cover

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ།

པོད་བཞི་པ།

གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དུས་བཞི་སངས་རྒྱས་མཉམ་སྦྱོར་དང་དམ་པ་གསུམ་གྱི་གདམས་ཁྲིད།

༈ དུས་བཞི་སངས་རྒྱས་མཉམ་སྦྱོར་ཉམས་སུ་ལེན་པ་ལ་དངོས་གཞི་དང་སྔོན་འགྲོ་གཉིས་ལས་དང་པོ་དངོས་གཞིའི་སྐབས་ཉིན་པར་སྣང་བ་རྒྱ་ཡིས་གདབ་པ་ནི། ཚིག་དབང་གི་ལམ་ཁྲེགས་ཆོད་ཐོད་རྒལ་གཉིས་ལྟ་སྒོམ་སྤྱོད་འབྲས་བཞིས་དམ་ཚིག་གི་ཆིངས་སུ་བཅིང་ནས་ཉམས་སུ་ལེན་པ་སོགས་དང་། སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། གསང་ཤེར་གྱི་ལམ་ཉམས་སུ་ལེན་པ་དང་། གུང་ལ་ཤེས་བྱ་བུམ་པར་དྲིལ་བ་ནི། ཤེས་བྱ་ཞེས་པ་སྒོ་ལྔ་ཚོགས་དྲུག་ཡུལ་ཡུལ་ཅན་དབྱིངས་སུ་བསྡུས་ནས་རྨི་ལམ་འོད་གསལ་མངོན་དུ་བྱེད་པ་སོགས་དང་། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ་ནི། འབྱུང་ཁམས། དག་སྦྱོར་ཉམས་སུ་ལེན་པ་སོགས་ཡིན་གསུངས། སྔོན་འགྲོའི་སྐབས་ཉིན་པར་སྣང་བ་རྒྱ་ཡིས་གདབ་པ་ནི། ཕྱི་སྣོད་ཟངས་མདོག་དཔལ་གྱི་རི་བོ་སོགས་གསུངས། ཐོ་རངས་རང་གི་སྤྱི་བོར་བླ་མའི་སྐུ་ལས་འོད་དཀར་པོ་འཕྲོས་གཟུགས་སུ་སྣང་བ་ཐམས་ཅད་ལ་ཕོགསྐུའི་དཀྱིལ་འཁོར་དུ་སད། གསུང་ལས་འོད་དམར་པོ་འཕྲོས། སྒྲ་སྐད་བཟང་ངན་བར་མ་ཐམས་ཅད་ལ་ཕོགགསུང་གི་དཀྱིལ་འཁོར་དུ་སད། ཐུགས་ལས་འོད་མཐིང་ག་འཕྲོས་སེམས་ཅན་ཐམས་ཅད་ཀྱི་འཁྲུལ་རྟོག་སེམས་ལ་ཕོགཐུགས་ཀྱི་དཀྱིལ་འཁོར་དུ་སད་དོ། ཡང་ན་བླ་མའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་གསལ་ནས་དེ་ལས་རང་མདོག་གི་འོད་ཟེར་འཕྲོས་ནས་ཐ་མལ་མ་དག་པའི་སྣང་གྲགས་རིགས་གསུམ་གྱི་སྣང་ཞེན་སྦྱངས་ནས་གནས་ཚུལ་ལྟར་བླ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསུམ་དུ་སད་པའམ་མངོན་དུ་གྱུར་བར་མོས་ན་ཡང་ཆོག་གསུངས། འདི་ཞབས་དྲུང་རིན་པོ་ཆེའི་ཞལ་རྒྱུན་རེད་གསུངས། འདས་པ་རྗེས་གཅོད་སོགས་བྱས་ནས་འཁྲུལ་གི་འདུག་ནི་བོ་འདི་ཡིད་ཤེས་རེད། དེ་ཡིན་ན་ཡིད་ཤེས་འདི་མེད་པ་བྱེད་དགོས་ནི་ཨེ་ཡིན་བསམ་ན་དེ་མིན་ཏེ། སོ་སྐྱེས་སྐབས་ཡེ་ཤེས་ནི་མ་ཤར་བས། ཡིད་ཤེས་འདིས་དགེ་སྡིག་བླང་དོར་སོགས་ཆོས་ཐམས་ཅད་སྤང་བླང་བྱེད་དགོས་ན། རྣམ་མཁྱེན་ལས་ཀྱང་ཡིད་ཤེས་གཙོ་སྟེ། ཡིད་འགྲོ་ཡིད་འགྲོ་ཡིད་ནི་རབ་ཏུ་འགྲོ། །ཆོས་རྣམས་ཀུན་གྱི་སྣ་ལ་ཡིད་འགྲོའོ། །ཞེས་པ་ལྟ་བུ་རེད། ཁ་ནང་དུ་བལྟས་ཏེ་ངར་འཛིན་པ་ཉོན་ཡིད་རེད། འདི་གཉིས་མཉམ་བཞག་ལྟ་བའི་ཀློང་དུ་བག་ཆགས་གསོག་ལོངས་མེད་པར་གྲོལ་དགོས་ནི་རེད་གསུངས། ཉིན་པར་སྣང་བ་རྒྱ་ཡིས་གདབ་པ་ཁྲེགས་ཐོད་བསྒོམ་པའི་མན་ངག་ཡིན་ཀྱང་བླ་རྣམ་སྐབས་སུ་དེའི་དོད་ཐུབ་ནི་སེམས་རྣམ་ཤེས་ཚོགས་བརྒྱད་ཡུལ་ཅན་གྱི་འཁྲུལ་སྣང་འགོག་པ་དང་། དངོས་གཞིའི་ཡེ་ཤེས་རྟོགས་པའི་ཆེད་དུ་ཕྱི་སྣོད་ཟངས་མདོག་དཔལ་གྱི་རི་བོ། ནང་བཅུད་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་སྒྲ། དྲན་རྟོག་ཐམས་ཅད་འོད་གསལ་ཡེ་ཤེས་ཀྱི་རོལ་བར་བལྟ་བ་སོགས་ཡིན་གསུངས། སྲོད་ལ་དབང་པོ་གནད་དུ་བསྡུ་བའི་དོད་ཐུབ་ནི་སྲོད་ལ་སངས་རྒྱས་ཀྱིས་བདུད་བཏུལ་བ་བཞིན་རང་གིས་ཀྱང་སྲོད་ལ་ཡི་དམ་ལྷག་པའི་ལྷ་སྲུང་འཁོར་མེ་རི་དང་བཅས་པ་བསྒོམ། ཡེ་ཤེས་ཀྱི་མེས་ནང་ལྟར་ན་རང་རྒྱུད་ཀྱི་ལས་ཉོན་སྡིག་སྒྲིབ་སོགས་བསྲེག་སྦྱང་བྱས། ཕྱི་ལྟར་ན་ཚོགས་བརྒྱད་འཁྲུལ་བ་གདོན་གཟུགས་སུ་ཤར་བའི་གདོན་བགེགས་སོགས་རྒྱུད་ཀྱི་ལས་ཉོན་རྒྱུ་འབྲས་དང་བཅས་པ་བསྲེག་སྦྱང་བྱས། གནོད་འཚེ་གདུག་རྩུབ་སོགས་ཞི། ༼ལུས་སྣང་སྟོང་སྐུ་རྡོ་རྗེ། ངག་གྲགས་སྟོང་གསུང་རྡོ་རྗ། ཡིད་དྲན་སྟོང་ཐུགས་རྡོ་རྗེའི་རང་བཞིན་དུ་བསམ་༽བྱམས་སྙིང་རྗེ་བྱང་ཆུབ་ཀྱི་རྒྱུད་ལ་སྐྱེས། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ་དགོས་ཀྱི་དེ་རྣམས་བསད་བརྡུང་མནན་པ་སོགས་བྱེད་ནི་མ་རེད་གསུངས། གུང་ལ་ཤེས་བྱ་བུམ་པར་དྲིལ་བའི་དོད་ཐུབ་ནི། དེ་ལ་ཤེས་བྱ་ནི་ཚོགས་བརྒྱད་ཡུལ་ཅན་དང་བཅས་པ་གཉིད་༼གཉིད་ཀྱི་ངོ་ལུང་མ་བསྟན་ཡིན་པས་དེ་འདུན་པའི་སྟོབས་ཀྱིས་དགེ་བར་བསྒྱུར་ན་བུམ་བཟང་ལས་དགོས་འདོད་འབྱུང་བ་ལྟར་ཡིན་ལ་༽དུས་ནང་དུ་བསྡུ་དགོས་༼ནུབ་མོ་ཉལ་བའི་ཚེ་མགོ་བྱང་དང་ཁ་ནུབ་ཏུ་བསྟན་ཏེ་གློ་གཡས་ས་ལ་ཕབ་བོ། ༽སེང་གེ་ཉལ་སྟབས་བྱས་ནས་དེའི་ཚུལ་འཁོར་བའི་རང་བཞིན་རྣམ་ཤེས་ཚོགས་བརྒྱད་ཡེ་ནས་དག་པའི་བརྡར་སྙིང་པདྨ་དམར་པོ་འདབ་བརྒྱད་ཟེའུ་འབྲུས་སྟེང་དུ་ཁམས་རྣམ་པར་དག་པའི་བརྡར་ཉི་ཟླའི་གདན་ལ་འཇའ་འོད་ཀྱི་དཀྱིལ་དུ་བླ་མའི་སྐུ་ཚོན་གང་གསལ་བ་སོགས་ཡིན་གསུངས། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའི་དོད་ཐུབ་ནི། ཐོ་རངས་གཉིད་སད་ཏེ་སྙིང་གའི་བླ་མ་དབུ་མའི་ལམ་བརྒྱུད་དེ་རང་གི་སྤྱི་བོར་པདྨ་འབུམ་བརྡལ་དང་ཉི་ཟླའི་གདན་སུམ་བརྩེགས་ལ་བཞུགས་པར་མོས་པ་སོགས་ཡིན་གསུངས། ངག་བྱིན་རླབས་སྐབས། ངག་གི་མི་དགེ་བ་བཞི་སོགས་ལྕེའི་དབང་པོ་ཟླ་བ་བཀས་པ་ལྟ་བུ་ལ་བརྟེན་ནས་འབྱུང་། དེ་དག་གི་ཆེད་དུ། རྒྱལ་བ་སྐུ་གསུམ་གྱིས་ས་བོན་ༀ་ཨཱཿཧཱུྃ་གསུམ་གྱི་བྱིན་རླབས་དང་། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཡེ་ཤེས་ཀྱི་རང་གཟུགས་ཡི་གེ་རཾ་དམར་པོ་ལྕེའི་དབང་པོར་གསལ། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་ངག་གི་སྡིག་སྒྲིབ་སོགས་ཐམས་ཅད་བསྲེགས་ཏེ་སྟོང་པར་སྦྱང་། དེའི་ངང་ལས་རང་གི་ལྐོག་མར་རྒྱལ་བ་ཐམས་ཅད་ཀྱི་གསུང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་གཟུགས་ཧྲཱིཿདམར་པོ་ལས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པ་ཡུ་བ་མགྲིན་པར་ཟུག་པ་མདུན་གྱི་པད་འདབ་འོད་དམར་གྱི་རྣམ་པས་དབྱིངས་ཡེ་ཟུང་འཇུག་གསུམ་མཚོན་པའི་རྡོ་རྗེའི་རྩེ་གསུམ་ཉལ་སྟབས་སུ་གནས་པའི་ལྟོ་བར་བདེ་གཤེགས་སྙིང་པོ་ངོ་བོ་གདོད་མའི་སྟོང་ཆེན་གྱི་དབྱིངས་ཀྱི་རང་གཟུགས་ཤེས་རབ་ཀྱི་ཡི་གེ་ཨ་ལི་དམར་པོ་གཡོན་བསྐོར་ཕྲེང་གཅིགདེའི་མཐར་དབྱིངས་ཀྱི་རང་གདངས་འོད་གསལ་བའི་ཡེ་ཤེས་ཀྱི་རང་གཟུགས་ཐབས་ཀྱི་ཡི་གེ་ཀ་ལི་དཀར་པོ་གཡས་སྐོར་ཕྲེང་གཅིགདེའི་མཐའ་སྐོར་དབྱིངས་ཡེ་ཟུང་འཇུག་མཚོན་པའི་བརྡར་ཐབས་ཤེས་གཉིས་མེད་ཀྱི་ཡི་གེ་རྟེན་སྙིང་མཐིང་གས་བསྐོར་བ་སྦྲུལ་འཁྱིལ་བ་ལྟ་བུ། ཡི་གེ་རྣམས་དབྱིངས་མཚོན་པའི་ནང་ཁོང་སྟོང་། ཡེ་ཤེས་མཚོན་པའི་གཞི་ཡི་གེ་གཟུགས་རང་འོད་འཕྲོ་བ། དཔེར་ན་ཞིང་གི་མུ་ཏིག་རིན་པོ་ཆེ་ལྟ་བུ་དེ་རྣམས་ལས་རང་མདོག་གི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་མཆོད་པས་ཐུགས་ཀྱི་དགྱེས་པ་བསྐྱེད་སོང་བར་བསམ་དགོས། རང་གཞན་གྱི་ངག་གི་སྡིག་སྒྲིབ་ཐམས་ཅད་དག༼རྒྱལ་བ་ཐམས་ཅད་ཀྱི་གསུང་གསང་བ་གསུམ་དང་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུ་ཡང་ན་ཨ་ལི་ཀཱ་ལི་རྟེན་སྙིང་གི་རྣམ་པས་ཚུར་འདུས་༽འོད་ཟེར་དམར་པོའི་རྣམ་པས་ཚུར་འདུས་རང་གི་ལྕེ་ལ་ཐིམ་པས་མཆོག་གི་དངོས་གྲུབ་ཆོས་ཉིད་འགྱུར་བ་མེད་པའི་ལྟ་བ་རྟོགས་པ་ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་དང་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་ཚངས་དབྱངས་ཡན་ལག་དྲུག་ཅུ་སོགས་ཐོབ་པར་བསམ་དགོས། དེ་ལྟར་ངག་བྱིན་རླབས་བྱས་ན་རང་གནས་ཀྱི་ཡེ་ཤེས་སད་པར་བྱེད། བཞད་པར་བྱེད། དགོད་པར་བྱེད། རྟོགས་པར་བྱེད་པའི་ཟབ་མོའི་མན་ངག་ཡིན་གསུངས། ༈ ནང་སྙིང་ག་ཆོས་ཀྱི་འཁོར་ལོ་ན་གཏེར་གནས་ཞེ་སྡང་གི་བྲག་རི་དམར་ནགའདོད་ཆགས་གཡང་ཞག་གི་རྒྱ་མཚོ་གཏིང་ཟབ་པ། གཏི་མུག་གི་ནམ་མཁའ་མི་འགྱུར་བ་སོགས་གཏོར་ནས་རང་བྱུང་ཡེ་ཤེས་ཀྱི་གཏེར་ལེན་དགོས་གསུངས། མལ་ནས་ལྡང་སྐབས་གཏི་མུག་གཉིད་སྐྲོག་གི་མན་ངགརྔ་ཡབ་དཔལ་རི་ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་ནས་གུ་རུ་རིན་པོ་ཆེ་འཁོར་དཔའ་བོ་མཁའ་འགྲོ་སོགས་རྟེན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་དེ་ཉིད་འཇའ་འོད་དར་ཁྱིམ་གྱི་ལམ་ནས་རང་གི་མདུན་གྱི་ནམ་མཁར་བྱོན། ལྷ་ཡེ་ཤེས་པ་རྟེན་བརྟེན་པ་དེ་རང་གི་སྤྱི་བོའི་བླ་མ་དང་རྟེན་བརྟེན་པའི་སྣོད་བཅུད་ལ་སོ་སོར་ཐིམ་པས་བྱིན་རླབས་ཀྱིས་རང་གནས་ཀྱི་ཐ་མལ་མ་དག་པའི་སྣོད་བཅུད་ཀྱི་འཁྲུལ་སྣང་ཐམས་ཅད་དབྱིངས་སུ་དེངས་ཏེ་གནས་ཚུལ་དག་པ་རབ་འབྱམས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱིས་འཁོར་ལོའི་གཟུགས་སུ་སྣང་བ་ཐམས་ཅད་སྐུའི་དཀྱིལ་འཁོར། སྒྲ་རུ་གྲགས་པ་ཐམས་ཅད་གསུང་གི་དཀྱིལ་འཁོར། དྲན་རྟོག་ཐམས་ཅད་ཐུགས་ཀྱི་དཀྱིལ་འཁོར་ཏེ་སྒོ་གསུམ་གསང་བ་གསུམ་གྱི་རྣམ་རོལ་མངོན་སུམ་དུ་སད་པར་བསམ། དེ་ནི་སྣང་སྲིད་རྣམ་དག་གི་དག་སྣང་རེད་གསུངས། འདི་སྐབས་ཨེ་ཝཾ་སྐུ་ཟུང་འཇུག་གི་ལྟ་བ་དང་སྔགས་སྡོམ་སོགས་གསུངས། ལས་དང་པོ་བས། སྐད་ཅིག་དང་པོ་ཀ་བའོ་སྙམ་དུ་འཛིན་ཡང་། སྐད་ཅིག་གཉིས་པར་གཟུགས་སྣང་སྐུའི་རང་བཞིན་དུ་བལྟ། སྐད་ཅིག་གསུམ་པར་དག་པའི་མཚན་འཛིན་དེ་ཐུགས་རྗེའི་སྤྲུལ་སྐུའི་དབྱིངས་སུ་དེངས། སྐད་ཅིག་དང་པོ་སྒྲ་རུ་སྣང་ཡང་སྐད་ཅིག་གཉིས་པར་གསུང་གི་རང་བཞིན་དུ་བལྟ། སྐད་ཅིག་གསུམ་པར་དག་པའི་མཚན་འཛིན་དེ་རང་བཞིན་ལོངས་སྐུའི་དབྱིངས་སུ་དེངས། སྐད་ཅིག་དང་པོ་ཐ་མལ་བའི་རྟོག་པར་ཤར་ཡང་། སྐད་ཅིག་གཉིས་པར་ཐུགས་ཀྱི་རང་བཞིན་དུ་བལྟ། སྐད་ཅིག་གསུམ་པར་དག་པའི་མཚན་འཛིན་དེ་ཉིད་རིག་སྟོང་ཆོས་སྐུའི་དབྱིངས་སུ་དེངས་ག་བཅུག་ནི་རེད་གསུངས། གནས་ཚུལ་ལྟར་ན་ཡེ་ནས་སྣང་སྲིད་དག་པ་རབ་འབྱམས་སྣོད་དག་པ་ཟངས་མདོག་དཔལ་རིའི་ཞིང་དང་གཞལ་ཡས་ཁང་། བཅུད་དག་པ་ཡེ་ཤེས་ཀྱི་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར། རྒྱུད་དག་པ་སེམས་དང་སེམས་བྱུང་ཐམས་ཅད་ཡེ་ཤེས་ཀྱི་རོལ་བ་སྟེ། གཟུགས་སྣང་སྟོང་སྐུ་རྡོ་རྗེ། སྒྲ་གྲགས་སྟོང་གསུང་རྡོ་རྗེ། སེམས་དྲན་སྟོང་ཐུགས་རྡོ་རྗེ། སྒོ་གསུམ་ཆ་མཉམ་ཡེ་ཤེས་རྡོ་རྗེ་སྟེ་སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་དང་ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་གནད་ཐུན་མོང་མ་ཡིན་པ་བླ་རྣམ་འདི་ལ་ཚང་ནི་རེད། དེ་ནི་བཤད་དུ་ཕང་བའི་མན་ངག་དུམ་འབའ་༼མནའ་བསྐྱལ་བའི་དོན་༽མིན་ན་གསུངས། ༈ མ་བསྒོམ་ཆོས་ལྔ་ནི། མཐོང་གྲོལ་ཙཀྲ། ཐོས་གྲོལ་གཟུངས་སྔགས། མྱོང་གྲོལ་དམ་རྫས། རེག་གྲོལ་མུ་ཏྲ། འཕྲད་ཅིང་དྲན་པ་ཙམ་གྱིས་གྲོལ་བ་འཕོ་བ་སྟེ་ལྔ་གསུངས། ༈ དབང་བཞིའི་བུམ་དབང་གི་ལྟ་བ་ནི་དག་མཉམ་སྣང་སྟོང་ཟུང་འཇུགགསང་དབང་གི་ལྟ་བ་ནི་གསལ་སྟོང་ཟུང་འཇུགཤེར་དབང་གི་ལྟ་བ་ནི་བདེ་སྟོང་མཉམ་ཉིད་ཟུང་འཇུགཚིག་དབང་གི་ལྟ་བ་ནི་རིག་སྟོང་ཟུང་འཇུག་རེད་གསུངས། ༈ གཟུགས་སུ་སྣང་བ་ཐམས་ཅད་རིག་འཛིན་གྱི་ལྷ་ཚོགས། སྒྲ་རུ་གྲགས་པ་ཐམས་ཅད་བཛྲ་གུ་རུའི་རང་སྒྲ། དྲན་རྟོག་ཐམས་ཅད་ཐུགས་ཡེ་ཤེས་ཆེན་པོའི་རྣམ་རོལ། ཡང་ན་གཟུགས་སྣང་སྟོང་སྐུ་ཡི་རྡོ་རྗེ། སྒྲ་གྲགས་སྟོང་གསུང་གི་རྡོ་རྗེ། སེམས་དྲན་སྟོང་ཐུགས་ཀྱི་རྡོ་རྗེ། སྒོ་གསུམ་མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཏེ་གནས་ཚུལ་ལ་སྣང་སྲིད་རྡོ་རྗེ་བཞིའི་དཀྱིལ་འཁོར་རེད་གསུངས། ༈ རང་གི་ཁང་རྒན་ཞིག་དུས་ལྟ་བའི་གདེངས་ཤིག་ཡོད་ན་གུ་རུ་རིན་པོ་ཆེ་འོད་ཞུ་བྱས་ནས་བསམ་རྒྱུ་མི་མང་བར་ཐུགས་ཡིད་དབྱེར་མེད་དུ་མཉམ་པར་བཞག་ཀྱི་རེད། གདེངས་མེད་ན་བླ་མའི་ཐུགས་གར་ཡར་འཕོས་ནས་ཐུགས་ཡིད་དབྱེར་མེད་དུ་མཉམ་པར་བཞག་དགོས་ཀྱི་རེད། ད་ལྟ་རང་གི་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་པ་འོད་གསལ་གཉུག་མའི་སེམས་དེ་སྐྱེ་མེད་དོན་གྱི་བླ་མ་རེད་དེ་ལྟ་བུའི་གཞིའི་གནས་ལུགས་སྣང་སྟོང་ཟུང་འཇུག་དེ། སྣང་ཆ་གུ་རུ་རིན་པོ་ཆེ་ཡབ། སྟོང་ཆ་ཡེ་ཤེས་མཚོ་རྒྱལ་ཡུམ། ཟུང་འཇུག་གུ་རུ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་ནི་རེད། དེ་ཉིད་ནང་དོན་དམ་ཡེ་ཤེས་ཀྱི་བླ་མ་རེད། དེ་དུས་གསུམ་འཕོ་འགྱུར་མེད་པར་རྟག་པར་རང་ངོར་བཞུགས་པར་ཤེས་བདག་ཞིག་གི་བླ་མ་འདས་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཀྱང་། ཧ་བོ་བྲང་བརྡུང་སོགས་བྱེད་ནི་མ་རེད། རང་སྣང་དོན་གྱི་བླ་མ་ལ་འདས་གྲོངས་མེད་པར་ཤེས་ནས་ཐུགས་ཡིད་དབྱེར་མེད་དུ་བསྒོམ་པ་ཉམས་དང་རྨི་ལམ་སོགས་བླ་མ་མཇལ་ནི་རེད། དེ་ནི་གནས་ཚུལ་ལ་རང་སྣང་ཡིན་པའི་གནད་ཀྱིས་རེད་གསུངས། ཚེ་གཅིག་ཏུ་རང་སྣང་ཟངས་མདོག་དཔལ་རིའི་དག་སྣང་དང་མ་བྲལ་བའི་ངང་ནས་གུ་རུ་རིན་པོ་ཆེ་བསྒྲུབ་ན་འཆི་ཁར་དབུག་ཆད་མ་ཐག་ཏུ་ཟངས་མདོག་དཔལ་རིར་སྐྱེས་ནི་རེད། འཆི་ཁར་གྲིབ་་སོགས་འཆི་རྐྱེན་ངན་པའི་དབང་གིས་ཟངས་མདོག་དཔལ་རིའི་ཞིང་སྟོན་འཁོར་སོགས་དྲན་མ་ཐུབ་པར་ཤི་ཡང་། བར་སྲིད་སྐབས་ཞག་མ་བདུན་སོང་རྗེས་སུ་རང་ཉིད་འཆི་བ་ཡིན་པར་ཤེས་དུས། སྔར་གོམས་སྟོབས་ཀྱིས་ཟངས་མདོག་དཔལ་རིའི་ཞིང་སྟོན་འཁོར་དང་བཅས་པ་དྲན་ནས་ཞིང་དེར་སྐྱེས་ནི་རེད་གསུངས། སྣང་བ་སྐུ་ཡི་ཁྱེར་སོ་དེ་གསལ་ན་མཚམས་མ་ཐོན་ཀྱང་བཟོད། མཚམས་དུས་ཕན་ཚུན་ངོ་མཐོང་བ་སོགས་ལ་ཡང་མཚམས་བུག་རལ་སྐྱོན་མི་འབྱུང་བའི་གདམས་ངག་ཡིན། གྲགས་པ་གསུང་གི་ཁྱེར་སོ་དེ་གསལ་ན་སྐད་གཅིག་ལ་ཡང་དུང་ཕྱུར་མང་པོ་འགྲོ་བས། སྔགས་བརྒྱ་རྩས་འཕགས་པ་འགྲུབ་པའི་གདམས་ངགངག་བཅད་མ་གྲུབ་ཀྱང་བཟོད། མཚམས་དུས་ངག་བསྲེས་ཀྱང་མི་དོ་སྟེ། སྒྲ་སྐད་ཐམས་ཅད་སྔགས་ཡིན། ཕྲེང་བ་ལ་རློབ་སོང་ཀྱང་ཆད་ལྷག་ཁ་བསྐང་དེས་འོང་བར་གསུངས། དེ་ཉམས་ལེན་བཟང་ངན་དམིགས་པ་དགེ་སེམས་མ་ཡེངས་པའི་ངང་ནས་བསྒོམ་ན་བསྐྱེད་རྫོགས་ཟུང་འཇུག་མཆོག་ཡིན་ཅེས་ཆགས་མེད་རིན་པོ་ཆེས་གསུངས།

༈ སྤྱིར་ཆོས་རྣམས་ཀྱི་དུས་བཞི་མཉམ་སྦྱོར་ཞེས། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པའི་མན་ངགཉིན་པར་སྣང་བ་རྒྱ་ཡིས་འདེབས་པའི་མན་ངགསྲོད་ལ་དབང་པོ་གནད་དུ་བསྡུ་བའི་མན་ངགགུང་ལ་ཤེས་བྱ་བུམ་པར་དྲིལ་བའི་མན་ངག་སྟེ། ཉིན་མཚན་ཁ་སྦྱོར་གྱི་དགོངས་པས་འདི་ཕྱི་བར་དོ་གསུམ་ལམ་དུ་འཁྱེར་བ་དངོས་སམ་མིན་ཀྱང་དོད་ཐུབ་ཙམ་ལ་ཉམས་ལེན་བྱེད་དགོས་པ་ནི་སྤྱིར་བཏང་ཡིན་ཀྱང་། སྐབས་འདིར་ལས་དང་པོ་པ་རྣམས་ཀྱིས་ལུས་གནད་ལེགས་པར་བཅོས་ཏེ་ཐོག་མར་རླུང་རོ་བསལ་བ་ནི། ལག་གཉིས་རྡོ་རྗེ་ཁུ་ཚུར་གྱིས་བརླའི་རྩ་ཆེན་གཉིས་མནན། ཁམས་གསུམ་སེམས་ཅན་རྣམས་ཀྱི་ལས་ཉོན་བག་ཆགསདང་བཅས་པ་ལྟེ་འོག་ཏུ་དལ་བུས་རྔུབ་ཏེ། ལག་གཡས་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱས་སྣ་བུག་གཡས་པ་བཀག་སྟེ་གཡོན་ནས་ལན་གསུམ་དང་། དེ་ལྟར་གཡོན་ནས་སྣ་བུག་གཡོན་བཀག་སྟེ་གཡས་ནས་ལན་གསུམ་དང་། ལག་གཉིས་ཀྱིས་བརླ་རྩ་མནན་ཏེ་སྣ་བུག་གཉིས་ནས་མཉམ་དུ་ལན་གསུམ་འབུད། དེ་ཡང་སྣ་བུག་གཡས་ནས་ཞེ་སྡང་གི་རྟོག་ཚོགས་རླུང་དཀར་ནག་དང་། གཡོན་ནས་འདོད་ཆགས་ཀྱི་རྟོག་ཚོགས་རླུང་དམར་ནགམཉམ་དུ་གཏི་མུག་གི་རྟོག་ཚོགས་རླུང་ནག་དུད་ཀྱི་རྣམ་པ་ཅན་སངས་ཀྱིས་བསལ་ཏེ། འབྲུ་གསུམ་རྡོར་བཟླས་ཀྱི་ངང་ནས་རླུང་གནད་དལ་བུས་བསླབ། དེ་ནས་དང་པོ་ཀུན་སློང་བཅོས་མ་ཤེས་ན་གཤིན་རྗེའི་འཇིག་རྟེན་དུ་འགྲོ་བའི་རྒྱུ་སྒྲུབ་པ་ཡིན་པས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དང་པོ་རང་གི་སེམས་བརྟགས་ནས། བརྟན་པས་རིགས་པ་ལྡན་པར་བྱ། ཞེས་གསུངས་པ་ལྟར་དམ་པའི་ཆོས་ཡང་དག་པ་ཞིག་སྒྲུབ་པར་བྱེད་པ་ལ། ཐོག་མར་རང་གི་ཀུན་སློང་བརྟགས་པ་ནི་ཤིན་ཏུ་གལ་ཆེ་སྟེ། མཉམ་མེད་དྭགས་པོ་རིན་པོ་ཆེས་ཀྱང་། ཆོས་ཆོས་བཞིན་དུ་མ་སྤྱད་ན། ཆོས་ཀྱིས་སླར་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཞེས་གསུངས་པས་ཀུན་སློང་ལ་དབྱེ་ན་གསུམ་སྟེ། དང་པོ་ལུང་མ་བསྟན་པའི་ཀུན་སློང་ནི། དད་པ་དང་དག་སྣང་སོགས་དགེ་སེམས་དང་ཆགས་སྡང་རྨོང་གསུམ་སོགས་སྡིག་སེམས་གང་གིས་ཀྱང་མ་བསྒྱུར་བར་སྒྲུབ་བྱའི་ཆོས་ཤིག་ཡིན་པར་ཤེས་པ་ཙམ་གྱིས་ཆོས་དེ་བསྒྲུབ་པ་ལ་ཐར་པའི་ས་བོན་ཙམ་ཡང་མེད་ཅེས་དཔལ་སྤྲུལ་རིན་པོ་ཆེས་གསུངས་པས། དཔེར་ན་མིའི་ལད་མོ་མི་དྲེད་ཀྱིས་བྱེད་པ་དང་། མི་རྗེས་སུ་ཁྱི་ཞེན་པ་དང་། བྱིས་པས་མེ་ཏོག་འཐུ་བ་དང་། མདའ་སྟོང་འཕེན་བྱེད་པ་དང་། ལད་མོ་རྗེས་ཟློས་བྱེད་པ་ལྟ་བུ་ཞིག་རྒྱུ་མཚན་བྱས་ནས་ཆོས་བསྒྲུབ་པ་ལ་བཟང་ངན་གཉིས་ཀྱི་འབྲས་བུ་མེད་པས་ལུང་མ་བསྟན་གྱི་ཀུན་སློང་དེ་བཅོས་དགོས་སོ། །གཉིས་པ་མི་དགེ་བའི་ཀུན་སློང་ནི། རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་། བར་མ་ལ་གཏི་མུགམཐོ་བ་ལ་ཕྲག་ཏོགདམན་པ་ལ་ང་རྒྱལ་སོགས་དང་། འཇིག་རྟེན་ཆོས་བརྒྱད་ཀྱིས་ཀུན་ནས་བསླང་བ་དང་། ནད་གདོན་རྐྱེན་བགེགས་ལ་སོགས་མི་འདོད་པའི་འཇིགས་པ་སྐྱོབས་པའི་ཆེད་དུ་དང་། ཐོབ་གོ་ས། མཚན་སྙན་གྲགས། སྟོབས་མངའ་ཐང་། རྙེད་བཀུར་སྟི་སོགས་ཐོབ་འདོད་ལ་སྨོན་པའི་དགེ་བ་ནི། དཔེར་ན་དུག་དང་འདྲེས་པའི་ཁ་ཟས་ལྟ་བུ་ལྟར་སྣང་དུ་དགེ་བ་ཙམ་ཡིན་ཀྱང་དོན་ལ་ནི་ཚེ་འདི་ལ་ཞེན་ན་ཆོས་པ་མིན། ཞེས་གསུངས་པ་ལྟར་ཆོས་མིན་གྱི་ཕྱོགས་སུ་སོང་བ་ཡིན་པས། དེས་ན་མི་དགེ་བའི་ཀུན་སློང་དེ་སྤངས་བྱར་བསྟན་ནོ། །གསུམ་པ་དགེ་བའི་ཀུན་སློང་ལ་གཉིས། རང་དོན་སྒྲུབ་པའི་དགེ་བའི་ཀུན་སློང་ནི། རང་གཅིག་པུ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སྐྲག་ནས་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བ་ལ་ནི་འབྲས་བུ་གནས་སྐབས་ཀྱི་བདེ་བ་ཙམ་ལས་མེད་པས་ན། འཁོར་བར་ཞེན་ན་ངེས་འབྱུང་མིན། ཞེས་པ་དང་། ཡང་ན་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མེད་པར་ཤེས་ནས་ཞི་བ་མྱང་འདས་ཀྱི་གོ་འཕང་ཐོབ་འདོད་ཙམ་ལ་ཡང་། བདག་དོན་ལ་ཞེན་ན་སེམས་བསྐྱེད་མིན། ཞེས་པ་ལྟར། སེམས་ཅན་བློས་དོར་གྱི་རྩ་ལྟུང་འབྱུང་བ་དང་། འབྲས་བུ་ཡང་ཞི་བདེ་ཙམ་ལས་མེད་པས། དེས་ན་རང་དོན་ཡིད་བྱེད་ཀྱི་ཀུན་སློང་དེ་ཡང་རེ་ཞིག་བཞག་ན་ལེགས། གཉིས་པ་གཞན་དོན་སྒྲུབ་པའི་དགེ་བའི་ཀུན་སློང་ནི། འདི་ལྟར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་རྣམས་དམིགས་ཡུལ་དུ་བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་བསམ་པ་རྣམ་དག་གིས་ཟིན་པ་ནི་གལ་ཤིན་ཏུ་ཆེ་སྟེ། ཡོན་མཛོད་ལས། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡིིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་བཞིན་ནོ། །དམ་པའི་ཆོས་སྒྲུབ་པའི་གྲོགས་བློ་ལྡོག་རྣམ་བཞི་ཡིན་པས། དེ་ལ་དང་པོ་བླ་མ་མཁྱེན་གསུམ་ནི། སྐུ་གསུམ་དང་། ལྟ་སྒོམ་སྤྱོད་གསུམ་སོགས་སུ་སྦྱར་ནས་བཤད་ཚུལ་མང་ཡང་། འདིར་སོ་བྱང་སྔགས་ཀྱི་སྡོམ་པའི་ངོ་བོ་དང་སྦྱར་ནས་གསུངས་པ་ལ། བླ་མ་མཁྱེན་དང་པོས་ནི། ཁམས་གསུམ་འཁོར་བའི་གནས་འདི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་འཁྲུལ་འཁོར། སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཡེ་ནས་ཡིན་པ་ལ་རང་གཞན་སེམས་ཅན་རྣམས་ཀྱིས་དེ་ལྟར་ཡིན་པར་ཤེས་པ་ཞིག་བླ༷་མ༷་མཁྱེན༷་སྙམ་པས་འཁོར་བ་ཞེན་ལོག་གི་ངེས་འབྱུང་རང་གཞན་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་དུ་གསོལ་བ་བཏབ་པ་དང་། གཉིས་པ་ནི། འཁོར་བའི་གནས་དེར་སྐྱེས་པའི་ཕ་མ་སེམས་ཅན་ཐམས་ཅད་རྨོངས་པ་མ་རིག་པའི་དབང་གིས་སྡུག་བསྔལ་བཟོད་བླག་མེད་པར་ཁོར་མོ་ཡུག་ཏུ་སྤྱོད་པ་སྙིང་རེ་རྗེ། སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་བུ་དང་བཅས་པ་བྲལ་ནས་རྣམ་གྲོལ་གཏན་བདེ་ཐོབ་པ་ཞིག་བླ༷་མ༷་མཁྱེན༷་སྙམ་པའི་གཞན་ཕན་དོན་གཉེར་གྱི་བྱང་སེམས་རང་གཞན་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་དུ་གསོལ་བ་བཏབ་པ་དང་། གསུམ་པ་ནི། ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་གནས་ཚུལ་དོན་དམ་པ་ན་རྒྱལ་བའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ལས་འདའ་མ་མྱོང་ཡང་། སྣང་ཚུལ་ཀུན་རྫོབ་དུ་སེམས་ཅན་རྣམས་འཁྲུལ་བ་གློ་བུར་བའི་དབང་གིས་ཐ་མལ་མ་དག་ལྟར་དུ་སྣང་། སྣང་བ་ལྟར་དུ་ཞེན། ཞེན་པ་ལྟར་དུ་འཐས་ཡོད་པས་ཡུལ་སྣང་འདི་དག་དག་པ་སྐུ་དང་ཡེ་ཤེས་སུ་ཤར་བ་ཞིག་བླ༷་མ༷་དཀོ༷ན་མཆོ༷ག་གསུ༷མ་པོ༷་ཁྱེ༷ད་མཁྱེ༷ན་ནོ༷་སྙམ་པས་སྣང་སྲིད་རྣམ་དག་གི་དག་སྣང་རང་གཞན་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེ་བའི་ཕྱིར་དུ་གསོལ་བ་བཏབ་པ་དང་། ཡང་ན་ངེས་འབྱུང་། བྱང་སེམས། དག་སྣང་གསུམ་རང་གཞན་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་བསམ་ཀྱང་ཆོག་གོ །བློ་ལྡོག་རྣམ་བཞི་དངོས་ལ་ནི། བློ་ལྡོག་བྱ་བཞི། བློ་ལྡོག་བྱེད་ཀྱི་གཉེན་པོ་བཞི་སྟེ། དང་པོ་བཞི་ནི། དོན་ཆེན་གཏན་གྱི་འདུན་མ་མི་བསྒྲུབ་པར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་དོན་མེད་ཆུད་ཟོས་སུ་བཏང་ནས་སྙིང་པོ་ལེན་འདོད་མེད་པའི་བློ་ངན་དེ་དང་། ཐམས་ཅད་འཆི་བར་ཤེས་ཀྱང་རང་མི་འཆི་བསམ་པའི་རྟག་འཛིན་ཨ་འཐས་ཀྱིས་ཤི་སྙམ་པ་སྐད་ཅིག་ཙམ་ཡང་མེད་པའི་བློ་ངན་དེ་དང་། སྲིད་རྩེ་ནས་མནར་མེད་བར་གྱི་སྡུག་བསྔལ་ལ་སྐྱོ་བ་དང་སུན་པ་མེད་པར་གནས་སྐབས་ཀྱི་བདེ་བ་ཕྲན་བུ་ཙམ་འདི་ལ་ཆགས་ཤིང་ཞེན་པའི་བློ་ངན་དེ་དང་། ལས་རྒྱུ་འབྲས་གཏན་ནས་མི་ཤེས་པའམ་ཤེས་ཀྱང་ཐེ་ཚོམ་གྱིས་ཚུལ་བཞིན་དུ་འཇུག་ལྡོག་གི་གནས་ལ་སྤྱོད་མི་ནུས་པའི་བློ་ངན་དེ་རྣམས་ནི་ཆོས་ཀྱི་བར་ཆད་བདུད་ཀྱི་རྩ་བ་ཡིན་པར་ཤེས་དགོས། གཉིས་པ་གཉེན་པོ་བཞི་ནི། ད༷ལ་བརྒྱད་འབྱོ༷ར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་རྙེ༷ད་དཀ༷འ་ཚུལ་ལ་བསམ་ན་འདི་ལྟ་བུའི་ལུས་ཐོ༷བ་པ༷་ད༷་རེ༷ས་ཙ༷མ་ཡིན་པས། དེས་ན་དོན་ཆེན་གཏན་གྱི་འདུན་མ་ལེན་པ་ཞིག་ལ་འབད་སྙམ་པའི་བློ་ཡང་ཡང་སྦྱང་བ་དང་། ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་མི༷་རྟ༷ག་པའི་ཚུལ་ལ་བསམ་ན་འཆི༷་བ༷་ཞེས་པ་དེ་ན༷མ་འོ༷ང་ཆ་མ༷་མཆི༷ས་ཏེ། འཆི་རྐྱེན་ལ་ནི་ངེས་པ་མེད། དབུགས་འགྲོ་འོང་ཙམ་གྱི་བར་ལའང་འདི་ཕྱི་གཉིས་གང་སྔ་མི་ཤེས་པས་དེས་ན་ཕྱི་མའི་ཆུས་ཞིག་ལ་འབད་སྙམ་པའི་བློ་སྣ་བསྟུང་བ་དང་། ཁམས་གསུམ་འཁོ༷ར་བ༷འི་གནས་ག༷ང་དུ༷་སྐྱེས༷་ཀྱ༷ང་ཚ་གྲང་བཀྲེས་སྐོམ་བཅད་གཏུབ་ལ་སོགས་པ་སེམས་ཅན་གྱི་ལས་སྣང་མི་འདྲ་བ་སྣ་ཚོགས་མྱོང་བ་ལ་བློས་དཔག་ཏུ་མེད་ཀྱང་། མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་འཁོར་བའི་སྡུག༷་བསྔལ༷་རྒྱུ་འབྲས་བུ་དང་བཅས་པ་རང་གིི་བློ་ཐོག་ཏུ་བླངས་ནས་སྐྱོ་བ་ཡང་ཡང་བསྐྱེད་པ་དང་། རྒྱུ་དགེ༷་སྡིག༷་གང་བསྒྲུབ་པ་ལ༷ས་འབྲ༷ས་བུ་བདེ་སྡུག་དེ་ལྟར་དུ་འབྱུང་བ་ནི་ནམ་ཡང་བསླུ༷་བ༷་མེ༷ད་པ་ཡིན་པས། མདོ་དྲན་པ་ཉེར་བཞག་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་འབྲས་བུ་བསླུ་མི་སྲིད། །གསུངས་པ་ལྟར་རྒྱུ་འབྲས་ལ་ཡིད་ཆེས་བསྐྱེད་དེ་འཇུག་ལྡོག་གི་གནས་ལ་མ་རྨོངས་པར་བླང་དོར་ཚུལ་བཞིན་དུ་བསྒྲུབ་པར་བྱ་བ་ནི་ནམ་ཡང་བརྗེད་མི་ཉན་པའི་ཆོས་ཡིན་ནོ། །མཐར་ཐུག་གི་འབྲས་བུ་ཐ༷ར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ནི་ལ༷མ་ཚོགས་གཉིས་བསགས་པའི་འབྲས་བུ། སྤང་རྟོགས་མཐར་ཕྱིན་པ་ལས་ཐོ༷བ་དགོས་པ༷་ཡིན་པས་ན་བློ་ལོག་ལམ་ལ་མ་སོང་བས་བླ༷་མ༷་དམ་པ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བརྟེན་ནས་ཐུག༷ས་རྗེ༷འི་ལྕགས་ཀྱུས་རྗེས་སུ་བཟུ༷ང་བའི་སྨིན་གྲོལ་གྱི་མན་ངག་ཟབ་མོ་རང་རྒྱུད་ལ་ལོན་པའི་གསོལ་བ་ཡང་ཡང་འདེབས་པ་ནི་གལ་ཆེའོ། །དེ་ལྟ་བུའི་བློ་ལྡོག་རྣམ་པ་བཞི་པོ་འདི་སྡུག་བསྔལ་འགོག་བདེན་དུ་ཤར། ཀུན་འབྱུང་ལམ་བདེན་དུ་ཤར། སྐྱེ་འཆིའི་བར་ལག་འགྱེལ་ཏེ་འཆི་མེད་གཉུག་མའི་བཙན་ས་མ་ཟིན་གྱི་བར་དུ་བསྒོམ་དགོས་པ་ནི་ཐུན་མོང་མ་ཡིན་པའི་བློ་ལྡོག་རྣམ་བཞི་སྦྱངས་པའི་ཚད་ཡིན་ནོ། ༈ །དམ་པའི་ཆོས་སྒྲུབ་པའི་འཇུག་སྒོ་སྐྱབས་འགྲོ་དང་སེམས་བསྐྱེད་ཡིན་ཀྱང་། དང་པོ་དད་པ་དང་དག་སྣང་གིས་ཆོས་སྒོ་མ་དབྱེ་ན། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་ངོ། །ཞེས་གསུངས་པས་དད་པ་ལ་དབྱེ་ན་གསུམ་སྟེ། དང་པོ་དངས་བའི་དད་པ་ནི། བུ་ཕྲུག་གིས་མ་མཐོང་བ་ལྟ་བུ་ཡུལ་མཆོག་གསུམ་གྱིི་ཡོན་ཏན་མཐོང་བའི་ཚེ་ཡུལ་དེའི་སྟོབས་ཀྱིས་སྐད་ཅིག་ཞིག་ལ་སེམས་ཀྱི་དྭངས་ཆ་འདྲེན་པ་དེ་ཡིན་ནོ། །གཉིས་པ་འདོད་པའི་དད་པ་ནི། བཀྲེས་པས་ཟས་སྐོམ་མཐོང་བ་ལྟ་བུ་གནས་སྐབས་དང་མཐར་ཐུག་གི་བདེ་བ་གང་ཡིན་ཀྱང་དེ་ཐོབ་པའི་ཆེད་དུ་ལམ་ལ་འཇུག་པར་འདོད་པ་དེ་ཡིན་ནོ། །གསུམ་པ་ཡིད་ཆེས་པའི་དད་པ་ནི། སྐྱེས་བུ་རྩལ་ཅན་གྱིས་མདའ་འཕང་བ་ལྟ་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལས་སྐྱོབས་པ་པོ་བླ་མ་དཀོན་མཆོག་གསུམ་མ་གཏོགས་གཞན་སུ་ཡང་མེད་པར་ཤེས་ནས་བློ་བླ་མ་དཀོན་མཆོག་གསུམ་ལ་གཏད་པ་ནི། ཤེས་ལས་བྱུང་བའི་དད་པ་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་བཞེད། །ཞེས་གསུངས་པ་ལྟར་ཡིན་པས། དེས་ན་དད་པ་ཁྱད་པར་བ་འདི་དང་མ་འབྲལ་ན། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །ཞེས་རྒྱལ་བའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་གང་ཟག་དེ་ལ་འཇུག་ངེས་པ་ཡིན་ནོ། །ཡིད་ཁྱེད་ཤེས་ཀྱི་དད་པ་འདི་མེད་ན། དད་མེད་ཆུ་དཀྱིལ་རྡོ་རིལ་དེ། །ཐུགས་རྗེའི་ལྕགས་ཀྱུས་ཟིན་དུས་མེད། ཞེས་པ་ལྟར། ཆོས་ཅི་ཙམ་བསྒྲུབ་ཀྱང་བྱིན་རླབས་ཀྱི་འཇུག་སྒོ་འགག་ཡོད་པས། དེས་ན་དང་པོ་དད་པ་དག་སྣང་ལ་བློ་སྦྱངས་ནས་སྐྱབས་སེམས་དངོས་ནི། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། ཞེས་པས། དང་པོ་སྐྱབས་འགྲོ་ལ། རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཁྱད་པར་ནི། མདོ་ཕར་ཕྱིན་ནམ་རྒྱུ་མཚན་ཉིད་ཐེག་པས་ནམ་ཞིག་རང་རྒྱུད་ལ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཆོས་སྐུ་ཐོབ་པར་འདོད་པ་ནི་འབྲས་སྐྱབས་དང་། དེ་མ་ཐོབ་གྱི་བར་དུ་དཀོན་མཆོག་གསུམ་ལ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ནི་རྒྱུ་སྐྱབས་ཡིན་ནོ། །གསང་སྔགས་སམ་འབྲས་བུ་རྡོ་རྗེ་ཐེག་པས། རང་ལ་ཡོད་པའི་སེམས་ཉིད་སངས་རྒྱས་སུ་ཡེ་ནས་གནས་པ་དེ་མཐོང་བར་འདོད་ནས། ཕྱི་ནང་གི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་རྒྱུ་སྐྱབས་དང་། རང་གི་སེམས་ཉིད་རང་བྱུང་གི་ཡེ་ཤེས་དེའི་རང་མདངས་བསྐྱངས་ནས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོའོ། །དེ་ནས་སྐྱབས་སུ་འགྲོ་ཚུལ་ནི། ཚོགས་ཞིང་ཁྲོམ་ཚོགས་ལྟར་བསྒོམ་པ་དང་། ཀུན་འདུས་ནོར་ནོར་བུའི་ལུགས་སུ་བསྒོམ་པ་གཉིས་ལས། འདི་ཕྱི་མ་ལྟར་ཨོ་རྒྱན་པདྨས། སྐྱབས་གནས་རེ་ལྟོས་ཐམས་ཅད་ནི། །ཨོ་རྒྱན་བདག་ལ་འདུས་པར་སོམས། །གསུངས་པ་ལྟར་ར༷ང་གི༷་སྤྱི༷་བོ༷ར་སྐྱབ༷ས་གན༷ས་དགུའི་བདག་ཉིད་ཀུ༷ན་འདུ༷ས་ནོར་བུའི་ལུགས་ཀྱི༷་ངོ༷་བོ་རྩ་བའི་བླ་མ་ལ་རྣམ་པ་གུ༷་རུ༷་རི༷ན་པོ༷་ཆེ༷འི་ཞལ་ཕྱག་རྒྱན་ཆ་ལུགས་སོགས་གས༷ལ་བཏ༷བ་པ་དེ་ལ༷། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད་གསུམ་གྱི་བླ་མ་རང་ལ་ཀ་ཁ་སློབ་པའི་སློབ་དཔོན་ཡན་ཆད་དང་། དམ་ཚིག་གཅིག་པའི་རྡོ་རྗེ་སྤུན་གྲོགས་ལྕིའུ་སེར་བཅིང་ཡན་ཆད་དང་། རྒྱུད་སྡེ་དྲུག་གི་ཡི་དམ། གནས་ཡུལ་དུར་ཁྲོད་ཀྱི་དཔའ་བོ་མཁའ་འགྲོ། དེར་མ་ཟད་ཇོ་བོ་བཀའ་གདམས་པའི་ཕྱག་བཞེས་ལ་རང་རྒྱུད་དུ་དཀར་པོ་དགེ་སེམས་སྐྱེ་བའི་རྐྱེན་དགྲ་བགེགས་ནད་གདོན་འདྲེ་སྲིན་འབྱུང་པོ་མི་མ་ཡིན་དང་། སེམས་མེད་བེམ་པོ་འབྱུང་བ་བཞིའི་རང་གཟུགས་ཀྱིས་དགེ་སེམས་བསྐྱེད་ཀྱང་། སྣང་བ་བརྡ་ཡི་བླ་མ་ཡིན་པས་དེ་ཡང་བླ་མའི་ཁོངས་སུ་བསྡུས་ཏེ་ཡེ་ཤེས་ཀྱི་ཕུང་པོ་གཅིག་གི་རྣམ་རོལ་དུ་བསྒོམ་པ་ནི་གནད་ཡིན་ནོ། ཞབས་དྲུང་རིན་པོ་ཆེ་ཡིས་བླ་མ་དང་མཆེད་ལྕམ་གྱི་བརྩེ་གདུང་མ་དྲན་པར་ཐུན་མཚམས་འདས་ན་སྔགས་ཀྱི་རྩ་ལྟུང་འབྱུང་བ་ཡིན་ཀྱང་། འདི་ལྟར་བསྒོམ་པས་དེའི་ཉེས་པའང་ཁེགས་གསུངས། བསྐྱེད་རིམ་ལ་གསལ་སྣང་མ་ཐོབ་པའི་ལས་དང་པོ་པས་མོས་བསྒོམ་བྱས་ཀྱང་ཆོག་སྟེ། གང་ཞིག་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས་ཡོད་པ་དང་། གུ་རུ་ཉིད་ཀྱི་ཞལ་སྔ་ནས་ཀྱང་། ང་ཉིད་གང་ཟག་སུས་དྲན་ན། །ལས་ལ་བཟང་ངན་མེད། །ན་སོ་ལ་རྒན་གཞོན་མེད། ལུས་ལ་ཕོ་མོ་མེད། །སྐྱེ་བ་ལ་མཐོ་དམན་མེད། མོས་གུས་སུ་ལ་ཡོད་ན་ཁོང་དེའི་དྲན་པའི་མཁར་སྒོ་ན་བཞུགས་ཡོད་གསུངས་ནས་དབུ་བསྙུང་མཛད་ཡོད་པས་རང་ལ་དད་པ་ཡོད་ན་གང་ལྟར་བྱས་ཀྱང་ཆོག་པར་འདུགགྲུབ་ཆེན་རིན་པོ་ཆེས་བླ་མ་རིགས་བདག་གི་ཚུལ་དུ་སྤྱི་བོར་བསྒོམ་པ་དང་། མདུན་གྱི་ནམ་མཁར་བསྒོམ་པ་ལ་ཁྱད་མེད་གསུངས། སྐྱབས་སུ་འགྲོ་བའི་གང་ཟག་ནི། ར༷ང་གཞ༷ན་སེམས་ཅན་ཐ༷མས་ཅ༷ད་ཡིན་ལ། དུས༷་ནི་འདི༷་ན༷ས་བཟུང་སྟེ་ཕྱི་ལྟར་ན་བྱང༷་ཆུབ༷་ཀྱི་ཤིང་དྲུང་དུ་མཉམ་པར་བཞག་ནས་སངས་རྒྱས་པའི་བར་དང་། ནང་ལྟར་ན་ཁམས་བདེ་བར་གཤེགས་པའི་སྙི༷ང་པོ༷་མངོན་དུ་མ་གྱུར་གྱི་བ༷ར་དུ༷འོ། །ཆེད་དུ་བྱ་བ་ནི་སྤྱིར་ཁམས་གསུམ་འཁོར་བའི་སྡུག་བསྔལ། དགོས་རང་དོན་ཡིད་བྱེད་ཀྱི་བློ་ངན། ཡང་དགོས་མ་དག་ཐ་མལ་གྱི་སྣང་ཞེན་འདི་ལས་སྐྱོབས་པ་པོ་ནི་བླ་མ་དཀོན་མཆོག་གསུམ་ཁྱེད་མ་གཏོགས། བརྩེ་བའི་ཕ། བྱམས་པའི་མ། གཅེས་པའི་བུ། མཛའ་བའི་གྲོགས། འཇིག་རྟེན་ན་ཆེ་བ་ཚངས་དབང་བདེ་འབྱུང་སོགས་སུས་ཀྱང་སྐྱོབས་པར་མི་ནུས། སྐྱབ༷ས་གན༷ས་ཀུན༷་འདུས༷་ཀྱི༷་ངོ༷་བོ༷་བླ་མ་དང་དབྱེར་མེད་པའི་གུ༷་རུ༷་རི༷ན་པོ༷་ཆེ༷་ཁྱེད༷་ལ༷་ནི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་མངའ་བས་ཁྱེད་ལ་སྐྱབས་སུ་འགྲོ་བའམ་སྐྱབ༷ས་སུ༷་མཆི༷ས་པ་ཡིན་པས། གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་ལས་རེ་ས་གཞན་སུ་ཡང་མེད་སྙ༷མ་པ༷ས་མོ༷ས་གུ༷ས་གདུང༷་ཤུག༷ས་དྲ༷ག་པོ༷ས་གསོ༷ལ་བ༷་སྙི༷ང་ཁུ༷ང་རུ༷ས་པ༷འི་གཏི༷ང་ན༷ས་བཏ༷བ་པ་ནི། ཀུན་མཁྱེན་གཉིས་པས། བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུགགསུངས་པས། །གང་སྣང་བླ་མར་མ་ཤར་བར་དུ་བླ་མའི་སྣང་བ་མ་བྲལ་བའི་ངང་ནས་ཕྱི་རོལ་རྟགས་ཀྱི་བླ་མའམ། མཚོན་བྱེད་དཔེ་ཡི་བླ་མ་དེ་ཕྱི་སྤྲུལ་སྐུ་ལྟར་བསྒྲུབ་པ། ནང་ལོངས་སྐུ་ལྟར་བསྒྲུབ་པ། གསང་བ་ཆོས་སྐུ་ལྟར་བསྒྲུབ་པ། ཡང་གསང་ཡེ་ཤེས་ལྟར་བསྒྲུབ་པ། ནམ་ཞིག་རང་རྒྱུད་ན་མཁྱེན་བརྩེ་ནུས་གསུམ་མངའ་བའི་མཚོན་བྱ་དོན་གྱི་བླ་མ་གཉུག་མའི་ཡེ་ཤེས་དེ་ཉིད་སད་པའི་བྱ་བ་བྱེད་པ་ཡིན་ནོ། །སྐྱབས་འགྲོ་དང་གསོལ་འདེབས་ལ་ནི་དུས་སུ་དམ་བཅའ་མི་བཅའ་མ་གཏོགས་ཁྱད་མེད་གསུངས།

གཉིས་པ་སེམས་བསྐྱེད་པ་ནི། ཐེག་པ་ཆེན་པོའི་ལམ་ནོར་བ་ཡིན་པས། དེ་ལ་བཞེད་པ་མི་འདྲ་བ་མང་ན་ཡང་དོན་ལ་རང་དོན་དང་མ་འདྲེས་ན་སེམས་བསྐྱེད་ཀྱི་མཆོག་ཡིན། དེ༷་ན༷ས་སེམས་བསྐྱེད་ཚུལ་ནི། སྐྱབས་ཡུལ་གྱི་ཚོགས་ཞིང་གསལ་བཞིན་པའི་ངང་ནས་འདི་ལྟར་ནམ་མཁས་གར་ཁྱབ་ཀྱི་སེ༷མས་ཅ༷ན་ཐ༷མས་ཅ༷ད་ཡེ་ཐོག་མ་མེད་པའི་དུས་ནས་དྲིན་ཆེན་གྱི་ཕ་མར་གྱུར་པ་ཤ་སྟག་ཡིན་པ་ལ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་ནས་སྔོན་བསགས་ལས་ཀྱི་དབང་གིས་ཁམས་གསུམ་འཁོར་བའི་གནས་འདིར་ལས་སྣང་སྣ་ཚོགས་ལ་སྤྱོད་ནས་ངལ་ཞིང་དུབ་པའི་སྡུག་བསྔལ་རྒྱུ་འབྲས་བུ་དང་བཅས་པ་བྲལ་བར་འདོད་པའི་སྙིང་རྗེ་དང་། དེ་ལ་ཡང་བློ་ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམ་གཉིས་ནི་སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་དང་། དེ་ལྟ་བུའི་སྡུག་བསྔལ་ལས་རྣ༷མ་པར་གྲོ༷ལ་ཏེ་མཐར་ཐུག་གཏ༷ན་གྱི༷་བདེ༷་བ༷་ལ༷་འགོ༷ད་པ༷འི་སླ༷ད་དུ༷་བད༷ག་གི༷ས་རྫོ༷གས་པ༷འི་ས༷ངས་རྒྱས༷་ཀྱི༷་གོ༷་འཕ༷ང་རི༷ན་པོ༷་ཆེ༷་ཐོ༷བ་པ༷ར་བྱ༷་སྙམ་པའི་བདེ་བ་ལྡན་འདོད་ཀྱི་བྱམས་པ་དང་། བདེ་བ་དེ་ཐོབ་ནས་མ་འབྲལ་ན་སྙམ་པའི་དགའ་བ་གཉིས་ནི་ཤེས་རབ་རྫོགས་བྱང་ལ་དམིགས་པའི་ཟུར་སྟེ། ཟུར་གཉིས་དང་ལྡན་པའི་སེམས་བསྐྱེད་འདི་ནི་སྐྱེས་བུ་གསུམ་གྱི་ལམ་སྨོན་སེམས་ཁྱད་པར་བ་ཡིན་ནོ། དེ༷འི་ཆེ༷ད་དུ༷་ལ༷མ་བསྐྱེད་རྫོགས་ཟ༷བ་མོ༷འི་རི༷མ་པ༷་བསྒོ༷མ་ནས་སྤང་རྟོགས་མཐར་ཕྱིན་པའི་འབྲས་བུ་སྐུ་གཉིས་མངོན་དུ་བྱས་ནས་འཁོར་བ་ན་སེམས་ཅན་གཅིག་ཀྱང་མི་གནས་པའི་བར་དུ་བརྩོན་འགྲུས་བརྩམ་པ༷ར་བྱ༷འོ༷་སྙ༷མ་དུ༷་སེ༷མས་བསྐྱེད༷་པ་ནི་འཇུག་པ་ལ་དམ་བཅའ་བ་དང་། དངོས་སུ་འཇུག་བཞིན་པ་གཉིས་ཡིན་པས་འཇུག་པའི་སེམས་བསྐྱེད་སྟེ། ཀུན་རྫོབ་ཀྱི་སེམས་བསྐྱེད་འདི་གཉིས་ལ་བློ་སྦྱངས་ནས་མཐར་རང་རྒྱུད་ཀྱི་དོན་དམ་བྱང་ཆུབ་ཀྱི་སེམས་དེ་སད་དགོས། དོན་དམ་ཞེས་པ་ཆོས་ཀྱི་དབྱིངས་དང་། བྱང་ཞེས་པ་སྤང་བྱའི་དྲི་མ་གཤིས་ལ་མ་ཞུགས་པའི་དབྱིངས་དང་། ཆུབ་ཅེས་པ་རྟོགས་བྱའི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་པ་དང་། སེམས་ཞེས་པ་འོད་གསལ་བའི་རིག་པ་དབྱིངས་ཡེ་ཟུང་དུ་འཇུག་པ་དེ་ཡིན་ནོ། །ཐུན་མོང་མ་ཡིན་པ་འབྲས་བུ་རྡོ་རྗེའི་ཐེག་པས་ནི་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་པ་ལ་ཡིན་པར་ཤེས་ཏེ། རྒྱུད་བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གསུངས་པ་ལྟར་རང་ངོ་མ་ཤེས་པར་འཁོར་བའི་འཁྲུལ་སྣང་གློ་བུར་བ་ལ་སྤྱོད་ཅིང་ཉམས་ཐག་པའི་འགྲོ་བ་རྣམས་ལ་རང་གནས་ཀྱི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པ་དེ་ངོ་སྤྲད་ནས། ད་ལྟ་ཉིད་དུ་དག་པ་གཉིས་ལྡན་གྱི་སངས་རྒྱས་སམ་ཁྱབ་བདག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱ་བ་ཞིག་བསྒྲུབ་སྙམ་པ་ཡིན་ནོ། །དེ་ལྟ་བུའི་ཐོག་མར་དགེ་བ་སྐྱབས་འགྲོ་སེམས་བསྐྱེད་འདི་མེད་ན་ཆོས་གང་བསྒྲུབ་ཀྱང་རྩ་བ་རུལ་ནས་ཆོས་ཀྱི་རྐང་མི་ཚུགས་པ་ཡིན་པས་འདི་ལ་ནན་ཏན་བྱའོ། །

༈ དམ་པའི་ཆོས་སྒྲུབ་པའི་དངོས་གཞི་དམིགས་མེད་མཚན་ཉིད་པ་ནི་རྒྱལ་སྲས་སར་གནས་མཐོང་ལམ་པ་མ་གཏོགས། རང་ཅག་ལྟ་བུའི་གང་ཟག་སོ་སྐྱེས་བའམ། ཚོགས་སྦྱོར་གྱི་ལམ་པ་ཞིག་གིས་མི་འོང་། དེས་ན་དངོས་གཞི་དམིགས་མེད་ཀྱི་དོད་ཐུབ་ཙམ་ནི། ཀརྨ་གླིང་པས། ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་ཁྱེད་ཀྱིས་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཡུལ་ཡུལ་ཅན་གྱི་ཆོས་ཐམས་ཅད་ལ་བདེན་ཞེན་སྤུའི་རྩེ་མོ་ལན་བརྒྱར་བགོས་པའི་ཆ་ཙམ་ཡང་མི་དམིགས་པར་སྣང་སྟོང་སྒྱུ་མའི་དཔེ་བརྒྱད་ལྟ་བུའི་ངང་ནས་སེམས་ཚོགས་དྲུག་གི་ཡུལ་དུ་མ་ཞེན་པར་རང་ལ་བླ་མའི་མན་ངག་ཅི་ཙམ་ཡོད་པ་དེའི་སྟེང་ནས་འདོན་བསྒོམ་བྱས་ན། ཇི་སྐད་དུ། ཤེས་རབ་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེས་མི་འགྱུར། །ཐེ་ཚོམ་ཙམ་ཞིག་སྐྱེས་བྱས་ན། །སྲིད་པ་ཧྲུལ་པོ་བྱེད་པར་འགྱུར། །ཞེས་གསུངས་པས་སྤྱིར་བཏང་ཙམ་ལ་དེ་ལྟར་ཡིན་ཀྱང་། སྐབས་འདིར་རང་གི་རྩ་ཐིག་རླུང་གསུམ་བག་ཆགས་དང་བཅས་པ་དག་ནས་སྐུ་བཞི་ཡེ་ཤེས་ལྔའི་ངོ་བོར་གྱུར་པའི་ཆེད་དུ། སྟོབས་བཞིའི་སྒོ་ནས་སྐྱབས་ཡུལ་གྱི་ཚོགས་ཞིང་ལས་ལམ་དབང་བླངས་ནས་རྒྱུད་སྣོད་རུང་དུ་བྱས་མཐར་བླ་མ་ཡང་འོད་ལྔའི་གོང་བུའམ། ཡང་ན་འོད་དམར་པོར་གྱུར་ནས་རང་ལ་བསྟིམ་ཏེ་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས། ཕར་བློ་ཡིས་མ་བསྒོམ། ཚུར་དྲན་པས་མ་བཅིང་། ཐོལ་སྐྱེས་རྦད་ཆོད། དྲན་པས་རྗེས་སླེབས། གཉེན་པོས་འབུར་འཇོམས། གནས་པའི་ངང་སྐྱོང་གང་ཡང་མི་བྱེད་པར་སྒོ་ལྔ་ཆ་མཉམ་གྱི་ངང་དུ་རང་བབས་སུ་བཞག་ཚེ། འགགས་མེད་དུ་སྣང་། ཞེན་མེད་དུ་རོལ། རྟེན་མེད་དུ་གྲོལ་ན། རྫོགས་ཆེན་ལས། སྒོ་ལྔའི་རྣམ་པར་ཤེས་པ་ལ། །ཡིད་ཀྱིས་ཞེན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ག་རང་། །ཞེས་གསུངས་པ་ལྟར་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་སེ་ལོང་ལྕགས་ཀྱི་རྒྱ་མདུད་འཐོར་བའམ་སོག་མའི་ཕོན་ཐག་ཆད་པ་བཞིན་དུ་སོང་ནས་བྱིང་རྨུག་གཉིད་གསུམ་དང་བྲལ། ཉམས་ཞེན་གྱི་ཤུན་པ་དྭངས། གཟུང་འཛིན་གྱི་དྲི་མ་དགཕྱི་ནང་གི་གཏད་སོ་ཞིག་ཏེ། དཔེར་ན་སྣང་བའི་མདུན་ན་མུན་པ་མི་གནས་པ་བཞིན་དུ་དག་པ་ནམ་མཁའ་ལྟ་བུ། སངས་བ་མེ་ཏོག་ལྟ་བུ། དྭངས་པ་རྒྱ་མཚོ་ལྟ་བུ། རང་བབ་བསམ་གཏན་ལྟ་བུའི་ཉམས་ཆགས་ནས། ལྟ་བས་ཡན་ཐུབ། སྒོམ་པས་ཡེངས་ཐུབ། སྤྱོད་པས་རྐྱེན་ཐུབ། འབྲས་བུས་གོལ་ས་ཐུབ་པའི་གནད་ཀྱང་འདི་ལས་བྱུང་འདུགའདི་ཡི་དུས་རིག་པའི་རང་ངོ་འཕྲོད་ན་སྲིད་གསུམ་ཀ་དག་གི་ལྟ་བ། ཁམས་གསུམ་ཡོངས་གྲོལ་གྱི་སྒོམ་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། སྐུ་གསུམ་ལྷུན་གྲུབ་ཀྱི་འབྲས་བུ། དེ་ལས་མི་འདའ་བའི་དམ་ཚིག་ཅེས་འདི་ཡི་དུས། ལྟ་བའི་གནས་དགསྒོམ་པའི་རྨང་ཞིགསྤྱོད་པའི་ལ་དོར་ནས་གང་སྣང་ཅི་སྤྱོད་ཐམས་ཅད་ཡེ་ཤེས་ཀྱི་རོལ་པའམ་ཆོས་ཉིད་རོལ་བས་རྐང་རྗེས་རྡུལ་ཚོན་གྱི་དཀྱིལ་འཁོར། འགུལ་སྤྱོད་ཡེ་ཤེས་ཀྱི་ཕྱག་རྒྱ། བཟའ་བཏུང་ཚོགས་འཁོར་གྱི་རང་བཞིན། ཚོགས་ཆེན་ཡེ་རྫོགས་ཀྱི་དགོངས་པ་ཡིན་པས། བཟང་རྟོག་ཤར་ཡང་མཐའ་གྲོལ་ཀློང་ཡངས། ངན་རྟོག་ཤར་ཡང་རང་ཤར་རང་གྲོལ། ཕྱིའི་སྣང་བ་མ་སྤང་སྣང་ཐོག་ནས་གྲོལ་བ་བྱེའུ་ཁྲས་ཁྱེར་བ་ལྟ་བུ། ནང་འགྱུ་བ་མ་སྤང་འགྱུ་ཐོག་ནས་གྲོལ་བ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་ནི། ཇི་སྐད་དུ། གང་ཤར་བསྒོམ་དུ་མ་ཤེས་ན། །གང་བསྒོམ་སྡུག་གི་སྣོན་པ་ཡིན། །གསུངས་པའི་གནད་ཡིན་ནོ། །དེས་ན་ངོ་བོ་སྟོང་ཉམས་ངར་ཆ་དང་ལྡན་པ། རང་བཞིན་གསལ་ཉམས་སངས་ཆ་དང་ལྡན་པ། ཐུགས་རྗེའི་རིག་ཉམས་གྲོལ་ཆ་དང་ལྡན་ན་ངོ་བོ་མི་རྟོག་ཀྱང་གསལ་ཆ་མ་འགག་པས་གཟུགས་མེད་ཁམས་ལས་གྲོལ། ཐུགས་རྗེས་རིག་ཀྱང་མི་འཕྲོ་བས་འདོད་ཁམས་ལས་གྲོལ་ཡོད་པས། གནད་འདི་ལ་གོ་མྱོང་རྟོགས་གསུམ་རེ་ཤིན་ཏུ་གལ་ཆེ་བ་མ་གཏོགས། གནས་ན་དྭངས་ཆ་མེད་ན་ཞི་གནས་ཀྱི་སྙིགས་མ། གསལ་ན་ལྷོད་ཆ་མེད་ན་གསལ་འཛིན་གྱི་འཆིང་བ། འགྱུ་ན་གྲོལ་ཆ་མེད་ན་འཁྲུལ་བའི་རྗེས་སྙོགས་ཡིན་པས་ཀུན་གཞི་དང་ཆོས་སྐུ། སེམས་དང་རིག་པའི་ལ་ཤན་ལེགས་པར་ཕྱེས་ཏེ་གོ་ལོ་ཐོས་ལོ་མང་པོ་ཞིག་མི་བྱེད་པར་གནད་ནས་ཟིན་ངེས་རེ་བྱེད་ནས་ཉམས་སུ་ལེན་དགོས་མ་གཏོགས་བར་དུ་དགེ་བ་དངོས་གཞི་དམིགས་མེད་འདི་ཤན་འབྱེད་ཀྱི་མན་ངག་དང་མི་ལྡན་པར་ཉམས་སུ་ལེན་འདོད་པ་ནི་འཁྲུལ་བ་ལས་ཀྱང་ཉིང་འཁྲུལ་བྱེད་པ་ཡིན་པས་གཟབ་འཚལ། ༈ དམ་པའི་ཆོས་སྒྲུབ་པའི་མཇུག་སྡུད་ནི་བསྔོ་བ་དང་སྨོན་ལམ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཞེས་གསུངས་པས། དང་པོ་བསྔོ་བ་ནི་འཁོར་གསུམ་ལ་བདེན་ཞེན་གྱི་དམིགས་པ་མེད་པའི་ངང་ནས་བསྔོ་དགོས་ཀྱང་། དེ་མཚན་ཉིད་པ་ནི་ས་ཐོབ་ཀྱི་སེམས་དཔའ་མ་གཏོགས་རང་ཅག་ལྟ་བུའི་སོ་སྐྱེས་བའམ་ཚོགས་སྦྱོར་གྱི་ལམ་པའི་ཡུལ་མ་ཡིན། དེས་ན་རྗེས་མཐུན་ལྟར་བསྔོས་ན་འཁོར་གསུམ་དམིགས་མེད་ཀྱི་བསྔོ་བ་དང་མཉམ་པ་ཡིན་པས། དངོས་གཞིའི་ཏིང་ངེ་འཛིན་གྱི་ངར་ཤུགས་སམ་རྒྱ་མ་རལ་གོང་དུ་མདུན་གྱི་ནམ་མཁར་བསྔོ་བའི་དཔང་པོར་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཚོགས་ཞིང་ལྟར་གསལ་བའམ། ཡང་ན་སྐབས་འདིར་གུ་རུ་རིན་པོ་ཆེ་ཀུན་འདུས་ནོར་བུའི་ལུགས་སུ་སྔར་ལྟར་གསལ་བཏབ་པའི་མདུན་དུ་སྡུག་བསྔལ་གཏོང་ལེན་ནི། གླང་ཐང་པས། མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག ། གསུངས་པ་ལྟར་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་དང་། བདག་གིས་དཀར་པོ་དགེ་བའི་ལས་བསགས་པའི་བསོད་ནམས་ཀྱི་སྟོབས་ཀྱིས་བདག་གི་བདེ་སྐྱིད་བདེ་བའི་དངོས་པོ་དགེ་རྩ་རྒྱུ་འབྲས་དང་བཅས་པ། ཅིག་བགོ་བཤའ་བྱེད་པ་ལྟ་བུ་མ་ཡིན་པར་འོད་དཀར་པོའི་རྣམ་པས་སེམས་ཅན་ཐམས་ཅད་ལ་ཐིམ་པར་བསམ། སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་རྒྱུ་འབྲས་བག་ཆགས་དང་བཅས་པ་འོད་ནག་པོའི་རྣམ་པས་རང་གི་སྙིང་ནང་དུ་བདག་འཛིན་གྱི་ངོ་བོ་ཐིག་ལེ་དུད་ཁའི་མདོག་ཅན་གསལ་བ་ལ་ཐིམ་ནས། སླར་ཐིག་ལེ་དང་བཅས་པ་བདག་མེད་ཆོས་ཀྱི་དབྱིངས་སུ་དྭངས་པར་བསམ་ནས་དལ་ཅིག་མཉམ་པར་བཞགདེ་ནས་མདོ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་པས། ཡ་གི་སོ་སྐྱེས་ཉན་རང་ནས་སློབ་མི་སློབ་ཀྱི་ལམ་ལ་གནས་པའི་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་དགེ་བ་ལ་རྗེས་སུ་ཡི་རང་བྱས་ནས། ད་ནི་དགེ་རྩ་གཞན་དོན་དུ་བསྔོ་རན་པ་ཡིན་ཞེས་ཚོགས་ཞིང་ལ་དགོངས་གསོལ་ལམ་སྙན་གསན་དབབ་པ་སྔོན་དུ་བཏང་ནས། ད་རེས་ཐུན་གཅིག་གི་དགེ་བ་འདིས་མཚོན་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པ་དང་། བསགས་པ་ལ་རྗེས་སུ་ཡི་རང་བའི་དགེ་རྩ་རྒྱུ་འབྲས་བུ་དང་བཅས་པ་གཅིག་ཏུ་བསྡུས་ཏེ་ཡར་བླ་མ་དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། དེ་ནས་ཡར་མཆོད་པ་ཕུལ་བའི་བསོད་ནམས་དང་བཅས་པ། སུ་ཡི་ཆེད་དུ་བསྔོ་ན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མེད་ཡེ་ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་དང་། ཡུལ་གང་དུ་བསྔོ་ན་མཐའ་གཉིས་ལ་མི་གནས་པའི་ཆོས་དབྱིངས་བསམ་གྱིས་མི་ཁྱབ་པའི་གནས་དང་། ཚུལ་ཇི་ལྟར་བསྔོ་ན། འཁོར་གསུམ་ལ་བདེན་ཞེན་གྱི་དྲི་མས་མ་བསླད་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གང་རུང་ངམ། ཡང་ན་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་རྗེས་སུ་བསྙེགས་ཏེ་ཁྱེད་རྣམས་ཀྱིས་དགེ་རྩ་བླ་ན་མེད་པའི་བྱང་ཆུབ་ཏུ་ཇི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་བསྔོའོ་སྙམ་པ་ནི་བསྔོ་བ་མཚན་ཉིད་པ་དང་རྗེས་སུ་མཐུན་པ་ཡིན། གཉིས་པ་སྨོན་ལམ་ནི། ཁམས་པ་ལུང་པས། འདུས་བྱས་ཀྱི་དགེ་བ་ཐམས་ཅད་ལུང་མ་བསྟན་ཡིན་པས། སེམས་ཅན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་ཐོབ། གསུངས་པ་ལྟར་སྨོན་ལམ་གྱིས་མཚམས་མ་སྦྱར་ན་བསྔོ་བ་མི་འགྲུབ་པས། དེས་ན་བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་ནུས་མཐུས་བདག་གི་དགེ་རྩ་ཇི་ལྟར་བསྔོས་པ་དེ་བཞིན་དུའགྲུབ་པར་ཤོག་ཅིག་སྙམ་པ་བསྔོ་བའི་མཐུན་འགྱུར་སྨོན་ལམ་གྱིས་མཛད་པ་ཡིན་པས། དེས་ན་ཐ་མར་དགེ་བ་བསྔོ་བ་སྨོན་ལམ་འདི་ཤིན་ཏུ་གལ་ཆེ་སྟེ། འདི་མེད་ན། བསྐལ་པ་སྟོང་གི་ཚོགས་བསགས་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམ་པར་བྱེད། ཞེས་པ་ལྟར་ལོག་ལྟ་སོགས་རྟོག་པ་ངན་པ་གཅིག་བྱུང་ན་ཡང་དགེ་རྩ་དེ་འཇོམ་པར་བྱེད་དོ། དེ་ལྟ་བུའི་དམ་པ་གསུམ་གྱིས་རྩིས་མ་ཟིན་པའི་དགེ་བ་ནི་ཟག་བཅས་བསོད་ནམས་ཆ་མཐུན་ཙམ་དང་། དམ་པ་གསུམ་གྱིས་རྩིས་ཟིན་པའི་དགེ་བ་ནི་ཟག་མེད་ཐར་པ་ཆ་མཐུན་གྱི་ལམ་ཡིན་པས་རྐྱེན་ཁོང་ཁྲོས་མི་ཚིགལོག་ལྟས་མི་གཅོད། མདོ་སྔགས་གཉིས་ཀྱི་ལམ་གནད་མཐའ་དག་འདིར་འདུས་ཏེ། མདོ་ལྟར་ན། སྦྱོར་རྗེས་གཉིས་ཀྱིས་སྣང་བཅས་དང་། །དངོས་གཞིས་སྣང་མེད་ཀྱི་ཚོགས་རྫོགས་པ་དང་། སྔགས་ལྟར་ན། སྦྱོར་རྗེས་གཉིས་ཀྱིས་བསྐྱེད་རིམ་དང་། དངོས་གཞི་རྫོགས་རིམ་མཐར་ཐུག་པ་ཡིན་པས་འདི་ལྟ་བུའི་ལམ་གནད་མི་ལྡན་པའི་གང་ཟག་དེ་མཁས་པ་པཎྚི་ཏ་ཞིག་ཡིན་ཀྱང་བློ་གྲུབ་མཐས་བསྒྱུར་བ་ཙམ་མ་གཏོགས་ལམ་ཞུགས་ཀྱི་གང་ཟག་མིན་གསུངས་སོ། །དེས་ན་པདྨ་ཅན་གྱི་མཚོ་ལ་ངང་པ་ཞུགས་པ་དང་། པདྨའི་ཚལ་དུ་བུང་བ་རྒྱུ་བ་བཞིན་དགའ་སྤྲོ་དང་བཅས་ཏེ་བྱིན་རླབས་བླ་མའི་ལམ་ཁྱེར་འདི་མཐོ་ལ་ཁ། དམའ་ལུང་ཁུང་། ཉི་མ་ཉིན་ཕྱེད། ཟླ་བ་མཚན་ཕྱེད། གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས་ཀྱང་བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ་ནས་དབང་བཞི་བླངས། སྙིང་གི་དབུས་སུ་བསྒོམ་ནས་ཐུགས་ཡིད་བསྲེས། །བསམ་རྒྱུ་བླ་མ་ལས་མེད་པ། བློ་སྣ་བླ་མས་འཕྲོག་པ། གང་སྣང་བླ་མར་ཤར་བ་ཞིག་མ་བྱུང་བར་དུ་མིག་གི་འབྱེད་འཛུམ། ཡན་ལག་གི་བརྐྱང་བསྐུམ། གོམ་པའི་འདེགས་འཇོག་གི་བར་ལ་ཡང་བླ་མའི་སྣང་བ་དང་མ་བྲལ་བར་ཉམས་སུ་བླངས་ན་རབ་ཚེ་འདིར་གྲོལ། མིན་ཀྱང་བར་དོའི་སྐབས་སུ་བླ་མ་བྱོན་ནས་དབང་བསྐུར་གདམས་ངག་ནོད་དེ་གྲོལ་ངེས་པ་ཡིན་གསུངས། ལས་དང་པོ་བས་དངོས་གཞི་ཐུགས་ཡིད་བསྲེས་པའི་དུས་སུ། ཡང་ཏི་ནག་པོ་གསེར་གྱི་འབྲུ་གཅིག་པའི་རྒྱུད་ལས། ཉིན་གཅིག་ཐུན་བཞིར་བགོས་པའི་ཐུན་རེ་རེ་སྦྱོར་དངོས་རྗེས་གསུམ་ཚང་བའི་མཉམ་བཞག་ལན་གྲངས་ཉེར་ལྔའམ་ཉེར་དྲུག་ཏུ་བྱ་གསུངས། བཀའ་ཐང་ལས་ཀྱང་། ཡུན་ཐུང་གྲངས་མང་ཁང་སྟོང་ཐིགས་པ་བཞིན། ཞེས་གསུངས་པས་ཐུན་ཉུང་ངུ་ལ་བསླབ་པ་གནད་ཡིན་ནོ། ཞེས་རང་བློར་ཅུང་ཟད་ཡོད་པ་རྣམས་ཟིན་ཐོར་བཀོད་པ་ཡིན་ཀྱང་བློ་ལོག་ལམ་དུ་སོང་བ་རྣམས་ལ་བསྟན་རྒྱུ་མིན་ལགས། དགེའོ། །

༈ དང་པོ་སྦྱོར་བ་སེམས་བསྐྱེད་ནི། དགེ་སྦྱོར་ཆེ་ཕྲ་གང་བསྒྲུབ་ཀྱང་། ཕ་མ་དང་དགྲ་བགེགས་གཙོར་བྱས་པའི་མར་གྱུར་སེམས་ཅན་ཐམས་ཅད་སྲིད་པ་རིགས་དྲུག་གི་སྡུག་བསྔལ་རྒྱུ་འབྲས་ལས་སྣང་བག་ཆགས་ཐམས་ཅད་དང་བྲལ་ནས་མཐའ་གཉིས་ལ་མི་གནས་པ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་ཞིག་བྱེད། དེའི་ཆེད་དུ་དམ་པའི་ཆོས་ཟབ་མོ་བསྒྲུབ་པར་བྱའོ། །བར་དུ་དངོས་གཞི་ནི། དམིགས་མེད་དམ་མིན་ཀྱང་དགེ་བ་གང་བསྒྲུབ་ཀྱང་དྲན་པས་ཟིན་བཞིན་ལ་མ་ཡེངས་བར་སེམས་གཏད་ནས་བྱ་བ་ནི་གནད་གལ་པོ་ཆེ་ཡིན་པའོ། །ཐུན་མཐར་བསྔོ་བ་ནི། ཐུན་མཐར་ཐུན་གྱི་དགེ་རྩ་དེས་མཚོན་དུས་གསུམ་བསགས་ཡོད་ཀྱི་དགེ་ཚོགས། ལུས་ལོངས་སྤྱོད་དང་བཅས་པ་ཐམས་ཅད་ཕ་མ་དང་དགྲ་བགེགས་གཙོར་བྱས་པའི་མཁའ་ཁྱབ་སེམས་ཅན་ཐམས་ཅད་སྲིད་པ་རིགས་དྲུག་གི་སྡུག་བསྔལ། དེའི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་ནས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པའི་རྒྱུ་རུ་དམིགས་ཏེ། དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀྱིས་ཅི་ལྟར་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་ཡོངས་སུ་བསྔོའོ་ཞེས་པའི་བསྔོ་ཚིག་འདོན་ལ་དགེ་བསྔོ་བྱས། ཐུན་མཚམས་ཀྱི་བྱ་བ་ཡང་བྱའོ། །སྐྱབས་གཅིག་བླ་མ་བསོད་རྒྱལ་གྱིས་གསུངས་སོ། །

ཐུན་མོང་དང་ཐུན་མིན་གྱི་སྔོན་འགྲོའི་གནད་བསྡུས།

དལ་འབྱོར་རྙེད་པར་དཀའ་བ་ལ། དང་པོའི་དུས་རྙེད་དཀའ་ཚུལ་རྣམས་ཞིབ་ཏུ་ཤེས་དགོས། རིག་སྟོང་ཟུང་འཇུག་གི་ལྟ་བ་ངོ་འཕྲོད་པའི་ཚེ་རྙེད་པར་དཀའ་བའང་དེ་ཡིན། དལ་འབྱོར་གྱི་སྙིང་པོ་ལོན་པར་བྱིན་གྱིས་རློབས་ཞེས་པའི་སྙིང་པོའང་རིག་སྟོང་གི་ལྟ་བ་ཡིན་གསུངས། ༈ འཆི་བ་མི་རྟག་ལའང་། དང་པོའི་དུས་སུ་ཕྱི་སྣོད་འཇིག་རྟེན། ནང་བཅུད་སེམས་ཅན་རྣམས་མི་རྟག་ཚུལ་དུ་བསྒོམ། དེ་ནས་དུས་ཉིན་ཞག་གཅིག་ལའང་མི་རྟག་པའི་ཚུལ་དུ་བསྒོམ། དེ་ནས་དེ་རིང་འདི་ལའང་མི་འཆི་བའི་ངེས་པ་མེད་པས་མི་རྟག་པ་བསྒོམ། དེ་ནས་དབུགས་ཀྱི་འགྲོ་འོང་ལའང་མི་རྟག་པ་བསྒོམ། རིག་སྟོང་གི་ལྟ་བ་རྟོགས་པའི་ཚེ་སྐྱེ་འཆིས་གོས་མ་མྱོང་བ་ཡིན་པས། བྱང་ཆུབ་ཀྱི་སེམས་ལ་སྐྱེ་འཆི་ཡེ་ནས་མེད་ཞེས་གསུངས་པ་ལྟ་བུ། ༈ ལས་རྒྱུ་འབྲས་ལའང་རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་། རྒྱུ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་། རྒྱུ་དགེ་སྡིག་འདྲེས་མའི་ལས་ཀྱིས་འབྲས་བུ་བདེ་སྡིག་འདྲེས་མ་འབྱུང་བ་བསླུ་མེད་ཡིན་པ་རྒྱལ་བས་ཀྱང་ཕྱག་གིས་མི་ཁེབས་གསུངས་སོ། །རིག་སྟོང་ཟུང་འཇུག་གི་ལྟ་བ་རྟོགས་པའི་ཚེ་རིག་སྟོང་ཟུང་འཇུག་གི་ཀློང་དེ་ནས་རིག་རྩལ་ཇི་ལྟར་གཡོས་ཀྱང་བག་ཆགས་བསོགས་ལོང་མེད་པར་གྲོལ་བའི་རང་བཞིན་ནོ། ༈ །འཁོར་བའི་ཉེས་དམིགས་ཀྱང་། རང་བྱུང་གདོད་མའི་ཡེ་གཞི་འོད་གསལ་འདུས་མ་བྱས་པ་དེ་ལ་ནི་འཁོར་བ་མིང་མེད། འདས་པ་གཞི་མེད། འཁོར་འདས་གཉིས་ཀྱི་རི་མོ་དོད་མ་མྱོང་བ་ཡིན་གསུངས་སོ། ༈ །ཐར་པའི་ཕན་ཡོན་དེའང་། ཁམས་འདུས་མ་བྱས་པའི་སྙིང་པོ་རིག་སྟོང་ཟུང་འཇུག་གི་ལྟ་བ་ངོ་འཕྲོད་པའི་ཚེ་ཐར་པའི་ལམ་སྣེ་ཟིན་པ་ཡིན། ནང་གསལ་ཕྲ་བའི་ཡེ་ཤེས་ལ་དབང་འབྱོར་བའི་ཐར་བ་དང་དེ་ལས་སྐུ་གསུམ་སྟོན་པའི་སྐུར་བཞེངས་པའི་ཚེ་ཐམས་ཅད་མཁྱེན་པ་ཡིན་གསུངས་སོ། །བཤེས་གཉེན་བསྟེན་པའང་། དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་གི་ཅི་གསུངས་གི་བཀའ་བསྒྲུབ་ནས། མཐར་རིག་སྟོང་གི་ལྟ་བ་རྟོགས་པའི་ཚེ་དགེ་བའི་བཤེས་གཉེན་ཡང་ཡིན། སྒོམ་བདག་པོའི་ལག་ཏུ་གཏད་པ་ཡིན་གསུངས་སོ། ༈ །སྐྱབས་འགྲོ་ནི། རྒྱུའི་སྐྱབས་འགྲོ་དང་འབྲས་བུའི་སྐྱབས་འགྲོ་གཉིས། འབྲས་བུའི་སྐྱབས་འགྲོ་ནི། གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ཞེས་པ་རིག་སྟོང་ཟུང་འཇུག་གི་ལྟ་བ་རྟོགས་པ་འདི་ཡིན་གསུངས་སོ། ༈ །སེམས་བསྐྱེད་ལའང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས། དོན་དམ་བྱང་ཆུབ་གྱི་སེམས་དང་གཉིས། དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་ནི། དོན་དམ་ནི་ཆོས་ཀྱི་དབྱིངས་དང་སེམས་བསྐྱེད་པ་ན་ཆོས་ཀྱི་དབྱིངས་དེ་ཉིད་མངོན་སུམ་དུ་རྟོགས་པའི་རིག་པའི་ཡེ་ཤེས་ལ་བཞེད་པ་ཡིན་གསུངས་སོ། ༈ །རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡང་། སྐྱབས་ཡུལ་ཐམས་ཅད་ཀྱི་བདག་ཉིད་རིགས་གཅིག་རྡོ་རྗེ་སེམས་དཔའ་རྩ་བའི་བླ་མ་ཡིན་པར་ཤེས་ནས་བླ་མའི་ཐུགས་དང་རང་གི་རིག་པ་གཉིས་དབྱེར་མེད་དུ་བསྲེ་བ་ནི་ཀུན་འདུས་ནོར་བུའི་ལུགས་ཞེས། ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བའི་ཆ་རྫོགས་རིམ་གྱི་དཀྱིལ་འཁོར་དེའི་གདངས་མ་འགགས་པའི་ཆ་ལྷ་ཡི་དཀྱིལ་འཁོར་ཡིན་པས་བསྐྱེད་རྫོགས་གཉིས་ཡེ་ནས་ཟུང་འཇུག་ཏུ་འདུག་པས་ཞལ་ཕྱག་གི་རྣམ་པ་ཡང་སྤྲོ་བསྡུ་མི་དགོས་གསུངས་སོ། ༈ །མཎྚལ་ལའང་། ཀ་དག་སྤྲོས་པ་དང་བྲལ་བའི་ཆ་གཞི་མཎྚལ་གྱི་ཚུལ་དུ་ཡོད། དེའི་རང་གདངས་འགགས་པ་མེད་པའི་ཡེ་ཤེས་རིག་རྩལ་གྱི་ཆ་ཚོམ་བུའི་ཚུལ་དུ་ཡོད་པས་དེ་གཉིས་དབྱེར་མེད་ཟུང་འཇུག་ཏུ་ཡེ་གདོད་མ་ནས་བཞུགས་པ་དེ་མཎྚལ་ཡིན་གསུངས་སོ། ༈ །གཅོད་ཀྱང་། བྱང་ཆུབ་སེམས་ཀྱིས་རང་འདོད་ཡིད་བྱེད་གཅོད། །སྟོང་ཉིད་ལྟ་བས་འཁོར་བའི་འཁྲུལ་རྟོག་གཅོད། །ཞེས་པས་རིག་སྟོང་ཟུང་འཇུག་གི་ཀློང་དུ་གཟུང་འཛིན་ཕྲ་རགས་ཐམས་ཅད་རང་དྭངས་རང་ཡལ་དུ་འགྲོ་བ་ལ་གཅོད་ཅེས་པ་ཡིན། ༈ བླ་རྣམ་ཀྱང་། རྩ་བའི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ཡིན་པས། རྡོ་རྗེ་སྤུན་སྲིང་རྣམས་དང་དུས་གསུམ་ཀྱི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གཅིག་པུ་འདི་རྩ་བའི་བླ་མ་དེ་ཉིད་ཀུན་མཁྱེན་ཡེ་ཤེས་ཀྱི་ཕུང་པོ་ཅན་གཅིག་ཏུ་གྱུར་པ་དེ་མདུན་གྱི་ནམ་མཁར་བསྒོམ། གཟུགས་སུ་སྣང་བ་བླ་མའི་སྐུ། སྒྲ་རུ་གྲགས་པ་གསུང་། དྲན་རྟོག་ཐམས་ཅད་ཐུགས་ཀྱི་རྣམ་རོལ་དུ་གསལ་བ་ནི་ཅི་སྣང་བླ་མར་ཤར་བའི་བསྐྱེད་རིམ་ཡིན། བླ་མར་གསལ་བ་ཉིད་ནས་བླ་མའི་ཐུགས་དང་རང་གི་རིག་པ་གཉིས་དབྱེར་མེད་པ་རིག་སྟོང་ཟུང་འཇུག་གི་ངང་དུ་འཇོག་པ་ནི་ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་ཡིན་གསུངས། རྐྱེན་ངན་དང་ཆགས་སོགས་ཉོན་མོངས་པ་རྣམས་ཤར་བའི་ཚེ་བླ་མ་མཁྱེན་ཟེར་བ་དེ་ཡིན་གསུངས། ༈ འཕོ་བ་ནི། བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེ་ནས་རིག་སྟོང་ཟུང་འཇུག་གི་ཀློང་དུ་འཇོག་པ་ནི་འཕོ་བ་ཡིན་གསུངས། ༈ བསྔོ་བ་ནི། འཁོར་གསུམ་བདེན་པར་མ་གྲུབ་པའམ། རིག་སྟོང་གི་ཀློང་དེ་ན་གྲུབ་པ་མེད་པས་ལྟ་བའི་ངང་མདངས་དང་མ་བྲལ་བའི་ངང་ནས་བསྔོ་བ་ནི་བསྔོ་བ་ཡིན་གསུངས།

བྱ་བྲལ་རིན་པོ་ཆེའི་ཞལ་རྒྱུན་སྔོན་འགྲོའི་གནད་བསྡུས།

༈ བྱ་བྲལ་རིན་པོ་ཆེའི་ཞལ་རྒྱུན་སྔོན་འགྲོའི་གནད་བསྡུས་བཞུགས་སོ། །

བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བློ་ཆོས་སུ་འགྲོ་བའི་མན་ངག་བཞི། ཆོས་ལམ་དུ་འགྲོ་བའི་མན་ངགལམ་དེས་འཁྲུལ་བ་བཤིག་པའི་མན་ངག ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བའི་མན་ངགདེ་རྣམས་ལ་གཞུང་ཡོངས་རྫོགས་སུ་འདུས་གསུངས། དང་པོ། བློ་ཆོས་སུ་འགྲོ་བའི་མན་ངག་བཞི་སྟེ། དལ་བའི་ལུས་རྟེན་རྙེད་པར་དཀའ་བས་འདི་སྣང་གི་བྱ་བ་བསྒྲུབ་པ་ལ་བློ་ལྡོག་དགོས་པ་དང་གཅིགརྙེད་པར་དཀའ་བ་རྙེད་ཀྱང་འཇིག་སླ་བས་མི་འཆི་སྙམ་པ་ལ་སོགས་རྟག་འཛིན་ལས་བློ་ལྡོག་དགོས་པ་དང་གཉིས། ཤི་ན་ཅང་མེད་དུ་མི་འགྲོ་བས་ལས་འབྲས་ཀྱི་རྗེས་སུ་འབྲང་བ་ཡིན་པས་སྡིག་པ་མི་དགེ་བ་ལས་བློ་ལྡོག་དགོས་པ་དང་གསུམ། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་མཐོ་རིས་ཐོབ་འདོད་ལས་ཀྱང་བློ་ལྡོག་དགོས་པ་དང་བཞི། མཐོ་རིས་ཐོབ་འདོད་ལས་བློ་ལྡོག་པར་དཀའ་བས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་ལོ་རྒྱུས་ལྟ་བུ་ཡིན། དེ་ཡང་བློ་ལྡོག་པའི་ཡུལ་བཞི་ཡོད། ལྡོག་བྱེད་ཀྱི་བློ་བཞི་ཡོད། ཇི་ལྟར་ལྡོག་པའི་ཚུལ་བཞི་ཡོད་གསུངས། རིག་སྟོང་གི་ལྟ་བ་ནོར་འཁྲུལ་མེད་པ་ཞིག་ངོ་འཕྲོད་ནས། དེ་ཡི་ངང་ལ་མཉམ་པར་བཞག་པའི་ཚེ། འཇིག་རྟེན་ཚེ་འདིའི་བྱ་བ་སྒྲུབ་པ་རྣམས་ཆམས་སེ་བཞག་ནས་སྟོང་ཉིད་ཀྱི་དོན་བསྒོམ་དགོས་པ་ཡིན་པས་ན། ཚེ་འདིར་སྣང་གི་བྱ་བ་བསྒྲུབ་པ་ལས་བློ་ལྡོག་ཡོད། དལ་འབྱོར་ཆུད་ཟོས་སུ་མ་སོང་བས་དལ་འབྱོར་ཀྱི་སྙིང་པོ་ལོན་པ་ཡིན་པས་རྙེད་པར་དཀའ་བའི་ཁྲིད་བསྒོམ་ཡོད། དེ་ལྟ་བུའི་རིག་སྟོང་ཆོས་ཉིད་ཀྱི་ཀློང་ན་ཆོས་ཅན་གྱི་སྣང་ཆ་ཐམས་ཅད་རྩལ་གདངས་མ་འགགས་པར་བདེན་མེད་དུ་ཡངས་ཁྲོལ་ལེ་གཟིགས་པས་རྟག་འཛིན་ལས་བློ་ལྡོག་ཡོད། འཆི་བ་མི་རྟག་པའི་སྒོམ་ཁྲིད་ཀྱང་ཡིན་པས་འཆི་མེད་གཉུག་མའི་བཙན་ས་ཟིན། བྱང་ཆུབ་ཀྱི་སེམས་ལ་སྐྱེ་འཆི་ཡེ་ནས་མེད་གསུངས། རང་བྱུང་ཡེ་ཤེས་ཀྱི་རྩལ་ལས་ཇི་ལྟར་ཤར་ཡང་བག་ཆགས་བསོག་ལོངས་མེད་པས་སྡིག་པ་མི་དགེ་བའི་ཆ་ལས་བློ་ལྡོག་ཡོད། ལས་རྒྱུ་འབྲས་ཀྱི་ཚོགས་པ་མི་ཚང་བས་ལས་རྒྱུ་འབྲས་མིག་བཞིན་དུ་བསྲུང་བ་ནི་དེ་ལ་ཟེར་རོ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་གནས་ཚུལ་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཤེས་པས་མཐོ་རིས་ཐོབ་འདོད་ལས་བློ་ལྡོག་པ་ཡིན་གསུངས་སོ། །འཁོར་བའི་ཉེས་དམིགས་ཀྱང་དེ་ལྟར་དུ་རྟོགས་སོ། སྟོན་པས། ཁམས་འདུས་མ་བྱས་པ་ནི། གཞི་བདེ་གཤེགས་སྙིང་པོའོ་གསུངས། །ཁམས་འདུས་མ་བྱས་པ་མངོན་དུ་གྱུར་པས་ཐར་པའི་ལམ་སྣ་ཟིན་པ་ཡིན། སྔགས་ཐུན་མོང་བས་རང་བཞིན་གཞིའི་གཞི་རྒྱུད་ཟེར། ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་ནས་རང་བྱུང་གི་ཡེ་ཤེས་ཟེར། རང་བྱུང་གདོད་མའི་ཡེ་གཞི་ལ་དབང་འབྱོར་བ་ནི་ཐར་བ་ཐོབ་པ་ཡིན་པས་ཉོན་མོངས་པའི་ཚ་གདུང་ལས་ཞི་བ་བསིལ་བ་ཡིན། ཐར་པའི་ཕན་ཡོན་ནོ། དགེ་བའི་བཤེས་གཉེན་ཡང་སྔར་གྱི་དགེ་འབྲས་ཞིག་གིས་ད་ལྟའི་རྩ་བའི་བླ་མར་སྣང་བ་ཡིན། རྨི་ལམ་དུ་བླ་མ་སྣང་བ་ལྟ་བུ་རང་སྣང་ཡིན་གསུངས་སོ། །བླ་མ་དགེ་བའི་བཤེས་གཉེན་དེ་ཡང་བསམ་པའི་སྒོ་ནས་ཅི་མཛད་ཆོས་སུ་མཐོང་བ། སྦྱོར་བའི་སྒོ་ནས་ཅི་གསུང་གི་བཀའ་སྒྲུབ་དགོས་པ་ཡིན་གསུངས། བླ་མ་ལ་རབ་བསྒྲུབ་པའི་མཆོད་པ། འབྲིང་ལུས་ངག་བྲན་དུ་བཀོལ་བ། ཐ་མ་འཁོར་གསུམ་ཡོངས་དག་གི་མཆོད་པ། རང་གི་ཡོ་བྱད་ལྷག་ལུས་མེད་པར། ཙིའུའི་ཚང་སྟན་དང་བཅས་པ། གཏོར་མ་སྡེར་དང་བཅས་པ་འབུལ་དགོས་གསུངས། བླ་མ་ཡང་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་བ་ཡིན་པས་རིག་སྟོང་གི་ལྟ་བ་རྟོགས་དུས་དགེ་བའི་བཤེས་གཉེན་ཆེན་པོ་ཡིན་གསུངས་སོ། །བདེན་གཉིས་ནི་དོན་དམ་ཀུན་རྫོབ་གཉིས་ཏེ། རྟོགས་བྱ་དང་རྟོགས་བྱེད་ཀྱི་ཁྱད་པར་ནི། རྟོགས་བྱ་དོན་དམ་གྱི་བདེན་པ་ནི། རྟོགས་བྱེད་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་སོ། །རྟོགས་བྱ་ཀུན་རྫོབ་ཀྱི་བདེན་པ་ནི། རྟོགས་བྱེད་རྣམ་པར་ཤེས་པའི་སྤྱོད་ཡུལ་ལས། དཔེར་སྣང་མུན་ལྟ་བུའོ། །དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་བརྗོད་བྱ་ལས་འདས་པའི་ཆ་དོན་དམ་དང་དེ་ཉིད་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་ཡུལ་ཡུལ་ཅན་གྱི་རྣམ་པ་མ་ཡིན་པར་དམིགས་མེད་ཀྱི་ཚུལ་དུ་གཞི་དབྱིངས་གཅིག་གི་ཀློང་ན་དངོས་པོ་སྣང་བའི་ཆོས་ཐམས་ཅད་མ་འདྲེས་པར་འབྱམས་ཀླས་པར་གཟིགས་པ་ནི་བྱང་ཆུབ་ཀྱི་སེམས་ཡིན་གསུངས་སོ། །མཉམ་བཞག་ཏུ་དེ་ལྟར་རླུང་སེམས་རིག་པ་དངས་བའི་ཆའོ། །དེ་ལས་ལྡང་བའི་ཚེ་བརྩེ་བའི་སྙིང་རྗེ་ཆེན་པོས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་དམིགས་པ་དང་། ཤེས་རབ་སྟོབས་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་པས། ཟུར་གཉིས་སམ་དོན་གཉིས་དང་ལྡན་པ་ཡིན་པས་སེམས་བསྐྱེད་གཅིག་ལྟར་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཡིན་གསུངས་སོ། །ལྟ་བ་ཚོགས་གཉིས་དང་འབྲེལ་ན། དམིགས་མེད་ཡེ་ཤེས་ཀྱི་ཚོགས་རིག་སྟོང་གི་ཡེ་ཤེས་དེ་ཉིད་ཡེ་ཤེས་ཀྱི་ཚོགས། རིག་སྟོང་ཟུང་འཇུག་གི་ཀློང་ན་རྟོགས་ཚོགས་ཐམས་ཅད་གྲོལ་བའི་རང་བཞིན་དུ་ཤེས་པའི་བསོད་ནམས་ཀྱི་ཚོགས་ཞོར་དུ་རྫོགས་པས་དམིགས་བཅས་བསོད་ནམས་ཀྱི་ཚོགས་ཡིན་ནོ། །ཚོགས་ཆེན་ཡེ་རྫོགས་ཡིན། ཡང་ན་སྨོན་འཇུག་གཉིས་དང་འབྲེལ་ན་དེ་ལྟར་དུ་བསྒྲུབ་པར་བྱ་དགོས་བསམ་པའི་སྨོན་སེམས། དེ་ལ་འཇུག་ནས་ཚུལ་བཞིན་དུ་བྱེད་པ་འཇུག་སེམས། གསུམ་ལྟར་བསླབ་པ་གསུམ་དང་འབྲེལ་ན། རིག་སྟོང་ཟུང་འཇུག་གི་ཀློང་ན་དགེ་དང་མི་དགེ་བའི་རྟོག་ཚོགས་ཐམས་ཅད་བསོགས་ལོངས་མེད་པར་དག་གྲོལ་དུ་སོང་བས་སྤང་གཉེན་ལས་འདས་པ་ཡིན་པས་ཚུལ་ཁྲིམས་ཀྱི་བསླབ་པ། དེའི་ངང་དུ་ཡུན་ཅི་ཙམ་དུ་གནས་ན་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། དེ་ཡང་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་དམིགས་མེད་དུ་ཆོས་ཅན་ཐམས་ཅད་མ་འགགས་པར་མཁྱེན་པ་ཤེས་རབ་ཀྱི་བསླབ་པའོ། །ཡང་ན་ཚུལ་ཁྲིམས་གསུམ་དང་འབྲེལ་ན། ཉེས་སྤྱོད་མཐའ་དག་ལས་འདས་པ་ཡིན་པས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་ཆོས་མཐའ་དག་གོས་ཀྱི་སྐ་རགས་ལྟ་བུར་རང་རྒྱུད་ལ་ངེས་པས་དགེ་བ་ཆོས་སྡུད། དེ་ལྟ་བུ་རྟོགས་པའི་ཚེ་སེམས་ཅན་དོན་བྱེད་ཡིན་གསུངས་སོ། །ཚད་མེད་རྣམ་པ་བཞི་དང་འབྲེལ་ན། ཡིད་དུ་མི་འོང་བའི་ཆ་བཏང་ནས། ཡིད་འོང་གི་བྱམས་པས་དྲངས་ཏེ་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བརྩེ་བའི་སྙིང་རྗེ། དུས་རེ་འགའ་བ་མ་ཡིན། ཡུལ་ཕྱོགས་རེ་ཙམ་མ་ཡིན་མཁའ་ཁྱབ་ཏུ་དམིགས་པས་བཏང་སྙོམས། དེ་བཞིན་ཏུ་བསྒྲུབ་པ་ལ་རྗེས་སུ་ཡི་རང་གི་དགའ་བའོ། །ཡང་ན་འཁོར་ལོ་བཞི་དང་འབྲེལ་ན། དང་པོ་བཀའ་བདེན་བཞི་ནི། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། ལམ་གྱི་བདེན་པ། འགོག་པའི་བདེན་པ་དང་བཞི་སྟེ། འཁོར་བའི་རྒྱུ་དང་འབྲས་བུ་གཉིས། མྱང་འདས་ཀྱི་རྒྱུ་དང་འབྲས་བུ་གཉིས་ཡོད། འཁོར་བའི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ། འབྲས་བུ་ནི་སྣོད་བཅུད་འདི་ཡིན། མྱང་འདས་རྒྱུ་ལམ་གྱི་བདེན་པ་ཡིན། འབྲས་བུ་ནི་འགོག་བདེན་མངོན་དུ་གྱུར་པ་ཡིན། འཁོར་བའི་རྒྱུ་དང་འབྲས་བུ་འདི་ནི། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་། རྒྱུ་སྡིག་པ་ལས་འབྲས་བུ་སྡུག་བསྔལ་འབྱུང་ངེས་བསླུ་མེད་ཡིན་པས། དགེ་སྒྲུབ་སྡིག་སྤང་བྱེད་པ་གལ་ཆེ་གསུངས། དེ་ལྟར་གནད་དང་ལྡན་ན་ལམ་བདེན་ཡིན་ནོ། །མྱང་འདས་རྒྱུ་ལམ་བདེན་དེ་ཉིད་ཀྱང་དངོས་རྒྱུ་ཡིས་རང་འབྲས་བསྐྱེད་པ་ལྟ་བུ་མ་ཡིན་མོད། ལམ་དེ་ལ་མ་བརྟེན་པར་སངས་རྒྱས་ཀྱི་གོ་འཕང་མི་ཐོབ་པའི་ཕྱིར་ན། རྒྱུ་རུ་འདོད་པ་ཡིན་གསུངས་སོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ། ཀུན་འབྱུང་ལས་ཉོན་གྱི་རྟོག་ཚོགས་རྣམས་བག་ཆགས་བསོགས་ལོངས་མེད་པར་ཤེས་པས་ལམ་བདེན་དང་། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་འདི་ཡུམ་ཆེན་ལྔའི་རང་བཞིན། ཕུང་ལྔ་རིགས་ལྔའི་རང་བཞིན་གནས་ཚུལ་དུ་རྟོགས་པས་འགོག་བདེན་ཡིན་གསུངས། འཁོར་བའི་རྒྱུ་ཀུན་འབྱུང་གི་རྟོག་ཚོགས་རྣམས་རང་གྲོལ་དུ་རྟོགས་པས་རྒྱུ་རྐྱེན་གྱི་ཚོགས་པ་མི་ཚང་བས་འབྲས་བུ་བསྐྱེད་པའི་བྱ་བ་མི་བྱེད། སྣོད་བཅུད་འདི་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་རྟོགས་པའོ། །འཁོར་ལོ་བར་བའི་བསྟན་དོན་ནི། དབྱིངས་སྤྲོས་པ་དང་བྲལ་བ་དེ་ཡིན། འཁོར་ལོ་ཐ་མའི་བསྟན་དོན་ནི། སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དབྱིངས་རིག་ཟུང་འཇུག་ཡིན་ནོ། །ལམ་ལྔ་དང་འབྲེལ་ན། ཉམས་ལེན་བྱས་པའི་ཚེ་ལུས་ངག་ཡིད་གསུམ་ཚོགས་པ་ཚང་དགོས་པས་ཚོགས་ལམ། མ་རིག་པའི་དབང་དུ་སོང་ཚེ། དྲན་པ་དེ་ཡིས་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད་ལ་སྦྱོར་བར་བྱེད་པས་སྦྱོར་ལམ། རིག་སྟོང་གི་ཡེ་ཤེས་མངོན་སུམ་དུ་མཐོང་བས་མཐོང་ལམ་ཡིན་ནོ། །དེ་ཉིད་ལ་ཡང་ཡང་གོམ་པར་བྱེད་པས་སྒོམ་ལམ། མི་སློབ་པ་སངས་རྒྱས་ས་ཡིན་ནོ། ཕར་ཕྱིན་དྲུག་དང་འབྲེལ་ལུགས་ཡོད། སེམས་བསྐྱེད་ཉི་ཤུ་རྩ་གཉིས་དང་འབྲེལ་ནའང་། གཞི་ལྟ་བ་ལ་དེ་ལྟར་དུ་ཚང་ངོ་། །དེ་ལྟ་བུའི་དོན་དམ་བྱང་ཆུབ་ཀྱི་སེམས་མཉམ་བཞག་གི་སྐབས་སུ་དཔེར་ན་མཐའི་རྒྱ་མཚོའི་ཀློང་དེར་ཆུ་ཕྲན་ཐམས་ཅད་ཐིམ་པ་བཞིན་དུ། རིག་སྟོང་གི་ཀློང་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་མ་སྤང་ཡེ་གྲོལ་དུ་གཟིགས་པ་ཡིན། གནད་དེ་ལྟར་རྟོགས་ན་ཆུ་བརྒྱ་ཟམ་འོག་ཏུ་འདུས་པ་ལྟ་བུ་ཡིན་གསུངས་སོ། །མཉམ་བཞག་ལས་ལྡང་བའི་ཚེ་དཔེར་ན་མཐའི་རྒྱ་མཚོའི་ནང་ནས་ཆུ་ཕྲན་ཐམས་ཅད་མཆེད་པ་བཞིན་དུ་རིག་སྟོང་ཟུང་འཇུག་གི་ངང་ནས་རིག་རྩལ་ལམ། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཆོས་ཅན་དངོས་པོ་སྣང་བ་ཐམས་ཅད་ཀྱི་མཚངས་མཚན་ཉིད་ཤེས་ནས་གནས་ལུགས་དེ་རྟོག་པ་ཡིན་གསུངས་སོ། །དཔེར་ན་རང་བྱུང་གི་ཡེ་ཤེས་དེ་ཉིད་ནམ་མཁའ་ལྟ་བུ་དང་ཀུན་འབྱུང་ལས་ཉོན་གྱི་རྟོག་ཚོགས་རྣམས་སྤྲིན་ལྟ་བུ། རང་བྱུང་གི་ཡེ་ཤེས་དེ་ཉིད་ཉི་མ་ལྟ་བུ་དང་། ཀུན་འབྱུང་གི་རྟོག་ཚོགས་ཐམས་ཅད་ཉི་མའི་ཟེར་ལྟ་བུ། རང་བྱུང་གི་ཡེ་ཤེས་རི་བོ་ལྟ་བུ་དང་། ཀུན་འབྱུང་གི་རྟོག་ཚོགས་རྣམས་རྩི་ཤིང་ལྟ་བུ། རང་བྱུང་གི་ཡེ་ཤེས་དེ་ཉིད་རྒྱ་མཚོ་ཁ་གཏིང་དང་བྲལ་བ་ལྟ་བུ། ཀུན་འབྱུང་ལས་ཉོན་ཐམས་ཅད་ཆུའི་རླབས་ལྟ་བུ་ཡིན་ནོ། །རང་བྱུང་གི་ཡེ་ཤེས་མེ་ལོང་ལྟ་བུ་དང་། ཀུན་འབྱུང་ལས་ཉོན་རྣམས་གཟུགས་བརྙན་ལྟ་བུ། རྟོན་པ་བཞི་ནི། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ། དྲང་རྟོན་ལ་མི་རྟོན་ངེས་དོན་ལ་རྟོན་པ། ཀུན་རྫོབ་ལ་མི་རྟོན་དོན་དམ་ལ་རྟོན་པ། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ། དབང་རྣོན་ཆོས་ཀྱི་རྗེས་སུ་འབྲང་། དབང་རྟུལ་གང་ཟག་གི་རྗེས་སུ་འབྲང་ཟེར་བ་ལྟ་བུ། གང་ཟག་རྒྱུ་མཚན་དུ་མི་བྱེད་པར་ཆོས་རྒྱུ་མཚན་དུ་བྱེད་དགོས། དེ་ནི་སྔོན་ཁྲོ་སྐྱབས་རྒྱལ་པོའི་གདན་ས་རུ། རྫོགས་ཆེན་དགེ་མང་དང་། མདོ་ཡི་མཁྱེན་བརྩེ་གཉིས་ཞལ་འཕྲད་པའི་ཚེ་རྫོགས་ཆེན་དགེ་མང་གིས། མདོའི་མཁྱེན་བརྩེ་ལ་ཁྱེད་ཀྱི་རྟེན་ཅི་ཡིན་གསུངས་ཚེ། ཁོང་གི་རྟེན་རབ་བྱུང་ཡིན་གསུངས། ཁྱེད་ལྟ་བུ་གང་ཟག་བཞི་སྡེའི་མདུན་ནས་བརྗོད་པ་གསུམ་གྱི་མཐར་ཐུག་རབ་ཏུ་བྱུང་བ་མིན། ཁོང་ནི་རང་བྱུང་གི་ཡེ་ཤེས་རྟོགས་ནས་རབ་ཏུ་བྱུང་བ་ཡིན་གསུངས་ཚེ། དེ་མ་ཐག་ཏུ་རྫོགས་ཆེན་དགེ་མང་གིས་ཕྱག་འཚལ་བ་ཡིན། དེ་ནི་ཆོས་རྒྱུ་མཚན་དུ་བྱས་ནས་གང་ཟག་གི་རྗེས་སུ་ཞུགས་པ་ཡིན། མདོ་མཁྱེན་བརྩེ་དེ་ཡང་སྤྱོད་པ་ནི་ཁྱིམ་པ་ཆགས་ཅན་ལྟ་བུའོ། །དད་པ་ཡང་། གཞི་ལྟ་བ་ལ་ཚང་། སེམས་རྟོག་ཕྲ་རགས་དང་ཉམས་བདེ་གསལ་མི་རྟོག་པའི་ཆ་ཐམས་ཅད་གཞི་ཐོག་ཏུ་དྭངས་བས་དྭངས་བའི་དད་པ། སྤྲོ་བཞིན་དུ་འཇུག་པར་མོས་པ་མོས་པའི་དད་པ། དེ་ཉིད་ཡིན་མིན་གྱི་ཐེ་ཚོམ་དང་བྲལ་ནས་ཡིད་ཆེས་པ་ཡིད་ཆེས་པའི་དད་པ། དེ་དགའ་བཞིན་ཏུ་སྒྲུབ་པར་འདོད་པ་འདོད་པའི་དད་པ། དེ་ལྟར་དུ་རང་གིས་ངེས་པ་རྙེད་པས་ངེས་པའི་དད་པ། རང་བྱུང་གི་ཡེ་ཤེས་དེ་ཉིད་ཡེ་ནས་འབྲལ་མེད་དུ་ཤེས་པ་དེ་ལ་མི་ཕྱེད་པའི་འདུན་པ་དང་བཅས་པས་དེ་ལས་གཞན་དུ་མི་ལྡོག་པར་རྟོགས་པའི་ཕྱིར་མི་ལྡོག་པའི་དད་པའོ། །དཀོན་མཆོག་གསུམ་གྱི་ཡོན་ཏན་དེ་དྲན་པས་དེ་ལ་བརྟེན་ནས་དད་པ་སྐྱེས་དགོས་པ་ཡིན། དེ་གསུམ་ཡང་སངས་རྒྱས་དང་དགེ་འདུན་གཉིས་ཁྱད་པར་ཅན་བྱེད་མཁན་དེ་ཆོས་ཡིན་པར་ཤེས་དགོས་གསུངས། མོས་གུས་དེ་ཡང་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དེ་ལ་བྱས་པ་ཡིན། དེ་མིན་གང་རུང་རུང་གི་བན་རྒན་ཞིག་ལ་ནི་ཟེར་བ་མིན་ཞེས་དཔལ་སྤྲུལ་རིན་པོ་ཆེས་གསུངས། དབང་བསྐུར་བས་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་པར་བྱས། མན་ངག་གནང་བས་དུས་གསུམ་ཡིད་ཀྱི་འཁྲུལ་བ་ཐམས་ཅད་སོག་མའི་ཕོན་ཐག་ཆད་པ་བཞིན་དུ་ཆད་པ་ཡིན། མཐའ་རྟེན་ལུང་གི་རིམ་པ་དང་བཅས་པ་གནང་བས་རྡོ་རྗེ་རྒྱལ་པོའི་གོ་ས་ལ་བཀོད། དེ་ཡིས་རྒྱལ་བའི་གདུང་འཚོབ། མཛོད་ཀྱི་ལྡེའུ་མིག་འཛིན་པ། འཁོར་གདུལ་བྱའི་ལྷག་མ་སྐྱོང་བ་ཡིན། ཞབས་དྲུང་རིན་པོ་ཆེས། ར་ཤེལ་ཀུན་བཟང་བསོད་ནམས་ལ་ངུར་སྨྲིག་བསྟན་པའི་རྒྱལ་མཚན་འཛིན་པའི་བརྡ་རྟགས་སྣམ་སྦྱར་ཞིག་གནང་། ཐེག་གསུམ་ཆོས་འཁོར་བསྐོར་བའི་བརྡ་རྟགས་དུང་དཀར་ཞིག་གནང་། འཁོར་གདུལ་བྱའི་ལྷག་མ་སྐྱོང་བའི་བརྡ་རྟགས་ཇ་འབྲུ་བར་ཁག་ཞིག་གནང་བ་ཡིན་གསུངས་སོ། །ཇོ་བོ་རྗེ་ཡིན་ཀྱང་རྩ་བའི་བླ་མ་གཞན་རྣམས་ཀྱི་མཚན་བརྗོད་ཚེ་ཐལ་མོ་སྦྱར་དུས་སྙིང་ཀར་བཞགཇོ་བོ་གསེར་གླིང་པའི་མཚན་བརྗོད་ཚེ་ཐལ་མོ་སྤྱི་བོར་སྦྱར་བ་ཡིན་པས། དེའི་རྒྱུ་མཚན་ཞུས་ཚེ་ཁོང་ལ་བྱང་ཆུབ་ཀྱི་སེམས་ཉག་མ་གཅིག་སྐྱེས་པ་དེ། ཇོ་བོ་གསེར་གླིང་པའི་བཀའ་དྲིན་ཡིན། རྩ་བའི་བླ་མ་གཞན་རྣམས་དང་ཡོན་ཏན་གྱི་ངོས་ནས་ཁྱད་མེད་ཀྱང་བཀའ་དྲིན་གྱི་ཁྱད་པར་ཡིན་གསུངས། ༈ ཆོས་ལམ་དུ་འགྲོ་བའི་མན་ངག་ལས། སྐྱབས་འགྲོའི་སྡོམ་པ་ནི། སྡོམ་པ་ཐམས་ཅད་ཀྱི་རྟེན་གཞི་སྐྱབས་འགྲོའི་སྡོམ་པ་འདི་ཡིན། དཔེར་ན་ས་གཞི་ལྟ་བུ་ཡིན་པས། སྐྱབས་འགྲོའི་སྡོམ་པ་ཐོབ་ལ་མ་ཉམས་པའི་གང་ཟག་དེ་ལ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་རྣམས་ཚུལ་བཞིན་མ་ཉམས་པར་བསྲུང་ཡོད་པ་ཡིན་གསུངས་སོ། །སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད་ཅེས་གསུངས་པ་ལྟར། སྐྱབས་སྡོམ་མ་ཐོབ་པ་དང་ཐོབ་ནས་ཉམས་པར་བྱས་ན་གང་ཟག་དེ་ལ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་རྣམས་གཏན་མེད་དུ་འགྱུར་བ་ཡིན་གསུངས་སོ། །ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད་ཟེར་བ་ཡིན། གནས་སྐབས་དཀོན་མཆོག་གསུམ་ལ་རྟེན་གྱི་ཚུལ་དུ་སྐྱབས་སུ་འགྲོ་བ་ཡིན་གསུངས། མཐར་ཐུག་གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ཞེས་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་མངོན་དུ་གྱུར་བས་དེ་ལ་སྐྱབས་སུ་འགྲོ་བ་ཡིན། དེ་གང་ཡིན་ཞེ་ན། རང་བྱུང་གི་ཡེ་ཤེས་དེ་ཉིད་ལ་མ་རིག་པའི་ཆ་སྒྲིབ་པ་གཉིས་བག་ཆགས་དང་བཅས་པ་སངས། ཡེ་ཤེས་ཡོན་ཏན་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རྒྱས་པས་ན་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན། དབྱིངས་སྤྲོས་བྲལ་བརྗོད་པ་དང་བྲལ་བ་དེ་ནི་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསུང་རྒྱུད་རྒྱ་མཚོ་ལྟ་བུ་དེ་ཆོས་མཐར་ཐུག་པ་ཡིན་པས་ཆོས་ལ་སྐྱབས་སུ་འགྲོ་བ་ཡིན། རིག་སྟོང་ཟུང་འཇུག་དེ་ཉིད་དུས་གསུམ་དུ་འཕོ་འགྱུར་དང་བྲལ་བས་ན་སྙིང་པོ་དོན་གྱི་དགེ་འདུན་ཡིན་པས་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན་གསུངས། ཟག་མེད་ཀྱི་དགེ་འདུན་ནོ། །ཀ་དག་ཡེ་སྟོང་སྤྲོས་པ་དང་བྲལ་བའི་ཆ་ཆོས་སྐུ། ཡེ་ཤེས་ཀྱི་གདངས་མ་འགགས་པ་ལོངས་སྐུ། རིག་རྩལ་འགགས་མེད་དུ་འཕྲོ་བ་སྤྲུལ་སྐུའོ། །དེ་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། ངོ་བོ་སྟོང་པ་བླ་མ། རང་བཞིན་གསལ་བ་ཡི་དམ། ཐུགས་རྗེའི་འདུ་འཕྲོ་ཉི་མའི་ཟེར་བཞིན་དུ་འཕྲོ་བ་མཁའ་འགྲོ། དེ་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན། སྐྱབས་འགྲོ་དགུའི་བདག་ཉིད་ཅན་ནོ། མཁའ་འགྲོ་ནི། མཁའ་ཞེས་པ་ཆོས་ཀྱི་དབྱིངས། འགྲོ་ཞེས་པ་རྟོག་ཚོགས་རྣམས་ཤར་གྲོལ་སོང་བ་དེ་ཡིན་ནོ། །མཎྚལ་ནི། གཞི་ཀ་དག་སྤྲོས་བྲལ་ཆོས་སྐུའི་མཎྚལ། རང་གདངས་འགགས་པ་མེད་པ་ལོངས་སྐུའི་མཎྚལ། ཐུགས་རྗེའི་རིག་གདངས་ཀྱི་ཤར་ཆ་རྣམས་གྲོལ་བའི་རང་བཞིན་ཡིན་པས་སྤྲུལ་སྐུའི་མཎྚལ་ཡིན་གསུངས། དེ་མིན་ཡང་ན་སྟོང་གསུམ་རི་རབ་གླིང་བཞི་ལྷ་གནས་དང་བཅས་རྣམས་བློས་བླང་ནས་རང་ལ་འབུལ་བའི་ནུས་པ་ཡོད་ན། བླ་མ་དཀོན་མཆོག་གསུམ་ལ་བཞེས་པའི་ནུས་པ་ནི་ཡོད་པས་དེ་ལྟར་དུ་འབུལ་དགོས་གསུངས་སོ། །འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའ་ནི་རིགས་ཐམས་ཅད་ཀྱི་བདག་ཉིད་རིགས་གཅིག་རྡོ་རྗེ་སེམས་དཔའ་ཡིན་པས་ཐབས་ཀྱི་སྒོ་ནས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་པ། ཤེས་རབ་ཀྱི་སྒོ་ནས་སྡིག་སྟོང་དབྱིངས་སུ་འཇོག་པ་ཡིན་གསུངས་སོ། །དབྱིངས་སྤྲོས་པ་དང་བྲལ་བ་ཡུམ་སྙེམ་མ་དཀར་མོ་ཡིན། ཡེ་ཤེས་ཀྱིས་རྩལ་གདངས་མ་འགགས་པ་ཁྱབ་བརྡལ་གྱི་རིག་པ་དེ་ནི་བླ་མ་རྡོ་རྗེ་སེམས་དཔའ་ཡིན་གསུངས་སོ། །གཅོད་ནི་སྤྱིར་རྒྱ་གཅོད་དང་བོད་གཅོད་མང་དུ་ཡོད་པས། བོད་གཅོད་ནི། རྒྱ་གར་གྱི་པཎྜི་ཏ་དོན་གྲུབ་བཟང་པོའམ་སྨོན་ལམ་དོན་གྲུབ་ཞེས་པ་དེ། མཁའ་འགྲོ་མས་ལུང་བསྟན་ནས་ཁྱེད་ཀྱི་གདུལ་བྱ་བོད་ཡུལ་ཡིན་གསུངས། གྲི་གུག་གིས་སྐུ་བཀྲོངས་བའི་ཚུལ་བསྟན་ནས་སྐུ་གདུང་ནམ་མཁར་བཞུགས། དེ་ནས་བོད་ཡུལ་དུ་དེ་ཡི་སྤྲུལ་པ་མ་ཅིག་ལབ་སྒྲོན་དེ་འཁྲུངས། མ་ཅིག་དེ་ལ་ཐོད་པ་བྷ་ཏྲའི་སྲས་གཉིས་འཁྲུངས། སྲས་ཆེ་བ་དེ་རྒོད་ལ་ཤོར་བས་ཡུལ་མི་རྣམས་ཀྱི་ར་རྐུ་ར་དགྲ་བཏགས། དེ་ཉིད་དགུང་ལོ་བཞི་བཅུ་ཞེ་བཞིའི་དུས་སུ་མ་ཡི་ཆོས་སྒོར་ཞུགས་ནས་སློབ་མ་དང་། སྲས་གཞན་ལས་ལྷག་པར་གྱུར་པ་ཡིན། མས་སྲས་ཆུང་བ་བྲག་བར་ཞིག་ཏུ་བཅུག་ནས་རྟོགས་པ་སྦྱོངས་ཤིག་གསུངས་པ་ཡིན། ཟབ་མོ་གཅོད་ཀྱི་བསྟན་པ་དར་བའི་ཚེ། རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱིས་ཕྲག་དོག་བྱས་ནས་ཆོས་རྣམས་ཀྱི་འབྱུང་ཁུངས་ནི་རྒྱ་གར་ཡིན། བོད་ཡུལ་ན་ཆོས་ཀྱི་འབྱུང་ཁུངས་མེད་ཆོས་ལོག་བདུད་ཀྱི་བསྟན་པ་དར་འདུག་ཟེར་བས། རྒྱ་གར་གྱི་པཎྜི་ཏ་གཉིས་བོད་ཡུལ་དུ་ཕེབས་ནས་མ་ཅིག་དང་གསུང་བསྒྲོས་བྱས་པའི་ཚེ་མ་ཅིག་གིས་སྔར་གྱི་རྒྱུ་མཚན་ཞིབ་ཏུ་གསུངས། སྔར་ཁོང་བཞུགས་པའི་གཟིམས་ཁང་གི་ནང་ན་གཅོད་ཀྱི་ཆོས་སྐོར་ཡོད་དང་། སྐུ་གདུང་དེ་ཁོང་བཞུགས་པའི་ནམ་མཁར་ཡོད་པས་དེ་མེ་ལ་བསྲེགས་ན་སྐུ་རྟེན་དང་གསུང་རྟེན་རྣམ་དག་འབྱུང་གསུངས་ཚེ། པཎྜི་ཏ་དེ་གཉིས་དང་དམ་པ་རྒྱ་གར་གསུམ་རྒྱ་གར་དུ་བྱོན་ནས་མ་ཅིག་གི་གསུང་བཞིན་བསྒྲུབ་ཚེ། དེ་ལྟར་དུ་རིང་བསྲེལ་སྐུ་རྟེན་དང་གསུང་རྟེན་སོགས་བྱུང་ནས་པཎྜི་ཏ་རྣམས་ཀྱིས་ཡིད་ཆེས་པས་ཟབ་མོ་གཅོད་ཀྱི་སྐོར་ཕལ་ཆེར་རྒྱ་གར་དུ་བོད་ནས་ཡར་དར་བ་ཡིན་གསུངས། དེ་ལ་སོགས་པ་གཅོད་མང་དུ་ཡོད་ཀྱང་གང་ཟག་དབང་པོའི་ཁམས་དང་བྱེ་བྲག་གི་ཁྱད་པར་མ་གཏོགས་དེ་དག་གི་བསྟན་དོན་ནི། མདོར་ན་དུས་གསུམ་ཡིད་ཀྱི་རྟོག་པ། ཉམས་བདེ་གསལ་མི་རྟོག་གསུམ་ཉམས་གྱི་རྟོག་པ་དང་བཅས་པ་རྣམས་ཆོས་ཀྱིས་དབྱིངས་སུ་དྭངས་བའི་ཚེ་གཅོད་ཟེར་བ་ཡིན་གསུངས་སོ། ༈ །ལམ་དུས་འཁྲུལ་བ་བཤིགས་པའི་མན་ངགཐུན་མོངས་མ་ཡིན་པའི་སྔོན་འགྲོ་ནི། ལུས་རུ་ཤན་དབྱེ་བ། །ངག་རུ་ཤན་དབྱེ་བ། ཡིད་རུ་ཤན་དབྱེ་བ་དང་གསུམ། རུ་ནི་གཉིས་ལ་འཇུག་སྟེ། འཁོར་འདས་གཉིས་ཤན་དབྱེ་བ་དེ་ཡིན། མ་དག་རྒྱུད་ལྔའི་ས་བོན་རྡོ་རྗེ་གསུམ་གྱི་མེ་ཡིས་བསྲེགས་ནས་ལུས་དང་སྣོད་སྤྲུལ་སྐུར་དགངག་ཧཱུྃ་སྦྱོང་དང་འཕྲོ་འདུ་རྣམ་པ་བཞི་ལ་བརྟེན་ནས་གསུང་ལོངས་སྤྱོད་རྫོགས་སྐུ་ཐོབ། གྲོལ་བ་བཞིའི་རང་བཞིན་དུ་རྟོགས་པས་ཐུགས་ཆོས་ཀྱི་སྐུ་ཐོབ་པ་ཡིན་གསུངས་སོ། །ལམ་དུས་འཁྲུལ་བ་བཤིགས་ཟིན་ཀྱང་སྟོང་པ་ཅང་མེད་མ་ཡིན་པར་འཁྲུལ་སྣང་ཡེ་ཤེས་འཆར་དགོས། གང་ལྟར་ཡིན་ན་ཁྲེགས་ཆོད་ཀྱིས་སྣོད་བཅུད་འདི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཟིགས། ཐོད་རྒལ་བས་སྣོད་བཅུད་འདི་སྐུ་དང་འོད་ཡེ་ཤེས་ཀྱི་རང་བཞིན་དུ་གཟིགས་པ་ཡིན་གསུངས་སོ། །ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་རྫོགས་ཆེན་རིང་ལུགས་ཀྱི་ཁྲིད་ལྟར་མཁན་ཆེན་པད་རྡོར་དང་། སྨིན་གླིང་གཏེར་ཆེན་གཉིས་ཀྱིས་གསུངས་པ་ནི། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ། དངོས་གཞི་རིག་པའི་རང་ངོ་སྤྲད་པ། རྗེས་ཉམས་ལེན་གྱིས་སྐྱོང་ཚུལ་དང་ས་བཅད་གསུམ་གྱི་ཁོངས་སུ་འདུས། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་སྐབས་ལ། འདས་རྗེས་དོན་ཁྲིད་ལས། དང་པོ་རྟོག་པ་རྩད་བཅད། དེ་ནས་སེམས་ཀྱི་མཚང་བཙལ། དེ་ནས་བྱུང་གནས་འགྲོ་གསུམ་བརྟགས། ཅེས་གསུངས་པ་ལྟར་རྟོག་པ་རྩད་མ་ཆོད་ན་ཁམས་གསུམ་འཁོར་བའི་རྒྱུ་ངོས་མི་ཟིན། དེ་མ་ཟིན་ན་འཁོར་བ་ལས་མི་ཐར། མཚང་མ་བཙལ་ན་ཆོས་རྣམས་ཀྱི་གནས་ལུགས་མི་ཤེས། དེ་མ་ཤེས་ན་གནས་ལུགས་ངོ་སྤྲད་རྒྱུ་མེད། དང་པོ་རྩད་བཅད་པ་ནི། ཁམས་གསུམ་འཁོར་བར་འཁྱམས་པ་ལུས་ངག་ཡིད་གསུམ་ལ་རགས་ལས་པ་ཡིན། ལུས་ངག་ཡིད་གསུམ་གྱི་ནང་ནས་ཀྱང་གཙོ་གང་ཆེ་བར་འདུག་སྙམས་པས་ལུས་ཀྱི་བདེ་སྡུག་དྲོ་གྲང་བརྒྱག་ལྟོག་ལ་སོགས་དང་། ངག་གི་སྨྲ་བརྗོད་ཐམས་ཅད་དང་། སེམས་ཀྱི་སྒོ་ལྔའི་རྗེས་སུ་འབྲང་བའི་ཤེས་པ་རྣམས་དང་། གཞན་སངས་རྒྱས་པ་པོ་དེ་གང་། འཁོར་བར་འཁྱམས་མཁན་དེ་གང་ཡིན་བརྟགས་དཔྱད་བྱས་ནས་ཐམས་ཅད་ཀྱི་རྩ་བ་འདི་སེམས་ཡིན་པར་ཐག་ཆོད་པ་ནི་རྐུན་པོ་ངོས་ཟིན་པ་ལྟ་བུའོ། །དགག་བྱ་སྣང་ཚུལ་ངེས་པ་ཡིན་གསུངས། གཉིས་པ་མཚང་བཙལ་བ་ནི་སེམས་དེའི་ཁ་དོག་དབྱིབས་དང་མཚན་མའི་སྒོ་ནས་བརྟགས་པ་ལ། དབྱིབས་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ་ལ་སོགས་པ་དང་ཁ་དོག་དཀར་པོ། སེར་པོ། དམར་པོ། ལྗང་གུམཐིང་ག་ལ་སོགས་པ་དང་། ཡོད་པ་དང་མེད་པ་སྣང་བ་དང་སྟོང་པ། རྟག་པ་དང་ཆད་པ། གཅིག་པུ་དང་ཐ་དད་པ་གང་ཡང་མ་ཡིན་པར་ཐག་ཆོད་ནས་ལུས་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན། ངག་གྲགས་སྟོང་བྲག་ཆ། ཡིད་རིག་སྟོང་ནམ་མཁའི་བྱ་རྗེས་ལྟ་བུ་ཡིན་པར་ཤེས་ནས་ཀུན་རྫོབ་ཀྱི་ཆ་ཐམས་ཅད་སྟོང་ཉིད་དུ་ཤེས། སྟོང་པ་ཉིད་ཕྱང་ཆད་དུ་མ་སོང་བར་རྒྱུ་འབྲས་བུ་ཤར་བའོ། །གསུམ་པ་བྱུང་གནས་འགྲོ་གསུམ་ལ་ནི། ད་ལྟར་གྱི་ཤེས་པ་རིག་རིག་པོ་འདི་ཕྱི་སྣོད་ཀྱི་འཇིག་རྟེན་ལས་བྱུང་ངམ་ནང་བཅུད་ཀྱི་འགྲོ་བ་ལས་བྱུང་ངམ། རང་གི་ལུས་ཀྱི་ཆ་ཤས་སོགས་མགོ་དང་ཡན་ལག་གང་ནས་བྱུང་བརྟགས། དེ་ཐམས་ཅད་རྡུལ་ཕྲན་ཆ་མེད་བྱེད་དགོས། དེ་ལྟར་དུ་གནས་པ་ཡང་ཕྱི་ནང་སྣོད་བཅུད་རང་ལུས་གང་ལ་གནས་བརྟགས། དེ་ནས་འགྲོ་ས་ཡང་ཕྱི་རང་ལུས་ནས་གང་ལ་འགྲོ་བརྟགས། འགྲོ་མཁན་གྱི་སེམས་ལ་བརྟགས་པས་རང་བཞིན་མ་གྲུབ་པ་ཡིན་ནོ། །དེ་ཡང་ཡུལ་གང་ལས་བྱུང་བ། །དངོས་པོ་དེ་ཡི་ཁོངས་སུ་གནས། གཟོད་དེ་ལས་བྱུང་དགོས་པ་ཡིན། ཡུལ་དངོས་པོ་དེ་ལ་ཐོག་མར་མ་གནས་པར་བྱུང་ལུགས་མེད་པ་ཡིན་གསུངས་སོ། ༈ །དངོས་གཞིའི་རིག་པ་རང་ངོ་སྤྲད་པ་ལས། བྱིན་རླབས་འཕོ་བའི་སྟོབས་ཀྱི་སྒོ་ནས་ངོ་སྤྲད་ཚུལ་ནི། བླ་རྣམ་ཁོ་ན་བསྒོམ་པར་བྱ་བ་ཡིན་པས། སེམས་བསྐྱེད་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་དཔལ་མགོན་བླ་མའི་གོ་འཕང་ཐོབ་པར་བྱ་སྙམས་པ་དེ་ཡིན། བསྔོ་བ་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་དཔལ་མགོན་བླ་མའི་གོ་འཕང་ཐོབ་པར་ཤོག་ཅིག་སྙམས་པ་དེ་ཡིན། སྙམས་པའི་བློ་དེ་གང་ལ་ངོས་འཛིན་ན་རྩ་བའི་བླ་མ་པདྨ་འབྱུང་གནས་ཡིན། ཡི་དམ་རྟ་མགྲིན། མཁའ་འགྲོ་རྡོ་རྗེ་ཕག་མོ། དེ་གསུམ་རྩ་གསུམ་ཡིན་གསུངས། བླ་རྣམ་རང་གཞུང་ལྟར་དུ་ཕྱི་སྣོད་འཇིག་རྟེན་འདི་ཟངས་མདོག་དཔལ་རིར་གསལ། ནང་བཅུད་ཀྱི་སེམས་ཅན་རྣམས་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་ཚད་ཐམས་ཅད་བཛྲ་གུ་རུའི་རང་སྒྲ་རུ་གསལ། དེ་དུས་ཀུན་འབྱུང་ལས་ཉོན་གྱི་རྟོག་ཚོགས་རྣམས་མོས་གུས་སུ་ཤར། མོས་གུས་རང་གྲོལ་དུ་སོང་བས་ལམ་བདེན་དང་སྡུག་བསྔལ་བདེན་པ་སྣོད་བཅུད་ཀྱང་ཡེ་གདོད་མ་ནས་གནས་ཚུལ་དུ་འབྱུང་ལྔ་ཡུམ་ལྔའི་རང་བཞིན། ཕུང་ལྔ་རིགས་ལྔའི་རང་བཞིན་སོགས་ཡིན། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གནས་པས་འགོག་བདེན་དང་མོས་གུས་བསྐྱེད་པའི་རྟེན་ཡིན། དེ་ལྟ་བུའི་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་རྟོགས་པ་དེ་སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་ཡིན། ཐ་མལ་མ་དག་པའི་སྣང་བ་རང་འགགས་སུ་སོང་། ལྷ་སྔགས་ཆོས་ཉིད་དུ་བསམ་པའི་ཡུལ་དང་བསམ་མཁན་ཡུལ་ཅན་གྱི་རྟོག་ཚོག་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་ཆོས་ཉིད་ཀྱི་གཤིས་སུ་རང་དངས་སུ་སོང་བའི་དུས་ན། སྣང་བ་ཕར་བཅད་རྒྱུ་མེད་པ་ཡེ་ཤེས་ཀྱི་རང་གདངས་ཡིན། རིག་པ་ཚུར་བཅད་རྒྱུ་མེད་པ་ཆོས་ཉིད་ཀྱི་རང་བཞིན་ཡིན། དེ་ཚེ་གར་གཏད་དང་འདིར་གཏད་མེད་པ། གར་འཇོག་དང་འདིར་འཇོག་མེད་པས་ཕྱི་ནང་མེད་པ་ཟང་ཐལ་གྱི་དཀྱིལ་འཁོར། སྣང་བས་རིག་པ་ལ་མ་གོས། རིག་པ་ཡུལ་གྱི་རྗེས་སུ་མི་འབྲང་། བསམ་གྱིས་མི་ཁྱབ་པའི་གནས་དེ་ནི། རང་རིག་བླ་མའི་རང་ཞལ་མཇལ་བ་ཡིན། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་ཡིན་གསུངས། དེ་ལྟ་བུར་རྟོགས་ཚེ་བྱིན་རླབས་ཡིན་པས་བྱིན་རླབས་འཕོ་བ་དེ་ལ་ཟེར། དེ་ཡང་ལ་བཟླ་སྐོར་གསུམ་གྱིས་ངོ་སྤྲད་དགོས་གསུངས། རླུང་སེམས་རགས་པ་དངས་བའི་ཆ། དེ་ལྟ་བུའི་རིག་སྟོང་ཟུང་འཇུག་གི་ངང་དེར་གནས་པ་དེ་མཉམ་བཞག་གི་ལྟ་བ་ཡིན། དེ་ལས་ལྡང་བའི་ཚེ་སྣང་སྲིད་བླ་མའི་རྣམ་རོལ་དུ་གསལ་གདབ་ནས་དངོས་པོ་སྣང་བའི་ཆོས་རྣམས་ཐམས་ཅད། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བརྟགས་ཤིང་དཔྱད་པའི་ཚེ། སྣང་ལ་རང་བཞིན་མེད་པ། གསལ་ལ་དེར་འཛིན་མེད་པའི་སྣང་སྟོང་ཆུ་ཟླ། གྲགས་སྟོང་བྲག་ཆ། དྲན་སྟོང་བྱ་ལམ་རྗེས་མེད་ཀྱིས་རང་བཞིན་དང་། སྣང་སྟོང་སྐུ། གྲགས་སྟོང་གསུང་། དྲན་སྟོང་ཐུགས་ཀྱི་རང་བཞིན་སྒོ་གསུམ་གྱི་མཚངས་རིག་ནས་སྤྱོད་ལམ་དང་བསྲེ་བ་རྗེས་ཐོབ་ཀྱི་ལྟ་བ་ཡིན། དེའི་ངང་ལ་གནས་པ་སྒོམ་པ། རྐྱེན་དང་བསྲེ་བ་སྤྱོད་པ། དེ་ལས་མི་འདའ་བ་དམ་ཚིག་ཡིན་གསུངས་སོ། །རྗེས་ཐོབ་ཀྱི་ལྟ་བ་འདི་མེད་ན་ཐ་མལ་དུ་གོལ་བའོ། །

གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་ཚུལ་ནི། སྣང་བ་སྟོང་པ་སོགས་དང་། དུག་ལྔ་རང་གྲོལ་དང་། ཚོགས་དྲུག་རང་གྲོལ་ལ་སོགས་པ་ཡོད་ཀྱང་། སྒྲ་ལྟ་བུ་ལ་མཚོན་ན། ཡུལ་སྒྲ་དེ་ལའང་སྒྲ་བཟང་ངན་བར་མ་གསུམ་སྣང་། ཡུལ་ཅན་གྱི་ཤེས་པས་ཚོར་བ་བདེ་སྡུག་བར་མ་གསུམ་མྱོང་ནས་ཐ་དད་དུ་སོང་བ་ཡིན། ཡུལ་སྒྲ་དེ་ཡང་དཔལ་ལྡན་རང་བྱུང་གི་རྒྱུད་ཆེན་པོར། གསུང་རྒྱུད་རྒྱ་མཚོ་ལྟ་བུ་བརྗོད་པ་དང་བྲལ་བའི་ཆ། སྐྱེེ་མེད་ཀྱི་ཀློང་ནས་གྲགས་པ་ཡིན་པས། གང་གྲགས་པ་ཐམས་ཅད་དབྱངས་དང་གསལ་བྱེད་ཀྱིས་མ་དྲངས་པའི་སྒྲ་གཅིག་མེད། སྒྲ་དེ་ཡང་རྟག་ཆད་གཉིས་ཀྱི་ཕ་མཐའ་ལས་འདས་པས་སྣང་བས་ཆད་མཐའ་བསལ་བ་དང་། སྟོང་པས་རྟག་མཐའ་བསལ་བ་ཡིན། གང་གྲགས་པ་ཐམས་ཅད་སྔགས་ཀྱི་རང་བཞིན། གདངས་སྔགས་ཡིན་པ་དེ་ཉིད་གྲགས་སྟོང་གི་རང་བཞིན། གྲགས་སྟོང་སྐྱེ་བ་མེད་པ་རྒྱལ་བའི་གསུང་གི་རང་བཞིན་ཡིན། སྒྲ་འཛིན་གྱི་ཤེས་པས་དེ་ལྟར་ཤེས་དགོས། སྒྲ་བཟང་ངན་བར་གསུམ་པོ་ཕན་གནོད་ལས་འདས་པར་ཤེས། ཤེས་མཁན་གྱི་རྟོག་པ་ཡང་གཞི་རྒྱུད་རང་བྱུང་གི་ཡེ་ཤེས་ལས་རང་བྱུང་རང་ཤར་རང་གྲོལ་དུ་སོང་ཚེ་ཚོར་བ་རང་གྲོལ་ཞེས་བདེ་སྡུག་བར་མ་གསུམ་པོ་གྲོལ་བའི་རང་བཞིན་ཡིན་པས། ཡུལ་ཡུལ་ཅན་དྲུག་པོ་མཉམ་ཉིད་དུ་རྟོགས་པ་ཆོས་རང་གི་གནས་ལུགས་ཡིན་པས་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་ཟེར། དེ་ལྟར་དུ་ཡུལ་ཡུལ་ཅན་རྣམས་ཀྱི་མཚངས་དང་མཚན་འཛིན་ཤེས་པར་བྱེད་པ་ནི་བུང་བ་ཚང་ཚོལ་གྱི་སྤྱོད་པ། མཚངས་དང་མཚན་ཉིད་ཤེས་ཚེ་གཅིག་པུར་མི་སྡོད་པར་ཚོང་དུས་ཀྱི་མགྲོན་ཁང་ལ་སོགས་པ་ལ་རིག་པའི་སྣ་མི་བསྐྱིལ་བར་ཕག་སྣ་གཏུན་བུས་མི་བརྡུང་བ་བཞིན་དུ་རང་དང་གཞན་རྣམས་ཀྱིས་བཤད་ནས་ལམ་དུ་བསླང་ན་མཚངས་རིག་ནས་སྨྱོན་པ་འུར་ལངས་པ་ཡིན། མཆོད་པ་ལྟ་བུ་ཞིག་བྱེད་པ་ནི་སྨྱོན་པ་ལྟ་བུའི་སྤྱོད་པ་ཡིན། ཡུལ་ཡུལ་ཅན་ཐམས་ཅད་རིག་སྟོང་ཟུང་འཇུག་གི་ཀློང་ནས་ཤར་བ་ཡིན་པས་བྱ་བྱེད་རྩོལ་སྒྲུབ་ལས་འདས་པ་རང་གི་གནས་ལུགས་ཡིན། དེ་ལྟར་དུ་མཉམ་པར་བཞག་པ་ནི་རྒྱལ་པོ་ས་འཛིན་ལྟ་བུ་ཡིན། མཚངས་མཚན་ཉིད་རིག་ནས་ཡིན་མིན་གྱི་ཐེ་ཚོམ་མེད་པར་ཐག་ཆོད། ཡིད་ཆེས་པ་ནི་ཐི་བྱ་ཚང་ཞུགས་གི་སྤྱོད་པ། དེ་ལྟར་དུས་རྟག་ཏུ་དབེན་པའི་གནས་སུ་རང་གཅིག་པུར་འདུག་ནས་ཉམས་ལེན་བྱེད་པ་ནི་རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ། རིག་སྟོང་ཆོས་ཉིད་ཀྱི་ཡེ་ཤེས་དེ་ནི་སྨྲ་བརྗོད་གྱི་མཐའ་ལས་འདས་པས་ན་ལྐུགས་པ་ལྟ་བུའི་སྤྱོད་པ་ཟེར་གསུངས་སོ། །ཚོགས་དྲུག་པོ་ལ་དེ་ལྟར་དུ་སྦྱར་ཤེས་དགོས་སོ། །ཞེས་གསུངས་སོ། །བླ་རྣམ་འདོན་མ་ཐུབ་ན་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཚུངས་མེད་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། །བདག་གི་རྒྱུད་བྱིན་གྱིས་བརླབས་ཏུ་གསོལ། །ཟེར་ནས་ཀུན་འབྱུང་ལས་ཉོན་གྱི་རྟོག་ཚོགས་རྣམས་རང་གྲོལ་དུ་ཤེས་པར་བྱས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཚུངས་མེད་དྲིན་ཆེན་རྩ་བའི་བླ་མ་མཁྱེན་ནོ། བདག་གི་སྣང་བ་བྱིན་གྱིས་རླབས་ཏུ་གསོལ། །ཞེས་སྣོད་བཅུད་འདི་ཞིང་ཁམས་དང་གཞལ་ཡས་ཁང་། སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་ཤེས་པར་བྱ་བ་ནི་བླ་རྣམ་ཡིན་གསུངས་སོ། །

༈ ཆོས་ཉན་པའི་དུས་སུ། ཆོས་འཆད་པ་པོ་གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་རུ་གསལ། ཉན་པ་པོ་འཁོར་རྣམས། ཕོ་ཐམས་ཅད་རྗེ་བཙུན་འཇམ་པའི་དབྱངས་དང་། མོ་ཐམས་ཅད་རྗེ་བཙུན་འཕགས་མ་སྒྲོལ་མར་གསལ་ནས། རང་གི་སྙིང་གི་མེ་ཏོག་པདྨ་འདབ་བརྒྱད་སྙན་གྱི་ཐད་ཀར་ཁ་གྱེས་པ་དང་། རྣམ་པར་ཤེས་པ་འདི་ཉིད་རྐང་དྲུག་སྦྲང་མ་ལྟ་བུ། མེ་ཏོག་གི་རྩི་བཅུད་དེ་གང་གསུང་པའི་ཆོས་ལྟ་བུ་ལ་སོགས་པ་མི་ཕམ་རིན་པོ་ཆེས་ཉན་ཚུལ་མང་དུ་གསུང་ཡོད་བླ་མས་གསུངས་སོ། །དགེ་ཞིང་བཀྲ་ཤིས་དོན་ལྡན་ཤོག །

བླ་མ་རིན་པོ་ཆེས་སྐྱབས་འགྲོ་གསུང་སྐབས་ཞལ་རྒྱུན།

༈ བླ་མ་རིན་པོ་ཆེས་སྐྱབས་འགྲོ་གསུང་སྐབས་ཞལ་རྒྱུན་ནི། སྤྱིར་གསང་སྔགས་རྙིང་མ་བས་བླ་མ་དེ་ཉིད་གུ་རུ་རིན་པོ་ཆེ་ལ་ངོས་འཛིན། གུ་རུ་རིན་པོ་ཆེ་དེ་ཉིད་ནི་མཆོག་གསུམ་ཀུན་འདུས། རྩ་གསུམ་ཀུན་འདུས། སྐུ་གསུམ་ཀུན་འདུས། ཆོས་སྐུ་རྡོ་རྗེ་འཆང་ནས་ད་ལྟའི་རྩ་བའི་བླ་མའི་བར་དུ་བརྒྱུད་པའི་བླ་མ་ཐམས་ཅད་འདུས་པའི་ངོ་བོ། ཁྱད་པར་རྡོ་རྗེ་སྤུན་གྲོགས་འདུས་པར་བསམ། དེ་ལྟ་བུའི་སྐྱབས་གནས་ཀུན་འདུས་གྱི་ངོ་བོ་བ་སྤུའི་ཁུང་བུ་གཅིག་གིས་ཀྱང་ཤེས་བྱའི་ཆོས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཞལ་ཕྱག་གི་རྣམ་པ་མ་གསལ་ཡང་མངོན་སུམ་བཞུགས་ཡོད་སྙམ་པའི་མོས་པ་ཙམ་གྱིས་ཆོག ། དེ་སྐྱབས་སུ་འགྲོ་བའི་ཡུལ་ཡིན། དེ་ནས་དེའི་མདུན་དུ་རང་གཞན་སེམས་ཅན་ཐམས་ཅད་དལ་འབྱོར་བཅོ་བརྒྱད་ལྡན་པའི་མི་ལུས་རེ་ཐོབ་སྟེ་ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་འགྲོ་བར་དམིགས། དེ་སྐྱབས་སུ་འགྲོ་བ་པོའི་གང་ཟག་ཡིན། དེ་ནས་སྐྱབས་སུ་འགྲོ་བའི་དུས་དེ་རིང་ནས་བྱང་ཆུབ་སྙིང་པོའམ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་སྐྱབས་སུ་མཆིའོ་ཞེས་པའི་དོན་རེད། དམ་བཅའ་འཛིན་དགོས་ནི་རེད། དེ་སྐྱབས་སུ་འགྲོ་བའི་དུས་དང་དམ་བཅའ་ཡིན། དེ་ནས་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་ནི། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་འདི་ལས་སུས་སྐྱོབ་ན་དཀོན་མཆོག་གསུམ་མ་གཏོགས་གཅིག་གིས་ཀྱང་མི་སྐྱོབ། དེ་ཉིད་ཤེས་ནས། ཤེས་ནས་བྱུང་བའི་དད་པ་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་བཞེད། །ཅེས་གསུངས་པ་ལྟར་ཡུལ་དཀོན་མཆོག་ལ་དད་པ་ཡོད་དགོས། དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་གང་སྐྱེས་ཀྱང་སྐྱབས་དཀོན་མཆོག་གསུམ་དྲན་པའི་དད་པ་ཡང་དག་ཞིག་སྐྱེས་ན། དེ་མ་ཐག་ཏུ་དེ་ཐམས་ཅད་རང་སར་གྲོལ་ནས་སངས་རྒྱས་ཀྱི་དགོངས་པ་འཆར་ནི་རེད། ལར་ཕྱག་རྫོགས་ཀྱི་ལྟ་བ་གང་ཉམས་སུ་བླང་ན་དད་པ་ཁོ་ན་གཙོ་བོར་བྱེད་དགོས། དེ་མིན་མི་རྟོགས། དེ་ནས་གྲོགས་ཚོགས་བསགས་སྒྲིབ་སྦྱང་ཞིག་ཡོད་ན་རྟོགས་གསུངས་སོ། །སེམས་བསྐྱེད་ནི་སྨོན་འཇུག་གཉིས་ལས། འབྲས་བུ་བསྒྲུབ་པ་དེ་ཡིད་ལ་སྨོན་པ་སྨོན་པ་སེམས་བསྐྱེད། དེ་ནས་རྒྱུ་ལ་དམ་བཅའ་བ་ལུས་ངག་ཡིད་གསུམ་གྱི་དགེ་བ་ལ་འཇུག་པ་འཇུག་པ་སེམས་བསྐྱེད། དེ་ལྟ་བུའི་སྐྱབས་སེམས་བསྒོམ་པའི་དུས་སྤྱོད་ལམ་སྐབས་སུ་ཆུ་གཙང་ཡིད་དུ་འོང་བ། མེ་ཏོག་ཡིད་དུ་འོང་བ་གང་རིག་ཀྱང་དཀོན་མཆོག་གསུམ་༼ཚོགས་ཞིང་གསལ་༽མཆོད་༼ཚོགས་བསགས་༽རང་གཞན་སེམས་ཅན་ཐམས་ཅད་༼སེམས་བསྐྱེད། ༽དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་༼བསྔོ་བ་སྨོན་ལམ་༽ཚུད་པར་ཤོག་ཅིག་ཅེས་བརྗོད་ཡིད་ལའང་བསམ་ན་དེ་བས་ཅི་ཡང་དགོས་ནི་མ་རེད། ༈ བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ནི། སངས་རྒྱས་འོད་དཔག་མེད་༼ཞིང་ཁམས་རྟེན་དང་བཅས་རེད། ༽མཆོད། ༼ཚོགས་བསགས། ༽རང་གཞན་སེམས་ཅན་ཐམས་ཅད་༼སེམས་བསྐྱེད་༽བདེ་བ་ཅན་དུ་སྐྱེ་བར་༼བསྔོ་བ་སྨོན་ལམ་༽ཤོག་ཅིག །

