན་བཅད་དེ་མཆོད་སྦྱིན་བྱ་བ་ནི། དངོས་པོ་གཞན་གྱི་མཆོད་སྦྱིན་བྱ་བ་ལས་ལྷག་པར་ཡང་ཕན་ཡོན་ཆེ་བ་ཡིན་ཏེ། ཇི་སྐད་དུ། རྟ་དང་གླང་པོ་བརྒྱ་འགྱུར་ཡིན། །བུ་དང་ཆུང་མ་སྟོང་འགྱུར་ཡིན། །ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར་ཡིན། །ཞེས་དང་། མ་ཅིག་གི་ཞལ་ནས། ཆགས་མེད་ལུས་སྦྱིན་བྱེད་པ་དེ། །ཚོགས་གཉིས་ཡིན་པར་མ་ཤེས་ནས། །ཕུང་པོ་གཅེས་འཛིན་བྱས་པ་དེ། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །ཞེས་དང་། མ་ཅིག་གིས། ནད་པ་འདྲེ་ལ་གཏད་པ་ན། །ནད་མེད་བདེ་བ་ཐོབ་པ་ཡིན། །ཞེས་དང་། མི་མཐུན་གྲོགས་སུ་ཁྱེར་བ་དེ། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །སྲུངས་ཤིག་སྐྱོབས་ཤིག་བརྒྱ་བྱས་པས། །ཟོ་ཤིག་ཁྱེར་ཅིག་གཅིག་གིས་དགའ། །ལུས་སྲོག་གཟན་དུ་བོར་བ་ན། །སྲུང་འཁོར་བཏགས་རྒྱུ་མེད་པ་ཡིན། །ཞེས་དང་། ཀུ་སཱ་ལུ་ཡི་ཚོགས་བསགས་ཏེ། །ཚོགས་བསགས་བརྒྱ་ཡི་དོ་ཟླ་མིན། །ཉམས་ལེན་དཀར་འགྱེད་དམར་འགྱེད་དེ། །སྟོན་མོ་བརྒྱ་ཡི་དོ་ཟླ་མིན། །ཕུང་པོ་ཤ་ཁྱེར་ཁྲག་ཁྱེར་དེ། །རིམ་གྲོ་བརྒྱ་ཡི་དོ་ཟླ་མིན། །འདུག་གནས་གཉན་ས་རི་ཁྲོད་དེ། །དགོན་པ་བརྒྱ་ཡི་དོ་ཟླ་མིན། །ཡོན་བདག་སྣང་སྲིད་ལྷ་འདྲེ་དེ། །ཡོན་བདག་བརྒྱ་ཡི་དོ་ཟླ་མིན། །ལྟ་བ་ཀ་དག་མཐའ་བྲལ་ཏེ། །དམ་ཆོས་བརྒྱ་ཡི་དོ་ཟླ་མིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ཏེ། །མན་ངག་བརྒྱ་ཡི་དོ་ཟླ་མིན།། ཞེས་གསུངས་པ་ཡིན་ནོ། །

དྲུག་པ་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་བྱ་བའི་ཐབས་ཀྱི་ལམ་མཐར་ཕྱིན་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ། དད་གུས་ཀྱི་སྒོ་ནས་བླ་མ་བསྟེན་ནས་ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། ཕུར་ཚུགས་སུ་གསོལ་བ་གདབ་པ། དབང་བཞི་བླང་བ་། དེ་ལྟར་བསྒོམས་པའི་ཕན་ཡོན་བསྟན་པ་དང་ལྔ་ལས། དང་པོ་དད་གུས་ཀྱི་སྒོ་ནས་བླ་མ་བསྟེན་ནས་ཚོགས་ཞིང་གསལ་གདབ་པ་ནི། དེ་ཡང་མཚན་ཉིད་ཐམས་ཅད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་བཙལ་ཏེ། དེས་ཅི་གསུང་བསྒྲུབ་པ་དང་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་སྙིང་ཐག་པ་ནས་གསོལ་བ་འདེབས་པ་ནི་གལ་ཆེ་སྟེ། མདོ་ལས། དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་ནོ། །ཞེས་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་དང་། དགེ་བཤེས་ཁ་རག་སྒོམ་ཆུང་གིས། སྡེ་སྣོད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་པ་མེད་གསུངས། རྗེ་མི་ལས་ཀྱང་། རྗེ་ལ་གསོལ་བ་མི་འདེབས་པའི། །མི་རྟོག་ཡེ་ཤེས་འདོད་པ་དེ། །བྱང་བསྟན་ཕུག་པར་ཉི་སྒུག་འདྲ། །སྣང་སེམས་འདྲེས་དུས་དེ་ལ་མེད། །ཅེས་གསུངས། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ནི། བླ་མ་ཁོ་ན་གལ་ཆེ་བ་ཡིན་པས། བླ་མའི་རྣལ་འབྱོར་སྒོམ་པ་ཡང་རྒྱུད་སྡེ་ཐམས་ཅད་ནས་གསུངས་ཤིང་། དེ་ཉིད་བསྐྱེད་རྫོགས་སྒོམ་པ་ཐམས་ཅད་ལས་ཀྱང་ལྷག་པར་གསུངས་པ་ཡིན་ཏེ། འབྲི་གུང་སྐྱོབ་པ་རིན་པོ་ཆེས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་སོ། །དེས་ན་གནས་ལུགས་མ་བཅོས་པའི་རྟོགས་པ་རྒྱུད་ལ་སྐྱེ་བ་ནི། མོས་གུས་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་རྒྱུད་ལ་སྐྱེ་བ་མ་གཏོགས་ཐབས་གཞན་གང་གིས་ཀྱང་རྟོགས་མི་ནུས་པ་ཡིན་ལ། ཡང་དགོས་རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་རྡོ་རྗེའི་ཐེག་པ་འདི་ནི། ཀུན་མཁྱེན་འཇིགས་མེད་གླིང་པས། རྟོགས་པ་དོན་གྱི་བརྒྱུད་པ་དང་ལྡན་པའི་བླ་མ་དམ་པ་མཚན་ཉིད་དང་ལྡན་པ་ཞིག་དང་མཇལ། དེ་ལ་རྩེ་གཅིག་གི་དད་འདུན་དྲག་པོས་ཡིད་ཁྱེད་ཤེས་ཀྱི་བློ་ཁེལ་གསོལ་བ་འདེབས་ཤེས་ན་རྐྱེན་མོས་གུས་ཀྱིས་བྱས་ཏེ་བླ་མའི་རྟོགས་པ་སློབ་མ་ལ་འཕོས་ནས་རང་བཞིན་བརྗོད་བྲལ་རྫོགས་པ་ཆེན་པོའི་གནས་ལུགས་རྟོགས་པར་བཞེད་པ་ཡིན་ནོ། །དེ་ཕྱིར་ཅི་སྣང་བླ་མར་ཤར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་གྱི་མན་ངག་ལམ་ཟབ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། ཨེ་མ་ཧོ༔ རང་སྣང་ལྷུན་གྲུབ་སོགས་བརྗོད་པ་དང་ཆབས་གཅིག །འདི་ལྟར་ནམ་མཁའ་ཡིས་གར་ཁྱབ་ཐམས་ཅད་རང་གི་སྣང་བས་ཁྱབ་ཅིང་། སྣང་བས་ཁྱབ་ཚད་ཀྱི་ཞིང་ཁམས་ཐམས་ཅད་ལ། ཐ་མལ་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་ཐིམ་པ་ལས། རང་བྱུང་ལྷུན་གྲུབ་ཏུ་ཤར་བའི་དག་པ་རབ་འབྱམས་ཀྱི་ཞིང་གི་རྒྱན་དང་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་འོག་མིན་པདྨ་འོད་ཀྱི་ཕོ་བྲང་ཆེན་པོ་གསལ་བའི་དབུས་སུ། རང་ཉིད་ཀྱི་གཞི་ལུས་དབང་གི་སྣོད་དུ་རུང་བ་དང་། རྗེས་སུ་འཛིན་པའི་རྟེན་འབྲེལ་དང་ཨོ་རྒྱན་ཆེན་པོའི་བདེ་སྟོང་གི་ཡེ་ཤེས་བསྐྱེད་པའི་གྲོགས་ཡིན་པས་ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པ་ལ། རྣམ་པ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་སྤྱི་བོར་བླ་མའི་ཐུགས་ཀར་རིིངས་པའི་ཚུལ་གྱིས་གཟིགས་པ། ཕྱག་གཡས་མ་རིག་གཏི་མུག་གི་གཉིད་ལས་སློང་བར་བྱེད་པའི་ཐོད་པའི་ཌཱ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། གཡོན་པས་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུ ར་བརྟེན་པ། པད་ཉི་བམ་རོའི་གདན་ལ་ཞབས་གཡས་བརྐྱངས་ཤིང་། གཡོན་ཅུང་ཟད་བསྐུམས་པའི་འདོར་སྟབས་ཀྱིས་བཞུགས་པ། སྐུ་གཅེར་བུ་ལ་རུས་པའི་རྒྱན་གྱིས་སྤྲས་པ། མེ་ཏོག་གི་འཕྱང་འཕྲུལ་ཅན་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་གསལ་བཏབ། དེའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁའ་ལ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་པདྨ་འདབ་མ་འབུམ་དང་ལྡན་པ། དེའི་སྟེང་དུ་ཉི་མའི་གདན། དེའི་སྟེང་དུ་ཟླ་བའི་གདན་ཏེ་སུམ་བརྩེགས་ཀྱི་སྟེང་དུ། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་བཞག་གི་སྟེང་ན་ཀ་པཱ་ལ་བདུད་རྩིས་གང་བ་ཚེའི་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་འཛིན་པ། མཆན་ཁུང་གཡོན་ན་ཡུམ་ལྷ་ལྕམ་སྦས་པའི་མཚོན་བྱེད་ཁ་ཊཱཾ་རྩེ་གསུམ་འཛིན་པ་སྟེ། དེ་ཡང་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་པའི་ཡར་རྩེ་གསུམ། སྐུ་གསུམ་མཚོན་པའི་ཐོད་པ་སྐམ་རློན་རྙིད་གསུམ། ཡེ་ཤེས་ལྔ་མཚོན་ཕྱིར་དར་ཚོན་སྣ་ལྔ། ཐེག་པ་རིམ་པ་དགུ་མཚོན་པའི་རྭ་ལ་ལྕགས་ལུང་དགུ་ཡིས་བརྒྱན་པ། དུར་ཁྲོད་ཆེན་པོ་བརྒྱད་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ནས་མ་མོ་མཁའ་འགྲོ་དབང་དུ་བསྡུས་པའི་བརྡར་ཤི་སྐྲ་དང་གསོན་སྐྲས་བརྒྱན་པ། དབུ་ལ་པད་ཞུ་འདབ་ལྡན་རིགས་ལྔ་མནབས་པ། སྐུ་ལ་ནང་དུ་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་རྡོ་རྗེའི་གསང་གོས་དཀར་པོ་དང་། དེའི་སྟེང་དུ་འདུང་མ་དམར་པོ། སྔགས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་ཕོད་ཆེན་མཐིང་ག སོ་ཐར་གྱི་ཐེག་པ་རྫོགས་པའི་རྟགས་ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན་དང་། ཐེག་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རྟགས་ཟ་འོག་བེར་ཆེན་དབང་གི་མདོག་ཅན་རྣམས་བརྩེགས་མར་གསོལ་ཞིང་ཁྲོ་འཛུམ་མཚན་དཔེ་གཟི་བྱིན་མཆོག་ཏུ་འབར་བ། ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་སུ་བཞུགས་པ། དེའི་ཕྱི་རོལ་དུ་འཇའ་ཚོན་གྱི་གུར་ཕུབ་ཅིང་འོད་ལྔའི་ཟེར་ཐག་གི་དྲྭ་བ་མིག་མང་རིས་སུ་ཤར་བའི་ནང་ཁོངས་འཇའ་འོད་ཟླུམ་འཁྱིལ་གྱི་དབུས་སུ། རྒྱ་གར་གྱི་རིག་འཛིན་བརྒྱད། རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི། བོད་ཀྱི་གྲུབ་ཆེན་རྗེ་འབངས་ཉེར་ལྔ་སོགས་རྒྱ་བོད་ཀྱི་པཎ་གྲུབ་རིག་པ་འཛིན་པའི་ས་ལ་བཞུགས་པ་རྣམས་དང་། རྒྱུད་སྡེ་ཆེན་པོ་དྲུག་དང་འབྲེལ་བའི་ཡི་དམ་ཞི་ཁྲོ་རབ་འབྱམས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་བཞུགས་ཤིང་། དེ་དག་ཐམས་ཅད་ཀྱང་སྐུ་སྣང་ལ་རང་བཞིིན་མེད་པར་གསལ་སྟོང་འཛིན་མེད་ཆུ་ཟླ་ལྟར་གཙོ་འཁོར་མཉམ་པ་ཉིད་ཀྱི་ཚུལ་དུ་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བ་ཞིག་གསལ་གདབ་ལ་མོས་གུས་གདུང་དབྱངས་སྙན་པོས། ཧཱུྃ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ སོགས་ནས། གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བརྗོད་མ་ཐག་ཏུ་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ། རང་གིས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ་པའོ། །གཉིས་པ་ཡན་ལག་བདུན་པ་འབུལ་བ་ལ། ཕྱག་འཚལ་བ། མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ། དགེ་རྩ་བྱང་ཆུབ་ཏུ་བསྔོ་བའོ། །དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་ནི། ཧྲཱི༔ བདག་ལུས་སོགས་བརྗོད་པ་དང་མཉམ་དུ། རབ་ལྟ་བ་མཇལ་བའི་ཕྱག་ཅེས་ཕྱག་འཚལ་བྱ་དང་འཚལ་བྱེད་གཉིས་མེད་དུ་རྟོགས་ནས་ཡེ་ཤེས་ལ་ངེས་པ་རྙེད་པ་ནི་ཕྱག་འཚལ་བའི་མཆོག་ཡིན་ཏེ། པཉྩ་ཏྲི་ཡ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །གང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་འཚལ། །ཞེས་པ་ལྟར། སྐྱེ་མེད་ཆོས་སྐུའི་རང་རྩལ། འགགས་མེད་སྒྱུ་མའི་རྣམ་རོལ་དུ་རང་ལུས་གྲངས་མེད་པར་སྤྲུལ་ནས་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ། གཡོན་དུ་མ། མདུན་དུ་རང་ལ་སྡང་བར་བྱེད་པའི་དགྲ། རྒྱབ་ཏུ་གནོད་པར་བྱེད་པའི་བགེགས་གཉིས་ཀྱིས་ཐོག་དྲངས་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་མི་ཡི་གཟུགས་སུ་གྱུར་ཏེ་ཁྲོམ་ཚོགས་པ་བཞིན་དུ་གསལ་གདབ་ལ། རྐང་པའི་ལོང་བུ་གཉིས་གཤིབ། ལུས་དྲང་པོར་བསྲངས་ནས་ལག་གཉིས་སྙིང་གར་ཐལ་མོ་སྦྱར་དགོས་ཏེ། ཀུན་མཁྱེན་འཇིགས་མེད་གླིང་པས། བབ་ཅོལ་གོམས་པ་མིན་པའི་ལུས་བཏུད་ནས། །སྙིང་གར་གུས་བཅས་མངོན་རྟོགས་ངོམས་པ་ལས། །མེ་ཏོག་དོགས་པས་རབ་བཟུང་སྙིམ་པའི་སྣོད། །ག་བུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །ཞེས་གསུངས་པ་དང་། དེ་ནས་ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་དགོས་པ་ཡིན་ཏེ། ཐར་བ་ཆེན་པོའི་མདོ་ལས། པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར། ཐལ་མོ་སྤྱི་བོར་འཇོག་པའི་དུས་སུ་རྒྱལ་བ་སྲས་དང་བཅས་པའི་སྐུའི་ཡོན་ཏན་དྲན་ཏེ། བླ་མའི་སྐུ་སྤྲུལ་སྐུ་ལ་ཕྱག་འཚལ་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་དག །མཐར་ཐུག་སངས་རྒྱས་རྣམས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་ཐོབ་པར་ཤོག་ཅིག་སྙམ་པ་དང་། ཐལ་མོ་མགྲིན་པར་འཇོག་པའི་དུས་སུ་རྒྱལ་བ་སྲས་དང་བཅས་པའི་གསུང་གི་ཡོན་ཏན་དྲན་ཏེ་བླ་མའི་གསུང་ལོངས་སྤྱོད་རྫོགས་སྐུ་ལ་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་དག །མཐར་ཐུག་གསུང་ཆོས་ཀྱི་དུང་ཞེས་ཕྱི་དབྱིབས་དུང་གི་རི་མོ་ལྟ་བུ་ཡོད་པ་སྟེ། དེ་ལ་བརྟེན་ནས་གསུང་ཚངས་པའི་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་ཐོབ་པར་ཤོག་ཅིག་ཅེས་སྨོན་པ་དང་། ཐལ་མོ་སྙིང་གར་འཇོག་པའི་དུས་སུ་རྒྱལ་བ་སྲས་དང་བཅས་པའི་ཐུགས་ཀྱི་ཡོན་ཏན་དྲན་ཏེ་ཐུགས་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་དག །མཐར་ཐུག་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཏིང་དཔག་དཀའ་བའི་ཕྱིར་ཐུགས་ཀ་ན་དཔལ་གྱི་བེའུའི་རི་མོ་ཡོད་པ་སྟེ་དེ་ལ་བརྟེན་ནས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐོབ་པར་ཤོག་ཅིག །དེ་ནས་ལུས་ཐམས་ཅད་ས་ལ་བག་ཡོད་པར་བརྐྱང་པ་ལ་མར་མེ་མཛད་ཀྱི་ཕྱག་ཅེས་བྱ། ལུས་ཀྱི་མ་ལྔ་ས་ལ་ཕབ་པ་ཞེས་བྱ་བ། དཔྲལ་བ་དང་གཅིག །ལག་མཐིལ་གཉིས། པུས་མོ་གཉིས་དང་ལྔ་བོ་ས་ལ་ཕབ་སྟེ་ཕྱག་བྱས་པས། ཉོན་མོངས་པ་དུག་ལྔ་དང་སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག །མཐར་ཐུག་སྐུ་ལྔའི་གོ་འཕང་ཐོབ་ནས་མ་དག་འགྲོ་ལྔའི་སེམས་ཅན་དག་པ་སྐུ་ལྔའི་ཞིང་དུ་འདྲེན་ནུས་པར་ཤོག་ཅིག ཅེས་བརྗོད་ཅིང་བསམ་པའོ། །ལྔ་ལྡན་གྱི་ཕྱག་འཚལ་བས་རྒྱུད་ལྔའི་འགྲོ་བ་རྣམས་སྟོང་པར་གྱུར་ཅིག ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་རྒྱུན་ཆད་པར་གྱུར་ཅིག ཟག་མེད་ཀྱི་ཕུང་པོ་ལྔ་ཐོབ་པར་གྱུར་ཅིག སྟོབས་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག མིག་ལྔ་རྣམ་པར་དག་པར་གྱུར་ཅིག སྙམ་དུ་སྨོན་ནོ། །དེ་ལྟར་གནས་གསུམ་དུ་ཐལ་མོ་སྦྱར་ནས་ལུས་ཀྱི་སྒོ་ནས་ཕྱག་འཚལ་བ། ངག་གིས་ཕྱག་འཚལ་དང་གསོལ་འདེབས་ཀྱི་ཚིག་འདོན། ཡིད་ཀྱིས་ཅི་མཛད་ཁྱེད་ཤེས་དང་བློ་གཏད་ལིང་བསྐྱུར་གྱི་མོས་གུས་དང་བཅས། བདག་དང་སེམས་ཅན་ཐམས་ཅད་ལྷན་གཅིག་ཏུ་ལོ་ཡག་གི་སྙེ་མ་རླུང་གིས་ཕྱོགས་གཅིག་ཏུ་བསྐྱོད་པ་བཞིན་དུ་ཕྱག་འཚལ་བའི་དམིགས་པ་སོགས་ལུས་ངག་ཡིད་གསུམ་ཆུན་གཅིག་དྲིལ་དུ་བྱེད་པ་ནི་གལ་ཆེ་བ་ཡིན་ནོ། །དེ་ལྟར་ཕྱག་འཚལ་བའི་ཕན་ཡོན་ནི། ཀུན་མཁྱེན་ཆེན་པོས། ས་འདིའི་རིར་བཅས་རྒྱ་མཚོའི་རྡུལ་སྙེད་དུ། །བསོད་ནམས་དེ་འདྲ་འཇིག་རྟེན་གསུམ་ན་མེད། །ལུས་བཏུད་དབང་ཆེན་བར་གྱི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོས་བསྒྱུར་འགྲོ་ཞིང་། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་འགྲོ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། གང་གིས་སྒོ་གསུམ་བཏུད་བྱས་ནས། །རྒྱལ་བའི་སྐུ་ལ་ཕྱག་འཚལ་ན། །དེ་ཡི་བསོད་ནམས་འཇིག་རྟེན་དུ། །གཟུགས་ཅན་གྱུར་ན་ཤོང་མི་འགྱུར། ཞེས་དང་། འདུལ་བ་ལུང་ལས། དགེ་སློང་དག །ཁྱེད་ཀྱིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དད་པས་ཕྱག་འཚལ་བ་དེའི་རྣམ་པར་སྨིན་པ་ནི། ཇི་སྲིད་དུ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ཁོང་ཁྲོ་མ་སྐྱེས་པ་དེ་སྲིད་དུ་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བདེ་བ་མྱོང་ཞིང་ལྷ་དང་མི་རྣམས་ཀྱི་ནང་དུ་ཕྱིན་པར་འགྱུར་རོ་ཞེས་སོ། །གཉིས་པ་སེར་སྣའི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག་ལ། དངོས་སུ་འབྱོར་བའི་མཆོད་པ། ཡིད་ཀྱིས་སྤྲུལ་བའི་མཆོད་པ། ཏིང་ངེ་འཛིན་རྒྱ་མཚོའི་མཆོད་པ་དང་གསུམ་ལས། དང་པོ་དངོས་སུ་འབྱོར་པའི་མཆོད་པ་ལ། བདག་པོས་ཡོངས་སུ་བཟུང་བའི་མཆོད་པ། མ་བཟུང་བའི་མཆོད་པ་དང་གཉིས་ལས། དང་པོ་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། མེ་ཏོག་སྤོས་དང་མར་མེ་ཞལ་ཟས་ཆུ། །བླ་རེ་འཕན་ལྡིང་གདུགས་དང་རོལ་མོའི་སྒྲ། །རྒྱལ་མཚན་རྔ་ཡབ་རྫ་རྔ་ལ་སོགས་དང་། །ལུས་དང་ལོངས་སྤྱོད་མཁོ་དགུའི་ཡོ་བྱད་ཀྱིས། །འགྲོ་བའི་བླ་མ་དཀོན་མཆོག་སྲས་བཅས་མཆོད། །ཞེས་གསུངས་པའོ། །དེ་ལྟར་ཕུལ་བའི་ཚེ་འབུ ལ་ཡུལ་གྱི་ཞིང་ས་དག་པ་བླ་མ་དཀོན་མཆོག་གསུམ་པོའི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས། འབུལ་བ་པོའི་བསམ་པ་རྣམ་པར་དག་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ། འབུལ་རྒྱུའི་དངོས་པོ་དག་པ་ལོག་འཚོ་དང་སྡིག་ཟས་ཀྱི་མ་གོས་ཤིང་ང་རྒྱལ་དང་ངོམས་ཆོས་སུ་མ་སོང་བར། སེར་སྣ་དང་འཇུར་འགེགས་ཀྱིས་མ་བཅིང་བའི་རྒྱུ་བཟང་ཞིང་བཀོད་ལེགས་པ། མཛེས་ཤིང་ཡིད་དུ་འོང་བའི་མཆོད་རྫས་རྣམས་འཁོར་གསུམ་རྣམ་པར་དག་པའི་སྒོ་ནས་ལེགས་པར་མཆོད་དགོས་པ་ཡིན་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འོང་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ཞེས་པ་དང་། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་པ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ཞེས་སོ། །གཉིས་པ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི། སེམས་ཉིད་ངལ་གསོ་ལས། རིན་ཆེན་རི་བོ་ནགས་ཚལ་པདྨའི་མཚོ། །ངང་མོའི་འགྲོས་ཀྱིས་གཉེར་བ་དེ་དག་དང་། །སྨན་སོགས་དྲི་ཞིམ་ངད་ལྡང་དཔག་བསམ་ཤིང་། །མེ་ཏོག་འབྲས་བུ་དུད་པའི་ཚོགས་ཀྱིས་མཆོད། །ཞེས་དང་། སྤྱོད་འཇུག་ལས། མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །ཞེས་དང་། ཡང་ཀུན་མཁྱེན་ཆེན་པོས། སྟོན་ཀའི་མཚན་མོ་དཀར་བའི་རི་བོང་འཛིན། །གཟའ་བྲལ་རྒྱུ་སྐར་ཕྲེང་བས་བསྐོར་བ་དང་། །ཉིན་བྱེད་འོད་སྟོང་དྲྭ་བས་མཛེས་འབར་བ། །གླིང་བཞིའི་འཇིག་རྟེན་རྒྱན་གྱུར་རྣམས་ཀྱིས་མཆོད། །ཞེས་གསུངས་པ་ལྟར། ཤར་ན་རིན་ཆེན་ཉི་ཟླའི་མར་མེ། ལྷོ་ཙནྡན་ནགས་ཀྱི་བདུག་སྤོས། ནུབ་གངས་དཀར་མར་གྱི་ལྷ་བཤོས། བྱང་རྫ་ཆབ་སྔོན་མོའི་མཆོད་ཡོན། འོག་གསེར་གྱི་ས་གཞིའི་མེ་ཏོག །སྟེང་གཡུ་འབྲུག་སྒྲ་ཡི་རོལ་མོ་ལ་སོགས་པས་མཆོད་པར་བགྱིའོ། །གཉིས་པ་ཡིད་ཀྱིས་སྤྲུལ་བའི་མཆོད་པ་ནི། སེམས་ཉིད་ངལ་གསོ་ལས། ལྷ་སོགས་འཇིག་རྟེན་ཀུན་ན་ཡིད་འོང་བའི། །གཞལ་མེད་ཁང་བརྩེགས་རིན་ཆེན་དྲྭ་བ་ཅན། །གླུ་གར་སིལ་སྙན་བསྟོད་དབྱངས་ཆར་འབབ་ཅིང་། །རྒྱན་མཆོག་བརྒྱ་ཕྲག་མངའ་བ་རྣམས་ཀྱིས་མཆོད། །ཞེས་དང་། སྒེག་མོ་ཕྲེང་ཐོག་རིན་ཆེན་གླུ་གར་སོགས། །མཆོད་པའི་ལྷ་མོ་སྣ་ཚོགས་སྤྲིན་འཕྲོ་བས། །རྒྱལ་བ་སྲས་བཅས་མ་ལུས་མཉེས་གྱུར་ཅིག །ཅེས་སོ། །གསུམ་པ་ཏིང་འཛིན་རྒྱ་མཚོའི་མཆོད་པ་ནི། ཀུན་མཁྱེན་ཆེན་པོས། ཏིང་འཛིན་ཡིད་ཀྱིས་ནམ་མཁའི་དབྱིངས་ཁྱབ་པར། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །ཅེས་གསུངས་པ་ཡིན་ནོ། །དངོས་བཤམས་ཡིད་སྤྲུལ་སོགས་ཅེས་བརྗོད་པའོ། །དེ་ལྟར་མཆོད་པའི་ཕན་ཡོན་ནི། མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་གང་། །དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་གྱིས། །ཞེས་དཀོན་མཆོག་གསུམ་ཡིད་ལ་བྱས་ནས་གསོལ་འདེབས་ལན་གཅིག་བྱས་པ་དང་། ཕྱག་གཅིག་འཚལ་བ་དང་། མེ་ཏོག་གཅིག་ཙམ་ཕུལ་བ་དང་། གཡེང་བའི་ཡིད་ཀྱིས་མཚན་ལན་གཅིག་བརྗོད་པ་དང་། སེམས་འཁྲུགས་བཞིན་དུ་རྩིག་ངོས་ལ་བྲིས་པའི་སྐུ་གཟུགས་མཐོང་བ་ལ་ཐལ་མོ་སྦྱར་བ་ལ་སོགས་པ་ལ་ཕན་ཡོན་ཚད་མེད་པ་ཡོད་དེ། དམ་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་སྐུ་ནི་རྩིག་ངོས་བྲིས་པ་ལ། །དད་པའི་སེམས་ཀྱིས་ཐལ་མོ་སྦྱར་བྱས་ཏེ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེད་པར་མཐོང་། །ཞེས་དང་། བྱིས་པ་རྩེད་མོ་དགའ་དང་དེ་བཞིན་དུ། །བྱེ་མ་ལ་ནི་མཆོད་རྟེན་བྱེད་པ་དང་། །རྩིག་ངོས་ཤིང་བུ་སེན་མོས་གཟུགས་བྲིས་པ། །དེ་དག་རྣམས་ཀྱང་བྱང་ཆུབ་མཆོག་འདི་ཐོབ། །ཅེས་གསུངས་སོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག་ནི། ཚེ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ། མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ། ལྕི་བ་བཞི། ལོག་པ་བརྒྱད། དཀོན་མཆོག་གི་དཀོར་འཕྲོག་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ལས་རང་གིས་བྱས་པའམ། གཞན་ལ་བྱེད་དུ་བཅུག་པ། བྱས་པ་ལ་རྗེས་སུ་ཡི་རང་བ་བྱས་པ་སོགས་ཁ་ན་མ་ཐོ་བའི་ལས་ཅི་བསགས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས་སོ། །སླད་ཆད་མི་བགྱིད་དོ་སྙམ་པ་ལ་སོགས་རྡོར་སེམས་སྒོམ་བཟླས་ཀྱི་དུས་སུ་བཤད་པ་ལྟར། གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་ངང་ནས་བཤགས་པས། སྡིག་སྒྲིབ་ཐམས་ཅད་རང་གི་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལ། ཚོགས་ཞིང་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམས་ནས། སྒོ་གསུམ་མི་དགེའི་ལས་རྣམས་ཀུན། །འོད་གསལ་ཆོས་སྐུའི་ངང་དུ་བཤགས། །ཞེས་བརྗོད། དེ་ལྟར་བཤགས་ན་སྡིག་སྒྲིབ་འདག་པའི་ཤེས་བྱེད་ནི། རས་སྣམ་ལ་སོགས་དྲི་ནག་མེད་པ་ལ་ཚོས་འགོ་བ་ལྟར་སྡིག་པ་དག་ན་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། ཇི་ལྟར་ཁྲུས་ཀྱིས་སྦྱངས་བའི་རས་ཡུག་ནི། །ཚོན་གྱིས་བསྒྱུར་བས་ཁ་ཏོག་གསར་བ་བཞིན། །ཞེས་དང་། བྱམས་པ་སེང་གེ་སྒྲ་ཆེན་པོས་ཞུས་པའི་མདོ་ལས། མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་བགྱི། །མཁས་པས་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཞེས་པ་དང་། ལུང་རྣམ་འབྱེད་ལས། གང་གིས་སྡིག་པའི་ལས་བྱས་པ། །དགེ་བ་ཡིས་ནི་མཐར་བྱེད་དེ། །ཉི་ཟླ་སྤྲིན་ལས་འབྱུང་བ་བཞིན། །འཇིག་རྟེན་འདིར་ནི་དེ་སྣང་འགྱུར། །ཞེས་པ་དང་། སངས་རྒྱས་མཛོད་ཀྱི་མདོ་ལས། ཕ་མ་དང་རང་སངས་རྒྱས་བསད་པ་ཡང་སྟོང་པ་ཉིད་བསྒོམ་པས་རྣམ་པར་གྲོལ་ལོ། །ཞེས་གསུངས་པ་ཡིན་ནོ། ། བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་ནི། ཀུན་མཁྱེན་ཆེན་པོས། འགྲོ་བའི་བསོད་ནམས་ཕུང་པོ་མཐའ་ཡས་ལ། །རྟག་པར་བདག་ནི་རྗེས་སུ་ཡི་རང་ངོ་། །ཞེས་གསུངས་པ་ལྟར། རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་དང་། སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཐར་བ་ཆ་མཐུན་གྱི་དགེ་བ་ལ་སོགས་པ་རྣམས་ལ་རྗེས་སུ་ཡི་རང་བྱས་ན་དེའི་དགེ་རྩ་མཉམ་དུ་ཐོབ་པ་ཡིན་ཏེ། མདོ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན།། ཞེས་དང་། བཟང་པོ་སྤྱོད་པ་ལས་ཀྱང་། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །ཞེས་གསུངས་པ་ལྟར། བདེན་པ་གཉིས་ཀྱིས་བསྡུས་པ་ཡི། །དགེ་ཚོགས་ཀུན་ལ་རྗེས་ཡི་རང་།། ཞེས་བརྗོད་པར་བྱའོ། ། ལྔ་པ་གཏི་མུག་གི་གཉེན་པོ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་ནི། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས། མ་ལུས་སྐྱེ་དགུའི་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཆོས་ཀྱི་འཁོར་ལོ་བླ་མེད་བསྐོར་བར་བསྐུལ། །ཞེས་གསུངས་པ་ལྟར། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མངོན་པར་རྫོགས་པར་སངས་རྒྱས་ཏེ་བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི་གཞན་གྱི་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་བདག་གིས་གཞན་ལ་བསྟན་པར་བྱེད་ཀྱང་། དེ་མི་རྟོགས་པས་བདག་ཉིད་ཙམ་དུ་ཟད་ཀྱི། དེ་བས་ན་བདག་ཉིད་གཅིག་པུ་དགོན་པ་རུ་གནས་པར་བྱའོ་སྙམ་དུ་དགོངས་ཏེ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་ཆོས་མི་གསུངས་པར་བཞུགས་པ་ཡིན་ནོ། །འདི་དག་ལ་ཀུན་མཁྱེན་འཇིགས་མེད་གླིང་པས། ངོ་བོ་ལ་མཚན་ཉིད་མེད་པས་ཟབ། རང་བཞིན་ལ་བསམ་དུ་མེད་པས་ཞི། རྟག་ཆད་ཀྱི་མུ་ལ་མ་ཐུག་པས་སྤྲོས་བྲལ། ཆོས་ཉིད་ལ་བྲལ་ཐོབ་སྤངས་པས་འོད་གསལ། རྟོག་དཔྱོད་ཀྱིས་ཤེས་བྱ་ལས་འདས་པས་འདུས་མ་བྱས་ཞེས་འབྲུ་འགྲེལ་མཛད་པའོ། །འདི་ལ་སྟོང་ཉིད་ཁྱད་པར་ལྔ་ལྡན་གྱི་མདོ་ཞེས་བཤད་པའང་ཡོད་དོ། །དེ་ལྟར་ཆོས་མི་གསུང་པར་བཞུགས་པ་ལ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། བརྒྱ་བྱིན་གྱིས་དུང་དཀར་གཡས་འཁྱིལ་སོགས་ཕུལ་ནས་གསོལ་བ་བཏབ་པ་དེ་བཞིན་དུ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་ཆེ་བ་འདོན་པ་དང་། ཆོས་ལ་དཀོན་པའི་འདུ་ཤེས་འཇོག་པ་དང་། བསྐུལ་བ་པོའི་ཚོགས་རྫོགས་པའི་ཕྱིར་ཆོས་མི་གསུང་པའི་ཚུལ་གྱིས་བཞུགས་པ་དེ་དག་ཐམས་ཅད་ལ་བདག་གིས་གུས་པས་ཐལ་མོ་སྦྱར་ཏེ། ཚངས་པ་བཞིན་དུ་སྨོན་ལམ་དང་སྙིང་སྟོབས་དང་། གཏོང་ཕོད་དང་ལྡན་པར་བསྐུལ་བ་དང་། ཚེ་དང་ལྡན་པ་རབ་འབྱོར་བཞིན་དུ་འདྲི་ཞིང་ལན་ལྡོན་པ་མཁས་པས་བསྐུལ་བ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་། གསང་བའི་བདག་པོ་བཞིན་དུ་ཟབ་ཅིང་རྒྱ་ཆེ་བའི་གནས་བསྐུལ་བ་ལ་མཁས་པ་དང་། འཕགས་པ་བློ་གྲོས་མི་ཟད་པ་དང་།། ལི་ཙ་བཱི་དྲི་མེད་གྲགས་པ་བཞིན་དུ་བདག་ཉིད་ཀྱིས་སྤོབས་པས་ཐབས་ལ་མཁས་པར་བསྐུལ་བར་དམིགས་ཏེ་ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་གསུམ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་ནི། རིགས་ཅན་གསུམ་གྱི་གདུལ་བྱ་ལ། །ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ། །ཞེས་བརྗོད་པར་བྱའོ། །དྲུག་པ་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག་ནི། སེམས་ཉིད་ངལ་གསོ་ལས། དེང་ནས་སྲིད་པའི་རྒྱ་མཚོ་མ་སྟོང་པར། །མྱ་ངན་མི་འདའ་རྟག་ཏུ་བཞུགས་པར་གསོལ། །ཞེས་གསུངས་པ་ལྟར། སྔོན་བདག་ཅག་གི་སྟོན་པ་ལ་དགེ་བསྙེན་ཙུནྡས་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་བཏབ་པ་དེ་བཞིན་དུ། ཞིང་ཁམས་འདི་དང་གཞན་དག་ཏུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དག་གི་མདུན་དུ། བདག་གིས་ལུས་གྲངས་མེད་པ་སྤྲུལ་ནས་གསོལ་བ་བཏབ་པས་འཁོར་བ་མ་སྟོང་གི་བར་དུ་མྱ་ངན་ལས་མི་འདའ་བར་བཞུགས་པར་ཞལ་གྱིས་བཞེས་པར་བསམ་ནས། ཇི་སྲིད་འཁོར་བ་མ་སྟོང་བར། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །ཞེས་བརྗོད་པར་བྱའོ། ། བདུན་པ་ཐེ་ཚོམ་གྱི་གཉེན་པོ་བསྔོ་བའི་ཡན་ལག་ནི། འབྲི་གུང་སྐྱོབས་པ་རིན་པོ་ཆེའི་ཞལ་ནས། ཚོགས་གཉིས་ཀྱི་ཡིད་བཞིན་ནོར་བུ་ལ། །སྨོན་ལམ་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་འབྲས་བུ་མི་འབྱུང་བས། །མཇུག་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། ད་ལྟར་གྱི་དགེ་བས་མཚོན་ནས་རང་གཞན་གྱི་དུས་གསུམ་དུ་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཇམ་དཔལ་གཞོན་ནུ་ལ་སོགས་པས་ཡོངས་སུ་བསྔོས་པ་བཞིན་དུ་བདག་གིས་ཀྱང་བསྔོ་བར་བགྱིའོ་སྙམ་ནས། དུས་གསུམ་བསགས་པའི་དགེ་རྩ་ཀུན། །བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཞེས་བརྗོད་པར་བྱའོ། ། གསུམ་པ་ཕུར་ཚུགས་སུ་གསོལ་བ་གདབ་པ་ནི། འདི་ལྟར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ནི། རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པ་ལ་རག་ལས་ཤིང་། རྟོགས་པ་སྐྱེ་བ་བླ་མའི་བྱིན་རླབས་ལ་རག་ལས་པ་དང་། བྱིན་རླབས་རང་རྒྱུད་ལ་འཇུག་པ་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པ་ཡིན་ལ། དེས་ན་རང་གི་རྩ་བའི་བླ་མ་དེ་ཉིད་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་ཐག་བཅད། ངེས་ཤེས་བསྐྱེད། གློ་སྙིང་བྲང་གསུམ་ལིང་གིས་གཏད་ལ། འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ཁོ་ན་མཁྱེན་ནོ་སྙམ་པའི་རེ་ལྟོས་ལིང་བསྐྱུར་གྱི་ཚུལ་གྱིས་ལུས་བ་སྤུ་གཡོ་བ། མིག་ནས་མཆི་མ་འཁྲུགས་པ། བློ་སྣ་བླ་མས་ཕྲོག་པ། བསམ་རྒྱུ་བླ་མ་ལས་མེད་པ། ལུས་སེམས་ཚུགས་མི་ཐུབ་པའི་མོས་གུས་གདུངས་ཤུགས་དྲག་པོ་དང་བཅས་པའི་སྒོ་ནས། དང་པོ་དངོས་གྲུབ་བསྒྲུབ་པའི་དུས་སུ། རྗེ་བཙུན་གུ་རུ་རིན་པོ་ཆེ། །སོགས་ནས་རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན། །ཞེས་བརྗོད་ནས། གསོལ་འདེབས་རྒྱུད་བསྐུལ་གྱིས་ཛཔ྄་བཛྲ་གུ་རུ་ཁོ་ན་ལ་འབད་ནས། དངོས་གྲུབ་བསྐུལ་བའི་དུས་སུ། བསྙེན་པ་ཕྲེང་སྐོར་རེའི་མཚམས་སུ། བདག་ལ་རེ་ས་གཞན་ན་མེད། །སོགས་ནས། སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན། ཡན་ཆད་ཚར་རེ་བྱ། དེ་ནས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས་སོགས་ནས་བསམ་དོན་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་ནས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གསལ་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་། ནང་བཅུད་ཀྱི་སེམས་ཅན་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་སྒྲ། གསང་བ་སེམས་ཀྱི་རྟོག་ཚོགས་ཐམས་ཅད་རང་ཤར་རང་གྲོལ་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་དུ་འབྱམས་ཀླས་པའི་ངང་ནས་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱི་ཡོན་ཏན་དང་བཀའ་དྲིན་དྲན་བཞིན་དུ། ཨེ་མ་ཧོ། རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས།། སོགས་ནས་རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག །ཅེས་སྨོན་ལམ་དང་བཅས་པ་མོས་གུས་གདུང་ཤུགས་དྲག་པོའི་སྒོ་ནས་གསོལ་བ་བཏབ་པས་འཁོར་རྣམས་རྩ་བའི་བླ་མ་ལ་ཐིམ། བླ་མ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྐུ་གཟི་བྱིན་འོད་དུ་འབར་ཞིང་ཡེ་ཤེས་ཀྱི་དབང་མཆོག་བསྐུར་བའི་བདག་ཉིད་ཆེན་པོར་བཞུགས་པར་གསལ་འདེབས་དགོས་པ་ཡིན་ནོ། ། བཞི་པ་དབང་བཞི་བླང་བ་ནི། དངོས་གྲུབ་ཞུ་བའི་དུས་ཞེས་དབང་བཞི་བླང་བའི་དམིགས་པ་ནི། གུ་རུའི་སྨིན་མཚམས་ནས་སྐུའི་ངོ་བོ་ཡེ་ཤེས་ཀྱི་ༀ་ཡིག་དཀར་པོ་ཆུ་ཤེལ་ལྟ་བུ་འཚེར་བ་ལས་འོད་ཟེར་དཀར་པོ་འཕྲོས་ནས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩ་་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབ། ལུས་སྣང་སྟོང་ཟུང་འཇུག་ཏུ་གྲོལ། འབྲས་བུ་སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །ཡང་བླ་མའི་མགྲིན་པ་ཞེས་མགུལ་གྱི་བུམ་པ་ནས། གསུང་གི་ངོ་བོ་ཡེ་ཤེས་ཀྱི་ཨཱཿཡིག་དམར་པོ་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་དམར་པོ་འཕྲོས་ནས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབ། ངག་གྲགས་སྟོང་སྐྱེ་མེད་དུ་གྲོལ། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པའོ། །ཡང་བླ་མའི་ཐུགས་ཀ་དཔལ་གྱི་བེའུ་ནས་ཐུགས་ཀྱི་ངོ་བོ་ཡེ་ཤེས་ཀྱི་ཧཱུྃ་ཡིག་མཐིང་ག་ནམ་མཁའི་མདོག་ཅན་ལས་འོད་ཟེར་མཐིང་ག་འཕྲོས་ནས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྚ་ལིའི་སྣོད་དུ་གྱུར། དགའ་བྲལ་གྱི་ཡེ་ཤེས་རྒྱུད་ལ་སྐྱེས། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབ། སེམས་བདེ་སྟོང་ཡེ་ཤེས་སུ་གྲོལ། འབྲས་བུ་ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པའོ། །སླར་ཡང་སྐུ་གསུང་ཐུགས་ཀྱི་ངོ་བོར་ཡེ་ཤེས་གསུམ་གྱི་རང་བཞིན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕང་བ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབ། སེམས་རིག་སྟོང་འོད་གསལ་དུ་གྲོལ། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་པའོ། །དེ་ལྟར་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་བསྲེས་ཏེ་རིག་སྟོང་རྗེན་པའི་ངང་ལ་མཉམ་པར་བཞག་པར་བྱའོ། །དེ་ཡང་དབང་ལ་རྣམ་པ་མང་དུ་ཡོད་ཀྱང་། དོན་དམ་པའི་དབང་འདི་ཡིན་པས། ཡིད་གཉིས་ཐེ་ཚོམ་མེད་པར་དད་གུས་མོས་པའི་སྒོ་ནས་མ་ཡེངས་པར་རྩེ་གཅིག་ཏུ་བྱིན་རླབས་ཀྱི་ནུས་པ་ཐོབ་པའི་རྟགས་མ་བྱུང་གི་བར་དུ་ཡང་ཡང་འབད་པར་བྱའོ། །མཐར་ཐུན་བསྡུ་བའི་ཚེ། ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །སོགས་ནས། རྗེ་བཙུན་པདྨས་དབུགས་དབྱུང་གསོལ། །ཞེས་བརྗོད། བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་སྐྱོན་རྟོག་གི་བློ་ངན་སྤངས་ཏེ། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཚད་མེད་པའི་དད་པ་དང་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་པའི་རྐྱེན་གྱིས་བདག་ཉིད་ལ་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་ལྷག་པར་དགོངས་ཏེ། ཞལ་འཛུམ་པ་དང་སྤྱན་རྗེས་ཆགས་སུ་གཡོ་བའི་ངང་ནས་ཐུགས་ཀ་ནས་འོད་ཟེར་དྲོད་ཚ་ལམ་པ་ཞིག་ཝལ་གྱིས་འཕྲོས་ནས། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་གར་རེག་པ་ཙམ་གྱིས་རང་གི་སྒོ་གསུམ་འོད་དམར་གྱི་གོང་བུ་སྲན་མ་ཙམ་དུ་གྱུར། དེ་ཉིད་མཐར་ཐག་སྒྲ་དང་བཅས་ཏེ་མེ་སྟག་ཡལ་བ་བཞིན་དུ་བླ་མའི་ཐུགས་ཀར་ཐིམ་ནས་བླ་མ་ཡང་མི་དམིགས་སྤྲོས་བྲལ་ཆོས་སྐུའི་ངང་ལ་མཉམ་པར་བཞག་གོ། །དེ་ལས་ལྡང་བའི་ཚེ། དྭངས་པའི་མཚོ་ལ་ཉ་ལྡང་བ་བཞིན་དུ་གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་པ་སྔར་བཞིན་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་གསལ་ནས། རྣམ་དཀར་དགེ་ཚོགས་བསོད་ནམས་སྙིང་པོ་འདི། །དམིགས་མཐའ་བྲལ་བའི་སེམས་ཅན་ཀུན་ལ་བསྔོ། །ཡང་གསང་རྡོ་རྗེའི་ཐེག་པའི་དོན་རྟོགས་ནས། །རིགས་བདག་བླ་མའི་གོ་འཕང་ཐོབ་པར་ཤོག །ཅེས་དང་། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །སོགས་ནས་བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །ཅེས་དང་། ཟངས་མདོག་དཔལ་རིའི་སྨོན་ལམ་སོགས་འདོན་པར་བྱའོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་དེ་ཡང་འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ། དེ་བསྐོར་བ་བྱེད་པའི་རྟེན་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་གསོལ་བ་འདེབས་པའི་རྟེན་ཡིན། ཟ་འཐུང་བྱེད་པའི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་ཕུད་མཆོད་པའི་གནས་ཡིན། ཉལ་བའི་ཚེ་སྙིང་གི་དབུས་སུ་བསྒོམ། དེ་རྨི་ལམ་འོད་གསལ་དུ་འཆར་བའི་མན་ངག་ཡིན། འཆི་བའི་ཚེ་ཐུགས་ཡིད་དབྱེར་མེད་བསྲེས་ནས་མཉམ་པར་འཇོག །དེ་འཕོ་བ་ཀུན་གྱི་རྒྱལ་པོ་ཡིན། མདོར་ན་དུས་དང་རྣམ་པ་ཀུན་ཏུ་གང་དུ་འདུག་པའི་གནས་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་། སྣང་སྲིད་བླ་མའི་དཀྱིལ་འཁོར། སྒྲ་གྲགས་གསུང་གི་རང་བཞིན། དྲན་རྟོག་ཐུགས་ཀྱི་རོལ་བ་སྟེ་འཁྱེར་སོ་གསུམ་གྱི་རྣལ་འབྱོར་ལ་བསླབ་པར་བྱ་དགོས་སོ། །དེ་ལྟར་བྱས་ན་སྣང་བ་ཐམས་ཅད་ལྷ་དང་བླ་མར་འཆར་ཞིང་། སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར་བ་ཡིན་ཏེ། རྗེ་མི་ལའི་ཞལ་ནས། ང་འགྲོ་ན་སྣང་བ་ལམ་དུ་འཁྱེར། །ཚོགས་དྲུག་རང་གྲོལ་གྱི་འགྲོ་ལུགས་ཡིན། །སྡོད་ན་མ་བཅོས་རྣལ་མར་སྡོད། །སྙིང་པོ་དོན་གྱི་སྡོད་ལུགས་ཡིན། །ཟ་ན་སྟོང་ཉིད་ཀྱི་ཟས་ལ་ཟ། །གཟུང་འཛིན་སྤངས་པའི་ཟ་ལུགས་ཡིན། །འཐུང་ན་དྲན་ཤེས་ཀྱི་ཆབ་ལ་འཐུང་། །རྒྱུན་ཆད་མེད་པའི་འཐུང་ལུགས་ཡིན། །ཞེས་གསུངས་པ་དང་། འབྲུག་པ་རིན་པོ་ཆེས། སྡོད་ན་ཀ་དག་ཟང་ཐལ་གྱི་ལྟ་བ་དགོས། །འགྲོ་ན་སྣང་བ་ལམ་ཁྱེར་གྱི་གདམས་པ་དགོས། །ཉལ་ན་རྨི་ལམ་འོད་གསལ་གྱི་མན་ངག་དགོས།། ཞེས་སོགས་གསུངས་པ་ཡིན་ནོ། །དེ་ལྟར་བསྒོམས་པས་བྱིན་རླབས་རང་རྒྱུད་ལ་ཞུགས་པའི་རྟགས་ནི། རབ་སྣང་སྲིད་ཆོས་སྐུར་འཆར། འབྲིང་སྣང་སྲིད་བླ་མར་འཆར། ཐ་མ་འཁོར་བ་ལས་བློ་ལྡོག་ནས་བླ་མ་ལ་སངས་རྒྱས་དངོས་མཐོང་གི་འདུ་ཤེས་སྐྱེ་བ་ཡིན་ནོ། །ལྔ་པ་དེ་ལྟར་བསྒོམ་པའི་ཕན་ཡོན་བསྟན་པ་ནི། རྒྱུད་ལས། གང་གིས་བསྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་དང་། ཡིད་བཞིན་མཆོག་གི་རྒྱུད་ལས། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམ་པ་ཡིས། །སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །སྙིང་ཁར་ལན་སྟོང་བསྟིམ་བྱས་ན། །བརྒྱ་སྟོང་རྒྱུ་དང་ཆར་མི་ཐོབ། །དེས་ན་རྟག་ཏུ་དྲན་པ་ཡིས། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་དང་། དགོངས་འདུས་ལས། གང་གིས་བསྐལ་པ་འབུམ་དག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་གཅིག་པུར་བསྒོམ་པ་མཆོག །ཅེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས་ཀྱང་། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། རྗེ་རྒོད་ཚང་པའི་ཞལ་ནས། བླ་མའི་རྣལ་འབྱོར་བསྒོམ་པ་ན། །སྐྱོན་ཟད་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང་། བསྐྱེད་རིམ་སྒོམ་པ་མང་ལགས་ཀྱང་། །བླ་མ་སྒོམ་པའི་གོང་ན་མེད།། རྫོགས་རིམ་བསྒོམ་པ་མང་ལགས་ཀྱང་། །བློ་ཁེལ་ལིང་བསྐྱུར་གོང་ན་མེད།། ཅེས་དང་། རྒྱུད་ལས། གང་གིས་རྡོ་རྗེ་སློབ་དཔོན་ཉིད། །བཀུར་ཞིང་སྤྱི་བོར་སུས་བསྒོམ་པ། །དེ་ལ་རྒྱལ་བས་བྱིན་གྱིས་རློབས། །རྒྱལ་བའི་དགོངས་པ་དེ་ཡིས་འཛིན། །ཞེས་གསུངས་སོ། ། གསུམ་པ་ཉམས་ལེན་དངོས་གཞིའི་ཆ་ལག་ཉེ་ལམ་འཕོ་བའི་ཁྲིད་ལ། རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། དེ་དག་གི་ཕན་ཡོན་བསྟན་པ་དང་དྲུག་ལས། དང་པོ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ནི། ཚེ་འདིར་གནས་ལུགས་མ་བཅོས་པའི་ལྟ་བ་མ་ནོར་བ་རྒྱུད་ལ་སྐྱེས་ཤིང་གོམས་འདྲིས་བྱེད་པ་རྣམས། འཆི་བའི་ཚེ་ཀ་དག་ཁྲེགས་ཆོད་ཀྱི་གསང་ལམ་ནས་དབྱིངས་དང་རིག་པའི་གནད་ལ་བརྟེན་ཏེ་ཆོས་སྐུའི་ཀློང་དུ་འཕོ་བ་དེ་ཡིན། གཉིས་པ་འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། བསྐྱེད་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་ལ་གོམས་འདྲེས་བྱས་ཤིང་སྒྱུ་མ་ལྟ་བུའི་ལྷ་སྐུ་ལ་རྩལ་འབྱོངས་པ་དག་འཆི་བའི་ཚེ་བར་དོ་འཁྲུལ་བའི་སྣང་བ་འཆར་བ་དང་མཉམ་དུ་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་འཕོ་བ་དེ་ཡིན། གསུམ་པ་ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ནི། གསང་སྔགས་སྨིན་བྱེད་ཀྱི་དབང་ཐོབ་ཅིང་། དམ་ཚིག་ལ་སྐྱོན་མ་ཞུགས། བསྐྱེད་རྫོགས་ལ་མོས་པ་བྱེད་ཅིང་བར་དོའི་གདམས་ངག་དང་ལྡན་པ་རྣམས། ཇི་སྐད་དུ། མངལ་སྒོ་དགག་ནས་རུ་ལོག་དྲན་པར་བྱ། །སྙིང་རུས་དག་སྣང་དགོས་པའི་དུས་གཅིག་ཡིན། །ཞེས་གསུངས་པ་ལྟར། མ་དག་པའི་མངལ་སྒོ་ངན་པ་བཀག་ཅིང་། སྙིང་རྗེ་ཆེན་པོའི་འཕེན་པ་དང་། སྐྱེ་བ་སྤྲུལ་བའི་ལམ་ཁྱེར་ལ་བརྟེན་ནས་ཞིང་དག་པའི་སྐྱེ་གནས་སུ་འཕོ་བ་དེ་ཡིན། བཞི་བ་གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་ནི། རྟོགས་པ་མཆོག་ལྡན་གྱི་གང་ཟག་སྣང་སེམས་ལས་སུ་རུང་སྟེ། བར་དོའི་ཤེས་རྒྱུད་མཁྱེན་པའི་རྣལ་འབྱོར་པས་གཞན་འཆི་ཀ་མའམ་བར་དོ་ན་ཡོད་པ་ལ། འཕོ་བ་འདེབས་པ་དེ་ཡིན། དེ་ཡང་སྤྱིར་གཤིན་པོ་ལ་འཕོ་བ་འདེབས་པ་ལ། མཐོང་ལམ་ཐོབ་པ་ཞིག་ངེས་པར་དགོས་ཏེ། རྗེ་མི་ལའི་ཞལ་ནས་ཀྱང་། མཐོང་ལམ་གྱི་བདེན་པ་མ་མཐོང་བར། །གཤིན་པོ་ལ་འཕོ་བ་མ་འདེབས་ཤིག །ཅེས་གསུངས། འོན་ཀྱང་འཕོ་བ་གདབ་པའི་དུས་མ་ནོར་བ་དེ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་དུས་དེ་ཡིན་ཏེ། དེ་ལྟ་བུའི་དུས་ངེས་པ་ཅན་དང་འཕྲད་ན་འཕོ་བའི་མན་ངག་ལ་ཅུང་ཟད་གོམས་འདྲེས་ཡོད་པ་གང་རུང་རུང་གིས་འཕོ་བ་བཏབ་ན་ཡང་ཕན་ཐོགས་ཆེ་ཞིང་ངན་སོང་གི་སྐྱེ་གནས་ལ་སོགས་པ་དགག་པར་ནུས་ཏེ། མགྲོན་པོ་ལམ་དུ་ཞུགས་པ་ལ་གྲོགས་ཀྱིས་སྒྱུར་བ་དང་འདྲ། དེ་ལྟ་མ་ཡིན་པར་ལུས་སེམས་བྲལ་ཚར་ནས་ནི་འཕོ་བ་དཀའ་སྟེ། དེ་འདྲ་དེ་ལ་འཕོ་བ་འདེབས་པ་ལ་བར་དོའི་སྐྱེ་གནས་མཁྱེན་པ་ཞིག་དང་། སེམས་ལ་དབང་ཐོབ་པ་ཞིག་དགོས། དེ་ལྟ་བུའི་རྣལ་འབྱོར་པ་ཞིག་ཡིན་ན་བར་དོ་གདོས་བཅས་ཀྱི་ལུས་དང་བྲལ་བ་དེ་རྐྱེན་གྱིས་བསྒྱུར་བར་སླ་བ་ཡིན་པས། བར་དོ་རང་ནས་འཕོ་བ་བཏབ་ན་རྣམ་ཤེས་དག་པའི་ཞིང་དུ་སྤར་ནུས་པ་ཡིན་གྱི། ཤི་ཚར་ནས་ཀྱང་ཕུང་པོ་ལ་རྣམ་ཤེས་བཀུག་སྟེ་འཕོ་བར་རློམ་པ་ལ་ནི་སྙིང་པོ་ཅི་ཡང་མེད་གསུངས། དེ་བས་ན་ད་ལྟ་བླ་མའམ་སྤྲུལ་སྐུ་ལ་སོགས་པའི་མིང་བཏགས་པ་ཕལ་མོ་ཆེས་གཤིན་པོ་ལ་འཕོ་བ་འདེབས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་རང་འདོད་ཀྱི་འཁྲི་བ་རྩ་བ་ནས་མེད་ན་ནི། བྱང་ཆུབ་སེམས་ཀྱི་ཀུན་སློང་ལས་གཤིན་པོ་ལ་ཕན་ཐོག་ཤས་ཆེ་ཞིང་རང་ལ་སྒྲིབ་པར་མི་འགྱུར་མོད། དེའང་མ་ཡིན་པར་རང་གི་རྙེད་འཚོལ་གྱི་ཆེད་དུ་ངག་འདོན་ཙམ་ཤེས་པ་ལ་བརྟེན་ནས་འཕོ་བ་འདེབས་ཤིང་། གཤིན་པོའི་འཕོ་རྟ་སོགས་ལེན་པ་ནི་ཤིན་ཏུ་ཐ་ཆད་པ་ཡིན་ཏེ། ཇི་སྐད་དུ། རང་ཐར་བའི་སྐམ་སར་མ་ཕྱིན་པར། །མི་གཞན་གྱི་འདྲེན་སྟོན་བྱེད་པ་དེ། །དེ་གཉིས་ཀྱང་ཅུང་ཟད་ཆ་མ་མཐུན། །དཔེ་ཆུས་ཁྱེར་མི་ལ་མིས་འཇུས་འདྲ། །ཞེས་གསུངས་པ་ཡིན་ནོ། ། ལྔ་བ་ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བའམ། རྣམ་ཤེས་བླ་མའི་འཕོ་བ་ཞེས་བྱ་བ་ནི། དྲི་མེད་བཤགས་རྒྱུད་ལས། འདའ་ཀ་འོད་ཀྱི་གོང་བུ་སྒྲ་ཡི་འཕོ། །ཞེས་དང་། ཨོ་རྒྱན་ཆེན་པོས། བསྒོམས་ཏེ་སངས་རྒྱས་ཀུན་ལ་ཡོད། །མ་བསྒོམ་ཆོས་ནི་ང་ལ་ཡོད། །ཅེས་དང་། པཎ་ཆེན་ནཱ་རོ་པས། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་དགུ་བཅད་ནས་སྒོ་གཅིག་ཕྱེ། །ཐར་པའི་ལམ་ལ་ཐེ་མི་ཚོམ། །ཞེས་དང་། ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས། ངས་ད་ལྟའི་དུས་སུ་འཕོ་བ་སྦྱངས། །སྦྱངས་ཤིང་སྦྱངས་ཤིང་ཡང་ཡང་སྦྱངས། །ཐ་མལ་འཆི་ཡང་ཉམ་ང་མེད། །སྔར་འདྲེས་བྱས་པའི་གདེངས་ཤིག་ཡོད། །ཅེས་དང་། རྗེ་བཙུན་བཞད་པ་རྡོ་རྗེས། བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་འདི། །གནད་བར་དོ་འཇོམས་པའི་ལམ་མཁན་ཡིན། །ལམ་འདི་དང་ལྡན་པའི་མི་ཡོད་དམ། །སྲོག་རྩོལ་དབུ་མར་ཚུད་པའི་མི་རེ་བདེ། །ཆོས་ཀྱི་དབྱིངས་སུ་སླེབས་པ་འདི་ཨེ་མ་ཧོ། །ཞེས་གསུངས། དེ་ལྟ་བུའི་གདམས་པ་དེ་ལ་དང་པོར་སྦྱོང་བ་དང་། ལས་ལ་སྦྱར་བ་གཉིས་ཡོད། དང་པོ་སྦྱོང་བ་ནི། ད་ལྟ་རང་ཉིད་ཀྱིས་འཕོ་བའི་ཁྲིད་ཞུས་ཏེ་ཡང་དང་ཡང་དུ་སྦྱང་ཞིང་རྟགས་མ་ཐོན་གྱི་བར་དུ་སྦྱང་དགོས་སོ། །དེ་ཡང་ད་ལྟ་རང་ཉིད་ལུས་ཀྱི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་མ་ཉམས་ཤིང་། དར་བའི་དུས་ན་འཕོ་བ་ལ་བརྟེན་ནས་དངོས་སུ་འཕོ་བ་ཅུང་ཟད་དཀའ་ཞིང་། འཆི་ཁའི་དུས་ལ་བབ་པའམ། ཤིན་ཏུ་རྒས་འཁོགས་པའི་དུས་ན་ནི་འཕོ་སླ་བ་ཡིན་ཏེ། དཔེར་ན་ཤིང་ཏོག་དང་འབྲས་བུ་སོགས་དབྱར་ཁ་དར་ལ་བབས་པའི་དུས་ན་ནི་བཏུ་དཀའ་ལ། སྟོན་ཀ་སྨིན་ནས་ལྷུང་ལ་ཉེ་བའི་ཚེ་གོས་འདབས་ཙམ་རེག་ཀྱང་ལྷུང་འོང་བ་དང་འདྲ་བ་ཡིན་ནོ། །དེ་ནས་ལས་ལ་སྦྱར་བ་ནི། རང་ཉིད་ལ་འཆི་ལྟས་བྱུང་སྟེ་ཅིས་ཀྱང་མི་བཟློག་པར་ཤེས་ཤིང་ཐིམ་རིམ་ལ་སོགས་པ་བྱུང་བའི་ཚེ་བྱ་དགོས་ཀྱི། དེ་ལས་གཞན་དུ་མི་རུང་སྟེ། རྒྱུད་ལས། དུས་ལ་བབས་ན་འཕོ་བྱ་སྟེ། །དུས་མིན་ལྷ་རྣམས་གསོད་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ཡང་སྦྱོང་བ་དང་ལས་ལ་སྦྱར་བ་གང་གི་ཚེ་ཡིན་ཡང་འདྲ་སྟེ། འཕོ་བའི་གདམས་པ་དངོས་བསྒོམ་པའི་རིམ་པ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་ལ་སོགས་པ་བཅའ་ཞིང་། ལུས་དྲང་པོར་བསྲང་། སྔོན་འགྲོ་བླ་མ་རྒྱང་འབོད་ནས་བཟུང་སྟེ་བླ་མའི་རྣལ་འབྱོར་གྱི་བསྡུ་རིམ་དང་བཅས་ཡོངས་སུ་རྫོགས་པར་བྱ། དེ་ནས་དངོས་གཞིའི་དམིགས་པ་ནི། རང་ཉིད་སྡོད་པའི་ས་ཕྱོགས་འདི་ཉིད་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་གི་རྒྱན་དང་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། རང་གི་གཞི་ལུས་ཀྱི་ཕུང་པོ་སྐད་ཅིག་གིས་གནས་འགྱུར་ནས་པད་ཉིའི་གདན་ལ་ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་མཉམ་པའི་འདོར་སྟབས་ཅན། ཞལ་ཅུང་ཟད་ཞི་མ་ཁྲོའི་ཉམས་ཆགས་ཤིང་། སྤྱན་གསུམ་ནམ་མཁར་ཡེ་རེ་གཟིགས་པ། ཕྱག་གཡས་མ་རིག་གཏི་མུག་གི་གཉིད་ལས་སློང་བའི་ཐོད་པའི་ཌཱ་མ་རུ་ནམ་མཁའི་དབྱིངས་སུ་འཁྲོལ་བ། གཡོན་དུག་གསུམ་རྩད་ནས་གཅོད་པའི་གྲི་གུག་དཀུར་བརྟེན་པ། སྐུ་གཅེར་མོ་རུས་པའི་རྒྱན་དང་མེ་ཏོག་གི་ཆུན་འཕྱངས་ཅན། སྣང་ལ་རང་བཞིན་མེད་པ་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ཞིག་གསལ་བ་ནི་ཕྱི་ལུས་ཀྱི་སྟོང་ར་ཡིན་ནོ། །དེའི་ལུས་དབུས་སུ་རྩ་དབུ་མ་ཁྲག་དང་ཆུ་སེར་གྱིས་མ་གོས་པ་ཁང་སྟོང་དུ་ཀ་བ་བཙུག་པ་ལྟ་བུ། ཆོས་སྐུ་འགྱུར་བ་མེད་པ་མཚོན་པས་མཐིང་གི་ཤུན་པ་ལྟར་སྔོ་བ། བག་ཆགས་ཀྱི་སྒྲིབ་པ་སྲབ་པའི་བརྡར་པདྨའི་འདབ་མ་ལྟར་སྲབ་པ། མ་རིག་པའི་མུན་པ་བསལ་བའི་བརྡར་ཏིལ་གྱི་མར་མེ་ལྟར་གསལ་བ། ལམ་དམན་པ་དང་ལམ་ལོག་པར་མི་འགྲོ་བའི་ཆེད་དུ་ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ་སྟེ། མཚན་ཉིད་བཞི་དང་ལྡན་པ། མཐོ་རིས་དང་ཐར་བའི་ལམ་མཚོན་པའི་ཆེད་དུ་ཡར་སྣེ་སྤྱི་བོ་ཚངས་པའི་བུ་ག་ན་རྒྱ་མཐོང་ཁ་ཕྱེ་བ་ལྟར་ཧར་པོར་ཡོད་པ། འཁོར་བ་དང་ངན་སོང་གི་སྒོ་འག ག་པ་མཚོན་པའི་མར་སྣེ་ལྟེ་འོག་སོར་བཞིའི་ཐད་ན་རྩ་ཕུག་རྡུགས་སུ་ཁ་ཟུམ་པ། དེ་ལྟ་བུ་གསལ་བ་ནི་ནང་རྩའི་སྟོང་ར་ཡིན། དེ་ནས་རྩ་དབུ་མ་དེའི་ནང་སྙིང་གི་ཐད་ན་སྙུག་མ་ཚིགས་ཀྱིས་འགགས་པ་ལྟ་བུའི་ཚིགས་ཞིག་ཡོད་པར་བསམ། དེའི་སྟེང་དུ་རླུང་གི་ཐིག་ལེ་ལྗང་སྐྱ་འགུལ་འཕྲིགས་ཀྱི་རྣམ་པ་ཅན་གྱི་སྟེང་དུ་རང་གི་སེམས་རྣམ་ཤེས་ཀྱི་ངོ་བོ་ཡི་གེ་ཧྲཱི༔ཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དར་ལྕོག་རླུང་གིས་བརྡབས་པ་ལྟར་འདར་ཕྲི་ལི་ལི་ཡོད་པར་དམིགས་པ་རིག་པ་སེམས་ཀྱི་རྟེན་གཞི་ཡིན། དེ་ནས་རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་གི་ནམ་མཁར་རྨ་བྱ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་སུམ་བརྩེགས་ཀྱི་སྟེང་ན། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་དཔལ་ལྡན་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་སངས་རྒྱས་བཅོམ་ལྡན་འདས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ་མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོ་ལ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བ་དེ་ལྟ་བུ་ཞིག་གསལ། དེའི་གཡས་སུ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་ཕྲེང་བ་འདྲེན་པ། གཡོན་འོག་མས་པདྨ་དཀར་པོའི་ཡུ་བ་ནས་འཛིན་པའི་མེ་ཏོག་གི་འདབ་མ་སྙན་གྱི་ཐད་ཀར་ཁ་ཕྱེ་བ། འོད་དཔག་མེད་ཀྱི་གཡོན་དུ་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པའི་བདག་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་སྟབས་སུ་འཛིན་པ། དེ་གཉིས་ཀའང་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ། དེ་ཡང་འོད་དཔག་མེད་སྲིད་ཞིའི་མཐའ་ལ་མི་གནས་པའི་བརྡར། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་དང་། སེམས་དཔའ་གཉིས་འགྲོ་དོན་སྐྱོ་དུབ་དང་བྲལ་བའི་བརྡར་ཞབས་གཉིས་པད་ཟླའི་གདན་ལ་བཞེངས་པའི་སྟབས་ཀྱིས་བཞུགས་པ། གཙོ་བོ་དེ་གསུམ་གྱི་མཐའ་སྐོར་དུ་ལམ་ཟབ་མོ་འཕོ་བ་བརྒྱུད་པའི་བླ་མ་ཐམས་ཅད་དྭངས་པའི་མཁའ་ལ་སྤྲིན་ཕུང་འཁྲིགས་པ་ལྟར་བཞུགས་ནས། རང་གཞན་སེམས་ཅན་ཐམས་ཅད་ལ་བརྩེ་བའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། དགྱེས་པའི་ཐུགས་ཀྱིས་དགོངས་ནས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་ཏེ། བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་བསམ་ལ། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །སོགས་ནས། མཚན་དཔེ་རྫོགས་པའི་ཕུང་པོ་གསལ། །ཞེས་གསལ་གདབ། དེ་ནས་མཚན་ཅི་མང་བརྗོད་མཐར། ཨེ་མ་ཧོ། གནས་རང་སྣང་དོན་གྱི་འོག་མིན་ན། །སོགས་ནས། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཅེས་ལན་གསུམ་བརྗོད། ཡིད་མོས་གུས་མན་ཆད་ཚར་གསུམ། དབྱིངས་ཆོས་སྐུའི་རྒྱལ་ས་ཟིན་པར་ཤོག །ཅེས་ལན་གསུམ་བརྗོད། དེ་དག་གི་ཚེ་བླ་མ་དང་མགོན་པོ་འོད་དཔག་མེད་ལ་མོས་གུས་མཆི་མ་འཁྲུགས་པ་ལྟ་བུའི་ངང་ནས་རིག་པ་སེམས་ཀྱི་རྟེན་གཞི་ཧྲཱིཿཡིག་ཁོ་ན་ལ་སེམས་བཟུང་། དེ་ནས་སྤར་ཆོག་གི་ཚེ་རྐན་ཕུག་ནས་ཧྲཱིཿཧྲཱིཿཞེས་ལྔ་ཚར་བརྗོད་པ་དང་མཉམ་དུ་རིག་པ་སེམས་ཀྱི་རྟེན་གཞི་ཡི་གེ་ཧྲཱིཿདམར་པོ་དེ་རླུང་གི་ཐིག་ལེ་ལྗང་སྐྱ་གཡོ་བའི་རྣམ་པ་ཅན་དེས་བཏེགས་ཏེ་འདར་ཕྲི་ལི་ལི་བྱེད་ཅིང་ཇེ་མཐོ་ཇེ་མཐོར་སོང་། སྤྱི་བོ་ཚངས་པའི་བུ་གར་ཐོན་པ་དང་མཉམ་དུ་ཧིཀ་ཅེས་བརྗོད་པས། དཔག་ཆེན་གྱིས་མདའ་འཕངས་པ་ལྟར་ཡར་ཏེ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ། ཡང་སྙིང་གར་ཧྲཱིཿཡིག་གསལ་ལ། དམིགས་པ་སྔར་ལྟར་བཅས་ཧིཀ་སྒྲ་བདུན་ནམ་ཉེར་གཅིག་སོགས་བརྗོད། ལུགས་ཀ་གཞན་ལ་ཧིཀ་བརྗོད་ནས་སྤར་ཞིང་ཀ་བརྗོད་པས་མར་འབབས་པའི་དམིགས་པ་བྱ་སྲོལ་ཡོད་ཀྱང་། འདིར་ཀ་བརྗོད་ནས་མར་འབེབས་སྲོལ་མེད། གཞན་ཡང་མཚན་བྱིན་རླབས་ཅན་དང་། གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་འཕོ་བའི་གསོལ་འདེབས་དང་། གནམ་ཆོས་ཀྱི་འཕོ་བའི་གསོལ་འདེབས་སོགས་བརྗོད་པར་བྱའོ། །དེ་ལྟར་ཡང་དང་ཡང་དུ་སྦྱངས་པ་སོང་ནས་མཐར་འཇོག་ཁར། སྐུ་ལྔའི་དབྱིངས་སུ་རྒྱས་གདབ་པའི་ཆེད་དུ། ཕཊཿ ལྔ་ཕྲུགས་སུ་བརྗོད་ཅིང་། གནས་ལུགས་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག །དེ་ནས་སྤྱི་གཙུག་གི་བརྒྱུད་པའི་བླ་མ་ཐམས་ཅད་གཙོ་བོ་གསུམ་ལ་ཐིམ། སེམས་དཔའ་ཉིད་ཀྱང་འོད་དཔག་མེད་ལ་ཐིམ། འོད་དཔག་མེད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཉིས་མཉམ་བཞག་གི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཚེ་བུམ་དཔག་བསམ་ལྗོན་ཤིང་གི་ཁ་རྒྱན་ཅན་འཛིན་པ། སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་པ་དེ་ལྟ་བུ་ཞིག་ཏུ་བསྒོམ་ལ། ༀ་ཨ་མ་ར་ཎི་ཛཱི་ཝནྟ་ཡེ་སྭཱ་ཧྭ། ཞེས་བརྒྱ་རྩ་དང་ཚེ་གཟུངས་སོགས་འདོན། དེས་ཚེ་ལ་མི་གནོད་ཅིང་རྟེན་འབྲེལ་བདེན་པས་ཚེ་གེགས་ཀྱང་ཞི་བ་ཡིན། དེས་ན་གཞན་ཤི་བོ་དང་འཆི་ཀ་མ་ལ་གདབ་པ་དང་། རང་ཉིད་འཆི་བའི་ཚེ་ལས་ལ་སྦྱར་བའི་དུས་འདི་མི་དགོས། དེ་ལྟར་སྦྱངས་པ་འབྱོངས་པའི་རྟགས་ཀྱང་གཞུང་ལས། མགོ་ན་ཆུ་སེར་ཟིལ་བ་ཕྲོམ། །འཇག་མ་དལ་གྱིས་ཚུགས་སོགས་འབྱུང་། །ཞེས་པ་ལྟ་བུའི་རྟགས་མ་ཐོན་གྱི་བར་དུ་ནན་ཏན་གྱིས་སྦྱང་དགོས་པ་ཡིན་ནོ། །དྲུག་པ་ཕན་ཡོན་ནི། དེ་ལྟ་བུའི་མན་ངག་དང་ལྡན་ན་ཅི་ཙམ་དུ་སྡིག་པོ་ཆེ་ཡིན་ཀྱང་ངན་སོང་གི་སྐྱེ་སྒོ་ཁེ ག་ངེས་ལ། མཚམས་མེད་པའི་ལས་ངན་བསགས་པ་ལྟ་བུ་མར་གྱི་ཟང་ཐལ་དུ་འགྲོ་བ་རྣམས་ཀྱང་གདམས་པ་འདི་དང་འཕྲད་ན། ངན་སོང་གི་སྐྱེ་གནས་སུ་འགྲོ་མི་དགོས་ངེས་པ་ཡིན་ཏེ། རྒྱུད་ལས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ནི་བྱེད་པ་ཡང་། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་གིས་གོས་པར་མི་འགྱུར་རོ། །ཞེས་པ་དང་། བུ་ག་དགུ་ཡི་སྟེང་ཕྱོགས་སུ། །ཡིད་ཀྱིས་བསམས་ཏེ་འཕོ་བྱེད་ན། །སྡིག་གིས་གོས་པར་མི་འགྱུར་ཏེ། །དག་པའི་ཞིང་དུ་སྐྱེ་བར་འགྱུར། །ཞེས་དང་། གཞན་ཡང་ཇི་སྐད་དུ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །ཕ་མཚན་ལྡན་གྱི་བླ་མའི་ཞབས་དྲུང་དུ། །རྩ་དར་དཀར་གྱི་ལམ་ལ་འགྲོ་ཤེས་ན། །མཚམས་མེད་ལྔ་བོ་བྱས་ཀྱང་གྲོལ། །ཞེས་དང་། སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས། ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་ཡང་། །གདམས་པ་འདི་དང་འཕྲད་གྱུར་ན། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར། ཟབ་མོ་འཕོ་བའི་གདམས་པ་འདི་ནི་མ་བསྒོམ་པར་སངས་རྒྱས་པའི་ཆོས། སྡིག་པོ་ཆེ་བཙན་ཐབས་སུ་གྲོལ་བའི་གསང་ལམ་མན་ངག་ཁྱད་པར་ཅན་ཡིན་པས་ད་ལྟ་ནས་རང་ཉིད་ཀྱི ས་འཕོ་བའི་ཁྲིད་ཞུས་ཏེ། ཡང་ཡང་དུ་སྦྱང་ཞིང་རྟགས་མ་ཐོན་གྱི་བར་དུ་སྦྱང་དགོས་པ་ཡིན་ཏེ། །ནམ་ཞིག་རང་ཉིད་ལ་འཆི་ལྟས་བྱུང་ནས་ཅིས་ཀྱང་མི་བཟློག་པར་ཤེས་ཤིང་ཐིམ་རིམ་ལ་སོགས་པ་བྱུང་བའི་ཚེ་ལས་ལ་སྦྱར་ནས་འཕོ་ཚུལ་སོགས་ད་ལྟ་ནས་ཤེས་དགོས་པ་ཡིན་ནོ། །མཇུག་དགེ་བ་བསྔོ་ཞིང་། བདེ་བ་ཅན་ཏུ་སྐྱེ་བའི་སྨོན་ལམ་ལ་སོགས་པ་འདོན་པར་བྱའོ། །དེ་ཡང་བསྔོ་བ་ལ། གང་བསྔོ་བར་བྱ་བའི་རྒྱུ། གང་དུ་བསྔོ་བའི་ཡུལ། ཇི་ལྟར་བསྔོ་བའི་ཆོ་ག་དང་གསུམ་ཡོད་ལ། དང་པོ་གང་བསྔོ་བར་བྱ་བའི་རྒྱུ་ནི། དགེ་བའི་རྩ་བ་སྟེ་རྣམ་སྨིན་བདེ་བ་བསྐྱེད་པས་དགེ་བ། དེའི་རྒྱུ་བྱེད་པས་རྩ་བ་ཞེས་གསུངས་པ་ཡིན་ལ། བྱེད་པ་པོ་གང་ཟག་གིས་དབྱེ་ན་བདག་གིས་བྱས་པའི་དགེ་བ། གཞན་གྱིས་བྱས་པའི་དགེ་བ། གཉིས་ཀས་བྱས་པའི་དགེ་བ་དང་། བྱས་པའི་དུས་ཀྱིས་དབྱེ་ན། འདས་པའི་དགེ་བ། ད་ལྟར་གྱི་དགེ་བ། མ་འོངས་པའི་དགེ་བ་དང་། བྱས་པའི་ཚུལ་གྱི་དབྱེ་ན། ལུས་ཀྱི་དགེ་བ། ངག་གི་དགེ་བ། ཡིད་ཀྱི་དགེ་བ། བསོད་ནམས་བྱ་བའི་དངོས་པོ་ལ་དབྱེ་ན། སྦྱིན་པ་ལས་བྱུང་བའི་དགེ་བ། ཚུལ་ཁྲིམས་ལས་བྱུང་བའི་དགེ་བ། བསྒོམ་པ་ལས་བྱུང་བའི་དགེ་བ། རྣམ་པར་སྨིན་པས་དབྱེ་ན། འཇིག་རྟེན་པའི་དགེ་བ། ཐར་བ་ཆ་མཐུན་གྱི་དགེ་བ། ཐམས་ཅད་མཁྱེན་པ་དང་མཐུན་པའི་དགེ་བའོ། །གང་དུ་བསྔོ་བའི་ཡུལ་ནི། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། ཇི་ལྟར་བསྔོ་བའི་ཆོ་ག་ལ། འཁོར་གསུམ་ཡོངས་དག་གི་བསྔོ་བ་དང་། རྗེས་མཐུན་གྱི་བསྔོ་བ་དང་གཉིས་ཡོད་དེ། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་ནི། མདོ་སྡུད་པ་ལས། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་བ་མིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་དང་། འཕགས་པ་ལྷས། བསྔོ་བྱ་བསྔོ་བྱེད་བསྔོ་བ་རྣམས། །རང་བཞིན་གྱིས་ནི་མི་དམིགས་པ། །དམིགས་པ་མེད་པར་བསྔོ་བ་ནི། །བསྔོ་བ་བླ་ན་མེད་པའོ། །ཞེས་དང་། དཀོན་མཆོག་ཏ་ལའི་མདོ་ལས། གང་ལ་བྱ་བ་མི་དམིགས་པ། །ཇི་ལྟར་བྱེད་པ་མི་དམིགས་པ། །ཡོངས་སུ་བསྔོ་བ་མི་དམིགས་པ། །ཞེས་དང་། འཕགས་པ་དཀོན་མཆོག་བརྩེགས་པའི་བྱང་ཆུབ་སེམས་དཔའི་མདོ་ལས། དེ་ལ་འཁོར་གསུམ་ཡོངས་སུ་ཆད་པ་གང་ཞེ་ན། གང་འདས་པ་ལ་སེམས་མི་འཇུག །མ་འོངས་པ་ལ་རྣམ་པར་ཤེས་པ་མི་འཇུག་པ་དང་། ད་ལྟར་བྱུང་བ་ལ་ཡིད་ལ་བྱེད་པ་མི་འཇུག་སྟེ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ལ་མི་གནས་པས་འདས་པ་ལ་མི་རྟོག །མ་འོངས་པ་ལ་རློམ་སེམས་སུ་མི་བྱེད། ད་ལྟ་བྱུང་བ་ལ་སྤྲོ་བར་མི་བྱེད། འདི་ནི་དུས་གསུམ་མཉམ་པ་ཉིད་འཁོར་གསུམ་ཡོངས་སུ་དག་པ་ཡིན་ན། སེམས་ཅན་རྣམས་ཀྱི་ཁོང་དུ་མ་ཆུད་པ་ཆུད་པར་བྱའོ། །ཞེས་གསུངས་སོ། །དེ་ལྟར་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ་མཚན་ཉིད་པ་སོ་སོའི་སྐྱེ་བོའི་ས་འདིར་འོང་དཀའ་བ་ཡིན་ལ། དེ་ཕྱིར་རྗེས་མཐུན་གྱི་བསྔོ་བ་བྱེད་དགོས་པ་ཡིན་ཏེ། དེ་ཡང་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་དུས་གསུམ་བསགས་པའི་དགེ་བའི་རྩ་བ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཇི་ལྟར་བསྔོས་པ་བཞིན་དུ། བདག་གིས་ཀྱང་དེ་བཞིན་དུ་བསྔོ་བར་བགྱིའོ་སྙམ་ནས་བསྔོ་དགོས་པ་ཡིན་ནོ། །ཁྱད་པར་དུ་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བའི་གནས་སུ་གྱུར་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་ལ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལུང་གི་ཆོས་ལ་ཐོས་བསམ་དང་། རྟོགས་པའི་ཆོས་ལ་ཉམས་ལེན་བྱས་ཏེ། ཆོས་གོས་གསུམ་གྱིས་ལུས་བརྒྱན། སྡེ་སྣོད་གསུམ་གྱིས་ངག་བརྒྱན། བསླབ་པ་གསུམ་གྱིས་སེམས་བརྒྱན་ཏེ། བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་འཛིན་པ་ལ་དད་གཏོང་འབྱོར་བ་ཕུན་སུམ་ཚོགས་པའི་བསྟན་པའི་སྦྱིན་བདག་རྣམས་ཀྱི་བསམ་པ་དང་སྦྱོར་བ་ཕུན་སུམ་ཚོགས་པའི་སྒོ་ནས་མཆོད་པ་རྒྱ་ཆེན་པོ་དང་བཅས་ཏེ་དུས་ཡུན་རིང་པོ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པར་གྱུར་ཅིག་ཅེས་སྨོན་ལམ་དང་འབྲེལ། གནས་ན་ཅི་མ་རུང་ཞེས་འདུན་པ་དང་འབྲེལ། གནས་པ་ཞིག་བདག་གིས་བྱ་ཞེས་དམ་བཅའ་དང་འབྲེལ། དེ་ལྟར་བྱེད་ནུས་པར་བླ་མ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་ཞེས་བཤད་པའོ། །དེ་ལྟར་བསྔོས་ན་དགེ་བའི་རྩ་བ་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ནོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་སྐམ་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །མཁའ་དང་མཉམ་པའི་འགྲོ་བ་མ་ལུས་པའི། །གློ་བུར་འཁྲུལ་བའི་དྲི་མ་ཀུན་བྱང་ནས།། རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །ཅེས་པ་འདིའང་རྡོ་རྗེའི་མཆེད་པོ་དུ་མས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་བསྡུས་དོན་བློ་ལ་འཛིན་བདེ་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བའི་ཚེ་འབྲུག་པ་རྡོ་རྗེ་འཆང་གི་ཞབས་རྡུལ་སྤྱི་བོར་འཛིན་པའི་ཆོས་མེད་སྨྱོན་པའི་ངང་ཚུལ་ཆོས་དབྱིངས་རང་གྲོལ་གྱིས་བྲིས་པའོ།། །།སརྦ་མངྒ་ལཾ།