༈ མདོར་ན་རྣམ་དཀར་དགེ་བའི་ཆོས་གང་བསྒྲུབ་ཚེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་དགོས། མ་ཟིན་ན་རྐྱེན་ཁོང་ཁྲོ་དང་ཆད་ལྟ་སོགས་ཀྱིས་དགེ་རྩ་འཛད་པར་མདོ་ན་གསུངས་ཡོད། མདོ་ལ་ལར་གཞི་གསུམ་པོའི་སྦྱིན་པ་ལས་བྱུང་བའི་བསོད་ནམས་འཛད་གསུངས། མཆོད་པ་ཡང་དེའི་ཤུགས་ན་ལོས་ཡོད། མདོ་ལ་ལར་ཚུལ་ཁྲིམས་ཡང་དག་པ་བསྲུང་བའི་གང་ཟག་གིས་སྨོན་ལམ་ཅི་བཏབ་ཐམས་ཅད་མི་འགྲུབ་པ་མེད་གསུངས་ན་ཚུལ་ཁྲིམས་ཀྱི་བསོད་ནམས་འཛད་ཅེས་མཐའ་གཅིག་ཏུ་ཁ་ཚོན་ཆོད་དཀའ། སྒོམ་པ་ལས་བྱུང་བའི་བསོད་ནམས་བོད་སྔ་ཕྱི་གཉིས་ན་མི་འཛད་པར་གསུངས་ཡོད། དེ་ནི་གསར་རྙིང་གཉིས་ཀས་ཕར་ཕྱིན་གསུམ་པོ་འཇོགབཟོད་པ་ཁྲོ་བའི་གཉེན་པོ་རེད། ལོས་ཡིན་བསམ་གཏན་དང་ཤེས་རབ་རེད། བརྩོན་འགྲུས་ཀུན་ལ་དགོས་པའི་ཉིས་མི་ལྟར་ཀུན་གྱི་གྲོགས་རེད། འདི་གསུམ་ལ་བསོད་ནམས་ཀྱི་ལས་ཐམས་ཅད་འདུ་ནི་རེད། དཔལ་སྤྲུལ་དང་ཞེ་ཆེན་རྒྱལ་ཚབ་སོགས་མཁས་གྲུབ་དུ་མའི་གསུང་སྒོ་མཐུན་པར་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པའི་དགེ་རྩ་མི་འཛད་གསུངས་ཡོད། དེ་མཁས་པ་ཆེན་པོ་རེད་ནི་མདོའི་དགོངས་པ་ཞིག་བླང་ངེས་ཡིན་གྱི་རེད་གང་ཡིན་མི་ཤེས། དེས་ན་ཐོག་མར་རང་གི་ཀུན་སློང་ལ་བརྟགས་ནས་ཀུན་སློང་བཅོས་དགོས། ཆོས་རྣམས་ཀུན་གྱི་དང་པོའི་མགོ །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟགས་པ་ཡིན་ནོ་ཞེས། །ཟླ་མེད་བླ་མ་མཆོག་དེས་གསུངས། །ཞེས་པ་ལྟར་ཀུན་སློང་ལ་བརྟགས་ན་དགེ་མི་དགེ་ལུང་མ་བསྟན་དང་གསུམ། དེ་ཡང་དགེ་བའི་ཀུན་སློང་ལ་རང་དོན་བསྒྲུབ་པའི་ཀུན་སློང་དང་གཞན་དོན་བསྒྲུབ་པའི་ཀུན་སློང་གཉིས། མི་དགེ་བའི་ཀུན་སློང་ནི། ཚེ་འདིའི་ལྟར་སྣང་གི་བསྟོད་བཀུར་སྙན་གྲགས་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་དང་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་བ་སོགས་ཡིན། ལུང་མ་བསྟན་ནི་གཞན་དོན་མ་ཚད་རང་དོན་ཙམ་ཡང་མ་དམིགས་པར་རང་གར་ཧ་སེ་འདུགཁ་ལབ་ལབ་ཙམ་བྱས་ཀྱང་འབྲས་བུ་མེད་ཚུལ་སྨྱོ་ཤུལ་ལུང་རྟོགས་ཀྱིས་དེ་འདྲ་བ་ལ་ཐར་བའི་ས་བོན་ཙམ་ཨེ་མི་ཡོད་བསམ་པ་དང་ཨ་བུས་ནི་མེད་གསུངས་ཞེས་སྔོན་འགྲོའི་མཆན་འགྲེལ་ངག་ཆུང་གིས་བྲིས་པ་ན་ཡོད། རང་དོན་བསྒྲུབ་པའི་ཀུན་སློང་ནི་ཕར་ཕྱིན་ཐེག་པ་ན་འགའ་ཡོད་པས་གཞན་དོན་འབའ་ཞིག་ཏུ་འགྱུར་བའི་ཀུན་སློང་དེ་ཡོད་དགོས་པ་དང་། དལ་འབྱོར་ལ་སྙིང་པོ་ལེན་དགོས་ཚུལ་ཡང་། ཐེག་དམན་ཉན་རང་གིས་བདེན་བཞི་མི་རྟག་བཅུ་དྲུག་སོགས་ངེས་འབྱུང་གི་བསམ་པས་འཁོར་བའི་སྡུག་བསྔལ་སྤོང་ནས་གང་ཟག་གི་བདག་མེད་རྟོགས་པ་དང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་གི་ཚུལ་དུ་བསྒོམ་ནས་དམན་ལམ་ས་བརྒྱད་ལ་སློབ་མི་སློབ་སོགས་རང་འབྲས་དགྲ་བཅོམ་ཐོབ་པ་དང་། ཐེག་ཆེན་བྱང་སེམས་པས་གཞན་ཕན་དོན་གཉེར་གྱི་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང་ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད། སྒོམ་པ་བྱང་ཆོས་སོ་བདུན། སྤྱོད་པ་ཕ་རོལ་ཕྱིན་དྲུགའབྲས་བུ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ནི་རེད། སྔགས་ཕྱི་མ་སྐྱེ་གནས་བཞི་སྦྱང་བྱ་སྦྱོང་བྱེད་ཀྱི་ཚུལ་གྱིས་བསྐྱེད་རིམ་དང་། རྩ་༼བསྐྱེད་རིམ་དང་༽ཐིག་ལེ་རླུང་གསུམ་གནད་དུ་བསྣུན་པའི་༼རྫོགས་རིམ་༽ཐབས་ལམ། སྟེང་འོག་གི་སྒོ་ཆགས་བྲལ་ཆགས་བཅས་དང་རང་ལུས་གཞན་ལུས་ཐབས་ལྡན་དང་དབབ་བཟུང་ལྡོག་ཁྱབ་ཚོད་སྦྱོར་ལ་བརྟེན་ནས། རིགས་མ་བརྒྱ་བརྟེན་ཡང་ཁམས་ཏིལ་འབྲུ་ཙམ་མི་ཉམས་ཤིང་དགའ་བཞིའི་ཡེ་ཤེས་དང་སྟོང་བཞིའི་འོད་གསལ་ལ་བརྟེན་ནས་ཡུལ་གསུམ་གྱད་དུ་གྱུར་བ་སོགས་དང་། རང་ལུགས་ལ་གཞི་ཀ་དག་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་ཐོད་རྒལ་གཉིས་བསྒོམས་ནས། རྟག་འཛིན་དེས་ལུས་ངག་ལ་ཆུ་དང་འོ་མ་འདྲེས་པ་བཞིན་ཁྱབ་ཡོད་པས་འཆི་བ་ཡིད་ལ་མི་དྲན་ཞིང་ད་ལོ་སང་ཕོད་ཞེས་ཕྱི་ཚུས་བྱེད་པའི་བློ་དེ་མི་རྟག་པ་བསྒོམ་ཚུལ་གྱི་མན་ངག་བདུན་སོགས་ལ་བརྟེན་ནས་ལྡོག་པ་དང་། སྐྱེ་འཆི་མཚན་འཛིན་གྱི་རྟོག་པ་གདོད་མའི་གཞི་དབྱིངས་སུ་དེངས་ནས་སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་འཆི་མེད་གཉུག་མའི་བཙན་ས་ཟིན་འགྲོ་ནི་རེད། གསུམ་པའི་ལྡོག་བྱ། ཅི་ཙམ་སྐྱིད་ཀྱང་མི་ངོམས་ཅི་ཙམ་སྡུག་ཀྱང་མི་སྐྱོ་བར་སྡུག་བསྔལ་བདེ་བར་རློམ་པའི་བློ་དེ་ཉིད་གོང་ལྟར་དམིགས་ནས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལ་བསམ་ནས་ལྡོག་པ་དང་། སྡུག་བསྔལ་བདེན་པ་སྣོད་བཅུད་འདི་དག་ཐམས་ཅད་འགོག་བདེན་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་དུ་ཤར་ནས་དག་པ་ལྷ་སྔགས་ཀྱི་རང་བཞིན་དུ་བསྒོམ་ནི་རེད། བཞི་པའི་ལྡོག་བྱ། སྡིག་སེམས་དེ་ཉིད་གོང་ལྟར་དམིགས་ནས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་སྐྱེས་ནས་བླང་དོར་ཚུལ་བཞིན་བྱེད་པ་དང་། ཀུན་འབྱུང་ལས་དང་ཉོན་མོངས་ཐམས་ཅད་ལམ་བདེན་དུ་ཤར་ནས་བག་ཆགས་བསོག་ལོང་མེད་པར་རང་གྲོལ་བྱ་ལམ་རྗེས་མེད་དུ་འགྲོ་ནི་རེད། སྔ་མ་གཉིས་ཀྱིས་ཚེ་འདིའི་སྣང་ཤེས་ལྡོག་དོ་ནི་རེད། ཕྱི་མ་གཉིས་ཀྱིས་ཡང་སྲིད་ཕྱི་མའི་སྲིད་པའི་ཕུན་ཚོགས་ཀྱི་བདེ་འབྲས་ལ་རེ་བའི་སྣང་ཤེས་ལྡོག་ནི་རེད། དཔེར་ན་ཆུ་ཐམས་ཅད་རྒྱ་མཚོར་འབབ་པ་ལྟར་ཆོས་ཐམས་ཅད་མཉམ་བཞག་གི་ཡེ་ཤེས་གཅིག་གི་སྟེང་དུ་འབབ་དགོས་པས་ན་སྔོན་འགྲོ་དང་དངོས་གཞི་གཉིས་དེ་ལྟར་བསྒོམ་ཤེས་དགོས། དེ་ལྟར་མི་ཤེས་པར་གཅིག་བསུབ་གཉིས་བསུབ་བྱེད་ནས་ཐ་དད་དུ་གོ་ན་འཁྱིལ་ཆུ་ལྟ་བུ་ཐོག་མཐའ་མེད་པར་སྐམ་འགྲོ་ནི་རེད། ཆོས་ཀྱི་མུ༷་ལ་སྟེ༷གས་བྱས་པས་ན་མུ་སྟེགས་ཟེར་བ་ལྟར་རེད། ཆུ་ཐམས་ཅད་རྒྱ་མཚོ་ལས་བྱུང་། རྒྱ་མཚོ་ལ་ཐིམ་པ་ལྟར་ཆོས་ཐམས་ཅད་གནད་ཐོག་ཏུ་འབབ་དོ་དགོས། ༈ སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་ཡིན་ཚུལ། སྤྱིར་ན་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་ཀྱི་བླ་མ་སོགས་དང། བཀའ་ས་དགེ་རྙིང་གསུམ་མཁས་གྲུབ་ཐམས་ཅད་ལ་བླ་མའི་རྣལ་འབྱོར་དང་བླ་མ་བསྒྲུབ་ཚུལ་མང་པོ་ཅིའི་མེད། སྤྱིར་ནི་གསང་སྔགས་རྙིང་མ་བའི་རྩ་བ་གསུམ་གྱི་ནང་ཚན་གྱི་བླ་མ་དེ་གུ་རུ་རིན་པོ་ཆེ་ཡིན་ནི་རེད། རང་ལུགས་ཀློང་རམ་པ་ལྟར་ན་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་པ་དང་། འཇིགས་གླིང་གི་ཕྱི་སྒྲུབ་བླ་མའི་རྣལ་འབྱོར། ནང་སྒྲུབ་རིག་འཛིན་འདུས་པ། གསང་སྒྲུབ་ཐུགས་རྗེ་ཆེན་པོ། ཡང་གསང་ཐིག་ལེའི་རྒྱ་ཅན། གསང་བ་བླ་ན་མེད་པ་ཡེ་ཤེས་བླ་མ་གསུངས་པ་རྣམས་གུ་རུ་རིན་པོ་ཆེ་རེད། རྡོ་གྲུབ་རིན་པོ་ཆེའི་བྲ་ཕབ་ཚེ་པྲ་རྟེན་རི་གཡུ་ལོ་༼སྙིང་༽འདྲ་བ་བབས་ཚེ། གཞན་གྱིས་ལེགས་པར་སེམས་ཀྱང་ཁོང་གིས་ཅང་ཡག་རྒྱུ་ཨེ་ཡོད་རྙིང་མ་བའི་བན་རྒན་ཞིག་ཡིན་ནས་བཟུང་སྟེ། ཟངས་མདོག་དཔལ་རི་དང་གུ་རུ་རིན་པོ་ཆེ་ལ་སེམས་མི་གཏད་པ་མེད་གསུངས་ལྟར་དང་། བསྒོམ་ཚུལ་ཡང་བླ་རྣམ་རང་གཞུང་ན་སྐྱབས་འགྲོ་དང་མཎྜལ་རྡོར་སེམས་གསུམ་ཁྲོམ་ཚོགས་དང་། ཐོ་བརྩེགས་དང་། ཀུན་འདུས་ནོར་བུའི་ལུགས་གསུམ་གསུངས་ཡོད་པ་ལས། རྡོར་སེམས་ལྟར་ཀུན་འདུས་ལུགས་སུ་བསྒོམ་ན་ཚིག་ཉུང་ལ་དོན་འདུས་ཤིང་དོན་གནད་ཀྱི་ཆིངས་ཆེན་པོ་ཡིན་པ་དང་། གཏེར་སྟོན་གུ་རུ་ཆོས་དབང་གི་གཏེར་བྱོན་སྙིང་ཐིག་གི་ཚིག་བདུན་སྤྱན་འདྲེན་དང་། མིན་ཀྱང་གཏེར་ཆེན་མང་པོའི་གཏེར་ཁ་ན་ཚིག་བདུན་སྤྱན་འདྲེན་ཡོད་ནི་རེད། དེའི་འགྲེལ་བ་མི་ཕམ་རིན་པོ་ཆེས་གསུངས་པའི་ནང་གུ་རུ་ཉིད་ཀྱིས་ཞལ་ནས་གསུངས་པའི་ལུང་རྣམས་དྲངས་ཡོད་པ་ལྟར་བདེ་གཤེགས་ཀུན་འདུས་ཀྱི་ངོ་བོ་ཡིན་ཚུལ་དང་། སྤྱི་མགྲིན་སྙིང་ཁ་དང་ལག་མཐིལ་སོགས་ལ་བསྒོམ་ན་རིགས་དྲུག་གི་གནས་སུ་བསུ་རུ་འོང་གསུངས་པ་ལུང་རྣམས་ལ་ལྟོས་དང་ལུང་རིགས་མན་ངག་སོགས་ཀྱིས་གྲུབ་ཡོད་པ་རེད། དཔེར་ན་རང་གི་སྤྱི་གཙུག་ཏུ་རིགས་བདག་གི་ཚུལ་ལམ་མདུན་མཁར་དབང་བཞི་ལེན་པ་སོགས་ལ་སྟབས་གང་བདེ་བྱས་ན་ཆོག་ཚུལ་རྡོ་གྲུབ་གྱིས་མཆོག་ཚང་སྐལ་རྒྱལ་ལ་དེ་འདྲ་གསུངས་པ་ལྟར་རེད། དེ་བཞིན་དུ་མཆོག་གསུམ་སྐུ་གསུམ་རྩ་གསུམ་སོགས་དགོངས་བརྡ་སྙན་བརྒྱུད་སོགས་མདོར་ན་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་ད་ལྟའི་རྩ་བའི་བླ་མའི་བར་དང་། རྡོ་རྗེ་སྤུན་གྲོགས་དང་ཚིག་བཅད་གཅིག་གི་དོན་སྟོན་པའི་སློབ་དཔོན་དང་མ་མཐའ་རྡེའུ་ཤིང་བུ་ལ་སོགས་དཀར་པོ་དགེ་བའི་མཐུན་རྐྱེན་དུ་གྱུར་ཚད་ཐམས་ཅད་སྣང་བ་བརྡ་ཡི་བླ་མ་ཡིན་པས་དེ་ཡང་བླ་མར་ཤེས་དགོས། སྤྱིར་བླ་མ་དེ་ལ་ཕྱི་རོལ་རྟགས་ཀྱིའམ་མཚོན་བྱེད་དཔེ་ཡི་བླ་མ། མཚོན་བྱ་དོན་གྱི་བླ་མ། གཉུག་མ་ཡེ་ཤེས་ཀྱི་བླ་མ་སོགས་གུ་རུ་རིན་པོ་ཆེའི་ཡེ་ཤེས་ཀྱི་སྐུ་གཅིག་ལ་འདུས་པར་སོམས་དང་འདུས་ཡོད་གསུངས་པ་བཞིན་ནོ། །སྐྱབས་འགྲོ་མེད་ན་ཕྱི་རོལ་བ་དང་འདྲ། དངས་བའི་དད་པ་ཡོད་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པ་དཔེར་ན་ཆུ་སྣོད་ཡོད་ན་ཟླ་གཟུགས་འཆར་རུང་རྒྱ་མཚོ་དང་ཆུ་སྣོད་ཐམས་ཅད་སྐམ་སོང་ན་གཟའ་སྐར་གྱི་གཟུགས་བརྙན་མི་འཆར་བ་ལྟར་རེད། དཔེར་ན་སྐྱ་རེངས་ཀྱི་སྣང་བ་ལས་ཉི་མའི་དཀྱིལ་འཁོར་མཐོང་བ་ལྟར་དད་པ་དང་དཀོན་མཆོག་གསུམ་གྱི་བྱིན་རླབས་ལ་བརྟེན་ནས་གནས་ལུགས་རྟོགས་དགོས། ཁྱད་པར་ཕྱག་རྫོགས་གཉིས་དད་པ་ཁོ་ནས་ཉེར་ལེན་གྱི་རྒྱུ་བྱས་ནས་རྟོགས་དགོས་པ་དང་། རང་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་པ་དང་དཀོན་མཆོག་གསུམ་གྱི་བྱིན་རླབས་གཉིས་དད་པས་མཚམས་སྦྱར་ནས་ཐོ་ཐུག་ཚེ་ཆན་ལ་ཕབ་བཏབ་པ་ལྟར་རྒྱུད་ལ་བྱིན་རླབས་ཞུགས་ནས་རང་རྒྱུད་ཀྱི་མ་རིག་བདེན་འཛིན་གྱིས་དྲང་བའི་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་བསེ་ལུང་ལྕགས་ཀྱི་རྒྱ་མདུད་བཀྲོལ་བ་བཞིན་འཐོར། ཉམས་ཞེན་གྱི་ཤུན་པ་ཐམས་ཅད་རི་ཆེན་སྨུག་པས་བཏུམ་པ་རླུང་གིས་གཏོར་བ་བཞིན་དགབྱིང་རྨུག་རྙོགས་པའི་དྲི་མ་ཐམས་ཅད་མགོའི་དམུ་གབ་བླང་བ་ལྟར་དངས། གཟུང་འཛིན་གྱི་འཆིང་བ་དང་བྲལ་འགྲོ་བ་སོགས་དཀོན་མཆོག་གསུམ་གྱི་བྱིན་རླབས་རང་རྒྱུད་ལ་ཞུགས་པའི་རྟགས་རེད། དེ་ཚེ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དབུ་མ་ཆེན་པོ། སྲིད་ཞི་སྤང་བླང་དང་བྲལ་བའི་ཕྱག་རྒྱ་ཆེན་པོ། སྣང་སྲིད་སེམས་སུ་རྫོགས་པའི་རྫོགས་པ་ཆེན་པོ་སོགས་ཁྲིད་བཏབ་ནས་ངོ་སྤྲད་པ་མ་གཏོགས། ཐ་མལ་མ་དག་པའི་སྣང་ཞེན་འདི་དག་རྗེན་ཅེར་ལ་བཟུང་ནས་བསྒོམ་ཁྲིད་སོགས་བྱེད་རྒྱུ་མེད་པ་དགག་བྱ་རེད། དེས་ན་དྭངས་བའི་དད་པ་ཡོད་དགོས། སྐྱབས་སུ་མཆི་ཞེས་པ་དང་འགྲོ་ཞེས་དོན་གཅིགདད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལས་ལ་གཞོལ། །ཁྲོམ་འཚོགས་དང་ཐོ་བརྩེགས་ནི་བསྒོམ་ཤེས་པ་མ་ཟད་མིང་ཙམ་ཤེས་པ་དཀའ། ཕ་དཀྱིལ་འཁོར་གཅིག་པ། མ་བླ་མ་གཅིག་པ་གདམས་ངག་ནུ་ཞོ་གཅིག་པའི་རྡོ་རྗེ་སྤུན་གྲོགས་རྣམས། སྔ་ཕྱི་དང་མཉམ་པ་རྣམས་ཕུ་བོ་དང་ནུ་བོ་མཚེ་མའི་ཚུལ་དུ་མོས་གུས་ཀྱིས་ཉིན་ཞག་གཅིག་གི་བར་བརྩེ་གདུང་ཡིད་ལ་མ་དྲན་ན་དམ་ཚིག་ཉམས་པ་དང་། ཚིག་བཅད་གཅིག་གི་དོན་འཆད་པ། །གང་གིས་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླང་ནས། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །སྨེ་ཤ་ཅན་མི་གཙང་བའི་ལས་བྱེད་པའི་རིགས་ཡིན་ཞེས་མི་ཕམ་སྐད་གཉིས་ཤན་སྦྱར་ན་གསུངས་ཡོད། རྡེའུ་ཤིང་བུ་སོགས་དགེ་བའི་མཐུན་རྐྱེན་ཐམས་ཅད་སློབ་དཔོན་ཡིན་པའི་ཚུལ། སློབ་དཔོན་ཨ་ཝ་དྷུ་ཏིས། །སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ། །ནགས་ན་རི་དྭགས་ཚོལ་བ་དང་། མདའ་མཁན་དང་ནི་གཞོན་ནུ་མ། འདི་དྲུག་ང་ཡི་སློབ་དཔོན་སྟེ། ཞེས་དང་། རེ་བ་ཟང་ཟིང་ཁྱིམ་སྤོང་དང་། །དབེན་པའི་ནགས་སུ་གོམས་པ་དང་། །དམིགས་པ་བསྟན་དང་གཅིག་པུ་ཉིད། །འདི་དྲུག་ང་ཡི་བླ་མར་རྙེད། །གསུངས་པ་ལྟར་བསྒོམ་དགོས་པ་དང་། །རང་གིས་ལོག་ལྟ་བྱེད་པ་དང་། མི་དད་པ་ཡོད་ན་དམིགས་བསལ་བྱས་ནས་ལུས་མ་བསྒྱུར་བར་ད་ལྟའི་ཆ་བྱད་ལྟར་དུ་གཅིག་པུ་བསྒོམ། ཡང་ཡང་གོམས་ཚེ་ཀུན་འདུས་ལྟར་བསྒོམ་ན་རང་རྒྱུད་ཀྱི་ལོག་ལྟ་འཇོམས་པ་དང་སྔགས་ན་བདེ་གཤེགས་སྙིང་པོ་ཡོད་ཚད་སྐྱབས་ཡུལ་བྱར་རུང་བས་ཆོགདེ་ལྟར་དམིགས་རྣམ་བསྲེས་ནས་ཡང་ཡང་སྐྱབས་སུ་འགྲོ་ཞིང་། ཉི་མ་ཉིན་ཕྱེད། ཟླ་བ་མཚན་ཕྱེད། མཐོ་ལ་ཁ། དམའ་ལུང་ཁུང་གང་དུ་སོང་ཡང་དཀོན་མཆོག་གསུམ་གྱི་སྣང་བ་དང་དགེ་བའི་བསམ་པ་དེ་མི་འབོར་བ་ཞིག་དགོས། ཇོ་བོ་རྗེས་སྐྱབས་འགྲོའི་ངོ་བོ་ཨི་ཐི་བ་ཞེས་ཡིད་ཆེས་པའི་དད་པ་ཞིག་ལ་གསུངས་སོ། ༈ །སྐྱབས་ཡུལ་དེ་དཔང་པོར་བྱས་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཞན་ཕན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སྨོན་འཇུག་གཉིས། སྨོན་པ་ནི་ཡིད་ལ་སྨོན་སེམས་དེ་ཁྱེད་རྣམས་ཀྱི་གཏོ་ཡིག་རྣམས་སུ་ཚིག་བཅད་ཚིག་ལྷུག་མང་པོ་ཡོད་པ་ལྟར་དང་། འཇུག་སེམས་སྨོན་པ་ལྟར་ལག་ལེན་ལ་བཏབ་ནས་དཔེར་འགྲོ་བར་འདོད་དང་འགྲོ་བ་ལྟར་འཇུག་པའི་དུས་སུ་སྨོན་སེམས་མི་འདོར་བ་ཡིན། ཟུར་གཉིས་ནི་སྙིང་རྗེའི་མཐུས་སེམས་ཅན་ལ་དམིགས་པའི་ཟུར་འཁོར་བ་སྤྱི་བྱེ་བྲག་གི་སྡུག་བསྔལ་ལ་བསམ་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གྱིས་དཀོན་མཆོག་གསུམ་གྱི་ཡོན་ཏན་སྤྱི་བྱེ་བྲག་ལ་དམིགས་ནས་འཁོར་བའི་སྡུག་བསྔལ་འདི་བརྩེ་བའི་ཕ། བྱམས་པའི་མ། གཅེས་པའི་བུ། མཛའ་བའི་གྲོགས། རིའི་ལྷ། ཤིང་གི་ལྷ་སོགས་འཇིག་རྟེན་པ་གང་གིས་སྐྱོབས་མི་ནུས་ཤིང་དཀོན་མཆོག་གསུམ་ལ་སྐྱོབས་པའི་ཡོན་ཏན་ཡོད་ཚུལ་ཤེས་ན། ཤེས་ལས་བྱུང་བའི་དད་པ་ནི། །ཐམས་ཅད་མཁྱེན་པ་ཉིད་ཀྱིས་བཞེད། །ཞེས་དང་། སེམས་ཅན་ཐམས་ཅད་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་གྱུར་ཅིག ། སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག་ཅེས་སྨོན་ལམ་དང་འབྲེལ། དེ་ལྟར་བྱུང་ན་ང་རེ་དགའ་བསམ་པ་འདུན་པ་དང་འབྲེལ། དེ་ལྟར་འགྱུར་བ་ཞིག་བྱའོ་བསམ་པ་དམ་བཅའ་དང་འབྲེལ་བ། དེ་ལྟར་དུ་འགྲུབ་པ་བླ་མ་དཀོན་མཆོག་གསུམ་གྱིས་བྱིན་གྱིས་རློབས་ཤིག་ཅེས་སྨོན་ལམ་དང་འབྲེལ་བས་འབྲེལ་བ་བཞི་ལྡན་ཟེར། དེ་ལྟར་ཚད་མེད་རྣམ་བཞི་དམིགས་རྣམ་བསྲེ་ནས་བསྒོམ། རང་འདོད་ཡིད་བྱེད་ཀྱི་བློ་དང་མ་འདྲེས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་དམིགས་ནས་རྒྱལ་པོ་ལྟ་བུའི་སེམས་བསྐྱེད་ཚོ་ཡག་ནི་རེད། ད་རང་འདོད་ཡིད་བྱེད་ལྷམ་ངོར་ལྕི་བ་འབྱར་བ་ལྟར་ཐོན་ཨེ་འོང་། གཞན་ཕན་དོན་གཉེར་གྱི་བློ་འདི་དང་མ་བྲལ་ན་རྫི་བོ་ལྟ་བུའི་སེམས་བསྐྱེད་ཡིན་ཟེར་ནི་རེད། སྤྱིར་ན་གྲུབ་མཐས་བློ་བསྒྱུར་བའི་གང་ཟག་ཞིག་ཡིན་ཚུན་ཆད་ཐེག་ཆེན་པའི་རིགས་སུ་འཇོག་ཆོག་ནི་རེད། དཀོན་མཆོག་ལ་བླ་མར་བྱེད་ནི། རྒྱུ་འབྲས་ལ་ཡིད་ཆེས་ཡོད་ནི། མི་རྟག་སྡུག་བསྔལ་སྟོང་བདག་མེད་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་གྲུབ་མཐས་བློ་བསྒྱུར་བ་ཡིན་ནི་རེད། འཁོར་བ་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་བྱང་སེམས། སྣང་སྲིད་རྣམ་དག་གི་དག་སྣང་། རྒྱུ་འབྲས་ཡིད་ཆེས་པའི་དྭངས་བའི་དད་པ་སོགས་ཡོད་དགོས། སྡིག་སྒྲིབ་བྱང་བ་ལ་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མེད། བྱང་སེམས་འཕགས་པས་ཡན་ལག་གི་བསྐྱང་བསྐུམ་བྱས་ཚད་དང་། སངས་རྒྱས་ཀྱིས་དབུགས་ཀྱི་འགྲོ་འོང་ཐམས་ཅད་གཞན་དོན་དུ་མི་འགྱུར་བ་མེད། བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་འདྲེན་ན་ཐག་པ་སངས་རྒྱས་དབུར་བཏགས་ཀྱང་ཆོག་གསུངས་ཡོད། བྱང་སེམས་ཀྱི་རོ་བམ་པ་རུལ་བ་མཐོང་ནས་དད་པ་བཞག་ན་སྐྱེ་བ་གཅིག་ལ་ངན་སོང་དུ་འགྲོ་ནི་མ་རེད། དེ་བཞིན་དུ་གདུང་རུས་དང་མྱོང་གྲོལ་སོགས་དེ་ལྟར་རེད། དེ་ནས་དབང་བཞི་བླང་ན་ལེགས། སྐྱབས་ཡུལ་འོད་ཞུ་བྱས་ནས་རང་གི་ལུས་ངག་ཡིད་གསུམ་མམ་ཉམས་ལེན་ངང་ཐིམ་ནས་ཐུགས་ཡིད་དབྱེར་མེད་ལ། ཡུན་ཐུང་གྲངས་མང་ཁང་སྟོང་ཐིག་པ་བཞིན། གསུངས་པ་ལྟར་མ་བྱས་ན་ཡུན་རིང་སོང་ན་བྱིང་བ་ཐོན་ནས་མེ་ལོང་ལ་ཕུ་བཏབ་པ་བཞིན་དྭངས་ཆ་བསྒྲིབ། རྨུག་པས་གསལ་ཆ་བསྒྲིབ། གཉིད་ཀྱིས་ལུས་ངག་གི་རང་ཚུགས་མི་ཐུབ་པ་སོགས་རིམ་གྱིས་འོང་། ཀུན་གཞི་ལུང་མ་བསྟན་དང་ཉམས་བདེ་གསལ་མི་རྟོག་གསུམ་སོགས་ལམ་ཡང་དག་པ་ཞིག་ཟིན་དཀའ་ཚུལ་མང་པོ་གསུངས། ༈ མཉམ་བཞག་གི་རྒྱ་མ་རལ་གོང་ནས་བསྔོ་དགོས། བསྔོ་རྒྱུའི་དགེ་རྩ་ནི། རྣམ་སྨིན་གྱིས་བདེ་བ་བསྐྱེད་པས་ན་དགེ་བ། དེའི་རྒྱུ་བྱེད་པས་ན་རྩ་བ། དབྱེ་ན་གང་ཟག་གི་སྒོ་ནས་དབྱེ་ན་རང་གིས་བསགས་པ། གཞན་གྱིས་བསགས་པ། རང་གཞན་གཉིས་ཀས་བསགས་པ། དེ་ལ་ཡི་རང་བའོ། །སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། ལུས་ངག་ཡིད་གསུམ་གྱིས་བསགས་པ། དུས་ཀྱི་སྒོ་ནས་དབྱེ་ན། འདས་པའི་དུས་སུ་བསགས་ཟིན་པ། མ་འོངས་དུས་སུ་གསོག་པར་འགྱུར་བ། ད་ལྟའི་དུས་སུ་བསོག་བཞིན་པ། བསོད་ནམས་བྱས་པའི་ངོ་བོའི་སྒོ་ནས་དབྱེ་ན། སྦྱིན་པ་ལས་བྱུང་བའི་བསོད་ནམས། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས། སྒོམ་པ་ལས་བྱུང་བའི་བསོད་ནམས། རྣམ་པར་སྨིན་པའི་སྒོ་ནས་དབྱེ་ན། འཇིག་རྟེན་དང་ཐར་པ་དང་ཐམས་ཅད་མཁྱེན་པའོ། དེ་སོགས་མང་པོ་ཡོད་པ་ཡིན། རང་འདོད་ཡིད་བྱེད་ཀྱི་བློ་ཅན་ཐེག་དམན། གཞན་ཕན་དོན་གཉེར་གྱི་བློ་ཅན་ཐེག་ཆེན་ཐར་པ་ཆ་མཐུན་ནོ། །བསྔོ་ཚུལ་ལའང་གསུམ་ལྔ་དྲུག་བདུན་བརྒྱད་སོགས་མང་པོ་ཡོད་ཀྱང་བསྔོ་མཁན་དང་། བསྔོ་རྒྱུའི་དགེ་རྩ། བསྔོ་ཡུལ་གསུམ་ལ་འཁོར་གསུམ་ཞེས་དེ་ལ་འདུས་ཏེ། བསྔོ་བའི་དཔང་པོར་ཕྱོགས་བཅུའི་ཞིང་རབ་འབྱམས་མུ་མཐའ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་ནམ་མཁར་བཞུགས་ཡོད་པར་མོས་ན་མངོན་སུམ་དུ་བཞུགས་ཡོད། ནམ་མཁའི་ཁམས་འདི་ན་སངས་རྒྱས་མི་བཞུགས་ས་སྐྲ་ཡི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་འཇོག་ས་མེད། མ་ཟད་སྐྲ་ཙམ་ཁྱོན་ལ་སོགས་ལྟར་དང་ཁྱིམ་བདག་ནམ་ཕུག་གིས་འདས་པའི་སངས་རྒྱས་ཐམས་ཅད་མངོན་སུམ་བཞུགས་པར་གཟིགས་ཚེ་སངས་རྒྱས་ལ་ཞུས་ཚེ། དེ་དེ་བཞིན་ནོ་སངས་རྒྱས་ཀྱི་སྐུ་ལ་འདས་གྲོངས་མེད་ཀྱང་སེམས་ཅན་གྱི་ལས་དབང་གིས་སྣང་བ་ཡིན་གསུངས་ལྟར་པ་བཞུགས་ཡོད། དགོངས་གསོལ་བྱས་ན། སེམས་ཅན་ཀུན་གྱིས་རྟག་ཏུ་གང་སྨྲས་ཚིག་དང་། རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། ཞེས་པ་ལྟར། ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། ཐུགས་ཀྱིས་དགོངས་ནས་ཡོད་པའི་དྲུང་དུ་། བསྔོ་བྱེད་བྱང་ཆུབ་ཀྱི་སེམས་དེས་བསྔོ་རྒྱུའི་དགེ་རྩ་རྣམས། མིག་གིས་གཟུགས་ལ་བལྟ་བ་ལྟར། དམིགས་རྣམ་བསྲེས་ལ་རང་གི་དགེ་རྩ་ཅི་བསགས་དེའི་མཐུ་ལ་བརྟེན་ནས་དེས་མཚོན་པས་སོ་སྐྱེས་ས་ནས་སངས་རྒྱས་ཀྱི་བར། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་སོ་སོའི་སྐྱེ་བོ་སོགས་ཞེས་དུས་གསུམ་དུ་བསགས་དང་གསོག་འགྱུར་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱས་ན། སངས་རྒྱས་ཀྱི་ཞལ་ནས་གསུང་པའི་བཀའ་མདོ་སྡུད་པ་ན། སྟོང་གསུམ་རི་རབ་གླིང་བཞི་བྱེ་བ་ཕྲག་བརྒྱ་རྣམས་སྲང་ལ་གཞལ་ན་རྣམ་མཁྱེན་ཡེ་ཤེས་ཀྱིས་གཞལ་ནུས་ཀྱང་རྗེས་སུ་ཡི་རང་གི་བསོད་ནམས་གཞལ་དུ་མེད་གསུངས་པས་ན། རྗེས་སུ་ཡི་རང་དང་བཅས་པའི་སྒོ་ནས་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམ་ཏེ་བསྡོམ་ནས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་མཁའ་ལ་ཁྲི་གདུགས་ཤར་བ་བཞིན་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་མཛད་པ་དང་། སྐུ་ཚེ་བསྐལ་བརྒྱའི་བར་དུ་བརྟན་པར་དམིགས་ལ། དེ་བསོད་ནམས་དང་བཅས་པ་ཐམས་ཅད་བསྔོ་བའི་གནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་མདའ་སྔུན་གྱི་འབེན་བཞིན་དམིགས་ནས། བསྔོ་ཡུལ་གྱི་སེམས་ཅན་རྩ་བའི་ཕ་མ་དང་གདོན་བགེགས་ཀྱི་ཐོག་དྲངས་སེམས་ཅན་ཐམས་ཅད་གནས་དེར་རྩལ་ཆེན་གྱིས་མདའ་འཕང་བ་ལྟར་སྐྱེ་བའི་ཆེད་དུ། དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་དུ་བསྔོས་པ་དང་བསྔོ་བར་འགྱུར་བ་དང་། བསྔོ་བར་མཛད་པ་ལྟར་བདག་གིས་ཀྱང་དེ་ལྟར་བསྔོ་བར་བགྱིའོ། །ཞེས་དོན་ཡིད་ལ་སྨོན་པ་དང་ཚིག་ལམ་དུ་བཏབ་ཚེ་རྒྱལ་བ་སྲས་བཅས་ཀྱིས་དེ་ལྟར་དུ་འགྲུབ་པར་གྱུར་ཅིག ། ཅེས་མཐུན་འགྱུར་མཛད་པར་བསམ་དགོས། སྒོ་དབོན་ལ་མི་ཕམ་གྱིས་གསུངས་པ་ལྟར་རེད། དེ་ལྟར་བསྔོས་ན་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་མཐུན་པའི་བསྔོ་བ་ཡིན། བློ་གྲོས་རྒྱ་མཚོ་ཞུས་པའི་མདོ་ལུང་ཚིགས་སུ་བཅད་པ་ལས། དཔེར་ན་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། ཞེས་སོགས་མི་ཟད་པས་རྒྱས་ཐེབས་པ་རེད། རིགས་པ་བཞིས་གཏན་ལ་ཕབ་ནས་སྣང་སྟོང་ཟུང་འཇུག་གི་མདོ་མ་ཤོར་བཞིན་བསྔོས་ན་འཁོར་གསུམ་དམིགས་མེད་ཀྱི་དོད་ཐུབ། འཁོར་གསུམ་དམིགས་མེད་ནི་འཕགས་པ་མ་གཏོགས་སོ་སྐྱེས་ཀྱི་བློས་དཔག་པར་མི་ནུས་པས་རྗེས་མཐུན་ཡག་མོ་རེ་ཤེས་ན་དོད་ཐུབ། དམིགས་མེད་ཅེས་པ་ཅི་མེད་ཅང་མེད་ཅི་ཡང་མ་བསམ་པའི་ཧད་པོ་ཞིག་ལ་ཟེར་བ་མིན་ཏེ། བདེན་འཛིན་དང་ཞེན་པ་མི་དམིགས་ཤིང་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུའི་སྣང་ཆ་འགགས་མེད་ཀྱི་སྟེང་དུ་སྔགས་ཀྱིས་བསྔོ་བ་དང་སེམས་བསྐྱེད་སོགས་འཇོག་ནི་རེད། གནད་འདི་མ་གོ་བར་སྟོང་སྐད་ཧད་པོ་ལ་གོ་ན་ཧ་ཤང་དང་ཆད་ལྟ་ལྟར་གྱུར་ནས་ཐར་བའི་སྲོག་རྩ་གཅོད་པ་ཡིན་ཞེས་ཀློང་ཆེན་རབ་འབྱམས་ཀྱིས་ཤིང་རྟ་ཆེན་པོ་ན་གསུངས་སོ། །དེང་སང་དེ་འདྲ་བ་མང་བས་ཐོ་ཅོའི་སྤྱོད་པ་ཞེས་གཞན་ལ་སྨྲ་མི་ཕོད་པའི་ཚིག་ཡིན་ཚུལ་སོགས་ཀྱི་ཞལ་འཕང་དང་ཞལ་རྒྱུན་དུ་མ་གསུངས། མདོར་ན་ཐོག་མར་དགེ་བ་སྦྱོར་བ་སེམས་བསྐྱེད་དམ་པ། བར་དུ་དགེ་བ་དངོས་གཞི་དམིགས་མེད་དམ་པ། ཐ་མར་དགེ་བ་རྗེས་སུ་བསྔོ་བ་དམ་པ་གསུམ་མེད་དུ་མི་རུང་བ་ཡིན་པས། དཔལ་སྤྲུལ་རིན་པོ་ཆེས། ཡོད་ཀྱི་དམ་པ་གསུམ་གྱི་དེས་ཆོག་ཡིན། མེད་ཀྱི་དམ་པ་གསུམ་གྱི་དེས་ལུས་ཡིན། །གསུངས་པ་ལྟར། དགེ་རྩ་ཆེ་ཆུང་ཅི་བསོག་ཐམས་ཅད་དམ་པ་གསུམ་མམ་སྦྱོར་དངོས་རྗེས་གསུམ་མམ་ཐབས་ཤེས་གཉིས་སམ་འདིས་ཟིན་ན་ཚོགས་རྟེན་བཟང་པོ་ཞིག་ཡོད་ནི་རེད། དེ་ལྟར་ཀུན་སློང་དཀར་ནག་ཁྲ་གསུམ་སོགས་ལ་བརྟགས་ནས་བཅོས་པ་དང་། བློ་ལྡོག་རྣམ་བཞི་དང་སྐྱབས་སེམས་དང་། རྗེས་སུ་བསྔོ་སྨོན་སོགས་ནི་ཐབས་ཀྱི་ཆ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། ཐུགས་ཡིད་དབྱེར་མེད་བསྲེས་ནས་མཉམ་པར་འཇོག་པ་ནི་ཤེས་རབ་ཀྱི་ཆ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་སྟེ་ཚོགས་གཉིས་ཟུང་འཇུག་ཡིན། གུ་རུ་རིན་པོ་ཆེ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསྒོམ་ན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་སྐྱབས་སུ་སོང་བའི་བསོད་ནམས་ཐོབ་པར་ཚིག་གསུམ་གནད་བརྡེག་གི་འགྲེལ་བ་ན་དཔལ་སྤྲུལ་གྱིས་གསུངས་ཡོད་པ་ལྟར་རེད། དགེ་སེམས་སྐད་ཅིག་མ་དང་ཐལ་མོ་ཡ་གཅིག་སྦྱར་བ་དང་ཆུ་གཙང་མེ་ཏོག་ལ་སོགས་པའི་ཡིད་དུ་འོང་བ་གང་མཐོང་ཚེ། བླ་མ་དཀོན་མཆོག་གསུམ་མཆོད། ཁམས་གསུམ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་ཟེར་ན། དཀོན་མཆོག་གསུམ་ཡིད་ལ་དྲན་པས་སྐྱབས་ཡུལ་གསལ་བ་སྐྱབས་འགྲོ་ཚང་། སེམས་ཅན་ཐམས་ཅད་དྲན་པས་སེམས་བསྐྱེད་ཚང་། མཆོད་ཅེས་པས་ཚོགས་བསགས་ཚང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག་གིས་བསྔོ་བ་སྨོན་ལམ་ཚང་བའི་དགེ་རྩ་ཡང་དག་ཡིན་ནི་རེད། ཆགས་སྡང་རྨོངས་གསུམ་སོགས་བསམ་ངན་ཡིད་ལ་ཤར་ཚེ་བླ་མ་དཀོན་མཆོག་གསུམ་མཁྱེན། དུས་ད་ནས་བཟུང་སྟེ་ཁམས་གསུམ་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་རང་གཞན་ལ་ཕན་པར་མི་འགྱུར་བའི་བསམ་པ་ངན་པ་རྒྱུད་ལ་མི་སྐྱེ་བར་ཤོག་ཅིགཟེར་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་ཀྱིས་རྟོག་ངན་རྒྱུད་ལ་མི་སྐྱེ་བ་དང་སྔོན་བསགས་ཀྱི་ལས་ངན་འཛད་པ་རེད། དེས་ན་དུས་ད་ནས་བཟུང་སྟེ་དབུག་སྔོ་ཧྲིང་ངེ་ཆད་མ་སོང་བར་དུ་དགེ་བའི་བསམ་པ་དང་དཀོན་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་བར་བྱས་ན། རྨི་ལམ་དུ་འཇིགས་སྐྲག་གི་སྣང་བ་ཤར་དུས་སུ་དེ་དྲན་ནས་འཇིགས་སྐྲག་ཞི། དེ་བཞིན་དུ་བར་དོའི་འཇིགས་སྐྲག་སོགས་ཞི་ནི་རེད། ༈ དགེ་སྡིག་གཏོང་ལེན་དབུགས་ཀྱི་འགྲོ་འོང་དང་བསྟུན་ན་ཆོགམིན་ན་དམིགས་ཀྱང་ཆོགརང་གཞན་གཉིས་ཀྱིས་དུས་གསུམ་བསགས་པའི་དཀར་པོ་དགེ་བའི་ལས་ཐམས་ཅད་འོད་དཀར་པོའི་རྣམ་པར་ཕར་འཕྲོས་སེམས་ཅན་ཐམས་ཅད་ལ་ཐིམ་ནས་སེམས་ཅན་ཐམས་ཅད་བདེ་བ་རྒྱུ་འབྲས་གཉིས་དང་ལྡན་པར་གྱུར་ཅིག་བསམ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་འོད་ནག་པོའི་རྣམ་པར་ཚུར་འདུས་ནས་རང་གི་སྙིང་ནང་དུ་བདག་འཛིན་འུག་པར་གསལ་ལུགས་ཡོད། མིན་ཀྱང་ཆོག ། བདག་འཛིན་དེ་ལ་ཐིམ་པས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བར་གྱུར་ཅིག་བསམ། དབུ་མ་རིན་ཆེན་ཕྲེང་བ་ལས། སེམས་ཅན་གྲངས་ནི་ཚད་མེད་པས། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་པས་སེམས་ཅན་གྱི་གྲངས་ཚད་མེད་པ་དེ་དག་རེ་རེ་ལ་དགེ་རྩ་རེ་རེ་ཐོབ་པ་དང་དེ་སྙེད་ཀྱི་གྲངས་ཀྱི་བསོད་ནམས་རེ་རེ་ཐོབ་པར་གསུངས། དགེ་རྩ་འཛད་པའི་རྒྱུ་བཞི་ནི། མ་བསྔོས་པ་དང་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་རྗེས་སུ་འགྱོད། །འདི་བཞི་དགེ་རྩ་འཛད་པའི་རྒྱུ། །ཞེས་དང་། དོན་དམ་དམིགས་མེད་ཀྱི་བསྔོ་བ་དང་ཀུན་རྫོབ་དམིགས་བཅས་ཀྱི་བསྔོ་བ་གཉིས་ལ་འདུ། དོན་དམ་གནས་ཚུལ་སྤྲོས་མཐའ་དང་བྲལ་བ་རེད། ཀུན་རྫོབ་དམིགས་བཅས་ནི་རྒྱལ་བ་སྲས་བཅས་ཀྱི་རྗེས་སུ་སློབ་པ་རེད། ཁྲོ་བ་སོགས་ཀྱིས་དགེ་རྩ་འཛད་ཚུལ། ཕར་ཕྱིན་ན་བསྐལ་པ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་གསུངས་པ་དང་། འཇམ་དཔལ་རྣམ་པར་རོལ་པའི་མདོ་སོགས་ན་བསྐལ་པ་བརྒྱར་གསུངས་པ་ཡུལ་གྱི་ཁྱད་པར་ཡིན་པ་འདྲ། ཁྲོ་ཡུལ་ཆེན་པོ་ལ་ཁྲོས་པ་མི་ཕམ་གྱིས་སྔགས་ལ་བཞག་ཡོད། མཉམ་པ་ལ་ཁྲོས་པ་འཇིག་རྟེན་ཕལ་པ་ལ་ཁྲོས་པ་དང་། ཆུང་ངུ་ལ་ཁྲོས་པ་ཕལ་པ། བྱང་སེམས་ཆེ་འབྲིང་ཆུང་གསུམ་ལ་ཁྲོས་ན་ཡུལ་གཉན་པོ་ས་ཐོབ་ཀྱི་སེམས་དཔའ་ཡིན་པ་དང་མཁས་བླུན་གྱི་སྡིག་པའི་ལྕི་ཡང་ལྕགས་ཀྱི་གོང་བུའི་མཐུན་དཔེ་ལྟར་རེད། ཁྱད་གྱུར་གྱི་དོགས་པ་ལེན་ལུགས་བསྒྲིགས་ལུགས་སོགས་དཔེ་ཆ་གཞན་དུ་གསལ། བསྐལ་པ་ཆགས་གནས་འཇིག་སྟོང་བཞི་པོ་བར་བསྐལ་ཉི་ཤུ་ཉི་ཤུ་ཡོད་པས་བརྒྱད་ཅུ་དེ་བསྐལ་ཆེན་གཅིག་ཏུ་བརྩི་བའི་བརྒྱ་སྟོང་རེད། དེས་ན་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པ་ཅི་ནས་ཀྱང་གལ་ཆེ། མདོ་སྔགས་གང་ཡིན་ཀྱང་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པ་དོན་གཅིགརྨོངས་མ་རྨོངས་ཀྱིས་ལམ་མྱུར་བུལ་ཡོད་པས། རིང་ལམ་རྒྱུའི་ཐེག་པ། ཉེ་ལམ་འབྲས་བུའི་ཐེག་པ། མྱུར་ལམ་སྔགས་ཀྱི་ཐེག་པ་སོགས་ཁྱད་ཆེ། ཕར་ཕྱིན་ལྟར་ན་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྦྱོར་བ་ཕར་ཕྱིན་ལྔས་གཟུགས་སྐུའི་བསྒྲུབ་གཞི་དང་ཤེས་རབ་ཕར་ཕྱིན་གྱིས་ཆོས་སྐུའི་བསྒྲུབ་གཞི་བྱེད་པ་ཡིན། ཤེས་རབ་མེད་ན་སྦྱིན་སོགས་ལྔ་པོར་ཕར་ཕྱིན་གྱི་མིང་མི་ཐོག་པ་དང་། དམུས་ལོང་བྱེ་བ་ཕྲག་བརྒྱ་གྲོང་ཁྱེར་ཞིག་ལ་འཇུག་དགོས་ན། དམིགས་བུ་ཅན་གཅིག་མེད་ན་ལམ་མི་མཐོང་ཞིང་། གྲོང་ཁྱེར་དུ་འཇུག་པར་མི་ནུས་པ་བཞིན་ཤེས་རབ་མེད་ན་ཡང་དག་སངས་རྒྱས་ཀྱི་གོ་འཕང་ལ་འཇུག་མི་ནུས་སོ། །བྱང་སེམས་དབང་རྣོན་ཡིན་ཀྱང་བསྐལ་ཆེན་གྲངས་མེད་གཅིག་གི་མཐར་སངས་རྒྱས་པ་དང་གྲངས་མེད་གསུམ་སོགས་ཀྱི་མཐར་སངས་རྒྱས་པར་གསུངས། ཉེ་ལམ་ན་ཕྱི་རྒྱུད་སྡེ་གསུམ་པ་མི་ཚེ་བཅུ་དྲུག་དང་བདུན་གསུམ་སོགས་ཀྱི་མཐར་སངས་རྒྱས་པ་དང་། མྱུར་ལམ་ན་ཚེ་ལུས་གཅིག་སོགས་ཀྱིས་སངས་རྒྱས་པར་གསུངས། སྔགས་ཕྱི་པ་ལྟར་ན་བསྐྱེད་རིམ་གྱིས་ལོངས་སྐུ་སྟེ་སྤྲུལ་སྐུ་གཟུགས་སྐུ་གཉིས་ཀྱི་བསྒྲུབ་གཞི་དང་། རྫོགས་རིམ་གྱིས་ཆོས་སྐུ་བསྒྲུབ་གཞི་བྱེད། རང་ལུགས་ལྟར་ན་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ་ལ། སེམས་ཀྱི་མཚང་བཙལ་བ། རྟོག་པའི་རྩད་བཅད་པ། བྱུང་གནས་འགྲོ་གསུམ་ལ་བརྟགས་པ་སོགས་གཞི་ཁྲེགས་ཆོད་ཀྱིས་ཆོས་སྐུའི་བསྒྲུབ་གཞི་དང་། འཁོར་འདས་རུ་ཤན་དབྱེ་བ་སོགས་ལམ་ཐོད་རྒལ་གྱིས་གཟུགས་སྐུ་གཉིས་ཀྱི་བསྒྲུབ་གཞི་བྱེད་ནི་རེད། དེ་ལྟར་མ་བྱས་པར་ལར་འགྲོ་ལུགས་ཡོད་ནི་མ་རེད། དེང་སང་དེ་ལྟར་མི་བྱེད་པར་དཔེར་ན་བླ་མའི་མགོ་འདྲེས་གཡོག ། ཡོན་བདག་གི་མགོ་བླ་མས་གཏོགས་ཟེར་ཐང་། བླ་མས་ཁྱེད་ཀྱི་ལུས་ངག་ཡིད་གསུམ་གཙོ་གང་ཆེ་ཟེར། སློབ་མས་སེམས་གཙོ་ཆེ་ཟེར། འོ་དེ་རེད་གང་ན་ཡོད་གི་ཟེར། གང་ན་མེད་ཁུ་ཟེར། འོ་ཡོད་ནི་མ་རེད་ཅི་ཡང་མ་བསམ་མ་བཅོས་པར་སྡོད་ཟེར། ལུས་ངག་ལ་མ་ལྟོས་པར་སེམས་གཙོ་ཆེ་ཞིག་ཡར་གྱི་སངས་རྒྱས་ས་ན་སྐུ་གསུང་ལ་མ་ལྟོས་པར་ཐུགས་རང་རྐྱ་ཐུབ་པ་ཞིག་དང་མར་གྱི་རིགས་དྲུག་གི་གནས་ན་ལུས་ངག་ལ་མ་ལྟོས་པའི་སེམས་རང་རྐྱ་ཐུབ་པ་ཞིག་མེད། དེ་བཞིན་དུ་ང་དང་ང་ཡི་བའི་ཚུལ་དུ་རྒྱལ་བའི་ཕྱག་གིས་མི་ཁེགས་པར་ང་ཡོད་མེད་ཀྱི་ཚུལ་སོགས་བདག་མེད་གཉིས་ཀྱིས་གཏན་ལ་ཕབས། དཔྱོད་བྱེད་ཀྱི་ཤེས་རབ་ཀྱིས་ཡང་ཡང་དཔྱད་ནས་ལམ་མ་ནོར་བ་ཞིག་རྙེད་དགོས། མི་ཕམ་རིན་པོ་ཆེས་སེམས་ཅན་རྣམས་ཐོག་མེད་ནས་མ་བཅོས་པར་ཡོད་པའི་ཁར་ཁྱོད་ཀྱིས་ད་དུང་མ་བཅོས་ཞེས་བསྐུལ་མི་དགོས་གསུངས། ཆོས་དབྱིངས་མཛོད་ན། ཡང་ཡང་བལྟས་ན་བལྟ་རྒྱུ་མེད་པ་མཐོང་། །ཡང་ཡང་བསྒོམ་ན་དཔྱད་པའི་ངེས་ཤེས་འདྲོངས། །ཞེས་བསྒོམ་པས་ཉམས་སུ་མྱོང་ནས་བསྒོམ་དགོས། ཐོས་བསམ་སོགས་རྒྱ་ཆེར་མ་ཤེས་ཀྱང་རང་ལམ་འདིའི་ངོས་ཟིན་དགོས། ཐེག་དམན་ཉན་རང་གི་གྲུབ་མཐའ་རང་རྐང་གི་ལམ་ནི་རྒྱ་གར་ལས་འདིར་དར་ནི་མ་རེད། དེ་ལས་འཁོར་བར་ཞེན་ལོག་གི་ངེས་འབྱུང་དང་སོ་ཐར་གྱི་སྡོམ་པ་ཆ་ཤས་རེ་བསྲུང་བ་ཙམ་ལས་ཅང་མེད། ཐེག་ཆེན་གྲུབ་མཐའ་རང་གཞུང་ལྟར་དུ་ཉམས་སུ་ལེན་གི་ཡོད་པ་ཡིན། དེ་ལས་ངེས་འབྱུང་གི་བསམ་པ་དང་གཞན་ཕན་དོན་གཉེར་གྱི་བྱང་སེམས་དང་ཕར་ཕྱིན་དྲུག་ཙམ་རེ་དང་། ཕྱི་རྒྱུད་སྡེ་གསུམ་ན་ནི་ཅང་ཆེན་པོ་ཡོད་ནི་མ་རེད། བསྐྱེད་པ་མ་ཧཱ་ཡོ་ག་ན་དག་མཉམ་གྱི་ལྟ་བ་ཙམ་ལས་བསྐྱེད་རིམ་ནི་ལྷའི་མཛུབ་མོ་ཙམ་བསྐྱེད་ཨེ་ཤེས། གསལ་བརྟན་དག་གསུམ་ཙམ་མི་ཤེས། རྫོགས་རིམ་གྱི་ཁྲིད་རྒྱུན་ནི་མེད། ཆད་ཚར། རྡོ་གྲུབ་རིན་པོ་ཆེས་ཉག་བླ་ལ་གསུང་གི་གསུངས། རྫོགས་རིམ་ཨ་ནུ་ན་མདོ་འགྲེལ་མུན་པའི་གོ་ཆ་སོགས་ཡོད་ཀྱང་། སྔོན་མི་ཕམ་རིན་པོ་ཆེས་ཁོང་གིས་འགྲེལ་བ་ཞིག་མཛད་གསུངས་ཀྱང་ཡི་གེ་མ་རྙེད་ནས་ཅང་མ་རེད་དུས་ད་ནི་སུས་ཤེས། རླུང་ཁུག་པ་གཅིག་ཨེ་ཟིན། འཛིན་ཨེ་ཤེས། ཨ་ཏི་ན་ཕྱི་སེམས་སྡེ། ནང་ཀློང་སྡེ། གསང་བ་མན་ངག་གི་སྡེ་གསུམ། དེ་ཡང་སེམས་ཀློང་གཉིས་སྔོན་སྤང་རྒན་མི་ཕམ་མགོན་པོའི་ར ིང་ལ་རྒྱ་ཆེར་དར་ཀྱང་། ད་ལྟ་ཀཿདཔལ་ཚོ་ན་རྒས་རྒན་རེ་རེ་གཉིས་རེས་ཨེ་ཤེས་དེ་ལས་མེད། མན་ངག་གི་སྡེ་ནི་རྒྱ་ཆེ་བ་པཎྜི་ཏའི་སྐོར་ཀློང་ཆེན་མཛོད་བདུན། དོན་ཟབ་པ་ཀུ་སཱ་ལིའི་སྐོར་ཡ་བཞི་དང་རྒྱུད་བཅུ་བདུན། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད་ཡོད་ནི་རེད། དེའི་དབང་ཁྲིད་མན་ངག་དང་བཅས་པ་ད་ལྟ་ལྷག་ཡོད་ནི་རེད། ལྷག་རྒྱུ་བཟང་པོ་ཞིག་ལྷག་ཀྱང་། དེང་སང་གི་དུས་འདིར་ཀུན་གྱིས་ཅི་མེད་ཅང་མེད་ཧང་ཧང་སྟོང་སྟོང་ཞིག་ལ་མཆོག་ཏུ་རློམས་ནས་ཚུལ་བཞིན་བསྒོམ་མཁན་དཀོན། ཧ་ཤང་གི་ལྟ་བ་འདྲ་བ་ལ་རིག་ངོ་འཕྲོད་ཟེར་ནས་མི་ཆོས་བླ་མའི་རྫུན་ཆེན་པོ་སྨྲ་བ་མང་ཡང་། དེ་འདྲའི་ཆོས་མིན་ཆོས་སུ་རློམ་པ་དང་གཞན་ལ་བཤད་པ་སོགས་ནི་ཆོས་སྤོང་གི་ལས་རེད། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་བསྒྲུབ་ཀྱང་ཆོས་སྤོང་མཚམས་མེད་བྱས་པ་མ་གཏོགས་པ། ཞེས་མི་སྐྱེ་གསུངས་སོ། ཕམ་པ་འབྱུང་ཚུལ་ཡང་ཅི་གསུངས་ཡོད་མི་མཐུན་ཕྱོགས་ཀྱིས་གཉེན་པོ་མཐུན་པའི་མཐུ་སྟོབས་བཅོམ་པས་ཕམ་པ་ཨེ་ཡིན། རིག་པ་རྟོགས་ཟེར་བ་དེ་མི་ཆོས་བླ་མའི་རྫུན་ཨེ་རེད། ས་མ་ཐོབ་ན་ཐོབ། མངོན་ཤེས་མེད་ན་ཡོད་ཞེས་པ་ནི་མི་ཆོས་བླ་མའི་རྫུན་ཡིན། མདོ་སྔགས་གང་ནས་ས་མ་ཐོབ་པར། རིག་པ་དོན་སྤྱིའི་ཚུལ་དཔེ་ཡི་འོད་གསལ་ལས་རིག་པ་དངོས་དོན་གྱི་འོད་གསལ་མཐོང་བར་མ་གསུངས། ཚོགས་ལམ་བཞི་གསུམ་བཅུ་གཉིས། ཆུང་ཆེ་འབྲིང་གསུམ་དང་ཆོས་ཉིད་མངོན་སུམ་དང་སྦྱར་ནི་རེད། ཆེན་པོའི་སྐབས་ཚོགས་ལམ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་དུས། མཆོག་གི་སྤྲུལ་སྐུ་སངས་རྒྱས་དང་རྗེ་བཙུན་འཇམ་དཔལ་དབྱངས་སོགས་ལ་ཆོས་མི་དང་མི་ལབ་པ་ལྟར་ཞུ་ཆོག་པ་རེད། སྦྱོར་ལམ་ངེས་འབྱེད་ཆ་བཞིའི་དྲོད་ཐོབ་པ། གཙུབ་ཤིང་གཙུབ་གདན་བརྡར་བའི་དཔེ་ལྟར་དྲོད་ཐོབ་ནས་མཐོང་ལམ་ལ་སྦྱོར་བའི་སྔ་ལྟས་དང་རྩེ་མོ་དང་བཟོད་པ་ཆོས་མཆོག་གཉིས་པར། རིག་འཛིན་བཞི་དང་སྦྱར་ན་རྣམ་སྨིན་རིག་འཛིན། ཟག་ཁམས་ཀྱི་ཕུང་ཁམས་ཡེ་ཤེས་ཀྱི་མེས་ཟོས་པས་རྣམ་སྨིན་གྱི་ལུས་རྒྱ་དང་མ་བྲལ་བ་ཡིན་པས་ཚེ་དབང་རིག་འཛིན་མ་ཐོབ། ཚོགས་སྦྱོར་གཉིས་ཀྱི་སྐབས་སུ་དཔེ་ཡི་འོད་གསལ་དངས་བའི་དད་པའི་ཡིད་མཚོའི་ངོར་གནམ་ཟླའི་དོན་སྤྱི་གཟུགས་བརྙན་ལྟར་ཤར་བ་བཞིན་རིག་པའི་དོན་སྤྱིའི་དཔེ་ཡི་འོད་གསལ་འཆར་ནི་རེད། སྦྱོར་ལམ་དང་ཉམས་གོང་འཕེལ་སྦྱར་ནི་རེད། འདིའི་སྐབས་སུ་རྒྱལ་བ་ལོངས་སྐུའི་ཞིང་དུ་ཆོས་ཉན་ཆོག་པ་རེད། མཐོང་ལམ་ཐོབ་དུས་གནམ་ཟླ་དངོས་སུ་མཐོང་བ་ལྟར་རིག་པ་དངོས་མཐོང་བ་དོན་དངོས་ཡིན་པ་དང་། ཟག་ཁམས་ཀྱི་ཕུང་པོ་ཟག་མེད་ཡེ་ཤེས་ཀྱི་མེས་བཞུས་པས་ལུས་འོད་ལུས་སུ་གྱུར། སེམས་ཆོས་སྐུར་གྱུར་ནས་སྐྱེ་རྒ་ན་འཆི་སོགས་དང་བྲལ་ནས་ཚེ་དབང་རིག་འཛིན་ཐོབ། དོན་འོད་ཟུང་དུ་འཇུགམཉམ་བཞག་ཏུ་རྣམ་གྲངས་མ་ཡིན་པའི་དོན་དམ་བློའི་སྤྱོད་ཡུལ་མིན་ཞེས་ཡེ་ཤེས་ཀྱི་སྤྱོད་ཡུལ་རེད། རྗེས་ཐོབ་ལྡང་ཚེ་སྐད་ཅིག་གཅིག་ལ་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་བཅུ་གཉིས་ལ་ཆོས་སྟོན་པ་སོགས་མཛད་པ་བཅུ་གཉིས་མཛད་ནུས་པ་ཡིན། འདིའི་སྐབས་སུ་རིག་པ་ཚད་ཕེབས་དང་ཕྱག་ཆེན་རིག་འཛིན་རིག་པ་མངོན་སུམ་རྟོགས་པའི་ཡོན་ཏན་འདི་རེད། འདི་རྟགས་ཡོད་ཟེར་བ་རེད། ཨེ་ཡོད་ཀི་མི་ཆོས་བླ་མའི་ཆོས་རྫུན་ཨེ་རེད་སོགས་རྒྱ་ཆེར་གསུངས་ཀྱང་མ་བྲིས། ཚོགས་སྦྱོར་གཉིས་ཀྱི་སྐབས་སུ་རྣམ་གྲངས་པའི་དོན་དམ་བློ་ཡི་སྤྱོད་ཡུལ་ཡིན་ཞེས་སེམས་རྣམ་ཤེས་ཀྱི་སྤྱོད་ཡུལ་རེད། མ་ཟད་འཕགས་པའི་དག་པ་ས་གསུམ་མན་ཆད་རྗེས་ཐོབ་རྒྱ་ཡན་པ་ཡོད་པས་རྣམ་གྲངས་མ་ཡིན་པའི་དོན་དམ་བློ་ཡི་སྤྱོད་ཡུལ་འཇོགམཐའ་གཅིག་ཏུ་དོན་དམ་བློའི་སྤྱོད་ཡུལ་མིན་ན་དོན་དམ་བདེན་པ་རྟོགས་དུས་མེད་པར་འགྱུར་ནི་རེད། རིག་པ་དངོས་རྟོགས་རྒྱུ་མ་ཟད་ཞི་གནས་མཚན་ཉིད་པ་ཞིག་རྟོགས་ཡོད་དཀའ་མོ་རེད། སེམས་བཏང་འགྲོ་བཞག་སྡོད་ཞི་གནས་ཀྱི་མཚན་ཉིད། སེམས་བཞག་ན་རི་དབང་ལྟར་གཡོ་མེད་དུ་སྡོད་པ་དང་། བཏང་ན་དགེ་བའི་དམིགས་རྣམས་ཀུན་ལ་འཇུག་ནི་རེད། དེའི་ཚེ་ལུས་ངག་སོགས་ལ་ཤིན་སྦྱང་ཐོན་པས་སོར་མོ་གཅིག་སར་བཙུག་ནས་ཉིན་ཞག་གི་བར་བཞུགས་ཀྱང་དཀའ་བའི་སྣང་བ་མེད་ཚུལ་ཇི་འདྲ་གསུང་ཡོད་གི། དགྲ་བཅོམ་པས་བཏགས་པའི་སྤྱོད་ལམ་སྐབས་སུ་ལུང་སྟོང་དུ་ཀི་བྱེད་པ་དང་། སྦྲུལ་གྱི་སྐེད་པ་བརྫི་བ་ཡོད་ནི་རེད། ཆོས་ཉིད་ཟད་སར་འཁྱོལ་དུས་ད་རུང་སྦྲུལ་ཤི་བའི་རོ་ལྟར་བདེན་འཛིན་གྱི་འདྲ་འགོག་སྐར་མདའ་བརྒྱུག་པ་ལྟ་བུ་རེ་ཡོད་ནི་རེད། ཁོས་རྟོགས་ཡོད་རིག་པ་ཡིན་ཟེར་བའི་རྫུན་ཆེན་པོ་བཤད་མི་འདི་རྣམས་ནི་ལས་ངན་པ་བསགས་འདོད་པ་རེད། ཁ་ཟ་ཉམས་དང་རྒྱབ་དྲོ་ཉམས་སོགས་དོན་ཅི་ཡང་མེད་པར་རང་གི་དགེ་རྩ་བཅད་ནས་དམྱལ་བར་འགྲོ་བའི་ལས་བྱེད་པ་རེད། རྡོ་ཡུལ་འདི་ཚོ་སྔགས་ལ་མོས་པ་ཡོད་པས་ཆེ་ཆུང་སུ་ཡིན་ཀྱང་ཉམས་ལེན་ལ་དད་པས་དེ་ནི་ཡོན་ཏན་ཞིག་རེད། གསང་སྒོ་འཆོལ་བ་སོགས་ནི་སྐྱོན་ཆེན་པོ་རེད། གསང་སྒོ་འཆོལ་སོང་ན་རྟོགས་པ་རྒྱུད་ལ་སྐྱེ་དོ་ནི་མ་རེད། ཅིའི་ཕྱིར་ན་གསང་སྔགས་ནི་དམ་ལྡན་གྱི་སྐྱེས་བུ་གང་ན་གནས་པ་དེར་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མའི་ཚོགས་ཀྱང་དེ་ན་གནས་པ་ཡིན་ནོ་ཞེས་པས། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་དམ་མེད་དེ་ཡི་རྒྱུད་ཀྱི་རྟོགས་པ་སྦྲང་མས་མེ་ཏོག་གི་བཅུད་བླངས་བ་ལྟར་བླངས་ནས་ནུབ་ཕྱོགས་ཨོ་རྒྱན་གླིང་དུ་ཁྱེར་འགྲོ་ནི་རེད། གང་ཟག་དེ་ཚེ་འདིར་ནད་གདོན་སོགས་མི་འདོད་པ་སྣ་ཚོགས་ཀྱིས་མནར་ནས་འཕོས་མ་ཐག་ཏུ་མནར་མེད་དུ་འགྲོ་དགོས་པར་གསུངས། སྲུང་མ་བཙན་པས་སྲོག་རྩ་གཅོད་པར་བྱེད་ནི་རེད། ཆོས་འདི་མ་ཞུས། མ་རྟོགས། ཤེས་རབ་ཞན་པས་དགོངས་གནད་མ་ལོན། བརྩོན་འགྲུས་ཞན་པས་ཉམས་སུ་མྱོང་མ་ཐུབ་ཟེར་ན། གང་ཟག་དེ་ཤན་པ་གདོལ་པ་སྨད་ཚོང་མ་སོགས་ཡིན་ཀྱང་གསང་སྔགས་འདི་དེའི་ལག་ཏུ་གཏོད་གསུངས་ཡོད། རྒྱ་གར་ཚོ་ན་མན་ངག་གའུ་མ། གོང་ཁུག་མ། གླེགས་བམ་མ་ཞེས་རྟག་ཏུ་མིས་མི་མཐོང་བར་བྱེད་ནི་རེད། དེ་ཁེ་ཆུང་༼ཅུང་ཟད་ཀྱི་དོན་༽རེ་ཨུ་ཤེས་ཚད་བསམ་ན། ཁོ་ཚད་མཐོན་པོ་བཤད་པ་དེ་བསྐྱུར་ནས་བླ་མའི་མན་ངག་བཞིན་དུ་བསྒོམ་དགོས། ལ་ལ་ཚོར་ཕར་ཅིག་བསླབ་ཀྱང་དེ་བསྐྱུར་ནས་ཁོ་རང་གི་རང་བསམ་ཞིག་བྱེད་ནི་རེད། ཡུན་ཐུང་དགོས་ཟེར་ན་རང་འདོད་པ་རྣམ་རྟོག་ཤར་ན་སེམས་སྡུག་པ། ལྷོད་ཟེར་བ་ཁ་ལ་མི་ཉན་པ་རྣམས་ལ་ཅང་ལས་ཀྱི་མི་ལག ། སྐེ་རེ་བསྲིང་ཤུ་རེ་ཟེར་ནས་སྡུག་བཙུམ་མེར་མི་འདུག་པར་རྣམ་རྟོག་ཤར་ན་མངོན་དུ་གྱུར་འཇུག ། ཐུགས་ཡིད་དབྱེར་མེད་བསྲེ། དཀོན་མཆོག་གསུམ་ལ་དད་པ་བྱས་ན་ཆགས་སྡང་རྨོངས་གསུམ་སོགས་ཅི་ཤར་ཐམས་ཅད་རང་སར་གྲོལ་ནས་ཤར་ཆ་ཡོད་བཞིན་གྲོལ་ཆ་ཡོད་ནི་རེད། སྐྱེས་བུ་ནད་མེད་པ་དག་ལ་ཉིན་ཞག་ཕྲག་གཅིག་བར་དུ་རྣམ་རྟོག་ཉི་ཁྲི་ཆིག་སྟོང་འཆར་གསུངས་པས་དེ་དག་ལ་དགའ་སྡུག་བྱེད་ཚོད་ཨེ་ཡོད། རྡོ་གྲུབ་རིན་པོ་ཆེས། སྤྱི་རྒྱ་དེ་རླབས་ཀྱིས་མ་ཆོད་ན། །ཁོལ་ཚེའི་བང་ཐོག་གིས་ས་མི་ཆོད། །ཅེས་གསུངས་པ་ལྟར་རླབས་ཆེན་པོས་ཆོད་དགོས། སྔ་དྲོ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་གུ་རུ་རིན་པོ་ཆེ་བསྒོམ་ལ་སིདྡྷི་འདོན། བར་བར་དེ་བཞིན་དུ་ཐུགས་རྗེ་ཆེན་པོ་བསྒོམ། བདག་བསྐྱེད་འདོན་ན་ལེགས། མིན་ཀྱང་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱངས་། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་དུ་བལྟ་ཞིང་མ་ཎི་འདོན། དགོང་མོ་དེ་བཞིན་དུ་རྗེ་བཙུན་སྒྲོལ་མ་བསྒོམ། སྒྲོལ་མ་འདོན་ན། འདི་ནི་ཆོས་ཀྱི་དབྱིངས་ཀྱི་ལྷ་ཡིན་པས་གནས་ལུགས་རྟོགས་པ་སོགས་དོན་ཆེ། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་བཏབ་ན་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྐུ་རིང་ལ་སངས་རྒྱས་རིན་ཆེན་སྙིང་པོས་ལུང་བསྟན་ཚེ་སྨོན་ལམ་གྱི་དམ་བཅའ་བཟུང་བས་བདེ་བ་ཅན་དུ་སྐྱེ་སླ་བ་ཡིན། བདེ་བ་ཅན་དུ་སྐྱེ་ན་བདེ་སྐྱིད་ལོངས་སྤྱོད་ཆེ་སངས་རྒྱས་པ་ལ་ད་དུང་ཐག་རིང་བ་རེད། བསྐལ་བཟང་འདི་ཡི་བསྐལ་བའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་ཅེས་སངས་རྒྱས་འོད་དཔག་མེད་སངས་རྒྱས་ནས་བདེ་བ་ཅན་གྱི་ཞག་པོ་བཅུ་ལས་མ་སོང་། དེ་འདྲའི་བསྐལ་པ་གྲངས་མེད་དུ་ཞབས་འབྲིང་བྱས་ནས། དེ་ནས་རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱི་ཞབས་འབྲང་ལ་བསྐལ་པ་བྱེ་བ་ཁྲག་ཁྲིག་དང་འབུམ་ཕྲག་དགུ་བཅུ་རྩ་དྲུག་རེ་རེའི་ཡུན་དུ་བྱས་ནས་དེས་མཐར་འཚང་རྒྱ་བར་གསུངས། ཞིང་དེ་ན་མདོ་ཡི་ཆོས་སྟོན་ནི་རེད། ཟངས་མདོག་དཔལ་རི་ལ་སྐྱེས་ན་སྔགས་ཀྱི་ཆོས་སྟོན། དེ་ལས་མྱུར་དུ་འཚང་རྒྱ་བ་ཡིན། ཞིང་ཁམས་ཡིན་ཡང་མདོ་སྔགས་ཀྱི་ལམ་ལ་མྱུར་བུལ་གྱི་ཁྱད་ཆེ་ནི་རེད། རྒྱལ་ཚབ་བྱམས་པའི་སྨོན་ལམ་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན་གང་ཟག་དེ་ཤི་བའི་ཚེ་བར་དོའི་གནས་སུ་ཁོང་བསུ་མ་འོང་བ་ཡིན་གསུངས་ཡོད། ཙིའུ་དམར་བཏོན་ན་འདི་ནས་ལོ་བཞི་བརྒྱ་མི་འགྱང་བ་ཙམ་ནས་རིགས་ལྡན་ལྕགས་འཁོར་ཅན་གྱིས་མཐའ་འཁོབ་རྣམས་བཏུལ་ནས་དུས་འཁོར་གྱི་བསྟན་པ་དར་ཚེ། ཙིའུ་དམར་ཆོས་རྒྱལ་གྱི་སྐུ་ལྷ་དང་རིགས་ལྡན་སྒོ་བསྲུང་ཡིན་པས་དེར་འཁྲིད་པར་གསུངས། མི་ཕམ་ཡང་དེའི་དུས་སུ་དམག་དཔོན་ཆེ་ཤོས་ཡིན་གསུངས་པ། རིགས་ལྡན་གྱི་གསོལ་འདེབས་དང་མི་ཕམ་ལ་གསོལ་བ་བཏབ་ན་འཁོར་དུ་སྐྱེ་དོ་བ་འདྲ་གསུངས། གསར་མའི་ཕ་རྒྱུད་གསང་བ་འདུས་པ་ན་རིམ་ལྔ་དང་དགའ་བཞིའི་ཡེ་ཤེས། མ་རྒྱུད་བདེ་མཆོག་འཁོར་ལོ་ན་ཆོས་དྲུག་དང་སྟོང་བཞིའི་འོད་གསལ། གཉིས་མེད་རྒྱུད་དུས་ཀྱི་འཁོར་ལོ་ན་སྦྱོར་དྲུག་སྟེ། དུས་འཁོར་སྟོང་གཟུགས་ཀྱིི་ལྷ། ཡུལ་གསུམ་གྱད་དུ་གྱུར། སྒྱུ་ལུས་གྲུབ་པ་སོགས་ཡིན་ཚུལ་སོགས་དང་། བྱིས་པས་སངས་རྒྱས་ཀྱི་གཟུགས་བྲི་ཚུལ་བྱས་པས་ཐར་པའི་ས་བོན་དང་སྲིན་བུ་བདུན་གྱིས་ཆུ་ལས་མཆོད་རྟེན་བསྐོར་བས་ཐར་བའི་ས་བོན་ཐེབས་ཚུལ་སོགས་མང་པོར་གསུངས་ཀྱང་མ་བྲིས། བླ་མ་རིན་པོ་ཆེ་ཆོས་དབྱིངས་རང་གྲོལ་ཞལ་རྒྱུན་རྣམས་མཁན་པོ་འཇིགས་དཔལ་གྱིས་ཟིན་བྲིས་སུ་བྲིས་པ་རྣམས་སོ། །

ངེས་ཤེས་སྒྲོན་མེའི་ཟིན་བྲིས་བཞུགས།

བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དང་པོ་ཚད་མ་གཉིས་ཀྱིས་དྲངས་པའི་ངེས་ཤེས་ནི་ཟབ་མོ་སྟོང་པ་ཉིད་སྤྲོས་བྲལ་དབུ་མ་ཆེན་པོ་འདི་ལ་མཚན་བཏགས་ཚུལ་ནི། གསུང་པ་པོའི་སྒོ་ནས་མཚན་བཏགས་པ་ནི་སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་ཏ་སོགས་དང་། དཔེ་དོན་གྲངས་སོགས་ཀྱི་སྒོ་ནས་མཚན་བཏགས་པ་སོགས་མདོ་རྒྱུད་རྣམས་སུ་མང་པོ་གསུང་ཚུལ། །ཞུ་བ་པོའི་སྒོ་ནས་མཚན་བཏགས་ཚུལ་སྟག་མོས་ཞུས་པའི་མདོ་སོགས། །ཡུལ་གྱི་སྒོ་ནས་ལང་ཀར་གཤེགས་པ། གཙུག་ཏོར་ལྷ་ཡུལ་མ། རྡོ་འཕང་བའི་མདོ་སོགས། དཔེའི་སྒོ་ནས་དབུ་མ་རིན་ཆེན་ཕྲེང་བ། འདུལ་བ་མེ་ཏོག་ཕྲེང་མཛེས་སོགས། དོན་གྱི་སྒོ་ནས་མདོ་སྡེ་རྒྱན་སོགས། གྲངས་ཀྱི་སྒོ་ནས་རིགས་པ་དྲུག་ཅུ་བ། སྟོང་ཉིད་བདུན་ཅུ་པ། དབུ་མ་བཞི་བརྒྱ་པ་སོགས། འདིར་དཔེ་དོན་ཟུང་འབྲེལ་དུ་མཚན་བཏགས་ཚུལ་ཡིན། དོན་ངེས་ཤེས། དཔེ་རིན་པོ་ཆེའི་སྒྲོན་མེ་ཞེས་གཟུགས་ཅན་གྱི་རྒྱན་དུ་བཀོད་པ་ཡིན། ཟབ་པ་ཟབ་མོ་སྟོང་པ་ཉིད་ཀྱི་ཕྱོགས་ནི་རྟོགས་དཀའ་ཞིང་གཏིང་ཟབ་པ་རྒྱ་མཚོ་ལྟ་བུའོ། །རྒྱ་ཆེ་བ་ནི་ཕ་རོལ་ཕྱིན་དྲུག་དང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་ས་བཅུ་ལམ་ལྔ་སོགས་མཐའ་ཡས་པ་ལྟ་བུའོ། །དེ་གཉིས་རང་རྒྱུད་ལ་ངེས་པར་བྱའོ། །ངེས་བྱེད་ཀྱི་ཐབས་ཚད་མ་རྣམ་པ་གཉིས་པོས་ངེས་ཚུལ་བདེན་གཉིས་གཏན་ལ་དབབ་པའོ། །དེས་ན་ངེས་ཤེས་འདྲོང་བའི་ཐབས་ཚུལ་གྱི་གཞུང་བཟང་ནོར་བུ་ལྟ་བུ་འདིར་བཞུགས་ཞེས་སོ། །འཇམ་དཔལ་རྡོ་རྗེ་ནི་དབྱིངས་ཡེ་ཟུང་འཇུག་ཐེ་ཚོམ་གྱི་དྲྭ་བ་གཏོར་བྱེད་རྨོངས་པའི་སྦུབས་འཐིམ་ལས་སད་བྱེད་དམ་རྒྱ་དེ་འབྱེད་པར་བྱེད་པའི་ཡུལ་ཅན་ཚད་མ་གཉིས་པོས་ཡུལ་བདེན་པ་གཉིས་གཏན་ལ་དབབ་པའི་རྣམ་དཔྱོད་ཀྱི་ཤེས་རབ་བམ་ཡེ་ཤེས་དེ་ནི་རྡོ་རྗེ་ལྟ་བུ་སྟེ་ལོག་རྟོག་གི་ཚོགས་ཕར་འཇོམས་ཤིང་ཚུར་གང་གིས་ཀྱང་གཞོམ་མི་ནུས་སོ། །རྟོན་པ་བཞིའི་ནང་ཚན་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ། ཚིག་ལ་མི་རྟོན་དོན་ལ་རྟོན་པ། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ། སྔ་མ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཚད་མ་གཉིས་ཀྱིས་དྲངས་པའི་བདེན་དོན་རྣམ་པར་དག་པ་དེས་སྙིང་ལ་ངེས་ཤེས་ཟབ་མོའི་ཚུལ་དུ་འཇུག་པ་དེའི་ལམ་བཟང་། ངེས་ཤེས་འདྲོང་བ་ནི་འགྲོ་བ་ལྷ་དང་མིར་བཅས་པས་འཕྲོག་མི་ནུས་པ། མཐོ་ལ་ཁར་དམའ་ལུང་ཁུང་གང་དུ་ཕྱིན་ཀྱང་རང་ཚུགས་ཟིན་ནི་རེད། གཞི་ལམ་འབྲས་བུའི་སྐབས། གཞི་སྣང་སྟོང་བདེན་གཉིས་ཟུང་འཇུགལམ་ཐབས་ཤེས་སམ་ཚོགས་གཉིས་ཟུང་འཇུགའབྲས་བུ་དག་པ་སྐུ་གཉིས་ནི་རིགས་རང་བཞིན་གྱིས་དག་པ་ངོ་བོ་ཉིད་སྐུ། ཁམས་གློ་བུར་གྱིས་དག་པ་ཡེ་ཤེས་ཆོས་སྐུ་ཞེས་འདིར་ཆོས་གཟུགས་གཉིས་སུ་འདོད་གསུངས། རྨད་བྱུང་ཞེས་རྒྱ་གར་འཕགས་ཡུལ་ན་ཆོས་ངོ་མཚར་མཆོག་རྨད་དུ་བྱུང་བའི་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་ཟླ་བའི་དབུ་མ་འཇུག་པའི་རྩ་འགྲེལ་སོགས་ལྟ་སྤྱོད་གཉིས་པོ་ཟབ་བོ། །དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་དཔེར་ན་སེང་གེའི་མཇིང་གཉིས་བསྣོལ་ནས་བསྡད་ན་གཅན་ཟན་ཕལ་བ་གང་གིས་ཀྱང་གནོད་མི་ནུས་ཤིང་སྐྲག་ཅིང་ཟིལ་གྱིས་གནོན་པ་ལྟ་བུའོ། །ཐོལ་བྱུང་ལྡོམ་བུ་པ་ཞེས་ཤེས་རབ་རྩལ་བྱུང་ལྟར། དཔེར་ན་སྔོན་སྟོན་པ་སངས་རྒྱས་ཀྱིས་སྨན་གྱི་རྒྱུད་བཞི་གསུངས་སྐབས་དཔྲལ་བ་མགྲིན་པ་སོགས་ནས་དྲང་སྲོང་སྤྲུལ་ཏེ་ཕྱག་དང་སྐོར་བ་བྱས། མཆོད་པ་ཕུལ་བ་སོགས་བྱས་ནས་ཞུས་པ་ལྟ་བུའོ། །རྟོག་གེ་པ་ཞེས་ཆོས་འདི་ལས་ཕྱིར་གྱུར་པ་ཕྱི་རོལ་མུ་སྟེགས་པར་འདོད་ཀྱང་གནས་ལུགས་ཟབ་མོའི་དོན་མ་རྟོགས་པའི་ཚུར་མཐོང་ཁོ་ནའི་སྤྱོད་ཡུལ་ཅན་༼དང་ས་མཚམས་དམན་པ་སོ་སྐྱེས་༽དག་ལའོ། །དོགས་པ་ཁོང་སློང་གི་ཚུལ་དྲི་བ་བདུན་པོ་ལུང་རིགས་དང་མཐུན་པར་ལན་ལྡོན་ཅིག་ཅེས་ཕྱིས་ཐ་སྙད་གང་གིས་ཀྱང་རྟོག་གེའི་ཚིག་ལ་སོགས་པས་གནོད་མི་ནུས་པའི་ལན་ཐོབ་ཅིག་ཞེས་པ་ཡིན་གསུངས། ༈ ལྟ་བ་དགག་གཉིས་གང་ལྟར་སྨྲ། སྔ་རབས་རིང་ལུགས་ལ་དོན་དམ་རིག་ཤེས་ཀྱི་ངོར་མི་སྟོང་པའི་ཆོས་གང་ཡང་མེད། ཐ་སྙད་ཙམ་སྣང་ཚུལ་རྒྱལ་བའི་ཕྱག་གིས་མི་ཁེགས་པར་ཡོད་པར་འདོད་གསུངས། ཕྱི་རབས་པ་དག་གིས་ཀྱང་ཁོང་མེད་དགག་ཡིན་ཟེར་ཀྱང་ཀ་བ་མི་སྟོང་བདེན་གྲུབ་སྟོང་ཟེར། ལོ་གྲགས་ཟེར་གསུམ་མ་རུང་ཚིག་ཅེས་པ་ལྟར། དེ་ནི་མི་འདོད་མ་ཡིན་དགག་ཡིན་པར་འགྱུར་གི་གསུངས། སྔོན་རྒྱ་གར་འཕགས་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་ཤེས་གསུངས། དགོངས་པ་དེ་མཐུན་པར་སངས་རྒྱས་བསྐྱངས་ཀྱིས་རྩ་འགྲེལ་བྷུདྡྷ་པཱ་ལི་མཛད། དེའི་རྗེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དེ་ནི་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་བཞག་ན་མི་འཐད་ཀླུའི་དགོངས་པ་དང་མི་མཐུན་པར་འཇུག་སོགས་གསུངས་ནས་དགག་བྱ་ལ་བདེན་གྲུབ་ཀྱི་ཁྱད་པར་བཞག ། དེའི་རྗེས་དཔ༷ལ་ལྡ༷ན་ཟླ༷་བ༷ས་མི་འཐད་པར་གསུངས་ནས་དེའི་ལྟ་བ་ལ་སྐྱོན་གསུམ་བརྗོད་དེ་འཕགས་པའི་མཉམ་བཞག་ཡེ་ཤེས་དེ་དངོས་པོ་འཇིག་པའི་རྒྱུ་ཡིན་པར་ཐལ་བའི་སྐྱོན། དོན་དམ་པར་སྐྱེ་བ་མི་ཁེགས་པའི་སྐྱོན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བའི་སྐྱོན་འབབ་ཚུལ་སོགས་གསུངས་ནས་བཀག་ཅིང་སྔ་མ་ལྟར་མཛད་ནི་རེད་གསུངས། ༈ དབུ་མ་གཞན་སྟོང་ནི་རྒྱ་གར་ན་མེད་ཅིང་གྲུབ་ཐོབ་ཡུ་མོ་པས་བོད་དུ་བསྒྱུར་བ་ཇོ་ནང་སྟེ་དེས་དབུ་མའི་སྤྲོས་བྲལ་གྱི་སྟོང་ཉིད་དང་དུས་འཁོར་སྟོང་གཟུགས་གཉིས་པོ་ལྟོ་སྦྱར་ནས་ཟུང་འཇུག་གི་ཚུལ་དུ་བསྒོམ་པར་འདོད་དེ། སྟེ་དེ་ཏེ་གསུམ་ལྷག་བཅས་ཚིག༈ དམ་པའི་ཚུལ་དགུ་དང་ལྡན་པ་ནི། མཁས་བཙུན་བཟང་གསུམ། འཆད་རྩོད་རྩོམ་གསུམ། ཐོས་བསམ་སྒོམ་གསུམ་མོ། ༈ ཐོས་བསམ་ལྟ་བའི་ལུགས་ནི་དབུ་མའི་ལྟ་ཁྲིད་དང་འདི་ལྟར་རོ། །ཉམས་མྱོང་སྒོམ་པའི་ལུགས་ཕྱག་རྫོགས་མན་ངག་གི་ཁྲིད་རྒྱུན་ལྟར་ཡིན་གསུངས། ༈ གཟུགས་ཚོར་བ་སོགས་ནས་རྣམ་མཁྱེན་བར་རང་ངོས་ནས་སྟོང་པ་རང་ལུགས། ༈ དྲི་བ་བདུན་པོ་འདིའི་དོན་ཤེས་ན་ཐེག་རིམ་གྲུབ་མཐའི་གནད་རྣམ་འདིས་གྲོལ་བར་མི་ཕམ་སྤོབས་བསྒྲུབ་ན་གསུངས་ཡོད་གསུངས། ཤེས་པ་རྒྱ་ཆུང་ཐོས་པ་གྲངས་མང་། ༈ མེད་མིན་ཞེས་པ་མེད་དགག་མཚན་ཉིད། ཡོད་ཡིན་ཞེས་པ་མ་ཡིན་དགག་གི་མཚན་ཉིད་དོ། ༈ །ཆེ༷་རྣ༷མས་རྨོ༷ངས་ཞེས་བློ་གྲོས་རྒྱ་ཆེན་པོ་ཐོབ་པས་ཀྱང་། མི༷་སྨྲ༷འི་བརྟུ༷ལ་ཞུགས་ཞེས་ཅི་སྨྲ་འདི་སྨྲ་མེད་པའི་དོན་ཞེས་ཞལ་རྒྱུན་ཡིན་གསུངས། སྐྱོན༷་བྲ༷ལ་ཞེས་རྒྱལ་བའི་བཀའ་དང་མཐུན་པའི་ཚུལ་གཅིག་པུ་སྐྱོན་བྲལ་འཛམ་བུ་ཆུ་གསེར་ལྟ་བུ་ཞིགལྷ༷ན་སྐྱེས༷་ཞེས་སྐྱེས་ཐོབ་ཀྱི་ཤེས་རབ་བཟང་ངན་ནོ། །ལྕོགས་ར་དབུ་གཏུག་ཚུལ་ལོ། ༈ །སྣང་བའི་ཆོས་མཐའ་དག་ཤེས་བྱེད་འཇུག་བྱེད་ཀྱི་བློ་དེ་ཐ་སྙད་ཚད་མ། ས་བོན་དང་མྱུ་གུའི་དཔེའོ། །འགྲོ་བའི་སྡུག་བསྔལ་རྒྱལ་བའི་ཕྱག་གིས་ཀྱང་མི་ཁེགས། བག་ཆགས་འཁྲུད་མས་བཀྲུས་པས་ཀྱང་མི་འདག་ཞེས་སོ། །གནས་དོན་ལུས་གསུམ་ལ་ངོ་བོའམ་རང་བཞིན་མ་གྲུབ་པ་དོན་དམ་རིག་ཤེས་ཀྱི་ཚད་མ། ༈ མི་ཕམ་རིན་པོ་ཆེས་ཚེས་བཅུའི་ཉིན་སློབ་དཔོན་པདྨ་དང་། སྐབས་སུ་ཤཱཀྱ་ཐུབ་པ། ཡང་སྐབས་སུ་རྗེ་བཙུན་འཇམ་དཔལ་སོགས་ཞལ་མངོན་སུམ་གཟིགས་ནས་དེ་རྣམས་ལ་གསོལ་འདེབས་བྲིས་པའོ། །དཔལ་རི་རབ་གསལ་གྱིས། འདི་ནི་འཁོར་སློབ་མེད་པས་འདི་ལྟར་མཁས་པ་ནི་ཚོགས་ལམ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་སོགས་མང་པོ་གསུངས། ༈ ལེ༷གས་གསུང༷་ཞེས་མདོ་རྒྱུད་མན་ངག་གི་དོན་དང་ལྡན་ནོ། །དྲི་ལན་དང་པོའི་སྐབས་དགེ་ལྡན་ལྟ་བ༴ འདིའི་སྐབས་ལྟ་བ་མེད་དགག་དང་མ་ཡིན་དགག་ཟེར་ས་བོ་མཐར་ཐུག་གི་ལྟ་བ་ལ་གོ་དགོས་སོ། །ལམ་དུས་སུ་རང་ལུགས་ལྟ་བུ་ལའང་དལ་བརྒྱད་འབྱོར་བཅུ། མི་དགེ་བཅུ་སྤངས། དགེ་བཅུ་བླངས་པ་ལྟ་བུ་སོགས་མ་ཡིན་དགག་ཀྱང་ཡོད། གྲུབ་མཐའི་རྣམ་བཞག་ཆགས་ཚུལ་རྒྱ་གར་མན་ཆོད་བོད་གངས་ཅན་གྱི་ལྗོངས་འདིར་སྔ་འགྱུར་རྙིང་མའི་མཁན་སློབ་ཆོས་གསུམ་གྱི་དུས་སུ་མདོ་རྒྱུད་སེམས་གསུམ་པ་གོར་བཻ་རོས་རྒྱ་གར་ནས་བོད་དུ་བསྒྱུར། ཕྱི་དར་དུས་བཀའ་གདམས་པའི་ཇོ་བོ་ཡབ་སྲས་སོགས་བཀའ་བརྒྱུད་པའི་མར་མི་དྭགས་གསུམ། ས་སྐྱ་བ། ཇོ་ནང་བའི་ཡུ་མོ་བ། ཞུ་བྱེད་པ། དམ་པ་རྒྱ་གར། དགེ་ལྡན་པའམ་ཙམ་པོ་བ་དང་གྲུབ་མཐའ་བདུན་ཡོད་ཞེས་རྗེ་བདག་ཉིད་ཆེན་པོ་བྱོན་ནས་ལོ་ལྔ་བརྒྱ་ཙམ་བསྟན་རྩིས་ལས་གསུངས། གླང་དར་ཚུན་ཆད་སྔ་དར། ཕན་ཆད་ཕྱི་དར། སྔ་རབས་ཕལ་ཆེར་མེད་དགག་འདོད། མ་ཡིན་དགག་དངོས་བཀའ་རྒྱུད་ཇོ་ནང་གཉིས་ཡིན་གསུང་། ༈ དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ས་བོན་རྒྱུ་འབྲས་དཔེ་ཅན་ནོ། ༈ །རང་ལུགས་མེད་དགག་འདོད་ཚུལ་རྫོགས་པ་ཆེན་པོ་སྒོམ་པའི་རྣལ་འབྱོར་པའི་མཉམ་བཞག་གི་ཟུང་འཇུག་རྟོག་མེད། དེའི་ངོར་དགག་སྒྲུབ་བསལ་བཞག་དང་བྲལ་བས་མེད་མ་ཡིན་དགག་མི་འདོད། དགག་གཉིས་རྣམ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་གང་ཚེ་དངོས་དང་དངོས་མེད་ཀུན། བློ་ཡི་མདུན་ན་མི་གནས་བཞིན་དཔེར་ན་སྣང་བའི་མདུན་ན་མུན་པ་མི་གནས་པ་དང་འཁོར་བསྒྱུར་མུ་ཏོའི་དཔེ། ༈ དངོས་མེད་སྟོང་རྐྱང་མེད་དགགབཀག་ཤུལ་འཕེན་པ་མ་ཡིན་དགགསྟོང་ཚུལ་ལམ་གཏན་ལ་འབེབ་ཚུལ་ཁོ་ནས་དྲི་ན། ཟླ་བ་རོང་ཟོམ་གཉིས་ཀླུ་སྒྲུབ་ཀྱི་རྩ་ཤེས་ལྟར་དགོངས་པ་གཅིག་དང་དབྱངས་གཅིག་གིས་ལམ་དུས་སུ་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་སྟོང་ཉིད་དུ་གཏན་ལ་དབབས་ཕྱིར་མེད་དགག་འདོད་ཚུལ་རང་ལུགས་སོ། ༈ །དགག་བྱ་བཀག་ཤུལ་ཆོས་གཞན་མི་འཕེན་པ་མེད་དགགདགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་མ་ཡིན་དགག ། འཕེན་ཚུལ་དངོས་དང་ཤུགས་དང་གཉིས་ཀ་དང་སྐབས་ཐོབ་དང་བཞི་ཡོད་པ་སོགས༴ ༈ ཀུན་རྫོབ་ཆ་ནས་སྟོང་གཞི་ཀ་བུམ་དང་དོན་དམ་ཆ་ནས་སྟོང་གཞི་ཆོས་ཉིད། ཕྱི་རབས་པས་ཀ་བུམ་མི་སྟོང་བདེན་གྲུབ་གཞན་གྱིས་སྟོང་ཞེས་དང་ཆོས་ཉིད་རང་གི་ངོ་བོ་མི་སྟོང་ཆོས་ཅན་ཀ་བུམ་སོགས་གཞན་གྱིས་སྟོང་ཞེས་སྔ་མའི་ཆ་ནས་ཚིག་གི་གཞན་སྟོང་། ཕྱི་མའི་ཆ་ནས་དོན་གྱི་གཞན་སྟོང་ཡིན། ཇོ་ནང་པ་ཕྱི་མའི་རྗེས་འབྲང་དེའོ། ༈ །བོད་སྔ་རབས་པ་ས་སྐྱ་སོགས་ཀྱིས་ཐ་སྙད་ཚད་མ་མི་འཇོག་པས་དབུ་མར་ཚད་མ་མེད་ཅེས་འདོད། ༈ ཡེ་སྟོང་སྤྲོས་བྲལ་ཀ་ནས་དག་པ་ཡིན། ཀ་བ་བདེན་གྲུབ་མིན་ཞེས་ཤུགས་འཕངས་རེད། ཀ༷་བ༷་ཀ༷་ན༷ས༴ ཅུང་ཟད་མེད་པར་དམ་བཅའ་བཟུང་ནི་རེད། མེད་དགག་ཞེས་དགག་བྱ། མ་ཡིན་དགག་བསྒྲུབ་བྱ་ཡིན་གསུངས། ༈ ཚིག་དང་དོན་གྱི་གཞན་སྟོང་ཨི་རེད། རྣམ་དཔྱོད་ཀྱི་བློ་གྲོས་ཀྱིས་དཔྱད་ཏེ་མཁྱེན་པའི་ཐུགས་ཀྱིས་གཟིགས་དང་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མཁས་གྲུབ་ཀྱི་བསྟན་བཅོས་ལུང་རིགས་ཀུན་དང་འགལ་བར་འགྱུར་གི་ན། གསུངས་ནི་རེད། ༈ བདེན་གཉིས་ངོ་བོ་ཐ་དད་འདོད་ན་སྐྱོན་བཞི། ལྡོག་པ་ཐ་དད་མི་འདོད་ན་སྐྱོན་བཞི་འབབ། ངོ་བོ་གཅིག་ལ་ལྡོག་ཆ་ཙམ་ཡིན་གསུངས། སྲད་བུ་དཀར་ནག་ཟུང་འཇུག་མི་རུང་ཡན་ཚིག་གི་གཞན་སྟོང་མི་འདོད་ཚུལ། ཀ་བ་ཀ་ནས༴ དོན་གྱི་གཞན་སྟོང་མི་འདོད་ཚུལ་ཀ་བ་མི་སྟོང་བདེན་གྲུབ་སྟོང་པའི་ངེས་ཤེས་འདྲོང་ཚུལ་ནི་བདེན་གྲུབ་དབང་ཤེས་ལ་སྣང་ཚུལ་སོགས་ཀྱི་ཁྱད་ཆོས་ཁོ་རང་ལ་ཡོད་གསུངས། ཀ་བ་ཀ་བས་ཚིག་སྐྱོན་ཅན་ཏེ་རྟེན་གནས་ཀྱི་སྒྲ་རེད། རྟེན་ཀ་བ་ལ་དེར་བརྟེན་པའི་ཀ་བ་ཞིག་ཕོ་མོའི་ཚུལ་ལྟར་ཤིང་ལ་བྱ་ཚོགས་པའི་དཔེ་ལྟར་རོ། །ཡང་ན་དགོས་པ་ཆེན་པོ་ཞིག་ཡོད་དགོས། དེ་མེད་ན་བྱིས་པ་ཐ་སྙད་ཚིག་གི་བརྡ་ལ་རྨོངས་པ་ཡིན་གསུངས། འཕགས་པའི་མཉམ་བཞག་གི་ཆོས་དབྱིངས་མངོན་སུམ། ༈ སྐྱེ་འགག་མི་བྱེད་པ་རྟག་པའི་མཚན་ཉིད་ཡིན། ༈ སྔོན་ས་སྐྱ་བ་སོགས་ཀྱིས་རྒྱུ་འབྲས་ས་ལམ་གྱི་རྣམ་བཞག་ཐམས་ཅད་གཞན་གྱི་སྟེང་ནས་འཇོག་གི་རེད། དབུ་མའི་རང་ལུགས་སུ་ཐ་སྙད་ཚད་མ་མ་བཞག་སྟེ། དེ་བཞག་ན་བདེན་གྲུབ་པོ་སྙམས་སོ། །དེ་རྗེས་རྗེ་བདག་ཉིད་ཆེན་པོ་སོགས་ཀྱིས་ཐ་སྙད་ཚད་མ་༼ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག་སོགས་༽བཞག་པས་ཇེ་རགས་སུ་སོང་བ་ཡིན་གསུངས། ༈ འཐད་ལྡན་རང་ལུགས་སྒྲུབ་པའི་སྐབས་སུ་དེས་ན་སྔ་འགྱུར་རང་གི་ལུགས་ཀྱི་ལོ་རྒྱུས་སོགས། སྣང་ཆ་བདེན་གྲུབ་ཡིན་ན་རྟག་བརྟན་ཐེར་ཟུག་ཅན་ཏེ་སྐྱེ་འགག་མི་བྱེད་པ་རྟག་པའི་མཚན་ཉིད་དེ་རྟག་ལྟ། སྣང་བ་མེད་པར་འདོད་ན་ཆད་པ་སྟེ་རྟེན་འབྱུང་འགལ་མེད་དུ་ཆོས་ཐམས་ཅད་རྒྱུ་འབྲས་བསླུ་བ་མེད་པར་རྒྱལ་བའི་ཕྱག་གིས་ཀྱང་མི་ཁེགས་པར་སྣང་བ་འགག་མེད་ཉིད་དུ་ཤར་བར་འདོད། དུས་ན་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་བ་སྟོང་ཉིད་བཞི་སྦྱོར་མདོ་ན་རྒྱལ་བའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ན་གསུངས་ཡོད་པ་ལྟར་ཆོས་རྣམས་ཀྱི་གནས་ལུགས་དེ་ལྟར་རྟོགས་པ་ལ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པ་ཟེར་ནི་རེད། དེ་བཞིན་སྣང་སྟོང་དབྱེར་མེད་ཡིན་ཀྱང་སོ་སྐྱེས་བློ་ངོར་མི་སྣང་བ་ཡིན། གནས་ལུགས་བློར་མི་ཤོང་སྟོང་ཉིད་དབུ་མ་ཟེར་བ་དེ་སྤྲོས་པའི་མཐའ་བཞིའམ་བརྒྱད་དང་བྲལ་བ་འདོད་ཀྱི། ནམ་མཁའ་ལྟར་བེམ་ཤེས་གཉིས་ཀྱིས་སྟོང་པ་ཞིག་ཡིན། རི་བོང་རྭའི་སྟོང་པ་བཞིན་ཐ་ཤལ་བ་ཡིན། དེས་ན་ཟུང་འཇུག་ཡེ་ཤེས་ཆེན་པོ་ཤར་དགོས། དབུ་མའི་ཕུང་ཁམས་སྐྱེ་མཆེད་ཀྱི་སྟོང་ཉིད་འཇོགབློ་གསལ་སྤྲོས་པ་ཕྱི་རུ་བཅད། ཕྱག་རྫོགས་སོགས་རྟོགས་ལྡན་གྱི་སྤྲོས་པ་ནང་དུ་བཅད། མན་ངག་གིས་གསང་བ་སེམས་སུ་སྤྲོས་པ་བཅད་པ། ལང་གཤེགས་ལས། ཁམས་གསུམ་འདི་ནི་སེམས་ཙམ་མོ་ཞེས་སོ། །གཞུང་འདི་ནས། ཆུ་ཟླ་ཞེས་པ་ནས་ཆེན་པོར་གནས་བར། སྣང་སྟོང་ཟུང་འཇུག་གི་དོན་བསྟན། ཀ་སོགས་ཕུང་པོའི་བདེན་གྲུབ་སོགས་དགག་བྱ་འདིས་ཆོས་ཀྱི་དབྱིངས་ན་འདི་ནི་སྣང་བ་དང་སྟོང་པའོ་ཞེས་གཉིས་ཆོས་དང་བྲལ་བའི་ཁོ་ཐག་ནང་ནས་བཅད། ཕུ་ཐག་དྲུང་ནས་བཅད། ངེས་ཤེས་གཏིང་ནས་འདྲོང་ཚེ་སེ་ལུང་ལྕགས་ཀྱི་རྒྱ་མདུད་བཀྲོལ་བ་བཞིན་འགྲོ་གསུངས། འབྲས་བུ་དབུ་མ་སྤྲོས་བྲལ་ཟུང་འཇུག་ཆེན་པོའི་ངོར་མེད་པ་དང་མ་ཡིན་པ་འདི་མི་འདོད། ལམ་དུས་ན་གཞི་ཕུང་ཁམས་གཏན་ལ་དབབ་སྐབས་མི་སྟོང་པ་མེད་པས་མེད་དགག་ཡིན་ཀྱང་སྟོང་ཚུགས་མ་ཤོར་བཞིན་སྣང་བ་རྟེན་འབྱུང་ཀུན་རྫོབ་ཚད་མ། སྣང་ཚུགས་མ་ཤོར་བཞིན་སྟོང་པ་དོན་དམ་ཚད་མ། དེ་བཞིན་རྟེན་འབྱུང་འགལ་མེད་དུ་ཤར་བའི་ཚུལ་ཤེས་ན་ཁྱི་བརྒྱའི་འགྲམ་པ་གཅོག་པའི་བེ་དབྱུག་ལྟ་བུ་འདི་ཡིན་གསུངས། ༈ སེམས་ཀྱི་སྤྲོས་པ་སྒྱུ་མ་མཁན་པོ་བསད་ན་སྒྱུ་མའི་འཕྲུལ་ཞིག་པ་ལྟར་ཁམས་གསུམ་གྱི་འཁོར་རྩ་དུག་གསུམ་ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་དྲུང་ནས་ཞིག་པ་ཡིན་གསུངས། ༈ དཔེ་ལ་བརྟེན་ནས་དོན་ཤེས། དོན་ལ་བརྟེན་ནས་ཡིད་ཆེས་སྐྱེ། རང་ལུགས་ལ་གནས་སྣང་གཉིས་གཅིག་ཐ་དད་གང་དུའང་ཁས་མི་ལེན། ༈ གླང་དར་གྱིས་འདུལ་བའི་བསྟན་པ་བསྣུབས་རྗེས་ལྷ་བླ་མ་བྱང་ཆུབ་སོགས་ཀྱི་ལོ་རྒྱུས་དང་། ལོ་ཆེན་རིན་ཆེན་བཟང་པོས་ཇོ་བོ་དཱི་པཾ་ཀ་ར་བོད་དུ་གདན་དྲངས། སློབ་མ་རྔོག་ལེགས་པའི་བློ་གྲོས་ལ་གསང་ཕུ་ནེའུ་ཐོག་ཏུ་རི་ཁྲོད་བཏབ་ན། ནམ་མཁའ་ན་བྱམས་པ་དང་འཇམ་དཔལ་གྱིས་ཆོས་ཀྱི་བགྲོ་གླེང་མཛད་པར་མཇལ་བས་མ་འོངས་པར་དེ་གཉིས་ཀྱི་སྤྲུལ་པ་རེ་བྱོན་ནས་བསྟན་པ་དར་རྒྱས་སུ་དང་། བོན་རིའི་གཡས་ལོགས་སུ་ས་སྐྱ་བོ་ཡོད་སར་དེ་བཞིན་ཕྱག་མཁར་བཙུག་ནས་འདིར་དགོན་པ་ཞིག་བཏབ་ན་འཇམ་དཔལ་སྤྲུལ་བ་བདུན་ནམ་བརྒྱད་བྱོན་ནས་བསྟན་པ་དར་རྒྱས་སུ་འགྲོ་བར་ལུང་བསྟན། དེ་ལྟར་གྲུབ་པའི་ལོ་རྒྱུས་སོགས༴ ༈ རྒྱ་གར་གྱི་གྲུབ་ཆེན་ཌོམ་བྷི་ཧེ་རུས་སྟག་སེར་ཁྲར་ཞོན་ནས་རྔོག་ལེགས་པའི་ཤེས་རབ་བློ་གྲོས་ལ་སེམས་མ་ཡེངས་བ་དང་བློ་ཙབ་ཙུབ་མེད་པར་སྟག་འཕོང་ལ་འཇུས་གསུངས་ནས་ནམ་མཁར་ཇེ་མཐོར་གཤེགས་ཚེ། བོད་ཡུལ་གྱི་ས་ཆ་སྨུག་པ་འཐིབ་པོའི་འོག་ཏུ་རི་ནག་མུན་པ་འདྲར་གཟིགས་ནས། ཁོང་སར་ཕོགབསྟན་པ་སྒྲོན་མེ་བཞིན་དར་བར་བྱེད་དགོས་གསུངས་ཀྱང་ཇེ་མཐོར་གཤེགས་ཚེ་ཁོང་སར་མ་ཕབས་ན་ལྕེབ་པ་ཡིན་གསུངས་ནས་སར་ཕབས་བླ་མ་མང་པོ་བརྟེན། ཚད་མ་སོགས་ལ་མཁས་པར་སྦྱངས་ནས་ཚད་མའི་མགོ་བཙུགས་གསུངས། གསང་ཕུ་ནེའུ་ཐོག་ཏུ་བཞུགས་གསུངས་དང་འདྲ། དེ་སྲས་བུ་བཞིའི་ཆེ་བ་ཆོས་ཀྱི་སེང་གེའི་སློབ་མ་སེང་ཆེན་བརྒྱད་སོགས་ཀྱི་དུས་ཙམ་ན་ཉན་རང་ཆོས་བདག་མི་རྟོགས་ཞེས་གྲགས། ༈ དེའི་སྐབས་ཞིག་ན་ས་སྐྱ་བ་སོགས་རིམ་གྱིས་དར་ཚུལ་ཆོས་འབྱུང་འབེལ་གཏམ་ལ་ལྟོས་གསུངས། ༼ཤ་པ་ནི་སྒོ་མང་འཇམ་དབྱངས་བཞད་པས་ཨ་ཀར་སྒྲོན་ཤིང་ཡིན་གསུངས་ཀྱང་ཤུག་པའི་རིགས་ལ་གོ་ཆོག་ཞལ་རྒྱུན་ནས། ༽༈ སྔ་རབས་པས་ཉན་རང་དགྲ་བཅོམ་པས་ཆོས་བདག་མེད་མ་རྟོགས་གསུངས་པ་དེ་ཡང་མི་འཐད་ཚུལ་གཞུང་ན་གསལ། འདིའི་སྐབས་བདག་མེད་རྟོགས་མ་རྟོགས་ཟེར་ས་བོ་ཉན་རང་དགྲ་བཅོམ་ལ་གོ་དགོས། དགྲ་བཅོམ་པས་མ་རྟོགས་ན་དེ་མིན་རྣམས་སྨོས་ཅི་དགོས། གང་ཟག་གི་བདག་མེད་དེ་ཆོས་བདག་མེད་ཀྱི་བྱེ་བྲག་ཡིན། དཔེ་ཤིང་དང་ཤ་པ་སོགས་རྡེའུ་དང་བུམ་སོགས་མང་པོ་གསུངས། ལྷན་སྐྱེས་བདག་འཛིན་འདི་འཁོར་རྩ་སྟེ་འཁོར་བ་དུས་ཀྱི་དབང་དུ་བཞག་ན་ཐོག་མེད་ནས་ད་ལྟའི་བར་ཡན་ཆད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་ཏུ་འཁོར་བའི་ཡུལ་གནས་རིགས་དྲུགའཁོར་མཁན་སེམས་རྒྱུན། འཁོར་ཚུལ་ཟོ་ཆུ་རྫ་བུམ་སོགས། ༈ ཕྱི་རབས་པ་ཁ་ཅིག་གིས་བདག་མེད་གཉིས་རྟོགས་འདོད་པའི་མི་འཐད་པར་སྟག་ཚང་ལོ་ཙ་བས་འགལ་བའི་ཁུར་ཆེན་བཅོ་བརྒྱད་སོགས་བཀལ་བ་ལ་སོགས་སྤང་བྱ་མེད་ལ་ས་ཐོབ་ཡོད་པ་མཚར་གསུངས་པ་སོགས་ལ་ལན་མ་ཐེབ་ཚུལ་སོགས་གསུངས། ༈ ཕུང༷་པོ༷་ལྔ༷་པོ༷་སྟོ༷ང་རྟོ༷གས༴ སོགས་སྐྱོན་དང་། ༈ ཁྱད་པར་ཡོད་ཚུལ་འོད་སྲུང་གིས་ཞུས་པའི་མདོ་ལ་སོགས་ན་ཡུང་འབྲུ་སྲིན་གྱིས་ཟོས་པའི་དཔེས་བསྟན། ༈ ཁམས་གསུམ་གྱི་༼ས་ཆེན་པོ་འདིའི་རྡུལ་གྱི་གྲངས་ཀྱི་༽སེམས་ཅན་གྱི་དགེ་ཚོགས་ཕྱོགས་གཅིག་ཏུ་བསྡུས་ན་དེ་འདྲ་བཅུས་སངས་རྒྱས་ཀྱི་བ་སྤུའི་ཁུང་བུ་གཅིག་གི་ཡོན་ཏན་འགྲུབ་ནི་རེད་གསུངས། ༈ སྟོང་གསུམ་གྱི་ས་རྡོ་རྩྭ་ཤིང་ནགས་ཚལ་རྣམས་མི་གཅིག་གིས་ཁུར་ན་ཡང་། དེ་ལས་ཐེག་ཆེན་གྱིས་སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད་ཀྱི་ཁུར་ཆེས་ཆེར་ལྕི་གསུངས། ༈ དབུ་མ་འཇུག་པའི་རང་འགྲེལ་ལས་སྤྱིར་བསྟན་སྟོང་ཉིད་མ་རྟོགས་པར་ཐར་པ་མི་ཐོབ། སྟོང་ཉིད་རབ་དབྱེ་སྐབས་སུ་ཉན་རང་ལ་ཀུན་ཉོན་སྤང་ཕྱིར་གང་ཟག་གི་བདག་མེད་བསྟན་པ། ཐེག་ཆེན་ལ་ཤེས་སྒྲིབ་སྤང་ཕྱིར་ཆོས་ཀྱི་བདག་མེད་བསྟན་པ་སོགས་རྒྱས་པར་བྱས་ཡོད་པ་ལྟར་ཡིན་གསུངས། ༈ ག༷ལ་ཏེ༷་ཆོ༷ས་གཅི༷ག༴ ཞེས་རྐང་པ་གཉིས་རང་ལ་ཚུར། དེ༷་ག༷ས༴ སོགས་ཕར་ལའོ། །ཉན་རང་གིས་ཕུང་ལྔ་གཤེད་མ་རལ་གྲི་འཛིན་མཐོང་འདྲ། རགས་པ་བཏགས་ཡོད། ཆ་མེད་རྫས་ཡོད་དམ་བདེན་གྲུབ་འདོད་གསུངས། ༈ རྡུལ་རྫས་བརྒྱད་འདུས་དང་དྲུག་འདུས་བཅུ་གཅིག་ཡོད་པར་བསྟན། འབྱུང་བ་དང་འབྱུང་འགྱུར་གྱི་ཆ། ས་ཆུ་མེ་རླུང་བཞི། གཉིས་པ་གཟུགས་སྒྲ་དྲི་རོ་བརྒྱད། སྒྲ་སྐབས་ཐོག་གི་རྡུལ་དགུཤེས་པས་བསྡུས་ན་ཕུང་རྡུལ་བཅུ། དབང་རྡུལ་བཅུ་གཅིག་དེ་རྣམས་ཞལ་རྒྱུན་དངོས་མིན་༼རྡུལ་རྫས་༽༈ ཐེག་དགུའི་རྣམ་བཞག་བསྟན་པ་ནི་ཁམས་ཀྱི་བྱེ་བྲག་ལ་དགོངས་ནས་བསྟན། གང་ཟག་ལ་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་དེ་བསྡུ་ན་ལྔ་ཙམ་སྟེ་ས་ཁམས་འཐིབ་ཤས་སོགས་ལ་ཇི་ལྟར་བྱས་ཀྱང་འཐིབ་པ་སངས་དཀའ། ཆུ་ཁམས་གསལ་ཤས་ཆེ་སོགས་ལ་བཤིག་མ་ཐུབ་ན་མི་མཐོང་བ་མེད་ནི་རེད། རླུང་ཁམས་འཚུབ་ཤས་ཆེ་སོགས་ལ་ལྷོད་ཐབས་མ་བསྟན་ན་སྨྱོ་བ་སོགས་འོང་། མེ་ཁམས་སོགས་ཀྱིསཤེས་སླ་ཡང་ཡུན་མི་བརྟན་བརྗེད་འགྲོ་ནི་རེད་གསུངས། ནམ་མཁའི་ཁམས་སོགས་ཡག་ནི་རེད་ཇི་ལྟར་བྱས་ན་དྭངས་ཏ་དྭངས་འགྲོ་བ་ཡིན་གསུངས། ༈ དེ་བཞིན་དབང་པོ་རྣོ་རྟུལ་སོགས་ཤིན་ཏུ་མང་གསུངས། དབང་པོ་རང་རྣོ་དང་གཞན་རྣོའམ་སྐྱེས་ཐོབ་ཀྱི་ཤེས་རབ་བྱེ་བྲག་ཡོད་ཚུལ་སོགས་གསུངས། ༈ ཉན་རང་འགོག་ལས་བསླང་བྱེད་སངས་རྒྱས་ཀྱི་སེ་གོལ་གྱི་སྒྲ་དང་། སྔགས་པ་དམ་ལྡན་ལྷ་སྔགས་ཏིང་འཛིན་གྱི་ནུས་པ་ཡོད་ན་སྨན་རཀ་ཀྱི་ཟླའི་སྨན་གྱིས་ལྷ་དགྱེས། བགེགས་མགོ་བོ་འགས། ཉན་རང་བསླང་བ་སོགས་སོ། ༈ །དགེ་ཕྱོགས་ལུང་བདུན་རིགས་པ་གསུམ་སོགས་ལས་ལུང་གི་གཙོ་བོ་དབུ་མ་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་དེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །སོགས་ལས་དོན་བཀྲལ་ནས་འདི་ལྟར་རོ། །རྟ༷ག་བད༷ག་སྤ༷ངས་ཀྱང༷་ལྷ༷ན་སྐྱེས༷་༴ ཕྱི་རོལ་པའི་ཕུང་པོ་ལ་དབང་བསྒྱུར་བ་པོ་ལྟ་བུའི་བདག་རྟག་བདག་ཙམ་སྟོང་པས་མི་ཆོག་ཅེས་ཕྱི་རོལ་བའི་༼འཇིག་མེད་སྟོང་ཉིད་དམ་པའི་བདག་མཆན་༽འཕོ་འགྱུར་མེད་པའི་རྟག་པ་ཐ་དད་མེད་པའི་གཅིག་པུ་པ་སོགས་རྟག་གཅིག་རང་དབང་ཅན་གྱི་བདག་ཅིག་འདི་ཙམ་གྱིས་ནི་མི་འོང་སེམས་ནས་བདག་མེད་གཉིས་རྟོགས་པར་འདོད་པ་སོགས་ཀྱིས་འཆད་པའི་ཚུལ་འདི་ནི་ལུང་འདིའི་དོན་མིན་ནི་རེད་གསུངས། ༈ རང་ལུགས་ཐག་པ་དང་དཔེ་བཞིན་ནོ། ༈ །དབྱིག་གཉེན་གྱིས་མངོན་པ་མཛོད་དང་། །བྱམས་པས་ཤེར་ཕྱིན་དེ་ཡུམ་རྒྱས་བསྡུས་འབྲིང་གསུམ་གྱི་དགོངས་འགྲེལ་མཛད། ༈ འཁོར་ལོ་བར་ཐའི་དགོངས་དོན་ཁྱད་མེད་སྒྲུབ་ཚུལ་བྱམས་ཀླུའི་དགོངས་པ་འགལ་མེད་དུ་སྒྲུབ་སྟེ་ཀླུ་སྒྲུབ་ཀྱི་དབུ་མའི་རིགས་ཚོགས་དྲུག་སོགས་ན་སྟོང་ཉིད་མ་རྟོགས་ན་མཐར་ཐར་བ་མི་ཐོབ་ཞེས་བཀའ་བར་བ་ལྟར། བྱམས་པས་བདག་མེད་གཉིས་ཡོངས་རྫོགས་མ་རྟོགས་ཞེས་བཀའ་ཐ་མར་བསྟན་པ་ལྟར་དགོངས་པ་རེད་གསུངས། དེ་འདྲའི་གནད་མ་ཤེས་ན་གཞུང་ནང་འཁྲུགས་གི་སོགས་ནས་ཟས་ཀྱིས་སྐྲན་འགྱུར་བའི་དཔེ་སོགས་གསུངས་སོ། ༈ །གཤིས་ཀྱང་འབྱིན་ཅེས་སྨྲ་བ་ཤིན་ཏུ་མཚར། ༈ སློབ་དཔོན་ཨཪྱ་དེ་ཝས། ཡོད་པ་མ་ཡིན་མེད་པའང་མིན། །གཉིས་ཀ་མ་ཡིན་གཉིས་མེད་མིན། །མཐའ་བཞི་དག་དང་བྲལ་བ་ནི། །དབུ་མའི་ལམ་དུ་འདོད་པ་ཡིན། །ཞེས་དང་ཀླུ་སྒྲུབ་ཀྱིས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། ༈ །དབུ་མ་འཇུག་པ་ལས། བདག་མེད་མཐོང་ཚེ་རྟག་པའི་བདག་སྤངས་ཤིང་། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པར། །དེ་ཕྱིར་བདག་མེད་ཤེས་པས་བདག་ལྟ་བ། །སོགས། ༈ །དྲི་བ་གསུམ་པ་ལྟ་བའི་དངོས་གཞི་ཞེས་པའི་སྐབས་དང་པོ་ཐུན་མོང་སྤྱི་ཡི་སྔོན་འགྲོ་ཀློང་ཆེན་ལྟར་ན་རྣམ་མཁྱེན་ཤིང་རྟ་དང་། ཐུན་མིན་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་དང་། རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟགས་པ་ཡིན། འཇིགས་གླིང་ལྟར་ན་ཐུན་མོང་སྔོན་འགྲོ་དྲན་པ་ཉེར་བཞགལག་ལེན་འདེབས་པ། ཐུན་མིན་སྔོན་འགྲོ་གོང་དང་འདྲ་གསུངས། ཁྲ་མའི་བླ་མ་འཇིགས་གླིང་ལྟར་རོ། །དཔལ་སྤྲུལ་སྔོན་འགྲོའི་ཞལ་ལུང་ཁོང་གཉིས་ཀྱིས་སོ། །ཐུན་མོང་དེ་དང་འདྲ་ནི་རེད་གསུངས། ༈ བྷོ་དྷི་ས་ཏྭས་ལུང་བསྟན། བསྟན་པ་ལ་རྒྱ་ནག་ཧ་ཤང་གི་སེལ་ཞུགས་ཚེ། རྒྱ་གར་ནས་ང་ཡི་སློབ་མ་བལ་བོ་ཀ་མ་ཤི་ལ་གདན་དྲོངས་ལ་རྩོད་པ་སོགས་ཀྱིས་ཧ་ཤང་མཐའ་ལ་དཀྲུགས་༼སྤྱུགས་༽ཞེས་ལུང་བསྟན་པ་ལྟར་བྱས་ནས། ཀ་མ་ལས་ཁམས་གསུམ་འཁོར་རྩ་གང་ཡིན་དྲི་ཚུལ་གྱི་ཕྱག་མཁར་ཀླད་ལ་ལན་གསུམ་བསྐོར་ཚེ། ཁོ་རང་གི་རིགས་པ་རྣོ་བས་གོ་ནས་གཟུང་འཛིན་ཡིན་ཞེས་ཆུའི་ཕར་ངོས་ནས་བེར་གྱི་ཐུ་བ་གཉིས་ཕན་ཚུན་བསྡབས་སོ། ༈ །ཧ་ཤང་གིས་ཅི་ཡང་མི་སེམས་པར་འཇོག་པའི་ཧན་ནེ་ཧོན་ནེ་ཐོམ་མེ་བ་ཞིག་ཡིན་ཚུལ་སོགས་དང་འདྲ་བའི་ད་ལྟའི་སྐབས་ན་དེ་འདྲ་མང་བ་སོགས་ཀྱང་སྔོན་ལྷམ་ཆ་ཤུལ་ལྷག་ལྟ་བུས་ལྟ་བ་གྲུབ་པར་འདུག་ཟེར་གྱི་ཚིག་ཟུར་མང་པོ་བརྒྱབ་ནི་རེད་གསུངས། ཧ་ཤང་གིས། ངའི་ཆོས་ལྟ་བ་ཡེ་འབེབས་བྱ་ཁྱུང་ཐུར་བབ་ཀྱི་ལུགས་ཡིན། དཀའ་བ་ཆེན་པོ་མེད་ཟེར། ཁྱོད་ཀྱི་སྤྱོད་པ་མས་འཛེག་གི་ཚུལ་སྤྲེའུ་རི་རྩེར་རྡོག་པས་ཕྱིན་དགོས་པ་ལྟར་བྱ་རྩོལ་གྱི་སྤྲོས་པ་ཆེ་ཟེར་ནི་རེད། ༈ དྭངས་སྙིགས་ཕྱེ་དགོས་ཚུལ་དང་འཁོར་རྩ་ངོས་འཛིན་ཚུལ། གཏན་ལ་དབབ་ཚུལ། ལུས་ངག་ཡིད་གསུམ་གང་གཙོ་བརྟགས་ཚུལ་སོགས་སེམས་ནི་རྒྱུན་མར་འཁོར་ཚུལ། ཐིམ་རིམ་གྱི་སྐབས་སུ་ཕྲ་བ་ཁུ་རྡུལ་རླུང་གསུམ་མཆེད་ཅིང་ངར་འཛིན་ཚུལ་སོགས་གསུངས། དངོས་གཞི་ཞེས་པ་སྔོན་འགྲོ་ལའང་སྦྱོར་དངོས་གཉིས་ཡོད་ཚུལ་དང་ལྟ་བ་ངོ་སྤྲད་པ། དེ་ཉམས་མྱོང་སྒོམ་པ་དང་བྱིན་རླབས་འཕོ་བའི་སྟོབས་དང་གནས་ལུགས་ལྟ་བའི་ངོ་སྤྲད་ཚུལ་གསུམ་གསུངས་སོ། ༈ །ཐོས་པ་མང་པོ་སོགས༴ སྐབས་སངས་རྒྱས་ཀྱི་ལུང་གི་ཆོས་ཐོས་བསམ། རྟོགས་པའི་ཆོས་སྒོམ་མོ། ལུང་གི་ཆོས་ལ་སྐུར་བ་བཏབ་ན་ཁམས་གསུམ་སེམས་ཅན་གྱི་མིག་ཕྱུང་བ་དང་འདྲ་གསུངས། རྟོག་པའི་ཆོས་ལ་སྐུར་བ་བཏབ་ན་དེ་དག་གི་སྙིང་ཕྱུང་བ་དང་འདྲ་ནི་རེད་གསུངས་སོ། ༈ །བྱ་བ་ལས་ཀྱི་འཁོར་ལོ། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྤོང་བ་བསམ་གཏན་གྱི་འཁོར་ལོ་སོགས། ཆེན་པོའི་ཕྱིར་ཆུང་ངུ་གཏོང་ན་ཆོགཆུང་ངུའི་ཕྱིར་ཆེན་པོ་མི་གཏོང་ཞེས་མི་ཕམ་པས་ནག་རྟ་སྤྲུལ་སྐུ་ལ་ཕྱིའི་གར་དབྱངས་སོགས་ལ་གོམ་པ་ལས་ཐོས་བསམ་ལ་ཉིན་གསུམ་དང་། ཐོས་བསམ་ལས་སྒོམ་པའམ་རྟོགས་པ་ལ་སྐད་ཅིག་སྒོམ་པ་མཆོགབསོད་ནམས་ཆེ་གསུངས། ༈ བློ་རིག་ཤེས་གསུམ་དང་རྣམ་རྟོག་རྣམ་ཤེས་གསལ་རིག་སོགས་དོན་གཅིག་གོ །འཛིན་སྟངས་དོན་མཐུན་པ་ཞེས་གནས་ལུགས་རྟོགས་པ་ལ་ཉེ་བས་དོན་མཐུན་ནི་རེད། སྣང་རྐྱེན་ལ་བརྟེན་ནས་ཐག་ཁྲ་སྦྲུལ་དུ་འཛིན་པའི་བདེན་ཞེན་དེ་ལྡོག་དགོས་པའི་དཔེ་ལྟར་རོ། །ཤེས་རབ་ལམ་གྱི་དབུ་མ་ནི་བདག་མེད་རྣམ་གཉིས་ཀྱིས་དཔྱད་པའི་བདེན་འཛིན་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན་ཏུ་ངེས་ཤེས་མར་མེའི་རྒྱུན་ལྟར་གནས་པ་ལ་འཛིན་སྟངས་དགོས་ཞེས་པའི་དོན་ནོ། །མཐར་ཐུག་འབྲས་བུའི་དབུ་མར་སྤྲོས་མཐའ་བཞིའམ་བརྒྱད། སོ་གཉིས་སོགས་དང་བྲལ་ནས་དབྱིངས་ཡེ་ཟུང་འཇུག་ཆེན་པོའོ། །དབུ་མ་ལྟར་ན་གང་ཟག་གི་བདག་ཤིང་རྟ་རྣམ་བདུན་སོགས་ཀྱིས་མེད་པར་གཏན་ལ་ཕབས། ཆོས་བདག་གནད་བཞིའམ་རྡོ་རྗེ་གཟེགས་མ་སོགས་རྒྱུ་འབྲས་ངོ་བོ་ཉིད་གསུམ་གྱིས་སོ། །རྫོགས་ལུགས་ལྟར་ནང་སྔོན་འགྲོ་རྣམ་གསུམ་མོ། ༈ །ངེས་ཤེས་འདྲོང་བ་ནི་འགྲོ་བ་ལྷ་དང་བཅས་པས་འཕྲོག་མི་ནུས་པ་མཐོ་ལ་ཁ་དམའ་ལུང་ཁུང་གང་དུ་ཕྱིན་ཀྱང་རང་ཚུགས་ཟིན་ནི་རེད། ༈ །ཐོས་བསམ་ལྟ་བའི་དཔྱད་ལུགས། ཉམས་མྱོང་སྒོམ་པའི་མན་ངག་གི་ཁྲིད་ལུགས་རེད། བདག་གཞན་དངོས་འ་ཛིན༴ སོགས་སྐབས། དབུ་མ་འཇུག་པ་ལས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེས་ནས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །ཅེས་སོ། །ཆོས་ཅན་གྱི་གནས་ལུགས་ནི་ཐ་སྙད་དཔྱོད་བྱེད་ཀྱི་ཚད་མས་དཔྱད་ན་རང་རང་གི་སྐབས་ཀྱི་དོན་བྱེད་ཚུལ་སོགས་མཚན་ཉིད་བསླུ་མེད་དུ་ཤེས་ཤིང་མཐར་རྡུལ་ཕྲ་བ་ཡན་ཆད་རང་བཞིན་མ་གྲུབ་པ་ཆོས་ཀྱི་དབྱིངས་སུ་གནས་ལུགས་རོ་གཅིག་ཏུ་མ་གྱུར་པའི་ཤེས་བྱ་མི་སྲིད་གསུངས། རྒྱུ་མཚན་དེས་ན་མར་མེ་རྐོང་ཚེ་གང་། ཕྱག་དར་ཕྲན་ཚེགས་ཙམ་བྱས་ནའང་བསམ་པ་རྣམ་དག་གིས་ངེས་འབྱུང་བྱང་སེམས་དག་སྣང་བསླབ་པ་གསུམ་སོགས་ཀྱིས་གནས་ལུགས་མངོན་དུ་གཟིགས་པའི་གྲོགས་བྱེད་སོགས་གསུངས། ༈ སེམས་གནས་ཐབས་དམིགས་རྟེན་སོགས་ཕྱིའི་འབྱུང་བ་ལྔ་དང་། ནང་རྩ་འཁོར་ལྔ་དང་། སྤྱི་མགྲིན་སྙིང་ག་སྣ་རྩེ་སོགས་དང་། སྐུ་ཕྱག་མཚན་ཡིག་འབྲུ་སོགས་དང་ལྷ་མིན་གཡུལ་འགྱེད་མན་ཆད་མན་ངག་ཉེར་གཅིག་དང་ཉེར་ལྔ་ཡོད་ཚུལ་གསུངས། དེ་དག་གང་ཟག་གི་ཁམས་དབང་བྱེ་བྲག་ཡིན་པས་གཅིག་ལ་ཀུན་མི་དགོས་ཚུལ་གསུངས། ༈ ཕྱོ༷གས་རེ༷་འཛི༷ན་པ༴ སོགས་ཆུ་གཅིག་ལ་རིགས་དྲུག་སོ་སོའི་སྣང་ཚུལ་སོགས། ༈ འོ༷ན་ཀྱ༷ང་མཐ༷འ་བཞི༷འི༴ སོགས་ཚད་མ་གཉིས་ཀྱིས་དཔྱད་པའི་རྒྱུ་བྱས་ནས་ངེས་ཤེས་བྱུང་བ་དང་། ངེས་ཤེས་ཀྱིས་དྲངས་ལྷག་མཐོང་དང་འོད་གསལ་དེ་མཉམ་བཞག་ཡིན་གསུངས། ༈ ན༷མ་སྒོ༷མ་ངེ༷ས་ཤེ༷ས༴ སོགས་གསུངས་པ་མན་ངག་སྒོམ་པའི་ལུགས་ཡིན་གསུངས། ༈ མཐ༷འ་བཞི༷འི་སྤྲོས༷་པ༷་རེ༷ས་འཇོ༷ག༴ སོགས་ཡོད་པ་ལ་མེད་པའི་གཉེན་པོ་སོགས་འཛིན་སྟངས་དགོས་ཚུལ་ཐོས་བསམ་ལྟ་བའི་ལུགས་སོ། ༈ །རྒྱུ་ལྟ་བུའི་དཔྱད་པ་མེད་ན་འབྲས་བུ་ལྟ་བུའི་ངེས་ཤེས་སྐྱེ་བ་ག་ལ་ཡོད། ༈ ཡོ༷ན་ཏ༷ན་སྐྱེ༷་བ༷འི་གེ༷གས་ཡི༷ན་ཕྱི༷ར༴ རྟོག་གེས་སྒོམ་མི་དགོས་ཞེས་དང་གླེན་སྒོམ་གྱིས་ཐོས་པ་མི་དགོས་ཞེས་སྐུར་བ་བཏབ་ན་གོང་བཤད་ལྟར་རོ། ༈ །བཞི་པ་གསར་མ་དག་ལ་ལས་དཔྱད་སྒོམ་ཁོ་ན་ཟེར། བཀའ་རྒྱུད་པ་དང་རྙིང་མ་བ་ཕལ་ཆེར་སོགས་ལ་ལས་འཇོག་སྒོམ་ཁོ་ན་ཟེར། མ་དཔྱད་ན་སྤང་རྟོགས་ཀྱི་ཡོན་ཏན་སོགས་རྒྱུད་ལ་སྐྱེ་ལུགས་མེད་ཚུལ་རྒྱ་ཆེར་གསུངས། སྤྱིར་འཁོར་བ་ལ་བློ་ལྡོགསོར་བྱང་སྔགས་གསུམ་གང་ལྟར་ཡང་དང་པོ་བློ་བཅོས་ཤིང་དཔྱད་དགོས། མཐའ་གཅིག་ཏུ་མི་དཔྱད་པ་མི་འཐད། ཞི་གནས་ཙམ་འགྲུབ་སྲིད་ཀྱང་ཐར་ལམ་མི་མཐོང་བའི་མཐུན་དཔེར་བཀོད། དཔྱད་པ་སྤངས་ན་ངེས་ཤེས་སྤང་པས་སྒྲིབ་པ་དག་ལུགས་མེད། ༈ རྣ༷མ་རྟོ༷ག་སྒོ༷མ་པ༷ས་མི༷་ཕ༷ན་༴ སོགས་བླ་མ་བསྟེན་དགོས་ཚུལ་སོགས་གསུངས། ༈ ཡ༷ང་ད༷ག་དོ༷ན་མ༷ཐོང་༴ སོགས་དམིགས་པ་གཅིག་ལ་འགལ་བ་སྣ་ཚོགས་སུ་སྣང་བས་ན་སོགས་དང་། ༈ དེ༷་འདྲ༷་བ༷རྒྱ་ལ༷མ་རེ༷་འག༷འ་སོགས་སྐབས། ལམ་སྐྱེ་རིམ་གྱི་རྣམ་བཤད་གོང་ལྟར་ཐོས་བསམ་ལྟ་བའི་ལུགས་དང་། ཉམ་མྱོང་སྒོམ་ལུགས་གཉིས་བདག་མེད་རྣམ་གཉིས་དང་། སྔོན་འགྲོའི་ཁྲིད་ཆེན་གསུམ་སོགས་ཀྱིས་གཏན་ལ་དབབ་ནས་ངེས་ཤེས་འདྲོང་དགོས་ཚུལ་སོགས་སོ། ༈ །ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད། སྒོམ་པ་སྐྱོན་བྲལ་བྱང་ཆོས་སོ་བདུན། སྤྱོད་པ་རྒྱ་ཆེན་ཕ་རོལ་ཕྱིན་དྲུགའབྲས་བུ་ཟག་མེད་སྡེ་ཚན་ཉེར་གཅིག༈ གཟུང་བ་རྣམ་པར་དག་པ་ཆོས་ཀྱི་དབྱིངས། འཛིན་པ་རྣམ་པར་དག་པ་མི་རྟོག་པའི་ཡེ་ཤེས་སུ་བཤིགས་ནས་ཆོས་ཐམས་ཅད་སྟོང་ཉིད་དུ་གཏན་ལ་དབབ་ནས་ངེས་ཤེས་ནང་ནས་སྐྱེས། ཕྱིའི་འཁྲུལ་སྣང་ནང་གི་འཁྲུལ་བ་འཁོར་བའི་སྣང་ཞེན་ཆོས་ཀྱི་དབྱིངས་སུ་བཤིག་དགོས་གསུངས། སྔགས་ལམ་ན་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་སོགས་ནས་གསུངས་པ་ལྟར་དགོས། ༈ ཀ༷་ད༷ག་གད༷ར་ཤ༷་སོགས་སྐབས། ཐལ་འགྱུར་ལྟ་བ་མཐར་ཕྱིན་གཉིས་སྤྲོས་བྲལ་ཙམ་གྱི་ཚིག་འདྲ་ཡང་སྟོང་ཞེན་ཡོད་མེད་ཁྱད་ཕྱིར་སྔ༷གས་ལ༷ས་བདེ༷་བ༷་ཆེ༷ན་པོ༷་བསྟན། དེ་ཡང་ཕ་རྒྱུད་གསང་བ་འདུས་པ་སོགས་གསུམ་ན་དབྱིངས་ཡེ་ཟུང་འཇུག་གསུམ་བསྟན། ནང་རྒྱུད་བསྐྱེད་པ་མ་ཧཱ་སོགས་གསུམ་ན་དེ་བཞིན་ནོ། །མ་ཧཱ་སྣང་སྟོང་། ཨ་ནུ་བདེ་སྟོང་། ཨ་ཏི་རིག་སྟོང་ཞེས་སོ། ༈ །སྣ༷ང་ད༷ང་གས༷ལ་ད༷ང་༴ ཞེས་ལྷུན་གྲུབ་ཀྱི་སྣང་བ། རང་གདངས་འགག་མེད་ཀྱི་གསལ་ཆ། ཐུགས་རྗེ་རིས་མེད་ཀྱི་རིག་པ་གསུམ་རྣམ་ཀུན་མཆོག་ལྡན་གྱི་ཆོས་དངོས་ལམ་དུ་བྱེད། སྣང་ཆ་ལྷུན་གྲུབ་ཀྱི་གཟུགས་སྐུ་དངོས་ལམ་དུ་བྱེད། ༈ རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་སོ། །

༈ རྒྱུ་རྫས་ཞེས་འདོད་པ་འབོད་པས་རྒྱུ། བདག་འཛིན་འབོད་པས་རྫས། ལྷ་འདྲེ་གཉིས་ཀྱི་གཡབ་མོ་ཡིན་གསུངས། རང་བྱུང་གི་རིག་པ་དེ་ལ་ཀ་དག་གི་ཆ་དང་ལྷུན་གྲུབ་འོད་གསལ་གྱི་ཆ་གཉིས་ཕྱེ། དེའི་རང་བཞིན་གཏན་ལ་འབེབ་པ་ལ་ཐོག་མར་བརྒྱུད་པའི་ལོ་རྒྱུས། དེ་ལས་བྱུང་བའི་གདམས་ངག་སྨིན་བྱེད་དབང་དང་གྲོལ་བྱེད་མན་ངག་གཉིས། མན་ངག་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པའི་ཁྲིད་ཆེན་གསུམ། ལྟ་བའི་དངོས་གཞི་གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ། ཉམས་མྱོང་སྒོམ་པ༴ བྱིན་རླབས་འཕོ་བ༴ མཐའ་རྟེན་ཅོག་བཞག་བཞི། ལྟ་བ་རི་བོ་ཅོག་བཞགབསྒོམ་པ་རྒྱ་མཚོ་ཅོག་བཞགསྤྱོད་པ་སྣང་བ་ཅོག་བཞགའབྲས་བུའི་རིག་པ་སོགས། ༈ ཐོད་རྒལ་ལ་སྔོན་འགྲོ་ཕྱི་ནང་གསུམ། རུ་ཤན་བྱེད་པ། དངོས་གཞི་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་སྣང་བཞི་དང་བར་དོའི་གདམས་རིམ་སོགས་མཐའ་རྒྱས་སུ་བྱེད་ཚུལ་སོགས་གསུངས་སོ། ༈ །རྫོགས་ཆེན་སེམས་སྡེ༴ ཞེས་སྐབས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། རིམ་རྩོལ་བྲལ་བ་མན་ངག་གོ །ཞེས་སེམས་ཡེ་ཤེས་གཙོ་བོ་ཀློང་དབྱིངས༴ མན་ངག་ཟུང་འཇུག་ཏེ་ཕྱག་ཆེན་ས་སྐྱ། ཞི་བྱེད་དབུ་མ་སོགས་ཀྱིས་ཡེ་ཤེས་གཙོ་བོར་འདོན་ཕྱིར་སེམས་སྡེའི་མན་ངག་ཐོར་བུ་ཡིན་ཚུལ་གསུངས། མིང་འདིའི་རྣམ་གྲངས་ཡང་། ཕྱག་ཆེན་པའི་ཟུང་འཇུགས་སྐྱ་བའི་ལམ་འབྲས། ཞི་བྱེད་པའི་རིག་པ་ཅེར་མཐོང་། དབུ་མའི་ཟུང་འཇུག་ཡེ་ཤེས། མི་ཤིག་ཐིག་ལེ། གཞི་རྒྱུད་སོགས་དུ་མ་ཡོད་གསུངས། མན་ངག་གི་ཡང་གསང་ཐོད་རྒལ་སྟེ། གཞན་ལ་མ་གྲགས་པའི་ཁྱད་ཆོས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བཀྲལ། ནང་སྐོར་མིག་དང་འདྲ་སྟེ༴ སོགས། ༈ རྒྱུད་སྒྱུ་འཕྲུལ་དྲྭ་བ་ཏནྡྲ་སྡེ་བཅོ་བརྒྱད། དེའི་དགོངས་འགྲེལ་བཤད་རྒྱུད་སྡེ་བཞི་སྡེ་བརྒྱད། མདོ་དགོངས་པ་འདུས་པ་སོགས་མདོ་བཞི། དགོངས་འགྲེལ་མདོ་འགྲེལ་མུན་པའི་གོ་ཆ། སེམས་ཀློང་མན་ངག་སྡེ་སོགས་དགོངས་འགྲེལ་མཛོད་བདུན། ཡ་བཞི་སོགས༴ རོང་ཟོམ་ཆོས་བཟང་རིགས་པའི་རྣམ་དཔྱོད་སོགས། ༈ ཟབ་ཞི༴ སོགས་སྐབས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཞེས་སྟོང་ཉིད་ལྔ་ལྡན་མདོ་ན་གསུངས་པ་ལྟར་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ཡང་ཨ་ཏིའི་ལམ་འདིར་སོ་སྐྱེས་ཀྱིས་ཀྱང་ད་ལྟ་ནས་ཡེ་ཤེས་དེ་དང་རྗེས་སུ་མཐུན་པར་དཔེ་དང་དོན་སྤྱིའི་ཚུལ་དུ་ཉམས་སུ་ལེན་པའོ། ༈ །དྲི་ལན་ལྔ་པའི་སྐབས། བདེན་པ་གཉིས་ལ་ལ་ལས་དོན་དམ་གཙོ་ཆེར་འདོད། ལ་ལས་ཀུན་རྫོབ་ཙམ་གྱི་ངོས་ནས་ལྟ་བ་མཐོ་དམན་འཇོག་ཀྱང་། རང་ལུགས་ལ་བདེན་གཉིས་གཙོ་ཆེ་ཆུང་མེད་པར་ཡོད་མཉམ་མེད་མཉམ་མེ་དང་ཚ་བ་བཞིན་ཏུ་རྟོགས་ཤིང་། གཞི༷་ལ༷མ་འབྲ༷ས་བུ༷འི་ཆོ༷ས་སྐ༷ད་ལ༷་སོགས་སྐབས། ཤེས་བྱའི་ཆོས་ལ་དབྱེ་ན་རྟག་དངོས་གཉིས། དངོས་པོའི་ཆོས་ལ་དབྱེ་ན་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ལ་འདུ་གསུངས། བྱེ་བྲག་ཀ་བུམ་སོགས་ལ་ཚད་མ་གཉིས་ཀྱིས་དཔྱད་ན་ཤེས་བྱའི་ཆོས་འདི་དག་གི་སྲོག་གམ་དབུས་ན་མི་སྟོང་པ་སྐྲ་རྩེ་ལན་བརྒྱར་གཤག་པའི་ཆ་ཙམ་ཡང་མི་རྙེད་པས་ན་བགྲོད་བྱ་ལམ་གྱི་གཞི་ལམ་འབྲས་བུ་གསུམ་གྱི་རྣམ་བཞག་ཐམས་ཅད་ལ་འདི་རྟག་དང་འདི་མི་རྟག་ཞེས་བདེན་གཉིས་སོགས། མཐར་ཐུག་རིགས་པ་རྣམ་བཞིས་དཔྱད་པའི་འཇོག་མཚམས་སྣང་སྲིད་དག་མཉམ་ཆེན་པོའི་རང་བཞིན་ཏུ་ཤར་བ་སྔགས་བླ་མེད་གྱི་ལམ་མོ། ༈ །དྲུག་པའི་སྐབས། བལྟ་བྱ་ཐུན་མོང་པ་ལ་ལས་ཆུ་འདོད། ཕྱི་རབས་པ་ལ་ལས་རླན་གཤེར་འདོད། རླན་གཤེར་དེ་རིགས་དྲུག་སོ་སོའི་ངོར་མ་ལོག་པར་རླན་གཤེར་གྱི་སྣང་བ་མ་བརྟགས་མ་དཔྱད་བཞིན་དུ་ཡོད་དགོས་སོགས། རླན་གཤེར་དེ་ཆུ་རྣག་སོགས་གཞི་ལ་ལྟོས་ན་ནམ་མཁའ་མཐའ་ཡས་སོགས་ལ་གཞི་མེད་པ་དང་། བལྟ་བྱ་གཅིག་ན་ཐ་དད་པས་མི་རུང་བ་དང་བལྟ་བྱ་མི་གཅིག་ན་ཐུན་མོང་མི་རུང་བ་སོགས། གཞལ་བྱའི་ཡུལ་ཁྲོ་ཆུ་སོགས་གང་སྣང་བ་དང་གཞལ་བྱེད་ཀྱི་ཡུལ་ཅན་གཉིས་པོ་ཕན་ཚུན་ལྟོས་ནས་ཐ་སྙད་ཚད་མ་གྲུབ་དགོས་མ་གཏོགས་རིག་པས་དཔྱད་བཟོད་དུ་ཐལ་བའི་གནས་ལུགས་ཡིན་པར་སོགས། སེམས་ཙམ་པའི་འདོད་པ་ལྟར་ཕྱི་དོན་མེད་པར་ཡང་མི་འདོད་ཏེ། དེས་ནི་ཤེས་ཡུལ་གཉིས་རྫས་གཅིག་གི་ཚུལ་དུ་འདོད་པའོ། ༈ །སྣང་ཙམ་ཀུན་གྱིས་སྣང་བ་དང་སྣང་གཞི་མི་སྣང་གཉིས་ཡོད་པའོ། །ཞེས་མ་བརྟགས་མ་དཔྱད་སྣང་སྟོང་ཟུང་འཇུག་གི་ཆར་སྣང་བ་ཞེས་སྤྱི་ལ་བྱེ་བྲག་དུ་མ་བཟུང་བ་དེའོ། ༈ །མདོར་ན་སངས་རྒྱས་ཀྱི་བཀའ་དང་རྒྱུད་བླ་སོགས་ན་མ་དག་དག་པ་ཤིན་ཏུ་དག་པ་གསུམ་ལྟར་སྐྱེ་འཕགས་སངས་རྒྱས་སོགས་རིམ་བཞིན་གོང་འོག་ལ་ལྟོས་ནས་ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་འཇོག་པ་མིན། སྤྱིར་ཚད་མ་ནི་མི་བསླུ་བའི་དོན། ཚད་མིན་ཟེར་བ་བསླུ་བ་ཅན་ནོ། ༈ །མདོ་ཏིང་འཛིན་རྒྱལ་པོ་ལས་མིག་དང་རྣ་བ་སོགས། ༈ གན༷ས་ལུག༷ས་བདེ༷ན་གཅི༷ག་ཟུང༷་འཇུག༷་སྟེ་སོགས་སྐབས། མདོ་ཕར་ཕྱིན་ལྟར་ན་བདེན་སྟོང་ཕུ་ཐག་ཆོད་པ་ལ་བདེ་གཤེགས་སྙིང་པོ་སོགས་དང་། སྔགས་ན་སྣང་བ་ལྷ་དང་ཡུལ་ཅན་ཡེ་ཤེས་སུ་སྒྲུབ་པ་ལ་འོད་གསལ་དང་རང་བྱུང་ཡེ་ཤེས་སོགས་བརྗོད་པ་ཡིན། འདི་ཡན་ཆད་ཀྱིས་གནད་དོན་ཐམས་ཅད་སྐབས་འདིར་ལྷུར་བསྒྲིགས་ཏེ་བསྟན་པ་ཡིན་པས་གནད་འདི་ཤེས་པ་གལ་ཆེ་གསུངས། ༈ མདོ་ལམ་ན་བདེན་གཉིས་ཟུང་འཇུག་ལས་ལྷག་སྒོམ་དུ་མེད་དེ་སྔགས་ལ་བཀྱག་ན་དག་མཉམ་བདེན་པ་དབྱེར་མེད། དེ་ལ་ངེས་ཤེས་ཡང་དག་པ་རང་ངོ་ཤེས་པ་ལྟ་སོགས། རྗེས་ཐོབ་ཏུ་སྤྱོད་པ་སྐྱོང་དགོས་གསུངས། དེ་ལ་ཐོག་མར་སྨིན་བྱེད་དབང་བསྐུར་ན་དཀྱིལ་འཁོར་གྱི་བརྡ་དོན་རྟགས་ལ་བརྟེན་ནས་སྣང་སྲིད་ལྷ་སྔགས་ཀྱི་རང་བཞིན་ཏུ་ངོ་སྤྲད་པ་སོགས་དང་། བག་ཆགས་འཁྲུལ་བ་སོགས་དང་། མནའ་ཆུ་ལྕེར་བཞགརྡོ་རྗེ་སྤྱི་བོར་བཞག་ནས་ན་ར་ཀན་ཞེས་ཁས་བླང་པ་དང་འགལ་ན་ཆུ་དང་རྣམ་ཤེས་དབྱེར་མེད་འདྲེས། སྡིག་པ་ཙ་ཁ་དགུ་མགོ་དགུ་ཡོད་པ་ཞིག་ཏུ་གྱུར་ནས་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་འོང་། ཚེ་འཕོས་མ་ཐག་དམྱལ་བར་འགྲོ་ངེས་གསུངས། བསྲུང་ནུས་ན་ཆུ་དང་རྣམ་ཤེས་དབྱེར་མེད་འདྲེས་ནས་སྙིང་ནང་དུ་རྡོ་རྗེ་སེམས་དཔའ་ཚོན་གང་གི་སྐུར་གྱུར་ནས་གསང་ལམ་ནས་སངས་རྒྱས་སར་གཤེགས་པས་ན་སྔགས་ལ་ཞུགས་པའི་སྐྱེས་བུ༴ སོགས། དེ་ལྟར་སྔགས་སྡོམ་ཨེ་ཝཾ་ཟུང་འཇུག་སོགས། ༈ སྔོན་རྒྱ་བོད་གཉིས་ན་སོ་ཐར་གྱི་སྡོམ་པ་ལེན་པའི་སྔོན་དུའམ་སྔ་ཐོག་ཏུ་འཁོར་བར་ཞེན་ལོག་གི་ངེས་འབྱུང་སོགས་རང་ལ་ལེགས་པར་སྐྱེར་བཅུག་ནས་གཟོད་སྡོམ་པ་ལེན་ནི་རེད་གསུངས། དེང་སང་རྒྱུ་ནོར་ཙམ་གྱི་དོན་དུ་དབྱར་གནས་དང་གཏམ་ཆགས་སྡང་རྨོངས་གསུམ་ཤིག་སྲོ་སོགས་སྲོག་གཅོད་ཀྱི་ལས་བྱེད་བཞིན་བྱང་སྡོམ་སོགས་ཡོད་སྐད་དང་། སྔགས་ཀྱི་དབང་གྲྭལ་སོགས་ལ་རྩེ་མཚར་གྱིས་རྒྱུག་པ་ནི་སྨྱོ་རྒོད་ཀྱི་སྤྱོད་པ་ཡིན་པས་ཨ་ཧ་ཧ་གསུངས། ༈ བདུན་པའི་སྐབས། སྤྲོས་བྲལ་དབུ་མ་ཆེན་པོ་ལ་སོགས་ཁས་ལེན་ཡོད་མེད་ནི། བོད་སྔ་རབས་པ་རྔོག་བློ་ལྡན་ཤེས་རབ་བརྒྱུད་བཅས་བ་ཚབ་བུ་བཞིའི་ནང་ནས་ཚིག་དོན་གཉིས་གར་མཁས་པ་རྨ་བྱ་བྱང་བརྩོན་སོགས་ཁས་ལེན་ཡོད་པར་འདོད། མཁས་མཆོག་གཙང་པ་དང་། ཚིག་དོན་གཉིས་ཀར་མི་མཁས་པ་ཞང་ཐང་པ་སོགས་བྱིང་ཆེ་བ་རྣམས་ཀྱི་ཁས་ལེན་མེད་པར་འདོད། མཐའ་གཅིག་ཏུ་དེ་ལྟར་འདོད་པས་འགལ་རྟོགས་ནི་དཔལ་ལྡན་ཟླ་བའི་དབུ་མ་འཇུག་པའི་རང་འགྲེལ་ལས། གཞི་ཕུང་ཁམས་གཏན་ལ་འབེབ་པ། ལམ་ཕ་རོལ་ཕྱིན་བཅུ་ས་བཅུར་སྦྲེལ་ནས་འབྲས་བུ་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུ་ཐོབ་པ་སོགས་ཀྱི་ཐ་སྙད་ཚད་སྒྲུབ་ཡོད་བཞིན་ཏུ་གཞན་ངོར་སྐྱེལ་བ་བརྗོད་བྱ་རྗོད་བྱེད་གཉིས་གར་འགལ། རང་ལུགས་ཀློང་རམ་པས་མཉམ་རྗེས་ཕྱེས་ནས་འགལ་མེད་དུ་བསྟན་པ་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ཡིན་གསུངས། རྗེ་བདག་ཉིད་ཆེན་པོས་ཡོད་ཕྱོགས་དེར་བརྟེན་ནས་ཐ་སྙད་ཚད་མ་བསྟན་པས་ཕྱིས་སུ་རྗེས་འཇུག་རྣམས་ཀྱིས་ཇེ་རགས་སུ་སོང་ནི་རེད་གསུངས། ༈ ར༷ང་ལུག༷ས་ཁ༷ས་ལེ༷ན་མ༷་ཡི༷ན་ན༷༴ སོགས། འཕགས་པའི་མཉམ་བཞག་གི་ངོར་ཁས་ལེན་མིན་ཏེ་འཇིག་རྟེན་གྲགས་སྡེའི་དབུ་མ་ཟེར་བ་ལ་ཡིན་ནོ། ༈ །དོན་༼དཔྱོད་༽རིག་གིས་མ་བརྟགས་མ་དཔྱད་ཙམ་དུ་ཁས་ལེན་ཡོད་པ་འདི་རང་ལུགས་སུ་འཇོག་ནི་རེད་གསུངས། སྔ་འགྱུར་རྙིང་མའི་ར༷ང་ལུག༷ས་འདི༷་ལྟ༷ར་༴ སོགས་སྐབས་འཕགས་པའི་མཉམ་བཞག་ཡེ་ཤེས་དང་༴ སོགས། མཚན་གཞི་འཕགས་པའི་མཉམ་བཞག་དང་། དོན་དཔྱོད་ཀྱི་རིག་པ་དེས་དེ་དང་རྗེས་སུ་མཐུན་པར་ལམ་དེ་ཚུལ་བཞིན་གཏན་ལ་ཕབས་ནས་མཐར་རྣམ་ཀུན་ཉེ་བར་ཞི་ཞེས་སྲིད་ཞི་སྤང་བླང་བྲལ་བའི་ཕྱག་རྒྱ་ཆེན་པོ། སྣང་སྲིད་གཞི་ལ་རྫོགས་པའི་རྫོགས་པ་ཆེན་པོ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་དབུ་མ་ཆེན་པོ་ཞེས་མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །མདོར་ན་ཤེས་བྱའི་ཆོས་ཐམས་ཅད་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་དོན་རིག་གིས་དཔྱད་ན་བདེན་གྲུབ་ཡོད་ནི་མ་རེད་གསུངས། འཕགས་པའི་མཉམ་བཞག་གི་ངོར་བདེན་གཉིས་ཟུང་འཇུགརྗེས་ཐོབ་སྣང་བཅས་ཀྱི་དུས་སུ་གཞན་ལ་ཆོས་སྟོན་པ་སོ་སོར་ཕྱེ་བ་ཡོད་སོགས་དང་། ༈ རྗེས་མཐུན་མཉམ་བཞག་ལ་དོན་སྤྱི་ལེགས་པོ་ཞིག་ཤར་ཚེ་ཟུང་འཇུག་གི་ཚུལ་དང་རྗེས་ཐོབ་ཐ་སྙད་བདེན་པ་ཡོད་ཚུལ་སོགས་སེམས་བྱུང་ཤེས་རབ་ཀྱི་ངོར་ལམ་གྱི་དབུ་མའམ་རགས་པ་བརྡ་སོགས་ཚུར་མཐོང་དོན་དམ་བློ་ཡི་སྤྱོད་ཡུལ་མིན། འཕགས་པའི་མཉམ་བཞག་དབྱིངས་ཡེ་ཟུང་འཇུག་སྐབས། གང་ཚེ་དངོས་དང་དངོས་མེད་སོགས་དང་། ཕྱི་ནས་དེ་ཉིད་སྤངས་བ་སོགས་སོ། ༈ །གན༷ས་སྣ༷ང་ཕ༷ན་ཚུན༷་འག༷ལ་བ༷་ན༷༴ སོགས་སྐབས། གནས་སྣང་གཉིས་གཅིག་ཐ་དད་གང་ལྟར་ཁས་བླངས་ཀྱང་སྐྱོན་བརྒྱད་འབབ་ཚུལ་དགོངས་པ་ངེས་འགྲེལ་ལས་ཤེས་སོ། ༈ །རྒྱུ་མཚན་དེས་ན་རིགས་རང་བཞིན་གྱིས་དག་པ་ཡིན་ན་ཁམས་གློ་བུར་གྱིས་དག་པ་ཡིན་པས་མ་ཁྱབ། ངོ་བོ་ཡེ་དག་ཡིན་ན་གློ་བུར་བྲལ་དག་གིས་ཁྱབ་པ་ཡོད་ནི་མ་རེད་གསུངས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་སྨྲ། །འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་ཉིད་དུ་འདོད། །ཅེས་སོ། ༈ །དབུ་མ་ཐལ་འགྱུར་བའི་རང་ལུགས་མཐར་ཐུག་ལ་ཀླུ་སྒྲུབ་ཀྱིས། ང་ལ་ཁས་ལེན་མེད་སོགས་དང་། ཐ་སྙད་ཚད་མ་མ་བཞག་ཏེ། སྔ་རབས་པས་དེ་ལྟར་ཕྱིའི་ཀློང་རམ། ཟླ་གྲགས། རྗེ་བདག་ཉིད་ཆེན་པོ། མི་ཕམ་རྣམས་ཀྱིས་ཐ་སྙད་ཚད་མ་མ་བཞགལམ་དུས་ཁས་ལེན་ཡོད་ཚུལ་བསྟན་པའོ། །ཟུང་འཇུག་ཆེན་པོ་ལ་གོ་བ་འདྲོང་ནས་བསྒོམ་རིམ་རེས་འཇོག་གི་ཚུལ་ལ་གོམས་ནས་མཐར་ཟུང་འཇུག་ཡེ་ཤེས་ཆེན་པོ་འདྲེན་ནུས་སོ། །རང་ཅག་གི་ས་ལམ་རྣམ་བཞག་ལེགས་པར་ཤེས་དགོས་ཚུལ་བླ་མ་ཉག་བླས་ཤ་ཕོས་སྒང་ལམ་གཤགས་པ་ལྟར་འདི་ནས་སངས་རྒྱས་ཀྱི་བར་རང་ལམ་ཕུ་འཆུག་མེད་པ་ཞིག་ཤེས་དགོས་པས་དེ་ལ་ཉན་རང་སོགས་འཁོར་བ་ཞེན་ལོག་གི་ངེས་འབྱུང་༼གིས་༽སོ་ཐར་སྡོམ་པ་བསྲུང་། བདེན་བཞི་མི་རྟག་བཅུ་དྲུག་བསྒོམ། དམན་ལམ་ས་བརྒྱད་བསྒོམ་པ་སོགས་ཡོད་ཀྱང་དེང་སང་བོད་གངས་ཅན་ན་ཁྲིད་རྐང་དེ་རྣམས་མེད། བྱང་སེམས་རྣམས་ནི་གཞན་ཕན་དོན་གཉེར་གྱི་སེམས་གཉིས་པོ་དང་ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་སོགས་བསྐལ་ཆེན་གྲངས་མེད་བར་ཚོགས་རྒྱ་ཆེན་པོ་ལ་བརྟེན་ཚུལ་སོགས་དེང་སང་མེད། སྔགས་ཕྱི་རྒྱུད་གསུམ་སྔར་སློབ་དཔོན་སངས་རྒྱས་གསང་བ་སོགས་ཀྱིས་ཁྲིད་རིམ་དར་ཡང་དེང་སང་དར་ཆ་ཆེར་མེད། སྔགས་ནང་རྒྱུད་མ་ཧཱ་ཡོ་ག་ན་བསྐྱེད་རིམ་གཙོ་བོར་བརྟེན་ནས་སྐྱེ་གནས་བཞི་སྦྱོང་བྱེད་བསྐྱེད་རིམ་བཞི་སོགས་བསྒོམ་ཡང་ད་ལྟར་ནི་ལྷ་མཛུབ་ཚིགས་ཙམ་ཡང་བསྒོམ་མི་ཤེས་གསུངས། ལུང་ཨ་ནུ་ཡོ་ག་ན་རྫོགས་རིམ་གཙོ་བོར་བཏོན་ནས་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་ཏེ་བསྒོམས་ཀྱང་དེང་རླུང་ཁུག་པ་གཅིག་ཀྱང་མི་ཟིན། ༈ ད་རང་སྐལ་ལ་ཐེག་དམན་ལྟར་འདུལ་ཁྲིམས་ཉིས་བརྒྱ་སོགས་བསྲུང་བ་དང་། ཐེག་ཆེན་ལྟར་བདག་མེད་རྣམ་གཉིས་སྒོམ་པ་དང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་སྒོམ་པ་ཙམ་ཡོད་གསུངས། ༈ སྔགས་ནང་པ་མ་ཧཱ་ལྟར་དག་མཉམ་གྱི་ལྟ་བ་དང་། རྫོགས་ཆེན་ཨ་ཏི་ལྟར་གཞི་ཁྲེགས་ཆོད། ལམ་ཐོད་རྒལ་སོགས་ཁྲིད་ལུང་མན་ངག་ཐམས་ཅད་དེང་སང་དར་ཆ་ཆེ་བས་ཉམས་སུ་བླང་ན་རབ་ཚེ་འདིར། འབྲིང་བར་དོ། ཐ་མ་ཡང་སྲིད་ཕྱི་མ། ཡང་ཐ་ཡང་སྐྱེ་བ་བདུན་ནམ་བཅུ་དྲུག་ལས་མི་འགྱང་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་གསུངས། ༈ ཕ་རྒྱུད་རིམ་ལྔ། མ་རྒྱུད་ཆོས་དྲུགགཉིས་མེད་རྒྱུད་སྦྱོར་དྲུག་སོགས་ན་དཔེ་དོན་འོད་གསལ་རྟོགས་ཚུལ་གསུངས། ལམ་དུས་མེད་དགགའབྲས་དུས་ཁས་ལེན་མེད་ཚུལ་དྲི་བ་བདུན་པོར་སྦྱར་ཤེས་དགོས་གསུངས། ༈ མདོར་ན་མཉམ་བཞག་ལ་གསལ་སྣང་ཐོབ་པས་རྗེས་ཐོབ་ཏུ་སེམས་ཅན་ཐམས་ཅད། ཐ་ན་དུར་ཁྲོད་ཀྱི་འདྲེ། ཟས་སུ་སེམས་ཅན་གྱི་ཤསྐོམ་དུ་ཁྲག་འཐུང་བ་ཡིན་ཡང་། གནས་ཚུལ་སངས་རྒྱས་དངོས་ཡིན་པར་ཤེས་ནས་སྣང་སྲིད་རྣམ་དག་གི་དག་སྣང་ཡུལ་ཕྱོགས་རེ་བ། དུས་རེ་འགའ་བ། དགེ་འདུན་གྲངས་སུ་བྱས་པ་ལྟ་བུ་མ་ཡིན་པར་ཤེས་པ་དང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་བ་སོགས་སྒོམ་རྟགས་ཀྱི་ཡོན་ཏན་ཞིག་ཡོད་དགོས། ད་ལོ་བེའུ། སང་ཕོད་བེའུའི་སྟེང་དུ་མི་འདུག་པར་ཆོས་པ་རབ་ལ་ཞག་སྐྱེད། འབྲིང་ཟླ་སྐྱེད། ཐ་ན་ལོ་སྐྱེད་ཡོད་དགོས་པས། ཨ་བྲ་ཆུང་ཡང་གཟུགས་བཞི་དོད་པའི་དཔེ་ལྟར་སྒོམ་རྟགས་ཡོན་ཏན་ཞིག་མེད་མི་སྲིད། སེནྡྷ་ཞེས་པའི་སྒྲ་མང་དུ་འཇུགའོན་ཅིག་ཟེར། ཁྱེར་ཤོག་ཞེས། ཆུ། རྟ། གྲུ་གསུམ་སོགས། ༈ རོ༷ང་ཀློང༷་ཞེ༷ས་གྲག༷ས༴ སོགས་སྐབས། བསྟན་བཅོས་རྩོམ་པའི་ཚུལ་ནི་རབ་ས་ཐོབ་པ། འབྲིང་ཡ ི་དམ་ལྷ་ཡིས་ཞལ་གཟིགས། ཐ་མ་རིག་པའི་གནས་ལྔར་མཁས་པའོ། ༈ །ཨ་ནི་མ་སྐྱེས་ཞེས་པ་གཞི་ཕུང་ཁམས་སྐྱེ་མཆེད་གཏན་ལ་ཕབས་ནས་མེད་དགག་སྟོང་པ་རང་སྟོང་དུ་འདོད་ཀྱང་། ཆོས་ཀྱི་དབྱིངས་ཞེས་པ་བདེན་པ་གཉིས་ཆར་མི་སྐྱེ་བར་བསྟན་པའི་སྐྱེ་བ་མེད་པའི་སྒོ་མཚོན་བྱེད་ཡིན་པས་མ་སྐྱེས་ཆོས་ཀྱི་སྒོ་ཞེས་བྱའོ། །ར་ནི་རྡུལ་དང་བྲལ་བ་ཞེས་འཕགས་པའི་མཉམ་བཞག་དགག་གཉིས་དང་བྲལ་བའི་རང་དུས་བདག་མེད་གཉིས་རྟོགས་ཀྱི་ཆོས་མིགརྡུལ་དང་བྲལ་བས་ཆགས་ཐོགས་མེད་པར་ས་ནས་སར་འཕར། མདོར་ན་ཤེས་པས་སྲིད་ལ་མི་གནས་སྲིད་མཐའི་འཁྲུལ་བ་བྲལ། སྙིང་རྗེས་ཞི་ལ་མི་གནས་ཞི་མཐའི་ཞེན་པ་འགོག་པ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཆགས་ཐོག་རྡུལ་དང་བྲལ་བའི་བདེན་གཉིས་ཟུང་འཇུག་མཉམ་པ་ཉིད་དུ་རྟོགས་པའི་སྒོ་མཚོན། པ་ནི་དོན་དམ་ཞེས་མཉམ་བཞག་འཛིན་སྟངས་མེད་པར་དྲན་མེད་མུན་པ་ལྟ་བུ་མ་ཡིན་པར་འོད་གསལ་ལྷག་མཐོང་མར་མེ་ལྟ་བུ། ཟུང་འཇུག་ཡེ་ཤེས་ཆེན་པོའི་སྒོ་མཚོན། གོང་གི་ཆོས་ཀྱི་དབྱིངས་ལ། ལྷག་མཐོང་གི་ཡེ་ཤེས་ཆོས་ཅན་ཇི་སྙེད་འཆར་དུ་རུང་བས་དབྱིངས་ཡེ་ཟུང་འཇུག་ཆེན་པོའི་ངོར་དགག་གཉིས་དང་བྲལ་བའི་ཁས་ལེན་ཀུན་བྲལ་ཡིན། ཙ་ནི་འཆི་འཕོ་སྐྱེ་ཞེས་ཚད་མས་དཔྱད་པས་དྲངས་པའི་ངེས་ཤེས་ངང་དུ་མཉམ་བཞག་གི་ལྟ་བ་དེས་དྲངས་པའི་དབྱིངས་ཡེ་ཟུང་འཇུག་མཉམ་ཉིད་དུ་རྟོགས་པའི་སྒོ་མཚོན། དེ་ལ་སྐྱེ་རྒ་ན་འཆིའི་བགྲེེས་རྒུད་དང་བྲལ་བ་ཡིན། ན་ནི་མིང་དང་བྲལ་ཞེས་བདེན་པ་གཉིས་གཙོ་ཆེ་ཆུང་རྣམས་ཆ་ཀུན་ཏུ་མེད་པའི་གནས་སྐབས་ཡོད་མཉམ་མེད་མཉམ་དཔེར་ན་མེ་དང་ཚ་བ་ཆུ་དང་རླན་བཞིན་ནོ། །མཐར་ཐུག་མཉམ་བཞག་ངོར་མིང་དང་བྲལ་བའི་སྒྲ་རྟོག་ལས་འདས་པའི་བསམ་གྱིས་མི་ཁྱབ་པ་དབྱིངས་ཡེ་ཟུང་འཇུག་ཏུ་མཚོན་པའི་སྒོ། དྷི་ནི་བློ་གྲོས་ཞེས་གཟུགས་ནས་རྣམ་མཁྱེན་བར་སྣང་བའི་ཆོས་ཐམས་ཅད་ཕྲ་བ་རྡུལ་ཕྲན་གཅིག་གི་སྟེང་ནས་མཚོན་ན་རྡུལ་དེ་ལ་སྟོང་པའི་ཆ་ཞིག་དང་སྣང་བའི་ཆ་ཞིག་དང་ཟུང་འཇུག་གི་ཆ་གསུམ་ཡོད། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་དེ་འབྱུང་བ་བཞི་དང་གོ་སྐབས་འབྱེད་པ་ནམ་མཁའི་ཆ་ཞིག་དང་ལྔ་ཡོད་པས། གནས་ཚུལ་ལྟར་ཡུམ་ཆེན་ལྔ་དང་རིགས་ལྔའི་ཞིང་། ད་ལྟ་གཞི་དུས་ནས་ཆུའི་རྡུལ་ཕྲ་རབ་གཅིག་གི་གོ་ས་ན་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་སྟོང་བྱེ་བ་ཕྲག་བརྒྱ་སོགས་གནས་ཚུལ་ལྟར་ན་སྣང་སྲིད་དག་མཉམ་ཆེན་པོ་ཡིན་ཡང་། སྣང་ཚུལ་ལྟར་ན་འགྲོ་བ་རིགས་དྲུག་གི་ཆུ་རྡུལ་གཅིག་ལ་ཡང་། མཐོང་ཚུལ་མི་འདྲ་བ་སོ་སོར་སྣང་ཡང་དེ་ལྟར་དུ་གནས་ལུགས་དོན་དམ་གྱི་ངང་ལ་ཡེ་ནས་མེད་པས་སྣང་བ་ལྟར་མ་གྲུབ་ཀྱང་སེམས་ཅན་རང་རང་ལས་སྣང་བག་ཆགས་ཀྱིས་སྣང་བའི་རང་ངོ་ལ་ཚད་མ་ཡིན་ཚུལ་དང་གོང་འོག་ལ་ལྟོས་ནས་ཚད་མ་ཚད་མིན་དུ་བཞགགནས་སྣང་ལ་ས་དང་པོ་ནས་ས་བཅུ་པའི་བར་ལ་དག་པས་གཟིགས་པའི་མཐོང་བ་ཇེ་བཟང་དུ་འགྲོ་གསུངས་སོ། ༈ །སྐུ་ཡུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་ཞེས་པ་བརྡ་རྙིང་ཡིན་ལ་སྤྱན་རང་དང་འཚམས་པ་ཡིན་གསུང་།

༄༅། །ན་མོ་གུ་རུ་མི་ལ་སྱཻ། དང་པོས་གཞི་གཏན་ལ་དབབ་པའི་དུས་སུ་གནས་སྐབས་སུ་རང་སྟོང་དང་མེད་དགག་འདོད་ཚུལ་མཐར་ཐུག་དགག་པ་གཉིས་དང་བྲལ་ཚུལ་རྣམས་བསྟན། གཉིས་པས་མཉམ་ཉིད་དུ་རྟོགས་ཚུལ་ལ་ཉན་རང་རྣམས་ཀྱིས་རེ་ཞིག་མ་རྟོགས་ཀྱང་མཐར་ངེས་པར་རྟོགས་དགོས་ཚུལ་བསྟན། གསུམ་པས་བསྒོམ་ཚུལ་མཉམ་བཞག་ལ་འཛིན་སྟངས་ཡོད་མེད་ནི། དང་པོ་བདེན་གཉིས་རེས་འཇོག་གི་ཚུལ་དུ་བསྒོམས་པའི་ཚེ་འཛིན་སྟངས་དང་བཅས་པར་བསྒོམས་ནས་མཐར་ཟུང་འཇུག་ཏུ་རྟོགས་པའི་ཚེ་མཐའ་བཞིའི་འཛིན་སྟངས་དབྱིངས་སུ་ཞུགས་ཚུལ་བསྟན། བཞི་པས་རྒྱུད་ལ་སྐྱེ་ཚུལ། དང་པོ་དཔྱད་པ་ཁོ་ན་དང་། བར་དུ་སྤེལ་མ། མཐར་འཇོག་སྒོམ་ཁོ་ན་བྱེད་ཚུལ་གསུངས་ནས་མཐར་བློས་བྱས་ཀྱི་འཆི་འཕོ་དང་སྐྱེ་བ་མེད་པར་རྟོགས་ཚུལ་བསྟན། ལྔ་པས་སྐྱེས་ཟིན་གྱི་ངོར་ཇི་ལྟར་འཆར་ཚུལ་བདེན་གཉིས་གཙོ་ཆེ་ཆུང་མེད་ཚུལ་བསྟན། དྲུག་པས་མཉམ་པ་ཉིད་དུ་གནས་ཚུལ་བལྟ་བྱ་ཐུན་མོང་ལ་བརྟེན་ནས་མདོ་སྔགས་སོ་སོའི་སྐབས་ཀྱི་བདེན་གཉིས་འཇོག་ཚུལ། བདུན་པས་དེ་ལྟར་རྟོགས་པའི་དོན་གཞན་ལ་འཆད་ཚུལ་གྱི་སྟེང་ནས་དབུ་མ་ཁས་ལེན་ཡོད་མེད་སོགས་ལམ་ཡོངས་རྫོགས་བསྟན་པ་ཡིན་ནོ། །དགེའོ། །བཀྲ་ཤིས།

ངེས་ཤེས་སྒྲོན་མེའི་ཟིན་བྲིས་གནད་བསྡུས།

བླ་མ་རིན་པོ་ཆེ་མཁྱེན། ཐར་པའི་ལམ་ཡང་དག་པར་ཚོལ་བ་ལ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ལུང་རིགས་དྲི་མ་མེད་པའི་སྒོ་ནས་ཐེ་ཚོམ་གྱི་སྦུབས་དང་བྲལ་བའི་ངེ༷ས་ཤེ༷ས༴ ཡང་ན་བདེན་གཉིས་ཀྱི་དོན་ལ་དཔྱོད་པའི་ཚད་མ་གཉིས་པོས་དྲངས་པའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་བཞུགས། ལུང་རིགས་ཟབ་མོ་དེ་ཉིད་དོན་དུ་གཉེར་བའི་ག༷ང་ཟག་གང་ཞིག་གི་ཡི༷ད་ཟབ་པ་དང་རྒྱ་ཆེ་བ། རྟོགས་དཀའ་བའི་གནས་ལ་ཐེ༷་ཚོམ༴ སོ་སོར་འབྱེ༷ད་བྱེ༷ད་བདེན་གཉིས་དཔྱོད་པའི་ཚད་མས། གཞི་སྣང་སྟོང་ཟུང་འཇུགལམ་ཐབས་ཤེས། འབྲས་བུ་སྐུ་གཉིས་ཟུང་འཇུག་གི་ཆོས་རྣམས་ལ་རང་གིས་ལུང་རིགས་ཚད་མའི་ལམ་ནས་དྲངས་པའི་ངེས་པས་ཡིད་ཆེས་སུས་ཀྱང་མི་འཕྲོག་པ་རང་རྒྱུད་ལ་འདྲོང་བ༴ ༈ རྨ༷ད་དུ་བྱུང༷་བའི་སློབ་དཔོན་ཆོ༷ས་ཀྱི༷་གྲགས་པ་དང་། དཔལ་ལྡན་ཟླ༷་བ༷འི་གྲགས་པ་གཉིས་ནི༷། རྒྱ་ཆེ་བ་ཚད་མ་དང་ཟབ་མོ་དབུ་མའི་ལམ་གྱི་ལེ༷གས་པར་བཤ༷ད་པའི་གསུང༷་གི༷་འོ༷ད་དང་ཆ༷བ་གཅི༷ག་པར། ཐུབ༷་པའི་བསྟ༷ན་པ་བདེན་གཉིས་ཀྱི་དེ་ཁོ་ན་ཉིད་གསལ་བར་བསྟན་པའི་ལྷ༷་ལ༷མ་ཡ༷ངས་པོ༷ར་ཤ༷ར་བ༵༷་ཡི༷ས། ཐ་སྙད་དང་དོན་དམ་པའི་གནས་ལ་བློ་རྩེ་གཅིག་ཏུ་འཇུག་པའི་ཐེ༷་ཚོ༷མ་མུ༷ན་པ༷་འཐི༷བ་པོ༷་རྣ༷མ་པ༷ར་འཇོ༷མས་པར་མཛད་པ་ཡིན་ནོ། ༈ །དྲང་སྲོང་ཞེས་པ་རྣམ་མཁྱེན། ཐོལ་བྱུང་སྡོམ་བུ་དམན་སྒྲ་སྦྱར་ཡང་དོན་ལ་རྣམ་མཁྱེན་ལ་ཤར་བའི་བློ་གྲོས་ཡིན། གང་དྲིས་པའི་ལན་འདི་རྣམས་ལུང་རིགས་ཚད་མས་གྲུབ་པ༴ ད་གཟོད་ངག་གི་འབྲས་རྟགས་དེ་དང་དེས་ནང་མང་ཐོས་དགག་སྒྲུབ་ཀྱི་སྣ་ཞགས་རིང་དུ་བསྐྱང་ན་ཁྲོན་པའི་ཆུ་མིག་འཐུང་ཀྱང་རྒྱ་མཚོ་མི༴ དེས་ན་གསུངས་པ་ལྟར་རོ། ༈ །དགེ་ལྡན་ལྟ་བ་མེད་དགག་ཞེས་པས། དབུ་མ་ཐལ་འགྱུར་བའི་མཐར་ཐུག་གི་ལྟ་བ་དགེ་ལྡན་པས་མེད་དགག་ཏུ་འདོད། གཞན་རྣམས་མ་ཡིན་དགག་ཏུ་འདོད། སྔ་འགྱུར་རང་ལུགས་ནི། གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་གཏན་ལ་དབབ་དུས་རང་སྟོང་དང་མེད་དགག་ཏུ་འདོད། དངོས་གཞི་དགག་པ་གཉིས་དང་བྲལ་བའི་བློ་འདས་གདོད་མའི་གཤིས་ལུགས་ཡིན། མཚན་གཞི་འཕགས་པའི་མཉམ་བཞག་ལྟ་བུ། ལམ་དུས་སུ་དགག་སྒྲུབ་མེད་ན་དགེ་སྡུག་གི་སྤང་བླང་དང་དལ་འབྱོར་སོགས་ཀྱི་ཁྱད་ཕྱེ་མི་ནུས་པས་མཐར་ཐུག་གི་ལྟ་བ་ཡིན། དཔལ་ལྡན་ས་སྐྱ་བས་ཐ་སྙད་ཀྱི་ཚད་མ་མི་བཞགཚད་མ་ཡིན་ན་གནས་ལུགས་ལ་གྲུབ་འགྲོ་གསུངས། རི་བོ་དགེ་ལྡན་པས་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཀ་བའི་མཚན་ཉིད། གཞིག་ཏུ་ུམི་རུང་བས་སྟོང་གཞི་མི་སྟོང་། སྟོང་གཞི་མེད་ན་ཐ་སྙད་ལ་སྐུར་བ་འདེབས་པས་བདེ་བར་གཤེགས་པའི་བསྟན་པ་རྨིང་ནས་བཤིགས་པ་ཡིན་པས་དོན་དཔྱོད་ཀྱི་ངོར་སྟོང་གཞི་མི་སྟོང་བདེན་གྲུབ་ཀྱིས་སྟོང་། ཕུང་པོ་རང་གི་ངོ་བོས་མི་སྟོང་བདེན་གྲུབ་ཀྱིས་སྟོང་། འོད་གསལ་རང་གི་ངོ་བོས་མི་སྟོང་བདེན་གྲུབ་ཀྱིས་སྟོང་ཞེས་སྦྱར་བ་ཡིན། དགག་བྱའི་ངོས་འཛིན་ཡང་བདེན་གྲུབ་ཁོ་ན་ཡིན་ཟེར། རྙིང་མའི་རིང་ལུགས་ནི། ཆོས་ཐམས་ཅད་གཟུགས་ནས་རྣམ་མཁྱེན་གྱི་བར་རང་རང་གི་ངོ་བོས་མི་སྟོང་པའི་ཆོས་གཅིག་ཀྱང་མེད། ཕུང་པོ་བདེན་སྟོང་ལྟ་བུའི་ཁོལ་བུ་བ་ཞིག་མིན་ཏེ། ཟབ་མོ་སྟོང་པ་ཉིད་ཡིན་ནས་བཟུང་། དག་དང་མ་དག་གི་གཞི་ལམ་འབྲས་བུའི་སྣང་ཆ་ཞིག་མེད་མི་སྲིད་པས་སྣང་བ་ཡོད་ན་སྟོང་པ་ཡོད་མཉམ་དང་མེད་ན་མེད་མཉམ། སྣང་སྟོང་ཟུང་འཇུག ། སྟོང་རྟེན་འབྱུང་གི་རང་མཚན་དངོས་པོའི་ཆོས་ཉིད་ཡིན། སྤྱིར་རང་ལུགས་ངོས་བཟུང་ནས་ངེས་པའི་ཡིད་ཆེས་སུས་ཀྱང་མི་འཕྲོག་པ་རྙེད་དགོས། གཞན་ལུགས་ལ་ཡང་སྐྱོན་དང་ལེགས་ཆའི་རྣམ་དབྱེ་འབྱེད་དགོས་ཏེ། སྟོང་གཞི་མི་སྟོང་ཞེས་པའི་རྒྱུ་མཚན་ཡང་དེང་སང་ཕལ་ཆེ་བས་ཐ་སྙད་དང་དོན་དཔྱོད་ཁྱད་མ་ཕྱེ་བར་ཆོས་ཐམས་ཅད་མེད་པ་ཡིན། སྟོང་པ་ཡིན། འཁོར་འདས་གཉིས་ཀ་མེད་ཟེར་ནི་ཚང་གི་སྟོང་གཞི་མེད་ནི་རེད། ཁོང་རྣམ་པའི་དགོངས་གཞི་དེ་རེད། དགོས་པ་ཡང་ཕུང་པོའི་བདེན་གྲུབ་འགོག་ན་བདག་རྟོག་འགོག་པས་མེད་དུ་འགྲོ་ནི་རེད། དེས་ན་གང་ཟག་དང་ཆོས་ཚད་མ་ལ་རྒྱལ་དང་རྒྱལ་བའི་གསུང་ལྟར་དག་སྣང་ཕྱོགས་མེད་དུ་སྦྱང་བས་ཐུགས་ཡིད་བསྲེ་དགོས། ༈ སྒྲུབ་པའི་རྣམ་པ་ཇི་སྙེད་པ། ཡོད་དང་ཡིན་པར་སྒྲུབ་ལ་འདུ། དགག་པའི་རྣམ་པ་ཇི་སྙེད་པ། །མེད་དང་མ་ཡིན་དགག་པས་བསྡུས། ༈ དེས་ན་མི་སྟོང་ཅི་ལ་ཟེར། ཞེས་པར་སྟོང་གཞི་དེའི་ངོ་བོ་མི་སྟོང་ཅི་ལ་ཟེར་ཞེས་སྟོང་གཞི་མི་སྟོང་བདེན་གྲུབ་ཀྱིས་སྟོང་ཞེས་གསུངས་ཀྱང་། སྟོང་གཞི་མ་སྟོང་ཕྱིན་ཆད་བདེན་གྲུབ་ནི་སྟོང་གཞིའི་སྐེ་ན་ཡོད་དམ། སྟོང་གཞི་མ་སྟོང་ན་བདེན་གྲུབ་ནི་ཤེས་བྱ་ལ་མེད་པས་དེ་སྟོང་པའི་སྟོང་ཉིད་ཀྱང་མེད་ཆ་འདྲ་མ་གཏོགས་ཟབ་མོ་སྟོང་པ་ཉིད་མ་རེད། སྟོང་གཞི་མ་སྟོང་ན་བདེན་གྲུབ་ཀྱིས་སྟོང་སྣང་སྐྱེས་རུང་ཐ་དད་ཡིན་པས་ན་བདེན་གཉིས་སམ་སྣང་སྟོང་མི་རུང་བས། དཔེར་ན་རྟ་མཐོང་དེ་ཡིས་བ་ལང་ལ། ཅི་ཞིག་ཕན་དེ་ཅི་ཞིག་གནོད། གསུངས་པ་ལྟར་རྒྱུད་ཐ་དད་ཡིན་པས་སོ། ༈ །བྱུང་གནས་འགྲོ་གསུམ་སྐབས། དང་པོ་བྱུང་ས་དེ་ཉིད་ཕྱི་སྣོད་ནང་བཅུད་དང་བཅས་པ་བློ་ཡུལ་དུ་བྱས་ནས། དཔེར་ན་ཀ་བ་ལྟ་བུ་ལས་བྱུང་སྙམ་ན། ཀ་བ་གཅིག་དུ་བྲལ་གྱི་རིགས་པས་བརྟག་ན། སེམས་བྱུང་སའི་ཡུལ་ཀ་བ་མ་གྲུབ་ནས་སེམས་ཀྱི་ངོ་བོ་མི་གྲུབ་པ་དང་། གནས་པ་བརྟགས་པའི་སྐབས་ཀ་བ་ཀ་བ་ཉིས་ལེན་བྱས་པའི་སྐབས་དེ་ལྟར་བརྟགས་ན་མ་གྲུབ་པར་ཤེས་དགོས།

༈ འགྲོ་སའི་སྐབས། ཀ་བ་ནས་བུམ་པ་སོགས་སོ་སོར་སྣང་ཡང་། ཀ་བ་ལ་ཆ་ཤས་དང་ཕྱོགས་ཆས་སོགས་ནས་བརྟགས་ན་མ་གྲུབ་པར་ཤེས་དགོས། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ། ཕྱི་ནམ་མཁའ་ནི་དབྱིབས་གྲུ་གསུམ་ཁ་དོག་སྔོན་པོ་རྡུལ་རྫས་གྲུབ་པ། དེ་ནས་རླུང་རི་སོགས་སོ་སོར་དཔྱད། ནང་བཅུད་སེམས་ཅན། བར་གཟུགས་སྒྲ་སོགས་ཐམས་ཅད་ལ་བརྟགས་ནས། དང་པོ་དཔྱད་སྒོམ། ཐ་མ་འཇོག་སྒོམ། དེ་དུས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ། བདག་འཛིན་གྱི་སྒྲོག་ལས་གྲོལ། རྟག་ཆད་གཉིས་ཀྱི་མཐའ་ལས་བརྒལ་ཡོད་དགོས། ༈ རྣམ་ཐར་སྒོ་གསུམ་སྐུ་གསུམ་གྱི་རང་བཞིན་དུ་གཏན་ལ་ཕབ་ན། དབུ་མའི་གནད་བཞིའི་སྒོ་ནས། ཐ་སྙད་བསླུ་མེད་དུ་བསྒྲུབ་ནས། རྒྱུ་མཚན་མ་མེད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་བདག་ལས་མ་ཡིན་གཞན་ལས་མིན་སོགས་སོ། །འབྲས་བུ་སྨོན་པ་མེད་པ་ནི། ཡོད་མེད་སྐྱེ་འགོག་གིས་གཏན་ཚིགས་ཀྱིས་གཏན་ལ་ཕབ། ངོ་བོ་སྟོང་པ་ཉིད་ནི་གཅིག་དུ་བྲལ་གྱི་གཏན་ཚིགས་ཀྱིས་གཏན་ལ་ཕབ་པའོ། །སྐུ་གསུམ་ནི། སེམས་ཀྱི་ངོ་བོ་སྟོང་པ་ཡིན་ལ། དེ་ཡང་སེམས་སྔ་མ་འགགས་པ་དང་ཕྱི་མ་མ་སྐྱེས་པའི་མེད་པ་ལ་ཟེར་ནི་མིན། སེམས་ད་ལྟ་བ་སྣང་ཡང་དེའི་རང་བཞིན་སྟོང་པར་ཤེས་དགོས། དེས་ཆོས་སྐུ་འགྲུབ། སེམས་ཀྱི་མཚན་ཉིད་གསལ་བ་བློ་རིག་ཤེས་གསུམ་དོན་གཅིག་ཡིན་པའི་གནད་ཀྱིས་མཁྱེན་ཆའམ་ཤེས་ཆ་གོ་མ་འགགས་པའི་ཆ་ནས་ལོངས་སྐུར་ངོ་སྤྲོད། སྣང་སྟོང་ཟུང་འཇུག་སེམས་ཀྱི་གནས་ལུགས་ཡེ་ནས་དབྱིངས་ཡེ་རང་བཞིན་ཟུང་འཇུག་སྤྲུལ་སྐུ་ངོ་སྤྲད་པའོ། ༈ །ཀ་དག་སྟོང་པ་ཆེན་པོ་གཏན་ལ་ཕབ་ན། ངོ་བོ་ཡེ་སྟོང་གི་དབྱིངས་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་ཏིལ་ལ་སྣུམ་གྱིས་ཁྱབ་པ་ལྟར་ཡོད་པ་དང་། མཉམ་བཞག་གི་སྐབས་རིག་ཀྱང་མི་འཕྲོ་བ། གསལ་ཡང་མི་འཛིན་པ། མི་རྟོག་ཀྱང་རིག་གདངས་སྣང་ཡང་གོ་མ་འགག་པ་ཞིག་ཡིན་དགོས། མཁན་པོ་རྡོར་ལིས་ཞལ་རྒྱུན་ལྟར་ན། བྱུང་གནས་འགྲོ་གསུམ་སྟོང་པ་ཉིད་དོ། །སྟོང་པ་ཉིད་བྱུང་གནས་འགྲོ་གསུམ་མོ།

༈ གདག་གཞི་ཕུང་པོ་འདི་ཉིད་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་བདག་གམ་ང་རེད། དེ་ནི་རྟག་གཅིག་རང་དབང་ཅན་དུ་འཛིན་མཁན་བདག་འཛིན་ནམ་ངར་འཛིན་དེས་སྣང་ནི་རེད། བདག་འཛིན་དེ་ནི་འཁོར་རྩ་རེད། བདག་འཛིན་དེ་མ་སྤང་བར་དུ་ཐར་བ་ཐོབ་ནི་མ་རེད། དེའི་དངོས་གཉེན་ནི་བདག་མེད་པའི་སྟོང་ཉིད་གཅིག་པུ་མ་གཏོགས་དགེ་ཚོགས་གང་ཡང་བརྒྱུད་རྒྱུ་འདྲ་འགྲོ་ན་མ་གཏོགས་མེད། དེས་ན་འཁོར་རྩ་ཡིན་ཚུལ་ཤེས་དགོས། གང་ཟག་གི་བདག་མེད་ནི་ཤེས་བྱའི་ཆོས་ཀྱི་ནང་ནས་བྱེ་བྲག་པ་གཅིག་རྟོགས་ནི་རེད། ཕྱི་རབས་པས། ཐལ་འགྱུར་བའི་ལུགས་ཀྱི་ཐེག་གསུམ་མཐོང་ལམ་གཅིག་པར་འདོད། སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ན་ཉན་རང་གིས་བདག་མེད་གཉིས་མ་རྟོགས་གསུངས་པ་དྲང་དོན་ཡིན་ཟེར། རང་རྒྱུད་པའི་ལུགས་ཀྱིས་མ་རྟོགས་ཟེར། རང་ལུགས་ལ་ཉན་ཐོས་ཀྱི་རང་གཞུང་མངོན་པ་མཛོད་དང་བྱམས་པའི་ཤེར་ཕྱིན་དང་སྔགས་ནང་རྒྱུད་སྡེ་གསུམ་སོགས་གང་ནའང་ཉན་རང་གིས་བདག་མེད་གཉིས་ཡོངས་རྫོགས་མ་རྟོགས་གསུངས། ༈ བདེན་པ་གཉིས་ལས་གང་གཙོ་ན། ཞེས་པར། ཕྱི་རབས་པས། ཀུན་རྫོབ་བདེན་པ་གཙོ་ཆེ་ཟེར་ནས་དེའི་ཕྱོགས་ལ་བསྔགས་པ་མཛད། ལ་ལ་ཚང་གིས་ཀུན་རྫོབ་འཁྲུལ་བ་ཡིན་པས་དོན་དམ་གཙོ་ཆེར་བཟུང་། སྔ་འགྱུར་རྙིང་མའི་རིང་ལུགས་འདིར་བདེན་པ་གཉིས་པོ་གནས་སྐབས་དང་མཐར་ཐུག་ཀུན་ལ་གཙོ་ཆེ་ཆུང་མེད། གཉིས་ཀ་སྟོབས་མཚུངས་ཡིན། གཞི་ལམ་འབྲས་བུའི་ཆོས་ཀུན་ལ་སྣང་སྟོང་ངམ་བདེན་པ་གཉིས་ལ་རྩིས་ཆེ་ཆུང་རྒྱུ་བཟང་ངན་མེད་པས་དེ་གཉིས་ཐབས་དང་ཐབས་བྱུང་། ཆོས་ཅན་དང་ཆོས་ཉིད་ཙམ་ལས་ཟུང་འཇུག་ཡིན་པས་དགག་སྒྲུབ་བླང་དོར་གྱིས་སྣང་སྟོང་ཡ་བྲལ་དུ་སོང་ན་གནས་ལུགས་དང་འགལ་བས་མི་འཐད། དེས་ན་ཀུན་རྫོབ་བདེན་པ་ཡོད་ན་དོན་དམ་བདེན་པ་ཡོད་མཉམ། མེད་ན་མེད་མཉམ་ཡིན་ནོ། །འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པ་གཉིས་ལ་མ་འདུས་པ་མེད་དེ། འཕགས་པ་ཀླུས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་འདུ། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པ་ལྟར་གང་ཞེ་ན། འཇིག་རྟེན་ཐ་སྙད་ཀྱི་བློའི་ཡུལ་དུ་གྱུར་པ་ཀུན་རྫོབ་ཀྱི་བདེན་པ། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་དོན་དམ་བདེན་པས་ན་བདེན་པ་སྟེ། སྔ་མ་ནི་ཆོས་ཐམས་ཅད་ཀྱི་སྣང་ཚུལ་ཡིན་པས་ཐ་སྙད་སྤྲོས་པ་ཅན་གྱི་བློ་ངོ་ན་བདེན་པས་བདེན་པ། ཕྱི་མ་ནི་ཆོས་ཐམས་ཅད་ཀྱི་གནས་ཚུལ་ཡིན་པས་སྤྲོས་བྲལ་འཕགས་པའི་ཡེ་ཤེས་ཀྱི་ངོར་བདེན་པས་ན་བདེན་པའོ། །ཞེས་གཏན་ལ་དབབ་བྱའི་ཡུལ་བདེན་གཉིས། ཡུལ་ཅན་ཚད་མ་གཉིས་ཡོད། དེ་ཡང་དོན་རྣམ་ངེས་ལས། ཐ་སྙད་ལ་ཡང་གནས་སྣང་དག ། མི་མཐུན་སྣང་བ་ཡོད་པའི་ཕྱིར། །མ་དག་ཚུ་རོལ་མཐོང་བ་དང་། །དག་པའི་གཟིགས་པ་ལ་བརྟེན་པའི། །ཀུན་ཏུ་ཐ་སྙད་ཚད་མ་གཉིས། །མི་དང་ལྷ་ཡི་མིག་བཞིན་ནོ། །ཞེས་དང་། །དོན་དམ་ལ་ཡང་རྣམ་གྲངས་དང་། །རྣམ་གྲངས་མིན་པའི་ཚུལ་གཉིས་ཀྱིས། །དེ་འཇལ་དོན་དམ་དཔྱོད་བྱེད་ཀྱི། །ཚད་མ་དེ་ཡང་གཉིས་སུ་འགྱུར། ༈ །སྔ་མ་ལ་བརྟེན་ཕྱི་མར་འཇུག ། མིག་སྐྱོན་དག་པའི་ཚུལ་བཞིན་དུ། །ཚད་མའི་མིག་ནི་རྣམ་སྦྱང་སྟེ། །དག་དང་མཉམ་པའི་དོན་མཐོང་བྱ། །ཞེས་གསུངས། དཔལ་ལྡན་ཟླ་བས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་འཁྲུལ་བར་གྱུར་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་སོ། །ཞེས་དང་། དོན་དམ་བདེན་པའི་དགོངས་པ་ལྟར་ན་རྒྱལ་སྲས་ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཅེས་སོ། ༈ །སྣང་སྟོང་གཉིས་རེས་འཇོག་ཚུལ་གྱིས་བསྒོམ་པ་གང་གི་ཚེ་ཟུང་འཇུག་རྟོགས་པར་འཇུག་པའི་སྒོ་ཙམ་ཡིན་ཏེ། དཔེར་ན་ཤིང་གཅིག་རླུང་གིས་དྲུད་པ་ལས། །མེ་བྱུང་ནས་ནི་དེ་ཉིད་བསྲེག་པར་བྱེད། །དེ་ནི་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སོ་སོར་རྟོགས་པ་དེ་ཉིད་བསྲེག་པར་བྱེད། །ཅེས་སོ། །སོ་སོར་བཟུང་བའི་སྐབས་ན། ཚད་མ་གཉིས་པོའི་རྙེད་དོན་ཅིག་ཤོས་བཟུང་དུས་ཅིག་ཤོས་བཏང་བ་མ་གཏོགས་ཅིག་ཆར་དུ་བཟུང་མི་ནུས་པས། གཅིག་སྣང་གཅིག་གིས་མི་སྣང་། གཅིག་མཐོང་གཅིག་གིས་མི་མཐོང་ནི་རེད། དེ་གཉིས་ཡོད་རྟོག་མེད་རྟོག་གམ་ཡོད་མཐའ་མེད་མཐའ་གཉིས་གང་རུང་ཡིན་པས་སོ། །དཔལ་ལྡན་ཟླ་བས་ཚིག་གསལ་དུ། ཆུ་འདོད་པའི་སྣོད་ལྟར་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་གཏན་ལ་དབབ་ཚུལ་གསུངས་པ་ལྟར། ཀུན་རྫོབ་བདེན་པ་ཐབས་སམ་སྣང་བ་ཆོས་ཅན་དེ་ལ་བརྟེན་ནས་དོན་དམ་ཉིད་འཇོག་དགོས་སོ། །རང་ལུགས་ལ་ཀུན་རྫོབ་བདེན་པ་དེ། ཡུལ་ཅན་གནོད་པ་མེད་པའི་དབང་པོ་དྲུག ། ཡུལ་རང་ངོ་ནས་མི་བསླུ་བ་དོན་བྱེད་ནུས་པ། རྒྱུ་རྐྱེན་མཚན་ཉིད་པས་བསྐྱེད་པ་འདུས་བྱས་ཀྱི་མཚན་ཉིད། ཀུན་རྫོབ་ཀྱི་བདེན་པར་བཞག་པ་ཡིན། ཕྱི་རབས་པས། ཡུལ་རང་ངོ་ནས་གྲུབ་པ་མེད། རྟོག་པས་ཕར་བཏགས་ཙམ་མིང་རྐྱང་བཏགས་ཡོད་ཀུན་རྫོབ་བདེན་པ། ཐ་སྙད་ཚད་མ་ཡིན་ཟེར། ཡང་ལོག་གི་ཁྱད་པར་མི་ཕྱེ་བ་ཡིན་པས་མི་ཕམ་རིན་པོ་ཆེས། བློས་བཏགས་ཚད་ཐ་སྙད་ཚད་མ་ཡིན་དགོས་ན་ཕྱི་རོལ་པས་རྟག་ཆད་དུ་ལྟ་བ་ཡང་ཁྱོད་ལ་ཐ་སྙད་ཚད་མ་ཡིན་པར་འགྱུར་བ་ལ་སོགས་པ་གསུངས། མདོར་ན་སྣང་བའི་ཆོས་ཐམས་ཅད་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་རང་རང་གིས་ངོ་བོས་མི་སྟོང་པའི་ཆོས་གཅིག་ཀྱང་མེད། གཟུགས་ཕུང་སྣང་སྟོང་ཟུང་འཇུགསེམས་སེམས་བྱུང་ཐམས་ཅད་སྣང་སྟོང་ཟུང་འཇུག་ཏུ་ངེས་ཤེས་སྐྱེས་དགོས། ༈ བདེན་པ་གཉིས་པོ་དེ་ཡང་ཀུན་རྫོབ་ཏུ་གཅིག་པ་དང་། དོན་དམ་པར་ཐ་དད་ན་སྐྱོན་བཞི་བཞིས་གནོད་པར་དགོངས་པ་ངེས་འགྲེལ་ལས་གསུངས་ཏེ། དོན་པར་ཐ་དད་ན། བདེན་པ་གཉིས་ཆོས་ཅན་དང་ཆོས་ཉིད་མ་ཡིན་པར་ཐལ་བ་དང་། དོན་དམ་སྟོང་པ་ཉིད་རྟོགས་པས་དམིགས་པའི་མཚན་མ་ཟིལ་གྱིས་མི་གནོན་པར་ཐལ་བ་དང་། ཀུན་རྫོབ་ཡང་དག་པར་མ་གྲུབ་པ་ཙམ་དོན་དམ་པ་མ་ཡིན་པར་ཐལ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་དུས་གཅིག་པར་གང་ཟག་གཅིག་གི་རྒྱུད་དུ་དམིགས་པར་ཐལ་བའོ། །ཀུན་རྫོབ་ཏུ་གཅིག་ཡིན་ན། ཀུན་རྫོབ་མཐོང་བ་ན་དོན་དམ་པའི་བདེན་པའང་མཐོང་བར་འགྱུར་བ་དང་། དོན་དམ་ལ་དབྱེ་བ་མེད་པ་ལྟར་ཀུན་རྫོབ་ལའང་དབྱེ་བ་མེད་པར་འགྱུར་བ་དང་། ཀུན་རྫོབ་ལ་བརྟེན་ནས་ཟག་པ་འཕེལ་བ་ལྟར་དོན་དམ་ལ་བརྟེན་ནས་ཀྱང་ཟག་པ་འཕེལ་བར་ཐལ་བ་དང་། ཀུན་རྫོབ་མཐོང་བ་དང་ཐོས་པ་ལ་གཞན་དུ་བཙལ་བར་བྱ་བ་མ་ཡིན་པ་ལྟར་དོན་དམ་པའང་བཙལ་བར་བྱ་བ་མ་ཡིན་པར་ཐལ་བའོ། །

༈ སྣང་བ་སེམས་སུ་ཤེས་པ་དེས་འཁོར་བར་འཇུག་པ་ལ་ཤིན་དུ་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་རྙེད་པ་ཡིན་ནོ། །དེས་ན་རང་གི་སེམས་ཉིད་ཀྱི་སྟེང་དུ་ཆོས་ཀུན་གཏན་ལ་འབེབ་པ་ནི་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའི་ཁྱད་ཆོས་མཆོགདངོས་པོའི་སྣང་ཚུལ་གྱི་ཡིན་ལུགས། བསྒོམ་པའི་གནད་དམ་པ། སྲིད་པའི་འཁྲུལ་འཁོར་འཇིག་པ་ལ་ཤན་པ་སྲོག་གི་གནད་དང་ཤིང་མཁན་ཤིང་གི་གནད་ལ་མཁས་པ་ལ་སོགས་པ་ལྟ་བུ་ཡིན་ལ། ཐབས་ཁྱད་པར་བས་ཟིན་ན་མཐར་ཐུག་རྡོ་རྗེ་ཐེག་པའི་སྐབས་སུ་མན་ངག་གི་སྙིང་པོའང་འདི་ཁོ་ན་ཡིན་ནོ། །དེས་ན་སྣང་བ་ཐམས་ཅད་རང་སྣང་དུ་ངོ་ཤེས་པ་འདི་ནི་མདོ་སྔགས་གང་གི་ཡང་ལམ་དོན་དུ་གཉེར་བ་ཞིག་ཡིན་ཕན་ཆོད་ཤིན་དུ་ཡིད་ཆེས་དགོས་པ་ཞིག་ལ་འདི་ལས་གལ་ཆེ་བ་མེད་གསུངས། །

༈ སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་ལ་རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་བརྟགས་པ་དང་གསུམ། རྩད་བཅད་པས་འཁོར་རྩ་ངོས་བཟུང་། མཚང་བཙལ་བས་དེ་ཉིད་གཏན་ལ་དབབ་པ་གཙོ་བོ་གང་ཟག་གི་བདག་གཏན་ལ་དབབ། བྱུང་གནས་འགྲོ་གསུམ་གྱིས་གཙོ་བོ་ཆོས་བདག་གཏན་ལ་དབབ་པ་ཡིན། །དེ་ཡང་འཁོར་རྩ་རྐུན་པོ་ངོས་འཛིན་ལུགས་ནི། ཁམས་གསུམ་འཁོར་བའི་གནས་འདིར་ཡ་མཐའ་ཐུག་མེད་ནས་ད་བར་འཁྱམ་ནི་རེད། འཁོར་བ་ཡ་མཐའ་ཐུག་མེད་སེམས་ཅན་ཤེས་པ་འཁྲུལ་བ་ཡ་མཐའ་ཐུག་མེད་རེད། བཅོམ་ལྡན་འདས་ལ་ཀུན་དགའ་བོས་དྲིས་པའི་ཚེ་ཕ་མཐའ་ཡས་པའི་ཚུལ་ཅི་ཡང་མ་གསུང་པ་ཡིས་ལན་བཏབ་པ་བཞིན་དུས་ཀྱི་དབང་དུ་བྱས་ན་ཐོག་མཐའ་འཇོག་ཏུ་མེད་དོ། །དེ་ནས་རང་ཉིད་དབང་མེད་དུ་འདེད་ཁྲིད་བྱེད་མཁན་སུ་ཡོད་བརྟགས། ལུས་ངག་ཡིད་གསུམ་ནང་གི་སུ་འཁྱམས། འཁོར་རྩ་གང་ཡིན་བརྟགས། ཐེག་ཆེན་ལུགས་ལ་ཁམས་གསུམ་པོར་ཡོད་ཚུལ་བཞེད། འདོད་ཁམས་གདོས་བཅས་ཤ་ཁྲགགི་ལུས། གཟུགས་ཁམས་བསམ་གཏན་འོད་ལུས། གཟུགས་མེད་ཏིང་འཛིན་ཡིད་རིག་གི་ལུས། རྨི་ལམ་བག་ཆགས་ཀྱི་ལུས། བར་དོར་ཡིད་ལུས་རེད། ཡང་དེ་གསུམ་གཙོ་གང་ཆེ་དང་། ཐོག་མ་ནས་འདིར་འོང་། འདི་ནས་ཕྱི་མར་འགྲོ་བ་པོ་དེ་སུ་རེད་བརྟགས། དེ་ཡང་ལུས་ངག་ནི་འཆི་ཐེངས་ཇི་སྙེད་ཀྱིས་འདོར་ལེན་བྱས། སེམས་ཀྱི་རྒྱུན་མ་ཆད་པས་ན་ཁམས་གསུམ་གྱི་བྱེད་པ་པོ་སེམས་རེད། མདོ་སྔགས་ཐུན་མོང་གི་ལུགས་ལ་འཁོར་རྩ་གང་ཟག་གི་བདག་འཛིན་འཇོགབྱེ་བྲག་ཏུ་གང་ཟག་རང་ངོ་ནས་འཁོར་འདས་ཀྱི་ཐོག་མཐའ་བཞག་ཚུལ་ནི། སེམས་ཅན་རྣམས་འཆི་བའི་ཚེ་སྔ་མའི་རླུང་སེམས་བསྡུས་ཟིན། ཕྱི་མའི་རླུང་སེམས་མ་མཆེད་པའི་བར་དེར་འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་ཡོད་ཀྱང་ངོ་མ་ཟིན་པས་ལུང་མ་བསྟན་དུ་སོང་། འོད་གསལ་ཤར་བཞིན་པའི་རང་དུས་དེར་ཐོག་མའི་སྤྱི་གཞི་ཞེས་བྱ། དེ་ནི་རང་ངོ་རང་གིས་མ་ཤེས། སྐུ་གསུམ་སྟོན་པའི་སྐུར་མ་བཞེངས། ཡེ་ཤེས་དང་ཡོན་ཏན་གྱི་རྩལ་མ་རྒྱས་པས་སངས་རྒྱས་མིན། མ་དག་པའི་རླུང་སེམས་མ་མཆེད། དེ་ལ་བརྟེན་ནས་ལས་ཉོན་བག་ཆགས་ཀྱི་སྣང་བ་མ་རྒྱས་པས་སེམས་ཅན་མིན། དེས་ན་སངས་རྒྱས་དང་སེམས་ཅན་གཉིས་མ་བྱུང་བའི་ཐོག་མའི་སྤྱི་གཞི་ཞེས་བྱ་བ་དེ་ཡིན། དེ་ལས་གཞི་སྣང་རིག་གདངས་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་དེ་རང་ངོ་ཤེས་ན་ཁྱད་ཆོས་དྲུག་གིས་བྱེ་བྲག་ཕྱེད་ནས་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ལྟར་སངས་རྒྱས་པས་མྱང་འདས་ཀྱི་ཐོག་མ་རེད། འཁོར་བའི་ཐོག་མ་འཇོག་ཚུལ་ཡང་ལས་རླུང་ཕྲ་མོ་ཡུལ་དང་འཕྲད་པས་སེམས་ཅན་སྔོན་ལས་ཀྱི་རྐྱེན་དང་འཕྲད་དུས་ལུས་ངག་གཉིས་གློ་བུར་དུ་ལེན་ནས༴ དེ་ལྟར་ལུས་ངག་གཉིས་སྐྱེ་འཆིས་འདོར་ལེན་བྱས་ཚུལ་དང་སེམས་གཙོ་ཆེ་ཚུལ་ཐུན་མིན་སྔགས་ཀྱི་ལུགས་ལ་འཁོར་རྩ་ལས་རླུང་ཡིན་ཚུལ་དེ་རེད། གྲོལ་འཁྲུལ་གཉིས་ཀ་མ་མྱོང་བའི་མུ་ཐོག་མའི་གཞི་དུས་ཁོ་ན། གྲོལ་མྱོང་ལ་འཁྲུལ་མ་མྱོང་བའི་མུ་གདོད་མའི་མགོན་པོ། འཁྲུལ་མྱོང་ལ་གྲོལ་མ་མྱོང་བའི་མུ་སེམས་ཅན་རང་ག་མ། འཁྲུལ་གྲོལ་གཉིས་ཀ་མྱོང་བའི་མུ་རྣལ་འབྱོར་ལམ་པ་བ། དེས་ན་ཤ་ཁྲག་གི་ལུས་ངག་ཡ ིད་གསུམ་ལས་སེམས་གཙོ་ཆེ། བེམ་པོས་དོན་བྱེད་མི་ནུས་འཆིང་གྲོལ་གཉིས་ཀ་སེམས་ཡིན་ཚུལ་ཀུན་མཁྱེན་ཆེན་པོས་གསུངས། རྣམ་བྱང་མྱང་འདས་ཕྱོགས་ནས་སེམས་གཙོ་ཆེ་ནི་རེད། ཤེས་རབ་ལྷག་མཐོང་དང་གཉུག་སེམས་སོགས་འཇོགབྱུང་ས་གནས་ས་འགྲོ་ས་གསུམ་གཏན་ལ་དབབ་དུས་གཞི་ཞིག་ལ་སྦྱར་ནས་གཏན་ལ་དབབ་དགོས། ཡུལ་ཀ་བའོ་བསམ་དུས་ཀ་བའི་ཁོང་ནས་སེམས་དེ་བྱུང་སྐྱེས་བརྟགས་ནས་ཀ་བ་རྡུལ་ཕྲན་དུ་དབབ། རྡུལ་ཕྲན་ཡང་ཕྱོགས་ཆས་དབྱེ་ནས་ཡེ་སྟོང་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་གཏན་ལ་དབབ་ནས་སྣང་སྟོང་ཟུང་འཇུག་སྟོང་རྟེན་འབྱུང་གི་རང་བཞིན་དུ་ངེས་པའི་ངེས་ཤེས་བསྐྱེད། བྱུང་མཁན་གནས་མཁན་འགྲོ་མཁན་གསུམ་གཏན་ལ་དབབ་དུས་སུའང་། སེམས་སེམས་བྱུང་མཐའ་དག་དེའི་ནང་ནས་མདུང་བ་བརྒྱས་བཀག་ཀྱང་མི་ཁོག་པའི་འགགས་པ་མེད་པ་ཀ་འཛིན་གྱི་ཤེས་པ་སྐྱེ་ལ་མ་འགགས་པའི་རང་དུས་དེ་ཉིད་སྣང་སྟོང་ཟུང་འཇུག་ཏུ་གཏན་ལ་དབབ་པས་ཡུལ་ཡུལ་ཅན་གཉིས་སྣང་སྟོང་དུ་ངེས་པར་བྱས། ཡང་ལུས་སྣང་སྟོང་། ངག་གྲགས་སྟོང་། ཡིད་དྲན་སྟོང་དུ་དབབ། དེ་ཡང་ལུས་དེ་ཉིད་བདེན་པར་གྲུབ་པ་མེད་ལུགས་ཡང་རྟག་པ་མིན་པའི་མི་རྟག་པ། སྐྱེ་རྒ་ན་འཆིས་འཇིག་ཚུལ་དང་གཅིག་པུ་མིན་པའི་དུ་མ་འདུས་པའི་ཕུང་པོ། རང་དབང་ཅན་མིན་པའི་ལས་ཉོན་གྱི་གཞན་དབང་ཅན་སོགས་ཞིབ་ཏུ་གཏན་ལ་དབབ་ནས་སྣང་སྟོང་དུ་ངེས་དགོས་མ་གཏོགས་སྣོད་བཅུད་འཇིག་སོང་ཤུལ་ལྟ་བུ་ལ་གོ་མི་ཉན། དེ་བཞིན་དུ་སྒྲ་དེ་ཉིད་སྟོང་གཞི་བྱས་ནས་ཡེ་སྟོང་སྤྲོས་བྲལ་དུ་ངེས་དགོས་མ་གཏོགས་སྒྲ་རྒྱུན་འཇིག་སོང་བའི་མེད་ཆ་དེར་གོ་མི་ཉན། དྲན་སྟོང་དེ་ཡང་ཀུན་རྟོག་མེད་སོང་བ་དེ་ནི་སྟོང་ཉིད་མཚན་ཉིད་པ་མིན། བརྟག་མིན་གྱི་འགོག་པ་སོགས་རེད། དེས་ན་སེམས་རྣམ་ཤེས་ཚོགས་བརྒྱད་སྟོང་གཞི་བྱས་ནས་སེམས་ཀྱི་ཆོས་ཉིད་དམ་གནས་ལུགས་སམ་གཤིས་ལུགས་སྣང་སྟོང་ཟུང་འཇུག་ཆེན་པོ་འདི་ཉིད་བྱུང་གནས་འགྲོ་གསུམ་གྱིས་ལྟ་བ་སྣང་སྟོང་ཟུང་འཇུག་སེམས་ཀྱི་གནད་གསང་རྟོགས་པ་ཡིན་པས་ན་རྟོགས་ལྡན་ཞེས་པ་དེ་ལས་ལྷག་པ་མེད། བདག་མེད་ཀྱི་ཐང་ལ་ཡེངས་མེད་ཀྱི་ལྟད་མོ་བལྟ་ཆོག་ནི་རེད། དེ་བཞིན་དུ་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་ཆེན་པོ་གཅིག་གི་རང་བཞིན་དུ་བུན་བུན་ཤིག་ཤིག་ཏུ་ངེས་པའི་ངེས་ཤེས་དེ་ནི་སེམས་གནས་དུམ་ཆོད་མ་དང་། ཕུང་པོ་བདེན་སྟོང་ཙམ་ཞིག་མིན་ཏེ། མི་ཕམ་རིན་པོ་ཆེས། ཆོས་ཚུལ་ཤིན་ཏུ་ཟབ་པ་སྟེ། གསུངས་པ་ལྟར། བྱུང་གནས་འགྲོ་གསུམ་གྱི་མདོ་དོན་སྣང་སྟོང་ཟུང་འཇུག་གི་ངེས་ཤེས་འདིས་བདག་གཉིས་འགོག་ནི་རེད། བདག་མེད་གོ་ནི་རེད། སྲིད་རྩའི་དངོས་གཉེན་རེད། དབུ་མའི་དགོངས་པ་ཡང་དེ་ལ་འདུས་ནི་རེད། ཡུལ་སྣང་སྟོང་དེ་གྲུབ་མཐའ། ཡུལ་ཅན་ཟུང་འཇུག་ངེས་པའི་ངེས་ཤེས་དེ་ལྟ་བ། མཉམ་པར་བཞག་པའི་ཡུལ་སྣང་སྟོང་ཟུང་འཇུག་ངེས་ཤེས་དེའི་སྟེང་ཡིན། ༈ བྱུང་གནས་འགྲོ་གསུམ་གྱི་ལྟ་བ་སྣང་སྟོང་ཟུང་འཇུགདེ་ཡང་ཆོས་ཅན་གྱི་ལྟ་བ་དང་། ཆོས་ཉིད་ཀྱི་ལྟ་བ་གཉིས་འཇོགརང་རིག་ཡེ་ཤེས་ཀྱི་ལྟ་བ་ནི་དངོས་གཞིའི་སྐབས་ཡིན། དེ་ལྟར་སྣང་སྟོང་ཟུང་འཇུག་དེ་ཉིད་ལྟ་བས་ཐག་བཅད། སྒོམ་པས་ངང་བསྐྱངས། སྤྱོད་པས་བོགས་དབྱུང་། སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ཏེ་བསྒོམ་ནུས་ན་ཐར་ལམ་ཞིག་ཨེ་མི་རྙེད་བསམ་ནི་ཡིན། བླ་མ་དམ་པའི་ཞལ་རྒྱུན་རེད། ༈ གཞི་དུས་སུ་ཕུང་ཁམས་གཏན་ལ་དབབ་བྱེད་ཤེས་རབ་ལྷག་མཐོང་བདག་མེད་རྟོགས་པའི་ངེས་ཤེས་མེད། དེ་མེད་པས་སྙིང་དབུས་སུ་ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་འོད་གསལ་རིག་པ་མི་སད། རྩལ་སྣང་ཐམས་ཅད་བཀག་བསྡད་ན་རྣམ་རྟོག་གཅིག་ཀྱང་གྲོལ་ལམ་ལ་བཞག་ཤེས་ནི་མ་རེད། དེ་མ་ཤེས་པའི་རྟགས་ལ་རྐྱེན་དང་འཕྲད་དུས་ཐ་མལ་བ་ལྟར་རང་མཚང་ལྷུག་པར་བསྟན་རྒྱུ་འདི་རྩལ་སྣང་ཐམས་ཅད་བཀག་བསྡད་ནིའི་འབྲས་རྟགས་ཡིན། དེས་ན་རྩལ་སྣང་འདི་དག་བྱ་མོ་ནག་མོས་སྒོ་ང་འགེབ་འགེབ་མི་བྱེད་དེ། རྩལ་སྣང་ཕྱོགས་མེད་དུ་སྦྱང་དགོས། རྩལ་སྦྱང་བྱེད་པའི་རྣམ་དཔྱོད་དམ་བློ་གྲོས་མེད་ན་གནད་དོན་མི་ཟིན་པས་དགོས་ཚུལ་ཡང་ཡང་གསུངས། ༈ ལ་ལ་ཚང་གིས་བློས་བཅོས་མི་ཉན། ཡིད་འདྲེས་མི་ཉན་ཟེར་ནི་རེད། ཡིད་འདི་མེད་ན་དགེ་བ་སྣ་གཅིག་སྒྲུབ་ཁ་མི་ཉན། སོ་སྐྱེས་ས་འདིར་རྣམ་མཁྱེན་ལས་ཀྱང་ཡིད་ཤེས་བཟང་དགོས་གསུངས། ཚོགས་སྦྱོར་ལམ་དུ་ཡིད་ཤེས་རྫིང་བུ་ལྟ་བུའི་ངོར་འོད་གསལ་གྱི་དོན་སྤྱི་བསྒོམ་ནི་རེད། དཔེར་ན་སྣང་ཡུལ་ནི་ནམ་མཁའི་ཟླ་བ། སྣང་བ་ནི་རྫིང་བུའི་ནང་གི་ཟླ་གཟུགས། སྣང་ཡུལ་ནི་འོད་གསལ། སྣང་བ་ནི་ཡིད་ངོར་འོད་གསལ་དོན་སྤྱིའི་ཉམས་རྣམ་པ་ཆ་འདྲ། དེས་ན་འཕགས་ལམ་མ་ཐོབ་བར་དུ་ཡིད་ཤེས་ཀྱི་ངོར་བསྒོམ་ནི་རེད། མཐོང་ལམ་ནི་རིག་པ་ཚད་ཕེབས་ཡིན་པས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཡོད་དགོས་གསུངས། དེས་ན་འཁོར་རྩ་བདག་འཛིན་ཡིན་པ་ཤེས་དགོས། འཛིན་ཡུལ་བདགའཛིན་མཁན་བདག་འཛིན་རེད། བདག་འཛིན་དེའི་དངོས་གཉེན་སྟོང་ཉིད་གཅིག་པུ་རེད། སྟོང་ཉིད་ཞེས་པ་གང་ཡིན། ཅི་ཞིག་སྟོང་ཞེ་ན། སྟོང་གཞི་ཕུང་ཁམས་སྐྱེ་མཆེད། སྟོང་རྒྱུ་དགག་བྱ་བདག་འཛིན། སྟོང་ཚུལ་རང་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་རང་སྟོང་ཡིན། སྟོང་ཉིད་དེའི་ཤུགས་ལ་བདེན་གྲུབ་ལྡོག་འགྲོ་ནི་རེད། བདེན་གྲུབ་གྱི་སྟོང་ཉིད་ཡིན་སྣང་སྐྱེས་ནས་དེའི་རྗེས་འདེད་ཉན་ནི་མ་རེད། ཕུང་པོ་རང་གི་ངོ་བོས་སྟོང་པའི་སྟོང་ཉིད་ཡིན་ཚུལ་ཤེས་དགོས། བདག་མེད་པའི་སྟོང་ཉིད་དེ་བདག་གཉིས་ལྡོག་དགོས་ནི་རེད། བདག་གཉིས་ང་དང་ང་ཡིར་བའི་ཁྱད་པར་ཡིན། མདོ་སྔགས་གཉིས་ཀྱི་རྟོགས་བྱ་བདག་མེད་རྣམ་གཉིས་རེད། བདག་འཛིན་མ་འགོག་ན་ཉོན་མོངས་པ་རེས་འགའ་འགོག་རུང་སྲིད་རྩ་ཆོད་ནི་མ་རེད། ཆུ་གང་ན་ཡོད་སར་ཀླུ་གནས། ས་བོན་ནམ་རྩ་བ་གར་ཡོད་ལོ་འབྲས་བསྐྱེད་པ་བཞིན། བདག་འཛིན་གང་ན་ཡོད་ན་ཉོན་མོངས་པ་འབྱུང་ནི་རེད། དེས་ན་རྟག་འཛིན་གྱི་དངོས་གཉེན་བདག་མེད་པ་ཡི་འཛིན་སྟངས་ཡིན་པས་ཤིན་ཏུ་གལ་ཆེ་བས་ལས་དང་པོ་པའི་ངོར་གསུངས། བར་དུ་ཆོས་ཀུན་བདག་མེད་པའི་འཛིན་སྟངས་དེས་དྲངས་ཏེ་འཁོར་འདས་ཀྱི་ཆོས་ཀུན་གདོད་མ་ནས་རང་རང་གི་ངོ་བོ་སྟོང་པས་བདེན་པའི་སྟོང་པ་ཉིད་ལ་ངེས་ཤེས་ཀྱང་མི་འཕྲོག་པ་མཆོག་ཏུ་གྱུར་པ་འདྲོངས་པའི་ཚེ། སྤྲོས་བྲལ་ཆེན་པོ་བསྒོམ། མཐར་ཐུག་སྤྲོས་པ་ཀུན་ལས་འདས་པའི་དོན་གྱི་གཤིས་ལུགས་མཉམ་པ་ཉིད་དོ། དེ་ཡང་ཀུན་མཁྱེན་ཆེན་པོས། སྣང་དང་སྟོང་པ་དབྱེར་མེད་གདོད་མའི་ངང་། །གཅིག་དང་དུ་མར་མི་དམིགས་སྤྲོས་དང་བྲལ། །ཕྱོགས་དང་རིས་མེད་ཐམས་ཅད་མཉམ་པ་ཉིད། །སྣང་མཉམ་སྟོང་མཉམ་བདེན་མཉམ་རྫུན་པར་མཉམ། །ཡོད་མཉམ་མེད་མཉམ་བློ་ལས་འདས་པར་མཉམ། །དབྱིངས་གཅིག་གདོད་ནས་དག་པའི་ངང་ཉིད་དོ། །ཞེས་གསུངས། དེ་ཕྱིར་རིགས་པའི་རྣམ་དཔྱད་ཆེ། ཞེས་གསུངས་པ་ལྟར། བླ་མའི་མན་ངག་གི་གནད་དང་ལུང་རིགས་ཀྱི་དཔྱད་པས་ངེས་ཤེས་དྲངས་ན་ངེས་ཤེས་དེས་འོད་གསལ་འདྲེན་ཐུབ་ནི་རེད། མན་ངག་བྱིས་པའི་རྩེད་མོ་འདྲ། །དགོས་པ་རི་རབ་རྒྱ་མཚོ་ཡིན། ཞེས་གསུངས་པས་དྲུང་འབྱིན་གཉེན་པོ་དངོས་ནི། ངེས་ཤེས་དེས་དྲངས་པའི་འོད་གསལ་ཉི་ཟླའི་དཀྱིལ་འཁོར་ལྟ་བུ་ཤར་བ་དེ་ཉིད་ཡིན་ནོ། །སྤྱིར་སྒོམ་རིམ་ལ། ཐོས་བསམ་ལྟ་བའི་ལུགས་དང་། མན་ངག་སྒོམ་པའི་ལུགས་གཉིས་ཡོད། ཐོས་བསམ་ལྟ་བའི་ལུགས་ནི་མདོའི་སྒོམ་རིམ་བཀའ་རྟགས་ཕྱག་རྒྱ་བཞི་དང་བདེན་པ་བཞིའི་ཚུལ་གྱིས་མི་ཕམ་རིན་པོ་ཆེས་གསུངས་པ་ལྟར། སྤྱོད་པ་རྣམ་སྦྱོང་། བདག་མེད་རྣམ་གཉིས། དབུ་མའི་ལྟ་ཁྲིད་ཞི་གནས་ལྷག་མཐོང་རྣམས་རེད། མན་ངག་སྒོམ་པའི་ལུགས་ནི། མ་རིག་བདེན་འཛིན་འདི་སྒྱུ་མ་མཁན་ལྟ་བུ། སྲིད་རྩེ་ནས་མནར་མེད་བར་གྱི་འཁོར་བའི་གནས་རིགས་དྲུག་པོ་འདི་སྒྱུ་མ་མཁན་དེས་སྤྲུལ་པའི་གྲོང་ཁྱེར་ལྟ་བུ་ཡིན་པས། དཔེར་ན་སྒྱུ་མ་མཁན་བསད་ན་སྒྱུ་མའི་འཁྲུལ་འཁོར་ལྡོག་པ་བཞིན་དུ་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་འདི་ལས་འཁོར་བ་མེད། འཁྲུལ་སྣང་ཞི་བ་ལས་ཞི་བ་མྱང་འདས་མེད་པར་ཤེས་ནས་མ་རིག་བདེན་འཛིན་འདི་སོད་ན། དེས་དྲངས་པའི་ཉོན་མོངས་པ་མེད། ཉོན་མོངས་མེད་ན་ལས་མེད། ལས་མེད་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་ཡིན་ནོ། །དེས་ན་ཐབས་ཚུལ་རིགས་པ་ཡང་དག་པ་བླ་མའི་མན་ངག་གི་ཞལ་ཁྲིད་ཁོ་ན་སྐྱོང་ཤེས་དགོས་མ་གཏོགས། བླ་མའི་མན་ངག་གི་ཐབས་ལ་མི་བརྟེན་པར་ནམ་དྲན་དུས་ཧང་སེ་བཞག་པ་ནི་ལུང་མ་བསྟན་ཞིག་རེད། དེ་ལ་ཤེས་རབ་མེད་པས་ངེས་ཤེས་སྐྱེ་ལུགས་མེད་གསུངས། དེས་ན་གནད་འདུས་འདི་ལྟ་བུ་ཞིག་གིས་ཟིན་པ་གལ་ཆེ། རང་གཞན་སེམས་ཅན་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་ངང་ཚུལ་ཤེས་དགོས། སྡུག་བསྔལ་འདི་ལས་སྐྱོབས་པའི་ནུས་པ་སུ་ལ་ཡོད་བསམ་ན། མཐུ་སྟོབས་ཀྱི་བདག་པོ་ལྷ་དང་བཅས་པ། བརྩེ་བའི་ཕ་མ་སོགས་འཁོར་བ་ན་གནས་པའི་སེམས་ཅན་སུས་ཀྱང་སྐྱོབས་པར་མི་ནུས་པའི་ཕྱིར་ན་འདི་ཕྱི་བར་དོ་གསུམ་དུ་སྐྱོབས་པའི་ནུས་པ་ཡོད་ས་ནི། བླ་མ་དཀོན་མཆོག་གསུམ་ཁོ་ན་ཡིན་པར་ཤེས་ནས་ཁམས་གསུམ་འཁོར་བར་གནས་པའི་རང་གཞན་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཐུགས་རྗེས་ཟུངས་སྙམ་དུ། རང་ལ་རྣམ་དཀར་གྱི་ལས་དད་པ་དག་སྣང་མོས་གུས་ཡོད་ན། སངས་རྒྱས་རྣམས་ནི་མི་བཞུགས་པའི་གནས་མེད། མི་གཟིགས་པའི་དུས་མེད། རང་གཞན་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་རིས་མེད་པར་མ་གཅིག་པུ་བུ་ལ་བརྩེ་བ་བཞིན་དུ་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས། རྫུ་འཕྲུལ་གྱི་སྙན་གྱིས་གསན། རྣམ་མཁྱེན་གྱི་ཐུགས་ཀྱིས་དགོངས་ནས་བཀྲ་ལམ་མེར་ཐུགས་རྗེས་གཟིགས་ཡོད་བསམ་ཏེ། རང་གཞན་ཐམས་ཅད་སྤྱིར་ཁམས་གསུམ་འཁོར་བའི་འཇིགས་པ། དགོས་རང་དོན་ཡིད་བྱེད། ཉིང་དགོས་ཐ་མལ་འཁྲུལ་འཛིན་གྱི་འཇིགས་པ་མཐའ་དག་ལས་བསྐྱབ་པར་ཐུགས་རྗེས་བཟུང་དུ་གསོལ་སྙམ་པའི་དད་པ་དེའི་མོད་ལ། བྱིང་རྨུག་གཉིད་གསུམ། དུས་གསུམ་གྱི་རྟོག་པ། ཉམས་ཞེན་གྱི་ཤུན་པ་དང་བཅས་པ་སྤིན་ཆེན་ནམ་མཁར་དེངས་པ་བཞིན་དུ་དངས་སང་ངེ། སེམས་ཀྱི་རྙོག་མ་དངས་བའི་དད་པའི་རྫིང་བུར་བླ་མའི་ཐུགས་རྗེ་བྱིན་རླབས་གཟའ་སྐར་ཤར་བཞིན་པའི་དུས་སུ་རྟོག་བཅས་རགས་པ་རྣམས་དེངས། རྟོག་མེད་སྒོ་ལྔའི་ཤེས་པ་ཆ་མཉམ་ལ་ཤར་ཡོད་པ་ཡིན་ཏེ། དཔལ་ས་ར་ཧ་པའི་དོ་ཧ་ལས། མ་བཅོས་བུ་ཆུང་ལྟ་བུའི་འཇོག་ལུགས་གསུངས་པའང་འདི་ལྟ་བུ་ཞིག་ལ་གསུང་ནི་རེད། དེ་ལྟར་མཉམ་པར་བཞགསླར་ཡང་ཏིང་ངེ་འཛིན་དེའི་རྒྱ་མ་རལ་གོང་དུ་སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་གསལ་དེ་དགེ་བ་འདིའི་མཚོན་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མན་ཆད། སོ་སོའི་སྐྱེ་བོ་ཡན་ཆད་ཀྱི་དགེ་སེམས་ཡིད་ལ་ཤར་ནས་ཐལ་མོ་ཡ་གཅིག་སྙིང་ཀར་སྦྱར་བའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བླ་མ་དཀོན་མཆོག་གསུམ་མཆོད། རྩ་བའི་བླ་མ་ཐུགས་སྲས་བརྒྱུད་པ་དང་བཅས་པ། མཆེད་གྲོགས་ཆོས་མཛད་བསྟན་འཛིན་གྱིས་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་བརྟན་དང་། རྒྱལ་བསྟན་ཡུན་རིང་དུ་གནས་པའི་ཕྱིར་དུ་མཆོད་པ་འབུལ། དེས་དགེ་རྩས་འཁོར་བ་ན་གནས་པའི་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་འདི་ནས་བྱང་ཆུབ་ཀྱི་བར་དུ་བླ་མ་དཀོན་མཆོག་གསུམ་གྱི་སྐྱབས་འོག་དམ་པར་ཚུད་པར་གྱུར་ཅིགབླ་མ་དཀོན་མཆོག་ཞེས་པས་རྟེན་ཚོགས་ཞིང་གསལ་འདེབས། དགེ་ཚོགས་མཆོད་པས་རྒྱུ་ཚོགས་བསགས་རྣམ་དགརང་གཞན་སེམས་ཅན་ཐམས་ཅད་ཞེས་པ་གྲོགས་བྱང་ཆུབ་སེམས་བསྐྱེད། སྐྱབས་འོག་དམ་པར་ཚུད་པར་གྱུར་ཅིག་ཞེས་པ་རྐྱེན་སྨོན་ལམ་རྣམ་དག་ཡིན་ནོ། །དེ་ལྟ་བུའི་གནད་དམ་པ་ཞིག་གིས་ཟིན་ན་ངེས་འབྱུང་། བྱང་སེམས། སྐྱབས་འགྲོ། དངོས་གཞི། བསྔོ་སྨོན་དང་བཅས་པ་ཚང་བ་ཡིན་གསུངས། ༈ ཐེག་མཆོག་ལྟ་བ་སྐྱོང་བ་ལ། སྔ་རབས་པ་བཀའ་བརྒྱུད་པ་དང་རྙིང་མ་བ་ལ་ལས་མི་དཔྱད་པར་དང་པོ་ནས་འཇོག་སྒོམ་མཐའ་གཅིག་ཏུ་བྱེད་པ་ཡིན་ཟེར། ཕྱི་རབས་པས་འཕགས་ལམ་མ་ཐོབ་བར་དུ་དཔྱད་པ་ཁོ་ན་དགོས་ཟེར། དེ་གཉིས་ཕྱོགས་སྔར་བསྟན་ནས། སྔ་འགྱུར་རྙིང་མའི་རང་ལུགས་ནི། ཐུན་མོང་ཕྱི་ནང་གི་སྔོན་འགྲོ་དང་། ཐུན་མིན་ཁྲེགས་ཆོད་ཀྱི་སྔོན་འགྲོ་སེམས་གྱི་ཁང་བུ་བཤིགས་པ། དངོས་གཞི་ལ་མ་ཐུག་གི་བར་དུ་དཔྱད་སྒོམ་བྱེད་པ་ཡིན། དངོས་གཞི་རིག་པ་རང་ངོ་སྤྲད་ནས་དཔྱད་འཇོག་སྤེལ་མ་བྱེད་པ་ཡིན། མཐར་ཐུག་ཉིན་མཚན་བར་མེད་འོད་གསལ་འབའ་ཞིག་ཏུ་གྱུར་དུས་འཇོག་སྒོམ་ཁོ་ན་བྱེད་པ་ཡིན་ནོ། ༈ །ཀ་དག་གདར་ཤ་ཆོད་པ་ལ། ཞེས་པའི་དོན་དཔྱོད་སྔོན་དུ་སོང་བས་དངོས་པོའི་ཆོས་ཐམས་ཅད་སྣང་ཙམ་བཏགས་ཙམ་ཞིག་ལས་མེད་པར་རྟོགས་པའི་གང་ཟག་ལ་འཁྲུལ་སྣང་ཀ་ནས་དག་པའི་ཡེ་ཤེས་ངོ་སྤྲད་ན་ངོ་འཕྲོད་སླ་ནི་རེད་གསུངས། ༈ སྔགས་ལས་བདེ་བ་ཆེན་པོ་བསྟན། །ཞེས་དབང་དོན་གྱི་ཡེ་ཤེས་རྟོགས་བྱེད་རིམ་པ་གཉིས་ཀྱི་ལམ་བསྟན། ༈ །སྣང་ཆ་གཟུགས་ཀྱི་སྐུ༴ ཉན་རང་གིས་རང་འབྲས་དགྲ་བཅོམ་པའི་གོ་འཕང་དོན་དུ་གཉེར་ནི་རེད། ཐེག་ཆེན་མདོ་སྔགས་གཉིས་ཀྱིས་སྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་ནི་རེད། དེ་ལ་ཆོས་གཟུགས་གཉིས་ཡོད། སྒྲུབ་བྱེད་ལམ་གྱི་བྱེ་བྲག་རིང་ལམ་རྒྱུའི་ཐེག་པ་ན་སྦྱིན་སོགས་ཐབས་ཀྱི་ཆ་ལྔ་གཟུགས་སྐུའི་སྒྲུབ་གཞི། ཤེས་རབ་སྟོང་ཉིད་ཆོས་སྐུའི་སྒྲུབ་གཞི། ཉེ་ལམ་སྔགས་ཀྱི་ཐེག་པར་བསྐྱེད་རིམ་གཟུགས་སྐུ། རྫོགས་རིམ་ཆོས་སྐུ། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོར་ཁྲེགས་ཆོད་ཀྱིས་ཆོས་སྐུ་ལམ་བྱེད། ཐོད་རྒལ་གྱིས་གཟུགས་སྐུ་དངོས་ལམ་བྱེད་ཡིན་ཚུལ་མི་ཕམ་རིན་པོ་ཆེས་གསུངས། ༈ ཀུན་འབྱུང་ལས་ཉོན་གཉིས་པོ་ལམ་བདེན་དང་། སྡུག་བདེན་འཁོར་བའི་སྣོད་བཅུད་འགོག་བདེན་སྐུ་དང་ཡེ་ཤེས་སུ་འཁྱེར་ནུས་པའི་ལྟ་བ་འཁོར་འདས་དབྱེར་མེད་ཡིན་ནོ། ༈ །དཔྱད་པ་བཟང་པོའི་ངེས་ཤེས་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་ཆེན་པོར་རྟོགས་ན་རྟག་ཆད་གཉིས་ཀྱི་ཕ་མཐའ་ལས་འདས་པའི་མདོ་དོན་ཉིད་འཛིན་དགོས་གསུངས། ༈ ཐེག་མཆོག་ལམ་གྱི་དངོས་གཞི་ནི། བཞི་པའི་དོན་གྱི་ཡེ་ཤེས་རིག་སྟོང་ཟུང་འཇུག་ཆོས་སྐུ་ཐིག་ལེ་ཉག་གཅིག་ནི། ཐེག་པ་ཡང་ཡིན། ཡེ་ཤེས་ཆེན་པོའི་སྐྱེལ་སོ། རྩེ་མོ་ཡང་ཡིན་གསུངས། ༈ བན་རྒན་གླེན་ཐོ་ཚོས་ཅི་ཡང་མིི་བསམ་པར་རྣམ་རྟོག་མ་སྐྱེས་པའི་ཆ་ལུང་མ་བསྟན་རེ་ལ་ཧང་སེ་བལྟ་འདུག་ནི་རེད། དེ་ནི་མདོ་སྔགས་ཀྱི་དགོངས་དོན་ཟབ་མོའི་སྟོང་ཉིད་མ་རེད། ཕྱག་རྫོགས་དབུ་གསུམ་གྱི་ལམ་མ་རེད། དེ་གང་ཡིན་ན་བརྟག་མིན་གྱི་འགོག་པ་ལུང་མ་བསྟན་རེ་ཞིག་རྣམ་རྟོག་མ་སྐྱེས་པའི་ཆ་ཟེར། དཔེར་ན་ནམ་མཁའ་གཟུགས་ཀྱིས་སྟོང་། དབུལ་པོ་ནོར་གྱིས་སྟོང་། རི་བོང་རྭ་ཡིས་སྟོང་། དེའི་མེད་ཆ་དེ་སུའི་བསྒོམ་བྱ་མ་རེད། དེ་འདྲ་ནི་མི་ཚེ་གཅིག་ལ་སྡུག་བྱས་ཚད་ཐམས་ཅད་ངལ་བ་འབྲས་མེད། བྱས་པ་དོན་མེད། དལ་འབྱོར་དོན་མེད་དུ་བཏང་བ་ཆོས་དང་གདམས་ངག་ཟབ་མོ་འདི་ལྟ་བུའི་གང་ནས་བསོད་ནམས་ཟད་ནིའི་འབྲས་རྟགས་རེད། མི་དབུལ་པོ་ཞིག་རིན་པོ་ཆེའི་གླིང་ནས་སྟོང་ལོག་བྱེད་པ་ལས་ཐུ་བ་ཡིན་ཏེ། རིན་པོ་ཆེས། ཚེ་གང་ཆོས་ར་འགྲིམ་ཀྱང་འཆི་ཁར་ལག་སྟོང་གསུངས་པ་ལྟར་རེད། དེ་འདྲའི་ལྟ་ལོག་མཁན་དེ་རི་རྩེར་བསྡད་རུང་ལྟ་ལོག་ཞིག་རེད། བཅད་རྒྱ་འདག་སྦྱར་བྱས་རུང་ལྟ་ལོག་ཞིག་རེད། ཡོན་བདག་གི་མཆོད་གནས་བྱས་རུང་བྱིང་རོ་ལ་ལྟ་ལོགདེས་དབང་བསྐུར་དང་བསྒྲལ་ལས་བྱས་རུང་དོན་འབྲས་མེད། དཀོར་མི་ཞུ། བཅོམ་ལྡན་འདས་ཀྱིས། ལྡན་དང་གྲོལ་ལ་ང་ཡིས་གནང་བ་ཡིན། །མི་ལྡན་པ་ལ་ཅུང་ཟད་གནང་བ་མིན། །རྟ་དང་བ་ལང་བོང་བུ་སྐྱེས་ནས་ཀྱང་། །རྡོ་དང་དབྱུག་པ་དག་གིས་བརྡུང་བར་འགྱུར། །ཞེས་གསུངས་པ་ལྟར་དཀོར་མི་ཞུ། དེར་མ་ཟད་བདག་ནི་རྟོགས་ལྡན་ཡིན་ནོ་སྙམ་པའི་རང་ལྟ་མཆོག་འཛིན་གྱིས་ཆོས་མ་ཡིན་པ་ཆོས་སུ་སེམས་པ་ཆོས་སྤང་གི་ལས་ཡིན་པ་འཇམ་དཔལ་རྩ་རྒྱུད་དུ་གསུངས་ཡོད་པས་སོ་ཐར་གྱི་སྡོམ་པ་རལ། ཆོས་སྤང་གིས་བདེ་བ་ཅན་དུ་སྐྱེ་བའི་སྒོ་བཀགང་རྒྱལ་ཁེངས་སེམས་ཀྱིས་ཤི་ནས་གདོན་དང་འབྱུང་པོའི་རིགས་སུ་སྐྱེས་པའང་ལ་ཐང་མེད། ཡང་ན་ལྷ་ཚེ་རིང་པོ། དམའ་ན་དུད་འགྲོ་བྱི་བ་སོགས་ལ་སྐྱེས་པས་དེ་ལྟ་བུ་ཞིག་བསྒྲུབ་པ་ལ་དགོས་པ་ཅང་ཨེ་ཡོད་གི་གསུངས། མཐོ་རིས་ཙམ་གྱི་གོ་འཕང་སྒྲུབ་པ་ལའང་རྒྱུ་རྐྱེན་རྣམ་དག་ཚང་དགོས་དེ། རྒྱུད་ཚུལ་ཁྲིམས། གྲོགས་སྦྱིན་དང་བཟོད་པ། རྐྱེན་སྨོན་ལམ་རྣམ་དག་རྣམས་ལོག་ལྟས་མ་བཅོམ། ཁོང་ཁྲོས་མ་བསྲེགཟད་པའི་རྒྱུ་བཞིས་མ་བཤིགས་པར་ཡོད་ན་མཐོ་རིས་ཐོབ་པའི་རྒྱུ་ཚང་ཡང་ཡར་མཆོད་མར་མེ་བརྒྱ་མཆོད་ཞིག་གི་བསོད་ནམས་མེད། མར་སྦྱིན་ཉམས་ཐག་རྣམས་ཉིན་གཅིག་གི་བཟའ་བཏུང་གིས་ཚིམ་པར་བྱས་པ་ཙམ་ཡང་མེད་པས་ན་དཀའ་མོ་རེད། ༈ གནད་དེ་ཇེ་བས་ཇེ་ཟབ་ཏུ། རང་མཚན་ཞེན་པ་སྤོང་ཚུལ་ནི། ཕར་ཕྱིན་ཐེག་པའི་ལམ་གྱིས་རང་འདོད་ཡིད་བྱེད་ལྡོགསྔགས་ལམ་གྱིས་ཐ་མལ་མ་དག་པའི་སྣང་ཞེན་ལྡོག་ནི་རེད། །དེ་བཞིན་དུ་ཇེ་བས་ཇེ་ཟབ་ཡིན་ནི་རེད། དབང་དོན་གྱི་ཡེ་ཤེས་མཚན་ཉིད་པ་ནི། དབྱིངས་ཡེ་ཟུང་འཇུག་དགོངས་སྲོག་གཅིག་གིས་བཟུང་བས་སྣོད་བཅུད་དག་མཉམ་ཆེན་པོའི་དཀྱིལ་འཁོར་དུ་ངེས་པའི་ངེས་ཤེས་ཡང་དག་པ་ཉིད་ཡིན་པས་འབྲེལ་ཐག་མཚན་ཉིད་པ་དེའི་སྟེང་ནས་བཞག་ནི་རེད། དེ་ལྟར་ལུང་རིགས་མན་ངག་གི་སྒོ་ནས་ཐ་མལ་མ་དག་པའི་སྒོ་ནས་སྣང་ཞེན་ད་ལྟ་ཉིད་དུ་དག་པ་ལྷ་སྔགས་ཆོས་ཉིད་དུ་སྡོམ་པ་ཐབས་དང་། ལྷ་སྔགས་ཆོས་ཉིད་དུ་འཛིན་པའི་མཚན་འཛིན་ཐམས་ཅད་གདོད་མའི་སྟོང་ཆེན་གྱི་དབྱིངས་སུ་སྡོམ་པ་ཤེས་རབ་སྟེ། ཐབས་ཤེས་གཉིས་སུ་མེད་པའི་ཨེ་ཝཾ་ཟུང་འཇུག་གི་སྡོམ་པ་ཡང་ཡིན་གསུངས། བཞི་པའི་དོན་གྱི་ཡེ་ཤེས་ཨེ་ཝཾ་ཟུང་འཇུག་གི་ལྟ་བ་ཡང་ཡིན་པར་གསུངས། དེ་ལས་མི་འདའ་བ་དམ་ཚིགདེ་ལ་རྒྱུད་ཀྱི་དངོས་པོ་བཅུའི་ལམ་གནད་འདུས་ཚུལ་གསུངས། སྣང་སྟོང་ཟུང་འཇུག་གི་ལམ་ཡང་དག་པ་འདི་ལ་ནི་ཚོགས་གཉིས་ངང་གིས་རྫོགས་ཏེ། སྣང་བ་ཀུན་རྫོབ་ཀྱི་བདེན་པས་བསོད་ནམས་ཀྱི་ཚོགས། སྟོང་པ་དོན་དམ་གྱི་བདེན་པས་ཡེ་ཤེས་ཀྱི་ཚོགས་སྟེ་ཚོགས་གཉིས་ཟུང་འཇུག་ལ་སྤྱོད་པ་ཡིན། ༈ བྱ་སྤྱོད་བླ་མེད་རྒྱུད་སྡེ་ལ། མདོ་དང་སྔགས་ཀྱི་ལྟ་བའི་ཁྱད་པར་མི་འདྲ་བ་ཡོད་ཚུལ། ས་པཎ་གྱིས། གཞལ་བྱ་ཆོས་དབྱིངས་ལ་རིགས་མི་འདྲ་བ་མེད་པས་དེ་ལ་དགོངས་ནས་ཐེག་ཆེན་མདོ་སྔགས་གཉིས་ལ་ལྟ་བའི་མཐོ་དམན་མེད། རྒྱུ་མཚན་ཉིད་ཐེག་པའི་ལྟ་བ་ལ་མཐོ་དམན་ཡོད་གསུངས། ཕྱི་རབས་པས། དབུ་མ་ཐལ་འགྱུར་བའི་ལུགས་ཉན་རང་གིས་བདག་མེད་རྣམ་གཉིས་རྟོགས་པས་མི་ཚད་ལྟ་བ་མཐོ་དམན་མེད། མདོ་སྔགས་གཉིས་ཀ་ཐབས་ཙམ་ཞིག་གིས་ཕྱེ་ཟེར། སྔ་འགྱུར་རང་ལུགས་ནི། ཡུལ་ཅན་གྱི་ངེས་ཤེས་སྟེང་ནས་འཇོག་པས་མདོ་རྒྱུད་ཐམས་ཅད་ནས་གསུངས་པ་ལྟར་ལྟ་བའི་མཐོ་དམན་རིམ་པ་དགུར་དབྱེ་ནས་བཞག་པ་ཡིན། དེ་ལས་ཀྱང་སངས་རྒྱས་ཀྱི་གདུལ་བྱའི་ཁམས་དབང་ལ་ལྟོས་ནས་བསམ་གྱིས་མི་ཁྱབ་པའི་བར་དུ་གསུངས་ཡོད་ཚུལ་མདོ་ན་ཡོད་གསུངས། ༈ ཇི་ལྟ་ཇི་ལྟར་གནས་ལུགས་དོན་ནི། མཉམ་བཞག་ལ་གསལ་སྣང་ཐོབ་ཚུལ་གྱིས་རྗེས་ཐོབ་ལ་ངེས་ཤེས་སྐྱེས་ཚུལ་ཡིན་པས། རྗེས་ཐོབ་མཚན་ཉིད་པའི་གནས་སྐབས་སུ་ཀུན་ཏུ་འགྲོ་དོན་མཆོག་གི་དོན། ཆོས་ཅན་སྣང་བས་གར་ཁྱབ་ཆོས་ཉིད་དབྱིངས་ཀྱིས་ཁྱབ་ཚུལ། ཡུལ་དང་ཡུལ་ཅན་ཡེ་ཤེས་སུ། ཁམས་གསུམ་སྲིད་གསུམ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་དགོངས་པ་ཅན་དུ་གཟིགས་པའི་དག་སྣང་ཕྱོགས་མེད་དུ་ཤར་བ་དང་། མ་རྟོགས་སེམས་ཅན་རྣམས་ལ་བརྩེ་བའི་སྙིང་རྗེ་གཞི་ན་བཞུགས་པའི་གནད་ཀྱིས་ཕྱོགས་རིས་མེད་པ་དམིགས་མེད་དུ་ཤར་བ་དང་། མཉམ་བཞག་ཏུ་དུས་གསུམ་གྱི་རྟོག་པ་བག་ཆགས་བསོགས་ལོང་མེད་པར་གྲོལ་བའི་གནད་ཀྱིས་རྗེས་ཐོབ་ཏུ་སྟོང་ཉིད་རྒྱུ་འབྲས་སུ་ཤར་བས་ལས་རྒྱུ་འབྲས་ལ་དེ་བས་ཞིབ་ཆ་ཐོན་ནི་རེད། དེ་དག་སོགས་ཡོན་ཏན་གྱི་འབྲས་རྟགས་ཡོད་ན་ལམ་ཡང་དག་པར་འགྲོ་ནིའི་རྟགས་ཡིན་གསུངས། དེ་འདྲའི་མན་ངག་གི་གནད་སེམས་ལ་ཐེབས་ན་སེམས་ཀྱི་རྒྱ་གཏོར་ཐུབ། འདིས་བཤིག་ཐུབ་ནི་རེད། འོད་གསལ་དོན་སྤྱི་ཞིག་ཤར་ནའང་མ་རིག་མུན་པའི་སྨག་རུམ་ཐམས་ཅད་རང་དེངས་ལ་འགྲོ་ནི་རེད། དེ་ཉིད་གོ་རྒྱུ་མྱོང་རྒྱུ་མེད་པ་ཞིག་ཅི་ལ་ཡིན་གསུངས། ༈ ཆུ་གཅིག་འགྲོ་བ་སོ་སོ་ལ༴ རིགས་དྲུག་གི་ལས་སྣང་རང་དགར་མི་ལྡོག་པས། མི་ཕམ་རིན་པོ་ཆེས། མ་དགདག་པ། ཤིན་ཏུ་དག་པ་གསུམ་སྡུད་འགྲེལ་ན་གསུངས་པ་ལྟར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་སྣང་བའི་ཆོས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་སངས་རྒྱས་ཀྱི་ཞིང་དུ་གཟིགས་པ་ལྟར་གཏན་ལ་དབབ། གཏན་ལ་དབབ་བྱེད་སྔ་འགྱུར་རྙིང་མའི་མདོ་སྒྱུ་སེམས་གསུམ་ལ་བརྟེན་ནས་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་མ་དབབ་ན་འགྲོ་ཕྱོགས་གཏན་ནས་ཤེས་ནི་མ་རེད་གསུངས། དེ་ཡང་བླ་མ་བརྟེན་ཡུན་རིང་། གདམས་ངག་ཉན་ཡུན་རིང་བའི་སྒོ་ནས་ཤེས་རྒྱུད་དཔང་དུ་བཙུགས་ནས་ཚད་རྨི་ལམ་གྱིས་བཟུང་བ། དེ་ཡང་ཚོགས་ལམ་ཆེན་པོའི་སྐབས་སུ་རྨི་ལམ་འོད་གསལ་འཆར་བའི་མགོ་རྩོམ། སྦྱོར་ལམ་དུ་རྨི་ལམ་འོད་གསལ་དངོས་སུ་ཟིན་ནི་རེད་གསུངས། མ་བསླབ་པས་མཁས་པར་མི་འགྱུར། མ་བསྒོམ་པས་གྲོལ་བར་མི་འགྱུར་བས་རིག་པ་རྗེན་པ་རྟོགས་ཟེར་བ་ཡང་དཀའ་མོ་རེད། སྒྲིབ་གཉིས་བག་ཆགས་ཀྱི་ཤུན་པའམ་ལྤགས་དེ་མ་འཐོར་བའི་རྗེན་པར་རྟོགས་ལུགས་མེད། དེ་ཕྱིར་ལྟོས་དེ་ཚད་མ་ཉིད། ཞེས་པ་གཞལ་བྱའི་ཡུལ་དང་འཇལ་བྱེད་ལ་ལྟོས་པ་དང་། ལ་ལ་ནི་གོང་འོག་ལ་ལྟོས་ཏེ་བཞག་ཡོད་པས། གོང་མ་ལ་ལྟོས་པ་མེད་ན་རང་དབང་ཅན་དུ་མི་འགྱུར་བའི་ཕྱིར། ཚད་མ་དང་ཚད་མིན་གྱི་རྣམ་དབྱེ་མེད་ནི་རེད། གོང་འོག་ལ་ལྟོས་ཏེ་རེ་ཞིག་ཚད་མ་དང་ཚད་མིན་དུ་བཞག་ལུགས། འོག་མ་འོག་མ་ལ་ལྟོས་ཏེ་གོང་མ་གོང་མ་རྣམས་ཚད་མར་བཞག་པ་ཡིན། མཐར་ཐུག་པ་སངས་རྒྱས་ཀྱི་སྒྲིབ་བྲལ་རང་བྱུང་ཡེ་ཤེས་ཀྱི་གཟིགས་པ་ཚད་མའོ། །སོ་སྐྱེས་ཚུར་མཐོང་གི་ངོར་ཆོས་ཐམས་ཅད་ལ་མངོན་སུམ་དང་། རྗེས་དཔག་ཚད་མ་དང་། ལྐོག་གྱུར་གྱི་གནས་རྣམས་རྒྱལ་བའི་ལུང་ཚད་མས་སྒྲུབ་པ་དང་། ལས་རྒྱུ་འབྲས་ཀྱི་གནས་ལ་འཇིག་རྟེན་པ་རྣམས་ཀྱིས་འཇུག་ལྡོག་བྱེད་ལུགས། ནང་དགེ་སྡིག་གི་རྒྱུ་འབྲས་སྨིན་ལུགས་དང་། རྒྱུ་བདེ་གཤེགས་སྙིང་པོའི་ཡོན་ཏན་གྱིས་སངས་རྒྱས་ཀྱི་ཆོས་གཟུགས་གཉིས་ཀྱི་སྐུར་བཞེངས་ལུགས་རྣམས་ཀྱི་འབྲས་བུ་ལ་དཔག་ནས་རྒྱུ་ལ་སྤྲོ་བ་བསྐྱེད་ཚུལ་གསུངས། ༈ སྣང་ཙམ་ཐུན་མོང་བལྟ་བྱ་ནི། སྣང་ཙམ་སྟེ་ཡོད་ཙམ་དོན་གཅིགམིས་མཐོང་བའི་ཆུ། མིའི་ངོར་ཚད་མ་ཡིན་ཀྱང་། བལྟ་བྱའམ་སྣང་གཞི་ལ་ལྟོས་ན་ཆུའི་ཕྱོགས་སུ་ལྷུང་ན་སྣང་ཕྱོགས་སུ་ལྷུང་། མིས་མཐོང་བའི་ཆུ་ཚད་མ་མིན་ན་དེ་ལས་གཞན་ཞིག་ཏུ་ཆུ་རུ་མི་འཐད་པས་སྟོང་ཕྱོགས་སུ་ལྷུང་། ཡོད་མེད་གཉིས་ཀྱི་ཕྱོགས་སུ་མ་ལྷུང་བའི་སྣང་ཙམ་ཐུན་མོང་བལྟ་བྱ་ཞེས་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་དོན་མཐར་ཐུག་སངས་རྒྱས་ཀྱིས་ཇི་ལྟར་གཟིགས་པ་ལྟར་གནས་ལུགས་དངོས་ཡིན་ཞིང་། དེ་ཉིད་ཇི་བཞིན་དུ་མཐོང་མ་ནུས་པའི་དབང་གིས་སོ་སོའི་རང་སྣང་གི་མཐོང་ཚུལ་རྣམས་རང་རང་གི་སྣང་བ་ཡིན་ལ། དེར་ཡང་སྣང་ཚུལ་དེ་དག་གོང་འོག་ལ་ལྟོས་ཏེ་གོང་མ་ཚད་མ་རུ་བཞག་པ་ཡིན་པས་ལྟོས་ནས་བཏགས་པ་ཙམ་ཞིག་ཏུ་བཞེད་ཅིང་མཐར་ཐུག་སྤྲོས་བྲལ་དུ་གནས་པར་ཡང་གྲུབ་བོ། །དེ་ལྟར་གནས་ལུགས་ཟུང་འཇུག་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་སྤྲོས་བྲལ་ཡིན་ཀྱང་ལམ་པ་བ་དང་སེམས་ཅན་སོ་སོའི་རང་སྣང་ལ་མི་སྣང་བ་ལས་ལོག་པའི་སྣང་ཙམ་དེ་སྣང་བ་ཀུན་ལ་མཉམ་པ་ཉིད་ཡིན་པས་དེ་ལ་ལྟོས་ནས་སྤྱི་བྱེ་བྲག་སོགས་གྲུབ་པ་ཡིན་ནོ། །མི་སྣང་བ་ལས་ལོག་པའི་སྣང་ཙམ་སྤྱི། སྣང་བ་གཞན་ལས་ལོག་པའི་སྣང་ཙམ་དེ་སྣང་བ་ཀུན་ལ་མཉམ་པ་ཉིད་ཡིན་པས་དེ་ལ་ལྟོས་ཤེས། ཆུ་ལྟ་བུ་བྱེ་བྲག་མི་སྣང་བ་ལས་ལྡོག་པའི་སྣང་ཙམ་ལྡོག་པ་ཆིག་རྐྱང་པ་སོགས་གཞན་ལས་ལྡོག་པའི་གཉིས་ཚོགས་སྣང་ཙམ་ཆུ་དང་བདུད་རྩི་སོགས་ལ་ཐུན་མོང་དུ་ཡོད་པ་བལྟ་བྱ་ཐུན་མོང་དུ་ཡོད་པ་བལྟ་བྱ་ཐུན་མོང་པ་ཡིན། ཆུ་སོགས་བྱེ་བྲག་སོ་སོའི་སྣང་ཚུལ་རྣམས་རང་རང་གི་སྣང་བ་ཡིན། དཔེར་ན་མི་ལ་ཆུར་སྣང་བའི་སྐབས་སུ་ཆུ་དེ་ཉིད་མི་སྣང་བ་ལས་ལོག་པའི་སྣང་བ་དང་། ཆུ་མིན་ལས་ལྡོག་པས་ཆུ་ཡང་ཡིན་ལ། དེ་བཞིན་དུ་བདུད་རྩི་སོགས་ཐམས་ཅད་སྣང་བ་དང་བདུད་རྩི་ཡིན་པ་རིགས་འགྲེས་སོ། །མཐུན་སྣང་བལྟ་བྱའི་སྣང་བ་ལ་དཔྱད་དེ། དེ་དཔེར་བཟུང་ན་སྣང་བ་དེ་ལ་དོན་དམ་སྤྲོས་བྲལ་གྱི་དབང་དུ་ཁས་ལེན་མེད་ཚུལ་དང་། ཐ་སྙད་སྣང་ཚུལ་ཙམ་དུ་བདུད་རྩི་དང་ཆུ་སོགས་ཁས་ལེན་ཡོད་པའི་ཚུལ་དང་དེ་གཉིས་མི་འགལ་བར་སྦྱར་ནས་ཐ་སྙད་ཀྱི་ཁས་ལེན་ཚུར་མཐོང་གི་རྣམ་བཞག་ཕར་ཕྱིན་ཐེག་པ་ནས་སྔགས་རྡོ་རྗེ་ཐེག་པའི་བར་དུ་ཤེས་པའི་སྒོའམ་མཚོན་བྱེད་ཡིན་པས་བློ་གྲོས་ཟབ་མོའི་སྒོ་ཞེས་བྱའོ། །རིགས་མི་མཐུན་པའི་དངོས་པོ་གཞན་ལས་ལོག་པའི་ལྡོག་པ་ཆིག་རྐྱང་སྤྱི། གཞན་དང་རིགས་མཐུན་ལས་ཀྱང་ལོག་པའི་ལྡོག་པ་ཉིས་ཚོགས་བྱེ་བྲགམི་སྣང་བ་ལས་ལྡོག་པའི་སྣང་ཙམ་སྤྱི། གཞན་དང་ས་སོགས་རིགས་མཐུན་ལས་ཀྱང་ལོག་པའི་ལྡོག་པ་ཉིས་ཚོགས་ཆུ་ལྟ་བུ་བྱེ་བྲགདེས་ན་རང་གི་ལུགས་ལ་ནི། བལྟ་བྱའམ་སྣང་གཞི་གང་ཡིན་ཞེ་ན། གཞི་སྣང་སྟོང་ཟུང་འཇུག་བདེན་གཉིས་དབྱེར་མེད་དམ། མཁན་པོ་བསྟན་འཕེལ་ཚང་གིས། གཞི་ཅི་ཡང་མ་ཡིན་པ་ཉིད་ཡིན་གསུངས། གཞན་ཁྲ་གླིང་སྒར་བས། ཆོས་ཉིད་དེ་འཇོག་གསུངས། ༈ དེ་ལྟར་སྣང་ཚུལ་སྣ་ཚོགས་ལ། ཞེས་སྐབས། སྤྱི་གཞི་དེ་ཉིད་རྟོགས་ན་གདོད་མའི་བཙན་ས་ཟིན། མ་རྟོགས་ན་རྒྱུ་གསུམ་རྐྱེན་བཞིའི་དབང་གིས་འཁོར་བར་འཁྱམས་ཏེ་ཁམས་གསུམ་དུ་མགོ་འཁོར། རྟོགས་ན་ནི། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཅེས་རྒྱུད་བླ་མ་ལས་ཇི་སྙེད་གསུངས་པའི་དོན་འཕགས་ལམ་ཐོབ་དུས་དབྱིངས་དང་ཡེ་ཤེས་མངོན་དུ་གྱུར་ནི་རེད། མཐར་ཐུག་གི་སྐུ་གསུམ་སྟོན་པའི་སྐུར་བཞེངས། ཡེ་ཤེས་རང་སྣང་གི་སྟོན་འཁོར་ངེས་པ་ལྔ་ལྡན་ནོ། ༈ །དབུ་མར་ཁས་ལེན་ཡོད་མེད་བཤད་པའི་སྐབས་སུ། སྔ་རབས་པས་དབུ་མ་ཐལ་འགྱུར་བས་མཐར་ཐུག་སྤྲོས་པའི་དྲྭ་བ་མ་ལུས་པ་དབྱིངས་སུ་ནུབ་པའི་མཚན་གཞི་འཕགས་པའི་མཉམ་བཞག་ལྟ་བུ་དབང་བཙན་དུ་བྱས་ནས་ཁས་ལེན་མེད་ཟེར། ཐ་སྙད་སྣང་བའི་རྣམ་བཞག་གཞི་ལམ་འབྲས་བུའི་ཆོས། ས་དང་ལམ་གྱི་རྣམ་བཞག་ཐམས་ཅད་འཇིག་རྟེན་གྲགས་སྡེའི་ངོར་ཙམ་ཡིན་གསུངས། ཕྱི་རབས་པས་རྣམ་པ་ཀུན་དུ་ཁས་ལེན་ཡོད་ཚུལ་བཞེད། སྔ་འགྱུར་བའི་རིང་ལུགས་ལ་ནི། མི་ཕམ་རིན་པོ་ཆེས། རགས་པ་བརྡའི་དབུ་མའམ་ཤན་འབྱེད་ལམ་གྱི་དབུ་མའམ་སྣང་ཚུལ་ཐ་སྙད་འཕགས་པའི་རྗེས་ཐོབ་མན་ཆད་གནས་སྐབས་སྣང་ཚུལ་ཐ་སྙད་ཙམ་དུ་ཚད་མ་གཉིས་པོའི་རྙེད་དོན་བདེན་གཉིས་སོ་སོར་ཀུན་རྫོབ་དུ་ཡོད་ལ་དོན་དམ་དུ་མེད་ཅེས་པའི་ཁས་བླངས་ཡོད། མཐར་ཐུག་ཟུང་འཇུག་འབྲས་བུའི་དབུ་མའམ་ཕྲ་བ་ཆོས་ཉིད་ཀྱི་དབུ་མའམ་གནས་ལུགས་དབུ་མ་ཆེན་པོའི་དོན། ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་མངོན་སུམ་དུ་གཟིགས་པའི་ངོར། སྤྲོས་པའི་དྲྭ་བ་མ་ལུས་པ་དབྱིངས་སུ་ནུབ་པས་ཁས་ལེན་བརྗོད་བྱའི་ཡུལ་ལས་འདས་པས་ན་མཐར་ཐུག་ཟུང་འཇུག་དབུ་མ་ཆེན་པོར་ཁས་ལེན་མེད་གསུངས། སྣ༷ང་ཚུལ༷་ལ། ཐ་སྙད་བདེན་གཉིས་སོ་སོར་ཡང་ཁས་ལེན་ཡོད་དེ། ཞེས་སྣང་སྟོང་རེས་འཇོག་གྱི་ཚུལ་གྱིས་བསྒོམ་པ་ནི། ཟུང་འཇུག་རྟོགས་པ་ལ་འཇུག་པའི་སྒོ་ཙམ་ཡིན། ཚད་མ་གཉིས་པོའི་རྙེད་དོན་ཀྱིས་ཤེས། བཟུང་དུས་ཅིག་ཤོས་བཏང་བ་མ་གཏོགས་ཅིག་ཆར་དུ་བཟུང་མི་ནུས་པས་གཅིག་སྣང་གཅིག་གིས་མི་སྣང་། གཅིག་མཐོང་གཅིག་གིས་མི་མཐོང་ནི་རེད། མདོར་ན་ཡོད་རྟོག་མེད་རྟོག་གམ་ཡོད་མཐའ་མེད་མཐའ་གཉིས་གང་རུང་ཡིན་ནོ། །དེས་ན་གནས་སྐབས་དང་མཐར་ཐུག་གི་སྐབས་ཤན་ལེགས་པར་ཕྱེད་པ་ནི། མི་ཕམ་རིན་པོ་ཆེའི་ཁྱད་ཆོས་སོ། །ལ་ལས་གནས་སྐབས་ལམ་གྱི་དབུ་མ་ལ་མཐར་ཐུག་གི་དབུ་མ་བཏགས་པ་དང་། མེད་དགག་ལ་སྤྲོས་བྲལ་བཏགས་ཚུལ་ཡོད་དོ་གསུངས། །ཐ་སྙད་སྣང་བའི་ཆོས་ཐམས་ཅད་དོན་དམ་དཔྱོད་པའི་རིག་ངོ་ན་རང་རང་གི་ངོ་བོས་མི་སྟོང་པའི་ཆོས་གཅིག་ཀྱང་མི་སྲིད་པས་ཟབ་མོ་སྟོང་པ་ཉིད་ཡིན་ནས་བཟུང་སྣང་སྟོང་ཟུང་འཇུག་སྟོང་རྟེན་འབྱུང་གི་རང་བཞིན། ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་ལས་མི་འདའ་བས་སྣང་སྟོང་ཟུང་འཇུག་གི་ངེས་ཤེས་དེའི་ངང་དུ་མཉམ་བཞག་ངོ་བོའི་དབྱིངས་ལ་ཤར་ཆ་འགག་མེད་ཞིག་འཆར་རྒྱུ་འདི་མཐའ་བཞིའི་འཛིན་སྟངས་མེད་པའི་འབྲས་རྟགས་ཡིན། ཤེས་རབ་ལམ་གྱི་དབུ་མ་ལས་འཕགས་པའི་ཁྱད་ཆོས་གཅིགགང་ཅི་ཤར་བ་ཐམས་ཅད་མཉམ་བཞག་གི་རང་དུས་དེར་ཤར་གྲོལ་རྗེས་མཐུད་མེད་པར་གྲོལ་རྒྱུ་འདི། གང་ཟག་དེའི་ཤེས་རྒྱུད་སྣང་སྟོང་ཟུང་འཇུག་གི་ལྟ་བ་ཡང་དག་པས་ཁྱབ་ནིའི་འབྲས་རྟགས་ཡིན་པས། ཁྱད་ཆོས་གཉིས་རྫོགས་ཆེན་གྱི་བྱུང་གནས་འགྲོ་གསུམ་གྱི་ལྟ་བར་རྡོ་གྲུབ་ཆེན་རིན་པོ་ཆེས་གསུངས། སྣང་སྟོང་ཟུང་འཇུག་གི་ལྟ་བ་དེའི་ངང་དུ་འདས་པའི་རྟོག་པ་ཤར་ནས་རང་སར་གྲོལ་ན། འདས་པའི་སངས་རྒྱས་རྣམས་ཀྱི་ཞལ་མཇལ་བ་དང་ཁྱད་མེད། ད་ལྟའི་མཚན་འཛིན་གྲོལ་ན་ད་ལྟའི་སངས་རྒྱས། མ་འོངས་པའི་རྟོག་པ་གྲོལ་ན་མ་འོངས་འབྱུང་འགྱུར་གྱི་སངས་རྒྱས་རྣམས་མཇལ་བའི་ཕན་ཡོན་ཡོད་ཚུལ་འབྲུག་པ་རིན་པོ་ཆེས་གསུངས། དུས་གསུམ་གྱི་སངས་རྒྱས་ནི་རིག་པ་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་ཡིན་པས་སོ། །ཆོས་ཐམས་ཅད་གཏན་ལ་ཕབས་ནས་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་བཟུང་ཤེས་ན། དལ་འབྱོར་རྙེད་དཀའི་སྙིང་པོ་མཐར་ཐུག་ཆོས་གཟུགས་གཉིས་རེད། སྣང་སྟོང་ནི་ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་ཡིན་པས་ན། དལ་འབྱོར་གྱི་སྙིང་པོ་ལོན་པ་མཐར་ཐུག་པ་ཡིན། སྐྱེ་འཆི་མཚན་འཛིན་གྱི་རྟོག་པ་ཞིག་ནས་འཆི་མེད་བགྲེས་རྒུད་དང་བྲལ་བའི་གཉུག་མའི་བཙན་ས་ཟིན་པ་ནི་འཆི་བ་མི་རྟག་པ་བསྒོམ་པའི་མཐར་ཐུག་ཡིན། སྡུག་བདེན་འཁོར་བའི་སྣོད་བཅུད། འགོག་བདེན་སྐུ་དང་ཡེ་ཤེས་སུ་དག་མཉམ་ཆེན་པོ་ངེས་པ་ནི་འཁོར་བའི་ཉེས་དམིགས་བསྒོམ་པ་མཐར་ཐུག་ཡིན། ཀུན་འབྱུང་ལས་ཉོན་གཉིས་པོ་སྣང་སྟོང་ཟུང་འཇུག་གམ་ཐབས་ཤེས་ཀྱི་ངོ་བོར་ལམ་དུ་འཁྱེར་བས་ན་བག་ཆགས་བསོགས་ལོང་མེད་པས་ལས་རྒྱུ་འབྲས་བསྒོམ་པའི་མཐར་ཐུག་ཡིན་ནོ། །དེ་ལྟར་ལམ་ཡང་དག་པས་ཟིན་པར་བྱས་ནས་མན་ངག་སེམས་ལ་ཐེབས་ནས་མ་རིག་འཁྲུལ་བའི་བག་ཆགས་ཀྱི་རྒྱ་གཏོར། འདུས་བཤིག་ཐུབ་དགོས། མེ་བཙའ་ཤ་ལ་ཟིན་པ་དང་ཤན་པ་སྲོག་གི་གནད་ལ་མཁས་པ་བཞིན་བླ་མའི་མན་ངག་དེ་ཉིད་རང་རྒྱུད་གྲོལ་བའི་གནད་དུ་ངེས་པར་འགྲོ་དགོས་ནི་རེད་གསུངས། ༈ འོན་ཀྱང་མདོ་ལས་ཟུང་འཇུག་དོན། ཞེས་པའི་རྒྱུ་ཚད་མ་གཉིས་ལ་བརྟེན་ནས་རྗེས་དཔག་གི་ངེས་ཤེས་ཀྱིས་རྒྱུ་དང་འབྲས་བུའི་ཚུལ་དུ་རྟོགས་ཚུལ་གསུངས། བླ་མེད་རྡོ་རྗེ་ཐེག་པའི་ལུགས་ལ་ནི་བདེན་གཉིས་དཔྱོད་པའི་ཚད་མས་རྗེས་དཔག་གིས་གཏན་ལ་དབབ་ཚུལ་མེད་པས་མ་ཧཱ་ཡོ་གའི་སྐབས་སུ་གྲོལ་ལམ་པས་རྟགས་དང་གཏན་ཚིགས་ལ་བརྟེན་ཚུལ་གསུངས་པ་དེ་ཡང་མདོ་ལམ་དང་འདྲ་ནི་མ་རེད། འདིར་གཏན་ཚིགས་ཀྱིས་ཐ་མལ་མ་དག་པའི་སྣང་ཞེན་བཙན་ཐབས་སུ་བཅད་ནས་དག་མཉམ་སད་པ་ནི་སྔགས་བླ་མེད་སྤྱིའི་ལྟ་བར་འཇོགའོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་དབང་བཞི་པའི་དོན་གྱི་ཡེ་ཤེས་རེད། གྲོལ་ལམ་པར་གཏན་ཚིགས་ཀྱི་སྣ་རྩེ་བཀོད་པ་ཙམ་གྱིས་དག་མཉམ་ལ་ངེས་ཤེས་སྐྱེ་ཚུལ་དཔལ་སྤྲུལ་དང་རྡོ་གྲུབ་རིན་པོ་ཆེས་གསུངས། ངེས་ངོར་དག་མཉམ་ངེས་ཚུལ་ནི། དག་མཉམ་ཆེན་པོར་ངེས་པའི་ངེས་ངོར་སྣང་ཞེན་སྲབ་འགྲོ་ཚུལ་ཡང་། མ་དག་པ་ལྟར་མི་བཟུང་ནི་རེད། མ་བཟུང་ན་མི་ཞེན། མ་ཞེན་ན་བག་ཆགས་མི་འཐས་པས་སོ། །མི་ཕམ་རིན་པོ་ཆེས། བྱུང་གནས་འགྲོ་གསུམ་གྱིས་ལྟ་བ་སྣང་སྟོང་ཟུང་འཇུག་སྟོང་རྟེན་འབྱུང་དེ་ཉིད་ངེས་པར་བྱས། དེའི་སྟེང་ནས་ཡོ་ག་གསུམ་གྱི་དགོངས་དོན་སྣོད་བཅུད་རྒྱུད་གསུམ་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་ཕབ་ནས་སྣོད་བཅུད་དག་མཉམ་ཆེན་པོ་གཞིར་བཞག་གི་སྟེང་ནས་དབང་བཞི་པའི་དོན་གྱི་ཡེ་ཤེས་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ལ་འཇུག་པ་ཡིན་གསུངས། རྫོགས་ཆེན་ལམ་གྱི་འགྲོ་ལུགས་༼རྡོ་གྲུབ་༽རིན་པོ་ཆེ་དང་། བཀའ་དྲིན་ཅན་༼གཡུ་ཁོག་༽གྱི་ལུགས་ནི། དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་ཁྲིད་སྦྱང་ལོ་ལྔ་རེ་ཙམ། ཐུན་མིན་ཁྲེགས་ཆོད་ཀྱི་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པའི་ཁྲིད་ལའང་ལོ་ལྔའམ་བདུན་རེ་ཙམ། མཁན་པོ་ཐུབ་བསྟན་ཚང་གིས་ལོ་གཅིག་རེ་གསུང་ཚུལ་དང་། མཁན་པོ་ཨ་ངག་ཚང་གིས་ཞག་མ་བརྒྱ་རེ་འཕྲོས་ངོ་སྤྲོད་རེ་བཞག་ཀྱང་སྔ་ནས་མི་འཕྲོད་ཚུལ་གསུངས། གང་ལྟར་ཡང་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པའི་མན་ངག་གིས་གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་ཕྱི་ནང་སྣོད་བཅུད་ཀྱི་འདུས་རྒྱ་གཏོར་ནས་སྣང་སྟོང་ཟུང་འཇུག་ཆེན་པོར་ངེས་ཤེས་ཡང་དག་པའི་ལྟ་བ་ནས་དངོས་གཞི་རིག་པ་ངོ་སྤྲད་པ་ལ་མང་དུ་ཡོད་ཀྱང་། བསྡུ་ན་བྱིན་རླབས་འཕོ་བའི་སྟོབས་ཀྱི་ངོ་སྤྲོད་དང་། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲོད་ཚུལ་ལོ། །བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲོད་ལུགས་ནི། སྣང་སྲིད་བླ་མར་འཆར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་བསྒོམ་པའི་ལམ་ཁྱེར་བསྟན་ནས་གཟུགས་སྣང་བླ་མའི་སྐུར་དྲན། སྒྲ་གྲགས་བླ་མའི་གསུང་། དྲན་རྟོག་ཐུགས་སུ་དྲན་ནས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲོད། དད་པ་ཅན་ནི་རྫོགས་ཆེན་གྱི་གདུལ་བྱ་ཡིན་གསུངས། །

ཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་།

༈ ཀུན་མཁྱེན་བླ་མའི་ཞལ་ལུང་དྲན་པ་དྲུག་གི་དོན་འགྲེལ་མ་རིག་མུན་སེལ་ཉི་ཟླའི་འོད་སྣང་བཞུགས་སོ། །ན་མོ་གུ་རུ། གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག ། སྔ་འགྱུར་བསྟན་པའི་སྲོལ་འབྱེད་རོང་ཀློང་རྗེ། །སྐུ་བཞིའི་མངའ་བདག་བརྒྱུད་གསུམ་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བགྱིའོ། །རྒྱལ་བསྟན་ཡོངས་རྫོགས་ཀུན་མཁྱེན་བླ་མའི་གཞུང་། །ནང་རྒྱུད་སྡེ་གསུམ་དགོངས་པའི་མན་ངག་བཅུད། །ཡེངས་མེད་ལམ་དུ་བྱེད་པའི་ཆོས་དྲུག་ལ། །དགོངས་པའི་གནད་བཀྲོལ་ཉི་ཟླའི་འོད་སྣང་བཀོད། །ཅེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་གཉིས་བསྟན་ཟིན་ནས། དངོས་གཞི་དྲན་པ་དྲུག་གི་དགོངས་དོན་ཇི་ལྟ་བ་བཞིན་འཆད་པར་བྱེད་པ་ལ། ཀུན་མཁྱེན་བླ་མས། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། །མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། །ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངང་། ཆོས་ཟད་དུས་ན་མཚོན་བརྗོད་ཡུལ་ལས་འདས། །དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། །ཞེས་པས། དང་པོ། དང་པོའི་ལས་ཅན་འདུ་བྱེད་མ་ཡེངས་བྱ། ཞེས་པའི་དོན། དེ་ཡང་དང་པོའི་ལས་ཅན་རྣམས་ཀྱིས་རང་གིས་བསྒོམས་ཤིང་ཉམས་སུ་ལེན་རྒྱུའི་ཆོས་དེ་ལ་ཐོག་མར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ནས་ངེས་པ་གཏིང་ནས་རྙེད་པ་ཞིག་དང་། ཡང་བླ་མའི་མན་ངག་གི་སྒོ་ནས་ཇི་ལྟར་བསྟན་པའི་དོན་ལ་མཉམ་པར་བཞག་ཏེ་སྐྱོང་བའི་ཚེ་མི་བསམ་དགུ་བསམ་གྱི་རྣམ་རྟོག་ཤིན་ཏུ་མང་པོ་མཚོ་རླབས་འཁྲུགས་པ་ལྟ་བུའི་རང་དབང་མི་ཐོབ་པ་ཤིང་བལ་རླུང་གིས་ཁྱེར་བ་ལྟ་བུའམ་རླུང་གསེབ་ཏུ་བཞག་པའི་མར་མེ་ལྟར་སྐད་ཅིག་ཀྱང་མི་སྡོད་པར་འགྱུར་བས་ན་ལྷག་མཐོང་གི་རྟེན་དུ་ཞི་གནས་འབའ་ཞིག་བཙལ་བར་བྱ་བ་ནི། ཕྱིའི་དམིགས་པ་སྐུ་གཟུགས་སོགས་དང་། ནང་གི་དམིགས་པ་རླུང་ཐིག་སོགས་དམིགས་རྟེན་གང་རུང་ལ་འདུ་བྱེད་ཀྱི་དྲན་པའི་ཐག་པ་བཏགས་ནས་སེམས་རྩེ་གཅིག་ཏུ་གཏད་ནས་སྐད་ཅིག་ཀྱང་མི་ཡེངས་པར་བྱ་སྟེ། སྤྱོད་འཇུག་ལས། ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་འདི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག ། ཅེས་སོ། །དེའང་རེ་འགའ་ཙམ་དང་ཡུན་ཐུང་ངུ་ཙམ་གྱིས་ནི་མི་འགྲུབ་པས་ན་ཉམས་ལྔ་མཐར་མ་ཕྱིན་གྱི་བར་བསླབ་པར་བྱ་སྟེ། ཉམས་ལྔ་ནི། བཱི་མ་ལའི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་བར། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔ། །བསམ་གཏན་ཉམས་ཀྱི་སྐྱེ་ཚུལ་ཡིན། །ཞེས་གསུངས་པ་ལྟར། མཐར་ཕྱིན་པའི་ཉམས་ཞེས་བྱ་བ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུའི་བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་ནས་རྟེན་གང་དང་གང་ལའང་དམིགས་ན་དེ་དང་དེ་ལ་ལྷན་གྱིས་གནས་ཤིང་བརྟན་པ་ཐོབ་པས་ན་རྣམ་རྟོག་གཉེན་དུ་ཤར་བའི་དུས་ཞེས་བྱ་བ་བྲན་ཁོལ་བཟང་པོ་ལྟར་རྣམ་རྟོག་རང་དབང་དུ་འདུ་བ་ཡིན་ནོ། །དེ་ལྟར་གོམས་པའི་ཚེ། སློབ་དཔོནབི་མ་མི་ཏྲས། གྲོལ་ལུགས་གསུམ་གྱི་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ་ཞེས་གསུངས་པའི་དོན་དང་གཅིག་པའོ། །གཉིས་པ། མཉམ་རྗེས་སློབ་རྣམས་ཆོས་ཉིད་མ་ཡེངས་བྱ། །ཞེས་པའི་དོན་ནི། ཞི་གནས་རྐྱང་པའི་ལམ་གྱིས་ཉམས་ལྔ་མཐར་ཕྱིན་ནས་གནས་སྐབས་ན་རྣམ་རྟོག་གི་གཡུལ་ལས་རྒྱལ་བ་ལྟར་སྣང་ཡང་སྲིད་པའི་ས་བོན་དྲུང་འབྱིན་མི་ནུས་པས་ན། ལྷག་མཐོང་གི་ཡེ་ཤེས་བསྐྱེད་དེ་མཉམ་རྗེས་སམ་ཞི་ལྷག་ཟུང་འབྲེལ་ལ་ཡང་ཡང་གོམས་པར་བྱ་དགོས་པས་རྒྱུན་དུ་བྱིང་རྒོད་ལ་སོགས་པའི་རྐྱེན་གྱིས་མི་འཕྲོག་པའི་སེམས་རྩེ་གཅིག་ཏུ་གནས་པའི་ཆ་མཉམ་བཞག་གི་ཞི་གནས་ཡིན་ལ། དེ་དང་ངོ་བོ་གཅིག་པའི་ཡེ་ཤེས་རང་བཞིན་ཡོངས་སུ་ཤེས་པའི་ནང་སེམས་ཉིད་ཙམ་ལའང་མ་ཞེན་པའི་ཆ་རྗེས་ཐོབ་བམ་ལྷག་མཐོང་སྟེ། ཡེ་ཤེས་རྒྱས་པ་ལས། ཞི་གནས་ཀྱིས་ནི་ཉོན་མོངས་རང་མགོ་གནོན། །ལྷག་མཐོང་དམ་པས་རྩ་བ་རབ་ཏུ་འབྱིན། ཞེས་པ། ཚུལ་དེ་ལྟ་བུའི་མཉམ་བཞག་ཏུ་ཆོས་ཉིད་ཀྱི་དབྱིངས་སྐྱེ་མེད་དུ་རྟོགས་པའི་ངང་མ་ཤོར་བའི་ཆ་བྱིང་རྒོད་དང་བྲལ་བ་མཉམ་རྗེས་སམ་ཞི་ལྷག་ཟུང་འབྲེལ་གྱི་ལམ་གོམས་པའི་ཏིང་འཛིན་མཉམ་བཞག་ཏུ་ཆོས་ཉིད་དག་མཉམ་ནམ་མཁའ་ལྟ་བུའི་ཀློང་དུ་རྗེས་ཐོབ་དུ་གང་སྣང་ཐམས་ཅད་ཆོས་ཉིད་རིག་པའི་རང་རྩལ་དུ་སྣང་བ་ཙམ་ལས་རང་བཞིན་མ་གྲུབ་པས། དེས་ན་སེམས་དང་སེམས་ལས་བྱུང་བའི་བཟང་ངན་གྱི་རྟོག་པ་མཐའ་དག་ནམ་མཁའི་དབྱིངས་སུ་སྤྲིན་དེངས་པ་བཞིན་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་པར་འགྱུར་བའི་ཕྱིར་ནན་ཏན་བསྐྱེད་ནས་བསྒོམ་པར་བྱ་དགོས་པ་ཡིན་དེ། ཏིང་འཛིན་དམ་པའི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ན། །མང་དུ་མི་ཐོགས་ཉམས་མྱོང་འབྱུང་། །དེས་ན་ཏིང་ངེ་འཛིན་ཞེས་བྱ། །ཞེས་སོ། །མཉམ་བཞག་གི་རང་ས་ཟིན་ན་ཉམས་མྱོང་གི་ཡེ་ཤེས་རྗེས་ཐོབ་དང་བསྲེ་མི་ནུས་གསུངས་སོ། །དེ་ལྟར་གོམས་པའི་མཐར་མཉམ་བཞག་ལ་རང་དབང་ཐོབ་པས་རྗེས་ཐོབ་རིག་རྩལ་གྱི་རྟོག་པ་རྒྱ་མཚོའི་རླབས་བཞིན་གཡོ་ནའང་། གཟུང་འཛིན་གྱི་སྲོག་དང་བྲལ་བའི་ཤི་བའི་སྦྲུལ་བཞིན་དུ་རྣམ་རྟོག་ལྟར་སྣང་ཡང་རྟོག་པའི་འདྲ་འབག་ཙམ་དང་། །སྨིག་རྒྱུའི་ཆུ་ལྟར་བདེན་མེད་དུ་རྟོགས་པས་གྲོལ་ལུགས་གཉིས་པ་རྣམ་རྟོག་རང་གིས་གྲོལ་བ་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་ལ་འགྲོ་བའོ། །ཞེས་པའི་དོན་དང་གཅིག་པའོ། །གསུམ་པ། གོམས་པས་དྲན་སྣང་ཡེ་ཤེས་མ་ཡེངས་བྱ། ཞེས་པའི་དོན། དེ་ལྟར་མཉམ་རྗེས་ངོ་བོ་གཅིག་པའི་དབང་དུ་བྱས་ན་ཆོས་ཉིད་ཀྱི་དབྱིངས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་ཚེ། སེམས་དང་སེམས་བྱུང་གི་འགྱུ་བ་རགས་པ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ནུབ་ནས་རྟོག་མེད་དུ་གནས་པ་ནི་མཉམ་བཞག་ཡིན་ལ། དེའི་ཚེ་ཤེས་པ་མ་འགགས་ལ་ཡུལ་སྣང་ཐམས་ཅད་ལ་འཛིན་པ་མེད་པའི་གསལ་བའི་ཆ་ནི་རྗེས་ཐོབ་ཡིན་པས་མཉམ་རྗེས་དབྱེར་མེད་དེས་གཟུང་འཛིན་གྱི་རྟོག་པ་རིམ་གྱིས་སྤོང་བར་བྱེད། འདིར་གཟུང་འཛིན་ཞེས་པ་དང་གཟུང་འཛིན་གྱི་རྟོག་པ་ཞེས་པ་གཉིས་ལས། དང་པོ་ནི། སྣང་ཡུལ་བློ་ལ་ཤར་བའི་ཚེ་སྣང་ཙམ་གྱིས་མི་འཆིང་མོད། དེར་ཞེན་པའི་བློ་སྐྱེས་པས་ན་ཡུལ་གྱི་རང་བཞིན་ན་མེད་བཞིན་དུ་བློའི་ངོར་བདེན་པར་སྣང་བ་ནི་གཟུང་བ་དང་། དེར་ཞེན་པ་སྐྱེས་པ་ནི་འཛིན་རྟོག་ཅེས་བྱ་སྟེ་གཟུང་འཛིན་གྱི་རྟོགས་པ་སྤངས་ན་གཟུང་འཛིན་ཡང་སྤང་བ་ཡིན། དེ་ལྟར་མཉམ་རྗེས་དབྱེར་མེད་དམ་ཞི་ལྷག་ཟུང་འཇུག་གོམས་པ་ཆེར་ཐོབ་པའི་ལྷག་མཐོང་གི་ཡེ་ཤེས་སྐྱེས་པས་རྟོག་པ་བཟང་ངན་གང་ཤར་ཡང་སྐྱེ་མེད་དུ་རྟོགས་པའི་རིག་པ་རྣལ་མའི་ངང་ལས་མི་གཡོ་བཞིན་རང་སར་གནས་ཏེ་དབང་ཤེས་དྭངས་པའི་གདངས་སམ་རྩལ་མེ་ལོང་གཡའ་དག་པ་ལྟ་བུར་དྭངས་པའི་ཤེས་པ་ལ་སྣང་ཡུལ་གཟུགས་ལ་སོགས་པ་འཆར་འཆར་འདྲ་བའི་ཆ་དེ་དབང་པོའི་གདངས་མ་འགགས་པའི་ཡོན་ཏན་དུ་བཀྲ་ཡང་། །སྣང་དུས་ཉིད་ནས་རང་གི་ངོ་བོ་སྟོང་པའི་མེད་པ་གསལ་སྣང་ཙམ་ཡིན་པ་དང་། རྩལ་སྣང་ཇི་ལྟར་གཡོ་ཡང་། སྣང་བ་གཞི་མེད་དུ་གོ །ཤེས་པ་ཡུལ་མེད་དུ་གོ །རིག་པ་རྟེན་མེད་དུ་གོ །རོལ་པ་ཆོས་ཉིད་དུ་རྟོགས་པས་ན་ཕར་ཕྱིན་ཐེག་པའི་ཆོས་སྐད་ལ། སྟོང་ཉིད་ཀྱི་ངང་ལས་རྟེན་འབྱུང་གི་སྣང་བ་འགགས་མེད་དུ་འཆར་ཞེས་པ་དང་དོན་གཅིག་པས་ན། སྣང་ཡུལ་གྱི་རྣམ་པ་དེ་ལ་དེར་འཛིན་གྱི་བློས་གོས་པར་མ་གྱུར་ཏེ་ཅི་ཡང་མི་འཛིན་ན་སྣང་ཙམ་གྱིས་མི་འཆིང་སྟེ། འཆིང་བྱེད་ནི་གཟུང་འཛིན་གཉིས་པོ་ཡིན་ན་གཟུང་ཡུལ་དང་། འཛིན་སེམས་གཉིས་ཕན་ཚུན་ཡུལ་ཡུལ་ཅན་དུ་འབྲེལ་བ་མེད་པས་ཆོས་ཅན་གཟུགས་སོགས་ཀྱི་ཡུལ་སྣང་གི་རྗེས་སུ་མི་དཔྱོད་པར་མ་ཟད་ཆོས་ཉིད་རིག་པའི་ངང་ལའང་ཆེད་དུ་མི་ལྟ། གོ་ཡུལ་གྱི་དངོས་མེད་དང་བདག་མེད་སྟོང་པ་སོགས་ལའང་སེམས་མི་འཛིན་པར་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་ངང་ངམ་ཤུགས་འབྱུང་གི་དྲན་པའི་རང་བབས་སུ་བསྐྱངས་པས་ཕྱི་ནང་གི་འབྱུང་བའི་སྙིགས་མ་དེ་རང་དག་ཏུ་འགྲོ་ཚུལ་ལའང་། ཐལ་འགྱུར་ལས། དངོས་དང་དངོས་མེད་པར་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །དེ་ལྟ་བུའི་རང་ལམ་དེར་གོམས་པའི་མཐར་རྗེས་སྣང་གི་དྲན་པ་སྣང་ཙམ་ལས་མེད་པས་ན་སྣང་ཙམ་ཉིད་ནས་ཡེ་ཤེས་ཀྱི་རང་སྣང་དང་དབྱེར་མེད་དུ་འདྲེས་པས་རང་ཞིག་ལ་འགྲོ་བ་ནི། གྲོལ་ཐིག་ལས། ༼ཕྲེང་པོ་གཏེར་ཆེན་ཤེས་རབ་འོད་ཟེར་མཆན། ༽འགྱུ་གྲོལ་རང་སར་དག་པའི་སྐད་ཅིག་མ། ཞེས་དང་། སྣང་རྟོག་རེ་སྐྱེས་ཀྱང་ཚུགས་མི་ཐུབ་པར་རང་ཞིག་ལ་གྱུར་ནས་སྐད་ཅིག་སྣང་ཡང་སེམས་ལ་ཕན་གནོད་མེད་པས་ན་གྲོལ་ལུགས་གསུམ་པ་འདི་ཉིད་ཉམས་ལེན་སྐྱོང་བའི་མཐར་ཐུག་ཡིན་པར་གསུངས་པས་རྣམ་རྟོག་ཕན་གནོད་མེད་པར་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུའི་གྲོལ་ཚུལ་ཡིན་ནོ། །བཞི་པ། ཀློང་གྱུར་དུས་སུ་ཡེངས་མེད་ཡེངས་མཁན་མེད། །ཅེས་པས། ཆོས་རྣམས་ཀྱི་གནས་ལུགས་སེམས་ཉིད་སྤྲོས་པ་དང་བྲལ་ཞིང་རང་བཞིན་གྱིས་འོད་གསལ་བའི་དོན་མ་ནོར་བ་རྟོགས་པར་བྱེད་པ་ལ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་རྣམས་ཀྱི་མན་ངག་ཟབ་མོའི་ཐབས་ཀྱིས་ཤེས་དང་ཤེས་ཡུལ་རོ་གཅིག་ཏུ་གྱུར་པའི་དྲི་མ་མེད་པའི་ཤེས་རབ་མངོན་དུ་གྱུར་པ་ནི་ཆོས་ཉིད་ཀྱི་རྟོགས་པ་ཡོངས་སུ་རྫོགས་པ་ཡིན་པས། རང་གདངས་འགགས་པ་མེད་པའི་རྩལ་ལས་སྙིང་རྗེ་ཆེན་པོ་ཤུགས་འབྱུང་དུ་སྐྱེ་ལ་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལའང་ཆེད་དུ་མ་བརྩོན་ཀྱང་ཤེས་རབ་རང་རྩལ་དུ་རྫོགས་པ་དེ་ལ་ངང་གིས་འདུ་སྟེ། དེ་ལྟ་བུའི་མཐར་ཐུག་གི་ཤེས་རབ་མེད་ན་རྟོག་དཔྱོད་དང་བཅས་པའི་ཤེས་རབ་ཀྱིས་ཆོས་ཅན་དང་ཆོས་ཉིད་ཀྱི་དོན་གཏན་ལ་འབེབས་པར་བྱེད་ཀྱང་ཟབ་མོ་མཐར་ཐུག་ཆོས་སྐུའི་དགོངས་པ་ཇི་བཞིན་པ་རྙེད་པར་མི་འགྱུར་ཏེ། བརྗོད་དུ་མེད་པའི་རིག་སྟོང་རྗེན་པའི་ཡེ་ཤེས་རྟོག་དཔྱོད་རྗེས་དཔག་གི་བློས་ཐུག་ས་ནི་མི་འདུག་སྟེ། བསམ་བརྗོད་དང་བྲལ་བའི་གདོད་མའི་རང་གནས་སུ་ཡེ་ནས་གྲོལ་བས་བསྐྱར་གཞི་མེད་པའི་ངང་དུ་དམིགས་གཏད་ཀྱི་ཞེན་པ་དང་བྲལ་བས་གོལ་ས་དང་སྒྲིབ་པ་རང་ཤུགས་ཀྱིས་ཆོད་དེ། སྣང་སེམས་དབྱེར་མེད་གཞི་གྲོལ་ཀློང་ཡངས་ཆེན་པོ་རྟོགས་པའི་དུས་སུ་རླུང་སེམས་དབུ་མར་ཞུགས་ཏེ་གཞི་ལམ་གྱི་འོད་གསལ་མ་བུ་འདྲེས་པའི་ཡང་དག་གཉུག་མའི་དྲན་པ་མངོན་དུ་འགྱུར་ཏེ། ཀུན་མཁྱེན་གཉིས་པས། དེ་ཚེ་ད་ལྟའི་ཀ་དག་བརྗོད་བྲལ་ཀློང་། །ངེས་པ་རྙེད་དེ་མཉམ་པར་བཞག་པའི་མཐུས། །གདོད་མའི་གཞི་དབྱིངས་ནང་གསལ་གསང་བའི་སྦུབས། །ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་སྐུའི་ཀློང་། །སྐད་ཅིག་ཉིད་ལ་བཙན་ས་ཟིན་པར་ཤོག ། ཅེས་གསུངས་པས་དེ་ལྟར་རྟོགས་གོམ་ཀློང་དུ་གྱུར་པའི་དུས་ན། མཚན་བརྗོད་ལས། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་དང་། །ས་བཅུ་ལམ་ལྔའི་ཡོན་ཏན་བྱང་ཆོས་སོ་བདུན་སོགས་རིག་པའི་ཡེ་ཤེས་ཉག་གཅིག་རང་རྩལ་རྫོགས་པའི་གདོད་མའི་ཆོས་སྐུའི་གཞི་ཀློང་རང་བཞིན་ངང་གིས་འོད་གསལ་བའི་དཔེར་ལྕེ་སྤྱང་མིག་ལ་ཉིན་མཚན་མེད་པ་ལྟར་འོད་གསལ་གྱི་རང་སྣང་ལ་གསལ་སྒྲིབ་ཡེ་ནས་མེད་པས་ཡེངས་བ་བཙལ་ཀྱང་མི་རྙེད། ཡེངས་དང་མ་ཡེངས་ཀྱི་ཞེན་པ་རང་སར་དག་པས་ཡེངས་མཁན་ཡུལ་མེད་དུ་སངས་པ་ཡིན་ཏེ། རང་ཤར་ལས། །འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། །ཞེས་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པ་ད་གཟོད་སྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །ཞེས་གསུངས་སོ། །ལྔ་པ། བརྟན་པ་མཐར་ཕྱིན་ཡེངས་ཡུལ་ཆོས་ཉིད་ངང་། །ཞེས་པའི་དོན་ཡེ་ནས་བཏང་བཞག་མེད་པའི་རིག་པ་རང་གནས་ཀྱི་བསམ་གཏན་ཉིད་ལ་བརྟན་པ་ཐོབ་ཏེ་མཐར་ཕྱིན་པའི་དྲོད་ཐོབ་ཚེ། རྩོལ་མེད་བློ་འདས་ཀྱི་དྲན་པས་རང་དབང་བསྒྱུར་བས་ཡེངས་ཡུལ་གྱི་ཞེན་འཛིན་མེད་པར་མ་ཟད། ནང་སེམས་ཉིད་ཞེས་པའི་ཞེན་སྣང་ཙམ་ཡང་མེད་པར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རིག་སྟོང་བར་མེད་ཡེ་ནས་ཟང་མ་ཐལ་བའི་ཆོས་ཉིད་ཡེ་གསལ་ནམ་མཁའ་ལྟ་བུའི་ཁོར་ཡུག་བར་མེད་ཁྱབ་བདལ་ཡུག་གཅིག་ཏུ་འདྲེས་ངེས་པས་དབང་བསྒྱུར་བའོ། །རྔམ་གློག་ལས། སྤྱོད་ཡུལ་ཀུན་ཏུ་བཟང་པོའི་ཞིང་། །ཉོན་མོངས་ཡེ་ཤེས་གཉིས་སུ་མེད། ཅེས་དང་། དེས་ན་འཁོར་འདས་ཀྱི་ཆོས་ཀུན་མི་གནས་པའི་མྱ་ངན་ལས་འདས་པས། ཡེ་ཟིན་ཡིན་པས་བྱ་བ་དང་རྩོལ་བའི་གནད་དང་བྲལ་བས་བར་མེད་ངང་རྗེན་པར་མཐོང་བའི་ཆོས་ཉིད་ཡེ་གསལ་ཆེན་པོ་རང་སྣང་འབའ་ཞིག་ཏུ་དབང་ཐོབ་པས་ན། མཚན་བརྗོད་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཞེས་དང་། འཇིགས་མེད་ཆོས་ཀྱི་དབང་པོའི་དབེན་པའི་གཏམ་ལས། ཆོས་ཉིད་གཞི་བཞག་རིག་པ་རང་མལ་ལ། །སྒོམ་པའི་མན་ངག་རྒྱ་མཚོ་ཅོག་བཞག་ཡོད། །རིག་རྩལ་གཞི་བཞེངས་ཆོས་ཉིད་རོལ་པ་ལ། །སྤྱོད་པའི་མན་ངག་སྣང་བ་དབང་བསྒྱུར་ཡོད། །ཅེས་དང་། གྲོལ་ཐིག་གི་ཆོས་ཉིད་ཀློང་བཤགས་ལས། ཐམས་ཅད་ཆོས་དབྱིངས་རོལ་པ་ལ། །ཡེངས་དང་མ་ཡེངས་ག་ལ་ཡོད། །ཡེ་ནས་སྐྱེ་མེད་རྒྱ་ཡན་ལ། །མ་ཡེངས་སེམས་འཛིན་མཐོལ་ལོ་བཤགས། ཅེས་གསུངས་སོ། །