སྔོན་འགྲོ་ཀུན་བཟང་ཞལ་ལུང་གི་སྐབས་སུ་མཁོ་བའི་བར་ལྡེབ་ཕྱོགས་བསྡུས།

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །གསང་སྔགས་སྔ་འགྱུར་བའི་རང་ལུགས་ལྟར་ལ། རྒྱལ༵་བ༵་སྐུ་གསུམ་གྱི་བདག་ཉིད་རང་སྣང་རིག་པའི་དབྱིངས་སུ་སངས་རྒྱས་པ་རྣམས་ཀྱི་དགོང༵ས་པའི༵་བརྒྱུད་དེ་རིག༵་འཛིན༵་སེམས་དཔའ་མཆོག་རྣམས་ལ་བརྡའ༵་ཐབས་ཙམ་གྱིས་བསྟན་ནས་བརྒྱུད༵་པའི་ཟབ་ལམ་རྣམས་རིམ་བཞིན་གང༵་ཟག༵་མི༵་ཡི་འགྲོ་བ་ལས༵་སྐལ༵་བ་༵རབ་༵བམ་མཆོག་ཏུ་གྱུར༵་པས༵་དམ༵་པ༵་གོང་མའི་རྗེས༵་སུ་ཟིན༵་ཏེ་དོན༵་གཉིས༵་མཐར་ཕྱིན་༵པར་གྱུར་པ༵་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་པ་སྟེ་དེ་ལྟ་བུའི་བརྒྱུད༵་པ་གསུམ༵་གྱི་བླ༵་མ༵་རྣམས༵་ལ༵་གཉིས་མེད་ལྟ་བས་གུས་པ་ཆེན་པོའི་སྒོ་ནས་ཕྱག༵་འཚལ༵་ལོ༵། །ངོ་བོ་ཀ་དག་ཆོས༵་ཟད༵་ཆེན་པོའི་ཀློང༵་དུ་༵ཆོས༵་སྐུའི་དགོངས༵་པ༵་བརྙེས་ཏེ་ཆོས་ཉིད་ཟད་པའི་སྣང་བ་མངོན་དུ་བྱས་ཤིང་། རང་བཞིན་འོད༵་གསལ༵་ལྷུན་གྲུབ་འབྲས་བུ་རིན་པོ་ཆེའི་དབྱིངས༵་སུ༵་རང་སྣང་ལོངས༵་སྐུ༵འི་ཞིང༵་སྣང༵་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་གཟིགས༵་ཏེ། སྐལ་ལྡན་གདུལ༵་བྱའི༵་སྣང༵་ངོར༵་ཐུགས་རྗེ་རིག་རྩལ་སྤྲུལ༵་སྐུར༵་སྣང་ནས་འགྲོ་བའི་དོན༵་མཛད་༵པའི༵་ཀུན༵་མཁྱེན༵་ཆོས༵་ཀྱི༵་རྒྱལ༵་པོ༵་དྲི་མེད་འོད་ཟེར་གྱི་ཞབས་ལ༵འང་ཕྱག༵་འཚལ་ལོ། །ནང་སོ་སོ་རང་རིག་པའི་ཡེ་ཤེས་མཁྱེན༵་པ༵་ཆེན་པོས་ཤེས༵་བྱ༵་འཁོར་འདས་ཀུན་༵གྱི་༵དེ༵་ཁོ་ན་ཉིད༵་གསལ་བར་གཟིག༵ས་ནས། ཐུགས༵་བརྩེ༵་བའི་ཡེ་ཤེས་ཀྱི་འོད༵་ཟེར༵་སྐལ་བཟང་གདུལ༵་བྱ༵་རྣམས་ཀྱི་དཔལ༵་དུ༵་ཤར༵་ཏེ། ཟབ༵་ལམ༵་ཐེག༵་པ་ཐམས་ཅད་ཀྱི་རྩེ༵་མོ་ཨ་ཏི་ཡོ་ག་ཡང་གསང་བླ་ན་མེད་པ་གཙོ་བོར་གྱུར་པའི་བསྟན༵་པ༵་རིན་པོ་ཆེ་ཉིད་སྙིགས་དུས་སུ་གཞིར་བཞེངས་སུ་གསལ༵་བར་མཛད༵་པ༵་རིག༵་འཛིན༵་འཇིགས༵་མེད༵་གླིང༵་པའི༵་ཞབས་ལའང༵་ཕྱག༵་འཚལ༵་ལོ། །འཕགས་མཆོག་སྤྱན༵་རས༵་གཟིགས༵་དབང༵་དགེ་བའི་བཤེས༵་གཉེན༵་གྱི་ཚུལ༵་བཟུང༵་ནས༵་ཀུན་མཁྱེན་ཕྱི་མའི་བསྟན་པ་གཙོ་བོར་གྱུར་པའི་གསུང༵་གི༵་སྣང༵་བ༵་རེ་རེས་ཀྱང་འབྲེལ༵་ཚད༵་ཐམས་ཅད་ཀྱང་རིམ་བཞིན་ཐར༵་ལམ༵་དུ་དགོད༵་པར་མཛད་ཅིང་གདུལ་བྱ་སེམས་ཅན་རྣམས་ལ་གང༵་ལ༵་གང༵་འདུལ༵་གྱི་མཛད་༵པ༵་བྱང་སེམས་ཐབས་ལ་མཁས་པའི་སྤྱོད་ཡུལ་མཐའ༵་ཡས༵་པ༵་མངའ་བའི་དྲིན༵་ཆེན་༵རྩ༵་བའི༵་བླ༵་མ༵་འཇིགས་མེད་རྒྱལ་བའི་མྱུ་གུའི་ཞབས་ལ༵་ཕྱག༵་འཚལ༵་ལོ། །རྒྱལ་བའི་བསྟན༵་པ༵་ཐེག་དགུ་ཡོངས༵་སུ་རྫོགས༵་པའི་ཀུན༵་མཁྱེན༵་བླ་མ་སྔ་ཕྱི་ལས་བརྒྱུད༵་པའི༵་གཞུང༵་བཟང་པོ་མན༵་ངག༵་སྙིང༵་གི་ཐིག་ལེ་བཅུད་ཀྱི་ཡང་བཅུད་ཆེན་པོ༵་ཚེ༵་གཅིག༵་ལ་བཅུ་དྲུག་ཡེ་ཤེས་བླ་མའི་ས་མཆོག་ལ་སངས༵་རྒྱས༵་པར་འགྱུར་བའི་ཟབ་ཆོས༵་ཀྱི་རིམ་པ་ཉམས་སུ་ལེན་པའི་ལམ༵་གྱི༵་དངོས་གཞིའི་སྔོན༵་དུ་འགྲོ༵་བའི་ཐུན༵་མོང༵་ཕྱི༵་ཡི་སྔོན་འགྲོ་དང༵་། ཐུན་མིན་ནང༵་གི་སྔོན་འགྲོ་དང་། གདམས༵་ངག་དངོས་གཞིའི་ཆ༵་ལག༵་ཉེ༵་ལམ༵་འཕོ༵་བའི༵་ཁྲིད་དང་བཅས༵་པ། ཚིག་གསལ༵་ལ༵་གོ༵་བདེ༵་བས་དོན༵་ཟབ༵་ལ་རྨད༵་དུ༵་བྱུང༵་བ་སྟོན་པར་བྱེད་པའི་མཚུངས༵་མེད༵་བླ་༵མའི༵་བཀའ༵་ལུང༵་མ༵་ནོར་༵བ༵། འཇིགས་མེད་ཆོས་ཀྱི་དབང་པོ་རང༵་གི་བློར་༵ཇི༵་ལྟར༵་ངེས༵་པ་བཞིན༵་ཏུ་སྔོན་འགྲོའི་གཞུང་འདི༵་ལྟར་བཤད༵་ཀྱིས༵། ལྷ༵་དང༵་བླ༵་མ༵ས་བདག༵་རྒྱུད༵་བྱིན༵་གྱིས༵་རློབས༵་ཤིག །

༈ དོན་གཅིག་ན་ཡང་མ་རྨོངས་དང་སོགས་ཀྱི་དོན། འོད་གསལ་སྙིང་པོ་ལས། ཤེས་རབ་ཀྱིས་མ་རྨོངས་པའི་ཁྱད་པར་དང་། གནས་ལུགས་མྱུར་དུ་མཐོང་བའི་ཐབས་ཀྱི་ཁྱད་པར་མང་བ་གཉིས་ཀྱིས་འཕགས་ལ། དེ་ལ་བརྟེན་ནས་ལམ་བདེ་ཞིང་མྱུར་བས་དཀའ་བ་མེད་པ་དང་། །རྟེན་གྱི་གང་ཟག་རྒྱུའི་ཐེག་པ་ཁོ་ནས་གདུལ་བྱ་རྣམས་ལས་དབང་པོ་རྣོན་པོར་གྱུར་པ་དག་གི་སྤྱོད་ཡུལ་ཡིན་པས་ཁྱད་པར་འཕགས་པའོ། །ཞེས་གསུངས། དབང་རྣོན་ཞེས་པ། སྤྱིར་རྣམ་བྱང་བསྐྱེད་པའི་དབང་པོ་ལྔ་པོ་ཁྱད་པར་ཅན་གྱིས་འཕགས་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ལྟ་བ་ཟབ་མོ་རྟོགས་ནུས་པའི་ཤེས་རབ་ཀྱི་དབང་པོ་དང་། སྤྱོད་པ་རླངས་པོ་ལ་མི་སྐྲག་ཅིང་དད་པའི་དབང་པོའོ། །དེ་ཡང་རྒྱལ་སྲས་གཞན་ཕན་མཐའ་ཡས་པས། རྒྱུའི་ཐེག་པས་བསྐལ་པ་གྲངས་མེད་གསུམ་མམ་བདུན་ལ་སོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་ལྟ་བུ་བསགས་ནས་ཚོགས་ཆེན་པོས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་གསུངས་པ་གང་ཞིག གསང་སྔགས་བླ་མེད་ཀྱི་རྒྱུད་འདིར་དཀའ་ཚེགས་ཆུང་ངུས་ཚེ་གཅིག་གིས་མཐར་ཐུག་གི་འབྲས་བུ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དེ་ཉིད་མངོན་དུ་ཐོབ་པའི་རྒྱུ་མཚན་ཡང་ཅི་ཞིག་ཡིན་སྙམ་པ་ལ་འདོད་ཚུལ་མང་ཡང་། མདོར་ན་དགེ་མི་དགེ་ལུང་མ་བསྟན་དང་གསུམ་དུ་ཡོད་པ་ལས། མི་དགེ་བའི་ལས་འབྲས་དགེ་བར་བསྒྱུར་བའི་ཐབས་ནི་གསང་སྔགས་ཀྱི་གཞུང་ཁོ་ན་ལས་གཞན་དུ་མ་བཤད་ལ། རྒྱུ་མཚན་འདི་ལ་དགོངས་ནས་ཐབས་ཤེས་ཁྱད་པར་ཅན་གྱིས་མཚན་རྟོག་སྡོམ་པ་ཉིད་སྔགས་སྡོམ་གྱི་ངོ་བོར་བཞག་པ་ཡིན་ནོ། །ཞེས་དང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས། འཁོར་བའི་རྒྱུ་འབྲས་ཀུན་འབྱུང་དང་སྡུག་བསྔལ་གྱི་བདེན་པ་གཉིས་དང་། མྱང་འདས་ཀྱི་རྒྱུ་འབྲས་འགོག་པ་དང་ལམ་གྱི་བདེན་པ་གཉིས་པོ་དབྱེར་མེད་པ་ནི་ལྟ་བ་འཁོར་འདས་དབྱེར་མེད་ཅེས་བུམ་དབང་གི་ལྟ་བ་དངོས་ཡིན་ཏེ། དེ་ཡང་སྣང་སྲིད་སྣོད་བཅུད་ཐམས་ཅད་གཞི་གནས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་རྟོགས་པས་སྡུག་བདེན་འཁོར་བའི་སྣོད་བཅུད་འགོག་བདེན་སྐུ་དང་ཡེ་ཤེས་སུ་དབྱེར་མེད་ཅིང་། ཉོན་མོངས་དུག་ལྔ་ཡེ་ཤེས་ལྔའི་རྣམ་རོལ་དུ་འཆར་ཞིང་། ཐབས་ཀྱིས་ཟིན་པའི་སྦྱོར་སྒྲོལ་གྱི་དགེ་བའི་རྣམ་པ་ཅན་ལ་ལམ་དུ་བྱེད་པས་ཀུན་འབྱུང་ལས་ཉོན་གཉིས་པོ་ལམ་བདེན་དང་དབྱེར་མེད་དུ་ལྟ་བ་ཡིན་ནོ། །ཞེས་དང་། མཁན་ཆེན་གྱིས་མཛད་པའི་བདེན་བཞིའི་རྣམ་བཤད་ལས། གསང་སྔགས་བླ་ན་མེད་པ་རྡོ་རྗེ་ཐེག་པའི་ལུགས་ལ་ཡང་འཁོར་བའི་རྒྱུ་འབྲས་ལས་ལོག་སྟེ། མྱ་ངན་ལས་འདས་པའི་རྒྱུ་འབྲས་ལ་ཞུགས་ནས། རྣམ་མཁྱེན་མངོན་དུ་བྱེད་པ་ཡིན་པས། སྤྱིར་བདེན་བཞི་ལས་མི་འདའ་ཡང་། ཉམས་སུ་ལེན་ལུགས་ལ་ཁྱད་པར་འདི་ཡོད་དེ། སྡུག་བདེན་འཁོར་བའི་སྣོད་བཅུད་འདི་རྣམས་ལ། གནས་ལུགས་དང་སྣང་ལུགས་གཉིས་སུ་ཕྱེ་ནས། གནས་ལུགས་ཀྱི་ངོས་ནས་འཇལ་ན་སྣ་ཚོགས་སུ་སྣང་བ་འདི་རྣམས་ཀྱི་རང་བཞིན་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སྣང་སྟོང་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་བཞུགས་པས་གཞི་ལྷུན་གྲུབ་ཀྱི་སངས་རྒྱས་ཞེས་བྱ་སྟེ། དཔེ འདམ་རྫབ་ཀྱི་ནང་གི་ནོར་བུ་བཞིན་དུ་རང་ངོ་རྣམ་དག་ཏུ་ཡོད་ཅིང་། སྡུག་བདེན་གྱི་རང་བཞིན་འགོག་བདེན་དུ་གནས་པས་འཁོར་འདས་དབྱེར་མེད་ཅེས་བྱའོ། །དེ་ཉིད་གཞི་རྒྱུད་དམ་སྦྱང་གཞི་ཡིན་ནོ། །དེ་ལྟར་རྟོགས་པ་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའམ། གྲུབ་མཐའ་ཟེར་བ་ཡིན་ནོ། །སྣང་ལུགས་ཀྱི་ངོས་ནས་འཇལ་ན་སོ་སོའི་སྐྱེ་བོ་ཐ་མལ་རང་རྒྱུད་དུ་ཞེན་པའི་སྣང་བ་ལ་ཇི་ལྟར་སྣང་བའི་ཕྱི་ནང་གི་དངོས་པོ་འདི་རྣམས་ལ་མ་རྟོག་འཁྲུལ་བའི་སྣང་བ་ཟེར་ཏེ་སྦྱང་བྱ་ཡིན་ནོ། །དེ་ཉིད་སྡུག་བསྔལ་གྱི་བདེན་པར་བཞག་གོ། །ལས་ཉོན་ཀུན་འབྱུང་གི་བདེན་པ་ལ་ཡང་། རང་བཞིན་ཤེས་པས་ལམ་དུ་འགྲོ་ཚུལ་དང་། རང་གར་ཤོར་བས་ཀུན་འབྱུང་དུ་འགྲོ་ཚུལ་གཉིས་ལས། ལམ་དུ་འགྲོ་ཚུལ་ནི་ཉོན་མོངས་གང་སྐྱེས་ཀྱང་དགག་སྒྲུབ་མེད་པར་ཁོ་རང་གི་ཐོག་ཏུ་གློད་ནས་བཞག་པས་རྩལ་གཞི་ཐོག་ཏུ་གྲོལ་བ་ཆབ་རོམ་ཆུར་ཞུ་བའམ། རླབས་རྒྱ་མཚོར་ཐིམ་པ་བཞིན་ཉོན་མོངས་པ་ཁོ་རང་གི་ངོ་བོ་སྤྲོས་བྲལ་གཉུག་མའི་ཡེ་ཤེས་སུ་ལྷང་ངེར་འཆར། དེ་ཙ་ན་གཉེན་པོ་གཞན་མ་དགོས་པར་ཉོན་མོངས་ཉིད་ཡེ་ཤེས་སུ་ཤར་བས་ཀུན་འབྱུང་ལམ་བདེན་དུ་སོང་བས་ཉོན་མོངས་པ་ལམ་དུ་བྱེད་པ་ཞེས་བྱའོ། །ལུས་ངག་གི་ལས་རྣམས་ཀྱང་ངོ་བོ་ལུང་མ་བསྟན་ཡིན་ཅིང་། དེ་དགེ་སྡིག་ཏུ་སྒྱུར་བའི་བྱེད་པ་པོ་སེམས་ཡིན་པས། སེམས་ཉིད་གཟུང་འཛིན་ཨ་འཐས་སུ་མ་ཞེན་པར་གང་ཤར་གྱི་ངོ་བོ་མ་བཅོས་ཆོས་ཉིད་སྟོང་པའི་རང་འགྲོས་ཀྱི་ངང་དུ་གྲོལ་བ་ཤེས་རབ་དང་། སྦྱོར་བ་སེམས་བསྐྱེད་ཁྱད་པར་ཅན་དང་། དངོས་གཞི་ལྷ་སྔགས་ཏིང་ངེ་འཛིན་གྱི་བྱེད་པས་ཐ་མལ་གྱི་སྣང་ཞེན་དག་སྣང་དུ་འཆར་བ། རྗེས་སུ་ཚོགས་གཉིས་རྫོགས་པའི་ཉེ་ལམ་དུ་སོང་བ་ནི་ཐབས་ཏེ། ཐབས་ཤེས་ཁྱད་པར་ཅན་དེ་ལྟ་བུས་ཟིན་ན་ལས་ཀྱང་ལམ་དུ་འགྲོ་བའོ། །རང་གར་ཤོར་བས་ཀུན་འབྱུང་དུ་འགྲོ་ཚུལ་ནི། ཐབས་ཤེས་ཁྱད་པར་བ་དང་བྲལ་ནས་བསམ་སྦྱོར་གཉིས་ཀ་ཐ་མལ་རང་རྒྱུད་དུ་ཤོར་ན་ལས་བསགས་ནས་འཁོར་བ་མཐའ་མེད་དུ་འཕེན་པས་ཀུན་འབྱུང་གི་བདེན་པར་འགྲོ་བ་ཡིན་ནོ། །དེས་ན་རྡོ་རྗེ་ཐེག་པའི་ལམ་གནད་ཇི་ལྟ་བ་བཞིན་ཤེས་ནས་རྟོགས་གོམས་ཀྱི་གདེངས་དང་ལྡན་ན་སྡུག་བདེན་གྱི་རང་བཞིན་འགོག་བདེན་དུ་ཤེས་ནས་ཀུན་འབྱུང་ལམ་བདེན་དུ་འཁྱེར་ནུས་པས། འཁོར་བའི་རྒྱུ་འབྲས་མྱང་འདས་ཀྱི་རྒྱུ་འབྲས་སུ་འགྱུར་ཏེ་སྤང་བྱ་གཉེན་པོར་སོང་ནས་འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་མངོན་དུ་འགྱུར་རོ། །ཞེས་གསུངས་སོ། །

༈ དཔལ་སྤྲུལ་རིན་པོ་ཆེའི་བླ་མ་རྒྱངས་འབོད་དང་འགྲེལ་བ་ལས། དབྱིངས་རིག་དབྱེར་མེད་སངས་རྒྱས་དགོངས་པ་ཡི་མཐར་ཐུག །དག་ཆེན་དབྱིངས་དེ་དམ་ཆོས་རྒྱ་མཚོ་ཡི་བརྗོད་བྱ། །དགོངས་པ་དེ་རྟོགས་འཕགས་པའི་དགེ་འདུན་དུ་བཞུགས་པ། །དཀོན་མཆོག་གསུམ་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། །ཆོས་ཟད་དགོངས་པ་ཆོས་སྐུའི་སངས་རྒྱས་ཀྱི་ངོ་བོ། །ཚད་ཕེབས་རིག་གདངས་ལོངས་སྐུའི་དཀྱིལ་འཁོར་གྱི་འཆར་གཞི། །མངོན་སུམ་གོང་འཕེལ་སྤྲུལ་སྐུའི་སྣང་བ་ལ་རོལ་པའི། །སྐུ་གསུམ་དབྱེར་མེད་རྩ་བའི་བླ་མ་དེ་མཁྱེན་ནོ། །ཐབས་མཁས་རྣམ་རོལ་དུས་གསུམ་བླ་མ་ཀུན་དབྱེར་མེད། །ཟུང་འཇུག་ཀློང་ན་དཀྱིལ་འཁོར་རྒྱ་མཚོ་ཡི་ཁྱབ་བདག །ཆོས་ཉིད་མཁའ་ལ་དགོངས་པའི་རྩལ་ཤུགས་ཀྱིས་འགྲོ་བའི། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་དེ་མཁྱེན་ནོ། །ཞེས་དང་། དབྱིངས་སྟོང་པ་ཀ་དག་གི་ངོ་བོ་དང་རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡུལ་དང་ཡུལ་ཅན་གཉིས་མེད་ཆུ་ལ་ཆུ་བཞག་པ་ལྟར་འདྲེས་པའི་དབྱེར་མེད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡིན་ཅིང་། དག་པ་ཆེན་པོའི་དབྱིངས་དེ་དམ་པའི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བརྗོད་བྱའི་དོན་མཐར་ཐུག་པ་ཡིན་ལ། དབྱིངས་རིག་དབྱེར་མེད་དག་པ་ཆེན་པོའི་དབྱིངས་དེ་ནི་སངས་རྒྱས་དང་ཆོས་གཉིས་ཀ་ཡིན་ལ། དགོངས་པ་དེ་རྟོགས་པ་ནི་འཕགས་པའི་དགེ་འདུན་ཡང་ཡིན་ཏེ། རྒྱུད་བླ་མ་ལས། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་པ་ལྟར་མཆོག་གསུམ་ངོ་བོ་གཅིག་པའི་དགོངས་པ་དང་ལྡན་པས་ན། བླ་མ་ནི་དཀོན་མཆོག་གསུམ་ཀ་འདུས་པའི་བདག་ཉིད་ཡིན་ལ། ཡོན་ཏན་མཛོད་ལས། རྒྱུ་ཡི་ཡུལ་ནི་དཀོན་མཆོག་རྣམ་པ་གསུམ། །སྔགས་སུ་དེ་ཡི་ངོ་བོ་བླ་མར་འདུས། །ཞེས་པ་ལྟར་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་ཀྱང་བླ་མ་ཡིན་ནོ། །སྤྱིར་འོད་གསལ་གྱི་སྣང་བཞི་ལ། ཐོད་རྒལ་དུ་ལུགས་འབྱུང་དང་། ཁྲེགས ཆོད་དུ་ལུགས་ལྡོག་གཉིས་དང་། རྫོགས་པ་ཆེན་པོའི་ལུགས་སུ་སྐུ་གསུམ་ལམ་སྣང་དུ་བཞེད་པ་ལའང་། རང་སྣང་ཡེ་ཤེས་ཀྱི་ལམ་དུ་ལུགས་ལྡོག་དང་། གཞན་སྣང་ཐུགས་རྗེའི་ངོས་ནས་ལུགས་འབྱུང་གཉིས་ལས། འདིར་ཕྱི་མ་གཉིས་ལྟར་བཤད་ན། སྤྲོས་བྲལ་རིག་པའི་ཡེ་ཤེས་ཆོས་ཉིད་ཟད་པའི་དགོངས་པ་རང་གནས་ཀ་དག་གི་ག ནས་ལུགས་ཡེ་ཇི་བཞིན་པའི་རྟོགས་པ་ནི་ཆོས་སྐུའི་ཡེ་ཤེས་ཡིན་ལ། དེ་ཉིད་བསྒོམ་མེད་ངང་གནས་ཀྱིས་བསྒོམས་པས་ཚད་ལ་ཕེབས་ཏེ་རིག་གདངས་ཡེ་ཤེས་ཀྱི་རྣམ་རོལ་ལྷག་པར་རྒྱས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་བཞིའི་ངོ་བོ་ཡིན་པས་ལོངས་སྐུའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་ཡིན། རྟོགས་པ་མངོན་སུམ་གྱི་ཡེ་ཤེས་དེ་ཉིད་ཐུགས་རྗེའི་རྩལ་རྫོགས་ཏེ། ཅིར་སྣང་ཡེ་ཤེས་ཀྱི་ངང་ལས་མི་འདའ་བཞིན་དུ་སངས་རྒྱས་ཀྱི་མཛད་པས་འགྲོ་བ་འདུལ་བ་ཇི་ལྟ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་སྐུའི་སྣང་བ་ཡིན་ལ། དེས་ན་བླ་མ་དམ་པ་ནི་ཁྲེགས་ཆོད་ཀྱི་ལམ་ནས་སྣང་བཞི་ལུགས་ལྡོག་ཏུ་རྫོགས་པའང་ཡིན་ལ། གཞན་སྣང་ཐུགས་རྗེའི་ལམ་དུ་སྐུ་གསུམ་ལུགས་འབྱུང་དུ་འཆར་བའི་དགོངས་སྤྱོད་ལ་གནས་པའང་ཡིན་པས་སྐུ་གསུམ་དབྱེར་མེད་པའི་ངོ་བོ་ཡིན་ནོ། །དུས་གསུམ་དུ་གཤེགས་ཤིང་བྱོན་པའི་བླ་མ། དགེ་བའི་བཤེས་གཉེན་འགྲོ་བའི་ལམ་སྟོན་དུ་བྱོན་པ་ཐམས་ཅད་ཀྱང་གནས་སྐབས་གདུལ་བྱ་འདུལ་ཚུལ་དང་བསྟུན་པ་སྐུའི་རྣམ་རོལ་དུ་མར་བསྟན་པ་ཡང་ངོ་བོ་དབྱེར་མེད་པ་ཡིན་ཏེ། དཔེར་ན་ཟླ་བའི་ངོ་བོ་གཅིག་ཉིད་ཚེས་ཀྱི་དབང་གིས་ཆེ་ཆུང་མི་འདྲ་བ་དུ་མར་ཡང་ཡང་འཆར་བ་བཞིན་ནོ། །ཟུང་འཇུག་གི་ཡེ་ཤེས་ཀྱི་ཀློང་ན་ཁྱབ་བྱ་ཡི་དམ་གྱི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་ཁྱབ་བྱེད་རིགས་ཀྱི་བདག་པོའང་བླ་མ་ཉིད་ཡིན་ཏེ། གཞིའི་ངོས་ནས་ཀྱང་རང་བཞིན་དབྱེར་མེད་པ་ཡིན་ལ། ལམ་རྣལ་འབྱོར་པས་བསྐྱེད་རྫོགས་ཉམས་སུ་ལེན་པའི་གནས་སྐབས་ན་ཡང་། ཡི་དམ་དཀྱིལ་འཁོར་གྱི་འཁོར་ལོ་ཇི་སྙེད་པ་ཡང་བླ་མའི་རྣམ་རོལ་དུ་ཤེས་དགོས་པའི་ཕྱིར་རོ། །ཆོས་ཉིད་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ནི་ནང་དབྱིངས་དོན་གྱི་ནམ་མཁའ་ཡིན་ལ། དབྱིངས་དེའི་ཆོས་ཉིད་དགོངས་པའི་རྩལ་གྱིས་མངོན་དུ་མཛད་པ་ནི་ཆོས་ཉིད་ཀྱི་མཁའ་ལ་འགྲོ་བའི་དོན་ཏེ། དེས་ན་རྩ་བ་གསུམ་དབྱེར་མེད་པའི་བདག་ཉིད་ཀྱང་བླ་མ་ཉིད་ཡིན་ནོ། །ཞེས་གསུངས་སོ། །

༈ བདག་ཅག་གི་སྟོན་པས་ཀྱང་ཆོས་ཚིག་བཞི་རེའི་ཕྱིར་སོགས་ཀྱི་སྐབས། སྔོན་གྱི་ཚེ་བཅོམ་ལྡན་འདས་འཛམ་བུའི་གླིང་འདིར་རྒྱལ་པོ་ཀན་ཤི་ནི་པ་ལི་ཞེས་བྱ་བར་གྱུར་པའི་ཚེ། བྲམ་ཟེ་ལེའུ་དུ་ཙི་བྱ་བ་ལ་ཆོས་ཉན་འདོད་པ་ན། བྲམ་ཟེས་སྨྲས་པ། གལ་ཏེ་ཆོས་ཐོབ་འདོད་ན། རྒྱལ་པོ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ་མཆོད་པ་བྱེད་ནུས་ན་སྟོན་ནོ་ཞེས་སྨྲས་སོ། །རྒྱལ་པོ་དགའ་ནས། རང་གི་ལུས་ཕུག་ཏུ་བཅུག་སྟེ་མར་མེའི་སྙིང་པོ་སྣུ མ་གྱིས་བསྐུས་པ་སྟོང་བྱས་ནས། རྒྱལ་པོས་བྲམ་ཟེ་ལ་བདག་ལ་ཆོས་སྟོན་ཅིག་སྨྲས་པ་དང་། བྲམ་ཟེས་སྨྲས་པ། རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུ་བ་ཡོད་ན་བྲལ་བར་འོང་། སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་པ་འདི་སྨྲས་སོ། །རྒྱལ་པོ་དེ་དགའ་བཞིན་དུ་ུཕྱིས་མངོན་པར་སངས་རྒྱས་པ་ན་ཡེ་ཤེས་ཀྱི་འོད་ཀྱིས་གཏི་མུག་གིས་མདོངས་པ་རྣམས་ཤིན་ཏུ་སྣང་བར་གྱུར་ཅིག་ཅེས་དམ་བཅས་མ་ཐག་ཏུ། འཇིག་རྟེན་གྱི་ཁམས་རབ་ཏུ་གཡོས། མེ་ཏོག་གི་ཆར་ཀྱང་བབས་སོ། །བརྒྱ་བྱིན་གྱིས་བསྔགས་པ་བརྗོད། རྒྱལ་པོས་བདེན་ཚིག་བརྗོད་ནས་ལུས་སྔ་མ་བཞིན་དུ་སོས་སོ། །ཡང་སྔོན་གྱི་ཚེ་བཅོམ་ལྡན་འདས་འདི་ཉིད་བྲམ་ཟེའི་ཁྱེའུ་ཆོས་འདོད་ཅེས་བྱ་བར་གྱུར་པ་ན། བྲམ་ཟེ་ཞིག་དེ་ལ་ཕྲག་དོག་སྐྱེས་ཏེ་ཁྱོད་མེའི་དོང་དུ་མཆོང་ནུས་ན་བདག་གིས་ལེགས་པར་བཤད་པ་བསྒྲག་པར་བྱའོ། །ཞེས་སྨྲས་པ་ལ་དགའ་ནས་མེ་དོང་སྟ་གོན་བྱས་ཏེ་བྲམ་ཟེ་ལ་ཆོས་བསྒྲགས་པར་གསོལ་བ་བཏབ་པ་ན། བྲམ་ཟེ་དེས། སྦྱིན་པ་ལ་ནི་རྟག་ཏུ་དགའ་བར་གྱིས། །རྟག་ཏུ་ཚུལ་ཁྲིམས་ཡོངས་སུ་རྫོགས་པར་སྤྱོད། །བརྩོན་འགྲུས་མཆོག་གི་གནས་ནི་བརྩམ་པར་གྱིས། །ཤེས་རབ་ཀྱིས་ནི་ཆོས་མཆོག་དམ་པ་ཐོབ། །ཅེས་སྨྲས་པ་ལེགས་པར་བཟུངས་ཏེ། མེ་དོང་དུ་མཆོང་བས་མེ་ཤི་སྟེ། པདྨའི་རྫིང་བུར་གྱུར་པའི་པདྨའི་སྟེང་དུ་འདུག་ནས་ཚངས་སྤྱོད་ཡོན་ཏན་བཞི་ལྡན་གྱི་ཆོས་བསྟན་ཏོ། །འཕགས་པའི་ལམ་འདི་ནི་གཞན་མུ་སྟེགས་སོགས་དང་མ་འདྲེས་པ་དང་། ཁམས་གསུམ་གྱི་ཉོན་མོངས་མཐའ་དག་སྤང་བས་སྤང་བ་ཡོངས་སུ་རྫོགས་པ་དང་། ལམ་དེ་རྣམ་པར་ད ག་པ་ཟག་མེད་ཀྱི་རང་བཞིན་ཡིན་པས་ཡོངས་སུ་དག་པ་དང་། གློ་བུར་གྱི་དྲི་མ་བསལ་ནས་སེམས་ཟག་མེད་ཀྱི་རང་བཞིན་དུ་བྱེད་པས་ཡོངས་སུ་བྱང་བ་སྟེ། དེ་ཡང་ཚངས་པ་ནི་མྱང་འདས་དང་། དེ་ཐོབ་བྱེད་ཀྱི་ལམ་ལ་ཚངས་པར་སྤྱོད་པ་ཞེས་ཚངས་སྤྱོད་ཡོན་ཏན་བཞི་ལྡན་དུ་འདོད་དོ། །མཆན། བྲམ་ཟེ་དེ་ནི་ལུས་ཐམས་ཅད་ལ་མེ་འབར་ཏེ་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བ་ལ། ཆོས་འདོད་ཀྱིས་སྨྲས་པ། སློབ་དཔོན་མ་བསྙེངས་ཤིག །བདག་གིས་ཁྱོད་བསྐྱབ་པར་བྱའོ་ཞེས་སྨྲས་ནས། བྲམ་ཟེ་དེ་དམྱལ་བ་ལས་ཐར་བར་བྱས་སོ། ༈ །སྔོན་གྱི་ཚེ་འཛམ་གླིང་འདིར་རྒྱལ་པོ་ཚངས་པའི་ལྷ་ཞེས་པའི་བུ་རྒྱལ་ཚབ་ད་མ་གམ་ཞེས་བྱ་བར་བཅོམ་ལྡན་འདས་ཉིད་སྐྱེ་བ་བཞེས་ཏེ། དེས་དམ་པའི་ཆོས་ཕྱོགས་ཀུན་ཏུ་བཙལ་ཀྱང་མ་རྙེད་པས་ཡི་མུག་པ་ལ། ལྷ་དབང་བརྒྱ་བྱིན་བྲམ་ཟེ་ཞིག་ཏུ་སྤྲུལ་ཏེ་རྒྱལ་པོའི་ཕོ་བྲང་གི་སྒོར་སྡོད་ཅིང་ཆོས་ཡོད་དོ། །ཞེས་སྨྲས་པ་དང་། དེས་ཆོས་སྟོན་པ་ལ་ཅི་བཞེད་པ་གཏོང་བར་ཁས་བླངས་པ་ལ། མེའི་དོང་ཟབས་སུ་ཁྲུ་བཅུ་པའི་ནང་མེ་མུར་གྱིས་བཀང་ལ་དེའི་ནང་དུ་མཆོངས་ཏེ་མཆོད་པ་བྱས་ན་ཆོས་སྟོན་ཏོ་ཞེས་སྨྲས་པ་དེ་བཞིན་དུ་ཁས་བླངས་ཏེ་མེ་དོང་ཆེན་པོ་བྱས་སོ། །དེ་ནས་རྒྱལ་བུ་མེ་དོང་གི་ཁར་འགྲེང་ནས་བྲམ་ཟེ་ལ་སྨྲས་པ། སྟོན་པ་ཆེན་པོ་བདག་ལ་སྔར་དམ་པའི་ཆོས་སྟོན་ཅིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་མི་ཐོས་སོ། །ཞེས་གསོལ་བ་དང་། བྲམ་ཟེ་དེས་ཚིག་བཅད་འདི་སྨྲས་སོ། །བྱམས་པའི་སེམས་ནི་གོམས་པར་བྱ། །ཞེ་སྡང་ཁྲོ་བའི་འདུ་ཤེས་སྤངས། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབས། །ཀུན་ལ་སྙིང་བརྩེས་མཆི་མ་གཟགས། །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལའང་བདག་དང་མཐུན་པའི་ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབ་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཞེས་འདི་སྨྲས་མ་ཐག་ཏུ་མེ་དོང་དུ་མཆོངས་སོ། །མེ་དོང་དེ་ཡང་མེ་ཏོག་གི་རྫིང་བུར་གྱུར་ཏེ་རྒྱལ་བུ་དེ་པདྨའི་སྟེང་དུ་འདུག་པ་ལ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་ཙམ་དུ་ཕབས་སོ། ། ༈ ཡང་སྔོན་འཛམ་གླིང་འདིར་བཅོམ་ལྡན་འདས་ཉིད་རྒྱལ་པོ་ཆེན་པོ་བྱི་ལིང་གར་ལི་ཞེས་བྱ་བར་གྱུར་པས། དམ་པའི་ཆོས་སྟོན་པ་བཙལ་བ་ན། བྲམ་ཟེ་ལེའུ་དུ་ཆ་ཞེས་བྱ་བས་ཁྱོད་ཀྱི་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་ན་ཆོས་སྦྱིན་ནོ་ཞེས་སྨྲས་པ་བཞིན་ཁས་བླངས་པ་དང་། བྲམ་ཟེ་དེས། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་པས་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ཡིན། །ཞེས་སྨྲས་པ་ལ་མགུ་ཞིང་ལུས་ལ་ལྕགས་གཟེར་སྟོང་བཏབ་པའོ། །དེ་ནས་བདེན་ཚིག་བརྗོད་པས་ལུས་སྔ་མ་བཞིན་གྱུར་ཏོ། །

༈ དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་སོགས་ཀྱི་སྐབས། དྲང་ངེས་ཀྱི་ཁྱད་པར་ནི། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྟོན་པ་ངེས་དོན། སེམས་ཅན་གང་ཟག་དང་སྐྱེས་བུ་ལ་སོགས་པར་སྟོན་པ་ནི་དྲང་དོན། དྲང་ངེས་ཀྱི་མཚན་ཉིད་མི་འདྲ་བ་བརྒྱད་ནི། ཇི་སྐད་དུ། ལམ་ལ་འཇུག་པ་དྲང་དོན་དང་། །འབྲས་བུ་ལ་འཇུག་ངེས་པའི་དོན།། ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང་། །དོན་དམ་སྒྲུབ་བྱེད་ངེས་པའི་དོན། །ལས་ཀྱི་བྱ་བ་ལ་འཇུག་དྲང་། །ལས་དང་ཉོན་མོངས་ཟད་སྟོན་ངེས། །ཀུན་ནས་ཉོན་མོངས་བསྟན་པ་དྲང་། །རྣམ་བྱང་བསྟན་པ་ངེས་པའི་དོན། །འཁོར་བར་སྐྱེ་བྱེད་དྲང་དོན་ལ། །འཁོར་འདས་གཉིས་མེད་ངེས་པའི་དོན། །ཚིག་འབྲུ་སྣ་ཚོགས་སྟོན་པ་དྲང་། །ཟབ་ཅིང་བརྟགས་དཀའ་ངེས་པའི་དོན། །ཚིག་མང་སེམས་ཅན་མགུ་བྱེད་དྲང་། །ཚིག་ཉུང་བཟུང་བདེ་ངེས་པའི་དོན། །བདག་སོགས་གཙོར་བཤད་དྲང་བའི་དོན། །བདག་མེད་བསྟན་པ་ངེས་པའི་དོན། །ཞེས་སོ། །ལྡེམ་པོར་དགོངས་པ་ཞེས་ཕལ་ཆེར་སྒྲ་ཇི་བཞིན་དུ་བཟུང་བྱ་མ་ཡིན་པར་རྣམ་པ་གཞན་དུ་འཁྱོགས་པོར་བསྒྱུར་བའི་ཚུལ་ཅན་བཞི་ནི། གཞུག་པ་ལྡེམ་པོར་དགོངས་པ་ཉན་ཐོས་པ་བསྟན་པ་ལ་རིམ་གྱིས་གཞུག་པའི་ཕྱིར། གང་ཟག་གི་བདག་མེད་ཀྱི་གཟུགས་སོགས་ཀྱི་ཆོས་ཡོད་པར་གསུངས་པ་ནི། གཟུགས་ཡོད་དོ་ཞེས་སྨོས་པས། ཉན་པ་པོས་དོན་ལ་གྲུབ་པར་གོ་ནས་འཇུག་ལ། འཆད་པ་པོས་སྣང་ཚོད་ལ་རྨི་ལམ་ལྟར་ཡོད་པ་ལ་དགོངས་པ་བཞིན་ནོ། །མཚན་ཉིད་ལྡེམ་པོར་དགོངས་པ་ནི། མཚན་ཉིད་གསུམ་ལ་དགོངས་ནས་སམ། དོན་དམ་པ་ལ་དགོངས་ནས་ངོ་བོ་ཉིད་མེད་པ་དང་གདོད་ནས་མྱ་ངན་ལས་འདས་པ་སོགས་སུ་གསུངས་པ་ལྟ་བུའོ། །དེའང་ཀུན་བརྟགས་ལ་མཚན་ཉིད་ངོ་བོ་ཉིད་མེད་དེ་དོན་དུ་ངེས་པར་མ་གྲུབ་པའི་ཕྱིར་རོ། །གཞན་དབང་ལ་སྐྱེ་བ་ངོ་བོ་ཉིད་མེད་དེ་མུ་བཞི་ལས་སྐྱེ་བ་མ་གྲུབ་པའི་ཕྱིར་རོ། །ཡོངས་གྲུབ་ལ་དོན་དམ་པའི་ངོ་བོ་ཉིད་མེད་དེ། །དོན་དམ་པ་ཡིན་ཞིང་བདག་ཉིད་ལ་མ་དག་པ་ལ་སོགས་པ་སྤྲོས་པའི་ངོ་བོ་མེད་པའི་ཕྱིར་རོ། །གཉེན་པོར་ལྡེམ་པོར་དགོངས་པ་ནི། གདུལ་བྱ་གང་གི་རྒྱུད་ཀྱི་སྤང་བྱ་བསལ་བའི་ཕྱིར་བརྗོད་པ་སྟེ། ཇི་ལྟར་ཚེ་ལོ་བརྒྱ་པའི་དུས་སུ་བྱོན་པའི་ཤཱཀྱའི་རྒྱལ་པོ་ནི་སྐུ་ཚད་ཆུང་ཞིང་སྐུ་ཚེ་ཡང་བརྒྱད་ཅུ་ལས་མ་བཞུགས་པ་དང་། སྣོད་ཀྱི་ཞིང་ཡང་མ་དག་ལ་གདུལ་བྱ་སེམས་ཅན་རྣམས་ཀྱང་སྙིགས་མ་ལྔ་དང་ལྡན་པའོ། །སངས་རྒྱས་རྣམ་གཟིགས་སོགས་དུས་བཟང་བསྐལ་པ་རྫོགས་ལྡན་གྱི་དུས་སུ་བྱོན་པས་དེ་དག་ནི་མཆོག་ལ། བདག་ཅག་གི་སྟོན་པ་ནི་དེ་ལས་དམན་ནོ་སྙམ་དུ་སངས་རྒྱས་ལ་བརྙེས་པའི་གཉེན་པོར་ང་དེའི་ཚེ་དེའི་དུས་ན་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུའོ། །ཉན་པ་པོས་རྣམ་གཟིགས་ཀྱང་སྟོན་པ་ཉིད་ཡིན་ནོ་སྙམ་དུ་མཆོག་དམན་མེད་པར་འཛིན་ཞིང་། འཆད་པ་པོས། ཚོགས་རྫོགས་པར་མཉམ། ཆོས་སྐུ་ཐོབ་པར་མཉམ། འགྲོ་དོན་མཛད་པར་མཉམ་པ་གསུམ་ལ་དགོངས་པའོ། །མཛོད་ལས། སངས་རྒྱས་ཐམས་ཅད་ཚོགས་དང་ནི། །ཆོས་སྐུ་འགྲོ་བའི་དོན་སྤྱོད་པ། །མཉམ་པ་ཉིད་དེ་སྐུ་ཚེ་དང་། །རིགས་དང་སྐུ་བོང་ཚད་ཀྱིས་མིན། །ཞེས་པ་ལྟར་རོ། །བསྒྱུར་བ་ལྡེམ་པོར་དགོངས་པ་ནི། མུ་སྟེགས་སོགས་ཁ་ཅིག་གིས་སངས་རྒྱས་ཀྱི་གསུང་རབ་རྟོགས་པར་སླའོ་ཞེས་དམན་པར་འཛིན་པ་སོགས་ལྡོག་པའི་ཆེད་དུ་བརྡ་གཞན་དུ་བསྒྱུར་བས་ཤིན་ཏུ་རྟོགས་པར་དཀའ་བར་བསྟན་པ་རྣམས་ཏེ་དཔེར་ན། སྙིང་པོ་མེད་ལ་སྙིང་པོར་ཤེས། །ཕྱིན་ཅི་ལོག་ལ་རབ་ཏུ་གནས། །ཉོན་མོངས་པས་ནི་རབ་ཉོན་མོངས། །བྱང་ཆུབ་དམ་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟ་བུ་སྟེ། འདི་ཅི་ལ་དགོངས་པའི་དོན་བཤད་ན། སེམས་རྣམ་གཡེང་སྙིང་པོ་ཡིན་ལ་དེ་མེད་པ་ལ་སྙིང་པོར་ཤེས་པ། གཙང་བདེ་རྟག་བདག་ཏུ་རྟོག་པ་བཞི་ནི་དངོས་པོ་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ལ། དེ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ནི། མི་རྟག་སྡུག་བསྔལ་མི་གཙང་བདག་མེད་པ་ཡིན་ལ། དེ་རྟོགས་པའི་སྒོ་ནས་ལེགས་པར་གནས་པ་དང་། གཞན་དོན་དཀའ་སྤྱད་ཡུན་རིང་པོའི་ཉོན་མོངས་པས་ནི་རབ་ཏུ་ཉོན་མོངས་པར་བྱས་པ་དེས་བྱང་ཆུབ་དམ་པ་འཐོབ་པར་འགྱུར་རོ། །ཞེས་པ་ལྟ་བུ་དང་། ཆེད་དུ་བརྗོད་པའི་ཚོམས་ལས་ཀྱང་། ཕ་དང་མ་ནི་བསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་པ་ལྟ་བུ་སོགས་དེ་འདྲ་བའི་རིགས་ཐམས་ཅད་ལ་བསྒྱུར་བ་ལྡེམ་དགོངས་ཞེས་བྱའོ། །དགོངས་པ་བཞི་ལས། མཉམ་པ་ཉིད་ལ་དགོངས་ནས་སྟོན་པ་ཉིད་ཀྱིས་ང་དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་སུ་གྱུར་ཏོ་ཞེས་གསུངས་པ་དང་། དོན་གཞན་ལ་དགོངས་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་དང་གཟུགས་མེད། ཚོར་བ་མེད་ཞེས་སོགས་གསུངས་པ་ཐ་སྙད་ཙམ་དུ་ནི་མ་ཡིན་གྱི་དོན་དམ་པར་དགོངས་པའོ། །དུས་གཞན་ལ་དགོངས་པ་སངས་རྒྱས་གང་གི་མཚན་བཟུང་བ་ཙམ་གྱིས་དེའི་ཞིང་དུ་སྐྱེ་བར་གསུངས་པ་ཚེ་འདི་བརྗེས་མ་ཐག་ཏུ་སྐྱེ་བའི་ངེས་པ་མེད་ཀྱང་དུས་ནམ་ཞིག་སྐྱེ་ངེས་པ་ལ་དགོངས་པའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི་སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པའི་བསམ་པ་ཅན་ལ། སྦྱིན་པ་ལ་དམན་པར་བརྗོད་ཅིང་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུའོ། །དེ་ཡང་དོན་གྱིས་སྦྱིན་པ་ལས་ཚུལ་ཁྲིམས་འཕགས་པ་ཉིད་ཀྱང་ཡིན་ནོ། །དགོས་པ་ནི་རང་རང་གི་དོན་ཅན་ནོ། །དགོངས་པ་བརྒྱད་ལས། ༡ སངས་རྒྱས་ལ་མཆོག་དམན་དུ་བཟུང་ནས་བརྙས་པ་སྤང་ཕྱིར་གོང་དུ་བཤད་པ་ལྟར་ང་སངས་རྒྱས་རྣམ་གཟིགས་སུ་གྱུར་ཏོ་ཞེས་པ་ལྟ་བུ་དང་། ༢ ཆོས་ལ་བརྙས་ཏེ་བྲམ་ཟེ་རྣམས་ཀྱི་ཆོ་རིགས་འབྱེད་པའི་བྲམ་ཟེ་དང་རྒྱལ་རིགས་ལ་སོགས་རིགས་བཟང་བས་གདོལ་བ་སོགས་ཀྱིས་སྦྱང་བྱ་ཡིན་ལ་སངས་རྒྱས་ཀྱི་ཆོས་ནི་རིགས་ངན་གདོལ་བ་ཚུན་ཆད་ཀྱིས་སྤྱོད་དུ་རུང་བས་རྙེད་སླའོ་སྙམ་དུ་བརྙས་པའི་གཉེན་པོར། གངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་བསྙེན་བཀུར་བྱས་ན་གཟོད་ཐེག་པ་ཆེན་པོའི་ཆོས་ཁོང་དུ་ཆུད་པར་འགྱུར་ཞེས་ཚོགས་བསགས་པ་དེ་ལྟ་བུ་དང་མི་ལྡན་ན་རྟོགས་དཀའ་བར་བསྟན་པས་ཆོས་རྙེད་སླའོ་སྙམ་དུ་བརྙས་པ་སྤོང་བར་བྱེད་དོ། །༣ བདག་གིས་ལམ་ལ་སློབ་མི་ནུས་སྙམ་དུ་ལེ་ལོ་ཅན་གྱི་ཆེད་དུ་བདེ་བ་ཅན་དུ་སྨོན་ལམ་བཏབ་ན་དེར་སྐྱེ་བར་འགྱུར་ཞེས་དང་། དེ་བཞིན་གཤེགས་པ་དྲི་མ་མེད་པའི་ཟླ་བའི་མཚན་བཟུང་བ་ཙམ་གྱིས་བླ་མེད་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་དང་། གཟུངས་གང་ཞིག་བཀླག་པ་ཙམ་གྱིས་མཚམས་མེད་པ་ལྔའི་ལས་སོགས་དག་པར་གསུངས་པ་ལྟར་ལེ་ལོ་ཅན་དག་ཀྱང་། སྨོན་ལམ་དེ་ལྟ་བུ་འདེབས་པ་དང་། མཚན་འཛིན་པ་དང་། གཟུངས་བཀླག་པའི་སྒོ་ནས་དགེ་རྩ་བསགས་པའི་རྒྱུ་དེས་ནམ་ཞིག་ཇི་སྐད་གསུངས་པ་ལྟར་བདེ་བ་ཅན་དུ་སྐྱེ་བ་དང་འཚང་རྒྱ་བ་སོགས་སུ་ངེས་པར་འགྱུར་བ་དང་། རྒྱུ་དེ་ཙམ་ལ་བརྟེན་ནས་གོང་ནས་གོང་དུ་བརྩོན་པར་ཡང་འགྱུར་ལ་ལེ་ལོ་སྤོང་བར་བྱེད་དོ། །༤ དགེ་རྩ་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་དཔེར་ན་སྦྱིན་པ་ཁོ་ནས་ཆོག་འཛིན་ཅན་ལ། ཚུལ་ཁྲིམས་བསྔགས་ཤིང་སྦྱིན་པ་དེ་ལས་དམན་པའི་དོན་གྱིས་སྨད་པའི་རྣམ་པར་བསྟན་པ་དང་། འཇིག་རྟེན་པའི་དགེ་བ་ཟག་བཅས་ལས་ཟག་མེད་ཀྱི་ད གེ་བ་ཁྱད་པར་དུ་བསྔགས་པ་ལྟ་བུ་དང་། ༥ རིགས་གཟུགས་འབྱོར་བ་སོགས་ཀྱི་ང་རྒྱལ་ཅན་ལ་ཞིང་གཞན་དང་སངས་རྒྱས་དང་བྱང་སེམས་ཀྱི་སྐུ་ལ་བསྔགས་པ་བརྗོད་པས་རང་ལ་དམན་པར་འདུ་ཤེས་པར་མཛད་པ་དང་། ༦ ཟག་བཅས་ཀྱི་ཡུལ་འདོད་ཡོན་ལྔ་ལ་འདོད་ཆགས་པའི་གཉེན་པོར། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཀྱི་བདེ་བའི་ལོངས་སྤྱོད་ཚད་མེད་པ་འདི་དང་འདི་ལྟ་བུ་ཡོད་ཅེས་བསྔགས་པས་ཟག་བཅས་སྡུག་བསྔལ་གྱི་རང་བཞིན་འཁོར་བའི་འདོད་ཡོན་ལ་ངན་སྐྱུག་ལྟར་མཐོང་ནས་ཡིད་ངེས་པར་འབྱུང་བར་བྱེད་པ་དང་། ༧ སེམས་ཅན་ལ་ལས་ཡུལ་དམ་པ་ལ་གནོད་པ་སོགས་སྡིག་པའི་ལས་བྱས་ནས། ཕྱིས་དེ་དྲན་ནས་བདག་གིས་ཤིན་ཏུ་མི་རིགས་པ་ཞིག་བྱས་ཏེ་བདག་ངན་སོང་དུ་འགྲོ་བར་འགྱུར་རོ་སྙམ་དུ་འགྱོད་པས་སེམས་ད ཀྲུགས་ནས་དགེ་བ་ལ་ཚུལ་བཞིན་འཇུག་པའི་གེགས་སུ་གྱུར་པ་ལ། དེའི་གཉེན་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་གནོད་པ་བྱས་ན་ཡང་མཐོ་རིས་སུ་འགྲོ་ཞེས་གསུངས་པས་འགྱོད་པ་གཏོང་བར་བྱེད་དོ། །དེ་དག་ལ་གནོད་པ་བྱས་ན་ཡང་མཐོ་རིས་སུ་སྐྱེ་ན་ཕན་པ་བྱས་ན་ལྟ་ཅི་སྨོས་སྙམ་དུ་དད་ཅིང་དགེ་རྩ་རིམ་པར་འཕེལ་བར་བྱེད་དེ། སངས་རྒྱས་བྱང་སེམས་ལ་གནོད་པ་བྱས་པའི་འབྲས་བུ་སྡུག་བསྔལ་མྱོང་བ་ཡོད་མོད་ཀྱི། སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་གྱི་མཐུས་ནམ་ཞིག་མཐོ་རིས་སོགས་ཀྱི་བདེ་བར་འབྲེལ་བ་ལ་དགོངས་ནས་གཉེན་པོའི་ཕྱིར་དེ་སྐད་གསུངས་པའོ། །བྱང་སེམས་མ་ངེས་པའི་རིགས་ཅན་རྣམས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལས། ཕྱིས་ཉན་ཐོས་ལ་སོགས་པའི་བཤེས་གཉེན་གྱིས་ཉན་ཐོས་ཀྱི་ཐེག་པ་སྤྱོད་དུ་བཅུག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་བཏང་ན་ཐེག་པ་ཆེན་པོ་ལས་ལྡོག་པ་ཉིད་འདོད་པའི་གཉེན་པོར་ཉན་ཐོས་རྣམས་ཀྱང་མཐར་སངས་རྒྱས་འཐོབ་ཅེས་ཐེག་པ་གཅིག་ཏུ་བསྟན་པས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདའ་བར་འདོད་པ་རྣམས་ཀྱང་ཐེག་པ་ཆེན་པོ་ལ་གཞོལ་བར་བྱེད་དོ། ༈ །བོད་འདིར་ཨོ་རྒྱན་སངས་རྒྱས་གཉིས་པས་བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་ཀྱི་སྐབས། བདུད་མོ་ཆེན་མོ་བཞི་ནི། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །ཞེས་དང་། གནོད་སྦྱིན་ཆེན་མོ་བཞི་ནི། གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་དང་། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །ཞེས་དང་། སྨན་མོ་ཆེན་མོ་བཞི་ནི། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུགས་ཆོས་རྡོ་རྗེ་གཡར་མོ་གསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །ཞེས་གསུངས། དེ་དག་གི་ཆོ་རིགས་ནི། མངའ་རིས་པཎ་ཆེན་གྱི་ཟབ་གཏེར་སོགས་ནས་བསྟན་པ་ལྟར་བཤད་ན། ཕ་གནམ་གྱི་རྫི་སྐན་དང་། མ་ནག་མོ་བཞིན་མི་སྡུག་གི་བུ་མོ་བདུད་མོ་བཞི། ཕ་གནམ་གྱི་གློག་ཆེན་དང་། མ་དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་མོ་བཞི། ཕ་གནམ་གྱི་སྐྱ་འོད་དང་། མ་དཀར་ཤམ་བཞིན་བཟང་མའི་བུ་མོ་སྨན་མོ་བཞི། ཞེས་གསུངས། སྤྱིར་སློབ་དཔོན་ཆེན་པོ་བོད་ཡུལ་དུ་མ་བྱོན་པའི་གོང་ནས་གྲུབ་ཆེན་ནག་པོ་སྤྱོད་པ་སོགས་ལས་དབང་དང་གདམས་ངག་ནོད་དེ་རིམ་གཉིས་ཀྱི་ལམ་གྱིས་རྒྱུད་ཡོངས་སུ་དག་ཟིན་པར་མི་ལའི་མགུར་འབུམ་སོགས་ཀྱིས་ཤེས་པས། ཕྱིས་སུ་སློབ་དཔོན་རིན་པོ་ཆེར་ཐོ་བརྩམས་པ་སོགས་ནི་གུ་རུའི་ཆེ་བ་འདོན་པའི་ཆེད་ཙམ་མོ། །བྱེ་བྲག་སློབ་དཔོན་ཆེན་པོས། རྒྱ་བལ་གྱི་ས་མཚམས་ཨ་སུ་རའི་བྲག་ཕུག་ཏུ་མ་མོ་འདི་རྣམས་ཞིང་ལྤགས་ཀྱི་སྟན་ལ་བཀོད། ལག་དུ་རྡོ་རྗེ་གཏད། རྡོ་རྗེ་བོད་ཁམས་སྐྱོང་སོགས་རྡོ་རྗེའི་མིང་གིས་དབང་བསྐུར་ནས་བསིལ་ལྗོངས་འདིའི་སྣོད་བཅུད་གཉིས་ཀ་གཉེར་གཏད་མཛད་པ་ཡིན་ནོ། །སྨན་མོའམ་དཀར་མོ་རྣམས་ཤྭ་ན་མ། བདུད་མོའམ་ནག་མོ་བཞི་བདག་ཉིད་མ། གནོད་སྦྱིན་མོའམ་དམར་མོ་བཞི་བསེ་མོ་སྟེ་ཕུར་སྲུང་བཅུ་གཉིས་ཀྱང་འདི་དག་གོ། །ཞེས་གསུངས། བརྟན་མ་ཟེར་བའི་སྒྲ་བཤད་ལ། བརྟན་པ་སྣོད་ཀྱི་འཇིག་རྟེན་སྐྱོང་མ་ཞེས་པ་ར་བརྟན་གྱི་སྟེང་ནས་དང་། བོད་དུ་མུ་སྟེགས་མི་གཏོང་བར་རྒྱལ་བསྟན་སྲུང་བ་མོ་ཞེས་ས་བསྟན་གྱི་བཤད་ཚུལ་སོགས་འདི་དག་བློ་གསལ་དགའ་བའི་རོལ་མོ་ལས་གསུངས་པའོ། ༈ །བོད་གངས་ཅན་གྱི་ཡུལ་སོགས་ཀྱི་སྐབས། ཀོང་ཇོས་སྤོར་ཐང་བརྒྱད་ཅུ་སྐོར་གྱི་སྟེང་ནས་བརྩིས་པས། ཁ་བ་ཅན་གྱི་ཡུལ་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་ལྟ་བུར་འདུག་པ་ལས། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག །དམར་ལྕགས་ཀྱི་རི་འདི་སྙིང་གི་རུས་པའི་རྣམ་པར་འདུག་ནའང་། མཚོའི་སྟེང་དུ་ཤཱཀྱ་མུ་ནེ་བཞུགས་པ་དང་། རིའི་རྩེར་རྒྱལ་པོའི་ཕོ་བྲང་ཡོད་པས་ནོན་ཅིང་། དེ་དག་གི་མཐའ་སྐོར་ན་ས་དཔྱད་སྐྱོན་ཡོན་གཉིས་ལས། ཡོན་ཏན་ནི། ཤར་ན་མཆོད་སྡོང་བཙུགས་པ་འདྲ་བ། ལྷོ་ན་རིན་པོ་ཆེའི་མཆོད་རྟེན་འདྲ་བ། ནུབ་ན་མཉྫིའི་སྟེང་ན་དུང་ཕོར་བཞག་པ་འདྲ་བ། བྱང་ན་པདྨ་ཁ་ཕྱེ་བ་འདྲ་བ་སྟེ། ཁྱད་པར་དུ་འཕགས་པའི་རི་བཞི། དེའི་ནང་བསྐོར་དུ་ཉང་བྲན་འཕན་དཀར་གྱི་རི་ལ་གདུགས། མལ་གྲོང་གི་རི་ལ་ཉ། མདོངས་མཁར་གྱི་བྲག་ལ་པདྨ། གྲིབ་ཀྱི་འཁྱགས་རུམ་ལ་དུང་། རྫོང་བཙན་གྱི་རི་ལ་བུམ་པ། ཡུག་པའི་རི་ལ་དཔལ་བེའུ། འཕན་དཀར་གྱི་རི་ལ་རྒྱལ་མཚན། བྲང་ཕུའི་བྲག་ལ་འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད། ལྕགས་ཁ་རི། ཤུག་པ་གདོང་། ར་ཁ་གྲག །ཇོ་མོ་ཟེ་རྣམས་ལ་གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ། ཤར་ཀྱི་སྟག་དགའ་གདོང་འོག་མ། ལྷོའི་གཡུ་འབྲུག་གཙང་ཆབ། ནུབ་ཀྱི་བྱ་རྟི་བུ་གདོང་། བྱང་གི་རུས་སྦལ་ཕ་བོང་ཁ། མདོར་ན་གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་། ས་ལ་པདྨ་འདབ་བརྒྱད་དེ་གཙུག་ལག་ཁང་རྩིགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོད་ལ། འོན་ཀྱང་སྐྱོན་ནི། ཤར་བྱེ་མའི་རི་ལ་སྲིན་མོ་འདོམས་བཟེད་པ་ལྟ་བུ། ལྷོ་ན་སྡིག་པ་གཟན་ལ་རུབ་པ་འདྲ་བ། ནུབ་ཤུན་གྱི་བྲག་ལ་བདུད་བྱ་ར་བྱེད་པ་ལྟ་བུ། བྱང་ཉང་དོགས་ཀྱི་བར་ན་གླང་པོ་ཆེ་གཡུལ་དུ་ཞུགས་པ་ལྟ་བུའི་རི། ཤར་ལྷོའི་མཚམས་ན་བཙན་གྱི་རྒྱུ་ས། ལྷོ་ནུབ་མཚམས་ན་འདྲེའི་འདུ་ཕུང་། བྱང་ན་མ་མོའི་ཉལ་ས། གཞན་ཡང་སྐུམ་པ་རི་ལ་ཆུ་སྲིན་དྲེའུ་ཁྲིད་པ་འདྲ་བ། གནམ་སྒོ་བྱེ་བ་གནམ་རལ་གྲི་འདྲ་བ། ས་སྒོ་བྱེ་བ་ཕག་པའི་སྣ་འདྲ་བ་སོགས་ས་དཔྱད་ངན་པ་རྣམས་གནོན་པར་བྱེད་པའི་ཐབས་སུ། ཐོག་མར་རྒྱལ་པོ་ཡབ་ཡུམ་གསུམ་གྱིས་སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་སྒྲུབ་པ་མཛད་ནས། སྒྲུབ་པའི་རྟགས་ཐོན་པ་དང་། སྲིན་མོའི་ཡན་ལག་དང་སྲིན་ལག་གནོན་པར་བྱེད་པ་ལ། མཐའ་འདུལ་གྱི་ལྷ་ཁང་བཞི་ནི། གཡོ་རུ་ཁྲ་འབྲུག །གཡས་རུ་གཙང་འགྲམ། དབུས་རུ་ཀ་ཚལ། རུ་ལག་གྲམ་པ་རྒྱང་གི་ལྷ་ཁང་ངོ་། །ཡང་འདུལ་གྱི་ལྷ་ཁང་བཞི་ནི། ཀོང་པོ་བུ་ཆུ། ལྷོ་བྲག་མཁོ་མཐིང་། བྱམས་སྤྲིན་དགེ་རྒྱས། བྱང་པྲ་དུན་རྩེའོ། །རུ་གནོན་གྱི་གཙུག་ལག་ཁང་བཞི་ནི། ཁམས་ཀློང་ཐང་སྒྲོལ་མ། སྤ་གྲོ་སྐྱེར་ཆུ། ཚལ་རིགས་ཤེས་རབ་སྒྲོལ། ཚངས་པ་རླུང་གནོན་ནོ། །སྔར་བཤད་པའི་ཉེ་སྐོར་གྱི་སའི་དགྲ་ངན་པ་རྣམས་ལ་མཆོད་རྟེན། རྡོའི་སེང་གེ། དབང་ཕྱུག་གི་རྟེན། བྱ་ཁྱུང་། དུང་དཀར་སོགས་ཀྱིས་བཅོས། དེ་རྗེས་མཚོ་བསུབ་པའི་སྟེང་དུ་གཙུག་ལག་ཁང་བརྩིགས་ཏེ་སྟོན་པ་དགུང་ལོ་བརྒྱད་པའི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཤཱཀྱ་མུ་ནེ་སྟེ་རྒྱ་བལ་གྱི་ལྷ་རྣམས་བཞུགས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་། ཕྱིས་དབོན་སྲས་རྣམས་ཀྱི་རིང་ལའང་དགེ་འདུན་གྱི་སྡེ་དང་མདོ་རྒྱུད་ཀྱི་བཤད་སྒྲུབ་འཕེལ་རྒྱས་སུ་འབྱུང་བར་འདུག་གསུངས། ༈ ཕོ་བྲང་ཡུམ་བུ་བླ་སྒང་གི་རྩེར་ཟ་མ་ཏོག་གཅིག་བབ་པ་ཁ་ཕྱེ་བས་སྤང་སྐོང་ཕྱག་བརྒྱ་པ། ཙིནྟ་མ་ཎིའི་གཟུངས་ཀྱི་བསྐོས་ཕོར། མདོ་སྡེ་ཟ་མ་ཏོག ཡི་གེ་དྲུག་པ། གསེར་གྱི་མཆོད་རྟེན་རྣམས་བྱུང་ངོ་། །

༈ སད་མི་བདུན་ནི། དེའང་ཆོས་རྒྱལ་ཁྲི་སྲོང་གིས་འཕགས་ཡུལ་ནས་ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཤིང་མཁན་ཆེན་བྷོ་དྷི་ས་ཏྭས་མཁན་པོ་དང་། དཱ་ན་ཤཱི་ལ་དང་ཛི་ན་མི་ཏྲ་གཉིས་ཀྱིས་ལས་སློབ་དང་གསང་སྟོན། གཞན་བཅུ་པོས་ཁ་སྐོང་མཛད་ནས་རྦ་ཁྲི་གཟིགས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་མཚན་དཔལ་དབྱངས་དང་། དེ་ནས་རིམ་པར་རྦ་གསལ་སྣང་། པ་གོར་བཻ་རོ། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག །འཁོན་ཀླུ་དབང་། ལ་སུམ་རྒྱལ་བ་བྱང་ཆུབ་རྣམས་སོ། །

༈ ད་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་འདི་ལ་སོགས་ཀྱི་སྐབས། བསྟན་རྩིས་རབ་གསལ་མེ་ལོང་ལས། དེ་ཡང་མི་མཆོག་སངས་རྒྱས་ནས། །ཞེ་དྲུག་བར་དུ་ཐེག་གསུམ་ཆོས། །བསྟན་རྒྱས་ལྕགས་འབྲུག་ནག་པའི་ཉར། །དཔལ་ལྡན་འབྲས་སྤུང་མཆོད་རྟེན་དུ། །ཆོས་རྒྱལ་ཟླ་བཟང་འཁོར་བཅས་ལ། །རྩ་རྒྱུད་འདའ་ཁ་ཞལ་ཆེམས་ཚུལ། །བསྟན་རྗེས་ཕྱི་ཟླར་ཞི་དབྱིངས་མནལ། །ལོ་དེ་འདས་ལོའི་ཐོག་མར་བཟུང་། །དེས་ན་རབ་ཚེས་ས་བྱ་ཡན། །ཉིས་སྟོང་བདུན་བརྒྱ་དགུ་བཅུ་འདས། །དེ་ཕྱིར་འབྲས་དུས་གསུམ་རྫོགས་ནས། །ད་ལྟ་སྒྲུབ་པའི་དུས་གསུམ་ལས། །ཕྱི་མ་ཚུལ་ཁྲིམས་ལེའུ་ཡི། །ཉིས་བརྒྱ་དགུ་བཅུ་འདས་མཚམས་ཡིན།། མ་འོངས་ལྕགས་ཁྱིའི་ལོ་འདི་ནས། །གོང་ལྷག་ཉིས་བརྒྱ་བཅུ་དང་ནི། །ལུང་གི་ལྔ་བརྒྱ་ཕྲག་གསུམ་བཅས། །བསྟན་པ་རྣལ་མ་ཆིག་སྟོང་དང་། །བདུན་བརྒྱ་བཅུ་གནས་དེ་ཡི་སྟེང་། །རྟགས་ཙམ་འཛིན་པ་ལྔ་བརྒྱ་འོ། །དེ་ཡང་ད་ལྟའི་ལྕགས་ཁྱི་ནས། །བཞི་བརྒྱ་བཅུ་བདུན་རྫོགས་པའི་མཚམས། །རིག་ལྡན་དྲག་པོ་སེང་ཁྲིར་ཕེབས། །གོ་བརྒྱད་ཀླ་ཀློ་འདུལ་དུ་བྱོན། །དེས་ན་རབ་ཚེས་ལྕགས་ཁྱི་ནས། །ལྔ་བརྒྱ་བཅུ་བཞི་འདས་པའི་མཚམས། །རབ་བྱུང་ཉེར་བཞིའི་ནང་ཚན་གྱི། །ཤིང་སྤྲེལ་ལོ་ལ་དྲག་པོའི་དཔུང་། །འབྱུང་ངེས་འཇམ་མགོན་བླ་མས་བཞེད། །ཞེས་གསུངས། འཕགས་པ་བྱམས་པ་བྱོན་པར་ལུང་བསྟན་པའི་མདོ་ལས། ཕྱིར་མི་འོང་བ་དང་། ཕྱིར་འོང་བ་དང་། རྒྱུན་དུ་ཞུགས་པ་རྣམས་ཐོབ་པ་ཡོད་ཀྱི་བར་ནི་འབྲས་བུ་ཐོབ་པ་རྣམས་ནུབ་པར་མ་གྱུར་པ་ཡིན། ཞེས་དང་། ཚུལ་ཁྲིམས་ཀྱི་རྩ་བ་བཞི་ཙམ་བསྲུང་བའི་དགེ་སློང་སྟོང་ཕྲག་གཅིག་གམ། བརྒྱ་ཕྲག་གཅིག་ཙམ་ཡོད་ཀྱི་བར་ནི། སྒྲུབ་པ་ལ་གནས་པ་མ་ནུབ་པར་གྱུར་པ་ཡིན། ཞེས་དང་། ཇི་སྲིད་རྐང་པ་བཞི་པའི་ཚིགས་སུ་བཅད་པ་གཅིག་འཆད་པའི་མི་ཡོད་ཀྱི་བར་ནི། ལུང་གི་ཆོས་ནུབ་པར་མ་གྱུར་པ་ཡིན་ནོ། །ཞེས་གསུངས་སོ། །ཆོས་འབྱུང་ཉི་འོད་ལས། བལ་པོ་མེ་རུ་ཙེ་ཞེས་བྱ་བ་རྒྱ་སྐད་ལ་མཁས་པ་ཞིག་བྱུང་ནས་དེ་ལ་བོན་རྣམས་ཀྱིས་ཆོས་ཞུས་པས། བལ་པོ་ཕར་ལོག་ནས་པཎྜི་ཏ་ཕྲ་ལ་རིང་མོ་དང་། ཇོ་བོ་སྨྲི་ཏི་གཉིས་གདན་དྲངས་ནས་འོང་ཏེ་འགྱུར་བྱ་བར་བརྩམ་པ་ལ། ལོ་ཙཱ་བ་བལ་པོར་ཕོ་ལོག་གིས་ཤི། པཎྜི་ཏ་གཉིས་པོས་བོད་སྐད་མི་ཤེས་པས་དབུས་གཙང་ན་མར་སོ་སོར་འཁྱམས་ཏེ། སྨྲི་ཏིས་རྟ་ནག་ཏུ་ལུག་རྫི་མཛད། ཕྱིས་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། ཁམས་སུ་བྱོན་ནས་འདན་གླང་ཐང་དུ་མངོན་པ་མཛོད་ཀྱི་བཤད་པ་བཙུགས། ཕྱིས་བོད་སྐད་ལ་མཁས་པར་གྱུར་ཏེ། གདན་བཞི་དང་། འཇམ་དཔལ་མཚན་བརྗོད། སྒེག་རྡོར་གྱིས་མཛད་པའི་འགྲེལ་པ། སྒྲུབ་ཐབས་གསང་ལྡན་གྱི་སྐོར་དང་། སྔགས་དོན་རྣམ་གཟིགས་ལ་སོགས་པ་རང་འགྱུར་མང་པོ་མཛད། ཕྱིས་ལིང་ཆུ་གསེར་ཁབ་ཏུ་བྱོན་ཏེ། སྨྲ་སྒོ་མཚོན་ཆ་བརྩམས། དེ་དག་རྒྱ་ཆེར་འཕེལ་བར་མ་ནུས་སོ། །པཎྜི་ཏ་ཕྲ་ལ་རིང་མོས་རོང་པ་ཆོས་བཟང་ལ་གྲོང་འཇུག་བྱས་པས། རོང་པས་ཆོས་མང་པོ་རྡོལ་ཤེས་སུ་བྱུང་བ་ཡིན་ནོ། །ཞེས་གསུངས།

༈ ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམ་ཏེ་མི་རྟག་པ་བསྒོམ་པའི་སྐབས། སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས་པ་ཡིན་ཏེ། ད་ལྟའི་འཇིག་རྟེན་ཆགས་པའི་མགོ་རྩོམ་པ་ལ། བསྐལ་པ་འདིའི་སེམས་ཅན་རྣམས་ཀྱི་སྤྱི་མཐུན་གྱི་བསོད་ནམས་ཀྱིས། འོག་གཞི་ཡིད་མཁའ་རྣམ་དག་གི་ནམ་མཁའ་ཆོས་འབྱུང་གི་དབྱིབས་ཅན་ཁ་དོག་མཐིང་གསལ་གྱི་མུ་ཁྱུད་ཅན་ཞིག་ཆགས། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་ཤར་རླུང་ནུབ་ལ་འཐབ། ནུབ་རླུང་ཤར་དུ་འཐབ། ལྷོ་རླུང་བྱང་དུ་འཐབ། བྱང་རླུང་ནུབ་ཏུ་འཐབ་པ་རྒྱ་གྲམ་གྱི་རྣམ་པ་ཞེས། ཁ་དོག་ལྗང་ནག་གི་མུ་ཁྱུད་ཅན། དེའི་སྟེང་དུ་སྤྲིན་ཆུའི་གསེར་གྱི་སྙིང་པོ་ཅན་ལས་ཆར་བབ་པས་ཆུའི་དཀྱིལ་དཀར་གསལ་ཟླུམ་པོ་ཁ་དོག་དཀར་གསལ་གྱི་མུ་ཁྱུད་ཅན། དེའི་སྟེང་དུ་ཁམས་རབ་འབྱེད་པའི་རླུང་གིས་རི་རབ། འབྲིང་འབྱེད་པའི་རླུང་གིས་གསེར་རི། ཐ་མ་འབྱེད་པའི་རླུང་གིས་གླིང་བཞི་རྡོ་སོལ་ཅན་གྱི་ལྕགས་རི་དང་བཅས་པ་ཆགས། བཅུད་ཀྱི་སེམས་ཅན་རྣམས་ཡས་ནས་མར་ཆགས་ཏེ་སྲིད་རྩེ་ནས་བཟུང་སྟེ་དམྱལ་བའི་བར་དུ་རྟོག་པ་ཇེ་རགས་ཇེ་རགས་སུ་སོང་སྟེ་རིམ་གྱིས་དམྱལ་བའི་སེམས་ཅན་གཅིག་དང་པོ་སྐྱེས་པའི་བར་དུ་བར་བསྐལ་ཉི་ཤུ། དེ་ནས་གནས་པའི་མགོ་བརྩམས་ནས་སྐྱེ་དགུ་རྣམས་ཀྱིས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ནས་བཅུ་པའི་བར་དུ་འགྲིབ་པ་ཡ་ཐོག་རིང་མོ། དེ་ནས་འཕེལ་ཏེ་ཚེ་ལོ་བརྒྱད་ཁྲི་འཕེལ། ཡང་འགྲིབ་སྟེ་བཅུ་པའི་བར་དུ་ཁུག་པ་གཅིག །དེ་ལྟར་འཕེལ་འགྲིབ་བཅོ་བརྒྱད་རྫོགས་ནས་ཡར་འཕེལ་ཚེ་ལོ་དཔག་མེད་དུ་འཕེལ། དེ་ནས་གཅིག་འགྲིབ་པ་དང་མོས་པ་བྱོན་ནས་བརྒྱད་ཁྲིར་ཐུག་པ་སྟེ་མ་ཐོག་ཐུང་ངུ་སྟེ་བར་བསྐལ་ཉི་ཤུ། བརྒྱད་ཁྲི་ནས་འཇིག་པའི་མགོ་བརྩམ་ཏེ་ཞིང་འདིའི་དམྱལ་བའི་གནས་སུ་སེམས་ཅན་གཅིག་ཀྱང་གསར་དུ་མི་སྐྱེ་བ་ཡིན་ནོ། །འཇིག་པའི་གོ་རིམ་ནི། ཡིད་བཞིན་མཛོད་ལས། ལས་ཟད་རྣམས་ནི་མཐོ་རིས་སྐྱེ་འགྱུར་ཞིང་། །དམྱལ་མྱོང་ལས་མ་ཟད་རྣམས་གཞན་དག་གི། །དམྱལ་བ་རྣམས་སུ་འཕོ་བར་འགྱུར་བ་ཡིན། །དེ་བཞིན་ཡི་དྭགས་དུད་འགྲོ་རྣམས་མཚུངས་ཏེ། །ངན་སོང་གསུམ་ན་སེམས་ཅན་མེད་པར་འགྱུར། །ཞེས་སོ། །དེ་ནས་མི་ཡི་འཇིག་རྟེན་གླིང་བཞི་འཇིག་པའི་ཚུལ་ནི། དེའི་ཚེ་འཛམ་བུའི་གླིང་གི་མི་གཅིག་གིས་དབེན་པ་ལ་སོང་ནས་བསམ་གཏན་གཉིས་པའི་སེམས་རྙེད་ནས་ཀྱེ་མ་དབེན་པ་ལས་བྱུང་བའི་དགའ་བ་དང་བདེ་བ་དང་ཞི་བ་ནི་འདི་ཡིན་ནོ་ཞེས་སྨྲས་པའི་སྒྲ་དེས་སྐད་ཅིག་ཡུད་ཙམ་ལ་འཛམ་བུའི་གླིང་དུ་ཚེགས་མེད་པར་ཁྱབ་བོ། །སྒྲ་དེ་ཐོས་མ་ཐག་ཏུ་གཞན་དག་གིས་ཀྱང་དེའི་རྗེས་སུ་བསླབས་པས་བསམ་གཏན་གཉིས་པའི་སེམས་ཐོབ་ནས་འོད་གསལ་ཀྱི་ལྷར་སྐྱེས་སོ། །དེའི་ཚེ་ཤར་གྱི་ལུས་འཕགས་གླིང་གི་མི་རྣམས་ཀྱང་འཛམ་བུའི་གླིང་པ་ལྟར་འགྱུར་རོ། །དེ་ནས་ནུབ་ཀྱི་བ་གླང་སྤྱོད་ཀྱང་འགྱུར་རོ། །དེ་ནས་བྱང་གི་སྒྲ་མི་སྙན་པ་རྣམས་ནི་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བ་ཡིན་ཏེ་འདོད་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ། །གླིང་གསུམ་ནི་འདོད་པ་ལ་རང་བཞིན་གྱིས་སྐྱོ་བས་གོང་མར་སྐྱེས་སོ། །གླིང་ཕྲན་རྣམས་ནི་གཙོ་བོའི་གླིང་དང་འདྲའོ། །དེ་ནས་འདོད་ལྷ་རིགས་དྲུག་འཇིག་པའི་ཚུལ་ཡང་། རྒྱལ་ཆེན་རིས་བཞི་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དུ་ལྷ་གཅིག་གིས་བསམ་གཏན་ཐོབ་པའི་ཚུལ་བསྒྲགས་པ་ཐོས་པ་ལས་རྐྱེེན་བྱས་ཏེ་བསྒོམས་པ་ལས། སྔ་མ་ལྟར་བསམ་གཏན་གཉིས་པ་ཐོབ་ནས་འོད་གསལ་གྱི་ལྷར་སྐྱེས་སོ། །དེ་ནས་གཟུགས་ཀྱི་ཁམས་འཇིག་པའི་ཚུལ་ཡང་། ཚངས་པའི་འཇིག་རྟེན་དེར་སེམས་ཅན་གང་ཡང་རུང་བས་རང་གི་ཆོས་ཉིད་ཀྱིས་ཐོབ་པའི་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་ནས། རྗེས་ལ་སྔར་ལྟར་ཚིག་ཏུ་བརྗོད་པས་ཀུན་གྱིས་དེ་ལྟར་བསླབས་ཏེ་ཤི་འཕོས་ནས་འོད་གསལ་གྱི་ལྷར་སྐྱེས་སོ། །དེ་ནས་སྣོད་ཀྱི་འཇིག་རྟེན་འཇིག་པ་ནི། ཐོག་མར་བསམ་གཏན་དང་པོ་མན་ཆད་མེས་བསྲེགས། དེ་ནས་བསམ་གཏན་གཉིས་པ་མན་ཆད་ཆུས་སྦྱངས། དེ་ནས་བསམ་གཏན་གསུམ་པ་མན་ཆད་རླུང་གིས་གཏོར་བའོ། །དེའང་འཇིག་པའི་མགོ་བརྩམ་ནས་ཞིག་པར་གྱུར་པའི་བར་དུ་བར་བསྐལ་ཉི་ཤུ། སྟོང་པའི་བསྐལ་པ་ནི། ཡིད་བཞིན་མཛོད་ལས། ཞིག་ནས་སྟོང་ཏེ་ནམ་མཁའ་གཅིག་གི་ངང་། །བར་བསྐལ་ཉི་ཤུའི་ཡུན་དང་མཉམ་པའོ། །དེ་ཡང་མེ་བདུན་པས། འཐབ་བྲལ་གྱི་གཞལ་མེད་ཁང་བསྲེག་གོ། །དེ་ལས་མེ་ལྕེ་ཆད་ནས་དགའ་ལྡན་དང་། འཕྲུལ་དགའ་ནས་ཚངས་པ་ཆེན་པོའི་གནས་མན་ཆད་བསྲེག་གོ། །དེའི་མེ་ལྕེ་རླུང་གིས་ཁྱེར་བ་འོད་ཆུང་གི་ལྷའི་འོག་ནས་ཡར་བྱུང་བ་ལ། ལྷ་ཕྲུ་གུ་རྣམས་དངངས་པར་གྱུར་ཏོ། །དང་པོར་མེས་ལན་བདུན་འཇིག་ཅེས་པ་ཉི་མ་བདུན་རིམ་བཞིན་ཤར་བས་ཚངས་གནས་མན་ཆད་བསྲེག་པ་ལ་བཞེད་ཅིང་། དེའི་རྗེས་ལ་མཁའ་ལས་ཆར་གྱི་རྒྱུན་ཐེངས་བདུན་དུ་བབས་པས་བསམ་གཏན་གཉིས་པའི་ཐོག་མ་མན་ཆད་འཇིག་ལ། སྔར་བསྲེག་པའི་ཐལ་བ་ཆུ་དང་འདྲེས་པར་གནས་སོ། །དེ་ཡི་རྗེས་ཐོག་ཏུ་རླུང་དྲག་པོ་ལན་གཅིག་ལྡང་བས་བསམ་གཏན་གསུམ་པ་མན་ཆད་དང་སྔར་གྱི་སྐྱོ་མ་དེ་དག་ཀྱང་ཕྱོགས་བཅུར་འཐོར་ཏེ་ཅི་ཡང་མི་སྣང་བར་བྱེད་དོ། །དེ་ལྟར་ན་འཇིག་ཐེངས་གཅིག་ལ་མེ་ཆུ་རླུང་གསུམ་ཀ་འབྱུང་ཞིང་བསམ་གཏན་གསུམ་པ་མན་ཆད་འཇིག་པའི་ལུགས་ཡིན་པས་མཛོད་ཀྱི་ལུགས་སོགས་དང་གཏན་མི་འདྲའོ། །ས་སྡེ་དང་མངོན་པ་ལྟར་ན་མེས་འཇིག་པ་ན་དུ་བ་ཡང་མེད་ཐལ་བའང་མེད་པར་བསྲེགས་ནས་བསམ་གཏན་དང་པོ་མན་ཆད་ཞིག་ནས་སླར་ཡང་སྔར་བཞིན་ཆགས་ཏེ། ཡང་མེས་འཇིག་པ་སོགས་མེ་འཇིག་ལན་བདུན་བྱུང་བའི་རྗེས་བསམ་གཏན་གཉིས་པ་མན་ཆད་ཆུས་འཇིག །ཡང་ཆགས་ནས་མེས་འཇིག་བདུན་གྱི་རྗེས་ཆུ་འཇིག་གཅིག་སོགས་དེ་འདྲའི་ཚུལ་དུ་ཆུ་བདུན་ཐལ་བ་ན། ཡང་ཆགས་ནས་མེས་ལན་བདུན་འཇིག་ཅིང་དེ་ནས་སླར་ཆགས་པའི་འཇིག་རྟེན་དེ་རླུང་གིས་བསམ་གཏན་གསུམ་པ་མན་ཆད་འཇིག་པས་ན། བསྡོམས་པས་མེས་འཇིག་པ་ང་དྲུག །ཆུས་འཇིག་བདུན། རླུང་འཇིག་གཅིག་སྟེ། འཇིག་ཐེངས་དྲུག་ཅུ་རྩ་བཞིར་བཤད་དོ། །འོ་ན་འདི་རང་གི་དགེ་རྒྱས་པའི་ཚེ་ཚད་བར་བསྐལ་དྲུག་ཅུ་རྩ་བཞི་དེ་རྫོགས་མི་ནུས་ཏེ། སྣོད་མ་ཆགས་པར་བསྐལ་པ་གཅིག་དང་། སྣོད་འཇིག་པའི་བསྐལ་པ་གཅིག་གིས་ཀྱང་ཕྲི་བའི་ལྷག་པར་བསྐལ་པ་བརྒྱད་ལས་མི་འབྱུང་བའི་ཕྱིར་ཞེ་ན། སྤྱིར་ཅུང་མ་རྫོགས་ཀྱང་མི་སྐྱོན་ཏེ། མངོན་པ་ལྟར་ནའང་། ཚངས་ཆེན་གྱི་ཚེ་ཚད་ལས་བསྐལ་པ་གཉིས་ཆད་ཅིང་། འོད་གསལ་དང་དགེ་རྒྱས་པའི་ཚེ་ཚད་ལས་བར་བསྐལ་གཉིས་རེ་ཆད་ཀྱང་དེ་དང་ཉེ་བའི་སྒོ་ནས་བཞག་པས་མི་འགལ་ཞེས་འདོད་པ་བཞིན་ཡིན་ལ། འདིའི་བར་ཁུག་དང་ཡ་ཐོག་མ་ཐོག་ཡུན་མི་མཉམ་པས་གནས་རིས་རྣམས་ཀྱི་ཚེ་ཚད་དེ་བར་ཁུག་གིས་བཞག་ན་ནི་ཤིན་ཏུ་རྫོགས་ཀྱང་ཞིབ་པར་གཞུང་འདིར་གསལ་ཁ་མེད་པས་ད་རུང་བརྟག་པར་བྱའོ། །འཇིག་དང་མི་འཇིག་པའི་སྒྲུབ་བྱེད་ནི། བསམ་གཏན་དང་པོ་མན་ཆད་ན་རྟོག་པ་དང་དཔྱོད་པ་སྟེ། སེམས་དང་སེམས་བྱུང་གི་ཚོར་བ་མེ་དང་འདྲ་བ་ཡོད་པས། དེ་དང་མཚུངས་ལྡན་གྱི་འབྱུང་བ་མེས་འཇིག་ལ། གཉིས་པ་ན་བསམ་གཏན་གྱི་དགའ་བདེ་བདུད་རྩིའི་ཆུ་རྒྱུན་ལྟ་བུ་ཡོད་པས་ཆུས་འཇིག་པ་དང་། གསུམ་པ་ན་དབུགས་འབྱུང་རྔུབ་གཡོ་འགུལ་རླུང་ལྟ་བུ་ཡོད་པས་རླུང་གིས་འཇིག་པ་ཡིན་ནོ། །དེ་ཡང་འདོད་པའི་རགས་རླུང་ལྟར་མེད་དེ། །ལུས་རགས་པ་རྩ་འདབ་ཅན་མེད་པའི་ཕྱིར་རོ། །དེས་ན་བསམ་གཏན་རང་བཞིན་གྱིས་དྭངས་པའང་དེ་ཉིད་དོ། །འོན་ཀྱང་རྣམ་སྨིན་སྐྱེས་འབྱུང་བའི་རྡུལ་ཕྲན་དྭངས་པ་ལས་ཐོབ་པའི་ཆ་ཡོད་པས་དེ་དང་མཚུངས་པའི་དབུགས་རྒྱུ་བ་ཡིན་ནོ། །འདིའི་ཆོས་མཚུངས་པར་རྣལ་འབྱོར་པ་དག་ལ་འབྱུང་བའི་དགྲས་གནོད་པ་དང་མི་གནོད་པ་ཡང་བསམ་གཏན་འདི་དག་གྲུབ་པ་དང་མ་གྲུབ་པ་ལས་གྱུར་པ་ཡིན་ནོ། །མི་རྣམས་ཚེ་ལོ་དཔག་མེད་ནས་མར་བརྒྱད་ཁྲིའི་བར་འགྲིབ་པ་ནི་ཆགས་པར་གཏོགས་ལ། བརྒྱད་ཁྲི་ནས་མར་འགྲིབ་སྟེ་ཚེ་ལོ་བཅུ་པའི་བར་ནི་བར་བསྐལ་དང་པོ་ཡིན། དེ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་བ་དང་མར་བཅུ་པའི་བར་འགྲིབ་པ་ནི་ཡར་སྐྱེས་མར་འགྲིབ་ཟུང་རེ་གཅིག་ཏུ་བགྲངས་པས་བར་བསྐལ་བཅོ་བརྒྱད། ཡང་ཚེ་ལོ་བཅུ་པ་ནས་ཡར་བརྒྱད་ཁྲིའི་བར་སྐྱེ་བ་ནི་བར་བསྐལ་གཅིག་སྟེ་ཉི་ཤུའོ། །ཐོག་མཐའི་རྐྱང་བ་རྣམས་དལ་གྱིས་འགྲོ་བས་བུལ་བ་དང་། བར་གྱི་ཁུག་པ་རྣམས་མྱུར་བར་འགྲོ་བའི་ཕྱིར་མགྱོགས་པ་སྟེ། དེའི་མགྱོགས་བུལ་ནི་ཆོས་ཉིད་ཀྱི་རིགས་པ་ཡིན་ནོ། །ཚེ་མཐའི་མདོ་ལས། གཟུགས་ཁམས་ཚངས་རིས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ནི་བསྐལ་པ་ཕྱེད་དོ། །ཚངས་པ་མདུན་ན་འདོན་གྱི་ལྷ་རྣམས་ཀྱིས་ནི་བསྐལ་པའི་བཞི་ཆ་གསུམ་ཐུབ་བོ། །ཚངས་ཆེན་གྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་གཅིག་ཐུབ་བོ། །འོད་ཆུང་གི་ལྷ་རྣམས་ཀྱིས་ནི་བསྐལ་པ་གཉིས་སོ། །ཚད་མེད་འོད་ཀྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་བཞིའོ། །འོད་གསལ་གྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་བརྒྱད་དོ། །དགེ་ཆུང་གི་ལྷ་རྣམས་ཀྱིས་ནི་བསྐལ་པ་བཅུ་དྲུག་གོ། །ཚད་མེད་དགེའི་ལྷ་རྣམས་ཀྱིས་ནི་བསྐལ་པ་སུམ་ཅུ་རྩ་གཉིས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་དྲུག་ཅུ་རྩ་བཞིའོ། །སྤྲིན་མེད་ཀྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔའོ། །བསོད་ནམས་སྐྱེས་པའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཉིས་བརྒྱ་དང་ལྔ་བཅུའོ། །འབྲས་བུ་ཆེ་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ལྔ་བརྒྱའོ། །འདུ་ཤེས་མེད་པའི་སེམས་ཅན་དང་མི་ཆེ་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་སྟོང་ངོ་། །མི་གདུང་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཉིས་སྟོང་ངོ་། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་བཞི་སྟོང་ངོ་། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་བརྒྱད་སྟོང་ངོ་། །འོག་མིན་གྱི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཁྲི་དྲུག་སྟོང་ཐུབ་བོ། །གཟུགས་མེད་པ་བཞིའི་ནམ་མཁའ་མཐའ་ཡས་ཀྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱིས་ནི་བསྐལ་པ་ཉི་ཁྲིའོ། །རྣམ་ཤེས་མཐའ་ཡས་ཀྱི་སྐྱེ་མཆེད་པ་རྣམས་ཀྱིས་ནི་བསྐལ་པ་བཞི་ཁྲིའོ། །ཅི་ཡང་མེད་པའི་སྐྱེ་མཆེད་པ་རྣམས་ནི་བསྐལ་པ་དྲུག་ཁྲིའོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་ཀྱི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱིས་ནི་བསྐལ་ཆེན་བརྒྱད་ཁྲི་ཐུབ་བོ། །ཞེས་གསུངས།

༈ གཞན་ཡང་པཱ་ལ་རྣམ་གསུམ་ཙན་དྲ་སོ་བདུན་སོགས་ཀྱི་སྐབས། ཙནྡྲ་ཉི་ཤུ་ནི། རྒྱལ་པོ་ཧ་རི་ཙནྡྲ་ནི་འཁོར་བཅས་འཇའ་ལུས་གྱུར། དེའི་ཚ་བོ་ལཀྵ་ཙནྡྲ་དང་། དེའི་བུ་ཛ་ཡ་ཙནྡྲ། དེའི་བུ་ནི་མ་ཙནྡྲ། དེའི་བུ་ཕ་ཎི་ཙནྡྲ། དེའི་བུ་བྷཾ་པ་ཙནྡྲ། དེའི་བུ་སཱ་ལ་ཙནྡྲ། དེ་ནས་ཙནྡྲ་གུཔྟ། དེའི་བུ་སྙིང་པོ་ཐིག་ལེ། དེའི་ནུ་བོའི་བུ་ཤྲཱི་ཙནྡྲ། དེའི་བུ་དྷརྨཱ་ཙནྡྲ། དེའི་ཚ་བོ་ཀརྨ་ཙནྡྲ། དེའི་བུ་པྲྀཀྵ་ཙནྡྲ། དེའི་བུ་བརྒྱུད་ལ་བི་ག་མ་ཙནྡྲ། དེའི་བུ་ཀཱ་མ་ཙནྡྲ། དེ་ནས་སིངྷ་ཙནྡྲ། དེའི་བུ་པཱ་ལ་ཙནྡྲ། དེའི་བུ་བི་མ་ལ་ཙནྡྲ། དེའི་བུ་གོ་བི་ཙནྡྲ། དེའི་ཕ་ཚན་གྱི་སྤུན་ཟླར་གྱུར་པ་ནི་ལ་ལི་ཏ་ཙནྡྲ་སྟེ་ཙནྡྲ་ཉི་ཤུ། སྙིང་པོ་ཐིག་ལེ་མི་བགྲང་ན། ཙནྡྲ་བཅུ་དགུ་སྟེ། དེ་དག་རྣམས་ཀྱི་ནང་ནས། དབང་པོ་༼ཨཀྵཱ་༽ཟླ་བ་དང་། རྒྱལ་བའི་༼ ཛ་ཡ་༽ ཟླ་བ་དང་། ཆོས་ཀྱི་༼དྷརྨ་༽ཟླ་བ་དང་། ལས་༼ཀརྨ་༽ ཟླ་བ་དང་། འདུ་བྲལ་༼ བི་ག་མ་༽ཟླ་བ་དང་། འདོད་པའི་༼ཀཱ་མ་༽ཟླ་བ་དང་། དྲི་མེད་༼ བི་མ་ལ་༽ཟླ་བ་སྟེ། ཙནྡྲ་བདུན་དུ་གྲགས་པ་ཡིན་ནོ། །དེའི་སྟེང་དུ། ཟླ་བ་༼ཙནྡྲ་གུཔྟ་༽སྦས་པ་དང་། ཕྱོགས་སྒྲོལ་༼གོ་བི་༽ཟླ་བ་དང་། རོལ་པའི་༼ལ་ལི་ཏ་༽ཟླ་བ་སྟེ། ཙནྡྲ་བཅུ་ཞེས་རབ་ཏུ་གྲགས་པ་ཡིན་ནོ། །པཱ་ལའི་རིགས་ལས་བྱུང་བ་ནི། གཽ་ས་ལའི་རྒྱལ་རིགས་ཀྱི་བུ་མོ་ཞིག་དང་ཤིང་གི་ལྷ་ཞིག་འདུས་པ་ལས་འཁྲུངས། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་ལ་དབང་བསྒྱུར། སྨད་ལ་མ་ག་དྷ་ཡང་དབང་དུ་བསྡུས་སོ། །དེ་ནས་བརྒྱུད་པ་རྒྱལ་པོ་དེ་ཝ་པཱ་ལ་ནི་རྒྱལ་པོ་གཽ་པཱ་ལ་འདས་པ་ན་དེ་ཉིད་རྒྱལ་སྲིད་དུ་བསྐོས། དེའི་སྲས་རཱ་ས་པཱ་ལ་རྒྱལ་སྲིད་དུ་བསྐོས། དེའི་སྲས་དྷརྨ་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ་ཆབ་སྲིད་ཤིན་ཏུ་ཆེ་བའོ། །དེའི་སྲས་བ་ན་པཱ་ལ་རྒྱལ་སྲིད་དུ་བསྐོས། དེའི་སྲས་མ་ཧི་པཱ་ལས་རྒྱལ་སྲིད་ལོ་ལྔ་བཅུ་ང་གཉིས་མཛད་ནས་འདས་པ་ཙམ་ན། བོད་ན་ཁྲི་རལ་ཡང་སྐུ་འདས་པ་ཙམ་གྱི་དུས་ཡིན་ནོ། །དེའི་སྲས་རྒྱལ་པོ་མ་ཧཱ་པཱ་ལས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས་སོ། །དེའི་སྲས་པྲེཥྚེ་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ་ལོ་གསུམ་ནས་འདས། མ་ཧཱ་པཱ་ལའི་བུ་ཆུང་བ་བྷེ་ཡ་པཱ་ལ་རྒྱལ་སྲིད་དུ་བསྐོས། དེའི་སྲས་ནེ་ཡ་པཱ་ལ་རྒྱལ་སྲིད་ལ་འཁོད་འཕྲལ་ཇོ་བོ་རྗེ་བོད་དུ་བྱོན་པའི་དུས་སོ། །དེའི་བུ་ཨ་མྲ་པཱ་ལས་རྒྱལ་སྲིད་བསྐྱངས། དེའི་བུ་ཧསྟི་པཱ་ལ་རྒྱལ་སྲིད་དུ་བསྐོས། དེའི་བུ་རཱ་མ་པཱ་ལ་རྒྱལ་སྲིད་དུ་བསྐོས་པ་བློ་གྲོས་ཤིན་ཏུ་ཆེ་ཞིང་མངའ་ཐང་ལྷག་པར་རྒྱས་པ་ཞིག་གོ། །དེའི་བུ་ཡཀྵ་པཱ་ལ་རྒྱལ་སྲིད་དུ་བསྐོས། པཱ་ལའི་རིགས་ལ་བཅུ་བཞིའོ།། དེ་ཕྱིན་ཆད་པཱ་ལའི་རིགས་ཀྱི་རྒྱལ་རིགས་ཕལ་པ་མང་དུ་བྱུང་ཞིང་། ད་ལྟར་ཡང་ཡོད་མོད་རྒྱལ་སྲིད་ཟིན་པ་ནི་མ་བྱུང་ངོ་། །

༈ རྒྱལ་དབང་ལྔ་པས། མང་པོས་བཀུར་བའི་རྒྱུད་ལས་བྱུང་བའི་རྒྱལ་པོ་དམག་བརྒྱ་པ་ཞེས་བྱ་བ་ལ། སྲས་འཕགས་པའི་བྱིན་རླབས་ཀྱི་བྱེད་པོས་མི་ལས་འདས་པ་ཞིག་བལྟམས་ཏེ། མིག་མས་འགྲིབས་སུ་ཡོད་པ། གཡུའི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། ལག་པ་འཁོར་ལོའི་ཡན་ལག་ཅན་ལྟ་བུར་ཡོད་པའི་མཚན་ལྡན་ཞིག་བྱུང་བ། ཡབ་ཀྱིས་ལྷ་འདྲེའི་སྤྲུལ་པར་དགོངས་ནས་སྤྱུགས་པས། པད་དཀར་འཛིན་པའི་ཡེ་ཤེས་མཆོག་གི་འོད་ཟེར་གྱིས་སྣང་བ་བསྒྱུར་ནས། ལྷ་རི་གྱང་མཐོའི་རྩེ་ལ་བྱོན་ནས་གཟིགས་པས། ཡར་ཀླུང་གི་ཡུལ་ནི་མཐོ་རིས་ཀྱི་ཡོན་ཏན་ས་ལ་འཕོས་པ་ལྟར་བཟང་ཞིང་། ཡར་ལྷ་ཤམ་པོའི་གངས་རི་འདི་ལྷུན་པོའི་མཛེས་སྡུག་ལ་ཆགས་པའི་ཆུ་ཤེལ་གྱི་དབང་པོ་ཉ་གང་བས་འཁྱུད་པ་ལྟར་མཁྱེན་ནས། ལྷ་རི་རོལ་པོའི་རྩ་ལ་གཤེགས་ནས་ལྷ་སྐས་ལ་བབས་ཏེ། བཙན་ཐང་སྒོ་བཞིར་ཞབས་ཟུང་གི་འཁོར་ལོ་བསྐྱོད་པས་བོན་པོ་སོགས་ཡོན་ཏན་ཅན་གྱི་མི་བཅུ་གཉིས་ཕྱུགས་སྐྱོང་བས་མཐོང་སྟེ་གང་ནས་འོང་ཞེས་གཏམ་དྲིས་པར། མཁའ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས་བོད་ཁམས་ཀྱི་རྗེར་འོས་སོ་ཞེས་གཉའ་བར་ཁྲི་བྱས་བཏེག་ནས་འོང་བས་རྗེ་གཉའ་ཁྲི་བཙན་པོར་གྲགས་ལ། རྗེ་འདིས་ཕོ་བྲང་ཡུམ་བུ་བླ་སྒང་བརྩིགས། དེའང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དེ་དང་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། དེ་དང་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དེ་དང་དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ། དེ་དང་གདགས་ཀྱི་ལྷ་མོ་དཀར་མོའི་སྲས་གདགས་ཁྲི་བཙན་པོ། དེ་དང་སྲིབ་ཀྱི་ལྷ་མོའི་སྲས་སྲིབ་ཁྲི་བཙན་པོ། འདི་རྣམས་རྨུ་ཐག་ལ་བྱས་ནས་མཁའ་ལ་ཡལ་བས་བང་སོ་མེད་པར་གྲགས་ཤིང་གནམ་གྱི་ཁྲི་བདུན་ནོ། །སྲིབ་ཁྲི་བཙན་པོ་དང་། ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ། དེ་དང་ཀླུ་བཙན་མེར་ལྕམ་གྱི་སྲས་བྱ་ཁྲིའམ་སྤུ་དེ་གུང་རྒྱལ་ཟེར། རྒྱལ་པོ་དེ་གཉིས་བར་གྱི་སྟེང་གཉིས་ཡིན། བང་སོ་གཡའ་དང་རྫ་ལ་བཏབ་བོ། །སྤུ་དེ་གོང་རྒྱལ་དང་བོམ་ཐང་རྨང་མཉའི་སྲས་ཨེ་ཤོ་ལེགས། དེ་དང་རྨུ་ལྕམ་བྲ་མ་ནའི་སྲས་དེ་ཤོ་ལེགས། དེ་དང་ཀླུ་སྨན་མེར་མོའི་སྲས་ཐི་ཤོ་ལེགས། དེ་དང་བཙན་མོ་གུར་སྨན་གྱི་སྲས་གུ་རུ་ལེགས། དེ་དང་མཚོ་སྨན་འབྲང་མའི་སྲས་འབྲོང་ཞི་ལེགས། དེ་དང་སྨན་བུ་མོའི་སྲས་ཨི་ཤོ་ལེགས། དེ་རྣམས་སའི་ལེགས་དྲུག་སྟེ་བང་སོ་གཡའ་སྤང་མཚམས་སུ་བཏབ་བོ། །ཨི་ཤོ་ལེགས་དང་རྨུ་ལྕམ་སྨན་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲིད་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་སྙན་མང་མའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མའི་སྲས་སྡེ་བསྣོ ལ་པོ་ལྡེ། དེ་དང་འོ་མ་སྟེ་མོ་མཚོའི་སྲས་ལྡེ་སྣོལ་ནམ། དེ་དང་ཁྲི་སྨན་རྗེ་མའི་སྲས་ལྡེ་རྣོལ་པོ། དེ་དང་སེ་བཙུན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་སྒོང་གི་སྲས་ལྡེ་སྤྲིན་བཙན། དེ་དག་ལྡེ་བརྒྱད་དེ་བང་སོ་ཆུ་བོའི་གཞུང་ལ་བཏབ་བོ། །ལྡེ་སྤྲིན་བཙན་དང་ཉི་བཙུན་མང་མ་རྗེའི་སྲས། རྒྱལ་ཏོ་རི་ལོང་བཙན། འདི་ཡན་ཆད་ཀྱིས་ལྷ་ཀླུའི་བུ་མོ་བཙུན་མོར་བསྟེན་པས་ཡུམ་རྣམས་གྲོངས་པའི་ཚེ་པུར་མ་བྱུང་འདི་མན་ནས་འབངས་དང་གཉེན་བསྲེས་ཏེ། རྒྱལ་ཏོ་རི་ལོང་བཙན་དང་འོ་མ་ལྡེ་བཟའ་འབྲི་བཙུན་བྱང་མའི་སྲས་སུ་ཁྲི་བཙན་ནམ། དེ་དང་སྨན་བཟའ་ཁྲི་དཀར་གྱི་སྲས་ལ་ཁྲི་སྒྲ་དཔུང་བཙན། དེ་དང་སྨན་བཟའ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་བཙན་ཏེ་གདུང་རབས་ཉེར་བདུན་ནོ། །ཁྲི་རྗེ་ཐོག་བཙན་དང་། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚེའི་སྲས་སུ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས། རྒྱལ་པོ་འདིའི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས་ཏེ། ༼ཚིག་ལ་བཙན་ལྔ་ནི། ཆོས་འབྱུང་ཉི་འོད་ལས། ཐོ་ཐོ་ལོང་བཙན། ཁྲི་བཙན་ནམ། ཁྲི་གུང་བཙན། ཁྲི་ཐོག་རྗེ། ཁྲི་ཐོག་བཙན་དང་ལྔར་གསུངས།༽ ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་གི་སྟེང་དུ་སྤང་སྐོང་ཕྱག་བརྒྱ་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་ཡི་གེ་དྲུག་པ། ཙིནྡྷ་མ་ཎིའི་བསྐོས་ཕོར་རྣམས་མཁའ་ལས་བབས་སོ། །ནམ་མཁའི་སྒྲ་ལས་གདུང་རབས་ལྔ་ནས་འདིའི་དོན་ཤེས་པ་འབྱུང་བའི་ལུང་བསྟན། མཚན་གཉན་པོ་གསང་བ་བཏགས། རྒྱལ་པོས་མཆོད་དེ་གཞོན་པར་གྱུར་ནས་ལོ་བརྒྱ་ཉི་ཤུར་བཞུགས་སོ། །དེ་རྣམས་ལ་བཙན་ལྔར་གྲགས་སོ། །དེ་དང་རྣོ་ཟ་མང་པོ་རྗེའི་སྲས་ཁྲི་གཉན་གཟུང་བཙན། དེ་དང་འབྲོང་བཟའ་མོ་དུར་ཡངས་གཞེར་ལ་སྲས་འགྲོ་གཉན་ལྡེའུ། དེ་དང་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོའི་སྲས་དམུས་ལོང་དཀོན་པ་བཀྲའམ་སྟག་རི་གཉན་གཟིགས། རྗེ་དེ་དང་འོལ་གོང་བཟའ་སྟོང་བཙུན་འགྲོ་དཀར་གྱི་སྲས་གནམ་རི་སྲོང་བཙན། གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གྱི་སྲས་སུ་སྲོང་བཙན་སྒམ་པོ་འཁྲུངས། དབུའི་འོད་དཔག་མེད་དར་ལེབ་བརྒན་གྱིས་དཀྲིས། ལོ་བཅུ་གསུམ་པ་ལ་རྒྱལ་སར་འཁོད་རྒྱ་བཟའ་དང་བལ་བཟའ་གཉིས་ལ་སྲས་མ་བྱུང་། དེ་དང་མོན་བཟའ་ཁྲི་ལྕམ་བྱ་བ་ལ་སྲས་གུང་རི་གུང་བཙན་འཁྲུངས། དེ་དང་འ་ཞ་བཟའ་ཁོ་འཇོ་མོ་རྗེ་ཁྲི་དཀར་རི་ཤགས་ལ་སྲས་མང་སྲོང་མང་བཙན་འཁྲུངས། དེ་དང་འབྲོ་བཟའ་ཁྲ་བོ་ཁྲི་མ་ལོང་ལ་སྲས་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་འཁྲུངས། དེ་དང་མཆིམས་བཟའ་བཙན་མོ་རྟོག་གེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་འཁྲུངས། རྒྱ་ནག་རི་བོ་རྩེ་ལྔ་ནས་འཕགས་པ་འཇམ་དཔལ་གྱི་ཐུགས་ཀ་ནས་འོད་ཟེར་ལྔའི་རྩེ་མོ་ལ་གསེར་གྱི་ཁྱེའུ་ཆུང་ཚོན་གང་བ་ཞིག་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་ཡབ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་གོང་ཇོ་གཉིས་ཀྱི་སྲས་སུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས། ཆོས་རྒྱལ་དང་ཚེ་སྤོང་བཟའ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནེ་བཙན་པོའམ་མུ་ཁྲི་བཙན་པོ་དང་། འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན། འབྲིང་པོ་མུ་རུབ་བཙན་པོ། ཆུང་བ་མུ་ཏིག་བཙན་པོ་སད་ན་ལེགས་མཇིང་ཡོན། དེབ་ཐེར་འདིར་ལེགས་མཇིང་ཡོན་ལ་སྲས་གཙང་མ། ལྷ་རྗེ། ལྷུན་གྲུབ། དར་མ། རལ་པ་ཅན་དང་ལྔ་བྱུང་ཡང་ལྷུན་གྲུབ་ཆུང་ངུར་གཤེགས། ལྷ་རྗེ་ནི་དགུང་ལོ་བཅོ་ལྔ་ལ་གཤེགས་པའི་པུར་སྐྱེ་བ་བདུན་པ་ཤེལ་གྱི་བྲག་ལ་རྒྱས་བཏབ་བོ། །སྲས་ཆེ་བ་གཙང་མ་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས། མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་གྱིས་དབུ་སྐྲ་ལ་དར་ཡུག་བཏགས་པའི་སྟེང་ལ་རབ་ཏུ་བྱུང་བ་རྣམས་བཞུགས་སུ་འཇུག་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་བྱས་སོ། །གླང་དར་མ་འུ་དུམ་བཙན་གྱིས་རྒྱལ་སྲིད་བཟུང་ཀྱང་། སྦས་སྟག་སྣས་ནང་བློན་བྱས་ཏེ་ཆོས་གྲྭ་ཆེན་པོ་སུམ་ཅུ་སོ་བདུན་དུས་གཅིག་ལ་བཤིག་པ་སོགས་ཆོས་བསྣུབ་པའོ། །གཞན་ལས། སད་ན་ལེགས་མཇིང་ཡོན་གྱི་སྲས་ལྡེང་ཁྲི། དེ་ལ་བཙུན་མོ་གཉིས་ཡོད་པའི་ཆེན་མ་ལ་སྲས་གསུམ་འཁྲུངས། ཆེ་བ་གཙང་མ། ཆུང་བ་དར་མ། བར་བ་རལ་པ་ཅན། ཆུང་བ་ལ་སྲས་ལྷ་རྗེ་ལྷུན་གྲུབ་གཉིས་ཏེ་ལྔ་འཁྲུངས་བར་བཤད་དོ། །བཙད་པོའམ་གླང་དར་མའི་བཙུན་མོ་ཆུང་བ་ལ་སྲས་ཤིག་འཁྲུངས་པ་ཤིན་ཏུ་གཅེས་པས་མཚན་མོ་མར་མེའི་འོད་ཀྱིས་བསྲུངས་པས་གནམ་ལྡེ་འོད་སྲུང་དུ་གྲགས། ཡུམ་གྱི་བཀའ་བརྟན་པས་ཁྲི་ལྡེ་ཡུམ་བརྟན་དུ་མིང་ཆགས། དེའི་སྲས་མངའ་བདག་དཔལ་འཁོར་བཙན། དེ་ལ་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་འཁྲུངས། ཉི་མ་མགོན་གྱིས་མངའ་རིས་སུ་བྱོན་ཏེ་ཆབ་སྲིད་བཟུང་། སྲས་གསུམ་བྱུང་བའི་ཆེ་བ་དཔལ་ལྡེ་རིག་པ་མགོན་གྱིས་མང་ཡུལ་བཟུང་། བར་བ་བཀྲ་ཤིས་ལྡེ་མགོན་གྱིས་སྤུ་ཧྲེང་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་། ཀྲོང་ངེ་གཉིས་བྱུང་བའི། གཅེན་གྱིས་རབ་ཏུ་བྱུང་བའི་མཚན་ཡེ་ཤེས་འོད་དུ་གྲགས། ཁོ་རེའི་སྲས་ལྷ་ལྡེ། ལྷ་ལྡེ་ལ་སྲས་འོད་ལྡེ། ཞི་བ་འོད། བྱང་ཆུབ་འོད་དང་གསུམ་འཁྲུངས། ཆུང་བ་དགེ་སློང་བྱང་ཆུབ་འོད་བྱ་བའོ། །འོད་ལྡེའི་སྲས་རྩེ་ལྡེ། རྩེ་ལྡེའི་སྲས་འབར་ལྡེ། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་བྷ་ནེ། དེའི་སྲས་ནཱ་ག་དེ་ཝ། དེའི་སྲས་བཙན་ཕྱུག་ལྡེ། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་གྲགས་བཙན་ལྡེ། དེའི་སྲས་གྲགས་པ་ལྡེ་ལ་སོགས་པ་བྱོན་པའོ། །ཇོ་བོའི་རྣམ་ཐར་ལས་བཀྲ་ཤིས་མགོན་ལ་སྲས་གཉིས། མངའ་བདག་ཁོ་རེ་དང་སྟོང་སྡེའོ། །ཁོ་རེ་ལ་སྲས་དེ་བ་རཱ་ཛ་དང་། ནཱ་ག་རཱ་ཛ་གཉིས། སྟོང་ལྡེའི་སྲས་ལྷ་ལྡེའོ། །ཇོ་བོའི་རྣམ་ཐར་ལས། དཔལ་གྱི་མགོན་ཞང་ཞུང་དང་། ལྡེ་གཙུག་མགོན་མང་ཡུལ་གསུངས། ༈འཇིག་རྟེན་གདགས་པར། རྒྱལ་པོ་འབུམ་ཕྲག་བརྒྱད་སུམ་ཁྲི་བཞི་སྟོང་ལྔ་བརྒྱ་སུམ་ཅུ་རྩ་བཞི་ཡོད་པར་བཤད། འདུལ་བ་ལས། མང་པོས་བཀུར་བའི་རྒྱལ་པོ་ནས་བཅོམ་ལྡན་འདས་ཀྱི་སྲས་སྒྲ་གཅན་འཛིན་གྱི་བར་ལ། རྒྱལ་རབ་ས་ཡ་གཅིག་དང་འབུམ་ཁྲི་ལྔ་བརྒྱ་བྱུང་བར་གསུངས་པ་དང་། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་སོང་བ་ན། བོད་གངས་ཅན་གྱི་ལྗོངས་འདིར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཆོས་རྒྱལ་ཆེན་པོ་རྣམས་རིམ་ཀྱིས་བྱོན་ཚུལ་ཡང་རྒྱ་གར་གྱི་རྒྱལ་པོ་དམག་བརྒྱ་པ་ལ་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པའི་སྲས་གཅིག་འཁྲུངས་པ་དེ། རྐང་ལག་ཐམས་ཅད་ངང་པ་བཞིན་འབྲེལ་པ། སྤྱན་བྱ་ཡི་མིག་ལྟར་ཡས་འགེབས་པ། གཡུའི་སྨིན་མ་ཅན། སོ་དུང་སོ་འཁོར་མར་ཡོད་པ། དེ་ལྟ་བུ་ཞིག་འདུག་ནས་ཡབ་ཀྱིས་འདི་མི་མ་ཡིན་གྱི་བུ་ཞིག་ཡིན་འདུག་པས་སྤྱུགས་བཏང་པ་གྲགས་ཟེར་ནས་སྲས་ཅུང་ཟད་ནར་སོན་པ་ན་སྤྱུགས་བཏང་བས་ལས་དབང་གིས་རྐང་འཁྱར་ཏེ་བོད་ཡུལ་དུ་ཕེབས། ཕྱུགས་རྫི་འགའ་ཞིག་དང་འཕྲད་དེ། གང་ནས་འོང་སུ་ཡིན་དྲིས་པས་གནམ་ལ་མཛུབ་མོ་བསྒྲེངས་པས། གནམ་གྱི་ལྷ་ཡིན་སྙམ་ནས་ཐམས་ཅད་ཀྱིས་གཉའ་བར་ས་རྡོ་ཁུར་ནས་ཁྲི་བརྩིགས་ཏེ་དཔོན་དུ་མངའ་གསོལ་བ་དེ་རྒྱལ་པོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཞེས་གྲགས་སོ། །དེའི་སྲས་མི་ཁྲི་བཙན་པོ། དེའི་སྲས་དིང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་མི་ཁྲི་བཙན་པོ། དེའི་སྲས་གདགས་ཁྲི་བཙན་པོ། དེའི་སྲས་སྲིབ་ཁྲི་བཙན་པོ་སྟེ་འདི་རྣམས་ལ་གནམ་གྱི་ཁྲི་བདུན་ཟེར། སྲིབ་ཁྲི་བཙན་པོའི་སྲས། གྲི་གུམ་བཙན་པོ། དེའི་སྲས་བྱ་ཁྲིའམ་སྤུ་དེ་གུང་རྒྱལ་ཟེར། འདི་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་བའོ། །སྤུ་དེ་གུང་རྒྱལ་གྱི་སྲས། ཨ་ཤོ་ལེགས། དེའི་སྲས་དེ་ཤོ་ལེགས། དེའི་སྲས་ཐི་ཤོ་ལེགས། དེའི་སྲས་གུ་རུ་ལེགས། དེའི་སྲས་འབྲོང་ཞོར་ལེགས། དེའི་སྲས་ཨི་ཤོ་ལེགས་སྟེ་དེ་རྣམས་ལ་བར་གྱི་ལེགས་དྲུག་ཟེར། ཨི་ཤོ་ལེགས་ཀྱི་སྲས། ཟ་ནམ་ཟིན་ལྡེ། དེའི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེའི་སྲས་སེ་བསྣོལ་ནམ་ལྡེ། དེའི་སྲས་སེ་བསྣོལ་པོ་ལྡེ། དེའི་སྲས་ལྡེ་བསྣོལ་ནམ། དེའི་སྲས་ལྡེ་བསྣོལ་པོ། དེའི་སྲས་ལྡེ་རྒྱལ་པོ། དེའི་སྲས་ལྡེ་སྤྲིན་བཙན་ཏེ་འདི་ནི་ས་ཡི་ལྡེ་བརྒྱད་ཟེར། ལྡེ་སྤྲིན་བཙན་གྱི་སྲས། ཁྲི་བཙན་ནམ། དེའི་སྲས་ཁྲི་དགྲ་དཔུང་བཙན། དེའི་སྲས་ཁྲི་ལྡེ་ཐོག་བཙན། འདི་གསུམ་ལ་འོག་གི་བཙན་གསུམ་ཟེར། ཁྲི་ལྡེ་ཐོག་བཙན་གྱི་སྲས། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ལྷ་ཐོ་ཐོ་རི་སྙན་བཙན་གྱི་རིང་ལ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ། ནམ་མཁའ་ནས་སྐུའི་རྟེན་ཙིནྟ་མ་ཎིའི་སྐུ་དང་། གསུང་གི་རྟེན་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་། སྤང་སྐོང་ཕྱག་བརྒྱ་པ་རྣམས་དང་། ཐུགས་ཀྱི་རྟེན་ཤེལ་གྱི་མཆོད་རྟེན་ཁྲུ་གང་བ་རྣམས་ཉི་མའི་འོད་ཟེར་དང་འགྲོགས་ནས་བྱུང་སྟེ། དམ་པ་ཆོས་ཀྱི་དབུ་བརྙེས་པའོ། །ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྲས། ཁྲི་སྙན་གཟུངས་བཙན། དེའི་སྲས་འབྲོང་སྙན་ལྡེ་རུ། དེའི་སྲས་ད མུས་ལོང་དཀོན་པ་བཀྲ་ཤིས། དེས་གཉན་པོ་གསང་བ་མཆོད། སྨན་པ་བོས་ནས་མིག་ཕྱེ་བས། སྐྱི་ཤོད་སྟག་གི་རི་ལ་གཉན་འགྲོ་བ་གཟིགས་པས་ན། མཚན་ཡང་སྟག་རི་གཉན་གཟིགས་ཞེས་ཀྱང་གྲགས་སོ། །དེའི་སྲས་གནམ་རི་སྲོང་བཙན། གནམ་རི་སྲོང་བཙན་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྲས་ཤིག་འཁྲུངས། སྲས་དེའི་དབུ་ལ་སངས་རྒྱས་ཨ་མི་དེ་བ་བཞུགས་པ། ཕྱག་ཞབས་འཁོར་ལོས་མཚན་པ། དབུ་སྐྲ་མཐོན་མཐིང་དུ་ཡོད་ཅིང་། དེ་ཉིད་ནར་སོན་པ་ན་བློན་པོ་རྣམས་ཀྱིས་སྲས་འདི་ནི་ཐུགས་ཤིན་ཏུ་སྒམ་མོ་ཟེར་བས། མཚན་ལའང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། །ཆོས་རྒྱལ་འདི་ཉིད་ཀྱིས་ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་བལ་བཟའ་ཁྲི་བཙན་དང་། རྗེ་བཙུན་སྒྲོལ་པའི་སྤྲུལ་པ་རྒྱ་བཟའ་གོང་ཇོ་གཉིས་ཁབ་ཏུ་བསུས་པའི་རྫོངས་སུ། སྟོན་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་། སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་མུ་ནེ་གཉིས་སྤྱན་དྲངས་པ་ལ་སོགས་པ་རྒྱལ་པོ་འདིའི་རིང་ལ་སངས་རྒྱས་བསྟན་པའི་སྲོལ་བཏོད། དེའི་སྲས་གུང་སྲོང་གུང་བཙུན། དེའི་སྲས་མང་སྲོང་མང་བཙན། དེའི་སྲས་འདུར་སྲོང་མང་པོ་བཙན། དེའི་སྲས་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་དུ་གྲགས་པའོ། །དེའི་སྲས་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཏེ། དགུང་ལོ་བཅོ་བརྒྱད་ནས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ལོ་ལྔའི་ཁོང་དུ་གེགས་མེད་པར་བཞེངས། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པའོ། །ཆོས་རྒྱལ་དེ་ལ་སྲས་གསུམ་འཁྲུངས་པ་ནི། ཆེ་བ་མུ་ནེ་བཙན་པོ། འབྲིང་བ་མུ་རུབ་བཙན་པོ། ཆུང་བ་མཇིང་ཡོན་སད་ན་ལེགས་སོ། །མཇིང་ཡོན་ལ། ཨུ་རྒྱན་ཆེན་པོས་མཚན་བཏགས་པ་མུ་ཏིག་བཙན་པོ་དང་། ཡབ་ཀྱིས་མཚན་བཏགས་པ་ཁྲི་ལྡེ་སྲོང་བཙན་དང་། གུང་བློན་གྱིས་མཚན་བཏགས་པ་མཇིང་ཡོན་སད་ན་ལེགས་དང་། རྒྱ་ཡིས་མཚན་བཏགས་པ་མུ་རི་བཙན་པོའོ། །དེའི་སྲས་ལྡེང་ཁྲི་ལྡེང་ཁྲིའི་བཙུན་མོ་ཆེན་མ་ལ་སྲས་གསུམ་འཁྲུངས། སྲས་ཆེ་བ་གཙང་མ་ནི་ཆོས་ལ་དགའ་སྟེ་རབ་ཏུ་བྱུང་། ཆུང་བ་དར་མ་ནི་སྡིག་ལ་དགའ་སྟེ་རྗེའི་འོས་མིན། བར་པ་གསང་བདག་གི་སྤྲུལ་པ་རལ་པ་ཅན་ལ་རྒྱལ་སྲིད་གཏད་དོ། །སྡིག་ཅན་རྒྱལ་པོའི་བཙུན་མོ་ཆུང་བ་ལ་གདུང་རྒྱུད་ཡིན་ངེས་ཀྱི་སྲས་མངའ་བདག་འོད་སྲུང་། དེའི་སྲས་དཔལ་འཁོར་བཙན། དེའི་ཆེན་མའི་སྲས་སྐྱིད་སྡེ་ཉི་མ་མགོན་གྱིས་མངའ་རིས་ཀྱི་རྒྱལ་པོ་མཛད། ཆུན་མའི་སྲས་བཀྲ་ཤིས་བརྩེགས་པའོ། །སྐྱིད་སྡེ་ཉི་མ་མགོན་ལ་སྲས་གསུམ། ཆེ་བ་དཔལ་གྱི་མགོན། བར་བ་བཀྲ་ཤིས་མགོན། ཆུང་བ་སྡེ་བཙུན་མགོན་སྟེ་འདི་གསུམ་ལ་སྟོད་ན་བཞུགས་པའི་མགོན་གསུམ་ཟེར། སྡེ་བཙུན་མགོན་ལ་སྲས་གཉིས་ཏེ། འཁོར་རེ་དང་སྲོང་ངེ་གཉིས། སྲོང་ངེའི་སྐུ་ཚེ་སྨད་ལ་རབ་ཏུ་བྱུང་ནས། ལྷ་བླ་མ་ཡེ་ཤེས་འོད་དུ་མཚན་གསོལ། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། རྔོག་ལེགས་པའི་ཤེས་རབ་ལ་སོགས་པ་བློ་རྣོ་བ་ཉེར་གཅིག་ཆོས་སློབ་དུ་རྒྱ་གར་དུ་བཏང་བ་ལས། རིན་ཆེན་བཟང་པོ་དང་། ལེགས་པའི་ཤེས་རབ་མ་གཏོགས་གཞན་རྣམས་གྲོངས་སོ། །འཁོར་རེའི་སྲས་ལྷ་སྡེའོ། །ལྷ་སྡེ་ལ་སྲས་གསུམ། ཆེ་བ་ལ་ཞི་བ་འོད། འབྲིང་བ་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་འོད་སྡེའོ། །ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་ལྟར་རྒྱ་གར་གྱི་རྒྱལ་པོ་དགེ་བ་དཔལ་གྱི་སྲས་ཇོ་བོ་རྗེ་བོད་དུ་གདན་དྲངས། ཆུན་མའི་སྲས་བཀྲ་ཤིས་བརྩེགས་པ་ལ་སྲས་གསུམ། ཆེ་བ་དཔལ་སྡེ། འབྲིང་བ་འོད་སྡེ། ཆུང་བ་སྐྱིད་སྡེ། འདི་གསུམ་ལ་སྨད་དུ་བཞུགས་པའི་སྡེ་གསུམ་ཟེར།

༈ སྔོན་ཉི་འོག་གི་རྒྱལ་ཁབ་སོགས་ཀྱི་སྐབས། འདུལ་བ་ལུང་རྣམ་འབྱེད་ལས། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་ཀ་ལན་ད་ཀའི་གནས་ན་བཞུགས་སོ། །དེའི་ཚེ་ན་འཛམ་བུའི་གླིང་ན་གྲོང་ཁྱེར་རྒྱལ་པོའི་ཁབ་དང་སྒྲ་སྒྲོགས་ཞེས་བྱ་བ་གཉིས་ཡོད་དེ། གྲོང་ཁྱེར་སྒྲ་སྒྲོགས་ན་རྒྱལ་པོ་ཨུ་ཏྲ་ཡ་ན་ཞེས་བྱ་བ་རྒྱལ་པོ་བྱེད་དེ། བཙུན་མོ་དམ་པ་ཟླ་འོད་ཅེས་བྱ་བ་དང་། བུ་རྒྱལ་ཚབ་གཙུག་ཕུད་ཅན་ཞེས་བྱ་བ་དང་། བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་ཞེས་བྱ་བ་གཉིས་ཡོད་དོ། །རྒྱལ་པོའི་ཁབ་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ཨུ་ཏྲ་ཡ་ན་གཉིས་ཕན་ཚུན་མ་མཐོང་བའི་གྲོགས་པོ་བྱས་ཏེ་འཕྲིན་ཡིག་དང་སྐྱེས་དག་སྐུར་བར་བྱེད་དོ། །ཕྱིས་སུ་གཟུགས་ཅན་སྙིང་པོས་སྐྱེས་ལན་དུ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་འོག་ཏུ་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་དག་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་འབྱུང་ལྡོག་དང་། སྟེང་དུ་ཚིགས་སུ་བཅད་པ་གཉིས་པོ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ན་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་གྱུར་བ།། སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བ་དག་བྲིས་ནས་བསྐུར་རོ། །རྒྱལ་པོ་ཨུ་ཏྲ་ཡ་ན་སངས་རྒྱས་ལ་ཤིན་ཏུ་དད་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་ལུགས་སུ་འབྱུང་བ་དང་ལུགས་ལས་ལྡོག་པ་དག་ཡིད་ལ་བྱས་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་སྒྲ་སྒྲོགས་ན་གནས་པའི་སྐྱེ་བོའི་ཚོགས། དགེ་སློང་ཀཱ་ཏྱཱ་ཡ་ན་ཆེན་པོས་གདུལ་བར་གཟིགས་ནས། ཀཱ་ཱཏྱཱ་ཡ་ན་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་པ་གྲོང་ཁྱེར་སྒྲ་སྒྲོགས་སུ་བཏང་ངོ་། །ཀཱ་ཏྱཱ་ཡ་ནས་ཡུལ་དེར་གདུལ་བྱའི་ཁམས་དབང་དང་མཐུན་པར་ཆོས་བསྟན། དེའི་ཚེ་གྲོང་ཁྱེར་སྒྲ་སྒྲོགས་ན་ཁྱིམ་བདག་རྒྱལ་དང་། སྐར་རྒྱལ་གཉིས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་ནས་ཕུང་པོ་ལྷག་མེད་ཀྱི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་གཉིས་ཀྱི་ཉེ་དུ་དག་གིས་མཆོད་རྟེན་གཉིས་བྱས་སོ། །དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ནས་གཞོན་ནུ་གཙུག་ཕུད་ཅན་རྒྱལ་སྲིད་ལ་བཞག །བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་བསྐོས། དེ་ནས་རྒྱལ་པོའི་ཁབ་ཀྱི་གཟུགས་ཅན་སྙིང་པོས་རྒྱལ་པོ་ཨུ་ཏྲ་ཡ་ན་ཁྲིད་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་རྒྱལ་པོ་གཙུག་ཕུད་ཅན་གྱིས་རྒྱལ་སྲིད་ཆོས་མ་ཡིན་པར་བརྩམ་པ་ན། བློན་པོའི་མཆོག་གཉིས་ཀྱིས་ལན་གསུམ་དུ་བཟློག་པ་ན་འདི་གཉིས་ཡབ་ཀྱིས་བསྐོས་པ་ཡིན་པས་གསོད་པར་མི་བྱེད་ཀྱིས། ངའི་མིག་སྔར་འདུག་པར་མི་བྱའོ་ཞེས་སྐྱོན་ཆགས་པ་གཉིས་བློན་པོར་བསྐོས་སོ། །རྒྱལ་བློན་དེ་རྣམས་ཀྱིས་ཆོས་མིན་བྱས་སོ། །དེ་ལྟར་ཚོང་པ་རྣམས་ལས་ཨུ་ཏྲ་ཡ་ནས་གསན་པའི་ཚེ་གཙུག་ཕུད་ཅན་སོགས་ཆོས་མིན་གྱི་སྤྱོད་པ་ལས་བཟློག་པའི་ཆེད་དུ་རང་ཡུལ་དུ་བྱོན་པ་ན། བློན་པོ་སྐྱོན་ཆགས་པ་གཉིས་དང་རྒྱལ་པོ་གཙུག་ཕུད་ཅན་གྱིས་རྒྱལ་པོ་འོང་བ་ཤེས་ཏེ་རྒྱལ་པོ་གསོད་པའི་གཤེད་མ་བསྐོས་ནས་བཏང་ངོ་། །རྒྱལ་པོ་གཤེད་མ་དེ་དག་དང་འཕྲད་ནས་གཏམ་དྲིས་པས། ལྷ་བདག་ཅག་ཁྱོད་བགྲོངས་བའི་གཤེད་མར་མངགས་སོ། །རྒྱལ་པོས་རབ་ཏུ་བྱུང་བའི་དོན་དེ་ངས་ད་དུང་མ་ཐོབ་ཀྱིས་རེ་ཞིག་སྡོད་ཅིག་གསུང་ཏེ་གྲོས་བྱས། དེ་ནས་རྒྱལ་པོ་ཤིང་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་བརྩོན་འགྲུས་བརྩམ་པས་དགྲ་བཅོམ་པ་ཉིད་ཐོབ། དེ་དག་གིས་གལ་ཏེ་རྒྱལ་པོ་གཙུག་ཕུད་ཅན་གྱིས་བདག་ཅག་ལ་རྒྱལ་པོ་འཆི་བའི་ཚེ་ཅི་ཞིག་སྨྲས་ཞེ་ན་ཇི་ལྟར་བརྗོད། རྒྱལ་པོས། །རྒྱལ་སྲིད་ཕྱིར་ནི་ཕ་བསད་པས། །བསོད་ནམས་མ་ཡིན་མང་པོ་བསྐྱེད། །ང་ནི་ཡོངས་སུ་མྱ་ངན་འདའ། །ཁྱོད་ནི་མནར་མེད་འགྲོ་བར་འགྱུར། །ཞེས་བརྗོད་དོ། །གཤེད་མས་རྒྱལ་པོའི་མགོ་བཅད་ནས་བསད་དོ། །དེ་དག་གིས་ལྷུང་བཟེད་དང་ཆོས་གོས་དང་འཁར་གསིལ་ཁྱེར་ཏེ་བློན་པོ་སྐྱོན་ཆགས་པ་གཉིས་དང་རྒྱལ་པོ་ལ་གཏད། གཙུག་ཕུད་ཅན་ལ་རྒྱལ་པོ་འཆི་ཁའི་ཚིགས་བཅད་སྨྲས་པས་མྱ་ངན་གྱིས་ནོན་ནོ། །མྱ་ངན་བསལ་བའི་ཆེད་དུ་བློན་པོ་སྐྱོན་ཆགས་གཉིས་ཀྱིས་གསང་སྟེ། རྒྱལ་དང་སྐར་རྒྱལ་གཉིས་ཀྱི་མཆོད་རྟེན་ལ་ཁུང་བུ་གཉིས་བསྐོས་ནས་དེར་བྱི་ལའི་ཕྲུ་གུ་གཉིས་བཞག་སྟེ། ཉི་མ་རེ་བཞིན་ཤ་ཡིས་གསོས་ཏེ་མཆོད་རྟེན་ལ་སྐོར་བ་བྱེད་པ་བསླབ་པ་དང་། མས་ཀྱང་གཙུག་ཕུད་ཅན་ལ་ཁྱོད་སྐྱེས་པ་གཞན་གྱི་བུ་ཡིན་ཞེས་སྨྲས་པ་དང་། རྒྱལ་པོ་ལ་བློན་པོ་སྐྱོན་ཆགས་གཉིས་ཀྱིས། དགྲ་བཅོམ་པ་གཏན་ནས་མ་མཆིས། རྒྱལ་དང་སྐར་རྒྱལ་གཉིས་ལ་དད་པས་བྱིན་པ་ཆུད་གཟན་པས་བྱི་ལའི་སྐྱེ་གནས་སུ་མཆིས་ཞེས་རྒྱལ་པོ་འཁོར་བཅས་ཁྲིད་དེ་མཆོད་རྟེན་གཉིས་ཀྱི་དྲུང་དུ་སོང་ནས་སྨྲས་པ། རྒྱལ་དང་སྐར་རྒྱལ་གཉིས་ཉོན་ཅིག །བདེན་པའི་ཚིག་འདིས་ཤ་འདི་ལོངས་ལ་རང་རང་གི་མཆོད་རྟེན་ལ་བསྐོར་བ་བགྱིས་ཏེ་རང་རང་གི་ཁུང་དུ་ཞུགས་ཤིག་ཅེས་སྨྲས་པ་དང་། དེ་གཉིས་ཀྱིས་དེ་ལྟར་བྱས་སོ། །དེ་ནས་རྒྱལ་པོས་དགྲ་བཅོམ་པ་མེད་པར་སེམས་སོ། །དེའི་ཚེ་ཀཱ་ཏྱཱ་ཡ་ན་འཁོར་ལྔ་བརྒྱ་སོགས་ཀྱི་བསོད་སྙོམས་ཀྱང་བཅད་དོ། །ཀཱ་ཏྱཱ་ཡ་ནས་གཙུག་ཕུད་ཅན་གྱིས་བདག་མཐོང་ན་མི་དགའ་བར་གྱུར་ན་མི་རུང་ངོ་སྙམ་ནས་མཐའ་གཅིག་ཏུ་སོང་སྟེ་བཞུགས་སོ། །རྒྱལ་པོས་ཀཱ་ཏྱཱ་ཡ་ན་མཐོང་ནས་བློན་པོ་རྣམས་ལ་རྒྱུ་མཚན་དྲིས་པ་ན། བློན་པོ་སྐྱོན་ཆགས་གཉིས་ཀྱིས། ཁོ་བོ་ཕ་གསོད་པ་འདིའི་རྡུལ་གྱིས་མི་རེག་པར་བྱའོ། །ཞེས་མཆིའོ། །རྒྱལ་པོ་ཁྲོས་ནས་ངའི་འཁོར་ཐམས་ཅད་ཀྱིས་དགེ་སྦྱོང་མགོ་རེག་འདིའི་སྟེང་དུ་ས་སྤར་མོ་རེ་རེ་ཐོབ་ཅིག་ཅེས་ཐམས་ཅད་ཀྱིས་ས་སྤར་རེ་གཏོར་བ་ན་རྒྱལ་པོ་དེ་དཔུང་ཆེ་བས་འཕགས་པའི་སྟེང་དུ་ས་བུང་ཆེན་པོ་གནས་པར་གྱུར་པ་ན་འཕགས་པས་དེའི་དབུས་སུ་ལོ་མ་མ་ཡིན་པའི་སྤྱིལ་བུ་སྤྲུལ་ཏེ་བཞུགས་སོ། །དེ་ནས་བློན་པོའི་མཆོག་ཧེ་རུ་ཀ་དང་བྷི་རུ་ཀ་གཉིས་དང་ཕྱུགས་རྫི་དག་གིས་ས་ཕུང་དེ་ཕྱག་པར་བརྩམ་པ་ན་འཕགས་པ་ཀཱ་ཏྱཱ་ཡ་ན་ཆེན་པོ་བྱུང་བ་ལ་བློན་པོ་གཉིས་ཀྱིས་དྲིས་པ། འཕགས་པ་འདི་ཅི་ལགས། འཕགས་པས། དེང་ནས་ཉི་མ་བདུན་ན་གྲོང་ཁྱེར་སྒྲ་སྒྲོགས་སས་ནོན་པར་འགྱུར་རོ། །དེ་ཡང་ཉི་མ་དང་པོ་ལ་རླུང་མོ་ཆེ་བྱུང་ནས་གྲོང་ཁྱེར་སྒྲ་སྒྲོགས་ཀྱི་རྡོ་དང་གསེག་མ་དང་། གྱོ་མོ་མེད་པར་བྱེད་དོ། །ཉི་མ་གཉིས་པ་ལ་མེ་ཏོག་གི་ཆར་འབབ་བོ། །ཉི་མ་གསུམ་པ་ལ་གོས་ཀྱི་ཆར། བཞི་པ་ལ་དངུལ་གྱི་ཆར། ལྔ་པ་ལ་གསེར་གྱི་ཆར་འབབ་པར་འགྱུར་རོ།། དེའི་འོག་ཏུ་ལས་མཐུན་པར་བྱས་པ་དེ་དག་ཐམས་ཅད་གྲོང་ཁྱེར་སྒྲ་སྒྲོགས་སུ་འཇུག་པར་འགྱུར་ཞིང་ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་འབབ་བོ། །ཉི་མ་བདུན་པ་ལ་སའི་ཆར་འབབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་རིམ་གྱིས་ཆར་བབ་པའི་ཚེ། ཉི་མ་དྲུག་པ་ལ་རིན་པོ་ཆེའི་ཆར་བབས་པ་ན་ཀཱ་ཏྱཱ་ཡ་ནའི་བཀའ་བཞིན། བློན་པོའི་མཆོག་གཉིས་ཀྱིས་རིན་པོ་ཆེ་དག་གིས་གྲུ་བཀང་ནས་བྲོས་ཏེ། ཕྱོགས་གཞན་ཞིག་ཏུ་ཧེ་རུ་ཀའི་རྩལ་དང་བྷི་རུ་ཀའི་རྩལ་ཞེས་བྱ་བའི་གྲོང་ཁྱེར་རེ་བརྩིགས་ཏེ་གནས་སོ། །ཉི་མ་བདུན་པ་ལ་སའི་ཆར་བབ་ནས་རྒྱལ་པོ་གཙུག་ཕུད་ཅན་འབྲོས་པར་བརྩམ་པ་དང་མི་མ་ཡིན་པ་དག་གིས་སྒོ་བཅད་དོ། །དེ་ནས་ཀཱ་ཏྱཱ་ཡ་ན་མཉན་ཡོད་དུ་ཕྱིན་ནས་དགེ་སློང་རྣམས་ལ་དེ་དག་རྒྱས་པར་བསྙད་དོ། །དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས། སྔོན་རི་བྲག་ཞིག་ན་རྔོན་པ་ཞིག་འདུག་པ་དེས་རི་དྭགས་དང་བྱ་མང་འཛིན་པ་ལས། ཉིན་གཅིག་རང་སངས་རྒྱས་ཞིག་དེར་བསོད་སྙོམས་བྱས་ཏེ། དེ་ཉིན་མིའི་དྲིས་རི་དྭགས་གཅིག་ཀྱང་མ་ཟིན་ནས། རྔོན་པས་རང་སངས་རྒྱས་མཐོང་ནས་མདའ་དུག་ཅན་གྱིས་བསྣུན་ཏོ། །རང་སངས་རྒྱས་དེ་ནམ་མཁར་འཕགས་ནས་རྫུ་འཕྲུལ་མང་པོ་བསྟན་པས་རྔོན་པ་ཤིན་ཏུ་དད་ནས་བཟོད་པར་གསོལ། དེའི་གདུང་མཆོད་རྟེན་བརྩིགས་ནས་མཆོད་པ་ཆེར་བྱས་ཏེ་སྨོན་ལམ་བཏབ་བོ། །དེ་དུས་རྔོན་པ་ནི་དགེ་སློང་ཨུ་ཏྲ་ཡ་ནའོ། །རང་སངས་རྒྱས་ལ་དུག་མདས་བསྣུན་པས་དམྱལ་བ་མནར་མེད་དུ་སྐྱེས་ཤིང་ཚེ་རབས་ལྔ་བརྒྱར་རི་དྭགས་སུ་གྱུར་ནས་དུག་མདས་བསད་ཅིང་ད་ལྟ་དགྲ་བཅོམ་པ་ཐོབ་ཀྱང་མཚོན་གྱིས་བགྲོངས་སོ། །མཆོད་པ་བྱས་ནས་སྨོན་ལམ་བཏབ་པའི་རྒྱུས་རྒྱལ་པོར་སྐྱེས་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་བོ། །ཞེས་གསུངས།

༈ དང་པོ་དམྱལ་བ་ལ་སོགས་ཀྱི་སྐབས། ཡིད་བཞིན་མཛོད་འགྲེལ་ལས། ངན་སོང་གི་དང་པོ་དམྱལ་བ་ནི། འཛམ་བུ་གླིང་གི་ས་འོག་གངས་རི་ཏི་སེའི་ཐད་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་གནས་ཡོད་དེ། ལྕགས་ཀྱི་ཁང་པ་དཔང་དང་རྒྱར་དཔག་ཚད་ཉི་ཁྲི་ཡོད་པ་སྟེ། འཛམ་བུའི་གླིང་ནས་དེའི་ས་གཞི་ལ་ཐུག་པར་བཞི་ཁྲི་ཡོད་དོ། །དེའི་སྟེང་ཉི་ཁྲིའི་ཆ་ལ་རབ་ཏུ་ཚ་བ་དང་། ཚ་བ་དང་། ངུ་འབོད་ཆེན་པོ་དང་། ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་གོང་དུ་བརྩེགས་མར་ཡོད་དོ། །དེ་དག་གི་བར་ན་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་བཅད་པའོ། །ཚ་དམྱལ་གྱི་གནས། དེ་དང་འདབ་འབྱར་གྲང་དམྱལ་བརྒྱད་པོ་ཡང་། །ཚ་དམྱལ་རྣམས་ལ་འགྲན་པ་བཞིན་དུ་གནས། །ཡང་སོས་ནས་བྱང་དུ་དཔག་ཚད་ཉི་ཤུ་ན་ཆུ་བུར་ཅན་གྱི་གནས་ཡོད་པ་ལྟར་དེའི་འོག་ནས་འོག་གི། ཆུ་བུར་རྡོལ་བ་ཅན་དང་། ཨ་ཆུ་ཆུ་ཟེར་བ་དང་། ཀྱེ་ཧུད་ཟེར་བ་དང་། སོ་ཐམ་ཐམ་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པ་སྟེ། རིམ་པ་ལྟར། ཚ་བའི་དམྱལ་བ་འོག་མ་ནས་བྱང་དུ་དཔག་ཚད་ཉི་ཤུ་ཉི་ཤུ་ན་ཡོད་དོ། །ཞེས་དང་། ཡིད་བཞིན་མཛོད་ཀྱི་དཀའ་འགྲེལ་ལས། ཚ་དམྱལ་གྱི་གནས་ནི་མཛོད་དང་མཐུན་ལ་དེ་དང་འདབ་འབྱར་དུ་གྲང་དམྱལ་བརྒྱད་གསུངས་པས། སྟེང་འོག་གི་བར་ཐད་དཔག་ཚད་ཉིས་སྟོང་ཉིས་སྟོང་གིས་ཆོད་པར་གསུངས་ཏེ། སའི་དངོས་གཞི་ལས་ཀྱང་གྲང་དམྱལ་གྱི་བར་ཚད་འདི་བཞིན་གསུངས་ཤིང་། དེ་ལྟར་ན་འདི་ནས་ཡང་སོས་ཀྱི་བར་ལ་དཔག་ཚད་དྲུག་སྟོང་ཡོད་པར་མངོན་ནོ། །ཞེས་གསུངས་སོ། །དམྱལ་བའམ་གཤིན་རྗེའི་སྡེ་དཔོན་གྱི་མིང་། ཆོས་ཀྱི་རྒྱལ་པོ་དང་། ཉི་མའི་བུ་དང་། མཐར་བྱེད། གཤིན་རྗེའི་རྒྱལ་པོ་སོགས་ཟེར། དེ་ཡང་ལས་ཀྱི་གཤིན་རྗེ་ཡབ་ཡུམ་དང་། འཁོར་ལྕགས་མཁར་བཅུ་དྲུག་གི་བདག་པོ་གཤེད་ཆེན་བཞི་ལ་སོགས་པ་ཡི་དྭགས་ཀྱི་ཡུལ་ན་བཞུགས་ཤིང་དགེ་སྡིག་གི་སྟངས་གཅོད་པའི་དམྱལ་བའི་རྒྱལ་པོ་ལྟ་བུ་ཡིན་ལ། ཕྱོགས་སྐྱོང་གི་ནང་ནས་ལྷོ་ཕྱོགས་སྐྱོང་བ་ཡིན་ནོ། །

༈ དེ་དག་གི་རྣམ་སྨིན་ཀྱི་འབྲས་བུ་ནི་སོགས་ཀྱི་སྐབས། གསུམ་པ་ལས་འབྲས་ཀྱི་རྣམ་དབྱེ་བཤད་པ་ནི། གཞན་ཡང་བཀའ་དང་བསྟན་བཅོས་རྣམས་ལས་ལས་འབྲས་ཀྱི་རྣམ་བཞག་རྒྱ་ཆེར་གསུངས་པས་དབྱེ་སྒོའི་རྣམ་གྲངས་མང་ཡང་འདིར་འཕེན་རྫོགས་ཀྱི་སྒོ་ནས་དབྱེ་ན་མུ་བཞི་ཡོད་དེ། འཕེན་བྱེད་དགེ་བས་འཕངས་ཀྱང་རྫོགས་བྱེད་སྡིག་པས་རྫོགས་པ་མི་དབུལ་པོ་ལྟ་བུ། འཕེན་བྱེད་སྡིག་པས་འཕངས་ཀྱང་རྫོགས་བྱེད་དགེ་བས་རྫོགས་པ་ཀླུ་འབྱོར་ལྡན་ལྟ་བུ། འཕེན་རྫོགས་གཉིས་ཀ་མི་དགེ་བས་བྱས་པ་དམྱལ་བའི་སེམས་ཅན་ལྟ་བུ། འཕེན་རྫོགས་གཉིས་ཀ་དགེ་བས་བྱས་པ་འཁོར་ལོས་བསྒྱུར་རྒྱལ་ལྟ་བུའོ། །འཕེན་བྱེད་ཀྱི་ལས་ཞེས་པ་ནི། གནས་རིས་གང་དུ་སྐྱེ་བར་བྱེད་པའི་ལས་ཡིན་ནོ། །རྫོགས་བྱེད་ཀྱི་ལས་ནི། སྐྱེ་བ་དེ་ལ་བདེ་བ་དང་སྡུག་བསྔལ་གྱི་མྱོང་བ་ཅི་ཙམ་ཡོད་པ་སྐྱེད་ཅིང་རྫོགས་པར་བྱེད་པའི་ལས་ཡིན་པར་གསུངས་སོ། །དེ་ཡང་རྫོགས་བྱེད་ལ་ངེས་པ་མེད་དེ། བདེ་འགྲོར་ཡང་ཡན་ལག་དང་ཉིང་ལག་དང་དབང་པོ་མ་ཚང་བ་དང་མདོག་མི་སྡུག་པ་དང་། ཚེ་ཐུང་བ་དང་ནད་མང་བ་དང་དབུལ་བ་སོགས་ནི་མི་དགེ་བས་བྱེད་ལ་དུད་འགྲོ་དང་ཡི་དྭགས་ལའང་དཔལ་འབྱོར་ཕུན་སུམ་ཚོགས་པ་ཡོད་པ་ནི་དགེ་བས་བྱེད་པའོ། །དེའང་འཕེན་བྱེད་ཀྱི་ལས་གཅིག་གིས་སྐྱེ་བ་དུ་མ་འཕེན་པ་ཡང་ཡོད་དེ། ཚེ་དང་ལྡན་པ་འཕགས་པ་མ་འགགས་པས། བདག་ནི་སྔོན་རྩྭ་ཐུན་དུ་གྱུར་པའི་ཚེ་རང་སངས་རྒྱས་ཞིག་ལ་བསོད་སྙོམས་གཅིག་ཕུལ་བའི་བསོད་ནམས་གཅིག་པུ་དེའི་རྣམ་པར་སྨིན་པས་སུམ་ཅུ་རྩ་གསུམ་གྱི་ལྷར་ལན་བདུན་སྐྱེས་པ་དང་འཁོར་བསྒྱུར་དུ་ལན་བདུན་སྐྱེས་ནས་ད་ལྟ་ཡང་ཤཱཀྱ་ཕྱུག་པོར་སྐྱེས་སོ་ཞེས་པ་ལྟ་བུ་དང་། ལས་དུ་མས་ལུས་གཅིག་འཕེན་པའང་ཡོད་དེ། ལྷས་བྱིན་གྱིས་ཚེ་རབས་དུ་མར་བསགས་པའི་ལས་ཀྱིས་དགེ་སློང་གི་གཟུགས་ལ་སྡིག་སྤྱོད་ཅན་དུ་གྱུར་པ་ལྟ་བུ་དང་། ལས་གཅིག་གིས་སྐྱེ་བ་གཅིག་ལས་མི་འཕེན་པ་ཡང་ཡོད་དེ། རང་གི་བུ་ལ་སྙིང་རྗེ་སྐྱེས་པའི་བུད་མེད་ཚངས་པར་སྐྱེས་པ་ལྟ་བུའོ། །དེ་དག་གི་དགེ་སྡིག་གང་ཡིན་ཀྱང་ཞིང་དང་བསམ་པ་དང་ནན་ཏན་གྱིས་རྒྱུན་དུ་བྱེད་པ་སོགས་རྒྱུ་སྟོབས་ཆེ་ཆུང་གི་དབང་གིས་དེ་ལྟར་གྲུབ་པའོ། །འཕེན་བྱེད་ནི་ལས། འཕེན་བྱ་ནི་གང་ཟག །འཕང་འབྲས་སམ་འཕང་བ་ནི་འཕང་བྱ་དང་ངོ་བོ་གཅིག་པའི་རྣམ་སྨིན་ཡིན་ནོ། །འཕེན་བྱེད་ཀྱི་ལས་སོ་སོ་བ་ཡིན་ཏེ། ངན་འགྲོའི་སྲོག་དབང་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར་རོ། །རྣམ་སྨིན་མྱུར་བུལ་གྱི་སྒོ་ནས་དབྱེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་ནི། ཚེ་དེ་ལ་བྱས་པའི་ལས་སྟོབས་ལྡན་ཚེ་དེ་ཉིད་དུ་སྨིན་པ་ལྷས་སྦྱིན་གྱིས་བཅོམ་ལྡན་འདས་ལ་སེན་མོས་དུག་རྩོམ་པར་གཟས་པ་ལས་དེ་ཉིད་དུ་དམྱལ་བའི་མེ་གྲུབ་པ་ལྟ་བུ། དགེ་བའི་འབྲས་བུ་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་ལྟ་བུ། སྐྱེས་ནས་མྱོང་འགྱུར་གྱི་ལས་ནི། སྐྱེ་བ་འདིའི་ཕྱི་མར་སྐྱེས་མ་ཐག་ཏུ་རྣམ་སྨིན་མྱོང་བ་འགྱུར་བ་མཚམས་མེད་པ་དང་ཉེ་བའི་མཚམས་མེད་ལྔའི་ལས་ལྟ་བུ། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ནི། སྐྱེ་བ་གསུམ་ཕན་ཆད་ནས་བརྒྱ་སྟོང་གི་བར་རྣམ་སྨིན་མྱོང་བར་འགྱུར་བའི་ལས་ལྟ་བུ། མྱོང་བར་མ་ངེས་པའི་ལས་ནི། ལས་བསགས་ཀྱང་སོ་སོའི་གཉེན་པོ་སོགས་ཀྱིས་བཅོམ་ནས་རྣམ་སྨིན་འབྱིན་པར་མ་ངེས་པ་སྟེ་བཞིར་གསུངས་སོ། །བྱས་བསགས་ཡིན་མིན་གྱི་དབྱེ་བ་ནི། ལས་དཀར་པོ་ལ་མཚོན་ན། བྱས་ལ་བསགས་པའི་ལས་ནི་དད་པས་དཀོན་མཆོག་མཆོད་པ་ལྟ་བུ། མ་བྱས་ལ་བསགས་པའི་ལས་ནི་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ལྟ་བུ། བྱས་ལ་མ་བསགས་པའི་ལས་ནི་སེམས་གཡེང་བའི་བཟླས་བརྗོད་ལྟ་བུ། མ་བྱས་ཤིང་མ་བསགས་པའི་ལས་ནི་ཀུན་སློང་བཏང་སྙོམས་ལས་རྣམ་པར་སྨིན་པའི་འབྲས་བུ་འབྱིན་མི་ནུས་པས་ལུང་མ་བསྟན་པ་སྟེ་མུ་བཞིའོ། །ལས་ནག་པོ་ལ་མཚོན་ན། བྱས་ལ་བསགས་པའི་ལས་ནི། ཀུན་སློང་དྲག་པོས་བསམ་བཞིན་བྱེད་པ་༡། དངོས་གཞིའི་ལས་དེ་རྫོགས་པར་བྱས་པ་༢། རྗེས་སུ་འགྱོད་པ་མེད་ཅིང་༣་ཡི་རང་བ་༤། དེ་ཉིད་འཇོམས་བྱེད་ཀྱི་གཉེན་པོ་མེད་པ་༥། འབྲས་བུ་སྨིན་ངེས་ཀྱི་ནུས་པ་ཡོད་པ་དང་དྲུག་ཚང་བ་ཡིན་ནོ། །བྱས་ལ་མ་བསགས་པའི་ལས་ནི། གོང་གི་དྲུག་པོ་མ་ཚང་པས་ལས་བྱས་ཀྱང་འབྲས་བུ་ཇི་ལྟ་བ་བཞིན་སྨིན་པར་མ་ངེས་པ་ཡིན་ནོ། །གཞན་གཉིས་པོ་གོང་གི་ལྡོག་ཆ་ལས་ཤེས་སོ། །དེའང་དགེ་སྡིག་གང་ལ་ཡང་བསམ་པ་མཉམ་པར་ཞུགས་པ་ཐམས་ཅད་བྱེད་པ་པོ་གཅིག་བཞིན་དུ་འདྲ་བར་ཐོབ་པ་དམག་ལ་སོགས་པ་ལྟ་བུ་ཡིན་ཏེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་སོ། །དགེ་སྡིག་གང་ལའང་རྗེས་སུ་ཡི་རང་བྱས་ན་བྱེད་པ་པོ་དང་འདྲ་བར་དགེ་རྩ་ཐོབ་པ་དང་། རྗེས་སུ་འགྱོད་པ་བྱས་ན་དགེ་སྡིག་གང་ཡང་འཛད་པར་གསུངས་པ་དང་། ཐབས་ལ་མཁས་ན་སྡིག་པ་ཆེན་པོ་ཡང་མྱུར་དུ་བྱང་བ་དང་། དགེ་རྩ་ཆུང་ངུ་བྱས་པ་ཡང་ཚད་མེད་པར་འཕེལ་བ་ལ་སོགས་པའོ། །དེ་ལྟར་འཁོར་བར་སྐྱེ་བ་འགྲུབ་བྱེད་ཀྱི་ལས་དེ་ཡང་དང་པོར་ཉོན་མོངས་པའི་དབང་གིས་བྱུང་བ་ཡིན་ལ། མཐར་ཡང་སྲེད་པ་ལ་སོགས་པའི་ཉོན་མོངས་པས་གསོས་མ་བཏབ་ན་སྐྱེ་བའི་འབྲས་བུ་མི་འབྱིན་པས་ཉོན་མོངས་པ་ནི་ཀླུ་གང་དུ་གནས་པར་ཆུ་ཡོད་པ་དང་། ཤིང་རྣམས་སྐྱེ་བའི་རྩ་བ་ལྟ་བུ་དང་། མྱུ་གུ་སྐྱེ་བར་བྱེད་པའི་ས་བོན་ལྟ་བུ་དང་། མེ་འབྲས་རྣམས་སྐྱེད་པའི་ལྗོན་པ་ལྟ་བུ་འཁོར་བ་སྐྱེད་བྱེད་ཡིན་ལ། འཁོར་བའི་རྒྱུ་ཀུན་འབྱུང་གི་བདེན་པ་ནི་ལས་ཉོན་གཉིས་དང་། འཁོར་བའི་འབྲས་བུ་སྡུག་བསྔལ་གྱི་བདེན་པ་ནི་སྣོད་བཅུད་གཉིས་ཡིན་ནོ། །ལས་སྟོབས་ཆེ་ཆུང་གིས་དབྱེ་བ་ནི། སྤྱིར་སྤང་བྱའི་འབྲས་བུས་འཕངས་ཀྱང་གཉེན་པོས་བསྒྱུར་བར་ནུས་པའི་ཕྱིར་གཉེན་པོའི་ལས་སྟོབས་ཆེ་བའོ། །ཇི་ལྟར་སྣང་ཚུལ་གྱི་སྒོ་ནས་དབྱེ་ན། སྣང་འགྱུར་ཐུན་མོང་པའི་ལས་ནི། ལས་མཐུན་སྣང་བསགས་པ་ལས་ཕྱི་སྣོད་འཇིག་རྟེན་གྱི་སྣང་བ་ཞིང་དེའི་འགྲོ་བ་རྣམས་ལ་ཕྱོགས་གཅིག་ཏུ་འཆར་བ་ལྟ་བུ། མྱོང་འགྱུར་ཐུན་མིན་གྱི་ལས་ནི། སེམས་ཅན་རང་རང་གི་ལས་སྣང་གིས་བསྒྲུབས་པའི་གནས་ལུས་ལོངས་སྤྱོད་སོ་སོར་ཐ་དད་པར་བདེ་སྡུག་ཉམས་སུ་མྱོང་བ་ལྟ་བུའོ། །རིགས་མཐུན་མི་མཐུན་གྱིས་དབྱེ་ན། མཐའ་གཅིག་ཏུ་རྣམ་པར་དཀར་བའི་ལས་ནི། བསམ་སྦྱོར་གཉིས་ཀ་རིགས་མཐུན་གཅིག་ཏུ་དཀར་བའི་དགེ་བའི་ལས་ལམ་རྫོགས་པ་དད་པས་བླ་མ་མཆོད་པ་ལྟ་བུ། མཐའ་གཅིག་ཏུ་རྣམ་པར་གནག་པའི་ལས་ནི། བསམ་སྦྱོར་གཉིས་ཀ་རིགས་མཐུན་གཅིག་ཏུ་གནག་པ་མི་དགེ་བའི་ལས་ལམ་རྫོགས་པ་གསོད་སེམས་ཀྱིས་སྲོག་བཅད་པ་ལྟ་བུ། དཀར་ནག་འདྲེས་མའི་ལས་ནི། བསམ་པ་དཀར་ལ་སྦྱོར་བ་གནག་པས་མང་པོ་སྐྱོབ་ཕྱིར་གསོད་པ་ལྟ་བུ་དང་། གསོད་ཕྱིར་སྦྱིན་པ་གཏོང་བ་ལྟ་བུ་བསམ་པ་གནག་ལ་སྦྱོར་བ་དཀར་བ་རྣམས་སོ། །དེ་ལྟར་འདྲེས་མའི་ལས་ཀྱིས་འདོད་པར་བདེ་སྡུག་སྤེལ་མར་མྱོང་བར་བྱེད་པའོ། །དེའང་ལས་ཀྱི་ངོ་བོ་དཀར་ནག་འདྲེས་མ་མིན་ཀྱང་བྱེད་ལས་ལས་དེ་ལྟ་བུར་བཞག་པའོ། །དཀར་ནག་གི་ལས་དེ་དག་ཟད་པར་བྱེད་པ་ཟག་མེད་ཀྱི་ལས་ནི་མི་དཀར་མི་གནག་པ་ཞེས་གསུངས་སོ། །སེམས་པའི་ལས་ནི། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། བསོད་ནམས། བསོད་མིན། མི་གཡོ་བའོ། །བསམ་པའི་ལས། ལུས་ངག་ཡིད་ཀྱི་ལས་དགེ་མི་དགེའོ། །སེམས་པ་ལས་གྱུར་པའི་ལས་གང་ཞེ་ན། གཞན་གྱིས་མི་འདོད་བཞིན་འདི་གྱིས་ཞེས་བསྒོ་བ་སེམས་པ་ལས་གྱུར་པ་མི་དགེ་སྤྱོད་པ་ལྟ་བུ་དང་། གཞན་གྱིས་གསོལ་བ་བཏབ་པ་མི་འདོད་བཞིན་འདི་བྱས་ན་ལེ གས་ཞེས་འཛིན་བཅུག་ནས་སེམས་པ་ལས་གྱུར་པ་དང་། སྐྱོན་ཡོན་མི་ཤེས་པས་མངོན་ཞེན་མེད་པ་སེམས་པས་རང་དགར་ལས་གྱུར་པ་དང་། མི་དགེ་བའི་རྩ་བ་ལ་མངོན་པར་ཞེན་པའི་སེམས་པ་མངོན་ཞེན་དྲག་པོའི་མི་དགེ་སྤྱོད་པ་ལས་གྱུར་པ་དང་། ཆོས་འདོད་ཀྱང་ཕྱི་མར་ཡིད་འོང་གི་ཆེད་མི་དགེ་བ་སྤྱོད་པ་ཕྱིན་ཅི་ལོག་གི་སེམས་པ་ལས་གྱུར་པའོ། །དང་པོ་གསུམ་རྣམ་སྨིན་ངེས་པར་མྱོང་བའི་ངེས་པ་མེད་པས་བྱས་ཀྱང་མ་བསགས་པ་དང་། རྩ་བར་མངོན་ཞེན་དང་། ཕྱིན་ལོག་གི་སེམས་པ་ལས་བྱུང་བའི་ལས་བྱས་ཤིང་བསགས་པའི་རྣམ་སྨིན་ནི་མྱོང་བར་མི་འགྱུར་བ་མ་ཡིན་ནོ། །ལས་བྱེད་པ་ནི་ཀུན་ཏུ་སྤྱོད་པའོ། །བསགས་པ་ནི་བག་ཆགས་ཀུན་གཞིའི་རྣམ་པར་ཤེས་པ་ལ་རྣམ་པར་སྨིན་པའི་ས་བོན་གསོས་འཕེལ་བའོ། །འཕེན་པ་རྣམ་སྨིན་འཕེན་པ། རྫོགས་བྱེད་ནི་སྐྱེས་པ་ན། འདོད་མི་འདོད་མྱོང་བའོ། །ལས་མང་པོ་དང་ལྡན་པ་ཇི་ལྟར་རིམ་གྱིས་སྨིན་ཞེ་ན། གང་ཤིན་ཏུ་ལྕི་བ་སྔོན་ལ་སྨིན་པ་དང་། ཡང་འཆི་དུས་གང་མངོན་གྱུར་དང་། གང་གོམས་པའོ། །ཡང་ན་ཐོག་མར་སྤྱད་པ་དེ་ཐོག་མར་སྨིན་པར་འགྱུར་རོ། །སེམས་ཅན་རྣམས་ཚེ་དང་། ལས་དང་། བསོད་ནམས་ཟད་པས་མཐོ་རིས་སོགས་ནས་འཆི་འཕོའོ། །བསོད་ནམས་ཟད་པ་དུས་མིན་འཆི་བ་སྟེ། འདི་ལྟར་སྙོམས་འཇུག་གི་རོ་མྱོང་བས་བསོད་ནམས་ཟད་དེ་དུས་ལ་མ་བབ་ཀྱང་འཆིའོ། །ལས་ཟད་པ་ནི། དེར་སྐྱེས་ནས་མྱོང་འགྱུར་དང་། སྔོན་གྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོངས་སུ་གཏུགས་པའོ། །

༈ སྔོན་ཤཱཀྱ་རྣམས་ཉ་པར་གྱུར་པའི་ཚེ་སོགས་ཀྱི་སྐབས། ཤཱཀྱ་རྣམས་གསོད་པར་བྱའོ་ཞེས་དཔུང་ཚོགས་བཞི་བཤམས་པ་དང་། སྟོན་པས་ད་དུང་ཤཱཀྱ་རྣམས་བདེན་པ་མ་མཐོང་བར་འཕགས་སྐྱེས་པོའི་དམག་ཐེབས་ན་མི་རུང་བར་དགོངས་ནས་ལམ་ཁར་ཤིང་ལོའི་གདན་བཏིང་། གྲིབ་མ་ཆུང་ངུ་ཞིག་ན་བཞུགས་པས་འཕགས་སྐྱེས་པོས་ཤིང་བཟང་པོ་བཞག་ནས་འདི་ན་ཅིའི་ཕྱིར་བཞུགས་ཞེས་ཞུས་པས། འདི་ནི་ངའི་ཉེ་དུ་རྣམས་ཀྱིས་སྐྱེད་བསྐྱེད་པ་ཡིན་པས་གཉེན་བཤེས་ཀྱི་དྲི་མ་འདི་ནི་རབ་ཏུ་བསིལ་ལོ་ཞེས་པས་ཉེ་དུ་ལ་བརྩེའོ་སྙམ་དམག་ཕྱིར་རེ་ཞིག་ལོག །དེ་ནས་སྟོན་པས་ཤཱཀྱ་རྣམས་ལ་ཆོས་བསྟན་པས་ཕལ་ཆེར་བདེན་པ་མཐོང་། དེ་རྗེས་ཤཱཀྱ་ཕལ་ཆེར་འཕགས་སྐྱེས་པོའི་དམག་གིས་བསད་པའོ། །སྟོན་པ་མཉན་ཡོད་དུ་གཤེགས་ནས་འཕགས་སྐྱེས་པོ་མ་ལ་གནོད་དང་བཅས་ཞག་བདུན་ན་མེས་ཚིག་ནས་དམྱལ་བར་སྐྱེ་བར་ལུང་བསྟན། དེའི་ཚེ་རྒྱལ་པོའི་སྐྱེད་མོས་ཚལ་དུ་ཆབ་ཀྱི་ནང་དུ་ཁང་བཟང་ཀ་བ་གཅིག་པ་ཞིག་བགྱིས་ཏེ་བཙུན་མོའི་འཁོར་དང་བཅས་ཏེ་གནས་པ་ལས་བཙུན་མོའི་འཁོར་ཞིག་གིས་སྔས་ནང་ཚངས་ཅན་གྱི་སྟེང་དུ་ནོར་བུ་མེ་ཤེལ་བཞག་པ་ལས་མེ་མཆེད་ནས་ཁང་བཟང་ཚིག་པ་ན་བཙུན་མོའི་འཁོར་རྣམས་བྲོས་ཤིང་འཕགས་སྐྱེས་པོ་དང་མ་ལ་གནོད་གཉིས་འབྲོས་པར་བརྩམ་པ་ལས་མི་མ་ཡིན་པ་དག་གིས་སྒོ་བཅད་དེ་ཚིག་ནས་དམྱལ་བར་སྐྱེའོ།། རྒྱལ་བྱེད་ཀྱི་ཚལ་དུ་ཞབས་ལ་སེང་ལྡེང་ཚལ་བ་ཟུག་གོ་གསུངས་མ་ཐག་ཚལ་པ་རྣོན་པོ་མཐོ་གང་བ་ཞིག་བྱུང་བ། མཽའུ་འགལ་གྱི་བུས་འདོར་བར་བརྩམ་ཀྱང་བསྒུལ་མ་ནུས་ནས་སྟོན་པ་ཚངས་པའི་འཇིག་རྟེན་གྱི་བར་དུ་གཤེགས་ཀྱང་དེ་ཡི་རྗེས་སུ་འབྲངས་ཤིང་མཉན་ཡོད་དུ་གཤེགས་དེ། ཕྱག་གཡས་པས་ཞབས་གཡས་བཟུང་ནས་སེང་ལྡེང་གི་ཚལ་པ་རྩེ་གཟེངས་པའི་སྟེང་བཞག་སྟེ་ཕུག་མ་ཐག་སྟོང་ཆེན་གཡོས་ཤིང་ཀུན་དགའ་བོར་སྔོན་ཚངས་པ་གཡོ་ཅན་མདུང་གིས་བསད་པའི་ལས་ཀྱི་ལྷག་མའོ་ཞེས་གསུངས་སོ། །

༈ རྒྱལ་པོ་ང་ལས་ནུ་སྔོན་དབུལ་པོར་གྱུར་པའི་ཚེ་སོགས་ཀྱི་སྐབས། སྔོན་གྱི་ཚེ་འཛམ་བུའི་གླིང་འདིར་ཚེ་ལོ་དཔག་མེད་ཐུབ་པའི་དུས་ན། རྒྱལ་པོ་གུས་པ་ཅན་ནམ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལ་སྒོ་ང་འདྲ་བའི་ཤ་རྨེན་ཞིག་བྱུང་སྟེ། དེ་གས་པའི་ནང་ནས་གཞོན་ནུ་གསེར་གྱི་མདོག་ཅན་ཞིག་སྐྱེས་པའི་ཚེ་བཙུན་མོ་ཐམས་ཅད་ཀྱི་ནུ་མ་ནས་འོ་མ་རང་བྱུང་སྟེ། སོ་སོ་ནས་ང་ལས་ནུས་ཞེས་བྱས་པས་དེའི་མིང་དུ་ང་ལས་ནུ་ཡང་ཟེར་རོ། །དེ་རྒྱལ་སྲིད་ཀྱི་འབྱོར་བ་ཆེན་པོས་དགའ་ཞིང་རྩེད་མོ་རྩེ་བའི་ཡུན་དུ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་ཆེར་སྐྱེས་པ་ན་ཡོན་ཏན་དང་ལྡན་པར་རིག་སྟེ། ཡབ་རྒྱལ་པོས་ཡུལ་གཅིག་གི་རྒྱལ་སྲིད་བྱེད་དུ་བཅུག་གོ། །དེ་རྒྱལ་ཚབ་བྱེད་པའི་ཡུན་ལ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་ནས་ཡབ་རྒྱལ་པོ་ཚེ་དུས་བྱས། གཞོན་ནུ་སྤྱི་བོ་སྐྱེས་རྒྱལ་པོར་དབང་སྐུར་ཅིག་ཅེས་གསུངས། དེ་ནས་རྒྱལ་ཆེན་བཞིས་རྒྱལ་པོར་དབང་བསྐུར། ལྷ་དབང་གིས་རིན་པོ་ཆེའི་ཅོད་པན་མགོ་ལ་བཅིངས། མི་རྣམས་ཀྱིས་ཁྲི་དང་ཅོད་པན་སོགས་མ་བཅིངས་པའི་སྔོན་དུ་ལྷ་རྣམས་ཀྱིས་དེ་ལྟར་བྱས་སོ། །དེ་དང་མཉམ་དུ་གསེར་གྱི་འཁོར་ལོ་ལ་སོགས་པ་རིན་པོ་ཆེ་སྣ་བདུན་ཀྱང་དེར་བྱུང་སྟེ། གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོར་གྱུར་ཏོ། །བུ་ཡང་སྟོང་ཚང་བར་བྱུང་། དེ་ནས་ཟས་གོས་དང་། རོལ་མོ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་ཕབ་ནས་འཛམ་བུའི་གླིང་འདིར་ལོ་ཁྲི་ཕྲག་མང་པོར་སེམས་ཅན་རྣམས་ལ་ཕན་པ་རྗེས་སུ་བསྟན་ནས་བརྒྱ་བྱིན་དྲུག་འཕོ་བའི་ཡུན་དུ་གནས་སོ། །དེ་ནས་གསེར་གྱི་འཁོར་ལོ་རིན་པོ་ཆེ་ནམ་མཁར་འཕགས་པའི་རྗེས་སུ་རིན་པོ་ཆེ་གཞན་དང་དཔུང་གི་ཚོགས་བྱེ་བ་བརྒྱད་འབུམ་དང་། བུ་སྟོང་དང་བཅས་པ་ནམ་མཁའ་ལ་འཕགས་པས་ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ནས་མི་ཐམས་ཅད་ཀྱིས་བསུ་ཞིང་རྒྱལ་པོ་བྱས་ཏེ་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་ནུབ་བ་ལང་སྤྱོད་དུ་སོང་སྟེ་བརྒྱ་བྱིན་དྲུག་གི་ཡུན་དུ་གནས་སོ། །དེ་ནས་བྱང་སྒྲ་མི་སྙན་དུ་སོང་ནས་དེར་རྒྱལ་པོ་བྱས་ཏེ་བརྒྱ་བྱིན་དྲུག་གི་ཚེའི་ཡུན་དུ་གནས་སོ། །དེ་ནས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་སུ་ཆས་སོ། །དེར་རི་རབ་ནི་གསེར་གྱི་རི་བདུན་གྱིས་བསྐོར་བ་ཡིན་པས་གསེར་གྱི་རི་དང་པོ་མུ་ཁྱུད་འཛིན་གྱི་རིའི་རྩེ་མོར་བདེ་བའི་ཡོ་བྱད་ཐམས་ཅད་ལ་ལོངས་སྤྱད་དེ་གནས་པའི་ཡུན་ལ་བརྒྱ་བྱིན་དྲུག་ཚེ་འཕོས་སོ། །དེ་བཞིན་དུ་རྣམ་འདུད་དང་། རྟ་རྣ་དང་། ལྟ་ན་སྡུག་དང་། སེང་ལྡེང་ཅན་དང་། གཤོལ་མདའ་འཛིན་དང་། གཉའ་ཤིང་འཛིན་དྲུག་པོ་རེ་རེའི་རྩེ་མོར་བརྒྱ་བྱིན་དྲུག་རེ་དྲུག་རེ་ཚེ་འཕོ་བའི་ཡུན་དུ་བསྡད་དོ། །དེ་ནས་གཉའ་ཤིང་འཛིན་ནས་སྟེང་གི་ནམ་མཁའ་ལ་འཕགས་ཏེ། རི་ཡི་རྒྱལ་པོ་རི་རབ་ཀྱི་སྟེང་དུ་ཆས་སོ། །དེའི་ཚེ་ལྷ་རྣམས་སྐྲག་ནས་སྒོ་ཐམས་ཅད་བསྡམ་ཀྱང་། རྒྱལ་པོ་འཁོར་བཅས་དེར་ཕྱིན་ནས་གཞུ་རྒྱུད་སྦྲེང་ཞིང་དུང་བུས་པ་ཙམ་གྱིས་ལྷའི་ཕོ་བྲང་གི་སྒོ་བརྒྱ་ཕྲག་ཕྱེད་དང་བཅུ་གཉིས་པོ་དུས་གཅིག་ཏུ་ཕྱེ་ནས། བརྒྱ་བྱིན་གྱིས་རྒྱལ་པོ་ང་ལས་ནུ་ལ་སྟན་ཕྱེད་བསྟབས་ཤིང་། བརྒྱ་བྱིན་དང་སྟན་གཅིག་ལ་འདུག་ནས་མངའ་དབང་མཉམ་པར་གྱུར་ཏེ་གནས་སོ། །དེའི་ཚེ་ལྷ་མིའི་རྒྱལ་པོ་དེ་གཉིས་ལ་མིག་འཛུམ་མི་འཛུམ་དང་འགྲོ་ན་ལྷའི་མགྱོགས་བུལ་ཙམ་གྱི་ཁྱད་མ་གཏོགས་མེད་དོ། །དེར་བརྒྱ་བྱིན་དང་སྐལ་པ་མཉམ་པས་ལྷའི་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱད་དེ་བརྒྱ་བྱིན་སུམ་ཅུ་རྩ་དྲུག་གི་ཚེའི་ཡུན་དུ་གནས་པར་བྱས་སོ། །དེ་ལྟར་བརྒྱ་བྱིན་སུམ་ཅུ་རྩ་དྲུག་བརྗེས་པའི་ཐ་མ་དེའི་རིང་ལ། ལྷ་མ་ཡིན་རྣམས་ལྷ་ལ་དམག་དྲངས་པ་ན། བརྒྱ་བྱིན་གྱིས་མ་ཐུབ་ནས། ང་ལས་ནུ་དཔུང་གི་ཚོགས་བརྒྱད་འབུམ་དང་བཅས་པ་སྟེང་གི་ནམ་མཁར་འཕགས་ནས་དུང་བུས་ཤིང་གཞུ་རྒྱུད་སྦྲེང་པ་ན་ལྷ་མ་ཡིན་རྣམས་འཇིགས་སྐྲག་ནས་གཡུལ་ཕམ་སྟེ་རང་གི་གནས་སུ་བྲོས་སོ། །རྒྱལ་པོ་ང་ལས་ནུས་བསམ་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལས་བདག་ལྷག་གོ་སྙམ་ཏེ། བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་ག་ལ་རུང་། ད་ནི་བརྒྱ་བྱིན་གནས་འདི་ནས་དབྱུང་ལ་བདག་ཁོ་ནས་ལྷ་དང་མི་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ་སྙམ་མ་ཐག་ཏུ་འཛམ་བུའི་གླིང་དུ་ཕྱིར་ལྷུང་ཞིང་སྔོན་གྱི་ཕོ་བྲང་རྙིང་བའི་སྒོར་ལྷག་ནས་སྡུག་བསྔལ་མྱོང་བ་ན་རྒྱལ་པོ་དེའི་བློན་པོའི་ཚོགས་དང་བཅས་པས་ཅི་ཉེས་དྲིས་པ་ན། རྒྱལ་པོས་སྨྲས་པ། ཀཪྵ་པ་ཎའི་ཆར་བབས་ཀྱང་། །འདོད་པ་དག་ལ་ངོམས་པ་མེད། །ཅེས་སོགས་སྐྱེ་བོའི་ཚོགས་དེ་རྣམས་ལ་འདོད་པའི་ཉེས་དམིགས་དང་། ཁྱིམ་ན་གནས་པའི་ཉེས་དམིགས་སོགས་བཤད་པས་སྲོག་ཆགས་བརྒྱ་སྟོང་མང་པོ་རབ་ཏུ་བྱུང་སྟེ་ཚངས་པའི་འཇིག་རྟེན་དུ་སྐྱེས་སོ། །དེ་ལྟར་རྒྱལ་པོ་ཆེན་པོ་ང་ལས་ནུ་དེ་ཇི་སྲིད་གཞོན་ནུའི་ས་ན་རྩེ་བ་ནས་སུམ་ཅུ་རྩ་གསུམ་དུ་གནས་པ་དེ་སྲིད་ཀྱི་ཡུན་ལ་བརྒྱ་བྱིན་བརྒྱ་དང་བཅུ་བཞི་ཤི་འཕོས་པ་ཡིན་ནོ། །བརྒྱ་བྱིན་རེ་རེའི་ཚེ་ཚད་ནི་མི་རྣམས་ཀྱི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ལྷའི་ཞག་གཅིག་ཡིན་ནོ། །ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལྷ་རྣམས་ཀྱི་ལོ་སྟོང་ཐུབ་པ་ཡིན་ནོ། །དེ་མིའི་ལོས་བགྲངས་ན་ལོ་བྱེ་བ་ཕྲག་གསུམ་དང་ས་ཡ་དྲུག་ཡོད་དེ། བརྒྱ་བྱིན་གཅིག་གི་ཚེ་ཚད་དོ། །བརྒྱ་བྱིན་བརྒྱ་དང་བཅུ་བཞི་པོའི་ཚེ་ཚད་མིའི་ལོར་བརྩིས་ན་ཐེར་འབུམ་བཞི་དང་དུང་ཕྱུར་གཅིག་དང་ས་ཡ་བཞི་ཡོད་དེ། དེ་ཙམ་དུ་རྒྱལ་པོ་ང་ལས་ནུ་ལྷ་དང་མིའི་འདོད་ཡོན་ལ་ལོངས་སྤྱོད་པའི་ཡུན་ཡིན་ནོ། །འདུལ་བའི་དཔེ་འགར་བརྒྱ་བྱིན་བརྒྱད་ཅུ་རྩ་བཞི་སོགས་ཡིག་སྐྱོན་རེ་ཟུང་ཞུགས་པ་འདུག་གོ། །དེ་བཞིན་སྐྱེས་རབས་ཀྱི་སྐབས་འདིར་ཅུང་ཟད་རེའི་འདྲ་མིན་ཡོད་པ་རྣམས་མདོ་སྡེ་རྒྱས་བསྡུས་བསྡུར་ནས་བྲིས་པ་ཡིན་པར་ཤེས་པར་བྱའོ། །བརྒྱ་བྱིན་སོ་དྲུག་པོའི་ནང་གི་དང་པོ་ང་ལས་ནུ་ལ་སྟན་ཕྱེད་སྟོབ་པ་དེ་ནི་དགེ་སློང་འོད་སྲུང་འདི་ཡིན་ལ། གང་གི་ཚེ་རྒྱལ་པོ་ང་ལས་ནུས་བརྒྱ་བྱིན་འདི་གནས་འདི་ནས་ཕྱུང་ལ་བདག་གིས་རྒྱལ་སྲིད་བྱའོ་སྙམ་པའི་བརྒྱ་བྱིན་དེ་ནི་སངས་རྒྱས་འོད་སྲུང་ཡིན་ནོ། །དེའི་ཚེ་ང་ལས་ནུ་དེ་ནི་བཅོམ་ལྡན་འདས་ཉིད་དོ། །ང་ལས་ནུ་དེས་གླིང་བཞི་དང་ལྷའི་གནས་སུ་རྒྱལ་སྲིད་ཐོབ་པར་གྱུར་པའི་རྒྱུ་ནི་སྔོན་དེ་བཞིན་གཤེགས་པ་རྣམ་གཟིགས་འཇིག་རྟེན་ཏུ་བྱོན་པ། རྒྱལ་པོའི་ཕོ་བྲང་གཉེན་ལྡན་དུ་བསོད་སྙོམས་ལ་ཞུགས་པ་ན། འབྲུ་ཚོང་བའི་ཚོང་པ་ཞིག་གིས་སངས་རྒྱས་དེ་ལྟ་བས་ཆོག་མི་ཤེས་པར་མཐོང་ནས། སྲན་མ་ལ་སྤར་བས་བཅུས་ཏེ་གཏོར་བ་དང་། འབྲུ་ུམ་བཞི་ལྷུང་བཟེད་ཀྱི་ནང་དུ་སོང་། གཅིག་ལྷུང་བཟེད་ཀྱི་ཁ་ཁྱེར་ལ་ཕོག །གཅིག་དབུའི་རྩེ་མོར་ཆགས་པས་གླིང་བཞི་དང་ལྷའི་རིས་གཉིས་སུ་ལོངས་སྤྱོད་ཀྱི་དགའ་བ་ཡུན་རིང་མྱོང་བ་ཐོབ་པོ། །དེའི་ཕོ་བྲང་དུ་ཞག་བདུན་དུ་གསེར་སོགས་ཀྱི་ཆར་བབས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གནོན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ། ཚོང་དཔོན་གྱི་བུ་ཁྱིམ་ཕུབ་ནས་རིང་པོ་མ་ལོན་པ་ཞིག་གནས་སོ། །ཡུལ་དེའི་ཆོས་ལུགས་ཀྱིས་བག་མ་བཏང་ནས་རིང་པོ་མ་ལོན་པར་བག་རྫོངས་བཏབ་སྟེ་ཁྱིམ་ཐབ་ལ་གཏོང་བའི་བག་མ་གང་ཡིན་པ་དེ་རིན་པོ་ཆེ་སྣ་བཞི་ལས་བྱས་པའི་མེ་ཏོག་གིས་བརྒྱན་པས་ཁྱིམ་ཐབ་ལ་གཏོང་ལ། དེས་ཀྱང་ཁྲིད་ནས་རང་གི་ཁྱིམ་དུ་འགྲོ་བས། ཚོང་དཔོན་གྱི་བུ་དེས་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་ཐོགས་ནས་བཞོན་པ་ལ་ཞོན་ཏེ། རང་གི་ཁྱིམ་དུ་ཆས་པའི་ལམ་དུ་སངས་རྒྱས་དེ་ཉིད་ཚུར་ལྗོངས་རྒྱུ་ཞིང་གཤེགས་པ་མཐོང་ནས། དེས་སྐྱེས་བུ་ཆེན་པོའི་མཚན་ལྟ་བས་ཆོག་མི་ཤེས་པ་མཐོང་བས། དད་པས་བརླན་པའི་སེམས་ཀྱིས་བཞོན་པ་ལས་བབས་ནས་རིན་པོ་ཆེའི་མེ་ཏོག་དེ་རྣམས་ཀྱིས་སངས་རྒྱས་དེ་ལ་གཏོར་རོ། །སངས་རྒྱས་དེའི་རྫུ་འཕྲུལ་གྱིས་མེ་ཏོག་དེ་དག་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་ཏུ་གྱུར་ནས་གཤེགས་ན་ཕྱི་བཞིན་འོང་ཞིང་བཞུགས་ན་འདུག་པ་དེ་ལྟར་བྱིན་གྱིས་རླབས་པས། དེ་དད་པ་སྐྱེས་ནས། སྦྱིན་པ་རྒྱ་ཆེན་སོགས་ཀྱི་ཚིགས་བཅད་ཀྱང་བརྗོད་དོ། །དེའི་རྣམ་སྨིན་གྱིས་རྒྱལ་པོ་ལེགས་མཐོང་ཆེན་པོའི་དུས་སུ་ཡང་དེའི་ཕོ་བྲང་ཡང་གསེར་ལས་བྱས་པ་དགའ་དགའ་ལྟར་འདུག་པར་གྱུར་ཅིང་། ང་ལས་ནུའི་ཕོ་བྲང་དུ་ཞག་བདུན་དུ་གསེར་གྱི་ཆར་ཀྱང་བབས། །འདི་དག་ཐུབ་ཆོག་རྒྱབ་ཆོས་ལས་བཏུས་སོ། །