དྲུག་པ། ཆོས་ཉིད་དུས་སུ་མཚོན་བརྗོད་ཡུལ་ལས་འདས། ཞེས་པའི་དོན། དེ་ལྟར་རིག་སྟོང་བར་མེད་དུ་རང་གསལ་བ་ལ་དབྱིངས་དང་ཡུལ་སེམས་ཀྱི་འཛིན་ཞེན་མཐའ་དག་ཟད་པའི་མཐར་ཐུག་ཆོས་ཀུན་ཟད་པའི་སར་ཕྱིན་པའི་དུས་ཞེས་པ། སྐུ་གསུམ་ཟུང་དུ་འཇུག་པ་ངོ་བོ་ཉིད་སྐུའམ་ཆོས་སྐུ་རང་མལ་གཡོ་བ་མེད་པ་དེ་བློ་ལས་འདས་པའི་སྒྲས་བསྟན་ན། ཆོས་སྐུ་ནང་གསལ་གྱི་ངོ་བོ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཆ་ཙམ་རང་མལ་ཀ་དག་གི་དབྱིངས་ན་རྣམ་མཁྱེན་དུ་གསལ་བའི་དབྱིངས་རྣམ་པར་དག་པའི་ཆར་གནས་པས། རྟོག་དཔྱོད་དང་ཐ་སྙད་ཀྱི་དཔེ་དང་། གཏན་ཚིགས་ཀྱིས་སྒྲ་ཇི་བཞིན་མི་མཚོན་ཏེ། ངག་གིས་བརྗོད་པའི་ཡུལ་ལས་འདས་པ་ཡིན་ཏེ། རྒྱུད་བླ་མ་ལས། །ངག་ཡུལ་མ་ཡིན་དོན་དམ་གྱིས་བསྡུས་ཕྱིར། རྟོགས་གནས་ཡིན་ཕྱིར་དཔེ་དང་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིའི་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར། དེ་འདྲའི་ཚད་དུ་སྐྱོལ་བ་མཛད་པར་ཞུ། ཞེས་ཀུན་མཁྱེན་ཆེན་པོའི་དྲན་པ་དྲུག་པོ་ཚིགས་སུ་བཅད་པ་འདི་ཉིད་གང་ཟག་ལས་དང་པོ་ལམ་ལ་སློབ་པ་ནས་བཟུང་སྟེ་མཐར་ཐུག་ཆོས་ཟད་ཀྱི་གཞི་དབྱིངས་སུ་གྲོལ་བར་གྱི་ཉམས་སུ་ལེན་ཚུལ་གྱི་ཆིངས་ཆེན་པོ་ཡིན་པས་ཤེས་པར་བྱ་དགོས་པ་གལ་ཆེན་པོ་འདི་ཉིད་སྙིང་གཏམ་ཡིན་ནོ། །འདིར་སྨྲས་པ། །གསང་བ་རྡོ་རྗེ་རྫོང་གི་ཡང་དབེན་ནས། །ཚེ་འདི་བློས་བཏང་ངེས་དོན་རྣལ་འབྱོར་བ། །ཨ་ཏིའི་དོན་མཐོང་མདོ་སྔགས་མཚན་ཅན་གྱིས། །ཉམས་ཁྲིད་འདི་ལྟར་དགོས་ཞེས་བསྐུལ་ན་ཡང་། །བདག་འདྲའི་ཡུལ་མིན་སྙམ་ནས་སྙོམ་ལས་བཞག ། སླར་ཡང་གསུང་གི་ནན་གྱིས་བསྐུལ་བའི་ངོར། །ལྡོག་པར་མ་སྤོབ་གོང་མའི་གསུང་སྒྲོས་བཞིན། །རྫོགས་ཆེན་ཆོས་ལ་སྦྱངས་པའི་ཀུ་སཱ་ལི། །བྱ་བཏང་དྷརྨའི་མིང་དེས་བྲིས་པ་དགེ། །མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་བར་སྨོན། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།

རྫོགས་ཆེན་སྙིང་ཐིག་གི་ཁྲིད་འཆད་ཐབས།

༈ རྫོགས་ཆེན་སྙིང་ཐིག་གི་ཁྲིད་འཆད་པ་ལ། བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དེ་ལས་བརྒྱུད་པའི་གདམས་པ་གཉིས་ལས། དང་པོ་ནི་སྙིང་ཐིག་ཆེན་པོའི་ལོ་རྒྱུས་ལྟར་ཤེས་དགོས། གཉིས་པ་དེ་ལས་བརྒྱུད་པའི་གདམས་པ་ལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་གཉིས་ཡོད་པས། སྐབས་འདིར་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་ནང་ནས་མན་ངག་སྡེ་བའི་སྨིན་བྱེད་དབང་གི་རིམ་པ་ལ་བཞི་ཡོད་ལ། དེ་ཡང་དབང་བཞི་པོ་རེ་རེ་ལའང་འཇུག་ཡུལ་དཀྱིལ་འཁོར་བཞི། ལྟ་བ་བཞི། དམ་ཚིག་བཞི། དབང་བཞི་སོགས་ཡོད་ལ། དེ་ཡང་བུམ་དབང་གི་ལྟ་བ་སྣང་སྲིད་རྣམ་དག་གི་ལྟ་བ། གསང་དབང་གི་ལྟ་བ་གསལ་སྟོང་ཟུང་འཇུགཤེར་དབང་གི་ལྟ་བ་བདེ་སྟོང་ཟུང་འཇུགཚིག་དབང་རིག་སྟོང་ཟུང་འཇུག་རྣམས་རེད་གསུངས། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དབང་སྔ་མ་སྔ་མའི་ལྟ་བ་རྒྱུད་ལ་སྐྱེས་དུས་ཕྱི་མ་ཕྱི་མ་ལ་འཇུག་མོད། དེ་ལྟ་བུའི་ཕྱག་སྲོལ་དེང་སང་མེད་གསུངས། གཉིས་པ་གྲོལ་བྱེད་ཀྱི་ཁྲིད་ལ་གཞི་ཀ་དག་ཁྲེགས་ཆོད་ཉམས་སུ་ལེན་ཚུལ་དང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གཉིས་ཡོད་པས། དེ་གཉིས་པོ་རེ་རེ་ལའང་སྔོན་འགྲོ་དང་དངོས་གཞི་གཉིས་རེ་ཡོད་གསུངས། སྔོན་འགྲོ་ལའང་ཐུན་མོང་གི་སྔོན་འགྲོ་ཆོས་བཅུ་དང་ཐུན་མིན་གྱི་སྔོན་འགྲོ་གཉིས་ཡོད་གསུངས། སྤྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ་དེ་ཐོབ་བྱེད་ཀྱི་རྒྱུ་རྐྱེན་རྣམས་མ་ཚང་ན་སེམས་མ་བཅོས་པར་བཞག་པ་ཙམ་གྱིས་སངས་རྒྱས་ཐོབ་པ་དཀའ། དེ་ཡང་ཇི་ལྟར་ན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དེ་ལ་ཆོས་གཟུགས་ཀྱི་སྐུ་གཉིས་ཡོད་ལ། རིང་ལམ་རྒྱུའི་ཐེག་པ་ལྟར་ན། ཕར་ཕྱིན་སྔ་མ་ལྔ་བོ་གཟུགས་སྐུའི་བསྒྲུབ་གཞི་དང་། ཕྱི་མ་ཆོས་སྐུའི་བསྒྲུབ་གཞི་ཡིན། ཉེ་ལམ་སྔགས་ཀྱི་ཐེག་པའི་ཕྱི་རྒྱུད་སྡེ་གསུམ་གྱི་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་གཉིས་དང་། སྔགས་བླ་མེད་ཀྱི་བསྐྱེད་རྫོགས་གཉིས་པོ་ཆོས་གཟུགས་གཉིས་ཀྱི་བསྒྲུབ་གཞིའམ་དེ་གཉིས་གསལ་བྱེད་ཀྱི་རྒྱུ་རེད་གསུངས། དེ་ལས་ཀྱང་ཤིན་ཏུ་མྱུར་ལམ་རྫོགས་ཆེན་གྱི་ལམ། ཁྲེགས་ཆོད་ཀྱིས་ཆོས་སྐུ་དངོས་ལམ་བྱེད་དང་། ཐོད་རྒལ་གྱིས་གཟུགས་སྐུ་དངོས་ལམ་དུ་བྱེད་པ་ཡིན་གསུངས། དེ་ལ་སྔོན་འགྲོ་གཉིས་ལས། ཐུན་མིན་ལ་གཉིས། ཁྲེགས་ཆོད་ཀྱི་ཐུན་མིན་སྔོན་འགྲོ་བྱུང་གནས་འགྲོ་གསུམ་རེད། ཐོད་རྒལ་གྱི་ཐུན་མིན་སྔོན་འགྲོ་ཕྱི་ནང་གསང་བའི་རུ་ཤན་རྣམས་རེད། དེ་ཡང་ཨ་འཛོམས་འབྲུག་པའི་ཕྱག་སྲོལ་ལ་བརྒྱ་ཞག་རེར་འཇོག་པ་ཡིན། ཁྲེགས་ཆོད་ཀྱི་དངོས་གཞི་ངོ་སྤྲོད་ཚུལ་ལ། བྱིན་རླབས་འཕོ་བའི་སྟེང་ནས་ངོ་སྤྲད་ཚུལ་དང་། གནས་ལུགས་ལྟ་བའི་སྟེང་ནས་ངོ་སྤྲད་ཚུལ་དང་། ཉམས་མྱོང་བསྒོམ་པའི་སྟེང་ནས་ངོ་སྤྲད་ཚུལ་དང་གསུམ་ཡོད། དང་པོ་ནི་སློབ་མ་མོས་གུས་ཤིན་ཏུ་བཟང་པོ་ཅན་ཞིག་ཡིན་ན། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་ཡིད་ལ་དྲན་པ་ཙམ་གྱིས་དུས་གསུམ་གྱི་འཁྲུལ་བ་དང་བྱིང་རྨུག་འཐིབ་གསུམ་དགཉམས་ཞེན་གྱི་ཤུན་པ་འཐོར་འགྲོ་ནུས་ལ་དེའི་སྟེང་ནས་ལྟ་བ་ངོ་སྤྲད་ན་གོལ་ས་གང་ཡང་མེད་ཅིང་ངོ་འཕྲོད་སླ། དེ་ནི་རེ་ཟུང་ཙམ་ལས་དཀོན་གསུངས། གཉིས་པ་ནི་བྱུང་གནས་འགྲོ་གསུམ་གྱི་ལྟ་བ་ཡང་དག་པ་གཏན་ལ་ཕབ་ནས་དེའི་སྟེང་ནས་མི་ལོ་གསུམ་ཙམ་ལ་གོམ་པར་བྱས་ལྟ་བ་ངོ་སྤྲད་ན་འཕྲོད་གསུངས། གསུམ་པ་ནི་དབང་རྟུལ་ཡིན་པས་སྒོམ་ཐོག་ནས་ལྟ་བ་འཚོལ་དགོས་པས་བསྒོམ་བསྒོམ་ནས་ནམ་ཞིག་འཆི་བའི་ཚེ་ཚུན་ཆོད་དུ་ངོ་འཕྲོད་པ་ཧ་ལམ། དེང་སང་ཕྱག་ཆེན་གྱི་ཁྲིད་ལུགས་ལྟ་བུ་དང་། སྔ་མ་གཉིས་པོ་ལྟ་ཐོག་ནས་བསྒོམ་པ་འཚོལ་བ་ཡིན་པས་དབང་པོ་རྣོ་བ་ཡིན་གསུངས། སྤྱིར་རྫོགས་ཆེན་གྱི་ལུགས་འདིར་དབང་པོ་རྣོ་རྟུལ་གྱི་དབྱེ་བ་ཉེར་གཅིག་གསུངས་ཤིང་རེ་རེ་བཞིན་དུ་ངོ་སྤྲོད་ཉེར་གཅིགབར་དོའི་གྲོལ་ཚུལ་ཉེར་གཅིག་སོགས་གསུངས། དེ་བསྡུ་ན། རབ་འབྲིང་ཐ་གསུམ། དེ་ཡང་བསྡུ་ན། སྣང་བ་ཡུལ་གྱི་བློ་ཅན་བསྒོམ་ཐོག་ནས་ལྟ་བ་འཚོལ་བ་དང་། རིག་པ་རང་སྣང་གི་བློ་ཅན་ལྟ་ཐོག་ནས་བསྒོམ་པ་འཚོལ་བ་དང་གཉིས་སུ་འདུ་གསུངས། ངོ་སྤྲད་རྒྱུའི་གཞི་དེ་ལ་ཡང་འདོད་ཚུལ་མི་འདྲ་བ་ཡོད་དེ། བོད་སྔ་རབས་པ་བླ་མ་འགའ་ཞིག་གིས་གཞི་བདུན་ལས་ཀ་དག་སྐྱོན་མེད། གཞན་དྲུག་སྐྱོན་ཅན་དུ་འདོད་པ་དང་། ཟུར་ལུགས་པ་གསང་བདག་སྒྲོ་བྲག་པ་སོགས་ཀྱིས་ལྷུན་གྲུབ་སྐྱོན་མེད་དང་གཞན་རྣམས་སྐྱོན་ཅན་དུ་འདོད་ལ། ཀུན་མཁྱེན་ཆེན་པོས་ནི་ཚིག་དོན་མཛོད་དུ་ཀ་དག་སྐྱོན་མེད་གཞན་རྣམས་སྐྱོན་བཅས་སུ་འདོད་པ་སྔ་རབས་ཀྱི་རྗེས་སུ་འབྲང་ནས་གསུངས་པ་དང་། ཐེག་མཆོག་མཛོད་དུ་གཞི་བདུན་རེ་རེ་ནས་སྐྱོན་བཅས་དང་སྐྱོན་མེད་རང་ལུགས་ཀྱི་རྫོགས་ཚུལ་དང་གཞི་བརྒྱད་དུ་མི་འགྱུར་བའི་སྐྱོན་སྤོངས་བཅས་མཛད་པ་རྒྱུད་ཀྱི་དོན་རང་ལུགས་ཐུན་མིན་བཞག་པར་ཞབས་དྲུང་དང་རྡོ་གྲུབ་ཆེན་རིན་པོ་ཆེ་སོགས་བཞེད་གསུངས། བླ་མ་འགས་དཔྱད་པ་རྫོགས་མ་རྫོགས་ཀྱི་བསྟན་བཅོས་སུ་འདོད་ཚུལ་ཡོད་ཀྱང་རང་ལུགས་མིན་གསུངས། མདོར་ན་དངོས་གཞི་ངོ་སྤྲད་པའི་དུས་སུ་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད། སེམས་དང་རིག་པའི་ཤན་འབྱེད། རྣམ་ཤེས་དང་ཡེ་ཤེས་ཤན་འབྱེད། ཉམས་དང་རྟོགས་པའི་ཤན་འབྱེད་སོགས་ཆོས་དབྱིངས་མཛོད་ཀྱི་ལེའུ་དགུ་པ་ནས་གསུངས་པ་ལྟར་དབྱེ་དགོས་གསུངས། ཐོད་རྒལ་གྱི་དངོས་གཞིའི་དུས་སུ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་མ་ཕྱེས་ན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངོ་མི་འཕྲོད་པས། དེ་ལྟར་ཤན་ཕྱེས་ཏེ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲོད་དགོས་གསུངས། དེ་ལྟར་དངོས་གཞིའི་ལྟ་བ་ངོ་འཕྲོད་རྗེས་སུ་ཉམས་ལེན་གྱིས་སྐྱོང་ཚུལ། བར་དོའི་གྲོལ་ཚུལ། མཐའ་རྟེན་གྱི་མན་ངག་བཅས་རིམ་བཞིན་ཁྲིད་དགོས་ནི་རེད་གསུངས། དེ་ཡང་རྫོགས་ཆེན་རང་ལུགས་ཀྱི་ས་བཅུ་ལམ་ལྔ་བསྒྲོད་ཚུལ་ནི། ཀུན་མཁྱེན་ཡབ་སྲས་དང་མི་ཕམ་སོགས་ཀྱི་བཞེད་པ་ལྟར་ན། ཆོས་ཉིད་མངོན་སུམ་ཚོགས་ལམ། ཉམས་གོང་འཕེལ་སྦྱོར་ལམ། རིག་པ་ཚད་ཕེབ་མཐོང་ལམ་ས་དང་པོ། ཆོས་ཉིད་ཟད་པ་བསྒོམ་ལམ་ས་དགུའི་སྐབས་སུ་འཇོག་ཅིང་། ཚོགས་སྦྱོར་གྱི་དུས་དཔེའི་ཡེ་ཤེས་ཟླ་གཟུགས་ལྟ་བུ། མཐོང་ལམ་ནས་བཟུང་སྟེ་དོན་གྱི་ཡེ་ཤེས་ནམ་མཁའི་ཟླ་བ་ལྟ་བུ། སངས་རྒྱས་པའི་དུས་བདེ་གཤེགས་སྙིང་པོའི་ཡོན་ཏན་ཡོངས་སུ་རྫོགས་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ཡིན། འདིའི་ས་ལམ་སོགས་གཞན་ལུགས་དང་བསྲེ་རྒྱུ་མིན་ཚུལ་གསུངས། དེ་ཡང་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་དྲན་པ་ཉེར་བཞག་བཞི། ཡང་དག་སྤོངས་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་སོགས་ནས་བྱང་ཕྱོགས་སོ་བདུན་བསྒོམ་པ་མདོ་སྔགས་ཀུན་འདྲ་ལ་ས་ལམ་གྱི་ཡོན་ཏན་ཡང་ཚོགས་ལམ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པའི་སྐབས་སུ་མཆོག་གི་སྤྲུལ་སྐུ་ལས་གདམས་ངག་དངོས་སུ་ཉན་པ་དང་། ས་དང་པོ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་སོགས་ཡིན་པས་སྤྱིར་ས་ལམ་ལམ་གྱི་བསྒྲོད་ཚུལ་རགས་རིམ་ཙམ་མ་ཤེས་ན་སེམས་གནས་ཙམ་ལ་རྟོགས་པ་མཐོན་པོར་རློམ་པ་དང་། ཡང་ཁོ་བོས་འོད་གསལ་མངོན་སུམ་དུ་རྟོགས། རྗེན་པར་རྟོགས་ཟེར་བ་ནི་མི་ཆོས་བླ་མའི་རྫུན་དང་ཆོས་སྤང་གི་ལས་སུ་འགྲོ་ཉེན་ཆེ་གསུངས། སྤྱིར་ཕྱག་རྫོགས་སོགས་གང་ཁྲིད་ཀྱང་རིག་འཛིན་རྩལ་འཆང་བརྒྱུད་པའི་མན་ངག་གི་ཟམ་པ་བར་མ་ཆད་པ་ཞིག་དགོས། སྐབས་འདིར་རྫོགས་ཆེན་མན་ངག་སྡེ་བའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་པོ་བསྟན་པའི་གཞུང་རྒྱུད་བཅུ་བདུན་དང་། དེའི་ཟབ་པ་དང་རྒྱ་ཆེ་བའི་འགྲེལ་བ་སྙིང་ཐིག་ཡ་བཞི། མཛོད་བདུན། ཁྱད་པར་དུ་རིག་འཛིན་དགའ་རབ་རྡོ་རྗེའི་འདས་རྗེས་ཚིག་གསུམ་གནད་དུ་བརྡེེག་པར་ཁྲེག་ཆོད་ཀྱི་ལྟ་བ་བསྟན་པ་དང་། འཇམ་དཔལ་བཤེས་གཉེན་གྱི་སྒོམ་ཉམས་དྲུག་པ་དང་། ཤྲཱི་སེང་ཧའི་གཟེར་བུ་བདུན་པར་ཐོད་རྒལ་ཉམས་སུ་ལེན་ཚུལ་དང་། ཛྙཱ་ན་སུ་ཏྲའི་བཞག་ཐབས་བཞི་བར་ཁྲེགས་ཐོད་གཉིས་ཀའི་བཞག་ཐབས་བསྟན་ཡོད་པས་དེ་ལྟ་བུའི་མན་ངག་དང་ལྡན་པའི་སྒོ་ནས་ཁྲིད་དགོས་གསུངས། བླུན་སྒོམ་པ་ཞིག་དང་། རྟོག་གེ་པ་ཞིག་གིས་མི་འོང་ཚུལ་གསུངས། དེ་རྣམས་རྫོགས་ཆེན་གྱི་ལམ་སྤྱིའི་འགྲོ་ཚུལ་རགས་རིམ་ཙམ་རེད། ༈ ད་ཁྲེགས་ཆོད་ཀྱི་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ་ལ། སེམས་ཀྱི་ཁང་བུ་ཞེས་པ་ནི། གསུང་སྲོལ་མང་པོ་ཡོད་ཀྱང་། འཁྲུལ་བ་འཁྲུལ་སྣང་དང་བཅས་པ་ལ་གོ་དགོས། འཁྲུལ་སྣང་འདི་སེམས་ཀྱིས་བཏགས་པའམ་དེ་ལས་ཤར་བ་དང་སེམས་དེས་བརྩིགས་པས་ན་སེམས་ཀྱི་ཁང་བུ་ཟེར་བ་རེད་གསུངས། དེ་ལ་རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟག་པ་དང་། ཁྲིད་ཆེན་གསུམ་རྫོགས་ཆེན་གྱི་གཞུང་རྣམས་སུ་གསུངས་ཡོད་ལ་དེའི་དང་པོ་རྩད་བཅད་པ་ནི་རྐུན་པོ་ངོས་འཛིན་ལྟ་བུའི་མན་ངག་ཁམས་གསུམ་འཁོར་བའི་འཁོར་རྩ་ངོས་བཟུང་བ་ལ་ཟེར། མདོ་ལྟར་ན་གསང་སྔགས་སྙིང་མའི་ལུགས་ལ་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་དུ་འདོད། ཐེག་དམན་དགྲ་བཅོམ་པ་ཡང་གང་ཟག་གི་བདག་མེད་ཙམ་རྟོགས་ཡོད་པས་འཁོར་བ་ལས་ཐར་བར་འདོད། བོད་ཕྱི་རབས་པས་ནི་འཁོར་རྩ་ཆོས་ཀྱི་བདག་འཛིན་དུ་དབུ་ུམ་ཐལ་འགྱུར་བའི་ལུགས་ལ་འདོད་པས་མི་འདྲ། དེ་ཡང་ཐེག་དམན་གྱི་གཞུང་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་དང་། རྒྱལ་ཚབ་བྱམས་པའི་བྱམས་ཆོས་སྡེ་ལྔ་དང་། མདོ་ལས་ཀྱང་ཉན་ཐོས་ཀྱི་བདག་མེད་རྟོགས་པ་ནི་ཡུངས་འབྲུ་སྲིན་འབུས་ཟོས་པའི་ནང་གི་ནམ་མཁའ་ལྟ་བུར་གསུངས་པ་དང་། ཁྱད་པར་དུ་མ་ཧཱ་ཡོ་གའི་གཞུང་གསང་བ་སྙིང་པོ། ལུང་ཨ་ནུ་ཡོ་གའི་གཞུང་ལུང་གི་མདོ་བདུན། རྫོགས་པ་ཆེན་པོའི་མན་ངག་གི་གཞུང་རང་ཤར་སོགས་ཀྱི་ཉན་ཐོས་ཀྱི་རྟོགས་བྱ་གང་ཟག་གི་བདག་མེད་དང་། རང་རྒྱལ་གྱི་རྟོགས་བྱ་བདག་མེད་ཕྱེད་དང་གཉིས། ཐེག་ཆེན་གྱི་རྟོགས་བྱ་བདག་མེད་གཉིས་སུ་གསུངས་ཡོད་པའི་མདོ་སྔགས་ཀྱི་ལུང་མང་པོ་དང་རིགས་པས་ཀྱང་གྲུབ་པ་ཡིན་པས་མདོ་ལྟར་ན་གང་ཟག་གི་བདག་འཛིན་འཁོར་རྩར་བཞེད་གསུངས། ཡང་ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་འཁོར་བའི་རྩ་བར་འདོད་པ་དང་། ཡང་ན་ཐོག་མེད་ནས་ལུས་ངག་གཉིས་པོའི་རྒྱུན་འདོར་བྱེད་ལེན་བྱེད་སེམས་ཀྱི་རྒྱུན་འདི་ཐོག་མ་མེད་པ་ནས་བྱུང་ཤིང་དེའི་དབང་གིས་ལུས་ངག་གྲུབ་པས་ན་སེམས་འདི་གཙོ་ཆེ་སྨྲས་ན་ཆོག་མོད། སྐབས་འདིར་རྫོགས་ཆེན་རང་ལུགས་ལྟར་ན་འཆི་དུས་སྔ་མའི་རླུང་སེམས་འགགས། ཕྱི་མའི་རླུང་སེམས་མ་མཆེད་པའི་བར་དེར་གཞི་དངོས་ཤར་ཡོད། ཤར་བ་འོད་གསལ་དངོས་ཤར་ཀྱང་ངོས་མ་ཟིན་པའི་ཆ་ནས་ལུང་མ་བསྟན་དང་མ་རིག་པ་ཡང་ཟེར་ཐོག་མའི་གཞི་དེ་ལས་ཡེ་ཤེས་ཀྱི་རླུང་དང་ལས་རླུང་གང་དུ་ཡང་མ་ངེས་པའི་རླུང་ཕྲ་བ་ཞིག་ཐོག་མར་བྱུང་། དེ་ནས་རིག་གདངས་རླུང་གིས་བསྐྱོད་ནས་རླུང་དེ་ལས་རླུང་དུ་གྱུར། དེས་སྐད་ཅིག་མང་པོ་སོང་རྗེས་རྒྱུ་གསུམ་རྐྱེན་བཞིས་དབང་གིས་འཁྲུལ་ཏེ་གཞི་སྣང་གི་སྣང་བ་ལ། ང་ལས་ཕ་གི་བྱུང་ངམ། ཕ་གི་ལས་ང་བྱུང་སྙམ་དུ་བདག་འཛིན་གློ་བུར་དུ་སྐྱེས་ཏེ་ལུས་ངག་གཉིས་ཀྱང་གྲུབ་པས་ན་སེམས་ཀྱི་དབང་གིས་ལུས་ངག་འཕྲལ་དུ་བྱུང་བས་སེམས་གཙོ་ཆེ་ཟེར་དགོས་གསུངས། སྤྱིར་དུས་ཀྱི་དབང་གིས་འཁོར་འདས་ལ་ཐོག་མཐའ་མེད་ཀྱང་། བྱེ་བྲག་གང་ཟག་གཅིག་གི་སྟེང་ནས་འཁོར་འདས་ཀྱི་ཐོག་མ་དེའི་དུས་སུ་འཇོག་ནི་རེད་གསུངས། འདིའི་ཐོག་མའི་གཞི་ལ་འཁོར་འདས་ཀྱི་སྤྱི་གཞི་ཟེར། དེ་ཡང་རང་ངོ་རང་གིས་ཤེས། ཡེ་ཤེས་ཡོན་ཏན་གྱི་རྩལ་རྫོགས། སྐུ་གསུམ་སྟོན་པའི་སྐུར་བཞེངས། ཁྱད་ཆོས་དྲུག་གི་བྱེ་བྲག་ཕྱེས་ཏེ་འདིའི་ཐོག་ནས་གྲོལ་སོང་ན་གྲོལ་མྱོང་ལ་འཁྲུལ་མ་མྱོང་བའི་མུ་དང་། གཞི་ཐོག་དེ་ནས་གྲོལ་འཁྲུལ་གང་ཡང་མ་བྱས་གོང་དུ་གྲོལ་འཁྲུལ་གཉིས་ཀ་མ་མྱོང་བ་དང་། དེ་ནས་འཁྲུལ་དེ་མཐར་ལམ་རྐྱེན་གྱིས་ཟིན་ནས་གྲོལ་སོང་ན་གྲོལ་འཁྲུལ་གཉིས་ཀ་མྱོང་བ་དང་། རང་ཅག་ལྟ་བུ་ནི་འཁྲུལ་མྱོང་ལ་གྲོལ་མ་མྱོང་བའི་མུ་ལ་འཇོག་གསུངས། དེ་ལྟར་དཔྱད་དགོས། སྤྱིར་གསང་སྔགས་རྙིང་མའི་ལུགས་ལ་ལྟ་བ་བསྐྱང་ཚེ་དང་པོ་བྱུང་གནས་འགྲོ་གསུམ་གྱི་སྐབས་སུ་དཔྱད་བསྒོམ། དངོས་གཞིའི་དུས་དཔྱད་འཇོག་སྤེལ་མ། དེ་ཡང་མཐར་ཉིན་མཚན་འཁོར་ཡུག་དུ་འདྲེས་དུས་འཇོག་བསྒོམ་ཁོ་ན་ཡིན་གསུངས། དེ་ལྟར་དཔྱད་མ་ཤེས་པར་ཁོ་བོས་ཅིག་བསམ་གྱིན་འདུག་གི་སེམས་གཙོ་ཆེ་ཟེར་ནས་སེམས་གཅིག་པུས་ཆོག་སྙམ་པ་མང་སྟེ། དེ་ནི་ཡང་དག་པ་མིན། ཡར་དག་པ་སངས་རྒྱས་ཀྱི་ཞིང་ན་ཐུགས་རྐྱང་བའི་སངས་རྒྱས་ཞིག་མེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སོགས་ཡོན་ཏན་རྒྱ་མཚོ་ལྟ་བུའི་བདག་ཉིད་ཅན་ཡིན། མར་ཁམས་གསུམ་འཁོར་བའི་གནས་འདི་ན་ཐེག་ཆེན་ཀྱི་ལུགས་ལྟར་ན་ལུས་ངག་མེད་པའི་སེམས་རྐྱང་བའི་སེམས་ཅན་ཞིག་མེད། དལ་འབྱོར་གྱི་ལུས་དང་ཁམས་དྲུག་ལྡན་གྱི་ལུས་སོགས་ལྷ་ཆོས་བསྒྲུབ་པའི་རྟེན་ཁྱད་པར་ཅན་ཞིག་བཞག་དགོས་ན་ལུས་ཀྱང་གཙོ་ཆེ། ལུས་ཀྱི་ཆ་ཤས་ཕྲ་བ་མིག་དབང་དང་རྣ་དབང་ལྟ་བུ་ཞིག་མ་ཚང་ཀྱང་ཆོས་འཇིག་རྟེན་གཉིས་ཀ་ལ་མཐོང་ཐོས་མེད། ངག་ནི་ལུས་ཀྱི་ཆ་ཤས་ཡི་གེའི་སྐྱེ་གནས་དང་། བརྗོད་འདོད་ཀྱི་སེམས་གཉིས་ཚོགས་ཀྱི་སྒོ་ནས་བྱུང་དགོས་པས་སེམས་གཅིག་པུས་བྱུང་ཚུལ་མེད། དེས་ན་སེམས་གཙོ་ཆེ་ཚུལ་འདིའི་སྟེང་ནས་འཁོར་རྩ་ངོས་མ་ཟིན་ན་སེམས་གཙོ་ཟེར་བ་ལ་སྙིང་པོ་མེད་ཚུལ་མང་པོ་གསུངས། གཉིས་པ་མཚང་བཙལ་བ་ནི། གཙོ་བོ་གང་ཟག་གི་བདག་མེད་གཏན་ལ་ཕབ་པ་སྟེ། དེ་ཡང་ཁྲིད་བཏབ་པའི་ཚེ་ཁྱོད་ཁམས་གསུམ་འཁོར་བའི་གནས་སུ་ཤ་བ་ཁྱིས་དེད་པ་ལྟར་ཕྱི་ནས་དེད་འོང་བ་ཞིག་ཡོད་དམ། ཉ་མོ་ལྕགས་ཀྱུས་འདྲེན་པ་ལྟར་སྔོན་ནས་ཁྲིད་འོང་མཁན་ཞིག་ཡོད་དམ་ཅི་ལྟར་འདུག་སྨྲས་དུས། དེ་ལྟར་དབང་མེད་ཀྱི་བྱེད་པོ་གཞན་ཞིག་མེད། ང་རང་ཉིད་འཁོར་བའི་གནས་སུ་འཁོར་འོང་བ་ཡིན་ཟེར་ན། ང་ཟེར་བ་དེ་ཅི་ལ་ཟེར་བརྟགས་པའི་ཚེ་སྒོ་གསུམ་རིལ་པོ་གཅིག་བདེན་ཞིག་ཏུ་ང་ཞེས་བཏགས་པ་མ་གཏོགས་ང་གཅིག་བདེན་པ་ཞིག་མེད། གཅིག་བདེན་དུ་འཛིན་པའི་གཉེན་པོ་ཕུང་པོ་ལྔ་སོགས་ཆ་ཤས་དུ་ུམ་དང་དེ་ཡང་ཆ་མེད་གཉིས་པོའི་བར་དུ་གཏན་ལ་ཕབ་ན་དེའི་ནང་གི་གཅིག་ལ་ནི་ང་མི་ཟེར་དུ་ུ་ལ་ནི་ང་མི་ཟེར་བས་ང་ཟེར་རྒྱུའི་གཅིག་བདེན་ཞིག་ཡོད་པ་ཁེག་འགྲོ། དེ་ཡང་གཅིག་གི་གཉེན་པོ་དུ་མ་དང་བདེན་གྲུབ་གྱི་གཉེན་པོ་བདེན་མེད་ངེས་དགོས་གསུངས། འདིའི་བདག་དང་བདག་འཛིན་གཉིས་ངེས་ན་རྙིང་མའི་ལུགས་ལ་དགག་བྱའི་སྣང་ཚུལ་ངེས་པ་ཡིན་གསུངས། གསུམ་པ་བྱུང་གནས་འགྲོ་གསུམ་ལ་བརྟག་པ་ནི། གཙོ་བོ་ཆོས་བདག་མེད་གཏན་ལ་ཕབ་པ་སྟེ། དེ་ཡང་སྤྱིར་བྱུང་གནས་འགྲོ་གསུམ་རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་སྙན་རྒྱུད་སྐོར་གསུམ་སོགས་ནས་སེམས་ལ་བྱུང་གནས་འགྲོ་གསུམ་ཡོད་ཚུལ་གསུང་ཡོད་ན་ཡང་སྐབས་འདིར་མེད་པའི་ལུགས་ལྟར་ཡིན། དེ་ལ་ཡང་གསུང་སྲོལ་མང་པོ་ཡོད་ཀྱང་འདི་རྡོ་གྲུབ་རིན་པོ་ཆེས་ཉག་བླ་ལ་གསུངས་ཚུལ་ལྟར་རེད། དེ་ཡང་ཆོས་ཐམས་ཅད་ཡུལ་དང་ཡུལ་ཅན་གཉིས་སུ་བསྡུ། ཡུལ་ཁམས་གསུམ་ཐམས་ཅད་བྱུང་ས་སོགས་གསུམ་དུ་བསྡུ། ཡུལ་ཅན་ཐམས་ཅད་བྱུང་མཁན་སོགས་གསུམ་དུ་བསྡུ་ནས། རང་གི་བློས་ཡུལ་རྣམ་བྱུང་ས་གནས་ས་འགྲོ་ས་གསུམ་གྱི་ཁོང་དུ་བསྡུས་ཏེ་དཔྱད་པས། དང་པོ་བྱུང་ས་ལ་བརྟག་པ་ནི་རིན་པོ་ཆེའི་ཞལ་རྒྱུན་ལ་དང་པོ་གཞི་ཞིག་ལ་སྦྱར་ནས་དཔྱད་དགོས་པས་ཡུལ་ཀ་བ་ལྟ་བུ་ཞིག་ལ་ཀ་བའོ་སྙམ་དུ་བཟུང་བཅུག་ནས་ཀ་འཛིན་ཤེས་པ་དེ་ཀ་བ་ལ་བརྟེན་ཏེེ་བྱུང་བ་ཡིན་ན་ཡུལ་ཀ་བའི་གནས་ཚུལ་དེ་ཡོད་པ་མེད་པ་གཉིས་ཡིན་གཉིས་མིན་ཏེ་མཐའ་བཞི་གང་དུ་གྲུབ་བརྟག་ཚེ་ཀ་བ་དེ་རྒྱུ་རྐྱེན་རྟེན་འབྲེལ་གྱི་དབང་གིས་བྱུང་བ་མ་གཏོགས་ཀ་བ་དེ་རྟག་པ་བདེན་གྲུབ་དང་ཆད་པ་སྟོང་རྐྱང་སོགས་མཐའ་བཞི་གང་དུ་མ་གྲུབ། ཡེ་གདོད་མ་ནས་རང་གི་ངོ་བོ་སྟོང་ཆེས་ནིས་གནད་ཀྱིས་རྟེན་འབྲེལ་གྱི་སྣང་བ་འདི་འཆར་བ་དང་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུར་སྣང་ཆེ་ནིས་གནད་ཀྱིས་ངོ་བོ་ཡེ་སྟོང་ཡིན་པས། སྟོང་དང་རྟེན་འབྱུང་གཅིག་གྲོགས་གཅིག་ཏུ་འགྲོ་བ། ཀ་བུམ་སོགས་སྣང་དུས་ནས་ངོ་བོ་སྟོང་པ་ཉིད་ཡིན་པས་སྣང་བའི་སྣང་ཚུགས་མ་ཤོར་བཞིན་དུ་སྟོང་། སྟོང་པའི་རང་དུས་ནས་སྣང་བའི་ཕྱིར་ན་སྟོང་པའི་སྟོང་ཚུགས་མ་ཤོར་བཞིན་དུ་ཆོས་རང་གི་ངོ་བོ་སྣང་བ་ཡིན་པས་ན་སྟོང་པ་སྣང་བ་གཉིས་འགལ་མེད་དོན་གཅིག་ཏུ་འཆར་དགོས་གསུངས། སྟོང་པ་ཡོད་ན་སྣང་བ་ཡོད་མཉམ་ཡིན། སྟོང་པ་ཟེར་དུས་ཅང་མེད་ལྷུབས་སེ་བུད་འགྲོ་མི་དགོས། སྣང་བ་ཡོད་ན་སྟོང་པ་ཡོད་མཉམ་ཡིན། སྣང་ཟེར་དུས་གསར་དུ་གློག་བྱུང་བ་ལྟར་མི་སྟོང་བ་ཞིག་བྱུང་ཚུལ་མེད། ཀ་བ་མ་སྐྱེས་པའི་སྔོན་དུ་ཀ་བའི་སྟོང་ཉིད་མེད། ཀ་བ་འགགས་རྗེས་ཀ་བའི་སྟོང་ཉིད་མེད། ཀ་བ་སྐྱ་ཤང་གི་རྣམ་པ་ཤར་བའི་རང་དུས་ན་ཀ་བའི་སྟོང་ཉིད་འཇོག་དགོས་གསུངས། རྙིང་མའི་ལུགས་ལ་ཀ་བུམ་སོགས་ཆོས་རང་རང་གི་ངོ་བོ་སྟོང་ཉིད་དུ་འདོད་པས་དེ་ལ་རང་སྟོང་ཟེར། རྒྱ་གར་དུ་རང་སྟོང་དང་གཞན་སྟོང་གི་ཐ་སྙད་མེད་ཀྱང་བོད་འདིར་ཇོ་ནང་པ་སོགས་ཀྱིས་ཆོས་ཉིད་རང་གི་ངོ་བོ་མི་སྟོང་པར་ཆོས་ཅན་ཀ་བུམ་སོགས་ཀྱིས་སྟོང་པར་འདོད་པས་གཞན་སྟོང་ཟེར། བོད་ཕྱི་རབས་པ་འགའ་ཞིག་གིས་དོན་དཔྱོད་ཚད་མའི་སྐབས་སུ་ཀ་བ་རང་གི་ངོ་བོ་མི་སྟོང་དགག་བྱ་བདེན་གྲུབ་ཀྱིས་སྟོང་ཞེས་གསུངས་པ་ལ་གསར་རྙིང་གི་མཁས་གྲུབ་ཕལ་ཆེ་བ་དང་མི་ཕམ་སོགས་ཀྱིས་ཀ་བ་རང་ཉིད་མི་སྟོང་པར་དགག་བྱ་བདེན་གྲུབ་ཀྱིས་སྟོང་ན་གཞན་སྟོང་དུ་འགྱུར་ཚུལ་དང་། ཀ་བ་དོན་དཔྱོད་ཀྱི་ངོར་མ་སྟོང་ན་ཀ་བ་བདེན་གྲུབ་དུ་འགྱུར་བས་བརྟགས་ཤིང་དཔྱད་དེ་རང་གི་ངོ་བོ་མི་སྟོང་པའི་ཆོས་ཞིག་ཁས་བླང་ནང་དངོས་སྨྲ་བར་འགྱུར་བ་སོགས་རིགས་པ་དང་འགལ་བ་དང་། རྒྱལ་བའི་ཡུམ་སྲས་བཅུ་བདུན་སོགས་ནས་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་སོགས་ཆོས་རང་གི་ངོ་བོ་སྟོང་ཚུལ་དང་གཞན་ཡང་རྗེ་བདག་ཉིད་ཆེན་པོའི་དགོངས་པ་མིན་ཚུལ་༼ལམ་གྱི་༽གཙོ་བོ་རྣམ་གསུམ་དང་རེད་མདའ་བར་ཕུལ་བའི་ཤོག་དྲིལ་དུ་གསལ་ལ། དེ་བཞིན་དུ་རྗེ་འདི་རྒྱལ་བ་དང་པོའི་སློབ་དཔོན་དང་། གཉིས་པའི་སློབ་དཔོན་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་། གསུམ་པ་དང་བཞི་བའི་སློབ་དཔོན་པཎ་ཆེན་བློ་བཟང་ཆོས་རྒྱན་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ཀྱིས་ཀྱང་དོན་དཔྱོད་ཀྱི་ངོར་ཀ་བ་མི་སྟོང་པ་དང་དགག་བྱ་གཞན་གྱིས་སྟོང་ཟེར་བ་ལ་དགག་པ་གསལ་བོར་གསུངས་པས་འདི་ནི་རྒྱལ་བའི་བཀའ་དང་རྗེས་འཇུག་གི་བསྟན་བཅོས་སོགས་ལུང་དང་འགལ་ཚུལ་མང་པོ་གསུངས། མདོར་ན་ཡུལ་བྱུང་ས་གནས་ས་འགྲོ་ས་གསུམ་པོ་མཐའ་བཞི་གང་དུའང་མ་གྲུབ་པར་སྟོང་དང་རྟེན་འབྱུང་འགལ་མེད་དོན་གཅིག་ཏུ་ངེས་པ་དགོས། ཡུལ་ཅན་བྱུང་མཁན་གནས་མཁན་འགྲོ་མཁན་གསུམ་ལ་བརྟག་ན་སེམས་སེམས་བྱུང་མཐའ་དག་ངོ་བོ་སྟོང་པ་རང་བཞིན་གསལ་རིག་དེ་གཉིས་དབྱེར་མེད་དུ་གནས་པ་དང་། དེ་ཡང་གཞི་ཡེ་སྟོང་སྤྲོས་པ་དང་བྲལ་བའི་རྩལ་ལས་ཤར་བའི་ངོ་བོ་སྟོང་པ། གཞིའི་མཁྱེན་ཆ་འགགས་མེད་ཀྱི་རྩལ་ལས་ཤར་བའི་རང་བཞིན་གསལ་རིགསྟོང་གསལ་དབྱེར་མེད་ཀྱི་རྩལ་ལས་ཤར་བའི་ཕྱིར་སེམས་ཐམས་ཅད་སྣང་སྟོང་ཟུང་འཇུག་ཡིན་གསུངས། དཔེར་ན་སེང་གེ་དཀར་མོའི་བུ་རྒྱུད་ལྟ་བུ་ཡིན་གསུངས། སེམས་ཀུན་རྐྱེན་བཞིས་བསྐྱེད་ཀྱི་ཡོད་པས་ན་རྟེན་འབྲེལ་དང་འདུས་བྱས་སུ་འདོད་ནི་རེད། རྐྱེན་བཞི་ནི་དམིགས་གཏད་ཀྱི་མཚན་མའི་རྐྱེན་ཡུལ་དང་། རང་གི་ཉེར་ལེན་དུ་གྱུར་བའི་དེ་མ་ཐག་རྐྱེན་དང་། སྐལ་མཉམས་སོགས་རྒྱུའི་རྐྱེན་དང་། ལྷན་ཅིག་བྱེད་རྒྱུ་བདག་རྐྱེན་ནོ། དེ་ལྟར་ཡུལ་དང་ཡུལ་ཅན་ཐམས་ཅད་སྣང་སྟོང་ཟུང་འཇུག་དུ་ངེས་ན་བདག་གཉིས་སུ་འཛིན་པ་དང་། མཐའ་བཞིིའི་འཛིན་སྟང་རགས་པ་མེད་པས་རྟག་ཆད་ཀྱི་མཐར་མི་ལྟུང་གསུངས། དེ་ལྟར་ཤེས་ན་མདོའི་རིགས་པ་བཞི་ཡང་ཚང་ཚུལ། རྒྱུས་འབྲས་བུ་བསྐྱེད་ཚུལ་ཤེས་པས་བྱ་བ་བྱེད་པའི་རིགས་པ། འབྲས་བུ་རྒྱུ་ལ་ལྟོས་དགོས་པ་ཤེས་པས་ལྟོས་པའི་རིག་པ། མེས་ཚ་བསྲེག་གི་བྱ་བ་བྱེད་ཚུལ་སོགས་ཤེས་པས་ཐ་སྙད་ཆོས་ཉིད་ཀྱི་རིགས་པ། དོན་དམ་པར་རྒྱུ་འབྲས་ངོ་བོ་ཉིད་གསུམ་པོ་མ་གྲུབ་པར་ཤེས་པ་རྣམ་ཐར་སྒོ་གསུམ་དང་དོན་དམ་པའི་ཆོས་ཉིད་ཀྱི་རིགས་པ། དེ་རྣམས་འཐད་པའམ་འོས་པ་ཤེས་པ་འཐད་པའི་རིགས་པ་ཡིན་གསུངས། ཡང་ཉག་བླས་རིན་པོ་ཆེ་ལ་བྱུང་གནས་འགྲོ་གསུམ་གྱི་ལྟ་བ་ལ་འཛིན་སྟང་ཡོད་དམ་མེད་ཞུས་དུས་འཛིན་སྟང་ཡོད་ན་སེམས་ཀྱི་ཁང་བུ་བརྩིགས་པ་རེད་མ་གཏོག་བཤིག་ནི་མ་རེད། དེས་ན་འཛིན་སྟང་མེད་གསུངས། ཡང་ཉག་བླས་དབུ་མའི་ལྟ་བ་དང་བྱུང་གནས་འགྲོ་གསུམ་གྱི་ལྟ་བ་གཉིས་ལ་ཇི་ཁྱད་ཞུས་དུས། དེ་གཉིས་ལ་མཐོ་དམན་གནམ་ས་ཙམ་ཁྱད། བྱུང་གནས་འགྲོ་གསུམ་གྱི་ལྟ་བ་མཐོ། དབུ་མ་མདོ་རེད། དེའི་ཡན་དུ་ཕྱི་རྒྱུད་སྡེ་གསུམ་ཡོད། དེའི་ཡན་ཆོད་དུ་མ་ཧཱ་ཨ་ནུ་གཉིས་ཡོད་པ་ལ་ཁྱད་གཞིའི་སྟེང་དུ་ཁྱད་ཆོས་རེ་རེ་འཇོག་དགོས། འདི་རྫོགས་ཆེན་རེད་གསུངས། དབུ་མའི་ལྟ་བ་ལས་ལྷག་པའི་ཁྱད་ཆོས་ནི་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་ཏུ་ངེས་པའི་ཚེ། ངེས་ཤེས་ལ་ལྷོད་ཆ་ཡོད་དགོས། དེ་དུས་ངེས་ཤེས་དེ་ལ་མཐའ་གང་དུ་ཡང་འཛིན་པ་མེད་པའི་འབྲས་རྟགས་ལ་ངོ་བོའི་དབྱིངས་སུ་ཤར་ཆ་འགགས་མེད་དུ་ཤར་ཐུབ་པ་དང་། གང་ཤར་ཐམས་ཅད་གཉེན་པོ་གཞན་མེད་པར་རང་གྲོལ་དུ་འགྲོ་བ་འདི་བྱུང་གནས་འགྲོ་གསུམ་གྱི་ལྟ་བ་ཡང་དག་གིས་གང་ཟག་དེའི་རྒྱུད་ཁྱབ་ཡོད་པའི་འབྲས་རྟགས་ཡང་དག་པ་ཡིན་གསུངས། དབུ་མའི་ལྟ་བ་ལ་དེ་ལྟ་བུའི་ཤར་གྲོལ་གྱི་ལམ་མེད། འདི་དབུ་མའི་ལྟ་བ་ལས་ལྷག་པའི་ཁྱད་གཞིའི་སྟེང་གི་ཁྱད་ཆོས་རེད་ཞེས་རིན་པོ་ཆེས་ཉག་བླ་ལ་གསུངས། ཉག་བླས་ང་ལ་གསུངས་ནི་ཡིན་གསུངས། རྫོགས་ཆེན་གྱི་ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ་རེད། ཐོད་རྒལ་གྱི་ལམ་འོད་སྣང་རེད། ཁྲེགས་ཆོད་ཀྱིས་ཤར་གྲོལ་གྱི་ལམ་གྱི་གྲོལ་ཆའི་མགོ་བྱུང་གནས་འགྲོ་གསུམ་གྱི་ལྟ་བ་འདིའི་སྟེང་ནས་འཛིན་དགོས་གསུང་། བྱུང་གནས་འགྲོ་གསུམ་གྱི་ལྟ་བ་འདི་མི་ལོ་གསུམ་ལ་བསྒོམ་དགོས། འདི་གཅིག་པུ་ལས་ཉམས་ལེན་གཞན་མེད་ཀྱང་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་བར་དོ་ཚུན་ཆོད་དུ་གྲོལ་བར་རྡོ་གྲུབ་ཆེན་ནས་གསུངས། འདི་འདྲའི་གང་ཟག་དེ་བློ་གྲུབ་མཐས་བསྒྱུར་བས་མི་ཚད་ལམ་ཞུགས་ཡིན་གསུངས། ཡང་ད་ལྟའི་འཁྲུལ་སྣང་འདི་ཐོག་མའི་གཞི་དུས་ན་མེད་པས་བྱུང་བའི་རྒྱུས་སྟོང་། འདི་ཐག་ཁྲ་སྦྲུལ་དུ་སྣང་བ་དང་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་། དུང་སེར་སྣང་ལྟ་བུ་ཡིན་པས། འདི་ན་གྲུབ་མ་མྱོང་བའི་མེད་སྣང་གློ་བུར་བ་ཡིན་པས་བར་དུ་གནས་པའི་ངོ་བོས་སྟོང་གསུང་། མཐར་ཕྱིན་འབྲས་བུའི་དུས་ན་མེད་པས་འགྲོ་བའི་གནས་ཀྱིས་སྟོང་། འདི་གློ་བུར་བ་རེད། འཁྲུལ་བའི་ཆོས་འདི་གློ་བུར་བ་ཡིན་པ་བཞིན་དུ་འདི་སྟོང་གཞིར་བྱས་པའི་སྟོང་ཉིད་ཀྱང་དག་པའི་སར་མི་འགྲོ། དུས་འཁོར་ལས་ཕུང་པོ་རྣམས་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། ཞེས་གསུངས་པ་ལྟར་རེད། གསུངས།

ཉག་བླའི་ལྕེ་བཙུན་ཁྲིད་ཡིག་ཡེ་ཤེས་ཐིག་ལེའི་ཟིན་བྲིས།

ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་དུ་བརྒྱུད་པ་གསེར་གྱི་ཉག་ཐག་གི་ཟམ་མ་ཆད། དམ་ཉམས་འདྲེ་ཡིས་མ་ཁྱེར་བའི་གྲུབ་ཐོབ་ཤ་སྟག་བྱོན་ཏེ། འོད་གསལ་སྤྲུལ་པའི་རྡོ་རྗེ། བློ་གྲོས་མཐའ་ཡས། དེ་ནས་བླ་མ་འབྲུག་པ། ཉག་བླ། དེ་གཉིས་ཀྱིས་ཁོ་བོ་ལ་སྨིན་གྲོལ་གྱི་གདམས་པ་གནང་སྟེ་གླེགས་བམ་དབུ་ཐོག་ཏུ་བཞག་ནས་བཀའ་དགོངས་ཀྱི་གཉེར་གཏད་སྨོན་ལམ་དང་བཅས་པ་མཛད་པས་ཞལ་རེ་ཕྱེ་ཆོག་ངེས་ཡིན། ཞེས་བཀའ་དྲིན་ཅན་གྱིས་ཐུགས་དགྱེས་ཚུལ་བསྟན་ནས་གནང་བ་ལ། འོད༵་གསལ་རྫོ༵གས་པ༵་ཆེ༵ན་པོ་སེ༵མས་ཀློ༵ང་མ༵ན་ངག་གི་སྡེ༵་གསུམ་ཞེས་པའི་སྐབས་སུ། སེམས་སྡེ་བས་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་དག་དང་མ་དག་གི་སྣང་བ་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་རྩལ་རོལ་པ་གསུམ་དུ་བསྟན་ཏེ། ངོ་བོ་ནི་སེམས་རིག་གི་ལ་ཤན་ལེགས་པར་ཕྱེ་ནས། ངོ་སྤྲོད་ཚུལ་གསུམ་གང་རུང་གི་སྒོ་ནས། གཉུག་སེམས་སམ་འཆར་གཞི་ལྟ་བུ་སྐུ་གསུམ་འདུ་འབྲལ་མེད་པའི་ཡེ་ཤེས་ལྟ་བ་ངོ་སྤྲོད་ཚིག་གསུམ་གནད་བརྡེག་ལྟ་བུས་ངོ་སྤྲད་པ་དེ་རྒྱས་པར་ཆོས་དབྱིངས་མཛོད་ཀྱི་ལེའུ་ལྔ་པར། འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས། །དོན་ནམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི་སོགས་ལྟར་རེད། རྩལ་ནི་བཞི་ཆ་གསུམ་བྲལ་ལྟ་བུའི་དབང་དུ་བྱས་ནས་རང་གི་ཤེས་རྒྱུད་དེ་ཆ་བཞིར་ཕྱེས་ཏེ་རྟོག་བཅས་ཡིད་ཀྱི་ཤེས་པས། འདས་པ་རྗེས་གཅོད། མ་འོངས་སྔོན་བསུ། ད་ལྟ་མཚན་འཛིན་རྣམས་འཆར་བཅུག་ཏེ་བཤིགས་པས་རོལ་པ་ཤར་གྲོལ་དུ་བཏང་། ཉམས་ཞེན་གྱི་ཤུན་པ་གཏོར། བྱིང་རྨུག་གཉིད་གསུམ་དང་བཅས་པ་ལ་ཁའི་ན་བུན་བཞིན་དུ་དབྱིངས་སུ་དེངས་རྗེས་འཆར་གཞི་གཉུག་མའི་སེམས་འོད་གསལ་བའི་ཡེ་ཤེས་དེ་ཉིད་ལྷང་སེ་ཤར་ཡོད་དུས་སྒོ་ལྔ་ཆ་མཉམ། ཡུལ་ལྔ་འགགས་མེད་དུ་ཚུར་མེ་ལོང་ལ་གཟུགས་བརྙན་དང་རྒྱ་མཚོར་གཟའ་སྐར་འཆར་བ་བཞིན་དུ་སྣང་བའི་ཡུལ་གྱིས་མ་གོས། འཛིན་པའི་སེམས་ཀྱིས་མ་བསླད། སྣང་ཤེས་ཀྱི་འབྲེལ་ཐག་ཆད་ཡོད་དེ། དེ་ཉིད་ལས། དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི་སོགས། ཁྱད་པར་འཆར་གཞིའི་འོད་གསལ། སད་པའི་ངོར་ཡིན་ན་ནི་ཤིན་ཏུ་ཕྲ་བ་ཀུན་གཞིའི་རྣམ་ཤེས་དང་བཅས་པའི་གོལ་ས་ལྔ་པོ་དེ་ཆ་མཉམས་གཅིག་པུས་ཆོད་ཚུལ་རྡོ་གྲུབ་རིན་པོ་ཆེས་གསུངས། བཞག་ཐབས་བཞི་པའི་རྒྱ་མཚོ་ཅོག་བཞག་གི་མན་ངག་ཡང་འདི་ལས་ལྷག་པ་ཞིག་སྟོན་རྒྱུ་མེད་པར། རིགས་པས་གྲུབ་ཚུལ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་སོགས་ལུང་གིས་གྲུབ་ཚུལ་དང་། མཁས་གྲུབ་མང་པོའི་ཞལ་མཐུན་ཚུལ་ཁྱད་ཆོས་མང་པོ་གསུངས། ཡེ༵་ནས་༵གན༵ས་པ༵་གཞི་ཞེས་པའི་སྐབས། སྒྲིབ་པ་དང་བཅས་པའི་དུས་ན་གཞི། དེ་ཉིད་བླ་མའི་མན་ངག་གིས་སད་པ་ལམ། ལམ་དེའི་ཤེས་ཐོབ་ཀྱི་བྱ་བྱེད་འབྲེལ་བ་ན། དྲི་མ་མཐའ་དག་བྲལ་བ་འབྲས་བུའོ། དེ་ཡང་སྒྲིབ་པ་ནི་ཤ་ཁྲག་ལུས་རྒྱ། བག་ཆགས་སེམས་རྒྱ། ཀུན་གཞི་ལུང་མ་བསྟན་གྱི་རྒྱ་གསུམ་གྱིས་སྒྲིབ་ཡོད་ཀྱང་རང་བཞིན་རྣམ་དག་ཡིན་ཚུལ་གྱི་དཔེ་ནོར་བུ་འདམ། མེ་ལོང་སྒྲོམ། རལ་གྲི་ཤུབས་ལྟ་བུ་དང་མདོ་ལུང་མང་པོ་ལྟར་རོ། མདོ་ན་བདེ་གཤེགས་སྙིང་པོ་བསྟན་པ་ལ་བཞེད་ཚུལ་མི་འདྲ་སྟེ། ཕྱི་རབས་པས། འཁོར་ལོ་བར་མ་ངེས་དོན་ཡིན། ཐ་མའི་གཤེགས་སྙིང་དྲང་དོན་ཡིན་པར་བཞེད་ནི་རེད། གཞན་སྟོང་བས་ཐ་མའི་བསྟན་དོན་ངེས་དོན་ཡིན་པར་ཡང་། རྒྱུད་བླ་མ་ལས་རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། གློ་བུར་དག་གིས་ཁམས་སྟོང་གི། །རྣམ་དབྱེར་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན་ཞེས་བཞེད། རྙིང་མའི་རང་ལུགས་ནི་བར་ཐ་གཉིས་ལྟོ་སྦྱར་ཏེ་དབྱིངས་ཡེ་ཟུང་འཇུག་གི་དོན་དེ་མདོ་ནས་སྔགས་ཀྱི་བར་དུ་བཟུང་ནས་འགྲོ་ནི་རེད། དེ་མ་ཟད་བླ་མེད་ཀྱི་སྐབས་སུ། འཁོར་ལོ་དང་པོ་འཁོར་བའི་ཕྱོགས་ཀྱི་བདེན་གཉིས། ཉོན་མོངས་ཤར་གྲོལ་དུ་བཏང་བས་ཀུན་འབྱུང་ལམ་བདེན་དང་། སྡུག་བདེན་འཁོར་བའི་སྣོད་བཅུད་འགོག་བདེན་སྐུ་དང་ཡེ་ཤེས་སུ་ལམ་དུ་བྱེད་པ་ཡིན། དེས་ན་ལམ་གཞན་གྱིས་བསླད་པ་བྱས་ན་ཕན་བཏགས་ནི་མ་ཟད་གནོད་ཆེན་པོ་བྱེད་པ་ཕྱུག་པོའི་མཁོང་༼ལྷས་ར་མཆན་༽དུ་གོད་འགོ་སོང་ནི་ལྟ་བུ་རེད། དེ་གཉིས་ཡ་བྲལ་ནས་བཟུང་བ་ནི་ཆད་རྟག་གི་མཐའ་ལ་ལྷུང་ཚུལ་མི་ཕམ་རིན་པོ་ཆེས་གསུངས་གསུངས། ཡང་སངས་རྒྱས་ཀྱི་གནས་ཡོངས་སུ་གྱུར་པའི་ངོར་རྣམ་མཁྱེན་ཡེ་ཤེས་རྟག་པ་ཡིན་ཚུལ་གསུངས་པ་ལྟར། རྙིང་མའི་རིང་ལུགས་མདོ་ནས་སྔགས་ཀྱི་བར་དུ་ཡེ་ཤེས་རྟག་པ་ཡིན་ཚུལ་དེ་འཛིན་ནི་རེད། བཀའ་བར་ཐ་ན་དབྱིངས་དང་ཡེ་ཤེས་བསྟན་པའི་དོན་དེ་རང་གི་ཤེས་རྒྱུད་ན་དབྱིངས་ཡེ་ཟུང་འཇུག་གི་ཚུལ་དུ་བཞུགས་པ་དེ་ཉིད་མངོན་དུ་བྱེད་ཐབས་རེད། སྔགས་བླ་མེད་ཀྱི་ཡང་རྩེའི་འོད་གསལ་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གསུམ་པོའི་དོན་དེས་ཀྱང་རང་རྒྱུད་ཀྱི་གནས་ལུགས་དབྱིངས་ཡེ་ཟུང་འཇུག་གསུམ་གྱི་བདག་ཉིད་དེ་གཏན་ལ་དབབ་བྱེད་རེད། དེས་ན་སློབ་དཔོན་གང་ཡིན་ཀྱང་། ཐོག་མར་རྣམ་རྟོག་ངོས་བཟུང་ནས་ངང་ལ་མ་བཅོས་པར་ཤེས་མཁན་གོ་མཁན་རིག་མཁན་དེར་ཞོག་གསུངས་པ་ངེད་སྣང་ཕྱོགས་གཙོ་བོར་སྟོན་པ་སེམས་སྡེ་བའི་ཕྱོགས་རེད། དམ་པས་མང་པོའི་གསེབ་ཏུ་འགྲོ་ཙ་ན། །གང་ཤར་ངོ་བོ་ལྟ་བ་ཡིན། །གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་སྐྱོང་བ་ཡིན། ཅེས་སོ། ཡང་གང་ཤར་ཐམས་ཅད་སྟོང་པ་ཡིན། ལྟ་རྒྱུ་སྒོམ་རྒྱུ་ཅི་ཡང་མེད་ཟེར་ནས་སྟོང་པ་དེར་ཕུག་གཏད་ནི་ཚང་སྟོང་ཕྱོགས་གཙོ་བོར་སྟོན་པ་ཀློང་སྡེ་བའི་ཕྱོགས་རེད། མདོ་ནས་སྔགས་ཀྱི་བར་དུ་ཟུང་འཇུག་ཁོ་ན་རྩལ་དུ་འདོན་པ་ནི་ཟུང་འཇུག་གཙོ་བོར་སྟོན་པ་མན་ངག་སྡེ་ཡིན་གསུངས། དེ་འདྲའི་གནད་ཐམས་ཅད་ཚིག་གཅིག་གི་སྟེང་ནས་སྒྲོག་མདུད་བཀྲོལ་ཐུབ་ན་ས་ཁུག་རེ་བརྒལ་འགྲོ་ཐུབ་ནི་རེད་ཞབས་དྲུང་རིན་པོ་ཆེས་གསུངས་གསུངས། ༈ དབྱིངས་ཀྱི་རྣམ་དབྱེ་མཛད་པ་ནི་ཡེ་ཤེས་ལྔ་པོ་འཆར་གཞིའི་གདངས་མ་འགགས་པའི་སྟེང་ནས་བཞགདེའི་ཡི་གེ་ནི་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་ཡེ་ཤེས་ལྔར་འདུ་བ་ཡིན་ལ། ཡེ་ཤེས་ལྔ་པོའི་རང་གདངས་སམ་རང་གཟུགས་ཡིག་འབྲུའི་རྣམ་པར་ཤར་བ་ཡིན་གསུངས། ༈ མོས་གུས་ཕྱག་གི་དོན་ནི་ཁམས་གསུམ་སྲིད་གསུམ་གྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་བདེ་གཤེགས་སྙིང་པོ་དབྱིངས་ཡེ་ཟུང་འཇུག་གི་ཚུལ་དུ་བཞུགས་པ་དེ། ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་དང་དབྱེར་མེད་རོ་གཅིག་གི་ཚུལ་དུ་ཡེ་ནས་འདྲེས་ནས་ཡོད་པར་གཟིགས་པའམ་རྟོགས་པ་ནི། རྟོགས་པ་དོན་གྱི་ཕྱག་གམ་ལྟ་བ་མཇལ་བའི་ཕྱག་རེད། ཐུགས་ཡིད་དབྱེར་མེད་མཐར་ཐུག་པ་ཡང་དེ་ལྟར་རེད་གསུངས། ༈ སྣ༷ང་སེ༷མས་འདི༷་ད༷ག་ཞེས་པའི་སྐབས། མ་དག་པའི་འཁྲུལ་སྣང་འདི་ཐོག་མའི་གཞི་དུས་དང་མཐར་ཕྱིན་འབྲས་དུས་ན་མེད་གསུངས་པ་དེ་འདི་འདྲ་བ་ཞིག་ཡིན་ལ་བྱུང་གནས་འགྲོ་གསུམ་གྱི་ཕུག་གཏུགས་ས་དང་པོ་བྱུང་པའི་རྒྱུ་མེད་ཚུལ། བར་དུ་གནས་པའི་རྟེན་མེད་ཚུལ། ཐ་མ་འགྲོ་བའི་ཡུལ་མེད་ཚུལ་འདི་རེད། འཁྲུལ་སྣང་ཀ་ནས་དག་ཚུལ་ཡང་འདི་རེད། མཐོང་དཔེ་སྙོགས་ས་ཡང་འདི་ཡིན་པས་གནད་འདིའི་སྟེང་ནས་ཟླ་རེ་ཙམ་ལ་འདང་རྒྱབ་དགོས་ནི་རེད་གསུངས། ༈ དབང་རྣོན་ཞེས་པ་དེ་སྤྱིར་རྣམ་བྱང་བསྐྱེད་པའི་དབང་པོ་ལྔ་བོ་ལོས་དགོས། བྱེ་བྲག་ཏུ་ཤེས་རབ་ཀྱི་དབང་པོ་རྣོ་བ་ལ་མྱུར་བ་ཟབ་པ་རྒྱ་ཆེ་བས་གནད་འདི་ཉིད་རྟོགས་ནུས་ན། དད་པའི་དབང་པོས་ཐུགས་རྒྱུད་ཀྱི་བྱིན་རླབས་བསྐུལ་ནུས་པ། བརྩོན་འགྲུས་ཀྱི་དབང་པོས་ཉིན་མཚན་ཐང་ལྷོད་མེད་ནས་གདོད་མའི་དབྱིངས་སུ་སྐྱེལ་ནུས་པའོ། ༈ དབང་གི་སྐབས་སུ། འཇུག་པའིི་དཀྱིལ་འཁོར་བཞི། རྟོགས་པའི་ལྟ་བ་བཞི། བསྲུང་བའི་དམ་ཚིག་བཞི་རེ་ཡོད། དང་པོ་བུམ་པ་དང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། ལྟ་བ་སྣོད་བཅུད་དག་མཉམ། གཉིས་པ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་སྔར་གྲུབ་ཆེན་རྣམས་ཀྱི་བྱང་སེམས་དངོས་དང་། དེང་སང་བདུད་རྩི་ཆོས་སྨན་རྣམ་དག་ལ་གུ་རུ་རིན་པོ་ཆེ་ཡབ་ཡུམ་གྱི་བྱང་སེམས་འདྲེས་པའི་བདུད་རྩི་བླུད། གསུམ་པ་ཡུམ་གྱི་མཁའ་དཀྱིལ་དེ་གཉིས་སྔོན་འགྲོ་དང་དངོས་གཞི་ལྟ་བུ་ཡིན་པས་སྔ་མས་ལས་རུང་དང་ཕྱི་མས་དངོས་ལ་སྦྱོར་བས་ལྟ་བ་ནི་ཚོར་བ་བདེ་སྡུག་བར་མ་གསུམ་པོ་བདེ་བ་ཆེན་པོ་ཡེ་ཤེས་གཅིག་གི་ཉམས་ཅན་དུ་འཆར་བ་ཡིན། བདེ་བ་ཆེན་པོ་ནི། བདེ་བ་ཆེན་པོ་རྟག་ཏུ་རྟགཟུག་རྔུ་ཀུན་བྲལ་འཕོ་འགྱུར་མེད་ཅེས་སོ། བཞི་པ་འཇུག་ཡུལ་ནི། སྙིང་ག་ཆོས་ཀྱི་ཕོོ་བྲང་ནས་སེམས་ཉིད་རང་བྱུང་ཡེ་ཤེས་ཀྱི་སྒོ་ཤགས་སེ་ཕྱེ་ནས་གནས་ལུགས་མི་ཤིགས་པ་གཞིའི་དཀྱིལ་འཁོར་ལ་བརྟེན་ནས། ལྟ་བ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་རྟོགས་པ་ཡིན། འོད་གསལ་སད་ནས་བཟུང་བདེ་གསལ་མི་རྟོགས་གསུམ་སྐུ་གསུམ་གྱི་ཉམས་ཡིན། ༈ ངག་རླུང་འབྱུང་འཇུག་དལ་བའི་སྐབས། བཞུགས་སྟང་གང་རུང་འགྲོ་འོང་ལས་ཀྱི་རླུང་རང་སོར་བཞག་ན། རྐྱེན་ཁར་ཤོར་བའི་རྟོག་ཚོགས་ཉོན་རླུང་བག་ལ་ཞ་ནས། ཡེ་ཤེས་ཀྱི་རླུང་སད་ནས་དབྱིངས་སུ་འཁྱིལ་དགོས་ནི་རེད། ༈ སྔགས་མཚན་བཅས་དང་མཚན་མེད་རྫོགས་རིམ་གཉིས་ཡོད་ལ། མཚན་བཅས་ཙམ་པོ་བ་ནི། བསྐྱེད་རིམ་ཐུགས་སྲོག་ན་དཱའི་བར་དུ་བསྡུས་ནས་དམིགས་མེད་དུ་བཞག་པ་ཚོགས་ལམ། དང་པོ་ནི་སྟོང་བཞིས་དྲངས་པའི་འོད་གསལ་དང་། དགའ་བཞིས་དྲངས་པའི་ཡེ་ཤེས། དཔེ་ཡི་འོད་གསལ་འདྲེན་པ་སྦྱོར་ལམ། མཚན་མེད་འོད་གསལ་རྫོགས་ཆེན་གྱི་ལུགས་འདིར་རྣམ་པར་ཤེས་པའི་ཚོགས་བརྒྱད་པོ་མ་འགགགས་བཞིན་དུ་འཆར་གཞི་འོད་གསལ་སད་པའི་སྟོབས་ཀྱིས་རྣམ་ཤེས་ཐམས་ཅད་རིག་པའི་རྣམ་ལྡན་དུ་ཤར་བ་ནི་རྫོགས་ཆེན་ཁོ་ནའི་ཁྱད་ཆོས་རེད། སྒྱུ་འཕྲུལ་གྲོལ་ལམ་པ་དང་། ཕྱག་ཆེན་སྙིང་པོའི་ལུགས་སུ་ཁྲིད་པ་གཉིས་ཀྱང་འདིའི་ཕྱོགས་སུ་བསྡུ་དགོས། ཁྲེགས་ཆོད་ཀྱིས་ད་ལྟ་ནས་བླ་མའི་མན་ངག་ལ་བརྟེན་ནས་གཞིའི་འོད་གསལ་དེ་ལམ་དུ་བྱེད་པ་ཨེ་ཐུབ་བལྟ་ནི་རེད། ཐོད་རྒལ་གྱིས་གཞི་སྣང་ལམ་དུ་བྱེད་པ་ཡིན་ཏེ། ཐོད་རྒལ་ཞེས་པའི་ངེས་ཚིག་ཡང་ད་ལྟ་ནས་ཆོས་ཉིད་བར་དོའི་སྣང་ཆ་ཚུར་ལེན་ནས་ཉམས་སུ་བླང་ཟེར་ནི་རེད་གསུངས། ༈ མི་རྟག་པའི་སྐབས། སྔ་མོར་དོ་དགོང་གི་སྣང་བ་དང་ཕྱི་མའི་སྣང་བ་ཤར་བ་གཉིས་གང་སྔ་བསམ། ནུབ་མོར་སང་གི་ཉི་མ་ཤར་བ་དང་འཇིག་རྟེན་ཕྱི་མའི་སྣང་བ་ཤར་བ་གཉིས་གང་སྔ་བསམ། དེ་བས་ཀྱང་རླུང་ཕྱིར་ལན་གསུམ་འཕང་ནས་ཚུར་ཡོང་རོགས་མ་བྱས་ན་༼མ་འོང་ན་༽ཤི་བ་ཡིན་པའི་ཚུལ་ལ་བསམ་ན་དེ་ཚོའི་ཨི་མི་དགའ་གསུངས། ༈ ཐར་བའི་མཆོག་བླ་ན་མེད་པའི་སྐབས། བཟང་ང་བོའི་འདུས་མདོ་དེ་ཟིན་ཡོད་ན། རྗེས་ཐོབ་ཏུ་ལྡང་ཚེ་ཡང་དག་པའི་ལམ་དུ་འགྲོ་བའི་འབྲས་རྟགས་ཤེས་རབ་སྙིང་རྗེ་སོགས་དང་པོའི་དུས་སུ་དྲན་ག་བཅུག་ན་དེ་ནས་རྩོལ་མེད་ཤུགས་འབྱུང་དུ་འབུད་ནི་རེད་འབུད་རྒྱུ་མེད་ན། མི་ཕམ་རིན་པོ་ཆེས་དེ་ཕྱིར་འདི་གཉིས་ཁྱད་པར་ཡང་། །དུ་བའི་རྟགས་ལས་མེ་བཞིན་དུ། །སྤང་རྟོགས་བོགས་སྐྱེད་ཚུལ་ལས་ཤེས། །སོགས་གསུངས་པ་ལྟར་དེའི་ཡག་ཟིག་མེད་ནི་གཅིག་བསྐྱལ་ན་ཕེར་གི་༼མནའ་ཞིག་བསྐྱལ་ན་ཆོག་ཞེས་པའི་དོན་༽གསུངས། དེས་ན་རང་གི་ཤེས་རྒྱུད་སྟེང་ན་འཁོར་འདས་གཉིས་བཞག་སྟེ། གཞི་གཏན་ལ་ཕབ་ནས་སྐུ་གསུམ་འདུ་ུའབྲལ་མེད་པའི་རིག་ཐོག་ན་ཡོད་དུས་འདས་པའི་ཕྱོགས་རེད། དེ་ལས་ཤེས་བཞིན་མ་ཡིན་པ་ལུང་མ་བསྟན་དེ་ཏིང་འཛིན་ཉམས་པའི་རྒྱུ་དྲུག་དེའི་སྟེང་ན་ཡོད་པས་འཁོར་བའི་ཕྱོགས་སམ་རྒྱུ་དེ་ནས་བཞག་པ་ཡིན། རང་ལུགས་འདིར་བདེ་གཤེགས་སྙིང་པོ་རྟོགས་བྱེད་སོ་སྐྱེས་ཚུར་མཐོང་གི་ངོར་ཚད་མ་གཉིས། ཕ་རོལ་འཕགས་པའི་གཟིགས་ངོར་ཚད་མ་གཉིས་རེ་ཡོད་དེ། ཐ་སྙད་ལ་ཡང་གནས་སྣང་དག ། མི་མཐུན་སྣང་བ་ཡོད་པའི་ཕྱིར། སོགས་མདོ་ན་བདེ་གཤེགས་སྙིང་པོ་དེ་བྱང་སེམས་དབང་རྣོན་ཞིག་གིས་ཚོགས་མཐའ་ཡས་པས་བརྒྱན་ཏེ་ཚུར་མཐོང་གི་ཚད་མ་གཉིས་ཀྱིས་བསྐལ་ཆེན་གྲངས་མེད་གཅིག་གི་མཐར་འཕགས་པའི་མཉམ་བཞག་ཡེ་ཤེས་དེ་ཚད་མ་གཉིས་ཀྱིས་འདྲེན་ནུས་ཀྱང་། དེ་ཡན་ཆད་འདུག་ལོང་མེད་དེ་དགག་རྟོག་སྒྲུབ་རྟོག་ཡིན་པའི་ཕྱིར། ཕྱི་རབས་པས་སྔགས་ལ་མ་བསྟེན་པར་མདོ་རང་ལམ་ནས་སངས་རྒྱས་རྒྱུ་མེད་ཟེར་དོན་བདེ་གཤེགས་སྙིང་པོ་དྲང་དོན་དུ་བཞེད་པའི་དམ་བཅའ་དེ་བསྒྲུབ་པའི་ཆེད་དུ་ཡིད་ཤེས་གཅིག་པོ་ས་བཅུའི་རྒྱུན་མཐའི་བར་དུ་མིང་ལ་རྣམ་མཁྱེན་ཡེ་ཤེས་གང་བཏགས་ཀྱང་དོན་ཡིད་ཀྱི་ཤེས་པ་ཞིག་ཡིན་པར་བཞེད་ནི་རེད། སྔགས་བླ་མེད་ཉམས་སུ་བླང་སྐབས་ཡང་དབུ་མའི་སྟོང་ཉིད་སྔོན་དུ་འགྲོ་དགོས་ཟེར་དོན་ཡང་སྟོང་གཞི་ཕུང་སོགས་ཀྱི་ངོ་བོས་མི་སྟོང་ཞེས་པའི་དམ་བཅའ་བསྒྲུབ་པའི་ཆེད་རེད། རང་ཤར་མཁན་པོ་ནས་ཉག་བླ་ལ་གསང་གཏམ་དུ་གསུངས་ནི་རེད། ༈ ལམ་པའི་རྒྱུད་ན་ཕུང་པོ་ལྔ་ཡོད་དེ། དེའི་ནང་གི་རྣམ་པར་ཤེས་པའི་ཕུང་པོ་ལ་བརྒྱད། དེའི་ནང་གི་ཆོས་འཇིག་རྟེན་གཉིས་ཤེས་མཁན་ཡིད་ཤེས་གཅིག་པུ་རེད། དེ་ཡང་ཀུན་གཞི་དང་ཆོས་སྐུ་དང་། སེམས་དང་རིག་པ། ཡིད་དང་ཤེས་རབ་ཀྱི་རྣམ་དབྱེ་ཕྱེད་སྐབས་ན། ཡིད་ཀྱི་ཤེས་པ་འཁོར་ཤེས་རབ་དང་མཚུངས་ལྡན་ཅན་དེ་རྐྱེན་བཞི་ལས་སྐྱེས་པ་ཡིན་ཏེ། ཡུལ་དམིགས་གཏད་ཀྱི་མཚན་མའི་རྐྱེན་ཡུལ། རང་གི་ཉེར་ལེན་དུ་གྱུར་པའི་དེ་མ་ཐག་རྐྱེན། སྐལ་མཉམ་སོགས་རྒྱུའི་རྐྱེན། བྱེད་རྒྱུ་བདག་པོའི་རྐྱེན་དང་བཞི། རྫོགས་ཆེན་གྱི་རིག་པ་མངོན་སུམ་དུ་རྟོགས་པ་དང་འཕགས་པའི་མཉམ་བཞག་ཡེ་ཤེས་ཤར་བའི་སྐབས་ཀུན་གཞི་སོགས་རྒྱུའི་རྐྱེན་དང་སེམས་སྔ་མའི་དེ་མ་ཐག་རྐྱེན་དང་། དམིགས་པ་ཐམས་ཅད་དང་བྲལ་བའི་དམིགས་སྐྱེན་དང་། དབང་སོགས་ཀྱི་བདག་རྐྱེན་ལས་མ་སྐྱེས་པས་སེམས་མིན་ལ། ཡུལ་ཆོས་ཉིད་ལས་ཐ་དད་པའི་བློ་མེད་པས་དམིགས་རྐྱེན་མེད་ལ། དེ་མེད་པས་རྒྱུ་རྐྱེན་སོགས་ཚོགས་བརྒྱད་མེད་དེ་ཤེས་བརྗོད་འཇུག་གསུམ་གྱི་ཡུལ་ལས་འདས་པ་ཡིན་ལ། རྗེས་ཐོབ་དུ་ལྡང་ཚེ་ངེས་ཤེས་ལྷག་པར་འབར་བ་ནི། རྒྱུད་གཅིག་གིས་བསྡུས་པའི་མཉམ་བཞག་གི་ཡེ་ཤེས་དེ་ཡིད་ཤེས་དེའི་སྲོག་དུ་ཞུགས། དབུས་ན་གནས་པས་ན་ལྟ་བ་མཚན་ཉིད་པ་རྗེས་ཐོབ་ཀྱི་ངེས་ཤེས་སྟེང་ནས་བཞག་པ་ཡིན་གསུངས། ༈ ཡང་ལྷ་མཐོང་འདྲེ་མཐོང་བཤད་གི་བསྡད་ན། ཞེན་པའི་གཟུང་འཛིན་ནི་གདོན་བགེགས་ལྷ་འདྲེའི་འཁྲི་ཤིང་ཡིན་པས་གང་ལ་ཞེན་པ་དེ་ལ་ལྷ་འདྲེ་གནས་ནི་རེད། གྲུབ་ཐོབ་དང་རྟོགས་ལྡན་རྣམས་ལ་ལྷ་འདྲེའི་གླགས་མི་རྙེད་པ་ནི་གཟུང་འཛིན་རང་གྲོལ་དུ་གཏོང་བས་འཁྲི་ཤིང་མི་རྙེད་ནི་རེད། དེས་ན་བཟང་ངན་གྱི་སྣང་བ་གང་ལ་ཡང་ཞེན་པ་མེད་པར་རང་བབས་སུ་བཞག་པ་གལ་ཆེ། ཐེག་བརྒྱད་ལས་འདས་པའི་འོད་གསལ་རྫོགས་པ་ཆེན་པོའི་ཁྱད་ཆོས་ནི་རྣམ་པར་ཤེས་པའི་ཚོགས་མ་འགགས་བཞིན་དུ་དཔེ་དོན་གྱི་འོད་གསལ་ངོ་སྤྲད་དུ་ཡོད་གསུངས་ནི་རེད། སེམས་ཉོན་མོངས་པ་བཞིན་དུ་ཡེ་ཤེས་ཡིན་ཟེར་ནི་མ་རེད། སེམས་གྱི་འཆར་གཞི་འོད་གསལ་ཡིན་པས། སེམས་དང་འོད་གསལ་བའི་ཡེ་ཤེས་གཉིས་གཅིག་ཐ་དད་གང་གི་ཚུལ་དུའང་རང་ལུགས་ལ་ཁས་ལེན་ནི་མ་རེད། སད་མ་སད་ཀྱི་ཁྱད་ཙམ་མམ་འཁྲུལ་མ་འཁྲུལ་ཙམ་དང་། སྣང་ཚུལ་དང་གནས་ཚུལ་ཙམ་མོ། ༈ ཚོགས་ལམ་དུ་བསྐྱེད་རྫོགས་ཟུང་འཇུག་གམ། གོ་བའི་འོད་གསལ་དང་མོས་པའི་ལྷ་སྐུ་ཟུང་འཇུགསྦྱོར་ལམ་དུ་སྒྱུ་འོད་ཟུང་འཇུགམཐོང་ལམ་དོན་འོད་ཟུང་འཇུག་རེད། སྟོང་པའི་འོད་གསལ་ཀ་དག་ཁྲེགས་ཆོད་ཀྱིས་ལམ་དུ་བྱེད། སྣང་བའི་འོད་གསལ་ལྷུན་གྲུབ་ཐོད་རྒལ་གྱིས་ལམ་དུ་བྱེད་ནི་རེད། ཐབས་ལམ་བདེ་བའི་འོད་གསལ་ཡང་གོང་གི་ཨ་ཧཾ་འབར་འཛག་གི་དམིགས་པའི་སྐབས་སུ་བཞག་པ་གསང་ཤེར་དམ་ཚིག་རེད། རྫོགས་ཆེན་གྱི་མཉམ་བཞག་ཡེ་ཤེས་དེ་ལ་དགག་རྟོག་སྒྲུབ་རྟོག་གང་ཡང་མེད་པས་རྗེས་དཔག་མ་རེད་མངོན་སུམ་རེད། མངོན་སུམ་ཡིན་ན་མཐོང་ལམ་ཡིན་པར་འགྱུར་བས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པ་ཅི་རེད་ཟེར་ན། ལུང་རྣམ་དག་གིས་རྣལ་འབྱོར་ལུས་རྒྱ་སོགས་ཀྱིས་ཡིན་ཚུལ་གསུངས་ཡོད། འོན་ཀྱང་མི་ཕམ་རིན་པོ་ཆེས་མཐོང་བ་མངོན་སུམ་ཡིན་ཀྱང་དཔེ་ཡི་འོད་གསལ་དུ་བཞེད། བར་དོར་དོན་གྱི་འོད་གསལ་ལ་འཕོ་ནུས་ཚུལ་གསུངས། ༈ དབང་བསྒྱུར་བའི་སྤྱོད་པ་ནི། ཁམས་གསུམ་དུ་འཕེན་པའི་སྣང་བ་བཟང་ངན་བར་མའི་རྟོག་པ་ཐམས་ཅད་གདོད་མའི་དབྱིངས་སུ་གྲོལ་བའོ། ༈ འབྲིང་བར་དོར་གྲོལ་ཚུལ་ལ། ད་ལྟ་གསོན་ལུས་འདིར་ཐར་པ་འདོད་པ་ལ་ཐབས་གང་ཟབ། གནད་གང་ཆེ་བརྟགས་ནས་རང་ཡིད་ཆེས་པའི་ཆོས་དེ་ཡང་མཐའ་མ་ཆོད་པ་དང་། ཐེ་ཚོམ་འཇུག་པ་དང་། ཐོག་ཏུ་མ་ཕེབ་པ་གསུམ་སྤོང་བ་ལ་དང་པོར་ཐོས་པས་བློ་སྦྱོང་། བར་དུ་བསམ་པས་ཐག་བཅད། ཐ་མར་བསྒོམ་པས་ལ་བཟླ་བའོ། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ཐི་བྱ་ལྟ་བུ། ཐི་བྱའམ་ཆར་སྡོད་བྱེའུ་ཁུག་རྟ་ཞེས་པ་དེ་དངོས་རྒྱ་གར་ན་ཡོད། དེས་རྡོ་འདམ་གྱིས་ཚང་བཅའ་ཚེ་ཤིང་ཙི་ཏྲ་པ་དང་པུ་ཏྲ་པ་གཉིས་ལ་མཆུ་བརྡར་ཏེ་ཚང་བཅའ་བ་ཡིན་གསུངས། འཆི་ཁའི་བར་དོར་སྔ་འདྲེས་ཀྱི་མི་ལྟ་བུའི་གདམས་པ་དང་། ཆོས་ཉིད་བར་དོར་སྒེགས་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམས་པ་གཉིས་པོའི་དོན་ནི་རང་གི་མན་ངག་ལ་མཉམ་པར་བཞག་པའི་དུས་སུ། དུས་གསུམ་འཁྲུལ་རྟོག་བྲལ་བ། ཉམས་ཞེན་གྱི་ཤུན་པ་བྲལ་བ། བྱིང་རྨུགས་ཀྱི་སྒྲིབ་པ་བྲལ་བའི་གཞིའི་འོད་གསལ་སད་དེ་རླུང་སེམས་ཕྱི་མ་མ་ལང་གི་བར་དེ་ཡུན་རིང་ཐུང་ཅི་ཙམ་ཡོད་པ་དེ་ཙམ་ལྔ་འཆི་ཁར་དང་ཆོས་ཉིད་བར་དོར་འཆར་ནི་རེད། ཤར་ནས་བརྩི་བར་མི་བྱའོ་གསུངས། དེས་ན་ཁྲེགས་ཆོད་གསང་བའི་མཛོད་ཆེན་གྱི་སྒོ་བླ་མའི་མན་ངག་གི་ལྡེའུ་མིག་གིས་ཕྱེས་ནས་རིག་སྟོང་ཟུང་འཇུག་ངོ་འཕྲོད་པ་གཞི་ལམ་བྱེད་དང་། ཐོད་རྒལ་གཞི་སྣང་ལམ་བྱེད་ཡིན་པས་ཆོས་ཉིད་བར་དོར་གྲོལ་ས་བཞི་པོ་འདིའི་འཕྲོ་ན་འདི་ཡོད་བསམ་ནས་ཉམས་འོག་ཏུ་་ཆུད་དགོས། ༈ ཐ་མ་རང་བཞིན་སྤྲུལ་པའི་ཞིང་ཁམས་ལམ་ཁྱེར་ལ། ད་ལྟ་སྙིང་གར་བསྒོམ་པ་དང་། སྤྱི་བོར་བསྒོམ་ནས་འཕོ་ཚུལ་གཉིས་ལས། དང་པོ་ནི་སྙིང་གའི་དབུས་ན་རིག་པ་ཡེ་ཤེས་ལྔ་ལྡན་གྱི་གདངས་ཕྱོགས་བཞི་དབུས་དང་ལྔར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་ལྔ་ཡོད། དེ་ལ་གནས་པའི་རང་བཞིན་སྤྲུལ་པ་ཟེར། ཕྱི་མ་ནི་སྤྲུལ་སྐུ་རིགས་ལྔའི་ཞིང་ཁམས་རྣམས་ཡིན། འདི་དབྱེ་བའི་གྲངས་ཙམ་བགྲངས་པའི་རང་བཞིན་སྤྲུལ་པའོ། ༈ སྔོན་འགྲོས་འཁྲུལ་གཞི་རྩད་ནས་གཅོད་ཐབས་ཁྲེགས་ཐོད་གཉིས་ཀྱི་སྔོན་འགྲོས་ཆོས་དང་གང་ཟག་གི་བདག་འཛིན་འཁྲུལ་པ་འཁྲུལ་སྣང་དང་བཅས་པ་བཤིགདངོས་གཞི་འཁྲུལ་བ་རང་གྲོལ་དུ་འགྲོ་ཚུལ། དང་པོ་མ་རིག་བདེན་འཛིན་གྱིས་དྲངས་བའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་ཐམས་ཅད་འཆར་གཞིའི་ཀློང་དུ་དེངས། སླར་ཡང་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་རྣམ་པར་ཤེས་པའི་ཚོགས་ཐམས་ཅད་ཡེ་ཤེས་ཀྱི་རྣམ་ལྡན་དུ་འཆར་བ་ཡིན། དེ་ཡང་ཉོན་མོངས་སྤོང་ཚུལ། ཀལྤོ་ལས། གཞི་ལ་སྤོང་བར་བྱེད་པ་ནི། །སྐྱེས་བུ་ལྡུམ་རའི་དུག་སྡོང་འདྲ། །སྦྱང་བར་བྱེད་པའི་ལམ་པས་ནི། །འཚོ་བྱེད་མཁས་པས་མཐོང་བ་འདྲ། །བསྒྱུར་བར་བྱེད་པའི་གསང་སྔགས་པ། །བྲམ་ཟེས་རིགས་སྔགས་གྲུབ་པ་འདྲ། །ལམ་དུ་བྱེད་པ་སྔགས་ནང་པས། རྨ་བྱས་ཟས་སུ་མཐོང་བ་འདྲ། །རང་སར་འཇོག་པའི་རྫོགས་ཆེན་པ། །འབྱུང་ཆེན་ལྟོས་ཀྱི་ས་གཞི་འདྲ། ཞེས་གསུངས། ༈ ཕྱག་རྫོགས་ཀྱི་ལྟ་བ་རྟོགས་པ་རྒྱལ་བ་དགྱེས་པའི་ཚུལ་ཁྲིམས་དང་། སྡོམ་གསུམ་ཁྱད་ཆོས་དྲུག་པོ་བཞགམདོར་ན་རང་ལ་ཉག་༼མཁོ་༽ངེས་པ་འདི་ཡིན་པས་ཚུར་མཐོང་གི་རྒྱུད་ཀྱི་རྣམ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཐམས་ཅད་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་སྔ་ལོག་དཔེ་ཡི་འོད་གསལ་ཤར་བའི་སྐབས་ནས་དག་འགྲོ་ནི་རེད། དེས་ན་རང་ཉིད་མཉམ་པར་དག་པའི་རང་དུས་དེ་ན། སྤྲོས་པ་མཐའ་དག་དགག་པའི་བློ་དགག་རྟོག་ཨི་ཡོད་གི། དེའི་ཤུལ་ན་སྤྲོས་བྲལ་སྒྲུབ་པའི་བློ་སྒྲུབ་རྟོག་ཨི་ཡོད་གི་བརྟགས་ན་ལོས་གོ །ཡོད་ན་རྗེས་དཔག་རེད། མངོན་སུམ་མ་རེད། དབང་བཞི་པའི་དོན་གྱི་ཡེ་ཤེས་འབྲས་བུ་ལམ་བྱེད་ནི། སྙིང་དབུས་མི་ཤིག་པའི་འོད་གསལ་སད་ནས་དབང་ཤེས་རྟོག་མེད་ཐམས་ཅད་ཡེ་ཤེས་སུ་ཤར། རྟོག་བཅས་ཤར་གྲོལ་དུ་སོང་ནས་ཡེ་ཤེས་འབའ་ཞིག་གི་སྤྱོད་ཡུལ་དུ་གྱུར་པ་འབྲས་བུ་ལམ་བྱེད་རེད། འདི་ནི་ཀུན་མཁྱེན་དང་མི་ཕམ་རིན་པོ་ཆེས། ཤར་བ་མངོན་སུམ་ཡིན། རྩལ་གྱི་ཡོན་ཏན་མ་རྫོགས་པའི་ཆ་ནས་དཔེ་ཡི་འོད་གསལ་དུ་བཞེད། ༈ སྔ་འགྱུར་བས་ལྟ་བ་ལ་གསུམ། ཆོས་ཅན་ཆོས་ཉིད་རང་རིག་གོ །ས་པཎ་དང་དཔལ་སྤྲུལ་ཚོས་ཆོས་ཉིད་ཀྱི་ལྟ་བ་མདོ་སྔགས་ཁྱད་མེད་ཚུལ་བཞེད་པ་བཞིན་མི་ཕམ་པས་ཀྱང་། ཆོས་ཉིད་ཀྱི་ལྟ་བ་ལ་ཁྱད་པར་མི་ཕྱེ། ཆོས་ཅན་དང་རང་རིག་ལྟ་བ་ལས་ཁྱད་པར་འཕགས་ཚུལ་གསུངས། དེ་ཡང་གདོད་མའི་སྟོང་ཆེན་དབྱིངས་ཀྱི་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་བྱེད་ལ་ཆོས་ཅན་ལྟ་བའི་ལྟ་བ་དང་། སྐུ་དང་ཡེ་ཤེས་ཀྱི་སྣང་ཆའི་ངོ་བོ་གདོད་མའི་སྟོང་ཆེན་གྱི་དབྱིངས་དེ་རྟོགས་བྱེད་ཆོས་ཉིད་ལྟ་བའི་ལྟ་བ་དང་། དེ་གཉིས་ཟུང་འཇུག་ཆེན་པོ་མེ་དང་ཚ་བ། ཆུ་དང་རླན་བཞིན་དུ་རྟོགས་པ་ནི་ཟུང་འཇུག་རང་རིག་ལྟ་བའི་ལྟ་བའོ། དེ་ཡང་ལྟ་བ་ཡེ་གྲོལ་དུ་རྟོགས་ཀྱང་བསྒོམ་པ་ཡིན་ཐོག་ཏུ་མ་བཞག་ན་འཁོར་བའི་འཁྲུལ་སྣང་མི་ཟློག་པས་རིག་པ་གཤིས་ཐོག་ཏུ་གོམས་པ་གནད་དུ་ཆེ་གསུངས། ལྟ་བས་ཇི་ལྟར་བཅད་པ་བཞིན་བསྒོམ་པས་ཉམས་སུ་ལེན་དགོས་ཏེ། ལྟ་བའི་སྟེང་དུ་མྱོང་བས་མ་སླེབ་ན། །གོ་ཡུལ་ཙམ་གྱིས་ཕན་པར་མི་འགྱུར་རོ། །ཞེས་གསུངས། ༈ སྒོམ་པས་ཉམས་སུ་ལེན་སྐབས་གཞུང་རྩ་བར། ལུས་མི་འགྱུར་བ་རི་བོ་ཅོག་བཞག་གི་གཞི་བཟུང་སོགས། སེམས་མི་གཡེངས་པ་རིག་པ་ཅོག་བཞག་གི་སྟེང་ནས་ལྟ་བསྒོམ་སྤྱོད་གསུམ་བཤད་དོ། ཕན་པའི་རྒྱས་འདེབས་ནས་ངོ་ཤེས་སོགས་བཤད། དེ་ཡང་དཀོར་ཁ་སོགས་འགྱུར་ལྡོག་མི་བྱེད་པར་མལ་ས་དེར་ལུས་གནས་པར་བྱེད་ནས་འདུག་ཚུགས་བརྟན་པོ་དགོས། ༈ སྔོན་འགྲོ་རྣམ་པ་གཉིས་ཀྱིས་འཁྲུལ་གཞི་རྩད་ནས་བཅད། ཁྲེགས་ཆོད་ཀྱིས་འཁྲུལ་བ་རང་གྲོལ་དུ་གཏོང་བའི་ལམ་ཤར་གྲོལ་རེད། གྲོལ་ཚུལ་ལྔའམ་གསུམ་གྱི་སྒོ་ནས་གཙོ་བོ་ཡུལ་ཅན་འཁྲུལ་བ་གྲོལ་ནི་རེད། ཐོད་རྒལ་གྱིས་ཡུལ་འཁྲུལ་སྣང་དེ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ལམ་དུ་བྱེད་པ་ཡིན། དེ་ཡང་བྱང་ཁོག་སྟོད་ན་སྨུག་པོ་མཆོང་གུར་ཕུབ་པ་ལྟ་བུ་རིག་པའི་རྟེན་ཙིཏྟ་ཤ་སྒྲོན། དེ་ལ་བརྟེན་པ་དྭངས་མ་ལྔ་འདུས་ཀྱི་འོད་རྩ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་གནས་ལུགས་གཞིའི་སྒྲོན་མ། དེ་ལས་ལམ་དཀར་འཇམ་རྩ་ཡི་སྒྲོན་མ། རྒྱང་ཞགས་ཀྱི་སྒོ་ཡེ་ཤེས་འདུས་པའི་རྒྱང་ཞགས་ཆུའི་སྒྲོན་མ། དེ་ལས་ཕྱིར་དབྱིངས་དང་ཐིག་ལེའི་སྒྲོན་མ་གཉིས་སྟེ་དྲུག་གོ །ཡང་ཤེས་རབ་རང་བྱུང་གི་སྒྲོན་མ་དང་བར་དོ་དུས་ཀྱི་སྒྲོན་མ་དང་བརྒྱད། གཞི་ལ་བཞུགས་པའི་ཆ་ནས་གནས་ལུགས་གཞིའི་སྒྲོན་མ། དེ་ཉིད་ལམ་དུས་སུ་སད་པའི་ཆ་ནས་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བཞགཤེར་སྒྲོན་ཀྱི་ངོ་བོ་གདོད་མའི་སྟོང་ཆེན་གྱི་དབྱིངས་དེའི་རྩལ་ཤེས་རབ་རྣམ་པ་བཞི་འཆར་བ་ཡིན་ལ། དེ་ཡང་ཤེས་རབ་རང་བྱུང་སྒྲོན་མའི་ངོ་བོ་སྒྲོན་མ་ལ་གཏད་དུས་ནང་གི་རིག་པ་དྭངས་སངས་རང་གསལ་དུ་མྱོང་བའོ། རྩལ་ལས་ཕྱིར་གསལ་ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་ཚིག་དོན་ཀློང་རྡོལ་དུ་འཆར་བ་རྣམས་སོ། གདངས་ནི་ལུ་གུ་རྒྱུད་ཀྱི་སྣང་བའོ། ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་དངས་ལ་ཡུལ་མེད་དུ་འཆར་བ་རིག་པའི་ངོ་བོ་ལྷག་མཐོང་ནི་གནས་ལུགས་མ་ནོར་བ་ཡིན་ཏེ། དེ་ཡང་གཞི་གནས་རང་བྱུང་ཤེས་རབ་ནི་ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེའི་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན། ཁྲེགས་ཆོད་ཀྱི་རིག་པ་རེད། ༈ སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི། ཐོད་རྒལ་ཕྱི་ནང་གི་དབྱིངས་རིག་འདྲེས་པའི་འོད་སྣང་མངོན་དུ་གྱུར་བ་ཡིན། དྲན་པ་འགགས་མེད་ཤེས་རབ་ནི། གང་ཤར་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་གྲོལ་ནས་མཉམ་བཞག་གསལ་དྭངས་བྱེད་པ་ཡིན། སོ་སོར་རྟོགས་པའི་ཤེས་རབ་ནི། སེམས་དང་རིག་པ་ཀུན་གཞི་སོགས་ཀྱི་རྣམ་དབྱེ་བྱེད་པ་ཡིན། སེམས་བྱུང་ཤེས་རབ་མིན། འདི་དག་རང་བྱུང་ཡེ་ཤེས་ལ་ལྡན་པ་དང་ལྡན་ཆོས་སུ་ངོ་བོ་གཅིག་པར་བསྟན་པ་སྟེ་རང་གནས་ཀྱི་ཤེས་རབ་ཡེ་ཤེས་ཀྱི་ཆ་ཡིན་པས་རྟོག་དཔྱོད་དང་གཟུང་འཛིན་ཅན་སེམས་གྱི་བསྡུས་པ་མིན་པར་ཀུན་མཁྱེན་ཆེན་པོས་གསུངས། གདངས་ལུག་རྒྱུད་འཆར་བ་ཡིན་ནོ། ལུག་རྒྱུད་དེ་འགྲོ་འོང་གི་ཆ་ནས་གསུང་། ཁ་ཏོག་ཆ་ནས་སྐུ། ཤིན་ཏུ་དག་པའི་རྩ་ཐིག་རླུང་གསུམ་ལམ་དུ་བྱེད་པ་འདིའི་ཁྱད་ཆོས་རེད། ཉམས་སུ་ལེན་དུས་རླུང་སེམས་དང་བཅས་པས་གཏད་ན་ཐོད་རྒལ་གཟུང་འཛིན་དུ་གོལ་བས་སྣང་ཆ་གདོན་གཟུགས་སུ་ཤར་ཡོང་ཚུལ་གསུངས་པས། སེམས་ཀྱིས་བསྒོམ་ན་ཇེ་ངན་དུ་འགྲོ་བས་བསྒོམ་མི་རུང་ཚུལ་གསུངས། དེས་ན་སེམས་རིག་གི་ལ་ཤན་ལེགས་པར་ཕྱེས་ནས། ཡེ་ཤེས་ཀྱི་རླུང་གིས་བསྐྱོད་པའི་འོད་གསལ་གྱི་རིག་པ་རྗེན་པ་དེས་དབྱིངས་ཐིག་རིག་གསུམ་ཉམས་སུ་ལེན་དགོས། མི་ཕམ་རིན་པོ་ཆེས་ཡིད་ནི་གཟུང་འཛིན་ལས་མི་འདའ། གཟུང་འཛིན་ནི་གདོན་བགེགས་ཀྱི་འཁྲི་ཤིང་རྒྱབ་རྟེན་ཡིན་ལ་མངོན་སུམ་ལམ་བྱེད་ནི་ཡིད་ལས་འདས་པའི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་ཏེ། ཡིད་དཔྱོད་ཀྱི་ཤེས་རབ་ཀྱིས་གང་དུ་བཙལ་ཡང་རྙེད་པའི་དུས་མེད་དོ། ཚོལ་མཁན་མིག་ཅན་མ་ཡིན། འོད་གསལ་གཟུགས་ཅན་མ་ཡིན་པའི་ཕྱིར་རོ། འོད་གསལ་གྱི་སྣང་ཆ་འདི་ཐ་སྙད་ལ་གྲགས་པའི་གཟུགས་ཅན་མ་ཡིན་ཏེ། ཕྲ་བ་རྡུལ་ཕྲན་དང་རགས་པ་དངོས་པོ་རང་མཚན་དུ་འདི་མེད་པའི་ཕྱིར་འབྱུང་བཞིའི་གནོད་པས་གཞིག་ཅིང་གཞོམ་དུ་མི་རུང་བའི་ཕྱིར་རོ། དེས་ན་འོད་གསལ་གྱི་རིག་པ་དེ་ལུག་རྒྱུད་ལ་གཏད་དེ་དབྱིངས་ཐིག་རིག་གསུམ་བདག་པོ་རང་ཁྱིམ་དུ་སླེབ་པ་ལྟ་བུ་ཉམས་སུ་ལེན་པ་གལ་ཆེ། རྒྱལ་བ་ཐམས་ཅད་ཀྱི་ཐུགས་འཁྲུལ་བ་མེད་པའི་ངོ་བོ་ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཡིན་གསུངས། ༈ ཡེ་ཤེས་ཐིམ་ལ་མ་རྨུགས་པ་ནི། གཉིད་དང་བརྒྱལ་བ་སྙོམ་འཇུག་ལྟ་བུ་མིན་ཏེ། གསལ་མདངས་མ་འགགས་པ་མཁྱེན་ཆ་ལ་སྒྲིབ་པ་ཡིན་ནོ། ༈ ཆོས་ཉིད་མངོན་སུམ་སྐབས། ཆོ༷ས་ཞེས་པ་ཆོས་ཀྱི་དབྱིངས། ཉི༷ད་ཞེས་པ་རང་གདངས་ཡེ་ཤེས་རེད། རྫོགས་ཆེན་རང་ལུགས་ན་གདོད་མའི་སྟོང་ཆེན་གྱི་དབྱིངས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞིར་གསུངས་པ་དེ་ཉིད་ཡིན། མངོ༷ན་ཞེས་པ་རང་རྒྱུད་ཀྱི་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་དབྱིངས་ཡེ་ཟུང་འཇུག་དེ་སུས་ངོར་མངོན་ན་རང་བྱུང་གི་ཤེས་རབ་དེའི་ངོར་མངོན། གང་མངོན་ན་ངོ་བོ་སྟོང་གདངས། རང་བཞིན་གསལ་གདངས། ཐུགས་རྗེ་རིག་གདངས་གསུམ་རྒྱུ་རྐྱེན་ལས་འདས་པའི་འོད་རྩ་དྭངས་པའི་ལམ་ནས་དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་གསུམ་གྱི་ངོ་བོར་ཕྱི་ནང་ཡེ་ཤེས་ཟང་ཐལ་གྱི་དབང་པོའི་ངོར་དངོས་སུ་མངོན་པ་ཡིན་ནོ། །སུ༷མ་ཞེས་པ། ཐབས་ཀྱི་མན་ངག་གིས་ཕྱིར་ལུས་ངག་ཡིད་གསུམ་གྱི་གཞི་བཅའ་བ། ནང་དུ་གནད་གསུམ་གྱི་ལམ་གསལ་བ་དང་། གསང་བར་སྒོམ་པ་ཚད་ཀྱི་རིམ་པ། སྨིན་པར་རྟགས་ཀྱི་རིམ་པ། མཐར་ཐུག་ཟད་པའི་རིམ་པ་དང་གསུམ་གྱི་ཚད་བཟུང་བ་དང་། བླ་ན་མེད་པར་སྣང་བ་འོད། སྨིན་པ་ཐིག་ལེ། རྫོགས་པ་སྐུ་དང་གསུམ་གྱིས་འབྲས་བུ་རྫོགས་པའི་ཕྱིར། གསུམ་ཚན་བཞིར་ངེས་པས་གསུ༷མ་ཞེས་བྱའོ། །སྣང་བ་ནི་གང་སྣང་ན་ཆོས་ཉིད་སྣང་ལ། ཡུལ་གང་ལ་སྣང་ན་དབྱིངས་ལ་སྣང་། ཚུལ་ཇི་ལྟར་སྣང་ན་འོད་དང་འོད་ཁྱིམ་རིག་པ་ལུ་གུ་རྒྱུད་དང་བཅས་པ་སྣང་། སྣང་བ་དེ་ཉམས་སུ་བླང་བ་ལས་འབྲས་བུ་གདོས་བཅས་མི་སྣང་བར་སངས་རྒྱ་བའོ། །དེ་དུས་ནང་གི་དབྱིངས་རིག་ཡང་རིག་ཐོག་ཏུ་ནམ་བཞག་བཞག་ཏུ་ཐད་ཀར་འཆར་བ་ཡིན་གསུངས། དེ་ནས་ཆོས་ཉིད་མངོན་སུམ་གྱི་མཇུག་རྫོགས་མཚམས་ཉམས་གོང་འཕེལ་མགོར་སླེབ་མཚམས་ན་དབྱིངས་རིག་སྨིན་མཚམས་ནས་བྲལ་ཞེས་པ་ཕར་སོར་བཞི་དང་གྱེན་དུ་སོར་བཞི་འཕགས་པ་ལ་སྨིན་འཚམས་ནས་བྲལ། ཞེས་གསུངས། ༈ ཁྲེགས་ཆོད་ཀྱི་སྐབས་རྨི་ལམ་གྱི་ཁྲིད་ཆེན་བརྒྱད་ཡོད་པ་ཉམས་སུ་བླང་ཚུལ་ཚིག་དོན་མཛོད་ལྟར་ཤེས། སྦྱང་དུས་ཉིན་མཚན་གྱི་སྣང་བ་གོ་བཟློག་ནས་གཟུགས་སྒྲ་སོགས་གང་སྣང་གི་བྱ་བྱེད་ཐམས་ཅད་རྨི་ལམ་གྱི་སྣང་བ་ཡིན། རྨི་ལམ་འཁྲུལ་བའི་དབང་དུ་མི་བཏང་བར་ཉམས་ལེན་དྲན་པར་བྱའོ་སྙམ་དུ་ཉིན་པར་འཁྲུལ་སྣང་འདི་གཏན་ནས་འོངས་མི་འཇུག་སྟེ་ཕག་སྣ་གཏུན་བརྡུང་ལྟ་བུ་བྱས་ལ་རྨི་ལམ་ཡིན་པར་རྒྱུན་ཆགས་སུ་བརྩོན་ནུས་ན། དང་པོ་རྨི་ལམ་རྩུབ་ཉམས་དང་། དེ་ནས་འཇམ་ཉམས་ཟིན་ཚེ་གཟོད་སྤྲུལ་བརྒྱུར་བྱེད་པ་ཡིན་ལ། དེ་ཡང་ཕོ་མོ་ལ་བསྒྱུར་བ་མོ་ཕོ་ལ་བསྒྱུར་བ་ཆུ་མེ་ལ་བསྒྱུར་བ་སོགས་བྱེད་པ་ཡིན་ནོ། ༈ །སྤྱི༷་གཞི༷་ལུ༷ང་མ༷་བསྟ༷ན་སྐབས་ཡེ་ཐོག་གཞིའི་སྐབས་སུ་གཞི་སྣང་མ་ཤར་བའི་དུས་ན་རྟོགས་ཏེ་སངས་རྒྱས་མ་བྱུང་། རང་ངོ་རང་གིས་མ་ཤེས། ཡེ་ཤེས་དང་ཡོན་ཏན་གྱི་རྩལ་མ་རྒྱས། སྐུ་གསུམ་སྟོན་པའི་སྐུར་བཞེངས་པས་སངས་རྒྱས་མིན། མ་རྟོགས་དེ་སེམས་ཅན་མ་བྱུང་བས། མ་དག་པའི་རླུང་སེམས་མ་མཆེད་དེ་ལ་བརྟེན་ནས་ལས་ཉོན་བག་ཆགས་ཀྱི་སྣང་བ་མ་རྒྱས་པས་སེམས་ཅན་མིན་ཏེ། གཞི་རང་གི་ངོ་བོའི་ཆ་ནས་གྲོལ་ཟིན་འཁྲུལ་ཟིན་གང་ཡང་མིན་པས། གཞི་ཆོས་ཉིད་གྲོལ་འཁྲུལ་ལས་འདས་པ་ཞེས་བྱ་སྟེ། འདི་གདོད་མ་ཁུངས་ཐུབ་གཉུག་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །གཞི་དེ་ལྟ་བུ་ལས་འཆར་རུང་གི་ཆོས་རྣམས་མ་བྱུང་། བྱུང་ནས་སྣང་བའི་གཞི་སྣང་བཀོད་པ་ན་གཞི་དེ་ལ་རྟོགས་པ་པོ་ཡིན། ཐ་སྙད་ཀྱང་འབྱུང་བས་གཞི་དེ་ཡི་རང་བཞིན་རྟོགས་ན་གྲོལ་མ་རྟོགས་ན་འཁྲུལ་བའི་ཕྱིར་ཆོས་དབྱིངས་འདི་ནི་ཕུང་པོ་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་ཕར་ཞོགཚུར་མཐོང་གི་ཚད་མའི་ངོར་འཆར་བའི་རང་སྟོང་གི་སྟོང་ཉིད་ཉི་ཚེ་བའམ་རེས་འགའ་བའི་སྟོང་ཉིད་ཡང་དེར་མི་འགྲོ་ཚུལ་སྔར་བཤད་པ་ལྟར་རེད། རྒྱུད་ལུང་མན་ངག་གསུམ་དང་རྫོགས་ཆེན་སྟེ་གསུམ་ན་བདེན་གྲུབ་སྦྱར་བའི་སྟོང་ཉིད་ཞིག་རྙིང་མའི་ལུགས་ལ་མི་སྲིད། ཚིག་ཟུར་ཙམ་ཡང་མེད་པས་འདོད་པ་བསྒྲུབ་པའི་ཕྱོགས་བཟུང་བས་འགྲོ་བ་ལྟ་ཅི་སྨོས། དེས་ན་གཞན་ལུགས་དུའང་མི་བསྲེ་ནས་ཁ་བཙུམ་ཏེ་རང་ལུགས་འཛིན་ཤེས་དགོས། ༈ སྔགས་བླ་མེད་སྤྱི་ན་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་སངས་རྒྱས་དང་སེམས་ཅན་གཉིས་སུ་འབྱུང་སྟེ་གཞི་གཅིག་ལམ་གཉིས་ཞེས་བྱ། རང་ངོ་མ་ཤེས་པས་གཞི་བཅས། འཆར་ཚུལ་གྱི་རིག་པ་རང་གི་ཉམས་སམ་འཆར་ཚུལ་ལ། རྩལ་སེམས་ཀྱི་འཛིན་པ་ཞུགས་ནས་འཁྲུལ་བ་ཡིན་ནོ། སེམས་ཅན་རྣམས་ཀྱིས་ཀ་དག་གི་རང་ངོ་མ་ཤེས་པས་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་བྱུང་། ལྷུན་གྲུབ་ཀྱི་སྣང་བ་རང་སྣང་ཡིན་པར་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་བྱུང་། དེ་ཇེ་རགས་སུ་སོང་ནས་ང་ལས་ཕ་གི་བྱུང་ངམ། ཕ་གི་ལས་ང་བྱུང་ངམ་དཔྱོད་པའི་ཚེ། དཔྱོད་བྱེད་དུ་ཤར། འཛིན་བྱེད་དུ་མ་ཤར་བའི་ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས། དེའི་ངང་ནས་ཀུན་ཏུ་བརྟགས་པའི་མ་རིག་པ་ལྡང་། ཡུལ་སྣང་སེམས་ལ་སྣང་བའི་བག་ཆགས་བཞག་པས་སྐད་ཅིག་ངོར་ཡུལ་སྣང་ཤེས་པ་བྱུང་། སེམས་ཀྱིས་ཡུལ་ལ་དཔྱོད་པའི་བག་ཆགས་བཞག་པའི་སྐད་ཅིག་གཉིས་པར་ཡུལ་འཛིན་ཤེས་པ་བྱུང་ངོ་། རྐྱེན་བཞིས་དབང་གིས་འཁྲུལ་ཏེ། རང་སྣང་དུ་མ་ཤེས་པ་ལྷའི་བུའི་བདུད། ཟག་བཅས་ཀྱི་ཕུང་པོ་བླང་བ་ཕུང་པོའི་བདུད། ཟག་བཅས་ཀྱི་ཕུང་པོ་ལ་ཉོན་མོངས་ཡོད་པ་ཉོན་མོངས་བའི་བདུད། ཟག་བཅས་ཀྱི་ཕུང་པོ་ལ་སྐྱེ་འཆི་ཡོད་པས་འཆི་བདག་གི་བདུད་བྱུང་བའོ། ༈ གཞི་དེ་ལ་ཡེ་ཤེས་ཀྱི་རླུང་ཞེས་བྱ་བ་ཉིན་མཚན་ལ་སྤུ་འགུལ་བ་ཙམ་ཞིག་ལས་རིག་པ་གཡོས་སོ། གདངས་ཕྱིར་ཤར་བ་རྐྱེན་བཞིས་ཡར་གྲོལ་ཏེ་རྒྱུའི་རྐྱེན། དངོས་པོའི་གནས་ལུགས། བདག་པོའི་རྐྱེན། རང་རིག་པའི་ཡེ་ཤེས་དམིགས་པའི་རྐྱེན། རང་སྣང་དུ་ཤེས་པ་མཚུངས་པ་དེ་མ་ཐག་གི་རྐྱེན་དེ་རྣམས་དུས་མཚུངས་པའི་སྐད་ཅིག་མ་ལ་ལོངས་སྐུ་བཞི་བཅུ་རྩ་གཉིས་སུ་སངས་རྒྱས་པའོ། དེ་ནས་བདུད་བཞི་རང་བཞིན་དུ་བཅོམ་སྟེ་རང་སྣང་དུ་ཤེས་པས་ལྷའི་བུའི་བདུད་བཅོམ། ཡེ་ཤེས་ཀྱི་རང་ལུས་ཟིན་པས་ཕུང་པོའི་བདུད་བཅོམ། ཡེ་ཤེས་ཀྱི་ལུས་ལ་ཉོན་མོངས་པ་མེད་པས་ཉོན་མོངས་པའི་བདུད་བཅོམ། ཡེ་ཤེས་ཀྱི་ལུས་ལ་སྐྱེ་འཆི་མེད་པས་འཆི་བདག་གི་བདུད་བཅོམ་པས་མྱ་ངན་ལས་འདས་པའོ། ལོངས་སྐུ་ནས་ལྷུན་གྲུབ་རིན་པོ་ཆེའི་གསང་བའི་སྦུབས་སུ་གྲོལ་ཏེ་ལེགས་པར་མྱ་ངན་ལས་འདའ་བའོ། ༈ སྤྱིར་བར་དོའི་ཉམས་ལེན་ལ་རང་བཞིན་སྐྱེས་གནས་ཀྱི་བར་དོར་ཐོས་བསམ་ལ་སྒྲོ་འདོགས་ཆོད་པ་སྔར་འདྲེས་ཀྱི་མི་དང་འཕྲད་པ་ལྟ་བུའི་གདམས་ངག་དང་། འཆི་ཁ་བར་དོར་མི་གསལ་བ་གསལ་འདེབས་སྒེགས་མོ་ལ་མེ་ལོང་བསྟན་པ་ལྟ་བུའི་གདམས་ངག་དང་། ཆོས་ཉིད་བར་དོའི་རང་སྣང་དུ་ངོ་ཤེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དང་། སྲིད་པ་བར་དོར་ལམ་གྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆད་པ་ལ་ཝ་འཛུག་པ་ལྟ་བུའི་གདམས་ངག་དང་བཞི་ཡོད་པ་ལ། དང་པོ་ནི་སྤྱོད་པ་བདུན་པོ། ཉག་གཏེར་རིན་པོ་ཆེས་མཉམ་བཞག་གཅིག་གི་སྟེང་དུ་ཚང་སྟེ་བླ་མའི་གདམས་ངག་རྣམས་དྲན་པ་བུང་བ་ལྟ་བུའི་སྤྱོད་པ། སྔོན་ནས་སྒྲོ་འདོགས་ཆོད་པས་མཉམ་བཞག་གི་དུས་ཐེ་ཚོམ་མེད་པ་ཐི་བྱ་ལྟ་བུའི་སྤྱོད་པ། གང་ཤར་གྱི་སྣང་བ་མི་བསྐྱིལ་བར་ཤར་གྲོལ་དུ་གཏོང་བ་སྨྱོན་པ་ལྟ་བུའི་སྤྱོད་པ། གཙང་དམེ་གཉིས་འཛིན་དང་བྲལ་བ་ཁྱི་ཕག་ལྟ་བུའི་སྤྱོད་པ། མཉམ་བཞག་གི་ཡེ་ཤེས་དེ་མི་འཇིགས་པའི་གདེངས་དང་ལྡན་པ་ནི་སེང་གེ་ལྟ་བུ་སྤྱོད་པ་ཡིན་གསུངས། ༈ ཡང་ཁྱད་ཆོས་དྲུག་ད་ལྟའི་རིག་པ་ཀ་དག་དང་སྦྱར་ན། རང་ངོ་ཐོལ་གྱིས་རིག་པས་ལུང་མ་བསྟན་གྱི་ཀུན་གཞི་ལས་འཕགས་པ། རིག་ཙམ་དུ་ཡོད་པས་རང་ངོར་སྣང་བ་མ་འགགས་པ། ས་ལེར་གསལ་བས་བྱེ་བྲག་ཕྱེེད་པ། ཝལ་གྱིས་བྱུང་བས་བྱེ་བྲག་ཕྱེད་པའི་ཐོག་ཏུ་གྲོལ་བ། ཡོད་མེད་ལས་འདས་པས་རྐྱེན་གཞན་ལས་མ་བྱུང་བ། ངོ་བོ་ཡང་འགྱུར་བ་མེད་པས་རང་སར་གནས་པ་ལ་ད་ལྟའི་རིག་པ་ཀུན་ཏུ་བཟང་པོ་གདོད་མའི་སངས་རྒྱས་ཀྱི་རང་ཞལ་མཇལ་བ་ཡིན་ནོ་ཞེས་གསུངས། ༈ ཆོས་ཉིད་བར་དོར་གྲོལ་བ་གནད་ཀྱི་མན་ངག་གསུམ་ནི། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ངོ་ཤེས་པ་མ་པང་བུ་འཇུག་ལྟ་བུའི་མན་ངགཤེས་ཐོག་དེར་དལ་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངགགནས་ཐོག་གི་ངང་རང་ས་ཀ་དག་ལ་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་དྲན་པའོ། །དེ་ཡང་ད་ལྟ་འོད་གསལ་གྱི་སྣང་བ་ལུག་རྒྱུད་དང་བཅས་པའི་གདངས་ངོས་ཟིན་ཞིང་དེ་ལ་གོམ་ནས། འདི་ལས་ཕྱིར་ཐ་མལ་དུ་མི་ལྡོག་པ་ཐོད་རྒལ་གོམ་པ་ལས་ཡིན་པས་འདི་གཅེས་སོ་གསུངས། ད་ལྟ་ཉིད་ནས་འཆི་ཁ་དང་བར་དོ་སྦྱོང་བའི་ལམ་ཁྱེར་ནི། ད་ནི་ང་འཆི་བའི་དུས་ལ་བབ་པ་ཡིན་པས་གནས་གྲོགས་དང་ལོངས་སྤྱོད་སོགས་ཆགས་ཡུལ་ཐམས་ཅད་ལ་ཆགས་ཞེན་མེད་པར་བློ་ཐག་རྦད་ཀྱིས་བཅད་ལ། ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་བླ་མའི་ཕྱོགས་སུ་ཕུལ་ཏེ། སྐྱེ་བ་ནས་ཚེ་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་དང་གདམས་ངག་སྟོན་པའི་བླ་མ་དང་རྡོ་རྗེའི་མཆེད་གྲོགས་རྣམས་མི་འབྲལ་བར་སྨོན་ལམ་བཏབ་ནས་དབྱིངས་རིག་དབྱེར་མེད་ཀྱི་དོན་ལ་མཉམ་པར་བཞགདེ་ནས་གཟུགས་སྣང་སྒྲ་གྲགས་དྲན་རྟོག་ཐམས་ཅད་བར་དོའི་སྣང་བ་ཡིན་བསམ་ཏེ་བླ་མ་དང་གདམས་ངག་དྲན་ནས་ཐུགས་ཡིད་བསྲེ་བ་སོགས་བྱ། ༈ འཆི་དུས་འཕོ་ལུགས་གྲོང་འཕོ་གྲོང་འཇུག་དང་སྐུ་དང་ཡེ་ཤེས་ལ་འཇུག་ལུགས་རྣམ་པ་གཉིས་ཡོད་པས་དང་པོ་ཁྲེགས་ཆོད། གཉིས་པ་ཐོད་རྒལ་གྱི་ཉམས་ལེན་ནོ། །དེ་ལ་ལུས་རྟེན་འདིའི་སྤྱི་གཙུག་ཚང་པའི་བུ་ག་ནས་སོར་བཞིའི་མཚམས་སུ་རིན་ཆེན་གཙུག་ཏོར་གྱི་ཞིང་ཡོད་པས་དེར་སྙིང་ནས་རིག་པ་བླ་མའི་སྐུ་ཚོན་གང་བ་འོད་ཟེར་ལྔ་ལྡན་ཞིག་གསལ་ལ་དབུ་མ་ནས་རྒྱངས་སེ་འཕོ་བ་ནི་ཁྲེགས་ཆོད་ཀྱི་འཕོ་ལུགས་ཡིན། ཐོད་རྒལ་གྱིས་གསང་ལམ་ཤེས་ནས་སྐུ་དང་ཡེ་ཤེས་ལ་འཕོ་བ་ཡིན་རིན་པོ་ཆེས་གསུངས། སྐུ་དང་ཡེ་ཤེས་ལ་འཇུག་ལུགས་ནི། བསྒོམ་ཕྱོགས་དྲིས་ལན་ལས། ཁྱེད་རང་གིས་ཐོད་རྒལ་ཉམས་ལ་ལྷ་༼ཞལ་རྒྱུན་ལ་དབྱིངས་ཐིག་གི་དབུས་སུ་ལུག་རྒྱུད་ལ་འཕོས་ཀྱང་འདྲ་གསུངས་མཆན། ༽སྐུ་འཆར་གྱིན་འདུག་གསུངས་པ་དེ་ཉིད་མང་ཉུང་ཇི་ལྟར་འདུག་ཀྱང་མངོན་དགའ་ལ་སོགས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཐག་རྦད་ཀྱིས་བཅད་ལ་རང་གི་རིག་པ་འོད་གོང་གི་རྣམ་པར་སྙིང་དབུས་ནས་ཐོན་རྒྱངས་ཞག་ཆུའི་སྒྲོོན་མ་མིག་གི་སྒོ་ནས་ཐོན་ཏེ་ལྷ་སྐུའི་ཐུགས་ཀར་འཕོས་ལ་ལྷ་དང་རང་སེམས་གཉིས་སུ་མེད་པའི་ངང་ལ་མཐོང་བྱ་མཐོང་བྱེད་ཀྱི་གཉིས་འཛིན་དང་བྲལ་ནས་རང་བབས་སུ་བསྒོམ་པར་ཞུ། ཞེས་གསུངས། རྡོ་གྲུབ་ཆེན་གྱིས་ཉེ་གནས་ལ་ཁྱེད་ཀྱི་དབུ་གཙུག་ན་རིག་འཛིན་འཇིགས་མེད་གླིང་པ་བཞུགས་ཡོད་གི་དེའི་ཐུགས་ཀར་གཏོད་ཟེར་དགོས་གསུངས་ཚུལ་དང་། འོད་གསལ་སྙིང་པོས། ཉེ་གནས་ཤེར་བཟང་ལ་ཁོང་གི་དབུ་གཙུག་ཏུ་དབྱུགས་པས་བསྣུན་ལ་སྣང་ཞེན་ལྷ་སྐུ་སོགས་ཟེར་དགོས་གསུངས་ཚུལ་དང་དེ་འདྲའི་རྒྱུ་མཚན་མང་པོས་དེ་དུས་ཤིན་ཏུ་གལ་ཆེ་ཚུལ་གསུངས། རླུང་རླུང་ལ་ཐིམ་ནས་རླུང་རྣམ་ཤེས་ལ་ཐིམ་དུས་ཕྱི་དབུགས་ཆད། རྣམ་ཤེས་ནམ་མཁར་ཐིམ་ཚེ་ནང་དབུགས་ཆད་པ་ཡིན། རྣམ་ཤེས་ནི་ཀུན་གཞིའི་རྣམ་ཤེས། ནམ་མཁའ་འོད་གསལ་ལ་ཐིམ་པའི་སྐབས། སྒྲ་འོད་ཟེར་གསུམ་དང་། ཁྲོ་བོའི་སྐུ་སོགས་ཚོམ་བུའི་སྣང་བ་དང་། རྡོ་རྗེ་སེམས་དཔའི་སྣ་ཐག་ཞེས་འོད་ཀྱི་སྣམ་ཕྲན་སོགས་འཆར་ཚུལ་མང་པོ་ཡོད་པས་མཐའ་གཅིག་ཏུ་མ་ངེས། མདོར་ན་ཆོས་ཉིད་བར་དོར་འཆར་ཚུལ་ལྔ་ཡོད་ལ། དེ་ཡང་གཅིག་པོ་ཁྲེགས་ཆོད་དང་། བཞི་པོ་ལྷུན་གྲུབ་ཐོད་རྒལ་གྱི་འཆར་ལུགས་དང་གྲོལ་ལུགས་ཡིན་ནོ། ༈ །གཞི་སྣང་གི་ཆ་འོད་གསལ་དུ་ཤར་ནས། ལྷུན་གྲུབ་ཀྱི་སྣང་བ་ལ་སྐུ་ཤར་བ་ཚོམ་བུ། ཡེ་ཤེས་དང་བཞི་སྦྱོར། ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ལ། དག་མ་དག་གཉིས་ཀྱི་སྒོ་རང་ངོ་ཤེས་དུས། ཐུགས་རྗེ་དང་གཉིས་མེད་མཐའ་གྲོལ་ལྟར་ཤར་ནས་རྩལ་གཞི་ལ་ཐིམ་མོ། ༈ །རང་བཞིན་སྤྲུལ་སྐུའི་ཞིང་གི་ཉམས་ལེན་ལ་ཞིང་སྦྱོང་དང་འཕོ་བ་དང་རྗེས་དྲན་དང་གསུམ་ཡོད། རྗེས་དྲན་དྲུག་ད་ལྟའི་མཉམ་བཞག་གཅིག་ལ་སྦྱར་ན། ལྷ་དང་བླ་མ་གཉིས་སུ་མེད་པའི་སྐྱབས་གནས་རྒྱ་མཚོའི་ངོ་བོ་བླ་མ་ལ་གསོལ་བ་བཏབ་ནས་ཐུགས་ཡིད་བསྲེ་བ་ལྷ༷་རྗེ༷ས་སུ་དྲ༷ན། དེའི་ཚེ་ཁྲེགས་ཆོད་ཀྱིས་དྲན་སྣང་ཡེ་ཤེས་ཀྱི་འཁོར་ལོ་ངོ་སྤྲད། ཐོད་རྒལ་གྱིས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ངོ་སྤྲད་པ་གདམས་ངག་རྗེས་སུ༷་དྲ༷ན་པ༷། ལྟ༷་བ༷་རིག་སྟོང་ཟང་ཐལ་རྗེན་པ་དེ་ཉིད་བསྒོམ་པ་ལ༷མ་རྗེ༷ས་སུ་དྲ༷ན་པ༷། མཉམ་པར་བཞག་ནས་རང་གནས་ཀྱི་བས༷མ་གཏན་རྗེ༷ས་སུ་དྲ༷ན་པ༷འི་ངང་ལ་སྒོ་གསུམ་གྱི་བྱ་བ་བཏང་ནས། དུས་གསུམ་གྱི་འཁྲུལ༴ ཉམས་ཞེན་གྱི་ཤུན་པ་འཐོར་ནས་རིག་སྟོང་ཆོས་སྐུའི་ཀློང་ལས་མི་གཡོ་བ་དེ་སྐྱེ༷་གན༷ས་རྗེ༷ས་དྲ༷ན་ནོ། །རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུང་ཀྱང་། འདིར་སྐྱེ་ཚུལ་གྱི་དབང་དུ་རྗེས་དྲན་སྔོན་ལ་གསུངས། རྗེས་དྲན་ཁ་ཅིག་དེ་ཉིད་དུ་གྲོལ་བ་ནི་ལྷུན་གྲུབ་ལོངས་སྐུའི་ཞིང་ངོ་། །ཁ་ཅིག་རང་བཞིན་སྤྲུལ་སྐུའི་ཞིང་ངོ་། །ཞེས་གྲོལ་ཚུལ་གཉིས་ཡོད། ༈ ནམ་མཁའ་སུམ་ཕྲུག་སྐབས། ཁྲེགས་ཐོད་གང་ཡིན་ཡང་ཕྱིའི་ནམ་མཁའ་བེམ་ཤེས་གཉིས་དང་བྲལ་བ་བར་སྣང་སྟོང་པའི་རྣམ་པའམ་རྒྱན་གྱི་ནམ་མཁའ་སྟོང་པ་ལ་རིག་པ་གཏད་དེ། །དེ་ལས་གཞན་དུ་མི་ཡེང་བས། ནང་གི་ནམ་མཁའ་སེམས་ཉིད་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཉམས་འཆར། དེར་མི་ཞེན་པར་ཅུང་ཟད་ལྷོད་ལ་བཞག་པས། ཟང་ཐལ་གསང་བའི་ནམ་མཁའ་རིག་སྟོང་ཟུང་འཇུག་མངོན་དུ་གྱུར་དུས་ནམ་མཁའ་གསུམ་མངོན་དུ་གྱུར་ཏེ། ནམ་འཛིན་གྱི་བློ་དབྱིངས་སུ་དག་གཏེར་སྟོན་ཚང་གསུངས་པས། འདིར་རིག་པའོ་སྙམ་བྱེད་ཀྱང་དག་པས་ན་ཕྱི་མ་གཉིས་དབྱིངས་སུ་ལོས་དགཐོད་རྒལ་གྱི་ཕྱི་དབྱིངས་དེ་སེམས་ཉིད་སྟོང་གསལ་སྤྲོས་པ་དང་བྲལ་བར་བཞག་དུས་ཀྱང་ཡོད། དེ་ལས་མཆེད་པའི་ཚུལ་དུའམ། དེའི་ཀློང་དེར་འོད་ཀྱི་སྣང་བ་ཤར་བ་ནི་དབྱིངས། དེས་ན་ཞལ་རྒྱུན་ལ་འདི་ཉིད་བར་དོའི་སྐབས་ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་ཡིན་གསུངས། ནམ་མཁའ་གསུམ་བསྒྲིལ་ལ་གཅིག་ཏུ་བསྒོམ་པ་ནི་ཕྱིའི་ནམ་མཁའ་སྟོང་པ་ལ་གཏད་པའི་འབེན་བཅས་བསྒོམ་པ། གསང་བའི་ནམ་མཁའ་སྙིང་ནས་རིག་པ་ལུ་གུ་རྒྱུད་དེ་ནང་གིི་ནམ་མཁའི་ལམ་ལ་བརྒྱུད་དེ་ཕྱི་རོལ་གྱི་ནམ་མཁའ་ལ་མངོན་སུམ་དུ་མཐོང་བར་འགྱུར་ལ། དེ་ལ་རིག་པ་གཅིག་ཏུ་དྲིལ་དེ་ཉམས་སུ་ལེན་པ་ནི་ནམ་མཁའ་གསུམ་འབྲེལ་བའི་ཉམས་ལེན་ནོ། ༈ །སྣང་སྲིད་དག་པ་རབ་འབྱམས་སུ་བསྒྲུབ་པ་དེ་ལ། རྒྱུད་མ་ཧཱ་ཡོ་གས་གནས་སྣང་ཕྱེ་ནས་གནས་ཚུལ་དག་མཉམས་བདེན་པ་དབྱེར་མེད་དུ་བསྒྲུབ་པ་ཡིན། ལུང་ཨ་ནུ་ཡོ་གས། སྣང་གནས་མི་ཕྱེ་ནས། སྣང་ཆ་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། སྟོང་ཆ་ཡུམ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། ཟུང་འཇུག་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་གསུམ་དུ་བསྒྲུབ་པ་ཡིན། མན་ངག་ཨ་ཏི་ཡོ་ཀས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབ་པ་ཡིན་གསུངས། རིག་པ་ངོ་འཕྲོད་ནས་ངང་བསྐྱང་བའི་ཚེ། ཡུལ་གང་སྣང་རྟོག་པ་གང་ཤར་ལ་དགག་སྒྲུབ་བླང་དོར་མེད་པར་བསྐྱང་བས་མ་བཀག་པའི་སྣང་རིག་འགགས་མེད་ལ་སྤྱོད་པས་བསོད་ནམས་ཀྱི་ཚོགས་རྫོགས་ནིི་རེད། མ་ཞེན་པའི་གཟུང་འཛིན་དང་བྲལ་བ་ནི་རིག་པ་ཟང་ཐལ་དུ་སྐྱོང་བས་ཡེ་ཤེས་ཀྱི་ཚོགས་རྫོགས་ནི་རེད། གསུངས།

གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས།

༈ གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞལ་རྒྱུན་ཟིན་བྲིས་བཞུགས་སོ། །

བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་དེ་ལ་ཆོས་༼གཟུགས་སྐུ་ལ་རྣམ་པ་གཉིས་ཏེ་སྐུ་གསུམ་ཡོད་ཀྱང་ཐ་དད་གསུམ་ལ་གོ་མི་རུང་། ༽གཟུགས་ཀྱི་སྐུ་གཉིས་ཡོད། དེ་ལ་ཐེག་དམན་གྱི་གནས་སྐབས་རིང་ལམ་དགྲ་བཅོམ་ཙམ་འདོད་ཀྱི་སངས་རྒྱས་མི་འདོད་དོ། །མདོ་ཕར་ཕྱིན་ཐེག་པ་ལས་སྦྱིན་སོགས་སྔ་མ་གསུམ་པོ་གཟུགས་སྐུའི་བསྒྲུབ་གཞི། ཕྱི་མས་ཆོས་སྐུའི་བསྒྲུབ་གཞི་བྱེད་པས་ན་རིང་༼གྲངས་མེད་གསུམ་༽ལམ་རྒྱུའི་ཐེག་པ་དང་། མྱུར་ལམ་སྔགས་ཀྱི་ཐེག་པའི་ཕྱི་རྒྱུད་སྡེ་གསུམ་སོགས་ཀྱི་འཇོག་ཚུལ་རྣམ་དབྱེ་མང་ནའང་དཀའ་གསུངས། འདིར་ནང་རྒྱུད་གསུམ་པོའི་ལམ་གྱི་སྤྱི་ཙམ་ཞིག་ཤེས་དགོས། དེ་ལ་མ་ཧཱ་ཡོ་གས་བསྐྱེད་རིམ་ཐབས་ཀྱི་ཆ་གཟུགས་སྐུའི་བསྒྲུབ་གཞི་བྱེད། རྫོགས་རིམ་ཤེས་རབ་ཀྱི་ཆ་ཆོས་སྐུའི་བསྒྲུབ་གཞི་བྱེད་ནི་རེད་གསུངས། ཚོགས་ལམ་དུ་རྣམ་ཤེས་ཀྱིས་བསྒོམ་པའི་བསྐྱེད་པ་མོས་པའི་ལྷ་སྐུ་གཟུགས་སྐུའི་གཞི་དང་གོ་ཡུལ་གྱི་འོད་གསལ་གྱི་ཐུགས་ཆོས་སྐུའི་བསྒྲུབ་གཞི་བྱེད་པ་དང་། སྦྱོར་ལམ་སྐབས་སྟོང་གཟུགས་ཀྱི་སྣང་བས་གཟུགས་སྐུའི་བསྒྲུབ་གཞི་དང་། འོད་གསལ་ལུགས་འབྱུང་ངམ་ལུགས་ལྡོག་གི་ཚུལ་དུ་ཤར་བས་ཐུགས་ཆོས་སྐུའི་བསྒྲུབ་གཞི་བྱེད། སྒྱུ་འོད་ཟུང་འཇུག་རེད། འཕགས་ལམ་ཡན་ཆོད་དོན་འོད་ཟུང་འཇུག་གི་སྐུ་གཉིས་བསྒྲུབ་གཞི་རེད། ལུང་ཨ་ནུ་ཡོ་གས་ནི་འདི་སྐབས་སྦྱོར་ལམ་དང་ཆ་འདྲ་རེད། རྣམ་དབྱེ་ཞིབ་ཆ་ལོས་ཡོད་རྫོགས་རིམ་ཡིན་པའི་ཕྱིར་རོ། །རྫོགས་ཆེན་ཨ་ཏི་ཡོ་གའི་ལུགས་ལ་ནི་ཆོས་གཟུགས་ཀྱི་སྐུ་གཉིས་སོགས་ད་ལྟ་ནས་དངོས་ལམ་དུ་བྱེད་ཀྱི་ཡོད་ནི་རེད། ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱིས་མངོན་སུམ་དུ་གཏན་ལ་ཕབ་ནས་ཆོས་སྐུ་དངོས་ལམ་དུ་བྱེད་གི་ཡོད་ནི་རེད། ལོངས་སྐུ་ལྷུན་གྲུབ་ཀྱི་སྣང་བ་ཐོད་རྒལ་གྱིས་མངོན་སུམ་དུ་ཞིང་སྐུ་ཕོ་བྲང་གསུམ་པོ་དངོས་གཏན་ལ་ཕབ་ནས་ལོངས་སྐུ་དངོས་ལམ་དུ་བྱས་ནས་ཚེ་གཅིག་གིས་སངས་རྒྱས་འགྲུབ་ནི་རེད་གསུངས། ལམ་འདིའི་ཁྱད་ཆོས་དོན་སྤྱི་མ་ཡིན་དོན་རང་མཚན་དངོས་མངོན་སུམ་རེད། རུ་ཤན་ཞེས་པའི་དོན་རུ་མ་དག་འཁོར་བའི་ཆའམ་རུ་ནི་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་པས་བཞག་པའི་སྣོད་བཅུད་ཡུལ་ཡུལ་ཅན་འདི་དག་ཡིན། དག་པ་མྱང་འདས་ཕྱོགས་ཀྱི་རུའམ་ཆ་ནི་གཞི་རང་བཞིན་གྱི་དཀྱིལ་འཁོར་ཡེ་ནས་དག་པ་རབ་འབྱམས་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དེ་ཡིན། འདི་པས་སྦྱང་བྱ་མ་དག་པའི་སྣོད་བཅུད་ཡུལ་ཡུལ་ཅན་དང་བཅས་པ། སྦྱངས་གཞི་ཆོས་ཀྱིས་དབྱིངས་རེད། རུ་ཤན་འཇོག་པའི་དུས་ལ་རྣམ་གྲངས་མང་ཡང་རགས་རིམ་ནི་གང་ཟག་སེམས་གནས་ཙམ་དཔེར་ན་འཁྱིལ་ཆུ་ལྟ་བུའི་ཤར་ཆ་བཀག་པའི་ལྷག་མཐོང་མེད་པ་དང་། དེས་འབྲས་རྟགས་ཐུགས་ཡིད་དབྱེར་མེད་བྱས་ནས་གང་ཡང་འཆར་ཀ་བཞག་ན་མི་འཆར་བར་ཧང་སེ་ཡོད་པ་ནི་འཁྱིལ་བ་རེད། དེ་བཤིག་དགོས། ཡང་སེམས་རྒོད་པོ་གནས་ཁ་མི་ཉན་པ་འཁྲུལ་བ་བཤིག་པའི་ཆེད་དང་འཁྲུལ་འབྱམས་གཅོད་པའི་ཕྱིར་ཡང་སྦྱངས་འདི་གཉིས་དགོས་པའི་དབང་རེད། སྔོན་འགྲོའི་ཁྲིད་ཞབས་སུ་དཔལ་སྤྲུལ་རིན་པོ་ཆེ་དང་། འཇམ་དབྱངས་མཁྱེན་བརྩེ། འབྲུག་པ་རིན་པོ་ཆེ་སོགས་བཞག་སྲོལ་ཡོད། དངོས་གཞི་དེ་དུས་གསུངས་སྲོལ་ཡོད་གསུངས། གུ་རུ་རིན་པོ་ཆེས་བོད་ཀྱི་བསྒོམ་བརྩིག་ཤེས་ཀྱང་བཤིག་མི་ཤེས་གསུངས་པ་ལྟར་དྲན་པའི་ལྕགས་མཁར་ཚུགས་པའི་གཏད་ཆེ་ནའང་འདྲ་གསུངས། འཁྱིལ་འབྱམས་གཉིས་གོལ་ས་ངན་པ་རེད་གསུངས། ཞི་ལྷག་ཟུང་དུ་མ་འབྲེལ་ན་བྱ་གཤོག་ཡ་མ་ལྟར་ཐར་ལམ་ཙམ་ཡང་མི་རྙེད་དེ། །མ་གི་ཉན་ཐོས་ནས་ཡ་གི་རྫོགས་ཆེན་གྱི་བར་ལ་ཞི་ལྷག་ལ་ཁྱད་པར་གནམ་ས་ཙམ་འདྲ་འདྲ་ཡོད་ཀྱང་ཟུང་དུ་འཇུག་དགོས་པ་ཁྱད་མེད། དེས་ན་ཅིག་ཤོས་ལ་ལྷག་མཐོང་མེད་ཅིག་ཤོས་འགྱུ་ཆ་ཙམ་ཡོད་ཀྱང་ལྷག་མཐོང་མཚན་ཉིད་པ་མེད་པས་འཇིགས་མེད་གླིང་པས། །ཡིད་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །ཁྱེད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཞེས་དགུ་གཏོར་འཕངས་པ་ལྟར་རོ། །རང་སེམས་རང་ལ་དབང་བ། བཞག་ན་རི་རྒྱལ་ལྟར་འདུག་པ། བཏང་ན་དགེ་བའི་དམིགས་རྣམ་ཀུན་ལ་འཇུག་ནུས་པའི་ལས་རུང་ཁྱད་པར་ཅན་བྱེད་དགོས། སེམས་གནས་ཁ་མི་ཉན་ནིའི་རིགས་ཞི་གནས་བསྒྲུབ་ཚུལ་ལྷ་མི་གཡུལ་འགྱེད་དྭངས་ཕྱིར་ཞི་གནས་བསྒྲུབ་ཚུལ་ཉེར་བཞི། བཅུ་གསུམ། བདུན་དང་ལྔ་སོགས་རྫོགས་ཆེན་རྒྱུད་རྣམས་ན་ཡོད་ཀྱང་། འབྲུག་པ་ཚང་གིས་སེམས་སྐད་ཅིག་ཀྱང་མི་གནས་པའི་རིགས་དེ་ལ་ད་ཕྱིན་ཆད་མ་ཎི་འདོན་ན་མ་གཏོགས་ཅི་བྱེད་རྒྱུ་མེད། ཁོང་དེ་འདྲ་བཞི་ལ་ཐུགཡང་ན་ཚེ་ཐུང་འགྲོ། ཡང་ན་ལོག་འཇོག་གི་གསུང་གི་གསུངས། ཡང་ལྟ་བ་མཉམ་བཞག་དུ་སྐྱོང་ནུས་རུང་སྤྱོད་ལམ་དང་བསྲེ་མ་ཐུབ་ན་རུ་ཤན་སྦྱང་ན་མཉམ་བཞག་སྤྱོད་ལམ་དུ་འཁྱེར་ཐུབ་ནི་རེད། ལྟ་བ་ངོ་འཕྲོད་ཀྱང་གདེངས་དང་ལྡན་མི་ལྡན་ཤན་ཕྱེ་ཚུལ་ནི། སྒོ་གསུམ་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་སད་པའི་ཐུགས་ཡིད་དབྱེར་མེད་ལྟ་བའི་མདོ་མ་ཤོར། བསྒོམ་པའི་ངང་མ་ཤོར། སྤྱོད་པ་ཐོ་ཅོ་རུ་མ་སོང་བར་ཐོལ་བྱུང་དུ་རྟོག་པ་བཟང་ངན་ཐམས་ཅད་སྨྱོན་པ་འུར་ལང་བ་ལྟར་སློང་ལ། སྣང་བ་བདེན་མེད་རིག་པ་རྟེན་མེད་དུ་བཞག་ནས་གང་ཤར་ན་མི་བསྒྱུར། དགོས་དབང་མིན་ན་ཐོལ་སྐྱེས་རྦད་ཆོད། གཉེན་པོས་འབུར་འཇོམས། དྲན་པའི་རྗེས་སླེབ། ཕག་སྣ་གཏུན་བརྡུང་མི་བྱེད་པར་གང་ཤར་ཤར་འཆར་དུ་བཅུགའཆར་བསྡོ་བ་ན་འཇོགའཇོག་བསྡོ་བ་ན་ཤར་བཅུག་གསུངས། ལྟ་བ་གདེངས་དང་ལྡན་ན་སྒོམ་ཆེན་གྱིས་སྒོམ་བཏང་ན་སྒོམ་གྱིས་སྒོམ་ཆེན་མི་གཏོང་བའི་དུས་ཞེས་སྒོམ་གྱིས་སྒོམ་ཆེན་ལ་ཚུར་འཇུ་བའི་དུས་དང་། ཕར་འཇུ་བའི་དུས་ཀྱི་ཁྱད་རྫོགས་ཆེན་སྡེ་བས་གསུངས་པ་ལྟར། ཡང་དག་ལྟ་བས་ཚུར་འདེད་བྱེད་པའི་དུས་སྒོམ་པ་རབ་བཟང་པོའི་གྲས་རེད། གང་ཤར་བའི་རྗེས་སུ་འབྲང་ནས་འཁྲུལ་འགྲོ་ན་དྲན་པས་ཟིན་དགོས་ནི་རེད། དེ་སྡུག་ཐུག་རེད་ཀྱང་མི་བྱེད་ཁ་མེད་ཡིན། འདི་དུས་ཨ་འཐས་དྲན་པས་ཕར་འདེད་བྱེད་དུས་རེད་གསུངས། དེ་ལྟར་སྦྱངས་སྦྱངས་ནས་འཁྲུལ་མ་མྱོང་བ་འདྲ་འདྲ་ཞིག་སྦྱངས་སྟོན་དགོས་ནི་རེད་གསུངས། གྱང་ཁང་ཚང་གིས་ཕྱི་སྣང་བ་མ་སྤང་སྣང་ཐོག་ཏུ་གྲོལ་བ། ནང་འགྱུ་བ་མ་སྤང་འགྱུ་ཐོག་ཏུ་གྲོལ་བ། གསང་བ་རིག་སྟོང་གི་རང་ཚུགས་མ་ཤོར་ན་ཁྲེགས་ཆོད་ཀྱི་འཇོག་སོ་ཡག་པོ་ཡིན་གསུངས་པ་སངས་རྒྱས་ཀྱི་གསུངས་རེད་གསུངས། རུ་ཤན་ཁོ་ནའི་དུས་སུ་སྦྱང་ཤེས་ན་རང་གི་ལྟ་སྒོམ་དེ་ཡང་དག་ཡིན་མིན་གྱི་ཐག་ཆོད་པས་འདི་གལ་ཆེ། གཞན་དམིགས་པ་རེ་འཛིན་རྒྱུ་རེད་འདི་ནི་འཁྲུལ་གཞི་རྩད་གཅོད་ཀྱི་མན་ངག་ངོ་མ་ཡིན་གསུངས། ཐོད་རྒལ་རུ་ཤན་དང་ཁྲེགས་ཆོད་རྩལ་སྦྱོང་ཞེས་སྤྱིར་ཟེར་ཀྱང་། ཕྱིའི་རུ་ཤན་འདི་ནི་ཁྲེགས་ཆོད་ཀྱི་རྩལ་སྦྱོང་ཡང་ཁྱད་པར་ཅན་ཡིན་པར་ཀུན་མཁྱེན་ཆེན་པོས་རང་གྲོལ་སྐོར་གསུམ་ལས། འདི་བཞིན་དུ་དབེན་གནས་གངས་སྟོད། ཕུག་པ་མཚོ་གླིང་མེ་ཏོག་གིས་བརྒྱན་པ། སྐྱེད་མོས་ཚལ་དགོན་གནས་གྲོང་ཁྱེར་དུར་ཁྲོད་སོགས་སུ་འཇིགས་པའི་སེམས་སྤོང་དུར་ཁྲོད་ཉུལ་གསུངས་པ་བཞིན་ནོ། །སྐད་ཅིག་སྐད་ཅིག་ཐུགས་ཡིད་དབྱེར་མེད་བྱས་ན་ཡག་ནི་རེད། སེམས་བསྐྱེད་ཀྱང་སྔགས་བླ་མེད་ཀྱི་སེམས་བསྐྱེད་ལྟར་མི་ཕམ་རིན་པོ་ཆེས་སྔོན་འགྲོའི་སྐབས་སུ། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་པ་ལ། །སོགས་བཞག་ཡོད་པ་ལྟར་རེད། དེས་ན་རང་གནས་སྐུ་དང་ཡེ་ཤེས་མངོན་དུ་བྱེད་ཐབས་དང་། བསྔོ་བ་ཡང་འདིར་དགོས་གསུངས། མདོར་ན་ཐུགས་ཡིད་དབྱེར་མེད་ཀྱི་ངང་ནས་སྣང་བ་བདེན་མེད་དུ་ཤེས། རིག་པ་རྟེན་མེད་དམ་གཏད་མེད་དུ་བཏང་། དེའི་ངང་ལ་ཤར་ཀ་འཇོག་དགོས་ནི་རེད་མ་གཏོགས། དེ་གསུམ་མདོ་ཤོར་ན་ཅང་མི་ལོ། ངག་སྦྱོང་སྐབས་རྒྱས་གདབ་ཀྱིས་ཏིང་ངེ་འཛིན་བརྟན་པར་བྱེད། ཕྱི་སྣོད་ཧཱུྃ་གི་ཞིང་དེ་འོད་གསལ་གྱི་ཞིང་དུ་བློ་བཞག ། བདེན་ཞེན་གོམ་པས་སྣང་འདུག་ནའང་དོན་ལ་ནི་འོད་གསལ་གྱི་ཞིང་ཡིན་ནི་རེད་གསུངས། འདི་ཡིས་ལྷག་མཐོང་འདྲེན་སྟོབས་ཆེ་ནི་རེད། ལྷ་འདྲེ་དང་བར་དོའི་སེམས་ཅན་རྣམས་ལ་ཧཱུྃ་ཡེ་ཤེས་ཀྱི་མེས་ཕན་ཐོགས་ཡོད་ནི་རེད་གསུངས། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ་ཡང་ཧཱུྃ་དྲག་ལ་ངར་ཐུང་བརྗོད་པས་འབྱུང་བཞི་ངོ་ཤེས་སོགས་གསུངས། རྩལ་སྦྱོང་སྐབས་ཡེ་ཤེས་ཀྱི་མེས་བསྲེགས་གསུངས་པ་དེ་སེམས་ཅན་བསད། སྣོད་རི་ར་བ་ཁང་ཁྱིམ་བཤིག་ཟེར་བ་མ་རེད། །མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བས་བཞག་པའི་མེད་ལ་ཡོད་པར་བཟུང་བའི་སྟོང་གཟུགས་མེད་སྣང་ཉག་གཅིགདཔེར་ན་དུང་སེར་སྣང་ལྟ་བུའི་སྣོད་བཅུད་མ་དག་པའི་ཆ་འདི་སྦྱངས་ནི་རེད་མ་གཏོགས་གཏན་མེད་དུ་གོ་མི་རུང་ཆད་ལྟ་མི་ཟད་པ་རེད། དགེ་རྩ་ཆད་འགྲོ་ནི་རེད་གསུངས། གསང་སྙིང་གི་དག་མཉམ་དང་རྫོགས་ཆེན་གྱི་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡང་འདི་ལྟར་ཤེས་ཡོང་དགོས་ནི་རེད། སྒྱུ་མའི་རྣལ་འབྱོར་ཧཱུྃ་གི་རྒྱང་གླུ་ཅན། །སྒྱུ་མའི་ཡུལ་གྱི་གྲོང་ཁྱེར་སྒྱུ་མས་བཤིག ། ཅེས་དང་། འདི་རྩལ་སྦྱངས་ཡང་ཡིན་ཏེ། རྣམ་རྟོག་འདེད་པ་ཧཱུྃ་དང་གཏོར་བ་ཕཊ་ཅེས། གཟུང་འཛིན་བྱུང་ན་ཕཊ་གྱིས་གཏོར། །ཐུག་ཕྲད་ཤེས་པ་དེ་རུ་འཆར། །གསུངས། ཕྱི་སྣང་བ་འོད་གསལ་གྱི་ཞིང་ནང་རིག་པ་འོད་ཀྱི་ལུས་ཅན་ཡིན་ནི་རེད། ཆོས་ཉིད་བར་དོའི་སྐབས་འོད་ཡུལ་བདག་ཏུ་བཟུང་། རིག་པའི་རང་འོད་ངོ་མ་ཤེས་པས་འཁྲུལ་གཞིར་འགྱུར་ཚུལ་སོགས་གསུངས། སྔོན་ཞབས་དྲུང་རིན་པོ་ཆེ་འོ་ཡུག་གི་མཐིལ་རམ་ལྡིང་མ་དགོན་དུ་ཕེབས་སྐབས་འདི་སྣང་གི་སྣང་བ་འགག་པའམ་དབྱིངས་སུ་ནུབ་ནས་སྣོད་བཅུད་འོད་གསལ་དག་པའི་ཞིང་དུ་གྱུར། རིག་པ་འོད་ཀྱི་ཁང་པ་ན་བཞུགས་ཡོད་པར་གསུངས་པ་ལྟར་ཡིན་ནི་རེད་གསུངས། འདི་ལ་ནི་ཤིན་ཏུ་གོ་རྒྱུ་ཆེ་བརྗེད་མི་ཉན་བཀའ་དྲིན་ཅན་མཁྱེན། འདི་སྐོར་སྣང་བ་བདེན་མེད་དུ་ཤེས་རྒྱུ་འགགས་དོན་ངོ་མ་རེད། མཉེན་བཙལ་ནི་དཔེར་ན་བཤེས་གཉེན་བཟང་པོར་བླ་མ་དགེ་བའི་བཤེས་གཉེན་བཟང་པོ་ཀུན་རྟེན་འདུག་ས་ལྟ་བུ་ཡིན་འདི་མེད་ན་སེམས་གནས་ཁ་མི་ཉན་ནི་རེད། ཏིང་ངེ་འཛིན་གནས་པའམ་བརྟན་པར་བྱེད་ནི་ཡིན། ལངས་སྟབས་ནི་ཕྲེང་བའམ་ཐག་པ་ལྟ་བུ་གང་ཡིན་ཀྱང་ཨོ་རེད་གསུངས། དམིགས་རྟེན་རི་དང་ནགས་རྩྭ་ཐུར་སོགས་གང་དམིགས་རྟེན་བཞག་ཀྱང་ཆོག་གསུངས། སྒྱུ་མའི་རྣལ་འབྱོར་ཧཱུྃ་གི་རྒྱང་གླུ་ཅན། །སྒྱུ་མའི་ཡུལ་ལ་བག་ཡངས་སྣ་ཚོགས་སྤྱོད། །ཅེས་སོ། །ལམ་ཞུགས་སྐབས། ལྔ་བརྒྱ་དག་ན་གྲོལ་བའོ། །ཞེས་པ་ཤར་སོགས་བཞི་ལ་ལོ་བརྒྱ་དང་༼འདི་ལ་གནད་ཆེ་བས་དཀྲུགས་མི་ཉན་གསུངས། ༽ཉེར་ལྔ་རེ་དང་དབུས་ཕྱོགས་ཁྲོ་བོའི་ཞིང་མཐོང་བ་དང་མཉམ་དུ་ཤེས་སྒྲིག་ལྷག་རོལ་བཅོམ་ནས་འཚང་རྒྱ་རན་པས་དེར་ལོ་རྩི་དགོས། འདིས་ཞིང་ཁམས་ལྔ་པོ་སྔ་འགྱུར་རྙིང་མའི་སྔགས་བླ་མེད་ཀྱི་ཐུན་མོངས་མ་ཡིན་པའི་ཞིང་རེད་གསུངས། ཐུན་མོངས་བ་ཕྱེད་སྤྲུལ་ལོངས་སྐུ་རེད། དེ་དང་མི་འདྲ་སྟེ་འདི་ནི་གཞིའི་གདངས་ཤར་བའི་ཆ་ལ་འཇོག་དགོས་པས་དོན་ལ་ཞིང་ལྔར་འཕང་ན་དག་མཉམ་གྱི་སྟེང་དུ་བཞག་ན་རིག་ཐོག་ཏུ་བཞག་རུང་འདྲ་བར་གོ །ད་ལྟ་ནས་དེ་ལྟར་གཞི་ལ་སྦྱངས་པའམ་བཞུགས་ཚུལ་མངོན་དུ་བྱེད་ཀྱི་ཡོད་ནི་གོ་དགོས་གསུངས། ཚེ་འདིར་མ་གྲོལ་ན་ཞིང་ལྔའམ་བླ་རྣམ་སྐབས་ཀྱི་ས་སྤྱོད་ཟངས་མདོག་དཔལ་རི་གང་རུང་དུ་འཕོས་ནས་ལམ་ལྷག་མ་བགྲོད་ནས་སངས་རྒྱས་དགོས། རི་མོ་སྲིན་འགྲོས་ཡོད་མེད་ཀུན་ཡོད་གསུངས་པ་ལྟར་གྱིས་གསུངས། རྒྱང་རིང་པོའི་རྩིས་ཟད་མཚམས་ནི་དངོས་སུ་མཐོང་སྣང་ཟད་མཚམས་ཉི་རྩེའི་ཟད་མཚམས་དང་། དམྱལ་བའི་ཟད་མཚམས་གང་ལྟར་ཡང་རུང་གསུངས། སྔར་ཕྱིན་པའི་ཡུལ་ད་ལྟའི་སྐྱེ་བ་འདིར་མ་གཏོགས་སྐྱེ་བ་གཞན་མི་ཤེས་སོ། །རྗེས་ལོགས་སུ་དེ་འདྲ་ཞིག་ལ་ཐོན་པའི་མོས་པ་འཛིན་དགོས་ནི་རེད། མཐའ་མེད་པ་ཧཱུྃ་གཅིག་པུའི་ཞེས་པ་ཞིང་ཏུ་འཕོས་ན་རིག་ཐོག་ཏུ་བཞག་ན་དག་མཉམ་གི་ངང་དུ་བཞག་ན་དེ་མོ་ཞིག་རེད་གསུངས། རི་མོ་སྲིན་འགྲོས་ལྟ་བུའི་དམིགས་པ་དང་ཧཱུྃ་ཁྲུ་གང་བ་ཡེ་ཤེས་ལྔའི་རང་འོད་དང་བཅས་པ་གཞན་དོན་གཟུགས་སྐུ་དང་རང་དོན་ཆོས་སྐུ་འགྲུབ་པའི་རྟེན་འབྲེལ་གྱི་དམིགས་པ་སོགས་འོད་གསལ་གྱི་རྩལ་ཤེས་རབ་ཀྱི་ངང་ལ་ཤར་དགོས་ནི་རེད། དེ་ཐམས་ཅད་བདེན་མེད་ཀྱིས་ཟིན་ན་ལྷག་མཐོང་མཚན་ཉིད་པ་རེད་ཀྱང་ལྷག་མཐོང་དུ་འཇོག་དགོས། ཤར་ན་འོད་གསལ་གྱི་ངང་ནས་ཤར། གནས་ན་འོད་གསལ་གྱི་ངང་དུ་གནས། འཕྲོ་ན་འོད་གསལ་གྱི་ཞིང་དུ་འཕྲོ། ཐམས་ཅད་འོད་གསལ་གྱི་ཞིང་དུ་ཤེས་ནས་སྦྱངས་དགོས་གསུངས། ༈ སེམས་སྦྱོང་སྐབས་ཁྲེགས་ཆོད་ཀྱིི་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པ་ཡིན། དེ་ལ་རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟགས་པ་དང་གསུམ། དང་པོ་རྩད་བཅད་པ་ནི། འཁོར་བ་ཡ་མཐའ་ཐུག་མེད་ནས་སྐྱེ་ན་འདི་དང་འདི་ནས་ཕྱི་མར་འཁོར་བའི་བདག་འཁོར་བ་འདིར་ཁྱིས་དེད་པ་ལྟར་འདེད་མཁན་དང་ཉ་ལྕགས་ཀྱུས་ཁྲིད་པ་ལྟར་ཁྲིད་མཁན་ཨི་ཡོད། བརྟགས་ན་ཅུང་ཟད་ཀྱང་མེད་པར་རང་ཉིད་འཁྱམས་ནི་རེད། འཁོར་བའི་གནས་མ་རིག་བདེན་འཛིན་གྱིས་དྲང་བའི་དུས་གསུམ་ཡིད་ཀྱི་འཁྲུལ་བའི་སྣང་བ་སྲིད་པའི་རྩེ་མོ་ནས་མནར་མེད་བར་གྱི་སྣོད་བཅུད་འདི་དང་འཁོར་བ་པོ་ལ་ལུས་ངག་ཡིད་གསུམ་ཞིག་ཡོད་ནི་རེད། དེ་གསུམ་གྱི་གཙོ་གང་ཆེ་འཁོར་རྩ་གང་ཡིན་ན། སྨད་ཕྱོགས་ཀྱི་དཔལ་ཡུལ་བས་ཟེར་བ་ལྟར་ཁོས་ཅིག་བསམ་གི་འདུག་ཕྱིར་སེམས་གཙོ་ཆེ་ཟེར་བ་ཙམ་གྱིས་མི་འོང་གི་ལུས་ངག་མེད་ན་སེམས་ཡོད་དུ་ཆུག་ཀྱང་སྨྲ་བརྗོད་གང་ཡང་མི་ཤེས། གལ་ཏེ་སེམས་མེད་ན་ལུས་ཡོད་ཀྱང་རོ་ཡིན་པས་དང་། གཟུགས་ཕུང་ལྟ་བུའི་བྱེ་བྲག་མིག་དབང་དང་རྣ་བ་མེད་ན་མཐོང་ཐོས་གང་ཡང་མེད་པས་ཐོག་མར་བླང་དོར་གྱི་ཚུལ་མི་ཤེས། བར་དུ་སྤང་བླང་བྱེད་རྒྱུ་མེད་པས་མཐར་འབྲས་བུ་ཐོབ་རྒྱུ་མེད་ནི་རེད། དེ་འདྲའི་ཚུལ་ལ་བརྟགས་ན་གཙོ་གང་ཆེ་རྗེན་པ་རེད། ད་མདོ་སྔགས་གང་ནའང་སེམས་གཙོ་ཚུལ་གསུངས་ཡོད་པས། དེ་ལྟར་ཤེས་དགོས། སེམས་དེ་ཡང་རང་དབང་བར་འཁོར་མི་སྲིད་པས་ལས་འཇོག་ཤེས་དགོས། ལས་དགེ་མི་དགེ་མི་གཡོ་བ་གསུམ་རྒྱུ་འབྲས་འབྲེལ་མར་གནས་པའི་ལས་ཀྱི་དབང་གིས་འཁོར་བ་གྲུབ་པས་ལས་ཀྱིས་འཁོར་བར་འཕེན། ལས་ཀྱིས་འཁོར་བར་ཁྲིད་པར་བྱེད་པས། ལས་ནི་རི་མོ་མཁན་དང་འདྲ། །ཞེས་གསུངས་པ་ལྟར་ལས་འཇོག་མ་ཤེས་ན་རྒྱུ་འབྲས་ཤ་ཚ་མར་༼ཕྱེད་ཀ་མའི་དོན་༽ལོག་འགྲོ་ནི་རེད། འཁོར་བར་འཕེན་པའི་ལས་དེ་དག་གི་རྩ་བ་མ་རིག་པ་ལ་ཐུགདེས་མེད་ལ་ཡོད་པར་བཟུང་ནས་ཆགས་སྡང་གི་དབང་གི་ལས་བསགས། ལས་ཀྱིས་སྲིད་པ་སོ་སོའི་ལུས་ངག་འགྲུབ་ནི་རེད། མར་མ་དག་འཁོར་བའི་གནས་ན་ལུས་ངག་ཡིད་གསུམ་པོ་ཅན་མ་གཏོགས་ཡིད་རྐྱང་པ་ཅན་མི་སྲིད། ཡར་དག་པ་སྐུ་གསུམ་གྱི་ཞིང་ན་སྐུ་གསུང་ཐུགས་གསུམ་མེད་ནིའི་ཐུགས་རྐྱང་པ་ཅན་མི་སྲིད་ཀྱང་། མ་དག་པའི་སྐབས་ལུས་ངག་གཉིས་ནི་སྐྱེ་འཆིའི་དབང་གིས་འདོར་ལེན་བྱེད་ནི་རེད། ཇི་སྲིད་གཉིས་སྣང་དབྱིངས་སུ་མ་ནུབ་བར་སེམས་སྐད་ཅིག་མའི་རྒྱུན་མི་འདོར་བར་འབྱུང་བ་ཡིན་ཀྱང་། འཁོར་བ་པོ་སེམས་རྒྱུན་ལ་འཇོག་མ་ཤེས་པར་ད་ལྟའི་སེམས་སྐད་ཅིག་མ་འདི་ལ་གོ་རུང་ངམ། གལ་ཏེ་གོ་ན་རྟག་དངོས་ཞིག་ཁས་བླངས་པས་དེ་ནི་མ་རུང་བ་བསྟན་པ་རྨིང་ནས་བཤིག་པའི་ལོག་རྟོག་ཞིག་གོ །འཁྲུལ་སྣང་དབྱིངས་སུ་མ་ནུབ་བར་དུ་ལས་ཀྱི་དབང་གིས་འགྲོ་དྲུག་གི་སྣང་བ་སྣ་ཚོགས་ལ་ལོངས་སྤྱོད་ཚུལ་དཔེར་ན་ཆུ་གཅིག་ལའང་མཐོང་ཚུལ་མི་འདྲ་བ་དྲུག་སོགས་ལྟར་རོ། །འཁོར་རྩ་སེམས་གཙོ་ཆེ་བ་སེམས་ལས་བྱེ་བྲག་མ་རིག་པ་གཙོ་ཆེ་གསུངས། དེ་འདྲའི་སེམས་དེ་ཡང་གདོད་མའི་རིག་གདངས་ཀྱི་ངང་ལས་ཤར་བ་ལས་རླུང་ཕྲ་བར་ཐུག་ཚུལ་མགོ་ནས་གསལ། ཐེག་དམན་པས་ཁམས་གོང་མར་ལུས་མེད་པར་འདོད་ཀྱང་། ཐེག་ཆེན་གྱིས་ཏིང་འཛིན་ཡིད་རིག་གི་ལུས་ཡོད་པར་སྒྲུབ། རྡུལ་གྲུབ་མ་རེད། གཟུགས་ཁམས་འོད་ལུས་རྡུལ་གྲུབ་རེད། དཔེར་ན་སྣང་བ་མུན་པ་ལྟ་བུའོ། །བར་དོར་ཡིད་ལུས། རྨི་ལམ་བག་ཆགས་ཀྱི་ལུས། འདོད་ཁམས་པ་ལུས་རགས་པ་རྡུལ་གྲུབ་པ་ཡིན་པ་རྟོགས་སླ། དེས་ན་འཁྲུལ་པ་རང་དགར་མི་ལྡོག་པས་རྩ་བ་བདག་འཛིན་སྤང་དགོས་ནི་རེད། དཔེར་ན་སྒྱུ་མ་མཁན་མེད་ཚེ་སྒྱུ་མའི་སྣང་བ་རང་ལོག་པ་ལྟར་སེམས་གྲོལ་ན་དེས་བཞག་པའི་བག་ཆགས་ཡུལ་ཡུལ་ཅན་དང་བཅས་པའི་འཁྲུལ་སྣང་ཐམས་ཅད་དུང་སེར་སྣང་དང་ནམ་མཁའི་སྐྲ་ཤད་ལྟ་བུ་རང་ལྡོག་ལ་འགྲོ་བས་གཉེན་པོ་གཞན་མི་དགོས་ཏེ་གྲོལ་ནའང་སེམས་གྲོལ། འཁྲུལ་ནའང་སེམས་འཁྲུལ་བའི་ཕྱིར་རོ། །ལུས་འཁྲུལ་ནས་སེམས་དང་ངག་གྲུབ་པ་མིན། ངག་འཁྲུལ་ནས་ལུས་སེམས་གྲུབ་པ་མིན། སེམས་འཁྲུལ་བའི་སྟོབས་ཀྱིས་ལུས་ངག་གྲུབ་ནི་རེད། དེ་ལྟར་སེམས་གཙོ་ཚུལ་དང་འཁོར་རྩ་ངོས་ཟིན་ན་སྡུག་ཐུག་མ་རེད། སྔགས་བླ་མེད་ཀྱིས་འཁོར་རྩ་ལས་རླུང་ཕྲ་བ་འཇོག་ནི་རེད། འགྲོ་བ་སྲོག་གི་བསྡུས་ཚད་འཆི་ཐང་ཇི་སྙེད་པའི་གྲངས་ལ་སྔ་མའི་རླུང་སེམས་མཐའ་དག་བསྡུས། ཕྱི་མའི་རླུང་སེམས་མ་མཆེད་པའི་བར་དེར་འཆི་སྲིད་ཆོས་སྐུའི་འོད་གསལ་དངོས་འཆར་ནི་རེད། ཤར་བ་འོད་གསལ་དངོས་རྐྱང་རྐྱང་རེད་དེ་ངོ་མ་ཤེས་པའི་ཆ་ནས་གང་ཟག་དེའི་ངོར་ལུང་མ་བསྟན་ལ་གྱུར་ཡོད་ནི་རེད། དེར་མ་ཟད་སྐྱེས་བུ་ཁམས་དར་མ་ཞིག་གཉིད་ཚེ་ཅི་ཡང་མི་གོ་བ་དེ་ཤར་བ་གཞིའི་འོད་གསལ་ཡིན་ཀྱང་ངོ་ཤེས་ནི་མ་རེད། མ་ཤེས་པའི་ཆ་ནས་ལུང་མ་བསྟན་ཟེར། ཁོས་རྟོགས་ཡོད་ངོ་འཕྲོད་ཡོད་ཟེར་ནི་ཚོས་གོ་དགོས་ནི་རེད། སྔོན་གྱི་རྟོགས་ལྡན་ཚོ་ལ་ནི་གོ་རྒྱུ་ཞིག་ཡོད། དེ་ལྟ་བུའི་འཆི་སྲིད་ཆོས་སྐུའི་ངང་ལ་ཡུན་རིང་ཐུང་ཅི་ཙམ་གནས་ཀྱང་མཐར་རླུང་ཕྲ་མོ་ཞིག་གཡོ། འོད་གསལ་གྱི་གདངས་ཤར་བ་ཉིད་ཡར་འགྲོ་ལ་ཡེ་རླུང་མར་འགྲོ་ལ་ལས་རླུང་རེད། རིག་གདངས་མི་འཕྱེ་བོ་ལྟ་བུ། རླུང་རྟ་རྒོད་ལོང་བ་ལྟ་བུ་དེ་གཉིས་འདྲེས་པར་གྱུར་པ་ན་སེམས་རྟོག་ཏུ་གྱུར་འགྲོ་ནི་རེད། དེ་ནས་སྐད་ཅིག་མ་གསུམ་སོགས་མང་པོའི་མཐའ་ན་རྐྱེན་དང་འཕྲད་པས། འཇིགས་པའི་སྒྲ་བཞི། ཡ་ང་བའི་གཡང་ས་གསུམ་སོགས་པའི་རྐྱེན་དང་ཕྲད་ཚེ་ལུས་ངག་གློ་བུར་གྲུབ་པར་སྣང་བས་ངའོ་སྙམ་དུ་བཟུང་ནས་འཇིགས་སྐྲག་གི་སྣང་བ་བྱུང་ནས་རང་སྣང་ལ་གཞན་དུ་བཟུང་བའི་འཁྲུལ་བ་འབྱུང་བས་སེམས་གཙོ་ཚུལ་ཤེས་ན་ཡག་ནི་རེད། འཆི་སྲིད་ཆོས་སྐུའི་འོད་གསལ་དེ་འཁོར་འདས་གཉིས་ཀ་མ་བྱུང་བའི་ཐོག་མ་འཁོར་འདས་གྱེས་མདོའམ་འཁོར་འདས་གཉིས་ཀྱི་སྤྱི་གཞི་ཡིན་ཏེ། གཞི་རང་ངོ་ཤེས་ནས་ཁྱད་ཆོས་དྲུག་གིས་བྱེ་བྲག་ཕྱེད་ནས་གདོད་མའི་ནང་དབྱིངས་སུ་སངས་རྒྱས་ནི་ཡང་མ་རེད། རྒྱུ་གསུམ་རྐྱེན་བཞིའི་དབང་གིས་འཁོར་བར་འཁྲུལ་ནས་ལས་བསག་གི་ཡོད་ནི་མ་རེད། འཁྲུལ་སྣང་གློ་བུར་བ་མེད་སྣང་སྟོང་གཟུགས་ཉག་གཅིག་འདི་ཐོག་མཐའ་གཉིས་ན་མེད་ཟེར་བའི་ཐོག་མ་གཞི་འདི་གོ་དགོས་གསུངས། རྫོགས་ཆེན་གྱིས་གནས་སྣང་ཕྱེ་ནི་མ་རེད། ཆོས་ཉིད་དོན་དམ་པའི་དབང་དུ་ན་ད་ལྟའི་སྣང་བ་འདི་དག་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ། ཐ་སྙད་སྣང་ཚུལ་གྱི་དབང་དུ་ན་ཡུལ་ཡུལ་ཅན་འདི་དག་སྣང་སྟོང་ཟུང་འཇུག་གི་རང་བཞིན་ཡིན་པ་ནི་འཆར་གཞི་དབྱིངས་ཡེ་ཟུང་འཇུག་གི་ཀློང་ལས་ཤར་བའི་ཕྱིར་རོ། །འདི་ཐོག་མཐའ་གཉིས་ན་མེད་ནི་བོ་ཤེས་རྒྱུ་གལ་ཆེ། དེའང་དག་མཉམ་ལ་ངེས་པ་འདྲོང་དགོས། རྣམ་ཤེས་ཚོགས་བརྒྱད་སོགས་འོད་གསལ་མིན་ཀྱང་དེས་རྩལ་ཤར་བ་ཡིན་པའི་འབྲས་རྟགས་སྣང་ཆ་བློ་རིག་ཤེས་གསུམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས་ཡུལ་གྱི་རྣམ་པ་གསལ་བའི་ཆའམ་རིག་པའི་ཆ་སྣང་བ། ངོ་བོ་སྟོང་པའི་ཆ་ཟུང་འཇུག་གི་ཆ་ཡོད་པས་དེ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་གཏན་ལ་ཕེབས་ན་སྔོན་འགྲོའི་སྐབས་དེ་ལས་དཔྱད་མི་དགོས། དེ་ལྟར་ཤེས་ནི་ཞིག་ཡིན་ན་མཉམ་བཞག་རྗེས་ཐོབ་ཐམས་ཅད་དུ་ཟུང་འཇུག་ལ་བུན་བུན་ཤིག་ཤིག་གིས་ཤར་ནི་རེད། སྤྱིར་ཤེས་པ་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་སྐྱེ་འགག་བྱེད་པས་རྗེས་མཐུད་མི་དགོས་ན་སྣང་ཤེས་འབྲེལ་ཐག་ཆད་པས་བག་ཆགས་བསོག་ལོང་མེད་པར་རིག་སྟོང་གི་ཀློང་དུ་གྲོལ་གི་ཡོད་ནི་རེད། དེ་ནི་ཟག་མེད་ཀྱི་ལས་རེད། རྒྱུ་འབྲས་འབྲེལ་བར་འབྱུང་བའི་དགེ་མི་དགེ་ཟ་བྱེད་རང་སོགས་དེ་འདྲའི་དུས་སུ། གཟུང་བ་རྣམ་པར་དག་པ་ཆོས་ཀྱི་དབྱིངས། འཛིན་པ་རྣམ་པར་དག་པ་འོད་གསལ་གྱི་ཕྱོགས་སུ་འགྲོ་གི་ཡོད་ནི་རེད། ཤེས་སྒྲིབ་རགས་པ་སྤང་གི་ཡོད་ནི་རེད། རྒྱལ་ཚབ་བྱམས་མགོན་ས་བཅུའི་རྒྱུན་མཐའ་བ་དེས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། གསུངས་པ་ལྟར་རོ། །དེ་ལྟར་ཟུང་འཇུག་ངེས་པའི་ངོར་བཞག་ན་དབུ་མ་ལས་ཁྱད་གཞིའི་སྟེང་གི་ཁྱད་ཆོས་ངོ་བོའི་དབྱིངས་ལ་ཤར་ཆ་འགག་མེད་ཞིག་འཆར་བས་ཤར་གྲོལ་གྱི་མགོ་དེ་ནས་རྩོམ་གསུངས། གཞིའི་ངོ་ཤེས་ན་ཤེས་སྒྲིབ་ལྷག་རོལ་བཅོམ་པའམ་ཡེ་ཤེས་ཆེན་པོས་རང་འགྲིབ་ཞེས་གསུངས།