༈ ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་ཉི་འོད་ལས་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཛམ་བུའི་གླིང་འདི་ཉིད་དུ་འབྱུང་བའི་དུས་ནི། མཚན་ཉིད་ཡོངས་སུ་རྫོགས་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། དེ་ཉིད་ཚེ་ལོ་བརྒྱད་ཁྲི་ཡན་ཆད་ལ་འབྱུང་ཞིང་། དེ་མན་ཆད་ལ་ལོངས་སྤྱོད་ཀྱི་བྱ་བ་མི་རྫོགས་པའི་ཕྱིར་མི་འབྱོན་ནོ། །ཚེ་ལོ་དྲུག་ཁྲིའི་དུས་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི། མཆོད་སྦྱིན་ཉིན་གཅིག་ཙམ་བྱས་པ་ནི། སྔར་མེད་པའི་སར་རྟེན་བཞེངས་པ་ཙམ་གྱིས་ཐོབ་པ་ཡོད་དོ། །དེ་ནི་བརྒྱད་ཁྲི་བ་དེ་ལས་མར་འགྲིབ་ཀྱི་དུས་སུའང་འབྱུང་ངོ་། །དེ་ཡང་གླིང་བཞི་རུ་འཁོར་ལོས་བསྒྱུར་བ་གཉིས་མི་འབྱུང་གི་སངས་རྒྱས་དང་འདྲའོ། །དེ་ཡང་གང་ཟག་གཞན་ལས་ཁྱད་པར་དུ་གྱུར་པ་ནི། ལུས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དག་གིས་བརྒྱན་པའོ། །འོ་ན་སངས་རྒྱས་ཀྱི་མཚན་དཔེ་དང་ཁྱད་པར་ཅི་ཡོད་ཞེ་ན། གསལ་མི་གསལ་དང་། རྫོགས་མ་རྫོགས་དང་། གོག་པ་འཇུར་མི་འཇུར་གྱི་ཁྱད་པར་ཡོད་པར་བཤད་དོ། །སྐྱེ་བོ་གཞན་ལ་མེད་པའི་ཁྱད་པར་གྱི་ལོངས་སྤྱོད་མཆོག་ཏུ་གྱུར་པའི་རིན་པོ་ཆེ་སྣ་བདུན་ནི། དེ་ཡང་འཁོར་ལོ་རིན་པོ་ཆེ་གསེར་དང་དངུལ་ལས་བྱས་པ་རྩིབས་སྟོང་དང་ལྡན་པ། ནམ་མཁའ་ནས་ལྷས་འབུལ་བར་བྱེད་དོ། །ནོར་བུ་རིན་པོ་ཆེ་ཟུར་བརྒྱད་པ་ཚ་གྲང་སྐྱོབ་ཅིང་མཚན་མོ་སྣང་བར་བྱེད་པ་ཀླུའི་རྒྱལ་པོས་འབུལ་ལོ། །གླང་པོ་རིན་པོ་ཆེ་རབ་བརྟན་གྱི་འཁོར་དང་། རྟའི་རྒྱལ་པོ་བ་ལ་ཧ་བརྒྱ་བྱིན་གྱིས་འབུལ་ལོ། །བློན་པོ་རིན་པོ་ཆེ་དེས་བང་མཛོད་དུ་བལྟས་པ་ཙམ་གྱིས་ལོངས་སྤྱོད་ཀྱིས་གང་བར་བྱེད་པ་དང་། བཙུན་མོ་མཆོག་ཏུ་གྱུར་པ་དུས་དེར་རང་བཞིན་གྱིས་སྐྱེའོ། །དམག་དཔོན་གྱད་སྟོབས་པོ་ཆེ་རང་བཞིན་གྱིས་འབྱུང་ངོ་། །ཉེ་བའི་རིན་པོ་ཆེ་བདུན་ནི། ཚལ་རིན་པོ་ཆེ་སྐྱེད་མོས་ཚལ་དེར་སླེབས་པ་ཙམ་གྱིས་ལུས་སེམས་ལ་དགའ་བདེ་སྐྱེའོ། །ཁང་བཟང་རིན་པོ་ཆེ་ནི། རིན་པོ་ཆེ་ལས་གྲུབ་པའི་ཁང་བཟང་དུ་འདུག་པ་ཙམ་གྱིས་ལུས་སེམས་ལ་དགའ་བདེ་སྐྱེའོ། །མལ་ཁྲི་རིན་པོ་ཆེ་ནི། རིན་པོ་ཆེའི་ཁྲི་སྟེང་དུ་བསྡད་པ་ཙམ་གྱིས་བདེ་བ་སྐྱེའོ། །གོས་རིན་པོ་ཆེ་ནི། ལྷ་ཡི་གོས་ཁ་དོག་བཟང་ཞིང་རེག་ན་འཇམ་པ་གོན་པ་ཙམ་གྱིས་ཏིང་ངེ་འཛིན་སྐྱེའོ། །མཆིལ་ལྷམ་རིན་པོ་ཆེ་ནི། གོན་པས་ཆུ་ལ་མི་བྱིང་ནམ་མཁའ་ལ་འགྲོ་བར་ནུས་སོ། །ཀླུ་ཡི་པགས་པ་རིན་པོ་ཆེ་ནི། གོན་པས་འབྱུང་བ་བཞིའི་གནོད་པས་མི་ཚུགས་ཤིང་སྤྲུགས་པས་ཆར་འབབ་བོ། །རལ་གྲི་རིན་པོ་ཆེ་ནི། འཕྱར་བ་ཙམ་གྱིས་ཕས་ཀྱི་གཡུལ་འཇོམས་པར་བྱེད་དོ། །དེ་ཡང་འཁོར་ལོས་བསྒྱུར་བ་རང་ལ་བཞི་ཡོད་དེ། གསེར་གྱི་འཁོར་ལོས་བསྒྱུར་བ་དང་། དངུལ་གྱི་འཁོར་ལོས་བསྒྱུར་བ་དང་། ཟངས་ཀྱི་འཁོར་ལོས་བསྒྱུར་བ་དང་། ལྕགས་ཀྱི་འཁོར་ལོས་བསྒྱུར་བ་དང་བཞིའོ། །དེ་དག་ནི་རིམ་པ་བཞིན་དུ། གླིང་བཞི་དང་། གསུམ་དང་། གཉིས་དང་། གཅིག་ལ་དབང་བྱེད་དོ། །དབང་བྱེད་ལུགས་ནི། གསེར་གྱི་འཁོར་ལོ་ཅན་གླིང་བཞི་གང་དུ་འགྲོ་བ་དེ་འཁོར་ལོ་ནམ་མཁའ་ལ་འཕངས་པས། ནམ་མཁའ་ལ་ལམ་བྱུང་ནས་དེར་ཕྱིན་པ་དང་། གླིང་བཞིའི་མིས་ཕ་མ་བཞིན་བསུ་ཞིང་བསྙེན་བཀུར་བྱེད་དོ། །དངུལ་གྱིས་ནི་རང་འགྲོ་ཞིང་དྲུང་དུ་ཕྱིན་པ་ཙམ་གྱིས་བསྙེན་བཀུར་བྱེད་དོ། །ཟངས་ཀྱིས་ནི་དྲུང་དུ་ཕྱིན་གཡུལ་བཤམས་པས་རྩལ་གྱིས་འདུལ་ལོ། །ལྕགས་ཀྱིས་མཚོན་བརྩམས་པས་མི་རྣམས་དབང་དུ་བྱེད་དོ། །དེ་ལྟར་དབང་དུ་བྱས་ནས། གླིང་འདུལ་ཞིང་མི་རྣམས་བདེ་བ་ལ་འགོད་དོ། །ཞེས་གསུངས།

༈ སྔོན་བཅོམ་ལྡན་འདས་ཀྱི་མཆེད་ཡ་དགེ་སློང་ལེགས་སྐར་སོགས་ཀྱི་སྐབས། རྒྱལ་པོའི་ཁབ་འོད་མའི་ཚལ་དུ་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་ལ་ཟླ་བ་བཞིའི་བར་དུ་བསྙེན་བཀུར་བྱེད་པའི་ཚེ་གཅེར་བུ་ུཔ་སྡུག་བསྔལ་དུ་གྱུར། སྟོན་པས་ལེགས་སྐར་ལ། གཅེར་བུ་པ་འདི་ནི་ཞག་བདུན་ཁ་ཟས་ཀྱིས་སུད་ནས་འཆི་བར་འགྱུར་རོ། །ཤི་ནས་ཀྱང་སྐྱུག་པ་ཟ་བའི་ཡི་དྭགས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པས། ལེགས་སྐར་གཅེར་བུ་པའི་སར་སོང་སྟེ་ཚེ་དང་ལྡན་པ་ཁྱོད་ཀྱིས་ཤེས་སམ། དགེ་སྦྱོང་གོའུ་ཏ་མས་ནི་ཁྱོད་ལ་ད་ལྟ་ཞག་བདུན་ནས་ཁ་ཟས་ཀྱིས་སུད་ནས་འཆིའོ་ཞེས་སོགས་ཇི་ལྟར་གསུངས་པ་བཞིན་བརྗོད་པས་ཚེ་དང་ལྡན་པ་ཁྱོད་བག་དང་ལྡན་པར་གྱིས་ཤིག །གོའུ་ཏ་མའི་དེ་རྫུན་དུ་སྨྲ་བར་འགྱུར་རོ་ཞེས་པས། གཅེར་བུ་པས་ཁ་ཟས་མི་ཟ་བར་བྱས་ཏེ་ཞག་དྲུག་གི་བར་ཅི་ཡང་མ་ཟོས་ཞག་དྲུག་སོང་། བདུན་པའི་ཉིན་བུ་རམ་གྱི་ལྡེ་གུ་ཟོས་ནས་ཆུ་གྲང་བཏུངས་པས་སུད་དེ་ཤི་ནས་རོ་དུར་ཁྲོད་དུ་བསྐྱལ་བས་སྐྱུག་པ་ཟ་བའི་ཡི་དྭགས་སུ་གྱུར་ནས་རོའི་དྲུང་དུ་སྡོད་དེ། དེར་ལེགས་སྐར་སོང་སྟེ་ཁྱོད་ཤིའམ་གང་གིས་ཤི། ད་ལྟ་ལུས་གང་ཡིན་སོགས་སྨྲས་པས་གཅེར་བུ་པས། ལེགས་པའི་སྐར་མ་ལེགས་པར་ཉོན་ཅིག །དེ་བཞིན་གཤེགས་པ་ནི་དགེ་བར་གསུང་པ། ཡང་དག་པར་གསུང་པ། དུས་ལ་བབས་པར་གསུང་པ། དོན་ཡོད་པར་གསུང་པ། ཆོས་སུ་གསུང་པའོ། །ཁྱོད་ཅིའི་ཕྱིར་ཡིད་མ་ཆེས་སེམས་ཅན་གང་དེ་བཞིན་གཤེགས་པས་གསུངས་པ་ལ་ཡིད་མི་ཆེས་ན་དེ་ཡང་ཁོ་བོའི་ལུས་འདི་དང་འདྲ་བར་འགྱུར་རོ་ཞེས་ཟེར་བའོ།། སྟོན་པས་ངས་ནི། དགེ་སློང་ལེགས་པའི་སྐར་མ་ལ་དམ་པའི་ཆོས་བསྟན་ནའང་ཡིད་ཆེས་ཤིང་གཟུངས་སུ་འཛིན་པའི་སེམས་འདི་ཙམ་ཡང་མ་སྐྱེས་སོ། །མདོ་སྡེ་བཅུ་གཉིས་ཀློག་ཅིང་བཏོན་ཏེ་བསམ་གཏན་བཞི་ཡང་ཐོབ་མོད་ཀྱི། ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་མམ། ཚིག་གཅིག་དང་འབྲུ་གཅིག་གི་དོན་ལ་ཡང་ཆ་མི་འཇོག་སྟེ་མི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་བསམ་གཏན་བཞི་ཡང་ཉམས་པར་འགྱུར་རོ། །བསམ་གཏན་ཉམས་པས་ངན་པར་ལྟ་བ་སྐྱེས་ཏེ། སངས་རྒྱས་ཀྱང་མེད། ཆོས་ཀྱང་མེད། མྱ་ངན་ལས་འདས་པ་ཡང་མེད། དགེ་སྦྱོང་གོའུ་ཏ་མ་ནི་མཚན་ལྟ་བའི་ཆོ་ག་ལ་ཤིན་ཏུ་མཁས་པ་གཞན་གྱི་སེམས་ཤེས་པར་འགྱུར་རོ་ཞེས་སོགས་ལེགས་སྐར་གྱིས་ལོག་ལྟའི་ཚུལ་མང་བ་རྒྱས་པར་གསུངས་སོ། །

༈ དཀའ་ཆེན་བཅུ་གཉིས་དཀའ་ཕྲན་བཅུ་གཉིས་སོགས་ཀྱི་སྐབས། དཀའ་ཕྲན་བཅུ་གཉིས་ནི། ཏེ་ལོ་པ་ལ་ནཱ་རོ་པས། ནད་ཀྱིས་གཟེར་བའི་ལུས་དང་འབུས་བཤིག་པ། །གསོད་དང་རྒྱུ་འདྲེན་དྲི་མ་བཀྲུ་བ་དང་། །རྒྱལ་པོ་རྔོན་པ་མུ་ཏོ་ཉ་བའི་གཟུགས། །འཚོ་མེད་སྤྱོད་དང་འགལ་མཐུན་དེ་བཞིན་འདིར། །འཆི་ལ་ཐུག་པ་ཉིད་དེ་འདི་ལྟ་བུར། །བདག་ལ་བསླུ་བའི་ཆོ་འཕྲུལ་ཅི་ཕྱིར་མཛད། །ཅེས་ཞུས་པ་ལྟར་རོ། །

དཀའ་ཆེན་བཅུ་གཉིས་ནི། གདམས་པ་སྟོན་པར་གསོལ་བ་བཏབ་པས། ཨོ་ཏན་ཏ་པཱུ་རིའི་གཙུག་ལག་ཁང་ཐོག་རིམ་པ་བཅུ་གསུམ་པའི་རྩེ་མོར་བཀའ་བཞིན་མཆོངས་སོ། །ས་གཞི་ལ་དྲག་ཏུ་བརྡབ་པས་རྐང་ལག་རྣམས་ཆག་སྟེ་ལྟོ་བ་ལ་ཟུག །ཚིགས་རྣམས་ནི་ཞིག །མགོ་བོ་ཆག་པས་ཀླད་པ་ནི་འཐོར། ནང་ཁྲོལ་ཕལ་ཆེར་ནི་ཕྱིར་བྱུང་། སྲོག་གི་ལྷག་མ་ཅུང་ཟད་ལུས་སོ། །དེ་ནས་བླ་མ་བྱོན་ཏེ་བྱིན་རླབས་མཛད། ཡང་བླ་མའི་ཕྱི་བཞིན་སོང་བ་ན། ནགས་ཁྲོད་དུ་གཤེགས་ཏེ་ཕྱོགས་ཐམས་ཅད་མེས་བསྐོར་བའི་དབུས་སུ་བཞག་སྟེ་བུད་ཤིང་མང་པོ་སྟེང་དུ་སྤུངས། མེ་སྦར་བས་ཤ་ལྤགས་གཞོབ་ཏུ་གྱུར་པ་སོགས་དང་། འདམ་རྫབ་ཀྱི་འོབ་ཁ་ཞེང་འདོམ་ཕྱེད་ཙམ་ལ་གཏིང་ཟབ་ཅིང་སྲིན་བུས་གང་བ་ལ་ལུས་ཀྱི་ཟམ་པ་བྱེད་དུ་བཅུག་པའི་སྟེང་དུ་བྱོན་ནས་འདམ་རྫབ་ཏུ་བོར། སྲིན་བུ་རྣམས་ཀྱིས་ལུས་ཀྱི་ཁྲག་ཐམས་ཅད་འཐུང་བ་དང་། སྨྱུག་མའི་ཐུར་མ་མང་པོ་མདུང་རྩེ་ལྟར་བཞོག་ནས་ཏིལ་མར་གྱིས་ངར་བླུད། དེ་རྣམས་མདུན་ནས་རྒྱབ་དང་རྒྱབ་ནས་མདུན། གཡས་ནས་གཡོན་དང་གཡོན་ནས་གཡས་སུ་ཕར་ཐལ་ཚུར་ཐལ་དུ་ཕུག་པས་ལུས་སྨྱུག་ཕུང་ལྟ་བུར་བྱས་ནས་གཞན་དུ་གཤེགས་སོ། །རྒྱལ་པོའི་བཙུན་མོ་འགུག་པར་གྱིས་ཤིག་ཅེས་གསུངས་པའི་ཚེ། རྒྱལ་པོའི་ཕོ་བྲང་དུ་བྱོན་ཏེ་བཙུན་མོའི་ལག་པ་ནས་བཟུང་སྟེ་ཁྲིད་པས། བཙུན་མོ་བསྲུང་པ་རྣམས་ཁྲོས་ཏེ་བཟུང་ནས་བརྡུང་པས་ཁ་ལ་སོགས་པའི་དབང་པོའི་སྒོ་ནས་ཁྲག་འབབ་ཅིང་། ཁ་སྦུབ་ཏུ་འགྱེལ་ནས་བརྒྱལ་བར་གྱུར་པ་ལ་དེ་དག་གིས་ཤི་བར་མཐོང་ནས་བོར་ཏེ་སོང་ངོ་། །ཡང་བློན་པོའི་ཆུང་མ་སྔར་བཞིན་ཁྲིད་པའི་ཚེ་བློན་པོ་སོགས་ཁྲོས་ནས་བཟུང་སྟེ་ཡན་ལག་རྣམས་བཅག་སྟེ་རྒྱོགས་ཀྱི་འཁྲུལ་འཁོར་དུ་བཅུག་ནས་ཤིན་ཏུ་རྒྱང་རིང་པོར་འཕངས་པས་བྲག་གི་ངོས་ལ་ཕོག་སྟེ་རུས་ཚིགས་ཐམས་ཅད་ཞིག །ཆུ་རྒྱུས་ཐམས་ཅད་ཆད། སྲོག་གི་ལྷག་མ་ཅུང་ཟད་ཙམ་ལུས་སོ། །ཡང་བག་མ་ཁྲིད་ཤོག་གསུངས་པས་ཁྲིད་པ་ན། བག་མ་བསུ་སྐྱེལ་བྱེད་མི་རྣམས་ཀྱིས་ཤིན་ཏུ་བརྡུང་བ་སོགས་དང་། མི་ཞིག་འགྲོ་བར་གཟིགས་ནས་འདི་བཟུང་བར་གྱིས་ཤིག་གསུངས། མྱུར་བར་བརྒྱུག་སྟེ་སོང་བ་ལས་ཇེ་རིང་ཇེ་རིང་དུ་གྱུར་ནས་ཤིན་ཏུ་ཐང་ཆད་དེ་བརྒྱལ་བར་གྱུར། བླ་མ་ལ་གདམས་ངག་སྟོན་པར་གསོལ་བ་བཏབ་པས། ཁྱེད་ཀྱིས་མཎྜལ་ཕུལ་ཅིག་གསུངས། དེ་ནས་བྱེ་མའི་ས་གཞི་དེར་རང་གི་ཁྲག་གིས་ཆག་ཆག་བཏབ་ནས་མཚོན་ཆས་རང་གི་རྐང་པ་གཉིས་དང་ལག་པ་གཡོན་པ་དང་མགོ་བོ་བཅད་དེ་ཚོམ་བུར་བཀོད་པ་ན། ལག་པ་གཡས་ཀྱང་རང་བཞིན་གྱིས་ཆད་ནས་ཚོམ་བུར་གྱུར་ཏོ། །སྟོན་མོ་བྱེད་པ་ལ་བཟའ་བཏུང་སློང་ལ་ཤོག་ཅིག་གསུངས། དེར་སོང་ནས་བཟའ་བཏུང་བསླང་སྟེ་ཕུལ། ད་དུང་སློང་ལ་ཤོག་གསུངས། ཡང་སོང་ནས་སྣོད་ཟས་དང་བཅས་པ་ཁྱེར་ནས་བྲོས་པ་ན་དབྱུག་པ་དང་རྡོ་ཆར་ཕབ་ཅིང་ཟས་སླར་ཕར་ཤོར་རོ། །ལོ་རྒྱུས་ཞུས། བླ་མས་ཁྱེད་ཀྱིས་ཐབས་མ་ཤེས་ཏེ། བུམ་པ། ཐག་པ། མེ་ལོང་། རལ་གྲི་འདི་རྣམས་བཟུང་ལ་རིམ་པར་སྐྱུར་ཞིང་ཟས་ཁྱེར་ལ་བྲོས་ཤོག་གསུང་། དེ་ལྟར་བྱས་པས་མང་པོས་བདས་པ་ན། བུམ་ཆུ་ཕོ་བས་ཆུ་བོར་གྱུར། ཡང་སླེབ་པ་ན་ཐག་པ་བསྐྱུར་བས་ཆུ་བོར་གྱུར། ཡང་སླེབ་པ་ན་མེ་ལོང་བསྐྱུར་བས་མཚོར་གྱུར། ཡང་སླེབ་པ་ན་རལ་གྲི་བསྐྱུར་བས་ལྕགས་ཀྱི་ཁང་པར་གྱུར་པས་དེར་ཞུགས། མེ་སྦར་བས་ཕྱིར་ཐོན་པ་ན་དེ་དག་གིས་རབ་ཏུ་བརྡུང་བ་དང་། བླ་མ་ཅུང་ཟད་ཁྲོས་པའི་ཚུལ་གྱིས་མཆིལ་ལྷམ་གྱིས་གདོང་ལ་བརྒྱབ། ཞབས་ཀྱི་རྡོག་ཐོས་སྙིང་ཁར་བརྒྱབ་པས་ཞག་གསུམ་དུ་བརྒྱལ་བ་དང་། ཤེས་རབ་མ་ཚོལ་ལ་ཁྲིད་ཤོག་གསུངས། དེ་ལྟར་ཕུལ་བ་ན། ཤེས་རབ་མ་དེས་ཕྱིར་ཅུང་ཟད་བལྟས་པ་ན་འདི་ཁྱོད་ལ་དགའ་འོ་ཞེས་གསུངས་ཏེ་སྨྱུག་ཐུར་རྡོ་རྗེའི་སྦུབས་སུ་བཙུག་ནས། དེ་ཉིད་རྡོ་ཡི་སྟེང་དུ་བཞག་ཏེ་སྟེང་ནས་རྡོས་བརྡུང་པས་ཁྲག་མང་དུ་བྱུང་བའོ། ། ༈ ཡང་ན་རོ་པས་དཀའ་ཕྲན་བཅུ་གཉིས་དང་དཀའ་ཆེན་བཅུ་གཉིས་སྤྱད་ཚུལ་ནི། དེ་ཡང་དཔལ་ལྡན་ན་རོ་པ་འཁྲུངས་པའི་ཡུལ་ནི། རྒྱ་གར་ཤར་ཕྱོགས་བྷ་ག་ལ་ཤྲི་ན་ག་རའི་གྲོང་ཁྱེར་འཛམ་བུ་ཞེས་བྱ་བར། ཡབ་ནི་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བ་དང་། དེའི་བཙུན་མོ་ནི་དཔལ་གྱི་བློ་གྲོས་མ་ཞེས་བྱའོ།། དེ་གཉ ིས་ཀྱི་སྲས་སུ་འཁྲུངས། ཆེར་སྐྱེས་པ་ན་བྲམ་ཟེ་དཀར་རྒྱལ་གྱི་བུ་མོ་བཙུན་མོར་བླངས་ནས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་སོ། །དེ་ནས་རྒྱལ་བུས་བཙུན་མོ་ལ་སྨྲས་པ། བུ་མོ་ངེས་པར་ལྷ་ཡུལ་བདེ་བའང་། །རྟག་པ་མེད་དེ་སྡུག་བསྔལ་བརྒྱ་ཡིས་བཅོམ། །མི་ཡི་བདེ་བ་སྨོས་ཀྱང་ཅི་དགོས་སོ། །འདི་ལ་བདེན་པར་བཟུང་ན་འཁྲུལ་བར་འགྱུར། །ཅེས་གསུངས་ནས་རབ་ཏུ་བྱུང་ཏེ། མཁན་པོ་སངས་རྒྱས་སྐྱབས་དང་། ཡེ་ཤེས་འོད། ཆོས་ཀྱི་བླ་མ། ཆོས་ཀྱི་ཡེ་ཤེས། ཆོས་ཀྱི་བྱང་ཆུབ་ལ་སོགས་པ་ལས་བསྙེན་པར་རྫོགས་ཤིང་བཤད་པ་ད ང་བསྒྲུབ་པ་མཛད། དེ་ནས་ན་ལེནྟྲའིི་བྱང་སྒོ་བསྲུང་ཏེ་ཕྱི་ནང་གི་རྒོལ་བ་ཐམས་ཅད་ཚར་བཅད་ནས་བཞུགས་པ་ན། ཉིན་ཞིག་རྒན་མོ་མིག་དམར་ལ་སྐེམ་པ། སྐྲ་ཁམ་ལ་གཟེང་བ། སྣ་ཞོམ་པ། མདོག་ནག་ལ་སྔོ་བ་ལག་པ་གྱོང་ལ་སྐུམ་པ། ངུ་ཞིང་མཆི་མ་འཛག་པ། གོམ་པ་འཁྱོར་བ་སོགས་མི་སྡུག་པའི་མཚན་སོ་བདུན་སྟོན་པའི་རྣམ་པ་ཅན་ཞིག་བྱུང་ནས་སྨྲས་པ། མཁས་པར་གྲགས་ཀྱང་དོན་ལ་ཤིན་ཏུ་རྨོངས། །མང་དུ་ཐོས་ཀྱང་ངེས་པའི་གསང་མ་རྙེད། །རྒྱ་ཆེར་ཤེས་ཀྱང་དོན་གཅིག་མ་རྟོགས་པའི། །སྐྱེ་བོ་ཀུན་གྱིས་བསྐུར་བ་ཅིར་མི་རུང་། །ཞེས་སོགས་དང་། ཚིག་དོན་གཉིས་སུ་མེད་པར་མཆོག་གི་དོན། །གང་དེ་བདག་གི་མིང་པོ་ཁོ་ནས་ཤེས། །ཞེས་ཟེར་རོ། །ན་རོ་པས། ཁྱོད་ཀྱི་མིང་པོ་དེ་དང་ཁོ་བོ་སྤྲོད་པར་མཛོད་ཅིག་དང་། ཁོ་བོས་ཀྱང་དོན་ཤེས་པར་འཚལ་ལོ་ཞེས་སྨྲས་པ་དང་། དེ་ན་རེ། ཁོ་མོས་དེ་བསྟན་མི་དགོས་ཀྱི། ཁྱོད་ཀྱིས་གསོལ་བ་འདེབས་ཤིང་སོང་ཞིག་དང་ངེས་པར་ཁོ་མོའི་མིང་པོ་རྙེད་པར་འགྱུར་རོ། །ཞེས་མཛེས་པའི་གཟུགས་བསྟན་ནས་མི་སྣང་བར་གྱུར་ཏོ། །ན་རོ་པས་ན་ཆུང་འདི་ལྟ་བུའི་གཟུགས་ཕུན་སུམ་ཚོགས་པ་མི་སྡུག་པའི་མཚན་སོ་བདུན་སྟོན་པ་ནི་འཁོར་བའི་སྐྱོན་སུམ་ཅུ་རྩ་བདུན་དང་ལྡན་ནོ་ཞེས་བརྡ་སྟོན་པའོ་དགོངས་ནས། ཆོས་བརྒྱད་དང་མ་བྲལ་བའི་ཐོས་བསམ་འཆད་ཉན་ཀྱང་འཁོར་བའི་རང་བཞིན་ཁོ་ན་ལས་མ་འདས་ཏེ། དེ་བས་ན་བདག་གིས་དོན་སྟོན་པའི་བླ་མ་བཙལ་བར་བྱའོ་སྙམ་དུ་དགོངས་ནས་འཁོར་བའི་ཉེས་དམིགས་གསུངས་པ། འཁོར་བ་དབང་པོ་གཞན་སྐྱོན་རྟོགས། །འཁོར་བ་མེ་དོང་བཟོད་དང་བྲལ། །ཞེས་སོགས་འཁོར་བའི་སྐྱོན་མཚང་སོ་བདུན་གསུངས་སོ། །དེ་ནས་བདག་གིས་བླ་མ་དམ་པ་ཇི་ལྟར་བཙལ་བར་བྱ་སྙམ་ནས་བྱོན་པ་ན་ནམ་མཁའ་ནས་སྒྲ་ཞིག་གྲག །དོན་དུ་དབྱེར་མེད་རང་བཞིན་ཡང་། །ཀུན་རྫོབ་རྟེན་འབྲེལ་སྣ་ཚོགས་པས། །བདེ་མཆོག་འཁོར་ལོ་ལ་བརྟེན་ནས། །བླ་མ་སངས་རྒྱས་ཚོལ་དང་རྙེད། །ཅེས་སོ། །དེ་ནས་དུར་ཁྲོད་ཆེན་པོ་ན་ག་རར་བྱོན་ནས་ཡི་གེ་བདུན་པ་འབུམ་ཕྲག་གསུམ་བཟླས་པ་ན་ནམ་མཁའ་ལ་སྒྲ་གྲགས་པ། རིག་པ་ལ་དགའ་རིགས་ལྡན་སྐྱེས། །འདི་ནས་ཤར་གྱི་ཕྱོགས་རོལ་ན། །ཁྱོད་འདོད་བླ་མ་སངས་རྒྱས་ནི། །ཏེ་ལོ་ཞེས་པ་ཡོད་ཀྱིས་སོང་། །ཞེས་ལུང་བསྟན་པ་བཞིན་ཤར་ཕྱོགས་སུ་སོང་བ་ན། བྲག་རོང་ཤིན་ཏུ་དོག་པའི་ལམ་འཕྲང་ཞིག་ན། མཛེ་མོ་ཤིན་ཏུ་ཉམ་ཉེས་པ་ཅིག་དང་ཕྲད་པ་ན་སྐྱུག་བྲོ་བས་སྣ་བཀབ་སྟེ། དེའི་གོས་ཀྱི་ཐ་མ་ལ་འགོང་སྟེ་སོང་ངོ་། །དེ་ཉིད་མེད་པར་གྱུར་ཏེ་ནམ་མཁའ་ལ་སྒྲ་གྲག་པ། རྣམ་རྟོག་འཆིང་བས་དམ་བཅིང་པ། །ཁྱོད་ཀྱིས་བླ་མ་ཇི་ལྟར་རྙེད། །གཙང་དང་མི་གཙང་མཐའ་གཅིག་ཏུ། །བྱིས་པ་རྣམས་ཀྱིས་བཏགས་པ་ཙམ། །ཞེས་གྲགས་སོ། བླ་མའི་སྤྲུལ་པ་ཡིན་པར་མ་ཤེས་ནས་འགྱོད་བཞིན་སོང་བ་ན། ལམ་འཕྲང་ཆེས་དོག་པ་ཞིག་ན་ཁྱི་མོ་ལུས་ཀྱི་སྨད་རུལ་ཏེ་འབུ་ཤིག་ཤིག་པར་གྱུར་པ། ཞེ་སྡང་གིས་གཞན་ལ་ཟུག་པར་བྱེད་པ་མཐོང་བ་ཡང་འགོང་སྟེ་སོང་ངོ་། །དེ་ཉིད་མི་སྣང་བར་གྱུར་ཏེ་ནམ་མཁའ་ལས་སྒྲ་གྲགས་པ། འགྲོ་བ་དྲུག་ཏུ་རྣམ་བརྟག་པ། །ཐམས་ཅད་གདོད་ནས་རྣམ་པར་དག །མཆོག་དམན་བཟང་ངན་འཛིན་པ་ཅན། །ཁྱོད་ཀྱིས་བླ་མ་རྙེད་པར་དཀའ། །ཞེས་གྲགས་སོ། །སྔར་བཞིན་སོང་སྟེ་མི་ཞིག་དང་འཕྲད་པ་ན། ཏེ་ལོ་གར་བཞུགས་དྲིས་པས། དེ་ན་རེ། འདི་ནས་ཅུང་ཟད་འདས་པ་ན། །ཁྱེད་ཀྱི་བླ་མ་དེ་མཐོང་བ། །བྱ་མིན་བྱེད་པར་བརྩོན་པ་ཡོད། །གྲོགས་པོ་མྱུར་དུ་འགྲོ་བར་གྱིས། །ཞེས་ཐོས་པས་མྱུར་དུ་སོང་བ་ན་མི་གཅིག་གིས་གཅིག་གསད་པར་འདོད་པ་མཐོང་ནས་བླ་མ་དྲིས་པ་ན། དེས་སྨྲས་པ། ཐོག་མར་མི་འདི་མགོ་གཅོད་པའི་གྲོགས་གྱིས་ཤིག་དང་དེ་ནས་བདག་གིས་བསྟན་པར་བྱའོ་ཞེས་སྨྲས་སོ། །ག་ལ་རུང་བསམ་པ་ན་དེ་ཉིད་མི་སྣང་བར་གྱུར་ཏེ་ནམ་མཁའ་ལས་སྒྲ་གྲགས་པ། རྟག་པར་བདག་ཏུ་འཛིན་པའི་མགོ། །ཤེས་རབ་མཚོན་གྱིས་མ་བཏབ་ན། །བླ་མ་རྙེད་པར་མི་འགྱུར་ཏེ། །རྙེད་ཀྱང་དོན་མེད་གཟུགས་ཅན་ཙམ། །ཞེས་གྲགས་སོ། །སྔར་བཞིན་འགྱོད་དེ་སོང་བ་ན་མི་གཅིག་གིས་མི་གཅིག་བསད་པའི་རྒྱུ་མ་ལྟོ་ནས་འདྲེན་པ་ལ་མཆོག་ཏུ་བརྩོན་པར་མཐོང་སྟེ་བླ་མ་དྲིས་པས། དེས་སྨྲས་པ། བདག་གིས་མི་བསད་པ་འདིའི་རྒྱུ་ལྟོ་འདྲེན་པའི་གྲོགས་གྱིས་ཤིག་དང་བསྟན་པར་བྱའོ། །ཞེས་ཟེར། སྡིག་པ་སྤྱོད་པའི་གྲོགས་བྱ་མི་རུང་ངོ་ཞེས་སྨྲས་པས་དེ་མ་ཐག་མི་སྣང་བར་གྱུར་ཏེ། ནམ་མཁའ་ནས། འཁོར་བའི་རྒྱུན་ཐག་མ་བཅད་པར། །སུ་ཞིག་བླ་མའི་གོ་འཕང་རྙེད། །ཐེག་པ་དམན་ལ་ཉེར་ཆགས་པས། །བྱ་དང་བྱ་མིན་སེམས་པ་འཁྲུལ། །ཞེས་གྲགས་སོ། །ཡང་སོང་བ་ན་མི་ཞིག་གིས་ཆུ་འགྲམ་དུ་རྒྱུ་ལྟོ་ལྗན་ལྗིན་མང་པོ་བཀྲུ་བ་དང་འཕྲད་དེ་བླ་མ་དྲིས་པས། དེས་སྨྲས་པ། མཐོང་གིས་བདག་གི་གྲོགས་གྱིས་ཤིག་དང་དེ་ནས་སྟོན་ཅེས་སྨྲས་པས། ཤིན་ཏུ་སྐྱུག་བྲོ་བ་འདི་བཀྲུ་མི་ནུས་སོ་སྨྲས་པས། དེ་ཉིད་མི་སྣང་བར་གྱུར་ཏེ་ནམ་མཁའ་ནས། ཉོན་མོངས་ལྗན་ལྗིན་མ་བཀྲུས་པར། །སུ་ཞིག་གིས་ནི་བླ་མ་རྙེད། །དྲི་མར་ལྡན་པ་གཞན་དག་ལ། །དྲི་མར་ལྡན་པས་སྨོད་པ་འཁྲུལ། །ཞེས་པའི་སྒྲ་གྲགས་སོ། །ཡང་སྔར་བཞིན་སོང་བ་ན། ཕོ་བྲང་ཡིད་འོང་ལྡན་ཞེས་བྱ་བར་རྒྱལ་པོ་ཞིག་བཞུགས་པའི་སྤྱན་སྔར་ཕྱིན་ཏེ་བླ་མ་དྲིས་པ་ན། རྒྱལ་པོས་མཁོ་བའི་ཡོ་བྱད་དང་བདག་གི་བུ་མོ་སྦྱིན་གྱིས་རེ་ཞིག་ངལ་སོས་ཤིག། ཕྱི་ནས་འདོད་པའི་དོན་དེ་གྲུབ་པར་བྱ། ཞེས་སྨྲས་པ་ལྟར་ཉན་ཏེ་རྒྱལ་པོའི་ཕོ་བྲང་དུ་ཡུན་རིང་འདས་པ་ན། སྲས་ཕོ་མོ་གཉིས་བྱུང་ཞིང་གནས་པའི་ཚེ། ངན་སྤྱོད་པ་ཁ་ཅིག་གིས་བཙུན་མོ་སྲས་དང་བཅས་པ་བསད། དེ་ནས་སྡུག་བསྔལ་ཞིང་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་ཁྱོད་ཀྱིས་བདག་གི་གྲགས་པ་ཉམས་པར་བྱས་སོ་ཞེས་སྨྲས་པ་ན། ན་རོ་པ་ཁྲོས་ཏེ་རྒྱལ་པོ་ངན་པ་འདིས་བདག་ལ་བླ་མ་ཚོལ་བ་ལ་བར་ཆད་བྱས་པས་རིག་སྔགས་ཀྱིས་བསྒྲལ་བར་བྱའོ་ཞེས་མྱུར་བར་བསྒྲུབ་ཁང་དུ་ཞུགས་ཏེ། དྲག་སྔགས་བཟླས་པ་ལ་བརྩོན་པར་གནས་པ་ན། ནམ་མཁའ་ནས། ཆགས་དང་ཞེ་སྡང་གཏི་མུག་གིས། །ངེས་པར་ངན་འགྲོའི་གནས་སུ་ཁྲིད། །བླ་མ་རྙེད་པར་མི་འགྱུར་ཏེ། །ཁྱོད་ནི་སྒྱུ་མའི་རྒྱལ་པོས་བསླུས། །ཞེས་སྒྲ་གྲགས་ནས་ཐམས་ཅད་མི་སྣང་བར་གྱུར་ཏོ། །དེ་ནས་ཤིན་ཏུ་འགྱོད་བཞིན་སོང་སོང་བ་ལས། རི་དྭགས་ཉམ་ཐག་པ་ཞིག་ཁྱིས་དེད་པའི་རྗེས་སུ་རྔོན་པ་བྱུང་བ་ལ་བླ་མ་དྲིས་པས། འདི་གསོད་གྲོགས་ཀྱིས་ཤིག་དང་དེ་ནས་བསྟན་པར་བྱ་ཞེས་སྨྲས་པས། རྔོན་པའི་གྲོགས་བྱ་བར་མི་རུང་སྙམ་པའི་མོད་ལ་མི་སྣང་བར་གྱུར་ཏེ། ནམ་མཁའ་ནས། སྒྱུ་ལུས་ཞེན་པ་མེད་པའི་མདའ། །བདེ་གསལ་ཉམས་ཀྱི་གཞུ་བཀང་ནས། །གཟུང་འཛིན་རི་དྭགས་མ་བསད་ན། །བླ་མ་རྙེད་པར་ག་ལ་འགྱུར། །གསོད་པར་དགའ་བའི་རྔོན་པ་ང་། །དགེ་འདུན་གནས་སུ་བསོད་སྙོམས་སློང་། །ཞེས་གྲགས་སོ། །ཡང་སྔར་བཞིན་སོང་བ་ན་དགེ་འདུན་པ་དང་འཕྲད་དེ་བླ་མ་དྲིས་པས། གཅིག་ན་རེ། མུ་ཏོ་བ་ཏེ་ལོ་པ་ཞེས་བྱ་བ་ཅིག་སྣང་སྟེ་ཡིན་ནམ་ཞེས་སྨྲས་པས། ཁོ་བོ་ལ་སྟོན་ཅིག་ཞུས་པས་དེས་ཁྲིད་ནས་སོང་བ་ན། ལམ་སྲང་གི་བཞི་མདོ་ཞིག་ན། རྒད་པོ་ཤིན་ཏུ་མི་སྡུག་པ། འཁར་བ་དང་། སློང་སྣོད་ཆག་པོ་གཡས་ལོག་ན་བཞག དུ་བ་དང་བཅས་པའི་མེ་ཅུང་ཟད་སྦྱར། སྤྲང་ཟས་ཉུང་ངུ་ནི་ཞིམ་ཞིམ་ལྟར་ཟ་ཞིང་འདུག་པ་ལ་ཕྱག་འཚལ་བསྐོར་བ་བྱས་ནས་བདག་རྗེས་སུ་བཟུང་དུ་གསོལ། ཞེས་སྨྲས་པ་ན། མུ་ཏོ་བས་ཤིག་སྤར་གང་གཏད་དེ། འདི་རྣམས་མེ་འདི་ལ་བསྲེག་པར་གྱིས་ཤིག་ཅེས་སོ། །ཅུང་ཟད་ཐེ་ཚོམ་སྐྱེས་པའི་ཚེ་དེ་ཉིད་མི་སྣང་བར་གྱུར་ནས་ནམ་མཁའ་ནས། སེམས་དང་སེམས་བྱུང་རྣམ་པར་རྟོག །མ་བསྲེག་བླ་མ་ག་ལ་རྙེད། །གསོད་ལ་དགའ་བདག་ཉ་གསོད་ཕྱིར། །ད་ནི་རྒྱ་མཚོ་ཆེ་དྲུང་འགྲོ། །ཞེས་གྲགས་སོ ། དེ་ནས་རྒྱ་མཚོའི་དྲུང་དུ་སོང་བ་ན། བཙུན་པ་ཕོ་མོ་གཉིས་ཀྱིས་ཞིང་རྨོ་ཞིང་། དེ་གཉིས་ཀྱི་བུ་མོ་རྣམས་ཀྱིས་ཉ་གསོད་པར་རྩོམ་པ་མཐོང་སྟེ་བླ་མ་དྲིས་པ། ཐོག་མར་ཁྱིམ་དུ་བྱོན་ལ་གྲོ་གསོལ་ཅིག་ཅེས་ཟེར། ཁྱིམ་དུ་ཕྱིན་པ་ན། ཉ་བདུན་མ་ཤི་བར་སྡེར་དུ་བཞག་ནས་དྲངས་པས་འདི་ནི་བཟའ་བའི་ཐ་མའོ་སྙམ་པ་ན་ཐམས་ཅད་མེད་པར་གྱུར་ནས། ནམ་མཁའ་ནས། འཇིག་རྟེན་སྣང་བ་འདི་བདེན་ན། །ཡང་དག་ཡེ་ཤེས་ཅི་མི་བདེན། །མི་བདེན་བདེན་རྟོག་རྟོག་གེ་པ། །དེ་དག་ཉམས་པ་ལས་ཆེར་ཉམས། །བྱ་དང་བྱ་མིན་མཐའ་གཅིག་ཏུ། །སོ་སོར་རྣམ་པར་རྟོག་པ་ཅན། །དེ་དག་བླ་མ་རྙེད་པར་དཀའ། །ད་ནི་ཕ་མ་གསོད་དུ་འགྲོ། །ཞེས་གྲགས་སོ། །ཡང་སྔར་བཞིན་སོང་བ་ན། ཕ་གསལ་ཤིང་ལ་བཙུག །མ་བཙོན་ཁང་དུ་བཅུག་ཏེ་ངན་ཐབས་དུ་མ་རྩོམ་པའི་མི་ཞིག་མཐོང་སྟེ་བླ་མ་དྲིས་པས། ཕ་མ་འདི་གཉིས་ཀྱིས་མི་རིགས་པ་དུ་མ་བྱེད་པས་འདི་གཉིས་གསོད་པའི་གྲོགས་གྱིས་ཤིག་དང་བླ་མ་དང་སྤྲད་པར་བྱའོ་ཞེས་ཟེར། སུ་ཞིག་གིས་ཕ་མ་གསོད་སྙམ་དུ་སེམས་པའི་ཚེ་ཐམས་ཅད་མི་སྣང་བར་གྱུར་ཏེ། ནམ་མཁའ་ནས། གཟུང་འཛིན་ཆགས་དང་སྡང་བ་ཡིས། །ཕ་དང་མ་མེད་མ་གསད་པར། །སུ་ཞིག་གིས་ནི་བླ་མ་རྙེད། །ད་ནི་ལྟད་མོ་ལྟར་འགྲོའོ། །ཞེས་གྲག་སྟེ། སྔར་བཞིན་སོང་བ་ལས་ས་ཕྱོགས་གཞན་ཞིག་ན་མི་མང་པོ་ཚོགས་ནས། དམུས་ལོང་ལྟད་མོ་ལྟ་བ་དང་། འོན་པས་སྒྲ་དབྱངས་ཉན་པ་དང་། ལྐུག་པས་སྣ་ཚོགས་སྨྲ་བ་དང་། ཞ་བོས་རྒྱུག་པར་བྱེད་པ་དང་། རོ་ལང་གར་བྱེད་རྣམས་མཐོང་བ་ལ་བལྟ་ཞིང་གནས་པ་ལས། མི་སྣང་བར་གྱུར་ནས་ནམ་མཁའ་ནས། མི་གཅིག་དུ་མར་རོ་གཅིག་སྟེ། དམུས་ལོང་བལྟ་རུ་མེད་པ་བལྟ། །འོན་པས་ཉན་རྒྱུ་མེད་པར་ཉན། །ལྐུག་པས་སྨྲ་རྒྱུ་མེད་པར་སྨྲ། །ཞ་བོས་འགྲོ་འོང་མེད་པར་རྒྱུག །དབུགས་བྲལ་གར་བྱེད་བྱ་རྩོལ་བྲལ། །ཞེས་གྲགས་ཏེ། ད་ནི་བདག་གི་ལུས་འདི་དང་བཅས་བཞིན་དུ་བླ་མ་རྙེད་པར་མི་འགྱུར་བས་ལུས་འདི་བོར་ལ་བླ་མ་རྙེད་པར་སྨོན་ལམ་བཏབ་པར་བྱའོ་བསམ་ནས། གལ་ཏེ་བདག་ལུས་སྐྱེ་སྲིད་ན། །བླ་མས་རྟག་ཏུ་རྗེས་འཛིན་འགྱུར། །འདི་ལྟར་བླ་མས་དབུལ་བ་ནི། །ཕྱིན་ཆད་བདག་མྱོང་མ་གྱུར་ཅིག །ཅེས་སྤུ་གྲིས་མགྲིན་པ་བྲེག་པར་བརྩམ་པ་ན་ནམ་མཁའ་ནས། ཡང་དག་དོན་དུ་བླ་མ་བཙལ། །བླ་མ་མ་རྙེད་སངས་རྒྱས་རང་། །བསད་པས་བླ་མ་རྙེད་མི་འགྱུར། །ཁྱེད་འདོད་སྡིག་ཅན་ང་ཉིད་དོ། །ཞེས་གྲགས་ཏེ་བལྟས་པ་ན། རྣལ་འབྱོར་པ་སྐུ་མདོག་མཐིང་ནག་སྐྲ་སྤྱི་བོར་བཅིང་པ། རུས་པའི་རྒྱན་དྲུག་དང་ལྡན་པ། སྐྱབས་སྦྱིན་གྱི་ཕྱག་རྒྱ་མཛད་པ། འཇའ་འོད་ཀྱི་དབུས་ན་བཞུགས་པར་མཐོང་ནས། དགའ་བ་དང་རབ་ཏུ་དད་པས་གསོལ་བ་བཏབ་པ། ནད་ཀྱིས་གཟིར་བའི་ལུས་དང་འབུས་བཤིག་པ། །གསོད་དང་རྒྱུ་འདྲེན་དྲི་མ་བཀྲུ་བ་དང་། །རྒྱལ་པོ་རྔོན་པ་མུ་ཏོ་ཉ་པའི་གཟུགས།། མཚམས་མེད་སྤྱོད་དང་འགལ་མཐུན་དེ་བཞིན་འདིར། །འཆི་ལ་ཐུག་པ་ཉིད་དེ་འདི་ལྟ་བུར། །བདག་ལ་བསླུ་བའི་ཆོ་འཕྲུལ་ཅིའི་ཕྱིར་མཛད། །ཞེས་སོགས་གསོལ་བས། བུ་ཁྱོད་དང་ཁོ་བོ་འབྲལ་མེད་དུ་རྟག་པར་བསྡད་ཀྱང་། ཁྱོད་རང་སྒྲིབ་པས་བསྒྲིབས་ཏེ་ཇི་བཞིན་མ་མཐོང་བ་ཡིན་ཏེ། སྤྲིན་གྱི་དབང་གིས་ཉི་མ་ཟླ་བ་དང་། །རྙོག་པའི་དབང་གིས་ཆུ་ཡི་ནང་གི་གཟུགས། །ཉོན་མོངས་དབང་གིས་སེམས་ཀྱི་སངས་རྒྱས་བཞིན། །རྟག་པར་ཡོད་ཀྱང་མ་མཐོང་བྱིས་པ་ཉིད། །ཅེས་གསུངས་ཏེ་གཤེགས་སོ། །ཕྱི་བཞིན་དུ་སོང་ནས་མནྜལ་ཕུལ་ཏེ་ཆོས་གསུང་པར་གསོལ་པ་བཏབ་པས། བཀའ་སྩལ་པ། བུ་ཁྱོད་སྐལ་ལྡན་ངེས་པ་ཚོལ་བ་སྟེ།། དབང་བྲལ་ཟབ་མོའི་ངེས་པ་སུ་ཡིས་རྙེད། །དེ་ཕྱིར་ཁྱོད་ལ་ངེས་པར་སྦྱིན་པའི་ཕྱིར། །དང་པོ་ཁོ་ནར་དབང་གིས་སྨིན་པར་བྱ། །ཞེས་དབང་རྫས་རས་ཡུག་ལ་མེ་སྟ ག་བཞག་པས་ཐལ་བར་གྱུར་པ་དང་། གོའམ་གསུངས། དེ་ལ་སོགས་པའི་བརྡའ་བཅུ་གཉིས་ལ་བརྟེན་ནས་དབང་བསྐུར་ཏེ་བསྟན་པ་ནཱ་རོ་པས་ཤེས་ཤིང་རྟོགས་པའི་ཚེ་ཏེ་ལོ་པས། ཉོན་མོངས་དྲི་མར་བཅས་པའི་རས་ཡུག་བསྲེག །མན་ཤེལ་གདོད་ནས་དྲི་བྲལ་སྣ་ཚོགས་སྣང་། །འཆིང་བྱེད་རང་གི་རྒྱ་མདུད་རང་གིས་བཀྲོལ། །ཡིད་བཞིན་དབང་གི་རྒྱལ་པོ་བླ་མ་ཉིད། །འགྱུར་མེད་དད་པ་ཡོན་ཏན་ཀུན་གྱི་སྒོ། །གདམས་ངག་བདུད་རྩིའི་རྒྱུན་ནི་ངེས་པར་བཏུང་། །བདེ་ཆེན་ཐིག་ལེ་ཐམས་ཅད་རོ་གཅིག་སྟེ། །རྒྱལ་བ་ཀུན་གྲོལ་ཆོས་ཀྱི་འབྱུང་གནས་མཆོག །རྡོ་རྗེ་ཟླ་གསང་གར་བརྒྱའི་རོལ་མོར་ལྡན། །ཀུན་ཏུ་གདམས་རོལ་རྣམ་རོལ་གདོད་མའི་གསང་། །རང་རིག་ཡེ་ཤེས་སྨྲ་བསམ་བརྗོད་ལས་འདས། །མཉམ་སྦྱོར་བདུད་རྩི་དཔག་བསམ་ཤིང་འབྲས་སྨིན། །བཅུ་གཉིས་བརྡ་ཤེས་སྐལ་དང་ལྡན་པ་ཁྱོད། །གསང་ཆེན་ཟབ་མོའི་སྣོད་དུ་ད་གྱུར་ཏོ། །ཞེས་གསུངས།

དཀའ་ཆེན་བཅུ་གཉིས་ནི་ཏེ་ལོ་པ་གཞན་དུ་གཤེགས་པའི་ཕྱི་བཞིན་དུ་སོང་ནས་བཞུགས་པ་ལ་ཕྱག་འཚལ་བསྐོར་བ་བྱས་མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ན། བླ་མས་གཙུག་ལག་ཁང་ཐོག་རིམ་པ་བཅུ་གསུམ་དང་ལྡན་པའི་རྩེ་ནས་ཕྱི་རོལ་དུ་མཆོང་དུ་བཅུག་པས། རྐང་ལག་རྣམས་ཆག་སྟེ་ལྟོ་བ་ལ་ཟུག །ཚིག་རྣམས་ནི་ཞིག །མགོ་བོ་ཆག་པས་ཀླད་པ་ནི་འཐོར། ནང་ཁྲོལ་ཕལ་ཆེར་ནི་ཕྱིར་བྱུང་། སྲོག་གི་ལྷག་མ་ཅུང་ཟད་ལུས་ཏེ། བླ་མ་བྱོན་ནས་ཅི་ཉེས་གསུངས་པ་ལ། ད་ནི་འཇིག་རྟེན་ཕ་རོལ་བདག་འགྲོ་རྗེ་ཁྱོད་ཀྱི། །ཞབས་དང་ནམ་ཡང་འབྲལ་བར་མ་གྱུར་ཅིག །ཅེས་པ་ལ་གསུངས་པ། དད་དང་བློ་གྲོས་སྟོབས་ལྡན་པ། །རྣམ་སྨིན་ལུས་འདི་ཞིག་ཀྱང་སླ། །ཌ་ཀཱི་རྣམས་ཀྱི་གསང་བ་མཆོག །རྒྱུད་པ་སེམས་ཀྱི་མེ་ལོང་ལྟོས། །ཞེས་ལུས་ལ་ཕྱག་གིས་བྱུག་པས་སྔ་མ་བས་ཀྱང་མཛེས་སོ། །ལོ་གཅིག་འདས་པ་ན་ཕྱག་འཚལ་སོགས་སྔར་བཞིན་བྱས་ཏེ། ནགས་ཁྲོད་ཆེན་པོ་ཞིག་ཏུ་གཤེགས་ཏེ་ཕྱོགས་ཐམས་ཅད་མེས་བསྐོར་བའི་དབུས་སུ་བཞག་ཏེ་བུད་ཤིང་མང་པོ་ཐོག་ཏུ་སྤུང་ནས། མེ་སྦར་བས་ཤ་ལྤགས་མཐའ་དག་ཚིག་ཏེ་གཞོབ་ཏུ་གྱུར། ཀླད་པ་དང་ཁྲག་དང་རྒྱུས་པ་དང་ཆུ་སེར་ནི་རབ་ཏུ་སྐམ། ཆུ་རྒྱུས་རྣམས་ཚིག་ཅིང་ཆད་པས་ཚིགས་རྣམས་དང་བྲལ་བར་ཉེ་བར་གྱུར་ཏེ། སྲོག་གི་ལྷག་མ་ཅུང་ཟད་ལུས་པའི་ཚེ། བླ་མས་སྔར་བཞིན་གསུངས་པ་ལ་རྒྱུ་མཚན་ཞུས་པས། བཀའ་སྩལ་པ། བདག་ཏུ་འཛིན་པའི་དབང་བྱས་སྒྱུ་མའི་ལུས། །འདི་ནི་ཚིག་ཀྱང་རུང་གི་གཞན་དུ་ན། །ཡེ་ཤེས་ཌ་ཀཱི་ཀུན་གྱི་གསང་བའི་གནས། །ཐུན་མོང་ཡེ་ཤེས་སེམས་ཀྱི་མེ་ལོང་ལྟོས། །ཞེས་གསུངས་ནས་ཕྱག་གིས་བྱུག་པས་ལུས་སྔར་བཞིན་གྱུར། ཡང་གཤེགས་པའི་རྗེས་སུ་སོང་། ལོ་གཅིག་འདས་པ་ན་ཕྱག་འཚལ་སོགས་སྔར་བཞིན་བྱས། དེ་ནས་འདམ་རྫབ་ཀྱི་འོབ་ཁ་ཞེང་འདོམ་ཕྱེད་ཙམ་ལ་གཏིང་ཟབ་ཅིང་སྲིན་བུ་པདྨས་གང་བ་ཅིག་འདུག་པ་ན་རྐང་ལག་བརྒྱང་སྟེ་ཟམ་བྱེད་དུ་བཅུག །སྟེང་དུ་བྱོན་ནས་ཞབས་ཀྱིས་ཤུགས་ཀྱིས་འདམ་རྫབ་ཏུ་བོར་ནས་གཤེགས་སོ། །སྲིན་བུའི་རིགས་དུ་མས་ཁྲག་ཐམས་ཅད་ཟད་པར་འཐུང་ནས་ཤི་ལ་ཐུག་པ་ན་བླ་མ་བྱོན་ནས་སྔར་བཞིན་གསུངས། རྒྱུ་མཚན་ཞུས་པས་བླ་མས། སྐྱེ་རྒ་ན་འཆིའི་རླབས་རྒྱས་པ། །སྲིད་པའི་ཆུ་ཆེན་རབ་སྒྲོལ་ན།། སྙིང་པོ་མེད་ལུས་འདམ་རྫབ་ཏུ། །སྲིན་བུས་རྣམ་པར་བཤིག་ཀྱང་སླ། །ངར་འཛིན་ལུས་ཀྱི་རི་བོ་འདི། །འཁྱག་ཀྱང་རུང་གི་ན་རོ་པ། །མི་ཤིག་རྡོ་རྗེའི་དམ་ཚིག་གི། །ཐུན་མོང་སེམས་ཀྱི་མེ་ལོང་ལྟོས། །ཞེས་གསུངས་ནས་ཕྱག་གིས་བྱུག་པས་སྔ་མ་ལྟར་གྱུར། ཡང་ལོ་གཅིག་འདས་པ་ན་ཕྱག་འཚལ་སོགས་སྔར་བཞིན་བྱས། སྨྱུག་མདུང་མང་པོ་མདུང་རྩེ་ལྟར་རབ་ཏུ་རྣོ་བར་བཞོག་སྟེ་ཏིལ་མར་གྱིས་ངར་བླུད། དེ་ཐམས་ཅད་ལུས་ལ་བསྣུན། མདུན་ནས་རྒྱབ་དང་། རྒྱབ་ནས་མདུན་དང་། གཡས་ནས་གཡོན་དང་། གཡོན་ནས་གཡས་སུ་ཕར་ཐལ་ཚུར་ཐལ་དུ་ཕུག་པས་ལུས་ཐམས་ཅད་སྙུག་ཕུང་ལྟ་བུར་གྱུར་ནས་ཤི་ལ་ཐུག་པ་ན། བླ་མ་བྱོན་ནས་ཅི་ཉེས་གསུངས། རྒྱུ་ུམཚན་ཞུས། བླ་མས། ངར་འཛིན་ལུས་ཀྱི་རྒྱ་མདུད་འདི། །ཕུག་ཀྱང་རུང་གི་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །སྨིན་གྲོལ་སེམས་ཀྱི་མེ་ལོང་ལྟོས། །ཞེས་སོགས་གསུངས། དེ་ནས་སྟེང་སྒོའི་མན་ངག་གནང་། ཡང་ལོ་གཅིག་འདས་པ་ན་ཕྱག་འཚལ་སོགས་སྔར་བཞིན་བྱས། བླ་མས་རྒྱལ་པོའི་བཙུན་མོ་འགུག་པར་གྱིས་ཤིག་གསུངས། སོང་ནས་བཙུན་མོའི་ལག་པ་ནས་བཟུང་ནས་ཁྲིད་པ་ན་བཙུན་མོ་བསྲུང་བ་སོགས་ཁྲོས་ཏེ་བཟུང་ནས་བརྡུང་པས་ཤི་ལ་ཐུག་པར་བྱས། བླ་མ་བྱོན་ནས་ཅི་ཉེས་གསུངས། རྒྱུ་མཚན་ཞུས། བླ་མས། ངར་འཛིན་ལུས་ཀྱི་རི་བོ་འདི། །བཅོམ་ཀྱང་རུང་གི་ན་རོ་པ། །ཞེན་མེད་སྒྱུ་ལུས་ལྷ་ཡི་སྐུ། །སྟོང་གསལ་བསྐྱེད་རིམ་མེ་ལོང་ལྟོས། །ཞེས་སོགས་གསུངས་ནས་ཕྱག་གིས་བྱུག་ནས་སྔར་བཞིན་གྱུར། ཡང་ལོ་གཅིག་འདས་པ་ན་ཕྱག་འཚལ་སོགས་སྔར་བཞིན་བྱས་པས། བླ་མས་བློན་པོའི་ཆུང་མ་འགུག་པར་གྱིས་ཤིག་གསུངས། སོང་ནས་ཁྲིད་པ་ན་བློན་པོ་སོགས་ཁྲོས་ནས་རྐང་ལག་བཅག་སྟེ། སྒྱོགས་ཀྱི་འཁྲུལ་འཁོར་དུ་བཅུག་ནས་རྒྱང་རིང་པོར་འཕངས་བས་ཤི་ལ་ཐུག་པར་བྱས། བླ་མ་བྱོན་ནས་ཅི་ཉེས་གསུངས། རྒྱུ་མཚན་ཞུས། བླ་མས། ངར་འཛིན་ལུས་ཀྱི་རི་བོ་འདི། །འཕངས་ཀྱང་རུང་གི་ན་རོ་པ། །ཆོས་ཀྱི་དབྱིངས་སུ་འཕོ་བྱེད་པའི། །བླ་མེད་གསང་བའི་མེ་ལོང་ལྟོས། །ཞེས་སོགས་གསུངས་ནས་ཕྱག་གིས་བྱུག་པས་ལུས་སྔར་བཞིན་གྱུར། དེ་ནས་འཕོ་བའི་གདམས་པ་གནང་ངོ་། །ཡང་ལོ་གཅིག་འདས་པ་ན་སྔར་བཞིན་གསོལ་བ་བཏབ་པས། བླ་མས་མེ་ཏོག་གི་ཕྲེང་བ་གཅིག་གཏད་ནས། འདི་ནས་ཧ་ཅང་མི་རིང་བའི་ལམ་གྱི་བཞི་མདོ་ན་བག་མ་ཞིག་འབྱུང་བར་འགྱུར་བས་འདི་མགུལ་དུ་སྐོན་ལ་ཁྲིད་ཤོག་གསུངས། བཀའ་བཞིན་བྱས་པས་བག་མ་བསུ་སྐྱེལ་བྱེད་མི་རྣམས་ཀྱིས་བརྡུང་པས་རོ་བཞིན་གྱུར་པ་ན། བླ་མ་བྱོན་ནས་ཅི་ཉེས་གསུངས། རྒྱུ་མཚན་ཞུས་པ་ལ་གསུངས་པ། ངར་འཛིན་ལུས་ཀྱི་རི་དྭགས་འདི། །བསད་ཀྱང་རུང་གི་ན་རོ་པ། །ཌ་ཀཱི་མ་ཡི་གསང་བའི་གནས། །ཕྱག་རྒྱ་ཆེན་པོའི་མེ་ལོང་ལྟོས། །ཞེས་སོགས་གསུངས་ནས་ཕྱག་གིས་རེག་པས་ལུས་སྔར་བཞིན་གྱུར། ཡང་ལོ་གཅིག་འདས་པ་ན་སྔར་བཞིན་གསོལ་བ་བཏབ་པས། མི་གཅིག་འགྲོ་བར་གཟིགས་ནས་མི་འདི་ཟུངས་ཤིག་གསུངས། མྱུར་བར་རྒྱུག་སྟེ་སོང་བ་ལས་ཇེ་རིང་ཇེ་རིང་དུ་གྱུར་ནས་ཤིན་ཏུ་ཐང་ཆད་དེ་བརྒྱལ་བར་གྱུར་པ་ན། བླ་མ་བྱོན་ནས་ཅི་ཉེས་གསུངས། རྒྱུ་མཚན་ཞུས་པ་ལ་གསུངས་པ། ཁམས་གསུམ་འཁོར་བའི་རྒྱུན་ཐག་འདི། །ཆད་ཀྱང་རུང་གི་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །རང་སེམས་གསལ་བའི་མེ་ལོང་ལྟོས། །ཁྱེད་ཀྱི་ངལ་འདི་སྙིང་པོར་གྱུར་པ་སྟེ། །མེད་སྣང་མངོན་སུམ་འདི་ལ་རྗེས་དཔག་ནས། །རྨི་ལམ་ཉིད་ཅེས་ངེས་པར་རྨི་ལམ་ནའང་། །རྣམ་དག་ཡེ་ཤེས་སྒྱུ་མའི་རྣམ་འཕྲུལ་ལྟོས། །ཞེས་རྨི་ལམ་གདམས་པ་རྗེས་སུ་གནང་ངོ་། །ཡང་ལོ་གཅིག་འདས་པ་ན་སྔར་བཞིན་གསོལ་བ་བཏབ་པས། ཁྱེད་ཀྱིས་མཎྜལ་གྱིས་ཤིག་གསུངས། ཆུ་དང་བ་བྱུང་སོགས་ཡོ་བྱད་མ་རྙེད་པས། དེ་ནས་བྱེ་མའི་གཞི་དེར་རང་གི་ཁྲག་གིས་ཆག་ཆག་བཏབ་ནས། མཚོན་གྱིས་རང་གི་རྐང་པ་གཉིས་དང་ལག་པ་གཡོན་པ་དང་མགོ་བོ་བཅད་དེ་ཚོམ་བུར་བཀོད་པ་ན། ལག་པ་གཡས་ཀྱང་རང་བཞིན་གྱིས་ཆད་ནས་ཚོམ་བུར་གྱུར་ཏོ། །བླ་མ་བྱོན་ནས་ཅི་ཉེས་གསུངས། ཡིད་ཀྱིས་རྒྱུ་མཚན་ཞུས་པ་ལ་གསུངས་པ། ཟག་བཅས་སྙིང་པོ་མེད་པའི་ལུས། །མེད་ཀྱང་རུང་གི་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །གཉིས་མེད་སེམས་ཀྱི་མེ་ལོང་ལྟོས། །ཞེས་སོགས་གསུངས་ནས་ལུས་ལ་ཕྱག་གིས་བྱུག་པས་སྔར་བཞིན་གྱུར། བར་དོའི་གདམས་པ་བསྲེ་བ་སྐོར་གསུངས་སོ། །ཡང་ལོ་གཅིག་འདས་པ་ན་སྔར་བཞིན་གསོལ་བ་བཏབ་པས་གསུངས་པ། འདི་ནས་ཐག་མི་རིང་བ་ན་སྟོན་མོ་རྒྱ་ཆེན་པོ་ཡོད་ཀྱི། བཟའ་བཏུང་གང་རྙེད་པ་སློངས་ལ་ཤོག་ཅིག་གསུངས། བཀའ་བཞིན་སོང་བ་ན་བཟའ་བཏུང་འགའ་རྙེད་པ་བླ་མ་ལ་ཕུལ་བ་ན་ཤིན་ཏུ་ཞིམ་ཞིམ་ལྟར་མཛད་ནས་གསོལ་ནས། ད་དུང་སློངས་ལ་ཤོག་ཅིག་གསུངས། སློང་ལ་སོང་བས་བྱིན་པར་མ་གྱུར་པ་ན་སྣོད་དང་བཅས་པ་ཁྱེར་ནས་བྲོས་སོ། །སྐྱེ་བོའི་ཚོགས་མང་པོས་དབྱུག་པ་དང་རྡོ་ཆར་ཕབ་ཅིང་ཟས་སླར་ཕར་ཤོར་རོ། །དེ་ནས་བླ་མ་ལ་ལོ་རྒྱུས་ཞུས་པས། བླ་མས། ཁྱེད་ཀྱིས་ཐབས་མ་ཤེས་ཏེ། བུམ་པ། ཐག་པ། མེ་ལོང་། རལ་གྲི་འདི་རྣམས་བཟུང་ལ་རིམ་པར་སྐྱུར་ཞིང་ཟས་ཁྱེར་ལ་བྲོས་ནས་ཤོག་ཅིག་ཟེར། སླར་ཕྱིན་ཏེ་བཟའ་བཏུང་ཁྱེར་ནས་བྲོས་པས། སྐྱེ་བོ་རབ་ཏུ་མང་པོས་བདས་ཏེ་སླེབ་ལ་ཁད་པ་ན། བུམ་ཆུ་ཕོ་བས་ཆུ་བོ་ཆེན་པོར་གྱུར་པ་ལ། རྒན་མོ་ཅིག་ན་རེ་ཐབས་ཡོད་ཅེས། མ་ཧེའི་ཀོ་བའི་གྲུ་བཏང་ནས་ཟིན་ལ་ཁད་པ་དང་། ཐག་པ་བསྐྱུར་བས་ཆུ་བོར་གྱུར། དེ་ཡང་བརྒལ་ཏེ་ཟིན་ལ་ཉེ་བ་ན། མེ་ལོང་བསྐྱུར་བས་མཚོར་གྱུར། དེ་ཡང་བསྐོར་ཏེ་ཟིན་ལ་ཁད་པ་དང་། རལ་གྲི་བསྐྱུར་བས་ལྕགས་ཁང་དུ་གྱུར། དེར་ཁ་ཅིག་ན་རེ་ཐབས་ཡོད་ཟེར་ནས། ཕྱོགས་ཐམས་ཅད་ནས་བུད་ཤིང་དང་སོལ་བ་མང་པོ་སྤུང་ཏེ། རླུང་དང་སྦུད་པས་མེ་སྦར་ཏེ་ནང་དུ་སྡོད་པར་མ་ནུས་པས་ཕྱིར་དོན་པ་ན། དེ་དག་གིས་རབ་ཏུ་བརྡུང་ཞིང་ཉམ་ཉེས་པར་བྱས་ནས་སོང་ངོ་། །བླ་མ་བྱོན་ནས་ཅི་ཉེས་གསུངས། ལོ་རྒྱུས་ཞུས་པ་ལ་གསུང་པ། རྣམ་སྨིན་ལུས་ཀྱི་རི་བོ་འདི། །གཙོག་ཀྱང་རུང་གི་ན་རོ་པ། །ཌ་ཀཱི་མ་ཡི་གསང་བའི་གནད། །བདུད་རྩི་སྙིང་པོའི་མེ་ལོང་ལྟོས། །ཞེས་སོགས་གསུངས་ནས་ཕྱག་གིས་བྱུག་པས་སྔར་བཞིན་གྱུར་ཏོ། །ཡང་ལོ་གཅིག་འདས་པ་ན་སྔར་བཞིན་གསོལ་བ་བཏབ་པས། ཅུང་ཟད་ཁྲོས་པའི་རྣམ་པས། མཆིལ་ལྷམ་གྱིས་གདོང་ལ་བརྒྱབ། ཞབས་ཀྱི་རྡོག་ཐོས་སྙིང་ཁར་ཤུགས་དྲག་པོས་བརྒྱབ་ནས་འདི་ལ་ཅི་ཙམ་བསྟན་ཀྱང་གོ་བ་མེད་པའོ། །ཞེས་གསུངས། ཞག་གསུམ་དུ་བརྒྱལ་ནས་སངས་པ་ན་བླ་མ་བྱོན་ནས་ཅི་ཉེས་གསུངས། ལོ་རྒྱུས་ཞུས་པ་ལ་གསུངས་པ། རྣམ་སྨིན་སྒྱུ་མའི་ལུས་པོ་འདི། །ཤི་ཡང་རུང་གི་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །སེམས་ཉིད་སྐྱེ་མེད་མེ་ལོང་ལྟོས། །ཀྱེ་ཧོ་འདི་ནི་རང་གི་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏེ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གི་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཅེས་གསུངས་ནས་བླ་མས་ཕྱག་རེག་པ་ཅིག་མཛད་པས། སྔ་མ་ལས་མཆོག་ཏུ་མཛེས་པའི་ལུས་སུ་གྱུར་ཏོ། །ཡང་ལོ་གཅིག་འདས་པ་ན་སྔར་བཞིན་གསོལ་བ་བཏབ་པས། བླ་མས་ཤེས་རབ་མ་ཚོལ་ཅིག་གསུངས། བཀའ་བཞིན་བཙལ་ནས་ཁྲིད་དེ་ཕྱིན་པ་ན། དེ་ཁོ་བོ་ལ་ཕུལ་ཅིག་གསུངས། ཕུལ་བ་ན་དེས་ཕྱིར་ཅུང་ཟད་བལྟས་སོ། །ཁྱོད་ཀྱིས་སྙིང་ནས་མ་ཕུལ་ཏེ་འདི་ཁྱོད་ལ་དགའ་འོ་ཞེས་གསུངས། གསོལ་པ། བདག་ལུས་སྲོག་ལ་ཡང་ལྟོས་པ་མེད་ན་འདི་ལ་ཇི་ལྟར་ཆགས་ཏེ། ཇི་ལྟར་ཕུལ་བ་འདི་བཞེས་སུ་གསོལ། བླ་མས། ཁྱེད་ཀྱིས་སྨྲ་བ་དེ་ནི་བདེན་ཏེ། འོན་ཀྱང་འདིས་འདི་ཡི་ཡིད་ཡོངས་སུ་བཟུང་བའོ། །དེའི་ཕྱིར་འདི་གཞོམ་པར་བྱ་ཞེས། སྨྱུག་ཐུར་རྡོ་རྗེའི་སྦུབས་སུ་བཙུག་ནས། དེ་ཉིད་རྡོ་སྟན་གྱི་སྟེང་དུ་བཀོད་ཏེ་སྟེང་ནས་རྡོས་ཤུགས་ཆེར་བརྡུང་པས་ཁྲག་མང་དུ་འཐོར་བཞིན་པ་ལ་དྲིས་པ། ཁྱོད་བདེའམ་ཅེས་པ་ལ་བདེ་བའི་རྒྱུ་མཚན་ཞུས་པ་ལ། བླ་མས་གསུང་པ། འཁོར་བ་མྱང་འདས་གཉིས་མེད་ལ། །འབད་ཀྱང་རུང་གི་ན་རོ་པ། །མཁའ་འགྲོ་མ་ཡི་གསང་བའི་གནས། །བདེ་ཆེན་སེམས་ཀྱི་མེ་ལོང་ལྟོས། །རང་ལ་གནས་པ་རྡོ་རྗེའི་བྱང་ཆུབ་སེམས། །འགྱུར་མེད་བདེ་ཆེན་འོད་གསལ་ཕྱག་རྒྱ་ཆེ། །ཁ་སྦྱོར་གསང་བའི་སྙིང་པོ་དེ་ཁོ་ན། །སྤྲོས་བྲལ་ལྷན་ཅིག་སྐྱེས་པའི་དོན་ལ་ལྟོས། ཅེས་གསུངས་ཏེ་ཕྱག་གིས་རེག་པ་ཙམ་གྱིས་སྔ་མ་ལས་མཆོག་ཏུ་བཟང་ཞིང་བདེ་བ་ཆེན་པོས་ཡོངས་སུ་གང་བའི་ལུས་སུ་གྱུར་པ་ན། དབང་བཞི་ཡོངས་སུ་རྫོགས་པར་བསྐུར་ཏེ་འོག་སྒོའི་གདམས་པ་གནང་ངོ་། །དེའི་ཚེ་ན་རོ་པས་ཡུམ་དང་ལྷན་ཅིག་སྟེང་གི་ནམ་མཁར་གར་བྱེད་བཞིན་དུ་རྟོགས་པ་བརྗོད་པའོ། །