མཚང་བཙལ་ལ་གཅིག་དུ་བྲལ་ཞེས་མི་འཇོག་ཀྱང་དོན་གྱི་བྱེད་པའམ་གནད་ཚང་ནི་རེད། འཁོར་རྩ་ལུས་གཅིག་ཐ་དད་དང་། ངག་དང་གཅིག་ཐ་དད། ལུས་དང་གཅིག་ཐ་དད་གང་ཡིན་དང་། དུས་ཀྱི་དབང་དུ་བྱས་ནས་གཅིག་ཐ་དད་བརྟགས་ན་མི་སྟོང་བ་མེད་པའམ་མི་འགྲུབ་ནི་རེད།

རྣལ་དབབ་ལུས་ངག་འཁྲུགས་པ་རྣམ་སོར་ཆུད་དགོས་པས་རང་གི་ཁམས་དང་མཐུན་པར་ཙོག་པུར་གཡས་གཡོན་གན་རྐྱལ་ཁ་སྦུབ་སོགས་གང་རུང་གི་སྒོ་ནས། ལས་ཟིན་གྱི་སྐྱེས་བུ་དུར་ཁྲོད་ཀྱི་རོ་ལྟར་སྨྲ་བརྗོད་དྲན་བསམ་དང་བྲལ་བར་རིག་ཐོག་ཏུའམ་གཤིས་ཐོག་ཏུ་འཇོག་པ་ཡིན།

སོར་གཞུག་སྐབས་ལང་འདུག་གི་ཁྱད་ཙམ་དང་། ལྟ་སྟངས་ཐ་མའི་དུས་སོགས་ལྟ་བའི་གདངས་མ་ཤོར། སྒོམ་པའི་ངང་མ་ཤོར་བས་མཆོངས་རྒྱུག་རྒོད་སེམས་འདུ་འཕྲོ་སྣ་ཚོགས་བྱས་ནས་རྩལ་སྦྱངས་ཀྱང་རང་བབས་ཀྱ ི་བསམ་གཏན་ལ་གསུངས། ཆོས་སྐུ་དགོངས་བརྒྱུད་དང་། རྡོ་རྗེ་འཆང་གིས་ཐུན་མོང་སྤྲུལ་པའི་ངོར་རྡོ་རྗེ་སེམས་དཔའ་སྣང་བར་བྱིན་གྱིས་བརླབས་པ་སོགས་དང་ལུགས་གཞན་ན་དགའ་རབ་རྡོ་རྗེས་སྡེ་སྣོད་གསུམ་ནས་རྒྱུད་སྡེ་མཐའ་དག་ཞུས་ཚུལ་བཞག་ཀྱང་འདིར་རྫོགས་ཆེན་དགོས་བཀལ་ཡིན་ཕྱིར་མི་འགལ་ལོ། །སེམས་སྡེའི་ཕྱོགས་ལ་རྒྱས་པར་ན་ཞིབ་ཆ་མང་ནའང་བསྡུས་ན་གང་སྣང་བའི་ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངོ་བོ་རྩལ་རོལ་པ་གསུམ་ལ་འདུ་ནི་རེད། མ་དག་པའི་དུས་སྣང་བ་སྣོད་བཅུད་གཉིས་སེམས་འཁྲུལ་སྣང་གི་བག་ཆགས་སད་པའི་སྣང་བ་རེད། ས་རྡོ་སོགས་དངོས་སུ་སེམས་ཡིན་ཟེར་ནི་མ་རེད་ཁྱད་ཕྱེ་དགོས། དག་པའི་ཡེ་ཤེས་ཉག་གཅིག་གི་སྣང་བ་ཞིང་གཞལ་ཡས་ཁང་སྟོན་འཁོར་དང་བཅས་པ་སྣང་ནི་རེད། དེས་ན་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ། སེམས་ཉིད་རང་བྱུང་གི་ཡེ་ཤེས་གཅིག་གི་རང་བཞིན་དུ་གཏན་ལ་འབེབས་པ་ཡིན་ཀྱང་དབྱིངས་མི་འདོད་པ་ནི་མ་ཡིན་ཏེ་ཡེ་ཤེས་རྩལ་འདོན་ཙམ་ཡིན་པའི་ཕྱིར་རོ། །ཀློང་སྡེ་སྣོད་བཅུད་དག་མ་དག་ཇི་སྙེད་སྣང་བ་ཐམས་ཅད་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ལས་མ་འདས་པས་གང་སྣང་བའི་ཆོས་ཐམས་ཅད་མི་སྟོང་པ་ཞིག་སྐྲའི་རྩེ་མོ་ལན་བརྒྱར་གཤགས་པ་ཙམ་ཡང་མེད་པས་དབྱིངས་ཀྱི་རྒྱན་དང་ཆོ་འཕྲུལ་སོགས་གསུངས། འདི་པས་ཡེ་ཤེས་མི་འདོད་པ་མིན་ཀྱང་གཙོ་བོ་དབྱིངས་རྩལ་འདོན་ཙམ་ཡིན་པའི་ཕྱིར་རོ། །སེམས་སྡེ་ཕྱོགས་ནས། ཐམས་ཅད་ལ་ཡེ་ཤེས་ཀྱིས་རྒྱས་འདེབས་བྱེད་ནི་རེད། རྣམ་རྟོག་གི་ངོ་ལྟ་ཀློད་མ་བཅོས་པར་བཞག་པ་སོགས་འགྱུ་ལོག་གཉིས་གསུམ་རེ་མ་བྱས་པར་གནད་ཐོག་ཏུ་མི་ཕེབས་པས། རིག་ཆ་ཙམ་ངོ་ཟིན་ནའང་ད་དུང་འོད་གསལ་ཕྱོགས་ལ་གོམ་པ་འདེགས་འཇོག་ཙམ་ཡང་ཕྱིན་ནི་མ་རེད། ཀློང་སྡེ་ཕྱོགས་ནས་དབྱིངས་ལ་གཏོད་ནི་རེད། རྣམ་རྟོག་མེད་སོང་བའི་སྟོང་སང་གི་རྣམ་པ་ཅན་དེ་ལ་འཇོག་པ་དང་བལྟ་རྒྱུ་མེད། བརྟགས་རྒྱུ་མེད། དབྱིངས་ཀྱི་རང་བཞིན་ལས་མ་འདས་པས་ཤར་ཤར་མེད་འགྲོ་ཟེར་བ་སོགས་ཕྱོགས་གཅིག་ཏུ་སོང་བས་འོད་གསལ་གྱི་ཕྱོགས་ལ་གོམ་པའི་འདེགས་འཇོག་ཙམ་ཡང་མ་བྱས་ནི་རེད། འདི་གཉིས་ལ་རབ་གནད་རེ་ཤེས་ན་རྫོགས་ཆེན་སེམས་ཀློང་གི་ལྟ་སྒོམ་ཏུ་འགྲོ་ཞིང་། མ་ཤེས་ན་སྡུག་ན་རྟག་ཆད་དང་བསམ་གཟུགས་གང་རུང་ཏུ་གོལ་ས་རེད། གནད་ནི་རིག་པ་དང་ངོ་བོ་དབྱིངས་གཉིས་ལ་གོ་དགོས། མན་ངག་སྡེའི་ལུགས་ལ་འདི་གཉིས་གོལ་ས་རེད། འདུས་མདོར་འགྲོ་མ་ཐུབ་པའི་ཕྱིར་རོ། །ཉག་བླས་ཕར་འོད་གསལ་གྱི་ཐོག་ཏུ་མི་འགྲོ་བར་འོད་གསལ་ལ་རྒྱབ་འཁོར་ནས་སུ་ཟུར་དེས་མགོ་འཁོར་འགྲོ་ནི་རེད། མན་ངག་སྡེ་ནི་རིག་སྟོང་ཟུང་འཇུག་ཏུ་གཏན་ལ་ཕབ་ནས་དེའི་ངོ་བོ་སྐྱོང་བ་ཡིན་ལ། སྤྱིར་སྔ་འགྱུར་རྙིང་མའི་མདོ་ནས་འོད་གསལ་རྫོགས་ཆེན་བར་ཟུང་འཇུག་རེད། ཟབ་རྒྱ་ཆེ་ཀླུ་ཐོགས་རྣམ་གཉིས་ཀྱི་དགོངས་པ་ཟུང་འཇུག་ཉིས་ཁུག་རེད། དགེ་ཕྱོགས་གཞན་མས་ཕལ་ཆེར་དྲང་དོན་འདོད་གསུངས། རྫོགས་ཆེན་སེམས་ཕྱོགས་པ་ཡིན་ནས་བཟུང་སེམས་ནི་རྣམ་ཤེས་ཚོགས་བརྒྱད་དུ་འདུ་སྟེ། འཁོར་སེམས་རང་རང་ལ་བསྡུ་ལ་དེ་དག་གི་འཆར་གཞི་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཡིན་ལ། རྫོགས་ཆེན་གྱི་རྒྱུད་ལ་ལ་ན་སེམས་ལ་བྱུང་གནས་འགྲོ་གསུམ་ཡོད་ཚུལ་གསུངས་པ་ལྟར་རོ། །མི་ཕམ་རིན་པོ་ཆེས་བཀའ་བརྒྱུད། བཀའ་གདམས། ས་སྐྱ། ཞི་བྱེད་རྣམས་སེམས་སྡེའི་ཕྱོགས་རེ་ཡིན་པར་གསུངས། དབང་ལས་སྐྱེས་པའི་ཡེ་ཤེས་ནི། །གསུངས་པ་དང་། ཞི་བྱེད་པས། གཅིག་པུ་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་ལ་ཕུད་པ་ཡིན། །མང་པོའི་གསེབ་དུ་འགྲོ་ཙ་ན། །གང་ཤར་ངོ་བོ་ལྟ་བ་ཡིན། །གསུངས་སོ། །ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་ངོ་བོ་རྩལ་རོལ་པ་སོགས། ངོ་བོ་རང་བྱུང་གི་ཡེ་ཤེས། རྩལ་དཔེར་ན་མེ་ལོང་གཡའ་བྲལ་ལ་གཟུགས་བརྙན་འཛིན་རུང་གི་ནུས་པ་ཡོད་པ་དང་། རྒྱ་མཚོ་ཁ་གཏིང་མེད་པར་དྭངས་པ་ལ་ནམ་མཁའ་གཟའ་སྐར་གྱི་གཟུགས་བརྙན་འཛིན་རུང་གི་ནུས་པ་ཡོད་པ་ལྟར་རང་བྱུང་གི་ཡེ་ཤེས་རྩལ་ཡུལ་ལྔ་སོགས་འཆར་རུང་ཡོད་པས། རིག་ངོ་ལེགས་པར་འཕྲོད་པའི་འོད་གསལ་གྱི་གཤིས་ཐོག་ཏུ་ཕེབས་ཚེ་གཞིའི་ཀློང་དུ་ཡུལ་ལྔ་འགགས་མེད་དུ་ཤར་ཡོད་ནི་རེད། དེ་དུས་ཕྱི་སྣང་བས་རིག་པ་ལ་ཚུར་མ་གོས། ནང་འཛིན་པས་ཕར་མ་བསླད་པར་སྣང་ཤེས་འབྲེལ་ཐག་ཆད། རྒྱུ་འབྲས་འབྲེལ་ཆད་ནི་རེད། དེ་འདྲའི་སྒོ་ལྔ་ཡག་པ་ཞིག་ཞོག་ན་བཞག་ཐབས་བཞི་པའི་སྒོམ་ཅོག་བཞག་དང་གནད་གཅིག་རེད། འདི་ནི་རིག་འཛིན་རྩལ་འཆང་བརྒྱུད་པའི་ཕྱག་བཞེས་ཀྱི་མན་ངག་ཁྱད་པར་ཅན་རྒྱལ་བའི་དགོངས་པ་ཡང་དག་པ་རེད་གསུངས། རོལ་པ་ནི། ཡབ་ཀྱིས་ཡུམ་ལ་རོལ་པ་ལྟར་ཡུལ་ཅན་གྱིས་ཡུལ་ལ་རོལ་པ་མིག་ཤེས་གཟུགས་ལ་རོལ་པ་སོགས་སོ། ཉག་བླས། སིལ་ཆལ་ཁ་ཡེས་མེད་ན་གནམ་ལ་བརྒྱབ་ན་ནི་སྐད་མི་གྲགས། ས་ལ་བརྒྱབ་ན་གཅོག་སྟོན་གསུངས། མདོའི་དོན་དམ་དབྱིངས་ལ་ཟེར་ཚུལ་ཀུན་རྫོབ་སེམས་བསྐྱེད་ཀྱི་མཐུས་སྡིག་སྒྲིབ་དག་ནས་དོན་དམ་སེམས་བསྐྱེད་རྒྱུད་ལ་འཁྲུངས་ཚུལ། རྒྱུ་སྐྱབས་ལ་བརྟེན་ནས་འབྲས་སྐྱབས་འབྱུང་ཚུལ་རྣམས་ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས། རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། ཐབས་གཞན་མེད་ཚུལ་གསུངས། གང་སྣང་གི་ཐོག་ཏུ་འཇོག་རྒྱུ་དཀའ། ཐེག་ཆེན་པའི་ལུགས་ལ་སྤང་གཉེན་དུས་མཉམ་པ་ཡིན་པས་འདོད་ཆགས་ལྟ་བུའི་སྤང་བྱ་སྐྱེས་ཚེ་དྲན་པས་ཟིན་ན་གཉེན་པོ་སྐྱེ་བ་ལ་ཕྱོགས་ཚེ་སྤང་བྱ་འགོག་པ་ལ་ཕྱོགས། སྐྱེས་བཞིན་པ་ནས་འགག་བཞིན་པ། གཉེན་པོ་སྐྱེ་ཟིན་པ་ན་སྤང་བྱ་འགགས་ཟིན་པ་དུས་མཉམ་རེད། དོན་ལ་ཐོག་ཏུ་ཞོག་ཟེར་བ་ནི། དེ་བས་དེའི་རྗེས་མ་འདེད་ཟེར་བ་དང་ལས་བྱེད་ཚེ་ད་ཞོག་ཟེར་བ་ལྟར་ཡིན་ཀྱང་རབ་ན་རིག་ཐོག་ཏུ་གོ་དགོས། གོལ་ས་གསུམ་ནི། གསལ་ཉམས་ལ་མིག་ཤེས་ཕྱིར་གོལ་དང་ཡིད་ཤེས་གསལ་རིག་དང་། ཀུན་གཞིའི་རྣམ་ཤེས་གསལ་ལ་རྟོག་མེད་སོགས་ལས་གཙོ་བོར་ཕྱེད་ཆེ་བ་ཀུན་གཞིར་གོལ་བ་རེད། གང་ལྟར་ཡང་གསལ་བ་ཙམ་ཡིད་ཤེས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པས་གོམ་ཤུགས་ཆེ་ཆུང་གིས་གཟུགས་ཁམས་གང་རུང་ཏུ་འཕེན། རྣམ་རྟོག་མེད་སོང་ཤུལ་གྱི་མི་རྟོག་པའམ་སྟོང་ཉམས་ལ་ཡིད་ཤེས་ཀྱི་ཡུལ་དུ་བྱས་ནས་བསྒོམ་པས་གོམ་ཤུགས་ཆེ་ཆུང་གིས་སྐྱེ་མཆེད་མུ་བཞི་གང་རུང་དུ་འཕེན། དཔེར་ན་བདེ་བའི་ཉམས་རྐྱེན་ཁ་ནས་ཤར་བ་དངུལ་རྡོ་ཚད་ཞིག་ལོན་པའམ། ཡང་ན་བདེ་བཟང་ལ་༼མི་ཞིག་གི་མིང་༽ནང་བར་ཤི་སོང་བར་ཚོར་ན་ཤིན་ཏུ་སྡུག་ནི་རེད། ཡང་གཅིག་གིས་མ་ཤིའོ་ཟེར་ན་ཤིན་ཏུ་དགའ་ནས་མཉམ་བཞག་ལ་བསྡད་ན་བདེ་སང་ངེ་ཡོད་པ་ལྟ་བུའི་བདེ་ཉམས་ཡུལ་དུ་བྱས་ནས་ཡིད་ཤེས་ཀྱིས་བསྒོམ་པའམ་སྒོམ་ཤུགས་ཆེ་ཆུང་གིས་འདོད་ལྷ་རིགས་དྲུག་གང་རུང་དུ་འཕེན་ནི་རེད། ཟག་བཅས་དགེ་བས་ཡང་འདི་དག་ཏུ་སྐྱེ་ནི་རེད། འདི་དག་གཟུང་འཛིན་སེམས་ཀྱི་སྟོད་ཕུར་ཟེར། སྤྱིར་ལུས་ཤ་ཁྲག་གི་རྒྱ། རྣམ་ཤེས་སེམས་ཀྱི་རྒྱ། མ་རིག་ཀུན་གཞི་གསུམ་སོགས་མི་ཕམ་རིན་པོ་ཆེས་གསུངས། སྤྱིར་གོལ་ཤོར་ནོར་གསུམ་ཡོད་ཀྱང་ཤོར་ས་བཞི་ནི། འཁོར་བ་རང་གྲོལ་ལས། ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་༼རིག་པ་ངོ་མ་ཟིན་ན་དེའི་༽ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོགས་ནས་བསྒྲུབ་པ་ན། །གཤིས་ལ་ཤོར་བ་ཞེས་སུ་བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །༼སྐུ་གསུམ་རང་ཆས་སུ་ཡོད་པས་གཞི་འབྲས་དབྱེར་མེད་ལམ་བྱེད་རེད། ༽རྒྱུ་འབྲས་ལྷུན་གྲུབ་མ་ཤེས་ན། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་༼འོད་གསལ་གྱི་ངང་ལ་༽ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོ་གཞན། །བསྒོམ་པ་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། བློ་དང་རྣམ་རྟོག་རྗེས་འབྲང་ནས། །རྒྱུ་འབྲས་མེད་པར་༼དཔེར་ན་རྣམ་རྟོག་སྔ་ཕྱི་རྣམས་བྱ་མ་རྗེས་སུ་བུ་སླེབ་པ་ལྟར་རྒྱུ་འབྲས་འབྲེལ་མར་འབྱུང་བའི་རང་བཞིན་ཅན་འདི་མེད་ཟེར་བའི་༽སྐུར་འདེབས་པ། །འདི་ནི་རྒྱས་འདེབས་སྟོང་པའོ། །ཞེས་དང་། གཞན་ཡང་། དགག་སྒྲུབ་བྲལ་བའི་རིག་པ་ལ། །ཤེས་བྱ་གཤིས་ལ་ཤོར་བ་ཟད། །སྐུ་གསུམ་ལྷུན་གྲུབ་ཆེན་པོ་ལ། །སྟོང་ཉིད་ལམ་དུ་ཤོར་བ་བྲལ། །ཡེ་ནས་ཤར་གྲོལ་དུས་མཉམ་ལ། གཉེན་པོ་གཞན་ནས་བཙལ་བ་སྤངས། སྒོམ་དང་མི་སྒོམ་བློ་བྲལ་ལ། །རྒྱས་འདེབས་འཛིན་པ་རང་སར་ཡལ། །ཞེས་སོ། །ཀློང་སྡེའི་སྐབས་སྣང་གྲགས་དྲན་རིག་གསུམ་དབྱིངས་ཀྱི་རྒྱན་དང་སྐུ་གསུང་ཐུགས་ཀྱི་འཁོར་ལོར་གསུངས། བཻ་རོ་ཚ་བ་རོང་དུ་བྱོན་ཚེ་སྤང་རྒན་མི་ཕམ་མགོན་པོ་ཝ་སང་བྲག་ཏུ་འཇའ་ལུས་གྲུབ་ཚུལ་ཞབས་དྲུང་རིན་པོ་ཆེ་དེར་ཕེབ་སྐབས། མི་ཕམ་མགོན་པོའི་ཡེ་ཤེས་ཀྱི་སྐུས་ཞལ་གཟིགས་ནས་ཉེ་བརྒྱུད་བབ་ཚུལ་སོགས་སོ། ༈ །རྡོར་སེམས་མེ་ལོང་ཤེལ་རྡོ་ལ་གསུངས། ཤེལ་རྡོ་འདི་རྡོ་རྗེ་སེམས་དཔས་མ་འོངས་པའི་དུས་སུ་རྫོགས་ཆེན་བསྟན་པ་དར་བར་གཟིགས་ནས་ཡེ་ཤེས་ཀྱི་འོད་ཟེར་ལས་རྫོགས་ཆེན་བསྟན་པ་དར་ཕྱོགས་སུ་འབྱུང་བའི་དབང་རྫས་སུ་བྱིན་གྱིས་བརླབས་ན་བྱིན་རླབས་ཅན་ཡིན་པས་དབང་བཞི་ཐོབ་ཚེ་དམ་ཚིག་གི་རྟེན་དུ་གའུའི་ནང་དུ་འཇོག་ནི་རེད། མན་ངག་སྡེ་ཤེལ་རྡོ་ལག་ནས་མ་བོར་ན་འོད་ལྔ་ཕྱོགས་བཅུར་འཕྲོ་ཡང་འགལ་བ་མེད་སོགས་ལྟར་རོ། །གཞན་སེམས་ཀློང་གཉིས་ནི་བྱིས་པས་འཇའ་རྗེས་དེད་པ་ལྟར་རོ། །སྤྱིར་འོད་གསལ་རིག་པ་འདི་ངོ་མ་ཤེས་ན་དེས་དབྱིངས་གདོད་མའི་སྟོང་ཆེན་གྱི་དབྱིངས་སམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་མི་ཤེས་པའི་ཕྱིར། རྡོ་གྲུབ་རིན་པོ་ཆེས་ཉག་བླ་ལ། དཔེ་ཆ་ནས་དབྱིངས་རྒན་མ་མི་ཤེས་ནས་ཕུང་སོགས་གི་སྟོང་ཉིད་འདི་གི་ཅིག་ལས་ལས་འཇོག་ནི་རེད། དེས་གོ་བརྡ་མི་འཕྲོད་གསུངས་པ་ལྟར། མི་ཕམ་རིན་པོ་ཆེས་ཡང་ཤེས་རབ་ལམ་གྱི་དབུ་མ་འདི་བུམ་ཆུའམ་རྒྱུའི་དབུ་མ་ལྟ་བུ་རེད། དེ་ལ་བརྟེན་ནས། ཕུང་པོ་རྣམ་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། རྣམ་པ་ཀུན་གྱི་མཆོག་ལྡན་པའི། སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་གསུངས་པ་ལྟར། འདི་རྣམ་གྲངས་པའི་དོན་དམ་རྣམ་གྲངས་མ་ཡིན་པ་ལ་འཇུག་པའི་སྒོ་ཙམ་ཡིན། དགག་བྱ་བདེན་གྲུབ་སྦྱར་བ་སོགས་ལ་དབུ་མ་མེད་ཚུལ་དང་དེ་རྗེ་རིན་པོ་ཆེའི་ལྟ་བ་མིན་ཚུལ་མཁས་གྲུབ་ནོར་བཟང་རྒྱ་མཚོ་པཎ་ཆེན་བློ་བཟང་ཆོས་རྒྱན། ལྕང་སྐྱ་བ་སོགས་ཀྱིས་གསུངས་ཚུལ་སོགས་སོ། །འོན་ཀྱང་མདོ་ལས་ཕུང་སོགས་སྟོང་ཉིད་གཏན་ལ་ཕབ་པ་ལ་དགོས་པ་རྒྱ་ཆེན་པོ་ཡོད་དེ། སྲིད་རྩའི་དངོས་གཉེན་སྟོང་ཉིད་བདུད་རྩི་ལྟ་བུ་མེད་ན་ཐར་པ་ཙམ་ཡང་མི་ཐོབ། འདི་ནི་ཤེས་སྒྲིབ་རགས་པའི་གཉེན་པོ་བདག་འཛིན་གྱི་གཉེན་པོ་དེས་དྲངས་པའི་ཉོན་སྒྲིབ་སྤོང་བྱེད་རེད། དེས་ན་སོ་སྐྱེས་ལམ་འདིར་རྣམ་མཁྱེན་ལས་ཀྱང་ཡིད་ཤེས་བཟང་ཞེས་པ་ལྟར་ཡིད་ཤེས་འཁོར་གྱི་སེམས་བྱུང་། ཤེས་རབ་དེའི་ངོ་བོ་དུས་སུ་ཇེ་ཆེར་སོང་ནས་ཡིད་ཤེས་གཙོ་འཁོར་བཅས་ཤེས་རབ་ཀྱི་ངོ་བོར་གྱུར་ནས་དགག་རྟོག་དང་བསྒྲུབ་རྟོག་གང་རུང་གིས་བསྐལ་ཆེན་གྲངས་མེད་གསུམ་གྱིི་མཐའ་ན་འཕགས་ལམ་བརྟེན་ནི་རེད། དེ་དུས་གཙུབ་ཤིང་གཙུབ་སྟན་མེའི་ངོ་བོར་གྱུར་དགག་སྒྲུབ་དང་བྲལ་བའི་ཡེ་ཤེས་ཉག་གཅིག་ཏུ་གྱུར་འགྲོ་ནི་རེད། སྔགས་བླ་མེད་འབྲས་བུ་ལམ་བྱེད་ཡིན་ཕྱིར་འོད་གསལ་གྱི་དོན་སྤྱི་ངོས་ཟིན་དགོས་ནི་རེད། དེ་ཡང་ཚོགས་ལམ་དུ་རི་མོར་བྲིས་པའི་ཟླ་བ་ལྟ་བུ། ཚོགས་ལམ་ཆེ་འབྲིང་ཆུང་གསུམ་གྱི་དྲན་ཉེར་བཞི། ཡང་དག་སྤང་བཞི། རྫུ་འཕྲུལ་རྐང་བཞི་སོགས་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མཆོག་གི་སྤྲུལ་སྐུའི་ཞལ་མཇལ་བ་སོགས་མི་ཕམ་རིན་པོ་ཆེ་དཔལ་རི་རབ་གསལ་འདི་དེ་རེད་གསུངས་པ་ལྟར་རོ། །སྦྱོར་ལམ་དཔེ་ཡི་འོད་གསལ་ཟླ་གཟུགས་ཆུ་ནང་ཤར་བ་ལྟར་རང་རྒྱུད་ལ་འོད་གསལ་ཡོད་པའི་རྟགས་ཡིད་ཤེས་ངོར་ཤར་ནི་རེད། མཐར་འཕགས་ལམ་ན་འོད་གསལ་དངོས་མཐོང་བ་ཡིན། དེ་ལྟར་ཚོགས་ལམ་པས་གོསྦྱོར་ལམ་པས་མྱོང་། མཐོང་ལམ་པས་རྟོགས་གསུངས་པ་ལྟར་མ་གཏོགས་རྫོགས་ཆེན་བཀའ་གཏེར་གཉིས་ན་དབང་པོ་ཡང་རབ་ཁ་ཅིག་དབང་དུས་ན་རྟོགས་པ་འདྲ་མི་ཤེས་དེ་ལས་རྟོགས་ཚུལ་མ་གསུངས། མ་དག་ཚུར་མཐོང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀ་བ་དང་བུམ་པ་སོགས་ཀྱི་སྣང་བ་འདི་མ་རིག་བདེན་འཛིན་གྱིས་དྲང་བས་ཆགས་སོགས་ཉོན་མོངས་པའི་དབང་གི་བཞག་པ་ཡིན་པས་འདི་དག་པའི་ས་ན་མི་འགྲོ་ནི་རེད། དཔེ་སྟོང་གཞི་བྱས་པའི་སྟོང་ཉིད་ཀྱང་མི་འགྲོ་སྟེ། ཀ་བ་མ་གྲུབ་པའི་སྔ་ལོགས་སུ་ཀ་བའི་སྟོང་ཉིད་མེད། ཀ་བའི་རྒྱུན་འགག་པའི་ཕྱི་ལོགས་སུ་ཀ་བའི་སྟོང་ཉིད་མེད། ཀ་བ་ཡོད་པའི་རང་དུས་ན་དེའི་སྟོང་ཉིད་ཀྱང་ཡོད། དེས་ན་སྔགས་བླ་མེད་དུ་འདི་དག་གི་སྟོང་ཉིད་འདི་སྟོང་ཉིད་རེ་འགའ་བའམ་ཉི་ཚེ་བའི་སྟོང་ཉིད་དུ་བཞག་ལ། དེ་དག་པའི་སར་མི་འགྲོ་བའི་མཐུན་དཔེར་མཁྲིས་ནད་དངས་ཚེ་དུང་སེར་སྣང་ཤུལ་ན་མི་ལུས་པ་དང་རབ་རིབ་ཀྱི་ནད་དྲག་ཚེ་སྐྲ་ཤད་མི་ལུས་པ་དང་ཡི་དྭགས་ཀྱིས་གཙང་མའི་ཆུ་རྣག་དུ་མཐོང་ཡང་སྒྲིབ་པ་དག་པ་ན་རྣག་འཛིན་ལྡོག་ཚེ་ཤུལ་ན་རྣག་མི་ལུས་པ་ལྟར། ཡུལ་ཅན་དྲི་མས་དག་པ་ན་ཡུལ་གྱི་འཁྲུལ་སྣང་ཤུལ་ན་མི་ལུས་པར་རང་ལོག་ཏུ་འགྲོ་བ་ནི་རྨི་ལམ་གྱི་འཇིགས་སྐྲག་གི་སྣང་བ་སད་ཚེ་མེད་འགྲོ་བ་ལྟར་རོ། །མན་ངག་སྡེ་ནི་བཀའ་མེད་ལུང་སྡུག་ཞིག་མིན་ཏེ། དང་པོ་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིག་པའི་མན་ངག་གིས་རིག་པ་རྗེན་ལ་ཕུད། དངོས་གཞི་དགའ་རབ་རྡོ་རྗེའི་འདས་རྗེས་ལ་བརྟེན་ནས་ངོ་རང་ཐོག་ཏུ་སྤྲད། ཐག་གཅིག་ཐོག་ཏུ་བཅད། གདེངས་གྲོལ་ཐོག་ཏུ་བཅའ་བ་དང་། སེམས་དང་རིག་པའི་ཤན་འབྱེད། ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད། ཡིད་དང་ཤེས་རབ་ཀྱི་ཤན་འབྱེད། སེམས་དང་ཡེ་ཤེས་ཀྱི་ཤན་འབྱེད་རྣམས་ཀྱིས་ཤན་ཕྱེ། ལ་བཟླས་ལ་བཟླས་ནས་འདས་རྗེས་གཟེར་བུ་བདུན་པས་ཐོད་རྒལ་སྒོམ་ཐབས་དང་། བཞག་ཐབས་བཞི་པ། སྒོམ་ཉམས་དྲུག་པ་རྣམ་གཉིས་ཀའི་བསྒོམ་ཐབས་ཐུན་མོང་བ་ཡིན་གསུངས། ༈ མུ་བཞིའི་སྐབས་རྫོགས་ཆེན་སྙིང་ཐིག་གི་ལྟ་བ་འདི་ནི་དངོས་གཞི་གཉིས་ཀ་ཡིན་པ། ཡང་གསང་བླ་མེད་ཀྱི་དགོངས་པ་མཐར་ཐུག་པ་ཡིན་གསུངས། ཡེ་ཤེས་བླ་མའི་མུ་བཞིའི་སྐབས་རྡོ་གྲུབ་ལ་གླིང་སྤྲུལ་གྱིས་ཞུས་ནས་གསུངས་པ་དེ་ལ་བརྟེན་ནས་ཉིད་ཀྱི་གསུང་རྣམས་གོ་དཀའ། ད་ལྟ་ཀཿདཔལ་རྫོགས་གསུམ་ཕལ་ཆེ་བས་རང་གི་གཞུང་ལྟར་ཁྲེགས་ཆོད་ལ་སྦྱར་བ་ལས་མི་མངོན། ཡང་རྫོགས་ཆེན་དཔལ་སྤྲུལ། མཁན་པད་རྡོར། ཞབས་དྲུང་རིན་པོ་ཆེ་རྣམས་ནས་ཐེག་མཆོག་མཛོད་ཀྱི་རིམ་ཁང་བཅོ་བརྒྱད་པའི་སྐབས་ཁྲེགས་ཐོད་ཟུང་འཇུག་ཏུ་བསྟན་པ་འདི་ལྟར་དཔལ་སྤྲུལ་རིན་པོ་ཆེ་ཚང་གིས་སྨྱོ་ཤུལ་ལུང་རྟོགས་ལ་ཡེ་ཤེས་བླ་མ་ཕྱག་མཆན་ཅན་ཞིག་གནང་བ་ལ། ལུང་རྟོགས་གིས་ཡི་གེ་མ་ལ་འདྲི་ཟེར་བ་ལས་གཞན་སུ་ལའང་མི་སྟོན་རྒྱུ་དེ་ཨ་བསེ་ཀླུ་མོ་ར་བའི་མཁན་སྤྲུལ་གྱི་ཕྱག་ན་ཡོད་པའི་དཔེ་ལ་ས་བཅད་བསྡུས་མ་བསྡུས་དང་ཚིག་སྣ་བསྟུང་བ་ཙམ་ལས་ཐེག་མཛོད་ཀྱིི་སྐབས་སོར་བཞག་རེད་གསུངས། དཔལ་སྤྲུལ་ཚང་གི་མ་ཤི་ཚེ་ཨ་འཛོམས་ཚང་འཕོ་འདེབས་ལ་དྲངས་བས་འཕོ་རྟའི་ཁ་མ་ཡེ་ཤེས་བླ་མ་ཕུལ་གསུངས་ནས་ཡེ་ཤེས་བླ་མ་གསུང་པའི་ཞལ་རྒྱུན་དང་། ཞབས་དྲུང་གིས་ཨ་འཛོམ་ཚང་གིས་གསུངས་པའི་ཞན་རྒྱུན་དང་། མཁན་པད་རྡོར་ཞལ་རྒྱུན་རྣམས་དེ་ལྟར་གསུངས་པ་རང་ཅག་གི་བླ་མ་རིན་པོ་ཆེས་ཁོང་གིས་གསན་ནས། ཉིད་ཀྱི་ཞལ་ནས་ཡེ་ཤེས་བླ་མ་འདི་མཛོད་བདུན་དང་ཡ་བཞིའི་དགོངས་བཅུད་ཡིན་པས་ཕུག་དེར་གཏུག་དགོས་གསུངས། ཡེ་ཤེས་བླ་མའི་མུ་བཞི་འདི་གབ་པའི་ཚུལ་དུ་གསུངས་པ་ཡིན་པས་སློབ་རྒྱུད་ལ་ཞལ་རྒྱུན་ཞིག་ཡོད་གསུངས་སྲོལ་ཡོད་ཀྱང་། དཔལ་སྤྲུལ་ཞལ་རྒྱུན་མི་ལོན་ན་དེ་ལོན་དཀའ་གསུངས། ཆོས་གཞི་ལ་ལུས་ཞེས་པ་ཁྲེགས་ཆོད་ཀྱི་རིག་པ་བལྟར་མེད་ཙམ་དུ་མཐོང་བ། རིག་གདངས་ཕྲ་བའི་ལོངས་སྐུའི་འཆར་གཞི་ཙམ་ལས་མི་མཐོང་ལ་ཐོད་རྒལ་རིག་པ་བལྟར་ཡོད་ཡིན་པས་གཟིགས་སྟངས་དང་བཞུགས་སྟངས་སྒོ་ཡུལ་རླུང་རིག་གི་མན་ངག་གི་གནད་ལས་ཞིང་སྐུ་ཕོ་བྲང་གསུམ་དངོས་སུ་མཐོང་ནས་ཆོས་གཟུགས་ཀྱིི་སྐུ་དངོས་ལམ་དུ་བྱེད་གི་ཡོད་ནི་རེད། དབྱིངས་ཐིག་རིག་གསུམ་དངོས་མཐོང་བས་རྒྱུད་ཐ་དད་པའི་སངས་རྒྱས་བརྒྱའི་ཞལ་མཇལ་བ་ལས་ཆོད་ཆེ་བ་དང་བྱིན་རླབས་ཆེ་ནི་རེད། ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་རྟོག་མེད་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་མཐོང་བ་དེ་དག་པའི་ས་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གྲུབ་ཟིས་མ་དག་པའི་དུས་ན་སེམས་ཅན་གྱི་ལུས་གྲུབ་ཟིས་དེས་མོ་སྐྲག་མོ་ཞིག་ཡིན་ནི་རེད། དེའི་ཕྱིར་ད་ལྟ་ནས་ཆོས་སྐུ་དང་ལོངས་སྐུ་དངོས་ལམ་དུ་བྱེད་གི་ཡོད་ཚུལ་ཤེས་སོ། །འོག་མའི་ཆོས་གཟུགས་ཀྱི་བསྒྲུབ་གཞི་སོགས་ཀྱི་ཁྱད་དང་ཐོབ་བྱ་སངས་རྒྱས་གོ་འཕང་འདོད་པ་སོགས་སྤྱི་ལྟར་རོ། །

ཞལ་རྒྱུན་གདམས་ཟབ་ཟིན་བྲིས་གནད་གསང་ཡེ་ཤེས་ལག་སྟེར།

༄༅། །ཞལ་རྒྱུན་གདམས་ཟབ་ཟིན་བྲིས་གནད་གསང་ཡེ་ཤེས་ལག་སྟེར་ཤེལ་དཀར་མེ་ལོང་བཞུགས།

སྤྱིར་བསྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་ནི། ཉན་རང་མ་གཏོགས་ཐམས་ཅད་འདྲའོ། །ཉན་རང་གི་རང་འབྲས་དགྲ་བཅོམ་དོན་དུ་གཉེར་བ་ཡིན། རིང་ལམ་རྒྱུའི་ཐེག་པས་ཕར་ཕྱིན་དྲུག་ལ་བརྟེན་ནས་ཆོས་གཟུགས་ཀྱི་སྐུ་བསྒྲུབ། ཉེ་ལམ་རྡོ་རྗེ་ཐེག་པ་ལའང་། ཕྱི་རྒྱུད་གསུམ་དང་ནང་རྒྱུད་མཧཱ་དང་ཨ་ནུ་རྣམས་སོ། །ཕྱི་ནང་གི་རྒྱུད་དེ་དག་གིས་ལམ་བསྐྱེད་རྫོགས་གཉིས་ལ་བརྟེན་ནས་འབྲས་བུ་ཆོས་གཟུགས་ཀྱི་སྐུ་བསྒྲུབ་པ་ཡིན། མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོས་ཆོས་སྐུ་ཀ་དག་གི་དགོངས་པ་ཁྲེགས་ཆོད་ཀྱིས་མངོན་སུམ་དུ་གཏན་ལ་ཕབ་ཅིང་། གཟུགས་སྐུ་ལྷུན་གྲུབ་ཀྱི་སྣང་བ་ཐོད་རྒལ་གྱིས་ལམ་དུ་བྱེད་པ་ཡིན། དེ་ལ་སྔོན་འགྲོ་དང་དངོས་གཞི་གཉིས། སྔོན་འགྲོ་ལ་ཐུན་མོངས་པ་དཔལ་སྤྲུལ་སྔོན་འགྲོ་ལྟར་དང་། ཐུན་མིན་ཁྲེགས་ཆོད་ཀྱི་སྔོན་འགྲོ་ལ་སེམས་ཀྱི་ཁང་བུ་བཤིགས་པའི་ཁྲིད་ཆེན་གསུམ། དངོས་གཞི་གཞི་དྲུག་སྐྱོན་ཅན་དུ་བྱས་ནས། བདུན་པ་སྐུ་གསུམ་འདུ་འབྲལ་མེད་པ་སྐྱོན་མེད་རང་གཞུང་གི་གཞི་དངོས་དང་གཞི་གཉིས་ཀ་ཡིན་པ་དེ་ཉིད་དང་པོ་དོན་སྤྱི་མངོན་སུམ་དུ་ངོ་སྤྲད་པ་དང་། འཕགས་ལམ་ན་དོན་རང་མཚན་འདྲེན་པ་ཡིན། ཐོད་རྒལ་གྱི་སྔོན་འགྲོ་རུ་ཤན་དང་། དངོས་གཞི་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་མངོན་སུམ་དུ་ངོ་སྤྲད་པ་ཡིན། སྤྲད་ཚུལ་ཡེ་ཤེས་བཞུགས་པའི་གནས་སོགས་ཁྲིད་ཆེན་བདུན་ནམ་བརྒྱད། བསྡུ་ན་དྲུག་སོགས་ཡ་བཞི་དང་ཚིག་དོན་མཛོད་སོགས་ན་བཞུགས། ཡེ་ཤེས་བླ་མར་ངོ་སྤྲད་ཚུལ་རྣམས་ཐོར་བུའི་ཚུལ་དུ་ཡོད། དེ་ལྟར་མ་ཤེས་ན་ལམ་གོང་འོག་དང་མྱུར་བུལ་སོགས་མི་ཤེས། ཁྲེགས་ཆོད་ལ་གྲོལ་ས་འཆི་འོད་སྐད་ཅིག་མ་ལས་མེད། ཐོད་རྒལ་ལ་ད་ལྟ་གོམ་འདྲིས་ཡོད་ན་གྲོལ་ས་བཞི་ཡོད། ཐོད་རྒལ་ནི་ཡང་གསང་བླ་མེད་ཁོ་ན་མ་གཏོགས་གསང་སྐོར་ལའང་མཚན་ཙམ་ལས་མེད། ༈ རུ་ཤན་ནི་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་པ་འདི་འཁོར་བའི་རུ། གཞི་སྐུ་གསུམ་འདུ་འབྲལ་མེད་པ་དེ་ནི་དག་པ་མྱང་འདས་ཀྱི་རུ། ཡུལ་ཅན་འཁྲུལ་པ་ལས་གྲོལ་ན་ཡུལ་གྱི་ངོས་ན་མ་དག་པ་ཅུང་ཟད་ཙམ་ཡང་མེད་པ་རབ་རིབ་ཅན་གྱི་སྐྲ་ཤད་དང་། མཁྲིས་ནད་ཅན་གྱི་དུང་གི་སེར་སྣང་བཞིན་ནོ། །རྫོགས་ཆེན་གྱི་ཀ་དག་ནི། འཁྲུལ་སྣང་འདི་དག་ཐམས་ཅད་དང་པོ་བྱུང་བའི་ཁུངས་མེད། བར་དུ་གནས་པའི་ས་མེད། ཐ་མལ་འགྲོ་བའི་ཡུལ་མེད་པའི་སྟོང་གཟུགས་གློ་བུར་བའི་རང་བཞིན་ལས་མ་འདས་སོ། །དེ་ལྟར་སྟོང་གཟུགས་གློ་བུར་བ་ཡིན་ཚུལ་ནི། བྱུང་གནས་འགྲོ་གསུམ་གྱིས་གཏན་ལ་དབབ་པ་དང་། སྙིང་གནས་ནས་འོད་གསལ་སད་ཚེ། རྩལ་དང་རོལ་པ་ཐམས་ཅད་འོད་གསལ་ཉག་གཅིག་གི་རང་བཞིན་ལས་མ་འདས་པས་དེ་གཉིས་ཀྱིས་ཤེས་སོ། །ཚད་ཕེབས་ཀྱི་དུས་སུ་འབྱུང་བཞི་འོད་དུ་དེངས་ཤིང་འབྱུང་བའི་གནོད་པས་མི་ཚུགས། དེ་ལྟར་སེམས་ཀྱི་གདར་ཤ་མ་ཆོད་ན། དགག་སྒྲུབ་རེ་དང་། བཅོས་བསྒྱུར་སྤང་བླང་སོགས་ལས་མ་འདས། རྣམ་རྟོག་འཁྱིལ་བ་བཤིགས་དགོས། དབྱིངས་ལུང་མ་བསྟན་དུ་མ་ཤོར་བར་འཕྲོ་བཅུགའབྱམས་པ་གཅོད་དགོས། རྣམ་རྟོག་འཕྲོ་མཐུད་ནས་ཞེན་པ་དེ་གཅོད་དགོས། འཁྲུལ་སྣང་ཡུལ་ཡུལ་ཅན་གཉིས་པོ་གདོད་མའི་དབྱིངས་སུ་སྦྱང་ཤིང་སྦྱང་ཚུལ་རང་ཡལ་རྗེས་མེད་དུ་སྐྱོང་དགོས། མདོར་ན་ལུས་སྣང་སྟོང་༼གཟུགས་༽སྐུ་རྡོ་རྗེ། ངག་གྲགས་སྟོང་གསུང་༼སྒྲ་༽རྡོ་རྗེ། སེམས་དྲན་བསམ་ཐམས་ཅད་ནམ་མཁའི་བྱ་རྗེས་བཞིན་རང་ཡལ་རྗེས་མེད་དུ་འགྲོ་བ་༼དྲན་༽ཐུགས་རྡོ་རྗེ་གསུམ་གྱི་གདེངས་དང་མ་བྲལ་བར་སྣང་སྲིད་བླ་མའི་རྣམ་རོལ་དུ་སྦྱང་བ་གལ་ཆེ། རླུང་དམིགས་སེམས་གསུམ་གཅིག་ཏུ་དམིགས་རྣམ་སྤྲད་དེ། རླུང་ཟད་ཚེ་རྣམ་རྟོག་ཟད་དེ་གནས་པ་ཞི་གནས། སླར་ཡང་དམིགས་རྣམ་གསལ་བ་ལྷག་མཐོང་སྟེ་ཞི་ལྷག་ཟུང་འཇུག་ཡིན་ནོ། །དང་པོ་ནས་སེམས་ཞི་བའི་ངང་དུ་ལྷོད་དགོས། མི་གནས་ན་གནས་ཐབས། གནས་ན་བརྟན་པའི་ཐབས་ལ་འབད། ལྷག་མཐོང་ཤུགས་ཆེ་ན་འཁྲུལ། ཞི་གནས་ཤུགས་ཆེ་ན་བསམ་གཟུགས་སོགས་སུ་གོལ། དེས་ན་གནས་ཚེ་འཕྲོ་བཅུགའཕྲོ་ན་གནས་བཅུག་ལ་ཞི་ལྷག་གཉིས་ཤུགས་ཆེ་ཆུང་མེད་པར་བྱ་ཕོ་མོས་གསོ་རེས་བཞིན་ཏུ་གཅིག་གྲོགས་གཅིག་གིས་བྱས་ནས་སྟོབས་བསྐྱེད། རུ་ཤན་བཞག་པའི་དུས་ཀྱི་ཁྱད་པར་ཞལ་རྒྱུན་ལ་རྣམ་རྟོག་འཆར་རུང་མེད་པར་ནང་དུ་གཏད་ནས་གནས་ཆ་འཁྱིལ་བ་དེ་བཤིགས་པ་དང་། རྣམ་རྟོག་གི་རྗེས་སུ་འབྲང་ནས་འཁྲུལ་འབྱམས་དེ་སྦྱང་དགོས། མཉམ་རྗེས་ཐམས་ཅད་དུ་ཏིང་ངེ་འཛིན་གོ་ཡུལ་ཙམ་དུ་ལུས་པ་སྦྱང་དགོས། ལྟ་བ་ངོ་འཕྲོད་ཀྱང་སྤྱོད་ལམ་དང་བསྲེ་མི་ནུས་ན་སྦྱང་དགོས། དེ་ལྟར་སྔ་མ་གཉིས་ལས་རུ་ཤན་དང་དབང་ཙམ་ལས་དངོས་གཞི་སྦྱང་སྲོལ་མེད། སྦྱང་ཚུལ་ནི་ལྟ་བའི་གདེངས་མ་ཤོར། བསྒོམ་པའི་ངང་མ་ཤོར་བར་སྦྱང་དགོས། བརྟན་ཆ་ཐོབ་པའི་དོན་དུ་ཉམས་ལེན་ཡང་སྐྱུར་ཨུ་ཐུབ་བལྟས་ཀྱང་དེ་ལས་མ་འདས་ན་བརྟན་ཆ་ཅུང་ཟད་ཐོབ་པ་ཡིན། རྫོགས་ཆེན་སེམས་སྡེ་སོགས་ན། ཡང་དག་ལྟ་བས་ཚུར་ལ་དེད། ཨ་འཐས་དྲན་པས་ཕར་དེད་གཉིས་ཡོད་པའི་ཕྱི་མས་དྲན་པའི་ལྕགས་མཁར་ཚུག་པས་ན་བཤིགས་དགོས། དགའ་རབ་རྡོ་རྗེས། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གནས་པའི་དུས་ན་༴ གྲོལ་བའི་དུས་ན༴ ཇི་ལྟར་ཤར་ཀྱང་ཡེ་ནས་འཁྲུལ་མ་མྱོང་བ། གང་ཤར་ཚད་ཡེ་ཤེས་ཀྱི་རོལ་པ། དེ་ལྟར་རུ་ཤན་གྱི་སྤྱོད་པས་འཁོར་འདས་དག་མཉམ་རྟོགས་པ་ཡིན། འཁྲུལ་པ་བཤིགས་བྱེད་ཕྱིའི་རུ་ཤན་འདི་ཡིན། རྣམ་རྟོག་ཐམས་ཅད་བག་ཆགས་བསོག་ལོང་མེད་པར་སྦྱང་བ་གལ་ཆེ། རྣམ་རྟོག་ཡང་འཕྲོ་བཅུགའཕྲོ་ཚེ་ལྷོད་ལ་བཞགདེ་ལྟར་ཡང་ཡང་ཞི་ལྷག་གཉིས་པོ་སྦྱངས། ཞི་ལྷག་ཟུང་འབྲེལ་ནི་མན་ངག་གི་ཉན་རང་ནས་རྫོགས་ཆེན་གྱི་བར་ལ་དགོས། བཟང་ངན་གྱི་ཁྱད་པར་ཡོད། སེམས་གནས་ལྟིང་ཀ་ལྟ་བུའི་འཁྱིལ་ཞིང་རྨོངས། ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ། དབྱིངས་ལུང་༴ སེམས་རང་ལ་དབང་བ་ལག་པ་ལྟ་བུ་བཏང་ན་དགེ་བའི་ལམ་ལ་འགྲོ་བ། བཞག་ན་རི་རྒྱལ་ལྟར་གཡོ་འགུལ་མེད་པ་ཞིག་དགོས། སྣང་བ་བདེན་མེད། རིག་པ་རྟེན་མེད། གང་ཤར་གྱི་སྣ་མི་བསྐྱིལ་བར། སྨྱོན་པ་འུར་ལངས་པ་ལྟ་བུ། གཉེན་པོས་འབུར་འཇོམ། ཐོལ་སྐྱེས་རྦད་ཆོད། དྲན་པས་རྗེས་སློབ་ལྟ་བུ་མ་ཡིན། གཉེན་པོ་གཞན་མེད་པར་སྦྱང་གཞི་ཆོས་ཀྱི་དབྱིངས་སུ་རང་ཤར་རང་གྲོལ་རང་དྭངས་ལ་འགྲོ་བར་བྱའོ། ཁྲེགས་ཆོད་ཀྱི་རྩལ་སྦྱང་ཚུལ་ཀྱང་འདི་དང་འདྲ་སྟེ། རང་གྲོལ་སྐོར་གསུམ་ན་ཡོད། འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། ཞེས་སོ། །ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་སེམས་འཁྲུལ་སྣང་ལས་གྲུབ་བོ། །གང་གི་ངོར་གྲུབ་ན་མ་རིག་བདེན་འཛིན་གྱི་ངོར། དེ་ལྟར་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤར་ནི་རེད། ཆོས་ཀྱི་དབྱིངས་ཀྱི་རང་གདངས་ཡིན་ཞིང་། དུབ་ཆ་གནས་ཆ་འཁྲུལ་འབྱམས་ཐམས་ཅད་ལྷག་མེད་དུ་བཤིགས་ནས། སེམས་གནས་ཚེ་ཡེ་ནས་བསྒོམ་མ་མྱོང་བ་ལྟ་བུ་དང་། རྣམ་རྟོག་ཤར་ཚེ་ཡེ་ནས་འཁྲུལ་མ་མྱོང་བ་ལྟ་བུ་ཞིག་ཏུ་མ་སོང་བར་འབད་དགོས། སྐྱབས་སེམས་དང་ཐུགས་ཡིད་དབྱེར་མེད་སྐད་ཅིག་སྐད་ཅིག་ལ་དྲན་དགོས། དེ་ཡང་རང་གནས་ཀྱི་སྐུ་དང་ཡེ་ཤེས་མངོན་དུ་གྱུར་ནས་སངས་རྒྱས་པ་ལ་གོ་དགོས། ཞི་ལྷག་གཉིས་པོ་རྟེན༼ཏིང་ངེ་འཛིན༽་བརྟེན་པ་༼ཤེས་རབ་༽དང་གྲོགས་ཚུལ་ཁྲིམས་ཡིན། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་གསུམ་ལ་རྫོགས་ཆེན་གྱི་གནད་འདུ། རྣམ་རྟོག་རྗེས་དེད་ནས་འགྲོ་བ་དེ་འདུག་མ་ཐུབ་རྟགས་རེད། འཆར་ཆ་མེད་པ་དེ་གཏད་སོ་ཡོད་པ་ཡིན། སྣང་སྲིད་རྣམ་དག་གི་དག་སྣང་དང་། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་རུ་ཤན་གྱི་གནད་འདིས་ཤེས་དགོས། དངོས་གཞིའི་སྔོན་དུ་སྔོན་འགྲོ་འདི་དགོས་ཚུལ་ཐེག་མཆོག་མཛོད་དང་། ཁྲེགས་ཆོད་ཀྱི་ཡང་ཡིག་རྣམས་སུ་གསུངས་ཡོད། ཧཱུྃ་གིས་དམིགས་པའི་སྣང་ཆ་མ་དག་པ་དང་མ་རིག་པས་བཞག་པའི་སྣོད་བཅུད་ཐམས་ཅད་སྦྱང་བ་ཡིན། ཏིང་ངེ་འཛིན་མི་བརྟན་པ་བརྟན་ཐབས་རྒྱས་གདབ་དང་། རྩལ་སྦྱང་བྱེད་ཐབས་རྩལ་སྦྱང་ཡིན། འཕྲོ་བའི་རྩད་གཅོད་རྩལ་སྦྱངས་ཀྱི་ཧཱུྃ་འདི་གཟུང་འཛིན་གཏོར་བྱེད་ཕཊཿཀྱི་དམིགས་པ་དང་འདྲ། རྒྱས་གདབ་རྩལ་སྦྱངས་གཉིས་ལ་ཞི་ལྷག་གི་གནད་འདུས། སྒྱུ་མའི་རྣལ་འབྱོར་ཧཱུྃ་གི་རྒྱང་གླུ་ཅན། །སྒྱུ་མའི་ཡུལ་དང་སྒྱུ་མའི་གྲོང་ཁྱེར་བཤིགས། །འཁྲུལ་སྣང་གི་སྒྲིབ་པ་ཐམས་ཅད་སྦྱང་། ཤུལ་ན་ཡོད་བསམ་ཚད་ཧཱུྃ་གིས་སྦྱང་དགོས། སྐྱབས་གནས་ཀུན་འདུས་གཞི་ལ་ཐིམ། གཞིར་གནས་ཀྱི་རིག་པ་ཧཱུྃ་མཐིང་ནག་དུ་གསལ་བ་ཆོས་ཉིད་འགྱུར་བ་མེད་པ་མཚོན་དོན་ཡིན། ཡེ་ཤེས་ལྔའི་རང་གདངས་ཀྱིས་དུག་ལྔ་བསྲེག་སྦྱང་བྱས་ནས། མ་དག་པའི་སྣང་ཆ་ཐམས་ཅད་ཁྲལ་ཁྲོལ་དང་བན་བུན་ཤག་མ་ཤག་གཏན་མེད་དུ་སྦྱངས། ཞབས་དྲུང་རིན་པོ་ཆེའི་གསུངས་བཞིན། རིག་པ་འོད་ཀྱི་ལུས་ཅན་ཡིན། རྒྱས་གདབ་ཀྱི་སྐབས་སུ་ཧཱུྃ་སྣང་འབའ་ཞིག་དང་རེས་འོད་གསལ་གྱི་སྣང་ཆ་ལ་བློ་བཞགདེ་དུས་ཀྱི་གནས་ཆ་དང་དམིགས་པ་གཉིས་པོ་ཞི་ལྷག་སྒྲུབ་བྱེད་ཡིན། ཧཱུྃ་བརྗོད་ཚུལ་ཀྱང་སྙན་ལ་རིང་བ་གསུམ་ཆོད་ཡིན། རྩལ་སྦྱང་སྐབས་ཧཱུྃ་དྲག་ལ་ངར་ཐུང་བ་གཉིས་ཆོད་ཡིན། མཉེན་བཙལ་འདི། སེམས་གནས་པའི་ཐབས་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་གྲོགས་དང་བླ་མ་བཟང་པོ་ལྟ་བུ་འདི་བསྒོམ་ཐུབ་ན་ཏིང་ངེ་འཛིན་ལ་གནས་ཐུབ་དམིགས་རྟེན་རིང་པོ་བཙུགགཡས་སྐོར་དུ་དཀྲིས་ཧཱུྃ་དབུས་མའི་གདོང་མདུན་བསྟན། སྒྱུ་མ་ལྟ་བུའི་སྣང་ཆ་འོད་གསལ་གྱི་དབྱིངས་སུ་སྦྱངས། སྒྱུ་མའི་རྣལ་འབྱོར་སྒྱུ་མའི་ཡུལ་ན་བག་ཡངས་ཁོ་ན་སྤྱོད། ཞི་གནས་བསྒྲུབ་སྐབས་རྣམས་སུ་རྣམ་རྟོག་འདེད་པ་ཧཱུྃ་དང་གཅོད་པ་ཕཊ་ཀྱི་དམིགས་པ་ཉིད་འདི་དང་ཚུལ་མཐུན། དུས་གསུམ་གྱི་འཁྲུལ་པ། རྐྱེན་ཆགས་སྡང་རྨོང་གསུམ། དྲག་སྔགས་ལྷ་འདྲེའི་ཆོ་འཕྲུལ་སོགས་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་སྦྱངས་དགོས། ཡིག་འབྲུ་ནང་སྟོང་པ་ཆོས་ཀྱི་དབྱིངས་མཚོན། རང་གདངས་འགག་གདམ་གྱི་ཡེ་ཤེས་མཚོན་པའི་ཁ་དོག་མཐིང་ནགཧཱུྃ་གི་ཁ་དོག་དང་དཀྲི་ལུགས་སོགས་ཤེས་རབ། ལམ་གཞུང་གི་ཞུགས་ལུགས་སོགས་ཤེས་རབ། དེ་ལས་གཞན་དུ་མི་གཡེང་བ་ཞི་གནས། ལྷག་མཐོང་གི་སྣང་ཆ་བདེན་མེད་དུ་ཤེས། རྩལ་སྦྱངས་ཀྱིས་སྣང་བའི་བདེན་ཞེན་ལྡོགགཞན་དོན་གཟུགས་སྐུའི་རྟེན་འབྲེལ་སྐབས་ཧཱུྃ་དེ་ཉིད་གང་དུ་ཕྱིན་པ་དེ་འོད་གསལ་གྱི་རང་བཞིན་དུ་གསལ། སྒྲིབ་གཉིས་རགས་པ་སྦྱངས། རྫོགས་ཆེན་རང་ལུགས་ཀྱི་སྲིད་པ་བར་དོ་སྦྱངས་བྱེད། ལམ་ཞུགས་ཀྱི་ཧཱུྃ་དམིགས་དང་། བླ་རྣམ་སྐབས་བསྡུ་རིམ་དེ་གཉིས་གཅིག་ཡིན། སྲིན་འགྲོས་ཧཱུྃ་ཁེར་བརྗོད་པའང་དེ་མཉམ་དུ་ཁྲུ་གང་རེའི་སར་ཕར་འཁྱོགས་ཚུར་འཁྱོགས་བྱས་ནས་འགྲོ་བ་ཡིན། མ་དག་པའི་གནས་དང་མཐར་ཤར་ཕྱོགས་མངོན་དགའ་སོགས་སུ་ཕྱིན་ནས་ཆོས་ཉན་ཕྱག་དང་མཆོད་པ་ཕུལ་བར་མོས། མལ་གསོ་ཚེ་དག་མཉམ་གྱི་ལྟ་བའམ་ཡང་ན་འོད་གསལ་གྱི་ངང་དུ་མལ་གསོ། འཕོ་ཚེ་ཞིང་ལྔའི་དབུས་ཀྱི་སྟོན་པའི་ཐུགས་ཀར་འཕོ་དགོས། ཞིང་ལྷ་ཡང་སྙིང་ཁའི་རང་གདངས་ཡིན་ཚུལ་རྫོགས་ཆེན་གྱི་རྒྱུད་རྣམས་ན་གསུངས། རྒྱལ་བ་ཐམས་ཅད་སངས་རྒྱས་པའི་གནས་སྙིང་དབུས་ཡིན། བར་དོ་སྔ་མ་གཉིས་སྦྱང་བྱེད་ཁྲེགས་ཐོད་ཡིན། ཁྲེགས་ཆོད་ཀྱི་སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ་ནི། སྲིད་རྩེ་ནས་མནར་མེད་བར་གྱི་སྣང་བ་དེ་སེམས་འཁྲུལ་པའི་སྣང་ཚུལ་རེད། གནས་ཚུལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན། རྩད་བཅད་པ། འཁོར་རྩ་ངོས་འཛིན། ཐོག་མེད་ནས་ད་བར་དུ་འཁྱམས་འཁྱམས་མཁན་དེ་ལ་ལུས་ངག་ཡིད་གསུམ་ཡོད། འཁྱམས་ཚུལ་ནི། དབང་མེད་དུ་ཤ་བ་ཁྱིས་དེད་པ་དང་ཉ་མོ་ལྕགས་ཀྱུས་འདྲེན་པ་བཞིན་ཁྲིད་མཁན་དང་དེད་མཁན་མེད། རྒྱུ་མེད་རྐྱེན་མེད་དུ་འཁོར་བ་ཡིན། ལས་ཀྱི་དབང་གིས་འཁོར། སེམས་འཁྲུལ་དབང་གིས་ལས་བསགས། ལས་ཀྱི་དབང་གིས་ཁམས་གསུམ་དུ་སྐྱེ། ཁམས་གསུམ་འདི་ནི་ལས་ལས་བྱུང་། ལས་ཀྱིས་བྱས། ལས་ནི་རི་མོ་མཁན༴ རྩད་བཅད་ལུགས་ནི་ལུས་ངག་ཡིད་གསུམ་ཧྲིལ་པོ་ལ་ང་ཞེས་འཛིན། གཙོ་ཆེ་ཆུང་དྲག་པ་དེ་ཡིན། ང་མེད་ན་འཁོར་བར་འཁྱམས་མི་སྲིད། ངར་འཛིན་པ་ལས་ལས་བསགས། ལས་ཉོན་གྱིས་སྡུག་བསྔལ་བསྐྱེད། ངར་འཛིན་ལྡོག་ན་འཁོར་བའི་སྡུག་བསྔལ་ལྡོག ། དཔེ་སྒྱུ་མ་མཁན་བསད་པ་དང་འདྲ། སེམས་མེད་ན་བེམ་པོ། ངག་མེད་ན་ལྐུག་པ། མར་འཁོར་བའི་གནས་ནས་ལུས་ངག་གཉིས་མེད་པའི་སེམས་རང་སྐྱ་ཐུབ་པའི་སེམས་ཅན་ཞིག་མེད། ཡར་སྐུ་གསུམ་དག་པའི་ཞིང་ན་སྐུ་དང་གསུང་མེད་པའི་ཐུགས་རང་སྐྱ་ཐུབ་པའི་སངས་རྒྱས་ཞིག་མི་སྲིད། ༼ཕྲ་བའི་འོད་ལུས་ཀྱང་རྡུལ་གྲུབ་ཡིན། ༽ཁམས་གོང་མ་ལའང་ཐེག་ཆེན་ལྟར་ན་ཏིང་ངེ་འཛིན་གྱི་ཡིད་རིག་གི་ལུས་ཡོད། ཀུན་གཞིའི་ཁམས་ན་ཕྲ་བའི་ལུས་ངག་ཡིད་གསུམ་གྱི་བག་ཆགས་ཡོད། ལུས་ངག་གཉིས་མེད་ན་དང་པོ་དེ་ལྟར་གཞི་ཞིག་ལ་མ་སྦྱར་ན་མི་གོམཐོང་ཐོས་མེད་པས་བླང་དོར་གྱི་ངོ་མི་ཤེས། བར་དུ་སྤང་བླང་མི་ཤེས། ཐ་མ་འབྲས་བུ་སྨིན་པའང་མི་འཐད། དེ་ལྟར་ཡིན་ཀྱང་སེམས་གཙོ་ཚུལ་ནི། ཐོག་མེད་ནས་འདིར་འོང་བ་པོ་དང་། འདི་ནས་ཕྱི་མར་འགྲོ་བ་པོ་ནི་སེམས་ཀྱི་རྒྱུན་འདི་ཡིན། ལུས་ངག་གཉིས་ནི་འདོར་ལེན་བྱས་པ་ཡིན། སེམས་རང་ཉིད་མིན། ཡིན་ན་རྟག་པ་ཡིན་དགོས། འཁྲུལ་གྲོལ་ཡང་སེམས་ཀྱིས་བྱེད་པ་ཡིན། སེམས་ཅན་གྱི་འཆི་གྲངས་བཞིན་འོད་གསལ་འཆར། དེས་མ་ཚད་གཉིད་འཐུག་གི་དུས་སུའང་ཤར་བ་འོད་གསལ་ཡིན། དེའི་ངོར་མ་རིག་པ་ལུང་མ་བསྟན་ཀུན་སོགས་བརྗོད། སྔ་མས་རླུང་སེམས་ཐམས་ཅད་བསྡུས། ཕྱི་མ་མ་མཆེད་པའི་བར་དེ་ལ་ཐོག་མའི་གཞི་དང་། སྤྱི་གཞི་དང་། གྱེས་གཞི་ཞེས་བརྗོད། འཁོར་འདས་གཉིས་འཆར་རུང་གི་གདངས་ཡོད་པ་ཡིན། དང་པོ་རླུང་ཕྲ་བ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔ་ཞེས་རྟོགས་དཀའ་བ་དེ་ཉིད་གཡོ་ཞིང་གཞི་སྣང་ཤར་བའི་མགོ་རྩོམ། དེ་ནས་འོད་གསལ་གྱི་རྩལ་རིག་གདངས་ལས་རླུང་ཕྲ་བས་བསྐྱོད་ནས། རྐྱེན་དང་འཕྲད་ཚེ་ང་རུ་འཛིན་ཅིང་མེད་ལ་ཡོད་པར་སྣང་བའི་བར་དོའི་ལུས་གྲུབ། རྫོགས་ཆེན་གྱི་འཁོར་རྩ་རླུང་ངོས་འཛིན་པའང་དེ་ལ་ཐུགབྱུང་གནས་འགྲོ་གསུམ་དང་ཐུན་མོང་གི་འཁོར་རྩ་བདག་འཛིན་ཡིན། དམའ་ཤོས་ཉན་རང་གིས་ཀྱང་དེ་ཉིད་སྤང་ནས་འཁོར་བར་མི་སྐྱེ། མཚང་བཙལ་བ་ནི་གཅིག་དུ་བྲལ་གྱི་སྒོ་ནས་གཏན་ལ་དབབ་པ་ཡིན། བྱུང་སྐབས་ཀ་བའོ་བསམ་ཚེ་སྐད་ཅིག་ཕྱི་མར་ཀ་འཛིན་གྱི་རྟོག་པ་དེ་ཡུལ་ཀ་བ་ལས་བྱུང་ངམ་སྙམ་དུ། ཀ་བ་དེ་ཉིད་རྡུལ་ཕྲན་བསིལ་གཏོར་བྱས་ནས་གཏན་ལ་ཕབ་པས་ཀ་བ་སྣང་སྟོང་ཟུང་འཇུག་ཏུ་ངེས། ཡུལ་ཅན་གྱི་ཤེས་པ་ལ་དུས་གསུམ་གྱིས་བརྟགས་ཚེ་སྐད་ཅིག་ཆ་མེད་ཀྱི་རང་བཞིན་གསལ་སྟོང་ཟུང་འཇུག་ཏུ་རྟོགས། དེ་བཞིན་དུ་གནས་ས་དང་འགྲོ་ས་ལ་བརྟགས་ཅིང་དཔྱད། མདོར་ན་སྟོང་ཆ་དབྱིངས་དང་། སྣང་ཆ་ཡེ་ཤེས་ཀྱི་རོལ་པ་དག་མཉམ་རྒྱལ་བའི་དཀྱིལ་འཁོར་ལས་མ་འདས། མ་རིག་བདེན་འཛིན་གྱི་ངོར་སྣང་བའི་ཡུལ་ཡུལ་ཅན་ཐམས་ཅད་རིག་སྟོང་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དུ་བཤིགས་དགོས། ཇི་ལྟར་ཤར་ཀྱང་གཞི་རང་མལ་ལས་མ་གཡོས་སོ། །ཕྲ་བ་འོད་ལུས་ཀྱང་རྡུལ། བྱུང་གནས་ཀྱི་སྐབས་སུ་ལུས་སྣང་སྟོང་ཆུ་ཟླ་ངག་གྲགས་སྟོང་བྲག་ཆ། སེམས་དྲན་སྟོང་ནམ་མཁའི་བྱ་རྗེས་བཞིན་ཏུ་གཏན་ལ་ཕབ་དགོས། མདོར་ན་བྱུང་སའི་ཡུལ་ཐམས་ཅད་སྣང་སྟོང་ཟུང་འཇུག་དང་དག་མཉམ་རྒྱལ་བའི་དཀྱིལ་འཁོར་དུ་གཏན་ལ་དབབ། བྱུང་མཁན་གྱི་སེམས་ལ་དཔྱད་ཚེ་མིག་ཤེས་གསལ་རིག་ལྟ་བུ་ལ་མཚོན་ནའང་། སྟོང་ཆའི་དབྱིངས་སྣང་ཆའི་ཡེ་ཤེས་ལ་གཏུག་དགོས། དེ་སྔགས་ལ་བཀྱག་ན་ལྷ་ཡབ་ཡུམ་ཟུང་འཇུག་གི་རང་བཞིན་ཡིན། གཞི་རང་དུས་སུ་གཞི་ལམ་འབྲས་བུའི་ཐ་སྙད་མེད། འཁོར་འདས་ཀྱི་ཐོག་མཐའི་བྱེ་བྲག་གང་ཟག་གི་ངོར་འཇོག་ཏུ་ཡོད། སྤྱིར་འཁོར་བ་ལ་ཐོག་མཐའ་མེད། རིག་གདངས་ལས་རླུང་གི་བསྐྱོད་ཚེ་རྣམ་རྟོགརླུང་རང་དྭངས་ཚེ་རིག་གདངས་ཕར་གཞི་ལ་ཐིམ། ཐབས་ལམ་གྱི་སྐབས་ཀུན་རྟོག་ལས་རླུང་དང་བཅས་པ་གསུངས་པ་དེ་དང་གཅིག་རེད། ལུས་ངག་གཉིས་འཁྲུལ་མི་སྲིད། སེམས་འཁྲུལ་པ་ཡིན། འཁྲུལ་པ་དེའང་སྔ་མའི་ལས་དབང་གིས་ཡིན། རྒྱུ་འབྲས་འབྲེལ་བ་ཟག་བཅས་ཀྱི་ལས་རྗེས་མཐུད་མེད་པར་གྲོལ་ན་ཟག་མེད་ཀྱི་ལས་ཡིན། རྣམ་བྱང་གི་ཕྱོགས་ལ་སེམས་ཉིད་གཙོ་ཆེ། འཁོར་བའི་ཕྱོགས་ལ་སེམས་གཙོ་ཆེ། ནང་རླུང་སེམས་ཤར་གྲོལ་དང་ཕྱི་རོལ་གྱི་འཐས་པ་བཤིགས། ཕྱིའི་ཞིང་སྐུ་ཕོ་བྲང་དང་ནང་རིག་གདངས་ངོ་ཤེས་དགོས། འཁྲུལ་ནི་ཞིག་ཡིན། དང་པོ་ནས་ལས་རླུང་ཡིན། རིག་དང་མ་རིག་ཙམ་ལས་སྤང་བྱ་གཞན་མེད་པས་ཡུམ་ལ་བརྟེན་པ་སོགས་མི་དགོས། སེམས་ཚོགས་བརྒྱད་པོ་དེ་མ་རིག་པའི་རྒྱ་ལས་མ་འདས་ཡེ་ཤེས་ཆེན་པོ་རང་འགྲུབ། ཤེས་སྒྲིབ་ཀྱི་ལྷག་རོལ། གཞི་ལས་ཡེ་ཤེས་ཀྱི་རྩལ་གཡོས་ཚེ་འོད་གསལ་ངོ་ཤེས་མ་ཤེས་ཀྱིས་གྲོལ་འཁྲུལ་བྱེད། ངོ་མ་ཤེས་པ་ལ་མ་རིག་པ་རིགས་འགྲེ་ཡིན། ཤར་ནས་བརྩི་བར་མི་བྱའོ། །ཞེས་པ་ལྟར་ཡིན། ལྟ་བའི་གདེངས་མ་ཤོར། བསྒོམ་པའི་ངང་མ་བོར་བར་རྗེས་ཐོབ་ལ་ལྡང་ནུས་ན་བར་དོར་གྲོལ་བ་ཡིན། ༧བསྲེག་སྦྱངས་སྐབས། ན་བུན་ཞེས་པ་སྨིག་པ་ལྟ་བུའོ། །ཡིག་མགོ་སྟོན་ཚུལ་ནི། མཐོ་རིས་གསུམ་གྱེན་དང་། དུད་འགྲོ་དང་ཡི་དྭགས་གཉིས་ཐད། དམྱལ་བ་ཐུར་བསྟན་ནོ། །ཡང་ན་ངན་སོང་གསུམ་པོ་ཐར་བསྟན་ཡིན་ཀྱང་ཆོགབཀོད་ཚུལ་ནི་སྦྱང་བྱ་དང་སྦྱང་བྱེད་ཀྱི་ཡི་གེ་རྣམས་སྟེང་འོག་གམ། ཡང་ན་སྒྱུ་འཕྲུལ་ལྟར་ཕྱི་ནང་དུ་གསལ། སྦྱང་ཚུལ་ནི་བློ་རིམ་དང་བསྟུན་ལ་ཡས་རིམ་མས་རིམ། ཅིག་ཆར་དང་རིམ་ཅན་གང་ཡིན་ཀྱང་རུང་། རེ་ཞིག་འོག་ནས་ཡར་དེད་བྱས་ན་བདེ། སྦྱང་བྱེད་འབྲུ་གསུམ་ལས་འོད་ཟེར་རང་མདོག་དང་རེ་ཞིག་ཡིག་འབྲུ་རེ་རེ་ལས་ཀྱང་འོད་ཟེར་བསམ་མི་ཁྱབ་པའི་བར་དུ་སྤྲོས་ཏེ། རང་གཞན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ཁྱད་པར་གནས་དྲུག་གི་སྦྱང་བྱ་ཡིག་འབྲུ་ཐམས་ཅད་ལྷག་མེད་དུ་བསྲེགས་ནས་གནས་དེ་དག་ཏུ་སྐྱེས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ལྷག་མེད་དུ་སྦྱངས་བར་བསམ། རྣལ་མ་ནི་མ་བཅོས་པ་དང་། དབབ་པ་ནི་རང་བབས་སུ་འཇོག་པའོ། །དེ་ཡང་ལུས་ཀྱིས་བྱ་བ་དང་། ངག་གིས་ཡིད་བཟླས་ཙམ་ཡང་མི་བྱེད་པར་རླུང་དལ་བ་ལ་བསླབ། སེམས་ཀྱིས་འདས་མ་འོངས་ཀྱི་དྲན་བསམ་ཐམས་ཅད་དང་བྲལ་ནས་རིག་ཐོག་ཏུ་འཇོགརུ་ཤན་གྱིས་རྣམ་རྟོག་གཏོར་བཤིགས་བསྲེག་ནས་རིག་པ་རྗེན་ལ་ཕུད། རྗེན་པ་དེའི་ངང་སྟེང་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་བཏང་ནས་ཤིགས་སེ་ལྷོད་དེ་གཤིས་ཐོག་ཏུ་ལས་ཟིན་གྱི་སྐྱེས་བུ་དང་། ཆུ་ཆད་པའི་རང་ཐགསོག་མའི་ཕོན་ཐག་ཆད་པ། དུར་ཁྲོད་ཀྱི་རོ། སྤྲིན་དེངས་པའི་ནམ་མཁའ་ལྟར་དུ་བཞག་དགོས། དགོས་པ་ནི་རུ་ཤན་གྱིས་ལུས་ངག་གི་ངལ་དུབ་དང་དཀའ་ཚེགས་ཐམས་ཅད་དངས་པ་དང་རིག་པ་རྗེན་ལ་ཕུད་ནས་དེའི་སྟེང་དུ་ས་ཟིན་པའི་དགོས་པ་ཡོད། འདུག་ལུགས་དང་གནས་དབེན་མི་དབེན་རྣམས་རང་ཉམས་དང་བསྟུན་པ་ཞལ་རྒྱུན་ནོ། །དེ་ལྟར་གོང་གི་དམིགས་པ་རྣམས་སྔོན་འགྲོ་ཁོ་ན་ཙམ་གྱིས་ཆོག་པར་མི་བྱེད་པར། ཚེ་གཅིག་ལ་རུ་ཤན་སྔ་ཐུན་ཙམ་དང་། རྣམ་རྟོག་འཁྲུལ་དུས་གནས་དབེན་པར་ཧཱུྃ་སྦྱང་གི་དམིགས་པ་དང་། བསྲེག་སྦྱང་ཡང་། ཐ་ན་ཉིན་རེ་ལ་ཉེར་གཅིག་ཙམ་རེ་ལུས་མི་ཉན། སེམས་ཀྱི་ཁང་བུ་བཤིགས་པ་དང་བྱུང་གནས་འགྲོ་གསུམ་གྱིས་ཀྱང་དབུ་མའི་ཟུང་འཇུག་དང་དེ་ལས་ལྷག་ཚུལ་རྣམས་ཤེས་དགོས་པ་ཡིན་པས་ཤི་མཐའི་བར་ཏུ་འཛིན་དགོས། སོར་གཞུག་པ་ནི། རྣམ་གྲོལ་བྱ་བ་གསུམ་གྱི་ལམ་མོ། །ཕྱེད་སྐྱིལ་ནི་རང་བཞིན་གྱི་འདུག་ལུགས་སོ། །ལྕེ་ཡ་རྐན་ཞེས་པ་དབུགས་ལ་མི་གནོད་པ་ཙམ་དང་དབུགས་དལ་བ་ཞེས་པ་ཉན་ཐོས་ལ་མེད་ཀྱང་། རྫོགས་ཆེན་གྱི་ཁྱད་ཆོས་སོ། །ཉན་ཐོས་པའི་སེམས་གནས་པའི་ཞི་གནས་ཙམ་དང་འདིར་རིག་ཐོག་ཏུ་བཞག་ཚེ་གང་ཟག་གི་བདག་བདག་འཛིན་དང་། ཆོས་བདག་རགས་པ་ཡང་རང་ཞིག་ལ་འགྲོའོ། །བྱང་སེམས་ཀྱི་བྱང་ཆུབ་སེམས་ཀྱིས་དྲངས་པའི་བདག་མེད་གཉིས་གཏན་ལ་འབེབས་པ་ཡིན་ཏེ། འཁོར་གསུམ་རྣམ་པར་རྟོག་པ་སོགས་གསུངས་པ་ལྟར་རོ། །དེ་ཡང་ལྟ་བ་སྟོང་ཉིད་མཁའ་འདྲ་བཅོ་བརྒྱད། བསྒོམ་པ་བྱང་ཆུབ་མཆོག་གི་ཆོས། སྤྱོད་པ་སྐྱོན་མེད་ཕར་ཕྱིན། འབྲས་བུ་གྲངས་མེད་གསུམ་སོགས་ནས། ལམ་དེ་གཉིས་ནི་རིང་ལམ་ཡིན། གསུམ་པ་ནི། མྱུར་ལམ་སྔགས་ཀྱི་ལམ་མོ། ཁྲོ་བོ་ལ་ལག་གཉིས་སྡིག་མཛུབ་བྱས་ནས་གཡོན་སྙིང་ག་དང་། གཡས་གཡས་ཕྱོགས་ཀྱི་མཁའ་ལ་གདེངས་པའི་མཛུབ་རྩེ་ལ་མིག་གཉིས་ཀྱིས་བལྟའོ། །ཁྲོ་མོོ་ལ་དེ་ཉིད་གཡོན་དུ་བསྒྱུར། ལྟ་སྟངས་ཐམས་ཅད་ཀྱི་ཚེ་སེམས་དེ་ལ་གཏད་མི་འདུགའོད་གསལ་གྱི་རིག་ཐོག་ཏུ་བཞག་ཚེ་རང་གྲོལ་ལ་འགྲོ་ཞིང་། སེམས་མེད་པའི་དཔེ་གསུམ་སོགས་གསུངས་སོ། །ཞི་གནས་ལ་ལྷ་མིའི་སེམས་འཛིན་ནས་བཟུང་། རླུང་སེམས་ནུབ་པའི་བར་ལ་དབྱེ་བ་མང་དུ་ཡོད་ཀྱང་། འདིར་དེ་ལྟ་བུའི་གློ་བུར་མན་ངག་གི་སྟོབས་ལས་བྱུང་བ་ལྟ་བུ་མ་ཡིན་པར། རིག་པའི་ངོ་བོ་ཡེ་སྟོང་པའི་དབྱིངས། ཡེ་གདོད་མ་ནས་འཕོ་འགྱུར་མེད་པ། གནས་བྱ་གནས་བྱེད་དང་བྲལ་བ། རང་བཞིན་ཡེ་བབས་ཀྱི་བསམ་གཏན། དེ་ལྟ་བུ་ལ་གོ་དགོས། ལྷག་མཐོང་ཡང་རྣམ་ཤེས་དང་བྲལ་བའི་ཡེ་ཤེས་ལ་གོ་དགོས། དེས་ན་ལྟ་བའི་ངང་མ་ཤོར། བསྒོམ་པའི་ངང་མ་བོར། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བར། ལྟ་སྟངས་དང་པོས་བསྒོམ། གཉིས་པས་རྐྱེན་དང་བསྲེས་ནས་བརྟན་པར་བྱེད། གསུམ་པས་བརྟན་པ་གྲོལ་བར་བྱེད་པ་ཡིན། རིག་པའི་ཁྱད་ཆོས་བཞི་ནི། ཆོས་ཀྱི་དབྱིངས་གདོད་ནས་སྤྲོས་མཐའ་དང་བྲལ་བ་ངོ་བོ་ཀ་དག་གི་ཆ་ནས་གཞལ་ན་ནམ་མཁའ་བཞིན་ཏུ་སྟོང་སེང་ངེ་བའི་བདག་ཉིད། ཤིན་ཏུ་མི་རྟོག་ཀྱང་རང་བཞིན་འོད་གསལ་བའི་ཡེ་ཤེས་ཀྱི་ཆ་ནས་གཞལ་ན་ཉི་མའི་དཀྱིལ་འཁོར་བཞིན་ཏུ་འོད་གསལ་བའི་བདག་ཉིད། དེ་གཉིས་ཟུང་འཇུག་ཐུགས་རྗེ་འཆར་སྒོ་མ་འགགས་པའི་ཆ་ནས་གཞལ་ན་རིག་ཀྱང་མི་འཕྲོ་བ་མིག་འབྲས་བཞིན་དུ་ཧྲིག་གེ་བ། མེ་ལོང་བཞིན་དུ་ཝལ་ལེ་བའི་བདག་ཉིད་ཡིན་གསུངས། རང་བྱུང་གདོད་མའི་ཡེ་གཞི་འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་གི་བདག་ཉིད་དེ་གཞིའི་འོད་གསལ་མ་ལྟ་བུ་ཡིན། གཞི་སྣང་ལམ་གྱི་འོད་གསལ་བུ་ལྟ་བུ་ནི། ཐུགས་རྗེའི་རིག་རྩལ་ལས། རྟོག་ཚོགས་གང་ཤར་བ་ཐམས་ཅད་ཡེ་ཤེས་རང་གདངས་ལས་འོད་ལྔ་ཤར་བ་དེ་ཉིད་གཞི་ལས་གཞི་སྣང་ཕ་ལས་བུ་རྔ་ལས་རྔ་སྒྲ་དེ་ལས་དེ་བྱུང་ཡིན་གསུངས། སྣང་ཆ་ཤར་བ་རྣམས་དང་པོ་རང་སྣང་དུ་ངོ་ཤེས་ནས་རང་སྣང་རང་བཞིན་མེད་པར་ཐག་ཆོད་དགོས། ཤེས་མཁན་དེ་ཉིད་གཞི་ཐོག་ཏུ་རྩལ་རྫོགས་པ་ལ་མའི་པང་ཐོག་ཏུ་བུ་སླེབས་པ་ཡིན་པས་མ་བུའི་ཐ་སྙད་བཏགས་པ་ཡིན། མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོགཟེར་བ་ཡང་དེ་ཡིན་གསུངས། རྩལ་རྫོགས་ནས་བརྟན་པ་ཐོབ་པའི་ཆ་རླུང་སེམས་རགས་པ་དྭངས་པ་ལ་དངོས་གནས་ལམ་གྱི་རིག་པ་རེ་འགའ་བ་ཟེར། ལམ་རིག་དེ་ལ་བརྟེན་ནས་སྒྲིབ་གཉིས་ཀྱི་གཉེན་པོར་སྒྲིབ་པ་སྦྱོང་བྱེད་དུ་གྱུར་པའི་ལམ་རིག་ཡིན། སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་རིག་སྟོང་ཟུང་འཇུག་གི་བདག་ཉིད་དེ་ལ་གཞིའི་འོད་གསལ་ལམ་གཞི་རིག་ཀྱང་ཟེར། ཐུགས་རྗེ་རིག་གདངས་ལས་རྟོག་ཚོགས་ཀྱི་མཚང་མཚན་ཉིད་དུ་ཤེས་པ་ལ་ལམ་གྱི་འོད་གསལ་ལམ་ལམ་རིག་ཀྱང་ཟེར། སྔགས་བླ་མེད་ཀྱི་ལུགས་ནི། འབྲས་བུ་ལམ་བྱེད་ཡིན་པས་རླུང་སེམས་དག་པའི་ཆ་ལ་གནས་སྐབས་སུ་འབྲས་བུའི་རིག་པ་ཟེར། གཞིའི་འོད་གསལ་དང་ལམ་གྱི་འོད་གསལ་ལ་སྤྱི་དང་བྱེ་བྲག་གཉིས། སྤྱིར་རིག་སྟོང་ཟུང་འཇུག་དེ་ལ་གཞི་གནས་མའི་འོད་གསལ་དང་། གཞི་ལས་གཞི་སྣང་ཤར་བ་དེ་ལ་ལམ་གྱི་འོད་གསལ་བུ་ལྟ་བུར་འདོད་ཀྱང་། བྱེ་བྲག་ཡེ་ཤེས་ཀྱི་གདངས་མ་འགགས་པའི་ཆ་མ་དང་། དེ་ལས་འོད་ལྔ་ཤར་བ་བུ་ལྟ་བུ་ཡིན། འཆར་གཞིའི་རིག་པ་ཟང་ཀ་མ་དེ་ཉིད་མ་དང་། དེ་ལས་ཐུགས་རྗེ་རིག་གདངས་ཀྱི་རྟོག་ཚོགས་རྣམས་བུ་རུ་འཇོག་པ་ཡིན་གསུངས། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་གཞི་ལམ་འབྲས་བུ་གསུམ་ཡོད་དེ། གཞི་བདེ་བར་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་གདོད་མ་ནས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཡོད་གསུངས། གཞི་ནི་རིག་སྟོང་འདུས་མ་བྱས་པའི་ཡེ་ཤེས་དེའི་ངོ་བོ་ལ་བྲི་གང་དང་འཕོ་འགྱུར་མེད་ཀྱང་ཁམས་ཀྱི་དྲི་མ་དང་བཅས་པའི་དུས་སུ་གཞི་ཟེར། ཤན་འབྱེད་དང་ལ་བཟླས་པས་ས་ནང་ནས་གསེར་བཙག་བཙག་དང་། ཤ་ནང་ནས་རྨེན་བསལ་བསལ་བྱས་ནས་བླ་མས་རིག་སྟོང་གི་ལྟ་བ་དེ་ངོ་སྤྲད་ནས་ལམ་དེ་ལ་བརྟེན་ན་ཁམས་ཀྱི་དྲི་མ་སྦྱང་བའི་སྐབས་སུ་ལམ་ཡིན། ཁམས་ཀྱི་དྲི་མ་མཐའ་དག་བྱང་བའི་དུས་སུ་འབྲས་བུ་ཡིན་གསུངས་སོ། །དྲི་མ་ནི་གློ་བུར་འཁྲུལ་བའི་རྣམ་རྟོག་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལ་གཞི་ཟེར། འདུས་བྱས་མི་རྟག་པ་མི་བདེན་པའི་རང་བཞིན་ནོ། །ལམ་གྱི་དྲི་མ་སྦྱངས་བྱེད་ནི་ལམ་བདེན་འདུས་མ་བྱས་པ་རིག་སྟོང་གི་ལྟ་བ་ཡིན་པས་ན་འདུས་མ་བྱས་པའོ། །འབྲས་བུ་ལམ་བྱེད་ཡིན་པས་འོད་གསལ་འདུས་མ་བྱས་པའི་རིག་སྟོང་ཡེ་ཤེས་ལས་ལྷག་པའི་འབྲས་བུ་གཞན་དུ་མེད་པ་ཡིན་གསུངས་སོ། །སྒྲིབ་པ་བཞི་ནི། དབང་པོ་སྒོ་ལྔའི་ཡུལ་དུ་སྣང་བ་ཐམས་ཅད་བདེན་གྲུབ་དུ་འཛིན་པའི་ལོག་རྟོག་འཁྲུལ་བའི་དབང་གིས། ཡེ་ནས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་མ་ཤེས་པས་སྤྲུལ་སྐུ་བསྒྲིབ། རྨི་ལམ་གཉིད་འཐུག་པོའི་གནས་སྐབས་གོ་མི་འབྱེད་པའི་ཆ་དེ་ཡིས་ཆོས་སྐུ་བསྒྲིབ། རྨི་ལམ་གྱི་སྣང་ཆ་ཤར་བ་རྣམས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཁ་སྦྱོར་ཡན་ལག་བདུན་གྱི་རང་བཞིན་དུ་མ་ཤེས། རིག་སྟོང་ཁ་སྦྱོར་གཉུག་མའི་ཡེ་ཤེས་ཀྱི་ཀློང་དུ་རྩལ་མ་རྫོགས་ན་ལོངས་སྐུ་བསྒྲིབ། ཟག་བཅས་ཀྱི་ཡུལ་བདེ་བའི་ཆ་དེས་ཚོར་བ་གཞན་རྣམས་བཅོམ། དེ་ལ་སྲེད་ལེན་གྱི་རྟོག་པས་ཡང་ཡང་དང་དུ་བླངས་ནས་རྟོག་པ་གཞན་རྣམས་དེའི་ཤུགས་སུ་བཅོམ་པ་ཡིན། འགོག་པའི་སྙོམས་འཇུག་ཟེར། ཐ་དད་དུ་འཛིན་པ་དེས་ཟུང་འཇུག་ངོ་བོ་ཉིད་སྐུ་བསྒྲིབ། རྨི་གཉིད་སྙོམས་འཇུག་གི་སྒྲིབ་པ་ཟེར་གསུངས། སྒྲིབ་པ་བཞི་དག་ཚེ་སྐུ་བཞི་མངོན་དུ་གྱུར་པ་ཡིན། དེ་དག་གི་གནད་དང་མཚང་རིག་ཚེ་སྒྲིབ་པའི་དངོས་གཉེན་སྣང་བ་དང་མུན་པ་ལྟར་ཐུག་ཕྲད་རང་གྲོལ་ཡིན་གསུངས་སོ། ༈ །གདལ་བ་ཆོས་ཉིད་ཀྱི་ལྟ་བ་ཆོས་ཀྱི་དབྱིངས་ཡིན། རིག་པ་ཡེ་ཤེས་ཀྱི་ལྟ་བ་རིག་པའི་ཡེ་ཤེས་ཡིན། ཟུང་འཇུག་རིག་སྟོང་གི་ལྟ་བ་རིག་སྟོང་ཟུང་འཇུག་གི་བདག་ཉིད་ཡིན། དེ་གསུམ་མཉམ་བཞག་གི་ལྟ་བ་ཡིན་གསུངས། སྤྲུལ་པ་ཕྱག་རྒྱའི་ལྟ་བ་མཉམ་བཞག་ལས་ལྡང་བའི་ཚེ་སྒྱུ་དང་འཕྲུལ་གྱི་ཚུལ་དུ་སྣོད་བཅུད་འདི་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་ཡིན་པ་དང་། ཁྱབ་པ་སྙིང་རྗེའི་ལྟ་བ་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཕྱོགས་དང་རིས་སུ་མ་ཆད་པ་བདག་ཉིད་ཀྱི་ལྟ་བའི་ངང་ནས་བརྩེ་བའི་སྙིང་རྗེ་ཆེན་པོ་བསྒོམ་པ་དང་། སྲིད་གསུམ་ཡོངས་སུ་གྲོལ་བའི་ལྟ་བ་སྲིད་གསུམ་ནི་འདོད་ཁམས་ནས་གཟུགས་མེད་ཁམས་སུ་འཕོ་བའི་སྲིད་པ། གཟུགས་མེད་ཁམས་ནས་གཟུགས་ཁམས་སུ་འཕོ་བའི་སྲིད་པ། གཟུགས་ཁམས་ནས་འདོད་ཁམས་སུ་འཕོ་བའི་སྲིད་པ་གསུམ་ཟེར། རིག་སྟོང་ཟུང་འཇུག་གི་ལྟ་བ་ནི། ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བ་བརྗོད་བྱའི་མཐའ་ལས་འདས་ཀྱང་ཡེ་ཤེས་ཀྱི་གདངས་འགགས་པ་མེད་པས་གཟུགས་མེད་ཁམས་སུ་སྐྱེ་བའི་སྲིད་པ་ཡོངས་སུ་བསྒྲལ་བ་ཡིན། ཡེ་ཤེས་གསལ་ཡང་ཡུལ་མི་འཛིན་པས་གཟུགས་ཁམས་སུ་སྐྱེ་བའི་སྲིད་པ་ཡོངས་སུ་བསྒྲལ་བ་ཡིན། ཟུང་འཇུག་ཐུགས་རྗེའི་རྩལ་ལས་ཇི་ལྟར་ཤར་ཡང་ཆགས་ཐོག་མེད་པར་ཤར་གྲོལ་དུ་སོང་བས་འདོད་ཁམས་སུ་སྐྱེ་བའི་སྲིད་པ་ཡོངས་སུ་བསྒྲལ་བ་ཡིན། སྐུ་གསུམ་འདུ་འབྲལ་མེད་པའི་དབྱིངས་སུ་རྒྱུ་ས་བོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་དྭངས་པ་ལ་བསྒྲལ་བའི་ཐ་སྙད་བཏགས་པ་ཡིན་ནོ། །སྲིད་གསུམ་ཀ་དག་གི་ལྟ་བ་ཡང་ཟེར། རིག་སྟོང་ཀློང་ན་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་རྣམས་མཐའ་དག་དྲི་མ་གཤིས་སུ་མ་སོང་བའི་ཀ་དག་གི་ལྟ་བ་ཡང་ཟེར། སྲིད་རྩ་དྲུང་ནས་འབྱིན་པ་ཡིན་གསུངས། ཁམས་གསུམ་ཞིང་སྦྱོང་གི་ལྟ་བ་གཞི་སྣང་གི་དག་མ་དག་གི་སྣང་ཆ་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིིན་ཡེ་ནས་ཡིན་པར་ཤེས་པའོ། །དུག་གསུམ་རྩིས་འགྱུར་གྱི་ལྟ་བ། དཔེར་ན་ལྕགས་སྲང་སྟོང་ལ་གསེར་སྲང་གང་གི་རྩི་བཏབ་ན་གསེར་དུ་འགྱུར་བ་ལྟ་བུ་དང་། ནས་ཆན་ལ་ཆང་ཕབ་བཏབ་པས་ནས་འབྲུ་ལྷག་ལུས་མེད་པར་རྩིས་ཐེབ་པ་ལྟ་བུ། ལྟ་བས་རྒྱས་ཐེབ་ཡེ་ཤེས་ཀྱི་རྩི་ཉོན་མོངས་པ་ལ་ཐེབ་པས་བཟང་རྟོག་ཏུ་ཤར་ཡང་རང་ཤར་རང་གྲོལ། ངན་རྟོག་ཏུ་ཤར་ཡང་མཐའ་གྲོལ་ཀློང་ཡངས། རྣམ་རྟོག་སྤང་དུ་མེད་པ་ཡིན་གསུངས། འཁོར་བ་གནས་འགྱུར་གྱི་ལྟ་བ། སྣམ་བུ་ཚོས་ལ་འཕངས་པ་ལྟ་བུ་མ་ཡིན་པར་ཡེ་ནས་སྣོད་བཅུད་འདི་ལྷ་སྔགས་ཆོས་ཉིད་དུ་གནས་པའི་ཡེ་ཤེས་ལོགས་སུ་བསྒྲུབ་དུ་མེད་པ་ཡིན་གསུངས། མཉམ་བཞག་ལ་འཇུག་ལྡང་ལེགས་པར་ཤེས་དགོས་དེ། འཇུག་དུས་སྣང་ཞིང་སྲིད་པའི་ཆོས་རྣམས་རང་སྣང་ཡིན་པར་ངོ་ཤེས་དགོས་པ་དང་གཅིགདེའང་རང་སྣང་རང་བཞིན་མེད་པར་ཐག་ཆོད་དགོས་པ་དང་གཉིས། ཤེས་མཁན་རླུང་སེམས་དང་བཅས་པ་གདོད་མའི་གཞི་དབྱིངས་སུ་དྭངས་དགོས་པ་དང་གསུམ། རླུང་སེམས་ཅི་ཙམ་དྭངས་པ་དེ་ཙམ་དུ་གནས་པ་དང་། ཅི་ཙམ་གནས་པ་དེ་ཙམ་དུ་བརྟན་པ་ཐོབ་པ་ཡིན། བརྟན་པ་ཐོབ་པ་དེ་ཙམ་སྒོམ་བྱུང་གི་ཤེས་རབ་དང་ཡེ་ཤེས་ཆེས་ཆེར་རྒྱས་པ་དང་། ཡེ་ཤེས་རྒྱས་པ་དེ་ལྟར་དུ་ཡོན་ཏན་གྱི་ཚོགས་དུ་མས་བརྒྱན་པ་དང་། དེ་ཚེ་ཐོས་བསམ་གྱི་ཤེས་རབ་མ་ཡིན་པར། ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་རྒྱུ་རྐྱེན་ལས་འདས་པ་དེས་སྣང་ཞིང་སྲིད་པའི་ཆོས་རྣམས་ཀྱི་མཚང་མཚན་ཉིད་ཐམས་ཅད་ཡུལ་ཡུལ་ཅན་གྱི་རྣམ་པ་མ་ཡིན་པར་དུས་ཅིག་ཆར་དུ་ཤེས་པ་ཡིན་གསུངས། ལར་བསྒོམ་ཚེ་འཇོག་དུས་འཇོག་ཤེས་དགོས། དཔྱད་པའི་དུས་དཔྱད་ཤེས་དགོས། གང་ལ་འཇོག་ན་རླུང་སེམས་དྭངས་པའི་ཆ་དེ་བརྟན་པ་ཐོབ་དགོས་པ་དེར་འཇོགདེ་མ་བཞག་ན་ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཁྲུལ་པོ་གསུངས་པ་ལྟར། ཧ་ལམ་ལྷག་མཐོང་ལ་གཏོགས་པ་ལྷག་མཐོང་དངོས་མ་ཡིན་པའི་ཆོས་རྣམས་ཀྱི་མཚང་མཚན་ཉིད་སྤྱི་ཙམ་གོ་ཡང་གནད་དུ་མ་ཁེལ་བའི་ཁ་ཕྱིར་བལྟས་ཀྱི་ཤེས་པ་དེ་རྩལ་རྫོགས་དགོས་གསུངས། རྩལ་མ་རྫོགས་ན་འཁྲུལ་འབྱམས་ལ་འགྲོ་ཤས་ཆེ་བ་ཡིན་པས། བྱིན་མ་ཆགས་པས་སེམས་ཅན་སོ་སོར་བརྟགས་འགོག་མ་ཡིན་པར། བརྟགས་མིན་གྱི་འགོག་པ་ལྟ་བུ། སྐྱིད་བརྒྱགས་ཉི་མ་འདྲ་དྲོ་ན་སྟོང་པས་རྒྱས་བཏབ་ནས། རྣམ་རྟོག་མེད་ཤུལ་ཀྱི་སྟོང་པ་བྱི་ཙི་མའི་རྐེ་གདུམ་སོང་ཤུལ་ལྟ་བུས་སྒོག་སྒོག་དེ་ཡིས་ནི་ས་ལམ་མི་ཆོད། རྐྱེན་དང་འཕྲད་ཚེ་མེད། རྐྱེན་མི་ཐུབ་དེ་དུས་རྒྱ་ཁབ་རྡོ་ཐོག་ཏུ་འཕང་བ་ལྟ་བུ་དང་། སྲེ་མོང་རྡོ་ཞབས་སུ་སོང་བ་ལྟ་བུ་རྟོག་པའི་འཕྲོ་མཐུད་གསུངས། རིག་སྟོང་གི་ལྟ་བ་ལ་གདེངས་རབ་ཏུ་ཐོབ་ན་འཆི་ཚེ་སྐྱེ་འཆི་ཞེས་པའང་གཟུགས་སྐུའི་བཀོད་པ་སྣང་ཞིང་སྲིད་པའི་ཆོས་ཕྱི་གསལ་གྱི་སྣང་བ་མཐའ་དག་ཤེས་མཁན་དང་བཅས་པ། གདོད་མའི་གཞི་ཐོག་ཏུ་རང་རྩལ་རྫོགས་པ་ལ་འཆི་བ་ཞེས་གསུངས་པ་ཡིན། གདོད་མའི་གཞི་ལ་གཡོ་བ་མེད་པར་དར་ཅིག་ནས་དེ་ལས་སྐུ་གསུམ་སྟོན་པའི་སྐུར་བཞེངས་པ་ལ་སྐྱེ་བ་ཞེས་གསུངས་པ་ཡིན་པས་སྐྱེ་འཆིའི་རྣམ་རྟོག་འཇའ་ལྟར་ཡལ་བ་ཡིན་གསུངས། ལྟ་སྒོམ་སྤྱོད་གསུམ་ལ། ལྟ་བ་རི་བོ་ཅོག་བཞག་ཡིན་པས་རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ཉིད་ངོ་རང་ཐོག་ཏུ་སྤྲད་པ་ཡིན། རང་ངོ་འཕྲོད་པ་ལྟ་བ་ཟེར་བ་ཡིན་གསུངས། ལྟ་བ་ནི་འཕོ་འགྱུར་དང་བྲལ་བ་རི་རྒྱལ་བཞིན་དུ་གཡོ་འགུལ་མེད་པའི་རི་བོ་ཅོག་བཞག་དང་། སྒོམ་པ་རྒྱ་མཚོ་ཅོག་བཞག་ཡིན་པས་རིག་པ་རང་བབ་ཀྱི་བསམ་གཏན་ཟེར་བ་ཡེ་ནས་བབ་ལུགས་ཀྱི་རང་བཞིན་དཔེར་ན་ཆུ་དང་རླན་ལྟ་བུ། མེ་དང་ཚ་བ་ལྟ་བུ་ཡིན་པས་དེ་ཡི་ངང་ལ་ཐག་གཅིག་ཐོག་ཏུ་བཅད་པ་ཡིན། དཔེར་ན་རྒྱ་མཚོ་ཁ་གཏིང་མེད་པ་རླབས་དང་བྲལ་བའི་ནང་ན་རྒྱུ་སྐར་ཐམས་ཅད་སོ་སོར་མ་འདྲེས་པར་སྣང་བ་དང་། རང་བབས་ཀྱི་བསམ་གཏན་དེའི་ངང་དུ་རྩལ་སྣང་གི་རྟོག་ཚོགས་ཐམས་ཅད་དབྱིངས་སུ་ཐིམ་པས་ན་རླབས་དང་བྲལ་བ་ལྟ་བུ་དང་། རྟོག་ཚོགས་ཐམས་ཅད་དབྱིངས་སུ་ཐིམ་ཀྱང་ཡེ་ཤེས་ཀྱི་གདངས་མ་འགགས་པས་སྣང་ཞིང་ཆོས་ཐམས་ཅད་མ་འདྲེས་པར་རྒྱ་མཚོའི་ནང་དུ་གཟའ་སྐར་ཤར་བ་བཞིན་དུ་རྟོག་མེད་ཀྱི་ཚུལ་དུ་སྣང་བ་ཡིན་པས་སྒོམ་པ་རྒྱ་མཚོ་ཅོག་བཞག་དང་། དེའི་ཀློང་དུ་རྩལ་སྣང་གི་རྟོག་ཚོགས་རླུང་སེམས་དང་བཅས་པ་དབྱིངས་སུ་ནུབ་པས་སྐུ་གསུམ་གྱི་ངང་ལ་གནས་པ་དང་། འཕྲོ་ན་ཡང་ཤར་གནས་གྲོལ་གསུམ་གྱི་རང་བཞིན། སློབ་དཔོན་དགའ་རབ་རྡོ་རྗེས། ཤར་བའི་ཚེ་ནས་མཉམ་ཤར་བཟང་ངན་མེད། །གནས་པའི༴ གྲོལ་བའི༴ གསུངས་པ་ལྟར། བསྒོམ་པའི་ངང་དེར་ཡེ་ཤེས་ཀྱིས་རླུང་གིས་རྟོག་ཚོགས་རྣམས་བསྐྱེད་ནས་ཤར་བ་ཡང་མཉམ་ཤར་ཡིན་པས་ངང་དེ་ལས་མི་འདའ་བཞིན་དུ་ཤར་བས་བཟང་ངན་མེད། ཤར་ཆའི་རྒྱུན་མ་འགགས་པས་ཤར་བའི་ཡུན་དེ་ཅི་ཙམ་གནས་ཡང་བསྒོམ་པའི་ངང་དེ་ལས་ཐ་དད་དུ་མི་འདའ་བར་གནས་པས་ན་མཉམ་གནས་བཟང་ངན་མེད། གྲོལ་བའི་ཚེ་ཡང་ཡེ་བབ་ཀྱི་བསམ་གཏན་དེ་ཀའི་ངང་དེར་གྲོལ་བ་ཡིན་པ་བཟང་ངན་མེད་པས་མཉམ་བཞག་ཏུ་ལྟ་སྒོམ་སྤྱོད་གསུམ་ཆུན་གཅིག་ཏུ་དྲིལ་བའོ། །ཤར་གནས་གྲོལ་གསུམ་གྱི་རང་བཞིན་དུ་སོང་བ་སྤྱོད་པ་ཡག་འ་མ་ཡིན་ནོ། །དཔེར་ན་རྒྱ་མཚོའི་ངང་ལས་ཆུ་བུར་དེ་མཆེད་ཀྱང་ངང་དེ་ལས་མི་འདའ་བཞིན་དུ་མཆེད། ཆུ་བུར་མཆེད་པའི་ཡུན་དེ་གནས་པའི་ཆ་དེ་ཡང་རྒྱ་མཚོའི་ངང་ལས་མི་འདའ་བ་བཞིན་དུ་གནས། ཆུ་བུར་དེ་ཡང་སླར་རྒྱ་མཚོ་རུ་ཐིམ་པའོ། །དེ་ལྟ་བུའི་མཉམ་གཞག་ལྟ་བའི་ངང་དེར་མདོར་ཧྲིལ་གྱིས་དྲིལ་ན་ངོ་བོས་ཤར་ཆའི་གོ་མི་བཀག་པ་དང་གཅིགཤར་ཆ་ཤར་ཡང་ངོ་བོ་ལ་ཕན་གནོད་དང་བྲལ་བ་དང་གཉིས། དབྱིངས་ཀྱིས་ཤར་ཆ་མ་སྤང་བ་དང་། ཤར་ཆས་དབྱིངས་མ་སྤངས་པ་ནི་གནད་དམ་པ་ཡིན་ནོ། །སྤྱོད་པ་ལམ་དུ་ཁྱེར་ཚུལ་ཆུ་ལ་རལ་གྲིས་བསྣུན་པ་ལྟ་བུ་གདེངས་གྲོལ་ཐོག་ཏུ་བཅའ་བ་ཡིན་པས། སྤྱོད་པས་ལ་དོར་དགོས་པ་མིན་པ་ལྟ་རྐུབ་སྒོམ་གྱིས་ཕུད། སྒོམ་རྐུབ་སྤྱོད་པས་ཕུད་ཟེར་བ་ལྟ་བུ་དང་། འབྲུག་པ་རིན་པོ་ཆེས། ལྟ་བ་ཡན་ཐུབ་དང་། སྒོམ་པ་ཡེངས་ཐུབ། སྤྱོད་པ་རྐྱེན་ཐུབ་དགོས་གསུངས། སྤྱོད་པས་གདེངས་གྲོལ་ཐོག་ཏུ་བཟུང་མ་ཤེས་ན་དཔེར་ན་རྒྱལ་པོ་དེ་བཟང་ཡང་བློན་པོ་དང་སྡེ་བ་ངན་ན་དགྲ་བཏུལ་མི་ཐུབ། དེ་བཞིན་དུ་ལྟ་སྒོམ་གྱིས་ཁྱོག་ན་ཡང་། སྤྱོད་པའ་ིརྐྱེན་དང་མ་བསྲེ་ན་གྲོལ་ཆ་མེད་གསུངས། རྒྱལ་པོ་གདན་ལས་མ་བཞེངས་ཡང་བློན་པོ་དང་སྡེ་བ་བཟང་ན་ཕྱོགས་ཀྱི་དགྲ་རྣམས་བཏུལ་ནས་དབང་དུ་སྡུད། མི་བདེ་བ་བདེ་བར་བཀོད་པ་བཞིན་དུ། རིག་པ་གཞི་ལ་བཞུགས་པའི་དུས་དང་། རིག་པ་གཞི་ལས་བཞེངས་པའི་དུས་དང་གཉིས་ཡོད། སྤྱོད་པ་ལམ་ཁྱེར་གྱི་སྐབས་སུ་ུརིག་པ་གཞི་ལས་མི་གཡོ་བཞིན་དུ་བཞེངས་ནས་ལྟ་བའི་གདེངས་བསྒོམ་པའི་ངང་མི་འཆོར་བར་ཚོགས་དྲུག་ལམ་དུ་ཁྱེར། དེ་ཚེ་ཡུལ་རྐྱེན་གྲོགས་སུ་ཤར། རིག་པས་རྐྱེན་ཐུབ། ཉོན་མོངས་པ་ཡེ་ཤེས་སུ་ཤར། ཡེ་ཤེས་ཆེས་ཆེར་རྒྱས། གྲོལ་བའི་གནད་དང་ལྡན། ཆོས་ཉིད་ངང་ལ་རྒྱ་འབྱམས། འཁྲུལ་སྣང་དབྱིངས་སུ་ཟད་པ་ཡིན་གསུངས། དེ་ལྟར་ལམ་དུ་ཁྱེར་མ་ནུས་ན་ནི། དཔེར་ན་གཡག་གི་སྙེད་ཆད་ན་ཁལ་ལོག་པ་དང་། མགོ་མནན་པ་དུས་གཅིག་པ་ལྟར། དབྱིངས་ཀྱི་དཀྱིལ་འཁོར་ཉམས། རིག་པ་ཡེ་ཤེས་ཀྱི་ལྷ་ཉམས། རིག་པ་རྐྱེན་ཁར་འཆོར། གྲོལ་བའི་གནད་སྟོར། ཉོན་མོངས་པ་རང་ཁར་དུ་སྤྱོད། རྟོག་པས་འཕྲོ་མཐུད་ནས་མ་རིག་ལུང་མ་བསྟན་གྱི་ངང་དུ་རྒྱ་འབྱམས་པ་ཡིན་གསུངས། སྐུ་ཚེ་རིང་རྒྱུ་ཆ་ཀབརྟན་ཆ་མི་ཐོབ་སྐྱད་ཅི་འ་ཡིན་ན་གནས་ཆ་མེད་པས་གནས་ཆ་དགོས། སྒོམ་སྙིང་མི་འདོད་སྐྱད་ཅི་འ་ཡིན་ན་ལོག་ལྟས་རྒྱུད་རྩུབ་ཧྲག་གེ་འུ་སོང་། ཁམས་ཀྱི་ཐིག་ལེ་ཉམས་པས་རེད། དད་པ་དག་སྣང་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་ན་ཁམས་ཡུངས་འབྲུ་ཙམ་ཡང་མི་ཉམས་པར་མིག་གི་འབྲས་བུ་བཞིན་དུ་བསྲུང་དགོས་པ་ཡིན། བྱིང་རྨུགས་འཐིབ་གསུམ་དུ་འགྲོ་བ་ཅི་ཡིན་ན། རིག་པ་གསལ་ངར་གྱི་ཆ་ལྷོད་པས་རེད། ལྟ་སྒོམ་གྱི་ཤུབ་ནས་བཏོན་པའི་རིག་པ་གསལ་ངར་དང་ལྡན་པ་དགོས། ངར་ཟེར་བ་དེ་ཡང་གློ་བུར་འཁྲུལ་པའི་བག་ཆགས་ཀྱིས་གླགས་མི་རྙེད་པས་རིག་པ་གསལ་ངར་དང་ལྡན་པ་ཟེར། རིག་པའི་གསལ་ཆ་ཐོན་ཀྱང་ངར་ཆ་མེད་པ་དང་ངར་ཆ་ཡོད་ཀྱང་། དྭངས་ཆ་དང་བདེ་ཆ་མེད་པ་ལྟ་བུ་མ་ཡིན་པར་གང་གིས་ཀྱང་གླགས་མི་རྙེད་པ་སེང་གེ་ངར་མ་ལྟ་བུ་རིག་པའི་ཁྱད་ཆོས་བཞིའི་བདག་ཉིད་ཅན་ནོ། །སེམས་དང་རིག་པའི་ཤན་ལེགས་པར་ཕྱེ་དགོས་ཏེ། གཏིང་གསལ་ཟླ་བ་ལྟ་བུའི་བཟླས། །འཁོར་བ་མྱ་ངན་འདས་པར་བཤད། འབྲེལ་བ་སྡོང་པོ་ལྟ་བུའི་བཟླས། །ཆོས་རྣམས་དོན་ལ་དྲིལ་ཏེ་བཤད། །སྤུ་གྲི་སོ་སྡེབས་ལྟ་བུའི་བཟླས། །ལྟ་བ་ལ་ཤན་འབྱེད་དེ་བཤད། །གླག་མོ་གཟན་ཚོལ་ལྟ་བུའི་བཟླས། །དོན་རྣམས་ཐེ་ཚོམ་མེད་པར་བཤད། །ཅེས་སོ། །རིག་དང་མ་རིག་གཉིས་ལས་མེད་པས་རིག་ན་གྲོལ་གཞི་དང་། མ་རིག་ན་འཁྲུལ་གཞི་ཡིན་པས་སེམས་འཁྲུལ་སྣང་གི་བག་ཆགས་གློ་བུར་འཁྲུལ་བའི་རྣམ་རྟོག་དེས་མེད་ལ་ཡོད་པར་སྣང་བ་ཡིན། ད་འཁོར་བའི་ཐོག་མ་འཇོག་ན་མ་རིག་པ་ནས་འཇོག་དགོས། མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བའི་འཁོར་བ་ཟེར། མ་རིག་པ་ནི་ཀུན་གཞི་དངོས་ཡིན། ལས་ཉོན་གྱི་རྟེན་ཀུན་གཞི་ཡིན་པས་སྔར་གྱི་བག་ཆགས་ཀྱི་འཕྲོ་མཐུད། ད་ལྟའི་བག་ཆགས་སྨིན་པར་བྱེད་པའི་རྟེན་བྱེད། མ་འོངས་པའི་བག་ཆགས་སྡུད་བྱེད་ཀྱི་སྣོད་ལྟ་བུ་ཡིན་གསུངས། དཔེར་ན་ཀུན་གཞི་སོལ་ཕུང་ལྟ་བུ་དང་། ཀུན་གཞིའི་རྣམ་ཤེས་མེ་ལྟ་བུ་ལ། ཡིད་ཀྱི་ཤེས་པ་ཚ་བ་ལྟ་བུ། ཉོན་ཡིད་ཀྱིས་བསྲེག་པར་བྱེད་པ་ལྟ་བུ་ཡིན་ནོ། །སྔགས་ལྟར་དུ་རྒྱུ་གསུམ་རྐྱེན་བཞིའི་དབང་གིས་འཁྲུལ་པའོ། །མདོ་ལྟར་ན་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མར་མ་རིག་པ་ནས་བཟུང་སྟེ་རྒ་ཤིའི་བར་ལུ་གུ་རྒྱུད་དུ་འཁྲུལ་པའོ། །རིག་སྟོང་གི་ལྟ་བ་ངོ་འཕྲོད་པའི་ཚེ་རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ལྟ་བུ་ཡི་འཕང་ལོ་འདྲ་བ་མྱུར་དུ་ཞིག་ནས་འཁོར་བ་ལུགས་ལྡོག་ཏུ་དག་པ་ཡིན་གསུངས། རྟེན་འབྲེལ་བཅུ་གཉིས་ཐོག་ནས་མང་དུ་གསུངས་སོ། །བདེ་བ་ལ་ཆགས་པ་སྲེད་པ་ཡིན། དེ་ཡང་ཡང་དང་དུ་བླང་བ་ལེན་པ་ཡིན། སྡུག་བསྔལ་བྲལ་འདོད་ཀྱི་ཆ་དེ་སྲེད་པ་ཡིན། བྲལ་བའི་ཐབས་ལ་བརྩོན་པ་དེ་ལེན་པ་ཡིན། དེ་རྣམས་ཚོར་བས་ཉམས་སུ་མྱོང་བ་ཡིན། མཚུངས་ལྡན་གྱི་འདུ་བྱེད་དང་ལྡན་མིན་གྱི་འདུ་བྱེད་ཡོད། མཚུངས་པར་ལྡན་པའི་འདུ་བྱེད་མཚུངས་པ་ལྔ་མཚུངས་ཡིན་ནོ། །འདུ་ཤེས་དེ་ལ་མཚན་མར་འཛིན་པའི་འདུ་ཤེས་མཚན་མ་མེད་པའི་འདུ་ཤེས་གཉིས་ཡོད། རྣམ་ཤེས་སྤྲེའུ་ལྟ་བུ། མིིང་གཟུགས་མིང་བཞི་འདུས་པའི་ཕུང་པོ་རྒྱ་མཚོར་གྲུར་ཞུགས་པ་ལྟ་བུ། སྐྱེ་མཆེད་རྣམ་པར་ཤེས་པ་སྐྱེ་ཞིང་མཆེད་པའི་སྒོར་གྱུར་པས་ན་སྐྱེ་མཆེད། དབང་པོ་དང་ཡུལ་ནི་གྲོང་སྟོང་ལྟ་བུ་དབང་ཡུལ་ཤེས་གསུམ་འཕྲད་དགོས། རེག་པ་ཕྲུ་གུདེ་ལ་སོགས་པའོ། །རིག་སྟོང་གི་ལྟ་བ་ངོ་འཕྲོད་པའི་གང་ཟག་རབ་བརྟན་ཆ་ཐོབ་པའི་ཐུགས་རྗེའི་རྩལ་ལས་མ་རིག་ལ་ཕྱོགས་པའམ་འདུ་བྱེད་དང་རྣམ་ཤེས་ཀྱི་མཚམས་སུ་ཐོན་ཚེ་དྲན་པས་ཟིན་པ་དང་། འབྲིང་ཙམ་བརྟན་ཆ་ཐོབ་ན་སྲེད་ལེན་མཚམས་སུ་ཐོན་ཚེ་དྲན་པས་ཟིན་དགོས། དང་པོའི་དུས་སུ་དྲན་པས་ཟིན་ན་དཔེར་ན་ལྡུམ་གྱི་རྒྱུ་ས་བོན་དྲུང་འབྱིན་དང་འདྲ། སྲེད་ལེན་གྱི་སྐབས་སུ་དྲན་པས་ཟིན་ན་དཔེར་ན་ལྡུམ་གྱི་མེ་ཏོག་བཅས་འབྲས་བུ་སྨིན་ལ་མ་རག་པ་ལྟ་བུ་དེ་དུས་ལོ་མ་མེ་ཏོག་དང་བཅས་པ་དྲུང་ནས་འབྱིན་པ་དང་འདྲ། སྲེད་ལེན་གཉིས་ཕ་མ་ལྟ་བུ་ཡིན། དེ་དྲན་པས་མ་ཟིན་ན་རྣམ་སྨིན་གྱི་འབྲས་བུ་བསྐྱེད་མི་བསྐྱེད་མེད་གསུངས། སྔགས་ཀྱི་ཁྱད་གཞིའི་སྟེང་ནས་ཁྱད་ཆོས་འཇོག་པའི་དུས་སུ་སྤྱིར་བཏང་དང་དམིགས་བསལ་ཡོད་པ་ཡིན། ཐེག་པ་འོག་མ་ཐེག་པ་གོང་མའི་ཡོན་ཏན་གྱིས་ཟིལ་གྱིས་གནོན་པ། དཔེར་ན་མིའི་ཆུ་འདི་ནུབ་བདེ་བ་ཅན་གྱི་ཆུ་ཡན་ལག་བརྒྱད་ལྡན་གྱིས་ཟིལ་གྱིས་མནན་པ་ཡིན། དེ་ཡང་སྔགས་རིག་འཛིན་པའི་འཕགས་ཆེན་རྣམས་ཀྱི་སྣང་ངོར་ཆུ་འདི་ལ་མ་མ་ཀཱི་དངོས་སུ་སྣང་བས་གོང་མའི་ཡོན་ཏན་གྱིས་འོག་མ་ཟིལ་གྱིས་མནན་པ་དེ་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །ཐེག་པ་གོང་མ་ལ་ཞུགས་ཚེ་འོག་མ་སྤྱིར་བཏང་བ་ཡིན། གོང་མའི་ཡོན་ཏན་དེ་ཐོབ་པར་དམིགས་ནས་འཇུག་པ་དང་། ཇི་སྐད་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། ཞེས་སོ། །མཉམ་གཞག་རིག་སྟོང་གི་ངང་མདངས་ཀྱི་རྒྱུན་སྐྱོང་བ་ལ་ཤེས་རབ་རྩིས་ཟིན་གྱི་རྟོག་པ་ཟེར་གསུངས། རྗེས་སྣང་ཉམས་ལེན་གྱིས་སྐྱོང་ཚུལ་ནི། ལྟ་བའི་གདེངས་སྒོམ་པའི་ངང་མི་འཆོར་བཞིན་དུ་དབང་པོ་སྒོ་ལྔའི་ཤེས་པ་ཡུལ་དང་བསྲེ་ནས་ཡུལ་བདེན་མེད་གཟུགས་སྣང་སྟོང་ཆུ་ཟླ་ལྟ་བུ་དང་། སྒྲ་གྲགས་སྟོང་བྲག་ཆ་ལྟ་བུ་དང་། ཡིད་དྲན་སྟོང་བྱ་ལམ་རྗེས་མེད་ཀྱི་རྣམ་རོལ་དུ་ལམ་ཁྱེར་དགོས། དེ་ལྟར་རྗེས་ཤེས་ཀྱི་ངང་སྐྱོང་ནས་ལམ་དུ་ཁྱེར་ཚེ་སྣང་ཆ་ཡད་ཡུད་དུ་སོང་བ་འོང་རྗེས་ལ་ཐོབ་པའི་ཡེ་ཤེས་རྟོགས་དགོས་གསུངས། མདོ་ལམ་ནས་ས་དང་པོ་རབ་ཏུ་དགའ་བ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་རྟོགས་བྱ་ཆོས་ཀྱི་དབྱིངས་དང་། རྟོགས་བྱེད་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་ལ། སྔགས་ལམ་ནས། སྦྱོར་ལམ་དུ་དཔེ་ཡི་འོད་གསལ་དང་། མཐོང་ལམ་དུ་དོན་གྱི་འོད་གསལ་ཡིན་པས་མདོའི་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་རྟོགས་བྱ་རྟོགས་བྱེད་དང་། སྔགས་ཀྱིས་མཉམ་བཞག་དུ་དོན་གྱི་འོད་གསལ་རྟོགས་པས་དེ་གཉིས་ཀྱི་རྟོགས་བྱ་ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད་གསུངས། རྟོགས་བྱེད་སོ་སོར་རང་རིག་གི་ཡེ་ཤེས་ལ་ཁྱད་པར་མེད་༼ཡོད་ཡིན་ནམ་དཔྱོད༽གསུངས། ལམ་ལ་མྱུར་བུལ་ཡོད་པས། མདོ་ལམ་དུ་བསྐལ་པ་གྲངས་མེད་གསུམ་དང་བདུན། སུམ་ཅུ་རྩ་གསུམ། གང་ཟག་རབ་འབྲིང་ཐ་གསུམ་ཕྱེ་ནས་དེ་དུས་སངས་རྒྱས་པ་ཡིན། ཇི་སྐད་དུ། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་འགྱུར། ཞེས་སོ། །སྔགས་ལམ་དུ་དཔེ་སྔགས་རིག་པ་འཛིན་པ་རྣམས་ཀྱིས་སྔགས་དང་། ཏིང་ངེ་འཛིན་གྱི་འབྲས་བུ་ད་ལྟ་བཏབ་པ། ད་ལྟ་སྨིན་པ་མི་ཕམ་རྣམ་པར་རྒྱལ་བའི་ལྗགས་ཐོག་ཏུ་སྲན་མའི་ཁ་གད་ནས་མེ་ཏོག་སྙན་གྱི་ཐད་ཀར་ཁ་གྱེས་པ་ལྟ་བུ་ཡིན་པས་ཚེ་ལུས་གཅིག་གི་རྒྱལ་བ་རྡོ་རྗེ་འཆང་གི་སྐུར་བཞེངས་པ་ཡིན་གསུངས། མདོ་ལམ་ན་ཡུལ་བ་སོ་ནམ་མཁན་གྱིས་ས་བོན་བཏབ་ནས་སྟོན་དུས་སུ་སྨིན་པ་ལྟ་བུའོ། །

༈ སྣང་ཞིང་སྲིད་པའི་ཆོས་རྣམས་སྟོང་བཞིན་ཏུ་སྣང་། སྣང་བཞིན་དུ་སྟོང་པའི་བདག་ཉིད་སྣང་སྟོང་ཟུང་འཇུག་ཡིན་པ་སྣང་བས་ཆད་པའི་མཐའ་ལས་འདས། སྟོང་པས་རྟག་པའི་མཐའ་ལས་འདས། ཟུང་འཇུག་གིས་ཡོད་མེད་གཉིས་གའི་མཐའ་ལས་འདས། བརྗོད་དུ་མེད་པས་གཅིག་དང་དུ་མའི་མཐའ་ལས་འདས་པའོ། །སྣང་ཆ་དེ་ལ་བརྟེན་པའི་ཆོས་ཉིད་འཇོག་ཤེས་དགོས། ཇི་སྲིད་སྣང་བའི་འདུ་ཤེས་མ་ཟད་བར་དུ་སྣང་སྟོང་ཟུང་འཇུག་གམ་བདེན་གཉིས་ཟུང་འཇུག་ཏུ་འདུག་དགོས། སྟོང་ཉིད་ཁྱད་པར་བཞི་ལྡན་ནི། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སོགས། དེ་ལྟ་བུའོ། །མི་ཕམ་རིན་པོ་ཆེ་ཚོས། མདོར་བསྡུ་ན། དགག་སྒྲུབ་ནི་ཡོད་མིན་དང་མེད་མིན་བཞི་ལ་འདུས་གསུངས་སོ། །འཆི་ཚེ་ཐིམ་རིམ་རྣམས་རྫོགས་ནས་གཞི་ཡི་འོད་གསལ་ཤར། ད་ལྟ་ཅི་ཙམ་གནས་པ་དེ་ཙམ་ལྔ་གནས། དེ་ནི་སངས་རྒྱས་ཡིན་པའི་ཡེ་ཤེས་ཡོན་ཏན་མ་རྫོགས། སེམས་ཅན་ཡིན་པའི་འཁྲུལ་པ་མ་བྱུང་བ་ཡིན། གཉིས་ག་འཆར་རུང་བའི་བདག་ཉིད་དེ་ལ་མུ་བཞི་དབྱེ་ན། འཁྲུལ་མ་མྱོང་། གྲོལ་མ་མྱོང་བ། ཀུན་ཏུ་བཟང་པོ་ཡིན། དགེ་བ་སྤུ་ཙམ་མ་བྱས། རྒྱུ་སྔོན་སོང་མེད་ཀྱང་། རང་བྱུང་གདོད་མའི་གནས་ལུགས་བཅིང་གྲོལ་ལས་འདས་པའི་རང་བཞིན་རིག་པས་གྲོལ་བ་ཡིན། ཚོགས་ཡེ་རྫོགས་ཡིན་གསུངས། འཁྲུལ་གྲོལ་གཉིས་ག་མ་མྱོང་བ་གཞིའི་འོད་གསལ་ཡིན། འཁྲུལ་གྲོལ་གཉིས་ག་མྱོང་བ་རྣལ་འབྱོར་ལམ་བགྲོད་ཟིན་པའི་གང་ཟག་ཡིན། འཁྲུལ་མྱོང་ཀྱང་གྲོལ་མ་མྱོང་བ་མཐའ་མེད་ཀྱི་སེམས་ཅན་ཡིན་གསུངས་སོ། །

༈ ཆོས་ཉིད་བར་དོའི་སྐབས་སུ་བུང་ཚང་འཐོར་བ་ལྟ་བུ་གཞོན་ནུ་བུམ་སྐུའི་རྒྱ་རལ་བའི་དུས་སུ་འདི་ལྟར་དུ་སྣང་། སྟེང་ན་ཆོས་སྐུའི་ཞིང་ནམ་མཁའ་གཡའ་དག་པ་ལྟ་བུར་སྣང་། དེའི་འོག་ཏུ་ལོངས་སྐུའི་ཞིང་རྒྱན་དང་བཀོད་པ་སྣང་། དེའི་འོག་ཏུ་ཕྱེད་སྤྲུལ་ལོངས་སྐུའི་ཞིང་དང་གཞལ་ཡས་ཁང་སྣང་། དེའི་འོག་ཏུ་རིགས་དྲུག་འདུལ་བྱེད་ཀྱི་ཐུབ་པ་དྲུག་སྣང་། དེའི་འོག་ཏུ་འགྲོ་བ་རིགས་དྲུག་གི་སེམས་ཅན་དུ་སྣང་གསུངས། དེ་ལྟར་སྣང་ཡང་རྨི་ལམ་གྱི་སྣང་བ་དང་འདྲ་གསུངས། དེ་དུས་ཕན་བཏགས་པ་དང་འདྲེན་སྟོན་བྱེད་པ་ལྟ་བུ་སྣང་ཡང་རྨི་ལམ་གྱི་སྣང་ཆ་ལྟ་བུའོ། །དེ་ཚེ་རང་སྣང་དུ་ཤེས། རང་སྣང་རང་བཞིན་མེད་པར་ཐག་ཆོད། ཤེས་མཁན་གདོད་མའི་དབྱིངས་སུ་དྭངས་པའི་ཚེ། ཕྱིའི་སྣང་ཆ་ཤར་བ་ཐམས་ཅད་ཤེལ་འོད་ནང་དུ་ལྡོག་པ་བཞིན་དུ་གཞི་ཐོག་ཏུ་དྭངས་པའོ། །

༈ མན་ངག་སྡེ་ཡི་རིག་སྟོང་ཟུང་འཇུག་གི་ལྟ་བ་ནི། ངོ་བོ་ཡེ་སྟོང་སྤྲོས་པ་དང་བྲལ་བས་རྟག་མཐའ་བསལ་བ་དང་། ཡེ་ཤེས་ཀྱི་གདངས་མི་འགག་པས་ཆད་མཐའ་བསལ་བ་དང་། རིག་སྟོང་ཟུང་འཇུག་གི་བདག་ཉིད་ཡིན་པས་ཡོད་མེད་ཐ་དད་དུ་འཛིན་པའི་མཐའ་བསལ་བ་དང་། རྗོད་བྱེད་ཀྱི་ཡུལ་ལས་འདས་པས་གཅིག་པུའི་མཐའ་ལས་འདས་སོ། །ངོ་བོ་སྟོང་ཀྱང་རང་གདངས་མི་འགགས་པས་གཟུགས་མེད་ཁམས་སུ་གོལ་ས་ལས་འདས། ཡེ་ཤེས་གསལ་ལ་མི་འཛིན་པས་གཟུགས་ཁམས་ཀྱི་གོལ་ས་ལས་འདས། རིག་ཀྱང་མི་འཕྲོ་བའམ་རྟོག་ཚོགས་ཤར་ཡང་གྲོལ་བ་བཞིའི་རང་བཞིན་ཡིན་པས་འདོད་ཁམས་ཀྱི་གོལ་ས་ལས་འདས་པའོ། །

༈ རྨི་ལམ་ལ་ཡང་། རབ་ལ་འཆར་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བ་ངེས་པའོ། །གསུངས་པས། རབ་ཀྱིས་རྨི་ལམ་འོད་གསལ་ཟིན་པ་དང་འབྲིང་གིས་རྨི་ལམ་གྱི་སྣང་ཆ་ཤར་བ་རང་སྣང་དུ་ཤེས། ཐ་མ་ཡིན་ཡང་རྨི་ལམ་དག་པ་ཁོ་ན་རྨིས་དགོས་གསུངས།

༈ རིག་སྟོངགི་ལྟ་བ་ངོ་འཕྲོད་པའི་གང་ཟག་ཞིག་ཡིན་ན། མཉམ་པར་བཞག་པའི་གནས་སྐབས་དེ་ན་སྔོན་འགྲོའི་ཆོས་རྣམས་ལྟ་བའི་ཀློང་དུ་རྫོགས་པ་ཡིན་ཏེ། ཇི་ལྟར་རྫོགས་ཞེ་ན་ཀུན་སློང་ལའང་སྔགས་ལྟར་ན་གནས་ཚུལ་སྣོད་བཅུད་འདི་ཡེ་ནས་ཞིང་དང་གཞལ་ཡས་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་གནས་པ་ཡིན་པས། དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཀྱི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་ནས། རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་ཚེ་ལུས་གཅིག་གིས་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སྟོང་ཉིད་ཟབ་མོ་བསྒོམ་པར་བྱེད་པའོ་སྙམ་དུ་སེམས་བསྐྱེད། བླང་བྱའི་ཀུན་སྤྱོད་ནི་ཆོས་དང་མཐུན་པའི་ལས་བྱེད་པ་ལ་ཀུན་སྤྱོད་ཟེར། བློ་ལྡོག་རྣམ་བཞི་ལ། དལ་བའི་ལུས་རྟེན་ལ་སྙིང་པོ་ལེན་ཚུལ་ནི། ལུས་སྣང་སྟོང་རྒྱལ་བའི་སྐུ། ངག་གྲགས་སྟོང་རྒྱལ་བའི་གསུངས། ཡིད་དྲན་སྟོང་རྒྱལ་བའི་ཐུགས་ཀྱི་རང་བཞིན་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་བདག་ཉིད། སྙིང་པོ་དེ་ལྟར་དུ་ལེན་པ་ཡིན་པས། དེ་ལས་ལྷག་པའི་སྙིང་པོ་ཞིག་ལེན་ཚུལ་ནི་རྡོ་རྗེ་འཆང་གིས་ཀྱང་མདོ་རྒྱུད་བསྟན་བཅོས་གང་ནས་ཀྱང་མ་གསུངས། ཚེ་མི་རྟག་པ་ནི། སྐྱེ་འཆིའོ་བསམ་པའི་རྣམ་པར་རྟོག་མེད་རང་རིག་བྱང་ཆུབ་སེམས་ཀྱི་ཀློང་དུ་གྲོལ་ནས་སྐྱེ་འཆི་བགྲེས་རྒུད་བྲལ་བའི་རིག་པ་ལ་ཡང་མངའ་བརྙེས་ནས་འཆི་མེད་གཉུག་མའི་བཙན་ས་ཟིན་པ་ཡིན། ལས་རྒྱུ་འབྲས་ནི། དམིགས་མེད་ལྟ་བའི་ཀློང་དུ་བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་བག་ཆགས་བསགས་ལོང་མེད་པར་ཤར་གྲོལ་དུ་འགྲོ་དགོས་པ་ཡིན། རྒྱུ་འབྲས་མིག་བཞིན་དུ་བསྲུང་བ་ཡང་དེ་ལ་ཟེར། འཁོར་བའི་ཉེས་དམིགས་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་དག་རྣམས་སྣོད་དག་པ་རྒྱལ་བའི་དཀྱིལ་འཁོར། བཅུད་དག་པ་རིག་འཛིན་གྱི་ལྷ་ཚོགས། རྒྱུད་དག་པ་ཡེ་ཤེས་ཀྱི་རོལ་པ། སྒྲ་དག་པ་ཆོས་ཉིད་ཀྱི་རང་སྒྲ། དེ་ལྟར་ཡིན་པས་སྤང་བླང་མེད་པར་འཁོར་འདས་དག་མཉམ་གྱི་ལྟ་བ་ཞེས་ཟེར་བ་ཡིན་ནོ། ༈ །མཉམ་བཞག་གི་སྐབས་སུ་ཤེས་རིག་རང་ཚུགས་ཟིན་པ་གནད་གལ་པོ་ཆེ་ཡིན། དེ་ལས་གཞན་པའི་སྟོང་པ་ནམ་མཁའ་འདྲ་བ་སོགས་ལ་དགོས་པ་ཅི་ཡང་མི་འདུགསྤྱོད་ལམ་གྱི་སྐབས་སུ་རིག་ངོ་དྲན་པས་རྒྱུན་དུ་སྐྱོང་བ་གལ་ཆེ་བས་དེ་ལུགས་རེམས། ༈ རིག་སྟོང་ཁ་སྦྱོར་གྱི་དགོངས་པ་ནི། དང་པོ་རླུང་སེམས་གཉིས་ཀྱི་རྒྱབ་གྱེས་པ་དང་། བར་དུ་སྣ་ཚོགས་ཉམས་ལ་ཞེན་པའི་ཤུན་པ་བྲལ་བ་དང་། ཐ་མ་དབྱིངས་ལུང་མ་བསྟན་གྱི་སྟོང་ཆ་དངས་པ་དང་། དེ་ལྟ་བུའི་བྲལ་བྱའི་ཆོས་གསུམ་དང་བྲལ་བའི་ཚེ་ན། ཡུལ་ཅན་གྱི་རིག་པ་རྗེན་པ། ཡུལ་ཆོས་ཉིད་མཐའ་དབུས་དང་བྲལ་བའི་ཀློང་དུ་གཉིས་མེད་ཟུང་འཇུག་ཏུ་བཞུགས་པ་ནི། དཔེར་ན་གནམ་སྟོང་གི་ཟླ་བ་མཁའ་དབྱིངས་སུ་འཁྱིལ་བ་ལྟ་བུའི་ཆ་དེ་ནི་རིག་སྟོང་ཁ་སྦྱོར་ཡིན་ཏེ། དེ་ཡི་རྩལ་ཤར་གྲོལ་དུས་མཉམ་ཡིན་པས་འོད་གསལ་གྱི་འཆར་སྒོ་འགག་མེད་དུ་བརྗོད་པའོ། །རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་ཆོད། གྲོལ་ཐོག་ཏུ་གདེངས་བཅའ་བ་ནི་གནད་དམ་པའོ། །དེ་ལམ་རིག་གི་ཆའོ། །གཞི་རིག་ནི་ཆོས་དབྱིངས་གདོད་མའི་གཞི་དང་། ཡེ་ཤེས་ཐིམ་བྱའི་རིག་པ་གཉིས་མེད་ཟུང་འཇུག་ཏུ་བཞུགས་པ་ཡིན་ཏེ། དེའི་རྩལ་ཡེ་ཤེས་ལ་ཡེ་ཤེས་རོལ་པའོ། །འབྲས་བུའི་རིག་པ་ནི། སེམས་ཅན་གྲོལ་བའམ་སངས་རྒྱས་ཀྱི་དགོངས་པ་གདོད་མའི་སྟོང་ཆེན་གྱི་དབྱིངས་དང་ནང་གསལ་ཕྲ་བའི་ཡེ་ཤེས་གཉིས་གཉིས་མེད་ཟུང་འཇུག་ཆེན་པོར་བཞུགས་ནས་རྩལ་ཆོས་ཉིད་ལ་ཡེ་ཤེས་རོལ་བའོ། །གཞན་ཡང་། བྱིང་བ་ནི་རིག་པའི་གསལ་ངར་གྱི་ཆ་ལྷོད་པ་དང་། རྒོད་པ་ནི། འདོད་པའི་ཕྱོགས་སུ་གཏོགས་པའི་འཕྲོ་བའི་ཆའོ། །རྨུག་པ་ནི་སེམས་ལ་མུན་པ་བབ་པའི་རྣམ་པ་ཅན་ནོ། །དེའང་རང་སྟོབས་ཀྱིས་དངས་པ་ནི་རྩོལ་མེད་ཅོག་བཞག་རྣམ་གསུམ་གྱི་ངང་མདངས་བསྐྱང་བའི་ཚེ་ན། བྱིང་རྒོད་རྨུག་གསུམ་སྤྲིན་བཞིན་དུ་དངས་འགྲོ་བ་དང་། ཐབས་ལ་བརྟེན་པ་ནི། བྱིང་བའི་ཚེ་རླུང་རོ་དགུ་སྤྲུག་བྱས་ནས། དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་དང་བྲལ་བ་ལ་བརྟེན་ནས་རླུང་སེམས་གཉིས་ཀྱི་རྒྱབ་གྱེས་ཚུལ་ལ་མཁས་པར་བྱའོ། །རྒོད་ན་བླ་མ་སྙིང་དབུས་སུ་བསྒོམ་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ནས་དྲན་པ་རང་ཡལ་གྱི་སྟེང་དུ་བླ་མའི་ཞལ་མཐོང་བ་ལ་མཁས་པར་བྱའོ། །རྨུག་ན་དབྱིངས་རིག་བསྲེ་བ་སྟེ། ལས་དང་པོ་པའི་ཤེས་པ་མིག་ལ་མ་གཏད་ན་དབྱིངས་དང་ཐིག་ལེ་འཆར་མི་སྲིད། ཤར་ཀྱང་ཡུལ་དང་ཡུལ་ཅན་ལས་མ་འདས་པའི་ཆོས་ཡིན་པའི་ཕྱིར་ན་དབྱིངས་རིག་བསྲེ་དགོས་ཏེ། དེའང་ཤེས་པ་ནང་དུ་ལོག་ནས་དག་དགོས་པ་ཡིན་ཏེ། དེའི་རྟགས་དབྱིངས་ཐིག་སྲབ་མོ་ཙམ་དུ་འགྲོ་བ་ཡིན། དེའི་ངང་ལ་བསྒོམ་ན་དབྱིངས་ཐིག་འཐུག་པོར་འཆར་བ་ཡིན་ཏེ། དེའི་ཚེ་དབྱིངས་རིག་དབྱེར་མེད་དུ་འདྲེས་པ་ཡིན། དེའི་ཚེ་དབྱིངས་ཐིག་ལ་འགུལ་འཕྲིག་གི་རྣམ་པ་ཡོད་པ་མིན་ནོ། །ཞེས་སོ། ༈ །མཉམ་གཞག་གི་སྐབས་སུ་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་དུས་གསུམ་གྱི་རྟོག་ཚོགས་གང་ཤར་ཐམས་ཅད་བག་ཆགས་བསོགས་ལོང་མེད་པར་ཤར་གྲོལ་རྗེས་མེད་དུ་དག་པ་དང་། རྗེས་ཐོབ་ཀྱི་སྐབས་སུ་དེ་ཉིད་སྤྱོད་ལམ་ལ་བསྲེ་བ་གལ་ཆེ་ཞེས་བླ་མ་ནས་སོ། ༈ །བརྟན་ཆ་ཐོབ་མ་ཐོབ་རྨི་ལམ་དུ་ཚད་འཛིན་པ་ཡིན། རྟོག་པ་རང་སར་གྲོལ་མི་གྲོལ་རྐྱེན་ངན་པ་དང་འཕྲད་དུས་གོ་དགོས། ཡང་དག་པའི་ལམ་དུ་འགྲོ་མི་འགྲོ་མཉམ་བཞག་གི་ཤུགས་རྗེས་ཐོབ་སྤྱོད་ལམ་སྐབས་སུ་དག་སྣང་དང་སྙིང་རྗེ་ལ་སོགས་པས་ཤེས་པར་གྱིས། ཞེས་སོ། ༈ །རྫོགས་ཆེན་གྱི་སྐབས་ཀྱི་དབྱིངས་རིག་གི་གོ་དོན་ཅུང་ཟད་བཀྲོལ་ན། ཕྱི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ནང་དབྱིངས་ལས་ཕར་འཕྲོས་པ་ཁོ་ན་ལས་གཞན་མེད་ཅིང་ནང་དབྱིངས་ཀྱི་སྟེང་དུ་སྣང་སེམས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཅིར་ཡང་གྲུབ་པ་མེད་པས་ན་དབྱ ིངས་སྟོང་པ་དང་སྤྲོས་བྲལ་ཀ་དག་སོགས་ཀྱི་མིང་འཐོན་པ་ཡིན། དེས་ན་ཆོས་འདི་པའི་ལུགས་ལ་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་ཡིན་ཞེས་པའང་དབྱིངས་ན་མ་གྲུབ་ཅིང་དབྱིངས་ཀྱང་ཅིར་ཡང་གྲུབ་པ་མེད་པའི་གོ་དོན་ཡིན་ནོ། །འོན་ཏེ་དབྱིངས་ལས་ཆོས་ཀུན་ཕར་འཕྲོ་ཞིང་འཕྲོ། གཞི་དབྱིངས་ཡིན་པར་འདོད་ན་དབྱིངས་སུ་གྲུབ་མོད་སྙམ་ན། ཡེ་ནས་དབྱིངས་དང་རིག་པ་འབྲལ་མ་མྱོང་བ་སྟེ་འབྲེལ་བའི་རིག་པ་ཀུན་རྟོག་གི་བསླད་པ་ལས་མ་དག་པ་འཁོར་བའི་སྣང་རྟོག་དང་དེ་དག་པས་མྱང་འདས་ཀྱི་སྣང་བ་ཐམས་ཅད་འབྱུང་གི་དབྱིངས་རང་ངོས་ན་ཅི་ཡང་མེད་དོ། །དེས་ན་དབྱིངས་སྣང་བ་དང་འབྲལ་མ་མྱོང་བས་དབྱིངས་ཀྱི་སྣང་བ་དང་། རིག་པ་དང་འབྲལ་མ་མྱོང་བས་དབྱིངས་ཀྱི་རིག་པ་ཡང་བརྗོད་རུང་ངོ་། །ཆོས་འདི་པའི་ལུགས་ལ་ཆོས་རྣམས་རང་ངོ་ནས་མེད་པའི་གོ་དོན། ཆོས་ཐམས་ཅད་བདེན་པར་གྲུབ་ན་སྣང་གཞིའི་དབྱིངས་སྟེང་ནས་གྲུབ་དགོས་མོད་དེར་མ་གྲུབ་ཅིང་སྣང་གཞིའི་དབྱིངས་ཀྱང་ཅིར་ཡང་མ་གྲུབ་ན་ཆོས་རྣམས་ཀྱི་ཕུ་ཐུག་སའི་གཞི་མ་གྲུབ་པར་རྟོགས་པས་དེ་ལས་འཕྲོས་པའི་ཆོས་རྣམས་སྟོང་པ་སྨོས་ཅི་དགོས། དེ་ནི་ཆོས་ཐམས་ཅད་དབྱིངས་གཅིག་ཏུ་སྟོང་ཞིང་དབྱིངས་གཅིག་ཡིན་པ་ལ་གོ་བ་འདྲོང་ཚུལ་ལོ། །སྤྱིར་དགག་བྱ་གཉིས་སྟོང་གི་དབྱིངས་མ་ཡིན་དགག་གི་སྟོང་ཉིད་འདི་སྣང་རྟོག་གཉིས་ཀྱིས་སྟོང་པས་ན་དབྱིངས་སྟོང་པ་ཞེས་བརྗོད་དོ། །ཆོས་འདི་པའི་ལུགས་ལ་ཆོས་རྣམས་བདེན་སྟོང་དུ་ངེས་ཤིང་གོམ་པའི་ཚུལ། དང་པོ་ནས་དབྱིངས་ཀྱི་སྟེང་ན་ཆོས་ཐམས་ཅད་མ་གྲུབ་ཅིང་དབྱིངས་ཀྱང་རང་བཞིན་མེད་པ་ལ་ངེས་པ་ཡང་འདྲོངས་པར་བྱས་ནས་གཟོད་དབྱིངས་ལས་ཤར་བའི་ཆོས་ཐམས་ཅད་བརྟགས་ན་གཞི་མ་གྲུབ་པ་དང་མ་བརྟགས་ཉམས་དགའ་ཙམ་དུ་སྣང་ཆོག་པ་ལ་ངེས་ཤེས་ཡང་ཡང་འདྲོང་ན་སྟོང་པ་དང་རྟེན་འབྱུང་ཞེས་པའི་གོ་དོན་ལམ་གཞན་དང་ཁྱད་པར་དུ་འཕགས་པ་འབྱུང་ངོ་། །དབུ་མར་འཁོར་རྩ་བདེན་འཛིན་དང་བདེན་མེད་རྟོགས་པའི་ཤེས་རབ་གཉིས་འཛིན་སྟངས་འགལ་བའི་བྱེད་པ་དེ་རྟོག་པ་ཡིན་པས་རྟོག་པ་ཀུན་བཅད། དེ་ཕྱིར་སྔགས་སྦས་རྒྱུད་གཞན་དུ་འཕེན་པའི་སྟོབས་ཀྱི་སེམས་དབེན་ལྟ་བུའི་ཡུལ་ཅན་འོད་གསལ་རང་གིས་རང་གི་སྟོང་ཉིད་ཀྱི་དོན་སྤྱི་ལམ་དུ་བྱེད་པར་འདོད་པའང་ཆོས་འདི་པའི་སྒྲ་དོན་འཛིན་པའི་རྟོག་པ་ཡིན་པར་འདོད་པས་དེའང་བཅད། དེ་བཞིན་དུ་འོད་གསལ་གཞན་གྱི་མི་རྟོག་པ་ཙམ་དེ་དབྱིངས་མིན། དབྱིངས་ནི་དགག་བྱ་གཉིས་སྟོང་གི་མི་རྟོག་པ་ཞིག་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་གཏེར་བདག་གླིང་པ་སོགས་སྔོན་གྱི་མཁས་པ་འགས་བཞེད། དེས་ན་ཆོས་འདི་པའི་དབྱིངས་ནི་རྣལ་འབྱོར་བའི་སྣང་ངོ་ན་དགག་བྱ་གཉིས་ཀྱི་སྤྲོས་པ་ལེགས་པར་ཆོད་ནས་ཆོས་ཉིད་མི་རྟོག་པའི་གཤིས་རྗེན་པར་ངེས་པ་ཞིག་དགོས་ཀྱི། མི་རྟོག་པ་ཡེ་ནས་དེ་དག་གིས་སྟོང་ཡོད་པ་ཙམ་གྱིས་མི་འོང་ངོ་། །དེས་ན་སྲིད་རྩེའི་ཏིང་འཛིན་ལྟ་བུ་དང་སྦས་རྒྱུད་གཞན་གྱི་འོད་གསལ་ཙམ་མངོན་དུ་གྱུར་བའི་མི་རྟོག་པ་དེ་མི་རྟོག་པ་ཙམ་ཡིན་ཀྱང་དབྱིངས་མིན། རིག་པ་ཡང་མིན་ཏེ་སྒྲ་དོན་འཛིན་པའི་རྟོག་པ་སྟེ་སེམས་དབེན་ལྟ་བུའི་འོད་གསལ་ལོ། །སྤྱིར་དབྱིངས་ལ་རིག་པའང་མི་སྣང་། རིག་པས་དབྱིངས་ཀྱང་ཡུལ་དུ་མི་བྱེད། བྱེད་ན་གཏད་སོ་ཅན་དུ་འགྱུར་རོ། །རིག་པ་རྟེན་མེད་ཡུལ་མེད་ཟང་ཐལ་ཟེར་དགོས་ཀྱི། རྟོག་བྲལ་གྱི་རིག་པ་ཞེས་བསྔགས་པ་མིན་གྱི། རྟོག་བྲལ་གྱི་ཆ་རིག་པ་མིན་ཞིང་རྟོག་བྲལ་ལ་སེམས་ཀྱང་ཡོད་པའི་ཕྱིར་རོ་གསུངས། རིག་པ་རང་གིས་གསལ་རིག་གི་ཆ་ཡང་ཡུལ་དུ་མི་བྱེད། དཔེར་ན་ནམ་མཁའ་རྟེན་མེད་དུ་དབྱུག་སྣེ་གཏད་པའམ་སྤྲིན་དཀར་ལིང་ངེར་འཁྲིགས་པ་བཞིན་རྟེན་ཡུལ་ཅི་ཡང་མེད་པ་དགོས་སོ། །ནམ་མཁའ་མཐའ་ཡས་སོགས་ད་ལྟའི་སེམས་གསལ་རིག་འདི་ཡུལ་དུ་བྱས་ནས་བསྒོམ་ཏེ་ཁྱད་པར་དུ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུའོ་ཞེས་སོགས་སྙམ་ཏེ་བསྒོམ་པས་ནམ་མཁའ་ལྟ་བུ་སོགས་དམིགས་ཡུལ་ཡིན། དེ་འདྲའི་ཏིང་ངེ་འཛིན་དེ་གཉུག་སེམས་ཀྱང་མིན། གློ་བུར་ཏེ་འཕྲལ་བྱུང་སེམས་ཀྱི་ཕྱོགས་ཡིན་པས་ཆོས་འདི་པས་ལམ་གྱིས་དག་བྱ་ཡིན་གསུངས། ཕྱིའི་སྟོང་ཚུལ་གཞན་སྟོང་དང་ཕྱོགས་འདྲ་ཡང་འདིར་བརྟགས་ན་དབྱིངས་ཀྱང་ཅིར་ཡང་མ་གྲུབ་པར་འདོད་པས་གཞན་སྟོང་དང་མི་འདྲ། དབུ་ུམ་པས་རྒྱུ་བདེན་སྟོང་ལས་འབྲས་བུ་བདེན་སྟོང་འབྱུང་བར་འདོད་ཅིང་ཆོས་ཐམས་ཅད་བདེན་པར་གྲུབ་ན་འཕགས་པའི་མཉམ་གཞག་གི་ངོར་གྲུབ་དགོས། དཔེར་ན་སྒྱུ་མའི་རྟ་གླང་བདེན་པར་གྲུབ་ན་སྣང་གཞིའི་སྟེང་ནས་གྲུབ་དགོས་པ་ལྟར་ཆོས་རྣམས་རང་ངོས་ནས་གྲུབ་ན་བརྟགས་ཤིང་དཔྱད་ནའང་སྣང་གཞི་རང་གི་ངོས་ནས་ཚུར་ལ་གྲུབ་དགོས། དེ་ལྟར་གྲུབ་པ་ཆོས་རང་གི་འདུག་ལུགས་ཏེ་ཆོས་ཉིད་ཡིན་དགོས། དེ་ཡིན་ན་འཕགས་པའི་མཉམ་གཞག་གི་ཡུལ་ཡང་དེ་ཡིན་དགོས་ཀྱང་དེ་འདྲའི་རིག་པས་དཔྱད་བཟོད་ཀྱིས་ཆོས་མེད་པར་འདོད་དོ། །སྤྱིར་ཆོས་ཐམས་ཅད་རྟོག་པའི་ཆོ་འཕྲུལ་དུ་འདོད་ཅིང་རྟོག་པའི་ཆོ་འཕྲུལ་ཐམས་ཅད་བདེན་སྟོང་དུ་འདོད་དོ། །རྫོགས་ཆེན་ལྟར་ན་ཆོས་ཐམས་ཅད་ཀྱི་སྣང་གཞི་དབྱིངས་ཡིན་པར་འདོད། དེ་ཡང་དབྱིངས་སྟོང་པའི་གནས་ཚུལ་དང་དབྱིངས་རིག་དབྱེར་མེད་པའི་ཚུལ་ཡང་ངེས་པར་བྱས་ནས། རིག་པའི་ཆར་མཉམ་པར་བཞག་ཅིང་རྗེས་ཐོབ་ཏུ་རིག་རྩལ་འགག་མེད་དག་པ་སྒྱུ་མ་ལྟ་བུའི་སྣང་ཆ་རྫུན་པ་གསོག་གསོབ་ཡ་མ་བརླ་སྙིང་པོ་མེད་པ་རྣམས་ཞེན་མེད་དུ་ལམ་དུ་བྱེད་དོ། །དེས་ནི་ལམ་གཞན་དང་མི་འདྲ་བའི་མཉམ་གཞག་ཏུ་ུནམ་མཁའ་ལྟ་བུའི་ངང་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྟོང་པའི་ཉམས་ལེན་འབྱུང་བ་ཡིན། གོང་དུ་རིག་པ་ཡུལ་མེད་ཅེས་པ་དམིགས་གཏད་ཀྱི་ཡུལ་མེད་ཞེས་པ་ཡིན་གྱི་གཏན་མེད་མིན་ཏེ། རིག་པའི་ཡུལ་དབྱིངས་དེ་ཉིད་ཡིན་པའི་ཕྱིར་རོ། །འཇུར་དྲན་དང་འདུ་བྱེད་ཀྱི་དྲན་པ་ཡང་རིག་ངོ་འཕྲོད་རྗེས་སུ་རྩོལ་བ་བརྟེན་ཏེ་རིག་པ་དེ་ལས་ཡེངས་མི་བཅུག་པའི་དོན་ཡིན་གྱི་རིག་པ་དེ་བསྒོམ་བྱ་དང་སྒོམ་བྱེད་ཀྱི་ཚུལ་དུ་བསྒོམ་དགོས་པའི་དོན་མིན་ནོ། །ཆོས་འདིའི་བྱུང་གནས་འགྲོ་གསུམ་བརྟགས་དོན་ནི། རིག་པ་མངོན་སུམ་དུ་ངོ་འཕྲོད་པ་ལ་ཀུན་རྟོག་གི་སྤྲོས་པ་གཅོད་དགོས་པས་དེ་གཅོད་དོན་ཡིན། དེས་ན་སྣང་སེམས་གང་ཡིན་ཀྱང་བདེན་གྲུབ་ཀྱི་བྱུང་གནས་འགྲོ་གསུམ་ཡོད་མེད་བཙལ་མི་དགོས་ཏེ་དེ་བཙལ་ནས་མེད་པར་རྟོགས་ཀྱང་ཀུན་རྟོག་གི་སྤྲོས་པ་མི་ཆོད་པའི་ཕྱིར་རོ། །དེས་ན་སེམས་ལ་དུས་གསུམ་གྱི་ཆ་ཕྱེ་བ་སོགས་ཀྱིས་བརྟགས་ནས་བྱུང་མཁན་གནས་མཁན་འགྲོ་མཁན་སོགས་མ་རྙེད་པར་སྟོང་པས་དམིགས་གཏད་ཞིག་སྟེ་རྟོག་མེད་ཧད་དེ་བར་གྱུར་ན་སེམས་བྱུང་མཁན་སོགས་མེད་པའི་དོན་ཐུན་མིན་རྟོགས་པ་ཡིན། དེ་བཞིན་དུ་ཕྱིའི་སྣང་བ་བུམ་པ་སོགས་བྱུང་ས་གནས་ས་འགྲོ་ས་མེད་པའི་སྟོང་པ་ཡིན་ཚུལ་ཡང་། དཔེར་ན་བུམ་པ་ཞེས་བཏགས་པ་དེ་བཏགས་དོན་བཙལ་ན་མི་རྙེད་དེ། བུམ་པའི་མཆུ་བུམ་པ་མ་ཡིན་ཞེས་བཅད། དེ་བཞིན་དུ་ལྟོ་བ་སོགས་བུམ་པ་མ་ཡིན་སྤོམ་དཔྱད་ཙམ་ལས་ཞིབ་མོར་མི་དཔྱད་པ་སྟེ་སྒྲིམ་པོའི་བློས་མི་དཔྱད་དེ། དཔྱད་ན་ཀུན་རྟོག་མང་བ་ལས་མེད་པའི་ཕྱིར་གསུངས་སོ། །དེ་ལྟར་དཔྱད་ཚེ་བུམ་སོགས་དམིགས་གཏད་ཀྱི་ཡུལ་སྟོང་པས་དམིགས་གཏད་ཅན་གྱི་རྟོག་པའང་འགགས་ཏེ་རྟོག་མེད་ཧད་དེ་སོང་བ་ན་བྱུང་ས་གནས་ས་འགྲོ་ས་མེད་པར་རྟོགས་པ་ཡིན་གྱི། བདེན་གྲུབ་ཀྱི་སེམས་བྱུང་ས་གནས་ས་འགྲོ་ས་མེད་པར་རྟོགས་པ་ཙམ་ནི་དབུ་ུམ་དང་ཐུན་མོང་སྟེ་ཐུན་མིན་རྫོགས་ཆེན་གྱི་རང་ལུགས་མིན་ནོ། །དེས་ན་ལས་དང་པོ་བས་དང་པོ་དེ་ལྟར་བྱུང་གནས་འགྲོ་གསུམ་བརྟགས་ནས་རྟོག་མེད་ཧད་དེ་བར་གྱུར་བ་ན། དེ་དུས་ཀྱི་མི་རྟོག་ཧད་དེ་བ་དེ་གློ་བུར་བ་ཡིན་པས་དེ་ལོགས་སུ་བཅད་ནས་གཉུག་མ་རྟེན་མེད་ཟང་ཐལ་གསལ་རིག་གི་ཆ་ཞིག་ཡོད་པ་དེ་རིག་པར་ངོས་བཟུང་ཞིང་རྟེན་མེད་གསལ་རིག་གི་ཆ་དེ་ལ་མི་རྟོག་པའི་ཆ་ཞིག་ཡོད་པ་དེ་དགག་བྱ་གཉིས་སྟོང་གིས་དབྱིངས་མ་ཡིན་དགག་གི་སྟོང་ཉིད་དུ་ངོ་འཕྲོད་དགོས་པ་ཡིན། ངོ་འཕྲོད་ན་དེ་འདྲའི་མི་རྟོག་པའི་རིག་པ་དེ་ལ་ཆོས་སྐུའི་རིག་པ་ཟེར་རོ། །དེ་ལྟར་ལས་དང་པོ་བས་བྱུང་གནས་འགྲོ་གསུམ་གྱིས་དཔྱད་དེ་རིག་ངོ་རྗེན་པར་འཕྲོད་ན་དེ་ཕན་ཆད་དེ་ལྟར་དཔྱད་མི་དགོས་པར་རང་ཐད་དུ་རིག་པ་ཐུག་འཕྲད་ཀྱིས་ལམ་དུ་བྱེད་ཆོག་གསུངས་སོ། །ཆོས་དབྱིངས་མཛོད་སོགས་སུ་བྱུང་གནས་འགྲོ་གསུམ་བརྟགས་པའི་སྐབས་སུ་དོན་དམ་པར་མ་གྲུབ་ཟེར་བ་ཡོད་ཀྱང་དོན་ལ་མ་གྲུབ་ཞེས་པའི་དོན་ཡུལ་མ་གྲུབ་ཞེས་པའི་དོན་དུ་གསུངས་པས་གོང་ལྟར་རོ། །དབྱིངས་དང་རིག་པའི་ཁྱད་ནི། བྱས་མི་རྟག་བཞིན་ལྡོག་ཆ་ཕྱེ་བ་ལས་ངོ་བོ་གཅིག་ཡིན། དགག་བྱ་སྣང་རྟོག་གི་སྒྲིབ་པ་དང་བྲལ་བས་དབྱིངས་དང་ཡུལ་གསལ་ཞིང་རིག་པས་རིག་པར་བཞག་གོའོན་ཏེ་དབྱིངས་རིག་ངོ་བོ་གཅིག་ན་གཙོ་བོར་དབྱིངས་ཀྱི་ཆ་ལམ་དུ་བྱེད་ཀྱང་རུང་མོད་སྙམ་ན་རུང་ཡང་། མི་རྟོག་དབྱིངས་ལ་བཞག་ན་བྱིང་བར་ཤོར་སླ་ཞིང་དེས་རྒོད་པ་སོགས་ཀྱང་དྲངས་ཞིང་རིག་ཆའི་ཡོན་ཏན་ཐོས་བསམ་སྒོམ་པའི་ཤེས་རབ་སོགས་འཕེལ་དཀའ་ཞིང་རིག་པའི་ཆར་བཞག་ན་སྐྱོན་དེ་དག་ལས་ལྡོག་པའི་ཡོན་ཏན་འཕེལ་བས་རིག་པར་བཞག་གོདེས་ན་དང་པོ་དབྱིངས་ངོ་སྤྲད་ནས་དེར་བཞག་པ་མིན། རིག་པ་ངོ་སྤྲད་ནས་དེར་བཞག་པས་རིག་པ་དབྱིངས་སུ་ནུབ་སླའོ། །དེའི་རྒྱུ་མཚན་ཡང་རིག་པར་བཞག་པས་རིག་པ་སྐྱོད་བྱེད་ཀྱི་ལས་རླུང་ངང་གིས་ཞི་ནས་མི་རྟོག་པར་ཇེ་འགྱུར་དུ་སོང་སྟེ་རིག་ཆ་མི་རྟོག་པར་གྱུར་ནས་མི་མངོན་པར་གྱུར་དུས་དབྱིངས་རིག་འདྲེས་པའི་བརྡ་སྦྱར་རོ། །སྲིད་རྩེ་ལྟ་བུ་ནས་འདས་ལམ་མངོན་དུ་མི་བྱེད་པ་ཞི་གནས་ཤུགས་ཆེ་ཞིང་ལྷག་མཐོང་གི་ཤེས་རབ་ཤུགས་ཆུང་བས་མི་མངོན་པ་ལྟར་གྱུར་བས་ཡིན། རིག་པའི་ཞི་གནས་རིག་པ་དང་ངོ་བོ་གཅིག་སེམས་ཀྱི་གསལ་རིག་དང་རིག་པའི་གསལ་རིག་ངོ་བོ་གཅིག་གི་ཚུལ་དུ་ཡོད་ཀྱང་ཀུན་རྟོག་རིག་པའི་གཤིས་སུ་མ་ཞུགས། ཀུན་རྟོག་གི་སྲོག་རིག་པ་ཡིན་པས་ཡུལ་འཛིན་ནུས་པ་ཡིན། འཁོར་འདས་གཉིས་ཀྱི་སྲོག་དབྱིངས་ཡིན་པས་དབྱིངས་ལ་འདྲེས་མི་ཚུགས་པས་དབྱིངས་སུ་བཞག་གོ །ཞེ་སྡང་གི་སྲོག་དབྱིངས་ཡིན། ཆོས་རྣམས་དབྱིངས་ངོར་མེད་ཀྱང་རིག་རྩལ་མ་རིག་པ་དང་ཀུན་རྟོག་འཁྲུལ་ངོར་ཡིད། ཀློང་སྡེ་ལྟར་ན་རྣམ་རྟོག་ཐམས་ཅད་རིག་རྩལ། སྣང་བ་ཐམས་ཅད་རིག་གདངས། དེ་གཉིས་མན་ངག་གི་སྡེ་ལྟར་ན་རིག་རྩལ་ཡིན། རྟེན་མེད་ཀྱི་རིག་པའི་རང་ཚུགས་ཟིན་པ་བསྐྱང་བྱ་དང་སྐྱོང་བྱེད་གཉིས་སུ་མེད་པར་གཅིག་ཏུ་འདྲེས་པ་ལྟ་བུའི་གཉུག་མའི་དྲན་པའི་ངོ་བོ་མི་ཡེངས་བ་སོགས་ཁྱད་ཆོས་གསུམ་ལྡན་ཆོས་དབྱིངས་བག་ཆགས་ཀྱི་བགོ་གཞི་མིན་ཏེ་ཀུན་གཞི་ཡིན་པའི་ཕྱིར། སེམས་དང་རིག་པའི་ལ་ཤན་ཟང་མ་ཐལ་སྟེ་རྟེན་ཡོད་མེད་ཀྱིས་ཕྱེ། ཀུན་གཞི་དང་ཆོས་སྐུ་བག་ཆགས་ཀྱི་རྟེན་ཡིན་མིན་གྱིས་ཕྱེ། ཡིད་ཤེས་དང་ཉོན་ཡིད་ཡུལ་གྱི་རྣམ་པ་སྤྱི་དང་བྱེ་བྲག་འཛིན་ཆ་ནས་སོ། ༈ །སྤྱིར་བཏང་བླ་མའི་རྣལ་འབྱོར་སོགས་ཀྱི་སྐབས་སུ་། བླ་མ་སངས་རྒྱས་ཡིན་ཚུལ་གསུངས་པ་འདི་ལ་དྲང་ངེས་གཉིས་ཡོད། དྲང་དོན་ནི་གདུལ་བྱ་སྐལ་དམན་རྣམས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་བའི་ཕྱིར་དུ་བླ་མ་འདི་ནི་སངས་རྒྱས་སྤྲུལ་པའི་སྐུ་དངོས་ཡིན་ཏེ། འདི་ལྟར་གཞན་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་རྣམས་ཀྱིས་གདུལ་བྱའི་དོན་དུ་སྤྲུལ་པ་གང་ལ་གང་འདུལ་དུ་སྣང་བར་མཛད་པའི་གཟུགས་སྐུ། འདུས་བྱས་གློ་བུར་བ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་སྨོན་ལམ་གྱི་མཐུ་དང་གདུལ་བྱའི་བསོད་ནམས་ཀྱི་མཐུས། རྟེན་འབྲེལ་དུ་སྣང་བ་ཆུ་ཟླ་ལྟ་བུ་ཡི་ཚུལ་ལེགས་པར་ཤེས་ནས་དེ་ལ་དད་མོས་ཀྱིས་གསོལ་བ་བཏབ་ན་སངས་རྒྱས་ཀྱི་ཐུགས་རྗེ་བྱིན་རླབས་འཇུག་པ་ཆོས་ཉིད་ཡིན་ན་ཡང་། ད་དུང་བླ་མ་དེ་རང་གི་ཤེས་རབ་ཞན་པས་གཟུགས་སྐུ་ལྟ་བུ་དངོས་མཚན་དུ་བཟུང་ན་དེ་ཡང་མ་དག་པར་སྣང་ཞེན་ལས་མ་འདས་ཤིང་དེ་ལ་དམིགས་པའི་དད་མོས་དེ་ཡང་བློས་རང་རྒྱུད་པར་སོང་ནས་རང་རྒྱུད་ལ་ཡེ་ཤེས་སྐྱེ་དཀའ་བས་ཉེར་ལེན་རྣམ་དག་མི་འོང་བས། དེའི་ཕྱིར། གང་དག་ང་ལ་གཟུགས་སུ་མཐོང་སོགས་ནས། ང་མི་མཐོང་ཞེས་གསུངས་པ་ལྟར་ཡིན། འདི་མདོ་སྔགས་ཐུན་མོང་གི་ལུགས་ལྟར་རོ། ༈ །དེ་ནས་ངེས་དོན་ཐུན་མིན་ལྟར་ན། གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་ངོར། ངེས་དོན་གྱི་མདོ་ཟབ་མོ་རྣམས་དང་ཁྱད་པར་གསང་སྔགས་ནང་པ་གསུམ་ལྟར་ན་བླ་མ་འདི་ནི་སངས་རྒྱས་དངོས་ཡིན་ཏེ། ཇི་ལྟར་ན། བླ་མའི་ཐུགས་ཟབ་གསལ་གཉིས་སུ་མེད་པ་དེ་གཞི་གནས་ཀྱི་ཡེ་ཤེས་དེ་འཕོ་མེད་རྟག་པ་འདུས་མ་བྱས་ཆེན་པོ་སངས་རྒྱས་ཆོས་སྐུ་དངོས་ཡིན་པ་ནི། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། ཞེས་གསུངས་པ་ལྟར། ཟུང་འཇུག་ཡེ་ཤེས་ཆེན་པོ་དེ་གཞི་འབྲས་དབྱེར་མེད་ཀྱི་སངས་རྒྱས་དངོས་ཆོས་སྐུ་དེའི་རང་རྩལ་ལམ་རྣམ་རོལ་སྟོང་པའི་གཟུགས་བརྙན་བླ་མའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོར་སྣང་བ་ནི་གཟུགས་སྐུ་དངོས་ཡིན། དོན་ལ་དེ་གཉིས་ཆུ་དང་རླབས་ལྟར་དབྱེར་མེད་མཉམ་པ་ཆེན་པོའམ་ཟུང་འཇུག་ཆེན་པོའི་བླ་མ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའ་སོགས་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་དངོས་ཡིན་པའི་ངེས་ཤེས་ཁྱད་པར་ཅན་ནི་གནས་ཚུལ་མཐུན་པའི་ཞིང་སྣང་བ་རྣམ་དག་ཡིན་ལ། དེ་ལ་དམིགས་པའི་དད་པ་མོས་གུས་ནི་བློ་རྣམ་པར་དག་པ་གནས་ཚུལ་དང་མཐུན་པ་ཡིན་པས་ལམ་ཟབ་མོའི་ཉམས་རྟོགས་སྐྱེ་བ་ལ་གནད་འདི་ལྟར་ཤེས་པ་གལ་ཆེ་བར་འདུགདེ་ལྟར་ཡིན་ན་རང་ངོར་སངས་རྒྱས་ཀྱི་ཡོན་ཏན་མི་མཐོང་བ་ཅི་ཡིན་སྙམ་ན་བླ་མ་ལ་སངས་རྒྱས་ཀྱི་ཡོན་ཏན་མི་མངའ་བ་མ་ཡིན། །གདུལ་བྱའི་བློ་སྒྲིབ་པས་བཅད་ནས་མི་མཐོང་བ་ཡིན། སྒྲིབ་པ་དག་སྟོབས་ཀྱི་རིམ་པས་ཡོན་ཏན་ཁྱད་པར་ཅན་མཐོང་བ་ནི་ངེས་པའོོ། །རྒྱུ་མཚན་དེས་ན་ཕྱག་རྫོགས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་བྱེད་པའི་ཉེར་ལེན་བླ་མ་ཆོས་སྐུ་དངོས་སུ་མཐོང་བའི་ངེས་ཤེས་དང་མོས་གུས་དགོས་གསུངས་པ་ནི། བླ་མ་དེ་སོ་སྐྱེ་ཡོན་ཏན་ཁྱད་པར་ཅན་ནམ་འཕགས་པ་སློབ་པའི་བྱང་སེམས་ས་ཐོབ་དང་། རིག་འཛིན་སར་གྲུབ་པ་རྣམས་ཡིན་པར་ཤེས་པས་མི་ཆོགམི་སློབ་པའི་སངས་རྒྱས་ཀྱི་སྤྲུལ་པའི་གཟུགས་སྐུ་གཉིས་ལྟ་བུ་ནི་གདུལ་བྱའི་སྣང་བས་བསྡུས་པའི་ཕྱིར་དེ་ལྟར་ཤེས་པས་མི་འོང་བས། དོན་ལ་གོང་དུ་བཤད་པ་ལྟར་བླ་མ་ཆོས་སྐུ་དངོས་སུ་ངེས་པའི་ངེས་ཤེས་བློ་གཞན་གྱིས་མི་འཕྲོག་པ་ཞིག་དང་། དེ་ལ་དམིགས་པའི་ཡིད་ཁྱེད་ཤེས་ཀྱི་དད་པ་དང་མོས་གུས་འགྱུར་བ་མེད་པ་ཞིག་གིས་གསོལ་བ་རྟག་ཏུ་བཏབ། ལམ་རྐྱེན་གཞན་ལ་མི་ལྟོས་པར་ཉམས་ཁྱད་པར་ཅན་སྐྱེ་བ་ཟབ་མོའི་རྟེན་འབྲེལ་བསླུ་བ་མེད་པའི་ཆོས་ཉིད་ཡིན་ནོ། ༈ བླ་མའི་རྣལ་འབྱོར་སྐབས་རྒྱུ་མཚན་དེའི་དོན་གྱིས་རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་སྐྱེད་པའི་ཐབས་ཐམས་ཅད་ཀྱི་མཐར་ཐུག་པ་མྱུར་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཡིན་ལ། དེའི་གནད་སྤྱིའི་མདོ་ཆིངས། ཤེས་པར་བྱ་བ་ལྔ་ནི། བླ་མ་སངས་རྒྱས་སུ་ཤེས་པར་བྱ་བ་༼བླ་མའི་ཐུགས་ཆོས་སྐུ་དང་། སྐུ་གཟུགས་སྐུ་དབྱེར་མེད་ཟུང་འཇུག་ཆེན་པོའི་སྐུ་ཡིན་ནོ༽། གང་མཛད་པ་སངས་རྒྱས་ཀྱི་མཛད་པར་ཤེས་པ་༼ཐུན་མོང་གི་མཛད་པ་ཐམས་ཅད་ཕྲིན་ལས་བཞི། མཆོག་གི་མཛད་པ་ཟབ་རྒྱས་ཀྱི་ཆོས་སྟོན་པ་དང་སྨིན་གྲོལ་གྱི་གདམས་པ་སྟོན་པའོ། ༽རང་ངོར་སངས་རྒྱས་ལས་བཀའ་དྲིན་ཆེ་བར་ཤེས་པ་༼སྤྱིར་རང་ལ་སྲིད་ཞིའམ་ཕན་བདེའི་ཡོན་ཏན་གང་ཡོད་དང་ཁྱད་པར་མཐར་ཐུག་ཆོས་སྐུའི་ཕན་ཡོན་སྦྱིན་པ་ཡིན། ༽བཀའ་དྲིན་ཅན་གྱི་བླ་མ་དེ་སྐྱབས་ཀུན་འདུས་པའི་ཡེ་ཤེས་ཀྱི་སྤྱི་གཟུགས་ཡིན་པར་ཤེས་པ་༼སྐྱབས་གནས་དགུ་སྤྲུག་གི་ཡེ་ཤེས་དང་ཐུགས་རྗེའི་རང་གཟུགས་སོ། ༽དེ་ལྟར་ཤེས་ནས་ཡ ིད་ཁྱེད་ཤེས་ཀྱི་དད་པ་དང་༼དངས་འདོད་ཡིད་ཆེས་མི་འགྱུར་བའི་དད་པ་བཞི་དང་། ༽མོས་གུས་ཀྱི་གདུང་བས༼མོས་གུས་དཀར་པོ་ཆིག་ཆོག་གོ༽རྟག་ཏུ་༼ཐང་ལྷོད་མེད་པར་༽གསོལ་བ་བཏབ་ན་༼གང་འདོད་པའི་དོན་ལ་༽ལམ་རྐྱེན་གཞན་ལ་༼ཞི་ལྷག་ཐུན་མོང་པ་དང་། བསྐྱེད་རྫོགས་ཐུན་མོང་སོགས་སོ། ༽མི་ལྟོས་པར་མཆོག་གི་༼དངོས་གྲུབ་གཉིས་ལས་གཙོ་བོའོ། ༽དངོས་གྲུབ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་བསླུ་མེད་དུ་ཤེས་པ་སྟེ་ལྔ་པོ་༼བླ་མའི་རྣལ་འབྱོར་ལ་གནད་འདི་ལྔ་པོ་ཚང་བ་གལ་ཤིན་ཏུ་ཆེའོ། ༽འདི་ཞིབ་པར་འཆད་ཉན་ལེགས་པར་གནད་འགྲོ་བགྱིས་ན་ཟབ་མོའི་གདམས་པ་ཡིན་པར་གདོན་མི་ཟའོ། ཚིག་དོན་འགལ་བར་གྱུར་པ་བཟོད་པར་གསོལ། ༈ འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། ཀུན་ལ་དག་སྣང་། བླ་མ་ལ་མོས་གུས་སོགས་གཞིར་བཞག་པའི་སྟེང་ནས་ཉམས་ལེན་བྱེད་དགོས་པ་ཡིན། མཉམ་བཞག་གི་སྐབས་སུ་བདེ་གསལ་མི་རྟོག་ལ་སོགས་པའི་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་སྟོང་ཟུང་འཇུག་གི་དབྱིངས་སུ། ང་རྒྱལ་དང་ཁོང་ཁྲོ། ཕྲག་ཏོག་དང་ཟུར་ཟ་གཞན་ལ་ཁྱད་གསོད་ཀྱི་རྟོག་པ་སོགས་སྐྱེ་བ་དང་གྲོལ་བ་དུས་མཉམ་དུ་སོང་ནས་བག་ཆགས་བསོགས་ལོང་མེད་པ་ལ་ཕྱག་རྫོགས་ཀྱི་ལྟ་བ་རྣམ་དག་གསུང་པ་ལགས། རྗེས་ཐོབ་ཀྱི་སྐབས་སུ་ཆོས་རྣམས་བདེན་མེད་རྨི་ལམ་ལྟ་བུར་ཤེས་པའི་ངང་ནས་ཉམས་ལེན་སྤྱོད་ལམ་ལ་བསྲེ་བ་དང་ཚོགས་བསགས་པ་གལ་ཆེ་ཞིང་། དེ་ལྟར་མ་ཡིན་པར་རང་རྒྱུད་ཀྱི་ཆགས་སོགས་ཉོན་མོངས་པས་ཤར་གྲོལ་ལྟ་ཅི་རེ་ཞིག་མགོ་གནོན་ཙམ་ཡང་མེད་པར། ང་ནི་སྒོམ་ཆེན་ཡིན་ང་རང་ལ་ཡེངས་འཁྲུལ་མེད་ཟེར་བ་རྣམས་ནི་བཞད་གད་ཀྱི་གནས་ཡིན་ཞེས་བླ་མ་ནས་སོ། །

སེམས་རིག་དབྱེ་བ་རང་གྲོལ་རྟོགས་པའི་གསང་ལམ།

༈ སེམས་རིག་དབྱེ་བ་རང་གྲོལ་རྟོགས་པའི་གསང་ལམ་ཉམས་མྱོང་ལག་ཁྲིད་གནད་ཀྱི་ངོ་སྤྲོད་ཅེས་བྱ་བ་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །སྤྱིར་སེམས་ཞེས་པ་རང་ངོ་རང་གིས་མ་རིག་པའི་ལས་ཉོན་བག་ཆགས་ཀྱི་སྦུབས་ན་ཀུན་གཞི་ལུང་མ་བསྟན་དེ་ལས་གཟུང་འཛིན་གྱིས་གཞི་སྣང་ལ་འཁྲུལ་བར་བཟུང་བའི་ཁ་ཕྱིར་བལྟས་ཡུལ་ཕྱིར་འབྲང་ནས། དཔེར་ན་ཁྱི་ལ་རྡོ་འཕེན་ན་རྡོ་རྗེས་དེད་པ་བཞིན་རྣམ་རྟོག་བཟང་ངན་ཉེ་བར་ལེན་པའི་ཀུན་འབྱུང་ཡིད་ཀྱི་ཤེས་པས་ངར་འཛིན་འདུ་བྱེད་ཨ་འཐས་ཀྱི་དྲན་པས་ཅི་ཙམ་ཞིག་བསྒོམ་ཀྱང་ཞི་གནས་རྐྱང་པས་རེ་ཞིག་སེམས་གནས་པ་ཙམ་དང་ཉོན་མོངས་པའི་མགོ་བོ་གནོན་ཙམ་མ་གཏོགས་དྲུང་འབྱིན་མི་ནུས་པས་འཁོར་བ་ལས་སྔ་འདྲེས་གཅིག་གིས་མི་འཕགས་པས་གློ་བུར་གྱི་དྲི་མའི་སེམས་དེ་དག་བྱ་རུ་ཤེས་དགོས་སོ། །རིག་པ་ནི་གཞི་སྣང་འཁྲུལ་བར་མ་མཆེད་རང་སྣང་དུ་ཤེས་ན་སྤྱི་གཞི་ལུང་མ་བསྟན་ལས་འཕགས་ཏེ། ཡེ་གཞི་གདོད་ནས་འཁྲུལ་བ་མེད་པ་དཔེར་ན་སེང་གེ་ལ་རྡོ་འཕེན་ན་རྡོ་མི་དེད་འཕེན་བདག་བཟུང་བ་བཞིན་རང་རིག་བདེ་གཤེགས་སྙིང་པོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་རིག་པ་སྐུ་གསུམ་གྱི་ངོ་བོ་ཟང་ཐལ་ཕྱི་ནང་བར་མེད་ཀ་དག་ཆོས་སྐུའི་རིག་གདངས་རྒྱ་མཚོ་དྭངས་པ་ལ་གཟའ་སྐར་བཀྲ་བ་ལྟར། སྣ་ཚོགས་སྣང་བའི་ཆོས་ཁམས་བཟང་ངན་གྱི་རྟོགས་ཚོགས་ཇི་ལྟར་སྣང་ཡང་ཐོབ་ཤོར། རེ་དོགས་ཀྱི་བློ་ཕྲ་རགས་བག་ཉལ་དང་བཅས་པ་བྲལ་བའི་ཀ་ལྷུན་ཟུང་འཇུག་གི་རིག་གདངས་མེད་པ་གསལ་སྣང་གོ་མ་འགགས་པ་ཙམ་ལས་ཡུལ་དང་སྐད་ཅིག་ཙམ་ཡང་ཡེ་ནས་འདྲེས་མ་མྱོང་བའི་སྣང་སྟོང་ཟུང་འཇུགརང་ཤེས་རང་དྲན་གྱི་གསལ་ཆ་རང་བབས་སུ་ཡོད་པའི་ཡང་དག་གཉུག་མའི་དྲན་པའམ་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་ཡེ་ཟིན་ཡིན་པའི་རང་ཚུགས་ཡེ་ནས་མ་ཤོར་བའི་རྒྱལ་བས་མ་བཅོས། འགྲོ་བས་མ་བསླད་པས་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་འདི་ཉིད་ལ་ཐག་ཆོད་དང་ངེས་ཤེས་ནང་ནས་སྐྱེ། སྐྱེ་མཁན་རང་ཡལ་དུ་སོང་། ལྟ་བ་ཡིད་དཔྱོད་ཀྱི་ཡུལ་ལས་འདས། སྒོམ་པ་གཟུང་འཛིན་གྱི་སྦུབས་ནས་ཐོན། སྤྱོད་པ་སྤང་བླང་གི་མཚན་མ་ཞིགའབྲས་བུ་རེ་དོགས་ཀྱི་ཐེ་ཚོམ་དགཡེ་གྲོལ་རང་བབས་ཀྱི་རང་གཤིས་འདི་ལྟར་རྟོགས་ན་རང་བྱུང་གི་ཡེ་ཤེས་སམ་རིག་པ་ཞེས་རང་གི་སེམས་ཉིད་སངས་རྒྱས་ཡིན་པས་གྲོལ་བ་མངོན་དུ་གྱུར་པའི་ལག་རྗེས་མི་ལུས་དོན་ལྡན་ཞེས་མཁས་གྲུབ་ཡོངས་ཀྱིས་བསྔགས་པའི་གནས་ངོ་མཚར་རྨད་དུ་བྱུང་བའོ། །ཞེས་པ་འདི་ཉིད་གནས་གསང་བ་རྡོ་རྗེའི་རྫོང་གི་དབེན་རི་ནས་སློབ་བུ་དད་ལྡན་སོགས་ཀྱིས་བསྐུལ་ངོར་རྣལ་འབྱོར་བ་དྷརྨའི་མིང་གིས་ཤར་མར་བྲིས་པ་སརྦ་མངྒ་ལཾ། དགེའོ། །

ཕྱི་ནང་གསང་གསུམ་གྱི་སྔོན་འགྲོའི་ཟིན་ཐོ་མདོར་བསྡུས།

ཐོག་མར་རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་བའི་སྤྱི་བོར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དང་གཉིས་སུ་མེད་པ་གུ་རུ་རིན་པོ་ཆེ་ཧེ་རུ་ཀ་པའི་ཆས་ཅན་གསལ་བཏབ་ལ་བཛྲ་གུ་རུ་དབྱངས་བྱ་ཞིང་། མིའི་མཐོང་ཚོར་མེད་པའི་གནས་སུ་ཕྱིན་ནས་ལྟ་གོན་རྣམས་བྱ་ཞིང་ཕུན་སུམ་ཚོགས་པ་ལྔ་གསལ་བཏབ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་འཁོར་བཅས་རུ་ཤན་དབྱེ་བར་བྱའོ་སྙམ་དུ་སེམས་བསྐྱེད་སོགས་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པའི་སྒོ་ནས་ཕྱི་ནང་གསང་བ་ཡང་གསང་ཡེ་ཤེས་བླ་མ་ཉིད། ཕྱི་མཚོན་བྱེད་དཔེ་ཡི་བླ་མས་ནང་མཚོན་བྱ་དོན་གྱི་བླ་མ་རང་བྱུང་གི་ཡེ་ཤེས་བརྡ་ཐབས་མན་ངག་དུ་མས་སྙིང་དབུས་ནས་སད་པར་བྱེད་པ་ལམ་གྱི་བླ་མ། གཞི་ལ་བཞུགས་ཚེ་གཞིའི་བླ་མ། མཐར་སྐུ་གསུམ་སྟོན་པའི་སྐུར་བཞེངས་ཚེ་འབྲས་བུའི་བླ་མ། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྒྲུབ་བྱ། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་བསྒྲོད་པ་གཅིག་པུའི་ལམ་ཡང་དག་ཡིན་པས་དེང་ནས་སངས་མ་རྒྱས་ཀྱི་བར་དུ་ལམ་འདི་དང་འབྲལ་ཉན་ནི་མ་རེད། འདི་ཚོགས་ལམ་ཆུང་ངུའི་སྣེ་ཙམ་ཡིན། གནས་ཚུལ་ན་རིགས་རང་བཞིན་གྱིས་དག་པ་ཡིན་ཀྱང་། སྣང་ཚུལ་ན་ཁམས་གློ་བུར་གྱི་དྲི་མས་གཡོགས་ནས་ཡོད་པས་སྒྲིབ་བྱེད་ཀྱི་བག་ཆགས་སྤྱིར་འཁོར་འདས་རུ་ཤན་བྱ་བ་ལ་ལུགས་མང་པོ་ཡོད་ནི་རེད། སྙིང་ཐིག་ཡ་བཞི་དང་། ཐེག་མཆོག་མཛོད། ཚིག་དོན་མཛོད་སོགས་དང་། ཕྱིའི་ལུས་ངག་ཡིད་གསུམ་དང་ནང་དང་གསང་བའི་སོགས་དགུའི་རུ་ཤན་བྱ་ཚུལ་སོགས་ཡོད་ནི་རེད། མདོར་ན་ཀུན་ཉོན་འཁོར་བའི་ཕྱོགས་ཀྱི་རུ་དང་། རྣམ་བྱང་མྱང་འདས་ཕྱོགས་ཀྱི་རུ་་གཉིས་ཤན་ཕྱེ་ནི་རེད། དག་པ་མྱང་འདས་ཀྱི་རུ་རང་བྱུང་ཡེ་ཤེས་བླ་མ། མ་དག་འཁོར་བའི་རུ་ཁམས་གསུམ་འཁོར་བའི་རྒྱུའམ་རུ་སྟེ། དགེ་མི་དགེ་མི་གཡོ་བ་གསུམ་གྱིས། དགེ་བས་མཐོ་རིས་གསུམ། མི་དགེ་བས་ངན་སོང་གསུམ། མི་གཡོ་བས་ཁམས་གོང་མ་གཉིས་སུ་འཕེན་ནི་རེད། དེ་ཡང་ཚོགས་བདུན་གྱིས་འདོད་ཁམས་དང་། གསལ་ཉམས་ཀུན་གཞི་གཙོ་ཆེ་བས་གཟུགས་ཁམས་དང་། སྟོང་ཉམས་ཀྱིས་གཟུགས་མེད་ཁམས་སུ་སྐྱེ་བའི་རྒྱུ་བྱེད་ནི་རེད། དེས་ན་རུ་ཤན་གྱིས་སྟོང་ཉམས་གཏོར། གསལ་ཉམས་ཀྱིས་འཁྱིལ་བ་བཤིགས། ཚོགས་བདུན་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་གིས་འབྱམས་པ་གཅོད་ནས་ཤན་ཕྱེ་ནི་རེད། དེ་ཕྱིར་ཕྱིའི་རུ་ཤན་གྱིས་སྒོ་གསུམ་གྱི་འཁྲུལ་བ་བཤིགས། ནང་གི་རུ་ཤན་གྱིས་སྒྲིབ་པ་སྦྱོང་། གསང་བའི་རུ་ཤན་གྱིས་ཀྱིས་བག་ཆགས་བསྲེག་པར་བྱེད་ནི་རེད། སྤྱིར་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་སྒྲ་ལ་བསླབ་པ། བྱེ་བྲག་རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་དབྱེ་བས་སྒོ་གསུམ་འཁྲུལ་པ་བཤིགས་པ། སེམས་ཀྱི་སྣ་ཁྲིད་པ་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ། སྤྱིར་ས་སྒྲ་སོགས་འབྱུང་བཞིའི་སྒྲ་ལ་བསླབས་ན་སྒོ་གསུམ་སྐུ་གསུམ་དུ་ཤར་ནས་སྐུ་གསུམ་གྱི་མངོན་ཤེས་འཆར་བ་སོགས་དགོས་པ་ཡོད་ཀྱང་ཁྲིད་རྒྱུན་ཆེར་ཡོད་ནི་མ་རེད། བྱེ་བྲག་རིག་པའི་སྣ་ཚུར་ཁྲིད་པར་གསུངས་པས་སྒོ་གསུམ་གྱི་འཁྲུལ་བ་ཞིག་ཚེ་སྤྲིན་བྲལ་གྱི་ཉི་མ་བཞིན་རིག་པའི་ཡེ་ཤེས་མངོན་དུ་གྱུར་ཡོང་བ་ཡིན། སེམས་ཀྱི་སྣ་ཁྲིད་པ་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་ཁྱི་སྡོམ་གྱི་ཇོ་ཐུམ་ལ་བཟུང་ནས་རྟ་རོ་ལ་ཁ་གླན་པ་ལྟར་རིག་ཐོག་ཏུ་ཕར་ཁྲིད་པས་འཁྲུལ་རྟོག་ཐམས་ཅད་བཙན་ཐབས་སུ་གྲོལ་ནི་རེད། ཕྱིའི་རུ་ཤན་འདི་གདན་པ་༼གཙོ་བོ་༽ཡིན་ཤིན་ཏུ་གལ་ཆེ་གསུངས། དགོས་པ་ནི་ལས་དང་པོ་པ་ལ་བཞག་ན། ལུས་ཀྱིས་ངེས་མེད་སྤྱོད་པ་སྣ་ཚོགས་བྱས་པས་ལུས་ངལ་ཞིང་འཁྲུལ་རྟོག་འགག་པ་དང་། ངག་གིས་ངེས་མེད་སྣ་ཚོགས་ཀྱི་སྒྲ་བརྗོད་པས་སྨྲ་བརྗོད་མི་འདོད་པ་དང་། སེམས་ཀྱིས་དུས་གསུམ་རྟོག་པ་ངེས་མེད་སྣ་ཚོགས་ལ་འཕྲོ་འདུ་བྱས་པས། འགྱུ་དྲན་གྱི་ཤུགས་ཆད་པའི་ཚེ་ངོ་སྤྲད་ན་འཕྲོད་སླ་བ་དང་། མཉམ་བཞག་ཅུང་ཟད་རེ་ཡོད་པ་དག་ལ་བཞག་ན་འབྱམས་པ་གཅོད་པ་དང་ཉམས་ཞེན་གྱི་ཤུན་པ་བྲལ་ནས་རྟོགས་པ་མངོན་དུ་འཆར་བ་དང་། ཉམས་ཞེན་གྱི་འཛིན་སྟངས་ཅན་ལ་བཞག་ན་འཁྱིལ་བ་བཤིག་པ་དང་། ངོ་འཕྲོད་ཀྱང་མཉམ་བཞག་དང་རྗེས་ཐོབ་བསྲེ་མི་ནུས་པ་ལ་བཞག་ན་མཉམ་རྗེས་དབྱེར་མེད་དུ་འདྲེས་པ་དང་། སྣང་བ་བདེན་མེད་དུ་ཤེས། རིག་པ་རྟེན་མེད་དུ་ཤར། ཁམས་གསུམ་དུ་སྐྱེ་བའི་རྒྱུ་ཟད། སྲིད་གསུམ་ཀ་དག་གི་ལྟ་བ༴ སོགས་རྟོགས་པའི་དགོས་པ་ཡོད་ཚུལ་སོགས་རྒྱ་ཆེར་གསུངས། བླ་མ་ཉག་བླས། རིག་ངོ་རེ་འཕྲོད་ནས་བཟུང་སྟེ་བློ་ཡར་གཏད་བླ་མ་དཀོན་མཆོག་གསུམ་ལ་གཏད། མར་གཏད་རིག་སྟོང་ཟུང་འཇུག་འདི་ལ་གཏད་ནས་སྤྲང་དབྱུག་གཡས། སྤྲང་ཁུག་གཡོན། རྫ་ཟངས་མདུན། རྒྱབ་རི་བྲག་ལ་གཏད་ནས་དབུགས་སྔོ་ཧྲིང་ངེ་། མིག་སྔོ་ཅེ་རེ་མ་སོང་བར་བསྒོམ་དགོས་མ་གཏོགས་ཁོང་ལ་ཏིས་འགོ་ཞབས་དྲུང་ཚང་གིས་ངོ་སྤྲད་ཀྱང་ད་དུང་དེས་བློ་མི་ཚིམ་པར་རྟོག་གེ་བ་ཅོལ་ཆུང་བློ་མང་དེ་ལ་སྔགས་ཉམས་སུ་ལེན་པའི་སྐལ་བ་མེད་པ་ཡིན་པས་ལུས་ངག་གི་དགེ་སྦྱོར་མན་རྡོག་དང་བསྙེན་གནས་ཙམ་ལས་སྔགས་འདི་ཚིག་གཅིག་བཤད་མི་རུང་གསུངས། དེ་ལྟར་སོམ་ཉི་ཟ་བ་ནི་རྩ་ལྟུང་དགུ་པ་ཡིན་ཏེ་ཐེ་ཚོམ་གསུམ་པོ་གང་གིས་ཀྱང་དམྱལ་བར་ལྷུང་བའི་དངོས་རྒྱུ་རེད། གལ་ཏེ་ཐར་ནས་བསྐལ་བ་ཆེན་པོ་ཞིང་གི་འོད་རྡུལ་ཕྲ་བའི་གྲངས་ཀྱི་ལུས་བླངས་ཀྱང་སྔགས་དང་མི་འཕྲད་པ་མ་ཟད་འཕགས་པའི་དགེ་འདུན་གྱི་ཞལ་ཉི་ཟེར་གྱི་རྡུལ་ཙམ་ཡང་མཇལ་ནི་མ་རེད། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། ཅེས་ཡར་མར་གཉིས་ཀ་གཅིག་ལས་འགྲོ་ས་མེད་པས་དམ་ཚིག་ཉམས་ན་འགྲོ་རན་ནི་རེད། དམ་ཚིག་ནི་དེང་ནས་འཁྲུལ་ཕྱིར་འབྲང་རེ་ཀན། འཁྲུལ་བའི་བྱ་བ་བྱེད་རེ་ཀན། ཞེས་དམྱལ་ཁམས་བཅོ་བརྒྱད་དཔང་པོར་བཞག་ནས་ཁས་ལེན་ནི་རེད། མ་ཉམས་ན་དམ་ཆུ་དང་རྣམ་ཤེས་གཉིས་འདྲེས་ནས་རྡོ་རྗེ་སེམས་དཔའ་ཚོན་གང་དུ་གྱུར་ནས་སངས་རྒྱས་པ་དང་། ཉམས་ན་དམ་ཆུ་དང་རྣམ་ཤེས་གཉིས་འདྲེས་ནས་སྡིག་པ་ར་ཙ་ཁ་དགུ་མགོ་དགུ་མགོ་ལ་རྭ་བཅོ་བརྒྱད་ཡོད་པ་གཅིག་ཏུ་གྱུར་པས་དམྱལ་བར་འགྲོ་གསུངས་པ་ལྟར། གསང་སྔགས་ནི་སློབ་དཔོན་མཚན་ལྡན་གྱིས་སློབ་མ་སྣོད་ལྡན་རེ་ཟུང་ཙམ་རེ་མ་གཏོགས་བཤད་དཀའ་ཚུལ་རྒྱ་ཆེར་གསུངས། དེ་ལྟར་ཕྱིའི་རུ་ཤན་གྱིས་སྒོ་གསུམ་གྱི་འཁྲུལ་བ་བཤིགས་ཀྱང་། དཔེར་ན་རྒྱུ་ས་བོན་ཡོད་རུང་དུ་སྔ་མ་སྐྱེ་བའི་མྱུ་གུ་བཅད་ཀྱང་ཕྱི་མ་བསྐྱེད་བྱེད་ཀྱི་རྒྱུ་ད་དུང་ཡོད་པས་ཐོག་མེད་ནས་ད་ལྟའི་བར་དུ་ལུས་བླངས་ཀྱང་གནས་དྲུག་དུ་ས་བོན་གྱི་ཚུལ་དུ་རྩ་ཡིག་འབྲུ་དྲུག་གི་རྣམ་པར་གནས་པ་དེར་དུག་དང་སེར་སྣའི་བག་ཆགས་དྲི་མའི་ཚོགས་ཐམས་ཅད་ཡི་གེ་ཁ་དོག་དང་མཐུན་པར་དམིགས་ནས་ས་བོན་སྦྱང་བྱ་དེ་ཉིད་གདོང་བསྒོམ་ལེབ་བསྒོམ་ཇི་ལྟར་བྱེད་ཀྱང་རུང་། ས་བོན་གོང་མ་གསུམ་མགོ་ཡར། དུད་འགྲོ་གཡས། ཡི་དྭགས་གཡོན་དམྱལ་བ་ཐུར་དུ་ས་བོན་བསྒོམ་སྦྱོང་བྱེད་གི་གཉེན་པོ་སྤྱི་མགྲིན་སྙིང་ཁ་གསུམ་དུ། རང་རིག་པའི་ངོ་བོ་སྐུ་རྡོ་རྗེ་ལྟར་ཤར་བ་ༀ་དཀར་པོ་ཁོང་སེང་གི་རྣམ་པ་ཆོས་ཀྱི་དབྱིངས་མཚོན་བྱེད། དེ་བཞིན་དུ་གསུང་ཨཱཿདམར། ཐུགས་ཧཱུྃ་མཐིང་གའི་རྣམ་པ་ལ་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་དབྱེར་མེད་གྱུར་ནས་འབྲུ་གསུམ་བཟླས་རྐྱེན་གྱིས་འོད་ཟེར་དཀར་དམར་མཐིང་གསུམ་མམ། ཡེ་ཤེས་ཀྱི་མེ་དེ་ལྟར་འབར་ཞིང་སྤྱི་བོའི་ཧེ་རུ་ཀ་ལ་དད་པ་དང་གསོལ་བ་བཏབ་རྐྱེན་གྱིས་འོད་དུ་ཞུ་ནས་མེ་དཔུང་ནང་དུ་མར་ཁུ་བླུགས་པ་ལྟར་གྱུར་ནས། དུས་མཐའི་མེ་ལྟར་འབར་ཞིང་ས་བོན་བག་ཆགས་དྲི་མའི་ཚོགས་ཐམས་ཅད་རྩ་སྦུར་ཕྲ་མོ་བཞིན་བསྲེག་པར་བསམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ས་བོན་བག་ཆགས་ཀྱི་ཚོགས་དང་གནས་གསུམ་འབྲུ་གསུམ་སོགས་རང་ལྟར་དམིགས་ནས་རང་གི་བསྲེག་སྦྱོང་མཛད་རྐྱེན་གྱིས་ལྷན་ཅིག་ཏུ་ཐུལ་གྱིས་ཚིག་པར་བསམ་ཏེ། དེ་བཞིན་དུ་དམིགས་པ་ཡང་ཡང་བསྐྱར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་སྐུ་གསུམ་གྱི་ཡི་གེ་ཡོད་པར་ཤེས་པ་སྐྱབས་འགྲོ། བག་ཆགས་བསྲེག་པར་བསམ་པ་སེམས་བསྐྱེད། བསྲེག་པར་བྱེད་པ་དངོས་གཞི། བག་ཆགས་བྲལ་བ་བསྔོ་བ་སྟེ་བསགས་སྦྱང་ཁྱད་པར་ཅན་གྱིས་ཟིན་པ་ཡིན་གསུངས་སོ། །དེས་སྒོ་གསུམ་གསང་བ་གསུམ་དང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་ཤར་བ་བསྐྱེད་རིམ་དང་ཐབས་ཀྱི་སྡོམ་པ། དེ་གསུམ་མཚན་འཛིན་གྱི་རྟོག་པ་ཆོས་དབྱིངས་སུ་སྡོམ་པ་རྫོགས་རིམ་དང་ཤེས་རབ་ཀྱི་སྡོམ་པ། ཐབས་ཤེས་ཨེ་ཝཾ་ཟུང་འཇུག་གི་སྡོམ་པ་ཡིན་གསུངས། སྔགས་ཀྱི་སྡོམ་པ་དམ་ཚིག་ས་ཡ་དེར་འདུས་པའི་གནད་འདི་དང་ལྡན་ན་གཅིག་ཀྱང་མི་ཉམས། གནད་འདིས་ཟིན་ན་ལྟ་བའི་གནས་དགབསྒོམ་པའི་རྨང་ཞིགསྤྱོད་པའི་ལ་དོར་ནས། ལྟ་བ་ཡན་ཐུབ། བསྒོམ་པ་ཡེངས་ཐུབ། སྤྱོད་པ་རྐྱེན་ཐུབ་དུ་འགྲོ་བ་ཡིན་པས་དེང་ནས་ཤི་མཐར་ཐུག་གི་བར་དུ་མཐོ་མ་ཁ་དམའ་ཁུང་ཁུང་གང་དུ་སོང་ཡང་བསྐྱུར་རུང་ནི་མ་རེད་གསུངས། ལུས་སྦྱང་སྐབས། གོང་དུ་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པས་རང་ལུས་རྡོ་རྗེ་སྔོན་པོ་རྩེ་གསུམ་མམ། རྡོ་རྗེ་ལངས་འདུག་གཉིས་དང་པོ་སྨིན་གླིང་སོགས་རྫོགས་ཆེན་སྤྱིའི་འདུག་སྟངས་ལྟར་འཇིགས་གླིང་དང་ཕྱི་མ་ཀློང་ཆེན་ནོ། །ངག་སྦྱང་སྐབས། རྒྱས་གདབ་ནི་སྤྱི་བོར་ཚོགས་ཞིང་འོད་དུ་ཞུ་ནས་གཞིར་ཐིམ། གཞི་ཧཱུྃ་མཐིང་ཁོང་སེང་ཅན་ཆོས་ཀྱི་དབྱིངས་བརྡ་མཚོན། ཧཱུྃ་དེ་ལས་ཧཱུྃ་རང་འདྲ་བ་གྲངས་མེད་སྣ་བུག་གཡས་དང་བ་སྤུའི་སྒོ་ཐམས་ཅད་ནས་འཕྲོས། ཕྱི་ནང་སྣོད་བཅུད་བརྟན་གཡོ་ཕྲ་རགས་ཐམས་ཅད་ཧཱུྃ་ཆེ་ཆུང་ཐམས་ཅད་དེ་ལྟར་བསྒོམ། ཧཱུྃ་སྒྲ་ཆེ་བ་འབྲུག་སྟོང་ལྡིར་བ། ཆུང་བ་བུང་བ་ཚངས་ཞུགས་ལྟར་དམིགས་ནས་གཟུང་བ་ཆོས་ཀྱི་བདག་གཏན་ལ་ཕབ། ནང་ཕུང་པོ་ལ་ཚུར་སྣ་བུག་གཡོན་དང་བ་སྤུ་རྣམས་ནས་ཧཱུྃ་འབྱུང་བས་མེར་མེར་དུ་གང་། འཛིན་པ་གང་ཟག་གི་བདག་གཏན་ལ་ཕབ། ལྷ་སྔགས་ཆོས་ཉིད་ཀྱི་རྣམ་ལྡན་དུ་གྱུར། རྩལ་སྦྱངས་ནི། འོད་ཞུ་གོང་ལྟར། ཧཱུྃ་རྣོ་མྱུར་ལྡན་པ་གང་ལ་དམིགས་པའི་ཡུལ་འཛིན་ནས་གནམ་ལྕགས་བབས་པ་བཞིན་ཁྲལ་ཁྲོལ་དབུག་པས་ཕྱི་ནང་ཟང་ཐལ་བཏང་། ནང་ཕུང་པོ་ལ་ཧཱུྃ་མཐོ་གང་བས་ཕྱིར་ཐལ་ནང་ཐལ་རྡུལ་ཕྲན་བཏང་། དྲག་པོ་སྔགས་ཀྱི་མཚོན་ཆ་བདག་འཛིན་འགོང་པོའི་ཀླད་པ་གཞོམ་བྱེད་ཀྱི་མན་ངག་བདག་འཛིན་ཐར་སེ་བྱེད། ཧཱུྃ་སྦྱང་རྣམས་ཀྱི་སྐབས། དཔལ་སྤྲུལ་བས། སྒྱུ་མའི་རྣལ་འབྱོར་ཧཱུྃ་གི་རྒྱང་གླུ་ཅན། སྒྱུ་མའི་ཚུལ་འཛིན་བཞིན་བག་ཡངས་སྤྱོད་པ་སྐྱོངས། དབེན་པའི་གནས་སུ་དོགས་མེད་ཧཱུྃ་སྒྲ་སྒྲོགས། ཞེས་གསུངས་པ་བཞིན། སྐྱབས་སེམས་དང་དཀོན་མཆོག་གསུམ་གྱི་སྣང་བ་དང་སྐད་ཅིག་ཀྱང་མི་འབྲལ་བའི་ངང་ནས་ཧཱུྃ་གླུ་ལེན་ནོ། རྗེས་སུ་བསྔོ་སྨོན་ནི། སེམས་ཅན་ཐམས་ཅད་ཀྱིས་རང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ནས་རང་སྣང་གི་འཁྲུལ་སྣང་དབྱིངས་སུ་དག་ནས་སྐུ་གསུམ་རྒྱལ་བའི་འོད་ཀྱི་ཞིང་དུ་གྱུར་བར་བསམ་མོ། སྨོན་འདུན་བྱའོ། །མཉེན་བཙལ་བ། ཤིང་སྡོང་དང་རི་ལ་སོགས་པ་ལ་ཧཱུྃ་ལུ་གུ་རྒྱུད་དུ་འབྲེལ་བའི་གཡས་དཀྲིས་ཧཱུྃ་སྔ་མ་རྩེ་མོར་གནས་པ་ལ་ཤེས་པ་གཏད་ནས་ཧཱུྃ་གླུ་དལ་བུས་ལེན། སྐྱོ་ན་གཅིག་ལ་གཅིག་ཐིམ་གཡོན་དུ་བཤིགས་ནས་སྙིང་ཁར་བསྡུས་ཏེ་ངལ་བསོ། དེ་ལྟར་བྱས་པས་རིག་པ་ཕྱི་ནང་གང་དུའང་བསྒྱུར་བཏུབ་པའི་དགོས་པ་ཡོད། ལམ་ཞུགས་ནི་སྤྱི་བོར་ཚོགས་ཞིང་ལུས་ངག་ཡིད་གསུམ་ལ་ཐིམ། རང་ཉིད་ཧཱུྃ་མཐིང་གྲུ་གང་བ་ཞིག་ཕར་འཁྱོག་ཚུར་འཁྱོགས་འགྲོས་ཀྱིས་ཆགས་ཞེན་ཡོད་སར་དང་། མཐོང་ཡུལ་མི་མཐོང་ཡུལ་ས་ཕྱོགས་ཐམས་ཅད་དུ་འགྲོ། ཧཱུྃ་དལ་བུར་བརྗོད། མཐོ་སྲིད་རྩེ་ནས་མར་དམྱལ་བའི་བར་རིགས་དྲུག་གི་གནས་ཐམས་ཅད་དུ་འགྲོ་བའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་གཟུགས་སྐུའི་འགྲོ་དོན་མཛད་ཚུལ་རིགས་དྲུག་གི་ཡུལ་གྱི་སྒྲིབ་གཉིས་བག་ཆགས་སྦྱངས་ཤིང་དག་ནས་ཐམས་ཅད་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ། སྒོ་གསུམ་གསང་བ་གསུམ་དུ་གྱུར་བར་མོས། ཉན་ཐོས་རྣམས་འགོགས་པ་ལས་ལྡང་ནས་སངས་རྒྱས་སོ་སྙམ། དེ་ལྟར་ཡུལ་གྱི་བག་ཆགས་སྦྱོངས། ཧཱུྃ་སྦྱང་ཀུན་ལ་རླུང་སེམས་ཧཱུྃ་གསུམ་ཆིག་དྲིལ་གལ་ཆེ། ཞིང་སྦྱང་ནི། སྤྱིར་སྐྱེས་ནས་འཆི་ནད་མ་ཐེབས་བར་དེ་རང་བཞིན་བར་དོ་ཟེར། དེ་ནས་ནང་དབུགས་མ་ཆད་བར་དེ་འཆི་ཁ་བར་དོ། གཞི་སྣང་མ་རྫོགས་བར་དེ་ཆོས་ཉིད་བར་དོ། ཡིད་ལུས་མངོན་ཤེས་རྗེས་དྲན་སླེབས་དུས་སྲིད་པ་བར་དོ་ཡིན། གཞི་ཁྲེགས་ཆོད་འཁྲུལ་རྟོག་ཉམས་ཞེན་གང་གིས་མ་བསླད་པ་དེ་ཡུན་རིང་ཐུང་ཅི་ཙམ་ཡོད་པ་དེ་གཞིའི་འོད་གསལ་འཆར་དུས་དེ་ལྟ་བུ་ལྔའི་ཡུན་ལ་འདུག་ནི་རེད། ཁྲེགས་ཆོད་དེ་དུས་གྲོལ། འོད་སྣང་འཆར་དུས་ཐོད་རྒལ་གྲོལ། སེམས་ཅན་ཐམས་ཅད་ལ་གཞི་སྣང་། སྐར་མདའ་ལྟར་འཆར་ཀྱང་ངོ་མི་ཟིན་ནི་རེད། བར་དོ་དེ་གཉིས་ལ་མ་གྲོལ་ན་ད་རེབ་ལམ་སྣ་ཐུགས་ཡིད་དབྱེར་མེད། བླ་མ་ལ་དད་པ་དམ་ཚིག་མ་ཉམས་མོས་གུས་ཞིང་སྦྱང་ཆེར་ཡོད་ན་སྲིད་པ་བར་དོ་རྗེས་དྲན་སྐབས་བླ་མ་དྲན། མངོན་སུམ་བྱོན། དབང་བསྐུར་གདམས་ངག་གནང་ཞིང་སྦྱང་གོམ་སྟོབས་ཡོད་པས། དབུགས་འབྱིན་ཞིང་ལྔར་འགྲོ། དབུས་རང་རིག་ཡེ་ཤེས་ལས་གྲུབ་པའི་དུར་ཁྲོད་གཞལ་ཡས་ཁང་དེ་རུ་སངས་རྒྱས་སོ། །རྒྱལ་བ་རྡོ་རྗེ་འཆང་གི་བཀའ་ཡིན་ནོ། །དབུགས་འབྱིན་ཞིང་ལྔར་རྫོགས་ཆེན་བསྒོམ་ནས་གྲོལ་བ་ཡིན། ཐུན་མོང་ཞིང་ལྔ་མིན། ཞིང་སྦྱང་ལུགས་ནི། མངོན་དགའི་ཞིང་དུ་སྐད་ཅིག་དེར་སླེབས་ནས་མེ་ཏོག་པདྨོར་བརྫུས་སྐྱེས་སུ་ཞིང་ལུས་སུ་གྱུར་ནས་ས་གཞི་ཐམས་ཅད་ཤེལ་ལས་གྲུབ་པ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། ནང་ན་རྡོར་སེམས་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་རྣམས་མཇལ་ནས་ཕྱག་འཚལ་མཆོད་པ་འབུལ། བསྐོར་བ་བྱེད། ཆོས་ཞུ། ཞིང་ཁམས་གནས་ཚུལ་རྒྱན་བཀོད་ཡོན་ཏན་ཐམས་ཅད་མཇལ་ནས་སྐད་ཅིག་གིས་ལྷོ་རིན་ཆེན་འབྱུང་ལྡན་གྱི་ཞིང་ཁམས་སུ་བརྫུས་སྐྱེས་སུ་གོང་ལྟར་མཇལ། ཐམས་ཅད་གསེར་ལས་གྲུབ་པ། དེ་བཞིན་དུ་སྣང་མཐའ་དམར། དོན་གྲུབ་ལྗང་། མཇལ་ནས་སྟེང་ཕྱོགས་མེ་རུ་འབར་བ་ཁྲོ་བོའི་ཞིང་མཇལ་མ་ཐག་ཤེས་སྒྲིབ་དགགཞོན་ནུ་སྟོབས་ལྡན་མཇལ་ཕྱག་མཆོད་བསྐོར་བ་ལ་སོགས་རྫོགས་པ་ཆེན་པོའི་ཆོས་ཉན་ནས་མཐར་སྟོབས་ལྡན་ཀྱི་ཐུགས་གར་སངས་རྒྱས་པར་བསམ། སྙིང་ཐིག་མ་མགོན་གཟའ་དམ་ཅན་རྣམས་བསྒྲུབ་མ་ཤེས། ཚེའདིའི་ཅན་ཁ་ཕོར་ཁ་དགྲ་འདུལ་ཕྱིར་བདེ་སྐྱིད་ལྡན་འདོད་ཁོ་ན་བས་ཕྱི་མ་གཏན་ནས་འདང་མི་བརྒྱབ། དེ་ལྟ་བུའི་དམ་ཚིག་དང་མི་ལྡན་པ་དམ་ཉམས་རྣམས་ལ་བཀའ་ཆད་ཡོད་ཚུལ། དམ་ཚིག་དང་ལྡན་པ་རང་རིག་ཡེ་ཤེས་ཀྱི་རྩལ་ལས་ཤར་བ་ཡིན་པར་ཤེས་ནས་བསྒྲུབ་ན་ཐར་པ་སྒྲུབ་པའི་ལམ་གྲོགས་ཀྱི་དགེ་འདུན་ཡིན་པས་རྩ་གསུམ་བསྒྲུབ་ན་བླ་མས་གདམས་ངག་གནང། ཡི་དམ་གྱིས་གེགས་དང་གོལ་སར་མི་བཏང་། མཁའ་འགྲོ་ཆོས་སྐྱོང་གིས་ས་ལམ་གྱི་བར་ཆད་བསལ་ནས་མངོན་སུམ་ལག་པའི་ཁུ་ཚུར་ནས་ཁྲིད་བཞིན་མ་མགོན་གཟའ་དམ་ཅན་རྣམས་ཀྱིས་དབུགས་འབྱིན་ཞིང་ནས་སྟེང་ཕྱོགས་ཁྲོ་བོ་གཞོན་ནུ་སྟོབས་ལྡན་གྱི་གནས་སུ་བསྐྱལ་ངེས། ཆོ༷ས་ཚུལ་བཞིན་སྐྱོང༷་བ་རྣམས་ཀྱི་བསྲུང༷་མ༷་ཡིན་པས་ས་ལམ་གྱི་བར་ཆད་བསལ། ཚེ་འདིའི་མཐུན་རྐྱེན་བསྒྲུབ་འགལ་རྐྱེན་བསལ་བ་སོགས་ཡིན། ཙིའུ་དམར་འདི་ཡང་བསྒྲུབ་ཤེས་ན་ཕྱི་མ་བྱང་ཤམ་བྷ་ལར་སྐྱེལ། དེ་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་རྣམས་བཞུགས་ཡོད་པས་ཚེ་གཅིག་གིས་སངས་རྒྱས་པ་ཡིན། དེ་ལྟར་བསྒྲུབ་ཤེས་ན་གཡུ་ཐོག་ཡོན་ཏན་མགོན་པོ་སྨན་བླའི་ཞིང་དུ་ལུས་མ་སྤང་པར་བྱོན་ཚུལ། ཡེ་ཤེས་མཚོ་རྒྱལ་མ་མཁའ་འགྲོ་རྣམས་ཀྱིས་མངོན་སུམ་ལག་པའི་ཁུ་ཚུར་ནས་བཟུང་ཏེ་མཁའ་སྤྱོད་གནས་སུ་བསྐྱལ་བ་ལྟ་བུ་ཡིན་ནོ། །རྫོགས་ཆེན་བསྒོམ་ནས་སྙིང་ཐིག་གསོལ་ཁ་མ་བཏོན་ན་བཀའ་ཆད་ཡོད་ཚུལ། སྔགས་ལ་ཞུགས་ན་དམ་ཚིག་ཉམས་ཆགས་ཤིན་ཏུ་ཆེ་བས་བཤགས་པ་གལ་ཆེ། བན་རྒན་རྣམས་ཀྱི་སེམས་ལ་མི་བསམ་དགུ་བསམ་ཡིན་པས་རང་རྒྱུད་བརྟགས་པ་འདི་གལ་ཆེ། སྔགས་ལ་ཞུགས་ནས་ཡང་ན་ནི་ཡར་འགྲོ་སྐྱད་ཡིན། ཡང་ན་མར་དེ་མན་མེད་སར་འགྲོ་སྐྱད་ཡིན་པས་ཟླ་གཅིག་ནང་དུས་དྲུགཡང་ན་ཡར་མར་ཚེས་བཅུའི་དུས་སུ་རྩ་གསུམ་ཆོས་སྐྱོང་སྤྱན་སྔར་བསྐང་ཚོགས་མེ་མར་མཆོད་པ། འགྱོད་བཤགས་སྔགས་ཀྱི་བསགས་སྦྱོང་རེ་བྱེད་པ་འདི་ཤིན་ཏུ་གལ་ཆེ། རང་དོན་ཅན་རེ་ཡོད་ན་ཉིན་གཅིག་ལའང་ཁྲེགས་ཆོད་བསྒོམ། འཆི་སྲིད་སྦྱང་། ཐོད་རྒལ་བསྒོམ། ཆོས་ཉིད་བར་དོ་ཡར་ར་བླང་ནས། ད་རེབ་ནས་ལམ་ཁུག་ལེན་བྱེད་ནས་བར་དོ་མངོན་སུམ་སྦྱང་གི་ཡོད་ནི་རེད། ལུས་མ་སྤངས་པར་འོད་ལུས་འཕོ་ཆེན་རྡོ་རྗེའི་སྐུར་གྲོལ་བའི་ཁྱད་པར། མར་ཉལ་དུས་སུ་སྲིད་པ་བར་དོ་དངོས་ཡིན་སྙམས་ནས་དབུགས་འབྱིན་ཞིང་ལྔ་ལ་སོགས་སྦྱངས། ཉིན་པར་བར་དོ་གསུམ་སྦྱང་རེ་བྱེད་ནས་གོམས་སྟོབས་ཆེར་སོང་ནས་རྨི་ལམ་སྐབས་ཡང་ངོས་ཟིན་པ་འབྱུང་དེ་ལྟར་བྱེད་ན་བར་དོའི་སྐབས་ཡང་གྲོལ། བར་དོ་གསུམ་དེས་མ་གྲོལ་ན་ད་རེབ་བླ་མ་ལ་དད་པ་མོས་གུས་ཐུགས་ཡིད་དབྱེར་མེད་མང་པོ་བསྒོམ། དམ་ཚིག་མ་ཉམས་ན་སྔགས་ལ་གོམ་པ་ཆེར་མེད་ཀྱང་ཁ་མི་མང་། གསང་སྒོ་མ་འཆོལ་ན་སྐྱེ་བ་ཕྱི་མ་མཚན་ལྡན་གྱི་བླ་མར་འཕྲད་ནས་མི་ལོ་བཅུ་དྲུག་གམ་ཉེར་ལྔ་ནས་མི་གྲོལ་མི་སྲིད་རྡོ་རྗེ་འཆང་གི་བཀའ་ཡིན་ནོ། །རྣལ་དབབ་ནི། སྔོན་འགྲོའི་སྤྱོད་པ་རྣམས་ཀྱིས་འབྱུང་འཁྲུགས་གྱུར་པས་མ་བཅོས་གཤིས་ལ་ལུས་ངག་ཡིད་གསུམ་ལྷོད་སེ་ཤིགས་སེ་ལུས་གཡས་གཡོན་ཉམས་ཅི་བདེར་བཞག་ངག་སྨྲ་བརྗོད་བྲལ། དབུགས་འགྲོ་འོང་དལ་བར་བསླབས། ཡིད་རྣམ་གཡེང་ལས་གྲོལ། སྤྲིན་དེངས་པའི་ནམ་མཁའ་ལྟར་འཇོགསོར་གཞུག་པ་ལ་གསུམ་སྟེ། ཉན་ཐོས་རྣམ་སྣང་ཆོས་བདུན་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞགརྒལ་ཚིག་དྲང་པོ། ལྕེ་ཡ་རྐན། དབུགས་དལ་བ། མིག་སྣ་རྩེ། མགྲིན་པ་ཡིད་ཙམ་དགུག་པར་མཉམ་པར་གཞག་གོ །བྱང་ཆུབ་སེམས་དཔའི་ལྟ་སྟངས་སྐྱིལ་ཀྲུང་གོང་ལྟར་མིག་བར་སྣང་ལ་མདའ་གང་ཙམ་བལྟས་ནས་མཉམ་པར་བཞག་གོ །ཁྲོ་བོའི་ལྟ་སྟངས་གསུམ་ལས། དང་པོ་གྱད་ཀྱི་འདོར་སྟབས་བགྲད། མིག་བར་སྣང་བལྟ། ལག་པ་གཡས་རོལ་ཤེས་པ་ཡང་དེར་གཏད་ཁྲོ་བོའི་ཧ་ཧ་བརྗོད། ལག་པ་གཡོན་རོལ་ཁྲོ་མོའི་ཧི་ཧི་བརྗོད། ཧ་ཧ་ཞེས༴ གནས་པར་བྱ། ཧི་ཧི་ཞེས་འཕྲོས་ལ་རྩལ་སྦྱང་བྱེད། གཉིས་པ་འཇིགས་པའི་སྒེག་འགྲོས་ནི། གོམ་པ་དལ་གྱིས་འདོར་ཞི་གནས་བསྲེའོ། གསུམ་པ། སེང་གེ་མཆོང་སྟབས་ནི། མཆོངས་རྒྱུག་རྒོད་སེམས་དགག་སྒྲུབ་འཕྲོར་བཅུག་ནས་རྩལ་སྦྱངས་བྱ། ཉན་ཐོས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པས་གནས་པར་བྱ། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱ། ཁྲོ་བོས་བརྟན་པ་གྲོལ་བར་བྱའོ། །དེ་ལྟར་ཕྱི་ནང་གསང་གསུམ་གྱི་སྔོན་འགྲོའི་ཟིན་ཐོ་བླ་མ་༼གཡུ་ཁོག་བྱ་བྲལ་རིན་པོ་ཆེ་༽རྡོ་རྗེ་འཆང་གི་ཞལ་རྒྱུན་མདོར་བསྡུས་ཙམ་མོ། །

གཞི་ལམ་འབྲས་བུའི་རྣམ་བཞག་སོགས་ཀྱི་ཟིན་བྲིས།

གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་འདི་ལ་གཞི་ལམ་འབྲས་གསུམ་ཡོད། དེ་ལ་དངོས་གཞི་ངོ་སྤྲད། ལམ་རྒྱུད་ལ་བརྟེན། འབྲས་བུ་མངོན་དུ་བྱ་དགོས་གསུངས། གཞི་བདེ་གཤེགས་སྙིང་པོ་ཁམས་གསུམ་སེམས་ཅན་གྱི་རྒྱུད་ལ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་ཏུ་གནས། མདོ་ལྟར་རྒྱལ་བ་ཤཱཀྱ་ཐུབ་པ་དང་སྔགས་ལྟར་ཆོས་སྐུ་རྡོ་རྗེ་འཆང་གཉིས་ངོ་བོ་གཅིག་པ་ལ། རྣམ་པ་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུར་བཞེངས་ནས་མདོ་དང་། རྡོ་རྗེ་འཆང་གི་སྐུར་བཞེངས་ནས་སྔགས་གསུངས་པ་ཡིན་གསུངས། སྟོན་པ་ཐུགས་རྗེ་ཅན་གྱིས་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་སྦྱངས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཚེ་སངས་རྒྱས་དེའི་གཞི་དེ་ཇེ་བཟང་དུ་མ་སོང་དཔེར་ན་ཉི་མ་དེ་སྤྲིན་གྱིས་མ་བསྒྲིབས་ཀྱང་ཉི་མའི་སྙིང་པོ་དང་འོད་ཟེར་ཇེ་བཟང་དུ་མ་སོང་བ་ལྟ་བུའོ། །མ་རུང་པ་དུར་ཁྲོད་ཀྱི་འདྲེ་མོ་དེ་ཟས་སུ་སེམས་ཅན་གྱི་ཤ་ཟ། སྐོམ་དུ་སེམས་ཅན་གྱི་ཁྲག་འཐུང་། ལས་སུ་སེམས་ཅན་གྱི་སྲོག་གཅོད་པ་སོགས་སྡིག་པ་བྱས་པས་འདྲེ་དེའི་གཞི་ཇེ་ངན་དུ་མ་སོང་། དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབས་ཀྱང་ཇེ་ངན་དུ་མ་སོང་བ་ལྟ་བུ་ཡིན་གསུངས། འོ་དེ་ན་སེམས་ཅན་སངས་རྒྱས་ཁྱད་པར་མེད་པ་མ་ཡིན་ནམ་ཞེ་ན། སངས་རྒྱས་ནི་བག་ཆགས་གསུམ་གྱི་སྒྲིབ་པ་དང་བྲལ་ནས། དཔེར་ན་སྤྲིན་ཡེ་ཟད་ཀྱི་ཉི་མ་ལྟ་བུའོ། །སེམས་ཅན་ནི་བག་ཆགས་གསུམ་གྱིས་བསྒྲིབ་པས། དཔེར་ན་ཉི་མ་སྤྲིན་གྱིས་བསྒྲིབ་པ་ལྟ་བུའི་ཁྱད་པར་ཤེས་དགོས། རང་བྱུང་གདོད་མའི་ཡེ་གཞི་འོད་གསལ་འདུས་མ་བྱས་པ་དེ་ནི་སྐྱེ་རྒ་གནས་འཇིག་དང་བྲལ་བས་རྟག་པ། སངས་རྒྱས་བཟང་པོས་བཅོས་རྒྱུ་མ་ལོན། སེམས་ཅན་ངན་པས་བསྒྱུར་རྒྱུ་མ་ལོན། རྒྱུ་རྐྱེན་འདུ་བ་མེད་པས་འདུས་མ་བྱས་པའོ། །འདུས་བྱས་ནི་རྒྱུ་རྐྱེན་གྱི་ཚོགས་པ་ལས་བྱུང་བ་དངོས་པོའི་ཆོས་རྣམས་སྐད་ཅིག་གཅིག་གཉིས་ཕན་ཆད་རྟག་པ་མེད་པ། གཞི་དེའི་མིང་གི་རྣམ་གྲངས་ལ། རྫོགས་ཆེན་པས་རང་བྱུང་གདོད་མའི་ཡེ་གཞི་ཟེར། ཕྱག་ཆེན་པས་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་ཟེར། སྔགས་ཐུན་མོང་པས་རང་བཞིན་གཞིའི་གཞི་རྒྱུད་ཟེར། མདོ་ལྟར་དུ་གཞི་བདེ་གཤེགས་སྙིང་པོ་ཟེར། གང་ཟག་རིག་པ་ཅན་རྣམས་ལ་ཐོག་མར་གཞི་འདི་ངོ་སྤྲད། དེ་ནས་ལམ་བསྒོམ་པས་ཉམས་སུ་བླངས། སྤྱོད་པས་ལ་དོར། འབྲས་བུ་མངོན་དུ་བྱ། གཞི་འདི་བག་ཆགས་གསུམ་གྱི་སྒྲིབ་པ་ཅན། དེ་ཤན་འབྱེད་གྱིས་ཤན་ཕྱེ། ལ་བཟླས་ལ་བཟླ། གཞི་ངོ་འཕྲོད། དེ་ནས་ལམ་སྒོམ་པས་ཉམས་སུ་བླང་བའི་ཚེ་རང་གི་ཤེས་རབ་བླ་མའི་མན་ངག་དང་ཐ་ན་ཐལ་མོ་ཡ་གཅིག་སྙིང་གར་སྦྱར་བ་སོགས་བག་ཆགས་གསུམ་གཏན་ལ་ཕབ་པའི་གཉེན་པོར་སོང་བ་ཞིག་དགོས། སྤྲིན་རྣམས་རླུང་གིས་གཏོར་བ་ལྟར་ལམ་བསྒོམ་པས་ཉམས་སུ་བླང་། ལོག་རྟོག་འཁྲུལ་བའི་སྣང་བ་འདི་སྤང་བྱ་ཡིན། རྣལ་འབྱོར་ལམ་གྱི་སྣང་བ་འདི་བགྲོད་བྱ་ཡིན། འབྲས་བུ་ནི་བག་ཆགས་གསུམ་གྱི་སྒྲིབ་པ་གཏན་བྱང་དུ་དག་ནས་སྤྲིན་ཡེ་ཟད་ནམ་མཁའ་ལྟ་བུ་གཞི་མངོན་སུམ་དུ་རྟོག་པ་ལ་འབྲས་བུ་ཞེས། འཁོར་བའི་ཆོས་སྤང་བྱ་དང་འདས་པའི་ཆོས་བླང་བྱ་མེད་པ་ཡིན། མཐར་ཐུག་འབྲས་བུའི་སྣང་བ་འདི་ཐོབ་བྱ་ཡིན་གསུངས། མདོ་ལྟར་དུ་མཐར་འཛིན་གྱི་འབྲས་བུ་མཐར་ཐུག་ཏུ་འདོད་ཀྱང་གསང་སྔགས་ལ་མི་འདོད་གསུངས་སོ། ༈ །ཀུན་གཞི་ལུང་མ་བསྟན་གྱི་རྟོག་པ་མ་རིག་པ་དངོས་ཡིན། མ་རིག་བདེན་འཛིན་གྱིས་དྲངས་བའི་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ལ་འཁོར་བ། དེ་ཞི་བ་ལ་མྱང་འདས། རྟོགས་ན་སངས་རྒྱས་དང་མ་རྟོགས་ན་སེམས་ཅན་གྱི་འཁྲུལ་གཞི་བྱེད་པས་གྲོལ་འཁྲུལ་གཉིས་འབྱུང་རུང་བ་ལ་གདོད་མའི་སྤྱི་གཞི་ཟེར། དང་པོ་འཁྲུལ་བའི་ཆ་གཏན་ལ་དབབ་པ་ནི། གནས་དོན་ལུས་གསུམ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ །།ཞེས་གསུངས་སོ། །

༈ རང་རང་གི་སྡིག་པ་བྱས་པ་མ་གཏོགས་གཞན་ཕྱི་སྣོད་ཀྱི་འཇིག་རྟེན་རི་ར་བ་ཁང་ཁྱིམ་ལ་སོགས་སེམས་འཁྲུལ་སྣང་གི་བག་ཆགས་ཡིན་ནམ་བསམ་ན་བག་ཆགས་ཡིན་ཏེ། ཆུ་ཕོར་བ་གང་ལའང་རིགས་དྲུག་གི་སེམས་ཅན་གྱིས་མཐོང་ཚུལ་མི་འདྲ་བ་དྲུག་སྣང་སྟེ། དེ་ཡང་འཇའ་ཁ་དོག་སྣ་ལྔའི་རྣམ་པ་བརྩེགས་མ་ལྟ་བུ་སྣང་བ་ནི་མ་ཡིན། ལི་བདུན་གྲལ་བསྒྲིགས་པ་ལྟ་བུ་སྣང་བ་མ་ཡིན་གསུངས། སྤྱིར་རིགས་དྲུག་གི་སེམས་ཅན་གྱིས་ཆུ་གཅིག་ལའང་ལྷས་བདུད་རྩི་རུ་སྣང་། ལྷ་མིན་གྱིས་མཚོན་ཆ་རུ་སྣང་། མི་ཡིས་ཆུ་འདི་སྣང་། དུད་འགྲོས་བཏུང་བ་རུ་སྣང་། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་སྣང་། ཚ་དམྱལ་བས་ཁྲོ་ཆུ་ཁོལ་མ་རུ་སྣང་གསུངས་སོ། །ཡང་སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་རིགས་བཞི་གཉིས། གཅིག་ལ་སྦྲང་ཆར་དང་གཅིག་ལ་མེ་ཏོག་གི་ཆར་པ་འབབས། ལྷ་མིན་ལ་མཚོན་ཆའི་ཆར་པ་འབབས། མི་ལ་ཆུའི་ཆར་པ་འབབས། ཀླུ་ལ་བྱེ་ཚན་གྱི་ཆར་པ་འབབས། ཡི་དྭགས་ལ་རྣག་ཁྲག་གི་ཆར་བ་འབབས། ཚ་དམྱལ་བ་ལ་མདག་མེ་འབར་བ་མེ་མ་མུར་གྱི་ཆར་པ་འབབས་པའོ། སྒོས་དམྱལ་བའི་འཁྲུལ་སྣང་བག་ཆགས་ཀྱི་སྣང་བ་ནི། ས་ཡི་རླང་པའང་མེ་ལྕེ་རུ་སྣང་། སྨུག་ཟིལ་ཡང་མེ་སྟག་ཏུ་སྣང་། ས་གཞི་ཡང་ལྕགས་བསྲེག་གི་ས་གཞི་རུ་སྣང་། རྩི་ཤིང་ནགས་ཚལ་ཡང་རལ་གྲི་ལོ་མའི་ནགས་ཚལ་དུ་སྣང་། སྔོར་མ་༼སྔོ་ལྡུམ་༽ཡང་སྤུ་གྲིའི་ཐང་དུ་སྣང་། མགར་བས་བརྡུང་བ་མ་ཡིན། ལུགས་སུ་བླུགས་པ་མ་ཡིན། སེམས་ཅན་རང་རང་གི་ལས་སྣང་གིས་དམྱལ་ཟངས་སུ་སྣང་། དེ་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་རྣམས་སེམས་འཁྲུལ་སྣང་གི་བག་ཆགས་ཡིན་གསུངས། ས་གཞི་འདི་ལའང་ཡི་དྭགས་ཀྱིས་གྲམ་པ་སྐྱ་ཁྲིག་གེ་བ་རུ་སྣང་། མི་ཡིས་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སྲ་ཞིང་འཐས་པ་འདི་ལྟར་དུ་སྣང་བ་ཡིན། སྡུག་བསྔལ་ཡོད་མེད་མ་གཏོགས་འཁྲུལ་སྣང་ཡིན་པ་ལ་ཁྱད་པར་མེད། མི་རྣམས་ཀྱིས་དམྱལ་བ་པ་སྙིང་རེ་རྗེ་ཟེར་བའང་འདུག་ཀྱང་རང་གིས་འདི་ལྟར་དུ་སྣང་ཡོད་ནི་མ་གོ །དཔེར་ན་ཡོག་ཐོད་ཀྱིས་ཡོག་ཐོད་ཟེར་བའི་ཁ་སྐད་ལྟ་བུའང་ཡིན་གསུངས། འཕགས་པ་འཇམ་དཔལ་གྱི་གཟིགས་སྣང་ལ་ས་གཞི་འདི་ཡང་རིན་ཆེན་སྣ་བདུན་ལས་གྲུབ་པ་ཞིང་དང་གཞལ་ཡས་ཁང་རྒྱན་དང་བཀོད་པ་བསམ་གྱིས་མི་ཁྱབ་པར་གཟིགས་པ་སྟེ་ཤེས་རབ་ཆེ་བའི་ཕྱིར་རོ། །བྱེ་བྲག་རང་རང་གི་སྣང་ཚུལ་ལ་སེམས་ཅན་ལ་ལས་ས་འདི་ལའང་གནས་ཁང་གི་འདུ་ཤེས། སེམས་ཅན་ལ་ལས་ཟས་ཀྱི་འདུ་ཤེས། ལ་ལས་ལོངས་སྤྱོད་ཀྱི༴ ལ་ལས་སྡུག་བསྔལ་གྱི༴ ལ་ལས་སའི་འདུ་ཤེས་ལ་སོགས་པ་མང་དུ་སྣང་། མེ་འདི་ལ་ཡང་སེམས་ཅན་ལ་ལས་གནས་ཁང་གི་འདུ་ཤེས། སེམས་ཅན་ལ་ལས་ཟས་ཀྱི༴ ལ་ལས་ལོངས་སྤྱོད༴ ལ་ལས་སྡུག་བསྔལ་གྱི༴ སེམས་ཅན་ལ་ལས་མེ་ཡི་འདུ་ཤེས་ལ་སོགས་པ་དུ་མ་སྣང་། ཆུ་འདི་ལའང་། སེམས་ཅན་ལ་ལས་གནས་ཁང་གི་འདུ་ཤེས། ལ་ལས་ཟས་ཀྱི༴ ལ་ལས་ལོངས་སྤྱོད༴ སེམས་ཅན་ལ་ལས་སྡུག་བསྔལ་གྱི་འདུ་ཤེས། སེམས་ཅན་ལ་ལས་ཆུ་ཡི་འདུ་ཤེས་ལ་སོགས་པ་མང་དུ་སྣང་། ནམ་མཁའ་འདི་ལའང་སེམས་ཅན་ལ་ལས་སའི་འདུ་ཤེས། ལ་ལས་གནས་ཁང་གི་འདུ་ཤེས། ལ་ལས་ཟས་ཀྱི༴ སེམས་ཅན་ལ་ལས་ལོངས་སྤྱོད་ཀྱི་འདུ་ཤེས། ལ་ལས་ནམ་མཁའི་འདུ་ཤེས་ལ་སོགས་པ་མང་དུ་སྣང་། སེམས་ཅན་ལ་ལའི་བདེ་བ་འདི་ལ་ལའི་སྡུག་བསྔལ་དུ་སྣང་། ལ་ལའི་སྡུག་བསྔལ་འདི་ལ་ལའི་བདེ་བ་རུ་སྣང་། སེམས་ཅན་ལ་ལའི་སྣང་བ་འདི་ལ་ལའི་མུན་པ། ལ་ལའི་མུན་པ་འདི་ལ་ལའི་སྣང་བའོ། །སྣང་མུན་གཉིས་པོ། གླིང་བར་མུན་པའི་ཁྲོད་ན་གནས་པ་རྣམས་ཀྱིས་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མཐོང་། ལྷའི་བུ་པདྨ་རྣམ་པར་རོལ་པས། འཇམ་དཔལ་ལ་ཞུས་པ། ཕྱིའི་རི་བོ་དང་རྩི་ཤིང་ལྟིང་ཀ་ལ་སོགས་པ་ཅི་ལས་གྲུབ་པ་ཡིན་ཞུས་ཚེ། འཇམ་དཔལ་གྱིས་སེམས་འཁྲུལ་སྣང་གི་བག་ཆགས་ལས་འདི་ལྟར་དུ་གྲུབ་པ་ཡིན་གསུངས་ཚེ། མི་གཅིག་གི་འཁྲུལ་སྣང་ལས་འདི་ལྟར་དུ་མི་གྲུབ་ཞུས་པས། འཇམ་དཔལ་གྱིས་འཁྲུལ་སྣང་ལས་གྲུབ། རྒྱ་གར་ན་བྲམ་ཟེ་མེ་སྦྱིན་བྱ་བ་ཁས་དམན་ཞིག་ཡོད་པས། དེའི་བསམ་པ་ལ་ང་རང་སྟག་ཏུ་གྱུར་ནས་གྲོང་ཁྱེར་འདི་དག་ཟ་བར་བྱེད་ན་ཞེས་ཡང་ནས་ཡང་དུ་བསྒོམ་པས་དེ་ཉིད་མཐར་སྟག་ཏུ་གྱུར་ནས་གྲོང་ཁྱེར་སྟོང་པ་བྱུང་གསུངས་ནས་བསྟན་པས། ལྷའི་བུས་མཐོང་ནས་ཡིད་ཆེས་པར་གྱུར་ཏོ། །དེ་དག་ཐམས་ཅད་སེམས་འཁྲུལ་སྣང་གི་བག་ཆགས་ཡིན་པས་བདེན་གྲུབ་དུ་བཟུང་ན་ཕན་གནོད་ཀྱི་བྱེད་ལས་ཅན་ཡིན་གསུངས་སོ། །རང་གིས་བློ་སྦྱོང་བའི་དུས་ཉིན་མཚན་གོ་འབྱེད་ནས་རྨི་ལམ་ན་ཆུའི་ཁྱེར་བ་གཡང་ལ་ལྷུང་བ་ཁྱིས་འཆའ་བ་སོགས་བདེ་སྡུག་ཇི་ལྟ་བུ་རྨིས་ནའང་སད་པའི་ཚེ་རང་བཞིན་མ་གྲུབ་པ་ཡིན་པས། ཉིན་སྣང་ལ་དགྲ་འདུལ་གཉེན་སྐྱོང་དང་མཛའ་བཤེས་བཟང་ངན་བདེ་སྡུག་ཐམས་ཅད་མདང་སུམ་རྨི་ལམ་ལྟ་བུ་ཡིན་པའི་བློ་སྦྱོང་བྱའོ། །སྦྱོང་བྱེད་ཀྱི་མན་ངག་ཀྱང་རྨི་ལམ་ལྟ་བུ། སྦྱང་བྱའི་ཆོས་ཡང་རྨི་ལམ༴ སྦྱོང་བདག་གི་གང་ཟག་ཀྱང་རྨི་ལམ་ལྟ་བུའི་ཚུལ་གསུམ་དང་ལྡན་པར་བྱ་དགོས་གསུངས་སོ། །སེམས་འཁྲུལ་སྣང་གི་བག་ཆགས་ལས་ལུས་ཡང་གཟུགས་མེད་ཁམས་ན་ཏིང་འཛིན་ཡིད་རིག་གི་ལུས་ཡོད། གཟུགས་ཁམས་ན་འོད་ཀྱི་ལུས་ཡིན། འདོད་ཁམས་ཕལ་ཆེར་གདོས་བཅས་ཤ་ཁྲག་གི་ལུས་ཡིན། བར་དོ་དང་རྨི་ལམ་ན་ཡིད་ཀྱི་ལུས་སྣང་གསུངས། རྟ་ལྟ་བུ་ཞིག་ལ་མཚོན་ནའང་། རྟ་དཀར་པོ་དང་། དམར་པོ། སེར་པོ་དང་ཁྲ་བོ། རྟ་ནག་པོ་ལ་སོགས་པ་རང་རང་གི་ལས་སྣང་གི་བག་ཆགས་ལས་གྲུབ་པ་ཡིན་གསུངས། དོན་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་སེམས་ཟེར། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པ། འབྱུང་ཁུང་རྩད་གཅོད་དང་། བྱུང་གནས་འགྲོ་གསུམ་དང་དོན་གཅིག་མིང་གི་རྣམ་གྲངས་ཡིན་གསུངས། བྱུང་གནས་འགྲོ་གསུམ་ནི་ལྕགས་སྤྲུལ་ལ། རྡོ་རྗེ་གྲུབ་རིན་པོ་ཆེས་གསུངས་པ། དཔེར་ན་མིག་གིས་རྟ་དཀར་པོ་ཞིག་མཐོང་། དེ་ཤི་ནས་བྱ་ཁྱི་སོགས་ཀྱིས་མེད་པར་བྱས་ཚེ། དེའི་ཤུལ་དུ་རྟ་མ་ཟད་རྔ་མ་མེད་པ་བཞིན་ནོ། །ཕྱིའི་གཟུང་བའི་ཡུལ་རྣམས་དེ་ལྟར་དུ་ཤེས་ཚེ། ཡུལ་ཅན་གྱི་ཤེས་པ་དེའི་ཤུགས་སུ་དངས་པ་ཡིན་གསུངས།

༈ གཉིས་པ་མ་འཁྲུལ་བའི་ཆ་གཏན་ལ་དབབ་པ་ལ་ལྔ་སྟེ། གསལ་སེང་ངེ་བ། དྭངས་སེང་ངེ་། སྟོང་སེང་ངེ་བ། ཅི་ཡང་མེད་པ། སྨྲ་བསམ་བརྗོད་མེད་དང་ལྔའོ། །དང་པོ། གསལ་སེང་ངེ་བ་ནི་ཡིད་ངོར་གསལ་སེང་བ་ཞིག་རེད་མ་བསམ་ན་གསལ་སེང་ངེ་བ་རེད་ཟེར་དོན་མེད། གསལ་སེང་ངེ་བས་ང་ནི་གསལ་སེང་ངེ་བ་ཡིིན་ཟེར་བ་ཨེ་རེད། ཕར་ལ་ཁྱོད་ནི་གསལ་སེང་ངེ་བ་བསམ་པ་ཨེ་རེད། གསལ་སེང་ངེ་བ་དེ་རྣ་བས་ཐོས་སམ་མིག་གིས་མཐོང་ངམ་ཡི་གེར་དོད་དམ་གང་ཡིན་ཞིབ་ཏུ་བརྟག་དགོས། ཕྱིའི་ཡུལ་གྱི་གསལ་སེང་ངེ་བ་དེ་ནི་ཉི་ཟླའི་འོད་ཡིན་པས་དེ་གསལ་བ་ཡིན་ན། དེའི་སྒོམ་དེ་ཕྱི་ལ་ཡོད་པས་ལུས་སེམས་གཉིས་ཐ་དད་དུ་སོང་བའོ། །དཔེར་ན་བྱིས་པ་ཆུང་ངུའི་དུས་ནས་མིག་གཉིས་ལོང་བ་རྣ་བ་གཉིས་ཀ་འོན་པ་ཞིག་ཡོད་ན་དེས་ཡར་ལུས་སྟོབས་རྫོགས་པའི་དུས་སུ་མི་གཞན་ཞིག་གིས་དམུས་ལོང་དེ་ལ་ནོམ་པ་ཅི་ཞིག་བསྟན་ཀྱང་མིག་གིས་ནི་མི་མཐོང་རྣ་བས་ནི་མི་ཚོར། ཕྱིའི་ཡུལ་སྣང་གསལ་པོ་དེས་བསྒོམ་དུ་རེ་བ་ནི་མིག་གི་ཤེས་པ་ཡིན། མིག་བཙུམ་ན་ཡོད་པ་མིན་དེ་ནི་གསལ་བ་མིན། གསལ་བ་དེ་ཁོག་པའི་ནང་ན་ཨེ་ཡོད་བསམ་ན་དོན་སྣོད་བཅུ་གཉིས་ལ་སོགས་གང་ལ་བསམས་ཀྱང་གསལ་བ་ཞིག་མི་མཐོང་། ཕྱི་ནང་བར་གསུམ་ལ་ཡང་ཡང་བརྟགས། གསལ་སེང་ངེ་བ་བསམ་པ་ནི་གཟུང་བ་ཡུལ། གསལ་སེང་ངེ་བའོ་བསམ་མཁན་ནི་འཛིན་པ་སེམས། གཟུང་འཛིན་གཉིས་ནི་འཁོར་བའི་རྩ་བ། སྡུག་བསྔལ་གྱི་འབྱུང་ཁུངས། ས་ལམ་གྱི་བཀག་རྡོ། སྡིག་སྒྲིབ་ཀྱི་རྟེན་ཕུར་ཡིན་གསུངས་སོ། །

གཉིས་པ་དངས་སང་བ་དེ་ཡིད་ངོར་དངས་སང་ངེ་བ་ཞིག་རེད་མ་བསམ་ན་དངས་སང་ངེ་བ་རེད་ཟེར་དོན་མེད། དངས་སང་ངེ་བས་ཁོ་རང་དངས་སང་ངེ་བ་ཡིན་བསམ་པ་ཨི་ཡིན། ཕར་ལ་ཁྱོད་དངས་སང་ངེ་བ་རེད་བསམ་པ་ཨི་ཡིན། དངས་སང་ངེ་བ་དེ་རྣ་བས་ཐོས་པ། མིག་གིས་མཐོང་བ། ཡི་གེ་ངོས་ལ་དོད་ཡོད་པ། དངས་སང་ངེ་བ་དེ་ཕྱིའི་ཡུལ་ལ་ཡོད་པ་ཨི་ཡིན། བར་ན་ཡོད་པ་ཨི་ཡིན། ནང་ན་ཡོད་པ་ཨི་ཡིན་ལ་སོགས་པ་ཞིབ་ཏུ་བརྟགས། དངས་སང་ངེ་བ་བསམ་པ་གཟུང་བ་ཡུལ་དང་། དངས་སང་ངེ་བ་འོ་བསམ་མཁན་ནི་འཛིན་པ་སེམས་ཡིན་པས་གཟུང་འཛིན་གཉིས་ནི་འཁོར་བའི་རྩ་བ་སོགས་ཡིན་གསུངས་སོ། གསུམ་པ་སྟོང་སང་བ་ངེ་བ་དེ་ཡིད་ངོར་མ་བསམ་ན་སྟོང་སང་ངེ་རེད་ཟེར་དོན་མེད། སྟོང་སང་ངེ་བས་ང་སྟོང་སང་ངེ་ཡིན་ཟེར་བ་ཨི་ཡིན། ཕར་ལ་ཁྱོད་སྟོང་སང་ངེ་བའོ་བསམ་པ་ཨི་ཡིན། སྟོང་སང་ངེ་བ་དེ་རྣ་བས་ཐོས་པ། མིག་གིས་མཐོང་བ། ཡི་གེའི་ངོས་ལ་སྟོང་སང་ངེ་དེ་དོད་ཡོད་པ་ཨི་ཡིན། སྟོང་སང་ངེ་བ་དེ་ཕྱི་ནང་བར་གསུམ་གང་ནའང་ཡོད་པ་ཨི་ཡིན་ཞིབ་ཏུ་བརྟགས་དགོས་གསུངས། དེ་ལྟར་མ་བརྟགས་ན་གཟུང་འཛིན་གྱི་རང་བཞིན་ཅན་ནོ། བཞི་པ་ཅི་ཡང་མེད་པ་དེ་ཡིད་ངོར་ཅི་ཡང་མེད་པ་ཞིག་རེད་མ་བསམ་ན། ཅི་ཡང་མེད་པ་ཡིན་ཟེར་དོན་མེད། ཅི་ཡང་མེད་པས་ང་ཅི་ཡང་མེད་པ་ཡིན་ནོ་ཞེས་ཟེར་བ་ཨི་ཡིན། བློས་ཕར་ལ་ཁྱོད་ཅི་ཡང་མེད་པ་བསམ་པ་ཨི་ཡིན། ཅི་ཡང་མེད་པ་དེ་རྣ་བས་ཐོས་པ་མིག་གིས་མཐོང་བ་ཡི་གེ་ངོས་ལ་ཤར་ཡོང་བ་སོགས་ཨི་ཡིན་བརྟག་གོ །ཅི་ཡང་མེད་པ་དེ་ཕྱི་ནང་བར་གསུམ་གང་ནའང་ཨི་གནས་མི་གནས་ཞིབ་ཏུ་བརྟགས། ཅི་ཡང་མེད་པ་ཡིན་བསམ་ན་གཟུང་འཛིན་ལས་མ་འདས་པའོ། །མི་ཕམ་རྣམ་པར་རྒྱལ་བས་ཀྱང་། ཅི་ཡང་མེད་པ་རེད་བསམ་པའི་ཡུལ་དེ་ནི་ཆད་པར་ལྟ་བའོ། །མེད་པ་རེད་བསམ་པའི་ཐག་བཅད་མཁན་ཁོ་རྟག་པར་ལྟ་བ་ཡིན་གསུངས་སོ། །ཅི་ཡང་མེད་པ་དང་རྫོགས་ཆེན་སྒོམ་མེད་གཉིས་མ་ནོར་བ་གལ་ཆེ་གསུངས། ལྔ་པ་སྨྲ་བསམ་བརྗོད་མེད་དེ་ཡིད་ཀྱི་ངོར་བརྗོད་མེད་རེད་མ་བསམ་ན་སྨྲ་བསམ་བརྗོད་མེད་ཡིན་ཟེར་དོན་མེད། སྨྲ་བསམ་བརྗོད་མེད་གྱིས་ཁོ་སྨྲ་བསམ་བརྗོད་མེད་ཡིན་ཟེར་བ་ཨི་ཡིན། ཕར་ལ་སྨྲ་བསམ་བརྗོད་མེད་ཡིན་སྙམ་པ་ཨི་ཡིན། རྣ་བས་ཐོས་པ་མིག་གིས་མཐོང་བ་ཡི་གེའི་ངོས་ལ་སྨྲ་བསམ་བརྗོད་མེད་ཁོ་དོད་ཡོད་པ་ཨི་ཡིན་ལ་སོགས་བརྟགས། ཕྱི་ནང་བར་གསུམ་ན་ཨི་ཡོད་བརྟགས། སྨྲ་བསམ་བརྗོད་མེད་རེད་བསམ་པ་ནི་གཟུང་བ་ཡུལ་དང་། བརྗོད་མེད་རེད་འོ་བསམ་མཁན་འཛིན་པ་སེམས་དང། གཟུང་འཛིན་གཉིས་ནི་འཁོར་བའི་རྩ་བ་ཡིན།

དེ་དག་ཐམས་ཅད་གཏན་ལ་ཕབ་པས་ཉམས་བདེ་གསལ་མི་རྟོག་གསུམ་གྱི་ཤུན་པ་རྣམས་བྱ་མོ་ནག་མོའི་སྒོང་ཤུན་འཐོར་བ་བཞིན་ཏུ་གཏོར། དུས་གསུམ་ཡིད་ཀྱི་འཆིང་ཐག་སོག་མའི་ཕོན་ཐག་ཆད་པ་ལྟར་ཆད་པའི་ཚེ་བློ་ལ་གང་ཤར་ཐམས་ཅད་ཆོས་ཉིད་ཀྱི་རོལ་བ། གནས་ན་སྐུ་གསུམ་གྱི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་བར་འཆར། རིན་ཆེན་གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་བ་བཙལ་ཡང་མི་རྙེད་པ་ལྟར་རོ། །འཁོར་འདས་རོ་མཉམ་གྱི་ལྟ་བ་རྟོགས་པ་ཡིན་གསུངས། སྒོམ་ཆེན་གྱིས་སྒོམ་བཏང་ཡང་སྒོམ་གྱིས་སྒོམ་ཆེན་མི་གཏོང་བའི་དུས་སོ། །རྣལ་འབྱོར་བ་ལྟ་བ་རྟོགས་པ་དང་སོ་སྐྱེ་གྲུབ་མཐས་བློ་མ་བསྒྱུར་བ་གཉིས་ཤར་ལུགས་འདྲ་ཡང་། གྲོལ་ལུགས་ཁྱད་པར་གནད་དུ་ཆེ། དེ་མིན་གནད་མ་ཤེས་ན། སྒོམ་གྱིས་སྒོམ་ཆེན་བཏང་ཡང་སྒོམ་ཆེན་གྱིས་སྒོམ་མི་བཏང་སྟེ། ཐོལ་སྐྱེས་རྦད་ཆོད་དྲན་པས་རྗེས་སླེབ། གནས་པའི་ངང་སྐྱོང་། གཉེན་པོས་འབུར་འཇོམས། དྲན་པའི་བྱ་ར་ལ་སོགས་པ་ལས་མི་འདའོ། །ཀུན་གཞི་ནི་རྟོག་མེད་ལུང་མ་བསྟན་དགེ་སྡིག་གང་གིས་ཀྱང་ལུང་མ་བསྟན་པ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་གྱིས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ལས། ཀུན་གཞི་ནི་རྟོག་མེད་ལུང་མ་བསྟན། སྐྱེས་བུ་ཞིག་དཀའ་བའི་ཤུགས་ཀྱིས་རྣམ་རྟོག་སྔ་མ་རྣམས་འགགས་ནས། ཕྱི་མ་མ་སྐྱེས་ཀྱི་བར་ནང་དུ་མ་བསྒོམས་ཕྱི་མ་མ་གཏད་པའི་ཆ་སྟོང་ཧད་དེ་བ་འདི་ཀུན་གཞི་རྟོག་མེད་ཡིན་གསུངས་སོ། །ཀུན་བཟང་དགོངས་པ་ཟང་ཐལ་ལས། ཅི་ཡང་དྲན་མེད་ཐོམ་མེ་བ། །དེ་ཀ་མ་རིག་འཁྲུལ་བའི་རྒྱུ། །ཞེས་གསུངས་སོ། །ཀུན་གཞིའི་ཁམས་ལ་བག་ཆགས་སྣ་ཚོགས་པ་བག་ཉལ་གྱི་ཚུལ་དུ་ཡོད་པ་ཡུལ་རྐྱེན་སྣ་ཚོགས་དང་འཕྲད་པའི་ཚེ་ཡུལ་དུ་མ་ལ་འཇུག་པ་ཡིན་ཏེ། དཔེར་ན་མེ་ལྕགས་རྡོ་དཀར་དང་འཕྲད་པའི་གནས་སྐབས་སུ་མེ་སྟག་འབྱུང་བ་ལྟར་རོ། །ཀུན་གཞི་དེ་ལས་དར་ཅིག་སྣང་ཡུལ་མ་འགགས་པར་ལམ་མེར་གསལ་ཡང་། དེར་འཛིན་མ་ཞུགས་པའི་གསལ་ལ་རྟོག་མེད་ཀྱི་རྣམ་པ་དེ་ཀུན་གཞིའི་རྣམ་ཤེས་ཀྱི་མཚན་ཉིད་ཡིན་གསུངས་སོ། །སྒོ་ལྔའི་ཤེས་པ་རྟོག་མེད་དེས་ཡུལ་སྣང་མི་འཛིན། ཡིད་ཤེས་རྟོག་བཅས་ཀྱིས་ཡུལ་འཛིན་རུང་གི་ནུས་པ་ཡོད་པས་འདི་འོ་བསམས་ནས་འཛིན། ཉོན་ཡིད་ཀྱིས་ཡུལ་དེ་ལ་ཆགས་སྡང་བར་མ་གསུམ་གྱིས་ལས་བསགས་པའོ། ༈ །རང་གི་སྙིང་དབུས་སུ་རྩ་ཀ་ཏི་ཤེལ་གྱི་སྦུ་གུའམ་ཨ་ཝ་དྷཱུ་ཏི་ཞེས་ཁྲག་དང་ཆུ་སེར་གྱིས་མ་གོས་པ་ཕྱི་གསལ་འོད་ཀྱི་རང་བཞིན། རྩེ་མོ་གསུམ་པ། རྩ་དབུ་ུམ་སྤྱི་བོར་ཟུག་པ། རྩ་གཡས་གཡོན་གཉིས་མིག་གཉིས་ལ་ཟུག་པ། དྭངས་མའི་འོད་རྩ་དེའི་དབང་གིས་སངས་རྒྱས་ཀྱི་སྐུ་གྲུབ་པ་ཡིན། ཆོས་ཉིད་ཀྱི་རང་སྒྲས་གསུང་འགྲུབ། སྐུ་གསུམ་འདུ་འབྲལ་མེད་པའི་ཐུགས་རྗེའི་རིག་གདངས་ཀྱིས་སངས་རྒྱས་ཀྱི་ཐུགས་འགྲུབ་གསུངས་སོ། ༈ །རྩ་ཐིག་རླུང་གསུམ་ལས། དང་པོ་ནི་རྩ་གྲངས་ཅན་བདུན་ཅུ་གཉིས། གྲངས་མེད་བ་སྤུའི་གྲངས་དང་མཉམ་པ། མདོར་ན་རྩ་གསུམ་འཁོར་ལོ་ལྔའི་དང་པོ་རྩ་གསུམ་ནི། གཡས་སུ་རོ་མ་དཀར་མོ་ཆུས་བསྐྱེད། གཡོན་དུ་རྐྱང་མ་དམར་མོ་སས་བསྐྱེད། དབུས་སུ་ཀུན་འདར་མ་མཐིང་སྐྱ་རླུང་གིས་བསྐྱེད། ཀུན་རྫོབ་ལྟར་ན། རོ་མ་དཀར་མོས་ཞེ་སྡང་སྐྱེད། རྐྱང་མ་དམར་མོས་འདོད་ཆགས་སྐྱེད། ཀུན་འདར་མ་མཐིང་སྐྱས་གཏི་མུག་སྐྱེད་པའི་རྟེན་བྱེད། ལུས་ངག་ཡིད་གསུམ་གྱི་རྟེན་བྱེད། དོན་དམ་ལྟར་ན། རོ་མ་དཀར་མོ་ཐབས་ཀྱི་རྟེན། རྐྱང་མ་དམར་མོ་ཤེས་རབ་ཀྱི་རྟེན། ཀུན་འདར་མ་གཉིས་མེད་ཟུང་འཇུག་གི་རྟེན། བདེ་གསལ་མི་རྟོག་ༀ་ཨཱཿཧཱུྃ་གསུམ་གྱི་ཡི་གེ་རང་བྱུང་ཡོད། འཁོར་ལོ་ལྔ་ནི་གཙོ་ཆེར་ཆུའི་དྭངས་མ་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་༣༢། སའི་དྭངས་མ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ༡༦། ནམ་མཁའི་དྭངས་མ་སྙིང་ཁ་ཆོས་ཀྱི་འཁོར་ལོ་༨། མེ་ཡི་དྭངས་མ་ལྟེ་བ་སྤྲུལ་པའི་འཁོར་༦༤། རླུང་གི་དྭངས་མ་གསང་གནས་བདེ་སྐྱོང་གི་འཁོར་ལོ༢༨།

གཉིས་པ་རླུང་ལ། ཡེ་ཤེས་ཀྱི་རླུང་། མ་ངེས་པའི་ལས་རླུང་། ཕོ་མོ་མ་ནིང་གི་རླུང་། ཕོ་རླུང་གཡས་ནས་རྒྱུ་དུས་ཞེ་སྡང་། མོ་རླུང་གཡོན་ནས་རྒྱུ་དུས་འདོད་ཆགས། མ་ནིང་གི་རླུང་མཉམ་དུ་རྒྱུ་དུས་གཏི་མུག་གོ །།ལས་ཀྱི་རླུང་རྒྱུ་བའི་ཚེ་མགོའི་སྐྲ་རྩ་དང་རྐང་གི་སེན་རྩ་མ་གཏོགས་དྲོད་ཆ་མཉམ། རླུང་འབྱུང་ཆེན་འབྱུང་ཆུང་གཉིས། འབྱུང་ཆེན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། འབྱུང་ཆུང་ནི་སྟོང་ཕྲག༥༤༠༠དང་། རྩ་ནང་མ་ངེས་པར་རྒྱུ་བ་ནི། འབུམ་ཕྲག་གཅིག་དང་ཁྲི་ཕྲག་གཉིས། །སྟོང་ཕྲག་དྲུག་དང་བརྒྱ་ཕྲག་དྲུག ། རྩ་ནང་ངེས་པར་རྒྱུ་བ་ནི། །འབྱུང་བ་ཆུང་ངུའི་རླུང་དུ་འདོད། །ཅེས་སོ། །

གསུམ་པ་ཐིག་ལེ་ལ། དྭངས་སྙིགས་གཉིས། དྭངས་མ་བཅུ་དྲུགདོན་དམ་ལ་བརྒྱད། ཀུན་རྫོབ་ལ་བརྒྱད། སྙིགས་མ་ལས་ཕུང་པོ་བསྐྱེད། མདོར་ན་ཐབས་ཀྱི་ཆ་ཀུན་རྫོབ་ཀྱི་ཐིག་ལེ་དཀར་པོ་གཡས་རོ་མ་ན་གནས། དོན་དམ་ཤེས་རབ་ཀྱི་ཆ་ཐིག་ལེ་དམར་པོ་གཡོན་རྐྱང་མ་ན་གནས། དབུ་མའི་དབུས་ཤེལ་སྦུག་ཅན་ན་དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་འོད་གསལ་དུ་བཞུགས། ཕྱི་འབྱུང་ལྔ། ནང་ཕུང་ལྔ། གསང་བ་དྭངས་མ་ལྔ། ཡང་གསང་ཡི་གེ་ལྔ། བླ་མེད་མཁའ་འགྲོ་ལྔ། རང་བཞིན་ཐིག་ལེ། རྣམ་པ་ཡི་གེ། ངོ་བོ་ཡེ་ཤེས་དང་གནས་ཚུལ་སྐུ་ུལྔ་ཞེས་སོ། །སྐུ་གསུམ་ཀ་ཏིའི་གསེར་གྱི་རྩ་ཅན། གཡས་དར་དཀར་སྣལ་མ་སྒྲོན་མ་བཞི། གཡོན་ཕྲ་ལ་འཁྲིལ་བ་ཉམས་གོང་འཕེལ། ཤེལ་སྦུག་རིག་པ་ཚད་ཕེབས། ༈ ནམ་མཁའ་ལྔ་ནི། སྤྱི་ཀུན་ལ་ཁྱབ་པའི་གཞི་རིག་པ་དང་དབྱེར་མེད་པའི་ནམ་མཁའ། ཡུལ་མེད་འོད་ལྔ་གསལ་དྭངས་ནམ་མཁའ། མ་འདྲེས་དབྱིངས་ལྔ་དག་པའི་ནམ་མཁའ། དོན་ཐིག་ལེ་ལྔ་མཚོན་བྱེད་ཀྱི་ནམ་མཁའ། ཞི་ཁྲོའི་སྐུ་དང་དབྱེར་མེད་པ་དག་པའི་ཞིང་དུ་སྒྲོལ་བར་བྱེད་པའི་ནམ་མཁའ་འོ། །

རྩ་བ་འཛིན་པ་༼རིག་པའི་མདངས་༽སྲོགསྐྱོད་བྱེད་༼ཐིག་ལེ་༽ཀྱི་སྲོགརྣམ་པར་ཕྲ་བའི་༼འོད་ལྔ་༽སྲོགམི་གཙང་བའི་༼སེམས་མ་རིག་༽སྲོགརྣམ་པར་འདར་བར་བྱེད་པའི་སྲོག་༼ཡིད་༽ལྔའོ། །ལུས་གནས་ལུས་ལས་མ་སྐྱེས་པ། ཞེས་དང་། རྩ་ཨ་ཝ་དྷི་ཏི་འོད་ཀྱི་སྐུ་ཅན། །ཞེས་སོ། །ལུས་ལས་མ་སྐྱེས་པ་ཡི་ལུས། །སྙིང་ཀའི་པདྨོ་སྦུབ་མཁའ་རུ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །ཞེས་དང་། །ལུས་ནི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོ། །མི་ཡི་ལུས་ལ་སངས་རྒྱས་དངོས། ཞེས་དང་།

དུས་གསུམ་ནི། འདས་པའི་རྗེས་གཅོད། མ་འོངས་པའི་སྔོན་བསུ། ད་ལྟའི་མཚན་འཛིན་བྱེད་པ་ཡིན། དུས་གསུམ་ཡང་དུས་གཅིག་ཆར་དུ་འཆར་མི་སྲིད་པས། འདས་མ་འོངས་ད་ལྟའི་དུས་གསུམ་ཀ་དུས་གཅིག་ལ་ཕབ། ༀ་ཨཱཿཧཱུྃ་གསུམ་གྱི་རང་བཞིན་སྐྱེས་འཇིག་གི་མཚན་ཉིད་ཅན་དུ་ཤེས་ནས་བློ་སྦྱོང་བར་བྱའོ། ༈ ཧེ་རུ་ཀ་གལ་པོ་ལས། གཞི་ལ་སྤོང་བར་བྱེད་པ་ནི། སྐྱེ་བོའི་ལྡུམ་རའི་དུག་སྡོང་འདྲ། །སྦྱོང་བར་བྱེད་པའི་ལམ་པ་ནི། །འཚོ་བྱེད་མཁས་པས་མཐོང་བ་འདྲ། །བསྒྱུར་བར་བྱེད་པ་གསང་སྔགས་པ། །བྲམ་ཟེ་རིགས་སྔགས་གྲུབ་པ་འདྲ། །དབང་དུ་བྱེད་པའི་ནང་པ་ནི། །རྨ་བྱས་ཟས་སུ་མཐོང་བ་འདྲ། །རང་སར་འཇིགས་པའི་རྫོགས་ཆེན་པ། །འབྱུང་ཆེན་ལྟོས་ཀྱི་ས་གཞི་འདྲ། །ཞེས་སོ། །མན་ངག་རིན་པོ་ཆེའི་མཛོད་ལས། ཐེག་པའི་དོན་འདུས་ཤེས་དགོས་ཆོས་དྲུག་ནི། །ཉོན་མོངས་རང་ཁར་ཐ་མལ་སྐྱོན་ཤེས་དགོས། །ཉོན་མོངས་སྤང་བ་ཉན་རང་ལམ་ཤེས་དགོས། །ཉོན་མོངས་སྦྱོང་བ་རྒྱལ་སྲས་ལམ་ཤེས་དགོས། །ཉོན་མོངས་བསྒྱུར་བ་གསང་སྔགས་ལམ་ཤེས་དགོས། རང་བཞིན་ཡོངས་ཤེས་རང་བྱུང་ཡེ་ཤེས་དགོས། །བླང་དོར་གྲོལ་བྱ་བཙལ་མེད་ཤེས་པ་དགོས། །དེ་དག་ལྡན་ན་ཉོན་མོངས་དགོས་པ་མེད། །ཅེས་པ་ལྟར། དཔེར་ན་སྐྱེ་བོ་ཞིག་གིས་ལྡུམ་རའི་ནང་དུ་དུག་སྡོང་ཞིག་སྐྱེས་ན། དེ་ལ་རེག་པ་དང་མཐོང་ནས་རླུང་ཕོག་པ་ཙམ་གྱིས་ཀྱང་འཆི་བ་དང་། དུག་ཡིན་པར་ཤེས་ནས་དེ་ལ་སྐྲག་ན་རེག་པ་ལྟ་ཅི་མཐོང་སར་ཀྱང་མི་རྒྱུ་བ་དཔེ་དེ་བཞིན་དུ་ཉན་རང་རྣམས་ཀྱིས། ཕྱིའི་འདོད་དོན་ལྔ་དང་ནང་ཉོན་མོངས་དུག་ལྔ་སོགས་ཐ་མར་བཞིན་རང་ཁར་དུ་མི་སྤྱོད་པར་སྤོང་བ་ཡིན། རང་ལམ་ནས་ཐར་བ་ཡིན་གསུངས། དེ་གཉིས་ཀྱིས་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ། མ་རིག་པའི་གཉེན་པོར་རྟེན་འབྲེལ་བཅུ་གཉིས་སུ་བསྒོམ་པ་དང་། ཆོས་ཀྱིས་གཟུགས་མི་སྡུག་པ་བསྒོམ་པས་རི་ཐམས་ཅད་རུས་པའི་རི་དང་ཐང་ཐམས་ཅད་རུས་པའི་ཐང་དུ་སྣང་ངོ་། བྱང་ཆུབ་སེམས་དཔའ་ནི། དཔེར་ན་འཚོ་བྱེད་མཁས་པ་ཞིག་གིས་དུག་གི་སྡོང་པོ་དེ་མཐོང་བ་ཉིད་ནས་སྨན་རང་རང་གི་སྡེ་ཚན་ནང་དུ་མེད་མི་རུང་བ་ཡིན་པར་ཤེས་ནས། དུག་དེ་ཡི་རྩ་བ་སྡོང་པོ་ཤུན་པ་ཡལ་ག་ལོ་མ་མེ་ཏོག་འབྲས་བུ་དང་བཅས་པ་མི་དོར་བར་དུག་དེའི་ཁ་ཚར་ལ་སྨན་བཏབ་ནས་ནད་ཀྱི་གཉེན་པོར་སྨན་དུ་སྦྱོང་བ་དེ་བཞིན་དུ། བྱང་སེམས་རྣམས་ཀྱིས་ཕྱིའི་འདོད་ཡོན་ལྔ་དང་ནང་ཉོན་མོངས་དུག་ལྔ་ལ་སོགས་སྤོང་མི་དགོས་པར་བདེན་མེད་སྒྱུ་མའི་དཔེ་བརྒྱད་ཀྱི་ཚུལ་དུ་བློ་སྦྱོང་བ་ཡིན་གསུངས། སྔགས་ཕྱི་པས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྨ་བྱ་དུག་འཇོམས་གསུངས་ཚེ། དཔེར་ན་དུག་སྣ་སྣ་ཚོགས་བསོགས་ནས་བསྒྲུབ། དུག་འཇོམས་པའི་སྔགས་བཏབ་ཚེ་དུག་རྣམས་སྨན་དུ་བསྒྱུར་བ་བཞིན་ཕྱི་རྒྱུད་ལྟར་ན་སྭ་བྷ་ཝས་སྟོང་པར་སྦྱངས་ནས། ཕྱི་སྣོད་གཞལ་ཡས་ཁང་དུ་བསྒྱུར། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན་དུ་བསྒྱུར། གསང་བ་ཉོན་མོངས་པ་རྣམས་ཡེ་ཤེས་ཀྱི་རང་བཞིན་དུ་མོས་པའོ། །ཆང་ལྟ་བུ་ལ། ཧ་ཧོ་ཧྲཱི་ཡིས་བྱིན་གྱིས་བརླབས་དགོས། དེ། ཧ་གསུམ་ལ་སོགས་དང་བྲལ་ན། །དེ་ནི་དུག་འགྱུར་ཐེ་ཚོམ་མེད། །ཅེས་སོ། ཧ་ཡིས་ཆང་གི་ཁ་དོག་ཧྲཱིི་རོ་ཡི་ནུས་པ་བཅོམ། ཧོ་ཡིས་བདུད་རྩིར་བསྒྱུར། དྲི་ཡིས་གང་ལ་གང་འདོད་ཅི་ལ་ཅི་འདོད་ཀྱི་རྣམ་པར་སྤེལ་གསུངས། ཡུལ་དེ་ལ་སྲེད་ལེན་མེད་པས་ལྟ་བའི་གདེངས་དང་ལྡན་པས་རོལ་ན། དགའ་བཞིས་དྲངས་པའི་ཡེ་ཤེས་རྒྱུད་ལ་འཆར་བའི་གྲོགས་ཡིན། དེ་དང་མ་ལྡན་པར་བག་མེད་དུ་རོལ་ན། སྔགས་པ་ཆང་གིས་མྱོས་གྱུར་ན། །ངུ་འབོད་གནས་སུ་སྐྱེ་བར་གསུངས་སོ། ༈ གནས་སྣང་གཉིས་ནི། རང་བཞིན་གཞིའི་གནས་ཚུལ། ལོག་རྟོག་འཁྲུལ་བའི་སྣང་ཚུལ་གཉིས། གནས་ཚུལ་ནི་དཔེར་ན་དུང་གི་ཁ་དོག་འདི་ཡེ་ནས་དཀར་པོར་གནས་ཀྱང་མཁྲིས་ནད་ཀྱི་དབང་གིས་སེར་པོར་སྣང། གནས་ཚུལ་དུ་གངས་རི་ཡང་ཡེ་ནས་དཀར་པོ་ཡིན་ཀྱང་མིག་ནད་ཀྱི་དབང་གིས་ནག་པོར་སྣང་བ་བཞིན་དུ། སྣོད་བཅུད་འདི་གནས་ཚུལ་ལ་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་དུ་གནས་རུང་ལོག་རྟོག་འཁྲུལ་པའི་དབང་གིས་འདི་ལྟར་དུ་སྣང་བ་ཡིན་གསུངས། དག་བྱ་ནི། གནས་སྣང་གཉིས་མི་མཐུན་པ་ཡིན་ནོ། ༈ །ནང་རྒྱུད་སྡེ་གསུམ་གྱིས་སྣོད་བཅུད་འདི་གནས་ཚུལ་ཡེ་ནས་སངས་རྒྱས་པའི་ཞིང་དུ་འདོད་ཚུལ་འདྲ་ཡང་ནང་གསེས་ཀྱིས་དབྱེ་ན། བསྐྱེད་པ་མ་ཧཱ་ཡོ་གས་ནི། ཇི་ལྟར་གཟུགས་སུ་སྣང་བའི་ཆོས་ཐམས་ཅད་སྒྱུ་མའི་རང་བཞིན་ཀུན་རྫོབ་ཀྱི་བདེན་པ། ཇི་ལྟར་སྟོང་པའི་ཆ་ཐམས་ཅད་རང་བཞིན་མེད་པའི་དོན་དམ་གྱི་བདེན་པ། དེ་གཉིས་ཟུང་དུ་འཇུག་པ་སྣང་སྟོང་རྒྱལ་བའི་སྐུ་ཆུ་ཟླ་ལྟ་བུ། སྣང་ཆ་ཐབས་ཀྱི་རང་བཞིན། སྟོང་ཆ་ཤེས་རབ་ཀྱི་རང་བཞིན་ཡིན། གྲགས་སྟོང་གསུང་གི་རང་བཞིན། ཡིད་དྲན་སྟོང་ཐུགས་ཀྱི་རང་བཞིན་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཡིན། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར། དཔལ་སྤྲུལ་གྱིས་སྡོམ་པ་ནི་ཐ་མར་མ་དག་པའི་སྣང་ཆ་འདི་དག་པ་ལྷའི་རྣམ་རོལ་དུ་སྡོམ། ལྷའོ་སྔགས་སོ་བསམ་པའི་མཚན་འཛིན་གྱི་རྟོག་པ་དེ་ཆོས་ཀྱི་དབྱིངས་སུ་སྡོམ་པ་འདི་ནི་སྡོམ་པ་ཡང་ཡིན་ལ་ལྟ་བ་ཡང་ཡིན་གསུངས་སོ། །ཨེ་ཝཾ་ཟུང་འཇུག་ཡིན། སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་དུ་གོམས་པའི་ཚད། ཧེ་ལང་བཞད་པ་རྡོ་རྗེ་ཡིས། དུར་ཁྲོད་ཀྱི་འདྲེ་མོ་རྡོ་རྗེ་ཕག་མོ་དངོས་སུ་མཐོང་བས། ནམ་མཁའི་མཐོངས་ཕྱེ་ནས་མཁའ་སྤྱོད་དུ་གཤེགས་པ་ལྟ་བུ། རིག་འཛིན་འཇིགས་མེད་གླིང་པས། གྲོང་གི་ཐེའུ་རང་ཡི་དམ་གྱི་ལྷ་དངོས་སུ་མཐོང་ནས་མཆོག་གི་དངོས་གྲུབ་ཐོབ་པ་ལྟ་བུ་ཡིན་གསུངས་སོ། །ལུང་ཨ་ནུ་ཡོ་གས་ནི། ཇི་ལྟར་སྣང་བའི་ཆ་ཐམས་ཅད་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། ཇི་ལྟར་སྟོང་པའི་ཆ་ཐམས་ཅད་ཡུམ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། དེ་གཉིས་ཟུང་དུ་འཇུག་པའི་ཆ་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་གསུམ་གྱི་རང་བཞིན། ནང་རྩ་ཐིག་རླུང་གསུམ་གྱི་དཀྱིལ་འཁོར། ཚོར་བ་བདེ་སྡུག་བར་མ་གསུམ་པོ་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གི་རྣམ་རོལ་དུ་འཆར་དགོས་ཏེ། ཞང་སྟོན་པ་རིན་པོ་ཆེས་བདེ་སྟོང་ཉམས་བཞེས་མཛད་པའི་དུས་དབུ་བྲག་ལ་བརྒྱབ་པ་ཡང་བདེ་སྟོང་གི་རྣམ་རོལ་དུ་ཤར། ཞབས་རྐང་དུ་ཚེར་མ་ཟུག་པ་བདེ་སྟོང་དུ་ཤར་བ་ཡིན། འདི་ཡི་དགོངས་པ་ནི། དཔེར་ན་རྨ་བྱ་དེ་ཡི་ཁ་ཟས་དུག་ཡིན་པ་ཟས་གཞན་གྱིས་མི་སྐྱོབས་པ། རྨ་བྱས་དུག་དེ་ཉིད་དབང་དུ་སྤྱོད་པས་བཀྲག་མདངས་ལྡན་པ་བཞིན། ཕྱི་ནང་བ་སྣོད་ཀྱི་འཇིག་རྟེན། ནང་སྲིད་པ་བཅུད་ཀྱི་སེམས་ཅན། གསང་བ་ཉོན་མོངས་དུག་ལྔ་ལ་སོགས་པ་སོ་ཐར་ལྟར་མི་སྤོང་། བྱང་སེམས་ལྟར་གཉེན་པོ་མི་བརྟེན། སྔགས་ཕྱི་པ་ལྟར་བདུད་རྩིར་མི་བསྒྱུར་བར་རང་དབང་དུ་སྤྱོད་པ་དུག་ཟས་སུ་མཐོང་བ་ལྟ་བུ་ཡིན་གསུངས་སོ། །མན་ངག་ནི། དཔེ་དོན་རྟགས་གསུམ་གྱི་སྒོ་ནས་འཆད་ན། དཔེ་སྐྱོན་གསུམ་བྲལ་བའི་ནམ་མཁའ་ལྟ་བུ། དོན་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ། རྟགས་རོལ་པ་འགགས་མེད་དུ་ཤར་ནས་གྲོལ་བའོ། ༈ །དཀྱིལ་འཁོར་གསུམ་ནི། མཚོན་བྱེད་རྫས་ཀྱི་དཀྱིལ་འཁོར་ནི། ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར། མཚོན་བྱ་དོན་གྱི་དཀྱིལ་འཁོར་ནི། ནང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ་ཉིད་མཉམ་བཞག་གི་སྐབས་སུ་མངོན་དུ་རྟོགས་དགོས་པ་ཡིན་གསུངས། རྟགས་འདུས་བྱས་ཀྱི་དཀྱིལ་འཁོར་ནི། རྗེས་ཐོབ་ཀྱི་སྐབས་སུ་སྣང་ཆ་མ་འགགས་པ་ཞིག་དགོས་གསུངས། མཚོན་བྱེད་རྫས་བུམ་པ་དེ་ཉིད་རྟེན་ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པ་ལྷུན་གྱིས་གྲུབ་པའི་བདག་ཉིད་ལྷ་གང་རུང་གི་སྐུ་མཚོན་བྱེད་ཡིན་ནོ། །སྒོ་སྐྱོང་ཁྲོ་བོའི་དཀྱིལ་འཁོར་མཚོན་བྱེད་དུང་ཆུ། ཀ་དག་འོད་གསལ་གྱི་དཀྱིལ་འཁོར་མཚོན་བྱེད་ཤེལ་རྡོ། དབྱིངས་དང་ཐིག་ལེའི་དཀྱིལ་འཁོར་མཚོན་བྱེད་རྨ་བྱའི་སྒྲོ་མདངས་ཡིན། བུམ་པ་སྐུའི་དཀྱིལ་འཁོར། གཟུངས་ཐག་གསུང་གི་དཀྱིལ་འཁོར་ཡིན། གཟུངས་ཐག་ཁ་དོག་ལྔ་དགོས། ཡེ་ཤེས་ལྔ་མཚོན་པའི་ཕྱིར་རོ། །རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ཡིན། རྡོ་རྗེ་ཚད་སོར་བཞི་ཡིན་གསུངས་སོ། ༈ ཞབས་ཏོག་རྣམ་པ་གསུམ་ནི། ནོར་ཅི་ཡོད་འབུལ་བའི་སྙིང་སྟོབས་དང་གཅིགལས་ཆོས་སུ་མཐོང་བའི་དད་པ་དང་གཉིས། བཀའ་ཇི་ལྟར་བསྩལ་བ་བསྒྲུབ་པ་དང་གསུམ་ནི་མཁས་པ་མི་ཕམ་གྱིས་གསུངས་སོ། །དམ་པའི་ཚུལ་དགུ་ཡོད། འཆད་རྩོད་རྩོམ་གསུམ་ནི། གདུལ་བྱ་རྗེས་སུ་འཛིན་པའི་འཆད་པ། གཞན་གྱི་ལོག་རྟོག་འཇོམས་པའི་རྩོད་པ། བསྟན་པ་གསལ་བར་བྱེད་པའི་རྩོམ་པ་དང་གསུམ། མཁས་བཙུན་བཟང་གསུམ་ནི། མཁས་པའི་ཤེས་རབ། བཙུན་པའི་གཟུགས། བཟང་དགུའི་ཡོན་ཏན་དང་གསུམ། ཐོས་བསམ་སྒོམ་གསུམ་ནི། ཐོས་པའི་ཤེས་རབ། བསམ་པའི་རྣམ་དཔྱོད། སྒོམ་པའི་ཡོན་ཏན་དང་གསུམ། དེ་དག་ནི་དམ་པའི་ཚུལ་དགུ་ཡིན་ནོ།

༈ མདོ་རྒྱུད་མན་ངག་གསུམ་ནི། སྤྲུལ་སྐུའི་གསུང་པའི་མདོ། ལོངས་སྐུའི་གསུང་པའི་རྒྱུད། ཆོས་སྐུའི་གསུང་པའི་མན་ངག་དང་གསུམ།

འཁྲུལ་ཚུལ་གསུམ་ནི་ཡུལ་དོན་ལུས་གསུམ་ཡིན། གྲོལ་ཚུལ་གསུམ་ནི་རྣམ་གྲོལ་གསུམ་ལ་མཁས་པ་པོ་ཞེས་གསུངས་པ་བཞིན་ནོ། ཤ་ཁྲག་གི་ལུས་གྲོལ་བ་དང་གཅིག ། འགྱུ་བྱེད་ཀྱི་སེམས་གྲོལ་བ་དང་གཉིས། འཁྲུལ་སྣང་གི་བག་ཆགས་གྲོལ་བ་དང་གསུམ་ཡིན། གཟིགས་ཚུལ་གསུམ་ནི། ཡེ་ཤེས་ཀྱི་སྤྱན་ནི་སངས་རྒྱས་ལ་ཡོད་དེ། རྒྱུ་ལྟ་སྒོམ་ལས་བྱུང་། སྣོད་བཅུད་སྐུ་དང་ཡེ་ཤེས་སུ་གཟིགས། ཆོས་ཀྱི་སྤྱན་ནི་བྱང་ཆུབ་སེམས་དཔའ་ལ་ཡོད་དེ། རྒྱུ་དམིགས་མེད་ཀྱི་དགེ་བ་ལས་བྱུང་། སྣོད་བཅུད་སྒྱུ་མར་གཟིགས། ཤེས་རབ་ཀྱི་སྤྱན་ནི་རྟོགས་ལྡན་ལ་ཡོད་དེ། རྒྱུ་བླ་མའི་དྲིན་ལས་བྱུང་། འཁྲུལ་སྣང་བདེན་མེད་དུ་གཟིགས་སོ། །