༈ དཀོན་མཆོག་གསུམ་དངོས་སོགས་ཀྱི་སྐབས། ཐུན་མོང་ཐེག་པའི་ལུགས་ལ། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་སངས་རྒྱས་ལ་སྟོན་པ། ལུང་དང་རྟོགས་པའི་བདག་ཉིད་ཀྱི་ཆོས་ལ་ལམ། རིག་གྲོལ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་མོས་ཏེ་དཀོན༷་མཆོག༷་གསུམ༷་ལ་ལམ་གྱི་སྐྱེལ་མ་ལྟ་བུར་སྐྱབས་སུ་འགྲོ་བ་ནི་རྒྱུ་ཡི་སྐྱབས་འགྲོ་དང་། མ་འོངས་པ་ན་རང་རྒྱུད་ལ་དེ་གསུམ་དངོས་༷སུ་གྲུབ་པར་འདོད་པས་སྐྱབས་སུ་འགྲོ་བ་ནི་འབྲས་བུའི་སྐྱབས་འགྲོ་དང་། ཐུན་མོང་མ་ཡིན་པ་གསང་སྔགས་སྤྱིའི་ཚུལ་གྱི་སྐྱབས་འགྲོ་ནི། སྤངས་རྟོགས་མཐར་ཕྱིན་པ་བདེ༷་བར་གཤེགས༷་པའི་ངོ་བོ་ལས་ཕྱེ་བའི་བྱིན་རླབས་ཀྱི་རྩ་བ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་བླ་མ་ལ་སྒོ་གསུམ་འབུལ། དངོས་གྲུབ་ཀྱི་རྩ་བ་ཆོས་སྐུ་ཞི་བའི་ངང་ལས་གཟུགས་སྐུ་ཞི་ཁྲོ་རབ་འབྱམས་སུ་ཤར་བའི་ཡི་དམ་ལ་བསྟེན། བར་ཆད་སེལ་བའི་རྩ་བ་ཆོས་ཉིད་སྐྱེ་བ་མེད་པའི་ནམ་མཁའ་ལ་འགག་མེད་ཐུགས་རྗེའི་ཤུགས་ཀྱིས་འགྲོ་བའི་ཡེ་ཤེས་མཁའ་འགྲོ་ལ་གྲོགས་ཀྱི་ཚུལ་དུ་བྱས་ནས་དེ་ལྟ་བུའི་རྩ༷་བ༷་གསུམ༷་ལ་སྐྱབས་སུ་འགྲོ་བ་དང་། ཁྱད་པར་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི་སྐྱབས་འགྲོ་ནི། སྐུ་བསྒྲུབ་པར་བྱ་བའི་རྟེན་རྩ༷་ཡི་དྭངས་མ་ཆེན་པོ་སྤྲུལ་སྐུར་བསྟེན། གསུང་བསྒྲུབ་པར་བྱ་བའི་རྟེན་མི་ཤིགས་རླུང༷་ལྔ་ལོངས་སྐུར་སྦྱོང་། ཐུགས་བསྒྲུབ་པར་བྱ་བའི་རྟེན་ཐིག༷་ལེའི༷་རང༷་བཞིན༷་ཆོས་སྐུར་དག་པའི་མྱུར་ལམ་ལ་སྐྱབས་སུ་འགྲོ་བ་དང་། དེ་ཡང་གཞི་རྩ་རླུང་ཐིག་ལེའི་གནས་ཚུལ་ལྟར་ལམ་ཉམས་སུ་བླངས་པས་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པའོ། །མཐར་ཐུག་བསླུ་བ་མེད་པ་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་གཉིས་མེད་རང་བྱུང་གི་ཡེ་ཤེས་བྱང་༷ཆུབ་༷ སེམས༷་ཀྱི་ངོ༷་བོ༷་གདོད་མའི་སྟོང་ཆེན་གྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟབ་མོ། རང༷་བཞིན༷་གསལ་བ་ལྷུན་གྱིས་གྲུབ་པའི་རང་བྱུང་གི་ཡེ་ཤེས། ཐུགས༷་རྗེ༷་ཀུན་ཁྱབ་ཀྱི་ཡེ་ཤེས་མ་འགགས་འཛིན་བྲལ་རྣམ་གསུམ་འདུ་འབྲལ་མེད་པའི་དཀྱིལ༷་འཁོར༷་ཆེན་པོ་རང་རྒྱུད་ལ༷་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བའི་ཚུལ་གྱིས། དུས་བླ་མེད་བྱང༷་ཆུབ༷་སྙིང༷་པོའི༷་གོ་འཕང་མ་ཐོབ་ཀྱི་བར༷་དུ་༷སྐྱབས༷་སུ༷་མཆིའོ༷། །བྱང་ཆུབ་ནི། མི་གནས་པའི་མྱང་འདས་དང་། སྙིང་པོ་ནི། བྱང་ཆུབ་རྣམས་ཀྱི་དམ་པ་དང་། མཆིས་པ་ནི། དེ་ཉིད་ཐོབ་པ་ཡིན་ནོ། །སྔོན་འགྲོ་སྤྱིའི་ཁྲིད་ཡིག་ཐབས་ལམ་ནོར་བུའི་གན་མཛོད་ལས། སྐྱབས་འགྲོའི་རྒྱུ་ནི། འཇིགས་པ་དང་། དད་པ་དང་། སྙིང་རྗེ་ཆེན་པོའི་བསམ་པ་གསུམ་དང་ལྡན་པ་ཞིག་གལ་ཆེ། ཞེས་དང་། གང་ལ་འཇིགས་པའི་ཡུལ་སྤྱིར་འཁོར་བའི་སྡུག་བསྔལ་མཐའ་དག་དང་། དེའི་རྩ་བ་སྐྱེ་འཆི་གཉིས། དེ་གཉིས་ཀྱི་རྒྱུ་ཟག་བཅས་ཀྱི་ལས་དང་ཉོན་མོངས་པ་ཐམས་ཅད་དང་། སྙིང་རྗེ་དང་བྲལ་བའི་སྟོང་པ་ཉིད་འབའ་ཞིག་ལ་གོམས་པས། སངས་རྒྱས་ཀྱི་ཡོན་ཏན་རིན་པོ་ཆེ་ཚད་མེད་པ་ལས་ཉམས་པའི་ཞི་བ་ཕྱོགས་གཅིག་པ་ཆད་པའི་མྱང་འདས་ཀྱི་གཡང་ས་མི་ཟད་པ་དང་། གནས་སྐབས་ལམ་གྱི་མི་མཐུན་ཕྱོགས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་མཐའ་དག་དང་བཅས་གསུམ་པོ་དེ་ལ་དགྲ་ལྟ་བུ་དང་། གཡང་ས་ལྟ་བུ་དང་། དུག་ལྟ་བུའི་འདུ་ཤེས་ཉེ་བར་བཞག་ཅེས་དང་། སྐྱབས་སུ་འགྲོ་བའི་ངོ་བོ་ནི་ཁས་ལེན་པའི་དོན་ཅན་ཡིན་པས། རྫོགས་པའི་སངས་རྒྱས་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཅན་དེ་ཉིད་གནས་སྐབས་སུ། སྟོན་པར་ཁས་བླངས་ཏེ་སྟོན་པ་འདི་ལས་གཞན་དུ་མི་བསྟེན་པར་དམ་བཅའ་བ་རྒྱུའི་སྐྱབས་འགྲོ། སྟོན་པ་དེ་ཉིད་མཐར་ཐུག་གི་བསྒྲུབ་བྱར་ཁས་བླངས་ཏེ་འབྲས་བུ་དེ་ལས་གཞན་དོན་དུ་མི་ག ཉེར་བར་དམ་བཅའ་བ་འབྲས་བུའི་སྐྱབས་འགྲོ། དེས་མཚོན་ཏེ། ལུང་རྟོགས་ཀྱིས་བསྡུས་པའི་དམ་པའི་ཆོས་དང་། འཕགས་པའི་དགེ་འདུན་གཉིས་ཀྱང་གནས་སྐབས་སུ་ལམ་དང་གྲོགས་སུ་ཁས་བླངས་ཏེ་དེ་དང་དེ་ལས་གཞན་པའི་ལམ་དང་གྲོགས་ལ་མི་བསྟེན་པར་དམ་བཅའ་བ་རྒྱུའི་སྐྱབས་འགྲོ་དང་། དེ་གཉིས་མཐར་ཐུག་རང་རྒྱུད་ལ་བསྒྲུབ་བྱར་ཁས་བླངས་ཏེ་རྟོགས་པ་དམ་པའི་ཆོས་རང་གི་ཁོང་དུ་ཆུད་པར་བྱས་ནས། རྒྱུ་མཐུན་ལུང་གི་ཆོས་ཀྱི་འཁོར་ལོ་གཞན་རྒྱུད་ལ་བསྐོར་ཏེ་འཕགས་པའི་ཚོགས་རྣམ་པར་བཞག་ནས་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པར་དམ་བཅའ་བ་ནི་འབྲས་བུའི་སྐྱབས་འགྲོར་ཤེས་པར་བྱའོ། །ཞེས་གསུངས། ༈ རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པ་སོགས་ཀྱི་སྐབས། ལྷས་བྱིན་གྱིས་མ་སྐྱེས་དགྲར་ངས་ཁྱོད་རྒྱལ་སྲིད་ལ་བསྐོས་ཟིན་གྱིས། ཁྱོད་ཀྱིས་སངས་རྒྱས་ལ་ང་བསྐོས་ཤིག་བྱས་པས། རྒྱལ་པོས་སྟོན་པར་གསེར་མདོག་དང་འཁོར་ལོ་སོགས་འདུག་པ་ཁྱོད་ལ་མི་སྣང་བྱས་པས་གསེར་མགར་བཀུག་ནས་པཉྩུ་ཞེས་པའི་འབྲུ་མར་གྱིས་ལུས་བྱུགས། གསེར་བཞུས་ཏེ་བྱུགས་པས་ལུས་ལ་སྡུག་བསྔལ་བ་དང་། དེ་བཞིན་ལྕགས་མགར་གྱིས་འཁོར་ལོ་བསྲེགས་ཏེ་ལྷས་བྱིན་ལ་བརྒྱབ་པས་ཀྱང་ཚ་བའི་སྡུག་བསྔལ་བར་གྱུར། དེ་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲ་དང་བཅས་ཏེ་གོའུ་ཏ་མ་གསོད་པར་བརྩམས། སྒྱོགས་ཀྱི་འཁྲུལ་འཁོར་མཁན་ལ་མུ་ཏིག་གི་དོ་ཤལ་སྲང་སྟོང་རི་བ་བྱིན་ཞིང་མི་སྟོང་ཕྲག་གཅིག་ལ་གླ་བྱིན་ནས། བྱ་རྒོད་ཕུང་རིའི་སྟོན་པ་བཞུགས་པའི་ཐད་དྲང་ཕར་ངོས་སྒྱོགས་བཅས་ཤིང་གཡས་གཡོན་གྱི་ལམ་བར་མི་ཉིས་བརྒྱ་ལྔ་བཅུ་རེ་བཞག །གོའུ་ཏ་མ་སྒྱོགས་ཀྱིས་བསད་པར་མ་ནུས་ན་སུའི་སར་བྱུང་ཀྱང་སོད་ཅིག་ཅེས་བསྒོས་པས་སྒྱོགས་ཀྱི་མི་ལྔ་བརྒྱ་བོས་འདི་སུར་འཕང་བྱས་པས་གོའུ་ཏ་མར་འཕང་ཟེར་བ་ཐོས་པས། མི་ལྔ་བརྒྱ་འཕྲུལ་འཁོར་མཁན་པོ་དང་བཅས་དེ་བས་ཤི་བ་དགའ་སྙམ་བྲོས་པ་སྟོན་པས་ལམ་ངན་པར་རྫུ་འཕྲུལ་གྱིས་ཐེམ་སྐས་སྤྲུལ་ནས་བྲོས་ཏེ་དེ་དག་སྟོན་པའི་སྤྱན་སྔར་སླེབས་ཆོས་བསྟན་པས་བདེན་པ་མཐོང་། ལྷས་བྱིན་གྱིས་སླར་ལྟ་བར་ཕྱིན་པས་དེ་དག་སྟོན་པའི་དྲུང་དུ་ཆོས་ཉན་པ་མཐོང་། མི་ལྔ་བརྒྱ་པོ་ཡང་གཞན་དུ་སོང་། ལྷས་བྱིན་རང་ཉིད་ཀྱིས་སྒྱོགས་དྲངས་ཏེ་རྡོ་ཆེན་མི་བཟད་པ་འཕངས་པས་ལག་ན་རྡོ་རྗེས་སྒྱོགས་རྡོར་རྡོ་རྗེ་བསྣུན་པས་ཕྱེ་མར་ཞིག །དེའི་དུམ་ཆེ་བ་ཞིག་ལྷུང་དུ་ཉེ་བ་ལ་གནོད་སྦྱིན་ཀུམྦྷི་རས་འཛིན་རྒྱུ་ཡིན་ཡང་རྡོ་ཕྱེ་དེ་ཕོག་པས་དུས་ལས་འདས་ཏེ་ལྷར་སྐྱེས། སྟོན་པའི་དྲུང་དུ་འོངས། ཆོས་ཉན་པས་བདེན་པ་མཐོང་། རྡོ་དེའི་དུམ་བུ་ཕྲ་མོ་ཞིག་སྟོན་པའི་ཞབས་ལ་ཕོག་སྟེ་སྐུ་མཚལ་ཡང་བྱུང་། བསྙུན་བརྟགས་པའི་ཆེད་འཚོ་བྱེད་གཞོན་ནུ། ༼སྨན་པ་འཚོ་བྱེད་གཞོན་ནུ་ནི། ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། ཚོང་དཔོན་ཞིག་གི་ཆུང་མ་དང་འདུས་པའི་སྲས་ཡིན་ལ། ཚོང་དཔོན་ལ་གསང་ཏེ་རྒྱལ་པོ་རང་གིས་གཞན་ལ་བཅོལ་ཏེ་བསྐྱེད་བསྲིངས་སོ། །འཚོ་བྱེད་གཞོན་ནུ་ལ་འབྱུང་པོ་ཐམས་ཅད་མཐོང་བའི་ནོར་བུ་ཡོད་པས་གང་གི་མགོ་ལ་བཞག་པས་ལུས་ཀྱི་ནད་ཐམས་ཅད་མཐོང་ངོ་། །མཆན།༽ སྐུ་དྲུང་དུ་འགྲོ་ཞིང་འདི་ལ་ཕན་པའི་སྨན་ཞིག་ཡོད་ཀྱང་མ་རྙེད་ཅེས་ཟེར་བ་ཙན་དན་ས་མཆོག་སྟེ་ཚོང་དཔོན་ཞིག་ལ་ཡོད་པ་སྟོན་པ་ལ་ཕུལ་བས་ཕན་ན་མ་སྐྱེས་དགྲས་གསོད་སྙམ་རུང་བསད་ཀྱང་བཟོད་སྙམ་སྟེ་ཕུལ་བ་བཞེས་ཤིང་ཚོང་དཔོན་དེ་སངས་རྒྱས་ཙན་དན་དུ་ལུང་བསྟན། ད་དུང་སྐུ་མཚལ་མ་ཆད། བུད་མེད་བུ་དང་པོ་བཙས་པའི་འོ་མས་ཕན་ཞེས་པ་བུད་མེད་འོ་མ་ཉུང་བ་རང་གི་བུ་ཡང་མི་ངོམས་པ་ཞིག་གིས་ཐོས་པ་འོ་མ་ཕུལ་ན་རང་གི་བུ་འཆི་ཞིང་རང་ཉིད་ལ་རྒྱལ་པོའི་ཆད་པ་འོང་བ་ཤེས་ཀྱང་ཕུལ་བས་དེ་སངས་རྒྱས་འོ་བྱིན་ཞེས་པར་ལུང་བསྟན་ཅིང་ད་དུང་སྐུ་མཚལ་མ་ཆད་པའི་ཚུལ་བསྟན་པ་འོད་སྲུང་སྟོབས་བཅུ་བས་བདེན་པ་གསོལ་བ་སྟོན་པས་གནང་སྟེ་ཚིགས་བཅད་གསུངས་མ་ཐག་སྐུ་མཚལ་ཆད། དེ་ལྟར་སྟོན་པའི་སྐུ་མཚལ་ཕྱུང་བ་དང་། གླང་ཆེན་སྨྱོན་པ་བཏང་བ་དང་། དགེ་འདུན་གྱི་དབྱེན་དང་། དགྲ་བཅོམ་མ་བཀྲོངས་པ་སོགས་མཚམས་མེད་པའི་ལས་བགྱིས་པ། ཕྱི་མའི་རྣམ་སྨིན་ལ་འཇིགས་ཏེ། མུ་སྟེགས་སྟོན་པ་སྡེ་དྲུག་གི་ཐད་དུ་སོང་ནས་དྲིས་པ་ན། དེ་དག་གིས་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པའི་ལྟ་བ་ངན་པ་བསྟན་པས། ལྷས་བྱིན་དེ་ལ་ཡིད་ཆེས་ཏེ་དགེ་བའི་རྩ་བ་བཅད་དོ། །ཕྱིས་སུ་ཤཱཀྱ་རྣམས་ཀྱིས་ལྷས་བྱིན་ལ་སྟོན་པར་བཟོད་པ་གསོལ་ཞིག་ཅེས་བསྐུལ་བས་ལྷས་བྱིན་གྱིས་བེའུའི་ལྟེ་བ་ཞེས་པའི་རེག་དུག་གིས་སེན་མོ་བཀང་སྟེ། གོ་ཏ་མས་བཟོད་པར་བྱས་ན་ལེགས། མ་བྱས་ན་དུག་ཞབས་ལ་བསྐུའོ་སྙམ་དྲུང་དུ་སོང་བཟོད་པར་གསོལ་བས་སྟོན་པས་མཁྱེན་ཏེ་ཞབས་ཀྱི་པུས་མོའི་ལྷ་ང་མན་ཤེལ་དུ་སྤྲུལ། ཁོ་དེར་ཞབས་ལ་འདུད་པ་ལྟར་བྱས་སེན་མོ་བཏབ་པ་ཆག་སྟེ་དུག་ཀྱང་སར་ལྷུང་པས་སྐྱེངས་ཏེ། ཁྱོད་ཀྱིས་གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་ན་ངན་འགྲོར་མི་འགྲོའོ་ཞེས་ན་བདག་ཁྱེད་ལ་སྐྱབས་སུ་སོང་བས་ངན་འགྲོ་སོང་ན་རྫུན་ནོ་ཟེར། དེ་ནས་གོམས་པ་བོར་ཕྱིར་སོང་བ་ན་སའི་གསེབ་ནས་དམྱལ་བའི་མེ་ཅུང་ཟད་ཐོན་པ་རྐང་པ་ལ་རེག་པས་ཚའོ་ཚའོ་ཞེས་བརྒྱུགས་པས་སའི་མཐོངས་ཕྱེ་ནས་ལུས་དེར་ཆུག་སྟེ། མནར་མེད་ཀྱི་མེས་ལུས་ཤིན་ཏུ་ཚིག་སྟེ་ངུ་བཞིན་ཀུན་དགའ་བོ་ལ་བོས་ནས། བདག་རུས་པའི་གཏིང་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར། ལུས་དེ་དམྱལ་བར་སོང་མནར་མེད་དུ་བསྐལ་པ་ཆེན་པོ་གཅིག་གནས་ནས། རུས་པའི་གཏིང་ནས་སྐྱབས་སུ་མཆིའོ་ཞེས་བརྗོད་པས་མ་འོངས་པ་ན་རང་སངས་རྒྱས་རུས་པ་ཅན་དུ་འགྱུར་བར་ལུང་བསྟན། ཤཱ་རིའི་བུ་དང་མཽ་གལ་གྱི་བུས་དམྱལ་བའི་རྒྱུད་ལ་བལྟ་བར་གཤེགས་པ་ནས་ཆར་གྱི་རྒྱུན་གཏུན་ཤིང་ཙམ་དང་ཤིང་རྟའི་སྲོག་ཤིང་ཙམ་ཕབས་ཀྱང་། དམྱལ་བའི་ཚ་དབལ་གྱིས་ནམ་མཁའ་ལས་སྐམས། ཤཱ་རིའི་བུས་ཏིང་ངེ་འཛིན་གྱིས་དམྱལ་བའི་གནས་ཆུས་གང་བར་མཛད། མཽ་གལ་གྱི་བུས། ལྷས་བྱིན་ཚུར་ཤོག་བྱས་པས་འོང་སྟེ་ཞབས་ལ་གཏུགས། སྡུག་བསྔལ་དྲིས་པས། མནར་མེད་པ་སྤྱིའི་སྡུག་བསྔལ་གྱི་སྟེང་དུ་ལྕགས་ཀྱི་རི་འབར་བས་འཐབ་པ་དང་། སོག་ལེ་སོ་གཉིས་པས་གཏུབས་པ་དང་། ཐོ་བས་མགོ་ཕྱེ་མར་འཐག་པ་དང་། ཕྱོགས་བཞི་ནས་གླང་པོ་ཆེ་འོང་ནས་འབྲས་ཕྱེ་བཞིན་དུ་འཐག་པ་བཞི་བྱུང་ཚུལ་སྨྲས་པ། དེ་དག་ཀྱང་སྟོན་པར་སྒྱོགས་འཕངས་པ། དགེ་འདུན་དབྱེན་བྱས་པ། ཨུཏྤ ལའི་མདོག་བཀྲོངས་པ། ནོར་སྐྱོང་རྦད་པ་བཞིས་ཡིན་ཅིང་ཕྱིས་རང་སངས་རྒྱས་སུ་ལུང་བསྟན་པ་བཤད་པས་འོ་ན་དེ་བར་མནར་མེད་ཀྱི་སྡུག་བསྔལ་རྣམས་བཟོད་པར་བྱའོ་ཟེར་རོ། །

༈ ཆོས་གསུངས་པའི་གནས་ནི། གཙོ་བོར་བྱ་རྒོད་ཕུང་པོའི་རི་སྟེ། དེ་ལ་ཅིའི་ཕྱིར་བྱ་རྒོད་ཕུང་པོའི་རི་བོ་ཞེས་བྱ་ཞེ་ན། རི་དེའི་ཤར་ལྷོ་ནི་རིའི་དབྱིབས་བྱ་རྒོད་ལྟ་བུར་ཆུ་ཞེང་གབ་པར་ཡོད་ཅིང་། དེ་ལ་ཕུང་པོ་གསུམ་ཡོད་པས་ཕུང་པོ་ཞེས་བྱ་སྟེ། གསུམ་ནི་སྨན་དང་མེ་ཏོག་གི་ཕུང་པོ་དང་། ཆུ་ཡོན་ཏན་ཅན་དང་། རླུང་ཡོན་ཏན་ཅན་ནོ། །དང་པོ་ནི། སྨན་སྣ་ཚོགས་པ་དང་། མེ་ཏོག་སྣ་ཚོགས་པ་ཡོད་པའོ།། གཉིས་པ་ནི། ཆུ་གྲང་དྲོ་རན་པ་རོ་མཆོག་བརྒྱད་དང་ལྡན་པ། ནད་ཐམས་ཅད་ལ་ཕན་པའི་ཆུ་ཡོད་པའོ། །གསུམ་པ་ནི། ངད་ལྡང་བསེར་བུ་གསུམ་ཡོད་དེ། ཁམས་བདེ་བའི་བསེར་བུ་དང་། ནད་སྙོམས་པའི་བསེར་བུ་དང་། བློ་རྣོ་བའི་བསེར་བུའོ། །དང་པོ་ནི། སྨན་གྱི་དྲི་ངད་ཡོད་པ་དང་། ས་ཕྱོགས་ཚ་གྲང་སྙོམས་པས་གཞན་པས་ཁམས་བདེ་བའོ། །གཉིས་པ་ནི། ཚད་པའི་ནད་ཅན་ལ་བསིལ་ནུས། གྲང་ནད་ཅན་ལ་དྲོད་བསྐྱེད་ནུས་པའི་བསེར་བུ་ཡོད་པས་ནད་ཚ་གྲང་མི་ལྡང་བར་འབྱུང་བ་སྙོམས་པའོ། །གསུམ་པ་ནི། རི་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པ་ཐམས་ཅད་འཁོར་རྣམས་ཀྱིས་ཐོས། ཐོས་པ་ཐམས་ཅད་ཟིན། ཟིན་པ་ཐམས་ཅད་མི་བརྗེད། མི་བརྗེད་པ་ཐམས་ཅད་རྒྱུད་ལ་སྐྱེ་བའོ། །

༈ སྔོན་རྐུན་པོ་བྱེད་པ་ཞིག་གཞན་གྱིས་བཟུང་ནས་སོགས་ཀྱི་སྐབས། ས་པཎ་གྱི་དགོངས་པ་རབ་གསལ་ལས། སྔོན་རྒན་ཞུགས་བླུན་པོ་གཅིག་ལ། སྦྱིན་བདག་མོ་ཞིག་དད་དེ་རས་ཟུང་སྦྱར་ཕུལ་ནས་ཆོས་ཞུས། དེར་ཆོས་བཤད་རྒྱུ་མ་རྙེད་ནས་ཡི་མུག་སྟེ། མི་ཤེས་པ་ང་སྡུག་བསྔལ་ཞེས་ཡང་ཡང་བཟླས། དེར་སྦྱིན་བདག་མོས་རྒྱུ་མི་ཤེས་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་རྟོགས་ཏེ་བདེན་པ་མཐོང་། དེར་སློབ་དཔོན་གྱིས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཞེས་བསྔགས་པ་བརྗོད། དེར་རྐུན་པོ་ཞིག་གིས་བླུན་པོ་འདི་ལས་རས་བརྐུ་བར་བྱ་སྙམ་དུ་བསམས་ནས་ཕྱི་བཞིན་འབྲངས་སོ། །དེར་རྒན་ཞུགས་དེ་ཁང་པར་ཞུགས་པ་དང་། རྐུན་པོས་རས་བྱིན་ཅིག་བཟླས། རྒན་ཞུགས་སྐྲག་པས་ཕྱིར་འབྱུང་མི་ནུས་ཀྱིས་ཁང་པའི་རྒྱ་སྐར་ནས་ལོངས་ཤིག་བཟླས། རྐུན་མས་ལག་པ་གཅིག་གིས་བླངས་པས། རྒན་ཞུགས་ཀྱིས་ཁོ་བོ་ལ་ཡང་སྦྱིན་བདག་གིས་ལག་པ་གཉིས་ཀས་བྱིན། ཁྱོད་ཀྱང་ལག་པ་གཉིས་ཀས་ལོངས་ཤིག་སྨྲས། དེར་གཉིས་ཀ་བརྐྱང་བ་ན་ཐ་གུས་བཀྱིགས་ནས་ཀ་བ་ལ་བཏགས། དེ་ནས་རྒན་ཞུགས་ཕྱིར་བྱུང་སྟེ་སྐྱབས་འགྲོའི་ལད་མོ་གྱིས་ཞེས་བསྒྲགས་ནས་དཀོན་མཆོག་གསུམ་གྱི་སྐྱབས་འགྲོ་རེ་ལ་དབྱུག་པ་ན་ངེས་པ་རེ་བརྒྱབ། དེར་རྐུན་མ་བཏང་སྟེ། འཐེང་ཞིང་ཆུ་འགྲམ་ཞིག་ཏུ་ཕྱིན་པ་དང་། མགྲོན་པོ་ཞིག་གིས་ཁྱོད་ཅི་སྟེ་འཐེང་ཞེས་དྲིས། སྨྲས་པ། ཁོ་བོ་རྐུན་མ་ཞིག་ན། ཁོ་བོ་བས་ཀྱང་རྐུན་ཆེན་དགེ་སྦྱོང་ཞིག་སྟེ། སྐྱབས་འགྲོ་རེ་དང་དབྱུག་པ་རེ་བསྡེབས་ནས་བརྡུང་། སངས་རྒྱས་མངོན་ཤེས་མངའ་བས་སྐྱབས་འགྲོ་གསུམ་དུ་བསྡུས། སྐྱབས་འགྲོ་བཞི་པ་སྲིད་ན་ཁོ་བོ་གདོན་མི་ཟ་བར་སྲོག་དང་བྲལ་ཟེར་ནས། སངས་རྒྱས་ལ་དད་བཞིན་དུ་ཟམ་པ་གཅིག་གི་འོག་ཏུ་ཆུར་ཞུགས། དེའི་ཚེ་མི་མ་ཡིན་པ་དཔག་ཏུ་མེད་པས་ཟམ་པ་ལ་འགྲོ་བར་བརྩམས་པ་ན་འགྲོ་མ་ནུས། བསམས་པ། སྔར་ཁོ་བོ་ཅག་བདེ་བླག་ཏུ་འགྲོ་ནུས་པ་ལ་འདི་ཅིས་ལན། མི་དེ་ལ་སྨྲས་པ། ཁྱེད་ཀྱིས་རིག་པ་ཅི་ཤེས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིག་ཤེས། དེ་ལས་གཞན་མི་ཤེས་ཟེར་བ་དང་། གདོན་དེ་དག་ཀྱང་སྐྱབས་འགྲོ་ལ་ངེས་ཤེས་སྐྱེས་ཏེ་ཚེ་འཕོས་ནས་ལྷར་སྐྱེས་ཞེས་གྲགས། རྐུན་པོ་དེ་ཡང་སངས་རྒྱས་ལ་དད་ནས་རབ་ཏུ་བྱུང་ཞེས་ཐོས་སོ། །སངས་རྒྱས་ཀྱི་སྐུ་གཟུགས་རྩིག་ངོས་བྲིས་པ་ཚུན་ཆད་སེམས་ཅན་དམན་པ་དུད་འགྲོ་ཡན་གང་གི་མིག་ལམ་དུ་སྣང་བ་དང་། གཟུངས་སྔགས་ཁྱད་པར་ཅན་དང་སངས་རྒྱས་ཀྱི་མཚན་སོགས་རྣ་བར་ལན་གཅིག་ཐོས་པ་དང་། དཀོན་མཆོག་གསུམ་ལ་དྭངས་བའི་སེམས་སྐད་ཅིག་མ་གཅིག་སྐྱེས་ཏེ། སྐྱབས་འགྲོ་ཚིག་གཅིག་བརྗོད་པའམ། ཐལ་མོ་ཡ་གཅིག་གདེང་བའམ་མེ་ཏོག་གཅིག་ནམ་མཁར་འཐོར་བ་ཡན་ཆོད་རྣམ་གྲོལ་གྱི་འབྲས་བུ་ལས་ཕྱིར་མི་ལྡོག་པར་མདོ་རྒྱུད་བསྟན་བཅོས་ཚད་མའི་ལུང་ལས་གསུངས་པའོ། །

༈ སྔོན་དགེ་བཤེས་སྟོན་པའི་དྲུང་དུ་སོགས་ཀྱི་སྐབས། འབྲོམ་སྟོན་གྱི་སྐྱེས་རབས་ལས། མགོན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཏེ། དེ་ཉིད་སྔོན་རྒྱལ་བུ་དད་པ་བརྟན་པ་ཞེས་བྱ་བར་སྐྱེ་བ་བཞེས་པའི་ཚེ་རྒྱལ་པོ་དེ་ལ་སྲས་གསུམ་ཡོད་དེ། སྒྲོལ་མའི་སྤྲུལ་པ་ཡུམ་ཀུ་ཤ་ན་ལ་སྲས་སངས་རྒྱས་འཛིན། ཁྲོ་གཉེར་ཅན་གྱི་སྤྲུལ་པ་དུང་སྐྱོང་གི་བུ་མོ་ལ་སྲས་དྷརྨ་འཛིན། ནོར་རྒྱུན་མའི་སྤྲུལ་པ་ལག་མངས་ཀྱི་བུ་མོ་ལ་སྲས་དགེ་འདུན་འཛིན་རྣམས་འཁྲུངས། དྷརྨ་འཛིན་དང་། དགེ་འདུན་འཛིན་གཉིས་བླ་མ་མྱ་ངན་བྲལ་ལས་རབ་ཏུ་བྱུང་སྟེ། བླ་མ་མྱ་ངན་བྲལ་གྱི་རྫུ་འཕྲུལ་ལ་བརྟེན་ཏེ་བདེ་བ་ཅན་དུ་གཤེགས། སངས་རྒྱས་འཛིན་ལ་བཙུན་མོ་བྲམ་ཟེའི་བུ་མོ་བཟང་ལྡན་མ་ཞེས་པ་ཞིག་ཁབ་ཏུ་བཞེས་ནས། དེ་ལ་སྲས་སངས་རྒྱས་དཔལ་ཞེས་བྱ་བ་ཞིག་འཁྲུངས་སོ། །ཕྱིས་སུ་སྲས་སངས་རྒྱས་འཛིན་ནི་རིན་ཆེན་གསལ་ཞེས་བྱ། དྷརྨ་འཛིན་ནི་གཞོན་ནུ་རྒྱལ་མཚན་ཞེས་བྱ། དགེ་འདུན་འཛིན་ནི་ཚུལ་ཁྲིམས་འབར་ཞེས་བྱ། དེ་དག་གསུམ་ལ་ནི་སྐུ་མཆེད་གསུམ་དུ་གྲགས་ཏེ། རིགས་གསུམ་མགོན་པོས་བྱིན་གྱིས་བརླབས་ནས་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པའོ། །ལར་གསུམ་པོ་དེ་ནི། ཚེ་རབས་ཐམས་ཅད་དུ་རྒྱལ་བའི་འབྱུང་གནས་ཀྱིས་ཡོངས་སུ་བཟུང་བ་ཡིན་ལ་ད་དུང་ཡང་ཚེ་རབས་ཐམས་ཅད་དུ་ཡབ་སྲས་སུ་འགྱུར་རོ། །སངས་རྒྱས་དཔལ་ནི་རིན་ཆེན་དཔལ་གྱི་ཡང་སྲས་ཤ་ར་བ་ཡོན་ཏན་གྲགས་པ་ཞེས་བྱ་བ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པའོ། །འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་བཀའ་གདམས་བུ་ཆོས་ལས། པུ་ཏོ་བ་རིན་ཆེན་དཔལ་འཇམ་དབྱངས་ཀྱི་སྤྲུལ་པ། ཕུ་ཆུང་བ་གཞོན་ནུ་བསྟན་པའི་རྒྱལ་མཚན་སྤྱན་རས་གཟིགས་ཀྱི་སྤྲུལ་པ། སྤྱན་སྔ་བ་ཚུལ་ཁྲིམས་འབར་ཕྱག་རྡོར་གྱི་སྤྲུལ་པར་གསུངས།

༈ སྔོན་རྒྱ་གར་དུ་ུདམ་པའི་ཆོས་སོགས་ཀྱི་སྐབས། ནཱ་ལེནྡྲར་གཎྚི་བརྡུང་བའི་སྒྲ་ལ་ཕཊ་ཊཱ་ཡ་ཞེས་པའི་སྒྲར་བྱུང་། མུ་སྟེགས་ཀྱི་རྒན་མོ་ཞིག་ན་རེ། ནང་པའི་གཎྚིའི་སྒྲ་ལ། འགེམས་ཞེས་པ་ཞིག་སྣང་སྟེ་འོ་སྐོལ་ལ་གནོད་མི་གནོད་བརྟག་པར་རིགས་སོ། །ཞེས་ཟེར། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས་མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་བྱ་བའི་སྒྲར་འདུག་གོ། །ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། །དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུང་བས། །མུ་སྟེགས་འཆལ་བ་རྣམས་ཀྱི་ཀླད་པ་འགེམས། ཞེས་བྱུང་བར་གྲགས་ལ། དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། ཡུལ་དབུས་ཀྱི་རྒྱལ་པོ་དྷརྨཱ་ཙནྡྲ་དང་མཐའ་འཁོབ་སྟག་གཟིག་གི་རྒྱལ་པོ་ཧུ་ལུ་ཀ་གཉིས་ཕན་ཚུན་མཛའ་བཤེས་སུ་གྱུར་ཏེ་གཅིག་གིས་གཅིག་ལ་ནོར་རིན་ཐང་ཆེན་པོ་ཅན་དུ་མ་སྐྱེས་སུ་བསྐུར་རོ། །ལན་ཅིག་ཉི་འོག་གི་རྒྱལ་པོས་ཟབ་ཆེན་གྱི་གོས་སྲུབ་མེད་པ་སྟག་གཟིག་གི་རྒྱལ་པོ་ལ་བསྐུར་བ་ལ། དེས་དེ་ལ་བལྟས་པས་གོས་ཀྱི་ཐག་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་ཞིག་བྱུང་བས། ངན་སྔགས་བྱེད་དོ་སྙམ་ནས་ཐེ་ཚོམ་སྐྱེས། ཡང་ལན་ཅིག་ཤིང་འབྲས་སྐྱེས་སུ་བསྐུར་བར་འདོད་པ་ལ་བྲམ་ཟེ་ཞིག་གིས་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་མང་པོ་ཉི་འོད་ལ་བཞག་པ་ལས་རླུང་གིས་ཁྱེར་ཏེ། ཀེ་ལའི་འབྲས་བུ་ཁ་ཕྱེ་བའི་ནང་དུ་སོང་། དེ་ལ་སོགས་པའི་ཤིང་ཏོག་རྣམས་སྒྲོམ་མར་ཁུའི་བཀང་བའི་ནང་དུ་བཅུག་སྟེ་སྟག་གཟིག་གི་རྒྱལ་པོ་ལ་བསྐུར། ནམ་ཞིག་ན་ཤིང་ཏོག་གི་ནང་ནས་སྔགས་ཀྱི་འཁོར་ལོ་བྱུང་བས། ངེས་པར་ངན་སྔགས་བྱེད་དོ་སྙམ་ནས་ཏུ་རུཥྐའི་དམག་གིས་མ་ག་དྷཱའི་ཡུལ་ཀུན་བཅོམ། གཙུག་ལག་ཁང་མང་པོ་ཞིག་ཀྱང་བཤིག་པའོ། །

༈ དཔལ་ནཱ་ལེནྡྲར་རྒྱལ་པོའི་བློན་པོ་ཀ་ཀུ་ཏ་སེངྷ་ཞེས་བྱ་བས་ལྷ་ཁང་ཞིག་བཞེངས་པའི་ཚེ། སྐྱེ་བོ་ཐམས་ཅད་ལ་སྟོན་མོ་ཆེར་བྱས་པ་ལས། མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོང་བ་ལས། དགེ་ཚུལ་གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱར་ཞིང་། གཅིག་ཤོས་ཀྱིས་ཉི་མ་སྒྲུབ་པར་དམ་བཅས་ནས། སའི་དོང་གཏིང་རིང་པོར་ཞུགས་ཏེ། ལོ་དགུའི་བར་དུ་བསྒྲུབས་ཀྱང་མ་འགྲུབ་ནས་ཕྱིར་འགྲོ་བར་བརྩམས་པས། གྲོགས་པོ་ན་རེ། ཁྱོད་ཀྱིས་སྔགས་གྲུབ་བམ་ཟེར་རོ། །མ་འགྲུབ་བྱས་པ་ན། དེ་ན་རེ། ཕྱོགས་ཐམས་ཅད་དུ་མུ་གེ་ཉམ་ང་བས་ཁྱབ་པ་ལ་ངས་དཀའ་བ་འདི་སྙེད་ཀྱིས་འཚོ་བ་སྦྱར་ན། ཁྱེད་སྔགས་མ་གྲུབ་པར་ཕྱིར་ནམ་བྱུང་བའི་ཚེ། མགོ་དྲུང་ནས་གཅོད་དོ་བྱས་ནས། ཆུ་གྲི་རྣོན་པོ་བསྲེལ་བས། དེ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབ་པོ། །དེ་ལྟར་ལོ་བཅུ་གཉིས་ན་གྲུབ་ནས། དེས་སྦྱིན་སྲེག་བྱས་ཏེ་སྦྱིན་སྲེག་གི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བ་དང་། གཙུག་ལག་ཁང་ལ་བལྟས་པས་མིག་ལས་མེ་བྱུང་སྟེ་ལྷ་ཁང་བརྒྱད་ཅུ་རྩ་བཞི་རྣམས་ཚིག་ནས་མངོན་པའི་སྡེ་སྣོད་མང་པོ་ཡང་བསྲེགས་སོ། ༈ སྔོན་དགེ་སློང་སྡེ་སྣོད་གསུམ་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡི་དམ་དུ་བྱེད་པ་ཞིག་ཡོད་པས་དུས་ལན་གཅིག་དགེ་སློང་གཞན་ཞིག་དང་བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས་དེ་ལ་བུད་མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་དོ། །དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྱོད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཡིན་ནོ་ཞེས་གསུངས་སོ། །དེ་ནི་མཐར་བྲམ་ཟེ་མོ་པྲ་ཀཱ་པ་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ཡིན་ཏེ། དེས་སྐྱེ་བ་དྲན་ཞིང་ཆུང་ངུ་ནས་མདོ་སྡེ་དང་། མངོན་པའི་གཞུང་ལུགས་དག་མཐོང་ཞིང་ཐོས་པ་ཙམ་གྱིས་རང་ཤེས་པ་འཕགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ། དགེ་བ་བཅུའི་ལམ་ལ་ངང་གིས་གནས་པ། བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ། དེའི་རྨི་ལམ་དུ་ཚུལ་ཁྲིམས་བསྲུང་བ་བས་ཁྱིམ་ཐབས་བྱས་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་ཕན་པ་གཅིག་ཡོང་ངོ་ཟེར་བ་གཅིག་བྱུང་ནས། བྲམ་ཟེ་མོ་དེས་རྒྱལ་པོ་གཅིག་དང་ཁྱིམ་ཐབ་བྱས་པ་ལ། འཕགས་པ་ཐོགས་མེད་བྱོན། དེ་ནས་བྲམ་ཟེ་གཅིག་དང་ཁྱིམ་ཐབ་བྱས་པ་ལས། སློབ་དཔོན་དབྱིག་གཉེན་བྱོན། ཐོགས་མེད་དགའ་ལྡན་དུ་བྱོན་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ཏེ། ཆོས་མངོན་པ། སྟོང་ཕྲག་བརྒྱ་པ་ལ་སོགས་པ་ཐེག་ཆེན་གྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་གསན་ནས། དེའི་དོན་རྒྱ་ཆེར་སྟོན་པ་ས་སྡེ་ལྔ་དང་། བསྡུས་ཏེ་སྟོན་པ་ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་ལས་བཏུས་དང་། ཐེག་ཆེན་ཐུན་མོང་མིན་པའི་སྡོམ་ཐེག་བསྡུས་ལ་སོགས་པ་མཛད་དེ། འཛམ་བུའི་གླིང་དུ་བྱམས་པའི་ཆོས་ལྔ་དང་བཅས་པ་དར་ཞིང་རྒྱས་པར་མཛད་དོ། །གཅུང་གིས་ཁ་ཆེ་འདུན་པ་བཟང་པོ་ལས་ཐེག་ཆུང་གི་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ལ་སོགས་པ་ལེགས་པར་བསླབ་སྟེ། མདོ་སྡེ་བའི་ལུགས་འཇོག་པའི་བསྟན་བཅོས་མཛོད་རྩ་འགྲེལ་ལ་སོགས་པ་མཛད་པའོ།།

༈ སྔོན་རྗེ་བཙུན་མི་ལ་སྐུ་བསོད་དང་ཕྲིན་ལས་རྒྱས་པའི་སྐབས་སོགས། ལོ་སྟོན་དགེ་འདུན་འབུམ་དང་། ར་སྟོན་དར་མ་བློ་གྲོས་སོགས་ཀྱི་གྲོས་ལ། མི་ལ་ས་མ་ཕུད་ན་ཡུལ་འདིར་འོ་སྐོལ་གྱི་བསྟན་པ་མི་དར་བས། སྟོན་པ་སྒྲ་ཚད་ལུང་རིགས་ལ་མཁས་པ་གསུམ་སོང་ལ་སུན་དབྱུངས་ཤོག་ཅིག་ཅེས་སྨྲས་པ་ལྟར་སྟོན་པ་གསུམ་སོང་ཀྱང་རྒོལ་མ་ནུས་པའི་མཐར་རང་དབང་མེད་པར་དད་པ་སྐྱེས་ཏེ་རྗེ་བཙུན་གྱི་སློབ་མར་གྱུར་ཏེ། སྟོན་སྒོམ་གངས་ཀྱི་སེང་གེ་འདྲ་བའི་རྟོགས་ལྡན་གསུམ་བྱུང་བ་ཡིན་ནོ། །ནམ་ཞིག་གི་ཚེ་སྟོན་ཆེན་ཞིག་བྱེད་པའི་སར་རྗེ་བཙུན་དཔོན་སློབ་དང་། ལོ་སྟོན་དང་དར་བློ་ཀུན་སྤྱན་དྲངས་པར། རྗེ་བཙུན་ལ་ལོ་སྟོན་ན་རེ། རྣལ་འབྱོར་པ་ཚད་མའི་གྲུབ་མཐའ་ཞིག་ཞོག་ཟེར་བས་རྗེ་བཙུན་གྱིས། བླ་མ་ཚད་མ་ལ་གདམས་ངག་ཚད་མ་ཞུས། སྙིང་རུས་ཚད་མས་རི་ཁྲོད་ཚད་མར་བསྒོམ་པས་རང་རྒྱུད་ལ་དྲོད་རྟགས་ཚད་མ་སྐྱེས། ཡོན་བདག་ཚད་མས་མཆོད་གནས་ཚད་མར་ཁུར། ཁྱོད་ལོ་འདོད་ཀྱི་སྟོན་པ་ཚད་མས་ཕྲག་དོག་ཚད་མ་སྐྱེས། དམྱལ་བ་ཚད་མར་སྡུག་བསྔལ་ཚད་མ་མྱོང་དགོས་ཞེས་མགུར་གསུངས། དེ་ནས་རྗེ་བཙུན་ལ། དར་བློས། འགལ་རྟགས་དང་འབྲེལ་རྟགས། སྣང་ལ་མ་ངེས་པའི་རྟགས་ཀྱི་གྲུབ་མཐའ་ཞོག་ཟེར་བྱུང་བས། རྗེ་བཙུན་གྱི་ཞལ་ནས། སྟོན་པའི་ཤེས་རྒྱུད་དམ་པའི་ཆོས་དང་འགལ་བ་དེ་འགལ་རྟགས་ཡིན། འགལ་རྟགས་དེ་ཀ་ཉོན་མོངས་པ་དང་འབྲེལ་རྟགས་ཡིན་ཞིང་། ཆོས་པའི་གཟུགས་བརྙན་དུ་སྣང་ལ། འགལ་འབྲེལ་གཉིས་ཀའི་རྟགས་ཚང་བ་དེ་སྣང་ལ་མ་ངེས་པའི་རྟགས་ཡིན་ནོ་གསུངས་པས། ལོ་སྟོན་མགོ་གོས་ཀྱིས་ཕུར་ནས་དགོད་ཅིང་འདུག ཕྱིས་སུ་རྗེ་བཙུན་ལ་དབང་དང་གདམས་པ་ཞུས་ནས་རྟོགས་པ་ངོ་འཕྲོད་དེ་སྟོན་སྒོམ་གངས་ཀྱི་སེང་གེ་འདྲ་བ་ཉེ་བའི་སྲས་གཅིག་བྱུང་བ་ཡིན་ནོ། ༈ །ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་དཀའ་འགྲེལ་ཉིན་བྱེད་སྣང་བ་ལས། ཚད་མེད་བཞིའི་སྐབས་སུ། བདེ་བ་དང་མི་ལྡན་པའི་སེམས་ཅན་ལ་དམིགས་ནས་དེ་བདེ་བ་དང་ལྡན་པར་འདོད་པ་བྱམས་པ་དང་། སྡུག་བསྔལ་གྱིས་གདུང་བའི་སེམས་ཅན་ཞིག་ལ་དམིགས་ནས་དེ་སྡུག་བསྔལ་དང་བྲལ་བར་འདོད་པ་སྙིང་རྗེ་དང་། སྡུག་བསྔལ་མེད་ལ་བདེ་བ་དང་ལྡན་པའི་སེམས་ཅན་ཞིག་ལ་དམིགས་ནས་དེ་དང་མི་འབྲལ་བར་འདོད་པ་དགའ་བ། ཆགས་སྡང་ཅན་ལ་དམིགས་ནས་བདེ་སྡུག་གི་རྒྱུ་ཉེ་རིང་ཆགས་སྡང་དང་བྲལ་བར་ཤོག་ཅིག་སྙམ་པ་བཏང་སྙོམས་སོ། །ཞེས་དང་། མདོར་ན་ལྡན་འདོད་བྲལ་འདོད་མི་འབྲལ་ཞི་བར་འདོད་པ་བཞིའི་སྒོ་ནས་ཚད་མེད་བཞི་འབྱེད་པ་ཡིན་ནོ། །ཞེས་གསུངས།

༈ ཡང་སྔོན་བྱ་ས་ཀོ་ཁར་སོགས་ཀྱི་སྐབས། དེ་ཡང་སྤྱིར་བོད་ཀྱི་ཡུལ་འདིར་ཡུལ་གང་དང་གང་དུ་རུས་ཚན་གྱི་མི་ཤས་ཆེ་བར་བྱུང་བའི་ཡུལ་ས་དེ་ལ་རུས་དེ་དང་དེའི་མིང་གིས་བཏགས་ཏེ། དཔེར་ན་རོག་པས་ཞེས་པ་ལྟ་བུའམ། དགྱེར་པས་ཞེས་བཏགས་པ་བཞིན་དུ། བྱ་ས་ཁྲི་དཔོན་ནི། ཡུལ་ཡར་ཀླུང་གི་སྨད། མ་ཡུལ་ལྗོངས་ཀྱི་འདབས་སུ་བྱའི་རྒྱལ་པོ་གཤོག་བཟང་དང་འདབ་བཟང་གི་རིགས་ལས་མཆེད་པ་མང་དུ་བྱུང་བས་བྱ་ས་ཞེས་གྲགས་པའི་གནས་དེར། བྱ་ཆོས་ཀྱི་ཀ་བ་དང་། གཅུང་ཐོད་པ་གཡུའི་སྨིན་མ་ཅན་ཏེ་སྐུ་མཆེད་གཉིས་བྱུང་། གཅུང་གི་སྲས་མཁན་པོ་ཡོན་ཏན་མཆོག་དང་། བྱ་ཤ་ཀ་གཉིས་བྱུང་། མཁན་པོ་ཡོན་ཏན་མཆོག་ཅེས་པ་རབ་ཏུ་བྱུང་ནས་གཞན་གྱི་མཁན་པོ་མཛད་ཅིང་གང་སར་ལྷ་ཁང་གསོས། བྱ་ཤ་ཀ་ལ་སྲས་རྡོ་རྗེ་ལེགས་པ་དང་། རྡོ་རྗེ་དབང་ཕྱུག་གཉིས་བྱུང་། རྡོ་རྗེ་དབང་ཕྱུག་གི་སྲས་བླ་མ་བྱ་ནག་ཆེན་པོ་རིན་ཆེན་འོད་ནི། བཞི་བཅུ་རྩ་གཅིག་གི་སྟེང་དུ་ཁ་ཆེ་པཎ་ཆེན་དང་མཇལ་ནས། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ལ་སོགས་པའི་ཆོས་མང་དུ་ཞུས་ཤིང་། གཞན་ཡང་བླ་མ་མང་དུ་བསྟེན། གངས་ཅན་གྱི་ལྗོངས་ཐམས་ཅད་སྙན་པའི་གྲགས་པས་ཁྱབ་པར་གྱུར། འདི་ལ་ཆོས་ཀྱི་བུ་བཞི་ཡོད་དེ། བྱར་སྨད་དུ་མཚལ་སྒོམ་ཆོས་ལ་དགའ་བ། ལོ་རོར་རབ་དགའ་བ་ཆེན་པོ། དྭགས་པོ་བ་ཚོ་རས་པ། གཙང་དུ་ུའུ་ཡུག་པ་ཆེན་པོའོ། །བྱ་ནག་པ་ཆེན་པོའི་རིགས་ཀྱི་སྲས་བྱ་ཇོ་སྲས། དེའི་སྲས་བྱ་མངའ་བདག །དེ་ལ་སྲས་བྱ་དགེ་སློང་བ། བྱ་རིན་ཆེན། བྱ་ཆོས་རྒྱལ་དཔལ་བཟང་གསུམ་བྱུང་བ་ལ་བྱ་རིགས་གསུམ་མགོན་པོ་ཞེས་ཟེར། དགེ་སློང་བ་ལ་སྲས་རིན་ཆེན་དཔལ། དབང་ཕྱུག་རིན་ཆེན། རིན་ཆེན་བཟང་པོ། དྭགས་པོ་བ་བཞི་བྱུང་། བྱ་རིན་ཆེན་གྱི་སྲས་ཀུན་དགའ་རིན་ཆེན་གྱིས་ས་སྐྱའི་དཔོན་ཆེན་ཀུན་དགའ་བཟང་པོ་ལ་གཏུགས། བྱ་ཆོས་རྒྱལ་དཔལ་བཟང་པོས་འགྲོ་མགོན་འཕགས་པའི་དྲུང་དུ་བྱོན། ཤར་པ་ཀུན་བསོད་ལ་སློབ་དཔོན་བཅོལ་ནས་རྒྱུད་གསུམ་མན་ངག་དང་བཅས་པ་སྦྱངས་པ་མཛད། ཨ་མི་བྱ་ནག་གི་དུས་ལ་ཡང་རྩེར་མགོན་ཁང་ཡོད་པའི་སྟེང་དུ། ཡང་རྩེའི་གཙུག་ལག་ཁང་བརྩིགས། རྒྱལ་བའི་བཀའ་འགྱུར་གསེར་ལས་གྲུབ་པ་བཞེངས། ཀུན་དགའ་རིན་ཆེན་གྱི་སྲས་ཀུན་དགའ་རྒྱལ་མཚན། མཁན་ཆེན་སྤྱིལ་བུ་པ། མངའ་བདག་ཆོས་སེང་འོད། བྱ་ཐུབ་པ་དཔལ་རྣམས་སོ། །མངའ་བདག་ཆོས་སང་འོད་འབྲི་གུང་དཔོན་མོ་ལ་འཁྲུངས་པའི་དོན་གྱིས། འབྲི་གུང་པས་བྱར་དྭ གས་ཀྱི་དཔོན་དུ་བསྐོས། དེའི་སྲས་མཁན་ཆེན་ཚུལ་ཁྲིམས་བཟང་པོས་ཟངས་མོ་ཆེའི་མཁན་པོ་མཛད་བཞིན་པ་ལ། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བས། བསྟན་པ་དང་སེམས་ཅན་ལ་དགོངས་ནས་ཡང་རྩེའི་ཁྲི་ཐོག་ཏུ་ཕེབས། ལྷ་སྡེ་མི་སྡེ་ཐམས་ཅད་བསྐྱངས། དེའི་སྲས་ཁྲིམས་གཉིས་འཛིན་པ་དཀོན་མཆོག་བཟང་པོ་ཡབ་ཀྱིས་བསྐོས། དེའི་སྲས་བཀྲ་ཤིས་དཔལ་བཟང་གིས་རྩེད་ཐང་དུ་སློབ་གཉེར་མཛད། བཤད་སྟོན་བཟང་པོ་བཏང་། གོང་མ་སྡེ་སྲིད་གྲགས་པ་རྒྱལ་མཚན་གྱིས་བྱ་བའི་ཁྲི་དཔོན་ལ་བསྐོས། དེའི་སྲས་རྒྱལ་བ་བཀྲ་ཤིས། ཤཱཀྱ་དཔལ་མགོན། ཐུབ་པ་རྒྱལ་མཚན་རྣམས་འཁྲུངས། རྒྱལ་བ་བཀྲ་ཤིས་སྣེའུ་གདོང་རྩེར་བྱོན། གོང་མ་སྡེ་སྲིད་ཀྱི་དྲུང་འཁོར་མཛད། བྱ་བ་ཁྲི་དཔོན་གྱི་གོ་སར་བསྐོས། གཅུང་ཤཱཀྱ་དཔལ་མགོན་རབ་ཏུ་བྱུང་ནས་ཟངས་མོ་ཆེའི་མཁན་པོ་མཛད། རྒྱལ་བ་བཀྲ་ཤིས་ལ་སྲས་བཀྲ་ཤིས་དར་རྒྱས། པད་མ་རྟ་མཆོག་རྒྱལ་པོ། བྱ་ཚེ་དབང་རྒྱལ་པོ། སྐལ་བཟང་ཆོས་ཀྱི་རྒྱ་མཚོ། བྱ་ནོར་བུ་རྒྱ་མཚོ་རྣམས་འཁྲུངས། བྱ་བཀྲ་ཤིས་དར་རྒྱས་རྩེད་ཐང་ནས་དཔོན་ས་རྡོ་རྗེ་རིན་ཆེན་དབང་གི་རྒྱལ་པོས་ལྷོ་རྒྱུད་ལུང་གི་ཁྲི་དཔོན་དུ་བསྐོས། ཆོས་རྗེ་ཀརྨ་པ་རྗེ་དྲུང་ཆོས་གྲགས་རྒྱ་མཚོ་ལ་མཆོག་ཏུ་གུས། གསེར་གྱི་བཀའ་འགྱུར་གྱིས་ཐོག་དྲངས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་སོགས་མཛད། སྐལ་བཟང་ཆོས་ཀྱི་རྒྱ་མཚོས་བསྟན་བཅོས་མང་དུ་མཛད་ཅིང་གསུང་རབ་ལ་མཁས་པར་གྲགས། བྱ་བཀྲ་ཤིས་དར་རྒྱས་ཀྱི་སྲས་བྱ་ནོར་བུ་བཀྲ་ཤིས་དང་། གྲགས་པ་རྒྱལ་མཚན་གཉིས་འཁྲུངས་སོ། །འདི་དག་དེབ་ཐེར་སྔོན་པོ་ལས་གསུངས་པ་བཞིན་བྲིས་པ་ཡིན་ནོ། །

༈ གཉིས་པ་སེམས་བསྐྱེད་དངོས་ལ་སོགས་ཀྱི་སྐབས། སེམས་ཉིད་ངལ་གསོ་ལས། རྒྱལ་སྲས་དེ་ཡང་རྣམ་པ་གསུམ་ཉིད་དེ། །རང་ཉིད་གྲོལ་ནས་འགྲོ་བ་སྒྲོལ་འདོད་པ། །རྒྱལ་པོ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །རང་དང་འགྲོ་བ་མཉམ་དུ་ཐར་འདོད་པ། །གྲུ་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་དང་། །འགྲོ་བ་བསྒྲལ་ནས་རང་ཉིད་ཞི་འདོད་པ། །རྫི་བོ་ལྟ་བུའི་བྱང་ཆུབ་སེམས་དཔའ་གསུམ། །རིམ་བཞིན་གྲངས་མེད་སུམ་ཅུ་རྩ་གསུམ་དང་། །བདུན་དང་གསུམ་གྱིས་གྲོལ་བ་ཐོབ་པ་ནི། །དབང་པོའི་རིམ་པ་ལགས་པར་མདོ་ལས་གསུངས། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། དེ་ལ་འདོད་ཆེན་པོའི་སེམས་བསྐྱེད་པས་ནི། གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་འཁོར་བ་ལས་ཐར་བ་ཡིན་ནོ། །ཡེ་ཤེས་དམ་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་བདུན་གྱིས་ཚར་ཕྱིན་པ་ཡིན་ནོ། །དཔེ་མེད་པའི་སེམས་བསྐྱེད་པས་ནི་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་སྟོབས་ཆུང་ངུ་དང་། འབྲིང་པོ་དང་། ཆེན་པོར་གྱུར་པའི་ཕྱིར་ཏེ། འདི་དག་དཔེར་བྱ་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གྲུའི་ཁ་ལོ་པ་དང་། སྐྱོང་བྱེད་ལྟ་བུའོ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །སློབ་དཔོན་བྷ་བྱས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མེ་ལས། དབང་པོ་རྣོན་པོ་ནི་བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་ལ། དབང་པོ་འབྲིང་པོ་ནི་བསྐལ་པ་གྲངས་མེད་པ་བདུན་གྱིས་སོ། །དབང་པོ་རྟུལ་པོ་ནི་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱིས་སོ། །ཞེས་དབང་རྟུལ་རྣམས་ནི། ཚོགས་ལམ་དང་སྦྱོར་ལམ་གཉིས་སུ་གྲངས་མེད་གསུམ། ས་བཅུ་པོ་རེ་རེ་ལ་གསུམ་གསུམ་མོ། །འབྲིང་པོས་ནི། གྲངས་མེད་བདུན་ཏེ། ཚོགས་སྦྱོར་གཉིས་ལ་གཉིས་གཉིས། མཐོང་ལམ་དུ་གཅིག །སྒོམ་ལམ་དུ་གཉིས་སོ། །རྣོན་པོས་ནི། ཚོགས་སྦྱོར་གཉིས་སུ་གཅིག །ས་དང་པོ་ནས་བདུན་པའི་བར་དུ་གཅིག །དག་ས་གསུམ་དུ་གཅིག་གོ། །ས་མཚམས་གྱིས་དབྱེ་ན། ཚོགས་སྦྱོར་གྱི་ལམ་ན་སྟོང་ཉིད་དོན་སྤྱིའི་ཚུལ་དུ་མཇལ་བས་བྱང་ཆུབ་སེམས་དཔའི་ས་ལ་ཡིད་ཆེས་ཀྱི་དད་པ་སོགས་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། ས་དང་པོ་ནས་བདུན་པའི་བར་ན་བདག་གཞན་མཉམ་ཉིད་དུ་རྟོགས་པས་བདག་དང་གཞན་གྱི་དོན་ལ་ཁྱད་མེད་པའི་བློ་འབྱོང་བས་ལྷག་པའི་བསམ་པ་རྣམ་པར་དག་པའི་སེམས་བསྐྱེད་དང་། དག་པ་ས་གསུམ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ཐོབ་པས་ཕར་ཕྱིན་རྣམས་རྩོལ་མེད་ལྷུན་གྲུབ་ཏུ་སྤྱོད་པ་རྣམ་པར་སྨིན་པའི་སེམས་བསྐྱེད་དང་། སངས་རྒྱས་ས་ན་སྒྲིབ་པ་གཉིས་སྤངས་པས་སྒྲིབ་པ་སྤང་བའི་སེམས་བསྐྱེད་དོ། །

༈ སྔོན་བདག་ཅག་གི་སྟོན་པ་འདི་སོགས་ཀྱི་སྐབས། ཐུབ་ཆོག་རྒྱབ་ཆོས་ལས། སངས་རྒྱས་ལ་དམིགས་ནས་དགེ་རྩ་བསྐྱེད་པ་དང་སྨོན་ལམ་བཏབ་པ་ཕྲ་ཡང་ཆུད་མི་ཟ་སྟེ། མདོ་ལས། སྔོན་འདས་པའི་དུས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱོན་པའི་ཚེ་དེ་བཞིན་གཤེགས་པ་དེ་མཆོག་ཟུང་གཉིས་དང་བྱང་ཆུབ་སེམས་དཔའ་ཚངས་པ་སོགས་ཀྱི་གཟུགས་སྣ་ཚོགས་པར་འཕྲུལ་པ་རྒྱལ་པོའི་ཕོ་བྲང་དུ་བསོད་སྙོམས་ལ་གཤེགས་པའི་ལམ་དེར་བྱིས་པ་རྒྱན་བཟང་ལྡན་པ་གསུམ་གྱིས་མཐོང་ནས་དད་དེ་ཁྱེའུ་གཅིག་གིས་ཞིང་གི་མཆོག་འདི་ལ་མཆོད་པར་བྱ་ཞེས་སྨྲས་པ་དང་། ཁྱེའུ་གཉིས་པོས་འདིར་མེ་ཏོག་སོགས་མེད་པས་ཅི་ཞིག་མཆོད་པར་བྱ་ཞེས་ཟེར་བ་ལ། ཁྱེའུ་གཅིག་དེས་མུ་ཏིག་གི་སེ་མོ་དོ་བརྒྱ་སྟོང་རི་བ་མགུལ་ནས་བཀྲོལ་ཏེ་ཕུལ་བ་དང་། ཁྱེའུ་གཉིས་པོས་ཀྱང་དེའི་རྗེས་སུ་སློབ་པས་རང་རང་གི་མགུལ་ནས་མུ་ཏིག་གི་སེ་མོ་དོ་བཀྲོལ་ཏེ་ཕུལ་ལོ། །ཁྱེའུ་གཅིག་དེས་ཁྱེད་གཉིས་སྦྱིན་པ་འདིས་ཅིར་སྨོན་ཞེས་བྱས་པ་ལ། ཁྱེའུ་གཅིག་གིས་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་གནས་པའི་ཤེས་རབ་ལྡན་པའི་མཆོག་དེ་ཇི་ལྟ་བ་བཞིན་དུ་གྱུར་ཅིག་ཅེས་དང་། གཉིས་པས་གཡོན་ཕྱོགས་ཀྱི་རྫུ་འཕྲུལ་དང་ལྡན་པའི་མཆོག་དེ་ཇི་ལྟ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པོ། །ཁྱེའུ་བར་མ་གཅིག་པོ་དེས་སངས་རྒྱས་བཅོམ་ལྡན་འདས་ཇི་འདྲ་བར་སྨོན་ལམ་བཏབ་པོ། །དེའི་ཚེ་དེ་བཞིན་གཤེགས་པ་དེས་ཁྱེའུ་བར་མ་འདིས་བསམ་པ་འདི་འདྲ་བས་འོང་ཞིང་། གོམ་པ་འདོར་འཇོག་ཐམས་ཅད་ལ་འཁོར་ལོས་སྒྱུར་བ་བརྒྱ་སྟོང་གི་དགེ་རྩ་དང་། །བརྒྱ་བྱིན་དང་ཚངས་པ་བརྒྱ་སྟོང་དང་། སངས་རྒྱས་བརྒྱ་སྟོང་མཐོང་བའི་དགེ་རྩ་ཡོངས་སུ་ལེན་ནོ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ཉན་ཐོས་ཀྱི་སེམས་ཀྱིས་མུ་ཏིག་དོར་བ་དེ་སངས་རྒྱས་ཀྱི་ཕྲག་པ་གཉིས་ལ་འདུག་པར་གྱུར་ཏོ། །ཁྱེའུ་གཅིག་གིས་ཐམས་ཅད་མཁྱེན་པའི་སེམས་ཀྱིས་མུ་ཏིག་གི་སེ་མོ་དོ་དོར་བ་དེ་སངས་རྒྱས་ཀྱི་དབུ་གཙུག་ན་མུ་ཏིག་གི་ཁང་བརྩེགས་སྣ་ཚོགས་ལྟ་ན་སྡུག་པ་ལ་སངས་རྒྱས་ཀྱི་སྐུ་བཞུགས་པར་སྣང་ངོ་། །དེ་བཞིན་གཤེགས་པ་དེས་འཛུམ་པ་མཛད་ཅིང་ཁྱེའུ་འདི་སངས་རྒྱས་པའི་ཚེ་ཁྱེའུ་གཞན་གཉིས་སངས་རྒྱས་དེའི་མཆོག་ཟུང་དུ་འགྱུར་བར་ལུང་བསྟན་ཏེ། ད་ལྟར་བཅོམ་ལྡན་འདས་ཉིད་དང་ཤཱ་རིའི་བུ་དང་མཽ་འགལ་གྱི་བུ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ཐུགས་བསྐྱེད་པ་དག་གི་ཐོག་མ་འདི་རྣམས་ཡིན་ཞེས་བཀའ་སྩལ་པ་ལས་གཞན་དུ་མདོ་རྣམས་ན་སངས་རྒྱས་དུ་མའི་དྲུང་དུ་ཡང་ནས་ཡང་དུ་ཐུགས་བསྐྱེད་པ་ནི་ཤིན་ཏུ་མང་པོར་བྱུང་བ་དེ་ལྟར་ལ། ཐོག་མའི་ཐུགས་བསྐྱེད་འདི་དག་ཀྱང་། ཇི་སྐད་དུ་མདོ་སྡེའི་རྒྱན་ལས། རགས་པ་བརྡ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་པའི་སེམས་བསྐྱེད་པ་གཉིས་ལས། དང་པོ་སྐྱེ་བའི་རྒྱུ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བརྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་བཞིན་དུ། དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་གྱི་དྲུང་དུ་ཐུགས་བསྐྱེད་པ་ནི་གྲོགས་སྟོབས་ལས་སྐྱེས་པ་སྟེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་སྨྲ་བ་ཡེ་ཤེས་རྒྱལ་པོ་ཞེས་བྱ་བར་གྱུར་པ་དེས་ཐབས་ལ་མཁས་པས་བྲིད་ནས་དེ་བཞིན་གཤེགས་པ་དེའི་དྲུང་དུ་སེམས་བསྐྱེད་དུ་བཅུག་པ་ལ་དེ་ལྟར་ཐུགས་བསྐྱེད་ཅིང་དགེ་རྩ་བསགས་པར་བྱས་པའོ། །ཡང་ཁྱེའུ་ཞིག་ཏུ་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཟིལ་གྱིས་གནོན་པ་ཞེས་བྱ་བ་མཐོང་ནས་མུ་ཏིག་གི་སེ་མོ་དོ་ཕུལ་ཞིང་སངས་རྒྱས་དེ་ཅི་འདྲ་བར་འགྱུར་བའི་སྨོན་ལམ་བཏབ་པ་དང་། དམྱལ་བའི་ཤིང་རྟ་འདྲེན་པར་གྱུར་པའི་ཚེ་གྲོགས་ལ་སྙིང་རྗེ་དང་བྱམས་པའི་སེམས་རང་ཤུགས་ཀྱིས་སྐྱེས་པ་ནི་རྒྱུ་རིགས་ཀྱི་སྟོབས་ལས་ཡིན་ཏེ། ཁྱེའུ་གསུམ་གྱི་ནང་ནས་རྒྱ་ཆེན་པོ་ལ་མོས་པ་སངས་རྒྱས་སུ་སྨོན་ལམ་འདེབས་པ་དེ་བཅོམ་ལྡན་འདས་ཉིད་དང་། མཆོག་ཟུང་དུ་སྨོན་ལམ་འདེབས་པ་དེ་དག་ཤཱ་རིའི་བུ་དང་མཽ་འགལ་གྱི་བུ་ཡིན་པའི་ཕྱིར་རོ། །གྲོགས་ལ་སྙིང་རྗེ་སྐྱེ་བ་དེ་ཡང་། མདོ་རྒྱན་ལས། དེ་ཡི་རྩ་བ་སྙིང་རྗེར་འདོད། །རྟག་ཏུ་སེམས་ཅན་ཕན་པར་སེམས། །ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་བསྐྱེད་ཀྱི་རྩ་བ་སེམས་ཅན་ལ་སྙིང་རྗེ་དང་བྱམས་པའི་སེམས་སྐྱེ་བ་ལས་ཡིན་ཞིང་། དེའང་ཐེག་པ་ཆེན་པོའི་རིགས་སད་པའི་དབང་གིས་སྙིང་རྗེ་སྐྱེ་བ་ཡིན་པའི་ཕྱིར་རོ། །རྒྱལ་པོ་འོད་ལྡན་གྱིས་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ནི། ཐོས་པའི་སྟོབས་ལ་བརྟེན་ནས་ཡིན་ཏེ། འདུལ་སྦྱོང་མཁན་གྱིས་བདག་གིས་གླང་པོ་ཆེའི་ལུས་འདུལ་བར་བྱས་ཀྱི་སེམས་ཀྱི་ཉོན་མོངས་འདུལ་མི་ནུས་ལ། སེམས་འདུལ་བ་སངས་རྒྱས་བཅོམ་ལྡན་འདས་ཡིན་ཞེས་སངས་རྒྱས་ཀྱི་བསྔགས་པ་བརྗོད་པ་ཐོས་པ་ལས་རྒྱལ་པོ་དེས་སྦྱིན་པ་སོགས་བྱས་ཏེ་སངས་རྒྱས་སུ་སྨོན་ལམ་བཏབ་པ་ཡིན་ནོ། །རྫ་མཁན་ཡངས་པའི་འོད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་བསོད་སྙོམས་ཕུལ་ནས། སངས་རྒྱས་དེ་ཇི་འདྲ་བར་འགྱུར་བའི་སྨོན་ལམ་བཏབ་པ་ནི། དགེ་བའི་རྩ་བའི་སྟོབས་ཏེ། སྔོན་དགེ་རྩ་བསགས་པའི་སྟོབས་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་འཕྲད་ནས་ཚོགས་བསགས་ཤིང་སྨོན་ལམ་བཏབ་པའི་ཕྱིར་རོ། །བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྨོན་ལམ་ལྔ་བརྒྱ་བཏབ་སྟེ་ཐུགས་བསྐྱེད་པ་ནི། ཚེ་དེ་དང་སྔ་མ་རྣམས་སུ་ཐེག་ཆེན་གྱི་ཆོས་ཀྱིས་བསྡུས་པའི་དགེ་བ་ཆེར་གོམས་པ་ལས། བྱང་ཆུབ་སེམས་དཔའ་གཞན་ལས་ཀྱང་འཕགས་པའི་སྙིང་རྗེ་ཆེན་པོས་མ་དག་སྙིགས་མའི་ཞིང་ཡོངས་སུ་བཟུང་བའི་ཐུགས་བསྐྱེད་པ་ཐོག་མ་ཡིན་ནོ། །སྤྱིར་ཐུགས་བསྐྱེད་པ་ལ་རྒྱུ་ལྔ་ཆར་ཚང་དགོས་པའི་ངེས་པ་མེད་དེ་གང་རུང་ཞིག་ལས་སྐྱེས་ཀྱང་བྱང་ཆུབ་སེམས་བསྐྱེད་མཚན་ཉིད་པར་འགྱུར་མོད། རྒྱུ་ུལྔ་པོ་དེ་དག་གང་རུང་གི་སྒོ་ནས་དང་པོར་ཐུགས་བསྐྱེད་དུ་ཟིན་ཀྱང་མོས་སྤྱོད་ཀྱི་སར་སྐྱེ་བ་གཞན་དང་གཞན་དུ་རྒྱུ་གང་རུང་རེའི་སྒོ་ནས་བྱང་ཆུབ་ཀྱི་སེམས་སླར་ཡང་མངོན་དུ་སད་པར་བྱེད་པ་ཡོད་ལ། དེ་ཡང་རང་སྟོབས་རྙེད་ནས་ཇེ་བརྟན་དུ་འགྲོ་ཞིང་ས་ཐོབ་ཕན་ཆད་སེམས་བསྐྱེད་པ་དེ་ཚེ་རབས་ཐམས་ཅད་དུ་ཉམས་པ་མེད་པར་མངོན་དུ་འགྱུར་རོ། །སྤྱིར་ཐེག་པ་ཆེན་པོའི་རིགས་དང་ལྡན་པའི་གང་ཟག་དེ་རྣམས་རྒྱུའི་སྟོབས་ཅན་ཡིན་ཀྱང་། རྐྱེན་དག་ལའང་ལྟོས་པས་ན་འདི་ལྟར་ཐུགས་བསྐྱེད་པ་འདི་དག་ཐོག་མའི་ཐུགས་བསྐྱེད་དུ་གསུངས་པ་ལ། འདི་རྣམས་ཀྱི་སྔ་ཕྱི་ནི་རིམ་པ་ལྟར་ཚོང་དཔོན་གྱི་བུ་དང་། ཁྱེའུ་དང་། གྱད་པཀྵི་ཏ་དང་། འོད་ལྡན་དང་། རྫ་མཁན་ཡངས་པའི་འོད་དང་། བྲམ་ཟེ་རྒྱ་མཚོའི་རྡུལ་ལྟ་བུར་བཞག་ཀྱང་འགལ་བ་མེད་ལ། འོན་ཀྱང་གྱད་པཀྵི་ཏས་བྱམས་པའི་སེམས་བསྐྱེད་པ་ཙམ་དང་། ཁྱེའུ་གསུམ་གྱི་དབུས་མས་སངས་རྒྱས་མཐོང་བས་དངས་བའི་དད་པ་ཙམ་གྱིས་མུ་ཏིག་གི་དོ་ཤལ་ཕུལ་ནས་སངས་རྒྱས་དེ་འདྲར་འགྱུར་བར་སྨོན་ལམ་བཏབ་པ་ཙམ་ཡིན་ལ། རྒྱལ་པོ་འོད་ལྡན་དང་རྫ་མཁན་ཡངས་པའི་འོད་ཀྱིས་སྔ་མ་གཉིས་ལས་ལྷག་པར་སངས་རྒྱས་ཀྱི་ཡོན་ཏན་ཤེས་ཤིང་འདོད་པའི་དད་པ་དྲག་པོས་སངས་རྒྱས་སུ་འགྱུར་བར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པ་ཡིན་ཅིང་ཚོང་དཔོན་གྱི་བུ་ཡང་དེ་དང་འདྲའོ། །འདི་དག་སྨོན་འཇུག་སོགས་སེམས་བསྐྱེད་པའི་གནས་སྐབས་སོ་སོ་ལ་བཞེད་པའང་ཡོད་མོད་མདོ་རང་གིས་ཇི་ལྟར་གསལ་བ་ལྟར་ལས་མཐའ་གཅིག་ཏུ་འདི་དག་གི་སྔ་ཕྱི་འདི་ཞེས་ངེས་པ་དཀའ་མོད། གང་ལྟར་ཡང་ཐོག་མར་ཐུགས་བསྐྱེད་པའི་ཚུལ་འདི་ཡང་ཇེ་བཟང་ཇེ་བརྟན་དུ་སོང་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་ཐུགས་བསྐྱེད་པའི་ཚེ་ཐེག་པ་ཆེན་པོ་ལ་ཡིད་ཆེས་པའི་དད་པ་དྲག་པོས་སེམས་ཅན་གཞན་མང་པོ་ཐེག་ཆེན་ལ་བཀོད་པ་དང་། བདག་ཉིད་ཀྱིས་སྙིང་རྗེ་ཆེན་པོས་ཞིང་མ་དག་པ་ཆེད་དུ་བཟུང་བའི་ཐུགས་བསྐྱེད་ཐོག་མ་ཡིན་པར་མངོན་ནོ། །དེས་ན་ཐོག་མར་འཇམ་དཔལ་གྱིས་བླ་མེད་བྱང་ཆུབ་ཏུ་ཐུགས་བསྐྱེད་དུ་གཞུག་པའི་ས་བོན་ལས་ཐེག་པ་ཆེན་པོའི་རིགས་སད་དེ་ཕྱི་མ་འདི་རྣམས་རིམ་བཞིན་འབྱུང་ཡང་རུང་ལ། ཁྱེའུས་སངས་རྒྱས་སུ་སྨོན་ལམ་བཏབ་པའམ། གྱད་པཀྵི་ཏས་བྱམས་པའི་སེམས་བསྐྱེད་དང་པོར་བྱས་ནས་ཚོང་དཔོན་གྱི་བུ་སོགས་རིམ་བཞིན་ཡིན་ཀྱང་འགལ་བ་མེད་མོད་ལུང་གིས་གསལ་བ་མེད་ན་རིགས་པས་མཐའ་གཅིག་ཏུ་དཔྱད་པར་དཀའོ། །དེས་ན་སྔ་མ་དེ་དག་གི་གོ་རིམ་ཅི་ལྟར་བྱས་ཀྱང་ཐུགས་བསྐྱེད་པ་ཐོག་མར་གསུངས་པའི་དོན་ལ་ནི་གནས་སྐབས་སོ་སོའི་དབང་གིས་འགལ་བ་མེད་པར་སྣང་ངོ། །ཞེས་གསུངས་སོ། ༈ །དེ་ཡང་སྔོན་ཁྱིམ་བདག་མཛའ་བོ་སོགས་ཀྱི་སྐབས། དེད་དཔོན་མཛའ་བོའི་བུ་མོ་དེ་རིམ་གྱིས་སོང་སྟེ་རྒྱ་མཚོ་ཆེན་པོ་ན་གྲུར་ཞུགས་ཏེ་ཕྱིན་པས། གྲུ་དེ་ཉའི་རིགས་ཆུ་སྲིན་མ་ར་ཀས་མ་རུང་བར་བྱས་ཏེ་བུབ་པར་གྱུར་པ་ན། མཛའ་བོའི་བུ་མོས་སྤང་ལེབ་གཅིག་ལ་ཟིན་ནས་སྐམ་ལ་ཕྱིན་ཏེ་སོང་བ་ན། ཐག་རིང་པོ་ཞིག་ནས་གྲོང་ཁྱེར་ལོངས་སྤྱོད་བྱེད་ཅེས་བྱ་བ་མཐོང་ནས། དེའི་ལོགས་སུ་ཕྱིན་པ་དང་དེའི་ནང་ནས་ལྷའི་བུ་མོ་མཛེས་ཤིང་བལྟ་ན་སྡུག་པ་བཞི་བྱུང་སྟེ། ཚུར་བྱོན་ཁྱོད་བྱོན་པ་ལེགས་སོ། །འདི་དག་ནི་བདག་ཅག་གི་ཟས་དང་སྐོམ་དང་། གོས་བཞག་པའི་ཁང་པ་དང་། གཟིམ་ཁང་ལགས་ཏེ་ནོར་བུ་དང་མུ་ཏིག་དང་། བཻ་ཌཱུཪྱ་དང་དུང་དང་། མན་ཤེལ་དང་བྱི་རུ་དང་། གསེར་དངུལ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལགས་ཀྱིས་ཚུར་སྤྱོན་དང་ལོངས་སྤྱོད་པར་བགྱིའོ་ཞེས་ཟེར་ནས། དེ་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་སྟེ། འདི་ལྟར་དེ་ནི་བསོད་ནམས་བྱེད་བྱེད་པ་དང་། དགེ་བ་བྱེད་བྱེད་པ་དང་། རྫུ་འཕྲུལ་ཆེ་བ་དང་། མཐུ་ཆེ་བ་ཡིན་པའི་ཕྱིར་རོ། །དེ་ནས་དེའི་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ལས་འགྲོ་མི་སྟེར་བ་ལ། ལྷག་པར་ཡང་དེར་འགྲོ་འདོད་པ་བྱུང་སྟེ་སོང་བས། །རེ་ཞིག་ན་གྲོང་ཁྱེར་རྟག་ཏུ་མྱོས་ཞེས་བྱ་བ་མཐོང་སྟེ་དེའི་སྒོར་ཕྱིན་པ་ན། སྔ་མ་བས་ཆེས་བཟང་བའི་ལྷའི་བུ་མོ་བརྒྱད་བྱུང་སྟེ་བསུས་ནས། སྔ་མའི་ཚུལ་གྱིས་དེ་དག་དང་ལྷན་ཅིག་ཏུ་ལོ་དུ་མར་དགའ་བ་མྱོང་ངོ་། །དེ་ནས་དེ་རྣམས་ཀྱིས་བཟློག་ཀྱང་མ་ཉན་པར་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་ན། གྲོང་ཁྱེར་དགའ་བྱེད་ཅེས་བྱ་བ་མཐོང་སྟེ། དེའི་སྒོར་ཕྱིན་པ་ན་སྔ་མ་ལས་ཀྱང་མཚར་བའི་ལྷའི་བུ་མོ་བཅུ་དྲུག་འོངས་ཏེ། སྔར་ལྟར་བསུས་ནས་དེར་ཡང་ལོ་མང་དུ་དགའ་བ་མྱོང་ནས། སྔ་མའི་ཚུལ་གྱིས་ལྷོ་ཕྱོགས་ཀྱི་ལམ་དུ་ཕྱིན་པ་ན། ཁང་བཟང་ཚངས་པའི་བླ་མ་ཞེས་བྱ་བ་མཐོང་སྟེ། དེའི་སྒོར་ཕྱིན་པས་དེའི་ནང་ནས་ཆེས་ཁྱད་པར་དུ་འཕགས་པའི་ལྷ་མོ་སུམ་ཅུ་རྩ་གཉིས་བྱུང་སྟེ་བསུས་ནས་དེར་ཡང་ལོ་དུ་མར་དགའ་བ་མྱོང་བའི་མཐར། དེ་རྣམས་ཀྱིས་བཀག་ཀྱང་མ་ཉན་པར་ལྷོ་ཕྱོགས་ཀྱི་ལམ་དེར་ཞུགས་ནས་ཕྱིན་པ་ན། ལྕགས་ཀྱི་མཁར་ཞིག་མཐོང་སྟེ་དེའི་ནང་དུ་སོང་བ་དང་དེ་མ་ཐག་ཏུ་རིམ་པར་སྒོ་བཅད་དེ་ནང་མའི་ནང་དུ་ཕྱིན་པ་ན། དེར་མི་ཆེན་པོ་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་ཞིག་འཁོར་ཞིང་འདུག་པ་ལ། དེའི་མགོ་བོ་ལས་རྣག་ཁྲག་ཅི་འཛག་པ་རྣམས་དེའི་ཟས་སུ་ཟ་བར་མཐོང་ནས་དེ་ལ་ཁྱོད་སུ་ཡིན་ཞེས་དྲིས་པས། དེ་ན་རེ། ང་ནི་མ་ལ་གནོད་པ་བྱེད་པ་ཡིན་ནོ་ཟེར། དེ་ཐོས་པ་དང་། ང་ཡང་ལས་དེ་ཁོ་ནས་འདིར་ཁྲིད་པ་འདྲའོ་སྙམ་པ་དང་། ནམ་མཁའ་ནས་སྒྲ་བྱུང་སྟེ། བཅིང་བ་གང་ཡིན་པ་དེ་ནི་གྲོལ་བར་གྱུར་ཏོ། །གྲོལ་བ་གང་ཡིན་པ་དེ་ནི་བཅིངས་སོ།། ཞེས་ཟེར་བའི་མོད་ལ་མི་དེའི་མགོ་ལ་འཁོར་ལོ་མི་སྣང་བར་གྱུར་ནས་མཛའ་བོའི་བུ་མོའི་མགོ་ལ་བྱུང་ངོ་། །དེར་ཤིན་ཏུ་སྡུག་བསྔལ་གྱིས་ཉམ་ཐག་པར་མཐོང་ནས། མི་དེས་ཚིགས་སུ་བཅད་དེ་སྨྲས་པ། ཁྱེད་ནི་ལོངས་བྱེད་རྟག་ཏུ་མྱོས། །དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟང་ལས་ནི་ཐལ་ནས་ཀྱང་། །ཅི་ཡི་ཕྱིར་ན་འདི་རུ་འོང་། །མཛའ་བོའི་བུ་མོས་སྨྲས་པ། བདག་ནི་ལོངས་བྱེད་རྟག་ཏུ་མྱོས།། དགའ་བྱེད་ཚངས་པའི་བླ་མ་ཡི། །ཁང་བཟང་ལས་ནི་ཐལ་ནས་ཀྱང་། །འདོད་ཆེན་གྱིས་ནི་འདིར་འོངས་སོ། །ལས་ཀྱིས་རིང་དུ་ཁྲིད་པར་བྱེད། །རིང་པོ་ནས་ཀྱང་ལས་ཀྱིས་ཁྲིད། །གང་དུ་ལས་ཀྱི་རྣམ་པར་སྨིན། །དེར་ནི་ལས་ཀྱིས་ཁྲིད་པར་བྱེད། །ལས་ཀྱི་རྣམ་སྨིན་གང་ཞིག་གིས། །བདག་གི་སྲོག་ནི་གཅོད་བྱེད་པ།། ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་རབ་ཏུ་སྡང་སེམས་ཀྱིས། །མ་ཅིག་དཀའ་བ་བྱེད་བྱེད་པའི། །མགོ་བོར་རྡོག་པས་བསྣུན་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན།། མཛའ་བོའི་བུ་མོས་སྨྲས་པ། །ལོ་གྲངས་སྟོང་ཕྲག་དུ་ཡི་བར། །བདག་གི་སྲོག་ནི་གཅོད་བྱེད་པ། །ཀུན་ཏུ་འབར་ཞིང་རབ་འབར་བའི། །འཁོར་ལོ་མགོ་ལ་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་ནི་སྟོང་ཕྲག་དྲུག་ཅུ་དང་། །བརྒྱ་ཕྲག་དྲུག་ཅུའི་བར་སྲིད་དུ། །ལྕགས་ཀྱི་འཁོར་ལོ་འབར་བ་ནི། །ཁྱོད་ཀྱི་མགོ་ལ་འཁོར་བར་འགྱུར། །མཛའ་བོའི་བུ་མོས་སྨྲས་པ། ཀྱེ་གཞན་ཡང་འདིར་འོང་བ་ཡོད་དམ། མི་དེས་སྨྲས་པ་སུ་འདི་ལྟ་བུའི་ལས་བྱེད་པ་དག་འོང་བར་འགྱུར་རོ། །དེ་ནས་མཛའ་བོའི་བུ་མོ་སྡུག་བསྔལ་གྱི་ཚོར་བས་ཉེན་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བསྐྱེད་དེ། ཀྱེ་ང་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འཁོར་ལོ་འདི་མགོ་བོའི་སྟེང་དུ་འཛིན་པར་འདོད་ཀྱིས། འདི་ལྟ་བུའི་ལས་བྱེད་བྱེད་པ་གཞན་སུ་ཡང་འདིར་འོང་བར་མ་གྱུར་ཅིག །ཅེས་སྨྲས་པས། དེའི་མོད་ལ་འཁོར་ལོ་དེ་ཉིད་མགོ་བོ་ལས་གྱེན་དུ་འཕགས་ནས་ཏ་ལ་བདུན་སྲིད་ཙམ་དུ་ནམ་མཁའ་ལ་འདུག་གོ། །དེར་བྱང་ཆུབ་སེམས་དཔའ་མཛའ་བོའི་བུ་མོ་དེ་ཚེ་འཕོས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །

༈ དེས་ན་བདག་གཞན་བརྗེ་བ་སོགས་ཀྱི་སྐབས། བདག་གཞན་བརྗེ་ཞེས་པའི་དོན་ཡང་། གཙོ་བོར་རང་གཅེས་པར་འཛིན་པ་དང་། གཞན་ཡལ་བར་འདོར་བའི་བློ་གཉིས་བརྗེ་ནས། གཞན་ལ་རང་ལྟར་གཅེས་པར་འཛིན་ཞིང་། རང་ལ་གཞན་ལྟར་ཡལ་བར་འདོར་བའི་བློ་སྐྱེད་པ་ཡིན་ནོ། །དེ་ནི་སོ་སྐྱེས་ཀྱི་སྐབས་འདིར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡང་ཡང་གོམས་ཤིང་འདྲིས་པར་བྱས་པ་ལས་འབྱུང་དགོས་ལ། བདག་བས་གཞན་གཅེས་ནི། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ལས་འཕགས་ལམ་ཐོབ་ཚེ་མཉམ་པ་ཉིད་བཞིའི་དོན་མངོན་དུ་གྱུར་པ་སྟེ། བདག་དང་གཞན་དོན་དམ་སྤྲོས་བྲལ་དུ་མཉམ་ཉིད་དུ་རྟོགས། ཀུན་རྫོབ་སྒྱུ་མ་ཙམ་དུ་མཉམ་ཉིད་དུ་རྟོགས། སངས་རྒྱས་དང་སེམས་ཅན་མཉམ་ཉིད་དུ་རྟོགས། བདག་དང་སངས་རྒྱས་མཉམ་ཉིད་དུ་རྟོགས་ནས་དེའི་དུས་སུ་གཞན་དོན་དངོས་སུ་སྒྲུབ་ནུས་པའི་མགོ་རྩོམ་པ་ཡིན་ནོ། །སོ་སྐྱེས་ཀྱི་སྐབས་འདིར་ཡང་གང་ཟག་ཁྱད་པར་བ་རེ་ཟུང་གིས་དེ་འོང་བ་ཡོད་དེ། བླ་མ་དྷརྨ་རཀྵི་ཏ་དང་། བྱ་ས་ཀོ་ཁར་བཙུན་པ་དྲུག་དང་བང་ཆེན་པ་ཞིག་དང་བདུན་གྲུར་ཞུགས་ཚེ་གྲུ་ལྕི་བ་ན། བང་ཆེན་པས་ཐམས་ཅད་འཆི་བ་བས་ང་གཅིག་པུ་ཤི་བ་དྲག་ཟེར་ནས་ཆུ་ལ་མཆོང་པ་ལྟ་བུ་ལ་སོགས་པའོ། །བདག་གཞན་བརྗེ་བ་དང་། བདག་བས་གཞན་གཅེས་འདི་གཉིས་ཀྱི་ཁྱད་པར་ནི་བསམ་སྦྱོར་གྱི་སྒོ་ནས་འཇོག་པ་ཡིན་གསུངས། ཇོ་བོའི་རྣམ་ཐར་ལས། ཇོ་བོའི་བླ་མ་དགེ་བསྙེན་ཅིག་ཁྲི་ཁ་ན་འཁོར་ལྔ་ཙམ་ལ་ཆོས་འཆད་ཅིང་བཞུགས་པའི་ཚེ། མི་ཞིག་གིས་ཁྱི་ལ་དབྱུག་པ་བརྒྱབ་པས་བླ་མ་ལིངས་ཀྱིས་འགྱེལ། བལྟས་པས་ཁྱི་ལ་ཕོག་པའི་ཐད་ཀའི་བླ་མའི་སྐུ་ཡང་སྨུག་ཕྱུར་གྱིས་སྐྲངས་ནས་འདུག །བདག་གཞན་མཉམ་པའི་ཚད་དེ་ལྟ་བུར་གསུངས། ཡང་ཇོ་བོའི་རྣམ་ཐར་ལས། ཇོ་བོས་རྣལ་འབྱོར་མ་ཞིག་ལ། འགྲོན་བུ་རྣམས་ཕུལ་ནས། ང་བོད་ཀྱི་རྒྱལ་པོས་སྤྱན་འདྲེན་ན་བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞེས་ཞུས་པ་དང་། བོད་དུ་བྱོན་ན་ཕན་ནི་ཐོགས་པར་འོང་། ཁྱད་པར་དུ་ཨུ་པ་སི་ཀ་ཞིག་ལ་ཕན་ཐོགས་ནས་འོང་བར་འདུག །ཚེ་ནི་བོད་དུ་བྱོན་ན་ཐུང་བར་འོང་བར་འདུག་གསུངས ། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་ལོ་དགུ་བཅུ་རྩ་གཉིས་ཐུབ། བྱོན་ན་བདུན་ཅུ་རྩ་གཉིས་ལས་མི་ཐུབ་གསུངས ། ཇོ་བོའི་ཐུགས་དགོངས་ལ། བོད་ལ་ཕན་ཐོགས་ན་ཚེ་ཐུང་ན་ཡང་ཐུང་སྟེ། ཚེ་ལ་མི་ལྟ་སྙམ་པ་འཁྲུངས་སྐད་དེ་རང་བས་གཞན་གཅེས་བྱ་བ་དེ་ལྟ་བུ་ཡིན་གསུངས།

༈ དཔེར་ན་རྒྱལ་བུ་སྙིང་སྟོབས་ཆེན་པོས་སོགས་ཀྱི་སྐབས། སྔོན་རྒྱལ་པོ་ཤིང་རྟ་ཆེན་པོའི་སྲས་ཐ་ཆུང་སྙིང་རྗེ་ཆེན་པོ་ཞེས་བྱ་བས། སྟག་མོ་བུ་བྱུང་ནས་ཞག་དུ་མར་༼དྲུག་གམ་བདུན་༽ བཀྲེས་ཤིང་སྐོམ་པས་རང་གི་བུ་ཡང་ཟ་བ་ལ་ཐུག་པ་མཐོང་ནས་སྙིང་རྗེའི་སེམས་ཀྱིས་ཤིང་གི་ཚལ་བས་རང་གི་ལུས་ལས་ཁྲག་ཕྱུང་ནས་སྟག་མོ་ལ་ལྡག་ཏུ་བཅུག་ཅིང་རིམ་གྱིས་ཤ་མ་ལུས་པ་ཟ་བར་བྱས་ཏེ་ལུས་བཏང་ནས། དགའ་ལྡན་ལྷའི་གནས་སུ་སྐྱེས་པ་དེས་ཡབ་ཡུམ་གྱི་མྱ་ངན་བསང་བར་མཛད་པའོ། །གསེར་འོད་དམ་པ་ལས། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ང་། །སྔོན་གྱི་རྒྱལ་པོ་ཤིང་རྟ་ཆེན་པོ་ཡི། །བུ་སྟེ་སྙིང་སྟོབས་ཆེན་པོ་མཆོག་གྱུར་ཅིང་། །གང་གིས་སྟག་མོ་བདེ་བར་བྱས་པ་ཡིན། །རྒྱལ་པོའི་དབང་པོ་དམ་པ་ཟས་གཙང་ནི། །ཤིང་རྟ་ཆེ་ཞེས་བྱ་བའི་རྒྱལ་པོར་གྱུར། །བཙུན་མོའང་བཙུན་མོ་དམ་པ་སྒྱུ་འཕྲུལ་གྱུར། །སྒྲ་ཆེན་པོ་ནི་བྱམས་པར་གྱུར་པ་ཡིན། །རྒྱལ་བུ་ལྷ་ཆེན་པོ་ཡང་དེ་བཞིན་དུ། །དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན། །སྟག་མོར་གྱུར་པ་སྐྱེ་དགུའི་བདག་མོ་ཆེ། །སྟག་ཕྲུག་རྣམས་ནི་དགེ་སློང་ལྔ་པོར་གྱུར། །ཞེས་སོ། །