༈ འཆི་སྲིད་ཆོས་སྐུའི་བར་དོའི་ཤར་བའི་ཚེ། རྟོགས་གོམ་གྱི་གདེངས་དང་ལྡན་པའི་གང་ཟག་གིས་བྱང་ཆུབ་སེམས་དཔའི་འཕོ་ལུགས་ཞེས། རང་གི་རྣམ་པར་ཤེས་པ་དེ་ཉིད་ཨ་དཀར་པོ་རྩ་བའི་བླ་མ་དང་དབྱེར་མེད་པ་ཞིག་ཏུ་རྩ་དབུ་མའི་དབུས་སུ་གསལ། རྩ་དབུ་མའི་ལམ་ནས་ཀ་དག་གི་དབྱིངས་སུ་འཕོ་བ་དང་། མིག་ནས་ཀ་དག་གི་དབྱིངས་སུ་འཕོ་བ་དང་། རིག་པ་མིག་ནས་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་འཕོ་བ་དང་། རང་སྟོབས་ཀྱིས་འཕོ་ལུགས་སོ། །དཀར་ལམ་དམར་ལམ་ནག་ལམ་གསུམ་རྫོགས་པའི་ཚེ། གཞིའི་འོད་གསལ་སྟོན་གནམ་གཡའ་དང་བྲལ་བ་ལྟ་བུར་འཆར། རྟོགས་གོམས་དང་ལྡན་པས་གཞིའི་འོད་གསལ་ངོ་ཤེས་པས་ཆོས་སྐུའི་ཞིང་དུ་གྲོལ་ལོ། །ད་ལྟ་ལམ་དུས་ན་རླུང་སེམས་ཀྱི་རྒྱུ་བ་དག་པའི་ཆ་དེ་ལ་ཐུན་ཅི་བསྡད་ན་དེ་ལྟ་བུ་ལྔ་གཞིའི་འོད་གསལ་གྱི་ཐོག་ཏུ་གནས། དེ་ལ་བསམ་གཏན་གྱི་ཞག་ལྔ་ཟེར། དེ་ལས་ལྡང་ཚེ་གཞིའི་འོད་གསལ་ངོ་ཤེས་ན་ཁྱད་ཆོས་དྲུག་གི་བྱེ་བྲག་ཕྱེ་ནས། ཆོས་སྐུའི་ཞིང་དུ་སངས་རྒྱས་སོ། །ཆོས་ཉིད་བར་དོ་ཞེས་པ་ནི། ཆོས་ལ་ལོངས་སྤྱོད་པས་ན་ཆོས་ཉིད་བར་དོ་ཟེར། གཞི་སྣང་སྒྲ་འོད་ཟེར་གསུམ་ཤར་བའི་ཚེ། རང་སྣང་ཡིན་པར་ངོ་ཤེས། ཤེས་ཐོག་ཏུ་གནས། གནས་ཐོག་ཏུ་གྲོལ། གནད་གསུམ་དང་ལྡན་པའི་རང་སྣང་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་སོ། སྲིད་པ་བར་དོ་ཤར་བའི་ཚེ། རླུང་ཡེ་ཤེས་ལྔ་ལས་རྐྱེན་བྱས། གཉུག་སེམས་ཀྱིས་རྒྱུ་བྱས་ནས་རང་གིས་བསྐྱེད་པའི་ལྷ་དེ་བསྐྱེད་ནས་རྗེས་དྲན་དྲུག་དང་འབྲེལ་བའི་ཕྱེད་སྤྲུལ་ལོངས་སྐུའི་ཞིང་དུ་ཕྱིར་མི་ལྡོགདེར་སངས་མ་རྒྱས་ན། བདུན་བདུན་བཞི་བཅུ་ཞེ་དགུའི་བར་དུ་འདེམ་དབང་ཡོད་ན། ཧ་ཅང་ཕྱུག་པོ་མ་ཡིན། ཧ་ཅང་དབུལ་པོ་མ་ཡིན་པའི་ཕ་མ་ཆོས་ལྡན་ཞིག་གི་མངལ་སྒོ་བཟང་པོ་ཞིག་འདེམ། མའི་མངལ་གནས་འདི་གདན་པདྨ་རུ་བསྒོམ། མའི་རཀྟ་དམར་པོ་ཉི་མའི་གདན། ཕའི་བྱང་སེམས་དཀར་པོ་ཟླ་བའི་གདན་དུ་བསྒོམ་སྟེ་དེའི་སྟེང་དུ་རང་གི་རྣམ་པར་ཤེས་པ་དེ་ཉིད་མཐུ་སྟོབས་ཆེ་བར་འདོད་ན་ཡི་གེ་ཧཱུྃ་ཡིག་དུ་བསྒོམ། སྙིང་རྗེ་ཆེ་བར་འདོད་ན་ཡི་གེ་ཧྲཱིཿཡིག་ཏུ་བསྒོམ། ཤེས་རབ་ཆེ་བར་འདོད་ན་དྷཱི་ཡིག་བསྒོམ། དེ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐྱབས་སེམས་དང་བསྔོ་སྨོན་བྱས་ནས་འཇུག་ན་མི་དེ་མི་ལོ་ཉི་ཤུ་རྩ་ལྔའི་དུས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དང་འཕྲད་ནས་མི་ཚེ་དེ་ལ་སངས་རྒྱས་པ་ཡིན་གསུངས་སོ། །མངལ་གནས་ལ་འཇུག་དུས་ཕ་ལ་ཆགས་ན་མོའི་ལུས་རྟེན་བཟུང་། མ་ལ་ཆགས་ན་རྐྱེན་ཕོ་ཡི་ལུས་རྟེན་བཟུང་བ་ཡིན་གསུངས་སོ། ༈ །བསྐྱེད་རིམ་རྣམ་པ་བཞིའི་སྒོ་ནས་གང་ཟག་དབང་པོ་རབ་འབྲིང་ཐ་གསུམ་དང་མཐུན་པར་བསྐྱེད་རིམ་རྣམ་པ་བཞི་ཡོད། སྦྱང་བྱ་ནི། སྐྱེས་གནས་རྣམ་པ་བཞི་སྦྱོང་བྱ་ཡིན། སྦྱོང་བྱེད་ནི་བསྐྱེད་རིམ་རྣམ་པ་བཞི་ཡིན། སྦྱང་བའི་དགོས་པ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་སྦྱངས། ནང་བཅུད་ཀྱི་སེམས་ཅན་རྣམས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་སྦྱོང་བའི་དགོས་པ་ཡོད་གསུངས་སོ། །དབང་པོ་ཐ་མའི་བསྐྱེད་པའི་རིམ་པ་སྒོང་སྐྱེས་ལྟར་སྦྱོང་སྔགས་སྭ་བྷ་ཝ་སོགས་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པ་སྟོང་པའི་དབྱིངས་ཆེན་པོར་མཉམ་པར་བཞག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེའི་ཡེ་གདངས་འགགས་པ་མེད་པ་བརྩེ་བའི་སྙིང་རྗེ་ཆེན་པོས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྙིང་རྗེ་སྒྱུ་མ་ལྟ་བུ་དམིགས་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན། དེ་ཉིད་དབྱེར་མི་ཕྱེད་པ་རིག་སྟོང་ཟུང་འཇུག་གི་ངོ་བོ་ཐུགས་སྲོག་གི་ཡི་གེ་ལྷ་གང་རུང་གི་རྣམ་པར་གསལ་བ་རྒྱུ་ཡི་ཏིང་ངེ་འཛིན། ཐུགས་སྲོག་ལས་ཨེ་མཐིང་ནག་དབྱིབས་གྲུ་གསུམ་རྩ་བ་ཕྲ་བ། གདེངས་ཀ་གྱེན་དུ་བསྟན་པ་འཕྲོས་པས། དབྱིངས་ཕྱུག་མའི་མཁའ་ཀློང་ནམ་མཁའ་ཆགས་པ། ཐུགས་སྲོག་ཡཾ་འཕྲོས་པས་རླུང་གི་དཀྱིལ་འཁོར་ཡུམ་དམ་ཚིག་སྒྲོལ་མའི་མཁའ་ཀློང་། ཡང་ཁཾ་འཕྲོས་པས་ཆུ་ཡི་དཀྱིལ་འཁོར་ཡུམ་མ་མ་ཀིའི་མཁའ་ཀློང་། ཡང་རཾ་འཕྲོས་པས་མེའི་དཀྱིལ་འཁོར་ཡུམ་གོས་དཀར་མོའི་མཁའ་ཀློང་། ཡང་སུཾ་འཕྲོས་པས་ས་ཡི་དཀྱིལ་འཁོར་ཡུམ་སངས་རྒྱས་སྤྱན་མའི་མཁའ་ཀློང་། དེའི་སྟེང་དུ་རི་རབ་བང་རིམ་དང་བཅས་པ་བསྐྱེད་པས་ཞིང་ཁམས་ཀྱི་ཆ་འཛིན། ཐུགས་སྲོག་ལས་བྷྲཱུཾ་ཡིག་ནང་སྟོང་པ་ཡེ་ཤེས་ལྔའི་བདག་ཉིད་ཁ་དོག་སྣ་ལྔའི་རང་བཞིན་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པར་འཕྲོས་པས་ཡུམ་ལྔའི་མཁའ་ཀློང་གི་དབུས་སུ་བབས། གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། གདན་དབུས་མའི་སྟེང་དུ་ཐུགས་སྲོག་གི་ས་བོན་དེ་ཉིད་མདའ་ནམ་མཁར་འཕང་ནས་མར་བབས་པ་བཞིན་ཏུ་གདན་སྟེང་དུ་བབས། དེ་ནས་སྐད་ཅིག་གིས་གནས་གྱུར་ནས་རྒྱུའི་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར། ཡབ་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་འོད་སྣ་ལྔ་སྤྲོས་པས་ཡུམ་དུ་གྱུར། ཡབ་ཡུམ་མཉམ་པར་སྦྱོར་བའི་ཐུགས་ཀ་ནས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་འོད་ལྔ་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་མུ་མཐའ་མེད་པ་ན་བཞུགས་པའི་སངས་རྒྱས་རྣམས་བཀུག་ནས་ཡབ་ཀྱི་སྤྱི་བོ་ནས་ཞུགས་གནས་ལྔར་བརྒྱུད་ནས་རྡོ་རྗེའི་སྦུབ་ནས་ཡུམ་གྱི་མཁར་བསྟིམ། ཡང་འོད་ཟེར་མར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ནས་ཡུམ་གྱི་མཁའ་ལ་བསྟིམ། སྲིད་ཞི་གཉིས་སུ་མེད་པར་འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོ་ངའོ་སྙམ་པའི་ལྷའི་ང་རྒྱལ་བསྐྱེད། ཡུམ་གྱི་མཁའ་གསང་ནས་འཁོར་རྣམས་བཏོན་ནས་དཀྱིལ་འཁོར་གྱི་གདན་སོ་སོ་ལ་འགོད་པ་ནི་བདག་གི་སྲས་སུ་གཞན་བྱ་བ་ཡིན། དེ་ནས་གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ཐིག་ལེ་མཐིང་ནག་ཕྱག་མཚན་གྱི་རྣམ་པར་གྱུར་པ་སྒོ་ང་ལྟ་བུ། དེ་ལས་འབྲས་བུའི་ཧེ་རུ་ཀ་སྐུ་ཡོངས་སུ་རྫོགས་པ་བསྐྱེད་པ་ནི་སྒོང་ཁྱིམ་རྡོལ་ནས་བཙས་པ་དང་འདྲ། ཡབ་ཀྱི་ཀུནྡ་ཐམས་ཅད་དབྱིངས་ཡིག་དང་གསལ་བྱེད་ཀྱི་རང་བཞིན་དུ་གྱུར་ནས་སྲས་བསྐྱེད་པའི་ནུས་པ་མེད། ཡུམ་ལས་འོད་ལྔ་འཕྲོས་ཏེ་སྲས་བསྐྱེད་པའི་དོན་དུ་འཁོར་རྣམས་ལ་གསོལ་བ་གདབ་པས། འཁོར་གྱི་ལྷ་རྣམས་ཀུན་ཀྱང་ཐུགས་དགྱེས་བཞིན་དུ་ཡབ་ཀྱི་ཐུགས་གར་ཐིམ་ནས་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རིག་པའི་ཡེ་ཤེས་ངའོ་ཞེས་ང་རྒྱལ་བསྐྱེད་ལ། ཡུམ་གྱི་མཁའ་གསང་བྱིན་གྱིས་རླབས་ནས་ཡབ་ཡུམ་སྙོམ་འཇུག་མཛད་ནས་ཡུམ་གྱི་མཁའ་རུ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལན་མ་གསུམ་བབས། དང་པོས་ཐིག་གདབ། གཉིས་པས་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། གསུམ་པ་ཀུན་རྟོག་གི་ཡི་གེ་རྣམས་ལྷ་གཙོ་འཁོར་གྱི་རྣམ་པར་གནས་གྱུར་ནས་སོ་སོའི་གདན་ལ་བཞུགས། དེ་དག་ལྕགས་ཀྱུ་མས་བསྐུལ། ཞགས་པ་མས་སྤྱན་དྲངས། ལྕགས་སྒྲོག་མས་གདན་ལ་འགོད། དྲིལ་བུ་མས་དམ་ཡེ་དབྱེར་མེད་དུ་བཅིང་། གཞན་སྲས་བརྒྱད་ཆོ་ག་གཞུང་ལྟར་རོ། ༈ །དབང་པོ་འབྲིང་གིས་བསྐྱེད་པའི་རིམ་པ་མངལ་སྐྱེས་སྦྱོང་བྱེད་ནི། ཁྲག་འཐུང་ཧེ་རུ་ཀ་གལ་པོའི་དགོངས་པ་ལས། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེར་འགོད། །ཞེས་པའི་དོན་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་ཐམས་ཅད་སྟོང་པར་སྦྱང་བ་འཆི་སྲིད། ཀུན་སྣང་གིས་དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་དམིགས་མེད་ཀྱི་སྙིང་རྗེ་བསྐྱེད་པ་ནི་སྟོང་པ་བྱང་ཆུབ་སེམས་བར་སྲིད་སྦྱང་། སྣང་སྟོང་ཟུང་འཇུག་གི་ངོ་བོ་རྒྱུའི་ས་བོན་ལས་འབྱུང་རིམ་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས་ས་བོན་གདན་དུ་བབ་པས་ཁུ་རྡུལ་སེམས་གསུམ་སྦྱངས། སྐྱེ་སྲིད་སྦྱངས། ངག་སྒྲིབ་དགགསུང་རྡོ་རྗེ་ས་བོན་ཕྱག་མཚན་དུ་གྱུར་ནས་མེར་མེར་ནུར་ནུར་གྱི་གནས་སྐབས་སྦྱངས། ཡིད་སྒྲིབ་དགཐུགས་རྡོ་རྗེ་ཕྱག་མཚན་འོད་ཀྱི་གོང་བུར་གྱུར་བས་ལྟར་ལྟར་མཁྲང་འགྱུར་གྱི་གནས་སྐབས་སྦྱངས། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དགཡེ་ཤེས་རྡོ་རྗེ། འོད་ཀྱི་གོང་བུར་སྐུ་ཡོངས་རྫོགས་སུ་གྱུར་ནས་ཁྱབ་འཇུག་ཉ་དང་རུས་སྦལ་དང་བཅས་པའི་བར་གྱི་གནས་སྐབས་སྦྱངས། ལུས་སྒྲིབ་སྦྱངས། སྐུ་རྡོ་རྗེ། མངོན་བྱང་བཞིའོ། ༈ མངོན་བྱང་ལྔ་ནི། པད་ཟླའི་གདན། ༡ཉི་མའི་གདན། ༢ས་བོན་ཕྱག་མཚན། ༣ཕྱག་མཚན་འོད་ཀྱི་༤གོང་བུ། ༥སྐུ་ཡོངས་སུ་རྫོགས་པ་དང་ལྔའོ། ༈ །རྡོ་རྗེའི་ཆོ་ག་སུམ་བསྐྱེད་ནི། ཏིང་འཛིན་རྣམ་གསུམ་སོགས་ནས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་གོང་ལྟར་རོ། །ས་བོན་གདན་ལ་བབ་པས་ཁུ་རྡུལ་སེམས་གསུམ་གྱི་གནས་སྐབས་སྦྱངས། གསུང་ཡིག་འབྲུའི་ཆོ་ག ། ས་བོན་ཕྱག་མཚན་དུ་གྱུར་པའི་གནས་སྐབས་ལྔའི་བག་ཆགས་སྦྱངས། ཐུགས་ཕྱག་མཚན་གྱི་ཆོ་ག་ཕྱག་མཚན་སྐུ་ཡོངས་རྫོགས་སུ་གྱུར་པས་ཁྱབ་མཇུག་ཉ་དང་རུས་སྦལ་ལྟ་བུ་དང་བཙས་པའི་བར་གྱི་སྒྲིབ་པ་སྦྱངས། སྐུ་ཡོངས་རྫོགས་ཀྱི་ཆོ་གའོ། །རྡོ་རྗེའི་ཆོ་ག་སུམ་བསྐྱེད་ལ་ས་བོན་གནས་གྱུར་ཚུར་དང་སྤྲོ་བསྡུ་དགོས་པ་སོགས་ཁྱད་པར་ཡོད་གསུངས་སོ། །སྐྱེ་གནས་སྦྱོང་བྱེད་གཉིས་ཀྱི་དགོངས་པ་འདི་མ་ཧཱ་ཡོ་ག་དང་། སྒྱུ་འཕྲུལ་གསང་སྙིང་སོགས་ཡིན་གསུངས། ༈ དབང་པོ་རབ་ཀྱིས་བསྐྱེད་པའི་རིམ་པ་དྲོད་གཤེར་སྐྱེས་སྦྱང་བྱེད་ནི། དྲོད་གཤེར་གཉིས་པོ་འདུས་པ་ལས་བར་དོའི་རྣམ་ཤེས་ཚུགས་པའི་མོད་ལ་གཟུགས་གྲུབ་པ་བཞིན་དུ། ཨ་ནུ་ཡོ་གའི་བསྐྱེད་རིམ་ནི་ལྷ་ཡི་ཕྱག་མཚན་དང་མངོན་རྟོགས་དྲན་པས་བརྗོད་པ་ཙམ་གྱིས་ཤེས་རབ་ཀྱི་དབྱིངས་སྟོང་པ་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་ཀུན་རྫོབ་བདེན་པའི་སྣང་ཆ་ལྷ་ཡི་ཕྱག་རྒྱ་རྫོགས་པའི་བསྐྱེད་རིམ་ཚང་བར་བསྒོམ་པའོ། ༈ །དབང་པོ་ཡང་རབ་ཀྱི་བསྐྱེད་པའི་རིམ་པ་བརྫུས་སྐྱེས་སྦྱང་བྱེད་ནི། རྒྱུ་རྐྱེན་ཚོགས་པ་ལ་མི་ལྟོས་པར་སྐད་ཅིག་ལ་གྲུབ་པ་སྟེ། རིག་སྟོང་ཟུང་འཇུག་གི་ཀློང་དུ་སྙིང་པོ་བརྗོད་པ་ཙམ་གྱིས་གསལ་བ་ནི། དཔེར་ན་ཆུ་ལས་ཉ་འཕར་བ་དང་ནམ་མཁར་གློག་འཁྱུག་པ་བཞིན་དུ་སྐད་ཅིག་ལ་གསལ་བ་སྟེ། སྡོམ་འབྱུང་ལས། སྐད་ཅིག་ཙམ་པའི་རྣལ་འབྱོར་གྱིས། །རྫོགས་པའི་རིམ་པ་བསྒོམ་པ་ནི། །ཁམས་གསུམ་གཞལ་ཡས་ཁང་བདག་ཉིད། །སྲོག་ཆགས་རྣམས་ནི་དཀྱིལ་འཁོར་ཡང་། །དེས་ནས་སྐད་ཅིག་རྣམ་པ་ཡི། །དཀྱིལ་འཁོར་བདག་སོགས་རྣལ་འབྱོར་པའོ། །ཞེས་སོ། ༈ །ཆིངས་གསུམ་ནི། སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་དང་གཅིགའཆི་སྲིད་ཆོས་སྐུ་ལམ་ཁྱེར་དང་གཉིས། བར་དོ་ལོངས་སྐུ་ལམ་ཁྱེར་དང་གསུམ་མོ། ༈ །འོག་མིན་ལྔ་སྟེ། དོན་གྱི་འོག་མིན་ནི། ཆོས་ཀྱི་དབྱིངས་ཆེན་པོ་བརྗོད་བྱའི་ཡུལ་ལས་འདས་པ་དེ་ཉིད་སྔར་བྱོན་པའི་སངས་རྒྱས་རྣམས་ཀྱི་བཞུགས་གནས། ད་ལྟའི་སངས་རྒྱས་རྣམས་ཀྱི་རྟོགས་བྱ། མ་འོངས་པའི་སངས་རྒྱས་རྣམས་ཀྱི་བསྒྲུབ་བྱའི་ཡུལ་དུ་གྱུར་པའི་དབྱིངས་དང་ཡེ་ཤེས་ལ་མཉམ་བཞག་དང་རྗེས་ཐོབ་མེད་པར་རྟོགས་པའོ། །རྟགས་ཀྱི་འོག་མིན་ནི། རིག་སྟོང་ཟུང་འཇུག་མངོན་སུམ་པ་མཉམ་བཞག་ཏུ་རྟོགས་ཀྱང་རྗེས་ཐོབ་ཏུ་དེ་ལྟར་དབང་མ་འབྱོར་པའོ། །རིག་པའི་འོག་མིན་ནི། ཆོས་ཐམས་ཅད་ཀྱིས་རང་བཞིན་མ་གྲུབ་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཚན་ཉིད་དེ་རྟོགས་པའོ། །དབུ་མ་ཐལ་འགྱུར་གྱི་ལྟ་བ། གསང་བའི་འོག་མིན་ནི། ཡུམ་གྱི་གསང་མཁའ་དེ་ཉིད་ཆོས་ཀྱི་དབྱིངས་མཚོན་པའི་ཕྱིར། གསང་མཆོག་རྡོ་རྗེ་བཙུན་མོའི་བྷ་ག་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །ཞེས་སོ། །རྟོགས་པའི་འོག་མིན་ནི། བསྐྱེད་རིམ་རྣམ་པ་བཞིའོ། ༈ །ཆོས་ཉིད་རིག་པའི་གཤིས་དེ་ལ་འགོག་བྱེད་ཀྱི་གཉེན་པོ་རང་གྲོལ། སྤང་བྱ་ཆགས་སྡང་གཉིས་ཀྱི་གཞི་མ་གྲུབ་པ་ཉམ་ཆགས་མ་སྤང་རང་གྲོལ། དགག་སྒྲུབ་མེད་པར། ཆོས་ཉིད་རང་རིག་ཡེ་ཤེས་ཆེན་པོའི་ཀློང་དེ་ལ་ཉམས་དང་མ་ཉམས་མེད་པས་མེ༷ད་པ༷། དེའི་ངང་དུ་བྱ་བས་མ་བྱས། རྩོལ་བས་མ་བསྒྲུབ་དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་ཀློང་དུ་འཁོར་འདས་ལམ་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པས་གཅི༷ག་པུ༷། སྒོ་ལྔ་རང་ཡན་ཧར་སང་གྱི་རིག་པ་དེའི་ངང་ལས་སྣང་སྲིད་ཅི་ལྟར་ཤར་ཡང་ཡེ་ཤེས་ཀྱི་ངང་ལས་མ་འདས་པས་ཕྱལ༷་བ༷། དེ་ཉིད་རྒྱུས་མ་བསྐྱེད་རྐྱེན་གྱིས་མི་འཇིག་པ། གཞི་དེ་རང་ལ་ཡེ་ནས་ལྷུན་གྲུབ་རང་ཆས་སུ་ཡོད་པས་ན་ལྷུན༷་གྲུབ༷། ༈ རྡོ་རྗེ་ཡང་དག་པའི་དགོངས་པ་བཤགས་པ་ནི། རང་གི་རྐང་མཐིལ་གཉིས་སུ་ཡཾ་ཡིག་གཉིས་གསལ། འོག་སྒོ་རུ་རཾ་ཡིག་གཅིག་བསྒོམ། ལྟེ་བར་རིགས་དྲུག་གི་ས་བོན་དྲུག་པོ་གསལ། ཐུགས་གར་ཕཊཿགཅིག་གསལ། གནས་གསུམ་དུ་ༀ་ཨཱཿཧཱུྃ་གསལ་གདབ། དེ་ལྟར་གསལ་བའི་རྐང་མཐིལ་གཉིས་ནས་ཡཾ་ལས་ཡེ་ཤེས་ཀྱི་རླུང་གཡོས་པས་རཾ་ཡིག་ལ་ཕོག ། རཾ་ལས་ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གི་ས་བོན་རྣམས་གཞོབ་ཐུལ་གྱིས་བསྲེགས་ནས་རྗེས་ཤུལ་ཙམ་ཡང་མེད་པར་བསམ། དེ་ནས་ཕཊཿཅིག་བརྗོད་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་དག་པར་དམིགས་ནས་ཡེ་སྟོང་སྤྲོས་བྲལ་ཆེན་པོའི་ཀློང་དུ་མཉམ་པར་བཞག་པའོ། །ཐུན་གཅིག་བསྒོམ་ན་ཟླ་གཅིག་གི་བཤགས་པ་དེ་ལས་མི་དགོས་གསུངས་སོ། གང་གིས་བཤགས་ན་ཆོས་ཀྱི་དབྱིངས་ཆེན་པོ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེ་ཡིས་བཤགས། ཡུལ་གང་ལ་བཤགས་ན་རིག་སྟོང་ཟུང་འཇུག་གི་ཀློང་དུ་བཤགས། གང་བཤགས་ན་གཟུང་འཛིན་གྱིས་བསྡུས་པའི་བག་ཆགས་བཤགས། ཚུལ་ཇི་ལྟར་བཤགས་ན་རྟོག་ཚོགས་རྣམས་མ་སྤང་རང་གྲོལ་རང་དག་རང་ཡལ་གྲོལ་བ་བཞིའི་རང་བཞིན་དུ་བཤགས་པ་ཡིན་གསུངས་སོ། །རེ་དོགས་མེད་པའི་བྱང་ཆུབ་སེམས། །རྩ་བ་ཡན་ལག་ཐམས་ཅད་ཀུན། །ཆགས་ཉམས་མ་བྱུང་མ་སྐྱེས་པ། བཤགས་བྱ་བཤགས་བྱེད་གཉིས་མེད་གྲོལ། །ལྟ་བུའོ། ༈ །ཐོག་མར་དབང་དོན་གྱི་ཡེ་ཤེས་དེ་ངོ་སྤྲོད། དབང་སྲོག་དམ་ཚིག་གིས་འཛིན་དགོས་ཏེ། འཇམ་དཔལ་རྩ་རྒྱུད་ལས། །དབང་རྣམས་འཛིན་པའི་རྟེན་དག་ནི། །དམ་ཚིག་ཡིན་ཏེ་ཉམས་ན་ཡལ། །དཔེར་ན་གྱང་ལོག་རི་མོ་འདྲ། །ཞེས་སོ། ཀོ་ས་ལའི་རྒྱན་ལས། སྙིང་ནས་བླ་མ་སྨོད་པ་ན། །བསྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་སོ། །རྔམ་གློག་ལས། །ཅིའི་ཕྱིར་རྡོ་རྗེ་སྤུན་རྣམས་ནི། །འདི་ནས་བྱང་ཆུབ་བར་དག་ཏུ། །མི་འབྲལ་འགྲོགས་པའི་གྲོགས་མཆོག་སྟེ། །མེ་མར་འོད་དང་སྡོང་བུ་འདྲ། །ཞེས་སོ། །རིག་པ་རང་སྣང་གི་གང་ཟག་ལ། ཐོག་མར་རིག་པ་ངོ་སྤྲད་དགོས། སྟོང་པའི་ཆ་འདྲ་འདྲ་གཉིས་ནི་ངོ་སྤྲད་རྒྱུ་མེད། ཤེས་པ་གཉིས་ཀྱི་ཐོག་ནས་ངོ་སྤྲད་དགོས། སྤུ་གྲི་སོ་བསྡེབ་ལྟ་བུའི་བཟླས། །ལྟ་བ་ལ་ཤན་འབྱེད་དེ་བཤད། །ཅེས་གསུངས་སོ། །དུས་གསུམ་གྱི་རྟོག་པ་དེ་ལའང་འདས་པ་ནི་འགགས་ཟིན་ཤན་ཕྱེ་མི་ནུས། མ་འོངས་པ་ནི་ད་ལྟར་མ་སླེབ་པས་ཤན་ཕྱེ་མི་ནུས། ད་ལྟའི་ཤེས་པ་སྐྱེ་ལ་མ་འགག་པའི་ཆ་དེ་ཤན་ཕྱེ་དགོས་གསུངས་སོ། །སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བཅས་པ་ནི་འདུས་བྱས་སྐྱེ་འཇིག་ཅན་མི་རྟག་པ་གློ་བུར་བའོ། །རིག་པ་ནི་འདུས་མ་བྱས་པ་སྐྱེ་འགག་དང་བྲལ་བ་རྟག་པ་འཕོ་འགྱུར་མེད་པ་ཡིན་ཏེ། ཐད་ཤར་གྱི་ལྟ་བ་ཟང་ཐལ་གྱི་རིག་པ་གསུངས་པ་ཡིན། ཚིག་གསུམ་གནད་བརྡེག་ལས། ཐོལ་བྱུང་གློ་བརྡེག་ཕཊཿཅིག་རྒྱག ། ཧད་དེ་བ་ལ་ཟང་ཐལ་ལེ། གསུངས་པས་ཧད་དེ་བའི་ཆ་དེ་བཞག་ནས། ཟང་ཐལ་གྱི་རིག་པ་ཕྱི་ནང་སྒྲིབ་གཡོག་དང་བྲལ་ཏེ་ངོ་འཕྲོད་དགོས་གསུངས། མདོ་ལྟར་ནའང་རྟོན་པ་བཞིའི་སྒོ་ནས། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་སོགས་གསུངས་སོ། ༈ །མི་ཕམ་པས། སེམས་ཀྱི་སྦུབས་བྲལ་ཡེ་ཤེས་རྗེན་པ་འདི། །མངོན་སུམ་མཐོང་བ་བླ་མའི་མན་ངག་ཡིན། །ཞེས་སོ། ༈ །ཐིབ་ཀྱིས་འགོག་པ་འདུ་བྱེད་ཀྱི་རྟོག་པ། དལ་གྱིས་ཤར་བ་འོད་གསལ་གྱི་དཀྱིལ་འཁོར། ཧྲིག་གེར་རིག་པ་རང་བྱུང་གི་ཡེ་ཤེས། ཕྱམས་ཀྱིས་བརྡལ་བ་གདོད་མ་ཡི་གཞི་དབྱིངས། ཞེས་སོ། ༈ །འཇིགས་མེད་གླིང་པས། དགྲས་ལོག་སྒྲུབ་བྱས་ཀྱང་ཐུགས་དམ་གྱི་བོག་འདོན། གཏམ་མ་ཉེས་ཁ་ཡོག་དགེ་བསྐུལ་གྱི་ལྕགས་འདེབས། །འདི་ཆགས་ཞེན་འཇིག་པའི་བླ་མ་རུ་འདུག་པས། ཁོའི་དྲིན་ལན་འཁོར་ཐབས་མེད་པ་རུ་གཟིགས་མཛོད། ཅེས་སོ། ༈ །རྐྱེན་ངན་ཆོས་སྐུ་འཆར་བ་འོད་གསལ་གྱི་ཕ་ཕོགཞེས་སོ། ༈ །ལྟ་བའི་རྫོང་། སྒོམ་པའི་འཕྲང་། སྤྱོད་པའི་སྲོག་དང་གསུམ། འདི་ལ་རྫོང་འཕྲང་སྲོག་གསུམ་ཟེར། རིག་སྟོང་ཟུང་འཇུག་མ་ནོར་བར་མངོན་སུམ་དུ་ངོ་འཕྲོད་པ་ལ་ལྟ་བའི་རྫོང་ཟེར་བ་ཡིན། དེ་ནི་རྒྱུ་རྐྱེན་ལས་མ་བྱུང་བ། བྱ་བས་མ་བྱས། རྩོལ་བས་མ་བསྒྲུབ་པ་རང་བྱུང་གི་ཆོས་གསུམ་དང་ལྡན་པ་ཡིན། གཅིག་ན་རྫོགས་པའི་སངས་རྒྱས་རྣམས་བཞུགས་པའི་གནས་ཡིན། གཉིས་ན་རྣལ་འབྱོར་པ་རྣམས་ཀྱི་རྟོགས་བྱ་མཐར་ཐུག་པ་ཡིན། གསུམ་ན་བདག་རྟོགས་ཕྲ་རགས་ཐམས་ཅད་ཀྱིས་གླགས་མི་རྙེད་པ་རྡོ་རྗེ་ཕ་ལམ་ལྟ་བུ་ཡིན་གསུངས། དཔེར་ན་སྣང་བའི་མདུན་ན་མུན་པའི་གོ་སྐབས་མེད་པ་ལྟ་བུ་ཡིན། དེ་ལ་ཁྱབ་བརྡལ་རྫོགས་པ་ཆེན་པོའི་རྫོང་ངམ་འུབ་ཆུབ་ཀུན་འདུས་ཀྱི་རྫོང་ཡང་ཟེར། རྫོང་མ་ཟིན་ན། དཔེར་ན་རིག་པ་དེ་ཉིད་རྒྱལ་བུ་རྒྱལ་ས་ལ་འགོད་པ་ལྟ་བུ་ཡིན། མ་རིག་པ་རྒན་མོ་ལོང་བ་ལྟ་བུ་ཡིན། རྒྱལ་བུས་རྒྱལ་ས་མ་ཟིན་ན་རྒན་མོ་ལོང་བའི་ཁ་ལ་ཕྱོགས་ཚེ་ཉོན་མོངས་པ་དམག་འཚོགས་པ་ལྟ་བུ། བློན་པོ་ཚོགས་ལ་དྲན་པ་དེ་ཉིད་རྐང་ཕྲན་པ་ལྟ་བུ་ཡིན་གསུངས། བསྒོམ་པས་འཕྲང་བགྲོད་དགོས་ཏེ་འཕྲང་མ་བགྲོད་ན་ངོ་འཕྲོད་པ་ཙམ་གྱིས་མི་ཆོགལྟ་ཐོག་ཏུ་མྱོང་བས་སླེབ་དགོས་ཏེ། མི་ཕམ་རྣམ་པར་རྒྱལ་བས། ལྟ་ཐོག་ཏུ་མྱོང་བས་མ་སླེབ་ན། །གོ་ཡུལ་གྱིས་ཕན་པ་མི་འདུག་གོ །ཞེས་བསྒོམ་པས་འཕྲང་བགྲོད་པ་ལ་གསང་བའི་དགྲ་གསུམ་གསོད་པ་གཅིགའཇིགས་པའི་བདུད་བཞི་བཅོམ་པ་དང་གཉིས། རིགས་དྲུག་གི་གཡང་ས་གཅོད་པ་དང་གསུམ། དང་པོ་གསང་བའི་དགྲ་གསུམ་ནི། ཕྱིའི་དགྲ་འབྱུང་བ་བཞི་དང་དགྲ་བགེགས་སོགས། ནང་གི་དགྲ་ཕུང་པོ་ལས་བྱུང་བའི་ནད་དང་ཉོན་མོངས་པ། གསང་བའི་དགྲ་གཟུང་འཛིན་ཕྲ་རགས་ལ་སོགས་པའོ། །དེ་ཐམས་ཅད་རང་གྲོལ་དུ་རྟོགས་ཚེ་བསད་པའི་ཐ་སྙད་བཏགས་པ་ཡིན། གཉིས་པ་འཇིགས་པའི་བདུད་བཞི་ནི། རང་དབང་མེད་པར་འཆི་བར་བྱེད་པ་འཆི་བདག་གི་བདུད། རྒྱལ་སྲས་པདྨ་དང་བི་མ་ལ་ལྟ་བུའི་འཆི་མེད་ཚེ་ལ་མངའ་དབང་བསྒྱུར་དགོས། ཉོན་མོངས་དུག་གསུམ་ལ་སོགས་པ་ཉོན་མོངས་པའི་བདུད། དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་རྟོགས་དགོས། སྲིད་པ་ཉེར་བར་ལེན་པ་ཕུང་པོའི་བདུད། སོ་སོའི་སྐྱེ་བོའི་གནས་སྐབས། གང་ཅི་ཚོར་བ་ཐམས་ཅད་སྡུག་བསྔལ་ལས་མ་འདས་པ་ཡིན་པས་བདེ་བ་ཆེན་པོའི་ཡེ་ཤེས་རྟོགས་དགོས། འཁོར་བའི་གནས་སུ་འཆིང་བར་བྱེད་པ་ལྷ་བུའི་བདུད། རྗེ་བཙུན་མི་ལ་ལྟ་བུའི་འཁོར་བ་བློས་ཐོང་བ་ལས་ཉམས་རྟོགས་བཟང་པོ་དང་སྙན་གྲགས་སོགས་འཆིང་བྱེད་ཡིན་པར་ཤེས་དགོས། དེ་རྣམས་སྔགས་ལྟར་དུ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་དགོས། མདོ་ལྟར་དུ་བདེན་མེད་རྨི་ལམ་ལྟ་བུ་བློ་སྦྱོང་དགོས། རིགས་དྲུག་གི་གཡང་ས་ནི། ལྷ་དང་ལྷ་མིན་མི་དང་བྱོལ་སོང་། ཡི་དྭགས་དམྱལ་བའོ། སོ་སོའི་སྐྱེ་བོ་རྣམས་རང་དབང་རང་དབང་མེད་པས་སྐྱེ་བའི་ཡུལ་ཡིན་གསུང་། བསྐྱེད་རིམ་རྣམ་བཞིའི་གནད་དང་ལྡན་པ་ཞིག་ཡིན་ན་གཡང་ས་རྣམས་ཆོད་པའོ། །སྐྱེ་བའི་ཡུལ་རང་གྲོལ། སྐྱེ་བའི་རྒྱུ་རང་གྲོལ། གྲོལ་བ་བཞི་ཡི་རང་བཞིན་དུ་ཤེས་དགོས། ༈ སྲོག་སྡོམ་གཟེར་བཞི་ནི། ཆོས་ཀྱི་དབྱིངས་ཆེན་པོ་དེ་ཡིས་འཁོར་འདས་ཐམས་ཅད་ལ་ཁྱབ་ཡོད་པ་ཡིན། དེའི་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་དེ་གཉུག་མ་མི་ཤིགས་པའི་རྡོ་རྗེ་དེ་ལ་སྲོག ། དེ་ཉིད་ལ་གདེངས་ཐོབ་པ་ན་འཁོར་འདས་ཐམས་ཅད་ཀྱི་སྲོག་དུས་གཅིག་ལ་ཐོབ་པ་ཡིན། འཇིག་རྟེན་ལས་འདས་པའི་སྲོགསྲོག་སྡོམ་གཟེར་བཞི་བསྒོམ་ནས་རྒྱལ་བ་རིགས་ལྔ་ལ་སོགས་པའི་ལྷའི་ཐུགས་སྲོག་འཕྲོས་ཏེ་ལྷ་དང་རང་སེམས་དབྱེར་མེད་དུ་བསྲེ་བ་དང་། འཇིག་རྟེན་ལས་མ་འདས་པའི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱི་སྲོག་མན་ངག་གིས་འཕྲོག་ཏེ་དབང་དུ་བསྡུས་ཤིང་ལས་ལ་བསྐུལ་བ་དང་། དགྲ་བགེགས་རྣམས་ཀྱི་སྲོག་དྲག་པོ་སྔགས་ཀྱི་ཆོ་གས་འཕྲོག་ཏེ་བདག་གི་ཚེ་ཡི་གསོས་སུ་བྱ་བ་དང་། སྣང་སྲིད་ལྷ་སྲིན་ཐམས་ཅད་ཀུན། །རང་སེམས་ཡིན་པ་ངོ་ཤེས་ན། །ལོགས་ནས་སྲོག་སྙིང་འཕྲོག་རྒྱུ་མེད། ཞེས་སོ། །ཐོག་མར་རང་རྒྱུད་ཀྱི་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་སྲོག་འཕྲོག་ཏེ་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདའ་དགོས། ཡེ་ཤེས་ལྷའི་སྲོག་འཕྲོག་ཏེ་ལྷ་དང་རང་སེམས་དབྱེར་མེད་དུ་འདྲེས་ནས་སྐུ་གསུམ་རྒྱལ་བའི་སྐུར་བཞེང་དགོས། ཆོས་སྐྱོང་སྲུང་མའི་སྲོག་འཕྲོག་ཏེ་བྲན་དུ་བཀོལ་ཏེ་ལས་ལ་རྦད། དམ་ཉམས་དགྲ་འདྲེའི་སྲོག་འཕྲོག་ཏེ་བསྟན་པ་དང་སེམས་ཅན་ལ་འཚེ་བའི་དམ་ཉམས་བསྒྲལ་དགོས། ཀ་དག་ལྟ་བའི་རྫོང་མ་ཟིན་ན་ཐོག་རེག་གི་མཚན་མ་ལས་གྲོལ་བའི་དུས་མེད། ལྷུན་གྲུབ་བསྒོམ་པའི་འཕྲང་བགྲོད་མ་ཤེས་ན་སྣང་སྲིད་ལྷའི་དཀྱིལ་འཁོར་ལ་རང་དབང་མི་ཐོབ། སྲོག་བླ་ཚེའི་གནད་ལ་གདེངས་དང་མ་ལྡན་ན་ཕྲིན་ལས་ལྷུན་གྱིས་མི་འགྲུབ་གསུངས། དགོངས་པ་མི་འགྱུར་བའི་གཟེར་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་གཅིག་གི་ཀློང་དུ་འུབ་ཆུབ་ནས་དག་པ་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས། མ་དག་སེམས་ཅན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དཔེར་ན་རྨི་ལམ་ཐུན་གཅིག་གི་སྣང་བ་ལྟ་བུ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཡེ་ནས་ཡིན་པ་ལ་སྦྱང་བསྒྱུར་མི་དགོས་པར་གྲོལ་བའི་རང་བཞིན་ནི་རིག་སྟོང་ཟུང་འཇུག་གི་ངང་དེ་ལས་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད། ཡེ་གྲོལ་ཡིན་པ་ལ་གཞན་གྲོལ་མ་ཡིན་པར་གཞི་རྫོགས་སུ་གྲོལ་བ་ཆོས་ཀྱི་སྐུ། ཏིང་འཛིན་ལྷ་ཡི་གཟེར་ནི། རིག་སྟོང་ཟུང་འཇུག་དང་དེ་ལས་སྐྱེ་འགྲོ་གཟུགས་ཡོད་དང་གཟུགས་མེད་ཅི་སྣང་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མ་འདས་པ་ཡེ་ནས་གཙོ་འཁོར་དང་ཚོམ་བུའི་ཚུལ་དུ་ཡོད་པས་སྣང་སྟོང་རྒྱལ་བའི་སྐུ་ཆུ་ཟླ་ལྟ་བུའོ། ༈ །སྙིང་པོ་སྔགས་ཀྱི་གཟེར་ནི་སྒྲ་གྲགས་ཚད་ཐམས་ཅད་དབྱངས་ཡིག་དང་གསལ་བྱེད་ཀྱིས་མ་བསྡུས་པའི་སྒྲ་གཅིག་ཀྱང་མེད་པས་སྒྲ་གྲགས་སྟོང་བྲག་ཆ་ལྟ་བུ་དེ་ཉིད་བརྗོད་མེད་བརྗོད་པ་ཆེན་པོ་མཆོག་གི་གསུང་མཐར་ཐུག་པ་ཞེས་གཙོ་དང་འཁོར་གྱི་ཚུལ་དུ་སྐྱེས་བུའི་ངག་ལ་གནས་པ་ནི་སྒྲ་གྲགས་སྟོང་རྒྱལ་བའི་གསུང་ཡིན་ཏེ། རྡོ་གྲུབ་རིན་པོ་ཆེས་སྔགས་བཟླས་ཀྱང་རུང་ལ་མ་བཟླས་ཀྱང་རུང་། །བརྗོད་ཚད་འདི་བརྗོད་མེད་ཀྱི་རོལ་མོར་གདའ། །བརྗོད་མེད་དེ་སྤྲོས་བྲལ་དོན་གྱི་སྔགས། །དེ་འཕོ་འགྱུར་མེད་པར་གདོད་ནས་དགཅེས་སོ། །འཕྲོ་འདུ་དམིགས་པའི་གཟེར་ནི་ངོ་བོ་ཡེ་སྟོང་སྤྲོས་བྲལ་དང་དེའི་རང་གདངས་འགགས་པ་མེད་པའི་ཟུང་འཇུག་ཐུགས་རྗེ་རིག་ངེས་ཀྱི་ཤར་ཆ་གོ་མི་འགགས་པ་བག་ཆགས་བསོགས་ལོང་མེད་པར་དག་གྲོལ་དུ་སོང་བ་ལའང་ཟེར་རོ། །གཞན་དོན་དུ་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོར་འབད་མེད་ལྷུན་གྲུབ་ཏུ་མཛད་པའོ། །

ཡང་དགོངས་པ་མི་འགྱུར་བའི་གཟེར་ནི། རིག་སྟོང་ཟུང་འཇུག་གམ་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་ཀྱི་ཀློང་དུ་འཁོར་འདས་ཐམས་ཅད་སྣང་སེམས་རོ་གཅིག་ཏུ་འདྲེས་ནས་དག་མཉམ་ཆེན་པོའི་རང་བཞིན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མ་འདས་པ་ཡིན་པས་ཞིང་གཞན་ལ་རེ་བ་མེད་པར་ཐག་བཅད། མ་དག་འཁོར་བའི་ལས་སྣང་དང་ངན་སོང་གི་སྡུག་བསྔལ་ཇི་ལྟར་བརྗོད་ཀྱང་དེ་ལ་ལྷུང་དགོས་པ་མེད་པར་རང་སྣང་ཡིན་པའི་རོ་མཉམ་ལྟ་བའི་ངང་དེར་གདེངས་ཆེན་གཉིས་དང་ལྡན་པ་ཡིན། འཁོར་བ་མིང་མེད་དུ་ལ་བཟླ་བས་སྐྱེ་བའི་རྒྱུ་སྟོང། འདས་པ་གཞི་མེད་དུ་ལ་བཟླ་བས་གནས་པའི་མཁན་པོ་སྟོང་། དེ་ཉིད་དབང་འབྱོར་བ་ནི་དབང་པོ་ཡུལ་དུ་གྱད་དུ་གྱུར་པ་ཡིན་པས་གང་ཟག་དེས་མཉམ་པར་བཞག་པའི་གནས་སྐབས་འཁོར་འདས་ཐམས་ཅད་གཞི་ལྟ་བའི་ཀློང་དུ་རྫོགས་པས་ན་རྫོགས་པའམ་འུབ་ཆུབ་པ་ཡིན་གསུངས། དེ་ལྟར་དུ་མ་གྱུར་པའི་སེམས་ཅན་རྣམས་ཀྱིས་གཞན་སྣང་བདེན་གྲུབ་ཏུ་བཟུང་བ་ཡིན་པས། དེ་དག་རྣམས་རང་སྣང་ལས་མ་འདས་པ་ཡིན་ཚུལ་ཤེས་དགོས། གཞན་གྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བརྒྱ་ཕྲག་ཅིག་བརྗོད་ཀྱང་རྟོགས་པ་དང་ལྡན་པའི་གང་ཟག་དེ་ཡི་བ་སྤུའི་ཁུང་བུ་གཅིག་གཡོ་མི་ནུས་རང་སྣང་ཡིན་པར་ཤེས། འབྲས་བུ་ལ་ཡིད་སྨོན་མེད་པ་ཡིན་གསུངས། གང་ཟག་གཅིག་སངས་རྒྱས་ན་སེམས་ཅན་ཐམས་ཅད་འཚང་རྒྱ་བ་ཨེ་ཡིན་ཞེ་ན་དེ་ནི་མ་རེད། རང་སྣང་དང་གཞན་སྣང་གི་ཁྱད་པར་རོ། །སངས་རྒྱས་དེ་ཡིས་ཆོས་ཐམས་ཅད་རང་སྣང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་པས་མ་དག་པ་གཏན་ནས་མི་སྣང་། ཅིའི་ཕྱིར་ཞེ་ན། མ་དག་པ་སྐྱེད་བྱེད་ཀྱི་རྒྱུ་ས་བོན་གཏན་བྱང་དུ་སོང་བ་ཡིན་ནོ། །སེམས་ཅན་གྱི་ལས་སྣང་དེ་ཨེ་མཁྱེན་ཞེས་ན། རི་བོ་དགའ་ལྡན་པ་དང་ས་སྐྱ་བའི་འདོད་ཚུལ་སོགས་ཡོད་ཀྱང་། རྙིང་མ་རོང་ཀློང་གི་བཞེད་པ་ལྟར་ན་མཁྱེན་ཏེ། དཔེར་ན་སྔོན་སྟོན་པ་ཐུགས་རྗེ་ཅན་སངས་རྒྱས་པའི་ཚེ་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་ནས་མངོན་པར་རྫོགས་པར་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དག་མཉམ་རོ་གཅིག་ཏུ་རྟོགས་ནས་སངས་རྒྱས་པ་ཡིན། སངས་རྒྱས་དེ་ཡིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་རྟོག་མེད་ཀྱི་ཚུལ་དུ་སེམས་ཅན་གྱི་ལས་སྣང་དུས་ཅིག་ཆར་དུ་མཁྱེན་པ་ཡིན། སེམས་ཅན་འཁྲུལ་བའི་སྣང་ངོར་ལྟར་དུ་ནི་སྣང་བ་མ་ཡིན་མོད། དེ་ཉིད་སློབ་པ་ལམ་ལ་ཞུགས་པའི་གནས་སྐབས་སུ་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་སྨོན་གྱི་མཐུས་རང་རིག་ཡེ་ཤེས་ལ་མངའ་བརྙེས་པའི་ཚེ་ཐམས་ཅད་འབད་མེད་ལྷུན་གྲུབ་ཏུ་རང་ཆས་སུ་རྫོགས་པའི་འགྲོ་བའི་ཤེས་རྒྱུད་དུས་གཅིག་ལ་མཁྱེན་པ་ཡིན་གསུངས། སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་མཛད་དགོས་བསམ་པ་ཐུགས་ལ་མི་དམིགས་ཀྱང་ཐུགས་བསྐྱེད་སྨོན་ལམ་གྱི་སྟོབས་ཀྱིས། དཔེར་ན་ཟླ་བ་ནམ་མཁར་གནས་རུང་ཟླ་གཟུགས་ཆུ་བོ་དང་ཆུ་ཕྲན་ཐམས་ཅད་ཀྱི་ནང་དུ་དུས་གཅིག་ཏུ་འཆར་བ་ལྟ་བུ་ཡིན། ཟླ་བས་ཡང་ཆུ་ཐམས་ཅད་ཀྱི་ནང་དུ་ཤར་དགོས་བསམ་པ་མ་ཡིན་བཞིན་དུ་ཤར་བའོ། །

སངས་རྒྱས་དཔལ་ལྡན་གྱིས། ཕྱི་སྣང་བ་མ་སྤངས་སྣང་ཐོག་ཏུ་གྲོལ་བ་བྱིས་ཆུང་ཁྲས་ཁྱེར་བ་ལྟ་བུ། ནང་འགྱུ་བ་མ་སྤངས་འགྱུ་ཐོག་ཏུ་གྲོལ་བ་ཆུ་ལ་རི་མོ་བྲིས་པ་ལྟ་བུ། གསང་བ་རིག་སྟོང་རྗེན་པའི་ངང་མདངས་མ་ཤོར་བ་ཞིག་དགོས་གསུངས་སོ། །གསལ་བ་བཞི་ནི། སེམས་རྟོག་ཕྲ་རགས་ཐམས་ཅད་གཞི་ཐོག་དུ་དྭངས་བས་ས་ལེ༡། བྱིང་རྨུགས་འཐིབ་གསུམ་དང་བྲལ་བས་རིག་པ་གསལ་ངར་དང་ལྡན་པས་སེང་ངེ༢། སྒོ་ལྔའི་གདངས་མ་འགགས་པར་ཡུལ་སྣང་མ་འདྲེས་པར་སོ་སོ་རང་རིག་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ནི་ཧྲིག་གེ༣། འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་སྟོང་གི་ཀློང་དུ་རང་ཤར་རང་གྲོལ་དུ་ལྷང་ངེ༤།

དཀོན་མཆོག་གསུམ་ནི། རིག་སྟོང་ཟུང་འཇུག་དེ་ལ་བག་ཆགས་ཀྱི་དྲི་མས་མ་གོས་པས་ན་སངས། ཡེ་ཤེས་ཡོན་ཏན་རྒྱས་པས་ན་རྒྱས་ཞེས་བྱའོ། །ཀ་དག་སྤྲོས་བྲལ་ངོ་བོ་བརྗོད་དུ་མེད་པ་ནི་ཆོས་མཐར་ཐུག་པ་ཡིན་པས་བརྗོད་མེད་བརྗོད་པ་ཆེན་པོ་མཆོག་གི་གསུང་ཞེས། རིག་སྟོང་ཟུང་འཇུག་དེ་ཉིད་དུས་གསུམ་དུ་འཕོ་འགྱུར་དང་བྲལ་བས་ན་འཕགས་པའི་དགེ་འདུན་ཞེས་སོ། །

༈ སྣང་སྲིད་དག་པ་རབ་འབྱམས་ཉིད་ངེས་ངོར་ལ་སྐྱེ་ན་ཡུལ་དུས་གྲངས་ངེས་པ་ཅན་ལ་སྐྱབས་སུ་མཆི་ཟེར་བ་ལྟ་བུ་ཞིག་ཡིན་ནི་མ་རེད། གནམ་ས་ཐོག་ཡོག་བརྗེ་ནི་འདྲ་འདྲ་ཟིག་ཡིན་ནི་རེད། དཔལ་སྤྲུལ་རིན་པོ་ཆེས་དེ་ལྟ་བུའི་རིག་འཛིན་ཞིག་ཡིན་ན་ལུས་ངག་མ་སྤང་ཉིད་དུ་མཁའ་སྤྱོད་དུ་བཞུགས་ཡོད་ནི་རེད་གསུངས། ༈ གདུག་པ་ཅན་དུར་ཁྲོད་ཀྱི་འདྲེ་ཡང་ལུས་སྣང་སྟོང་རྒྱལ་བའི་སྐུ། ངག་གྲགས་སྟོང་རྒྱལ་བའི་གསུང་། ཡིད་དྲན་སྟོང་རྒྱལ་བའི་ཐུགས་སྟེ་སྒོ་གསུམ་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་ཤེས་ན་ཡག་ནི་རེད། ད་ལྟ་མ་དག་པ་གཞིའི་དུས་སུ་ཡང་ས་རྡུལ་ཕྲ་བ་གཅིག་གི་སྟེང་ན་ཞིང་ཁམས་བྱེ་བ་བརྒྱ་སྟོང་གྲངས་མེད་ཞིག་ཡོད་མ་བརྫེ་ན་དག་མཉམ་འདིའི་གནད་ཕུག་མི་ནུས་གི་ཞེས་ཨ་མདོ་དགེ་བཤེས་གསུངས། དེ་ཁས་ལེན་རྒྱུ་དཀའ་ནི་རེད་དང་དེ་ཟེར་མ་ནུས་ན་གནད་མི་རྟོགས། གནས་སྣང་གཅིག་ན་ནི་སེམས་རྟོགས་དུས་ཡེ་ཤེས་ཀྱང་ཡོད་དགོས་པར་ཐལ། ཐ་དད་ན་ནི་ཡེ་ཤེས་རྟོགས་དུས་སེམས་ཀྱང་ལོགས་སུ་ཡོད་དགོས་པས་གཅིག་ཐ་དད་གང་དུའང་ཁས་ལེན་བྱ་མིན་ནོ། །གནས་སྣང་གཉིས་ལག་པའི་ལྟོ་རྒྱབ་ཙམ་གསུངས་ཀྱང་དེ་ཡང་རང་སོ་སྤུ་རྩེ་ཙམ་ཞིག་ལས་མེད་འབྲུག་པས་གསུངས། ༈ །ད་རེས་དལ་འབྱོར་གྱི་མི་ལུས་ཐོབ། སངས་རྒྱས་ལས་ཀྱང་འཕྲད་དཀའ་བའི་སྔགས་དང་འཕྲད། མཚན་ལྡན་གྱི་བླ་མ་མཇལ་བའི་དུས་འདིར་དགའ་སྤྲོ་དང་བཅས་ཏེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་སྒྲུབ་དགོས། ༈ ཐུན་མགོར་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཞིང་ལས་མ་འདས་པར་ཤེས་ན་ཐབས་བསྐྱེད་པའི་སྡོམ་པ་རེད། །བུམ་དབང་གི་ལྟ་བ་རེད། སྣང་སྲིད་རྣམ་དག་གི་དག་སྣང་རེད། སྔགས་ཀྱི་ངོ་བོ་རེད། བསྐྱེད་རིམ་རེད། ལྷ་སྔགས་ཆོས་ཉིད་དུ་འཛིན་པའི་མཚན་འཛིན་གྱི་རྟོག་པ་མཉམ་བཞག་གི་ཀློང་དུ་གྲོལ་ན་རྫོགས་རིམ་རེད། དེའི་སྡོམ་པ་རེད། རྫོགས་ཆེན་གྱི་ལྟ་བ་རེད། དེ་གཉིས་ནི་ཨེ་ཝཾ་ཟུང་འཇུག་གི་སྡོམ་པ་རེད། དག་མཉམ་དུ་ཤེས་པ་ཤེས་རབ་ཀྱི་བསླབ་པ། དེ་ལ་གནས་པ་ཏིང་ངེ་འཛིན་གྱི་བསླབ་པ། དེ་ལས་མི་འདའ་བ་དམ་ཚིག་སྟེ་ཚུལ་ཁྲིམས་ཀྱི་བསླབ་པའོ། །ཉག་བླར་རིན་པོ་ཆེས་རྒྱུད་ཀྱི་དངོས་པོ་ཚང་གསུང་ནི་རེད། ད་ལམ་སྣེ་ཞིག་ཨེ་ཟིན་བསམ་ན་ངེས་འབྱུང་གི་བསམ་པ་བྱང་ཆུབ་ཀྱི་སེམས་སྣང་སྲིད་རྣམ་དག་གི་དག་སྣང་དང་མ་བྲལ་ནི་ཞིག་གི་སྒོ་ནས་བརྟགས་དཔྱད་བྱེད་དགོས། འདྲེ་སྣང་ཤར་དུས་ཡང་སྤྱི་བོར་བསྒོམ་གསོལ་བ་བཏབ། སྙིང་གར་བསྒོམ། ཐུགས་ཡིད་བསྲེ་དགོས་ཚུལ་སོགས་བླ་མ་ཉག་བླས་ལྷ་རྩེའི་མཚམས་ར་བ་ལ་གསུངས་ནི་རེད། ད་ལྟ་གཅིག་སངས་རྒྱས་ཚེ་ཞིང་འདི་ལས་གཞན་པའི་འོག་མིན་གྱི་ཞིང་ཁམས་ཤིག་ཡོད་ནི་མ་རེད། ད་ལྟའི་སྣང་བ་རང་མཚན་པ་འདིའི་རྡུལ་ཕྲ་རབ་གཅིག་ཀྱང་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པར་སྣང་ནི་རེད། རྒྱལ་བ་ཐམས་ཅད་སངས་རྒྱས་སའི་གནས་དེ་གང་ཡིན་ན། སྔགས་ཀྱི་ལུགས་ན་སྙིང་ཁ་ཆོས་ཀྱི་ཕོ་བྲང་རེད་གསུངས། ད་ལྟའི་སྣང་བ་འདིའི་སྟེང་ན་སྣང་ཆ་ཡེ་ཤེས་ཀྱིས་ཁྱབ་པ་དང་། སྟོང་ཆ་དབྱིངས་ཀྱིས་ཁྱབ་པ་དང་ཟུང་འཇུག་གིས་ཁྱབ་པ་དང་གསུམ་ཡོད་དོ། །ཁ་ཕར་ལ་བསྐོར་ནས་ཡུལ་ལྔ་འབྱུང་ལྔ་སོགས་དག་པ་ཡིན་ནི་རེད་བརྫེ་ནས་ཡུལ་ཞིག་ལ་གཞལ་བས་ནི་མཁས་དོ་ནི་མ་རེད། དེ་བས་བླ་མའི་མན་ངག་གིས་ནང་དོན་གྱི་ཡེ་ཤེས་ངོ་འཕྲོད་ན་རྒྱ་གཏོར་འཁྱེར་ནི་རེད། དེ་འདྲའི་ཚུལ་བླ་མ་རིན་པོ་ཆེས་གསུངས། གནས་སྣང་མཐུན་པའི་མགོ་རྩོམ་པ་སོགས་རང་གིས་ཤེས་ཡོང་རེད། ཐོད་རྒལ་བ་ཞིག་ཡིན་ན་སྣང་ངོར་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་རེད། རྒྱ་གྲོལ་སྣང་བ་ནམ་ལང་ཉི་ཤར་འདྲ། །ཆོས་སྐུའི་སྣང་བ་ཡིན་ནོ་ཨེ་མ་ཧོ། གསུངས་པ་ལྟར་རེད། དེ་ལྟར་ངོ་ཤེས་པ་དེ་ཤེས་རབ་ཀྱི་བསླབ་པ་དང་། དེ་ལ་གནས་པ་ཏིང་ངེ་འཛིན། དེ་ལས་མི་འདའ་བ་དམ་ཚིག་སྟེ་ཚུལ་ཁྲིམས་ཀྱི་བསླབ་པ་སྟེ་ཨེ་ཝཾ་ཟུང་འཇུག་གི་སྡོམ་པ། ཐ་མལ་མ་དག་པའི་སྣང་ཞེན་དག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་ཐབས་བསྐྱེད་པའི་སྡོམ་པ་རེད། ལྷ་སྔགས་ཆོས་ཉིད་དུ་འཛིན་པའི་མཚན་འཛིན་གྱི་རྟོག་པ་མཉམ་བཞག་གི་ཀློང་དུ་གྲོལ་ན་རྫོགས་རིམ་གྱི་སྡོམ་པ་རེད། བླ་མ་རིན་པོ་ཆེའི་ཞལ་རྒྱུན་ནོ། །

༈ འཁོར་ལོ་བར་པའི་བསྟན་དོན་ཆོས་ཐམས་ཅད་དབྱིངས་སྤྲོས་པ་དང་བྲལ་བའི་སྟོང་པ་ཆེན་པོ་དང་། འཁོར་ལོ་ཐ་མའི་བསྟན་དོན་སྐུ་དང་ཡེ་ཤེས་བསྟན་པ་དེ་གཉིས་དབྱེར་མེད་ཟུང་འཇུག་ཆེན་པོར་ཀུན་མཁྱེན་ཀློང་ཆེན་དང་འཇམ་མགོན་མི་ཕམ་རྣམ་རྒྱལ་སོགས་ཀྱིས་བཞེད་པ་ཡིན་ལ། གསང་སྔགས་ཐུན་མོང་མ་ཡིན་པའི་རྒྱུད་སྡེ་རྣམས་སུ་གདོད་མའི་ཡེ་གཞིའམ་ཆོས་སྐུ་གཞི་གནས་ཀྱི་རིག་པ་ཞེས་གསུངས་པ་དང་། འོད་གསལ་རྫོགས་པ་ཆེན་པོའི་སྐབས་སུ། གཞི་བཅིང་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པ་ངོ་འཕྲོད། ལྷུན་གྲུབ་ཀྱི་རང་གདངས་འགགས་པ་མེད་པས་འཁོར་འདས་ཀྱི་འཆར་གཞི་མ་འགགས་པར་ངོ་ཤེས། ཐུགས་རྗེའི་རོལ་པ་ཡུལ་ཐོག་ཏུ་ཤར་ནས་བག་ཆགས་བསོག་ལོང་མེད་པར་དྲན་རྟོག་རྗེས་མེད་དུ་གྲོལ་བས་ཡིད་ཆེས། དེ་གསུམ་གདོད་ནས་དབྱེར་མེད་དུ་བཞུགས་པ་ལ་སྐུ་གསུམ་དབྱེར་མེད་ཀྱི་རིག་པའམ་རིག་སྟོང་ཟུང་འཇུག་ཞེས་སྔ་འགྱུར་རིག་འཛིན་བརྒྱུད་པ་རྣམས་ཀྱིས་བཞེད་པ་ཡིན། ཞེས་སོ། ༈ །རྣམ་ཤེས་དང་ཡེ་ཤེས་གཉིས་ཀ་གསལ་ཞིང་རིག་པ་ཙམ་དུ་མཚུངས་ཀྱང་། ཡུལ་ཇིི་བཞིན་མི་རིག་པར་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཇི་བཞིན་རིག་པ་གཉིས་ཀྱི་ཁྱད་ཡོད་ལ། གཟུང་འཛིན་ཅན་གྱི་རྣམ་ཤེས་ལྡོག་ཀྱང་ཡེ་ཤེས་མི་ལྡོག་པར་ཤེས་པར་བྱའོ། །མདོར་ན་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་རིག་སྟོང་གཉུག་མ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་སུ་ཐད་ཀར་རྗེན་པར་ཤར་བ་ངོ་སྤྲད་པར་བྱའོ། ༈ །འོད་གསལ་ཞེས་པ་ནི། མེད་དགག་སྟོང་རྐྱང་ཙམ་མིན་ཏེ། དབྱིངས་སྤྲོས་བྲལ་ལ་རིག་གདངས་ཀྱི་ཆ་ཡོད་པའོ། ༈ །གཉིས་པ་གཞི་སྣང་འཆར་ཚུལ་དང་། དེ་ལས་འཁྲུལ་གྲོལ་འབྱུང་ཚུལ། འཁྲུལ་བ་གཞི་ལ་ལྡོག་ནས་སླར་འཁྲུལ་མི་སྲིད་པའི་ཚུལ་ཤེས་པར་བྱའོ། ༈ །ཐེག་བརྒྱད་གྲུབ་མཐའི་ཞེ་འདོད་ཀྱི་འཛིན་པ་དབྱིངས་སུ་ཞིག་པ་དང་། ལོག་རྟོག་འཁྲུལ་པའི་སྣང་བ་འདི་ཀུན་ཐད་ཀར་རང་སར་དག་པས་ཐ་སྙད་ཀྱི་རྫུན་རིས་དབྱིངས་སུ་ཡལ་ནས་གནས་ཚུལ་ཇི་ལྟ་བ་བཞིན་གཟིགས་པའོ། །

༈ ཉག་བླ་རིན་པོ་ཆེས་རྡོ་གྲུབ་རིན་པོ་ཆེ་ལ། སྤྲོས་བྲལ་དབུ་མའི་ལྟ་བ་དང་། བྱུང་གནས་འགྲོ་གསུམ་གྱི་ལྟ་བ་གཉིས་འདྲའམ་ཞུས་ཚེ། འོ་མི་འདྲ། འཁོར་འདས་སྟོང་ཉིད་སྤྲོས་པའི་མཐའ་བརྒྱད་བྲལ་ཙམ་འདྲ་ཡང་། མཉམ་བཞག་སྐབས། ངོ་བོའི་དབྱིངས་ལ་ཤར་ཆ་འགག་མེད་ཤར་བ་དང་། གང་ཤར་བ་དེ་ལ་བག་ཆགས་བསོག་ལོངས་མེད་པར་རང་གྲོལ་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་བ་གཉིས་བྱུང་གནས་འགྲོ་གསུམ་གྱི་ལྟ་བའི་ཁྱད་ཆོས་སོ། །ཞེས་གསུངས།

༈ མཆོག་སྤྲུལ་རིན་པོ་ཆེའི་ཞལ་གསུང་། བླ་མའི་ཐུགས་དང་དབྱེར་མེད་པའི་ཤེས་པ་འགགས་མེད་དུ་ཡོད་པ་འདི། ཆོས་ཉིད་དོན་གྱི་བླ་མ་ཡིན་པས་དབུགས་འཆད་ཚེ་འདུན་པ་དེ་ལ་གཏད་དགོས་གསུངས་པ་ཡིན།

༈ ཞང་རིན་པོ་ཆེའི་ཞལ་གསུང་། དྲན་ཤེས་བག་ཡོད་དམན་སར་སྡོད། །ཁ་ཕྱིར་མ་འཁོར་ནང་དུ་བསྐོར། །མི་ཁ་མ་ཉན་རང་ཚུགས་ཟུངས། །བསམ་པ་བཟང་པོས་རང་རྒྱུད་བརླན། །སངས་རྒྱས་བསྟན་པ་རང་ལ་ཡོད། །ལུས་ཕུང་གྲོང་ལ་གནས་གྱུར་ཀྱང་། །སེམས་ནི་དབེན་པའི་དོན་ལ་གནས། །བླ་མ་མ་བརྗེད་མོས་གུས་བརྩོན། །རང་རིག་མ་བཅོས་ཧུར་ཕྱུང་ལ། །དུས་གསུམ་རྟོག་པ་རྗེས་མེད་གཤིས། །སེམས་ལས་འདས་པ་དྭངས་སངས་ངེ་། །ཤེས་རིག་ཟང་ངེ་ཁྱབ་བདལ་འདི། །ཉིན་མཚན་བར་མེད་ངང་སྐྱོང་མཛོད། །བརྟན་པ་ཐོབ་པ་འབྲས་བུ་སྟེ། །ཚོམ་བུ་གཅིག་ཏུ་སངས་རྒྱས་སྨོན། །ཞལ་གདམས་ལགས། ༈ དཔེར་ན། ཕྱག་འཚལ་བར་བྱ་བ་ལའང་ལངས་པ་དང་སྡོད་པ་ནི། བསོད་ནམས་བསགས་པ་མ་ཡིན་ཏེ། ཕྱག་འཚལ་བར་ཤེས་པའི་དད་གུས། ཕྱག་འཚལ་བ་དགེ་བར་སེམས་པའི་རྣམ་རྟོག་དེ་ཡིས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པ་ཡིན་པའི་དོན་ནི་ཤེས་པ་སྟེ། སྐོར་བ་བྱེད་པའི་གོམ་པ་འདོར་བ་ནི་བསོད་ནམས་བསགས་པ་མ་ལགས་ཏེ། སྐོར་བ་བྱེད་པའི་ཤེས་པ་དེ་ཉིད། སཙྪ་དང་མཆོད་རྟེན་བཞེངས་པ་ཡང་ས་རྡོ་འབུར་པོ་བྱས་པ་ནི་བསོད་ནམས་བསགས་པ་མ་ལགས་ཏེ། དགེ་བ་བྱེད་པའི་འདུ་ཤེས་དེ་ཡང་། མར་མེ་འབུལ་བ་ཡང་མར་མེ་ལ་བསྲེགས་པ་བསོད་ནམས་བསགས་པ་མ་ཡིན་ཀྱང་མཆོད་པ་འབུལ་བའི་འདུ་ཤེས་དེ་ཉིད། ཡོན་ཆབ་ཕུལ་བ་ཡང་ཆུ་ཕོར་བཀང་བ་བསོད་ནམས་བསགས་པ་མ་ཡིན་ཏེ། ཡོན་ཆབ་འབུལ་བའི་འདུ་ཤེས་དེ་ཉིད་བསོད་ནམས་བསྐྱེད་པ་དེའི་འཇུག་སྒོ་ཡིན། བསམ་པ་དགེ་བའི་ཤེས་པ་དེ་ཉིད་གཞི་ཡི་ཉག་ཕྲན་ཞིག་ཡིན་པས་འབྲས་བུ་ཡང་དེས་བསྐྱེད་པ་ཡིན་ལ་དེ་དག་གི་འཇུག་སྒོ་ནི་ཆོས་ཉིད་རང་གི་ཡེ་ཤེས་ཡིན་ནོ། །

མན་ངག་ལག་ཁྲིད་མ་ཤེས་ན། མུན་ནག་ནང་གི་མཛུབ་ཡུག་འདྲ། །ཞེས་སོ། ༈ །བླ་མ་ཡི་དམ་མཁའ་འགྲོ་གསུམ་ནི། ངོ་བོ་བརྗོད་དུ་མེད་པས་བླ་མ། དེའི་གདངས་འགགས་པ་མེད་པ་ཡི་དམ། རོལ་པ་འགག་མེད་དུ་འཆར་བ་མཁའ་འགྲོ་ཡིན་གསུངས། ༈ གོ་རྟོགས་ཐོབ་གསུམ་ནི། སྣང་བ་གཞི་མེད་དུ་གོ །ཤེས་པ་ཡུལ་མེད་དུ་གོ །རིག་པ་རྟེན་མེད་དུ་གོ །རྟོགས་ལུགས་ཟང་ཐལ་དུ་རྟོགས། གྲོལ་ལུགས་ཀ་དག་ཏུ་གྲོལ། ཐོབ་ལུགས་རང་མལ་ན་གནས་གསུངས་སོ། ༈ །རིག་འཛིན་འཇིགས་མེད་གླིང་པས། ཆོག་ཤེས་ལ་སྦྱིན་པའི་ཕར་ཕྱིན་གནས། །དེ་ཡི་ངོ་བོ་གཏོང་སེམས་ཡིན། །དཀོན་མཆོག་གིས་མ་ཁྲེལ་ན་ཚུལ་ཁྲིམས་ཡོད། དྲན་རིག་མ་ཉམས་པ་བཟོད་པའི་མཆོག ། ཀུན་གྱི་གྲོགས་སུ་བརྩོན་འགྲུས་དགོས། སྣང་ཞེན་ལྷར་བསྒོམ་བསམ་གཏན་ཏེ། །འཛིན་ཞེན་རང་གྲོལ་ཤེས་རབ་བོ། །དེ་ལ་བསམ་དང་བསམ་བྱ་མེད། ཐ་མལ་མ་ཡིན་ངེས་ཤེས་བྲལ། མྱ་ངན་འདས་ཞི་དམ་པའོ། །འདི་ནི་ཀུན་ལ་བརྗོད་མི་བྱ། །སེམས་ཀྱི་དམ་པར་ཟུངས་ཤིག་གུ། ཞེས་སོ། ༈ །བསྟོད་ཚོགས་ལས། ས་ཡི་ནང་ན་གནས་པའི་ཆུ། །དྲི་མ་མེད་པར་ཡང་དག་གནས། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། ཞེས་སོ། །མདོ་ཏིང་འཛིན་རྒྱལ་པོ་ལས། དག་པ་དངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །ཡེ་ནས་གནས་པའི་ཆོས་ཉིད་དོན། །ཅེས་དང་། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དང་། སྟོང་གསུམ་མེ་ལྟར་འབར་ཀྱང་ང་མི་ཚིག ། སྲིད་གསུམ་ཆུ་ལྟར་འཁྲུགས་ཀྱང་ང་མི་རླན། །ཞེས་སོ། །མན་ངག་བྱིས་པའི་རྩེད་མོ་འདྲ། དགོས་པ་རི་རྒྱལ་ལྷུན་པོ་བཞིན། །ཞེས་སོ། །རིག་འཛིན་འཇིགས་མེད་གླིང་པས་ཀྱང་། ལྟ་བ་ཟབ་མོའི་ངར་དང་ཁྲོལ་ལ་ཞོག ། སྒོམ་པ་ཟབ་མོའི་ཤུབ་ནས་ཐོན་ལ་ཞོག ། སྤྱོད་པ་འཇུར་བུས་ཚུལ་འཆོས་བཤིག་ལ་ཐོངས། །ཞེས་སོ། ༈ །ལམ་ལྔ་ནི། ཞབས་ཏོག་རྣམ་པ་གསུམ་གྱི་ཚོགས་ལམ། བླ་མའི་མན་ངག་ལ་བརྟེན་ནས་ཡེ་ཤེས་མངོན་དུ་མ་གྱུར་གྱི་བར་སྦྱོར་ལམ། རིག་སྟོང་ཟུང་འཇུག་གི་ལྟ་བ་དེ་ངོ་འཕྲོད་པའི་ཚེ་མཐོང་ལམ། དེ་ཉིད་ལ་གོམས་པ་ཐོབ་དགོས་པ་བསྒོམ་ལམ། སངས་རྒྱས་ཀྱི་ས་ན་མི་སློབ་པའི་ལམ་དང་ལྔའོ། ༈ །ཚོགས་ལམ་ན་མོས་པའི་འོད་གསལ། སྦྱོར་ལམ་ན་དཔེའི་འོད་གསལ་རླུང་སེམས་ཀྱིས་བསྐྱེད་པ། མཐོང་ལམ་ན་དོན་གྱི་འོད་གསལ། སློབ་པའམ་བསྒོམ་ལམ་ན་ཟུང་འཇུག་གི་འོད་གསལ། མི་སློབ་པ་སངས་རྒྱས་ཀྱི་ས་ན་མཐར་ཐུག་གི་འོད་གསལ། ཚོགས་ལམ་ན་མོས་པའི་ལྷ་སྐུ། སྦྱོར་ལམ་ན་རླུང་སེམས་ཀྱི་ལྷ་སྐུ། མཐོང་ལམ་ན་ཟུང་འཇུག་དོན་གྱི་ལྷ་སྐུ། སྒོམ་ལམ་ན་ཟུང་འཇུག་༼རིག་༽སྟོང་གི་ལྷ་སྐུ། མི་སློབ་པའི་ལམ་ན་ཟུང་འཇུག་མཐར་ཐུག་གི་ལྷ་སྐུའོ། །ཚོགས་ལམ་ཞལ་ཐང་ནང་གི་ཟླ་བ་བྲིས་པ་ལྟ་བུ། སྦྱོར་ལམ་ན་ཆུ་ནང་གི་ཟླ་གཟུགས་ལྟ་བུ། མཐོང་ལམ་ན་ནམ་མཁའི་ཟླ་བ་ལྟ་བུའོ། །ངོ་བོ་བཟང་ངན་མེད་ཀྱང་གཡའ་ཡིས་གོས་པ་དེ་བྱི་དོར་བྱེད་དགོས་པ་ལྟ་བུའི་སློབ་ལམ་ན་བག་ཆགས་ཕྲ་བ་དག་པར་བྱེད་པའོ། ༈ །མཐར་ཐུག་ཆོས་ཉིད་བར་དོའི་སྐབས་སུ་ཕྱི་གསལ་གྱི་ཤེས་པ་ནང་དུ་ལྡོག ། ནང་གསལ་དཔྱོད་བྱེད་ཀྱི་ཤེས་པ་གཞི་ཐོག་ཏུ་དངས་པའམ་ཐིམ་པ་ཞེས་པའོ། །མ་རྨུག་པ་ཞེས་པ་ནི་ཕྲ་བའི་ཡེ་ཤེས་དེ་ཉིད་རྟོག་མེད་ཀྱི་ཚུལ་དུ་མ་འགགས་པར་ཕྱམ་བརྡལ་དུ་སྣང་བ་ཡིན་གསུངས་སོ། །གཞི་དེ་ལས་ལྡང་བའི་ཚེ་སྐུ་གསུམ་གྱི་སྟོན་པའི་སྐུར་བཞེངས་པ་ཡིན་གསུངས་སོ། ༈ །ནང་གསལ་ཕྲ་བའི་ཡེ་ཤེས་ཀྱི་ཉེ་རྒྱུ་ནི་ད་ལྟ་མཉམ་བཞག་གི་སྐབས་རླུང་རང་སར་དག་པའི་ཚེ་ཡེ་ཤེས་རྗེན་པར་མ་འགགས་པར་རྟོག་མེད་ཀྱི་ཚུལ་དུ་མཐོང་བ་དེ་ཉིད་ཡིན་གསུངས་སོ། །འཇིགས་མེད་གླིང་པས། ལམ་གྱི་རིག་པ་རླུང་སེམས་དང་འགྲོགས་པ། །རེ་འགའ་དག་ཀྱང་རེ་འགའ་སྣང་བར་འགྱུར། །ཞེས་སོ། ༈ །སྐུ་གསུམ་གྱི་སྟོན་པའི་སྐུར་བཞེངས་པའི་ཉེ་རྒྱུ་ནི། མཉམ་བཞག་ལས་ལྡང་བའི་ཚེ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་རམ་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གསལ། གཟུགས་སུ་སྣང་བ་སྐུ། སྒྲ་རུ་གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་རྣམ་རོལ་དུ་རྩལ་སྦྱོང་བ་དེ་ཉིད་ཡིན་གསུངས་སོ། ༈ །ཐབས་ཤེས་གཉིས་ཡེ་ནས་ཟུང་འབྲེལ་དུ་ཡོད་པ་ཤེས་དགོས། ལྟ་བའི་བདེ་ཁ་བསྒྱུར་བ་ལ་བཞི་སྟེ། ཟད་པ་མེ་ལ་མངའ་དབང་བསྒྱུར་བའི་ཚེ། རང་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རཾ་ཡིག་ཞིག་ཏུ་གྱུར་པར་བསམ། རཾ་ཡིག་ལས་མེ་འབར་བས་ཕྱི་ནང་སྣོད་བཅུད་ཐམས་ཅད་མེ་དཔུང་གཅིག་ཏུ་གྱུར་པར་བསྒོམ། མེ་དཔུང་དེ་རྣམས་ཚུར་རང་ལུས་ལ་ཐིམ། རང་ཡང་མེ་དཔུང་གཅིག་ཏུ་གྱུར་པར་བསྒོམ་མོ། །ཟབ་པ་གཞན་རྣམས་ནི་འབྱུང་བ་རང་རང་གི་སྲོག་ཡིག་གསལ་བ་རིགས་འགྲེའོ། ༈ །ཨ་ཧྃ་འབར་འཛག་ནི། སྦོར་བྱེད་རླུང་གི་འཁོར་ལོ་གཞུའི་དབྱིབས་ཅན་ཆངས་ཟུང་ཡྃ་ཡིག་གིས་མཚན་པ། སྦར་བྱ་མེ་ཡི་འཁོར་ལོ་དབྱིབས་གྲུ་གསུམ་༼ཆོས་འབྱུང་གྲུ་གསུམ་ཤེས་རབ་མཚོན། ༽དབུས་སུ་ཨ་ཤད་ཀྱིས་མཚན་པ་རྩ་བ་སྦོམ་ལ་བརྟན་པ། རྩེ་མོ་ཕྲ་ལ་གཡོ་བ། ཁ་དོག་དམར་ལ་རེག་བྱ་ཚ་བ། ངོ་བོ་སྟོང་ལ་རྣམ་པ་བདེ་བ་སྟེ་མཚན་ཉིད་བཞི་དང་ལྡན་པའོ། །སྤྱི་གཙུག་ཏུ་ཐབས་མཚོན་བྱེད་ཟླ་གདན་གྱི་དབུས་སུ་ཧྃ་ཡིག་ཐུར་བསྟན་ཞིག་ཏུ་གསལ། རྒྱུད་ལས། རྩ་ནི་ཡུར་བ་འདྲ་སྟེ་བྱང་བར་དགོས། །བྱང་སེམས་ཆུ་འདྲ་ཁྲིད་པར་འོང་བ་དགོས། །རླུང་ནི་ཁྲོན་སྐྱོགས་འདྲ་བས་སྐྱོན་མེད་དགོས། །དེ་ལྟར་རྩ་རླུང་འབྱོངས་བའི་རྗེས་ཆགས་སུ། །འདོད་ཆགས་ཆེན་པོ་བདེ་ཆེན་ནམ་མཁའ་གང་། །ཞེས་གསུངས་སོ། ༈ །འདོད་ཆགས་མ་སྤངས་རང་ལམ་དུ་སྤྱོད་པའི་དམིགས་པ་ནི། རྩ་བའི་བླ་མ་དེ་ཉིད་རྗེས་ཆགས་ཀྱི་ཉམས་དང་དབང་གི་མདོག་ཅན་ཞིག་ཏུ་གསལ་ནས། རང་ཆགས་ཡུལ་དེ་དང་དུ་བླང་ནས་ཡང་ཡང་འདོད་པའི་རྟོག་པ་སྐྱེས་བཅུགདེ་ཡང་འདོད་ཆགས་ཀྱི་རྟོག་པ་དེ་ཟད་ཟད་ཅིག་ཡལ་མ་སོང་གོང་དུ། ཚོར་བ་བདེ་སྡུག་བར་མ་གསུམ་ཀ་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གི་ཀློང་དུ་མཉམ་པར་བཞག ། བདེ་བས་སྟོང་པ་ལ་མ་གནོད་སྟོང་བས་བདེ་བ་ལ་མ་གནོད་པ་ཞིག་དགོས་གསུངས་སོ། །དེ་དུས་རྩ་བའི་བླ་མའི་ཐུགས་དང་རང་སེམས་གཉིས་དབྱེར་མེད་དུ་བསྲེ་ནས་ཇི་ལྟར་གཟུགས་སུ་སྣང་བ་ཐམས་ཅད་གསུང་པདྨའི་རིགས། སྒྲ་གྲགས་དེ་བཞིན་སྐུ་མདོག་དམར་པོ་འཛུམ་མཛེས་དང་ལྡན་པ་ཞིག་ཏུ་བསྒོམ། ཞེ་སྡང་དང་ཉོན་མོངས་པ་གཞན་རྣམས་ཡང་དེ་ཡི་རིགས་འགྲེས་སོ། །དེ་དག་གི་སྣ་བསྟེན་ཐུབ་པས་ལྟ་བ་དེ་ལའང་གདེངས་ཡོད་དགོས་གསུངས་སོ། དེ་མེད་ན་ཐ་མལ་པ་ལྟ་བུ་ཡིན་ནོ། ༈ །དཔལ་སྤྲུལ་རིན་པོ་ཆེས། ཆོས་ཉིད་ལྟ་བའི་ཀློང་དེ་ནས་ཆོས་ཅན་གྱི་སྣང་བ་ཇི་སྙེད་ཅིག་ཤེས་བྱེད་ཀྱི་བློ་དེ་ཉིད་ལ་རིག་རྩལ་ཆོས་སྐུའི་གཏེར་སྟོན་ཡིན་གསུངས་སོ། ༈ །རྣལ་འབྱོར་པས་ལྟ་བ་རྟོགས་པའི་ཚེ་བློ་ལ་གང་ཤར་ཐམས་ཅད་ཡེ་ཤེས་ཀྱི་ངང་ལས་མ་འདས་པ་ཡིན་པས། དཔེར་ན་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པའི་དུས་སུ་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟ་བུ་ཡིན་གསུངས་སོ། ༈ །སྔོན་འགྲོའི་ཆོས་རྣམས་གཞི་ལྟ་བ་ལ་རྫོགས་ཚུལ་ནི། དང་པོ་ཀུན་སློང་བཅོས་ཚུལ་ལའང་། དང་པོའི་དུས་ལེགས་པར་བཅོས་དགོས། ཀུན་ཞེས་པ་ཀུན་གཞི་ལུང་མ་བསྟན་ནོ། །སློང་ཞེས་པ་ཀུན་གཞི་ལུང་མ་བསྟན་གྱི་ཁམས་ནས་དུས་གསུམ་གྱི་རྟོག་པ་དགེ་དང་མི་དགེ་བ་དགེ་སྡིག་འདྲེས་མའི་རྟོག་པ་རྣམས་ཡུལ་རྐྱེན་སྣ་ཚོགས་པས་སློང་བས་ན་ཀུན་སློང་ཞེས་པ་ཡིན་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གསུངས་སོ། །

༈ དང་པོའི་གནས་སྐབས་སུ། བླ་མ་དཀོན་མཆོག་གསུམ་འདི་མདུན་གྱི་ནམ་མཁར་དཔང་པོར་བཞག་ནས། དགེ་སེམས་དེ་གོང་འཕེལ་དུ་བཏང་། བླ་མ་དཀོན་མཆོག་མཁྱེན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བསམ་པ་བཟང་པོ་འདི་ལྟ་བུ་སྐྱེ་བར་ཤོག་ཅིག་ཅེས་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱས་ན་བཟང་པོ་གསེར་ལྟ་བུ་ཡིན། སྡིག་སེམས་ཞིག་སྐྱེ་ན། བླ་མ་དཀོན་མཆོག་མཁྱེན། མི་འཆབ་པོ། མི་སྦེད་དོ། མཐོལ་ལོ་བཤགས་སོ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བསམ་པ་ངན་པ་འདི་ལྟ་བུ་མི་སྐྱེ་བར་གྱུར་ཅིག་བརྗོད། དགེ་སྡིག་འདྲེས་མའི་རྟོག་པ་རྣམས་ཤན་ལེགས་པར་ཕྱེ་ནས། རང་རྒྱུད་འདི་དགེ་བའི་ལམ་ལ་བཞག་ནས་གཟོད་ཆོས་བསྒྲུབ་དགོས་པ་ཡིན་གསུངས་སོ། །རིག་སྟོང་ཟུང་འཇུག་གི་ལྟ་བ་ངོ་འཕྲོད་པའི་ཚེ་དེ་ལ་ལྡན་ན་བཟང་རྟོག་ངན་རྟོག་ཐམས་ཅད་དག་གྲོལ་དུ་འགྲོ་བ་དེ་ཡིན་གསུངས་སོ། ༈ །ཆད་ཐོ་ནི། དོན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རང་གཟུགས་ཕྱི་རུ་ཤར་བའི་ཚེ། རྟོག་པ་སྡེ་བརྒྱད་དུ་སྣང་བ་ཡིན་གསུངས། སྔོན་སློབ་དཔོན་པདྨ་ལ་སོགས་པ་རྣམས་ཀྱིས་བཀའ་དམ་ལ་བཞག་པ་ཡིན་ཏེ། ཇི་ལྟར་བཞག་ན། དོན་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་རང་གྲོལ་དུ་རྟོགས་པས་དམ་ལ་གནས་ཤིང་དབང་དུ་འདུ་བ་ཡིན་པས། ཕྱིས་སུ་མ་འོངས་པའི་གང་ཟག་རྣམས་ཀྱི་དོན་དུ། ཆད་ཞེས་པ་ནི། དོན་རྣམ་ཤེས་ཚོགས་བརྒྱད་རང་གྲོལ་དུ་སུས་རྟོགས་པའི་ཚེ་ཁས་བླང་དུ་ཡོད་པས་ན་ཆད། ཐོ་ཞེས་པ་ནི་ས་མཚམས་ཀྱི་ཐོ་ལྟ་བུ་གང་ཟག་སུས་རྟོགས་པའི་ཚེ་དེ་དང་ལྡན་ན་དམ་ལ་གནས་ཤིང་བསྒོ་བའི་བཀའ་བསྒྲུབ་པ་ཡིན་པས་ན་ཐོ་ཞེས་པའོ། །

༈ སྲིད་པ་ཨེ་ཡི་སྤྱི་མནན་ནི། གཞི་ཀ་དག་གི་ཀློང་དུ་རང་གི་གཟུང་འཛིན་ཕྲ་རགས་ཐམས་ཅད་དང་། དམིགས་བྱའི་དགྲ་བགེགས་གང་ཡིན་གཟུང་འཛིན་ཕྲ་རགས་བག་ཆགས་དང་བཅས་པ་རང་དྭངས་ལ་འགྲོ་བ་རིག་སྟོང་ངང་དུ་མཉམ་པར་བཞག་པ་ནི་མནན་ཞེས་སོ། །སེམས་ཉིད་ཅེས་པ་ནི། སེམ༵ས་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡལ་ས་རིག་པའི་འཆར་གཞི་མ་འགགས་པ་ལ་ཉིད༵་ཅེས་པའི་སྒྲ་སྦྱར་བ་ཡིན་ནོ། ༈ །ལྟ་བའི་གནས་དོར་བའི་མན་ངག་ཡང་། རིག་སྟོང་གི་ལྟ་བ་མཚན་ཉིད་པ་ངོ་འཕྲོད་པའི་ཚེ་དེ་ལ་འབྱར་དུ་མི་འདུག་པར་ལྟ་ཐོག་ཏུ་སྤྱོད་པ་མི་འཁྱེར་བར། ལྟ་བ་སྤྱོད་པའི་ཐོག་ཏུ་ཁྱེར་ནས་སྐྱོན་དང་ཆགས་སྡང་སོགས་ཉོན་མོངས་པ་ལྷོངས་སུ་བཅུགའཁྲུལ་དུ་བཅུག ། ཡིན་རྒྱུ་མིན་རྒྱུ་སྣང་དུ་མི་སྣང་དུ་བཅུག་པ་དེ་ལ་སོགས་པ་བྱས་ནས་སྣང་བ་འདི་གཏད་མེད་ཅིག་འོང་གསུངས་སོ། །རིག་སྟོང་གི་ལྟ་བ་ངོ་འཕྲོད་ཡོད་དུས་དེ་ལྟར་བྱེད་མི་ཉན་བསམ་ན་དེ་ནི་མི་སྐྱོན་ཏེ། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མ་འདས་པའོ། །རི་རྒྱག་ཐང་རྒྱག་ཏུ་ཤེས་དགོས། ཆོས་ཉིད་ངང་དུ་རྒྱ་འབྱམས་ཚུལ་ནི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་རྩལ་ནི་ཡེ་འབྱམས། རྨད་དུ་བྱུང་བ་ཡིན་པས་དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱང་མ་རིག་པས་སྒྲིབ་ཡོད་རུང་ཡེ་འབྱམས་དུ་ཡོད་གསུངས། སྣང་ཆའི་ཐོག་ནས་འབྱམས་དགོས་ཏེ་བཟང་ངན་གཉིས། ཆགས་སྡང་གཉིས། དགྲ་གཉེན་གཉིས། རེ་དོགས་གཉིས། སྐྱིད་སྡུག་གཉིས། དྭངས་དུབ་གཉིས་ལ་སོགས་པས་བཀག་ཡོད་པ་ཡིན་པས། དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་འཁྱག་གིས་བསྡམ་པ་ལྟར་ཡིན། དེ་དག་གི་མཚང་རིག་དགོས། མན་ངག་གི་ཆིངས་ལྔ་ནི། ཕྱི་སོ་ཐར་གྱི་སྡོམ་པའི་ངོ་བོ་འཁོར་བ་ཞེན་ལོག་གི་ངེས་འབྱུང་དང་གཅིག ། བར་བྱང་སེམས་ཀྱི་སྡོམ་པའི་ངོ་བོ་གཞན་ཕན་དོན་གཉེར་གྱི་སེམས་དང་གཉིས། ནང་གསང་སྔགས་ཀྱི་སྡོམ་པའི་ངོ་བོ་སྣང་སྲིད་རྣམ་དག་གི་དག་སྣང་དང་གསུམ། བླ་མ་ལ་ཡིད་ཆེས་ཁྱེད་ཤེས་ཀྱི་དད་པ་དང་བཞི། རྡོ་རྗེ་སྤུན་གྲོགས་ལ་བརྩེ་གདུང་དང་ལྔ་ཡིན་གསུངས། ༈ གཞི་དང་གཞི་སྣང་ཕྱེ་ན། གཞི་ཀ་དག་སྤྲོས་པ་དང་བྲལ་བའི་རིག་སྟོང་ཟུང་འཇུག་གི་ཆ་དེ་ལས་འཁྲུལ་གྲོལ་གང་ཡང་མི་བྱེད། མ་རིག་པ་དང་སྒྲིབ་གཉིས་བག་ཆགས་ཀྱིས་གོས་མ་མྱོང་། གཞི་སྣང་འགག་པ་མེད་པའི་ལྷུན་གྲུབ་ཀྱི་ཆ་ལ་གྲོལ་འཁྲུལ་དང་མ་རིག་པ་ཡེ་ནས་མེད་གསུངས། ཟུང་འཇུག་ཐུགས་རྗེ་རིག་རྩལ་གྱི་རྣམ་པ་ཡུལ་ལ་ཤར་བའི་ཚེ་དེ་ཉིད་རང་སྣང་ཡིན་པར་ཤེས་ན་གྲོལ་གཞི་བྱེད་པ་དང་། མ་ཤེས་ན་འཁྲུལ་གཞི་བྱེད་པ་ཡིན་པས་འཁྲུལ་གྲོལ་གཉིས་ཀྱང་དེར་འཇོག་ཤེས་དགོས་གསུངས། གཞི་ཀ་དག་རིག་སྟོང་གི་ཆ་རྒྱུ་རྐྱེན་ལས་འདས་པ་ཡིན་པ། མ་ཤེས་ན་རིག་པའི་རྒྱུ་ནི་དངོས་རྒྱུ་བརྒྱུད་རྒྱུ་མེད་ཀྱང་། གཞི་སྣང་ཤར་བ་ངོ་མ་ཤེས་པས་རྟོག་པ་སྔ་མས་ཕྱི་མ་བསྐྱེད་པའི་རྒྱུ་རུ་འགྱུར་བས་ན་བརྒྱུད་རྒྱུ་ཡང་ཟེར། སྒྲིབ་པ་གློ་བུར་བ་ཡིན། གཞི་དང་གཞི་སྣང་ཕྱེ་མ་ཤེས་ན། གཞི་བདུན་སྐྱོན་ཅན་ཏུ་བཞག་པ་ཡིན་ཏེ། དང་པོ་གཞི་ངོ་བོ་ཀ་དག་ཏུ་འདོད་ན། སྟོང་རྐྱང་ཆད་མཐའ་རུ་གོལ་སེམས་ཅན་གཅིག་ཀྱང་མི་གྲོལ་བ་ཞིག་ཡིན་དགོས་གསུངས། གཉིས་པ་གཞི་ལྷུན་གྲུབ་དུ་འདོད་ན། ཡེ་ཤེས་གཅིག་པུ་ཞིག་འདོད་པས་ཁམས་གསུམ་ན་འཁོར་འཁྲུལ་ལས་མ་འདས་པས་རྟག་ལྟ་རུ་གོལ། གསུམ་པ་གཞི་མ་ངེས་པར་འདོད་ན་ནི། གཞི་དེས་གྲོལ་དུས་གྲོལ་གཞི་བྱེད། འཁྲུལ་དུས་འཁྲུལ་གཞི་བྱེད་པ་ལྟ་བུ་སངས་རྒྱས་རུང་སེམས་ཅན་དུ་འགྱུར་སྲིད་པའི་རྣལ་འབྱོར་ལམ་གྱི་བགྲོད་བྱ་དོན་མེད་ཡིན་གསུངས། བཞི་པ་ངེས་པ་དོན་གྱི་དངོས་གཞིར་འདོད་ན། འདུས་མ་བྱས་རྟག་བརྟན་འཕོ་འགྱུར་མེད་པར་འདོད་པས་སྣང་ཆ་རྣམས་གཏན་སྤངས་ཡིན། ལྔ་པ་གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་ནི། འཁྲུལ་རྐྱེན་གྱིས་འཁོར་བར་བསྒྱུར། འདས་པའི་རྐྱེན་གྱིས་སངས་རྒྱས་སུ་བསྒྱུར། དཔེར་ན་གཞི་དེ་ཉིད་གྲུ་སྐོ་ལྟ་བུ་ཞིག་དགོས་གསུངས། དྲུག་པ་གཞི་ཅིར་ཡང་ཁས་བླང་དུ་བཏུབ་པར་འདོད་ན། གཞི་དེ་ཡོད་པར་ཁས་བླང་། མེད་པར་ཁས་བླང་། ཡོད་མེད་གཉིས་ཀ་ཁས་བླང་བ་ལྟ་བུ་ཡིན་གསུངས། བདུན་པ་གཞི་སྣ་ཚོགས་སུ་འདོད་ན་འཁོར་འདས་ཀྱི་ཆོས་སྣ་ཚོགས་སུ་སྣང་བ་འདི་རྣམས་གཞི་ཡིན་པར་འདོད་པ་ལྟ་བུ་ཡིན་གསུངས།

གཞི་བདུན་གཏན་ལ་འབེབ་བྱེད་ནི་གཞི་ངོ་བོ་ཀ་དག་དང་གཞི་སྣང་ལྷུན་གྲུབ་གཉིས་ཡེ་ནས་དབྱེར་མེད་ཟུང་འཇུག་ཏུ་བཞུགས་པ་ཡིན་པའི་ཆ་ནས་གཏན་ལ་དབབ་དགོས་གསུངས་སོ། ༈ །རྫོགས་ཆེན་གྱི་གཞི་ལམ་འབྲས་བུ་ནི། ལྷུན་གྲུབ་ལུས་ཀྱི་སྦུབ་གསུམ་ཞེས། དང་པོ།

གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ནི་ངོ་བོ་ཡེ་སྟོང་སྤྲོས་དང་བྲལ་བའི་རང་གདངས་འགགས་པ་མེད་པ་རིག་སྟོང་ཟུང་འཇུག་གི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ན་འཁོར་འདས་གཉིས་ཀ་འཆར་རུང་གི་གདངས་དཔེར་ན་ཤེལ་རྡོ་ལ་འོད་ལྔ་རང་ཆས་སུ་ཤར་རུང་གི་གདངས་ཡོད་པ་ལྟ་བུ་དེ་ལ་གཞི་ཡི་སྦུབས་ཟེར། གཞི་ལས་གཞི་སྣང་ཤར་བའི་རྣམ་པ་མ་ཤེས་པའི་ཆ་དེར་མ་རིག་པ་རྒྱུ་ས་བོན་བག་ཆགས་དང་བཅས་པ་དེར་འཇོག་ཤེས་དགོས། དེ་ཡན་ན་མ་རིག་པ་རྒྱུ་ས་བོན་དང་བཅས་པ་གཏན་ནས་མེད་གསུངས། རིག་སྟོང་གི་ལྟ་བ་ནམ་རྟོགས་ན་རྒྱུ་ས་བོན་དང་བཅས་པ་དྲུངས་འབྱིན་དུ་འགྲོའོ། །གཞི་ཀློང་དེ་ན་འཁོར་འདས་ཀྱི་སྣང་བ་འཆར་རུང་བའམ། གཞིའི་ཀློང་གཅིག་ཏུ་འུབ་ཆུབ་པས་ན་གཞི་རྫོགས་པ་ཆེན་པོ་གཞི་དེ་ལ་འཆར་རུང་གི་ནུས་པ་མེད་ན་གཞི་སྣང་གི་རྩལ་ལས་དག་མ་དག་གི་སྣང་བ་ཤར་བ་འདི་རྒྱུ་མེད་ལས་འབྲས་བུ་འབྱུང་བ་ལྟ་བུའི་སྐྱོན་ཡོད་གསུངས། གཞི་སྣང་ཤར་བའི་ཆ་དེ་རང་སྣང་ཡིན་པར་ངོ་ཤེས་ན་གྲོལ་གཞི་དང་ངོ་མ་ཤེས་ན་འཁྲུལ་གཞིར་འགྱུར་བའི་འབྱུང་རུང་གི་ཆ་དེ་ལ་སྤྱི་གཞི་ཟེར།

གཞི་སྣང་ལམ་ལྷུན་གྲུབ་རིན་པོ་ཆེའི་སྦུབ་ནི། གཞི་ལས་གཞི་སྣང་ཤར་བ་ནི། འཆར་ལུགས་བཞི་ནི། གཞི་ལྷུན་གྲུབ་རིན་པོ་ཆེའི་འཆར་ལུགས་དང་། གཞི་སྣང་ཆེན་པོའི་འཆར་ལུགས་དང་། ལོངས་སྐུའི་འཆར་ལུགས། སྤྲུལ་སྐུའི་འཆར་ལུགས་དང་བཞིའོ། །དེ་དག་སྒྲ་འོད་ཟེར་གསུམ་ཤར་བའི་ཚེ། སྐད་ཅིག་དང་པོ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་པར་ངོ་ཤེས། མི་གསལ་བ་གསལ་བ་སྒེག་མོས་མེ་ལོང་ལ་བལྟས་པ་ལྟ་བུའི་མན་ངག་དགོས། སྐད་ཅིག་གཉིས་པའི་དུས་རང་སྣང་རང་བཞིན་མེད་པར་ཐག་ཆོད་པ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་དགོས། སྐད་ཅིག་གསུམ་པའི་དུས་ཤེས་མཁན་གཞི་ཐོག་ཏུ་དངས་པ། མི་ལྡོག་པ་དཔག་ཆེན་གྱིས་མདའ་འཕང་བ་ལྟ་བུའི་མན་ངག་དགོས། དེ་ལྟར་ཁྱད་ཆོས་དྲུག་གིས་བྱེ་བྲག་ཕྱེད་ནས་ཀ་དག་གདོད་མའི་གཞི་རུ་གྲོལ། གཞི་སྣང་དེ་ཉིད་རང་སྣང་དུ་ངོ་མ་ཤེས་ན་ནི། འཁྲུལ་བའི་སྒྱུ་རྐྱེན་དང་གཅིགའཁྲུལ་བའི་སྣང་བ་དང་གཉིས། སྣང་སེམས་ཀྱི་དབྱེ་བ་གསུམ་ཡོད། རྒྱུ་གསུམ་རྐྱེན་བཞིའི་དབང་གིས་འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་འདི་སྣང་བ་ཡིན་པས། འཁྲུལ་གྲོལ་གཉིས་དང་དག་དང་མ་དག་གི་སྣང་བ་འདི་ལ་གཞི་སྣང་ལམ་གྱི་སྦུབ་ཟེར། གཞི་སྣང་ལམ་གྱི་སྐབས་ཐེག་པ་བརྒྱད་ཀྱི་ཡང་རྩེར་གྱུར་པ་ཡིན་པས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་རུ་རྫོགས་པས་ན་ལམ་རྫོགས་པ་ཆེན་པོ། གཞི་སྣང་ལམ་གྱི་སྦུབ་འདི་མེད་ན་འཁོར་འདས་གཉིས་དང་གྲོལ་འཁྲུལ་སངས་རྒྱས་དང་སེམས་ཅན་གང་ཡང་མེད་པའི་སྐྱོན་ཡོད། འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབ་ནི། ད་ལྟ་ལམ་བདེན་འདུས་མ་བྱས་པའི་རིག་སྟོང་གི་ཡེ་ཤེས་དེ་དང་པོའི་དུས་ངོ་ཤེས། ཤེས་ཐོག་ཏུ་གནས། གནས་ཐོག་ཏུ་གྲོལ། དེ་ལྟར་གནད་གསུམ་ལྡན་པའི་རིག་སྟོང་ཆོས་སྐུའི་ཡེ་ཤེས་ལ་དབང་འབྱོར་བའི་ཚེ། སྒྲིབ་གཉིས་ཀྱི་རྒྱུ་ས་བོན་བག་ཆགས་དང་བཅས་པ་གཏན་བྱང་དུ་སོང་། ཕྱི་གསལ་གྱི་སྣང་བ་དང་ནང་གསལ་དཔྱོད་བྱེད་ཀྱི་ཤེས་པ་གཞི་ཐོག་ཏུ་དངས་ནས་ཀ་དག་གདོད་མའི་ཡེ་གཞི་འོད་གསལ་འདུས་མ་བྱས་པ་ནང་གསལ་ཕྲ་བའི་ཡེ་ཤེས་ཀྱི་ངང་ལ་གཡོ་བ་མེད་པར་དར་གཅིག་གནས། དེ་ནི་སངས་རྒྱས་ཀྱི་ཐུགས་རྣམ་མཁྱེན་གྱི་ཡེ་ཤེས་སོགས་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་འཆར་གཞི་ཡིན་པས་ན་འབྲས་བུའི་སྦུབ་ཟེར་གསུང་། དེ་ལས་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྐུར་བཞེངས་པ་ཡིན། གསུངས་སོ། །འབྲས་བུའི་སྦུབ་འདི་མེད་ན་ཡང་ཡང་འཁོར་བ་ལས། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དུས་མེད་པ་ཡིན་པའི་སྐྱོན་ཡོད་གསུངས་སོ། །གཞི་ལམ་འབྲས་བུའི་གནད་འདི་གོ་ན་ཤེས་པ་སྐད་ཅིག་གསུམ་གྱི་ཁོངས་སུ་གཞི་ལམ་འབྲས་བུའི་ཆོས་རྣམས་འདུ་བ་འདི་རྫོགས་ཆེན་གྱི་ཁྱད་ཆོས་ཡིན་གསུངས་སོ། ༈ །ཆོས་ཉིད་བར་དོའི་སྐབས་སུ། གཞིའི་འོད་གསལ་གདོད་མའི་གནས་ལུགས་ཆེན་པོ་ངོ་བོ་ཀ་དག་དང་དེའི་རང་གདངས་འགག་པ་མེད་པ་གཞི་སྣང་ལྷུན་གྲུབ་ཀྱི་ཆ་ནས། ཐུགས་རྗེ་རིག་རྩལ་དང་། ཡེ་ཤེས་ཀྱི་རང་མདངས། དབྱིངས་དང་ཐིག་ལེ། ཡེ་ཤེས་ཀྱི་རླུང་ཕྲ་བ། དེ་གསུམ་དབྱེར་མི་ཕྱེད་པའི་ལྷུན་གྲུབ་ཀྱི་གསང་སྒོ་ཕྱེ་ནས་སྒྲ་འོད་ཟེར་གསུམ་གྱི་རྣམ་པ་རུ་ཤར་ཚེ། ཐུགས་རྗེ་རིག་རྩལ་གྱིས་རང་ཡིན་པར་ངོ་ཤེས་ཚེ་ཁྱད་ཆོས་དྲུག་གི་བྱེ་བྲག་ཕྱེད་ནས་གྲོལ་ལོ། ༈ །ཁྱད་ཆོས་དྲུག་ནི། གཞི་སྣང་ལྷུན་གྲུབ། ལྷུན་གྲུབ་རང་སྣང་། རང་སྣང་ཡེ་ཤེས། ཡེ་ཤེས་ཡེ་གྲོལ། ཡེ་གྲོལ་རང་རིག ། རང་རིག་ཆོས་སྐུ་དང་དྲུག་གོ །ཡང་ན། རྒྱུ་ལས་མ་བྱུང་བའི་འབྲས་བུ། སེམས་ལས་མ་བྱུང་བའི་སངས་རྒྱས། ལུང་ལས་མ་བྱུང་བའི་མན་ངག ། རང་སྣང་། རང་ཤར། རང་གྲོལ་དང་དྲུག་གོ །ཡང་ན། རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་དང་དྲུག༈ འཆར་ལུགས་དྲུག་དང་སྒོ་གཉིས་ནི། ལྷུན་གྲུབ་ལྟར་འཆར་བ། གཞི་སྣང་ཤར་བའི་སྒྲ་འོད་ཟེར་གསུམ་དེ་ཉིད་འབད་རྩོལ་མེད་པར་འདུས་མ་བྱས་པའི་བདག་ཉིད། བྱ་བས་མ་བྱས། རྩོལ་བས་མ་བསྒྲུབ་པར་ཤར་བས་ལྷུན་གྲུབ་ལྟར་རོ། །ཐུགས་རྗེ་ལྟར་འཆར་བ་ནི། ཐུགས་རྗེ་རིག་གདངས་ཀྱི་ཤར་ཆ་གོ་མ་འགགས་པས་དག་པ་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས། མ་དག་སེམས་ཅན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མ་འགགས་པར་གཟིགས་པའོ། །ཡེ་ཤེས་ལྟར་འཆར་བ་ནི། དེ་དག་རྣམས་ཡེ་ཤེས་རང་གདངས་ལས་ཤར་བ་ཡིན་པས་སངས་རྒྱས་ཀྱི་ཞིང་དང་གཞལ་ཡས་ཁང་ཐམས་ཅད་ཡེ་ཤེས་ཀྱི་ཕུང་པོ་གཅིག་གི་བདག་ཉིད་ཡིན་པར་ངེས་སོ། །སྐུ་ལྟར་འཆར་བ་ནི། རིག་པ་སྐུ་རུ་སྨིན་ཚེ་རྡོ་རྗེ་ལུག་རྒྱུད་ཀྱི་ཆ་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་ལས་གཙོ་འཁོར་གྱི་ཚུལ་དུ། ཕུང་ལྔ་རིགས་ལྔ། འབྱུང་ལྔ་ཡུམ་ལྔ་རྣམ་ཤེས་ཚོགས་བརྒྱད། སེམས་དཔའ་བརྒྱད། ཡུལ་བརྒྱད་གནས་དག་སེམས་མ་བརྒྱད་ལ་སོགས་པ་རྣམས་ཚོམ་བུའི་ཚུལ་དུ་སྣང་བའོ། །གཉིས་མེད་ལྟར་འཆར་བ་ནི། ཆོས་ཉིད་གཅིག་གི་ཀློང་ལས་མ་འདས་པ་ཡིན་པས་གཙོ་དང་འཁོར་ཡང་གཉིས་མེད། ཞིང་དང་གཞལ་ཡས་ཁང་གཉིས་མེད། ཐུགས་རྗེ་རིག་གདངས་དང་སྐུ་ཡང་གཉིས་སུ་མེད་པ་ཏིང་ངེ་འཛིན་གྱི་ངང་ལ་གནས་པ་ཡིན་ནོ། །མཐའ་གྲོལ་ལྟར་འཆར་བ་ནི། དེ་དག་ཅི་ལྟར་ཤར་ཡང་ཆོས་ཉིད་ཀྱི་ཀློང་ན་ཡུལ་དང་ཡུལ་ཅན་ཐམས་ཅད་ཡོད་མཐའ་དང་མེད་མཐའ། ཡོད་མེད་གཉིས་ཀའི་མཐའ་ཐམས་ཅད་ལས་མ་གྲོལ་བ་མེད་པ་ཟང་ཐལ་མཐའ་དབུས་དང་བྲལ་བའོ། །རང་སྣང་ཡེ་ཤེས་ཀྱི་སྣང་ཆ་དེ་རང་སྣང་ཡིན་པར་ངོ་ཤེས་པའི་ཚེ་དག་པའི་སྒོ། རང་སྣང་དུ་ངོ་མ་ཤེས་ན་མ་དག་པའི་སྒོ་ཡིན། རང་སྒྲིབ་བྱེད་དུ་རང་གྱུར་པ་ཡིན་ནོ། །འཆར་ལུགས་དྲུག་དང་སྒོ་གཉིས་ཁྱོན་བསྡོམ་པས་འཆར་ལུགས་བརྒྱད་ཟེར། ༈ ཆོས་ཉིད་བར་དོའི་སྐབས་སུ་རྗེས་དྲན་དྲུག་ནི། ལྟ་བ་རྗེས་སུ་དྲན་པ་ཀ་དག་ཟང་ཐལ་གྱི་ལྟ་བ་ཡིན། བསམ་གཏན་རྗེས་སུ་དྲན་པ་དེའི་ངང་ལ་མཉམ་པར་འཇོག་པ་ཡིན། ལྷ་རྗེས་སུ་དྲན་པ་ཀ་དག་གི་རང་གདངས་ཆོས་སྐུ་ཡིན། རང་བཞིན་ཡེ་ཤེས་ཀྱི་རང་གདངས་ལོངས་སྐུ་ཞི་ཁྲོ་ཡིན། གདམས་པ་རྗེས་སུ་དྲན་པ་དང་པོ་རང་སྣང་དུ་ངོ་ཤེས། ཤེས་ཐོག་ཏུ་གནས། གནས་ཐོག་ཏུ་གྲོལ་བ་ཡིན། བླ་མ་རྗེས་སུ་དྲན་པ་རང་རིག་བླ་མའི་ངོ་བོ་དང་དབྱེར་མེད་པས་བྱིན་རླབས་རང་ལ་འཇུག་པ་ཡིན། ཡི་དམ་རྗེས་སུ་དྲན་པ་ཡེ་ཤེས་ཀྱི་རང་གདངས་མ་འགགས་པས་དངོས་གྲུབ་རང་ལ་ཐོབ་པ་ཡིན་གསུངས་སོ། ༈ །གཞིའི་འོད་གསལ་ལས་ལྡང་། གཞི་སྣང་ཤར་བའི་ཚེ་རང་སྣང་ཡིན་པར་རྣམ་པ་མི་ཤེས་པའི་ཆ་དེ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་ཡིན། བདག་ཉིད་གཅིག་པ་ནི་ངོ་བོ་བདག་གཅིག་གི་འབྲེལ་བའམ་ངོ་བོ་རོ་གཅིག་གི་བདག་ཉིད་ཡིན་གསུངས། མི་ཤེས་པའི་ཆ་དེ་ལས་ཤེས་པ་ཕྲ་མོ་བྱི་བའི་སྣ་རླུང་ལྟ་བུ་ལས་ནུས་པ་ཆེར་སོང་ནས་ཡུལ་སྣང་མཆེད་པ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན། དེ་ནས་གཟུང་ཡུལ་ཕར་བཅད་འཛིན་པའི་སེམས་ཀྱིས་ང་ལས་ཕ་གི་བྱུང་ངམ། ཕ་གི་ལས་ང་བྱུང་ངམ་སྙམ་ནས་མིང་དོན་བདག་རྟོག་གི་རང་བཞིན་ནི་ཀུན་བཏགས་ཀྱི་མ་རིག་པ་ཡིན་གསུངས། ༈ རྐྱེན་བཞི་ནི། ཡུལ་སྒྲ་འོད་ཟེར་གསུམ་དེ་ཉིད་འཁྲུལ་བ་བསྐྱེད་པའི་རྒྱུར་འགྱུར་བས་ན་རྒྱུ་ཡི་རྐྱེན་ཡིན། ཐུགས་རྗེ་རིག་ཆ་ནས་ལོག་རྟོག་གི་ཤེས་པ་དེ་ལ་བདག་ཏུ་འཛིན་པའི་ནུས་པ་ཡོད་པ་ནི་བདག་པོའི་རྐྱེན་ཡིན། དེ་གཉིས་ནི་མེ་ལོང་དང་བྱད་ལྟ་བུ་ཡིན། དེ་གཉིས་དུས་འཛོམ་ནས་ཐ་དད་དུ་འཛིན་པ་ནི་དམིགས་པའི་རྐྱེན་ཡིན། དེ་གསུམ་པོ་དུས་མཚུངས་སུ་གྱུར་པའི་ཚེ་དེ་མ་ཐག་པའི་རྐྱེན་ཡིན་གསུངས། ༈ རྐྱེན་བཞི་ལས་ལྡོག་པ་ནི། གཞི་སྣང་ལས་སྒྲ་འོད་ཟེར་གསུམ་ཤར་བ་རང་སྣང་ཡིན་པར་ཤེས་པས་རྒྱུའི་རྐྱེན་ལས་ལྡོག ། ཡུལ་སྒྲ་འོད་ཟེར་གསུམ་དང་ཡུལ་ཅན་ཐུགས་རྗེ་རིག་གདངས་ཀྱི་རྟོག་པ་གཉིས་ཆོས་ཉིད་གཅིག་གི་ཀློང་ནས་ཤར་བ་ངོ་བོ་བདག་གཅིག་གི་འབྲེལ་བ་ཡིན། ཡེ་ཤེས་ཀྱི་རང་བཞིན་ཡིན་པར་ཤེས་པས་བདག་པོའི་རྐྱེན་ལས་ལྡོག ། ཡུལ་དང་ཡུལ་ཅན་མེད་པར་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་དག་མཉམ་གཅིག་གི་རང་བཞིན་དུ་རྟོགས་པས་དམིགས་པའི་རྐྱེན་ལས་ལྡོག་གོ །ཀ་དག་ཟང་ཐལ་གྱི་རིག་པ་དེ་ཉིད་དུས་གསུམ་ལས་འདས་པ་ཡིན་པས་དེ་མ་ཐག་པའི་རྐྱེན་ལས་ལྡོག་པའོ། །རིག་སྟོང་ཟུང་འཇུག་གི་ངང་དེ་ན་བཟང་རྟོག་ངན་རྟོག་ཅི་ལྟར་ཤར་ཡང་ཐམས་ཅད་དག་གྲོལ་གྱི་རང་བཞིན་ཆུ་ལ་རི་མོ་བྲིས་པ་ལྟ་བུའོ། ༈ །མ་རིག་པ་དྲུག་ནི། རང་ཤར་ལས། རྩ་བ་སེམས་ཀྱི་མ་རིག་པ། །འཁྲུལ་བ་ཡུལ་གྱི་མ་རིག་པ། །འཁྲུལ་གཞི་གཞི་ཡི་མ་རིག་པ། །འཛིན་པ་རྟོག་པའི་མ་རིག་པ། །བཅོས་མ་ལམ་གྱི་མ་རིག་པ། །མི་ཤེས་རྨོངས་པའི་མ་རིག་པའོ། །ཞེས་སོ། ༈ །ཡིད་དྲུག་ནི། མ་རིག་པ་དང་མཚུངས་པའི་ཡིད། །ཡིད་ཀྱི་རྣམ་པར་ཤེས་པའི་ཡིད། གཏན་ལ་འབེབས་པའི་ཡིད། ཀུན་ཏུ་ཚོལ་བའི་ཡིད། རྣམ་པར་རགས་པའི་ཡིད། ངེས་པར་འཇོག་པའི་ཡིད་དོ། ༈ །སེམས་བཅུ་གཅིག་ནི། སྣ་ཚོགས་སྡུད་པ་ཆུ་ལྟ་བུའི་སེམས་ནི། ཟག་བཅས་དགེ་བ་དང་མི་དགེ་བའི་བག་ཆགས་སྡུད། གཙང་རྩོག་མེད་པ་ཕག་ལྟ་བུའི་སེམས་ནི། བླང་དོར་གྱི་གནས་ལ་རྨོངས་པའོ། །དཔའ་རྟུལ་ཆེ་བ་སྟག་ལྟ་བུའི་སེམས་ནི། ང་རྒྱལ་དང་ཞེ་སྡང་ལྟ་བུའོ། །ཡང་བ་སྒྲོ་ལྟ་བུའི་སེམས་ནི། ས་ཟིན་མེད་པར་ཡུལ་དུ་མ་ལ་འཇུག་པའོ། །བསྐྱོད་པ་རླུང་ལྟ་བུའི་སེམས་ནི། གང་ལའང་ཐོགས་པ་མེད་པའོ། །རབ་ཏུ་མྱོས་པ་འདམ་རྫབ་ལྟ་བུའི་སེམས་ནི། སྲེད་པ་སྐྱེས་བུ་ཆང་འཐུང་བ་ལྟ་བུའོ། །མཆེད་པ་མེ་སྟག་ལྟ་བུའི་སེམས་ནི། གཅིག་ནས་དུ་མར་འཆར་བ་ཡིན་ནོ། །འདོད་པ་བྱ་ལྟ་བུའི་སེམས་ནི་ཡུལ་དང་དུ་ལེན་པའོ། །རྒྱས་པ་ཡལ་ག་ལྟ་བུའི་སེམས་ནི། ཤེས་པའི་རྩལ་རྒྱས། འགོག་པ་དཀའ་བ་གར་སྤྱིན་ལྟ་བུའི་སེམས་ནི་ཤེས་པ་ཡུལ་གང་ལ་ཡང་འགོག་པར་དཀའ་བ་ཡིན་ནོ། །གཟའ་གཏད་མེད་པ་སྨྱོན་པ་ལྟ་བུའི་སེམས་ནི། ངེས་པ་མེད་པ་ཡིན་པས་དེ་དག་བཅུ་གཅིག་གོ །༈ ཕྱེད་ཐོག་ཏུ་གྲོལ་བ་ཞེས་པ་ཤེས་རབ་ཉིད་ཀྱང་ཆོས་ཀྱི་སྐུ་རུ་སྨིན་ནས་རྒྱུ་རྐྱེན་ལ་མ་ལྟོས་པས་འབྲས་བུ་རང་བྱུང་ཡིན། དེ་ལ་ལུང་དུ་སྟོན་པའི་སློབ་དཔོན་མེད་པ་ཡིན་གསུངས་སོ། ༈ །ད་ལྟ་ནས་རང་གི་རྩ་བའི་བླ་མ་དེ་ཉིད་སློབ་དཔོན་པདྨ་དང་སྤྱན་རས་གཟིགས་རྗེ་བཙུན་སྒྲོལ་མ་གང་རུང་ཞིག་ཏུ་གསལ་གདབ། རང་ཟངས་མདོག་དཔལ་རི་ལ་མོས་ན་ཉི་ཟླའི་བགྲོད་པ་ལྟ་བུ་མྱུར་བས། ཉིན་སྣང་འདི་ཕྱི་སྣོད་ཟངས་མདོག་དཔལ་རི་རུ་གསལ། ནང་བཅུད་སེམས་ཅན་རྣམས་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་སྔགས་ཀྱི་རང་བཞིན། དྲན་རྟོག་ཐུགས་ཀྱི་རྣམ་རོལ་དུ་རིག་སྟོང་གི་ངང་ལ་མཉམ་པར་འཇོག ། མཚན་མོ་ཡང་སྙིང་དབུས་ཟངས་མདོག་དཔལ་རི་རུ་གསལ་ནས། རང་རིག་དང་བླ་མའི་ཐུགས་གཉིས་དབྱེར་མེད་དུ་བསྲེས་ནས་ཉལ་དགོས་གསུངས་སོ། ༈ །གྲོང་འཕོ་གྲོང་འཇུག་ནི། མ་དག་ཕུང་པོ་ལས་འཕོ་ཚུལ། དག་པ་སྤྲུལ་སྐུའི་ཞིང་ཁམས་ལ་འཇུག་ཚུལ་ཡིན། རྣམ་ཤེས་རླུང་ཞོན་གྱི་གདམས་པའོ། །རང་བཞིན་སྤྲུལ་སྐུ་ལ་རིག་པ་མིག་ནས་འཕོ་ཚུལ་དང་། སྤྱིི་གཙུག་ནས་རིག་པ་འོད་ཀྱི་ཐིག་ལེ་ལ་བརྟེན་ནས་འཕོ་ཚུལ་སོགས་ཡོད་གསུངས་སོ། །རབ་ཀྱི་ཐ་མས་ཆོས་ཉིད་ཀྱི་བདེན་པའི་དོན་མཐོང་བས་མ་ཡི་མངལ་གནས་བཟང་པོ་བདམ་པ་ཡིན། འབྲིང་གི་ཐ་མས་ཟངས་མདོག་དཔལ་རིའི་ཞིང་ཁམས་སུ་རིག་པ་འཕོ་བ་ཡིན། ཐ་མའི་ཐ་མ་ནི། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་གསུངས་སོ། །

༈ གཙོ་སེམས་མིག་ཤེས་དང་འཁོར་ཀུན་འགྲོ་ལྔས་ཨུཏྤལ་སྔོན་པོ་མཐོང་དུས། དང་པོ་མིག་ཤེས་ཡུལ་ལ་གཡོ་བའི་ཆ་དེ་སེམས་པ། ཡུལ་ལ་གཏོད་པའི་ཆ་དེ་ཡིད་བྱེད། ཡུལ་དང་དབང་པོ་ཤེས་པ་གསུམ་འཕྲད་པའི་ཆ་དེ་རེག་པ། གཟུགས་ཡིད་འོང་མི་འོང་བར་མ་གསུམ་གང་རུང་ཉམས་སུ་མྱོང་བའི་ཆ་དེ་ཚོར་བ། སྔོ་སེར་སོགས་སོ་སོར་མ་འདྲེས་པར་ཤེས་པ་འདུ་ཤེས་དང་ལྔ་ནི་ཀུན་འགྲོ་ལྔ་ཡིན། འཁོར་འདས་སྤྱི་གཞི་ཞེས་པ་ནི། ཁྲེགས་ཆོད་ཀྱིས་གཞི་དེ་ལ་གཞི་སྣང་འཆར་རུང་གི་གདངས་སུ་ཡོད་པ་ལ་ཟེར། ཐོད་རྒལ་གྱི་གཞི་སྣང་དངོས་ཤར་བ་ལ་ཟེར། ཐོག་མའི་གཞི་ཞེས་པ་ནི་སྔོན་དང་པོ་ཞིག་ལ་བསམ་བློ་མི་བཏང་སྟེ། ད་ལྟ་རང་ཉིད་འཆི་བའི་གནས་སྐབས་ན་སྔ་མའི་རླུང་སེམས་བསྡུས་ཟིན། ཕྱི་མའི་རླུང་སེམས་མ་མཆེད། འཁོར་འདས་གཉིས་ཀའི་སྣང་བ་ཤར་བའི་སྔོན་རོལ་ཡིན་པས་ན་ཐོག་མའོ། །དེ་ལ་འཁོར་འདས་གཉིས་ཀ་འཆར་རུང་གི་གདངས་ཡོད་པས་ན་གཞི་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ཞེས་བྱ། གཞི་དེ་ལས་གཞི་སྣང་ཤར་དུས་རྟོགས་ན་ཁྱད་ཆོས་དྲུག་གི་བྱེ་བྲག་ཕྱེད་ནས་སངས་རྒྱས། མ་རྟོགས་གཟུང་འཛིན་ཅན་གྱི་འཁོར་བའོ། །

༈ རྩལ་དང་རོལ་པའི་ཤན་དབྱེ་ནི། ཀུན་མཁྱེན་ཀློང་ཆེན་པས། རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན། །བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས། །ཞེས་ཡེ་ཤེས་ཀྱི་གདངས་འགགས་པ་མེད་པ་དེ་ལ་རྩལ་ཟེར། ཐུགས་རྗེ་རིག་གདངས་གི་ཤར་ཆ་ལ་རོལ་པ་ཟེར་གསུངས་སོ། ༈ །ཞི་གནས་དང་ལྷག་མཐོང་ནི། ངོ་བོ་ཀ་དག་འདུས་མ་བྱས་པའི་རང་བཞིན་དབྱིངས་སྤྲོས་པ་དང་བྲལ་བའི་ཆ་ཞི་གནས། ཡེ་ཤེས་ཀྱི་རྩལ་གདངས་འགགས་པ་མེད་པའི་ཆ་ལྷག་མཐོང་ངམ་ཤེས་རབ་ཟེར། ཤེས་པ་རབ་ཞིག་ཡིན་པས་ཤེས་རབ་ཟེར། དེ་གཉིས་ནི་ཟུང་འཇུག་ཏུ་ཡོད་པ་ལ་རྫོགས་ཆེན་གྱི་ལྟ་བའམ་རིག་པ་ཟེར་གསུངས་སོ། ༈ །སེམས་རིག་ཤན་འབྱེད་བཞི་ཆ་སུམ་བྲལ་ནི། སུམ་ཆ་འདི་དུས་གསུམ་གྱི་རྟོག་པ་བྲལ་བྱ། བཞི་ཆ་འདི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་རྟོགས་བྱ་ཡིན་གསུངས་སོ། །དང་པོའི་ཤན་ཕྱེ་དགོས་གནད་རྟོགས་པའི་ཚེ་དུས་གསུམ་གྱི་རྟོག་པ་ཡང་རང་གྲོལ་ཡིན་པས་འཁོར་འདས་སྤང་བླང་མེད་པའོ། །དཔེར་ན་རྒྱ་མཚོ་རླབས་དང་བྲལ་བའི་ཆ་རིག་པ། རླབས་དེ་ཉིད་རླུང་གིས་བསྐྱོད་ནས་བྲལ་བའི་ཆོས་ཅན་དུས་གསུམ་གྱི་རྟོག་པ་ལྟ་བུ་ཡིན། གནད་རྟོགས་པའི་ཚེ་རླབས་ཉིད་ཀྱང་རྒྱ་མཚོ་ལས་བྱུང་སླར་ཆུ་ལ་ཐིམ་པས་སྤང་བླང་མེད་པ་ཡིན་ནོ། ༈ །ཡང་དཔེར་ན་རྒྱ་མཚོ་དྭངས་པ་ཁ་གཏིང་མེད་པ་ལྟ་བུ་རིག་པའི་ཆའོ། །དྭངས་བའི་དཀྱིལ་དུ་རྡོ་འཕང་བའི་ཚེ་རིམ་བཞིན་དུ་རི་མོ་རྣམས་སྐད་ཅིག་ཀྱང་ཚུགས་མི་ཐུབ་པར་རང་གྲོལ་དུ་སོང་བ་ལྟ་བུ་དེ་བཞིན་དུ་ཤར་ཆ་རྣམས་རང་གྲོལ་ཡིན་གསུངས་སོ། ༈ །སེམས་རིག་ཤན་འབྱེད་ནི། རིག་པ་ཡེ་ཤེས་ཀྱི་གདངས་མི་འགགས་ཀྱང་ཡུལ་གང་ལའང་མི་གཡོ་བའམ་མི་འཕོ་ཁྱབ་བརྡལ་ཕྱོགས་ལྷུང་དང་བྲལ་བ་ཡིན། དཔེར་ན་གནམ་སྟོང་གི་ཟླ་བའི་ཕྱིའི་སྣང་ཆ་ལྡོག་ཀྱང་ནང་གསལ་དུ་ཡོད་པ་ལྟ་བུ་ཡིན་ནོ། །སེམས་ཀྱི་ཆ་ནི་ཚོགས་དྲུག་གི་ཡུལ་རྗེས་སུ་འབྲང་ནས་ཡུལ་དུ་མ་ལ་འཇུག་པ་ཡིན། དཔེར་ན་བཅོ་ལྔའི་ཟླ་བ་ཡུལ་ལ་གཡོ་བ་ལྟ་བུ་ཡིན་ནོ། ༈ །གནས་པ་ངོ་བོའི་ཤན་འབྱེད་ནི། རིག་པའི་ངོ་བོ་ནི་ཕྱི་ནང་མཐའ་དབུས་དང་བྲལ་བ་ཟང་ཐལ་གཅེར་བུ་རྗེན་པ་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རང་བཞིན་ཡིན། སེམས་ཀྱི་ངོ་བོ་ནི་ཅང་མེད་ཧད་པོར་གནས་པའི་སྟོང་པ་མྱོང་བྱ་ཅན་ནོ། ༈ །འཕྲོ་བ་རྩལ་གྱི་ཤན་འབྱེད་ནི། རིག་སྟོང་ཡེ་ཤེས་ཀྱི་རྩལ་གདངས་འགགས་པ་མེད་པས་སོ་སོར་མ་འདྲེས་པར་ཁྱབ་བདལ་དུ་སྣང་ངོ་། །སེམས་ཀྱི་རྩལ་ནི། ཉམས་གསལ་བའི་ཆ་ཙམ་ཕྱོགས་གཅིག་ཏུ་གནས་པའི་སྣང་ཆ་རྟོག་མེད་ཀུན་གཞིའི་རྣམ་པ་ཙམ་མོ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། ༈ །རྩལ་ལས་ཤར་བའི་རོལ་བའི་ཤན་འབྱེད་ནི། ཐུགས་རྗེ་རིག་གདངས་ཀྱི་ཆ་ལས་ཇི་ལྟར་ཤར་ཡང་ཆགས་ཐོགས་མེད་པར་ཤར་བ་ཉིད་ནས་གྲོལ་བའི་རང་བཞིན་ཤར་ཆའི་མཚན་ཉིད་དེ་ལྟ་བུ་ཡིན་པས། དཔེར་ན་དངུལ་ཆུའི་ཐིག་པ་ས་དང་མི་འདྲེས་པ་ལྟ་བུ་ཡིན་ཏེ། ཡོན་ཏན་མཛོད་ལས། རིག་པ་ཡུལ་ལ་ཤར་ཀྱང་སྣང་བ་ཡིས། ཟིལ་གྱིས་མི་གནོན་དངུལ་ཆུ་སར་ལྷུང་འདྲ། །ཞེས་སོ། །རྫོགས་ཆེན་ལས། འཆར་ལུགས་སྔར་དང་འདྲ་བ་ལ། །གྲོལ་ལུགས་ཁྱད་པར་གནད་དུ་ཆེ། །ཞེས་སོ། །ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་ཏེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཤེས་རབ་རང་རྩལ་རྫོགས་པ་དང་། །སེམས་རྟོག་ཡུལ་ལ་ཤར་བ་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །ཞེས་གསུངས་སོ། །སེམས་ཀྱི་ཆ་ལས་ཤར་བ་རྣམས་གཟུང་བ་དང་འཛིན་པའི་རང་བཞིན་ཅན་ཡིན་པས། དཔེར་ན་ས་སྐམ་ལ་ཆར་ཐིག་ཕོག་པ་ལྟ་བུ་ཡུལ་དང་འདྲེས་པའོ། ༈ །རིག་སྟོང་ཀློང་ན་གྲོལ་འཁྲུལ་མེད་པར་ཤེས་དགོས། ཐུགས་རྗེ་རིག་གདངས་ཀྱི་ཆ་ལས་མཚང་རིག་མ་རིག་ཙམ་ལ་གྲོལ་བའི་ཐ་སྙད་བཏགས་པ་ཡིན་གསུངས་སོ། །

༈ མན་ངག་གནད་ཀྱི་ཤན་འབྱེད་ནི། སེམས་སྡེ་བས་ཤར་ཆ་རྣམས་གཙོ་བོར་བཞེད་པ་འཁོར་བའི་རྒྱུ་རྟོག་ཚོགས་ཉོན་མོངས་པ་ཡིན་དེ་ལ་བརྟགས་ཤིང་དཔྱད། ངོ་ལྟ་སོགས་བྱེད་ནས་འགྱུ་བ་གནས་དག་གི་དགོངས་པ་ཡིན་པས་དབྱིངས་གཙོ་བོར་མི་འདོད་གསུངས། ཀློང་སྡེ་བས་དབྱིངས་སྤྲོས་པ་དང་བྲལ་བའི་ཆ་དེ་གཙོ་བོར་བཞེད་པ་ཆོས་ཅན་རང་ངོ་ནས་སྟོང་པ། ཆོས་ཉིད་གཞན་ངོ་ནས་སྟོང་པ་ཡིན། རྟོག་ཚོགས་ཉོན་མོངས་པ་རྣམས་དཔེར་ན་ལྷ་མཛེས་པའི་རྒྱན་ལྟ་བུ་ཡིན་པས་སེམས་སྡེ་ལྟར་སྦྱོང་བར་མི་བྱེད་གསུངས། དེ་གཉིས་ཀྱི་དགོངས་པས་ནི། དབྱིངས་རིག་ཟུང་འཇུག་དང་རང་གྲོལ་གྱི་གནད་མ་རྟོགས་པ་ཡིན་གསུངས་སོ། །མན་ངག་སྡེ་བས་ངོ་བོ་ཀ་དག་ཡེ་སྟོང་སྤྲོས་པ་དང་བྲལ་བ་བརྗོད་དུ་མེད་པ། ཡེ་ཤེས་ཀྱི་གདངས་འགགས་པ་མེད་པ་ཟང་ཐལ་ཕྱི་ནང་མེད་པའི་རང་བཞིན་དེ་གཉིས་ཡེ་གདོད་མ་ནས་དབྱེར་མེད་ཟུང་འཇུག་ཆེན་པོར་བཞུགས་ཡོད་པའི་གནས་ལུགས་རྟོགས། ཐུགས་རྗེ་གདངས་ལས་ཇི་ལྟར་ཤར་ཡང་རང་གྲོལ་ཡིན་པའི་མཚང་རིགརིག་སྟོང་ཟུང་འཇུག་གི་ཀློང་ན་ལྟ་བ་དང་སྒོམ་པ་སྤྱོད་པ་གསུམ་པོ་ཡང་མདའ་དང་འབེན་ལྟ་བུ་མི་དགོས་པར་དེ་ཚེ་ལྟ་སྒོམ་སྤྱོད་གསུམ་གྱི་མཐའ་སྟོང་། སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་རྟོགས་པས་འབྲས་བུ་ལ་ཡིད་སྨོན་མི་འདུགརིག་སྟོང་ཀློང་ན་ངོ་ཚ་མེད་ཀྱང་གཞན་བསྲུང་བའི་ཕྱིར་ངོ་ཚ་དགོས། དེ་དུས་གྲུབ་མཐའི་ཞེ་འདོད་ཟད་ཀྱང་ཆོས་རང་རང་གི་གྲུབ་མཐའ་འཛིན་དགོས་སོ། །རིག་སྟོང་གི་ལྟ་བ་རྟོགས་རུང་གདུལ་བྱའི་ཁམས་དབང་དང་འཚམས་པར་ཆོས་སྟོན་ནུས་དགོས། ཐུགས་རྗེ་ཤར་ཆ་ནས་མ་རིག་པའི་དབང་དུ་འགྲོ་སྲིད་པས་དབེན་པའི་གནས་བསྟེན་དགོས་གསུངས་སོ། ༈ །ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་ནི། ཆོས་སྐུ་ནི་ཡེ་སྟོང་སྤྲོས་པ་དང་བྲལ་བ་རང་གདངས་འགགས་པ་མེད་པའི་ཡེ་ཤེས་དེ་ཉིད་གང་དུའང་གྲུབ་པ་མེད་པས་དཔེར་ན་རྒྱ་མཚོ་ལྟ་བུ་ཡིན་གསུངས་སོ། །གཞི་སྣང་ལྷུན་གྲུབ་ཀྱི་ཆ་ལས་སྒྲ་འོད་ཟེར་གསུམ་ཤར་བ་ལ། ཐུགས་རྗེ་རིག་གདངས་ལས་རྟོག་པ་སྔ་མ་འགགས་པའི་ངོ་མི་ཤེས་པའི་ཆ་རྟོག་མེད་དེ་ཀུན་གཞི་ལུང་མ་བསྟན་ཡིན། གཅིག་ནའང་སེམས་སེམས་བྱུང་ཕྲ་རག་ཐམས་ཅད་མཆེད་པའི་རྟེན་ཡིན། བར་དུ་འཛིན་པའི་ལམ་ཡིན། མཐར་སྨིན་པར་བྱེད་པའི་སྣོད་ཡིན་པས་དཔེར་ན་གྲུ་སྐོ་ལྟ་བུ་ཡིན། ཀུན་གཞི་ལ་དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི། བག་ཆགས་སྣ་ཚོགས་ཀྱི་ཀུན་གཞི། ཡེ་དོན་གྱི་ཀུན་གཞི་ནི་བག་ཆགས་ཀྱི་ཀུན་གཞི་དང་མི་འདྲ་སྟེ། ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། །རྣམ་པར་བྱང་བའི་གཞི་མའང་ཡིན། །ཞེས་གསུངས་སོ། ༈ །གཞི་དང་འབྲས་བུ་ཤན་འབྱེད་ནི། འཆི་བའི་ཚེ་ཐིམ་རིམ་རྣམས་རྫོགས་ནས་གཞི་ཡི་འོད་གསལ་ཤར། དེ་ནི་སངས་རྒྱས་ཡིན་པས་ཡེ་ཤེས་ཡོན་ཏན་གྱི་རྩལ་མ་རྫོགས། སེམས་ཅན་ཡིན་པས་འཁྲུལ་བ་མ་བྱུང་། འཁོར་འདས་གཉིས་ཀ་འཆར་རུང་གི་ནུས་པ་ཡོད་པས་ཐོག་མའི་སྤྱི་གཞི་ཡང་ཡིན་གཞིའི་སྦུབ་ཀྱང་ཟེར། དེ་ལས་ལྡང་ཚེ་གཞི་སྣང་ལྷུན་གྲུབ་ཀྱི་ཆ་ལས་སྒྲ་འོད་ཟེར་གསུམ་གྱི་རྣམ་པ་ཤར་བའི་ཚེ་ཐུགས་རྗེ་རིག་གདངས་ཀྱིས་རང་སྣང་ཡིན་པར་ཤེས་ནས་ཁྱད་ཆོས་དྲུག་གི་བྱེ་བྲག་ཕྱེད་ནས། ཕྱི་གསལ་ཀྱི་སྣང་ཆ་དང་ཕྱི་གསལ་དཔྱོད་བྱེད་ཀྱི་ཤེས་པ་གཉིས་ཤེལ་འོད་ནང་དུ་ལྡོག་པ་ལྟར་གཞི་ཀ་དག་གི་དབྱིངས་སུ་ནུབ་པའི་ཚེ། དེ་ཕན་ཆད་མ་དག་པའི་སྣང་བ་གང་ཡང་མི་འཆར། རྒྱུ་ས་བོན་དང་བཅས་པ་གཏན་ཟད་དུ་སོང་ནས་དཔེར་འབྲུམ་ནད་བྱང་བའི་སྐྱེས་བུ་ལྟ་བུ། འབྲས་བུ་དེ་ཉིད་སྟོན་གནམ་གཡའ་དང་བྲལ་བ་ལྟར་ཀ་དག་སྤྲོས་པ་དང་བྲལ་བའི་ཀློང་ན་ནང་གསལ་ཐིམ་ལ་མ་རྨུག་པའི་ཕྲ་བའི་ཡེ་ཤེས་མ་འགགས་པར་རྟོག་མེད་ཀྱི་ཚུལ་དུ་ནང་གསལ་དུ་གནས་པ་ལ་འབྲས་བུ་ཞེས་བུམ་སྐུ་ཡང་ཟེར། དེ་ལས་སྐུ་གསུམ་སྟོན་པའི་སྐུར་བཞེངས་པ་ཡིན་ནོ། །དེ་ཚེ་སྒོ་གཉིས་ཀྱང་ཐུགས་རྗེའི་མཁྱེན་ཆ་མི་འགགས་པས་སེམས་ཅན་གྱི་འཁྲུལ་སྣང་མཁྱེན་པ་དང་། ཡེ་ཤེས་ཀྱི་གདངས་ལས་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྐུར་བཞེངས་པ་ཡིན་གསུངས་སོ། ༈ །ལམ་དང་འབྲས་བུའི་ཤན་འབྱེད་ནི། ད་ལྟ་ལམ་དུས་སུ་ཤན་འབྱེད་ཀྱིས་ཤན་ཕྱེ་ལ། ལ་བཟླས་ལ་བཟླས་པས་གཞི་ཀ་དག་གི་རིག་པ་ངོ་སྤྲད། རིག་པ་མཚན་ཉིད་པ་ངོ་འཕྲོད་པས་མཉམ་བཞག་གི་སྐབས་རླུང་སེམས་དག་པའི་གཞི་ཀ་དག་གི་ཡེ་ཤེས་དེ་དང་འབྲས་བུའི་དུས་ནང་གསལ་ཕྲ་བའི་ཡེ་ཤེས་གཉིས་རྟོགས་བྱའི་ངོ་བོ་ལ་ཁྱད་པར་མེད་ཀྱང་། རྗེས་ཐོབ་ཀྱི་སྐབས། རླུང་སེམས་དང་འགྲོགས་པས་འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་སྣང་། དབྱིངས་ཀྱི་ཡོན་ཏན་མཐར་མ་ཕྱིན་པ་ཡིན། འབྲས་དུས་ཀྱི་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་འཆར་གཞིར་དབྱིངས་ཀྱི་ཡོན་ཏན་མཐར་ཕྱིན་ནས་དག་པ་ཁོ་ན་སྣང་། ༈ བར་དོ་ལྷ་ཡི་ཤན་འབྱེད་ནི། ཐོད་རྒལ་བས་ཆོས་ཉིད་བར་དོར་སྒྲ་འོད་ཟེར་གསུམ་ཤར་བའི་ཚེ་རང་སྣང་ཡིན་པར་ངོ་ཤེས། ཤེས་ཐོག་ཏུ་གནས། གནས་ཐོག་ཏུ་གྲོལ། ཀ་དག་གདོད་མའི་གཞི་རུ་བཙན་ས་ཟིན་ནས་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྐུར་བཞེངས་རང་སྣང་ལོངས་སྤྱོད་རྫོགས་སྐུ་རུ་སངས་རྒྱས་པའོ། །བསྐྱེད་རིམ་པས། བར་དོ་རུ་བག་ཆགས་བཟང་པོ་གོམ་པའི་སྟོབས་ཀྱིས་མོས་པ་རླུང་སེམས་དང་བཅས་པ་ལ་སྒྱུ་མའི་ལྷ་སྐུར་བཞེངས་ནས་གཞན་སྣང་ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་སོ། །ཞིང་དེ་ལ་ད་རུང་ལམ་ལ་ཞུགས་ནས་བག་ཆགས་ཀྱི་ལྷག་མ་དག་པར་བྱེད་དགོས་པ་ཡིན་གསུངས་སོ། ༈ །ལམ་དུས་སུ། ད་ལྟའི་མཉམ་བཞག་གི་སྐབས་སུ་རིག་སྟོང་གི་ངང་ན་རླུང་སེམས་ཀྱི་རྒྱུ་བ་ཆ་དང་བཅས་པ་གཞི་དབྱིངས་སུ་དེངས་པ་ནི་གཞིའི་རིག་པ་རུ་བཞག ། རྗེས་ཐོབ་ཀྱི་སྐབས་སུ་ུརླུང་དང་སེམས་ཀྱི་རྒྱུ་བ་ཡོད་པས་ན་ལམ་རིག་ཏུ་བཞག་པའོ། ༈ །རྫོགས་ཆེན་སྒོམ་པའི་རྣལ་འབྱོར་ནི། ཁྱུང་ཆེན་ལས། བབས་སམ་འཁྲུལ་བ་ཞིག་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །ཞེས་དང་། ཐལ་འགྱུར་ལས། ཡང་ན་ངང་རིང་ཤུགས་དལ་བ། ལྐུག་པ་གླེན་པས་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། ཞེས་སོ། ༈ །བཞི་ཆ་གསུམ་བྲལ་གྱི་རིག་པ་ནི། ཆ་དང་པོ་འདས་དུས་ཀྱི་རྗེས་གཅོད། ཆ་གཉིས་པ་ད་ལྟའི་མཚན་འཛིན་དང་། ཆ་གསུམ་པ་འབྱུང་འགྱུར་གྱི་སྔོན་བསུ་ཡིན། ཆ་དེ་གསུམ་དང་བྲལ་བའི་རིག་སྟོང་ལ། །ཆ་བཞི་པའི་ཐ་སྙད་མཛད་མོད་ཀྱང་། །ཆ་དེ་གསུམ་ཡང་གདོད་ནས་རང་གྲོལ་ཡིན། །དུས་གསུམ་གྱིས་བསྡུས་པའི་འཁྲུལ་རྟོག་ལ། །འཁོར་བ་ཞེས་སུ་གྲགས་པ་ཡིན། །ཞེས་གསུངས་སོ། ༈ །འཁོར་འདས་དག་མཉམ་ལ། མཉམ་རྒྱུ་འཁོར་འདས་གཉིས་ཡིན། མཉམ་རྐྱེན་ནི། སྣང་བ་དང་། སྟོང་པ། ཟུང་འཇུག་གསུམ་ཡིན། མཉམ་པའི་ཚད་ནི་ཆོས་ཉིད་ཟད་སར། མཉམ་པའི་དུས་མཐར་ཕྱིན་འབྲས་བུའི་དུས་སོ། ༈ །སྐྱེ་མེད་དུ་རྩད་བཅད་ནས་ངོ་རང་ཐོག་ཏུ་སྤྲད་པ་དང་། འགགས་མེད་དུ་གཏན་ལ་ཕབས་ནས་ཐག་གཅིག་ཐོག་ཏུ་བཅད་པ་དང་། གཉིས་མེད་དུ་ཐག་བཅད་ནས་རྩལ་གྲོལ་ཐོག་ཏུ་སྦྱང་བའོ། ༈ །གྲོལ་ས་གང་ཡིན་ན་རིག་སྟོང་འདུས་མ་བྱས་པའི་དབྱིངས་ཆེན་པོ། གྲོལ་རྒྱུ་གང་ཡིན་ན་རིག་སྟོང་ཟུང་འཇུག་གི་རྩལ་ལས་ཤར་བའི་བཟང་ངན་གྱི་རྟོག་ཚོགས་ཐམས་ཅད་ཡིན། གྲོལ་ཚུལ་ལ་ཐབས་དང་གཉེན་པོ་གང་ལའང་བརྟེན་མི་དགོས་པར་ཚུགས་མི་ཐུབ་པར་རང་གྲོལ་ལོ། །

སེམས་རིག་གི་ཁྱད་པར་གསུང་ལན་སོགས།

སེམས་རིག་གཉིས་ཀྱི་ཟླས་ཕྱེ་བའི་སེམས་ཞེས་བྱ་བ་ནི། ལས་རླུང་རྟ་རྒོད་ལོང་བ་ལྟ་བུ་དང་། རིག་གདངས་མི་འཕྱེ་བོ་ལྟ་བུ་དེ་གཉིས་ཕྲད་པར་གྱུར་པ་ལ་སེམས་ཞེས་བྱ་ཞིང་། སེམས་དེ་ལ་དབྱེ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡོད་ལ་དེའང་ད་ལྟ་ནས་ཚོགས་བརྒྱད་ཀྱ ི་ཡུལ་ཀུན་མ་འགག་བཞིན་དུ་གདོད་མའི་འོད་གསལ་གྱི་རིག་པ་ངོས་ཟིན་རྒྱུ་ཡོད་པ་འོད་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་ཡིན། ལམ་གཞན་བླ་མེད་ཡིན་ཡང་དེ་ཉིད་ངོས་ཟིན་ཕྱིར་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ཏེ། སྣང་གསུམ་མཐའི་འོད་གསལ་ངོས་ཟིན་དགོས་པ་དེ་ནི་རྩོལ་བའི་ལམ་ཡིན་གསུངས། དེ་ཕྱིར་སེམས་དང་རིག་པའི་ལ་ཤན་ལེགས་པར་ཕྱེས་ཏེ། རིག་པ་ཉིད་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བྲལ་ཏེ་རྗེན་པར་ཤར་བའི་ཚེ་དཔེ་ཡི་འོད་གསལ་ཤར་བ་ཡིན་ཏེ། སྣང་གསུམ་མཐའི་འོད་གསལ་ཉམས་སུ་མྱོང་བ་དང། རྫོགས་ཆེན་གྱི་རིག་ངོ་རྗེན་པར་རྟོགས་པ་གཉིས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོའམ་སོ་སོ་རང་རིག་པས་མངོན་སུམ་དུ་མཐོང་བ་ཡིན་གྱི་རྗེས་དཔག་ལ་ལྟོས་པ་མ་ཡིན་ནོ། འོ་ན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་འཕགས་ལམ་ས་དང་པོ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ད་ལྟ་སྔགས་མཚན་བཅས་ཀྱི་ལམ་གྱི་འོད་གསལ་ཤར་བ་དང་། མཚན་མེད་འོད་གསལ་རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་དེ་གཉིས་དཔེ་ཡི་འོད་གསལ་དངོས་ཤར་བ་ཆུ་ནང་གི་ཟླ་གཟུགས་ལྟ་བུ་ཡིན་ལ། དེ་ནི་ཟླ་བའི་གཟུགས་བརྙན་ཆུ་ལ་ཤར་བ་དང་ཟླ་བ་དངོས་ལ་ཡོད་པའི་རྣམ་པ་རྣམ་སྣང་བ་དང་འདྲ་བ་ཡིན་ནོ། །གཞན་སྐྱེས་བུ་དམ་པ་མང་པོས་འདི་ནི་རྗེས་དཔག་གིས་རྟོགས་པ་མ་ཡིན་ཏེ། རང་གིས་མངོན་སུམ་དུ་རྟོགས་པ་ཡིན་པས་སྔགས་ཀྱི་མཐོང་ལམ་ཡིན་ཞེས་གསུངས་ཏེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པ་ནི་ལུས་རྒྱས་བསྒྲིབ་པ་སོགས་སུ་འཆད་པ་དང་། རང་ལུགས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམ་གཉིས་ཀྱིས་སྔགས་ཀྱི་མཐོང་ལམ་དངོས་མིན་ཡང་ཆོས་ཉིད་དེ་བཞིན་ཉིད་དངོས་སུ་རྟོགས་པ་ཡིན། མཐོང་ལམ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་དགོས་པས་འདི་རང་རིག་མངོན་སུམ་ཡིན་ཡང་དཔེ་ཡི་ཡེ་ཤེས་སུ་བཞེད། དོན་གྱི་ཡེ་ཤེས་ཟླ་བ་དངོས་མཐོང་བ་ལྟ་བུ་མཐོང་ལམ་དུ་བཞེད་དོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། གང་དག་སེམས་ལས་འདས་པའི་རིག་པ་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་གསུངས་པ་འདི་གཉིས་དཔེ་ཡི་སྒོ་ནས་ཕྱེ་ན། སེམས་ནི། ཁ་ཕྱིར་བལྟས་སུ་ཡུལ་སྣ་ཚོགས་པའི་རྗེས་སུ་འབྲངས་ནས་དེ་དང་དེར་འཛིན་ཅིང་དཔྱོད་པས་ཚད་བཅོ་ལྔའི་ཟླ་བ་རང་འོད་ཕྱིར་འཕྲོས་ཏེ་ཡུལ་ཐམས་ཅད་དང་ཁྱབ་ཅིང་འདྲེན་པ་ལྟ་བུ་དང་། རིག་པ་ནི། གནམ་སྟོང་གི་ཟླ་བ་རང་འོད་ཕྱིར་མི་འཕྲོ་བར་གཏིང་ན་གསལ་བ་དང་འདྲ་བར་རང་གནས་ཀྱི་རིག་པ་དངས་གསལ་འགགས་པ་མེད་པ་མེ་ལོང་ལ་གཟུགས་བརྙན་ཚུར་ཤར་བ་ལྟར། སྣང་ཡུལ་ཐམས་ཅད་མ་འགགས་པར་བཀྲ་ལམ་མེ་གསལ་ཡང་ཕར་ཡུལ་ཐོག་ཏུ་མི་འཆོར་ཞིང་། རིག་པ་གསལ་ངར་དང་ལྡན་པའི་རང་ཚུགས་མ་ཤོར་བས་བྱིང་རྨུག་ཀྱང་མེད་ལ། རྩལ་ལས་ཤར་བའི་རོལ་བ་ཐམས་ཅད་བག་ཆགས་བསོག་ལོང་མེད་པར་རང་གྲོལ་དུ་སོང་ནས་རྒོད་པ་དང་བྲལ་བ་ཡིན་ནོ། །དེ་ལྟར་དཔེ་དོན་གྱི་སྒོ་ནས་ཤན་འབྱེད་ཚུལ་མང་ངོ་། །མདོར་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་ནི་ཡེ་ཤེས་ཡིན་ཏེ། ཚོགས་བརྒྱད་ནི་ཆོས་ཅན་དང་དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ནི། གཅིག་ཐ་དད་གང་དུའང་ཁས་བླངས་བར་མི་བྱ་སྟེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་པ་ལྟར། དེའི་ཕྱིར་དེ་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ཆོས་ཅན་ཆོས་ཉིད་ཡིན་པ་སོགས་ཀྱི་ཕྱིར་རོ། །དོན་དམ་པར་ཐ་དད་མིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་དང། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནས་འོད་གསལ་རིག་པའི་ཡེ་ཤེས་དེ་ཉིད་སད་པའི་ཚེ། སེམས་ཞེས་བྱ་བ་རྡུལ་ཕྲ་བ་ཙམ་ཡང་མེད་དོ། །གང་ཤར་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ཤར་ནས་རིན་ཆེན་གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་ལྟ་བུ་ཡིན་པས་འདི་ནི་ཤིན་ཏུ་གལ་ཆེ་བས་དགོངས་ཆུབ་ཞུ། ཐིག་ལེ་སྟོང་སྒྲོན་སྐབས། སྤྱིར་ཐིག་ལེ་ལའང་། གཞི་འཛིན་པའི་ཐིག་ལེ་དང་། སྣང་བ་ལམ་གྱི་ཐིག་ལེ་དང་། འབྲས་བུ་རང་སྨིན་པའི་ཐིག་ལེ་གསུམ་ཡོད། དང་པོ་ནི་དབྱིངས་ལ་རིག་པས་བརྒྱན་པ་ལ་ཟེར། རྫོགས་ཆེན་ནས་དེ་ལ་ཀུན་ཏུ་བཟང་པོའི་ཐིག་ལེ་དང། འོད་ལྔ་རང་ཆས་སུ་ཡོད་པས། ལྷུན་གྱིས་གྲུབ་པའི་ཐིག་ལེའང་ཟེར་རོ། །ཕ་རྒྱུད་གསང་བ་འདུས་པ་ནས། གཉུག་མ་མི་ཤིག་པའི་ཐིག་ལེ་ཡང་ཟེར། མ་རྒྱུད་བདེ་མཆོག་འཁོར་ལོ་སྡོམ་པ་ནས་མི་འགྱུར་བའི་ཐིག་ལེ་ཡང་ཟེར་རོ། །མདོར་ན་གཞི་འཛིན་པའི་ཐིག་ལེ་ཡིན་ནོ། །གཉིས་པ་ལའང་། ཀུན་རྫོབ་རྒྱུ་ཡི་ཐིག་ལེ་དང། གནས་པ་དོན་དམ་གྱི་ཐིག་ལེ་གཉིས་ལས། དང་པོ་ནི་ཕ་ལས་ཐོབ་པ་བྱང་སེམས་དཀར་པོ། དེ་ལ་བྱང་སེམས་ཀྱི་ཐིག་ལེ་ཟེར། གཉིས་པ་ལ་མ་ལས་ཐོན་པའི་རཀྟ་དམར་པོ་ཡིན། དེ་ལ་འབྱུང་བ་འདུས་པའི་ཐིག་ལེ་གཉིས་པ་ལ་གཉིས། རང་གནས་རྒྱུའི་ཐིག་ལེ་དང། སྐྱེས་བུ་གོམ་པའི་ཐིག་ལེ་གཉིས་ལས། དང་པོ་ནི་གཞི་འཛིན་པའི་ཐིག་ལེའམ། གནས་ལུགས་གཞིའི་སྒྲོན་མ་དེ་ཡིན་ནོ། །གཉིས་པ་ནི། འོད་ཀྱི་སྣམ་བུ་སོགས། དང་པོ་གཉིས་པ་ལ་འོད་ལྔ་ཚོན་སྣ་ལྔ་བསྒྱུར་སྦྲེལ་བ་ལྟ་བུའོ། །གསུམ་པ་ཐིག་ལེ་གསུམ། བྲམ་ཟེ་ལྔ་སྦྲེལ་དང་། ལྔ་ལྔ་ཉེར་ལྔ་ལ་སོགས་པའོ། །རོ་མཉམ་རྡོ་རྗེའི་ཕུང་ཁམས་ལྟར་རོ། །གསུམ་པ་འབྲས་སུ་རང་སྨིན་པའི་ཐིག་ལེ་ལ་ཐིག་ལེ་སྨིན་པ་དང་། ཐིག་ལེ་གྱེན་ཤར་རྩིབ་ཤར་སོགས་དང་། ཡེ་ཤེས་འབྲས་བུ་སྨིན་པ་ནི། ཡེ་ཤེས་དང་སྐུ་ལྔའི་གདངས་སྣང་ཚུལ་སོགས་སོ། རིག་པ་སྨིན་པའི་ཐིག་ལེ་ནི། རིག་གདངས་རྒྱ་རལ་ནས། དབུའི་གཙུག་ཏོར་ནས། ཕྱེད་སྐུ་དང། སྐུ་རྐྱང་དང། སྐུ་ཡབ་ཡུམ་ཟུང་འབྲེལ། རིགས་ལྔ་ཚོམ་བུ་ཡེ་ཤེས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བར་རོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ལའང་ལྔ་ལས། དང་པོ་གཞི་གནས་རང་བྱུང་གི་ཤེས་རབ་ནི་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་གནས་ལུགས་གཞིའི་སྒྲོན་མ་དང་གཅིགགཉིས་པ་སྣང་བ་ཅེར་འཛིན་གྱི་ཤེས་རབ་ནི་ཐོད་རྒལ་ཡིན་ཏེ། རིག་པའི་གདངས་དབྱིངས་ཐིག་རིག་གསུམ་ཤར་བ་ན། གང་དུ་ཤར་ན་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ངོར་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པའི་ཚུལ་དུ་ཤར་བའོ། །གསུམ་པ་དྲན་པ་འགགས་མེད་ཀྱི་ཤེས་རབ་ནི། གང་སྣང་གང་ཤར་ཐམས་ཅད་རིག་པའི་ཀློང་དུ་གྲོལ་བས། ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རིག་པའི་ཀློང་དུ་སྡུད་ཐུབ་པ་ལ་ཟེར་རོ། །བཞི་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཆོས་དང་ཆོས་ཅན་རང་དང་སྤྱིའི་མཚན་ནི་མ་འདྲེས་པ་དང་། རྗེས་ཐོབ་དུ་སྣང་བ་ཐམས་ཅད་བདེན་མེད་དུ་ཤར་བའོ། །ལྔ་པ་ནི། འཇུག་བྱེད་རྣམ་གསུམ་གྱི་ཤེས་རབ་ནི། རང་བཞིན་གྱི་བར་དོར་སྐྱེས་ནས་འཆི་ནད་ཀྱིས་མ་ཐེབས་བར་དུ་ཐོས་པས་གཏན་ལ་དབབ། བསམ་པས་སྒྲོ་འདོགས་བཅད། བསྒོམ་པས་རོ་མྱང་བར་བྱེད་པ། སྙིང་ཐིག་གི་གདམས་ངག་འདི་ལྟ་བུ་ལ་བྱེད་དགོས་གསུངས། ༈ སེམས་རིག་ལ་ཤན། གནམ་སྟོང་ཟླ་བ་ནང་གསལ་གྱི་ཆ་ཡིན། ཡུལ་ལྔ་འགག་མེད་དུ་ཤར་ཡར་རང་གྲོལ་དུ་འགྲོ། བཅོ་ལྔའི་ཟླ་བ་རིག་པ་མ་མཐོང་བའི་ཆ་ཡིན། ཡུལ་གྱི་རྗེས་སུ་འབྲང་ནས། འཁྲུལ་བས་རྒྱུན་མི་ཆོད་པའི་མ་རིག་པའོ། །ད་ལྟའི་རིག་པ་འདི་མཐོང་ན་ཡོན་ཏན་མ་རྫོགས་པའི་ཆ་ནས་དཔེ་ཡི་འོད་གསལ་ཡིན། རྟོགས་བྱ་གཅིག་ཡིན་ཤེས་པ་ཐད་ཀར་རྟེན་མེད་དུ་བཞག་པའི་སྣང་ཤེས་ཀྱི་འབྲེལ་ཐག་ཆད་པའི་རིག་པ་སྟོང་གསལ་ཆེན་པོ་ཡིན་ལ། ༈ གཞི་ཡིན་ལ་དངོས་མ་ཡིན་པ་དཔེར་ན་ལྷ་ཁང་མཐོང་ཡང་རྟེན་གསུམ་མ་མཐོང་བ་ལྟ་བུ་ནི། འོད་གསལ་རིག་པ་དོན་སྤྱི་ཙམ་ངོ་འཕྲོད་ཀྱང་། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་ཐོད་རྒལ་གྱི་སྣང་ཆ་ལམ་བྱེད་མེད་པ་ནི། གཞི་ཡིན་ལ་དངོས་མིན་པའོ། །རྟེན་གསུམ་མཐོང་ཡང་མཚན་ཉིད་གཏན་ལ་མ་ཕེབ་པ་ལྟ་བུ་ནི། རིག་ངོ་མ་འཕྲོད་ཀྱང་བཞུགས་སྟངས་སོགས་ཀྱིས་ཐོད་རྒལ་གྱི་སྣང་ཆ་ཤར་སྲིད་ཀྱང་དེ་ནི་དངོས་ཡིན་ལ། གཞི་མ་ཡིན་པའོ། །དངོས་དང་གཞི་གཉིས་ཀ་མ་ཡིན་པ་ནི་ཁྲེགས་ཆོད་ཀྱི་རིག་ངོ་ཡང་མ་འཕྲོད། ཐོད་རྒལ་གྱི་སྣང་ཆ་ཡང་མེད་པའོ། །དངོས་དང་གཞི་གཉིས་ཀ་ཡིན་ནི། ཁྲིད་ཡིག་ཡེ་ཤེས་བླ་མ་ལྟར་ཁྲེགས་ཆོད་སྔོན་དུ་སོང་ནས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཞིང་སྐུ་ཕོ་བྲང་སྐུ་གསུམ་མངོན་དུ་གཟིགས་པའོ། །འདི་ལྟ་བུ་ནི་གཞི་ཁྲེགས་ཆོད་དང་། དངོས་ཐོད་རྒལ་ལ་བཞག་ནི་རེད་གསུངས། བླ་མ་བྱ་བྲལ་བས་གསུངས་ཚུལ་ལོ། ༈ །གཞིའི་དབྱིངས་རིག་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ། གདངས་འཆར་རུང་འགགས་མེད་ཤེལ་སྒོང་གཡའ་དག་པ་ལྟ་བུ། ལམ་གྱི་འོད་གསལ་གྱི་གདངས་དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་གི་རྣམ་པ་ཤར་ཏེ། དང་པོ་ཕྱི་དབྱིངས་སྔོ་རི་བ་མི་གསལ་བ་གསལ་བར་གོ་འཕོས་པ་ཟ་འོག་ཁ་ཕྱེ་བ་གུར་ཁྱིམ་ལྟ་བུ་སྟེ། ཡི་གེ་ན་རོ་བཞིན་དུ་མཚན་ཉིད་ཚང་བར་ཤར། དེའི་ཀློང་དུ་སྟོང་པའི་སྒྲོན་མ། དེའི་ཀློང་དུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དེ་བདག་པོ་རང་ཁྱིམ་དུ་ཕྱིན་པའམ་ཕ་ཁྱིམ་དུ་བུ་ཕྱིན་པ་ལྟར་འགུལ་འཕྲིག་ཅུང་ཟད་ཡོད་ཀྱང་ལམ་གྱི་དབྱིངས་རིག་འདྲེས་པ་ཡིན། འབྲས་བུའི་དབྱིངས་རིག་ནི། གནས་སྐབས་ལམ་འབྲས་ཐམས་ཅད་རང་སྣང་དུ་ཤེས་ཤིང་ཤེས་མཁན་དབྱིངས་སུ་དེངས་བ་ཁྲེགས་ཆོད་ཀྱི་ཤེས་རབ་ཉིད་ཆོས་ཀྱི་སྐུར་སྨིན་པའོ། །ཐིག་ལེ་ནི་དབུའི་གཙུག་ཏོར་ནས་དཀྱིལ་འཁོར་ཡོངས་རྫོགས་བར་སྣང་བ་ནི་ཐོད་རྒལ་གྱི་རིག་པ་སྐུར་སྨིན་པའོ། །མཐར་ཐུག་གི་འབྲས་བུ་ནི་སྐད་ཅིག་དང་པོ་ལ་རང་སྣང་དུ་ངོ་ཤེས། གཉིས་པ་ལ། རང་སྣང་རང་བཞིན་མེད་པར་རྟོགས། གསུམ་པ་ལ་རང་སྣང་འགྲོ་དྲུག་གི་གནས་སྟོང་ཏེ་ནང་དབྱིངས་གདོད་མའི་དབྱིངས་སུ་བཙན་ས་ཟིན་པའོ། །རིག་སྟོང་ཟུང་འཇུག་གི་ཡེ་ཤེས་གདོད་མ་གཞིའི་སངས་རྒྱས། ས་དང་པོ་ཐོབ་པ་ནས་བརྗོད་མེད་བརྗོད་བྲལ་སྔགས་ཀྱི་རྒྱལ་པོ། དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པ་སྙིང་པོའི་དགེ་འདུན་ནོ། །