༈ གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས་ནས་བར་ཆད་ཀྱི་ལྟས་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། ཆར་ཆུ་དུས་སུ་མ་བབ་པས་སྲོག་ཆགས་རྣམས་མུ་གེས་གཟིར་བ་དང་། ནད་དང་མཚོན་གྱི་བསྐལ་པ་དར་བ་དང་། རྩི་ཤིང་ནགས་ཚལ་ལ་སོགས་པ་ཀུན་སྐམ་པའི་ལྟས་མི་ཤིས་པ་སྣ་ཚོགས་བྱུང་བ་དང་། རྒྱལ་པོ་སཱ་ལ་བྷནྡྷས་འདི་སྙམ་སྟེ། འདི་དག་ནི་གཞན་མ་ཡིན་ཏེ་ངའི་བླ་མ་ལ་གནོད་པའི་ལྟས་ཡིན་སྙམ་ཏེ་དཔལ་གྱི་རི་བོར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་པ་དང་། བླ་མས་བུ། དོན་ཅི་ལ་འོང་དྲིས་པ་ལ། རྒྱལ་པོ་ན་རེ། བདག་དང་སེམས་ཅན་སྐལ་པ་ཟད་གྱུར་རམ། །རྒྱལ་བའི་བསྟན་པ་ཉམས་པར་གྱུར་རམ་ཅི། །ནག་པོའི་ཕྱོགས་རྣམས་རྒྱལ་བར་གྱུར་པའམ། །ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ། །ཆར་སྤྲིན་དང་འདྲའི་བདུད་ཀྱིས་སྒྲིབ་སམ་ཅི། །རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། །འདུས་བྱས་རང་བཞིན་བྱུང་ངམ་སྡིག་ལྟས་རྣམས། །བྱུང་བས་བདག་གིས་འདིར་ནི་མཆིས་པ་ལགས། །ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་རློབས། །ཞེས་ཞུས་པས་སློབ་དཔོན་གྱིས་གསུངས་པ། སྐྱེས་པ་ཐམས་ཅད་འཆི་བ་ཡིན། འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་འཛད། འདུས་བྱས་ཀྱི་མཐའ་ཐམས་ཅད་མི་རྟག་པ་ཡིན་ན་དེ་ལ་མི་དགའ་བ་ཅི་ཡོད་གསུངས། དེ་ནས་ལྷ་ཚངས་པས་བྲམ་ཟེ་གཅིག་ཏུ་སྤྲུལ་ནས་དབུ་བསླངས་པས། སློབ་དཔོན་གྱིས་ཀྱང་སྟེར་བར་ཞལ་གྱིས་བཞེས་ཏེ་དབུ་བྱིན་པས་གཞན་གང་གིས་ཀྱང་མ་ཆོད་པ་ན་རྩྭ་ཀུ་ཤ་གཅིག་གིས་རང་གི་དབུ་བཅད་ནས་ཚངས་པ་ལ་བྱིན་ནོ། །དེ་ནས་ཤིང་ཐམས་ཅད་ཀྱང་སྐམས། མི་ཐམས་ཅད་ཀྱི་བསོད་ནམས་ཀྱང་འགྲིབས་སོ། །སྔོན་སློབ་དཔོན་གྱིས་ལོ་བཅུ་གཉིས་སུ་བསྒྲུབ་པ་མཛད་པའི་ཚེ་འཚོ་བ་སྦྱོར་བའི་གནོད་སྦྱིན་མོ་བརྒྱད་ཀྱིས་སློབ་དཔོན་གྱི་སྐུ་ལུས་བསྲུངས་ནས་ད་ལྟ་ཡང་ཡོད་དོ། །བླ་མའི་གདུང་འཚོབ་ཏུ་ཀླུའི་བྱང་ཆུབ་བཞུགས་པའི་འོད་ནུབ་མོ་འཕྲོ་བ་ཟླ་ཟེར་ཙམ་ད་ལྟ་ཡང་ཡོད་དོ། །སློབ་དཔོན་གྱི་སྐུ་ལུས་དེ་རྒྱལ་བ་བྱམས་པའི་བསྟན་པ་ལ་སླར་བཞེངས་ནས་འགྲོ་བའི་དོན་མཛད་གསུངས་སོ ། །ཞེས་གསུངས། ༈ ཟ་ཧོར་རྒྱལ་པོ་གཙུག་ལག་འཛིན་ཚེ་འཕོས་ནས་སྐྱེ་བ་འགའ་ཞིག་བླང་བའི་རྗེས་སུ། ཀོ་ཏ་ལ་ཡི་རྒྱལ་པོ་ནུ་ཤ་རུ་པའི་སྲས་མོ་ལྷ་ལྕམ་མནྡྷེ་བཟང་མོ་འཁྲུངས། དེའི་སྐུ་ཤ་ལྟོ་རུ་སོང་ཚད་ཀྱི་སེམས་ཅན་མཐོ་རིས་སུ་སྐྱེ་བར་མཁྱེན་ནས། སློབ་དཔོན་གྱིས། ཁྱོད་ཀྱི་ལུས་འདི་དུར་ཁྲོད་ཕ་གིར་བྱིན༔ གཅན་གཟན་འདི་དག་མི་ལུས་ཐོབ་ནས་ཀྱང༔ ཁྱོད་ཀྱིས་འདུལ་བའི་གདུལ་བྱའི་ཞིང་དུ་འགྱུར༔ ཁྱོད་ནི་སྐྱེ་བ་འགའ་ཞིག་བརྒྱུད་པ་ན༔ ཁ་བ་ཅན་དུ་གནམ་རི་ཞེས་བྱའི་རྒྱུད༔ སྲོང་བཙན་སྒམ་པོ་ཞེས་བྱའི་རྒྱལ་པོར་སྐྱེ༔ ཞེས་སོགས་གསུངས། དེ་ནས་མནྡྷེ་བཟང་མོ་ལུས་གཅེར་བུར་ཕྱུང་ནས་དུར་ཁྲོད་དུ་ཕྱིན་པས་གཅན་གཟན་རྣམས་ཀྱིས་ཟོས་པར་གྱུར་ཏོ། །

༈ སྔོན་ཇོ་བོ་རྗེ་ལྷ་ཅིག་བོད་དུ་ཕེབས་པའི་ཚེ་སོགས་ཀྱི་སྐབས། ཇོ་བོ་རྗེ་ལྷ་ཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བཀའ་གདམས་རིན་པོ་ཆེའི་གླེགས་བམ་ལས། ལོ་ཙཱ་བ་རིན་ཆེན་བཟང་པོ་ཁོང་གི་ཐུགས་དགོངས་ལ་ཡང་ཇོ་བོ་ལ་ཆོས་ཞུ་རྒྱུ་མེད་ཐེག་པ་ཆེན་པོ་གསང་སྔགས་ལ་ང་རང་མཁས། འོན་ཀྱང་ང་བོད་ཀྱི་མི་ཆེན་ཡིན། ཁོང་རྒྱ་གར་གྱི་པཎྜི་ཏ་རྩོད་མེད་ཡིན་པས་སྣེ་ལེན་བཟང་བ་ཞིག་བྱ་སྙམ་དུ་དགོངས་ནས། ཁོ་རང་གིས་མཐོ་ལྡིང་དུ་གསང་སྔགས་ཀྱི་ལྷ་ཁང་སུམ་ཐོག་ཅིག་བཞེངས་པ་དེ་ཇོ་བོ་ལ་གཟིགས་སུ་འབུལ་ཞིང་སྣེ་ལེན་བྱེད་པ་ལ་ཇོ་བོ་གདན་དྲངས་པས། ཇོ་བོས་ལྷ་དེ་རྣམས་ལ་རང་རང་གི་རྒྱུད་དང་། སྒྲུབ་ཐབས་དང་མཐུན་པའི་བསྟོད་པ་ཚིག་བཞི་པ་རེ་འཕྲལ་ལ་མཛད་ཅིང་དབུ་བཏུད་པ་རེ་མཛད། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྟོད་པ་དེ་རྣམས་ཟིན་ནས་རྟོག་དཔྱོད་མཛད་པས་འདི་ནི་གསང་སྔགས་ཀྱི་བདག་པོ་ཆེན་པོ་ཞིག་འདུག་སྙམ་ནས་ཆོས་ཀྱི་དྲི་གཏུགས་མཛད་པས། ཇོ་བོའི་ཞལ་ནས་ཀྱང་། ལོ་ཙཱ་བས་ཆོས་འདི་མཁྱེན་ནམ། འདི་མཁྱེན་ནམ་མང་དུ་གསུངས་པ་ལ། དེ་ཡང་འཚལ་ལགས་སོ། །དེ་ཡང་འཚལ་ལགས་ཞུས་པས། ཇོ་བོ་ཤིན་ཏུ་མཉེས་ནས། ཕ་ལ་ཕ་ལ། ཁྱེད་འདྲ་བོད་ན་ཡོད་ན་ང་འོང་མི་དགོས་པར་འདུག་པ་ལ་གསུངས། དེ་ནས་དེའི་ནུབ་མོ་ཡང་ལྷ་ཁང་དེར་བཞུགས། ལོ་ཙཱ་བ་རིན་ཆེན་བཟང་པོས་སྲོད་ལ་འོག་ཁང་དུ་བསྐྱེད་རྫོགས་བསྒོམས། གུང་ལ་བར་ཁང་དུ་བསྒོམས། ཐོ་རངས་སྟེང་ཁང་དུ་བསྒོམས་པས། དེ་ལ་ཡང་ཅུང་ཟད་མ་མཉེས། ནང་པར་ཡང་ཆོས་ཀྱི་དྲི་བ་མང་དུ་མཛད་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ཆོས་ཀྱི་མཁྱེན་པ་ཆེ་བར་གདའ་ཡིས། ཆོས་དེ་རྣམས་གདན་ཐོག་ཏུ་གང་ཟག་གཅིག་གིས་ཉམས་སུ་ལེན་ན་ཇི་ལྟར་ལེན་གསུངས་པ་ལ། ལོ་ཙཱ་བས་སོ་སོའི་སྒྲུབ་ཐབས་ནས་བཤད་པ་བཞིན་ཉམས་སུ་ལེན་ལགས་མོད་ཅེས་ཞུས་པས་ཇོ་བོའི་ཐུགས་ལ། ཁོ་བོ་འོང་དགོས་པར་འདུག་སྙམ་ནས་ཞལ་འཛུམ་ནག་ཏིང་གིས་སོང་སྐད། ལོ་ཙཱ་བ་དེར་རུལ་ནས་ཉམས་སུ་ལེན་ཚུལ་ཇི་ལྟར་མཛད་ལགས་ཞུས་པ་ལ། ཇོ་བོའི་ཞལ་ནས། ཐབས་གཅིག་གི་སྟེང་དུ་ཐབས་མ་ཚང་བ་མེད་པར་བསྒོམ་པ་ཞིག་དགོས་པ་ཡིན། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཏན་ལ་འབེབས་པ་ལ། སློབ་དཔོན་ཐོགས་མེད་རྗེས་འབྲང་དང་བཅས་པས་དང་པོ་ཐ་སྙད་ཀྱི་དུས་སུ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་གྱིས་གཏན་ལ་འབེབས་ལ། ཉམས་སུ་ལེན་པའི་དུས་སུ་ཡང་། མཚན་ཉིད་གསུམ་གྱིས་ཉམས་སུ་ལེན་ཞིང་འབྲས་བུའི་དུས་སུ་ཡང་མཚན་ཉིད་གསུམ་མངོན་དུ་བྱེད་དེ། སྤྲུལ་སྐུ་ཀུན་བརྟགས་དང་ལོངས་སྐུ་གཞན་དབང་དང་ཆོས་སྐུ་ཡོངས་གྲུབ་བོ། །སློབ་དཔོན་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པས། དང་པོ་ཐ་སྙད་ཀྱི་དུས་སུ་ཡང་ཆོས་ཐམས་ཅད་བདེན་གཉིས་ཀྱིས་གཏན་ལ་འབེབས་ལ། ཉམས་སུ་ལེན་པའི་དུས་སུ་ཡང་། མཉམ་བཞག་ཏུ་དོན་དམ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། རྗེས་ཐོབ་ཏུ་ཀུན་རྫོབ་སྒྱུ་མ་ལྟ་བུ་ཡུལ་དུ་བྱེད་པས་བདེན་གཉིས་སུ་ཉམས་སུ་ལེན་ཞིང་། འབྲས་བུའི་དུས་སུ་ཡང་བདེན་གཉིས་མངོན་དུ་བྱེད་དེ། གཟུགས་སྐུ་ཀུན་རྫོབ་དང་ཆོས་སྐུ་དོན་དམ་པའི་བདེན་པའོ། །ཐེག་པ་ཆེན་པོ་གསང་སྔགས་ཀྱི་དབང་དུ་བྱས་ན། ཐ་སྙད་ཀྱི་དུས་སུ་ཡང་རྒྱུད་གསུམ་གྱིས་གཏན་ལ་འབེབས་ལ། ལམ་གྱི་དུས་སུ་ཡང་རྟེན་གྱི་གང་ཟག་སྟོང་པ་དང་སྙིང་རྗེ་དབྱེར་མེད་དུ་གནས་པ་རྒྱུའི་རྒྱུད་དང་། ལམ་བསྐྱེད་རྫོགས་བསྒོམ་པ་ཐབས་ཀྱི་རྒྱུད་དང་། སྟན་ཐོག་གཅིག་ཏུ་ལམ་འབྲས་བུ་དང་བཅས་པ་མ་ཚང་བ་མེད་པར་ཉམས་སུ་ལེན་པ་འབྲས་བུའི་རྒྱུད་དེ་རྒྱུད་གསུམ་གྱིས་ཉམས་སུ་ལེན་ཞིང་། འབྲས་བུའི་དུས་སུ་ཡང་རྒྱུད་གསུམ་མངོན་དུ་བྱེད་དེ་སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཆོས་སྐུ་རྒྱུའི་རྒྱུད་དང་། ཕྲིན་ལས་སྣ་ཚོགས་ཀྱིས་གདུལ་བྱའི་དོན་མཛད་པའི་སྤྲུལ་སྐུ་ཐབས་ཀྱི་རྒྱུད་དང་། སྐུ་གསུམ་དང་ཡེ་ཤེས་ལྔ་དབྱེར་མེད་པས་འཁོར་དག་པའི་དོན་མཛད་པའི་ལོངས་སྐུ་འབྲས་བུའི་རྒྱུད་དོ། །དེ་ལྟར་དེ་རྣམས་གཅིག་གི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ཏེ། བསྐྱེད་པའི་རིམ་པ་གཅིག་པུའི་སྟེང་དུ་ཡང་ཐམས་ཅད་ཚང་བར་ཉམས་སུ་ལེན་པ་ཡིན་ནོ། །ཞེས་གསུངས་སྐད། དེ་ནས་ལོ་ཙཱ་བ་ཆེན་པོས། ཇོ་བོ་ལ་གསེར་སྲང་བདུན་ཕུལ་ནས་བདེ་མཆོག་གི་རིམ་པ་དང་། རྗེ་བཙུན་མའི་བྱིན་རླབས་གཉིས་ཞུས། བྱིན་རླབས་ཐོབ་པའི་ཚེ་རྟོགས་པ་དང་ཉམས་བཟང་པོ་སྐྱེས་ནས་ཇོ་བོ་ལ་གསེར་སྲང་བརྒྱ་རྩ་བརྒྱད་ཕུལ། དཔེ་ཆ་དང་མཆོད་གནས་མ་གཏོགས་པ་དངོས་པོ་ཅི་ཡོད་ཇོ་བོ་ལ་ཕུལ་ཏེ། ཇོ་བོའི་བདེ་མཆོག་དང་རྗེ་བཙུན་མ་གཉིས་ལ་ཐུགས་དམ་མཛད་དེ་གོང་དུ་མཁྱེན་པ་ཆེ་ཡང་། སྒྲུབ་པའི་གདམས་པ་ཇོ་བོ་ལས་བརྙེས་པ་ཡིན་སྐད། དེའི་དུས་སུ་ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་བས། ཇོ་བོའི་ཞལ་ནས། ད་ལོ་ཙཱ་ལ་འགྲོ་དགོས་གསུངས་པ་ལ། ལོ་ཙཱ་བ་ཆེན་པོས་དབུ་བསྟན་ནས་མགོ་དཀར་པོ་འདི་ལྟར་སོང་བས་ཁོ་བོ་སྒྲུབ་པ་ཞིག་བགྱི་བར་ཞུ་ཞེས་ཞུས་པས། ཇོ་བོའི་ཞལ་ནས། ཀྭའི་རིན་ཆེན་བཟང་པོ་ཁྱོད་སྒྲུབ་པ་རྣལ་མར་བྱེད་ན། སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་ལུས་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་ཕྲད། གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་མཇལ། སྲིད་པའི་ནད་རབ་ཏུ་ཞི་བར་བྱེད་པའི་དམ་པའི་ཆོས་ཀྱི་སྨན་ནི་རྙེད། སྲིད་པའི་མུན་པ་སེལ་བའི་ཆོས་ཀྱི་སྒྲོན་མ་ནི་རྙེད། སྲིད་པའི་ཆུ་བོ་ལས་སྒྲོལ་བའི་ཐབས་ཤེས་རབ་ཀྱི་གྲུ་དང་གཟིངས་རྙེད་པའི་སྐབས་འདིར་སེམས་བྱ་བ་ངན་པ་རྣམས་ཀྱིས་མི་གཡེང་བར་མཛོད་ཅིག་གསུངས ། དེ་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ། ཆོས་སྟོན་བུ་ག་ཞིག་ནས་ཚུར་བླངས་ཏེ། སྒོའི་ཡ་ཐེམ་ལ། གནས་ཁང་འདིའི་ནང་དུ་ཐ་མལ་པའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་ཚལ་པ་བརྒྱར་ཁོས་ཤིག །ཅེས་པ་བྲིས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་དཔལ་བདེ་མཆོག་གིས་ཞལ་གཟིགས་སོ། །ཞེས་གསུངས།

༈ རྒྱལ་པོ་མ་སྐྱེས་དགྲས་རང་གི་ཕ་བསད་པ་སོགས་ཀྱི་སྐབས། ལྷས་སྦྱིན་གྱིས། མ་སྐྱེས་དགྲ་ལ། ཁྱོད་ཀྱི་ཡབ་རྒྱལ་པོ་གཟུགས་ཅན་སྙིང་པོ་ནི། ད་དུང་རྒྱལ་སྲིད་ལ་ཞེན་ཏེ་འདུག །ད་ཡབ་སོད། ངས་ཀྱང་གཽའུ་ཏ་མ་གསད། རྒྱལ་པོ་དང་སངས་རྒྱས་གསར་པ་བྱས་ན་མི་སྐྱིད་དམ་ཟེར་བ་ཉན་ཏེ། མ་སྐྱེས་དགྲས་ཡབ་ལ་རྡོ་རྗེ་རྩེ་གཅིག་པ་འཕངས་བས་རྫིའུ་ཆག་ནས་སླར་ལོག །གཟུགས་ཅན་སྙིང་པོས་མ་སྐྱེས་དགྲ་ལ་བུ་ཁྱོད་ང་ལ་ཅིའི་ཕྱིར་རྡོ་རྗེ་འཕངས་གསུངས། ཡབ་ནི་ལོངས་སྤྱོད་མཆིས་ལ་བདག་ནི་མི་འཚལ་གླེང་པ་དང་། ལྷས་སྦྱིན་གྱིས་བསྐུལ་ཏེ་ཕ་རོལ་གནོན་པའི་ལས་ཁོ་ན་ལ་འདའ་བར་འདུག་པ་གཟུགས་ཅན་སྙིང་པོའི་བསམ་པར། བདག་ལ་བརྟེན་པའི་སྟོན་པ་དགེ་འདུན་དང་བཅས་པར་གནོད་པར་འདུག་བསམ་ཡུལ་ཙམ་པ་ཀ་མ་སྐྱེས་དགྲར་གཏད། དེ་ནས་བང་མཛོད་སོགས་རྒྱལ་སྲིད་མཐའ་དག་གཏད་དེ་སྟོན་པར་གུས་པ་དགོས་ཚུལ་བགྱིས་ཀྱང་མ་ལྡོག་ཅིང་རྩུབ་པར་སྨྲས་པས། མ་སྐྱེས་དགྲ་ཁྲོས་ཏེ་ཡབ་བཙོན་དུ་བཅུག་པར་ཡུལ་མི་སོགས་ཀྱིས་ཟས་བསྐྱེལ་བ་ཡང་བཀག །བཙུན་མོ་ལུས་འཕགས་མས་རྐང་གདུབ་ཀྱི་སྦུབས་ཆུས་བཀང་ལུས་ལ་ལྡེ་གུ་བྱུག་ཏེ་སོང་ནས་དེའི་ཟས་སྐོམ་གྱིས་འཚོ་བ་སླར་ཤེས་ཏེ་བཀག །དེ་ནས་བཟའ་བཏུང་མེད་ཀྱང་སྟོན་པ་བྱ་རྒོད་ཕུང་རིར་བཞུགས་པའི་འོད་ཟེར་སྐར་ཁུང་ནས་འཇུག་ཅིང་། རྒྱལ་པོས་ཀྱང་སྐར་ཁུང་ནས་མཐོང་སྟེ་དགའ་བར་བྱེད་པ་ན་དེ་ཡང་བཀག །སླར་སེར་ཁ་ནས་འོད་ཟེར་དེ་བཞིན་དུ་རྒྱུ་བ་དེ་ཡང་བཀག །སྤུ་གྲི་ཞེས་ད་ལྟའི་ལྕགས་ལྟ་བུས་རྐང་པ་ལ་རྨ་བྱུང་བ་རྒྱལ་པོ་ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པར། སྟོན་པས་མཽངྒ ལ་གྱི་བུ་རྫུ་འཕྲུལ་གྱིས་བཙོན་ཁང་དུ་བཏང་སྟེ་སྟོན་པའི་བཀས། ངས་དགེ་བའི་བཤེས་གཉེན་བྱས་ཟིན་པས་ངན་སོང་ལས་ཐར་བར་བྱས། འདི་ནི་རང་གི་ལས་ཀྱི་འབྲས་བུ་མྱོང་བ་ཡིན་སོགས་བསྩལ། རྒྱལ་པོ་ཅུང་ཟད་བཙོན་ཁང་དུ་ཟས་ཀྱིས་དབུལ་བས་ཁ་ཟས་བཟང་པོ་གང་ན་ཡོད་བྱས་པས། རྒྱལ་ཆེན་རིགས་བཞིའི་གནས་རང་མོད་གསུངས། མ་སྐྱེས་དགྲའི་བུ་འཆར་བྱེད་བཟང་པོའི་སོར་མོའི་རྩེ་ལ་ཕོལ་མིག་གིས་ན་བ་མ་སྐྱེས་དགྲ་རང་གིས་སོར་མོ་ཁ་ནང་དུ་བཅུག་པས་རྡོལ་བ་ས་ལ་ཕོ་བའི་རྣག་ཁྲག་བུས་མཐོང་བས་ཆེར་ངུ་བ་ན། དེར་མ་ལུས་འཕགས་མས་འདི་ནི་རིགས་བརྒྱུད་ལ་ཡོད། ཁྱོད་ལ་འདི་འདྲ་བྱུང་བར་ཡབ་ཀྱིས་ཁྱོད་སྐྲག་དོགས་རྣག་ཁྲག་ལྟོར་མིད་པ་ཡིན་བྱས་པས་མ་སྐྱེས་དགྲ་ཞེ་སྡང་དང་བྲལ་ཞིང་ཡབ་ལ་མཚམས་མེད་ལོག་སྤྱོད་བྱས་པས་འགྱོད་དེ་ད་ཆ་གསོན་ན་རྒྱལ་སྲིད་ཕྱེད་སྟེར་བྱས་པས་སྐྱེ་བོ་རྣམས་དགའ་སྟེ་ཡབ་བཞུགས་པའི་བཙོན་ཁང་དུ་བརྒྱུགས་པའི་ཅ་ཅོའི་སྒྲས་དངངས་ཏེ་དུས་ལས་འདས། རྣམ་ཐོས་ཀྱི་པང་དུ་སྐྱེས་ཏེ་བདུད་རྩི་ལ་ལོངས་སྤྱོད་ཅིང་ང་ནི་རྒྱལ་བ་ཁྱུ་མཆོག་གོ་ཞེས་པས་མཚན་ཡང་དེ་བཞིན་དུ་གྲགས།

༈ སྡོམ་པའི་སྟོབས་སོགས་ཀྱི་སྐབས། མདོ་ལས། འགྱོད་ཚངས་དག་པའི་རྟགས། སངས་རྒྱས་བྱོན་ནས་རང་གི་སྤྱི་བོར་བྱུག་སྟེ་འོད་འགྱེད་པ་མཐོང་བ་དང་། མེ་ཏོག་མཐོང་བ་སོགས་གསུངས་པ་དང་། མདོ་གཞན་ན་རྨི་ལམ་དུ་མེ་ཏོག་པདྨ་མཐོང་ན་དོན་གྲུབ་པར་ཡང་གསུངས། ཐར་མདོ་ལས། སྡིག་པ་བྱང་བའི་རྨི་ལྟས་ནི་ཆུ་ཀླུང་ཆེན་པོ་བརྒལ་འདོད་པས་ཟམ་པའི་སྟེང་ནས་སོང་བ། གཞན་གྱིས་བདག་ལ་ཁྲུས་བྱས་པ། ལུས་ལ་ཆར་བབས་པ་རྣམས་རྣམ་པར་དག་པའི་ལྟས་དང་། དགེ་འདུན་མང་པོའི་གྲལ་དུ་ཞུགས་ཏེ་འདུག་པ། བདག་མཆོད་རྟེན་ནམ་གཙུག་ལག་ཁང་དུ་ཞུགས་ཏེ་སངས་རྒྱས་བྱང་སེམས་ཀྱི་གཟུགས་བརྙན་མཐོང་བ་རྣམས་སངས་རྒྱས་དང་ཆོས་ཀྱི་རྗེས་སུ་ཞུགས་པའི་མཚན་མ་དང་། རང་གིས་ཤིང་ཐོག་རྙེད་ཅིང་ཟ་བ་རྨིས་ན་ཚེ་འདིར་ཡོན་ཏན་གྱི་འབྲས་བུ་འགྲུབ་པར་མངོན་ནོ་ཞེས་དང་། རྨི་ལམ་དེ་འདྲ་གཅིག་རྨིས་ན་མཚམས་མེད་གཅིག་བྱང་བ་ནས། ལྔ་རྨིས་ན་མཚམས་མེད་ལྔ་བྱང་བར་གསུངས་པ་དང་། གཞན་ཡང་དཀོན་མཆོག་བརྩེགས་པའི་རྨི་ལམ་གྱི་ལེའུ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །

༈ སྐུ་ལ་ལོངས་སྤྱོད་རྫོགས་པའི་རྒྱན་སོགས་ཀྱི་སྐབས། རྒྱན་ཆས་བཅུ་གསུམ་ལས། གདུལ་བྱའི་ཉོན་མོངས་པའི་གདུང་བ་སེལ་བའི་བརྡར་ལྷ་རྫས་ལས་གྲུབ་པའི་དར་གྱི་ཆས་གོས་ལྔ་ནི། སྐུ་རྒྱབ་༼རྒྱབ་འཕེན་༽ ཏུ་དར་མཐིང་ཁྲའི་ཟི་ལྡིར་ཐུར་དུ་དཔྱངས་པ། སྙན་གོང་དུ་༼དབུ་རྒྱན་ལ་དཔྱང་པའི་༽དར་སྣ་ལྔ་ཡི་ཅོད་པཎ་ནམ་དར་དཔྱང་འཕུར་བ། དཔུང་པའི་སྟོད་ཙམ་དུ་སླེབ་པའི་གར་གྱི་ཕུ་དུང་འདུང་མ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོག །ཚི་གུ་ནི་ཁ་དོག་སྣ་ཚོགས་པའི་སྨད་དཀྲིས་ཏེ་འདི་ལ་འབའ་ཏི་སྨུག་པོའི་ཤམས་ཐབས་བྱས་པའང་སྣང་ངོ་། །འདོད་ཡོན་མ་སྤངས་རྒྱན་དུ་རྫོགས་པས་འགྲོ་བའི་རེ་བ་སྐོང་བའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་ནི། དབུ་ལ་རིན་པོ་ཆེའི་དབུ་རྒྱན་ཟེ་པྲོག་ཁང་པ་ནོར་བུའི་རྩེ་བྲན་ཅན། སྙན་གཉིས་སུ་རིན་པོ་ཆེའི་སྙན་རྒྱན་ནོར་བུའི་ཕྲ་ཚོམ་ཅན། རིན་པོ་ཆེ་སྣ་ཚོགས་པ་སྤེལ་མར་བརྒྱུས་པའི་མགུལ་རྒྱན་ཐུང་ངུ་། རྒྱུ་དེ་མཚུངས་ནུ་སྟེང་ཙམ་དུ་སླེབ་པའི་སེ་མོ་དོ། ལྟེ་འོག་ཏུ་སླེབ་པའི་དོ་ཤལ་ཏེ་རིམ་པ་གསུམ། དཔུང་རྒྱན་རིན་པོ་ཆེའི་ཕྲ་ཚོམ་ཅན། ཕྱག་གདུབ་གཉིས་དང་། ཞབས་གདུབ་གཉིས་དང་། ཕྱག་ཞབས་ཀྱི་སོར་མོའི་གདུ་བུ་རྣམས་བཀོད་པ་དེ་མཚུངས། སྐ་རགས་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་པར་བྱས་པ་སྟེ། འདི་ལ་དོ་ཤལ་དང་སེ་མོ་དོ་གཉིས་གཅིག་ཏུ་བྱས་པ་དང་། ཡང་ཕྱག་ཞབས་ཀྱི་གདུ་བུ་རྣམས་གཅིག་ཏུ་བྱས་ཏེ་སོར་གདུབ་ཐ་དད་དུ་བགྲང་བ་དང་། ཡང་སོར་གདུབ་མེད་པའི་སྔ་མ་བརྒྱད་སོ་སོར་བགྲང་བ་སོགས་བརྩི་ཚུལ་འདྲ་མིན་ཅུང་འདུག་ཀྱང་དོན་ལ་གོང་གི་དེ་རྣམས་སོ། །གཞན་ཡང་བྱང་ཆུབ་ཡན་ལག་བདུན་མཚོན་བྱེད། རིན་པོ་ཆེའི་དོ་ཤལ་དྲན་པ། དབུ་རྒྱན་ཆོས་རབ་རྣམ་འབྱེད། གདུ་བུ་བརྩོན་འགྲུས། སྙན་ཆ་ཤིན་སྦྱང་། དཔུང་རྒྱན་ཏིང་ངེ་འཛིན། སེ་མོ་དོ་བཏང་སྙོམས། མེ་ཏོག་གི་ཕྲེང་བ་དགའ་བ་རྣམས་ཡིན་ནོ། །ཡབ་ལ་རུས་པའི་རྒྱན། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས། སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཏེ་སེ་རལ་ཁར་གྲགས་པ་ཤེས་རབ་སྟེ་ཕར་ཕྱིན་དྲུག་དང་སྦྱར་བ་དང་། ཡུམ་རྣམ་ཀྱང་མཚན་མའི་རྟོག་པའི་སྒྲིབ་གཡོག་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཆོས་དབྱིངས་མཚོན་བྱེད་རུས་པའི་འཁོར་ལོ། མགུལ་རྒྱན་མཉམ་ཉིད། རྣ་ཆ་སོར་རྟོག གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པའོ། །

༈ སྐད་གཉིས་ཤན་སྦྱར་ལས། དབུ་རྒྱན་ཏེ་རིན་པོ་ཆེའི་རྩེ་ཕྲན་ནམ་པྲོག་ཞུའམ་ཅོད་པན་ཞེས་གྲགས་པ་རྩ་བ་བཻ་ཌཱུཪྱ་སོགས་ཀྱི་ཁྱུད་མོས་བསྡམ་པའོ། །མགུལ་རྒྱན་མགུལ་དུ་རིན་པོ་ཆེའི་རྒྱན་འཁོར་བའོ། །རྣ་ཆའམ་རྣ་རྒྱན། དཔུང་རྒྱན་ཏེ་རིན་པོ་ཆེའི་དཔུང་གདུབ་བོ། །ལག་གདུབ་སྟེ་མཁྲིག་མའི་རྒྱན། དོ་ཤལ་ཏེ་མུ་ཏིག་སོགས་ཀྱི་རྒྱན་ཕྲེང་ལྟེ་འོག་སླེབས་པ་དོ་ཤལ་ཕྱེད་པ་སྟེ་སེ་མོ་དོ་ཞེས་པར་འབོད་པ་ནུ་མའི་བར་དུ་སླེབས་པ། རྐང་གདུབ་སྟེ་ལོང་ཚིགས་ཀྱི་རྒྱན་འཁོར་བའོ། །སྐ་རགས་ནི་རིན་པོ་ཆེའི་ཁྲིས་ཅན་རིན་ཆེན་གྱི་དྲྭ་བ་དཔྱངས་པའོ། །

༈ མཚམས་མེད་ལྔ་སོགས་ཀྱི་སྐབས། གང་ཞིག་བྱས་པས་ཚེ་འདིར་འཕགས་ལམ་སྐྱེ་བའི་གེགས་ཆེ་ཤོས་བྱེད་ཅིང་གཉེན་པོས་མ་བཅོམ་པར་ཤི་ན་ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་མནར་མེད་དུ་སྐྱེ་བར་ངེས་པ་མཚམས་མེད་པ་ཞེས་བྱ་སྟེ། མཁས་པ་འཇུག་པའི་སྒོ་བཅུ་ལས། ཕ་མ་དགྲ་བཅོམ་གསོད་པ་དང་། །སངས་རྒྱས་སྐུ་ལ་ཁྲག་འབྱིན་དང་། །དགེ་འདུན་འཁོར་ལོའི་དབྱེན་བྱེད་པ། །མཚམས་མེད་པ་ཡི་ལས་ལྔའོ། །ཞེས་ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་གསོད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་དབྱུང་བ། དགེ་འདུན་འཁོར་ལོའི་དབྱེན་བྱེད་པ་དང་ལྔ་ཡིན་ལ། དགྲ་བཅོམ་པ་གསོད་པ་ཞེས་པ་དགྲ་བཅོམ་པ་ཡང་ཡིན་ལ་རང་གི་སློབ་དཔོན་ཡང་ཡིན་པའི་གཞི་མཐུན་ཞིག་མི་དགོས་ཏེ། སྤྱིར་དགྲ་བཅོམ་པ་རྣམས་ནི་ཆོས་ཀྱི་སློབ་དཔོན་ཡིན་པས། ཆགས་མེད་བདེ་སྨོན་སོགས་ནས་སློབ་དཔོན་དགྲ་བཅོམ་བསད་པ་ཞེས་གསུངས་པའང་འདི་ལ་དགོངས་པ་ཡིན་ནོ། །དགེ་འདུན་འཁོར་ལོའི་དབྱེན་ཞེས་པ་ནི། ༼འབྱེད་པ་པོ་ནི་དགེ་སློང་ཁོ་ནས་སོ། །ཡུལ་ནི་སོ་སོའི་སྐྱེ་བོ་རྣམས་སོ། །གནས་ནི་སངས་རྒྱས་བཞུགས་པ་ལས་གཞན་དུ་འབྱེད་པའོ། །བྱེ་བའི་དོན་ནི་སངས་རྒྱས་ལས་གཞན་པའི་སྟོན་པ་དང་། དེས་བསྟན་པ་ལས་གཞན་པའི་ལམ་ལའོ། །༽ སངས་རྒྱས་བཞུགས་བཞིན་དུ་དེའི་ཉན་ཐོས་བཞི་གྲྭར་ལོངས་པ་ཕན་ཆོད་སྟོན་པ་དང་ལམ་གཞན་ལ་ཁྲིད་དེ་འབྱེད་པར་བྱེད་པའོ། །ལས་ཀྱི་དབྱེན་ཞེས་པ་ནི། དགེ་འདུན་གྱི་སྡེ་གཞན་འབྱེད་པའོ། །མཚམས་མེད་པའི་ལས་དེ་དང་ཆ་འདྲ་བའི་ཉེ་བ་ལྔ་ནི། དེ་ཉིད་ལས། མ་དགྲ་བཅོམ་མ་སུན་བྱས་དང་། བྱང་སེམས་ངེས་གནས་བཀུམ་པ་དང་།༼ བྱང་སེམས་ངེས་གནས་ནི། ཡོན་ཏན་ལྔ་དང་ལྡན་དེ། བདེ་འགྲོ་རིགས་མཐོ་བར་སྐྱེ་བ་དང་། དབང་པོ་ཀུན་ཚང་བ་དང་། ཕོ་ཁོ་ནར་འགྱུར་བ་དང་། ཚེ་རབ་དྲན་པ་དང་། ལམ་ལས་མི་ལྡོག་པ་དང་ལྡན་པའི་ཕྱིར། འཛམ་བུའི་གླིང་གི་ཕོ་ཉིད་དུ་གྱུར་ནས་སངས་རྒྱས་ལ་མངོན་སུམ་དུ་སྟོན་པ་ལས་བྱུང་བའི་བསོད་ནམས། འཚང་རྒྱ་བ་ལ་བསྐལ་པ་བརྒྱ་འདས་པ་དག་ཏུ་འཕེན་ཅིང་། སྒྲུབ་པར་བྱེད་པའི་ཕྱིར་རོ། །༽འཕགས་པ་སློབ་པ་གསོད་པ་དང་། དགེ་འདུན་འདུ་བའི་སྒོ་ཕྲོག་པ། མཆོད་རྟེན་འཇིག་པར་བྱེད་པ་ལྔ། ཉེ་བའི་མཚམས་མེད་ཅེས་སུ་བཤད། ཅེས་མ་བསད་པ་དང་ཉེ་བ་ནི། མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་འདོད་ལོག་གིས་སུན་ཕྱུང་བ། ཕ་བསད་པའི་མཚམས་མེད་དང་ཉེ་བ་ནི། བསྐལ་པ་བརྒྱ་ནས་འཚང་རྒྱ་བའི་བྱང་སེམས་ངེས་གནས་གསོད་པ། དགྲ་བཅོམ་པ་གསོད་པ་དང་ཉེ་བ་ནི། རྒྱུན་ཞུགས་ལ་སོགས་པ་འཕགས་པ་སློབ་པ་གསོད་པ། དགེ་འདུན་གྱི་དབྱེན་དང་ཉེ་བ་ནི། དགེ་འདུན་གྱི་ཞལ་དུ་འདུ་བའི་སྒོ་ཕྲོག་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་ཉེ་བ་ནི། མཆོད་རྟེན་བཤིག་པའོ། །ལྕི་བའི་ཆོས་ལ་བཞི་ཚན་བཞི་ལས། ལོག་པའི་ལྕི་བ་བཞི་ནི། མཁས་པའི་གོང་༡། དགེ་སློང་གི་ཕྱག༢༼ཇི་སྐད་དུ། ཚུལ་ཁྲིམས་གོས་ཅན་ཇི་ལྟར་ངན་གྱུར་ཀྱང་། །ཐ་མལ་ལུས་ལ་ཕྱག་གིས་མཆོད་པའི་རིགས་ཞེས་སོ། །༽། ༼བྱང་ཆུབ་དོན་གཉེར་གྱི་༽སྒྲུབ་པ་པོའི་ཟས༣། ༼ གདན་གསུམ་ལྷར་ཤེས་པའི་༽སྔགས་པའི་ནོར་རྫས་༤ ༼ལྷའི་རྫས་ཡིན་ནོ།༽ རྣམས་སོ། །ཉམས་པའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་པ་ཉམས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་རྣམས་སོ། །སྨད་པའི་ལྕི་བ་བཞི་ནི། གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་ལ་༼སྙིང་པོ་མི་འདུག་ཅེས་༽སྨད་པ། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་༼བདེན་པར་མི་སྣང་ཞེས་༽སྨད་པ། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་སྒྲུབ་བགྱིས་པ་རྣམས་སོ། །སྐུར་བའི་ལྕི་བ་བཞི་ནི། མཚམས་མེད་ལྔ་ལས་ཁྲག་འབྱིན་པ། མི་དགེ་བ་བཅུ་ལས་༼བཤགས་ཡུལ་སྤང་བས་༽ལོག་པར་ལྟ་བ། མཉམ་པའི་ཆོས་ལ་ཁྱད་དུ་གསོད་པ། རང་བཞིན་མེད་པ་ལ་གལ་འཛུགས་པ་རྣམས་སོ། །དེ་ཡང་མཉམ་པའི་ཆོས་ལ་ཁྱད་གསོད་པ་ནི། ཕན་ཚུན་མཉམ་པ་གང་ཞིག་ལ་འདི་ནི་འདིའི་ནང་ནས་ཐ་ཆད་པའོ་ཟེར་བ་ལྟ་བུའོ། །རང་བཞིན་མེད་པར་གལ་འཛུགས་ནི། ཕ་རོལ་པོ་ལ་ཉེས་པ་བརྗོད་པའི་གཞི འམ་ས་བོན་གང་ཡང་མེད་བཞིན་འདི་ལྟ་བུ་བགྱིས་སོ་ཞེས་ཆེད་དུ་གླེང་བའོ། །ལོག་པ་བརྒྱད་ནི། དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་དང་། ཡི་དམ་དང་། མཆེད་ལྕམ་སྤང་བ། དཀྱིལ་འཁོར་གཉ ན་པོ་འདྲལ་བ་རྣམས་སོ། །མཆེད་ལ་བཞི་སྟེ། སྤྱིའི་མཆེད་ནི་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོའི་སྤུན། རིང་བའི་མཆེད་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཚད། ཉེ་བའི་མཆེད་ནི་གསང་སྔགས་ཀྱི་སྒོར་ཞུགས་ཚད། ནང་འདྲེས་པའི་མཆེད་ནི་བླ་མ་དང་དཀྱིལ་འཁོར་གཅིག་གིས་བསྡུས་པའོ། །

༈ རྡོར་སེམས་བསྒོམ་བཟླས་ཀྱི་ཡིག་བརྒྱ་བཟླ་སོགས་ཀྱི་སྐབས། ༀ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ་བྷ་ག་ཝན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ

༈ ཡི་གེ་བརྒྱ་པ་ཀློག་ཚུལ་ལ། ཀློག་ཚུལ་དང་སྔགས་དོན་བཤད་པ་གཉིས་ལས། དང་པོ་ནི། ༀ། ཨོ་འོང་། ཟེར་བ་ལྟ་བུར་བཀླག །བཛྲ། འབད་འཛར། ས་ཏྭ། སད་ཏོ། ལྟ་བུར་བཀླག །ས་མ་ཡ་དང་། མ་ནུ་པཱ་ལ་ཡ། སྔགས་ཀུན་གྱི་ཀློག་པ་ལྟར་གྱིས་རུང་མོད། པཱ་མིག་འབྱེད་འཛུམ་གཉིས་ཡུན་བཀླག །བཛྲ་ས་ཏྭ་སྔར་བཞིན། ཏྭེ་ནོ་པ། ཏེ་ཝེ་ནོ་པ། ཏིཥྛ། ཏིས་ཋ། དྲྀ་ཌྷོ། དིར་རི་དྷོ། མེ་བྷ་བ། སྔར་བཞིན། སུ་ཏོ་ཥྱོ། སུ་ཏོས་ཡོའམ། ཡང་ན་སུ་ཏོ་ཥ་ཡོ། ཞེས་བཀླག་ཀྱང་ཕྱི་མ་ལྟར་ལ་མགྱོགས་པར་བཀླག །མེ་བྷ་བ། སྔར་བཞིན། ཨ་ནུ་ཡང་སྔར་བཞིན། རཀྟོ། རཀ་ཏོ་དང་། མེ་བྷ་བ། སྔར་བཞིན། སུ་པོཥྱོ་ལ། སུ་པོས་ཡོ། སོགས་སུ་བཀླག །མེ་བྷ་བ། སྔར་བཞིན། སརྦ། སར་ཝ། སིདྡྷི་མྨེ། སིད་དྷི་མ་མེ། འོན་ཀྱང་སྔ་མའི་མེ་དང་ཕྱི་མའི་པྲ་གཉིས་མེ་པྲ་ཞེས་སྦྱར་ནས་བཀླག །ཡཙྪ་ཡད་ཚ། སརྦ། སྔར་བཞིན། ཀརྨ། ཀར་མ། འོན་ཀྱང་ཀརྨ་ལ་ཕྱི་མའི་སུ་ཡར་སྦྱར་ནས་ཀརྨ་སུ་ཞེས་བཀླག །ཙ་མེ་སྔར་བཞིན། ཙིཏྟཾ། ཙིད་ཏཾ། ཤྲི་ཡཿ ཤི་རེ་ཡས་སམ། ཤི་རེ་ཧར། ལྟ་བུར་བཀླག་ཀྱང་མགྱོགས་པར་བཅད་ནས་བཀླག །ཀུ་རུ་སྔར་བཞིན། ཧཱུྃཿ ཧུ་འུ་ཟེར་བ་ལྟར་བཀླག །ཧ་ཧ་ཧ་ཧ་སྔར་བཞིན། ཧོཿ དྲག་ཏུ་ུབཅད་ནས་བཀླག །བྷ་ག་བཱཾ། བྷ་ག་ཝཱན། སརྦ་སྔར་བཞིན། ཏ་ཐཱ་ག་ཏ། ཐཱ་རིང་བར་བཀླག །ཧྲྀ་ད་ཡ། ཧིར་རི་འདའ་ཡ། བཛྲ་སྔར་བཞིན། མཱ་རིང་། མེ་སྔར་བཞིན། མུཉྩ། མུན་ཙ། བཛྲཱིར་འབད་འཛིར། ལྟ་བུར་རིང་བ་བཀླག །བྷ་བ་སྔར་བཞིན། མ་ཧཱ། ཧཱ་ཅུང་ཟད་རིང་བ་བཀླག །ས་མ་ཡ། ས་ཏྭ་སྔར་བཞིན། ཨཱཿ ཨ་ཧར། ཟེར་བ་ལྟ་བུར་དྲག་ཏུ་བཅད་ནས་བཀླག་པར་བྱའོ། །

༈ སྔགས་ཀྱི་ཕྲེང་བ་བཀོད་ཚུལ་དང་འཁོར་ཚུལ་ནི། སྔགས་ཕྲེང་གཡས་སུ་འཁོར་བ་རྣམས་སྔགས་ངོ་ཕྱིར་བསྟན་དང་། ཕྱི་ནས་བཀླག་ཕྱོགས་ལྟར་ཡིག་འབྲུ་རྣམས་ལངས་ཐབས་སུ་གཡོན་དུ་བཀོད་པ་ཕྲེང་བ་ལྟར་འཁོར་བའི་མགོ་འདྲེན་ༀ་ལྟ་བུ་དང་ཧཱུྃ་ཧྲཱིཿསོགས་མཇུག་གི་སྔགས་འབྲུ་ཐུག་པ། དེ་ཡང་རིང་བའི་རིགས་ལ་མདུན་ནས་ཡིག་མགོ་བརྩམས་པའི་སྔགས་མགོ་ནང་དང་སྔགས་མཇུག་ཕྱི་རོལ་དུ་ཐད་ཀར་འགྲིགས་པའི་རིམ་པ་གཉིས་གསུམ་སྦྲུལ་འཁྱིལ་བ་ལྟ་བུར་བསྒོམས་ལ་བཟླ་བའི་དུས་གཡས་སུ་བཀླག་ཐབས་སུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡོན་དུ་འཁོར་དགོས་པ་རྣམས་ནི་ཐུགས་སྲོག་གི་མདུན་ནས་སྔ་མ་ལྟར་ཡིག་འབྲུ་རྣམས་ལངས་སྟབས་སུ་སྔགས་ངོ་ནང་དུ་ལྟ་བ་ནང་ནས་བཀླག་ཕྱོགས་གཡས་སྐོར་དུ་བཀོད། སྔགས་རིང་པ་རྣམས་ནི་ཕྱི་ནང་རིམ་པ་སྐོར་ལུགས་སྔ་མ་ལྟར་བྱ། བཟླ་བའི་དུས་གཡོན་དུ་འཁོར་དགོས་པ་ཡིན། སྔགས་ཕྲེང་གཡས་གཡོན་དུ་འཁོར་ཚུལ་ནི། སྤྱིར་བཏང་ལྷ་ཡབ་ཀྱི་རིགས་རྣམས་ལ་གཡས་འཁོར་དང་། ཡུམ་རྣམས་གཡོན་འཁོར་ལྟ་བུར་འདུག་ཀྱང་མཐའ་གཅིག་ཏུ་ངེས་པ་མེད་པས་རང་གཞུང་གང་ཡིན་གྱི་དགོངས་པ་གཙོ་བོར་འདོ ན་དགོས་སོ། །

༈ བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་ཡི་གེ་བརྒྱ་བའི་གོ་དོན་ཉུང་ཤས་ཞིག་གླེང་ན། ཐོག་མར་ༀ་ནི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བདག་ཉིད་གཞོམ་དུ་མེད་པ་ཉིད་ཡི་གེའི་རྣམ་པར་ཤར་བ་སྟེ། སྒྲའི་དབང་གིས་དོན་མང་པོ་ལ་འཇུག་ཀྱང་འདིར་སླད་ཀྱི་དམ་བཅའ་དང་བཀྲ་ཤིས་པའི་དོན་དུ་གཟུང་ངོ་། །ཀློག་པའི་ཚེ་མཁས་རློམ་འགའ་ཞིག །ༀ་གྱི་མ་དང་ཧཱུྃ་གི་ང་། ཚིག་གྲོགས་དག་ལ་ལྟོས་པ་མིན། ཞེས་ཟེར་ཏེ་ཨོམ་དུ་ཀློག་པར་བྱེད་ཅིང་། བོད་ཕལ་ཆེར་དེའི་རྗེས་སུ་འབྲང་ཡང་མི་འཐད་དེ། རྗེས་སུ་ང་རོའི་སྔགས་ཀྱི་གཟུགས་བཤིག་ནས་གཞན་དུ་འདོན་པར་སྣང་བའི་ཕྱིར་རོ། །སྒྲའི་གཞུང་དག་ལས། ༀ་ལ་སོགས་པ་གཞན་ལ་མཚམས་མི་སྦྱོར་བར་བཤད་པ་ཡང་རྗེས་སུ་ང་རོ་བཤིག་ནས་མཚམས་མི་སྦྱོར་བ་ཡིན་མོད། རྗེས་སུ་ང་རོ་མར་བཀླག་ན་འབྲུ་གསུམ་ལྟ་བུར་ཨོ་མཱཿཧཱུྃ་ཞེས་བཀླག་ད གོས་པས་མཚམས་སྦྱར་བ་ཀ་ཡིན་ཞིང་གཞན་ཀ་སྡེ་ཕ་རོལ་ༀ་ཀཱ་ར་ལྟ་བུར་མར་བཀླགས་ན་མཚམས་སྦྱོར་མི་སྦྱོར་གཉིས་ག་དང་འགལ་བ་ཡིན་ནོ། །འོ་ན་རྗེས་སུ་ང་རོ་ཉིད་མ་ཉམས་པར་ཇི་ལྟར་ཀློག་ད གོས་ཞེས་པ་འཕགས་ཡུལ་བའི་ངག་རྒྱུན་འདི་ལྟར་ཐོས་ཏེ། ང་རོ་སྣ་ལྡན་གྱི་ལུས་འགྱུར་ཡིན་པས་གདངས་ཀྱི་མཇུག་སྣར་སོན་པའི་ང་ཡིག་གི་མཐའ་ཅན་དང་། ཕྱོགས་མཐུན་ཙམ་དུ་ཀློག་པ་ལས་ང་ཡིག་དངོས་ཀྱི་སྒྲ་གཏན་མེད་པ་ཞིག་སྟེ་ཨེ་འོང་ཟེར་བ་ལྟ་བུ་ཀློག་དགོས་སོ། །བཛྲ་ནི་རྡོ་རྗེ་སྟེ་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་གཞན་རྐྱེན་སྤྲོས་མཚན་གང་གིས་ཀྱང་མི་ཕྱེད་པའི་དོན་ཏོ། །ས་ཏྭ་ནི་སེམས་དཔའ་སྟེ་ཐབས་སྙིང་རྗེ་ཆེན་པོའི་དོན་ཏོ། །དེས་ན་རྡོ་རྗེ་སེམས་དཔའ་ཞེས་པ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་དབྱེར་མི་ཕྱེད་ཅིང་ཟུང་དུ་འཇུག་པའི་རོ་མཉམ་བདེ་བ་ཆེན་པོ་སྟེ་འདི་ཉིད་དྲི་བཅས་མ་དག་པའི་གནས་སྐབས་སུ་འཁོར་བ་དང་། དྲི་མ་སྦྱོང་བྱེད་ཀྱིས་རིམ་པས་སྲབ་པའི་གནས་སྐབས་སུ་ལམ་པ་དང་། ཤིན་ཏུ་དྲི་བྲལ་གྱི་གནས་སྐབས་སུ་སངས་རྒྱས་ཞེས་བྱ་ཞིང་སྦྱངས་འབྲས་དེ་ཉིད་གདུལ་བྱའི་བསམ་པའི་དབང་གིས་སྣང་བརྙན་དུ་སྟོན་པ་ནི་རྟགས་ཀྱི་རྡོ་རྗེ་སེམས་དཔའ་འོ། །ཀློག་ཚུལ་ཡང་ཛ་ཡིག་དང་ཏྭ་ཡིག་དག་སྲོག་མེད་ཡིན་པས་བ་ཡིག་དང་ས་ཡིག་སྲོག་ཅན་དག་ལ་ཡར་སྦྱར་བར་བྱ་ཞིང་། ར་ཡིག་དང་ཝ་ཡིག་དག་དབྱངས་དང་ལྡན་པ་ཡིན་པས་རང་ཚོ་༼ཚུགས་༽ ཐུབ་པར་བཀླག་དགོས་ཀྱི། དེ་ལས་བཟློག་སྟེ་ཛཱར་དང་ཏོ་ཞེས་ཀློག་པ་ནི་རྣམ་པར་འཁྱམས་པའོ། །ཨོ་ཡིག་ཞུགས་པ་དང་། བ་ཕྱེད་ཝར་འབོད་པའི་ཚུལ་ལ་ཁྱད་པར་ཡོད་དེ། སྔ་མ་མིག་འཛུམ་གཉིས་ཀྱི་ཡུན་དུ་ཀློག་དགོས་ལ། ཕྱི་མ་མཆུ་འཛུམ་པ་དང་བཅས་པས་མིག་འཛུམ་གཅིག་གི་ཡུན་དུ་བཀླག་དགོས་པའི་ཕྱིར་རོ། །འདི་སོགས་བཛྲ་སཏྭ་གར་ཡོད་ཀྱི་མཐར་བོད་སི་བྱིན་པ་ཡིན་པས་ཀྱེ་རྡོ་རྗེ་སེམས་དཔའ་ཞེས་རྡོར་སེམས་ཀྱི་ཐུགས་དམ་བསྐུལ་བའི་ཕྱིར་མཚན་ནས་བོད་པ་ཡིན་ནོ། །ས་མ་ཡ་ཞེས་པ་སྔགས་ཀྱི་སྐབས་འདིར་དམ་ཚིག་སྟེ་གཞན་དུ་དུས་དང་སྐབས་སོགས་ལ་འཇུག་གོ། །དེས་ན་དམ་ཚིག་གི་སྒྲ་དོན་ཡང་མི་འདའ་བའི་དོན་ཏེ། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་དུས་སམ་སྐབས་དེ་ལས་གཞན་དུ་འདའ་བར་མི་བྱ་བའི་དོན་དུ་གཟུང་དགོས་ཀྱི། འགའ་ཞིག་དམ་ལས་འདས་ན་ཚིག་པར་འགྱུར་བས་དམ་ཚིག་གོ་ཞེས་སོགས་སུ་འཆད་པ་ནི་སཾ་སྐྲྀ་ཏའི་སྐད་ཀྱི་རྒྱུས་མེད་པའི་ཉམས་བསྟན་པ་དངོས་སོ། །ས་མ་ཡ་ལ་རྣམ་དབྱེ་གཉིས་པ་ཨམ་བྱིན་པས་ས་མ་ཡཾ་ཞེས་འབྱུང་བ་ཡིན་ནོ། །ཨ་ནུ་པཱ་ལ་ཡ་ཞེས་པ་རྗེས་སུ་སྐྱོངས་ཤིག །ཅེས་བྱ་སྟེ་གང་སྐྱོང་ན་སྔར་བཤད་པའི་དམ་ཚིག་དེའོ། །མཚམས་སྦྱོར་གྱི་དབང་གིས་ཀླད་ཀོར་མ་རུ་བསྒྱུར་བས་ས་མ་ཡ་མ་ནུ་པཱ་ལ་ཡ་ཞེས་པའོ། །དེས་ན་གོང་དུ་ཐུགས་དམ་བསྐུལ་བའི་ཕྱིར་མཚན་ནས་བོས་ཏེ་ཐུགས་དམ་བསྐུལ་རྒྱུ་དངོས་བདག་ལ་དམ་ཚིག་རྗེས་སུ་སྐྱོངས་ཤིག་ཅེས་བྱ་བ་འདི་ཡིན་ཏེ་ཚིག་འོག་མ་རྣམས་ལའང་འདི་འགྲེས་ནས་ཤེས་པར་བྱའོ། །ཡང་བཛྲ་ས་ཏྭ་ནི་བོད་སི་དང་བཅས་པ་རྡོ་རྗེ་དོན་སྔ་མ་བཞིན་ནོ། །ཏྭེ་ནོ་ཞེས་པ་ཡུཥྨཱཏཱ་ཀྱི་ལུས་འགྱུར་ཏྭཏ྄་ལ་རྣམ་དབྱེ་གསུམ་པའི་ཌཱ་བྱིན་པ་སྟེ་བོད་སྐད་ཁྱོད་ཀྱིས་ཞེས་པར་འགྱུར་བས་རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས་ཞེས་བྱ་བའི་དོན་ཏོ། །ཀློག་ཚུལ་ཡང་ཏ་ཡིག་གི་སྒྲ་ཅུང་ཟད་དང་བཅས་པའི་བ་ཕྱེད་ཝར་འབོད་པ་ལ་དབྱངས་ཨེ་སྦྱར་བའི་ལུགས་ཀྱིས་མིག་འཛུམ་གཉིས་ཀྱི་ཡུན་དུ་བཀླག་དགོས་ཀྱི་ཏེ་ནོ་ཞེས་ཀློག་པ་ནི་མ་དག་པའོ། །ཨུ་པ་ཏིཥྩ་ཞེས་པ་པཉྩ་མའི་མཐའ་ཅན་ཡིན་པས་ཉེ་བར་བཞུགས་ཤིག་པ་སྟེ་གང་བཞུགས་ན་རྡོ་རྗེ་སེམས་དཔའ་ཁྱོད། །དེ་ཡང་སྔ་མའི་ན་ཡིག་དང་སྦྱར་བས་ཏྭེ་ནོ་པ་ཏིཥྛ་ཞེས་པར་འགྱུར་རོ། །གང་ལ་བཞུགས་ན་བདག་ལའོ། །ཚུལ་ཇི་ལྟར་བཞུགས་ན་བརྟན་པའི་ཚུལ་གྱིས་སོ། །དེ་ལྟར་ཡང་དྲྀ་ཌྷོ་ཞེས་བརྟན་པའི་སྐད་དོད་ལ་རྣམ་དབྱེ་དང་པོའི་སི་བྱིན་པས་དྲྀ་ཌྷཿ མེ་ཞེས་པ་བདག་ལ་སྟེ་རྣམ་དབྱེ་བཞི་པའི་ཤུལ་ལོ། །དེ་གཉིས་མཚམས་སྦྱར་བས་དྲྀ་ཌྷོ་མེ་ཞེས་པར་འགྱུར་རོ། །བྷ་ཝ་ཞེས་པ་པཉྩ་མིའི་མཐའ་ཅན་ཏེ་མཛོད་ཅིག་ཅེས་སོ། །དེའང་ཚིག་སྔ་མ་རྣམས་དང་སྦྲེལ་ན་རྡོ་རྗེ་སེམས་དཔའ་ཁྱེད་བདག་ལ་བརྟན་པས་ཉེ་བར་བཞུགས་པར་མཛོད་ཅིག་ཅེས་འབྱུང་། །འདི་སྐབས་འདི་ཤེས་དགོས་ཏེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །ཅེས་སོགས་ཀྱིས་བསྟན་པའི་གནས་ལུགས་དོན་གྱི་རྡོ་རྗེ་སེམས་དཔའ་དེ་ཉིད། བདག་གཞན་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་གདོད་ནས་ཁྱབ་ཅིང་བཞུགས་པ་ཡིན་མོད་ཀྱི་སྔོན་ཆད་དེ་ལྟར་ངོ་མ་ཤེས་པ་དེ་འདིར་རང་གིས་རང་རིག་པའི་ཚུལ་གྱིས་མངོན་སུམ་དུ་གྱུར་པ་ལ་ཉེ་བར་བཞུགས་པ་ཞེས་བྱ་བའི་སྒྲས་བསྟན་པ་ཡིན་ནོ། །བཀླག་ཚུལ་གཞན་གོ་སླ་ལ་སྔགས་ཀློག་མཁན་པོ་ཕལ་ཆེར་གྱིས་ཏིཥྛ་ལ་ཤ་ཥ་ས་གསུམ་ས་རུ་ཀློག །ཅེས་ཥ་ས྄ར་ཀློག་ཅིང་། ས྄་སྒྲ་ཐོན་པར་བྱེད་མོད། མི་འཐད་དེ། དེ་ལྟ་ཡིན་ན་འདི་སྐབས་ཤ་ཥ་ས་གསུམ་བྱེ་བྲག་མེད་པར་ས྄་ཡིག་ཏུ་གྱུར་པའི་ཤུགས་ཀྱིས་འོག་གི་ཋ་ཡིག་ཀྱང་ཐ་ཡིག་ཏུ་འདོན་དགོས་པར་འགྱུར་བའི་ཕྱིར་ཏེ་སྒྲའི་གཞུང་ཆེན་པོ་རྣམས་ལས་བརྒལ་ཏེ་སྨྲ་མི་ནུས་པའི་ཕྱིར་རོ། །ཁོ་ན་རེ། འདི་ནི་ཀློག་ཚུལ་ཡིན་གྱི་ཡིག་གཟུགས་ལ་དེ་མི་མཚུངས་པས་སྐྱོན་མེད་དོ་ཞེ་ན། འོ་ན་ལྷའི་སྐད་ལེགས་པར་སྦྱར་བ་ཐམས་ཅད་ཡི་གེའི་གཟུགས་ཙམ་གྱི་ཕྱིར་ཡིན་པར་སྨྲ་བ་གདོན་མི་ཟ་བས་ཁྱེད་ཀྱི་གནས་སྐབས་ཅི་འདྲར་གྱུར་ཞིག་གུ། དེས་ན་ཥ྄་ཉིད་ཏི་ལ་ཡར་སྦྱར་ཏེ་ཥ྄འི་སྒྲ་ཟུར་ཐོན་པར་བཀླག་དགོས་པ་རིགས་པས་གྲུབ་ཅིང་འཕགས་ཡུལ་པ་དག་གི་ངག་ལས་ཀྱང་ཐོས་སོ། །ཉེར་བསྒྱུར་སུ་སྔོན་མའི་ཏོཥྱ་ལ་སི་བྱིན་པ་ཏོཥྱཿཞེས་པར་གྲུབ་སྟེ་ལེགས་པར་ཚིམས་པའམ་ཤིན་ཏུ་ཚིམས་པ། མེ་བདག །བྷ་ཝ་མཛོད་ཅེས་པར་འགྱུར་ཏེ་རྣམ་བཅད་ཨ་རུ་བསྒྱུར་ཏེ་མཚམས་སྦྱར་བས་སུ་ཏོཥྱ་མེ་བྷ་ཝ་ཞེས་སོ། །དེས་ན་བདག་འཕོ་འགྱུར་སྤྲོས་པ་དང་བྲལ་བའི་དགའ་བ་དང་བདེ་བ་ཆེན་པོའི་རོ་ཡིས་ཤིན་ཏུ་ཚིམས་པར་མཛོད་ཅིག་པར་བསྐུལ་བ་སྟེ་ཚོར་བདེ་ཙམ་གྱིས་ནི་མ་ཡིན་ནོ། །ཀློག་ཚུལ་ལ་འགའ་ཞིག་གིས་ཏོས་ཡོ་ཞེས་དང་། འགའ་ཞིག་གིས་ཏོ་ཥ་ཡོ་ཞེས་ཀློག་པ་ནི་ནམ་ཡང་མི་འཐད་དེ། སྔ་མས་ཥ྄འི་སྒྲ་ཟུར་མ་ཐོན་པའི་ཕྱིར་དང་། ཕྱི་མས་ཥ ྄་ཡིག་སྲོག་ཅན་དུ་བཀླགས་པའི་ཕྱིར་རོ། །འོ་ན་ཇི་ལྟར་ཞེ་ན་ཥ྄་ཡིག་གི་ཟུར་ཐོན་ཙམ་གྱིས་ཏོ་ལ་ཡར་སྦྱར་ཏེ་ཀློག་པ་ཡིན་ཞིང་འཆད་འགྱུར་པོ་ཥྱོ་ལའང་འགྲེའོ། །དེ་བཞིན་དུ་སུ་པོཥྱོཿཤིན་ཏུ་རྒྱས་པའམ་ལེགས་པར་རྒྱས་པ། མེ་བྷ་ཝ་སྔ་མ་རྣམས་དང་འདྲ་བ་སྟེ་བསྡོམ་པར་སུ་པོཥྱོ་མེ་བྷ་ཝ་ཞེས་སོ། །དེའང་བདག་ཤིན་ཏུ་རྒྱས་པར་མཛོད་ཅིག་ཅེས་པ་སྟེ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པར་མཛོད་ཅིག་པའི་དོན་ནོ། །ཉེར་བསྒྱུར་ཨ་ནུ་སྔོན་མའི་རཀྟ་ལ་སི་བྱིན་པ་ཨ་ནུ་རཀྟཿནི་རྗེས་སུ་ཆགས་པ་དང་། མེ་བྷ་ཝ་སྔ་མ་བཞིན་མཚམས་སྦྱར་བས་ཨ་ནུ་རཀྟོ་མེ་བྷ་ཝ་ཞེས་པ་བདག་ལ་རྗེས་སུ་ཆགས་པར་མཛོད་ཅེས་པར་འགྱུར་ཏེ། དོན་དུ་ཆགས་པའི་དྲི་མ་རིང་དུ་སྤངས་པའི་ཟུང་འཇུག་གི་སྙིང་རྗེ་ཆེན་པོ་ལ་རྡོ་རྗེ་ཆགས་ཆེན་ཞེས་བཏགས་པ་དེས་བདག་ལ་རྗེས་སུ་བརྩེ་བར་མཛོད་ཅེས་སོ། །སརྦ་ཞེས་པ་ཐམས་ཅད། སིདྡྷི་དངོས་གྲུབ། དེ་ལ་གཉིས་པའི་ཨམ྄་བྱིན་པས་སིདྡྷིཾ། མེ་བདག་ལ། ཉེར་བསྒྱུར་པྲ་སྔོན་མའི་ཡཙྪ་རབ་ཏུ་སྩོལ་ཅིག་ཅེས་པར་འགྱུར་ཏེ་བསྡོམས་པས་དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྩོལ་ཅིག་ཅེས་པའོ། །དོན་ནི་གཞན་གོ་སླ་ལ་ཐམས་ཅད་ཅེས་པའི་སྒྲས་འདི་སྐབས་མཆོག་ཐུན་གྱི་དངོས་གྲུབ་ཆེ་ཕྲ་ཐམས་ཅད་དོ། །ཀློག་ཚུལ། །སིདྡྷིཾ་ཀྱི་ཀླད་ཀོར་མ་རུ་བཀླགས་ཀྱང་རུང་ལ། ཡཙྪ་ཞེས་པའི་ཙ་གོང་དུ་སྦྱར་བས་ཡད་ཟེར་བ་ལྟ་བུ་ལ་དའི་སྒྲ་མེད་པར་ཚ་ཡིག་ཤུགས་ཆེ་ཙམ་དུ་བཀླགས་པས་དོན་གྲུབ་པ་ཉིད་དོ། །སརྦ་ཞེས་པ་ཐམས་ཅད། ཀརྨ་ལས། དེ་ལ་རྣམ་དབྱེ་བདུན་པའི་མང་ཚིག་སུས྄་བྱིན་པ་ཀརྨ་སུ་སྟེ་ལས་རྣམས་ལ་ཙ་ཞེས་པ་སླར་བསྡུས་དོན་ཅན་གྱི་མི་ཟད་པ་སྟེ་བོད་སྐད་ཀྱི་ཚིག་ཕྲད་འང་ཞེས་པའི་དོན་ནོ། །མེ་ཞེས་པ་མཏ྄་ལ་དྲུག་པ་བྱིན་པ་སྟེ་བདག་གི། ཙིཏྟ་ལ་ཨམ྄་བྱིན་པས་ཙིཏྟཾ་སེམས་ལ། ཤྲེ་ཡཿདགེ་བ། ཀུ་རུ་མཛོད་ཅིག་པ་སྟེ་དེ་རྣམས་བསྡོམས་པས། ལས་ཐམས་ཅད་ལའང་བདག་གི་སེམས་དགེ་བར་མཛོད་ཅིག་ཅེས་པའོ། །དེའང་ལས་སུ་བྱ་བ་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་ཞིང་། ཡིད་དགེ་ན་ལས་ཐམས་ཅད་དགེ་བར་འགྱུར་བའི་ཕྱིར་སེམས་དགེ་བར་མཛོད་ཅིག་ཅེས་བསྐུལ་བ་ཡིན་ཞིང་། ངེས་དོན་དུ། གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་པ་ལྟར་བདེ་བ་ཆེན་པོ་སེམས་ཀྱི་རྡོ་རྗེ་གཅིག་ཉིད་ཀྱི་རང་རྩལ་ལས་སྲིད་ཞི་གནས་སྣང་གི་བཀོད་པ་དུ་མ་རྣམ་པར་འཕྲུལ་ཞིང་། ཇི་ཙམ་དུ་འཕྲུལ་ཡང་སེམས་ཉིད་བདེ་བ་ཆེན་པོའི་རང་བཞིན་ལས་མ་འདས་པའི་ངེས་གསང་རྟོགས་པའི་ཕྱིར་བསྐུལ་བའི་ཚིག་གོ། །ཧཱུྃ་ཞེས་པ་དེ་བཞིན་གཤེགས་པ་རིགས་ལྔ་ཀ་ལ་རྒྱས་འདེབས་པར་བྱེད་པ་རྡོ་རྗེ་སེམས་དཔའི་ས་བོན་ཏེ་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པའི་རང་བཞིན། ཧ་ཡིག་བཞི་ནི་དགའ་བ་བཞི་རྣམ་པར་དག་པའི་རང་བཞིན། ཧོཿཡིག་ནི་ཡུལ་གཟུགས་ལ་སོགས་པ་དང་། ཡུལ་ཅན་མིག་ལ་སོགས་པ་དག་རྣམ་པར་དག་པའི་རང་བཞིན་ཏེ། དེ་དག་ཡོངས་སུ་རྫོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་ཡང་བྷ་ག་ཝན་ཞེས་པ། བཅོམ་པ་བཞི་དང་ལྡན་པའམ། སྐལ་པ་དྲུག་དང་ལྡན་པའི་ཕྱིར་བཅོམ་ལྡན་ཏེ། འདས་ཞེས་པ། ཕྱི་རོལ་པའི་ལྷ་ཆེན་པོའི་མིང་དང་འཁྲུལ་བ་སེལ་བའི་ཕྱིར་ལོ་ཙཱ་རྣམས་ཀྱིས་བླ་ཐབས་སུ་བསྣན་པའོ། །སརྦ་ནི་ཐམས་ཅད། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་སྟེ་ཡང་དག་པའི་མཐའ་ཇི་ལྟ་བ་དེ་བཞིན་དུ་གཤེགས་པའི་དོན། བཛྲ་ནི་རྡོ་རྗེ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དོན་ཅན་ཡིན་ཞིང་མཐར་རྣམ་དབྱེ་དང་པོ་འབོད་པའི་དོན་དུ་སྦྱར་བ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བསྐུལ་བའི་ཕྱིར་རོ། །དེས་ན་དེ་དག་བསྡོམས་པས། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པར་འགྱུར་རོ། །འོ་ན་ཐུགས་དམ་བསྐུལ་ནས་ཅི་ཞིག་བྱ་ཞེ་ན། མཱ་མེ་མུཉྩ་སྟེ། མཱ་ཞེས་པ་དགག་ཚིག །མེ་བདག །མུཉྩ་དོར་ཅིག་ཅེས་པར་འགྱུར་པས་བསྡོམས་ན་བདག་མ་དོར་ཞེས་སོ། །དེའང་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་བདག་མི་འབྲལ་བར་མཛོད་ཅིག་ཅེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་འཆིང་བས་ནམ་ཡང་ལྷོད་པར་མ་མཛད་ཅིག་ཅེས་པའི་དོན་དུ་གཟུང་ངོ་། །སླར་ཡང་བཛྲཱི་བྷ་བ་ཞེས་པ། བཛྲཱི་ནི་རྡོ་རྗེ་ཅན། བྷ་བ་མཛོད་ཅིག་ཅེས་པར་འགྱུར་བས་རྡོ་རྗེ་ཅན་དུ་མཛོད་ཅེས་སོ། །དེ་ནི་དོན་སྔ་མ་གསལ་བར་བྱེད་པའི་ཚིག་སྟེ། སྔར་བདག་མ་དོར་ཅེས་གསོལ་བ་བཏབ་ནས། མི་འདོར་བའི་ཚུལ་འདིས་གསལ་བར་བྱས་པའི་ཕྱིར་ཏེ་བཤད་མ་ཐག་པ་ལྟར་རོ། །མ་ཧཱ་ཞེས་པ་ཆེན་པོ། ས་མ་ཡ་དམ་ཚིག །ས་ཏྭ་སེམས་དཔའ་སྟེ་བསྡོམས་པས། དམ་ཚིག་སེམས་དཔའ་ཆེན་པོ་སྟེ། དུས་དང་བྲལ་བའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་སེམས་དཔའ་ཆེན་པོ་ཞེས་བྱ་བའི་དོན་ཡིན་ཞིང་། མཐར་དེ་ལ་བོད་པའི་སི་བྱིན་པའོ། །བོས་ནས་ཅི་ཞིག་དོན་དུ་གཉེར་ཞེ་ན། ཨཱཿཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་གཞོམ་དུ་མེད་པའི་ཡི་གེ་སྟེ། ༀ་ཡིག་ལྟར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བཤད་པའང་ཡོད་ཅིང་འདི་སྐབས་མ་ལུས་པའི་དོན་ཅན་ཏེ། མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རོ་མཉམ་དུ་གྱུར་པའི་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་དུ་བདག་སྒྲུབས་ཤིག་ཅེས་བསྐུལ་བའི་དོན་དུ་ཤེས་པར་བྱའོ།། འདི་སྐབས་ཐམས་ཅད་དུ། འ་ཆུང་དང་ན་རོ་དང་འགྲེང་བུ་ཅན་རྣམས་མིག་འཛུམ་གཉིས་ཀྱི་ཡུན་དང་། གཞན་ཐུང་ངུ་རྣམས་མིག་འཛུམ་རེ་རེའི་ཡུན་དུ་མ་ནོར་བར་བཀླག་པར་བྱ་ཞིང་། བྷ་ཡིག་རྣམས་དེང་སང་ཟེར་བ་བཞིན་དུ་ཀློག་པར་འདུག་ཀྱང་འཕགས་ཡུལ་པ་རྣམས་ཀྱིས་ནི། ཧའི་སྒྲ་ཅུང་ཟད་དང་བཅས་པའི་བ་ཡིག་གདངས་མཐོན་པོས་ཀློག་པ་ཁོ་ན་ཐོས་པས་དེ་བཞིན་དུ་བྱའོ། །དེ་ལྟར་ཡི་གེ་བརྒྱ་བའི་གོ་དོན་ཀློག་ཚུལ་དང་བཅས་པ་ཉུང་ཤས་འདི་སི་ཏུ་དྷརྨྨཱ་ཀ་རས་ཁམས་སྨྱོན་དབོན་པོའི་བཞེད་པ་བཞིན་སྤེལ་བ་མངྒ་ལམ།། །།

ཡི་གེ་བརྒྱ་བའི་ཚིག་འགྲེལ།

ཡི་གེ་བརྒྱ་བའི་ཚིག་འགྲེལ་བཞུགས་སོ། །

༈ གང་མཚན་བདུད་རྩིའི་ཟེག་མ་གཅིག་གིས་ཀྱང་། །སྲིད་གསུམ་གདུང་བའི་མེ་དཔུང་གཞིལ་མཛད་པ། །སངས་རྒྱས་ཀུན་གྱི་ཕྲིན་ལས་རྨད་བྱུང་བ། །དཔལ་ལྡན་བླ་མ་རྡོ་རྗེ་སེམས་དཔར་འདུད། །འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཡང་སྙིང་གསང་སྔགས་རྒྱུད་སྡེ་ཀུན་གྱི་སྙིང་པོ་བཀླགས་པ་ཙམ་གྱིས་དོན་ཀུན་བདེ་བླག་ཏུ་འགྲུབ་པའི་རིགས་སྔགས་རྒྱལ་པོ་ཡི་གེ་བརྒྱ་བ་འདི་ཉིད་ཅུང་ཟད་བཤད་པ་ལ། དེ་ལ་ༀ་ནི་དམ་བཅའ་བ་དང་། བདེ་ལེགས་དང་། བཀྲ་ཤིས་པའི་དོན་ཏེ་སྔགས་ཀྱི་མགོ་འདྲེན་ཕྱིར་ཐོག་མར་བཞག་གོ། །བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ་སྟེ། ཤེས་རབ་སྟོང་པ་ཉིད་གཉིས་ཆོས་མཚན་མ་གང་གིས་ཀྱང་མི་ཆོད་ཅིང་མི་ཕྱེད་པའི་ཕྱིར་རྡོ་རྗེ་དང་། ཐབས་བདེ་བ་ཆེན་པོ་སྙིང་རྗེའི་སེམས་དང་དབྱེར་མེད་ཟུང་འཇུག་དག་པ་གཉིས་ལྡན་གྱི་གོ་འཕང་འགྱུར་བ་མེད་ཅིང་གཞན་དོན་ཕུན་སུམ་ཚོགས་པ་ལ་དཔའ་བས་སེམས་དཔའ་སྟེ། འབྲས་བུ་མཐར་ཐུག་པ་རྡོ་རྗེ་སེམས་དཔའི་ཐུགས་རྒྱུད་བསྐུལ་བའོ། །རྫོགས་རིམ་སྟོང་པ་ཉིད་རྡོ་རྗེ་དང་བསྐྱེད་རིམ་ཐབས་བདེ་བ་ཆེན་པོ་གཉིས་རང་རིག་འོད་གསལ་བའི་སེམས་དང་ཟུང་འཇུག་ཅི་རིགས་པ་རྟོགས་པ་ལ་དཔའ་བ་ནི་ལམ་རྡོ་རྗེ་སེམས་དཔའ་དང་། ཁམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཉིད་འདུས་མ་བྱས་འགྱུར་བ་མེད་པ་རྡོ་རྗེ་དང་། དྲི་བཅས་སེམས་ཉིད་འོད་གསལ་བའི་རང་བཞིན་འདུ་འབྲལ་མེད་པ་བདེ་བར་གཤེགས་པའི་སྙིང་པོ་ཉིད་དཔའ་ཞིང་བརྟན་པ་ནི་གཞིའི་རྡོ་རྗེ་སེམས་དཔའ་སྟེ་སྦྱངས་གཞིའོ། །བཛྲ་ས་ཏྭའི་སྔོན་རྗེས་གང་རུང་དུ་སྒྲའི་དབང་དུ་བོད་ཚིག་༼སི་བྱིན་ལ། མཆན།༽ གསལ་བས་ཀྱེ་བཛྲ་ས་ཏྭ་སྟེ། ཀྱེ་རྡོ་རྗེ་སེམས་དཔའ་ཞེས་བོས་ནས། ས་མ་ཡ་ནི་དུས་དང་གནས་སྐབས་དང་དམ་ཚིག་སོགས་ལ་འཇུག་ཅིང་། མ་ནུ་རྗེས་སུ་དང་ས་མ་ཡ་ནི་སྐྱོང་བ་སྟེ་ཐམས་ཅད་བསྡོམས་ཏེ་དྲང་ཐད་དུ་བཀླགས་ན་ཀྱེ་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསང་བ་ཟབ་མོའི་དུས་གསུམ་གནས་སྐབས་དེ་ལས་ནམ་ཡང་མི་འདའ་བར་རྗེས་སུ་སྐྱོངས་ཤིག་ཅེས་བསྐུལ་བའོ། །དེ་ཡང་ནམ་མཁའ་ཉིད་དངོས་པོ་ཐམས་ཅད་ལས་ནམ་ཡང་མི་འདའ་བ་བཞིན་སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་གསང་བ་ཟབ་མོའི་ཕྱག་རྒྱ་ལས་མི་འདའ་ཞིང་། ཁྱད་པར་དུ་བུས་བསྐུལ་བའི་མ་དུས་ལས་མི་འདའ་བ་བཞིན། གདུལ་བྱས་བསྐུལ་བས་དུས་ལས་ནམ་ཡང་མི་འདའོ། །བཛྲ་ས་ཏྭ་ནི་གོང་ལྟར་ཀྱེ་རྡོ་རྗེ་སེམས་དཔའ། ཏྭེ་ནོ་པ་ནི་ཁྱོད། ཏིཥྛ་ནི་བཞུགས། དྲྀ་ཌྷོ་ནི་བསྟན་པར་བྱ། མེ་ནི་བདག་ལ། བྷ་ཝ་ནི་མཛོད་ཅིག་པའོ། །འདི་སྡེབ་སྦྱོར་གོང་འོག་བཟློག་སྟེ་བཀླགས་ན། ཀྱེ་རྡོ་རྗེ་སེམས་དཔའ་ཁྱོད་བདག་ལ་ཉེ་བར་བསྟན་པས་བཞུགས་པར་མཛོད་ཅིག་ཅེས་བསྐུལ་བ་སྟེ། རང་ཉིད་དམ་ཚིག་གི་རྡོར་སེམས་བསྐྱེད་ན་དེ་ལ་ཡེ་ཤེས་ཀྱི་རྡོར་སེམས་བསྟིམས་ནས་འདོད་པ་མ་གྲུབ་ཀྱི་བར་དུ་དམ་ཡེ་དབྱེར་མེད་ཀྱི་ཕྱག་རྒྱས་བཅིངས་ཏེ་བཟླས་པ་བྱ་བ་ཡིན་ལ། ཡང་ན་གནས་ལུགས་དོན་གྱི་རྡོར་སེམས་སེམས་ཉིད་སྐྱེ་བ་མེད་པ་འཁོར་འདས་བརྟན་གཡོ་ཐམས་ཅད་ལ་ཉེ་བར་བཞུགས་ཤིང་འགྱུར་བ་མེད་པའི་བརྟན་པ་དེ་གསལ་འདེབས་ཤིང་། ད་ལྟར་ངོ་ཤེས་པའམ་མ་ཤེས་ཀྱང་རུང་བའི་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་ངོ་བོ་དང་རྟགས་ཀྱི་རྡོར་སེམས་གཉིས་དོན་ལ་འདུ་འབྲལ་མེད་པ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་ལ་ཡིད་ཆེས་པ་ནི་བཟླས་དམིགས་ཀྱི་གནད་དམ་པའོ། །སུ་ནི་ལེགས་པའམ་བཟང་པོའམ་ཤིན་ཏུ་ཞེས་པ་དང་། ཏོཥྱོ་ཚིམ་པར། མེ་བདག་ལ། བྷ་ཝ་མཛོད་ཅིག་སྟེ། བདག་ཟག་མེད་བདེ་བ་ཆེན་པོའི་རོས་ཚིམ་པར་མཛོད་ཅིག་པའོ། །འདི་བདུད་རྩི་འབེབས་སྦྱོང་སོགས་ཡིད་དབང་བླངས་བ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་སྟོང་ཉམས་སུ་མྱོང་བ་ཡིན་གྱི། ཟག་བཅས་བྱུང་ཚོར་གྱི་བདེ་བ་མིན་ནོ། །སུ་ནི་ལེགས་པའམ་ཤིན་ཏུ། པོཥྱོ་ནི་རྒྱས་པར། མེ་ནི་བདག་ལ། བྷ་ཝ་མཛོད་ཅིག་བསྡོམས་པས་བདག་ལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པར་མཛོད་ཅིག་ཅེས་དབང་བཞིའི་རྟོགས་བྱ་མཐར་ཐུག་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འགྱུར་བར་བསྐུལ་བའོ་༼འདིར་ཥ་ཡོ་མི་ཟེར་བར་ཏོས་ཡོ་པོས་ཡོ་ཞེས་བཀླག་ན་བདེའོ། །མཆན།༽ ཨ་ནུ་རྗེས་སུ། རཀྟོ་ནི་ཆགས་པ། མེ་བདག་ལ། བྷ་ཝ་མཛོད་ཅིག་སྟེ། བདག་ལ་རྗེས་སུ་ཆགས་པར་མཛོད་ཅིག །ཅེས་འཁོར་བའི་ས་བོན་གྱིས་ཉོན་མོངས་པའི་ཆགས་པ་དང་བྲལ་བ་ཟུང་འཇུག་གི་སྙིང་རྗེ་ཆེན་པོ་ནི་རྡོ་རྗེའི་ཆགས་པ་ཆེན་པོ་སྟེ་དེས་བདག་ལ་རྗེས་སུ་བརྩེ་བར་བསྐུལ་ལོ། །སྤྱིར་འཕགས་པ་རྣམས་ཀྱི་གཞན་དོན་གྱི་རྒྱུའི་གཙོ་བོ་སྙིང་རྗེ་ཡིན་ལ། དེས་སེམས་ཅན་མི་གཏོང་བས་འགྲོ་ལ་རྗེས་སུ་ཆགས་པ་ཞེས་བརྗོད་ཀྱི་སྤང་བྱའི་ཆགས་པ་ནི་མེད་དོ། །སརྦ་ཐམས་ཅད། སིདྡྷི་ནི་དངོས་གྲུབ། མེ་བདག །པྲ་རབ་ཏུ། ཡཙྪ་སྩོལ་ཅིག་ཅེས། མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདག་ལ་རབ་ཏུ་སྟེ་དུས་ད་ལྟ་ཉིད་དུ་སྩོལ་ཅིག །ཅེས་དམ་ཚིག་ཉམས་ཆགས་བཤགས་ནས་དངོས་གྲུབ་ཀྱི་དོན་ལ་བསྐུལ་བ་ནི་འགྲུབ་ངེས་པའི་དོན་ལ་སྨོན་པ་སྟེ། སྒྲིབ་པ་དག་ན་དངོས་གྲུབ་འབྱུང་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཞན་དུ་དབང་མ་ཐོབ་པས་དམ་ཚིག་མེད་པ་དང་ཐོབ་ནས་ཉམས་པ་རྣམས་ནི་བྱེ་མ་བཙིར་བའི་མར་བཞིན། སྔགས་དང་བཟླས་བརྗོད་ཇི་ལྟར་བརྩོན་ཡང་དོན་མི་འགྲུབ་པའི་སྟེང་ངན་སོང་དུ་འགྲོ་བར་གསུངས་སོ། །ཡང་སརྦ་ཐམས་ཅད། ཀརྨ་ལས། སུ་རྣམ་དབྱེ་བདུན་པའི་མང་ཚིག །ཙ་ནི་ཚིག་ཕྲད་འང་གི་དོན་ནོ། །མེ་བདག །ཙིཏྟ་ནི་སེམས། ཤྲེ་ཡཿདགེ་བར། ཀུ་རུ་མཛོད་ཅིག། ཅེས་ལས་ཐམས་ཅད་ལ་བདག་གི་སེམས་དགེ་བར་མཛོད་ཅིག་པའོ། །ལས་སུ་བྱ་བ་ཐམས་ཅད་ཀྱི་སྔོན་དུ་སེམས་འགྲོ་ཞིང་སེམས་དགེ་ན་ལས་ཐམས་ཅད་ཀྱང་དགེ་ཞིང་བདེ་བླག་ཏུ་འགྲུབ་པའི་སེམས་བསྐྱེད་འབྱུང་བར་ཡང་བསྐུལ་ལ། ངེས་པའི་དོན་དུ་ནི་བདེ་ཆེན་སེམས་ཀྱི་རྡོ་རྗེ་འདུས་མ་བྱས་པའི་རང་རྩལ་ལས་སྲིད་ཞི་གནས་སྣང་གི་བཀོད་པ་དུ་མར་འཕྲུལ་ཞིང་ལས་སྣ་ཚོགས་བྱས་ཀྱང་། ངོ་བོ་དོན་དམ་པའི་སེམས་ཉིད་བདེ་བ་ཆེན་པོའི་དབྱིངས་ལས་མི་འདའ་ཞིང་ཀུན་ཁྱབ་འགྱུར་བ་མེད་པ་སྤྲོས་པས་ནམ་ཡང་མ་རེག་པ་དགེ་ཞིང་ལེགས་པའི་རང་བཞིན་ཏེ་དངོས་གྲུབ་ཀུན་གྱི་མཐིལ་ཡིན་པས་ལས་དེར་སྦྱོར་ཞིང་རྟོགས་པར་མཛོད་ཅིག་ཅེས་ཀྱང་བསྐུལ་བའོ། །དེས་ན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་དང་ཁྱད་པར་སྔགས་ཀྱི་ལས་རབ་འབྱམས་སེམས་དགེ་བས་དབང་དུ་འགྱུར་བར་ཤེས་པར་བྱའོ། །ཧཱུྃ་ནི་རིགས་ལྔའི་སངས་རྒྱས་ལྔ་ཀ་ལ་རྒྱས་འདེབས་པར་བྱེད་པ་ཐུགས་རྡོ་རྗེ་སེམས་དཔའི་ས་བོན་ཏེ་ཕུང་པོ་ལྔ་ལ་སོགས་པ་རྣམ་པར་དག་པའི་ཡེ་ཤེས་ལྔའི་རང་བཞིན་གཅིག་ཏུ་བསྡུས་པའོ། །ཧ་ཧ་ཧ་ཧ་བཞི་དགའ་བ་བཞིའི་རྣམ་པར་དག་པའི་རང་བཞིན་གཟུང་འཛིན་གནས་སུ་དག་པ་ཐིག་ལེ་བདེ་སྟོང་གི་ངོ་བོ་ལྷ་དང་ཡེ་ཤེས་ཀྱི་རོལ་བར་ལྷག་པའི་ཆོས་སྐུ་ཆེན་པོའི་རང་བཞིན་དུ་རྟག་ཏུ་དགྱེས་བཞིན་བཞུགས་པས། ཧོཿ ཞེས། དེས་བདག་བསྒྲུབ་པ་པོ་ལའང་གསང་བ་གསུམ་ཡེ་ཤེས་ཀྱི་བདུད་རྩིའི་ཆར་རྒྱུན་ཕབ་པས་སྒོ་གསུམ་ཤེས་བྱའི་སྒྲིབ་པ་སྦྱངས་ཤིང་དབང་བཞིའི་ཡེ་ཤེས་མངོན་དུ་འགྱུར་བར་བསྐུལ་བའོ། །བྷ་ག་ཝན་བཅོམ་ལྡན་འདས་སརྦ་ཐམས་ཅད་ཏ་ཐཱ་དེ་བཞིན། ག་ཏ་གཤེགས་པ། བཛྲ་རྡོ་རྗེ། མཱ་དགག་ཚིག །མེ་བདག །མུཉྩ་དོར་ཅིག་ཅེས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བསྐུལ་བ་སྟེ། ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བོས་ནས། རྡོ་རྗེ་གསུམ་གྱི་ཡེ་ཤེས་ཐབས་སྙིང་རྗེ་ཆེན་པོ་དང་ཟུང་དུ་འཇུག་པའི་ར་བ་ལས་བདག་ནམ་ཡང་མ་དོར་ཅིག་གམ་མི་འདའ་བར་མཛོད་ཅིག་ཅེས་སོ། །བཛྲཱི་ནི་རྡོ་རྗེ་ཅན་དང་། བྷ་ཝ་མཛོད་ཅིག་སྟེ། གང་གི་མ་དོར་ཅེས་སྐུལ་བ་ནི་བདག་རྡོ་རྗེ་ཅན་དུ་མཛོད་ཅིག་པའོ། །གསེར་འགྱུར་རྩི་ལྕགས་ལ་ཐེབས་པ་ལྟར། གསང་སྔགས་རྡོ་རྗེ་ཐེག་པའི་མཐུ་ནུས་རྨད་དུ་བྱུང་བས་སྒྲིབ་པ་མ་སྤངས་རང་སར་གྲོལ་བའི་ཚུལ་གྱིས་སྒོ་གསུམ་རྡོ་རྗེ་གསུམ་གྱི་བདག་ཉིད་ཅན་དུ་སངས་རྒྱས་པར་མཛོད་ཅིག་ཅེས་བསྐུལ་ལོ། །གནས་སྐབས་སུ་སྒོ་གསུམ་ཐབས་ཤེས་ཁྱད་པར་ཅན་ཏེ་བསྐྱེད་རྫོགས་གཉིས་སུ་མེད་པ་ལ་ལྷག་པའི་བདེན་པ་དབྱེར་མེད་ཀྱིས་ཟིན་ཅིང་དེ་ལས་མི་འདའ་བ་ནི་རིག་པ་འཛིན་པའམ་རྡོ་རྗེ་འཛིན་པའམ་རྡོ་རྗེ་ཅན་ཞེས་བྱ་བ་དེ་ལྟ་བུའི་སྐལ་བ་ཅན་དུ་བྱེད་པར་ཡང་གསོལ་ལོ། །མ་ཧཱ་ཆེན་པོ། ས་མ་ཡ་དམ་ཚིག། ས་ཏྭ་སེམས་དཔའ་འབོད་བྱེད་སི་བྱིན་ལ། ཀྱེ་དུས་གསུམ་ལས་འདས་པའི་དུས་ཆེན་པོ་ལས་ནམ་ཡང་མི་འདའ་བའི་དམ་ཚིག་གི་སེམས་དཔའ་ཆེན་པོ་ཞེས་བོས་ལ། ཅི་ཞུ་ན་ཨཱཿཞེས་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་གཞོམ་དུ་མེད་པའི་ཡི་གེ་འདི་ༀ་ལྟར་ཡེ་ཤེས་ལྔ་སོགས་སུ་བཤད་པའམ་སྐབས་འདིར་མ་ལུས་པའི་དོན་ལ་འཇུག་སྟེ། མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྐྱེ་བར་མེད་པར་རོ་མཉམ་པའི་ཡེ་ཤེས་ཆེན་པོ་གཅིག་ཏུ་བཞུགས་གྱུར་བའི་ངོ་བོར་བདག་ཀྱང་སྒྲུབས་ཤིག་ཅེས་པ་དང་། ཡང་ན་ཨཱཿཡེ་ཤེས་ལྔའི་རང་བཞིན་དང་ཨ་ཆོས་དབྱིངས་སྐྱེ་བ་མེད་པའི་ཡེ་ཤེས་འབའ་ཞིག་པ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་དགོངས་པ་རོ་གཅིག་ཏུ་བཞུགས་པའི་གནས་ཏེ་བདག་ཀྱང་ཨ་དེ་ཉིད་དུ་བྱང་ཆུབ་པར་མཛོད་ཅིག་ཅེས་སྐུལ་བ་ཡིན་ནོ། །གང་གི་བཀའ་གསུང་ལྡོག་མིན་དུ། །ཉུང་ངུའི་ངག་གིས་འདི་བཀྲལ་བས། དགེ་དེས་མཁའ་མཉམ་འགྲོ་བ་ཀུན། །སྒྲིབ་དག་རྡོ་རྗེའི་གནས་ཐོབ་ཤོག །དགེའོ། །

༈ དེ་བཞིན་གྲུབ་ཆེན་ཨུ་རྒྱན་པའི་མགུར་སོགས་ཀྱི་སྐབས། གྲུབ་ཆེན་ཨུ་རྒྱན་པ་ནི། སྔོན་མདོ་སྨད་གཡར་མོ་ཐང་དུ་བྱང་ཆུབ་གཞོན་ནུ་བྱ་བ་བྱུང་། དེ་སློབ་དཔོན་པདྨའི་དངོས་སློབ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་མཆོད་གནས་སུ་གྱུར་པ་ཞིག་གོ། །དེའི་གདུང་རབ་མང་པོ་སོང་བའི་མཐར། སྲས་དབོན་ཇོ་འཕན་གྱི་སྲས་སུ་ལྕགས་ཕོ་སྟག་གི་ལོ་ལ་འཁྲུངས། མཚན་སེང་གེ་དཔལ་དུ་གསོལ། བྱིས་པའི་དུས་ནས་ཏིང་ངེ་འཛིན་ཐུགས་རྒྱུད་ལ་རང་འཁྲུངས་སུ་ཡོད། དེ་ནས་ཁུ་བོའི་དྲུང་དུ་ལོ་བདུན་ནས་བཅུ་དྲུག་གི་བར་ཆོས་མང་པོ་གསན་ཞིང་མཁས་པར་བསླབས། དེ་རྗེས་ཆོས་རྗེ་རིན་ཆེན་རྩེ་མོ་ལས་ཆོས་མང་པོ་གསན་ཞིང་། འཆད་རྩོད་རྩོམ་གསུམ་ལ་འགྲན་ཟླ་མེད་པའི་གྲགས་པ་ཐོབ། དེ་ནས་ཆོས་རྗེ་རྒོད་ཚང་བས་དེ་རིང་ལས་ཅན་ཞིག་དང་འཕྲད་འོང་གསུངས་པའི་ལུང་བསྟན་མཛད་པ་བཞིན་དེར་ཕེབས་ནས་ཐུན་མོང་མ་ཡིན་པའི་བླ་མར་གྱུར། དགུང་ལོ་ཉི་ཤུ་ལོན་ཚེ་ཆོས་རྗེ་རིན་རྩེ་སོགས་ལས་བསྙེན་པར་རྫོགས། མཚན་རིན་ཆེན་དཔལ་དུ་གསོལ། ཆོས་རྗེ་རིན་རྩེ་དང་། གོ་ལུང་པ་གཉིས་ལས་དུས་འཁོར་གསན། སླར་རྒོད་ཚང་བའི་མདུན་དུ་བྱོན་པ་ཙམ་གྱིས་རོ་གཅིག་གི་རྟོགས་པ་འཁྲུངས། བཀའ་བརྒྱུད་ཀྱི་གདམས་པ་མཐའ་དག་གསན། ཆོས་རྗེ་རྒོད་ཚང་པ་ལ་བདག་ཤམྦྷ་ལར་དུས་ཀྱི་འཁོར་ལོའི་ཆེད་དུ་འགྲོ་ཞུས་པས། ཤམྦྷ་ལར་ལས་ཀྱི་འབྲེལ་བ་མེད། ལས་འབྲས་ཨུ་རྒྱན་དུ་ཡོད་པས་དེར་བྱོན་གསུངས། དུས་འཁོར་ལས་དཀའ་བའི་གནད་ཁྱོད་ལ་མི་ཤེས་པ་ཅི་འདྲ་ཡོད་གསུངས་པ་ལ། འདི་འདྲ་ཡོད་བྱས་ནས་འགའ་ཞིག་ཞུས་པས། ལན་ཇི་ལྟ་བ་བཞིན་གནང་བྱུང་། ཆོས་རྗེ་རིན་པོ་ཆེ་ཉིད་ཀྱིས་དུས་འཁོར་ནི་མ་གསན། འདི་འདྲ་བའི་མཁས་པ་འོང་བ་ཅི་ལགས་ཞུས་པས། ཆོས་རྗེས་ང་རང་ལ་བུད་མེད་དམར་མོ་ཞིག་གིས་པོ་ཏི་ཞིག་བྱིན། དེ་མིད་པའི་སྣང་བ་བྱུང་བས། བོད་དུ་འགྱུར་བའི་ཆོས་ལ་མི་ཤེས་པ་མེད་གསུངས། འོ་ན་བདག་ལ་དུས་འཁོར་གྱི་དབང་ཞིག་ཀྱང་གནང་བར་ཞུ་ཞུས་པས། ཉིད་ཀྱིས་གསོལ་བ་ཐོབ་ལ་རྨི་ལམ་ཟུངས་ཤིག་གསུངས་ནས། གསོལ་བ་བཏབ་པས་རྨི་ལམ་དུ་ཆོས་རྗེ་རིན་པོ་ཆེ་དུས་འཁོར་བ་སངས་རྒྱས་རྡོ་རྗེའི་ཆ་བྱད་དུ་མཛད་ནས་དུས་འཁོར་གྱི་དབང་རྒྱས་པ་ཞིག་གནང་བྱུང་། སད་དེ་སྤྱན་སྔར་བྱོན་པས་ཉིད་ཀྱི་ཐུགས་ཚིམ་མམ་གསུངས ། ཤིན་ཏུ་ཚིམ་ལགས། དེ་འདྲ་བའི་ཕྱག་ལེན་མཁས་པ་སུ་ལས་བསླབས་ཞུས་པས། མཁའ་འགྲོ་མས་བསླབས་པ་ཡིན་གསུངས། དེ་ནས་བྱང་མི་མེད་ཀྱི་རི་ལ་བྱོན་ཏེ་བཞུགས་པས་སྔར་གྱི་ཆོས་བརྗེད་པ་ཐམས་ཅད་སོས། དེ་ནས་ཏི་སེར་བྱོན། དེ་ནས་ཛ་ལནྡྷ་རར་བྱོན་ཚེ་འཇིགས་པའི་འཕྲང་མང་པོ་དང་གནམ་ས་བླ་འོག་འགྱུར་བའི་སྣང་བའང་ཤར། དེ་ཐམས་ཅད་བརྟུལ་ཞུགས་ཀྱིས་ཟིལ་གྱིས་མནན། ཨུ་རྒྱན་དྷུ་མ་ཐ་ལར་བྱོན། དེར་རྡོ་རྗེ་རྣལ་འབྱོར་མ་སྨད་འཚོང་མའི་བུ་མོའི་གཟུགས་སུ་བྱས་པ་ཞིག་གིས་ཚོད་མ་ཕོར་གང་བྱིན་ཞིང་བྱིན་གྱིས་རླབས་པས་ལས་ཀྱི་སྒྲིབ་པའི་ལྷག་མ་ཐམས་ཅད་སློངས་ཤིང་ཟད། རྡོ་རྗེ་གསུམ་གྱི་དོན་ཇི་ལྟ་བ་བཞིན་དུ་ཐུགས་ལ་འཁྲུངས། རྡོ་རྗེ་རྣལ་འབྱོར་མ་ཉིད་ཀྱི་སྐུར་བསྟན་ནས་ཞལ་གྱིས་གདམས་པ་ཡང་གནང་། དེ་ནས་བོད་དུ་ཕེབས་པ་ན་ཆོས་རྗེ་རྒོད་ཚང་བ་གཤེགས་འདུག །དེ་ནས་ལྕགས་མོ་བྱའི་ལོ་ལ་དཔོན་སློབ་མང་པོ་རྡོ་རྗེ་གདན་དུ་བྱོན། དེར་བྱང་ཆུབ་ཀྱི་ཤིང་གཟིགས་པས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རང་འཁྲུངས། དེ་ཕྱིན་ཆད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང་བྱང་ཆུབ་ཀྱི་སེམས་གཉིས་དང་སྐད་ཅིག་ཀྱང་མི་འབྲལ་བར་སེང་གེ་ལྟ་བུའི་རྣལ་འབྱོར་པ་ཆེན་པོར་གྱུར་ཏེ། སྤྱན་ཟུར་གྱིས་གཟིགས་པ་དང་། དབྱུག་པ་རེ་ཙམ་བསྣུན་པས་ནད་གདོན་མཐའ་དག་སོས།། མདོ་རྒྱུད་ཀྱི་ཆོས་ལ་འདི་མི་མཁྱེན་བྱ་བ་ཡང་མེད། ཕྱིས་རྒྱལ་པོ་གོ་ས་ལས་སྤྱན་དྲངས་ཏེ་དུས་འཁོར་ཀྱི་དབང་བསྐུར། རྒྱལ་པོས་བཞུགས་པར་ཞུས་པས། ང་སྐྲ་བོ་དོང་རིན་རྩེ་ལ་བཅད། གསོལ་བ་རྒོད་ཚང་བ་ལ་འདེབས། ལྷ་དབང་བརྒྱ་བྱིན་བྱུང་ཡང་མ་སོང་ཐབས་མེད་ཡིན་གསུངས་ནས་ཕྱིར་བྱོན། ངའི་བསྙེན་སྒྲུབ་འདི་བསྟན་ན་ལུང་པ་གྲུབ་ཐོབ་ཀྱིས་འགེངས་ཏེ། འབྲུག་པའི་བརྒྱུད་འཛིན་པས་ཁྲིད་ཆེན་བརྒྱད་ལ་གཙོ་བོར་བྱེད་པ་ཡིན་ཞེས་གསུངས་པ་ལྟར་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ནོ། །

༈ སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་སོགས་ཀྱི་སྐབས། བརྒྱུད་ཚུལ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་གྲུབ་ཆེན་དམ་པ་སངས་རྒྱས་ཀྱིས་བླ་མ་གསེར་གླིང་པ་སོགས་༼མཚན་ཉིད་དང་སྒྲ་རིག་པའི་བླ་མ་བཅུ་གཅིག། ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག །མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག །ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག །རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་སྟེ། ༽ གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན། བཅུད་ལེན་སོགས་ལ་བརྟེན་ནས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། བོད་དུ་ལན་ལྔ་བྱོན་ནས་སྐྱོ་ཤཱཀྱ་ཡེ་ཤེས་དང་ཡར་ཀླུང་སྨ་ར་སེར་པོ་སོགས་ལ་མདོ་ལུགས་ལྟར་གནང་བའོ། །མ་ཅིག་ནི་སྐྱེ་སྔོན་རྒྱ་གར་དུ་གྲོང་ཁྱེར་སེར་སྐྱ་ན་ཡབ་རྒྱལ་པོ་དཔལ་དབང་ཕྱུག་འཕགས་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་སྨོན་ལམ་དོན་གྲུབ་ཏུ་གྲགས། ཕྱིས་སུ་རབ་ཏུ་བྱུང་ནས་མཚན་དོན་གྲུབ་བཟང་པོར་གསོལ། པོ་ཏ་རིར་བྲག་ཕུག་བྷ་དྲར་བཞུགས། རྗེ་བཙུན་སྒྲོལ་མ་ལ་སོགས་པས་བོད་དུ་འགྲོ་དོན་དུ་ཕེབས་དགོས་ཚུལ་གྱིས་ལུང་བསྟན་པ་ལྟར་སྐུ་གཤེགས། སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ཏེ་འོད་འདོམ་གང་དང་ལྡན་པར་གྱུར་ཏོ། །དེ་ནས་བོད་དུ་བྱོན་ཚུལ་ནི། ཡུལ་ལ་ཕྱི་ན་ཡབ་ཆོས་ཀྱི་ཟླ་བ་རྒྱལ་མཚན་དང་། ཡུམ་འབུམ་ལྕམ་མ་ག ཉིས་ཀྱི་སྲས་སུ་འཁྲུངས། མཚན་ལབ་ཀྱི་སྒྲོན་མར་གྲགས། སྒྲ་སྐད་མི་འདྲ་བ་བརྒྱད་ཀྱི་སྒོ་ནས་ཉིན་རེ་ལ་ཤེར་ཕྱིན་པུསྟི་བཅུ་གཉིས་རེ་བཀླགས་པས་སྟོང་ཉིད་ཀྱི་ལྟ་བ་སྐྱེས། སྐྱོ་སྟོན་དང་དམ་པས་གདམས་ངག་གནང་ནས་རྒྱུད་གྲོལ་བའོ། །དེ་ལས་བརྒྱུད་ཚུལ་ནི། དབོན་སྲས་རྒྱལ་བ་དོན་གྲུབ། བརྒྱུད་འཛིན་སྟོང་སྡེ་ངག་གི་དབང་ཕྱུག ཐུགས་སྲས་གྲོལ་སྡེ་རྒྱལ་བའི་འབྱུང་གནས། ཁུ་སྒོམ་ཆོས་ཀྱི་སེང་གེ་སྟེ་ཐུགས་སྲས་བཞི། འབྲོག་ཚ་རྒྱན། དཔལ་ལྡན་རྒྱན། བསོད་ནམས་རྒྱན། རིན་ཆེན་རྒྱན་ཏེ་སྲས་མོ་བཞི། སྐྱེ་མེད་དགའ་ཡན། ཕོ་སྨྱོན་སེང་གེ། སྨྱོན་པ་རང་སྣང་། དོལ་པ་ཟང་ཐལ། ཞིག་པོ་ཧུར་ཐོན། སྐལ་ལྡན་སེང་གེ། རྒྱ་སྒོམ་ཧར་ཐོན། རྗེ་བཙུན་ཟིལ་གནོན་ཏེ་རང་དང་མཉམ་པ་བརྒྱད་ལ་སོགས་པ་བྱོན་པའོ། །སྤྱིར་བཀའ་སྲོལ་འདིའི་རང་སྐད་དུ། ཟུང་བཞི་ཡ་བརྒྱད་ཀྱིས་ཁོག་ཕུབ། མཚོན་པ་དཔེ་དྲུག་གིས་ཆེ་བ་བརྗོད། ཅེས་གསུངས་ཏེ། དང་པོ་ནི། ཞུ་བ་པོའི་གང་ཟག་གིས་དབྱེ་ན་ཕོ་བརྒྱུད་མོ་བརྒྱུད་གཉིས། ངོ་བོས་དབྱེ་ན་གཞུང་ཁྲིགས་ཅན་དང་ཁ་འཐོར་གཉིས། ཡོངས་ལ་གྲགས་ཚུལ་གྱིས་དབྱེ་ན་སྔ་དར་ཕྱི་དར་གཉིས། བྱོན་ཚུལ་གྱིས་དབྱེ་ན་བཀའ་མ་གཏེར་མ་གཉིས་ཏེ་ཟུང་བཞི་ལ་ཡ་བརྒྱད་དུ་བྱུང་ང་ོ། །ཟུང་བརྒྱད་ལ་ཡ་བཅུ་དྲུག་ཏུ་བཤད་པ་ནི། དམ་པ་ནས་བརྒྱུད་པ་བྲུལ་ཚོ་དྲུག་པ་སོགས་ཕོ་གཅོད་དང་། མ་ཅིག་ནས་ཕག་མོའི་གཅོད་སྐོར་སོགས་མོ༵་གཅོད༵། ཡུམ་ཆེན་སོགས་ནས་བྱོན་པ་བཀའ༵་མ༵་དང་དམ་པ་དང་མ་ཅིག་སོགས་ཀྱིས་སྤྱན་དྲངས་བའི་གཏེར་༵ མ༵། ཨཱཪྱ་དེ་བའི་རྒྱ་གཞུང་ཆེ་ཆུང་། ཏེ་ལོ་བའི་རོ་སྙོམས་གཟེར་ལྔ། ན་རོའི་གསང་སྤྱོད་ལ་སོགས་པ་རྒྱ་༵གཅོད་༵ དང་བོད༵་དུ་བྱུང་བའི་གཅོད༵་སྐོར། ཆོས་ཚན་སུམ་ཅུ་སོགས་མདོ༵་ལུགས༵་དང་། སྒྲོལ་མའི་རྒྱུད་བཞི་ལ་བརྟེན་པའི་དབང་དང་བསྐྱེད་རྫོགས་ལ་སོགས་པ་སྔགས༵་ལུགས༵། རྒྱལ་བ་དོན་གྲུབ། ཐོད་སྨྱོན། ཁམ་བུ་ཡ་ལེ། རྒྱན་ནེ་བཞི་ལས་བརྒྱུད་པ་སྲས༵་བརྒྱུད༵་དང་ཁུ་སྒོམ་སོགས་དོན༵་བརྒྱུད༵། ཐོག་སེར་གཟའ་སྲུང་གི་རིགས་གནམ་༵ཆོས༵་དང་། ས་དཔྱད་ཀླུ་གཉན་ས་བདག་གི་གཅོད་ས༵་ཆོས༵། ཟབ་དོན་སྙིང་ལྟ་བུ་ཁྲིགས༵་ཅན༵་དང་། རྒྱ་མདུད་མ་དང་ཚིག་གསལ་སོགས་ཁྲིགས་སུ་མ་བསྡེབས་པ་ཁྲིགས༵་མེད༵། དམིགས་འབུམ་འཐོར་བུའི་རིགས་ཁ༵་འཐོར༵་དང་། རྩ་བ་གཅིག ཡན་ལག་གསུམ། ཐུན་མོང་ཐུན་མིན་ཁྱད་པར་གྱི་ལེ༵་ལག༵་༼ཉམས་ཀྱི་བརྒྱུད་པའོ།༽གོ༵། གཉིས་པ་མཚོན་པ་དཔེ་དྲུག་ནི། གཅོད་འདི་གངས་དཀར་དང་འདྲ་སྟེ་གངས་ལ་ཁ་བ་བབ་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན་དུ་ུགཅོད་མཁན་རྣལ་འབྱོར་པ་ལ་ཐོས་པའི་ཤེས་རབ་ཡོད་ཀྱང་ལེགས་ལ་མེད་ཀྱང་ཆོག་པའོ། །སེང་གེ་ད ང་འདྲ་སྟེ་དེས་མང་པོ་ཟིལ་གྱིས་གནོན་ལ་གཅིག་པུར་ཉམས་ང་མེད་པ་བཞིན། གཅོད་བྱེད་པ་མང་པོ་དང་འགྲོགས་ཀྱང་ཆོག་ལ་གཅིག་པུར་འགྲིམས་ཆོག་པའོ། །རྔ་བོ་ཆེའི་སྐད་དང་འདྲ་སྟེ་རྔ་ཆེན་ལ་རོལ་མོ་གཞན་གྱི་སྒྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་བཞིན་འདི་ལ་དགེ་སྦྱོར་གྱི་གྲོགས་གཞན་ཡོད་མེད་ཀྱང་ཁྱད་མེད་དོ། །དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚད་དང་འཚམས་པར་འབྱུང་བ་བཞིན་ལུགས་འདིར་གང་ཟག་གི་བློ་ཚོད་དང་འཚམས་པར་བསླབ་ཏུ་ཡོད་པའོ། །གསེར་གཡུ་ཆག་པའི་དུམ་བུ་དང་འདྲ་སྟེ་ཆེ་ན་རིན་ཐང་ཆེ་ལ་ཆུང་ནའང་དེ་དང་འཚམས་པའི་རིན་ཐང་ཡོད་པ་བཞིན་གཅོད་སྐོར་རྒྱ་ཆེན་ཤེས་ན་ཡོན་ཏན་དཔག་ཏུ་མེད་ལ་ཅུང་ཟད་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོག་པའོ། །རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ཁྱད་པར་མེད་པ་བཞིན། གཅོད་ཡུལ་མཐར་ཕྱིན་པའི་གང་ཟག་དེ་མཆོག་དམན་གང་ཡིན་ཡང་གཞན་ལས་བྱིན་རླབས་ཆེ་བར་གསུངས་སོ། །

༈ དེས་ན་གཅོད་བྱེད་པ་ཐམས་ཅད་ཀྱང་སོགས་ཀྱི་སྐབས། གཅོད་ཅེས་བྱ་བའི་ངོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པར་སྤྱོད་པའོ། །སྒྲ་དོན་ནི་གཞན་ཕན་དོན་དུ་གཉེར་བའི་བྱང་ཆུབ་སེམས་ཀྱིས་རང་དོན་ཡིད་བྱེད་ཀྱི་བློ་གཅོད་པ་དང་། སྟོང་ཉིད་ལྟ་བས་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་དང་བཅས་པ་གཅོད་པའོ། །མི་ཕམ་རིན་པོ་ཆེས། གཅོད་ཡུལ། གཅོད་བྱ། གཅོད་བྱེད། ཇི་ལྟར་གཅོད་ཚུལ་བཞི། དང་པོ་ནི། ཇི་ལྟར་ཤིང་གཅོད་པ་ན་གཅོད་ཅིང་འགྱེལ་བའི་ཡུལ་ནི་ས་གཞི་ཡིན་པ་ལྟར། འཁྲི་བ་བཅད་ནས་ཞེན་མེད་དུ་གནས་པའི་ཡུལ་ནི་ཆོས་དབྱིངས་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་ཡིན། ཞེས་གསུངས་པ་དང་། དེའི་ངང་དུ་བདུད་བཞི་རྒྱུ་བ་མེད་པར་ནམ་མཁའ་ལྟར་མཉམ་པ་ལ་བདུད་བཞི་དབྱིངས་སུ་གཅོད་པའམ་གཅོད་ཡུལ། ཞེས་གསུངས་སོ། །གཅོད་བྱ་ནི་འཁྲི་བ་སྟེ། ཉ་ལྕགས་ཀྱུས་བཟུང་བ་བཞིན་དུ་བདུད་བཞི་དང་འབྲེལ་བའི་དྲྭ་བ་ལྟ་བུ་ཡིན་ནོ། །གཅོད་བྱེད་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ་རལ་གྲི་བཞིན་ནོ། །ཞེས་དང་། ཇི་ལྟར་གཅོད་ན་ཡུལ་བཞི་པོ་བདེན་པ་མེད་པར་མཐོང་བས་ཡུལ་ཅན་དེར་འཛིན་གྱི་ཞེན་པ་ཆོད་པས་ན་ཡུལ་ཡུལ་ཅན་གྱི་བར་ལག་འབྲེལ་བའི་འཁྲི་བ་ཆད་པའོ།། ཞེས་དང་། དེ་གང་ལ་འཁྲི་ན་སེམས་ཉིད་ཀྱི་ངང་དུ་རྣམ་པར་རྟོག་པའི་སེམས་ལ་འཁྲི་སྟེ། དོན་དམ་པར་སེམས་ཉིད་ལ་འཁྲི་ཞིང་བཅིང་པ་མེད་ཀྱང་རྣམ་པར་རྟོག་པའི་དབང་གིས་འཁྲི་བ་ལྟར་སྣང་བ་ནི། མཁའ་སྤྲིན་འཁྲིགས་པ་ལྟར་མི་རྟོག་པའི་རང་ཞལ་བསྒྲིབ་ཅིང་། ཇི་བཞིན་མཐོང་བ་ལ་བར་དུ་བཅད་པའམ་འཁྲི་བ་ཞེས་བཤད་དོ། །གང་འཁྲི་ན་བདུད་བཞི་པོའོ། །ཇི་ལྟར་འཁྲི་ན་ཐོགས་བཅས་ཀྱི་རིགས་ནི་སེམས་དང་ཡུལ་དུ་འབྲེལ་བས་འཁྲི་སྟེ། དེ་ཡུལ་དུ་བྱས་པ་ལས་ཆགས་སྡང་དང་གནོད་འཇིགས་མང་པོ་སྐྱེ་བ་ཡིན་པས་སོ། །ཐོགས་མེད་ནི་ཡིད་ཀྱི་འཁྲི་བ་སྟེ་ཡིད་ལ་ལམ་གྱིས་ཤར་བ་ཙམ་པོ་དེ་ཡལ་བར་མ་དོར་བར་ཆེད་ཆེར་འཛིན་པའི་དབང་གིས་ཀུན་ཉོན་སྣ་ཚོགས་འཕེལ་བའོ། །དགའ་ཞིང་སྤྲོ་བའི་བདུད་ནི་ཞེན་པའི་འཁྲི་བ་སྟེ། གང་ཞེན་པ་དེ་ལ་དེས་འཆིང་བ་ཕག་ལ་མི་གཙང་བ་བཞིན་ནོ། །ངའོ་ཞེས་སོགས་སུ་སྙེམས་པའམ་༼སྙེམས་བྱེད་ཅེས་པ་ནི་ངའོ་སྙམ་དུ་སེམས་པར་བྱེད་པ། མཆན། ༽ བདག་ཏུ་རྟོག་པར་བྱེད་པའི་བདུད་ནི་བདག་བདག་ཅེས་འཛིན་པའི་ཡུལ་གྲུབ་གྲུབ་མོ་འདྲ་བ་དེའི་ཚུལ་གྱིས་འཁྲིའོ། །དེས་ན་གཟུང་འཛིན་གྱི་འཇུག་པ་དབྱིངས་སུ་མ་ནུབ་བར་དུ་ཐོགས་བཅས་ལ་སོགས་པའི་ཡུལ་དེ་དག་གི་སྣང་བ་ཙམ་མི་ཁེགས་ཀྱང་། སྣང་ཡང་མི་བདེན་ཞིང་བདེན་པར་བཟུང་ན་བདུད་ཀྱི་རྒྱར་འཆིང་བའི་ཚུལ་ཅན་དུ་ཤེས་ནས་དེར་འཛིན་པའམ་འཁྲི་བ་ཆོད་པ་ནི་ལམ་གྱི་གཅོད་དང་། མཐར་གོམ་པ་ཀློང་དུ་གྱུར་པ་ན་སྣང་ཞེན་ཐམས་ཅད་གྲོལ་ཏེ་ཆོས་སྐུ་ཆེན་པོར་རོ་མཉམ་པ་ནི་འབྲས་བུའོ། །དེ་ལྟ་ནའང་འཁྲི་བ་ཇི་ལྟར་གཅོད་སྙམ་ན། གང་འཁྲི་རྒྱུའི་ཡུལ་བཞི་པོ་དེ་ལ་དེར་འཛིན་གྱི་དབང་གིས་དེ་དག་ཡལ་བར་མ་དོར་བར་དང་དུ་བླང་བས་ན་འཁྲི་བ་བྱུང་བའི་ཕྱིར། ཡུལ་དེ་དག་རང་བཞིན་མེད་པར་ངེས་པའི་སྒོ་ནས་དེའི་རྗེས་སུ་མི་འབྲང་བར་ཕཊཿཅེས་བརྗོད་པས་ལིང་གིས་བསྐྱུར་ཏེ་རོ་མཉམ་ཆེན་པོར་གནས་པ་ནི་འཁྲི་བ་བཅད་པ་སྟེ། དེ་ལྟར་འཁྲི་བ་ཆོད་པ་དེ་ལ་ཡུལ་བཞི་པོའི་གནོད་པ་རྒྱུ་བའི་གོ་སྐབས་མེད་དོ། །ཞེས་གསུངས།

༈ ཐོད་པའི་ཁའི་ཐད་ཀྱི་ནམ་མཁའ་ལ་དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་ཀྱི་སྐབས། དཔལ་མགོན་བདུན་ཅུ་རྩ་ལྔ་ལས། ལྷ་ཆེན་བརྒྱད་ནི། ཤར་དུ་དབང་ཕྱུག་ཆེན་པོ། ལྷོར་བརྒྱ་བྱིན། ནུབ་ཏུ་ཚངས་པ། བྱང་དུ་ཁྱབ་འཇུག །ཤར་ལྷོར་འདོད་པའི་དབང་ཕྱུག །ལྷོ་ནུབ་ཏུ་ཚོགས་བདག་གླང་སྣ། ནུབ་བྱང་དུ་བྷྲིང་གི་རི་ཏི། བྱང་ཤར་དུ་གཞོན་ནུ་གདོང་དྲུག་གོ། །འཇིགས་བྱེད་དགུ་ནི། དབུས་སུ་འཇིགས་བྱེད་ཆེན་པོ། ཤར་དུ་ལྷ་ཆེན་ཁྲོས་པ། ལྷོར་འཇིགས་བྱེད་སྔོ་ནག །ནུབ་ཏུ་ཚངས་པ་ཁྲོས་པ། བྱང་དུ་ཁྱབ་འཇུག་ཁྲོས་པ། ཤར་ལྷོར་འདོད་ལྷ་ཁྲོས་པ། ལྷོ་ནུབ་ཏུ་ཚོགས་བདག་ཁྲོས་པ། ནུབ་བྱང་དུ་བྷྲིང་གི་རི་ཏི་ཁྲོས་པ། བྱང་ཤར་དུ་སྨིན་དྲུག་ཁྲོས་པའོ། །ཕྱོགས་སྐྱོང་བ་བཅུ་ནི། ཤར་དུ་དབང་པོ། ཤར་ལྷོར་མེ་ལྷ། ལྷོར་གཤིན་རྗེ། ལྷོ་ནུབ་ཏུ་སྲིན་པོ། ནུབ་ཏུ་ཆུ་ལྷ། ནུབ་བྱང་དུ་རླུང་ལྷ། བྱང་དུ་གནོད་སྦྱིན། བྱང་ཤར་དུ་དབང་ལྡན། སྟེང་དུ་ཚངས་པ་ཆེན་པོ། འོག་ཏུ་ས་བདག་གོ། །རྒྱལ་ཆེན་བཞི་ནི། ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། །ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་སོ། །གཟའ་བརྒྱད་ནི། ཤར་དུ་པ་སངས། ལྷོར་ཕུར་བུ། ནུབ་ཏུ་ཟླ་བ། བྱང་དུ་ལྷག་པ། ཤར་ལྷོར་མིག་དམར། ལྷོ་ནུབ་ཏུ་སྒྲ་གཅན། ནུབ་བྱང་དུ་ཉི་མ། བྱང་ཤར་དུ་སྤེན་པའོ། །རྒྱུ་སྐར་ཉེར་བརྒྱད་ནི། ཤར་དུ་སྨིན་དྲུག །སྣར་མ། མགོ། ལག །ནབས་སོ། །རྒྱལ། སྐག །ལྷོར་མཆུ། གྲེ། དབོ། མེ་བཞི། ནག་པ། ས་རི། ས་ག །ནུབ་ཏུ་ལྷ་མཚམས། སྣྲོན། སྣྲུབ། ཆུ་སྟོད། ཆུ་སྨད། གྲོ་བཞིན། བྱི་བཞིན། བྱང་དུ་མོན་གྲེ། མོན་གྲུ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེའོ། །ཀླུ་ཆེན་བརྒྱད་ནི། ཤར་དུ་མཐའ་ཡས། ལྷོར་ནོར་རྒྱས། ནུབ་ཏུ་འཇོག་པོ། བྱང་དུ་སྟོབས་རྒྱུ། ཤར་ལྷོར་པདྨ། ལྷོ་ནུབ་ཏུ་པད་ཆེན། ནུབ་བྱང་དུ་དུང་སྐྱོང་། བྱང་ཤར་དུ་རིགས་ལྡན་ནོ། །དེ་ལྟར་ལྷ་ཆེན་པོ་བརྒྱད། འཇིགས་བྱེད་དགུ། ཕྱོགས་སྐྱོང་བ་བཅུ། རྒྱལ་ཆེན་བཞི། གཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད། ཀླུ་བརྒྱད་དང་བདུན་ཅུ་རྩ་ལྔ་པོ་དེ་ལ་གཙང་རིས་ཀྱི་དཔལ་མགོན་བདུན་ཅུ་རྩ་ལྔ་ཞེས་འཇིག་རྟེན་ན་དབང་ཆེ་བ་འཇིག་རྟེན་སྐྱོང་བ་སྟོན་པའི་ཞལ་མཇལ་ཞིང་བསྟན་པ་ལ་དགའ་བའི་དཀར་ཕྱོགས་སྐྱོང་བ་ཆེན་པོ་ཡིན་ནོ། །རྒྱལ་བའི་བཀའ་ཉན་ཞིང་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་གཉེར་འཛིན་པ། དབང་ཕྱུག་མ་ཧཱ་དེ་བ་སོགས་དྲེགས་པའི་སྡེ་དཔོན་སུམ་ཅུ། འཆི་བདག་ནག་པོ་ཡབ་ཡུམ་སོགས་སྔགས་བདག་དྲེགས་པ་བཅོ་བརྒྱད་སོགས་དང་། རྣལ་འབྱོར་བདག་ཅག་ཡོན་མཆོད་རྣམས་ལ་ཁ་འཛིན་རྒྱབ་བརྟེན་སྡོང་གྲོགས་བྱེད་པའི་འགོ་བའི་ལྷ་ལྔ་ནི། ཡུལ་ལྷ་སྟེ་འཚོ་བྱེད་ཀྱི་ལྷ་དང་། ཕོ་ལྷ་སྟེ་མགོན་བྱེད་ཀྱི་ལྷ་དང་། དགྲ་ལྷ་སྟེ་སྐྱབས་བྱེད་ཀྱི་ལྷ་དང་། མ་ལྷ་སྟེ་གྲོགས་བྱེད་ཀྱི་ལྷ་དང་། སྲོག་ལྷ་སྟེ་སྲུང་བྱེད་ཀྱི་ལྷ་དང་ལྔ། སྐྱོབས་པའི་ལྷ་དགུ་སོགས་སོ། ༈ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ནི། ཞེ་སྡང་ལས་གྱུར་པའི་ཕོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག །གཏི་མུག་ལས་གྱུར་པའི་ཀླུ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག། འདོད་ཆགས་ལས་གྱུར་པའི་མོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག །དུག་གསུམ་སུམ་ཆར་ལས་གྱུར་པའི་གདོན་འདྲེས་མ་སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཞེས་སྤྲུལ་པའི་རྒྱལ་པོས་གསུངས་སོ། །རྒྱུད་ལས། ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །མཁའ་ལྡིང་ལྟོ་འཕྱེ་མིའམ་ཅི། །དྲི་ཟ་སྲིན་པོ་ཤ་ཟ་དང་། །འབྱུང་པོ་སྲུལ་པོ་ལུས་སྲུལ་པོ། །སྐེམས་བྱེད་སྨྱོ་བྱེད་རྗེད་བྱེད་དང་། །གཤིན་རྗེ་མ་མོ་ལ་སོགས་པའི། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་དང་། །ཞེས་གསུངས་སོ། །བྱིས་པའི་གདོན་ཆེན་བཅོ་ལྔ་ནི། སྟོང་ཆེན་རབ་འབྱམས་ལས། འཇམ་པ་པོ་ནི་བ་གླང་གཟུགས། །རི་དྭགས་རྒྱལ་པོ་རི་དྭགས་གཟུགས། །སྐེམས་བྱེད་པ་ནི་གཞོན་ནུའི་གཟུགས། །བརྗེད་བྱེད་པ་ནི་ཝ་འདྲའོ། །ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །མ་མོ་མི་ཡི་གཟུགས་སུ་སྣང་། །ཛ་མི་ཀ་ནི་རྟ་ཡི་གཟུགས། །འདོད་པ་ཅན་ནི་རྡོ་རྗེའི་གཟུགས། །ནམ་གྲུ་ཁྱི་ཡི་གཟུགས་སུ་སྣང་། །སྲུལ་པོ་ཕག་གི་གཟུགས་སུ་སྣང་། །མ་དགའ་བྱེད་ནི་བྱི་ལའི་གཟུགས། །བྱ་ནི་འདབ་ཆགས་བྱ་ཡི་གཟུགས། །གཉའ་ལག་ཅན་ནི་བྱ་གག་གཟུགས། བཞིན་བརྒྱན་པ་ནི་འུག་པའི་གཟུགས། མི་འཕྱངས་པ་ནི་ཕ་ཝཾ་གཟུགས། །ཞེས་གསུངས་སོ། །

༈ དེ་བཞིན་དུ་ནག་པོ་དགུ་ཕྲུག་གི་སོགས་ཀྱི་སྐབས། མ་ཅིག་རྣམ་བཤད་ཆེན་མོ་ལས། ནག་པོ་དགུ་ཕྲུག་ཞེས་པ་ཡི། གཅོད་མཁན་བྱ་བ་འདི་འདྲ་འབྱུང་། །གཉན་ཁྲོད་གྲོང་ནག་རྟག་ཏུ་འགྲིམ། །གྲོགས་པོ་ནག་པོ་རྣམས་དང་འགྲོགས། །ཉམས་ལེན་འདྲེ་ནག་བརྒྱུད་ལ་བྱེད། །བཟའ་བ་ལོག་འཚོས་དཀར་ནག་བཟའ། །དམིགས་པ་དུག་འགྱེད་ནག་པོ་གཏོང་། །ལུས་ལ་ཁྱི་ནག་པགས་པ་གྱོན། །མགོ་ལ་དོམ་ནག་པགས་པ་བཞག །མི་རྐང་རྭ་ནག་ཁ་ཅན་འབུད། །ཕཊཿ སྒྲ་ཏིང་ཏིང་ཁྱི་ནག་སྐྲོག །སུ་ཞིག་མཐོང་ན་མི་འཇིགས་སམ། །ཀུན་ཕུང་དུག་གི་སྡོང་པོ་འདྲ་བ་ཡིན། ཞེས་དང་། ང་རྒྱལ་གྱི་རྔ་གཤང་མཆན་དུ་བཤལ། ཞེས་དང་། ཕྲག་དོག་གི་མི་རྐང་སྐེད་ལ་འཇུག ཅེས་དང་། ཉོན་མོངས་སློང་ཕོར་མི་ཐོད་བཅུག །ཞེས་དང་། ས་མཐའ་ཕཊཿ ཀྱིས་བསྐོར་ཞིང་འགྲོ། ཞེས་དང་། ཤིན་ཏུ་སྟོབས་ལྡན་གཅོད་མཁན་ནི། །ཚུལ་ཁྲིམས་རྐང་པ་ཆགས་པའི་ཞྭ་བོ་ཡིན། །བཤེས་གཉེན་མིག་དང་བྲལ་བའི་ལོང་པ་ཡིན། །དམ་ཆོས་སྒྲ་དང་བྲལ་བའི་འོན་པ་ཡིན། །སྙིང་རྗེས་བཟླས་བརྗོད་བྲལ་བའི་ལྐུགས་པ་ཡིན། ཞེས་དང་། ༈ རྒྱ་གར་གྱི་པཎྜི་ཏ་སྨོན་ལམ་གྲུབ་པ་ཞེས་བྱ་བ་ནི། ཡུལ་ལ་ཕྱི་ན་ཡབ་ཆོས་ཀྱི་ཟླ་བ་རྒྱལ་མཚན་དང་ཡུམ་འབུམ་ལྕམ་མ་གཉིས་ཀྱི་སྲས་སུ་འཁྲུངས། མཚན་ལབ་ཀྱི་སྒྲོན་མར་གྲགས་ཤིང་། དགུང་ལོ་བཅུ་གཉིས་དུས་སུ་ཉིན་གཅིག་ལ་པོ་ཏི་བཞི་ཚར། བཅུ་གསུམ་ནས་བརྒྱད་ཚར། དེ་ནས་གྲ་བ་མངོན་ཤེས་ཅན་བླ་མར་བསྟེན། བླ་མས་ང་ཡི་མཆོད་གནས་དང་སུ་མཁས་ཀྱིས་གསུངས། མཆོད་གནས་ཀྱིས་སྐད་འགྱུར་དྲུག་གི་སྒོ་ནས་གླེགས་བམ་བཞི་ཉིན་གཅིག་ལ་ཚར། ལབ་སྒྲོན་གྱིས་པོ་ཏི་བཅུ་གཉིས་སྐད་འགྱུར་བརྒྱད་ཀྱི་སྒོ་ནས་ཉིན་གཅིག་ལ་ཚར། དེ་རྗེས་སྐྱོ་སྟོན་བསོད་ནམས་བླ་མའི་དྲུང་དུ་བྱོན། དབང་བསྐུར་སྐབས་གྲོགས་རྣམས་ཀྱིས་ལབ་སྒྲོན་གྱིས་དབང་གི་དངོས་གཞི་མ་ཐོབ་ཟེར་སྐབས། བླ་མའི་ཞལ་ནས། འདུས་བྱས་རྫས་ཀྱི་དབང་དེ་ཁྱེད་ཚོས་ཐོབ། ཆོས་ཉིད་དོན་གྱི་དབང་དེ་ལབ་ཀྱི་སྒྲོན་མ་ལ་ཐོབ་པ་ཡིན་ནོ་གསུངས། ༈ ཡབ་ཐོད་པ་བྷ་ཏྲ་དང་ཡུམ་ལབ་སྒྲོན་གཉིས་ལ་སྲས་དང་སྲས་མོ་རྣམས་འཁྲུངས། ༈ མ་ཅིག་ལབ་ཀྱི་སྒྲོན་མ་ལ། སྲས་རྒྱལ་བ་དོན་གྲུབ་ཀྱིས་ཞུས་པ་གཉན་ས་ཅི་འདྲ་ཡིན་ན་འདྲེ་གནས་ཞུས་པས། ཨེ་མ་སྐལ་ལྡན་ལས་འཕྲོ་ཅན། །རང་ལུས་རི་གཉན་བྲག་ཕུག་ནས། །བདག་གཞན་འཛིན་པའི་འདྲེ་རྒོད་གནས། །གཉན་ས་དེ་ནས་ཆོད་མཛོད་ཅིག །ཉེ་རིང་རྩ་བ་རྦད་ཀྱིས་ཆོད། །རྣ་བའི་དབང་པོའི་གྲོང་ཁྱེར་ནས། །སྒྲ་ལ་ཞེན་པའི་འདྲེ་རྒོད་གནས། །གཉན་ས་དེ་ནས་ཆོད་མཛོད་ཅིག །བཟང་ངན་འཁྲི་བ་རྦད་ཀྱིས་ཆོད། །

འདི་ནས་ལྡེབ་གཅིག་ཆད༈ སྐུ་གཅེར་མོ་རུས་པའི་རྒྱན་ཅན་སོགས་ཀྱི་སྐབས། རུས་པའི་རྒྱན་དྲུག་ནི། གལ་པོ་ལས། ཐབས་གཙོ་བོའི་དབང་དུ་བྱས་ན། སྤྱི་བོར་རུས་པའི་འཁོར་ལོ་དྲྭ་མིག་སོ་དྲུག མགྲིན་པར་རུས་པའི་དྲྭ་མིག་བཅུ་དྲུག་གི་མགུལ་རྒྱན། རྒྱབ་མདུན་རུས་པའི་དྲྭ་མིག་བརྒྱ་རྩ་ཉིས་གཤིབས་ཀྱི་དོ་ཤལ་ལམ་ག་ཤལ་གྱི་སེ་རལ་ཁ། སྟག་ཤམ་གྱི་སྟེང་དུ་རུས་པའི་དྲྭ་མིག་སོ་གཉིས་སག་ཏིའི་སྐ་རགས་སྟེང་དུ་དཀྲིས་ནས་མར་དཔྱང་པ། རུས་པའི་སྙན་རྒྱན་གཉིས། ཕྱག་ཞབས་ཀྱི་གདུ་བུ་རྣམས་ཏེ་དྲུག་གོ། །ཡང་ན་རྒྱབ་གཞུང་དུ་རུས་པའི་རྡོ་རྗེ། སོག་པར་རུས་པའི་འཁོར་ལོ། ཕྲག་པར་རུས་པའི་ནོར་བུ། ནུ་མར་རུས་པའི་པདྨ། སྐེད་པར་རུས་པའི་དཔལ་བེའུ། ལྟེ་བར་རུས་པའི་རྒྱ་གྲམ་དང་དྲུག་གོ། །དེ་རྣམས་གཤམ་གྱི་མདོ་འཛིན་རྣམས་སུ་ཡོད་པའོ། །ཞེས་གསུངས། ཤེས་རབ་གཙོ་བོའི་དབང་དུ་བྱས་ན། རུས་པའི་ཕྱག་རྒྱ་ལྔ་ནི། དོ་ཤལ་ཕྲི་བའི་ལྷག་མ་ལྔའོ། །དེའང་ཕྱག་ཞབས་ཀྱི་དྲྭ་བ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་པའོ། །ཡབ་ལ་རུས་པའི་རྒྱན། མགུལ་རྒྱན་སྦྱིན་པ། གདུ་བུ་ཚུལ་ཁྲིམས། རྣ་ཆ་བཟོད་པ། སྤྱི་བོའི་འཁོར་ལོ་བརྩོན་འགྲུས། སྐ་རགས་བསམ་གཏན། མཆོད་ཕྱིར་ཐོགས་ཏེ་སེ་རལ་ཁར་གྲགས་པ་ཤེས་རབ་སྟེ་ཕར་ཕྱིན་དྲུག་དང་སྦྱར་བ་དང་། ཡུམ་རྣམས་ཀྱང་མཚན་མའི་རྟོག་པའི་སྒྲིབ་གཡོགས་དང་བྲལ་བ་མཚོན་བྱེད་སྐུ་གཅེར་བུ། མི་འགྱུར་བའི་བདེ་བ་ཆེན་པོ་དགའ་བ་བཅུ་དྲུག་དང་ལྡན་པ་མཚོན་བྱེད་བཅུ་དྲུག་ལོན་པའི་ན་ཚོད་ཅན། དབྱིངས་དང་ཡེ་ཤེས་ཕྱོགས་མེད་དུ་རྒྱས་པ་མཚོན་བྱེད་དབུ་སྐྲ་གྲོལ་བ། ཆོས་ཀྱི་དབྱིངས་མཚོན་བྱེད་རུས་པའི་འཁོར་ལོ། མགུལ་རྒྱན་མཉམ་ཉིད། རྣ་ཆ་སོར་རྟོག །གདུ་བུ་མེ་ལོང་། སྐ་རགས་བྱ་གྲུབ་སྟེ་རུས་པའི་ཕྱག་རྒྱ་ལྔས་སྤྲས་པའོ། །ཡང་རུས་པའི་རྒྱན་དྲུག་ནི། སྤྱི་བོར་འཁོར་ལོ་མི་བསྐྱོད་པ། རྣ་ཆ་ཟུང་འོད་དཔག་མེད། མགུལ་རྒྱན་རིན་འབྱུང་། ཕྱག་ཞབས་ཀྱི་གདུ་བུ་བཞི་རྣམ་སྣང་། སྐ་རགས་ཞེས་སྨད་རྒྱན་དོན་གྲུབ། སེ་རལ་ཁའམ་མཆོད་ཕྱིར་ཐོགས་རྡོར་སེམས་ཀྱི་ཕྱག་རྒྱ་སྟེ་དྲུག་གོ། །ཕྱག་རྒྱ་ལྔ་ནི། སེ་རལ་ཁ་སྤང་བའི་ལྔའོ། །གཞན་ཡང་། མ་རྒྱུད་གཙོ་བོར་གྱུར་པའི་ལྷ་ཡབ་རྣམས་ལ། སྤྱི་བོར་རུས་པའི་འཁོར་ལོ་རྡོ་རྗེ་ཕྱེད་པའི་ཏོག་དང་བཅས་པ། རྣ་རྒྱན། མགུལ་རྒྱན། གདུ་བུ། སྐ་རགས། ཚངས་སྐུད་དམ་མཆོད་ཕྱིར་ཐོགས་ཏེ་ཕྱག་རྒྱ་དྲུག་དང་། དེའི་ཡུམ་རྣམས་ལ་ཚངས་སྐུད་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་པའོ། །

༈ ཧཱུྃ ཨོ་རྒྱན་ཡུལ་གྱི་སོགས་ཀྱི་སྐབས། རང་བྱུང་ཐུགས་ཀྱི་ས་བོན་ཧཱུ༷ྃ་ཞེས་པས་ཐུགས་དམ་བསྐུལ་བས་ཐོག་མ་བྱས་ནས་ཞེས་གསུངས། གནས་ཕུན་སུམ་ཚོགས་པ་ནི། ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ལས། རི་རབ་ཀྱི་ལྷོ་ཕྱོགས་འཛམ་བུའི་གླིང་འདིར་ཡུལ་དྲུག་ལ་སོགས་པའི་རྣམ་པར་དབྱེ་བ་ལས། ནུབ་ན་རིག་པ་འཛིན་པའི་གནས་ཨོ༷་རྒྱན༷་མཁའ་འགྲོའི་ཡུལ༷་གྱི༷་ནུབ༷་བྱང༷་གི་མཚམས༷་ཤིག་ན། དྲི་མེད་ཡན་ལག་བརྒྱད་དང་ལྡན་པའི་ཆུ་གཏེར་དྷ་ན་ཀོ་ཤ་ཞེས་གསུངས། ལེགས་བཤད་སྤྲིན་གྱི་རོལ་མོ་ལས། དེ་ལ་དྷ་ན་ཀོ་ཤའི་གླིང་དུ་གྲགས་པ་ནི། དྷ་ན་སྟེ་ཙནྡན་གྱི་ནགས་ཚལ་ཡོད་པ་དང་། ཀོ་ཤ་ཞེས་པའི་སྲོག་ཆགས་གདོང་མི་དང་འདྲ་ཞིང་སྡེར་མོ་དྲེད་དང་འདྲ་བའི་རིགས་གནས་པས་དེ་སྐད་དུ་བརྗོད་དོ། །འོ་མ་ཅན་གྱི་མཚོ་ཡང་དེ་ཡིན་ཏེ་མཚོ་དེ་ན་མེ་ཏོག་པདྨས་གང་ནས་ཡོད་པའི་པདྨའི་རྩ་བ་ལས་འོ་མ་ལྟ་བུའི་ཟིལ་མངར་དང་ལྡན་པའི་ཁུ་བ་འབྱུང་བས་སོ། །དེས་ན་མིང་གི་འདོགས་ཕྱོགས་ཐ་དད་པ་ཙམ་ལས། དོན་ལ་ཁྱད་པར་མེད་ཅིང་དངོས་མིང་དྲི་མེད་མདངས་ལྡན་གཡུ་ཡི་རྒྱ་མཚོར་གྲགས་པ་སྟེ། མཐའ་སྐོར་ལ་དཔག་ཚད་འབུམ་ཕྲག་གཅིག་ཡོད་ཅིང་། དབྱིབས་ཟླུམ་པོ། ཁ་དོག་སྔོ་ལ་དྭངས་པ་ཞིག་གོ། །མཚོ་དེའི་ཡོན་ཏན་ནི། དྲི་མེད་མདངས་ལྡན་ཡོན་ཏན་བརྒྱད་ད ང་ལྡན། ཞེས་རང་གི་ངོ་བོ་དྲི་མ་དང་ལྷན་ཅིག་མི་གནས་ཤིང་མི་སྦག་པས་གཙང་བ། འདམ་གྱིས་རྙོག་པ་མེད་པས་དྭངས་པ། རེག་པ་གྲང་ངར་དང་ལྡན་པས་བསིལ་བ། འཐུང་ན་ཟུག་རྔུ་མེད་པས་འཇམ་པ། དྲི་བཟང་པོའི་ངད་དང་ལྡན་པས་བསུང་བ། རོ་མཆོག་ཏུ་གྱུར་པས་ཞིམ་པ། སྐོམ་པའི་གདུང་བ་སེལ་བར་བྱེད་པས་ངོམས་པ། ལུས་ཀྱི་ནད་གདོན་ཀུན་ལ་ཕན་པས་བདེ་བ་སྟེ། ཡོན་ཏན་གྱི་རྣམ་གྲངས་བརྒྱད་དང་ལྡན་པའོ། །མཚོ་དེའི་དབུས་སུ་མེ་ཏོག་པདྨའི་སྡོང་པོ་ཡལ་ག་ལ་རྒོད་ཀྱི་གཤོག་པ་ཙམ། ལོ་མ་ཕུབ་ཙམ། སྙིང་པོ་ཀོན་པ་ཙམ་ཡོད་ཅིང་གསུང་གི་རིགས་མཚོན་པའི་བྲམ་ཟེའི་རིགས་ཀྱི་མེ་ཏོག་དམར་པོ་ཁ་ཕྱེ་བའི་དབུས་ཀྱི་གེ་སར་སྟེ་ཟེའུ་འབྲུ་མཐོ་བརྒྱད་ཙམ་གྱི་སྟེང་དུ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀ་ནས་ཡི་གེ་ཧྲཱིཿདམར་པོ་ཞིག་བབ་པ་འོད་དུ་ཞུ་བ་ལས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཕ་ཡི་རྒྱུ་ལས་མ་བྱུང་། མ་ཡི་རྐྱེན་གྱིས་མ་བསྐྱེད་པར་རིག་པ་ཐོལ་སྐྱེས་སུ་སྐུ་འཁྲུངས་པ་ཡིན། ཞེས་གསུངས། རྣམ་བཤད་པདྨ་དཀར་པོ་ལས། མེ་ཏོག་པདྨའི་ཚལ་ཀུན་ཏུ་ཡོད་པའི་དབུས་སུ། དེ་དག་གི་དབང་པོར་གྱུར་པའི་མེ་ཏོག་པདྨ༷་༷ལོ་འདབ་དང་གེ༷་སར༷་གྱིས་ཡོངས་སུ་མཛེས་པའི་སྡོང་༷པོ༷་ལས་ཡེ་ཤེས་ལྔ་མཚོན་བྱེད་ཁ་དོག་རིགས་ལྔར་གསལ་བའི་མེ་ཏོག་ལྔའི་དབུས་སུ་པདྨའི་རིགས་དམར་པོའི་ལྟེ་བ་ལ༷། ཞེས་གསུངས། སྔོན་འགྲོའི་ཟིན་བྲིས་ཡིད་ཀྱི་མུན་སེལ་ལས། ཆོས་ཕུན་སུམ་ཚོགས་པ་ཡ༷་མཚན༷་རྨད་དུ་བྱུང་བ་སྣང་སྲིད་གཞིར་བཞེངས་སུ་རྟོགས་ཏེ་མཆོག༷་གི༷་དངོས༷་གྲུབ༷་བརྙེས༷། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་གཉིས་པ་པདྨ༷་༷འབྱུང༷་གནས༷་ཞེས༷་སུ༷་ཞིང་རབ་འབྱམས་ཀྱི་ཐ་གྲུ་ཀུན་ཏུ་མངོན་པར་གྲག༵ས་པ། འཁོར༷་དུ༷་ཕུན་སུམ་ཚོགས་པ་དཔའ་བོ་དང་མཁའ༷་འགྲོ༷་མང༷་པོས༷་བསྐོར༷་བ། དུས་ཕུན་སུམ་ཚོགས་པ་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་སྐྱབས་མཆོག་ཁྱེད༷་ཀྱི༷་རྗེས༷་སུ༷་འབྲངས་ཏེ་བདག༷་ཀྱང་རྒྱལ་དབང་ཁྱེད་ལྟར་བསྒྲུབ༷་ལགས་ཀྱི༷་གསང་བ་གསུམ་གྱི་སྒོ་ནས་བྱིན༷་གྱིས༷་བརླབ༷ས་པར་བྱ་བའི་ཕྱིར༷་འདིར་གཤེ༷གས་སུ༷་གསོལ༷། ཞེས་གསུངས། རྣམ་བཤད་པདྨ་དཀར་པོ་ལས། འདི་ལྟར་གུ༷་རུ༷་ནི་ཡོན་ཏན་ཐམས་ཅད་ཀྱིས་ལྕི་བ་བླ་མ་སྟེ་གོང་ན་མེད་པ། པདྨ༷་ནི་ཨོ་རྒྱན་ཆེན་པོའི་མཚན་གྱི་ཐོག་མ། སི༷དྡྷི༷་ནི་དོན་དུ་གཉེར་བྱ་མཆོག་ཐུན་གྱི་དངོས་གྲུབ། ཧཱུ༷ྃ་ནི་དངོས་གྲུབ་དེ་ལྟ་བུ་སྩོལ་ཅིག་པར་དོན་གྱིས་བསྐུལ་བའོ། །ཞེས་གསུངས། ཟབ་དོན་བདུད་རྩིའི་ཉིང་ཁུ་ལས། ༀ་ཨཱཿཧཱུྃ་ཞེས་རྡོ་རྗེ་གསུམ་གྱི་ས་བོན་གྱིས་ཐོག་དྲངས་ཏེ། བཛྲ་ནི་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པའི་ཕྱིར་ཆོས་ཀྱི་སྐུ་དང་། གུ་རུ་ནི་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་ལྕི་བས་ན་ལོངས་སྐུ། པདྨ་ནི་དེའང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་མདངས་གསུང་པདྨའི་རིགས་སུ་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་ཆེན་པོའི་ཡོན་ཏན་རྗེས་སུ་དྲན་པས་སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་རང་རྩལ་མོས་གུས་སུ་དུང་ངེ་བའི་ངང་ནས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས། སིདྡྷི་སྟེ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཧཱུྃ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་ཅིག །ཅེས་གསུངས།

༈ རྗེ་མི་ལའི་ཞལ་ནས་ང་འགྲོ་ན་སོགས་ཀྱི་སྐབས། རྗེ་བཙུན་མི་ལ་ང༷་། འགྲོ༷་བའི་ཚེ་ན༵་སྣང༵་བ༵་ཐམས་ཅད་ལྷ་དང་བླ་མའི་རྣམ་རོལ་དུ་སྦྱངས་ཏེ་ལམ༵་དུ་༵ཁྱེར༵་བ་ཡིན་ནོ། །དེ་རྣམ་ཤེས་ཚོགས༵་དྲུག༵་འཁྲུལ་བའི་ཡུལ་ལ་མི་འབྱམས་པར་རང༵་གྲོལ༵་གྱི༵་ངོ་བོར་འགྱུར་བས་འགྲོ༵་ལུགས༵་དམ་པ་ཡིན༵་ལ། དེ་བཞིན་དུ་སྡོད༵་པའི་ཚེ་ན༵་ཡང་སྣང་སྲིད་ཐམས་ཅད་བླ་མའི་དགོངས་པ་ཆོས་ཉིད་མ༵་བཅོས་༵པའི་ངང་དུ་ཞི་བར་འགྱུར་བས་རྣལ༵་མའི༵་དོན་ལ་གནས་པ་མེད་པའི་ཚུལ་གྱི་གནས་ཤིང་སྡོད༵་པ་ཡིན་ནོ། །དེ་ནི་ལམ་གྱི་སྙིང་༵པོ༵་དོན༵་དམ་གྱི༵་གཤིས་ལུགས་ག ཉུག་མའི་ངང་དུ་སྡོད༵་ལུགས༵་ཡིན༵་ལ། ཟས་བཟའ་༵བའི་ཚེ་ན༵་ཡང་གཟུང་འཛིན་ཞེན་རྟོག་གི་འཁྲུལ་སྣང་ཐམས་ཅད་སྟོང༵་ཉིད༵་འོད་གསལ་གྱི་ངང་དུ་དག་ནས་རྩལ་སྣང་མཆོད་སྤྲིན་གྱི་རོལ་པའི་ལྷ་དང་བླ་མ་མཆོད་པའི་ཟས༵་ལ༵་བཟའ༵་བ་ཡིན་ནོ། །དེ་ནི་མ་རིག་གཟུང༵་འཛིན༵་གྱི་རྟོག་པ་སྤངས༵་པའི༵་བཟའ་ཚོགས་མཆོད་རྫས་སུ་འགྱུར་བའི་བཟའ༵་ལུགས༵་ཡིན༵་ལ། བཏུང་བ་འཐུང༵་བའི་ཚེ་ན༵་ཡེངས་མེད་གཉུག་མའི་དྲན༵་ཤེས༵་ཀྱི༵་ཆབ༵་ལ༵་འཐུང༵་ནས་སྣང་བ་འོད་གསལ་གྱིས་རང་ལུས་གསོ་བར་བྱེད་པ་ཡིན་ནོ། །དེ་ནི་ཉམས་རྟོགས་རྒྱུན༵་ཆད༵་མེད༵་པར༵་འོད་གསལ་ཆུ་བོའི་རྒྱུན་གྱི་ཤེས་རབ་བཏུང་བའི༵་བཅུད་ལ་འཐུང༵་ལུགས་ཡིན༵་ནོ། །

༈ གཉིས་པ་རིག་འཛིན་བརྡ་ཡིས་སོགས་ཀྱི་སྐབས། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མྱ་ངན་ལས་འདའ་བར་ཉེ་བའི་ཚེ་གྲོང་ཁྱེར་རྩྭ་མཆོག་གྱད་སྟོབས་པོ་འབྱུང་བའི་གནས། ཤིང་སཱ་ལ་ཟུང་ཞིག་གི་དྲུང་དུ། སེང་གེའི་ཁྲི་ལ་གཟིམས་ཏེ། འཁོར་རྣམས་བསྡུས་པའི་ཚེ་རིགས་ཅན་དྲྭ་མ་ལྔ་ནི། སྟོན་པ་རྡོ་རྗེའི་སྐུ་ལ་སྐྱེ་འཆི་མེད་ཀྱིས། སྤྲུལ་པ་དབྱིངས་སུ་ཞི་བ་ཙམ་ལས། མྱ་ངན་ལས་མི་འདའ་བར་ཁོང་དུ་ཆུད་ནས། ནང་དུ་ཡང་དག་པར་འཇོག་གོ། །དེ་ལས་གཞན་པའི་འཁོར་ཕལ་ཆ ེར་འདུས་པ་ལ། ཐེ་ཚོམ་ཆོད་ཅིག་པར་བསྐུལ་བས་འཁོར་གྱི་ནང་ནས་རིག་འཛིན་གྱི་རྒྱལ་པོ་ཀུཉྫ་ར་ཞེས་བྱ་བ་སྟན་ལས་ལངས་ཏེ་གསོལ་པ། ཁྱོད་ནི་ནམ་མཁའི་རང་བཞིན་ཏེ། །འདའ་དང་མི་འདའ་ཡོངས་མི་མངའ། །འཇིག་རྟེན་པ་དང་མཐུན་འཇུག་ཏུ། །འདའ་བས་ཡོངས་སུ་འདུལ་བ་དགོངས། །ས་དང་རྣམ་ཐར་ལ་སྤྱད་པས། །བྱང་ཆུབ་ཐོབ་པར་འགྱུར་བ་ཡི། །འདྲེན་པའི་ཐེག་པ་རྣམ་གསུམ་ལས། །གང་དག་རིམ་པར་བཀོད་ལེགས་པར། །མཉམ་པས་བླང་དོར་མེད་སྤྱོད་ཅིང་། །བྱང་ཆུབ་གཞན་ནས་མི་འཚོལ་བའི། །ཐབས་མཆོག་དཔག་གིས་མི་ལང་བ། །མཉམ་པའི་ཐེག་པ་ཡོངས་མ་གསུངས། །ཞེས་སྔར་འཁོར་གྱི་ནང་དུ་གསང་སྔགས་མ་གསུངས་པས། འཇིག་རྟེན་དུ་གསང་སྔགས་འབྱུང་ངམ་ཞེས་དྲིས་པའི་ལན་དུ་གསང་སྔགས་འབྱུང་བར་ལུང་བསྟན་ཏོ། །དེའང་དགོངས་འདུས་ལས། ༼དྲྭ་མ་ལྔ་པོས་གདུང་ཚིག་ཉེར་གསུམ་བཏོན་པའི་དུས་ལྟ་བུ། མཆན།༽ རྨོངས་པའི་གདུང་བ་སེལ་བ་ན་ཡང་འབྱུང་། ༼མུན་བསྐལ་ལས་མི་འབྱུང་བར། མཆན།༽ འཇིག་རྟེན་ཏུ་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་འབྱུང་། ༼རྒྱལ་པོ་ཛཿདང་དགའ་རབ་རྡོ་རྗེ་ལྟ་བུ། མཆན།༽ གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། ༼མཐོང་ལམ་ཐོབ་པ་ཡན་ཆད་ཀྱི་དུས་ལོངས་སྐུ་ལས། མཆན།༽ སྙིང་པོ་བྱང་ཆུབ་ཏུ་ངེས་པ་ན་ཡང་འབྱུང་། ༼རྡོ་རྗེ་ཆོས་དང་ཟླ་བཟང་ལྟ་བུ། ༽དགོངས་པ་ངེས་པར་འགྲེལ་པ་ན་ཡང་འབྱུང་། ༼རུ་ཏྲ་བཏུལ་བའི་དུས་ལྟ་བུ།༽ གདུལ་བྱ་དུས་ལ་བབས་པ་ན་ཡང་འབྱུང་།༼ རི་མ་ལ་ཡའི་རྩེར་གསང་བདག་གིས་ཏནྡྲ་ཆེན་པོ་སྡེ་བཅོ་བརྒྱད་གསུངས་པའི་བྱིན་རླབས་ལས་གནས་སོ་སོར་བབ་པ་ལྟ་བུ།༽ བྱིན་གྱིས་བརླབས་ལས་སྣང་བ་ན་ཡང་འབྱུང་། ༼རྒྱལ་བ་དགོངས་བརྒྱུད་ལས།༽ བརྒྱུད་པ་ཐབས་ཀྱིས་གྲགས་པ་ན་ཡང་འབྱུང་། ༼མི་རིགས་བཞི་དང་དུག་གསུམ་ལྟ་བུ། མཆན།༽ གང་གིས་ཆེད་དུ་མཛད་པ་ན་ཡང་འབྱུང་། ༼ ལོ་ཉེར་བརྒྱད་ན་འབྱུང་གསུངས་པ་ལྟ་བུ།༽ ལུང་ཆེན་ངེས་པར་བསྟན་པ་ན་ཡང་འབྱུང་།༼ བྲམ་ཟེ་དུང་ཕྲེང་ཅན་འདུལ་བ་ལྟ་བུ།༽ ལས་རྒྱུན་ཡོངས་སུ་གཅོད་པ་ན་ཡང་འབྱུང་། ༼སངས་རྒྱས་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། མཆན། ༽དགོངས་པ་རྣམ་པར་འགྲོ་བ་ན་ཡང་འབྱུང་། ཞེས་སྤྱིར་བྱུང་ཚུལ་བཅུ་གཉིས་ཀྱིས་འབྱུང་བར་ལུང་བསྟན་པ་ལས། ཁྱད་པར་དུ་ལུང་ཆེན་ངེས་པར་བསྟན་པའི་ཚུལ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ཞེས་དང་། རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། ཞེས་ལུང་བསྟན་པ་ལྟར། འདུས་པ་མདོའི་དཀའ་འགྲེལ་རྡོ་རྗེའི་ཐ་རམ་འབྱེད་པའི་ལྡེའུ་མིག་ལས། བྱུང་ཚུལ་བཅུ་གཉིས་ནི། རྨོངས་པའི་གདུང་བ་སེལ་བ་དང་། བྱིན་གྱིས་རླབས་ཀྱི་བྱུང་ཚུལ་དང་། སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་དང་། སྒྲོན་མ་ཡོངས་སུ་བཀོད་པ་དང་། དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་དང་། གང་གིས་ངེས་པ་རྙེད་པ་དང་། གདུལ་བྱའི་སྐབས་ལ་བབ་པའི་བྱུང་ཚུལ་དང་། །བརྒྱུད་པ་ཐབས་ཀྱི་གྲགས་པ་དང་། ལས་རྒྱུད་ཡོངས་སུ་གཅོད་པའི་བྱུང་ཚུལ་དང་། གང་གི་ཆེད་དུ་མཛད་པ་དང་། ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་དང་། དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལོ། །ཞེས་གསུངས།

༈ དེ་ནས་ཕྱག་ན་རྡོ་རྗེས་སོགས་ཀྱི་སྐབས། ཕྱག་ན་རྡོ་རྗེས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རིགས་ལྔའི་ངོ་བོར་བཞུགས་པ་ལ། གཞི་འབྲས་ཀྱི་དོན་ཐམས་ཅད་ཐེ་ཚོམ་བཅད་དེ་རིགས་ལྔའི་དགོངས་པ་ཉམས་སུ་བླང་བའི་ཕྱིར་དོན་འདི་ཞུས་སོ། །ཤར་ཕྱོགས་རྡོ་རྗེ་རྣམ་པར་གནོན་པའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་རྡོ་རྗེ་གསང་བ་ཞེས་བྱ་བ་རྡོ་རྗེའི་བྲག་སྟེང་ནས་བཞུགས་ཏེ་མི་ཕྱེད་པའི་འཁོར་དང་བཅས་པ་ལ་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་རྡོ་རྗེ་ལྟ་བུ་ལ། །སྐྱེ་འགག་འབྱུང་བ་ཇི་ལྟར་ལགས། །ཞེས་གསོལ་བ་དང་། དེ་ནས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་གསང་བས་བཀའ་སྩལ་པ། སེམས་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་དང་འགགས་པ་ཡོད་མ་ཡིན། །རྣམ་རྟོག་བློ་ལ་སྐྱེ་འགག་བྱུང་། །ཞེས་གསུངས་སོ། །དེ་ནས་ལྷོ་ཕྱོགས་ལོ་ཀའི་ཁམས་རཏྣ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རཏྣ་ཅན་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། རིན་པོ་ཆེ་རང་འབར་བ་སྣང་བའི་ཁྲི་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །རྒྱུ་རྐྱེན་རྩོལ་བས་མ་བསྒྲུབ་པར། །ཡོན་ཏན་འབྲས་བུ་ཇི་ལྟར་འཆར། །ཞེས་གསོལ་བ་དང་། དེ་བཞིན་གཤེགས་པ་རིན་ཆེན་ཞབས་ཀྱིས་བཀའ་སྩལ་པ། བདག་ཉིད་ཤཱཀྱའི་རྒྱན་བཞིན་དུ། །རྒྱུ་འབྲས་མཐར་ཕྱིན་ཡེ་ནས་རྫོགས། །ཐམས་ཅད་རང་བཞིན་སྙིང་པོའི་མཆོག །གསང་བ་ཐབས་ཀྱིས་རྟོགས་གྱུར་ན། །ཉི་མའི་འོད་ལྟར་འབྲས་བུ་འཆར། །ཞེས་གསུངས་སོ། །དེ་ནས་ནུབ་ཕྱོགས་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ན། བཅོམ་ལྡན་འདས་པདྨའི་འོད་ཅེས་བྱ་བ་དྲི་མ་མེད་པ་པདྨའི་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་ཏེ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སེམས་ཉིད་པདྨ་ལྟར་དག་ལ། །གཟུང་འཛིན་དྲི་མ་ཇི་ལྟར་འབྱུང་། །ཞེས་གསོལ་བས། བཅོམ་ལྡན་འདས་པདྨའི་འོད་ཀྱིས་བཀའ་སྩལ་པ། པདྨ་འདམ་ན་གནས་བཞིན་དུ། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་ཏེ། །རྣམ་རྟོག་བློ་ལས་འཁོར་བ་བྱུང་། །ཞེས་གསུངས་སོ། །དེ་ནས་བྱང་ཕྱོགས་རྣམ་དག་གྲུབ་པ་ཞེས་བྱ་བའི་འཇིག་རྟེན་ན་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པར་སྣང་བ་ཞེས་བྱ་བ་རྒྱ་གྲམ་གྱི་རང་བཞིན་སྣང་བ་ཞེས་བྱ་བའི་གདན་ལ་བཞུགས་ཏེ། ཉིད་ཀྱི་འཁོར་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་སྟོན་ཅིང་བཞུགས་པ་ལ། སེམས་དཔའ་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །རྩོལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་འབྱུང་། །ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་གྲུབ་པར་སྣང་བས་བཀའ་སྩལ་པ། རང་བྱུང་ཡེ་ཤེས་རྟོགས་གྱུར་ན། །མཛད་པའི་བྱིན་རླབས་རང་ལ་འཆར། །ཞེས་གསུངས་སོ། །དེ་ནས་དབུས་ཕྱོགས་མཐའ་དང་བྲལ་བའི་ཞིང་ཁམས་ན། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་འཁོར་ལོའི་གདན་ལ་བཞུགས་ནས། ཕྱག་ན་རྡོ་རྗེ་མདུན་དུ་འཁོད་མ་ཐག་སྟོན་པས་མདུན་བསུས་ཏེ་གསུངས་པ། འདུས་པའི་འཁོར་ཚོགས་ཁྱེད་ཀྱིས་ནི། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་བཅུད། །ཡེ་ཤེས་གསང་དོན་རྟོགས་པར་གྱིས། །དོན་དེ་ངེས་པར་མ་རྟོགས་ན། །ཀིམ་པ་རའི་འབྲས་བུ་བཞིན། །སྨིན་པའི་འབྲས་བུ་མི་འབྱུང་ངོ་། །ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེ་ནི་རང་གི་སྟན་ལས་ལངས་ཏེ་སེང་གེའི་ལྟ་སྟངས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འདི་སྐད་ཅེས་ཞུས་སོ། །ཁྱོད་ནི་གསུང་གི་སེང་གེ་སྟེ། །ཡེ་ཤེས་གསང་དོན་མ་རྟོགས་པར། །ཀི མ་པ་རའི་འབྲས་བུ་བཞིན། །སྨིན་པའི་འབྲས་བུ་མི་འབྱུང་བས། །ཡེ་ཤེས་གསང་དོན་རྟོགས་པར་གྱིས། །ཐུགས་རྗེའི་མངའ་བདག་ཁྱེད་ཀྱི་གསང་། །དེ་དོན་བདག་གི་མ་རིག་པས། །ཡེ་ཤེས་གསང་བ་བསྟན་དུ་གསོལ། །ཞེས་ཞུས་པས། རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། སེམས་དཔའ་རྡོ་རྗེ་དེ་ཉོན་ཅིག །ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་ལམ་དུ་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །གཞི་བཞག་རང་ལུས་རིན་ཆེན་མཛོད། །རང་བྱུང་མ་བཙལ་གདོད་ནས་དག །ཡེ་ཤེས་གསང་བའི་རྣམ་པ་ནི། །སྣ་ཚོགས་སྣང་ལ་ངོས་བཟུང་མེད། །མི་དམིགས་སྒྱུ་མ་ལྷུན་གྲུབ་ནི། །རྟག་ཏུ་གསལ་ན་ལྟ་བ་ཡིན། །ཞེས་གསུངས་པས་ཐེ་ཚོམ་བྲལ་ཏེ། ལྟ་བའི་གདེང་རྙེད། སྤྱོད་པས་ཐབས་ཤེས། བསྒོམ་པའི་ཀློང་དུ་གྱུར། འབྲས་བུ་ལ་རག་མ་ལས། ལམ་ལ་རིམ་པ་མེད་པའི་གདེང་རྙེད་དོ། །དེ་བཞིན་དུ་རྨད་བྱུང་བསྟན་པའི་སྙིང་པོ་རྩོལ་མེད་ཨ་ཏི་རང་བྱུང་གི་དགོངས་པ། རྒྱུ་འབྲས་ལས་འདས་པའི་ཆོས། ཨ་ཏི་ཡོ་གའི་དོན་རྣམས་བུདྡྷ་ཐམས་ཅད་ལ་དགོངས་པའི་བཅུད་བླང་ནས་སུམ་ཅུ་རྩ་གསུམ་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟང་གི་དབུ་རྩེ་སྲོག་ཤིང་རྡོ་རྗེ་རྩེ་དགུ་པ་དང་བཅས་པའི་གུ ར་ཁང་ན། ལྷའི་བུ་སེམས་ལྷག་ཅན་ཡོད་པའི་དྲུང་དུ་བྱོན། དེར་སྲོག་ཤིང་རྡོ་རྗེ་རྩེ་དགུ་པའི་སྟེང་དུ་རིན་པོ་ཆེ་འབར་བའི་ཁྲི་བཤམས། རཏྣ་སྣ་ཚོགས་ལས་གྲུབ་པའི་གདུགས་ཕུབ། དེར་ཕྱག་ན་རྡོ་རྗེ་བཞུགས་ནས་ལྷ་ཡི་བུ་སེམས་ལྷག་ཅན་ལ། རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་ནས། མན་ངག་འཕྲུལ་གྱི་ལུང་བཅུ་ཕོག །ལྷུན་གྲུབ་གསུམ་གྱི་དབང་བསྐུར་ནས། སྐུ་གསུམ་ཐུགས་ཕྲད་ཀྱི་མན་ངག་བྱིན། ༼ ས་མན་ཏ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ངོ་བོ་མ་གྲུབ་ཀུན་གྱི་ཆོས། །མཚན་ཉིད་འོད་འདྲར་བརྟག་པར་དཀའ། །ལྟ་བ་ཅིར་ཡང་མ་འགགས་ཤར། །ཅེས་པས་ལྷུན་གྲུབ་གསུམ་མོ། །༽ཐིག་ལེ་ཆེན་པོའི་དབང་བསྐུར་ནས། །སེམས་ཉིད་འགྱུར་མེད་ཀྱི་མན་ངག་བྱིན། །མི་འགྱུར་བརྟན་པའི་དབང་བསྐུར་ནས། །སྤྱོད་ལམ་རིག་པའི་མན་ངག་བྱིན། །རིག་པ་སྤྱི་བླུགས་ཀྱི་དབང་བསྐུར་ནས། །ཡེ་ཤེས་ང ོས་བཟུང་གི་མན་ངག་བྱིན། །གཉིས་མེད་འབྲེལ་བའི་དབང་བསྐུར་ནས། །ཕྱག་རྒྱ་ཆེན་པོའི་མན་ངག་བྱིན། །རྡོ་རྗེ་ལུང་གི་དབང་བསྐུར་ནས། །རྒྱལ་ཚབ་བསྒོམ་པའི་མན་ངག་བྱིན། །གཞན་ཡང་དབང་དང་མན་ངག་དང་རྒྱུད་སྡེ་མང་པོ་དུས་མཐའི་སྐད་ཅིག་མ་ལ་རྫོགས་པར་གཏད་ནས། ལྷའི་བུ་ཀུན་དགའ་སེམས་ལྷག་ཅན་ལ། གཡས་སུ་རྡོ་རྗེ་རྩེ་ལྔ་གཏད། གཡོན་དུ་གསེར་གྱི་ཆགས་ཤིང་རིན་པོ་ཆེའི་འཁོར་ལོ་ཅན་གཏད། སྤྱི་བོར་རིན་པོ་ཆེའི་དབུ་རྒྱན་བསྐོན་ནས། གསང་མཚན་རྡོ་རྗེ་བཞད་པ་རྩལ་དུ་བཏགས་ཏེ། རྒྱལ་ཐེབས་ཀྱིས་ལ་མི་ཡུལ་དུ་བསྟན་པ་སྒྲོགས་ཤིག་པར་ལུང་ཕོག་པ། རྨད་བྱུང་བསྟན་པའི་སྙིང་པོ་འདི། ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་བྱོན། །ཞེས་གསུངས་སོ། །དེ་ནས་སེམས་ལྷག་ཅན་གྱིས་ཕྱོགས་བཅུའི་སངས་རྒྱས་ལ་ཐེ་ཚོམ་བཅད་ཚུལ་ནི། རང་བྱུང་བདེ་བ་འཁོར་ལོའི་རྒྱུད་ལས། དེ་དུས་ཕྱོགས་བཅུའི་སངས་རྒྱས་ལ། །སྤྲུལ་པའི་རིག་འཛིན་སེམས་དག་གིས། །ངེས་དོན་ཐེ་ཚོམ་བཅད་པའི་ཕྱིར། །བདེན་པའི་ཡིད་ཀྱིས་འདི་སྐད་ཞུས། །ཞེས་གསུངས། དེ་གང་ཞེ་ན། སེམས་ལྷག་ཅན་གྱིས། དུས་གསུམ་སངས་རྒྱས་དགོངས་པ་དང་མི་འགལ་བར་བྱ་བའི་ཕྱིར། འདི་སྐད་ཞུས་ཏེ། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ན། སངས་རྒྱས་རྡོ་རྗེ་གསང་བ་ལ་སེམས་ཉིད་མི་འགྱུར་རྡོ་རྗེ་ལས། སྐྱེ་ཤི་བྱུང་བ་ཇི་ལྟར་ལགས། ཅེས་ཞུས་པས། བཀའ་སྩལ་པ། གཞི་ཉིད་མི་འགྱུར་རྡོ་རྗེ་ལ། །སྐྱེ་ཤི་ཡོད་པ་མ་ཡིན་ཏེ། །རང་གིས་རྣམ་རྟོག་གཟུང་འཛིན་ལས། །ཐ་མལ་ལུས་ལ་སྐྱེ་ཤི་བྱུང་། །ཞེས་གསུངས། ལྷོ་ཕྱོགས་རིན་ཆེན་བརྩེགས་པའི་ཞིང་ཁམས་ན། སངས་རྒྱས་རིན་ཆེན་སྙིང་པོ་ལ། །ཆོས་ཉིད་རྩོལ་བས་མ་བསྒྲུབ་པས། །ཡོན་ཏན་འབྲས་བུ་ཇི་ལྟར་འཆར། ཞུས་པས། བཀའ་སྩལ་པ། བདག་ཉིད་ཤཱཀྱའི་རྒྱན་བཞིན་དུ། །ཡེ་ནས་གནས་པའི་ཆོས་ཉིད་ལ། །རྒྱུ་འབྲས་མཐར་ཕྱིན་གཞི་ལ་རྫོགས། །ཉི་མའི་འོད་བཞིན་འབྲས་བུ་བྱུང་། །ཞེས་གསུངས། ནུབ་ཕྱོགས་པདྨ་ཅན་གྱི་ཞིང་ཁམས་ན། སངས་རྒྱས་དྲི་མེད་གྲགས་པ་ལ། །སེམས་ཉིད་པདྨ་ལྟར་དག་ལ། །གཟུང་འཛིན་དྲི་མས་ཇི་ལྟར་གོས། །ཞེས་ཞུས་པས། བཀའ་སྩལ་པ། པདྨ་འདམ་གྱིས་མ་གོས་ལྟར། །བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟུང་འཛིན་བྱ་བ་གཞི་ལ་མེད། །འཁྲུལ་བའི་བློ་ལ་གཟུང་འཛིན་བྱུང་། །ཞེས་གསུངས། བྱང་ཕྱོགས་རྣམ་དག་གྲུབ་པའི་ཞིང་ཁམས་ན། སངས་རྒྱས་ཕྲིན་ལས་གྲུབ་པ་ལ། །རྩོལ་མེད་སེམས་ཀྱི་རང་བཞིན་ལ། །འགྲོ་དོན་མཛད་པ་ཇི་ལྟར་ལགས། །ཞུས་པས། བཀའ་སྩལ་པ། རང་བྱུང་ཆོས་སྐུར་རྟོགས་གྱུར་ན། །བྱ་བའི་ལས་རྣམས་མི་དགོངས་ཏེ། །ནོར་བུ་རིན་ཆེན་རྙེད་པ་ལྟར། །མཛད་པ་ཕྲིན་ལས་ཐམས་ཅད་འབྱུང་། །ཞེས་གསུངས། ཤར་ལྷོ་རྣམ་པར་རོལ་བའི་ཞིང་ཁམས་ན། སངས་རྒྱས་རྒྱལ་བའི་དབང་པོ་ལ། །ཆོས་ཉིད་ཡེ་ཤེས་རང་ཆས་ལ། །ཐོས་བསམ་དགོས་པ་ཇི་ལྟར་ལགས། །ཞུས་པས། བཀའ་སྩལ་བ། ཆོས་ཉིད་ཡེ་ཤེས་རང་ཆས་ལ། །ཐོས་བསམ་དགོས་པ་མ་ཡིན་ཏེ། །མ་རིག་མུན་པ་བསལ་བའི་ཕྱིར། །ལུང་ལྡན་རྐྱེན་གྱིས་ཡིད་ཆེས་སྐྱེ། །ཞེས་གསུངས། ལྷོ་ནུབ་རྣམ་དག་བདེ་བའི་ཞིང་ཁམས་ན། སངས་རྒྱས་བསོད་ནམས་སྙིང་པོ་ལ། །ཆོས་ཉིད་ཡེ་ནས་འོད་གསལ་ལ། །བྱིང་རྒོད་བྱུང་བ་ཇི་ལྟར་ལགས། །ཞུས་པས། བཀའ་སྩལ་པ། ཆོས་ཉིད་ཡེ་ནས་འོད་གསལ་ལ། །རྣམ་སྨིན་ལུས་དང་མ་བྲལ་ཕྱིར། །ལོག་ནོན་གདམས་ངག་མེད་པས་ན། །ཚོགས་བརྒྱད་རྐྱེན་གྱིས་བྱིང་རྒོད་འབྱུང་། །ཞེས་གསུངས། ནུབ་བྱང་འཁོར་བ་མེད་པའི་ཞིང་ཁམས་ནས། སངས་རྒྱས་ཞི་བའི་དབང་པོ་ལ། ཡེ་ནས་རང་བྱུང་ཡེ་ཤེས་ལ། །འཕེལ་འགྲིབ་བྱུང་བ་ཇི་ལྟར་ལགས། །ཞུས་པས། བཀའ་སྩལ་པ། རང་བྱུང་ཡེ་ཤེས་སྙིང་པོ་ལ། །འཕེལ་འགྲིབ་ཡོད་པ་མ་ཡིན་ཏེ། །མ་རིག་མུན་པ་མ་སེལ་ཕྱིར། །ཀུན་གཞིའི་རྐྱེན་གྱིས་འཕེལ་འགྲིབ་བྱུང་། །ཞེས་གསུངས། བྱང་ཤར་འཁོར་བ་ཡོངས་སུ་དག་པའི་ཞིང་ཁམས་ན། སངས་རྒྱས་ཉི་མའི་འོད་ཟེར་ལ། །གཞི་ལ་ཐོག་མཐའ་མེད་པ་ལ། །འཁོར་འདས་ཐོག་མཐའ་ཇི་ལྟར་ལགས།། ཞུས་པས། བཀའ་སྩལ་པ། གཞི་ཉིད་དུས་གསུམ་མི་འགྱུར་ལ། །ཐོག་མཐའ་ཡོད་པ་མ་ཡིན་ཏེ། །རང་གི་ཞེ་སྡང་འཁྲུལ་པ་ཡིས། །བག་ཆགས་སྣང་བ་སྤྲིན་ལྟར་བྱུང་། །ཞེས་གསུངས། དབུས་ཕྱོགས་མཐའ་དབུས་མེད་པའི་ཞིང་ཁམས་ན། སངས་རྒྱས་ནམ་མཁའི་སྙིང་པོ་ལ། རང་བཞིན་དག་པའི་ངོ་བོ་ལ། །གཞི་ལ་སྣང་བ་མེད་པ་ལ། །གློ་བུར་འཁྲུལ་སྣང་ཇི་ལྟར་བྱུང་། །ཞུས་པས། བཀའ་སྩལ་པ། གཞི་ལ་སྣང་མེད་ནམ་མཁའ་འདྲ། །མ་རིག་རྐྱེན་བྱས་གཟུང་འཛིན་གྱིས། །རང་གི་ཞེན་སྣང་འཁྲུལ་པའི་ཕྱིར། །བག་ཆགས་སྣང་བ་སྤྲིན་ལྟར་བྱུང་། ཞེས་གསུངས། འོག་ཕྱོགས་ཡོན་ཏན་རྒྱས་པའི་ཞིང་ཁམས་ནས། སངས་རྒྱས་འབུམ་གཟིགས་བྱ་བ་ལ། །རིག་པ་ཕྱི་ནང་མེད་པ་ལ། །མཉམ་རྗེས་འོང་བ་ཇི་ལྟར་ལགས། །ཞུས་པས། བཀའ་སྩལ་པ། རིག་པ་རང་ཤར་འདི་ཉིད་ལ། །མཉམ་བཞག་རྗེས་ཐོབ་གདོད་ནས་མེད། །ངེས་དོན་འདི་མེད་སྒོམ་ཆེན་ལ། །སྒོ་ལྔའི་ཡིད་ལ་རྗེས་ཐོབ་བྱུང་། །ཞེས་གསུངས། དེ་ལྟར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀྱི་ངེས་དོན་གདམས་ངག་ཁོང་དུ་ཆུད་ཅིང་། རྟོགས་པ་མངོན་དུ་གྱུར་དེ་སངས་རྒྱས་སོ། །དེ་ནས་སྔོན་གྱི་གནས་རྗེས་སུ་དྲན་ནས། སུམ་ཅུ་རྩ་གསུམ་ལྷའི་གནས་ཀྱི་ཤར་ཕྱོགས་མངོན་པར་དགའ་བའི་ཕུག་ཏུ་ཕྱིན་ནས། ཏིང་ངེ་འཛིན་ལ་བཞུགས་པ་ཡིན་ཏེ། རང་བྱུང་བདེ་བ་འཁོར་ལོ་ལས། དེ་ནས་རིག་འཛིན་སེམས་དག་གིས། །ཞུ་བ་ཞུས་ནས་ཐེ་ཚོམ་ཆོད། །ངེས་རྙེད་མངོན་དགའི་ཕུག་ཏུ་ནི། །ཏིང་ངེ་འཛིན་ལ་སྙོམས་པར་བཞུགས། །ཞེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འཛམ་གླིང་དུ་བྱོན་དགོས་ཚུལ་ཞུས་པ་ལྟར་བྱ་ངང་པ་གསེར་གྱི་མདོག་ཅན། ལྕགས་ཀྱི་སྡེར་མོ་ཅན། དངུལ་གྱི་གཤོག་པ་ཅན། གཡུའི་སྨིན་མ་ཅན། རིན་པོ་ཆེ་སྣ་ཚོགས་ཀྱི་མིག་ཅན་གཅིག་ཏུ་སྤྲུལ་ནས་གཤེགས་ཏེ་གནོད་སྦྱིན་མོ་འགྱུར་མེད་བྱང་ཆུབ་ཀྱི་སྙིང་ཁར་མཆུ་ལན་གསུམ་གཏུག་ནས་སྙིང་ཁར་ཐིམ། དེ་ནས་ཞག་གསུམ་དྲོས་བཞི་ལོན་ཙམ་ན། ཁྱེའུ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐོགས་པ་ཞིག་སྙིང་ཁ་ནས་བྱུང་ཏེ་འཁྲུངས་སོ། །

༈ དེ་ནས་བོད་ཁ་བ་ཅན་སོགས་ཀྱི་སྐབས། དེ་ཡང་རྒྱལ་པོས་མཐའ་འཁོབ་ཀྱི་ཡུལ་འདིར། སེམས་ཅན་གྱི་དོན་བྱེད་པ་ལ། ཡི་དམ་གྱི་ལྷ་ཞིག་བཞེངས་དགོས་ཏེ། དེའི་རྒྱུ་གང་ལེགས་དགོངས་ནས། འཕགས་པ་ལ་གསོལ་བ་བཏབ་པས། ཐོ་རངས་ཀྱི་དུས་སུ་སངས་རྒྱས་བྱང་སེམས་ཉན་ཐོས་ལྷའི་བུ་དང་བུ་མོ་ལ་སོགས་པ་ཐམས་ཅད་འདུས་ནས་མགྲིན་གཅིག་ཏུ་རྒྱལ་པོ་ལ་འདི་སྐད་ཅེས་ཞུས་སོ། །སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས། །མགོ་ནག་ཡོངས་ཀྱི་རྗེ་ཁྱེད་ཀྱིས། །མོས་གུས་བསོད་ནམས་བསགས་པའི་རྟེན། །ཡི་དམ་ལྷ་ཞིག་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །སིངྒ་ལ་ཡི་རྒྱ་མཚོའི་འགྲམ། །རང་བྱོན་ཁ་སཪྤ་ཎིའི་རྒྱབ། །གླང་ཆེན་ཉལ་བའི་བྱེ་མའི་འོག །ཙནྡན་སྦྲུལ་གྱི་སྙིང་པོ་ལས། །གྲུབ་པའི་རང་བྱོན་སྤྱན་རས་གཟིགས། །ངོ་མཚར་ཅན་ཞིག་དེ་ན་བཞུགས། །དེ་ནི་རྒྱལ་པོའི་ཡི་དམ་ཡིན། །ཞེས་ཟེར་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོའི་སྨིན་མཚམས་ཀྱི་མཛོད་སྤུ་ནས། སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏི་ཤཱི་ལ་ཞེས་པ། དབུ་ལ་སངས་རྒྱས་འོད་དཔག་མེད་བཞུགས་པ་ཞིག་སྤྲུལ་ནས། ཡི་ད མ་དེ་སྤྱན་འདྲེན་པ་ལ་བཏང་ངོ་། །དེ་ནས་སྤྲུལ་པའི་དགེ་སློང་དེ་ཉིད་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་དབུས་འགྱུར་བྱ་བར་སླེབས་ཏེ། དེ་ན་རྒྱལ་པོ་ཨུཏྤལ་གེ་སར་ཞེས་པ། རྒྱལ་པོ་དེ་གདུང་བརྒྱུད་སྔོན་ནང་པ་སངས་རྒྱས་པ་ཡིན་པ་ལ། ཕྱིས་སུ་མུ་སྟེགས་པའི་ཆོས་ལུགས་བཟུང་ནས། ཉིན་རེ་ལ་ར་ལྔ་ལྔ་བསད་ནས། དབང་ཕྱུག་ཆེན་པོའི་རྟེན་ལ་མཆོད་དོ། །རྒྱལ་པོའི་ཕོ་བྲང་དེའི་གཡོན་ན། སྔོན་སངས་རྒྱས་འཁོར་བ་འཇིག་གིས་རབ་གནས་མཛད་པའི་མཆོད་རྟེན་པདྨའི་འཁོར་ལོ་ཅན་ཞེས་བྱ་བ་བཞུགས་སོ། །དེར་སྤྲུལ་པའི་དགེ་སློང་དེས། མཆོད་རྟེན་དེའི་ཐེམ་པའི་ཐད་ཀྱི་ནམ་མཁའ་ལ་སྐྱིལ་ཀྲུང་མཛད་ཅིང་བསྐོར་བ་མཛད་པ་ལ། རྒྱལ་པོ་ངོ་མཚར་དུ་གྱུར་ནས་ཕོ་བྲང་དུ་གདན་དྲངས། དེ་ནས་རྒྱལ་པོ་འཁོར་བཅས་ནང་པར་བསྒྱུར། དགེ་སློང་གི་ཞལ་ནས། རྒྱལ་པོ་ཁྱེད་ཀྱིས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཤིག །ལྷ་ཁང་དེ་རྣམས་ཀྱི་ནང་དུ་ཙནྡན་སྦྲུལ་གྱི་སྙིང་པོ་དང་། ཙནྡན་གོ་ཤིཪྵའི་སྐུ་བརྒྱ་རྩ་བརྒྱད་བཞེངས་ཤིག་ཅེས་གསུངས་པས། རྒྱལ་པོས་ཙནྡན་སྦྲུལ་གྱི་སྙིང་པོ་ནི་འོག་མིན་ན་ཡོད་པས་ང་ལ་ལེན་པའི་མཐུ་མེད། ཙནྡན་གོ་ཤིཪྵ་ནི་མ་ལ་ཡའི་བྱང་ཕྱོགས་ན་སྦྲུལ་གདུག་པ་ཅན་གྱིས་འཁྲིལ་ཡོད་པས། ངས་ལེན་མི་ནུས། ལྷ་ཁང་བརྒྱ་རྩ་བརྒྱད་ནི་བཞེངས་ཟེར། དགེ་སློང་གི་ཞལ་ནས། ཙནྡན་སྦྲུལ་སྙིང་ནི་རྒྱུས་ང་ལ་ཡོད་པས་ལེན་དུ་འགྲོ་གསུངས ། དེ་ནས་རྒྱལ་པོ་འཁོར་བཅས་ཁྲིད་ནས་སིངྒ་ལའི་རྒྱ་མཚོའི་འགྲམ་དུ་བྱོན་པ་དང་། རྡོའི་ཁ་སཪྤ་ཎི་རང་བྱོན་དེའི་སྐུ་རྒྱབ་ན་གླང་པོ་ཆེ་མང་པོ་ཉལ་འདུག་པ་དཀྲོགས་ནས། དེའི་འོག་གི་བྱེ་མ་བསྐོས་པ་དང་། ཙནྡན་སྦྲུལ་གྱི་སྙིང་པོའི་སྡོང་པོ་ཞིག་འདུག་གོ། །རྒྱལ་པོས་མིའི་ཡུལ་ན་ཙནྡན་སྦྲུལ་སྙིང་མི་འོང་བ་ལ། འདིར་འོང་བ་ཅི་ལགས་ཞུས་པས། དགེ་སློང་གིས། སྔོན་སངས་རྒྱས་འཁོར་བ་འཇིག་འཇིག་རྟེན་དུ་བྱོན་པའི་དུས་སུ། ཉན་ཐོས་དགྲ་བཅོམ་པ་ཞིག་གིས་རྫུ་འཕྲུལ་གྱིས་འོག་མིན་དུ་བྱོན་ནས། ཙནྡན་སྦྲུལ་གྱི་སྙིང་པོའི་གོང་བུ་ཞིག་བླང་ནས་བྱོན་པས། དེའི་ནང་ན་འབྲུ་བཞི་འདུག་པ་ལ། འབྲུ་གསུམ་སངས་རྒྱས་འཁོར་བ་འཇིག་ལ་ཕུལ། འབྲུ་གཅིག་ཇོ་བོ་ཁ་སཪྤ་ཎི་ལ་ཕུལ་ནས་དབུའི་སྤྱི་གཙུག་ཏུ་བཞག་པས། རླུང་གིས་བསྐྱོད་དེ་སྐུ་རྒྱབ་ཏུ་ལྷུང་། དེ་སས་ནོན་པའི་ཐོག་ཏུ་མཁའ་འགྲོ་མ་རྣམས་ཀྱིས་བདུད་རྩི་ཕོ་བས་བརླན་ནས་མྱུ་གུ་བྱུང་། སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་ཚེ་མེ་ཏོག་རྒྱས། སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་ཚེ་འབྲས་བུ་སྨིན། སངས་རྒྱས་ཤཱཀ་ཐུབ་བྱོན་ཚེ་སྡོང་པོ་ཆེན་པོར་གྱུར་ཡོད་པ་ལས། ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ཚེ། སྡོང་པོ་དེ་འགྱེལ་ནས་བྱེ་མས་ནོན་པ་ཡིན་གསུངས་སོ། །དེ་བཏོན་ནས་ཡལ་ག་རྣམས་བཅད། སྡོང་པོའི་སྲུབ་བཞི་ནས་འོད་ཟེར་བྱུང་ཏེ་སླར་ཐིམ་པ་དང་། དལ་བས་ཆོད་ཅིག་བྱ་བའི་སྒྲ་བྱུང་ངོ་། །དེར་སྡོང་པོ་དེ་ཚལ་པ་བཞིར་གཤགས་པའི་ནང་ན། འཕགས་པ་སྤྱན་རས་གཟིགས་ཡིད་བཞིན་གྱི་ནོར་བུ་ཞལ་བཅུ་པ། ཞི་ཞལ་གསུམ། ཁྲོ་ཞལ་བདུན། དེའི་སྟེང་ན་ཨ་མི་དེ་བ་བཞུགས་པ། རྩ་ཕྱག་བཅུ་པོ་ཕྱག་མཚན་དང་བཅས་པ། འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་བྱོན་ནོ། །ཙནྡན་དེ་ལ་ཚལ་བ་བརྒྱ་རྩ་བརྒྱད་བྱས། སྐུ་བརྒྱ་རྩ་བརྒྱད་བཞེངས་ཏེ། ལྷ་ཁང་བརྒྱ་རྩ་བརྒྱད་དུ་བཞུགས་སོ། །དེ་ནས་གོ་ཤིཪྵ་ཡང་བླངས་ཏེ་སྔ་མ་ལྟར་བྱས་སོ། །དེ་ནས་དགེ་སློང་གིས་མཆོད་རྟེན་པདྨའི་བུམ་པའི་ནང་ནས། སངས་རྒྱས་རབ་བདུན་གྱི་རིང་བསྲེལ་བྲེ་གང་བསྣམས་ནས། དེ་ནས་རྒྱ་མཚོའི་གླིང་ལ་བྱོན་པ་དང་། འཇག་མ་རེ་རེའི་སྟེང་ན། སངས་རྒྱས་རེ་བཞུགས་པར་གཟིགས་ནས་འཇག་མ་ཕོན་ཅིག་ཀྱང་བསྣམས་སོ། །དེ་ནས་ཆུ་བོ་ནཻ་རཱཉྫའི་འགྲམ་དུ་བྱོན་པ་དང་། བྱེ་མ་འབྲུ་རེའི་སྟེང་ན་སངས་རྒྱས་རེ་བཞུགས་པར་གཟིགས་ནས་བྱེ་མ་བྲེ་གང་ཀྱང་བསྣམས་སོ། །སྦྲུལ་སྙིང་དང་གོ་ཤིཪྵ་དང་རང་བྱང་ཆུབ་ཀྱི་ལྗོན་ཤིང་གི་ཡལ་ག་དུམ་བུ་རེ་དང་། དབེན་གནས་ཆེན་པོ་བརྒྱད་ཀྱི་ས་སྟེ་དེ་རྣམས་སྤྱན་དྲངས་ཏེ་རྒྱལ་པོ་ལ་ཕུལ་བའོ། །རྒྱལ་པོའི་ཞལ་ནས་བལ་བོའི་ལྷ་བཟོ་ལ་ཁྱོད་ཀྱིས་ངའི་སྐུ་འབག་ཏུ་མིང་བཏགས་པའི། འཕགས་པ་བཅུ་གཅིག་ཞལ་ཞིག་བཞེངས་ནུས་སམ་གསུངས་པས། ནུས་ལགས་ཟེར་ཏེ། དེའི་བཟོ་རྒྱུ་ལ་ཙནྡན་སྦྲུལ་གྱི་སྙིང་པོའི་དུམ་བུ། ཙནྡན་གོ་ཤིཪྵའི་དུམ་བུ། བྱང་ཆུབ་ཤིང་གི་ཡལ་ག །རྒྱ་མཚོའི་གླིང་གི་འཇག་མ། ཆུ་བོ་ནཻ་རཱཉྫ་ནའི་བྱེ་མ། དབེན་གནས་ཆེན་པོ་བརྒྱད་ཀྱི་ས་ལ་སོགས་པ་རྒྱ་གར་ནས་སྤྱན་དྲངས་པའི་ངོ་མཚར་བའི་རྫས་མང་པོ་བསགས་ཏེ། བ་དམར་དང་ར་དཀར་གྱི་འོ་མ་ལ་སྦྱར་ཏེ། འཇིམ་པའི་ཕུང་པོ་ཆེན་པོ་གཅིག་བྱས། རྒྱལ་པོ་གཟིམས་པའི་དབུ་སྔས་སུ་བཞག། ནང་པར་བཅུ་གཅིག་ཞལ་ཡིད་བཞིན་གྱི་ནོར་བུ་རང་བྱོན་དུ་སྣང་སྟེ། ལྷ་བཟོས་བཞེངས་མ་དགོས་སོ། །དེ་ལ་རྩ་བའི་ཞལ་གསུམ་དཀར་པོ་རབ་ཏུ་འཛུམ་པ་ཞི་བའི་ཕྲིན་ལས། དེའི་སྟེང་གི་ཞལ་གསུམ་གསེར་གྱི་མདོག་རྔམས་པའི་ཁྲོ་ཞལ་རྒྱས་པའི་ཕྲིན་ལས། དེའི་སྟེང་གི་ཞལ་གཉིས་བྱི་རུའི་མདོག་བཞད་པའི་ཁྲོ་ཞལ་དབང་གི་ཕྲིན་ལས། དེའི་སྟེང་གི་ཞལ་གཉིས་ནག་པོ་ཁྲོས་ཤིང་གདངས་པའི་ཁྲོ་ཞལ་དྲག་པོའི་ཕྲིན་ལས། དེའི་སྟེང་དུ་ཨ་མི་དེ་བ་ལི་ཁྲིའི་མདོག་ཅན་ཨ་མི་དེ་བ་མན་རྒྱལ་པོའི་སྐུ་ཚད་དང་མཉམ་པ། ཆོས་སྐུའི་རྩ་བའི་ཕྱག་བཅུའི་ཕྱག་མཚན་ནི། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་བགྲང་ཕྲེང་། གསུམ་པ་ན་འཁོར་ལོ། བཞི་པ་ན་མཆོག་སྦྱིན། ལྔ་པ་ན་འོད་དཔག་མེད་བསྣམས་པའོ། །གཡོན་གྱི་གཉིས་པ་ན་པདྨ་དཀར་པོ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་རིན་པོ་ཆེ། ལྔ་པ་ན་མདའ་གཞུ་བསྣམས་པའོ། །སྤྲུལ་པའི་ཕྱག་རྣམས་ནི་ལྷ་བཟོ་བས་བཞེངས། རང་བྱོན་དུ་བྱོན་དུས། རྩ་ཕྱག་བཅུ་པོ་ལས་མི་འདུག །དེ་ནས་རྒྱལ་པོའི་ཞལ་ནས། བཟོ་བོ་ལ་རྟེན་འདི་ངོ་མཚར་ཆེ་ལ་མགྱོགས་པར་བཞེངས་པར་ཚར་འདུག་ནའང་། ཙནྡན་གྱི་སྐུ་རང་བྱུང་དང་། སངས་རྒྱས་རབ་བདུན་གྱི་རིང་བསྲེལ་རྣམས་ནང་བཞུགས་ཀྱི་ཚུལ་དུ་གཞུག་རྒྱུ་ཡིན་པ་ལ་གསུངས་པར། བཟོ་བོས། སྐུ་འདི་བདག་གིས་བཞེངས་པ་མ་ལགས། རང་བྱོན་དུ་གདའ་འོ་ཞུས་མ་ཐག་ཏུ། ཞབས་གཡོན་པའི་ཤམ་ཐབས་པུས་མོའི་གོང་དུ་བརྫེས། ཞལ་མཐིལ་ལས་འོད་ཟེར་བྱུང་བས་རྟེན་དེ་རྣམས་དྲངས་ཏེ་ཐུགས་ཀར་ཐིམ། ཨ་མི་དེ་བ་གཡོན་ཕྱོགས་སུ་ཅུང་ཡོ་བ་དང་། ཤམ་ཐབས་ཀྱང་པུས་མོའི་གོང་དུ་ལུས་པ་རྣམས་ཕྱིས་སུ་ཡང་དེ་ལྟར་དུ་ཡོད་དོ། །ཙནྡན་སྦྲུལ་སྙིང་དེ་དབུའི་སྲོག་ཤིང་དུ་གྱུར། བྱང་ཆུབ་ཀྱི་ཤིང་གཉིས་ཞབས་ཀྱི་སྲོག་ཤིང་དུ་གྱུར། སྔར་གྱི་རྫས་རྣམས་སྐུ་ལུས་སུ་གྱུར་རོ། །དེ་ལྟར་བཟོ་བོས་མ་བཞེངས་པར་སྐུ་རང་བྱོན་དུ་གྲུབ་པ་དང་། ནང་བཞུགས་འཕགས་པའི་སྐུ་རང་བྱོན་དང་། ཆོས་རྒྱལ་ཡབ་ཡུམ་གསུམ་ཐིམ་པས་རང་བྱོན་ལྔ་ལྡན་ཞེས་གྲགས་པ་ཡིན་ནོ། །གཞན་ཡང་རྒྱལ་པོས། རྒྱ་གར་དང་བལ་པོའི་མཚམས་ཀྱི་ནགས་ཁྲོད་ཆེན་པོ་ཞིག་ན། ཙནྡན་ཧ་རིའི་སྡོང་པོ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཞིག་ལ་རང་བྱོན་མཆེད་བཞི་བྱོན་པར་གཟིགས། ཡང་སྤྲུལ་པའི་དགེ་སློང་དེ་རྟེན་དེ་རྣམས་སྤྱན་འདྲེན་དུ་བཏང་ངོ་། །ཙནྡན་དེ་སྟྭ་རེས་བཅད་པ་ན་སྐུ་བཞི་རིམ་བཞིན་དུ་བྱོན། དང་པོ་ཇོ་བོ་ཝ་ཏི་མང་ཡུལ་གྱི་སྐྱིད་གྲོང་དུ་བཞུགས། གཉིས་པ་དབུ་གང་མ་གྲོང་ཁྱེར་ཡམ་བུ་ཡ་འགལ་དུ་བཞུགས། གསུམ་པ་ལྗ་མ་ལའི་རྒྱ་བལ་གྱི་མཚམས་སུ་བཞུགས། བཞི་པ་དེ་ཉིད་རྒྱལ་པོ་སྲོང་བཙན་སྒམ་པོའི་ཡི་དམ་ལ་འགྲོའོ་གསུངས་པ་བཞིན་སྤྲུལ་པའི་དགེ་སློང་དེས་འཕགས་པ་ལོ་ཀི་ཤྭ་ར་སྤྱན་དྲངས་པ་འདི་ད་ལྟར་པོ་ཏ་ལའི་རྩེ་ལ་བཞུགས།

༈ ད་རེས་འཆི་བ་འདི་སོགས་ཀྱི་སྐབས། བཅོམ་ལྡན་འདས་ཀྱིས། འཆི་བའི་ཚེ་མི་དགེ་བ་སྔར་བྱས་པ་དག་ལ་འགྱོད་པ་བསྐྱེད་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་གསོལ་ན་སྡིག་པ་འབྱང་བར་འགྱུར་རོ། །མཐོ་རིས་སུ་ཡང་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདས་བའི་དུས་ཀྱི་ཚེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནམ་འཆི་བའི་ཚེ་དགེ་སློང་གིས་འདུ་ཤེས་བཅུ་གཅིག་མངོན་དུ་བྱའོ། །བཅུ་གཅིག་གང་ཞེ་ན། འདི་ལ་མ་ཆགས་པའི་འདུ་ཤེས་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས་དང་། མཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས་དང་། འཆལ་བའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས་དང་། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས་དང་། ཉེས་པ་ཆེན་པོ་བྱས་པ་དག་ལ་ཡང་ཡང་བའི་འདུ་ཤེས་དང་། དགེ་བའི་རྩ་བ་ཆུང་ངུ་དག་ཆེ་བའི་འདུ་ཤེས་དང་། འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས་དང་འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས་དང་། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱའོ། །ཞེས་གསུངས། འཕགས་པ་འདའ་ཀ་ཡེ་ཤེས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནམ་འཆི་ཁ་མའི་སེམས་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་སྙིང་པོ་བྱང་ཆུབ་སེམས་དཔའ་ནམ་འཆི་བའི་དུས་ཀྱི་ཚེ་འདའ་ཀ་ཡེ་ཤེས་བསྒོམ་པར་བྱའོ། །དེ་ལ་འདའ་ཀ་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་དངོས་པོ་མེད་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པས་ན་སྙིང་རྗེ་ཆེན་པོའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བས་ན་མི་དམིགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །དངོས་པོ་ཐམས་ཅད་མི་རྟག་པས་ན་ཅི་ལ་ཡང་མི་ཆགས་པའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་སོ། ༈ གནས་པའི་དབུ་མ་ནི། གནས་ཚུལ་གྱི་ངོས་ནས་སྲོག་འཛིན་པའི་རྩ་ཡིན་ལ། ཆོས་ཉིད་ཀྱི་དབུ་མ་ནི། ཆོས་ཉིད་ཀྱི་རྩ་མཚན་ཉིད་བཞི་དང་ལྡན་པ། འོད་གསལ་བའི་རང་བཞིན་ཐོགས་རེག་དང་བྲལ་བ་ཇི་སྲིད་དུ་ལུས་སེམས་དབུགས་གསུམ་གྱི་ཚོགས་པ་ཡོད་པ་དེ་སྲིད་དུ་ཡོད་པས་མེད་པའང་མིན་ལ། དེ་གསུམ་སོ་སོར་གྱེས་པའི་ཚེ་དེ་ཡང་མི་སྣང་བར་འགྱུར་བས་ཡོད་པའང་མིན་ཏེ་དཔེར་ན་རྐྱེན་ཚོགས་པ་དེ་སྲིད་དུ་འཇའ་ཚོན་སྣང་ཡང་ཚོགས་པ་གྱེས་པ་ན་མི་སྣང་བ་བཞིན་ནོ། །སྒོམ་དུས་སྲོག་རྩའི་དབུས་སུ་སྟེ། དེའི་རྒྱུ་མཚན་ཀུན་གཞི་སྲོག་རླུང་དང་བཅས་པ་དེ་ལ་བརྟེན་པས་ཐམས་ཅད་ཆོས་ཉིད་དུ་རོ་གཅིག་ཏུ་འགྱུར་བའི་ཕྱིར་རོ། །དོན་དམ་པའི་དབུ་མ་ནི། འབྲས་བུའི་ངོ་བོ་ཉིད་དེ་ངོ་བོ་མེད་པའོ། །

༈ དེ་ལྟར་སྦྱངས་པས་འབྱོངས་པ་སོགས་ཀྱི་སྐབས། བདེ་བ་ཅན་གྱི་ཞིང་སྦྱོང་བའི་དད་པ་གསལ་བར་བྱེད་པ་དྲང་སྲོང་ལུང་གི་ཉི་མ་ལས། སངས་རྒྱས་འོད་དཔག་མེད་ཡིད་ལ་བྱེད་པ་དང་། དགེ་རྩ་དཔག་མེད་གསོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་རྩ་རྣམས་ཞིང་དེར་སྐྱེ་བའི་ཕྱིར་བསྔོ་ཞིང་སྨོན་ལམ་གདབ་པ་དང་རྒྱུ་བཞི་གསུངས་པ་ལས། གཙོ་བོ་སངས་རྒྱས་དྲན་པ་དང་། ཞིང་དེར་སྐྱེ་བར་འདུན་པ་གཉིས་ཡིན་ཅིང་། དེའི་གྲོགས་སུ་དགེ་རྩ་གསོག་པ་དང་། ཐེག་ཆེན་གྱི་རིགས་སུ་ངེས་པ་ལ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་གཉིས་གསུངས་སོ། །ཞེས་དང་། དེ་ལ་འདི་སྙམ་དུ་ཞིང་འདི་ནི་དག་པའི་ཞིང་གཞན་ལས་ཀྱང་ཁྱད་པར་འཕགས་ཤིང་དེར་སྐྱེས་པ་ཐམས་ཅད་གཟུངས་དང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཤ་སྟག་ཡིན་པས་འཕགས་པ་མིན་པ་དག་དེར་སྐྱེ་བར་མི་ནུས་སྙམ་ན། དེར་སྐྱེས་པ་རྣམས་ནི་ཡོན་ཏན་དེ་ལྟ་བུ་དང་ལྡན་པ་སོགས་ལུང་ལས་འབྱུང་བ་བཞིན་འདོད་ན། དེར་སྐྱེ་བའི་རྒྱུ་ཡང་ལུང་བཞིན་ཅིའི་ཕྱིར་མི་འདོད་དེ། ཡོན་ཏན་ཤིན་ཏུ་ཆེ་བ་དེ་ལྟ་བུའང་ཚེགས་ཆུང་ངུས་འགྲུབ་པ་ནི་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་མཐུར་བལྟ་བར་བྱ་སྟེ། སེམས་ཅན་རང་རང་གི་སྟོབས་སྨིན་པ་ཁོ་ན་ལས་བྱུང་བ་མིན་ནོ། །གལ་ཏེ་སངས་རྒྱས་ཀྱི་མཚན་བརྗོད་པས་ཞིང་དེར་སྐྱེ་བ་ལྟ་བུ་སོགས་དུས་གཞན་ལ་དགོངས་པའོ། །ཞེས་བཤད་པ་ཡོད་པས་ན་ནམ་ཞིག་འཕགས་ས་ཐོབ་ནས་གཟོད་སྐྱེ་བ་ལ་དགོངས་སོ་ཞེ་ན། སངས་རྒྱས་ཀྱི་མཚན་བརྗོད་པས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་གསུངས་པ་ལྟ་བུ་ཁ་ཅིག་མཚན་བརྗོད་པ་ཙམ་གྱིས་ཚེ་དེ་འཕོས་མ་ཐག་ཏུ་དེར་སྐྱེ་ངེས་པ་མིན་ཀྱང་། ནམ་ཞིག་སྐྱེ་བར་ངེས་པས་གསུངས་དེ་ཉིད་ནམ་ཡང་བསླུ་བ་མེད་ལ། དད་པ་སོགས་སྟོབས་སུ་གྱུར་ན་ཁ་ཅིག་ཚེ་འཕོས་མ་ཐག་ཏུ་སྐྱེ་བའང་ཡོད་པས་ན་འཕོས་ནས་དེར་སྐྱེས་གསུངས་པའང་རྫུན་མེད་ཅིང་དུས་གཞན་ན་སྐྱེ་བ་ལ་ཡང་དགོངས་ཞེས་བཤད་ཀྱི། སངས་རྒྱས་ཀྱི་མཚན་བརྗོད་པས་ཞིང་དེར་སྐྱེ་བ་སོགས་ལན་གྲངས་གཞན་གྱི་དུས་སུ་སྨིན་པ་ཁོ་ན་ཞེས་སུ་ཞིག་གིས་འཆད་ནུས་ཏེ་གང་ཟག་གི་ལས་དང་སྐལ་བ་དང་དབང་པོའི་རིམ་པ་ཚད་མེད་ལ། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའང་ཚད་མེད་ཅིང་། ཚེ་འདི་བརྗེས་མ་ཐག་ཏུ་དག་པའི་ཞིང་དུ་སྐྱེ་བར་སངས་རྒྱས་ཀྱི་མཚན་ཐོས་པ་དག་གིས་བྱེད་པ་ཡང་སྲིད་པ་ལ་རིགས་པས་བཟློག་ཏུ་མེད་པའི་ཕྱིར་རོ། །གལ་ཏེ་སྒོམ་པ་ལ་སོགས་པ་འཕགས་པའི་རྟོགས་པ་སྐྱེད་ནུས་ཀྱི་ཡོན་ཏན་ཁྱད་པར་ཅན་ད་ལྟ་མ་མཐོང་བས་ན། ཤི་ནས་ཀྱང་དེ་མ་ཐག་ཏུ་ཞིང་དེར་སྐྱེ་མི་ནུས་སྙམ་ན། ཚེ་འདིར་ལམ་བསྒོམས་པས་འཕགས་ལམ་གྱི་རྟོགས་པ་མངོན་དུ་གྱུར་པའམ། འགྱུར་མ་རག་པ་ཞིག་ལ་སངས་རྒྱས་ཀྱི་མཚན་ཐོས་པ་སོགས་ཞིང་དེར་སྐྱེ་བའི་རྒྱུ་གཞན་ཚེགས་ཆུང་ལ་དོན་ཆེན་པོ་ཅན་འགའ་གསར་དུ་བསྣན་པ་མེད་ཀྱང་ཞིང་དག་པར་སྐྱེ་བ་ལ་ཐེ་ཚོམ་ཡང་མེད་ན། འདིར་ནི་མདོ་ལས་མཚམས་མེད་བྱེད་པ་དང་། ཆོས་སྤོང་གི་སྒྲིབ་པ་ཅན་མ་གཏོགས་ཞེས་སོ་སྐྱེས་ལ་དམིགས་ཀྱིས་བསལ་བ་དང་། ཐེ་ཚོམ་ཟ་བཞིན་པའང་སངས་རྒྱས་ཀྱི་མཚན་ཐོས་པ་དང་། སེམས་དངས་པ་ཙམ་དེས་ཞིང་དེར་སྐྱེ་བའི་ཚུལ་གསུངས་པས་ན། སོ་སོ་སྐྱེ་བོ་མཚན་ཐོས་ཤིང་སྨོན་ལམ་འདེབས་པ་དག་ཞིང་དེར་སྐྱེ་བའི་ཚུལ་གསུངས་ཀྱི་འཕགས་པ་གང་དག་སངས་རྒྱས་ཀྱི་མཚན་ཐོས་ཤིང་སྨོན་ལམ་འདེབས་པ་སྐྱེ་བའི་ཚུལ་དུ་མ་གསུངས་སོ། །གལ་ཏེ་སོ་སྐྱེའི་དུས་ན་སྨོན་ལམ་བཏབ་པའི་རྒྱུས་སྔོན་དུ་འཕགས་ས་ཐོབ་ལ། དེ་ནས་གདོད་བདེ་བ་ཅན་དུ་སྐྱེ་བ་ལ་དགོངས་སྙམ་ན་མདོ་ལས་དད་འདུན་གྱི་སྟོབས་ཁོ་ནས་སྐྱེ་བར་ཅི་སྟེ་བཤད། གལ་ཏེ་དད་འདུན་གྱི་སྟོབས་ལས་མི་སྐྱེ་ན་ཡང་དད་འདུན་བསྐྱེད་ན་རིམ་གྱིས་འཕགས་པའི་རྟོགས་པ་ཐོབ་ཅིང་དེ་ནས་སྐྱེ་བའི་ཕྱིར་མདོ་དེ་ནི་དགོངས་པ་ཅན་ནོ་སྙམ་ན། དད་འདུན་ཙམ་གྱིས་སྐྱེ་བར་གསུངས་པའི་ལུང་དོན་ལ་དངོས་སུ་གནོད་པའི་རིགས་པ་མེད་དེ་སངས་རྒྱས་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ལས་མཚན་ཐོས་ཤིང་འདུན་པ་བསྐྱེད་ན་རྒྱུ་དེ་དག་གི་སྟོབས་ཁོ་ན་ལས་འཆི་བའི་ཚེ་བདེ་བར་གཤེགས་པའི་སྤྲུལ་པ་མཐོང་ནས་དེ་ལ་དད་པས་དམིགས་ཤིང་། མི་བརྗེད་པའི་དྲན་པ་སོགས་དབང་པོ་ལྔ་སྟོབས་སུ་གྱུར་བས་དུས་ཐུང་ངུ་དེ་ཉིད་དུ་འཕགས་པའི་ལམ་གྱི་རྟོགས་པ་བསྐྱེད་ནུས་སུ་འགྱུར་བ་ཡོད་དེ། དཔེར་ན་སྔགས་ཀྱིས་བཏབ་པའི་ས་བོན་མྱུར་དུ་སྨིན་པ་བཞིན་དུ་ཚེགས་ཆུང་ངུས་ཀྱང་འཕགས་ལམ་གྱི་རྟོགས་པ་ཐོད་རྒལ་དུ་འདྲེན་པ་སྲིད་པའི་ཕྱིར། དེ་ལྟ་མིན་ན་གསང་སྔགས་ཀྱི་ཐབས་ཟབ་མོ་རྣམས་དང་། རིག་སྔགས་ཀྱི་ཡོན་ཏན་ཟབ་མོ་དག་དང་། བདེ་བར་གཤེགས་པའི་རྣམ་འཕྲུལ་ཟབ་མོ་རྣམས་ལ་ཡིད་གཉིས་སུ་འགྱུར་ཏེ། དེ་དག་གིས་ཚེགས་ཆུང་ལ་དོན་ཆེན་པོ་བདེ་བླག་ཏུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྲིད་ན་བསྒྲུབ་བྱའང་སྲིད་པར་འགྱུར་ཏེ། དཔེར་ན་ཆུ་བོ་གངྒཱ་དང་ཡ་མུ་ན་འདུས་པར་མ་སྨད་ཤི་བ་གཟུགས་ཁམས་སུ་སྐྱེ་བའི་ལོ་རྒྱུས་བཞིན་ཏེ། དེ་དག་རྒྱུ་སྙོམས་འཇུག་སྔོན་དུ་གྲུབ་པ་མེད་ཀྱང་ཕན་ཚུན་བརྩེ་བའི་བསམ་པ་ཤུགས་དྲག་པའི་དགེ་བའི་མཐུས་དུས་དེ་ཉིད་དུ་བསམ་གཏན་གྲུབ་ནས་ལྷར་སྐྱེས་པ་དང་། གཞན་ཡང་བསྐལ་པ་འཇིག་པའི་དུས་སུ་མི་རྣམས་ཀྱིས་ཆོས་ཉིད་ཀྱི་སྟོབས་ལས་བསམ་གཏན་ཚེགས་མེད་པར་གྲུབ་པ་དང་། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའི་ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་བསྐལ་པར་ཡང་འགྲུབ་པར་དཀའ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་འགྲུབ་པར་གསུངས་པ་བཞིན་ནོ། །ཡང་གལ་ཏེ་མདོ་ལས་ཀྱང་ཚོགས་དཔག་ཏུ་མེད་པ་བསགས་པ་ཞེས་སོགས་གསུངས་ཤིང་། སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་ལ་རག་ལས་པས་ན་ཚོགས་རླབས་པོ་ཆེ་དང་མི་ལྡན་ན་སྨོན་ལམ་བཏབ་པ་སོགས་ཀྱིས་སྐྱེ་མི་ནུས་སྙམ་ན། སྤྱིར་སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་བསགས་པ་ཡིན་ཞིང་། ཚོགས་བསགས་པ་སོགས་ལས་དང་དབང་པོ་སྐལ་བའི་ཁྱད་པར་བཞིན་དུ་ཚེ་འདི་བརྗེས་མ་ཐག་དང་། ཚེ་རབས་གཞན་དང་གཞན་ཅི་རིགས་སུ་ཞིང་དེར་སྐྱེ་བ་ཡོད་པར་འདོད་པ་ཡིན་ལ། འོན་ཀྱང་དད་འདུན་དྲག་པོ་དང་ལྡན་ན་གཞན་ལ་རག་མ་ལས་པར་ཚོགས་རླབས་པོ་ཆེ་རྒྱུ་དེ་ཉིད་ཀྱིས་འདུམ་པར་འགྱུར་ཏེ། ཞིང་མདོ་ལས། གང་གིས་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། །བཤིག་ཅིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པ། །དེ་བས་མང་བའི་འཇིག་རྟེན་ཁམས་རྣམས་སུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །ཞེས་དང་། འདི་ལྟར་བདེ་བ་ཅན་དང་སྟོན་པའི་མཚན་ཐོས་པ་རྣམས་ནི་སྔོན་ཚོགས་རྒྱ་ཆེན་པོ་བསགས་པ་ཡིན་པར་མདོ་ལས་གསུངས། ཞེས་དང་། དེ་ལྟ་བས་ན་ཚུལ་འདི་ལྟ་བུ་བསྒྲུབ་པར་ཤིན་ཏུ་སླ་ལ། ཀུན་ལས་ཀྱང་དོན་ཆེ་བས་ན་བདེ་བ་ཅན་གྱི་ཞིང་དུ་རྩལ་སྦྱོང་བའི་ཉམས་ལེན་གྱི་ཚུལ་ལ་འབད་པ་དག་གིས་ཉིན་མོ་དང་མཚན་མོའི་ཉམས་ལེན་གཉིས་སུ་ཤེས་པར་བྱས་ལ། ཉིན་པར་སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པའི་ཡོན་ཏན་མདོ་ལས་འབྱུང་བ་ལྟར་དྲན་པའི་ཡུལ་དུ་བྱས་ནས། དེར་དང་བའི་དད་པ། སྐྱེ་བར་འདོད་པའི་དད་པ། རྣམ་འཕྲུལ་ཟབ་མོའི་ཚུལ་ལ་ཡིད་ཆེས་པའི་དད་པ་དྲག་ཏུ་བསྐྱེད་ཅིང་ཞིང་ཁམས་ཀྱི་རྣམ་པ་ཡིད་ཡུལ་དུ་བྱས་པ་ལ་རྒྱུན་ཆགས་སུ་དམིགས་ཤིང་། དགེ་བའི་ཚོགས་ཇི་ནུས་སུ་བསགས་ནས་ཞིང་དེར་སྐྱེ་བའི་འདུན་པ་དྲག་པོས་བསྔོ་བར་བྱའོ། །དེ་ཡང་མན་ངག་གི་དབང་དུ་བྱས་ཏེ་ཚོགས་མཐའ་ཡས་པ་མྱུར་དུ་འདུམ་པ་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པའི་ཡན་ལག་བདུན་པ་བྱ་བ་དང་། འོད་དཔག་ཏུ་མེད་པའི་མཚན་ནས་བརྗོད་ཅིང་གཟུངས་བཟླས་པའི་སྒོ་ནས་ཐུགས་དམ་བསྐུལ་ཞིང་གསོལ་བ་འདེབས་པའི་རྣལ་འབྱོར་སོགས་ལ་བརྩོན་པར་བྱའོ། །ཡང་མཚན་མོའི་དུས་སུ་ཞིང་ཁམས་དེར་གནས་ཤིང་བདེ་བར་གཤེགས་པ་མཐོང་བའི་འདུན་པ་དྲག་པོས་དྲན་པ་མ་ཉམས་པར་ཉལ་བར་བྱ་སྟེ། ཉིན་པར་ཞིང་སྦྱོང་བ་དང་། མཚན་མོ་ཉལ་འཕོའི་ཚུལ་ཐབས་ཁྱད་པར་ཅན་དང་འབྲེལ་བའི་གནད་རྣམས་ཞིབ་པར་གསར་རྙིང་བཀའ་གཏེར་གྱི་མན་ངག་གི་རིམ་པ་མང་དུ་བཞུགས་པ་ལས་ཤེས་པར་བྱའོ། །ཞེས་གསུངས་སོ། །

༈ དེ་ལྟར་བརྒྱུད་གསུམ་མན་ངག་བདུད་རྩིའི་ཀླུང་སོགས་ཀྱི་སྐབས། གོང་དུ་བཤད་པ་དེ༵་ལྟར༵་བརྒྱུད༵་པ་གསུམ༵་གྱི་མན༵་ངག༵་ཐམས་ཅད་ཀྱི་བཅུད་འདུས་པའི་བདུད༵་རྩིའི༵་ཀླུང༵་ཆེན་པོར་སྙན་བརྒྱུད་བཀའ་བབས་ཀྱི་བརྒྱུད༵་པ་དང་ལྡན༵་པའི་བླ༵་མ༵་དམ་པའི་ཞལ༵་ཆབ༵་མངར༵་མོའི༵་བཅུད༵་ཀྱིས་བརྒྱན་པའི་རིམ༵་པ་དགུའི༵་ཐེག༵་པ༵་རྣམས་ཀྱི་ཉམས༵་སུ་ལེན༵་པའི་སྙིང་པོའི་གནད༵་ཐམས་ཅད་དགོངས་པ་མ༵་ནོར༵་བར་ཡོངས༵་སུ༵་བསྡུས་༵པ་༵ནི་མན་ངག་གི་གཞུང་འདི༵་ཁོ༵་ན༵་ཡིན་ནོ། །ཚིག་དོན་གྱི་ཆ་རྣམས་དགག་སྒྲུབ་ཀྱིས་སྤྲོས༵་ཏེ་བཤད་ཡམ་ཚིག༵་གི༵་སྤུན༵་པ༵་རྣམས་ཡོངས༵་སུ་དོར༵་ནས༵་ཟབ་པའི་ཡང༵་ཟབ༵་ཉམས༵་སུ་ལེན༵་པའི་གནད༵་དོན་གྱི༵་རོ༵་བདའ་བའམ་ཞིམ་པ་རྣམས་ཕྱོགས་གཅིག་ཏུ་བསྡེབས༵་ཏེ༵་རང་གི་ཉམས༵་མྱོང༵་དང་བླ་མ་དམ་པའི་ཞལ༵་གྱི༵་གདམས༵་པས༵་ཚོས་པར་བཙོས༵་པའི༵་བཅུད༵་དུ་དྲིལ་བའི་ལེགས༵་བཤད༵་འདི༵་ནི༵་གཡོས༵་ལེགས༵་བྱས་པའི་ཁ༵་ཟས༵་བཟང་པོ་དང་འདྲ༵འོ། །རང་གཤིས༵་ངན༵་པའི་ཉོན་མོངས་དུག༵་གསུམ་༵ལ་རྟག་ཏུ་སྤྱོད༵་པའི༵་ཐ་༵རྒོད༵་ཀྱི་ས་ལ༵་སྐྱོན་ངན་མཚང༵་ནས་འདོན༵་པས་ཞལ༵་གྱི་གདམས༵་ངག་རྡོ༵་རྗེ༵་རྣོན་པོའི༵་ཐོང༵་གཤོལ་བཙུགས༵་ཏེ༵་ཐར་ལམ་བསྒྲུབ་པའི་ལམ་ཡང༵་དག༵་པར་སྟོན་པའི་དམ༵་པའི་ཆོས༵་ཀྱི་ཆར་ཕབ་ནས་རླན༵་གྱིས༵་འདེབ༵ས་པ་ལ་མཁས༵་པ༵་ཡིན་པས་ལེགས༵་བཤད༵་འདི་༵ནི༵་སོ་ནམ་གྱི་ཐབས༵་ལ་མཁས་༵པའི་ཞིང་༵ པ་དང་འདྲ༵འོ། །འཁོར་བ་ལས་ངེས༵་པར་འབྱུང༵་བའི་བློ༵་སྣ༵་དུལ་ཞིང་གཤིན༵་པོར༵་གྱུར་པའི༵་ཞིང༵་ས༵་བཟང་པོ་ལ༵་ཟུར་གཉིས་དང་ལྡན་པའི་བྱང༵་ཆུབ༵་སེམས༵་ཀྱི༵་ས༵་བོན༵་ལེགས༵་པར་བཏབ༵་ནས༵་ཚོགས་བསགས༵་པ་དང་སྒྲིབ་པ་སྦྱོང༵་བའི་ཐབས༵་ཀྱིས༵་མཐུན་རྐྱེན་བསྒྲུབ་ཏེ་ཡོན༵་ཏན༵་གྱི་འབྲས༵་བུ་བསྐྱེད༵་པར་བྱེད་པ༵་ཡིན་པས་ལེགས༵་བཤད༵་འདི༵་ནི༵་བསྐལ༵་པ་བཟང་པོའི༵་ལོ༵་ཏོག༵་དང་འདྲའོ༵། །རང༵་སྐྱོན་ངན་པ་མཚང༵་ནས༵་བྲུས༵་ཏེ༵་དྲུང༵་འབྱིན༵་དུ་སྤངས་ཤིང༵་ཡོན་༵ཏན༵་ཐམས་ཅད་ཐབས༵་ལ༵་མཁས༵་པའི་གསུང་ངག༵་གིས༵་ཡང་ནས་ཡང་དུ་རང་གི་བརྩོན་པ་བཞིན་ལན༵་བརྒྱར༵་ཡང་འདོམས༵་པར་བྱེད་པའི་རྟག་༵ཏུ་༵ཕན༵་པ༵་འབའ༵་ཞིག༵་ལྷུར༵་ལེན༵་པ༵་ཡིན༵་པས་ལེགས༵་བཤད༵་འདི༵་ནི༵་བརྩེ་བས་བསྐྱང་བའི་མ༵་མ༵་སྡུག༵་གུ༵་དང་འདྲའོ༵། །རྗོད་བྱེད་ཀྱི་ཚིག་སྙན་པ་ཙམ༵་མ༵་ཡིན༵་པར་བརྗོད་བྱ་དོན༵་གྱི༵་ཟབ༵་ཁྱད་༵འདུས་ཤིང་གསལ་བ་ཅན༵་མཚུངས༵་མེད༵་བླ་མ་དམ༵་པའི༵་ཞལ༵་གྱི་རླངས༵་པ་བྱིན་རླབས་ཀྱི་དྲོད་ཚད་མ༵་ཡལ༵་བ༵་ཡིན་པས་ལེགས༵་བཤད་༵འདི༵་འདྲ༵་བ་བློ་གྲོས་ཀྱི་སྙིང༵་གི༵་དབུལ་བ་སེལ་བའི་ནོར༵་བུ༵་རུ༵་ཐོབ༵་པ་རྣམས་༵ནི་ཡང༵་དག༵་འཕགས་པའི་ལམ༵་གྱིས་༵ཟིན༵་པར༵་ངེས༵་ཏེ་གཞན་དུ་འགྱུར་བ་མི་སྲིད་དོ། །རྟག་ཏུ་ཕན༵་པ་དང༵་བསྒྲུབ༵་པ༵་ཉམས་ལེན་གྱི་ཐབས་ལྷུར༵་ལེན༵་པའི་དམ༵་པའི༵་གཞུང༵་བཟང་པོ་རྣམས་རྗོད་བྱེད་སྒྲ༵་དང༵་སྙན༵་ངག༵་གི་ཚིག༵་གིས༵་གཙོ་བོར་འཆད་པ་མ༵་ཡིན༵་ཏེ༵་རྟོན་པ་བཞི་དང་ལྡན་པའི་ཕལ༵་པ་དང༵་གྲོང༵་པའི༵་ངག༵་ཚིག་གིས༵་ཡང༵་དག༵་པའི་ལམ༵་རྣམ་གསལ་ལ་གོ་བདེ་བས་ལེགས༵་པར་འདོམས༵་པ་འདི་ནི་ཐབས་ལ་མཁས་པའི་སེམས༵་དཔའ༵་ཆེན་པོ་རྣམས༵་ཀྱི༵་ཁྱད༵་ཆོས༵་ཡིན༵་ནོ། །མཁས་པའི་གཞུང༵་མང་པོ་བཤད༵་པས་ཚིག༵་གི༵་སྤྲོས༵་པ༵་རྒྱ༵་ཆེ༵་བ་ཡང༵་བློ༵་གྲོས་རྨོང༵ས་པའི་ཡིད༵་ཀྱི༵་ཁང༵་བུའི༵་ནང་དུ་འཇུག༵་པར་དཀའ༵་ཞིང༵་དོན༵་གནད་ཟབ༵་མོའི་ལྟ༵་བ་དང་གྲུབ༵་མཐའ་མཐོན༵་པོའི༵་ཁ༵་སྐད༵་རྣམས་ཀྱང༵་དེང་དུས་སྙིགས༵་མར་སྤྱོད༵་པའི་བློ༵་ཆུང༵་གི་སྐྱེ༵་བོ༵་རྣམས་ཀྱིས༵་ཉམས ༵་སུ་ལེན༵་པ་དཀའ་འོ༵། །རྒྱུ་མཚན་དེ༵་ཡིས་སླད༵་དུ་སྔོན་འགྲོའི་གཞུང༵་འདི་༵ནི་ཤེས༵་ཀྱང་སླ༵་ལ་དོན༵་གྱི་གནད་དུ༵་གྱུར་པ་ཀུན་ཀྱང་འདུས༵་ལ་བློ༵་གྲོས་ཆུང༵་བའི་བློ༵་ཡི༵་ཁུང༵་བུར༵་ཡང་པ་ལ་གསེར༵་གྱི༵་བཅུད༵་བཞིན་གནས་རུང་ཞིང་། བློ༵་གྲོས་དམན༵་པའི་ཡིད༵་ཀྱི༵་མུན༵་པར༵་ཤེས་རབ་སྣང་བའི་མར༵་མེ༵་བཞིན༵་དུ་དོན༵་བཟང༵་པོ་རྣམས་རང༵་ལ་གསལ༵་བར་སྟོན་པའི་ནམ་ཡང་ཁྲོ༵་བ་མེད༵་པའི་སློབ་༵ དཔོན༵་དུ་གྱུར་པ་ཡིན༵་ནོ། །བཤད༵་ཡམ༵་ཚིག༵་གི་མཐའ་ལ༵་ཞེན༵་པས་༵ མཁས༵་པའི་གོ་ས་ཐོབ་པ༵་རྣམས་དང་༵ ། རྒྱལ་བའི་གཞུང༵་ལུགས༵་ཐམས་ཅད་གདམས༵་པར༵་མ༵་ཤ༵ར་བས་སྟོན༵་ཆེན༵་དུ་གྲགས་པ་རྣམས་ཀྱང༵་དམ༵་པའི༵་མན༵་ངག༵་གིས་བཅུད༵་ཐམས༵་ཅད་འདུས་པའི་ལེགས་བཤད་འདི༵་འཐུང༵་དང༵་ད་གཟོད༵་ཉམས༵་ལེན༵་གནད༵་ཀྱི༵་ཐོག་ཏུ་ཁེལ་བའི་ལུས༵་ཟུངས༵་ལོས༵་ཀྱང༵་རྒྱས༵་ཏེ་རྒྱས་པར་འགྱུར་རོ། །ཡིད་དཔྱོད་དང་མ་བྲལ་བའི་སྟོང་༵སྒོམ༵་མུན༵་རྡོ་༵འཕེན༵་པའི༵་སྒོམ༵་ཆེན༵་དུ་རློམ་པ་དང༵་སྦྱོར་དངོས་རྗེས་གསུམ་མེད་པའི་དགེ༵་སྦྱོར༵་མང་པོའི་བྱས༵་ཡུས་འདྲེན༵་པའི༵་སྒྲུབ༵་པ༵་པོ༵་དང་། རང༵་གི་རྒྱུད༵་ཚོད༵་མ༵་ལོངས༵་པར༵་ཀུན་སྤྱོད་མཐོན་པོའི་གྲུབ༵་པའི་བརྫུ༵་ལ་ཞུགས་པ་རྣམས༵་ཀྱང་སྙན་རྒྱུད་འདུས་པའི་ལམ་༵ འདི༵་མཐོང༵་ན༵་གནད་དུ་འགྲོ་བས་སྙིང༵་གི༵་ཐུར༵་མ༵་བྱེད༵་དོ། །དཔལ་སྤྲུལ་བདག་ཀྱང་བཤད༵་ཡམ༵་ཚིག༵་གི༵་སྤྲོས༵་པ་གཅོད་པའི་གཞུང༵་བཟང་མང༵་དུ་ཐོས༵་ཤིང༵་སྡེབས་སྦྱོར་སྙན༵་པའི་ཚིག༵་གི་འཇའ༵་ཚོན༵་ལྟ་བུའི་རི༵་མོ༵་བྲི༵་བ་ལ་མཁས༵་ཀྱང༵་དྲིན༵་ལྡན༵་བླ༵་མ༵་དམ་པའི༵་ཞལ༵་རྒྱུན༵་ཁོ་ན་མ༵་ལགས༵་པར༵་རང་གི་རང༵་བཟོའི༵་ཚིག༵་རིས༵་གཅིག་ཀྱང་བསྲེས༵་པ༵་འདི༵་ལ༵་མེད༵་ངེས་སོ། །བཀའ་དྲིན་མཚུངས༵་མེད༵་བླ༵་མ༵་དམ་པ་སངས༵་རྒྱས༵་དངོས༵་སུ་བྱོན༵་པ་དེ༵་ཡིས་གངས༵་ཅན་ལྗོང༵ས་འདི་ཡིས་འཇིག༵་རྟེན༵་ཐམས་ཅད་བསྐལ༵་པ༵་བཟང༵་པོ༵་རུ༵་གྱུར༵་པའི༵་དུས༵་ཚོད༵་དེ༵་ལས༵་ཡུན་རིང་པོར་འགྱངས༵་པ་མིན༵་པས༵་ད༵་དུང༵་ཡང་བླ་མའི་ཞལ་སློབ་རྡོ༵་རྗེའི༵་མཆེད༵་པོ་བཞུགས༵་པ་རྣམས་ཀྱང་རང་བཟོའི་ཚིག་རིས་མེད་པ་གཞུང་བཟང་འདི༵་ལ༵་དཔང༵་པོར་འགྱུར་རོ། །དེ༵་ཡིས་སླད༵་དུ་བླ་མ་དམ་པའི་ཡང༵་དག༵་པའི་ཁྲིད་ཀྱི་སྔོན་འགྲོའི་བཀའ༵་ཡི༵་བསྡུ༵་བ༵་རུ༵་བདག་གིས་བརྩོན༵་པའི༵་རྒྱུ༵་ཡང༵་བཤེས་གྲོགས་དམ༵་པ༵་དག་གི༵་སྐུ་དྲིན༵་ལས༵་ཏེ༵། དེས་ན་མོས༵་གུས༵་དང་བསམ༵་པ༵་བཟང༵་པོའི༵་ལག༵་རིས༵་བྲིས་པ་འདི་ལ༵་རྗེས་སུ་ཡི༵་རང༵་བས་མེ་ཏོག་ལྷ༵་དང་བཅས༵་པའི་མཆེད༵་གྲོགས་རྣམས་ཀྱིས༵་སྩལ༵་བར༵་རིགས༵་སོ། །ད་ལྟ་དངོས་སུ་མི་བཞུགས་ཀྱང་སླད༵་ནས༵་འབྱོན༵་པའི༵་སྐལ༵་པ་བཟང༵་པོའི་གང༵་ཟག་༵ རྣམས་ཀྱང༵་ལེགས་པར་བཤད་པའི་ཚུལ༵་འདི༵་མཐོང༵་ན༵་རྗེ་བཙུན་བླ༵་མ༵་རྫོགས་པའི་སངས༵་རྒྱས༵་དེ༵་ཉིད་དངོས༵་སུ༵་མཇལ༵་བའི༵་མོས༵་གུས༵་བསྐྱེད༵་ཅིག༵་དང༵་། བླ་མ་དེ་ཡི་གསུང༵་གི༵་གནད༵་དོན་ལ༵་ནོར༵་བ་དང་། འཁྲུལ༵་བ་མེད༵་དམ༵་སྙམ༵་སྟེ་མེད་ངེས་པ་ཡིན་ནོ། །དེ༵་འདྲའི༵་ལེགས་བཤད་བརྩམ་པ་དེ༵་ལས༵་གང༵་ཞིག༵་ཐོབ༵་པ༵་ཡི༵་དགེ༵་བ༵་དེ༵་ཡང༵་ཕ་མར༵་གྱུར༵་པའི་འགྲོ༵་བ༵་སེམས་ཅན་ཀུན༵་ཀྱང་དང་པོ་བཤེས༵་གཉེན༵་དམ༵་པས༵་ཟིན༵་ནས༵་བར་དུ་དམ༵་པའི༵་གསུང༵་བཞིན་བསྒྲུབ༵་ཅིང་ཉམས་སུ་བླང་པས༵་མཐར་ཐུག་འབྲས༵་བུ་ལེགས༵་པར་མཐོང༵་ཞིང་ཐོབ་པའི༵་རྒྱུ༵་རུ༵་བསྔོ༵འོ། །ཁྱད༵་པར༵་མཚུངས༵་མེད༵་བླ༵་མ༵་རྫོགས༵་པའི་སངས༵་རྒྱས༵་དངོས་བྱོན་དེ༵་ཡི༵་ཞལ༵་གྱི༵་བདུད༵་རྩིས༵་ལྷན་དུ་བསྐྱངས༵་པས་མཆེད་གྲོགས་མཐའ༵་དག༵་ཀྱང་ཚོམ༵་བུ༵་གཅིག༵་ཏུ༵་མངོན༵་པར༵་རྫོགས་པར་སངས༵་རྒྱས༵་ནས༵་འགྲོ༵་བ༵་ཀུན་ཐར་པའི་ལམ་དུ་འདྲེན༵་པར༵་ཆས༵་པའམ༵་འཇུག་པའང༵་མངོན་སུམ་དུ་མཐོང༵་བར་གྱུར༵་ཅིག༵ །བླ་མ་དམ༵་པའི༵་ལེགས༵་པར་བཤད༵་པའི་བདུད༵་རྩིའི༵་བཅུད༵་རྣམས་རྫོགས་པར་གསོལ༵་ཏེ༵་གདམས༵་ངག་ཟབ་མོའི༵་གནད་ཀྱིས་མྱོས༵་པའི་སྨིན་ཅིང་གྲོལ་བའི་གླུ༵་ཡིས་སྐལ༵་བཟང༵་རྣམས་ཀྱི་ཡིད༵་དབང་མེད་དུ་འགུགས༵་པའི༵་དྲིན༵་ཆེན༵་བླ༵་མའི༵་རྒྱལ༵་ཚབ༵་ཏུ་བཞུགས་པའི་མཆོག༵་གི་བདག་ཉིད་རྣམས་༵ ཀྱང༵་ཞབས༵་པད༵་མི་འགྱུར་རྡོ༵་རྗེའི༵་ཁྲི་༵ལ༵་རྟག་ཅིང་བརྟན༵་པར་བཞུགས་པར་གྱུར༵་ཅིག༵ །རྩོམ་པ་པོ་བདག༵་ཀྱང༵་དེང༵་ནས༵་བཟུང་སྟེ་ཚེ༵་རབས༵་སྐྱེ་བའི་ཕྲེང་བ་ཐམས༵་ཅད༵་དུ༵་རྗེ་བཙུན་བླ༵་མ་༵ མཆོག༵་དང་༵ དེ༵་ཡི༵་རྗེས༵་འཇུག༵་དག་གི༵་བྲན༵་གཡོག་ཏུ༵་གྱུར༵་ནས༵་ཅི༵་གསུང༵་གི་བཀའ་༵ བཞིན་བསྒྲུབ༵་ཅིང༵་ཐུགས་མཉེས༵་པ་༵ ཆེན་པོས༵་རྗེས༵་སུ༵་འཛིན༵་པ༵་ཡོད༵་པར་གྱུར༵་ཅིག༵ །སྲིད་པ་འཁོར༵་བའི༵་མཐའ༵་དང༵་ལུས་༵ ཅན༵་སེམས་ཅན་རྣམས་ཀྱི་མཐའ༵་ཇི་སྲིད་གནས་པ་དེ༵་སྲིད༵་དུ་བདག་གི་ལུས༵་དང༵་ལོངས༵་སྤྱོད༵་དུས་གསུམ་གྱི་དགེ༵་བ༵་སྟེ་ཡོངས་སུ་བཟུང་བའི་གཞི་གསུམ་པོ་ཀུན༵་བསྡུས་ཤིང་སྤུངས༵་ཏེ༵་སྡུག་བསྔལ་གསུམ་གྱིས་ཉམས༵་ཐག་༵ པའི་མ་རྒན༵་འགྲོ་བ་རྣམས༵་ཀྱི༵་གཡོག༵་བགྱིད༵་ཅིང༵་འགྲོ་བ་དེ༵་དག་ཀུན༵་གྱིས་རྫོགས༵་པའི་སངས༵་རྒྱས༵་ཀྱི༵་གོ་འཕང་གི་ཆོས༵་འཛིན༵་པར་ཤོག༵་ཅིག །གནས༵་སྐབས༵་སུ༵་ཡང༵་གསང་བ་སྙིང་ཐིག་གི་བརྒྱུད༵་པ༵་རིན༵་པོ༵་ཆེའི༵་བྱིན༵་རླབས༵་ཀྱི་ཉི༵་མ༵་སྙིང༵་ལ༵་ལེགས༵་པར་འཆར༵་ཞིང༵་མི་མེད་དབེན༵་པའི༵་གནས༵་སུ༵་ཚེ༵་གང་པོ་འདི༵་མཐར༵་ཕྱིན་པར་བྱས༵་ཏེ༵་མཚུངས༵་མེད༵་བླ༵་མ༵་དམ་པའི༵་དྲུང་དེར༵་ཆོས་ཉིད་འོད་གསལ་གྱི་ངང་ནས་འགྲོ༵་བར༵་ཤོག༵་ཅིག། །།

སྔོན་འགྲོའི་སྐབས་ཀྱི་ཞལ་རྒྱུན་ཟིན་བྲིས་ཐོར་བུ།

ཉེ་བརྒྱུད་ནི་ཞབས་དྲུང་རིན་པོ་ཆེ་ཚང་གི་གུ་རུ་རིན་པོ་ཆེའི་ཞལ་ལན་གསུམ་མཇལ་བའི་ཉེ་བརྒྱུད་ཀྱི་དབང་དུ་བཏང་ན་གུ་རུ་རིན་པོ་ཆེ་ནས་ཞབས་དྲུང་ལ་བརྒྱུད། དེས་ཨ་འཛོམ་དང་ཉག་བླ་སོགས་ལ་བརྒྱུད། དེ་གཉིས་ནས་ཁོང་ལ་བརྒྱུད་ནི་ཡིན་གསུངས། ཡང་ན་ཀློང་རམ་དང་འཇིགས་གླིང་གཉིས་ཀྱི་སྤྲུལ་སྐུ་ཞབས་དྲུང་ཡིན་པས་དེ་གཉིས་ཀྱི་ཉེ་བརྒྱུད་ཡང་ཞབས་དྲུང་རིན་པོ་ཆེ་ལ་ཡོད་གསུངས། ཀུན་སློང་ལ་མི་དགེ་བའི་ཀུན་སློང་དང་། ལུང་མ་བསྟན་གྱི་ཀུན་སློང་གཉིས་སྤང་བྱ་ཡིན། ཐེག་ཆེན་སྐབས་འདིར་རང་དོན་བསྒྲུབ་པའི་ཀུན་སློང་ཡང་སྤང་བྱ་ཡིན། དགེ་བའི་ཀུན་སློང་ནི་བྱང་ཆུབ་སེམས་ཀྱིས་ཟིན་པའི་སྒོ་ནས་བསྒྲུབ་དགོས་གསུངས། ཐོག་མར་དགེ་བ་སྐྱབས་འགྲོ་སེམས་བསྐྱེད། བར་དུ་དགེ་བ་ཐུགས་ཡིད་དབྱེར་མེད། ཐ་མར་དགེ་བ་བསྔོ་བ་དང་སྨོན་ལམ་སྟེ་དམ་པ་གསུམ་གྱིས་རྩིས་ཟིན་པའི་དགེ་བ་ཁོང་ཁྲོས་མི་འཇོམས་ལོག་ལྟས་མི་གཅོད་གསུངས། ནུབ་མོ་ཉལ་བའི་དུས་གཟུགས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཏེ་ཕྱི་ནང་སྣོད་བཅུད་ཟངས་མདོག་དཔལ་རིར་གསལ་བ་དང་རང་རྣལ་འབྱོར་མར་གསལ་བའི་ངང་ནས་ཉལ། སྤྱི་བོའི་བླ་མ་དབུ་མའི་ལམ་ནས་རང་གི་སྙིང་པདྨ་འདབ་བཞི་གསལ་བའི་ནང་དུ་བྱོན། དེའི་འོད་ཟེར་གྱིས་ཕྱི་སྣོད་ནས་སྙིང་གི་བླ་མའི་བར་བསྡུ་རིམ་བྱས་ལ་གྲིམ་ལྷོད་རན་པའི་ངང་ནས་ཐུགས་ཡིད་དབྱེར་མེད་བསྲེས་ལ་གཉིད་ལོག་གསུངས། ཐོ་རང་ལྡང་བའི་དུས་ལ་བབས་པ་ན་ཟངས་མདོག་དཔལ་རི་ནས་ཨོ་རྒྱན་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོ་སོགས་ཀྱིས་རོལ་མོའི་སྒྲས་ཨ་ཀྵ་ལྔ་བཅུ་བཅས་འཇའ་འོད་དར་ཁྱིམ་གྱི་ལམ་ནས་བྱོན་ཏེ་གཉིད་ལས་སད་པར་བསམ་གསུངས། དེ་ནས་སྙིང་གའི་བླ་མ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཡར་བྱོན། མདུན་གྱི་ཨོ་རྒྱན་ཆེན་པོ་ཡང་དེ་དང་དབྱེར་མེད་དུ་གྱུར་ནས་བཞུགས་པར་མོས་དགོས་གསུངས། བླ་མ་མཁྱེན་དང་པོ་ནི་འཁོར་བར་ཞེན་ལོག་གི་ངེས་འབྱུང་རང་རྒྱུད་ལ་སྐྱེ་བའི་ཕྱིར་དང་། གཉིས་པ་གཞན་ཕན་དོན་གཉེར་གྱི་བྱང་སེམས་རྒྱུད་ལ་སྐྱེ་བའི་ཕྱིར་དང་། གསུམ་པ་སྣང་སྲིད་རྣམ་དག་གི་དག་སྣང་རྒྱུད་ལ་སྐྱེ་བའི་ཕྱིར་གསོལ་བ་བཏབ་ནི་ཡིན་གསུངས། དགེ་བའི་དམིགས་རྣམ་མི་བརྗེད་པའི་དྲན་པ། སྒོ་གསུམ་ལ་བྱ་ར་བྱེད་པའི་ཤེས་བཞིན། བླང་དོར་གྱ་ི གནས་ལ་གཟོབ་པ་ལྷུར་ལེན་པ་བག་ཡོད་གསུངས། ངག་བྱིན་རླབས་བྱས་ནས་སྔགས་འདོན་ན་ལྷག་ཆད་ཀྱི་ཉེས་པ་མི་འབྱུང་གསུངས། དལ་འབྱོར་རྙེད་དཀའི་སྐབས། དོན་ཆེན་གཏན་གྱི་འདུན་མ་མི་བསྒྲུབས་པར་དོན་མེད་ཆུད་ཟོས་བྱེད་པའི་བློ་ངན་དེ་ལྡོག་བྱ་ཡིན། ལྡོག་བྱེད་ཀྱི་ཐབས་གཉེན་པོ་ནི་དལ་བརྒྱད་འབྱོར་བཅུ་སོགས་དལ་འབྱོར་གྱི་ཆོས་སུམ་ཅུ་རྩ་བཞི་ཡིན་གསུངས། འཆི་བ་མི་རྟག་སྐབས། རང་ཐང་མྱུར་དུ་མི་འཆི་སྙམ་པའི་རྟག་འཛིན་གྱི་བློ་ངན་དེ་ལྡོག་བྱ་ཡིན། ལྡོག་བྱེད་ཀྱི་ཐབས་གཉེན་པོ་ནི། ནམ་འཆི་ཆ་མེད་སོགས་ཡིན་གསུངས། ལས་རྒྱུ་འབྲས་སྐབས། དགེ་སྡིག་བླང་དོར་ཚུལ་བཞིན་བྱེད་མི་ནུས་པའི་བློ་ངན་དེ་ལྡོག་བྱ་ཡིན་གསུངས། ལྡོག་བྱེད་ཀྱི་ཐབས་གཉེན་པོ་ནི། རང་བྱས་རང་ལ་སྨིན་པར་ངེས་པའང་། རྒྱུ་འབྲས་བླང་དོར་གཞུང་བཞིན་བྱེད་པ་དེ་ཡིན་གསུངས། འཁོར་བའི་ཉེས་དམིགས་སྐབས། འཁོར་བའི་བདེ་བ་ལ་ཅི་ཙམ་སྤྱད་ཀྱང་ངོམས་པ་མེད་པར་འཁོར་བའི་སྡུག་བསྔལ་ཅི་ཙམ་མྱོང་ཡང་སྐྱོ་བ་མེད་པའི་བློ་ངན་དེ་ལྡོག་བྱ་ཡིན། ལྡོག་བྱེད་ཀྱི་ཐབས་གཉེན་པོ་ནི། ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་བསྒོམ་པ་དེ་ཡིན་གསུངས། བློ་ལྡོག་བཞི་ཀ་ལ་ལྡོག་བྱ། ལྡོག་བྱེད། ལྡོག་ཚུལ། ལྡོག་ཚད་དང་བཞི་རེ་ཡོད་གསུངས། ༈ སྐྱབས་འགྲོའི་སྐབས། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དེ་མཆོག་གསུམ་ཀུན་འདུས། རྩ་གསུམ་ཀུན་འདུས། སྐུ་གསུམ་ཀུན་འདུས། བརྒྱུད་གསུམ་ཀུན་འདུས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཀུན་འདུས་ཏེ་མདོར་ན་སྐྱབས་གནས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དང་ཁྱད་པར་རྡོ་རྗེའི་སྤུན་གྲོགས་ཐམས་ཅད་ལ་བརྩེ་གདུང་ཡིད་ལ་མི་བྱེད་པར་ཉིན་ཞག་གི་མཐའ་འདས་ན་ལྟུང་བ་འབྱུང་ནི་རེད། དེས་ན་སྤུན་གྲོགས་ཐམས་ཅད་གུ་རུ་རིན་པོ་ཆེ་ལ་འདུས་པར་མོས་ནས་སྤྱི་བོའི་གཙུག་ཏུ་བསྒོམ་ན་ཉེས་པ་ཁེག་གསུངས། མདོར་ན་གུ་རུ་རིན་པོ་ཆེ་མིག་གི་ཕྱེ་བཙུམ། ལག་པའི་བསྐྱང་བསྐུམ། རྐང་པའི་འདེགས་འཇོག་སྟེ་དུས་རྒྱུན་དུ་སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ་བརྗེད་མི་ཉན་གསུངས། སྐྱབས་ཡུལ་དེའི་དྲུང་དུ་མེ་ཏོག་རྡོག་མ་གཅིག་མཐོང་ན་བླ་མ་དཀོན་མཆོག་གསུམ་པོར་མཆོད། ཅེས་པས་སྐྱབས་ཡུལ་གསལ་གདབ། སེམས་བསྐྱེད་རང་གཞན་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་ཤོག་ཅིག་ཅེས་པས་བསྔོ་བ་དང་སྨོན་ལམ་བཞི་ག་ཚང་ནི་ཡིན་གསུངས། འཇིགས་མེད་གླིང་པས། བློ་བླ་མར་གཏོད་པ་སྐྱབས་འགྲོའི་མཐར་ཐུག་གསུངས་ཀྱི་བོ་དེ་སྐྱབས་གནས་མཐར་ཐུག་བླ་མ་གུ་རུ་རིན་པོ་ཆེ་ཁོ་ན་ལ་གཏོད་དགོས་གསུངས། ཁོང་གི་ཞལ་ནས། སྲོག་གཅོད་མི་ཉན་གསུངས་ཀྱི་ཚིག་དེ་ལུང་གི་ཆོས་ཡིན། ཁྱེད་ཅག་གིས་དེའི་དོན་ཉམས་སུ་ལེན་པ་རྟོགས་པའི་ཆོས་ཡིན་གསུངས། དཔལ་སྤྲུལ་ཞལ་ནས། སྲོག་གཅིག་བཅད་ན་དགེ་ཚུལ་སློང་གི་ལྟུང་བ་ཡིན། བྱང་སེམས་ཀྱི་ཕ་མ་བསད་ནི་ཡིན། སྔགས་ཀྱི་སྐབས་རྡོ་རྗེ་སློབ་དཔོན་བསད་ནི་ཡིན། ཉེས་པ་ཤིན་ཏུ་ཆེ་གསུངས། སེམས་ཅན་ཕལ་པས་སྲོག་ཅིག་བཅད་ན་བཤགས་ཡུལ་ཡོད་པས་རྩྭ་ཤིང་སོགས་ལ་མེ་འབར་ན་གཉེན་པོ་ཆུ་ཡོད་པ་དང་འདྲ་གསུངས། སེམས་ཅན་རྣམས་ཀྱི་སྐྱབས་གནས་འཕགས་པའི་དགེ་འདུན་རྣམས་ཡིན། བན་དེ་བླ་མ་སོགས་ཀྱིས་སེམས་ཅན་གྱི་སྲོག་ལ་གནོད་པའི་དམར་ཆོག་སོགས་བྱེད་ན་སེམས་ཅན་རྣམས་ལ་སྐྱབས་གནས་མེད་པས་དཔེར་ན་རྒྱ་མཚོ་ཆེན་པོ་ལ་མེ་འབར་ན་གཉེན་པོ་མེད་པ་དང་འདྲ་གསུངས། སེམས་ངོ་ལྟ་བ་གང་ཞིག་གིས་སྲོག་གཅིག་བཅད་ན་འབུམ་འགྱུར་ཡིན་པས་དེས་བསྒོམ་མི་རུང་། སྲོག་གཏན་ནས་མི་གཅོད་ན་གང་ཟག་དེས་སེམས་ངོ་སྐྱོང་ཆོག་གསུངས། མི་ཕལ་པ་ཞིག་གིས་མི་རྟ་བཅོ་བརྒྱད་བསད་ནི་བས་ཐུ་གསུངས།

༈ སེམས་བསྐྱེད་སྐབས། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སེམས་ཅན་ཐམས་ཅད་རྒྱུ་དགེ་བ་འབྲས་བུ་བདེ་བ་སྟེ་དགེ་བ་རྒྱུ་འབྲས་གཉིས་དང་ལྡན་འདོད་ཀྱི་བྱམས་པ། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སེམས་ཅན་ཐམས་ཅད་རྒྱུ་མི་དགེ་བ་འབྲས་བུ་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་འདོད་ཀྱི་སྙིང་རྗེ་སྟེ་སེམས་བསྐྱེད་ཀྱི་རྩ་བ་སྙིང་རྗེ་ཁོ་ན་ལ་ཐུག་གསུངས། སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ན་ཅི་མ་རུང་བསམ་ན་འདུན་པ་དང་འབྲེལ་བ། བྲལ་བ་ཞིག་བདག་གིས་བྱེད་བསམ་ན་དམ་བཅའ་དང་འབྲེལ་བ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་བླ་མ་དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས་པར་ཤོག་ཅིག་བསམ་ན་བསྔོ་བ་སྨོན་ལམ་དང་འབྲེལ་ནི་ཡིན་གསུངས། ༈ དད་པའི་སྒོ་ནས་ཐུགས་ཡིད་དབྱེར་མེད་དུ་མཉམ་པར་བཞག་ན་དོན་དམ་སེམས་བསྐྱེད་དང་དངོས་གཞི་དམིགས་མེད་ཀྱི་དོད་ཐུབ་ཡིན་གསུངས། ༈ རྡོར་སེམས་སྐབས། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་རྣམ་པ་རྡོ་རྗེ་སེམས་དཔའ་མདུན་གྱི་ནམ་མཁར་གསལ་གདབ། ལྷ་དམ་པ་རིགས་བརྒྱ་སྔགས་ཡི་གེ་བརྒྱ་པའི་རྣམ་པར་ཤར་ནི་ཡིན། སྟོབས་བཞིའི་གནད་དང་ལྡན་པའི་ངང་ནས་བདུད་རྩི་འབེབ་སྦྱོང་དང་ཡིག་བརྒྱ་འདོན་མཐར་བསྡུ་རིམ་བྱས་ནས་མཉམ་པར་བཞག་ན་སྡིག་སྒྲིབ་འདགས་པའི་མཐར་ཐུག་ཡིན། ༈ མཎྜལ་སྐབས། སྐུ་གསུམ་གྱི་ཞིང་ན་མཆོད་པའི་དངོས་པོ་ཇི་སྙེད་ཡོད་པ་དང་། དེའི་སྟེང་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་སྐུ་གསུམ་རྒྱལ་བ་སྲས་དང་བཅས་པ་མཆོད། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་པར་ཤོག་ཅིག་ཅེས་པས་རྒྱུན་ཏུ་ཉམས་ལེན་བྱེད་ཀྱི་ཡིན་གསུངས། ༈ གཅོད་ཀྱི་སྐབས། གཅོད་ཀྱི་ངོ་བོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན། གཅོད་ཡུལ་ནི་ཆོས་ཀྱི་དབྱིངས། དཔེར་ན་ས་གཞི་ལྟ་བུ་ཡིན། གཅོད་བྱེད་བདག་མེད་རྟོགས་པའི་ཤེས་རབ་ཡིན། གཅོད་ཚུལ་ནི་སླར་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པ་ཡིན། དེ་ལ་ཐོགས་བཅས་བདུད་འབྱུང་བཞིའི་ས་སྒྲ་དང་གནམ་ལྡང་གི་ཐོག་སོགས་ས་མ་ཐོབ་བར་དུ་མི་ཆོད་གསུངས། ཐོགས་མེད་ཡིད་སྣང་གི་བདུད་ནི་རྣམ་རྟོག་སྔ་མ་རྗེས་གཅོད། ཕྱི་མ་མདུན་བསུ། ད་ལྟ་ཕྱི་ནང་གི་མཚན་འཛིན་གསུམ་པོ་གང་རུང་གི་སྒོ་ནས་འཁྲུལ་ནི་ཡིན། རྣམ་རྟོག་སྔ་མ་བྱ་མ་ལྟ་བུ། རྣམ་རྟོག་ཕྱི་མ་བྱ་མའི་རྗེས་སུ་བུ་འབྲང་བ་ལྟར་དེ་གཉིས་འབྲེལ་ཐག་གི་ཞེན་པའི་དྲྭ་བ་དེ་གཅོད་དགོས་གསུངས། དགའ་བྲོད་བདུད་ནི་ཟབ་མོ་གཅོད་ཀྱི་གདམས་པ་ལ་མ་དགའ་ན་འཇུག་ལུགས་མེད། དགའ་ཞིང་ཞེན་པ་དེ་གཅོད་བྱ་ཡིན། སྙེམས་བྱེད་བདུད་ནི། ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླང་ནས་ངས་ལྷ་འདྲེའི་འགྲོ་དོན་བྱེད་བསམ་ན། ངས་ཞེས་པའི་ངར་འཛིན་དམ་ཧྲང་ངེ་བ་དེ་བདག་འཛིན་ཡིན་པས་དེ་གཅོད་དགོས་གསུངས། མི་ལྤགས་ཀྱི་གཡང་གཞི་ནི་ས་ཐོབ་འཕགས་པ་མ་གཏོགས་གཡུག་མི་ཉན་གསུངས། སོ་སྐྱེས་རང་ག་མས་གཡུག་ན་སྟེང་ལྷ་འཁྲུགས། བར་གཉན་འཁྲུགས། འོག་ཀླུ་འཁྲུགས་པར་གསུངས། ཆོས་སྐྱོང་མགོན་པོ་སོགས་འབོད་པའི་གྲི་རྐང་ནི་སྐྱེས་པ་གྲིར་ཤི་བ་རྟོག་པ་གཞན་གྱིས་བར་མ་ཆོད་པར་ཞེ་སྡང་གི་ངང་ནས་ཤི་བའི་བརླ་དགོས་གསུངས། དཔའ་བོ་འབོད་པའི་གྲི་རྐང་ནི། བུ་མོ་མཁའ་འགྲོའི་རིགས་ཅན་སྐྱེས་པས་མ་གོས། བནྡྷེ་དམ་ཉམས་ཀྱིས་མ་གོས་པའི་བརླ་དགོས་གསུངས། ལྷ་འདྲེ་འབོད་པའི་གྲི་རྐང་ནི། དགེ་སློང་འདུལ་ཁྲིམས་ཡང་དག་པ་དང་ལྡན་པ་ཐུགས་རྒྱུད་ན་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དེའི་བརླ་དགོས་གསུངས། ཡང་ན་གང་ཟག་བྱང་ཆུབ་ཀྱི་སེམས་དང་ལྡན་པ་སེམས་ཅན་སྲོག་ལ་གནོད་འཚེ་ཕྲ་མོ་ཙམ་ཡང་སྤང་བའི་གྲི་རྐང་དགོས་གསུངས། དེའི་སྒྲ་ལྷ་འདྲེས་ཚོར་ན་གནོད་སེམས་ཐམས་ཅད་ཞི་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱེད་པའི་བྱིན་རླབས་ཅན་ཡིན་གསུངས། ༈ བླ་རྣམ་སྐབས། སྐྱབས་གནས་ཀུན་འདུས་གུ་རུ་རིན་པོ་ཆེ་སྤྱི་བོའི་གཙུག་ཏུ་བསྒོམ། དབང་བཞི་བླང་། སྙིང་གི་དཀྱིལ་དུ་བསྒོམ། ཐུགས་ཡིད་དབྱེར་མེད་བསྲེས་གསུངས། རིག་འཛིན་མཁའ་སྤྱོད་གྲུབ་པའི་ཉེ་ལམ་ནི། འཆི་ཁར་ཕྱི་ནང་སྣོད་བཅུད་ཟངས་མདོག་དཔལ་རིར་གསལ་ཐུབ་ན་རབ། མ་ཐུབ་ན་རང་རྣལ་འབྱོར་མར་གསལ་བ་སྤྱི་བོའི་གུ་རུ་རིན་པོ་ཆེའི་ཐུགས་ཀར་བསྟིམ་ཏེ་ཐུགས་ཡིད་དབྱེར་མེད་དུ་མཉམ་པར་བཞག་ན་ངན་སོང་གསུམ་དུ་མི་འགྲོ་གསུངས། བར་དོའི་སྐབས་ཡང་གུ་རུ་རིན་པོ་ཆེ་བྱོན་ནས་དབང་བསྐུར་གདམས་པ་གནང་། ངོ་སྤྲོད་བཏབ་ནས་གྲོལ་འགྲོ་ནི་རེད་གསུངས། ཐོད་པའི་སྐྲ་རྩེ་ནས་ཆུ་ཐིག་པང་ཐོག་ཏུ་ལྷུང་བའི་ཡུན་ལ་ཐུགས་ཡིད་དབྱེར་མེད་དུ་མཉམ་པར་བཞག་ན་བསྐལ་པ་གཅིག་གི་སྡིག་སྒྲིབ་འདག་གསུངས། རྗེས་སུ་ཡི་རང་གི་དགེ་རྩ་མཉམ་དུ་ཐོབ་མི་ཐོབ་ལ། པཎ་ཆེན་བསོད་གྲགས་ལུགས་ལ་མཉམ་དུ་མི་ཐོབ་པར་གསུངས། འཇམ་དབྱངས་བཞད་པས་མཉམ་དུ་ཐོབ་གསུངས། མི་ཕམ་རིན་པོ་ཆེས་རྗེས་སུ་ཡི་རང་བྱས་ན་དོན་དུ་དགེ་རྩ་རྒྱ་ཆེན་པོ་ཐོབ་གསུངས།

༈ གཏོང་ལེན་སྐབས། མདུན་གྱི་ནམ་མཁར་གུ་རུ་རིན་པོ་ཆེ་གསལ་བཏབ། རང་གཞན་གྱི་དགེ་བ་རྒྱུ་འབྲས་དང་བཅས་པ་འོད་དཀར་གྱི་རྣམ་པར་ཕར་འཕྲོས་སེམས་ཅན་ལ་ཕོག །སེམས་ཅན་གྱི་རྒྱུད་ཀྱི་སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་འོད་ནག་གི་རྣམ་པར་ཚུར་འཕྲོས་རང་གི་བདག་འཛིན་ལ་ཐིམ། དེ་རྗེས་སེམས་ཅན་ཐམས་ཅད་སངས་རྒྱས་པར་བསམ། བདག་འཛིན་སྡིག་སྒྲིབ་དང་བཅས་པ་ཆོས་ཀྱི་དབྱིངས་སུ་དག་པར་བསམ་ནས་མཉམ་པར་བཞག་གསུངས། དགེའོ།། །