༈ མདོ་ཕར་ཕྱིན་ཐོག་པ་ལྟར་ན་གང་ཟག་རབ་བསྐལ་པ་གྲངས་མེད་གསུམ་ན་ཚོགས་བསགས། སྒྲིབ་པ་སྦྱང་ནས་སངས་རྒྱས་སོ། །སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལྟར་ན་གང་ཟག་དབང་རབ་ཚེ་འདིར་གྲོལ། འབྲིང་བར་དོ། ཐ་མ་དམ་ཚིག་མ་ཉམས་པ་སྲིད་པ་བར་དོ་སོགས་སུ་གྲོལ། སྔགས་རྡོ་རྗེ་ཐེག་པས་འབྲས་བུ་ལམ་དུ་བྱེད་པ་ཡིན་ལ། དང་པོ་བླ་མ་མཚན་ལྡན་མདུན་ནས་གཞི་དབང་བླངས། གྲོལ་བྱེད་གདམས་པ་བསྒོམ་པའི་སྣོད་དུ་བྱེད། གྲོལ་བྱེད་གདམས་པ་ནི་གཞི་ཁྲེགས་ཆོད་དང་ལམ་ཐོད་རྒལ་གྱི་དངོས་གཞི་ཡིན་པས། དེ་ལ་གཞི་ཡིན་ལ་དངོས་མ་ཡིན་པ་ནི་གཞི་བདེ་གཤེགས་སྙིང་པོ་འགྲོ་བ་ཡོངས་ཀྱི་རྒྱུད་ལ་ཡོད་པ་དེ་བླ་མས་བརྡ་ཐབས་ཀྱི་སྒོ་ནས་ངོ་སྤྲད་པ་གཞི་ལམ་འབྲས་གསུམ་གྱི་གཞི་འདི་མདོ་སྔགས་གཉིས་ཀྱི་གཞིར་འདོད་དགོས། དངོས་ནི་སྤྲོས་པའི་མཐའ་བརྒྱད་བྲལ་བ་དེ་ཡིན་ཀྱང་ཚོགས་ལམ་སྐབས་ན་རིག་ཆ་ཙམ་བསྒོམ་ནས་རེ་འགའ་ཉམས་ཞེན། རེ་འགའ་བྱིང་རྨུགརེ་འགའ་འཛིན་ཞེན། རེ་འགའ་འཁྲུལ་འབྱམས། རེ་འགའ་བ་ཡེང་བ། རེ་འགའ་མཚན་འཛིན་རྟོག་དཔྱོད་བྱེད་ནས་གཞི་ཡག་པ་མི་མཐོང་། དེ་ལ་གཞི་མ་ཡིན་པ། ཟབ་གསལ་སྣང་སྟོང་། ཟབ་པ་སྟོང་ཉིད། གསལ་བ་བསྐྱེད་རིམ། ཟབ་པ་དབྱིངས། གསལ་བ་ཡེ་ཤེས་ལ་སོགས་སྤྲོས་མཐའ་བྲལ་བ་སོགས་གོ་ཡུལ་ཙམ་པ་དེ། དངོས་ཡིན་པ་ཙམ་བྱེད་ཀྱང་གཞི་གོ་ཡུལ་མྱོང་ཐོག་ཏུ་མ་ངེས་པས་གཞི་མིན། གཞི་དངོས་གཉིས་ཀ་མིན་པ་དེ་སྟོང་ལྟ་ཧད་པོ་བ་བསྐྱེད་རིམ་བསྒོམ་བློས་དཔྱད། ལྟ་བས་རྒྱས་འདེབས་སོགས་ཡིན། གཞི་དངོས་གཉིས་ཀ་ཡིན་པ་མཐོང་ལམ་སྐབས་དེ་ཡིན། སྐྱོན་མེད་རང་གཞུང་གི་གཞི་ཤན་འབྱེད་གྱི་འཕྱིངས་ཐམས་ཅད་དང་བྲལ་བ་དེ་ཡིན། ཚོགས་ལམ་སྐབས་ན་དོན་རང་མཚན་པ་དཔེར་ན་ཟླ་གཟུགས། གྱང་ལ་རི་མོ་ལྟ་བུ་དེའི་སྐབས་སུ་གཞི་རྐྱང་པ་བསྒོམ་ནི་རེད། ཚོགས་ལམ་ཆེན་པོ་རྫོགས། སྦྱོར་ལམ་ཆུང་ངུ་སླེབས་མཚམས་སུ་དངོས་གཞི་གཉིས་ཀ་བཞག་ཆོགསྦྱོར་ལམ་སྐབས་སུ་དོན་སྤྱི་རིག་པ་ཆུ་ནང་ཟླ་གཟུགས་ལྟ་བུ་དེ་གཉིས་ལ་དཔེའི་འོད་གསལ་ཟེར། མཐོང་ལམ་དོན་གྱི་འོད་གསལ་དངོས་མཐོང་བ་ནི་དཔེར་ན་གནམ་ནང་ཚེས་ཟླ་དངོས་མཐོང་བ་ལྟ་བུ་ཡིན། འཕགས་ལམ་ས་དང་པོ་ཡིན། ཆོས་ཉིད་ཀྱི་བདེན་པ་མཐོང་བས་འཕགས་པའི་མཉམ་གཞག་ལས་ལྡང་དུས་སྐད་ཅིག་ཡུན་ལ་ཏིང་ངེ་འཛིན་ལ་འཇུག་ལྡང་བརྒྱ་ནུས་པ། །སངས་རྒྱས་ཞིང་བརྒྱ་མཇལ། བསྐལ་པ་སྐད་ཅིག་བརྒྱ་བསྒྱུར་ནུས་སེམས་ཅན་དོན་དེ་ལྟར་མཛད་ནུས། ས་གཉིས་པ་ཐོབ་དུས་ཡོན་ཏན་དེ་དག་སྟོང་ཕྲག་རེ་མཛད། ནུས་པ་ཇེརྫོགས་ནས་ཡོན་ཏན་ཆེས་ཆེར་རྒྱས་པ་ཡིན་ནོ། ས་བཅུའི་རྒྱུན་མཐའ་ན་བཅོ་ལྔའི་ཟླ་བ་ལྟ་བུ་ཡོན་ཏན་ཉི་མའི་དཀྱིལ་འཁོར་ལྟ་བུ་ཡིན་ནོ། །ཚོགས་ལམ་སྣེ་ཙམ་ཟིན་ཡོད་དུས་ད་མི་བསྒོམ་ན་ནམ་བསྒོམ། སྙིང་རུས་བསྐྱེད་དགོས། ཁྱེད་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་། དཀོར་ཁ་གྲོང་ཆོག་གི་ཞོར་ལ་གོ་བ་ཁབ་མིག་ཙམ་པོ་དེ་ཡལ་འགྲོ། འདི་དཀོར་ཁ་གྲོང་ཆོག་རྣམས་ལ་བརྗེ་ཨི་ཐུབ་ལྟོས། ད་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པའི་དགོངས་པ་རེད། རྗེ་མི་ལས་སྐུ་ཚེ་དེ་ཉིད་ལ་ཇི་ལྟར་བསྒོམ། ཟ་གསོལ་ནས་ལོ་དགུ་ལ་བསྒོམ་གཟོད་རྟོགས་ནི་རེད། ཁྱེད་རྣམས་ཀྱིས་ཚེ་གཅིག་བསྒོམ་པ་དེས་མི་ལའི་ཉིན་ཞག་གཅིག་གི་འོད་གསལ་ལ་མི་ཐུབ། འདི་ལྟ་བུའི་འགྲོ་ཞོར་འདུག་ཞོར་ཞིག་གིས་རྟོགས་པ་འདྲ་ཨེ་ཡོད་གི། ཚེ་གཅིག་ཏུ་བསྒོམ་ན་ཅིག་གོ་རྒྱུ་བོ་རེད། ལམ་བསྒོམ་དུས་ཚོགས་ལམ་ཆེན་པོར་སླེབས་དུས་ཤི་ན་གཞིའི་འོད་གསལ་འཆར་དུས་སྦྱོར་ལམ་ཐོབ། ཡོན་ཏན་དེ་ལྟར་ཡོད། ཁྲེགས་ཆོད་པའི་ལམ་ཤར་གྲོལ་ཡིན། ཐོད་རྒལ་བའི་ལམ་འོད་སྣང་ཡིན། ཁྲེགས་ཆོད་པས་འཁྲུལ་པ་རང་སར་བཞགཐོད་རྒལ་བས་འཁྲུལ་སྣང་ལམ་དུ་བྱེད། ཁྲེགས་ཆོད་ལས་ཐོད་རྒལ་ཁྱད་དུ་འཕགས་ཚུལ་བདུན་སོགས་ཡོད། མདོའི་ཚོགས་ལམ་ཆུང་ངུ་ནས་རྫོགས་ཆེན་ཆོས་ཉིད་མངོན་སུམ་མཐོང་ནས་ཐོད་རྒལ་ནས་འབྲས་བུ་ལམ་དུ་བྱེད་པ་ཡིན། སྦྱོར་ལམ་དང་ཉམས་གོང་འཕེལ། མཐོང་ལམ་དང་རིག་པ་ཚད་ཕེབས་ལྟོ་སྦྱར་ནི་རེད། ༈ དངོས་གཞི་སྐུ་གསུམ་གྱི་ལུས་གནད་འདི་ཤིན་ཏུ་ཐོན་པ་གལ་ཆེ། དཔེར་ན་མདའ་མཁན་གྱིས་འབེན་ལ་གཏད་དུས་བསམ་གཏན་ཤུགས་ལ་ཤར་ཡོད་པ་དེ་ལྟ་བུ་ལུས་གནད་འདི་ལེགས་པར་ཐོན་ན་འོད་གསལ་ཡང་ཤུགས་ལ་ཤར་ཡོང་། བཞུགས་སྟངས་སྐབས་སུ་རང་གི་ཉམས་ལེན་དང་ཐུགས་ཡིད་དབྱེར་མེད་འབྲལ་མེད་དགོས། ཉམས་ལེན་དང་མི་ལྡན་ན་མིག་གིས་ཁྲ་ཁྲ་ལ་ལ་བལྟས་ནས་འདུག་རུང་གོལ་ས་ཤིན་ཏུ་ཆེ། ལུས་གནད་རླུང་སེམས་མིག་རྣམས་ལྷོད་དེ་ཤིག་སེ་བཞག་ན་སྙིང་དབུས་ན་ཡེ་ཤེས་ཀྱི་རྩ་ཁྲག་ཆུ་སེར་གང་གིས་མ་གོས་པའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དེ་མིག་ལ་ཟུག་ཡོད་པས་ཐིག་ལེ་རང་ཤུགས་ལ་ཤར་ཡོང་། དབྱིངས་སྤུ་ཉག་ཙམ། ཐིག་ལེ་ཡུང་འབྲུ་ཙམ་ཤར་ན་དེ་ལ་གཏད་ནས་འདུག་དགོས། ལུས་གནད་འདི་མ་ཐོན་ན་ཉམས་སྣང་བ་གོང་དུ་འཕེལ་རྒྱུ་མེད་གསུངས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི་ཙོག་པུའམ་རྐང་མཐིལ་གཉིས་མདུན་དུ་སྤྲད། ལུས་སྒལ་ཚིག་བསྲིངས་མིག་བཙུམ་ནས་ནམ་མཁར་གྱེན་དུ་བལྟ། ལག་སོར་མཐེ་བོང་གིས་སྲིན་མཛུབ་རྩ་མནན་ནས་རྡོ་རྗེ་ཁུ་ཚུར་ལྟ་བུར་བྱས་ནས་རྒྱ་ཚིགས་གཡས་གཡོན་ནང་དུ་བཙུག་གོ །ལོངས་སྐུ་གླང་ཆེན་འདུག་སྟངས་ནི་མིག་གཡས་གཡོན་མདུན་རྣམས་ཡུལ་མཐོང་མི་མཐོང་ཙམ་བལྟ་དེ་མིན་བཞུགས་སྟངས་སོགས་རང་གཞུང་ཡེ་ཤེས་བླ་མ་ལྟར་རོ། །སྤྲུལ་སྐུ་དྲང་སྲོང་བཞུགས་སྟངས་ནི་ལུས་ཙོག་པུར་སྒལ་ཚིགས་དྲང་པོར་རྐང་པ་གཤིབ་ནས་རྐང་མཐིལ་མཉམ་དུ་སར་ཕབ། པུས་བྲང་སྦྱར། རྒྱུ་ཞབས་འཐེན་མིག་གིས་མར་ས་ལ་རིག་མི་རིག་ཙམ་བལྟ། ལག་པས་ལྐོག་མ་བཏེགས། གྲུ་མོ་གཉིས་པུས་སྟེང་བཞག་གོ །ཡང་ལག་པ་གཡས་སྟེང་གཡོན་ཞབས་བསྣོལ་ནས་མཆན་ཁུང་དུ་རེགཡང་ལག་པ་གཡས་སྟེང་གཡོན་ཞབས་བསྣོལ་ནས་རེ་མིག་ལྟར་པུས་མོ་ལག་མཐིལ་གྱིས་བཀབ་ནས་བཞགཡང་པུས་མོའི་ཕྱིར་སོར་མོ་བསྣོལ་ནས་འཁྱུད་ནས་བཞུགས། ཡང་ལག་པ་གཡས་ཞབས་གཡོན་སྟེང་བཞག་ནས་བཞུགས་དེ་རྣམས་བླ་མ་རིན་པོ་ཆེ་ཆོས་དབྱིངས་རང་གྲོལ་ཞལ་རྒྱུན་ཡིན། །དེ་རྣམས་ལ་རླུང་ཁ་ནས་དལ་བར་འབུད་ནས་ཉམས་སུ་ལེན་པར་བྱའོ། །འཆི་བའི་དུས་སུ་གཞི་འོད་གསལ་འཆར་དུས་གྲོལ་མ་ཐུབ་ཚེ་སྒྲ་འོད་ཟེར་གསུམ་ཤར་ནས་འཁྲུལ་རན་ནི་རེད། ཐོད་རྒལ་བའི་བར་དོ་ཁུག་ལེན་ད་ལྟ་ནས་རྣ་ལམ་དུ་སྒྲ་གྲགས་ཚད་རང་སྒྲ། མིག་ལམ་དུ་དབྱིངས་ཐིག་ལེ་འོད་ཟེར་ཤར་ཚད་རང་སྣང་། གཞི་ལས་གཞི་སྣང་ཤར་བ་ཡིན་པར་ཤེས་དགོས་ཤེས་བྱའི་ཆོས་ཐམས་ཅད་སེམས་ཀྱི་སྣང་ཆ་མ་འགག་བཞིན་སྣང་ཡོད་པ་མ་གཏོགས་དོན་ལ་རང་སྣང་བ་ལས་སྤུ་ཙམ་མེད་པར་ཐག་ཆོད་དགོས། བར་དོ་བཞི་སྦྱོང་ལུགས་ནི། སྐྱེ་ནས་འཆི་ནད་ཀྱི་མ་ཐེབ་བར་དེ་རང་བཞིན་བར་དོ་ཡིན། དེ་ནས་ནང་དབུགས་མ་ཆད་བར་དེ་འཆི་ཁ་བར་དོ་ཡིན། སྣང་མཆེད་ཐོབ་གསུམ་ཤར་ནས་བརྒྱལ་དེངས་དུས་འགྲོ་བ་སྲོག་གིས་བསྡུས་ཚད་ལ་གཞི་དང་། སྣང་ཆ་ཐིག་ལེ་གློག་འགྱུ་བཞིན་ཤར་ཡང་ངོ་མི་ཟིན། ཁྲེགས་ཆོད་པ་དེ་དུས་མ་གྲོལ་ཚེ་རྐྱེན་སྒྲ་འོད་ཟེར་གསུམ་ཤར་ནས་འཁྲུལ་རན་ནི་རེད། དེ་དུས་ཐོད་རྒལ་བ་ཡིན་ནས་བཟུང་སྟེ་བརྒྱ་ངན་རུང་སྒྲ་འོད་ཟེར་གསུམ་རང་སྣང་ཡིན་པར་ངོ་ཤེས་ཡོང་། ཐོད་རྒལ་བ་རབ་འབྲིང་སོགས་གྲོལ་ཚུལ་བཞི་སོགས་ཡོད། དེ་དུས་མ་གྲོལ་ཚེ་སྲིད་པ་བར་དོ་ལས་གྲོལ་བའི་གནད་ཤེས་དགོས། སྲིད་པ་བར་དོ་གྲོལ་ཚུལ་ད་ལྟ་ནས་སྦྱང་ལུགས་གྲོང་འཕོ་གྲོང་འཇུག་གི་མན་ངག་ཤེས་དགོས། དེ་ལ་དང་པོ་སྐྱབས་སེམས་བྱས་ནས་རང་འཆི་རན་པས་རང་གི་རྒྱུ་རྫས་ལོངས་སྤྱོད་གནས་མལ་ལུས་ངག་ཡིད་གསུམ་སྣང་སྲིད་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་བླ་མ་དཀོན་མཆོག་གསུམ་ལ་ཆགས་ཞེན་མེད་པར་འབུལ། ད་རང་འཆི་བའི་མོས་པ་བྱེད་ནས་སྲིད་པ་བར་དོ་དངོས་ཤར་ཡོད་བསམ་ནས་རྗེས་དྲན་རྣམས་ཆོས་སྐུ་རྡོ་རྗེ་འཆང་ནས་ད་ལྟའི་རྩ་བའི་བླ་མའི་བར་བརྒྱུད་པ་རྣམས་དྲན། བླ་མ་རིན་པོ་ཆེ་དྲན། གདམས་ངག་དྲན། རྒྱུད་སྡེ་ཡི་དམ་གང་ཡིན་གྱི་ལྷ་དྲན། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་དྲན། དེ་རྣམས་ལ་གསོལ་བ་ཡང་འདེབས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟར་བྱེད། མིག་ནམ་མཁར་དབྱིངས་སྤུ་ཉག་ཐིག་ལེ་ཡུང་འབྲུ་ཙམ་དེ་ལ་རིག་པ་གཏད། དབྱིངས་ཐིག་དེ་དབུགས་ཆེན་འབྱིན་པའི་ཞིང་དངོས་ཡིན་པར་ཤེས། རིག་པ་ཐིག་ལེར་བསྟིམ། དེ་ཡེ་ཤེས་སྦུབས་འཇུག་གི་གདམས་པ་ཡིན། ཡང་རང་གི་རྣམ་ཤེས་རྡོར་སེམས་ཚོན་གང་གསལ། སྤྱི་བོར་དམིགས་པས་སྤར། ཡང་ན་ཧིཀ་སྒྲ་ཅི་བདེར་བྱེད། སྐད་ཅིག་མ་གཅིག་གིས་དབུགས་འབྱིན་ཞིང་རྡོར་སེམས་མདུན་པདྨོར་བརྫུས་ཏེ་སྐྱེས། ཞལ་མཇལ་ཕྱག་མཆོད་ཆོས་ཉན་ནས་རིམ་བཞིན་བྱོན་ནས། དབུས་དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ཁང་གཞོན་ནུ་སྟོབས་ལྡན་ཐུགས་ཀར་སངས་རྒྱས་སོ། །ཡང་རང་རྣལ་འབྱོར་མར་གསལ་ནས་སྤྱི་བོར་བླ་མ་དང་དབྱེར་མེད་གུ་རུ་རིན་པོ་ཆེའི་ཐུགས་ཀར་རང་འོད་ཀྱི་གོང་བུར་གྱུར་ནས་སྤྱི་བོར་གུ་རུ་རིན་པོ་ཆེའི་ཐུགས་ཀར་བསྟིམ་པ་སྙིང་ཐིག་བླ་རྣམ་ལྟར་བྱེད། ཉམས་ལེན་ངང་ལ་བཞག་གོ །དེ་ལྟར་སྦྱང་ལུགས་གནད་དང་ལྡན་པའི་རང་དོན་ཅན་རེ་ཡོད་ན་ད་ལྟ་ལམ་ནས་བར་དོ་ཁུག་ལེན་བྱེད་ནས་ད་ལྟ་རང་བཞིན་བར་དོ་ནས་བར་དོ་གསུམ་ཡར་བླང་ནས་ཁྲེགས་ཆོད་བསྒོམ་འཆི་སྲིད་སྦྱང་། ཐོད་རྒལ་བསྒོམ་ཆོས་ཉིད་བར་དོ་སྦྱང་། གྲོང་འཇུག་གི་ཞིང་སྦྱོང་ལ་སོགས་བསྒོམ་སྲིད་པ་བར་དོ་སྦྱང་། དེ་ལྟར་བྱེད་ན་བར་དོ་དངོས་ད་ལྟ་ནས་ཤར་ཡོད་ནི་རེད། དེ་ལྟ་བུའི་མན་ངག་ཟབ་མོ་སྟོན་པའི་བླ་མ་དང་གདམས་ངག་ལ་ཡིད་ཆེས་དད་པ་ཡང་ཡང་བྱེད་ནས་ཚེ་ལུས་གཅིག་གིས་སངས་རྒྱས་པའི་གདམས་ངག་འདི་ལྟ་བུའི་ཉེ་ལམ་ཟབ་མོ་བསྒོམ་པའི་སྣོད་དུ་གྱུར་པས་འཆི་བ་སྲོག་ལ་མ་ཐུག་བར་དུ། བླ་མ་ཉག་བླས། སྤྲང་ཁུག་གཡས། སྤྲང་གཡུག་གཡོན། རྫ་ལུ་མདུན། བློ་ཡར་གཏད་བླ་མ་དཀོན་མཆོག་གསུམ་ལ་གཏད། མར་གཏད་རིག་སྟོང་ཟུངའཇུག་ལ་གཏད་ནས་བསྒོམ་དགོས་ཚུལ་གསུངས་སོ། ༈ །གདུལ་བྱ་འདུལ་བྱེད་ཐབས་ཀྱི་ཁྱད་པར་ཡང་། སྐུ་བསོད་ནམས་ཆེན་པོས་འདུལ་བ། ཐུགས་མངོན་སུམ་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ། གསུང་རིག་པས་འདུལ་བ་སྟེ་འདུལ་བ་རྣམ་པ་བཞིའི་ཚུལ་ཁྲིམས་ཆེན་པོ་མཆོག་གི་སྤྲུལ་པའི་སྐུ་རྣམས་ཀྱིས་སྟོན་པའོ།

༈ བླ་མ་དམ་པའི་གདམས་ངག་ནི་ཐར་བའི་ཁང་བཟང་དུ་འཛེགས་པའི་ལམ་སྟེ་ཐེམ་སྐས་བཟང་པོ་ལྟ་བུའོ། །དེ་ལྟ་བུའི་གོ་འཕང་སྒྲུབ་པའི་ཐབས་ནི་མཚན་ཉིད་དང་ལྡན་པའི་བླ་མ་དམ་པའི་གདམས་ངག་ཟབ་མོ་ཁོ་ན་ལ་ལྟོས་ཏེ། ཕྱིན་ཅི་མ་ལོག་པའི་གདམས་ངག་ནི་ཐར་བའི་ཁང་བཟང་དུ་བགྲོད་པ་ལ་འཇུག་པ་བདེ་ཞིང་ནོར་འཁྲུལ་མེད་པའི་ལམ་བཟང་པོཡིན་ཏེ། དཔེར་ན་ཐེམ་སྐས་བཟང་པོ་ལ་བརྟེན་ནས་ཕྱིན་ན་ཇི་ལྟར་མཐོ་བའི་ཁང་བཟང་སུམ་རྩེགས་ལ་སོགས་པར་བདེ་བླག་ཏུ་བགྲོད་ནུས་པ་བཞིན་ནོ། །དེའི་ཕྱིར་ཐོག་མར་ཅལ་འགྲོག་གི་རྗེས་སུ་མི་རྒྱུག་པར་ཡིད་ཆེས་ཁུངས་བཙུན་སེལ་མེད་ཀྱི་བརྒྱུད་པ་ལས་འོངས་ཤིང་ཆོས་བརྒྱད་དང་རྟོག་གེ་ལ་འཐས་པ་མིན་པའི་ཉམས་མྱོང་དང་རྟོགས་པ་ལྡན་ངེས་པའི་བླ་མ་མཚན་ལྡན་བཙལ། བར་དུ་མཉེས་པ་གསུམ་གྱིས་དཀའ་བ་སྤྱད་ལ་གདམས་ངག་ཕུ་ཐག་ཆོད་པར་ཞུ། ཐ་མར་བློ་སྣ་མང་པོས་དོན་གཅིག་ཀྱང་མི་འགྲུབ་པས་བླ་མ་ལས་ཐོབ་པའི་གདམས་ངག་དེ་ནད་པས་སྨན་དང་། སྲོག་འཚོ་བའི་བདུད་རྩི། དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལྟ་བུར་ངེས་པར་བྱས་ནས་རྐྱེན་ཅིས་ཀྱང་མི་འཕྲོག་པར་རྩེ་གཅིག་ཏུ་ཉམས་སུ་བླང་ནུས་ན། ནད་པས་ལྷ་རྗེ་མཁས་པའི་སྨན་ཡུན་དུ་བརྟེན་ནས་ནད་ཆེན་པོའང་གཞི་མེད་དུ་དྭངས་པ་བཞིན་མྱུར་དུ་སྒྲིབ་པ་ལས་གྲོལ་ནས་སངས་རྒྱས་ཀྱི་འབྲས་བུ་འཐོབ་པར་འགྱུར་བའི་ཚུལ་ལེགས་པར་བསམ་ལ། བླ་མའི་གདམས་ངག་ཡོད་ལ་ཆེད་དུ་གོ་དོན་ལ་ཡིད་ཆེས་ཏེ་ཉམས་ལེན་ལ་འཇུག་སྤྲོ་ཞིང་བསྟན་ཚུགས་པར་འགྱུར་རོ། །

༈ རྒྱུད་མ་ཧཱ་ཡོ་གས་གནས་སྣང་ཕྱེ་ནས་གནས་ཚུལ་དག་མཉམ་བདེན་པ་དབྱེར་མེད་དུ་བསྒྲུབ། ཨ་ནུས་སྣང་གནས་མི་ཕྱེ། སྣང་ཆ་ཡབ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། སྟོང་ཆ་ཡུམ་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། ཟུང་འཇུག་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་བསྒྲུབ། མན་ངག་ཨ་ཏི་ཡོ་གས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་བསྒྲུབ་པ་ཡིན་གསུངས། རྒྱུད་མ་ཧཱས་སྒྱུ་དང་འཕྲུལ་གྱི་ཚུལ་དུ་འདོད། ཨ་ནུས་རྩལ། ཨ་ཏིས་རིག་པ་ཉིད་རང་སྣང་བར་འདོད་པ་ཡིན་ནོ། །དང་པོ་འཆར་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དང་སེམས་རིག་གི་ལ་ཤན་ལེགས་པར་ཕྱེ་ནས། དེའི་ངང་དུ་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱས་པས་སྙིང་དབུས་སུ་འོད་གསལ་གྱི་རིག་པ་སད་པའི་སྟོབས་ཀྱིས། རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་འོད་གསལ་ཉག་གཅིག་གི་རྣམ་ལྡན་དུ་འཆར་བ་ནི། དཔེར་ན། ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ་ཟེར་ཐམས་ཅད་དྲོད་ཀྱིས་ཁྱབ་པ་ལྟར་རོ། །དྲོད་དང་ཟེར་རྣམས་ཉི་མའི་སྙིང་པོ་འོད་གསལ་ལ་ལྟོས་ཀྱང་། ཉི་མའི་སྙིང་པོ་འོད་གསལ་བ་ནི་དྲོད་དང་ཟེར་ལ་ལྟོས་མི་དགོས་པ་ལྟར། འཆར་ཆོས་ཐམས་ཅད་འཆར་གཞི་དབྱིངས་རིག་ལ་ལྟོས་ཀྱང་འཆར་གཞིའི་དབྱིངས་རིག་དེ་ཉིད་འཆར་ཆོས་རྣམས་ལ་ལྟོས་མི་དགོས་པར་གནས་སྐབས་མཐར་ཐུག་ཀུན་ཏུ་འཕོ་འགྱུར་མེད་ཚུལ་ཤེས་དགོས། སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་ངོ་བོ་སྟོང་པའི་སྟེང་ནས་ཆོས་སྐུ་ལམ་བྱེད། རང་བཞིན་གསལ་བའི་སྟེང་ནས་ལོངས་སྐུ་ལམ་བྱེད། རང་གདངས་འོད་གསལ་ཉིད། དུས་འཁོར་གྱི་ལུགས་ལ་སྟོང་གཟུགས་དང་ཐོད་རྒལ་གྱིས་ལྷུན་གྲུབ་ཀྱི་ཉམས་སྣང་རྣམས་གང་ལས་འཆར་ན་འོད་ཀྱི་སྙིང་པོ་ཅན་དེ་ལས་འཆར་བ་མ་གཏོགས་ཤ་ཁྲག་རུས་པ་སོགས་ལས་ནི་འཆར་བ་མིན། འོད་གསལ་གྱི་རིག་པ་སད་པའི་ཚེ་ན། མ་དག་པའི་ཆོས་ཞིག་གཏན་ནས་ཕྱེ་རྒྱུ་མེད་ངེས་ཡིན་ཏེ། དེ་དོན་ལ་དེ་ལྟར་ཡེ་ནས་དག་པ་ཡིན་པ་དང་ད་ལྟ་སྒོམ་སྟོབས་ཀྱིས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉག་གཅིག་ཏུ་སད་པས་ན། སེམས་རྟོག་སྐྱོན་གྱི་ཆ་རྣམས་བསལ་རྒྱུ་དང་། རིག་པ་ཡེ་ཤེས་ཀྱི་ཆ་ཡོན་ཏན་གྱི་ཕྱོགས་བཞག་རྒྱུ་མེད་པར་རྟོགས་པ་ནི་གནད་དམ་པ་ཡིན་ནོ། །དེ་ཡང་རིག་པ་ཚད་ཕེབས་ཀྱི་སྐབས་སུ་ཕྱི་ནང་ཐམས་ཅད་འོད་གསལ་འབའ་ཞིག་ཏུ་རྟོགས་པ་ཡིན་ཏེ། ཤ་ཁམས་དང་ས་ཁམས་འོད་སེར་པོའི་རྣམ་པར་སྣང་ནས་དེ་ལས་རིན་ཆེན་འབྱུང་ལྡན་སྟོན་འཁོར་དང་བཅས་པ་བཞེངས་པ་ཡིན། དེ་བཞིན་དུ་འབྱུང་ཆེན་ལྔ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འོད་གསལ་ཉག་གཅིག་གི་རང་བཞིན་དུ་ཤར་ནས་མཐར་རྒྱལ་བ་རིགས་ལྔ་ཞིང་སྐུ་ཕོ་བྲང་གི་རྣམ་པར་ཤར་བ་ཡིན་ནོ། །

༈ ཆོས་སྐུའི་ཡེ་ཤེས་གསུམ། ལོངས་སྐུའི་ཡེ་ཤེས་ལྔ། སྤྲུལ་སྐུའི་ཡེ་ཤེས་གཉིས། དེ་ལས་ལྡོག་ཆས་དབྱེ་ན་ཡེ་ཤེས་ཉི་ཤུ་རྩ་ལྔ་དང་དྲུག་ཅུ་རེ་ལྔ་རེ་དབྱེར་ཡོད་དོ། །སྐུ་གསུམ་དབྱེར་མེད་ལ་ལྡོག་ཆས་དབྱེ་བ་ནི། དཔེ་རལ་གྲིའི་རྣོ་ངར་མཉེན་གསུམ་ལྟར་རོ། །སྒོམ་བྱེད་ཡུལ་ཅན་ཡིད་ཀྱིས་ཤེས་པ་ཡིན་ཀྱང་། སྡུག་མི་དགོས་ཏེ་ཡུལ་ཡུལ་ཅན་གཉིས་ཀྱི་རྣམ་པ་མེད། དཔེར་མདོ་ཡིས་ཆོས་ཐམས་ཅད་སྟོང་ཉིད་གཅིག་གི་རང་བཞིན་དུ་གཏན་ལ་ཕབས་ནས་ཡུལ་ཅན་ཡིད་ཀྱི་ཤེས་པས་ཡུལ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་མཉམ་པར་བཞག་པའི་ཚེ། ཡིད་ཤེས་དེ་སྟོང་ཉིད་གཅིག་གི་རྣམ་ལྡན་དུ་འཆར་བ་ལྟར། ཡུལ་ཡུལ་ཅན་ཐ་དད་པའི་ཚུལ་ཡོད་པ་མ་ཡིན་པའི་ཚུལ་ཤེས་དགོས། ཡུལ་ཅན་ཡིད་ཀྱི་ཤེས་པའི་ཡུལ་འོད་གསལ་གྱི་རིག་པ་ལ་མཉམ་པར་བཞག་པའི་ཚེ་འོད་གསལ་གྱི་རིག་པ་ཤར་བའི་སྟོབས་ཤུགས་ཀྱིས་ཡུལ་ཅན་ཡིད་ཀྱི་ཤེས་པའང་འོད་གསལ་གྱི་རྣམ་ལྡན་དུ་འཆར་བ་ཡིན་ནོ། །དེ་ལྟར་ཡང་ནས་ཡང་དུ་གོམས་ཤིང་འདྲིས་པར་བྱས་ནས་བརྟན་པ་ཐོབ་རིམ་གྱིས་འཁྲུལ་བའི་སྣང་བ་ཇེ་དག་དང་། དག་པའི་སྣང་བ་ཇེ་ཆེར་འགྲོ་བ་ནི་ལམ་ཡང་དག་པའི་རྟགས་ཡིན་པར་ཤེས་དགོས་ཚུལ་སོགས་གསུངས་སོ། ༈ །གདོད་མའི་སྟོང་ཆེན་གྱི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དག་པ་གཉིས་ལྡན་གྱི་ངོ་བོ་ཉིད་སྐུ་དེའི་མཁྱེན་ཆ་འགགས་མེད་ཡེ་ཤེས་ཆོས་སྐུ་ཡིན། དེ་ལྟར་རྟོགས་པ་ལས་སྤྲོས་མེད་ཀྱི་དབྱིངས་དང་གཉིས་སུ་མེད་བཞིན་ཆོས་ཅན་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཆོས་སྐུ་འགྲུབ་པ་དང་། གསལ་བ་དེ་ཆོས་སྐུའི་གཞི་ཕྲ་བ་མཐར་ཐུག་ཡིན་ཏེ། འོད་ལྔའི་གདངས་ཀྱི་འཆར་གཞི་ཡིན་པས་ལོངས་སྐུ་འཆར་བ་དང་། ཐུགས་རྗེ་ཀུན་ཁྱབ་རིས་མེད་པ་ནི་སྤྲུལ་སྐུའི་འཆར་གཞི་མཐར་ཐུག་ཡིན་པས། གཞི་དུས་ཀྱི་སྐུ་གསུམ་དབྱེར་མེད་པའི་རིག་པ་ཉིད་ངོ་བོ་ཉིད་སྐུའི་ངོ་བོར་ཡེ་ནས་བྱང་ཆུབ་པ་སྟེ། རང་གི་ངོ་བོ་དེ་ལྟ་བུ་ལས་མི་གཡོ་ལ་དྲི་མ་གློ་བུར་བས་ཡེ་ནས་མ་གོས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་སྐུ་ནི་གདོད་མའི་འོད་གསལ་གྱི་རང་མདངས་ལྷུན་གྲུབ་ཀྱིས་སྣང་བའི་ཆ་ལས་འཆར་བ་ཡིན་ནོ། །

གདམས་ངག་གི་གནད་བསྡུས་ནི། བསྒྲུབ་བརྒྱུད་དམ་ཞེས། ཆོས་སྐུ་རྡོ་རྗེ་འཆང་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་བརྒྱུད་པའི་བླ་མ་རྣམས་ཀྱིས་ཕྱག་བཞེས་ནི། སེམས་ཀྱི་ཡལ་ས་ངོ་སྤྲོད་དོ། །དེ་ཡང་འདས་པའི་རྟོག་ཚོགས་ལ་རྗེས་གཅོད་དང་། མ་འོངས་པ་ལ་མདུན་བསུ། ད་ལྟ་བ་ལ་མཚན་འཛིན་ཡིད་ཀྱི་རྟོག་དཔྱོད་མ་ཞུགས་པའི་རྣམ་རྟོག་རགས་པའི་ཆ་རྣམས་ཡལ་བའི་ཤུལ་དེ་ངོ་སྤྲད་དོ། །དེ་ཡང་རིག་པ་མིན་ཏེ་ཉམས་བདེ་གསལ་མི་རྟོག་གསུམ་ཡིན། གནས་ཆ་དེ་རེས་འགའ་བདེ་ལྷང་ངེ་བ་འདོད་ཁམས་ཀྱི་རྒྱུ། རེས་གསལ་སེང་ངེ་བ་གཟུགས་ཁམས་ཀྱི་རྒྱུ། རེས་སྟོང་སེང་ངེ་བའི་རྣམ་པ་གཟུགས་མེད་དུ་སྐྱེ་བའི་རྒྱུ། རེས་འགའ་མི་རྟོག་པའི་ཆ་བྱིང་རྨུགས་ཤས་ཆེ་བ་དུད་འགྲོའི་རྒྱུ་ལས་མི་འདའ་བས་དེ་རྣམས་གཏོར་དགོས་ཏེ། ཉམས་ཞེན་དེ་བཤིགས་ཚུལ་སྣ་ཚོགས་ཡོད་ཀྱང་། འཇིགས་མེད་ཆོས་ཀྱི་དབང་པོས། དྲག་པོ་སྔགས་ཀྱི་མཚོན་ཆ་ཕཊ་སྒྲ་དྲག་པོས་བཙན་ཐབས་སུ་གཏོར་བར་བྱེད་དོ། །དེའི་ཚེ་ན་སྐྱེ་མེད་ཆོས་ཀྱི་དབྱིངས་ན་འགག་མེད་ཟང་ཐལ་རྗེན་པའི་རིག་ཆ་སེམས་རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་ཡེ་ཤེས་ཡིན། སེམས་མིན། དེ་ངོ་འཕྲོད་པ་ལ་ངོ་རང་ཐོག་ཏུ་སྤྲད་པ་ཟེར་རོ། །དེ་ལྟ་བུའི་རིག་སྟོང་ཟུང་འཇུག་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་དེ་ལ་གོམས་པའམ་བསྒོམ་པར་བྱས་ནས་མི་འདས་པ་ལ་གནས་པ་ཟེར། རིག་པ་གསལ་ངར་དང་ལྡན་པའི་ཚེ་རྩལ་ལས་རོལ་བ་གང་ཤར་བ་ཐམས་ཅད་ཡེ་ཤེས་ཀྱི་རྣམ་ལྡན་དུ་འཆར་བ་ལ་འཕྲོ་བ་ཟེར། དེ་ལྟ་བུ་ནི་གནས་ན་ཆོས་སྐུའི་རང་ངོ། འཕྲོ་ན་ཡེ་ཤེས་རང་རྩལ་ཟེར་རོ། །གོལ་ས་ནི། ལྟ་བ་གནས་ལུགས་དེ་ཉིད་ཀྱི་སྟེང་ནས་ས་མ་ཟིན་པས་ཁམས་གསུམ་དུ་སྐྱེ་བྱེད་ཀྱི་རྒྱུ་བདེ་གསལ་མི་རྟོག་གསུམ་གང་རུང་གི་ངང་དུ་ལྷན་ནེར་གནས་པ་ནི་གནས་པའི་གོལ་ས་ཡིན། ཡང་རིག་ཆ་བོར་ནས་རྣམ་རྟོག་ཡུལ་གྱི་རྗེས་སུ་འབྲངས་ནས་འཁྲུལ་བ་རྒྱ་འབྱམས་དུ་འགྲོ་བ་འཕྲོ་བའི་གོལ་ས་ཡིན། དེ་ལྟར་གོང་དུ་ཇི་སྐད་བཤད་པའི་ལྟ་བ་རིག་སྟོང་ཟུང་འཇུག་ཇི་བཞིན་ཉམས་སུ་ལེན་པ་ནི་ཐག་གཅིག་ཐོག་ཏུ་བཅད་པའོ། །དེ་ལྟར་གསལ་ངར་དང་ལྡན་ཚེ་དུས་གསུམ་གྱི་འཁྲུལ་རྟོག་ཐམས་ཅད་རྡོ་ཚན་ལ་ཁ་བ་བབས་པ་ལྟར་བག་ཆགས་བསོགས་ལོང་མེད་པར་གྲོལ་ནས་འཁྲུལ་བ་རྒྱ་གྲོལ། ཤེས་རྒྱུད་གཏན་གྲོལ་དུ་འགྲོ་བ་ནི་གདེངས་གྲོལ་ཐོག་ཏུ་བཅའ་བའོ། །

༈ རྩལ་སྦྱང་བ་ནི། ད་ལྟའི་ཤེས་པ་གང་ཤར་རང་བབས་སུ་སྦྱངས་པ་དངོས་གཞི་མཉམ་པར་བཞག་པའི་ངང་ལས་རྗེས་ཐོབ་དུ་་ཕྱི་སྣང་བ་ནང་རིག་པ། གོམས་པ་ཉམས་མྱོང་དང་བཅས་པ་ཐམས་ཅད་རྨི་ལམ་དང་སྒྱུ་མ་དང་སྨིག་རྒྱུ་ུདང་ཆུ་ཟླ་དང་སྤྲུལ་པ་ལྟ་བུ། སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པའི་དོན་ལ་ཝལ་ཝལ་རྩལ་སྦྱངས། དེས་ནི་ཆོས་ཐམས་ཅད་ལ་བདེན་ཞེན་གྲོལ་ནས་རྨི་ལམ་ནའང་འཛིན་མེད་ཆོས་སྐུའི་ངང་ལ་གནས་པ་འབྱུང་ངོ་། །ནད་དང་གདོན་ལེགས་པའི་གེགས་བསལ་བ་ནི། ནད་གདོན་རྟོག་པའི་ཆོ་འཕྲུལ་ནི་བརྟག་ན་ཕྱི་ནང་བར་གསུམ་ན་མེད་པར་ངེས་པས། སྐྱེ་བ་མེད་པའི་ལམ་ཁྱེར་དུ་བྱུང་བ་དེ་དགའ་སྙམ་དུ་བསམ་ནས། ན་སར་བུ་ག་གཟེར་འབྱིན་བསྒོམ་ཞིང་གདོན་ལ་བྱང་ཆུབ་ཀྱི་སེམས་དང་། རང་བཞིན་མེད་པའི་རྩལ་སྦྱངས་བྱའོ། །དེས་ནི་ཞི་བར་ངེས་སོ། །དགེ་སྦྱོར་ལྷོངས་ཏེ་བོགས་མེད་ན། བླ་མ་ལ་གསོལ་བ་དྲག་ཏུ་གདབ། ངེས་འབྱུང་སྐྱོ་ཤས་དྲག་པོ་རྒྱུད་ལ་སྐྱེད། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསགས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ། དུར་ཁྲོད་ལུང་སྟོང་དང་རི་རྩེ་ལ་སོགས་པ་རབ་ཏུ་དབེན་པའི་སར་སོང་སྟ ེ། བླ་མ་སྤྱི་བོར་བསྒོམ་ལ། ལུས་མཆོང་རྒྱུགངག་སྨྲ་བརྗོད། སེམས་དགག་སྒྲུབ་བདེ་སྡུག་གི་རྣམ་པ་སྣ་ཚོགས་སུ་སྤྲོས་ལ། སྐད་ཅིག་རང་གྲོལ་ངང་བསྲེ་སྟེ་ཉིན་ཞག་དུ་མར་ཉམས་སུ་བླངས་པས་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན་ནོ། །ཞེས་སེམས་ཉིད་ཉིད་རང་གྲོལ་དོན་ཁྲིད་ལས་སོ། །

༈ ལྷོངས་པ། གོལ་བ། འབྱམས་པ་གསུམ་ལས། ཇི་ཙམ་བསྒོམ་ཀྱང་སྐྱེད་མེད་ན་ལྷོངས་པ་སྟེ། ཤར་གྲོལ་ལྷོངས་ནས་ལྷག་མཐོང་གི་རྩལ་ཆུང་ན། སྐད་ཅིག་ཀྱང་གནས་སུ་མི་གཞུག་པར། ཤོག་ལྕེ་རླུང་གིས་བསྐྱོད་པ་ལྟར་འཕྲོར་བཅུག་ལ་རང་གྲོལ་དུ་སྦྱངས་པས་ལྷག་མཐོང་གི་ཡེ་ཤེས་རྒྱུད་ལ་གློ་བུར་དུ་འཆར་རོ། །ངང་དངས་རྣམ་པར་མི་རྟོག་པའི་ཞི་ལྷག་ལྷོངས་ནས་སྐྱེད་ཆུང་ན། ནམ་མཁའ་སྤྲིན་མེད་པའི་ཚེ་ཉི་མ་ལ་རྒྱབ་བསྟན་ཏེ་ནམ་མཁའི་ངང་དུ་མིག་ཧད་པོར་གཏད་ལ། སེམས་མི་འཕྲོ་བར་བཞག་པས་སྟོང་གསལ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁོང་ནས་འཆར་རོ། །གོལ་བ་ནི། དང་པོར་བསྒོམ་པས་ཡོན་ཏན་ཅུང་ཟད་སྐྱེས་ཀྱང་རློམ་སེམས་དང་ང་རྒྱལ་ལ་སོགས་པས་ཁེངས་ན་གོང་མའི་ཡོན་ཏན་ལ་བསམ། ཚེ་འདི་ལ་ཆགས་ན་མི་རྟག་པ་བཙན་ཐབས་སུ་བསྒོམ། ཉམས་མཐོ་དམན་ལ་ཆགས་ན་གང་ཆགས་བཤིག་ལ་བསྒོམ། བྱམས་སྙིང་རྗེ་མེད་ན་འགྲོ་དྲུག་ཕ་མར་བསྒོམ། རིག་པས་རྐྱེན་མ་ཐུབ་ན་རྐྱེན་སྣང་བསྲེ་ལ་བསྒོམ་ཞེས་པ་འདི་ཡང་ཆོས་ཉིད་རང་གྲོལ་ལས་སོ། །

༈ ཁ་སྦྱོར་ཡན་ལག་བདུན་ནི། ངག་གི་དབང་ཕྱུག་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། སྙིང་རྗེ་ཡོངས་གང་རྒྱུན་མི་ཆད་དང་འགོག་པ་མེད། ཅེས་པ་ལྟར། འོག་མིན་གྱི་གནས་སུ་སེམས་དཔའ་ཆེན་པོ་རྣམས་ལ་ཟབ་རྒྱས་གསང་སྔགས་ཀྱི་ཆོས་ལ་རྟག་པར་རྒྱུན་དུ་ལོངས་སྤྱོད་མཛད་པའི་ཕྱིར་ལོངས་སྤྱོད་ཀྱི་ཡན་ལགམཚན་དཔེ་རྫོགས་པའི་ཡེ་ཤེས་ཀྱི་སྐུ་ཉིད་རང་འོད་ཀྱི་ཡུམ་དང་སྦྱོར་བས་ཁ་སྦྱོར་གྱི་ཡན་ལགཟག་མེད་བདེ་བ་ཆེན་པོ་རྒྱུན་ཆད་མེད་པ་ནི་བདེ་བ་ཆེན་པོའི་ཡན་ལག་དང་གསུམ་ནི་ལོངས་སྐུའི་ཁྱད་ཆོས་ཡིན། དམིགས་མེད་ཀྱི་ཐུགས་རྗེས་མཁའ་ལྟར་ཁྱབ་པ་ནི་སྙིང་རྗེའི་ཡོངས་སུ་གང་བའི་ཡན་ལགཕྲིན་ལས་རྒྱ་ཆེན་པོ་འཁོར་བའི་མཐའ་མཉམ་ལྷུན་གྲུབ་ཏུ་འབྱུང་བ་ནི་རྒྱུན་མི་ཆད་པའི་ཡན་ལགམྱང་འདས་ཞི་བའི་མཐའ་ལ་མི་གནས་པ་ནི་འགོགས་པ་མེད་པའི་ཡན་ལག་སྟེ་གསུམ་ནི་སྤྲུལ་པ་སྐུའི་ཁྱད་ཆོས། སྟོང་ཉིད་སྙིང་རྗེ་ཟུང་འཇུགསྤྲོས་པ་ཐམས་ཅད་དང་བྲལ་བས་རང་བཞིན་མེད་པའི་ཡན་ལག་སྟེ་ཆོས་སྐུའི་ཁྱད་ཆོས་སོ། །དེ་ལྟར་སྐུ་གསུམ་ཡན་ལག་བདུན་དང་ལྡན་པའོ། །

༈ གཉུག་སེམས་ཟུར་དཔྱད་ལས། སེམས་ཀྱི་ཆོས་ཉིད་ནི་སེམས་སྟོང་པའི་ཆ་རྐྱང་པ་མིན་ཏེ། མཁྱེན་ཆ་དང་ལྡན་པའི་ཆ་ནས་རང་བྱུང་ཡེ་ཤེས་ཞེས་བྱ་སྟེ། དེའི་རིག་པའམ་འོད་གསལ་བའི་ཆ་དེ་སྟོང་པ་ལས་ཐ་དད་དུ་ཅུང་ཟད་མེད་པས་མཚན་མ་དམིགས་པ་མཐའ་དག་གིས་དབེན་པའི་ཕྱིར་འདི་ལ་རྒྱུ་མེད་དོ། །ནམ་མཁའ་དངས་པ་ལྟ་བུར་བབ་ཀྱིས་གནས་པ་འདི་གཞིའི་འོད་གསལ་ཞེས་བྱ། འདི་ལ་སྟོང་རྐྱང་མིན་པར་རིག་པའམ་གསལ་བའི་བདག་ཉིད་ཡིན་པས་ཆོས་ཀུན་གྱི་གཞི་ཞེས་བྱའོ། །དེ་ཆོས་ཀུན་གྱི་ཆོས་ཉིད་རྣལ་མ་ཡིན་པས། སྐྱེ་ཡང་དེ་ལས་སྐྱེས། འགག་ཀྱང་དེ་ལ་ཐིམ་པ་ལས། དེ་ལས་ལྷག་པར་འགག་རྒྱུ་མེད་དེ། དེ་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་གཞི་དེས་འཁོར་འདས་ཀུན་ལ་ཆོས་ཉིད་ཀྱི་ངོ་བོས་ཁྱབ་ཀྱང་། ཡེ་ཐོག་གཞིའི་སྐབས་སུ། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ལས། རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལས་མ་གཡོས་ཏེ། གཞི་སྣང་མ་ཤར་བའི་དུས་ན་རྟོགས་ཏེ་སངས་རྒྱས་མ་བྱུང་མ་རྟོགས་ཏེ་སེམས་ཅན་མ་བྱུང་བས་གཞི་རང་གི་ངོ་བོའི་ཆ་ནས་གྲོལ་ཟིན་འཁྲུལ་ཟིན་གང་ཡང་མིན་པས། གཞི་ཆོས་ཉིད་གྲོལ་འཁྲུལ་ལས་འདས་པ་ཞེས་བྱ་སྟེ། འདི་གདོད་མ་ཁུངས་ཐུབ་གཉུག་མའི་ཆོས་ཉིད་ཡིན་པའི་ཕྱིར་རོ། །ཀློང་དྲུག་པ་ལས། ངོ་བོ་ཉིད་ནི་ཀ་དག་ལ། །རང་བཞིན་དུ་ནི་ལྷུན་གྲུབ་བོ། །ཞེས་སོ། །ངོ་བོའི་ལྡོག་པ་ན་ཡོད་མེད་ཀྱི་མཐའ་ལས་འདས་པ། རང་བཞིན་གྱི་ལྡོག་པ་ན་འཆར་གཞིའི་ཆ་ཙམ་དུ་གནས་ཏེ། དེ་གཉིས་རང་ངོ་དབྱེར་མེད་མཐའ་གྲོལ་རྫོགས་པ་ཆེན་པོར་བཞུགས་པ་ནི་རིག་པ་རང་གྲོལ་ལས། མཐའ་བཞིའི་དྲི་མ་རང་སངས་ཉིད། །ཅེས་སོ། །རིག་པ་གཞི་ལས་འཕགས་ཏེ་གཞི་སྣང་དུ་ཤར་བའི་དུས་དང་། ད་ལྟ་ལུས་ལ་གནས་དུས་དང་། ཆོས་ཉིད་བར་དོའི་དུས་ན་འོད་ཀྱི་ཁང་པ་ན་གནས་ཏེ། རང་རིག་གཞི་ནས་ནི་འཕགས། མཐར་ཐུག་གི་ས་ནི་མ་ཟིན་པའི་བར་དེར་གཞི་སྣང་ལས་མ་འདས་པ། མར་མེ་རང་འོད་ཀྱི་དབུས་ན་འདུག་པའམ་ཤེལ་ཉི་ཟེར་དང་འཕྲད་པའི་སྣང་བ་བཞིན་ནོ། །མདོར་ན་རིག་པ་གཞི་གནས་ནང་དབྱིངས་སུ་ཡོད་དུས་ཐོག་མཐའ་གཉིས་ཀྱི་ཚེ་གཏིང་གསལ་ལས་སྐུ་འོད་དངོས་སུ་མེད་ལ། དེ་ནས་འཕགས་དུས་རང་འོད་ཀྱི་མདངས་དང་བཅས་པའོ། །སྙིང་ནང་དུ་གནས་དུས་གནས་སྐབས་ཀྱི་གཞི་གནས་སུ་བརྗོད་ཀྱང་སོགས། གཞི་དེ་ལྟ་བུ་ལས་འཆར་རུང་གི་ཆོས་རྣམས་མངོན་དུ་ཕྱུངས་ནས་སྣང་བའི་གཞི་སྣང་བཀོད་པ་ན། གཞི་དེ་ལ་རྟོགས་པ་པོ་ཡི་ཐ་སྙད་ཀྱང་འབྱུང་བས། གཞི་དེ་ཡི་རང་བཞིན་རྟོགས་ན་གྲོལ། མ་རྟོགས་ན་འཁྲུལ་བའི་ཕྱིར་སངས་རྒྱས་དང་། སེམས་ཅན་གཉིས་སུ་འབྱུང་སྟེ་གཞི་གཅིག་ལམ་གཉིས་ཞེས་བྱའོ། །

༈ ཚིག་དོན༴ ངོ་བོ་ཀ་དག་རང་བཞིན་རྣམ་དག་གཉིས་མེད་བསམ་བརྗོད་ལས་འདས་པས་ཡེ་ནས་སྐྱོན་ལས་འདས་པའི་བདག་ཉིད་དུ་བཞུགས་པ་དེ་ལ་ལྷུན་གྲུབ་འཆར་གཞི་མཚོན་པ་ཙམ་དང་། རང་མཚན་དུ་མ་ཡིན་ཏེ་ཞེས་དང་། ངོ་བོ་གང་དུའང་མ་གྲུབ་པས་མཚན་གཞི་དང་བྲལ། རང་བཞིན་སྣང་ཐོག་ནས་གྲོལ་བས་མཚོན་བྱ་དང་བྲལ། གནས་ལུགས་སྤྲོས་པ་ལས་གྲོལ་བས་མཚན་ཉིད་དང་བྲལ་ཏེ། མཚན་མཚོན་གཞི་གསུམ་གདགས་སུ་མི་རྙེད་པས་ཞེས་དང་། ངོ་བོ་འདུག་ཚུལ་ངོས་བཟུང་སྐབས། ངོ་བོ་རིག་པ་རང་བྱུང་གི་ཡེ་ཤེས། ཡེ་སྟོང་ཐོག་མའི་ཆོས་སྐུ། དབྱིངས་མངོན་སུམ་པའི་བདེན་པ། ཆོས་ཉིད་འོད་གསལ་བའི་གནས་ལུགས་ཏེ་འཁོར་འདས་བདེ་སྡུག་ཡོད་མེད་ཡིན་མིན་གྲོལ་འཁྲུལ་རིག་མ་རིག་ལ་སོགས་པ་གང་དུའང་མ་གྲུབ་སྟེ། མུ་ཏིག་ཕྲེང་བ་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །དེ་ཕྱིར་འཁྲུལ་བ་གདོད་ནས་མེད། །ཅེས་པ་དང་། གསང་བ་ཡི་གེ་མེད་པའི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ལ་སྤྱད་པའི་ཡུལ་མེད་དོ། །སྔར་འདས་པ་མེད་དོ། །ཕྱིས་འབྱུང་བ་མེད་དོ། །ད་ལྟར་སྣང་བ་གང་ཡང་མེད་དོ། །ལས་མེད་དོ། །བག་ཆགས་མེད་དོ། །མ་རིག་པ་མེད་དོ། །སེམས་མེད་དོ། །ཡིད་མེད་དོ། །ཤེས་རབ་མེད་དོ། །འཁོར་བ་མེད་དོ། །མྱ་ངན་ལས་འདས་པ་མེད་དོ། །རིག་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཡེ་ཤེས་སུ་སྣང་བ་གང་ཡང་མེད་དོ། །ཞེས་སོ། །དེའང་ཀ་ནས་དག་པ། དང་པོ་ནས་དག་པ། ཐོག་མ་ནས་དག་པ། ཡེ་ནས་དག་པ། གདོད་མ་ནས་དག་པ་ཞེས་བྱ་སྟེ། མུ་ཏིག་ཕྲེང་བ་ལས། ཀ་ཞེས་ཐོག་མར་བྱུང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །ཅེས་སོ།། །།

༈ ཐོས་བསམ་ལྟ་བའི་ལུགས་དང་། མན་ངག་སྒོམ་པའི་ལུགས་གཉིས་ལས་འདི་ཕྱི་མ་ལྟར་རོ། །དང་པོ་སེམས་རང་བབས་སུ་བཞག་ཚེ་དུས་གསུམ་གྱི་འཁྲུལ་རྟོག་རང་སར་དེངས། སྒོ་ལྔའི་ཤེས་པ་དང་ཀུན་གཞིའི་རྣམ་ཤེས་གསལ་མི་ནུས། དེ་གསལ་ན་ངོས་ཟིན། ངོ་མ་ཟིན་ན་སེམས་རིག་གི་ལ་ཤན་ཕྱེ་མི་ནུས་ཏེ་ངོས་ཟིན་ཚུལ་ནི། སྒོ་ལྔའི་རྣམ་ཤེས་དང་ཀུན་གཞིའི་རྣམ་ཤེས་ཡིད་ཤེས་རྟོག་མེད་སོགས་དུས་གཅིག་ལ་འཆར་ཀྱང་ཀུན་གཞི་ནི་ཤིན་ཏུ་༼མ་དཔེར་མི་གསལ་༽སྟེ། དཔེར་ན། མི་ཞིག་བརྒྱུག་བརྒྱུག་ནས་འདུག་པའི་ཚེ། དཀའ་བའི་ཤུགས་ཀྱིས་ཅི་ཡང་མི་བསམ་པར་སྟོང་ཧད་དེ་ཕྱི་ལ་གཏད་མེད་ནང་དུ་བཞག་མེད་པ་དེ་ཡིན། ཀུན་གཞིའི་རྣམ་ཤེས་ནི་གསལ་ལ་རྟོག་མེད་དེ་ཡིན། ཤེས་པ་༼མ་དཔེར་མི་གསལ་༽བ་ལྟ་བུ་ཞིག་ཡིན་དགོས་པས། གླེན་སྒོམ་བྱེད་པའི་བན་རྒན་ཕལ་ཆེར་གྱིས་དུབ་སེ་འཐིབས་སེ་ཡོད་པ་ཞིག་ཡིན་སྣང་འཆར་ཀྱང་དེ་ནི་ཅི་ལ་ཡིན། དེ་ནི་ཀུན་གཞིའི་སྟེང་དུ་བྱིང་རྨུགས་འཐིབ་གསུམ་ཐོན་པ་ཡིན། ཀུན་གཞི་ནི་དངས་གསལ་གཡོ་བ་མེད་པ་ཞིགཐོམ་མེ་ཞེས་པ་ནི་ཡུལ་གང་དུའང་མི་འཛིན་པས། དགེ་སྡིག་གང་དུའང་ལུང་མ་བསྟན་པའོ། །དེང་སང་བླ་སློབ་ཕལ་ཆེར་གྱིས་དེ་བསྒོམ་ནས་ཡོད་པ་ཡིན་པ་ལས་རིག་པ་སུས་ཀྱང་ངོ་ཟིན་དཀའ་ཉག་བླས་གསུངས། མདོ་སྔགས་གང་ཡིན་ཀྱང་། བསྒོམ་པའི་ཚེ་ན། དང་པོ་དཔེ་ཡི་ཡེ་ཤེས་འོད་གསལ་དོན་སྤྱི་ཙམ་མ་གཏོགས་དབང་རྣོན་གཅིག་ཆར་བའི་རིགས་དོན་གྱི་ཡེ་ཤེས་རྟོགས་ལུགས་མེད་ཚུལ་རྫོགས་ཆེན་བཀའ་གཏེར་གཉིས་དང་སྔོན་བྱོན་རྒྱལ་བ་རྣམས་ཀྱི་དགོངས་ཉམས་ན་མེད་ཚུལ་རོང་ཀློང་རྣམ་གཉིས་དང་མི་ཕམ་རིན་པོ་ཆེས་གཉུག་སེམས་ན་ཇི་བཞིན་པ་གསལ། དེས་ན་དང་པོ་ཡིད་ཀྱི་ཤེས་པའི་ངོར་རིག་པའི་དོན་སྤྱི་ཟླ་གཟུགས་ཆུར་ཤར་བ་བཞིན་བསྒོམ་པ་ཡིན་པའི་ཕྱིར་ན་རྣམ་མཁྱེན་ལས་ཀྱང་ཡིད་ཤེས་བཟང་གསུངས་པ་དང་། ཆོས་རྣམས་སྔོན་དུ་ཡིད་འགྲོ། སོགས་གསུངས་པ་ལྟར། ཚོགས་སྦྱོར་ན་དཔེ་ཡི་ཡེ་ཤེས་ནི་མངོན་སུམ་ཟེར་ཀྱང་རིག་པ་མངོན་སུམ་མ་ཡིན་ཏེ། རིག་པའི་དོན་སྤྱི་མངོན་སུམ་ལ་གོ་དགོས། ཚོགས་ལམ་གྱི་སྐབས་ཆོས་ཉིད་མངོན་སུམ་ཡང་རྟགས་སྤྱོད་པས་སྟོན། ཚད་རྨི་ལམ་གྱི་འཛིན་གསུངས་པ་བཞིན། ཚོགས་ལམ་གྱི་དུས་སུ་མཚན་མོ་གཉིད་ཀྱི་དུས་སུ་འོད་གསལ་དུམ་རེ་ཟིན་པ་དང་། རྐྱེན་འབྲིང་མན་ཆད་གྲོལ་ནུས། སྦྱོར་ལམ་གོང་འཕེལ་གྱི་སྐབས་གཉིད་ཀྱི་སུམ་ཆ་གཉིས་ཙམ་འོད་གསལ་དུ་གྲོལ་བ་དང་། དེ་ཡང་གྲིབ་སོགས་ཀྱིས་འོད་གསལ་མི་ཟིན་པ་ཡང་རེ་འགའ་ཡོད། རྐྱེན་ངན་ཅི་བྱུང་ཡང་རང་གྲོལ་དུ་ཤིགས་སེ། ལྷོད་དེ་གྲོལ་ནས་འོད་གསལ་ཇེ་གསལ་དུ་འགྲོ་བས་ན་རྐྱེན་ངན་ཆོས་སྐུར་འཆར་བ་འོད་གསལ་གྱི་ཕ་ཕོག་གསུངས་པ་ལྟར་རོ། །སྦྱོར་ལམ་གྱི་ལྟ་བ་རྟོགས་པའི་གང་ཟག་ནིི་རུ་ཤུལ་ཡོན་ཏན་དཔལ་བཟང་དང་གྲུ་གུ་རྟོགས་ལྡན་ལྟ་བུ་ཡིན་གསུངས། མཐོང་ལམ་རིག་པ་ཚད་ཕེབས་ཀྱི་སྐབས་སུ་དོན་གྱི་འོད་གསལ་མཐོང་ཚེ་ཡིད་ཤེས་ནུབ་ཏེ། ཡུལ་ཡུལ་ཅན་མེད་པར་ཡུལ་ཆོས་ཀྱི་དབྱིངས་དེ་ཡུལ་ཅན་ཡེ་ཤེས་ཀྱིས་དངོས་སུ་མཐོང་ཞིང་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ཡིན། དབང་ཤེས་མིག་གིས་ཀྱང་གཟུགས་སྒྲ་སོགས་ལྔ་ལྔ་ཉེར་ལྔ་མཁྱེན་པའི་ཡོན་ཏན་ཐོབ་པ་ཡིན། སྒོམ་ལམ་ས་དགུ་ནི་ཆོས་ཉིད་ཟད་པའོ། །ས་བཅུའི་རྒྱུན་མཐའ་ན་འོད་གསལ་བཅོ་ལྔའི་ཟླ་བ་ལྟ་བུ། སངས་རྒྱས་ཀྱི་ས་ན་ཁམས་བདེ་བར་གཤེགས་པའི་ཡོན་ཏན་མཐའ་དག་ཐོས་པའི་དཔེ་ཉི་མའི་དཀྱིལ་འཁོར་ལྟ་བུའོ། །མ་རིག་སྒོ་ངའི་སྦུབས་འབྱེད་ཅེས་པ་མ་རིག་ཀུན་གཞིའི་རྒྱ་གྲོལ་ཏེ་རིག་པའི་ཡེ་ཤེས་མངོན་དུ་སད་པའོ། །རང་བབས་ཀྱི་འོད་གསལ་ནི། འདུས་མ་བྱས་པ་རྒྱུ་རྐྱེན་གང་གིས་ཀྱང་བསྐྱེད་པ་མིན་ཏེ། དེ་ཡང་རྒྱུ་དང་རྐྱེན་གཉིས་ཀྱིས་འདུ་བར་བྱས་པ་ནི། རྒྱུ་ས་བོན་ཏེ་རྐྱེན་ཆུ་ལུད་སོགས་འཛོམས་པས་མྱུ་གུ་ལྟ་བུ། གང་ཟག་གི་སེམས་ཐོག་ནས་གཞལ་ན། རྐྱེན་བཟང་པོ་རྒྱུ་རྫས་ཆེན་པོ་ཞིག་ལོན་ན། རྐྱེན་དེའི་དབང་གིས་སེམས་དགའ་ལྷང་ངེ་ཡོད་པས། བསམ་གཏན་ལ་བསྡད་ཀྱང་རྣམ་རྟོག་སོགས་ཆེར་མི་འཆར་བར་སེམས་བདེ་ལྷང་ངེ་ཡོད་པ་ཡིན་པས། དེ་ལ་འོད་གསལ་གྱི་དྲི་ཙམ་ཡང་མི་བྲོ་ངེས་པ་ཡིན། དེ་བཞིན་གནས་གོས་ཡོ་བྱད་སོགས་ཀྱི་ཡུལ་སྣང་གི་རྐྱེན་གྱིས་བསྒྱུར་བའི་བདེ་སྣང་དང་ངན་རྐྱེན་ངན་པའི་དབང་གིས་སྡུག་ལུ་སེ་ཡོད་པ་དང་། བར་མའི་རྟོག་པ་དེ་གསུམ་གྱིས་བསྒྱུར་བ་ཡིན་པ་ཤེས་དགོས། གདོད་མའི་གཤིས་ཐོག་ཏུ་ཕེབས་པའི་གང་ཟག་གི་མཉམ་གཞག་སྐབས་གང་ཤར་འོད་གསལ་གྱི་རྣམ་རོལ་ཁོ་ན་ཡིན་ཏེ། དཔེ་རིན་ཆེན་གསེར་གླིང་དུ་ས་རྡོ་ཕལ་བ་མི་རྙེད་པ་བཞིན་ནོ། །མཚན་གཞི་ནི་བླ་མ་ཞང་རིན་པོ་ཆེ་ལྟ་བུའོ། །ཐ་མལ་གྱི་ཤེས་པ་ཟེར་བ་དེ་ལ་ཡང་རྣམ་དབྱེ་མང་སྟེ། ཕལ་ཆེར་གྱིས་ཁོ་ཐ་མལ་ཤེས་པ་ཞིག་ཡིན་ཟེར་བ་དང་། འོ་ན་ཐ་མལ་ཤེས་པ་དེ་ཅི་ཞིག་རེད་ཟེར་ན། རྒྱུ་མཚན་ཅི་ཡང་བཤད་མི་ཤེས། ཐ་མལ་ཅེས་པ་ནི་མ་བཅོས་པའི་དོན་ཡིན། ཀུན་མཁྱེན་གྱིས། ཐ་མལ་ཤེས་པ་རང་གྲོལ་རྒྱལ་བའི་ལམ། །ཞེས་དང་། འོད་གསལ་སྤྲུལ་པའི་རྡོ་རྗེས། ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་གསུངས་པ་ནི། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ་འགགས་པ་ཡིན་པས། བདེ་གཤེགས་སྙིང་པོ་ནི་འཕོ་འགྱུར་མེད་པས་འགགས་པ་མེད་གསུངས། ཉམས་ཞེན་ཐ་མལ་གྱི་ཤེས་པ་ནི་ཉམས་ཀྱི་ཞེན་འཛིན། ལྷན་སྐྱེས་ཐ་མལ་གྱི་ཤེས་པ་ནི་བདེ་གཤེགས་སྙིང་པོའོ། །ཡིད་ལ་མི་བྱེད་པ་ལ་ཡང་རྣམ་དབྱེ་མང་བས། དང་པོ་ནས་ཡིད་ལ་མི་བྱེད་པ་པ་ཧ་ཤང་གི་ལྟ་བ་ཡིན་ཏེ། ཁོ་བོའི་ལྟ་བ་འདི་ནི་ལྟ་བ་ཡས་འབེབས་དཔེ་བྱ་རྒྱལ་ནམ་མཁའ་ནས་ཐུར་དུ་འབེབས་པ་ལྟ་བུ་ཡིན། ཁྱེད་ཅག་གི་ལྟ་བ་སྤྲེའུ་ཤིང་སྡོང་གི་མས་ནས་འཛེགས་པ་ལྟ་བུ་ལ་མི་འཐད་ཞེས་ཟེར། དེ་ཡང་མདོ་སྔགས་ཀྱི་ཡིད་ལ་མི་བྱེད་པ་ལ་ཁྱད་ཡོད་དེ། མདོ་ལམ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་བདེན་མེད་སྒྱུ་མ་ལྟ་བུ་མཐའ་བཞིའི་རིགས་པ་དང་། ཤིང་རྟ་རྣམ་བདུན་གྱི་རིགས་པ་སོགས་ཀྱིས་གཏན་ལ་ཕབས་པས་སྟོང་ཉིད་ལ་མཉམ་གཞག་ཚེ་ཡིད་ལ་མི་བྱེད་པ་དང་། སྔགས་བསྐྱེད་རྫོགས་ཀྱི་སྐབས་སྟོང་བཞིའི་དྲང་བའི་འོད་གསལ་དགའ་བཞིའི་དྲངས་པའི་ཡེ་ཤེས་ཀྱི་ཚེ་ན་སྒོ་ལྔའི་ཤེས་པ་སོགས་འགགས་པས་ཡིད་ལ་མི་བྱེད་པ་སྣ་ཚོགས་ཡོད་པ་ཡིན་ཏེ། མདོ་སྔགས་ཀྱི་ལམ་གནད་རྟོགས་པའི་ཡིད་ལ་མི་བྱེད་པ་དང་། ཧ་ཤང་གི་ཡིད་ལ་མི་བྱེད་པ་གཉིས་ལ་མཐོ་དམན་གནམ་ས་བས་ཁྱད་ཤིན་ཏུ་ཆེ་བ་ཡིན། སྲིད་པའི་དྲྭ་བ་གཅོད་པའི་མན་ངག་ནི་རྣམ་ཤེས་སེམས་ཀྱི་རྒྱ་གྲོལ་ཏེ་འོད་གསལ་སད་དགོས་པ་ཡིན། དེ་བཞིན་དུ་ཞེས་པ་འབྲས་དང་ནས་སོགས་ཀྱི་ཤུན་པ་དང་བྲལ་བ་བཞིན་ཏུ་ཉམས་ཀྱི་ཤུན་པ་ཐམས་ཅད་འཐོར་ཏེ་རིག་པའི་དོན་སྤྱི་རྗེན་པར་ངོས་ཟིན་པར་བྱའོ། །རང་ངོ་འཕྲོད་པ་ལྟ་བ། ངང་ལ་གནས་པ་སྒོམ་པ། གང་ཤར་རང་གྲོལ་སྤྱོད་པ། དེའི་ངང་དུ་གནས་ཏེ་མི་འདས་ན་སྔགས་ཀྱི་དམ་ཚིག་ཐམས་ཅད་ཉམས་མི་ནུས་པ་ཡིན་གསུངས། རྨུན་པོ་ཞེས་ཀུན་གཞི་མ་རིག་པ་བླུན་པོ་ཞེས་བྱའོ། །མི་རྟོག་ཟངས་ཐལ༴ རང་བབས་སུ་བསྐྱང་ཚེ་བསྒོམ་པ་ནི་གནད་གལ་པོ་ཆེ་ཡིན་ཏེ། ཇི་སྐད་དུ། ཆུ་དང་འོ་མ་འདྲེས་པ་འཐུང་བ་ལྟར། །འདི་གཉིས་བསྲེ་ནས་བསྒོམ་པ་བླུན་པོའིལུགས། །ཤི་ནས་དུད་འགྲོར་སྐྱེ་བར་མཁྱེན་པར་མཛོད། །ཅེས་གསུངས་པ་ལྟར་རོ། །བདེ་ཉམས་ལ་ཞེན་ན་གཟུང་འཛིན་ཅན། བདེ་ཉམས་ལ་ཞེན་པ་མེད་ཅིང་འཛིན་མེད་དངས་གསལ་ལེ། རྣམ་རྟོག་འཁྲུལ་ཚབ་ཆེ་ན་རང་བབས་སུ་བཞག་སྟེ་གྲོལ་གཞིའི་རིག་པའི་རང་ས་ཟིན་དགོས། འཐིབ་དངས་མ་ཕྱེད་པའི་རྙོགས་པ་ཅན་དང་འཇམ་རྩུབ་སྣ་ཚོགས་བྱུང་ཡང་། དེ་ནི་ལམ་པའི་གང་ཟག་ལ་མི་འབྱུང་བའི་ཐབས་མེད་དོ། །དེ་ལྟར་ཅི་བྱུང་ཡང་སྐྱོ་ནས་སུན་པར་མི་བྱ་སྟེ། གྲོགས་བློ་ལྡོག་རྣམ་བཞི། སྐྱབས་འགྲོ། སེམས་བསྐྱེད་སོགས་དང་ལམ་གཅིག་ལ་རྡོག་པ་གཏད། ལྷ་གཅིག་ལ་གསོལ་བ་བཏབ་སྟེ། ཐུགས་ཡིད་བསྲེ་སྟེ། ཡུན་ཐུང་གྲངས་མང་གི་སྒོ་ནས་བསྒོམ་པས་མཐར་རྟོགས་དགོས་པ་ཡིན་ཏེ། གཡོ་ཐོབ་སོགས་ལྔའི་ཉམས་ཀྱི་རྟོགས་ཚུལ་ལ་བརྟེན་ནས་བསྒོམ་དགོས་པ་ཡིན། གང་ཟག་གིས་བསྒོམ་པའི་ཚེ་ན་བླ་མའི་མན་ངག་གིས་ལྟ་བ་གཏན་ལ་ཕབ། སེམས་རིག་གི་ལ་ཤན་ཕྱེ་སྟེ་བློ་ལ་བྱང་ཆ་ཐོན་པ་ཞིག་ནི་ངེས་པར་དགོས། བསྒོམ་པའི་དུས་ཆུ་མ་བསྒུལ་ན་དངས་པ་ལྟར། རིག་ཐོག་ཐོན་ཚེ་ཚབ་ཚུབ་ཀྱི་དཔྱད་ར་སོགས་མི་བྱེད་པར་རང་བབས་འཇོག་པ་གལ་ཆེ། ནམ་ཡང་དཔྱད་ར༴ སོགས་ཀྱིས་ཞི་ལྷག་གཉིས་ལ་བསྒྲིབ་གསུངས། དྲན་པའི་རྒྱུན་བརྟན་དགོས། དྲན་པ་སྟོར་ན་སྒོམ་པ་སྟོར། དྲན་པ་རྙེད་ན་སྒོམ་པ་རྙེད་ཅེས་གསུངས་པ་ལྟར་ཡིན་ཡང་དྲན་པ་ཤིན་ཏུ་བསྒྲིམ་ཆེ་ན་སློབ་དཔོན་ཆེན་པོས། དྲན་པའི་ལྕགས་མཁར་བརྩིགས་པ་ཞེས་བོད་འདིར་བསྒོམ་བརྩིགས་ཤེས་ཀྱང་བཤིག་མི་ཤེས་ཚུལ་གསུངས་པ་བཞིན་ནོ། །དུས་གསུམ་ཀྱི་འཁྲུལ་བ་ཞི་ནས་དེའི་ངང་དུ་གནས་པ་ནི་ཞི་གནས་ཞེས་བྱ་སྟེ། གནས་པ་འདི་ཕལ་ཆེར་གྱི་རྩ་བ་ཆུང་བར་འཛིན་ཀྱང་མདོ་ནས་རྫོགས་ཆེན་གྱི་བར་ཞི་ལྷག་གཉིས་མེད་པར་སྒོམ་ཚུལ་རྒྱུད་ལུང་མན་ངག་གང་ནའང་མེད། ཞི་ལྷག་གཉིས་ནི་བྱའི་གཤོག་པ་ལྟ་བུའོ། །གོམས་ཚད་ནི་རྨི་ལམ་གྱིས་འཛིན། རྟགས་སྤྱོད་པས་སྟོན་ཞེས་པས། ཉམས་རྟོགས་རང་རྒྱུད་ལ་རྨི་ལམ་གྱི་འོད་གསལ་ཟིན་མི་ཟིན་གྱིས་ཤེས། རྟགས་ནི་མཉམ་བཞག་ལ་འོད་གསལ་ཉམས་སུ་མྱོང་བའི་ཤུགས་རྗེས་ཐོབ་ལ་བབས་ཏེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་པར་ཤེས་ནས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཕྱོགས་རིས་མེད་པར་འཆར་བ་དང་། སེམས་ཅན་གྱི་རྒྱུད་ན་སངས་རྒྱས་ཀྱི་དགོངས་པ་བཞུགས་པར་ཤེས་ནས་ངེས་ཤེས་ཁྱད་པར་ཅན་འདྲེན་ནས་སྣང་སྲིད་དག་པར་རབ་འབྱམས་སུ་འཆར་ནུས་པ་དང་། མཉམ་གཞག་གི་དུས་སུ་རྟོག་ཚོགས་བཟང་ངན་བར་མ་ཐམས་ཅད་བག་ཆགས་བསོགས་ཡོང་མེད་པར་གྲོལ་ནས་རྗེས་ཐོབ་སྤྱོད་པའི་སྐབས་སུ་སྟོང་ཉིད་རྒྱུ་འབྲས་སུ་ཤར་ཏེ་ལས་རྒྱུ་འབྲས་བག་ཕྱེ་བས་ཞིབ་པ་དང་། ཡང་མཉམ་གཞག་དེའི་སྟོབས་ཀྱིས་ཆོས་ཀྱི་ཚིག་དོན་ཐམས་ཅད་རང་རྡོལ་དུ་ཤེས་པ་དང་རྐྱེན་ངན་པ་གང་དང་གང་ལ་འཕྲད་ཀྱང་གྲོལ་ནུས་ན་རྟོགས་པའི་རྟགས་ཡིན། ལམ་བདེ་ཞིང་དཀའ་ཚེགས་ཆེན་པོ་སྤྱད་མི་དགོས་པར་མྱུར་བ་སྟེ། བསྐལ་བ་མང་པོར་ཚོགས་བསགས་སྒྲིབ་པ་སྦྱང་དེ་མཐར་སངས་རྒྱས་པ་ལྟ་བུ་མ་ཡིན་པར། འོད་གསལ་རིག་པའི་དོན་སྤྱི་དེ་ལེ་ལོ་རྣམ་གཡེང་མེད་པར་བརྩོན་པ་དྲག་པོས་བསྒོམ་ནུས་ན་རྣམ་རྟོག་དང་ཉམས་བདེ་གསལ་མི་རྟོག་པ་དང་། བྱིང་རྨུག་འཐིབ་གསུམ་སོགས་བག་ཆགས་ཀྱི་སྒྲིབ་པ་མཐའ་དག་སངས་ཏེ། ཇི་ལྟ་བ་མཁྱེན་པ་དང་། ཇི་སྙེད་པ་གཟིགས་པའི་ཡོན་ཏན་རྩོལ་མེད་དུ་རྒྱས་ནས་རྡོ་རྗེ་འཆང་གི་རྒྱལ་སྲིད་ཟིན་ཏེ་སྐུ་གསུམ་སྟོན་པའི་སྐུར་བཞེངས་པ་ཡིན་ནོ། །ཡང་མཉམ་གཞག་གི་རང་ས་ཟིན་ཀྱང་། དེ་ཉིད་རྐྱེན་དང་བསྲེ་ནས་རྟོགས་པའི་རྩལ་སྦྱངས་མ་བྱས་ན་གཉེན་པོས་རྐྱེན་མི་ཐུབ་པས། མཉམ་གཞག་ལེགས་པོ་དེའི་ཀློང་ན་རྟོག་ངན་གྱི་དུག་སྦྲུལ་འཇིགས་སུ་རུང་བ་མང་པོ་གནས་གཅིག་ཏུ་སྡོད་པ་ལྟ་བུ་ཡིན་པས། མཛེས་པའི་གཟུགས་ལ་སོགས་ཆགས་ཡུལ་ཡིད་དུ་འོང་བ་དང་། གཞན་གྱི་བརྙས་བརྗོད་སོགས་སྡང་བའི་ཡུལ་རྐྱེན་གང་རུང་དེའི་དབང་གིས་འདོད་ཆགས་ཁོང་ཁྲོ་སོགས་མངོན་དུ་གྱུར་འོང་བ་དེ། རང་རྒྱུད་ཀྱི་སྒོམ་དེའི་ཀློང་ནས་བྱུང་བ་མིན་ན་ཤ་ལས་མི་འབྱུང་ཁྲག་སོགས་གང་ལས་བྱུང་སོམས་ཤིགདེ་དག་སྦྱང་མ་ཐུབ་ན་ཞེ་སྡང་གིས་དམྱལ་བ་སོགས་སུ་འཕེན་པར་གསུངས་པས་སྦྱང་དགོས། སྦྱང་ཚུལ་ནི་རྒྱ་གར་གྲུབ་ཆེན་ཚོས་དང་པོ་དབེན་པའི་གནས་སུ་མཉམ་གཞག་ལ་བརྟན་པ་ཐོབ་པའི་རྗེས་སུ་ཚོང་འདུས་སོགས་ལ་སོང་ནས། མི་མང་གི་རྒྱུ་འགྲུལ་དང་བདེ་སྡུག་སོགས་ལ་རྩལ་སྦྱང་། དེ་ནས་གྲོང་དགུའི་མི་གཙང་༴ དེ་ནས་རྒྱལ་པོའི་ཆད་པ༴ དེ་ནས་དུར་ཁྲོད༴ མཛད་པ་ལྟར། གནས་རི་རྩེའམ་མཚོ་གླིང་སོགས་སུ་ཕྱིན་ནས་མིག་གིས་གཟུགས་མཐོང་ན་དེ་ལ་ཡང་ཡང་བལྟ་བ་སོགས་དང་། ཡིད་ལ་ཅི་ཤར་ཡང་ཤར་དུ་བཅུག་རྗེས་ངག་ནས་ཀྱང་མིང་བརྗོད། སེམས་རྟོག་འཕྲོ་བཅུག་སྟེ། ཡུལ་ཀ་བ་ལྟ་བུ་གཅིག་གི་སྟེང་དུ་འབྱམས་པ་གཅོད་པའི་ཕྱིར་དུ་ཀ་བའོ་སྙམ་པའི་དེ་མ་ཐག་བུམ་པའོ། རྡོའོ། སའོ། ཤིང་ངོ་ཞེས་པ་ལྟ་བུར་ཁ་སྤོ་ཞིང་རྩ་བ་རིག་པའི་རང་ས་མ་ཤོར་བཞིན་དུ་ཤེས་པ་ཡུལ་ལ་འཕྲོར་གཞུག་སྟེ། རིག་ཐོག་ཏུ་གྲོལ་བ་ལ་བསླབ་པས། རྐྱེན་ངན་ཐམས་ཅད་རིག་པའི་རྩལ་སྦྱོང་དུ་འཆར་ནུས་པ་ནི་བླ་མ་ཞང་རིན་པོ་ཆེས་དབུ་བྲག་ཕུག་ལ་བརྡབ་པས་བདེ་སྟོང་དུ་ཤར་བ་བཞིན་ནོ། །དེ་ལྟར་རྩལ་སྦྱང་བ་འདི་ལས་རིག་པ་ངོ་སྤྲད་པའི་ཉམས་ཞེན་གྱི་ཤུན་པ་གཏོར་བའི་ཐབས་དང་ཉམས་ལེན་ལ་བརྟན་པ་མ་ཐོབ་བར་མ་མཐའ་ཡང་ཞག་མ་བརྒྱ་རེ་ཙམ་མཛད། །བླ་མའི་ཞལ་རྒྱུན་ཟིན་ཐོ་ཙམ་མོ། །

རང་བཞིན་རྫོགས་པ་ཆེན་པོའི་མྱོང་ཁྲིད་གནང་སྐབས་ཀྱི་དཔལ་ལྡན་བླ་མའི་ཞལ་རྒྱུན།

༈ བླ་མ་ལ་ཕྱག་འཚལ་ལོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་མྱོང་ཁྲིད་གནང་སྐབས་ཀྱི་དཔལ་ལྡན་བླ་མའི་ཞལ་རྒྱུན་ནི། དེ་ལ་འདིར་ཡ་གི་ཀུན་ཏུ་བཟང་པོ་ནས་མ་གི་འཇག་མའི་སྲིན་བུའི་རྒྱུད་ཡན་ཆད་དུ་རིག་པ་བདེ་གཤེགས་སྙིང་པོ་ཁྱབ་མཉམ་དུ་བཞུགས་པ་ཡིན་པས། དེ་ཇི་བཞིན་པར་ངོ་ཤེས་པ་ལྟ་བ། དེའི་ཚུགས་མ་ཤོར་བསྐྱང་བྱ་སྐྱོང་བྱེད་གཉིས་སུ་མེད་པར་བསྐྱང་བ་སྒོམ་པ། དེ་རྐྱེན་དང་བསྲེ་བ་སྤྱོད་པ་ཡིན་ལ། དེ་ཡང་གསེར་དང་གསེར་ཞུན་མའི་རྒྱུན་ལྟ་བུ་ལ། སངས་རྒྱས་ནས་སེམས་ཅན་གྱི་བར་ངོ་བོ་ལ་བྲི་གང་འཕོ་འགྱུར་མེད་པ་དེ་གཞིའི་རིག་པ། དེའི་ཡིན་ལུགས་ཅི་བཞིན་པ་ངོ་འཕྲོད་པ་ལམ་གྱི་རིག་པ། དེ་སྒྲིབ་བྱེད་ཀྱི་དག་བྱ་གློ་བུར་བའི་སྒྲིབ་པའི་ལྷད་དང་བྲལ་བ་འབྲས་བུའི་རིག་པ་ཟེར་བ་ཡིན་ལ། འབྲས་བུའི་རིག་པ་དེ་ཡང་དག་པ་གསུམ་ལྡན་གྱི་བདག་ཉིད་ཅན་དེ་ངོ་བོ་ཡེ་ནས་སྒྲིབ་གཉིས་ཀྱིས་འཆིང་མ་མྱོང་བས་ན་ཡེ་དགདེ་ལྟ་བུའི་རིག་པ་དེ་ཡང་སྐུ་དང་ཡེ་ཤེས་རྒྱ་མཚོའི་ངོ་བོར་གདོད་ནས་དག་པའི་ངོ་བོར་གནས་པས་རང་བཞིན་རྣམ་དགདེའི་སྒྲིབ་བྱེད་ཀྱི་ལྷད་ཐམས་ཅད་ལམ་བསྒོམ་པའི་མཐུས་དག་པར་བྱས་པའི་ཆ་ནས་གློ་བུར་བྲལ་དག་གི་བདག་ཉིད་ཅན་ཏེ་དག་པ་གསུམ་ལྡན་གྱི་བདག་ཉིད་ཅན་ཡིན་ལ་དེ་མངོན་དུ་བྱ་བའི་ཐབས་ལ། ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེངས་གྲོལ་ཐོག་ཏུ་འཆའ་བ་དང་གསུམ་ལས། དང་པོ་དེ་ལ་གྲུབ་དབང་ཐམས་ཅད་མཁྱེན་པའི་གསུང་སྒྲོས་ལྟར་ན། རྫོགས་པ་ཆ ེན་པོའི་རིག་པ་དེ་ངོ་མངོན་སུམ་དུ་མཐོང་བ་ལ་ད་ལྟའི་ཀུན་རྟོག་གི་སྤྲོས་པ་འདི་ཆོད་དགོས། དེ་མ་ཆོད་ན་རིག་ངོ་ཇིི་བཞིན་པ་མི་མཐོང་བས། ཀུན་རྟོག་གི་སྤྲོས་པ་ཆོད་པའི་ཐབས་ལ་རྫོགས་ཆེན་རང་ལུགས་ཐུན་མོང་མ་ཡིན་པའི་དབང་དུ་བཏང་ན་བྱུང་གནས་འགྲོ་གསུམ་བརྟགས་པས་ཆོད་དགོས་པ་ཡིན་ལ། དེ་ཡང་དང་པོ་བྱུང་ས་ཕྱིའི་ཡུལ་བུམ་པ་ལྟ་བུ་ལས་བྱུང་སྙམ་ན། བུམ་པའི་མཆུ་བུམ་པ་མིན། དེ་བཞིན་ལྟོ་བ་ཞབས་སོགས་བུམ་པ་མིན་པའི་ཚུལ་བློ་རང་མོས་བརྟགས་པའི་ཡུལ་བུམ་པ་སྟོང་པའི་ཚེ་ན། བུམ་འཛིན་རྟོག་པ་འགགས་ནས་ཧ་ཕྱད་དེ་སོང་པའི་ཚེ་ན། དེ་མ་ཐག་ཏུ་མ་བཅོས་གདངས་གསལ་གྱི་ཤེས་པ་རྟེན་མེད་པར་དཔེར་ན་སྤྲིན་བྲལ་ནམ་མཁའ་ལྟ་བུ་སྟོང་པའི་ངང་ནས་འགགས་མེད་ཤུགས་འབྱུང་དུ་ཤར་བའི་ཡུལ་མེད་ཟང་ཐལ་གྱི་ཤེས་པ་ཞིག་འཆར་བ་དེ་ཡང་རིག་པ་ཡིན། ཡང་ན་དེ་བཞིན་དུ་བྱུང་མཁན་ལ་བརྟགས་ཏེ། མ་འོངས་པའི་རྟོག་པ་མ་སྐྱེས། འདས་པ་འགགས་ཟིན། ད་ལྟ་བའི་སེམས་ལ་སེམས་ཀྱིས་བརྟགས་ཚེ་རང་འགགས་སུ་སོང་ཚེ་གསལ་སང་ངེ་བ་དང་། སྟོང་ཧད་དེ་བར་ཕར་མཉམ་པར་བཞག་པ་མིན་པར། ཡུལ་ཅི་ཡང་མི་འཛིན་པའི་ཤེས་པ་ཟང་ཐལ་དེ་ལ་རིག་པ་ཟེར་བ་ཡིན་ལ། ཡང་བར་དུ་གནས་ས་གནས་མཁན་མཐར་འགྲོ་ས་འགྲོ་མཁན་བརྟགས་ནས་རིག་པ་ངོ་སྤྲད་ཚུལ་ཡང་སྔར་བཞིན་ནོ། །དེ་ལ་དགེ་མི་དགེ་ལུང་མ་བསྟན་གྱི་རྟོག་པ་སོགས་རྟོག་པ་ཕྲ་རགས་ཐམས་ཅད་དང་བྲལ་བའི་རྟོག་མེད་སྟོང་པ་ཡིན་པའི་ཆ་ནས་དབྱིངས་དང་། དེ་ངེས་མཁན་གོ་མཁན་ངོ་རང་ཤེས་སུ་འདུག་པའི་རིག་ཆའམ་ཤེས་ཆ་དེ་ལ་རིག་པ་ཟེར་བ་ཡིན། དབྱིངས་རང་གི་ལྡོག་པ་དེ་རིག་པ་མིན་པར་སེམས་ཉིད་ཀྱི་སྟོང་པ་ཡིན་པས། དབྱིངས་ལ་རིག་པ་མི་སྣང་། རིག་པས་དབྱིངས་ཡང་ཡུལ་དུ་མི་བྱེད། བྱེད་ན་གཏད་སོ་ཅན་གྱི་སེམས་སུ་འགྱུར་བས། མདོར་བསྡུས་ན། སེམས་རིག་གི་དབྱེ་བའི་དཀའ་གནད་མཐར་ཐུག་པ་དེ་གཏད་སོ་ཡོད་མེད་ལས་གོ་དགོས། རྟོག་མེད་ཡིན་པ་ཙམ་གྱིས་རྫོགས་ཆེན་གྱི་གཞུང་ནས་རིག་པ་ཞེས་བསྔགས་པ་མིན། རྟེན་དང་བྲལ་བའམ་ཡུལ་མེད་པའི་ཆ་ནས་རིག་པ་ཞེས་བསྔགས་པ་ཡིན་པས་ན། དམིགས་གཏད་ཅན་མདའ་འབེན་ལྟ་བུ་མིན་པར་རིག་ཆ་ཟང་ཐལ་ལེ་བ་དེ་མ་བོར་ཙམ་དུ་སྐྱོང་བ་ཡིན། དེ་ཡང་བློས་སྤུ་རིས་ཀྱི་དབྱིངས་རིག་སོ་སོར་དབྱེ་བའི་དབྱིངས་དེ་རྩལ་འདོན་བྱས་ནས་བསྒོམ་ན་བྱིང་བའི་སྐྱོན་འབྱུང་ཉེན་དང་། ཀུན་རྟོག་བག་ལ་ཞ་དཀའ་བས་ན་རིག་ཆ་དེ་གཙོ་བོར་སྐྱོང་བ་ཡིན། དེ་བསྐྱང་བས་རིག་རྩལ་སོ་སོར་རྟོག་པའི་རྩལ་འབར་ནས་རྒྱལ་བའི་གསུང་རབ་མཐའ་དག་འགྲེལ་ནུས་པའི་ཤེས་རབ་ཀྱི་རྩལ་ཏེ། དཔེར་ན་ས་ཐོབ་པའི་གང་ཟག་གིས་སྐད་ཅིག་མའི་ཡུན་ལ་ཡོན་ཏན་མང་པོ་ལ་མངའ་དབང་བསྒྱུར་བ་དེ། ད་ལྟའི་རྣམ་རྟོག་འདི་དག་གི་སྟེང་ནས་མི་ནུས་པས། ཏིང་འཛིན་ཁྱད་པར་ཅན་གྱི་སྟེང་ནས་བྱེད་པ་བཞིན་འབྱུང་བར་འགྱུར་བ་དང་ཀུན་རྟོག་མཐའ་དག་མྱུར་དུ་འགགས་པའི་དགོས་པ་ཡོད་པས་ན་རིག་ཆ་ལ་ཆིག་སྒྲིལ་བྱེད་པ་ཡིན། ད་ལྟ་མཉམ་པར་བཞག་པའི་མཐུས་རིག་པ་ཡུལ་ལ་གཡོ་བའི་ཆ་རྣམས་དབྱིངས་མི་རྟོག་པའི་ངོ་བོར་གྱུར་ནས་ནང་གསལ་གྱི་དབྱིངས་ནས་མ་གཡོས་བཞིན་དུ་གཟུགས་ཀྱི་སྐུར་བཞེངས་ཏེ་འཚང་རྒྱ་བ་ཡིན། མཉམ་གཞག་དུས་དབྱིངས་རིག་འདྲེས་པ་བྱང་སེམས་འཕགས་པ་རིག་པ་འཛིན་པ་རྣམས་ལ་ཡོད་ལ། རྒྱུན་དུ་འདྲེས་པ་སངས་རྒྱས་པ་མ་གཏོགས་མེད་གསུངས། འབྲུག་པ་རིན་པོ་ཆེས། ལུས་གནད་དྲང་བོར་བསྲིང་བ་དང་། ངག་གི་གནད་སོ་མཆུ་མ་རེག་པའི་བར་ནས་རླུང་རྒྱུ་བར་བྱེད་པས། རོ་རྐྱང་གི་ལས་རླུང་བག་ལ་ཞ་ཞིང་རིག་པ་མངོན་གྱུར་དུ་སད་པའི་གནད་ཡོད་པས་ན། དེ་ལྟར་བྱ་ཞིང་། སེམས་ཀྱི་གནད་འདས་པའི་རྟོག་པའི་རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་ཤེས་པ་ལ་མཚན་འཛིན་མི་བྱེད་པའམ་བཟོ་མི་འཆོས་པར་རང་བབས་སུ་བཞག་ཏུ་བཅུག་ལ། དང་པོ་ངོ་གསར་དུ་སྤྲད་པའི་ཚེ་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་ཉམས་སུ་མྱོང་བར་བྱས་ནས་ངོ་སྤྲད་ཀྱི་ཚིག་འདི་ལྟར། འོ་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་རྟོག་ཐམས་ཅད་སེ་ལོང་ལྕགས་ཀྱི་རྒྱ་མདུད་ཞིག་པ་བཞིན་དུ་ཞིགཉམས་བདེ་གསལ་མི་རྟོག་གསུམ་པོའང་སྤྲིན་ཡེ་ཟད་ཀྱི་ནམ་མཁའ་ལྟ་བུར་སོང་བའི་རྗེས་ལ་ངོ་བོ་ཡེ་སྟོང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་སྟོང་པ་དང་། དེའི་གདངས་མ་འགགས་པའི་ཤེས་པ་ཟང་ཐལ་གཉིས་དབྱེར་མེད་ཟུང་འཇུག་ཏུ་གནས་པ་དེ་དབྱིངས་རིག་ཟུང་འཇུག་གི་ལྟ་བ་ཡིན། དེ་དུས་སུ་འདོད་ཡོན་ལྔ་འགགས་མེད་སྣང་ཞིང་། ཞེན་མེད་དུ་རོལ་བ་རིག་པའི་ཁྱད་ཆོས་ཡིན་གསུངས། སེམས་ཀྱིས་ཡུལ་ལྔ་པོ་གཏན་ནས་དུས་མཉམ་དུ་མྱོང་མི་ནུས་གསུངས། ཡང་ངོ་སྤྲད་ལུགས་གཞན་ལ། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲོད། གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲོད་པ། ཉམས་མྱོང་སྒོམ་པའ་ིཐོག་ཏུ་ངོ་སྤྲོད་པ་དང་གསུམ་ལས། དང་པོ་ནི་སྣང་སྲིད་ཐམས་ཅད་བླ་མའི་རོལ་བར་ངོ་སྤྲོད་པ་དེ། བླ་མའི་ཐུགས་རིག་སྟོང་དབྱེར་མེད་པའི་ཡེ་ཤེས་དེ་དང་དུས་གསུམ་རྒྱལ་བའི་ཐུགས་གཉིས་དབྱེར་མེད་པའི་བདག་ཉིད་ཅན་ཏེ། སྒྲིབ་པ་ཐམས་ཅད་བྲལ་བའི་ཆ་ནས་སངས་རྒྱས་དང་། ཡེ་ཤེས་དེ་རྟོགས་པའི་ཆོས་མཐར་ཐུག་པ་ཡིན་པས་དཀོན་མཆོགབླ་མའི་ཐུགས་མི་རྟོག་པའི་དབྱིངས་དེ་ཐུགས་རྗེའི་རིག་པ་ཟུང་འཇུག་ཏུ་ཡོད་པ་ལས་མཁའ་འགྲོའི་ཚོགས་རྣམས་ཤར་བས་མཁའ་འགྲོ་མཐར་ཐུག་ཀྱང་དེ་ཡིན་པས་དེ་ལྟ་བུའི་འོད་གསལ་དེ་མངོན་སུམ་ངོ་སྤྲད་པས་ཇི་བཞིན་པ་མཐོང་ཚེ་བླ་མ་ཆོས་སྐུའི་ཞལ་རས་མཐོང་བ་ཡིན་པས། དེའི་གདངས་ལས་རིག་པ་སྐུ་ལྟར་ཤར་བ་ལུས། སྒྲ་ལྟར་ཤར་བ་ཤེས་རྒྱུད་ཀྱིས་ཟིན་པའི་སྒྲ་ཐམས་ཅད་ཨ་ཨུའི་དབྱིངས་ལས་འབྱུང་བ་ཡིན་པས། ད་ལྟའི་ཡི་གེ་ཐམས་ཅད་དེའི་གཟུགས་བརྙན་ཡིན་ཞིང་། དེ་ལྟར་ཤེས་རྒྱུད་ཀྱིས་ཟིན་མ་ཟིན་གྱི་སྒྲ་ཐམས་ཅད་འོད་གསལ་བའི་ཡེ་ཤེས་སྒྲར་ཤར་བ་དང་། རྣམ་རྟོག་ཐམས་ཅད་ཀྱི་འཆར་གཞི་རིག་པ་ཡིན་པས་རིག་ཆ་ཟང་ཐལ་དེའི་ཀློང་དུ་བག་ཆགས་གསོག་ལོང་མེད་པར་གྲོལ་བས་རིག་པའི་ཆ་ཐུགས་ལྟར་ཤར་བ་ཡིན་པས་དེ་ལ་ངེས་ཤེས་འདྲོང་བའི་ངང་དུ་གོམས་མཐར་ཉམས་དང་མ་འདྲེས་པའི་རིག་པ་ངོ་སྤྲད་པ་དེའོ། །གཉིས་པ་གློ་བུར་ཕཊ་བརྗོད་པས་རྟོག་པ་འགགས་པའི་མཐུས་འོད་གསལ་ངོས་ཟིན་པ་ལྟ་བུ་དེ་ཡིན། གསུམ་པ་གནས་འགྱུ་རིག་གསུམ་ལ་གོམས་རྗེས་གཟོད་དེ་དང་མ་འདྲེས་པའི་རིག་པ་ངོ་སྤྲད་པ་ཡིན་གསུངས། གཞན་ཡང་དམིགས་གཏད་ཅན་གྱི་ཞི་གནས་སྨིན་མཚམས་སུ་ཡི་གེ་ཧཱུྃ་གསལ་ནས་དབུགས་ཕར་འཕང་ཚེ་ཕྱིར་བཀྱེད། དབུགས་ཚུར་རྔུབ་ཚེ་ཧཱུྃ་ཡིག་སྨིན་མཚམས་སུ་གནས་པ་ལ་སེམས་བཟུང་བའི་ཞི་གནས་འགྲུབ་ཚེ་ཉམས་དང་མ་འདྲེས་པའི་འོད་གསལ་ངོ་སྤྲད་ཚུལ་སོགས་མང་ངོ་། ༈ །བླ་མ་ཆོས་དབྱིངས་རང་གྲོལ་གསུང་རྒྱུན་ལྟར་ན་དབྱིངས་རིག་འདྲེས་ཟེར་བ་དེ། རིག་པའི་ངོ་བོ་ཡེ་སྟོང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལྟ་བུའི་ཕ་མཐའ་ཡས་པ་དེ་དབྱིངས། དེ་ངེས་མཁན་གྱི་རིག་པ་དེ་ཡེ་ནས་ཟུང་འཇུག་ཡིན་པས་དེ་ངོ་འཕྲོད་ནས་གོམས་པའི་ཀུན་རྟོག་རང་ཞིག་ཏུ་སོང་བའི་ཐ་མལ་སྣང་ཞེན་ཐམས་ཅད་སྟོང་དབྱིངས་ཀྱི་ཀློང་དུ་རང་ཞིག་ནས་གང་ཡང་མི་སྣང་བར་མཁྱེན་ཆ་ནང་གསལ་དུ་གྱུར་ཚེ་དབྱིངས་རིག་འདྲེས་པ་ཡིན་གསུངས། གཉིས་པ་ཐག་གཅིག་ཐོག་ཏུ་བཅད་པ་ནི། གོང་དུ་བཤད་པ་ལྟར་བཞག་ཐབས་སོགས་ཀྱི་ཐབས་བྱུང་དུ་རིག་པ་ངོ་འཕྲོད་རྗེས་སུ་དེ་དང་ཡེ་ནས་དབྱེར་མེད་པའི་སྐྱོན་ཡོན་གང་གིས་མ་བསླད་པའི་ད་ལྟའི་ཤེས་པ་ཟང་ཐལ་འདི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱ་མཐར་ཐུག་པ་འདི་ལས་ལྷག་པ་མེད་པ་དང་འཁྲུལ་མ་མྱོང་བའི་སངས་རྒྱས་སུ་ཐག་བཅད་པའོ། །གདེངས་གྲོལ་ཐོག་ཏུ་འཆའ་བ་མེད་ན་ལམ་འོག་མ་ཞི་གནས་སུ་འགྱུར་བས། ལམ་འོག་མར་འདོད་ཆགས་ཀྱི་གཉེན་པོ་མི་སྡུག་སོགས་བསྒོམ་ཡང་ལམ་འདིའི་དག་བྱ་ཡིན་པས། གཉེན་པོའི་སྟོབས་ཀྱིས་གྲོལ་བ་སྐབས་འདིར་གཏན་ནས་མིན་ཏེ། རིག་པ་ཟང་ཐལ་དེ་བག་ཆགས་ཀྱིས་ཡེ་ནས་བཅིང་མ་མྱོང་བས་ན་གཉེན་པོ་བརྟེན་མི་དགོས་པའི་གནད་ནི་དེ་ཡིན་ནོ། །དེ་ཡང་གྲོལ་བ་དེ་ལ་བཞི་ལས་ཡེ་གྲོལ་ནམ་མཁའ་ལྟ་བུ་ནི། རིག་པ་ཡེ་ནས་བག་ཆགས་ཀྱིས་མ་བཅིང་འཆིང་གྲོལ་ལས་འདས་པའི་རིག་པ་བྱང་ཆུབ་སེམས་དེ་གང་མ་བཅིང་བས་ན་གྲོལ་རྒྱུ་མེད་པར་ཡེ་ནས་ནམ་མཁའི་གཤིས་སུ་སྤྲིན་མ་ཞུགས་པ་ལྟ་བུ་ཡིན་པས་ན་ཡེ་གྲོལ་ནམ་མཁའ་ལྟ་བུ། རང་གྲོལ་སྦྲུལ་མདུད་བཤིག་པ་ལྟ་བུ་ནི། ད་ལྟའི་ཐ་མལ་གྱི་ཤེས་པ་མ་བཅོས་པའི་ཡེ་ཤེས་དེའི་རང་ས་ཟིན་པས་དུས་གསུམ་གྱི་རྟོག་པས་རང་ཚུགས་མི་ཐུབ་པར་རང་ཞིག་པ་སྟེ། དཔེར་ན་སྦྲུལ་མདུད་བཤིག་པ་ལ་རང་ལས་གཞན་ལ་ལྟོས་མི་དགོས་པ་བཞིན་ནོ། །ཅེར་གྲོལ་ཆུ་ཟླ་དང་ཐ་དད་དུ་སྣང་ཡང་། དོན་ལ་ཆུ་ཟླ་ཆུ་དང་དབྱེར་མེད་པ་བཞིན་དུ་རིག་པས་རང་ས་བཟུང་ནས་རྟོག་པའི་རྗེས་སུ་མི་འབྲང་བར་བྱེད་པས་ཤར་ཆའི་རྟོག་པ་རྣམས་ཤར་གཞིའི་རིག་པ་དང་གཉིས་སུ་མེད་པར་རང་གྲོལ་བའོ། །ཤར་གྲོལ་རྦ་རླབས་ལྟ་བུ་ནི། ཆུ་རླབས་དང་པོ་ཆུ་ལས་བྱུང་། བར་དུ་ཆུ་ལ་གནས། ཐ་མ་ཆུ་ལ་ཐིམ་པ་བཞིན། དང་པོ་རྟོག་ཚོགས་རིག་པ་ལས་ཤར། བར་དུ་འོད་གསལ་རང་ལ་ཐིམ་པའི་གནད་ཀྱིས། མཐར་རྟོག་ཚོགས་ཐམས་ཅད་རིག་པར་གྲོལ་བའོ། །དེ་ལྟར་གྲོལ་ཚུལ་བཞིའི་སྒོ་ནས་རྟོག་ཚོགས་ཐམས་ཅད་བག་ཆག་བསོགས་ལོང་མེད་པར་གྲོལ་བའོ། །སྣང་སྲིད་བླ་མར་འཆར་བའི་དག་སྣང་ནི། ད་ལྟའི་འོད་གསལ་བའི་ཡེ་ཤེས་འདི་བླ་མ་ཆོས་སྐུ་དངོས་ཡིན་པས། དེའི་རང་རྩལ་ལས་འཁོར་བར་སྣང་བ་ཀུན་བྱུང་བའི། གཟུགས་སྣང་ཡང་དེ་རྗེས་སུ་མ་འབྲང་བའི་སྣང་ཙམ་དེ་མདོག་མ་རྗེས་སྤུ་མ་བསྒྱུར་བ་འདི་བླ་མའི་སྐུ་ཡིན་པས། ལེའུ་བདུན་མ་ནས་འདི་ལྟར་མིག་གི་ཡུལ་དུ་སྣང་བ་སོགས་གསུངས་པ་ལྟར་སྣང་གྲགས་རིག་གསུམ་བླ་མའི་རོལ་བར་ཤེས་པ་དེ། མདོར་ན་སྔར་བྱིན་རླབས་འཕོ་སྟོབས་ཀྱི་ངོ་སྤྲོད་དུས་ཀྱི་གོ་བ་དེ་འདིར་དྲང་པ་ལས་གཞན་མི་དགོས་གསུངས། བླ་མ་འཇིགས་འོད་ཞལ་རྒྱུན་ལྟར་ན་རིག་པས་དབྱིངས་མཐོང་བས་རིག་པ་བརྗོད་ཀྱི། རིག་པའི་ལྡོག་པ་དེ་རང་གིས་རང་མཐོང་མི་སྲིད་གསུངས། ཀུན་གཞི་སེམས་མེད་གནས་སྐབས་ལྔ་ན་ཡོད་ཅིང་། ངོ་བོ་རྟོག་མེད་ལུང་མ་བསྟན། ཀུན་གཞིའི་རྣམ་ཤེས་དེའི་རང་བཞིན་གསལ་རིག་གི་ཆའམ་རྟོག་པ་འཕྲོ་ལ་ཁད་པའི་གསལ་ཆ་ཅན་དེ་ཡིན་ནོ། །ཡང་བག་ཆགས་ཀྱི་རྟེན་བྱེད་མི་བྱེད་ཀྱི་སྒོ་ནས་ཀུན་གཞི་དང་ཆོས་སྐུའི་ཤན་ཕྱེ་བ་ཡིན་གསུངས། འདི་ཤ་ཟིན་སྤུ་ཟིན་མགོ་མཇུག་མེད་པར་བྲིས་པས་གཞན་མཁས་པས་མཐོང་ན་ཁྲེལ་བའི་རྒྱུ་དང་གསང་བསྒྲགས་སུ་འདུག་པས་གཞན་ལ་མི་སྟོན་པར་གྱིས་ཤིག

༈ ཁྱབ་བདག་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །གསང་ཆེན་ཁྲེགས་ཆོད་ཀྱི་ཉམས་ལེན་ལ། ཐོག་མར་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པས་ཐུན་མོང་གི་ལམ་གྱིས་རྒྱུད་སྨིན་པར་བྱས་པའི་སྣོད་ལྡན་ལ། དབང་བཞི་སྤྱི་དང་ཁྱད་པར་དབང་བཞི་པའི་ངོ་སྤྲོད་ཀྱིས་སློབ་མ་ལ་ཆོས་ཐམས་ཅད་ཀྱི་གནས་ལུགས་རིག་པ་རྗེན་པར་ངོ་འཕྲོད་ངེས་སུ་བྱེད་པ་ནི་ཐོག་མར་ལྗོན་ཤིང་གི་རྩ་བ་འཛུག་པ་ལྟར་གལ་ཆེའོ། །དེ་ཡང་བློ་སྦྱོང་གིས་རྒྱུད་སྨིན་པ་གཞིར་བཞག་ལ། དབང་པོ་རྣོ་ན་རིག་པ་མངོན་སུམ་ཅར་ཕོག་དུ་ངོ་འཕྲོད་པ་དང་། དེ་ལས་གཞན་ལ་གོ་བས་ངོ་སྤྲོད་ཚུལ་གཉིས་ཡོད་གསུངས། གང་ལྟར་ཡང་སློབ་མའི་དབང་པོ་ལ་རག་ལས་པ་ཡིན་ནོ། །དངོས་དོན་གནད་བསྡུ་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་རབ་ཐམས་ཅད་ལམ་དུ་བྱ་གཞིའི་སྒོ་ནས་བསྡུ་ན། སེམས་ལམ་བྱེད་ཀྱི་སྟེང་ནས་ཟབ་རྒྱ་ཆེའི་ཕྱོགས་ལམ་དུ་བྱེད་ཚུལ་གསུངས་པ་མདོ་ཕར་ཕྱིན་ཐེག་པ་དང་། སྔགས་རྒྱུད་སྡེ་བཞིའི་ནང་གིབྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད་གསུམ་ཡིན་ལ། སེམས་རགས་པ་ལམ་བྱེད་ཀྱང་ཡོད་མོད་ཀྱང་གཙོ་བོར་ཕྲ་བ་གཉུག་མའི་སེམས་ཀྱི་སྟེང་ནས་ཟབ་རྒྱ་ཆེའི་ལམ་བསྒོམ་པ་ནི་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཡིན་ནོ། །དེ་ལ་མ་ཧཱ། ཨ་ནུ། ཨ་ཏི་ཡོ་ག་སྟེ་ཡོ་ག་གསུམ་དང་། ཨ་ཏི་ཡོ་ག་ལ་ཡང་། ཕྱི་སྐོར། ནང་སྐོར། གསང་སྐོར། བླ་ན་མེད་པའི་སྐོར་དང་བཞི་ལས། མན་ངག་སྙིང་ཐིག་གི་ཆོས་སྡེ་བཀའ་གཏེར་རྣམས་ནི་སྐོར་ཚོ་ཕྱི་མར་གཏོགས་སོ། །འདིའི་ལུགས་ལ་ནི། སྤྱིར་སངས་རྒྱས་མ་ཐོབ་བར་དུ་སེམས་ཀྱི་ཆ་གཏན་བྲལ་མེད་ལ། སེམས་ལམ་བྱེད་ཀྱི་སྐབས་ཡོད་པ་ཡིན་ཀྱང་། ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོའི་སྐབས་སོགས་མ་གཏོགས། གཙོ་བོར་གཉུག་མའི་སེམས་སམ་ཡེ་ཤེས་ལམ་བྱེད་ཁོ་ནའི་སྟེང་ནས་ས་ལམ་ཐམས་ཅད་བགྲོད་ཚུལ་གསུངས་སོ། །དེ་ལྟར་ན་སྤྱིར་སྔགས་བླ་མེད་ཀྱི་ཐུན་མིན་གྱི་གནད་གསང་གཙོ་བོ་སེམས་ཕྲ་རགས་ཕྱེ་བ་ཉིད་ལ་གོ་བ་ཆགས་པ་གལ་ཆེ་བས། ཅུང་ཟད་བཤད་ན་ད་ལྟ་རང་རེ་གཉིད་དང་བརྒྱལ་བ་ནམ་ཞིག་འཆི་བ་སོགས་ཀྱི་སྐབས་སུ་སེམས་རགས་པ་འདི་ནི་ཆུའི་ལྦུ་བ་ཡལ་བ་ལྟར་འགགས་པས། དེའི་ཤུལ་ན་ཤེས་པ་ཞིག་གཏན་མེད་ན། དེའི་ཚེ་གང་ཟག་དེ་སེམས་ཅན་མ་ཡིན་པར་འགྱུར་བ་དང་། སླར་དེས་སྐྱེ་བ་བླང་བའི་ཚེ་སོགས་སུ་དེའི་རྣམ་ཤེས་གློ་བུར་འབྱུང་བ་སོགས་དང་། ད་ལྟའི་སེམས་རགས་པ་འདི་ནི་ཡུལ་རྐྱེན་སོགས་ཀྱིས་དགེ་མི་དགེ་ལུང་མ་བསྟན་དང་། དེ་ལའང་ནང་གསེས་སྣ་ཚོགས་པའི་རྣམ་པར་འགྱུར་ཞིང་འཆར་བ་མཚོ་ལས་རླབས་ཆེ་ཆུང་སོགས་འཆར་བ་ལྟ་བུ་འདི་ལ། གང་ལས་མཆེད་ཅིང་འཆར་གཞི་ཞིག་ཡོད་དགོས་ཏེ། དེ་མེད་ན་རྐྱེན་གྱི་དབང་གིས་སྣ་ཚོགས་པ་འཆར་བར་མི་འགྱུར་རོ། །དཔེར་ན་གཟུགས་བརྙན་སྣ་ཚོགས་འཆར་བ་ལ་གཞི་མེ་ལོང་དྭངས་གསལ་དགོས་པ་བཞིན། དེས་ན་ད་ལྟའི་སེམས་རགས་པ་འདིའི་འཆར་གཞི་གཉུག་སེམས་ཡོད་པ་ཡིན་ནོ། །དེ་ལྟར་སེམས་རགས་པ་འདི་གང་ལས་འཆར་བའི་གཞི་གཉུག་སེམས་ཕྲ་བ་ཡིན་པར་ནི་གསར་རྙིང་གི་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ལས་གསུངས་སོ། །ཁྱད་པར་སྔ་འགྱུར་རྙིང་མའི་ནང་རྒྱུད་གསུམ་ལས་གཙོ་བོར་བཤད་ཚུལ་ཞལ་མཐུན་པར་གཉུག་མའི་ཡེ་ཤེས་དེ་དང་། དེའི་སྣང་བས་ཏིལ་ལ་སྣུམ་ཁྱབ་པ་ལྟར་འཁོར་འདས་ཐམས་ཅད་ལ་ཁྱབ་པར་གསུངས་སོ། །ཁྱད་པར་རྫོགས་པ་ཆེན་པོ་མན་ངག་སྡེ་བའི་ལུགས་འདིར་འཁོར་འདས་ཐམས་ཅད་ཀྱི་ཡིན་ལུགས་རིག་པ་སྐུ་གསུམ་གྱི་བདག་ཉིད་དུ་བཞུགས་པར་གསུངས་ཏེ། ངོ་བོ་སྟོང་པའི་རིག་པ་ཆོས་སྐུ། རང་བཞིན་གསལ་བའི་རིག་པ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་ཀྱི་རིག་པ་སྤྲུལ་སྐུ་སྟེ་འདི་ལ་གཞིའི་སྐུ་གསུམ་ཞེས་བྱའོ། །དེ་ལ་ད་ལྟ་སེམས་ཅན་རང་ག་མ་བདག་ལྟ་བུ་ཡང་དབྱིངས་ནང་གསལ་གྱི་སྐུ་གསུམ་དེ་ལས་མ་གཡོས། མི་གཡོ། གཡོ་བར་མི་འགྱུར་བར་ཡོད་པར་གསུངས་ཏེ། འདི་ནི་འདིའི་ཐུན་མོང་མིན་པའི་བཤད་སྲོལ་ཡིན་ནོ། །འདིའི་གནད་དོན་རྒྱས་པར་བྱས་ན་རྒྱ་ཆེ་བ་ནམ་མཁའ་ལྟ་བུ། གཏིང་ཟབ་པ་རྒྱ་མཚོ་ལྟ་བུ་ས་བཅུའི་བྱང་སེམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བརྗོད་མི་ནུས་པར་གསུངས་ན། བདག་འདྲ་བ་བྱིས་པ་ཐ་མལ་ལས་ཀྱང་ཐ་ཤལ་ཞིག་གིས་གོ་ལོ་ཐོས་ལོ་ཙམ་གྱིས་ཕྱོགས་ཙམ་ཡང་མཐོང་བར་མི་ནུས་མོད། འོན་ཀྱང་ཀུན་མཁྱེན་སྔ་ཕྱི་དང་བླ་མའི་གསུངས་ལ་བརྟེན་ཏེ་ཤ་ཟིན་སྤུ་ཟིན་ཙམ་བཀོད་ན། འཁོར་འདས་ཐམས་ཅད་གང་ལས་འཆར་བའི་གཞི་མཐར་ཐུག་ནི་འཁོར་འདས་གང་དུའང་མ་གྲུབ་ཅིང་བརྗོད་དུ་མེད་པའི་འོད་གསལ་རྣམ་པར་མི་རྟོགས་པའི་དབྱིངས་ལས་ཤར་བ་ཡིན་ཏེ། དཔེར་ན་སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་ལས་འཆར་བ་བཞིན་ནོ། །དབྱིངས་དེ་ལས་འཁོར་འདས་དེ་དག་འཆར་བའི་ཕྱིར་འཆར་གཞིའི་དབྱིངས་ཁོ་རང་ནི་གང་དུ་ཡང་མ་གྲུབ་པ་ཞིག་དགོས་ཏེ། དེ་འཁོར་བ་དང་མྱང་འདས་གང་རུང་དུ་གྲུབ་ན་དེ་གཉིས་ཀྱི་གང་གྲུབ་ཀྱང་ཅིག་ཤོས་འཆར་མི་རུང་བ་མེ་ལོང་ལ་གཡའ་དཀར་ནག་གང་གིས་གོས་ཀྱང་དེར་གཟུགས་བརྙན་འཆར་མི་རུང་བ་དང་འདྲའོ། །དེས་ན་ཅིར་ཡང་མ་གྲུབ་ཅིང་བརྗོད་དུ་མེད་པའི་དབྱིངས་འདིར་ནི་འཁོར་འདས་ཐམས་ཅད་ཀྱི་ཐུག་ས། དང་པོའི་འབྱུང་ཁུང་། མཐར་ཟད་ས། གནས་ལུགས་ཀ་དག་རང་བཞིན་སྟོང་ཉིད་སོགས་མང་དུ་བརྗོད་དེ། དོན་ལ་ངོ་བོ་སྟོང་པའི་ཡེ་ཤེས་གཞི་ནང་གསལ་གྱི་ཆོས་སྐུའོ། །དབྱིངས་དེ་ལ་གསལ་བ་ཡེ་ཤེས་ཀྱི་ཆ་ཐིམ་ལ་མ་རྨུག་པ་བུམ་ནང་གི་མར་མེ་བཞིན་ཕྱིར་མ་འཕྲོས་པའི་ནང་གསལ་ཕྲ་བའི་ཡེ་ཤེས་ཏེ། འཇའ་ཤེལ་ཉི་འོད་དང་མ་འཕྲད་པ་འོད་ལྔ་ནང་གསལ་གྱི་ཚུལ་དུ་ཡོད་པ་ལྟ་བུའོ། །འདི་ནི་ལྷུན་གྲུབ་སྣང་བ་རང་བཞིན་གསལ་བའི་ཡེ་ཤེས་གཞིའི་ལོངས་སྐུ་ཞེས་བྱའོ། །དེ་འདྲའི་དབྱིངས་དང་ཡེ་ཤེས་སམ་ཀ་དག་དང་ལྷུན་གྲུབ། སྟོང་གསལ་གྱི་ཆ་དེ་གཉིས་ཀྱང་ཐ་གུ་སྐྱ་བསྒྲིལ་བ་ལྟ་བུ་མིན་པར་རང་རེས་གོ་བ་བླང་དུས་སེམས་ལ་སྟོང་པ་དབྱིངས་ཀྱི་ཆ་དང་སྣང་བ་ཡེ་ཤེས་གསལ་བའི་ཆ་གཉིས་གོ་རྒྱུ་སོ་སོར་འཆར་བ་ཙམ་ཡོད་ཀྱང་ཁོ་རང་གི་ངོས་ནས་དབྱིངས་གསལ་བ་ཡེ་ཤེས་ཀྱི་བདག་ཉིད། གསལ་ཆ་དབྱིངས་ཀྱི་རང་བཞིན་དུ་དབྱེར་མེད་རོ་གཅིག་ཏུ་བཞུགས་སོ། །གཞི་ལམ་འབྲས་གསུམ་གྱི་གཞི་དེ་ཡང་བཤད་མ་ཐག་པ་འདིའོ། །གཞི་དེ་རྟོགས་མ་རྟོགས་སམ། ཤེས་རབ་དང་མ་རིག་པའི་རྐྱེན་གཉིས་ལས་གཞི་དེའི་རྩལ་ལས་འཁོར་འདས་གཉིས་སུ་འཆར་རུང་བ་ཙམ་ལ་ཟུང་འཇུག་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གཞིའི་སྤྲུལ་སྐུ་ཞེས་བྱའོ། །འདི་ནི་སྔ་མ་གཉིས་ལས་ལོགས་སུ་མེད་དོ། །འོན་ཀྱང་གཞི་ལས་འཁོར་འདས་མཆེད་རུང་གི་ཆ་ལ་བཏགས་པར་ཟད་དོ། །དེ་ཡང་བླ་མེད་ཀྱི་རྒྱུད་སྡེ་གཞན་ནས་བཤད་པའི་གཉུག་སེམས་འོད་གསལ་ཞེས་གསུངས་པ་དེ་ནི་གཙོ་བོར་རྫོགས་ཆེན་གྱི་གཞུང་དུ་ངོ་བོའི་རིག་པའམ་དབྱིངས་ཀྱི་ཆ་ལ་སྔར་བཤད་པ་དེ་ལ་གོ་དགོས་ཏེ། འདི་འཆི་དུས་སོགས་སུ་ཤར་རྒྱུ་འཆི་བ་འོད་གསལ་ཟེར་བའི་གྲགས་ཆེན་དེ་ཡིན། འདི་ཇི་ལྟ་བ་བཞིན་ཤར་བ་ལ་ད་ལྟའི་རླུང་ཕྲ་རགས་ཐམས་ཅད་སྙིང་དབུས་ཀྱི་དབུ་མའི་ནང་གི་ཤིན་ཏུ་ཕྲ་བའི་ཐིག་ལེ་དངས་མ་ལྔ་འདུས་སམ་རྫོགས་ཆེན་ཆོས་སྐད་ལ་ལྷུན་གྲུབ་གཞིའི་ཐིག་ལེར་གྲགས་པ་དེར་ཐིམ་པའི་སྐབས་མ་གཏོགས་ཇི་བཞིན་འཆར་བ་མེད་དོ། །རྫོགས་ཆེན་མན་ངག་སྡེ་བའི་ལུགས་འདིར་ངོ་སྤྲོད་རྒྱུ་དང་། ངོ་འཕྲོད་རྗེས་བརྐྱང་རྒྱུའི་རིག་པ་ནི་གོང་དུ་བཤད་མ་ཐག་པའི་འོད་གསལ་དེ་དང་ངོ་བོ་གཅིག་ཅིང་མཐར་དེ་ལ་འབབ་པ་ཡིན་ཀྱང་ཁྱད་པར་ཡོད་དེ། ད་ལྟ་རྣམ་རྟོག་མེ་ལྕེ་མཆེད་པ་ལྟར་འཕྲོ་བའི་སྐབས་འདིར་ལས་རླུང་ཕར་ཐིམ་པ་མིན་པར་ཚུར་བོར་བཞིན་པ་ཡིན་ཀྱང་། རྣམ་རྟོག་བཟང་ངན་བར་མ་ཐམས་ཅད་ལ་ཁྱབ་པ། རྣམ་རྟོག་གི་སྲོག་དང་། བཅུད་ལྟ་བུའི་རྣམ་རྟོག་གི་རང་བཞིན་དུ་ཡོད་པའི་ཅིར་ཡང་འཛིན་པ་མེད་པའི་ཧྲིག་གེརྗེན་ནེ། འདི་ཡིན་དང་འདི་མིན་གྱི་ངོས་བཟུང་དང་བྲལ་བ་དུས་གསུམ་གྱི་ཡུལ་ལ་འཕྲོ་བའི་རྣམ་རྟོག་གིས་མ་གོས་པ། ནམ་མཁའ་རྟེན་མེད་ལ་སྤྲིན་དཀར་ལིང་ངེར་གནས་པ་ལྟ་བུ་ཞིག་ཡོད་པ་དེ་ཡིན་ཏེ། འདི་ལ་ཐུགས་རྗེའི་རིག་པ་ཟེར། དབྱིངས་ངོ་བོའི་རིག་པ་དང་། ཐུགས་རྗེའི་རིག་པ་གཉིས་སྔར་བཤད་པ་ལྟར་ངོ་བོ་གཅིག་ཀྱང་། དབྱིངས་རིག་གཉིས་ལས་འདིར་རིག་པའི་ཆ་ནས་ངོ་འཕྲོད་པ་དང་ངང་བརྐྱང་བ་དགོས་ལ། འདི་ལ་ཐོག་མར་དབུ་མར་རླུང་ཐིམ་པ་སོགས་ཀྱང་མི་དགོས་པར་གཉུག་སེམས་མངོན་དུ་བྱེད་ནུས་པ་ཡིན་ནོ། །ཐུགས་རྗེའི་རིག་པའམ་རྩལ་གྱི་རིག་པ་འདི་ནི་རྒྱལ་པོ་གདན་དང་མ་བྲལ་བ་ཟེར་བ་ལྟར་དབྱིངས་སྤྲོས་བྲལ་གྱི་ངང་ལས་གཡོ་མ་མྱོང་ཞིང་རང་ཉིད་སྤྲོས་པའི་མཚན་མ་གང་གི་ངོ་བོར་ཡང་མ་སྐྱེས་པ་དངུལ་ཆུ་རྡུལ་ཁྲོད་ལྷུང་བ་ལ་རྡུལ་གྱིས་གོས་པ་མེད་པ་ལྟར་རིག་པ་འདི་ཡང་ཆགས་སོགས་ཉོན་མོངས་པ་དང་། དད་སོགས་དགེ་བའི་རྟོག་པ་ཐམས་ཅད་དང་། ལུང་མ་བསྟན་གྱི་རྣམ་རྟོག་ཐམས་ཅད་ཀྱི་རང་བཞིན་དུ་གནས་ཀྱང་རྟོག་པ་དེ་དང་དེར་གྱུར་མ་མྱོང་བ་ཡིན་ནོ། །དེས་ན་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཅིར་ཡང་མ་གྲུབ་པའི་རྣམ་པར་མི་རྟོག་པའི་དབྱིངས་ཀྱི་རྒྱལ་ཁབ་ལས་གཡོ་མ་མྱོང་བའི་ཤེས་རབ་ཡིན་ལ། འདི་ལམ་དུ་བྱེད་ཚུལ་ལེགས་པར་ཐོན་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་གི་དབྱིངས་ལ་རེག་སླ་ཞིང་གནས་ལུགས་ཀྱི་གཏིང་ལ་སླེབ་ནུས་པའི་ཤེས་རབ་བམ། སོ་སོར་རྟོག་པའི་ཡེ་ཤེས་སམ། ལྷག་མཐོང་གི་རྒྱལ་པོ་ཡིན་ཏེ། དེ་ན་རྒྱལ་པོ་ཆེན་པོའི་མཛོད་ཀྱི་བྱན་པོ་ལ་འདྲིས་ཆ་བཏང་ནས་གྲོགས་སུ་ཁུག་ན་རྒྱལ་པོའི་བང་མཛོད་ཀྱང་བརྡོལ་ནུས་པ་ལྟ་བུའོ། །རྫོགས་ཆེན་སྐབས་སུ་རིག་པ་ཞེས་ཡོད་ན་དེས་ཆོགམེད་ན་ཐབས་ཆགས་ཤིག་གསུང་རྒྱུ་དེ་ལྟར་ཡིན་ནོ། །དེས་ན་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེར་རྟོགས་བྱ་ངོ་བོའི་རིག་པའམ་དབྱིངས་ཀྱི་ཆའི་ངོ་སྤྲོད་གསུངས་པ་ཡོད་ཀྱང་། རྟོགས་བྱེད་ཤེས་རབ་ཀྱི་རིག་ཆ་ཐུགས་རྗེ་ཀུན་ཁྱབ་ཀྱི་རྩལ་རིག་འདི་རྗེན་པར་ཕུད་ནས་བསྐྱངས་པས་འཁྲུལ་བའི་སྦུབས་ལས་འཐོན་ཏེ། མ་འཁྲུལ་གཉུག་མའི་རྒྱལ་སར་འཁོད་ལུགས་འདི་རྫོགས་ཆེན་མན་ངག་སྡེ་བའི་ཁྱད་ཆོས་ཀྱི་རྩ་བ་ཡིན་ཏེ་གོ་བ་ཉུང་དོན་འདིར་དབྱིངས་རིག་གི་ཆ་གཉིས་སུ་ཕྱེ་བའི་རིག་པའི་ངོ་སྤྲོད་གཙོ་ཆེ་ཡང་དེར་དབྱིངས་ཀྱི་ངོ་སྤྲོད་འདུས་པ་ཡིན་ཏེ། འདི་ཐོག་མར་ངོ་སྤྲོད་དུས་ནས་ད་ལྟ་ཐ་མལ་རང་བབ་ཀྱི་རིག་པ་ཅིར་ཡང་བརྗོད་དུ་མེད་པ་འདི་ཀ་འཁོར་འདས་ཐམས་ཅད་གནས་ལུགས་སུ་ངོ་སྤྲད་པ་ཡིན་པའི་ཕྱིར་རོ། །དེས་ན་རྫོགས་ཆེན་རིག་པ་ངོ་འཕྲོད་ཟེར་བ་དེ། དཔེར་ན་འཕགས་པའི་མཉམ་གཞག་ཡེ་ཤེས་བཤད་པ་ལྟ་བུ་སྟེ། གཉུག་མའི་རིག་པ་དེའི་སྟེང་དུ་སླེབས་པ་ན་དེའི་ངོར་སྤང་བྱ་འཁོར་བ་དང་། བླང་བྱ་མྱང་འདས་ཀྱི་སྣང་བ་ཅིར་ཡང་མེད་པ་གཏད་སོ་ཀུན་བྲལ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུ་དེ་ཆོས་དབྱིངས་སུ་ངོ་འཕྲོད་ན་རིག་པ་ངོ་སྤྲོད་ཐེབས་པ་ཡིན་གྱི། སེམས་ཙམ་འཇོག་ཙམ་གྱི་མི་རྟོག་པ་ལ་རིག་པར་འཁྲུལ་བ་དང་། དེ་ལ་གསལ་ཆ་བཏོན་ནས་ཀུན་གཞི་མིན་ཟེར་བ་སོགས་ནི་རིག་པ་ངོ་འཕྲོད་པ་མིན་ནོ། །འདི་འདྲ་བ་ནི་སེམས་གནས་དགུ་བ་འདོད་སེམས་རྩེ་གཅིག་པ་དང་། ཞི་གནས་ལའང་ཡོད་ལ། ཁྱད་པར་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་གསལ་བ་དང་མི་རྟོག་པའི་ཉམས་ཆ་མཉམ་ལ་ཤིན་ཏུ་ལས་སུ་རུང་བ་ངོ་མཚར་བ་ཡོད་པ་ཡིན་ཀྱང་རིག་པ་ཡེ་ཤེས་ཀྱི་ཕྱོགས་ལ་ཉེ་བ་མིན་ནོ། །དེས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་གྲོལ་བ་འདོད་པ་རྣམས་ལ་མེད་དུ་མི་རུང་བ་མདོ་སྔགས་གཉིས་ཀའི་ལུགས་ཡིན་པས། རྫོགས་པ་ཆེན་པོ་ལ་གནས་ལུགས་རྟོགས་པའི་ལྟ་བ་སྨོས་ཅི་དགོས། དེར་མ་ཟད་གནས་ལུགས་རྟོག་པའི་ལྟ་བ་བདེ་བླག་ཏུ་རྙེད་ཅིང་། ཆོས་ཀྱི་དབྱིངས་ཀྱི་གཏིང་དུ་སླེབ་མྱུར་བ་ལ་ལམ་འདི་འདྲ་བ་མེད་ཚུལ་ལ་གོ་ན་བཙལ་བ་ཤིན་ཏུ་གལ་ཆེ་ཞིང་མདོ་ཙམ་སྔར་སྨོས་ཟིན་ཏོ། །རིག་པའི་ངོ་སྤྲོད་མ་ནོར་བར་ཐེབས་ན་མིག་ཡོད་ན་གཟུགས་མཐོང་བ་རང་ཆས་སུ་ཡོད་པ་ལྟར་ཆོས་ཉིད་སྟོང་པ་ཉིད་མཐོང་བ་རིག་ཐོག་ཏུ་ཐོན་པ་དེ་ཀ་ལས་ལོགས་སུ་ཚོལ་མི་དགོས་སོ། །དེས་ན་མཉམ་གཞག་ཏུ་རིག་པ་རྗེན་པར་ཕྱུང་སྟེ་དེ་ལ་མཉམ་པར་བཞག་ནུས་ན་དེའི་ཚེ་ཚོགས་དྲུག་གི་ཡུལ་སྣང་གང་ཡང་མི་འཆར་བར་རིག་པ་ཉག་གཅིག་ཏུ་གྱུར་སོང་བ་ལྟ་བུ་དང་། རིག་ཐོག་ནས་གཟུགས་སྒྲ་སོགས་ལ་གཏད་ན་དེ་དག་རིག་པ་ལ་འཆར་ཡང་གཏད་ས་ཞེན་པ་ཅན་གྱི་ཐ་མལ་བ་ལ་འཆར་བ་ལྟ་བུ་མིན་པར་སྣང་ཙམ་དང་། མིང་ཙམ་ལས་ཡུལ་སྟེང་ནས་ཚུར་གྲུབ་པ་མེད་པར་འཆར་ནུས་པར་གསུངས་སོ། །མདོར་ན་སྔགས་བླ་མེད་ཀྱི་རྫོགས་རིམ་གཞན་གྱི་སྐབས་སུ་ངོ་བོའམ་རིག་པའི་འོད་གསལ་འཆི་དུས་སུ་ཤར་བ་དེ་འདྲ་བ་ཞིག་བསྐྱེད་པའི་ཆེད་དུ་རྩ་རླུང་ཐིག་ལེ་ལ་སེམས་གནད་དུ་བསྣུན་པས་འཆི་དུས་བཞིན་དུ་རླུང་སེམས་ཐམས་ཅད་སྙིང་དབུས་མི་ཤིག་པའི་ཐིག་ལེར་སྡུད་པའི་ཐབས་ལས་གལ་ཆེ་བ་གཞན་མེད་ལ། འདིར་ནི་རིག་པ་ངོ་སྤྲད་ནས་སྐྱོང་བ་ཉིད་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པའི་དོད་དང་། དེ་ཉིད་ངོ་སྤྲོད་ཚུལ་གྱི་མན་ངག་གི་གནད་ཀྱིས་གནས་ལུགས་རྟོགས་པའི་ལྟ་བའང་དེ་ཉིད་ཡིན་པས་འདི་ཁོ་ན་ལ་ཀུན་མཁྱེན་ཆེན་པོའི་མན་ངག་དང་། བརྒྱུད་ལྡན་བླ་མའི་གསུང་དང་། རང་གི་དད་པ་དང་བརྩོན་འགྲུས་གང་ཡོད་ཆིག་དྲིལ་གྱིས་གོ་མྱོང་རྟོགས་གསུམ་འཚོལ་བ་ལ་འབད་དགོས་པར་གསུངས་སོ། །དེ་ལྟར་ངོ་འཕྲོད་པའི་རྗེས་དེའི་ངང་བསྐྱང་བ་ལ་སྒོམ་ཟེར། དེ་ཡང་སེམས་ལམ་བྱེད་སྐབས་ལྟར་བསྒོམ་བྱ་དང་། སྒོམ་བྱེད་གཉིས་སུ་བྱས་ནས་བློས་འཛིན་ཚུལ་འདི་ལྟར་བྱེད་པའི་ཚུལ་གྱིས་དམིགས་པ་བརྐྱང་ཟེར་བ་འདིར་མེད་ཀྱང་། ལས་དང་པོ་བས་བྱུང་གནས་འགྲོ་གསུམ་བཙལ་བ་ལྟ་བུ་དང་། ཅུང་ཟད་གོམས་ནས་སེམས་དུས་གསུམ་གྱི་ཡུལ་གྱི་རྗེས་སུ་འབྲང་བ་རང་བབས་སུ་བཞག་པའི་ཐབས་ཀྱིས་དྭངས་སུ་བཅུག་ནས་རང་གི་ཤེས་པ་ཕྱི་ཡུལ་རྐྱེན་གྱི་ཚོས་མ་བསྒྱུར། ནང་རྣམ་རྟོག་ཕྲ་རགས་ཀྱི་གཡས་མ་གོས་པ། དྲན་མེད་ཀྱི་ཧར་པོར་མ་སོང་། རྟོག་དཔྱོད་ཀྱི་རྩོལ་བས་མ་བསླད་པ་རིག་གེ་རྗེན་ནེ་བ་དེ་ཀའི་ངང་དུ་རྒྱ་མཚོ་ཆེན་པོ་རླུང་གིས་མ་བསྐྱོད་པ་ལྟར་མེར་རེ་ཀྱི་ལེར་བཞག་གོའདིའི་དུས་སུ་རྣམ་རྟོག་སྤངས་བླང་གི་རྩོལ་བས་གཡོས་ན་ཅོག་བཞག་གི་བཞག་ཐབས་དང་བྲལ་བས། རིག་པ་ཟང་ཐལ་གྱི་དབྱིངས་ལ་གནས་མི་ནུས་པས་མ་བཅོས་ཅོག་བཞག་གི་བཞག་ཐབས་ལ་མཁས་པར་བྱ་དགོས་གསུངས་སོ། །དེ་ཡང་ཐུན་ཆུང་ལ་གྲངས་མང་བ་རྒྱུན་མི་ཆད་པ་ཁང་རྒན་གྱི་ཐིགས་ཆུ་ལྟར་སོས་བརྡལ་ནས་བསླབ། ལས་དང་པོ་པས་ནི་ཆོས་ཉིད་ཀྱི་དྲན་པ་དགོས་ཟེར་བས་མཐོ་བརྙབ་མི་བྱེད་པར་ཉམས་ལེན་སྟེང་དུ་བཞག་དགོས་པ་བར་སྐབས་དྲན་དུ་བཅུག་པ་དང་། རང་སེམས་ཇི་ལྟར་གནས་ལ་བརྟགས་པ་བྱ་བ་ཤེས་བཞིན་གྱི་བྱ་ར་ཡང་གལ་ཆེ། དེ་ལྟར་རིམ་གྱིས་བསླབ་པས་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་ངོ་ཤེས་ཀྱི་མི་དང་འཕྲད་པ་ལྟ་བུ། དེ་ནས་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱི་མདུད་པ་རང་ཞིག་པ་ལྟ་བུ། དེ་ནས་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུའི་ཉམས་ཏེ། དེ་གསུམ་གྱི་ཕྱི་མ་འདིའི་དུས་སུ་རིག་པ་དངོས་ལ་རེག་པ་ཡིན་པར་རིག་འཛིན་འཇིགས་མེད་གླིང་པས་གསུང་ཡོད་ཚོད་ཡིན། འདི་དག་གི་དུས་སུ་རྣམ་རྟོག་ཕྲ་རགས་དང་། དེ་ཡང་དགེ་མི་དགེ་ལུང་མ་བསྟན་གང་སྐྱེས་ཀྱང་རྗེས་སུ་མི་འབྲང་། གཉེན་པོ་ལོགས་ནས་འཚོལ་བས་མི་སྤང་བར་རྣམ་རྟོག་ཤར་བ་ངོ་ཤེས་ཚེ་གང་ཤར་དེ་ཀའི་ངོ་ལ་བལྟས་པས། རྣམ་རྟོག་དེའི་ཕྱི་ཡུལ་ལ་འཕྲོ་བའི་ཆ་ཆད། ནང་འཛིན་པས་བཅིངས་བ་ཡང་ཞིག་ནས་གཏད་ཞེན་གང་ཡང་མེད་པ་ཡངས་ཁྲོལ་ལེ། རྗེན་ནེ་བ་དེ་ཀའི་སྟེང་དུ་བྱ་བ་གྲུབ་ཟིན་གྱི་སྐྱེས་བུ་ལྟར་བཞག་གོདེ་ལྟར་མཉམ་བཞག་ཏུ་རིག་པ་ལ་རྟོག་པའི་གཡའི་གོས་བཤུས་ནས་བཞག་པ་རྩལ་དུ་བཏོན། རྗེས་ཐོབ་ཏུ་ལས་དང་པོ་བས་ནི། ཡུལ་ཡིད་དུ་འོང་མི་འོང་གང་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཀྱང་དེ་ལ་ཐབས་སྣ་ཚོགས་ཀྱིས་ཆགས་སྡང་བསྐྱེད་པ་འགོག་ཅི་ནུས་སུ་བྱ། རིག་པའི་ཉམས་ལེན་ཅུང་ཟད་བརྟན་པ་ན། མཉམ་གཞག་གི་རིག་པ་དྲན་ནས་མེ་ལོང་ལ་གཟུགས་བརྙན་ཤར་བ་མེ་ལོང་ལས་ལོགས་སུ་མེད་པ་ལྟར་ཚོགས་དྲུག་གི་སྣང་བ་ཡང་རང་གི་རིག་པའི་མེ་ལོང་ལ་རྐྱེན་འཚོགས་པའི་དབང་གིས་འཆར་བ་ཙམ་མ་གཏོགས་མེད་སྙམ་ནས་མེད་སྣང་དུ་མཐོང་བ་ལ་རྩལ་སྦྱངས་པས། ནམ་ཞིག་བདེ་རྐྱེན། སྡུག་རྐྱེན། རྙེད་མ་རྙེད། སྙན་མི་སྙན། བསྟོད་སྨད་སོགས་གང་དང་ཕྲད་ཀྱང་། གཟུགས་སྣང་བཟང་ངན་ཐམས་ཅད་གཟུགས་བརྙན་ལྟ་བུ། སྒྲ་སྙན་མི་སྙན་ཐམས་ཅད་བྲག་ཆ་ལྟར་དུ་མཐོང་ནས་ཆགས་སྡང་གི་རྟོག་པའི་མགོ་བརྩམ་པ་ཙམ་ནས་གཏད་མེད་དུ་ཡལ་འགྲོ་བའི་མྱོང་བ་སྐྱེས་ཏེ། ཡུལ་སྣང་དེ་དག་གིས་རིག་པའམ་ལྟ་བའི་ཉམས་ལེན་ཕར་ཕྲོག་མི་ནུས་པར། ལན་ཚྭ་ཆུར་ཞུ་བ་ལྟར་ཚུར་རིག་དབྱིངས་སྟོང་ཆེན་ནམ་མཁའ་ལྟ་བུའི་ཀློང་དུ་ཡལ་འགྲོ་བ་ཞིག་ཡོད་གསུངས། འདིའི་དུས་སུ་རང་སྣང་དབང་དུ་འདུ་ཟེར་བ་དེའི་མགོ་རྩོམ་པ་ཡིན་ནི་རེད། སྤྱིར་ཞི་གནས་བརྟན་པ་གྲུབ་པས་ཀྱང་དེ་ལ་མཉམ་པར་བཞག་པ་དང་། རྗེས་ཐོབ་དུ་རྩི་མ་ཡལ་བར་གནས་པའི་སྐབས་སུ་ཆགས་སོགས་འཆར་བའི་གོ་བཀག་པ་ཙམ་དང་གཏན་མི་འདྲ་བར་ཉོན་མོངས་པའི་རྩ་བ་མ་རིག་པའི་གཉེན་པོ་ཆོས་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་བདེན་འཛིན་གྱི་གཏིང་འབྱིན་པ་ལ་ཕྱོགས་པ་ཡིན་པར་ཤེས་པར་བྱའོ། །སརྦ་མངྒ་ལཾ།། །།

འོད་གསལ་རྫོགས་པ་ཆེན་པོའི་ལམ་གནད་ལེགས་པར་སྟོན་པའི་ཟིན་བྲིས་ཐོར་བུའི་སྐོར།

བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིར་འོད་གསལ་རྫོགས་པ་ཆེན་པོའི་ལམ་གནད་ལེགས་པར་སྟོན་པའི་ཟིན་བྲིས་སྐོར་ཐོར་བུ་ཞིག་ལ། སྤྱིར་རྫོགས་ཞེས་པ་ནི། རང་བྱུང་ཡེ་ཤེས་འདི་ཉིད་ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཅན། སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ་རྫོགས་པ་ནའོ། །ཆེན་པོ་ཞེས་པས་༼དུས་ཀྱི་འོད་གསལ་ལྟ་བུའི་དབྱིངས་ཀྱི་དོན་དམ་ཡིན། དེ་ནི་ཀུན་རྟོག༽ནི། ལམ་ཐམས་ཅད་ལས་གཞན་དུ་འཕགས་པས་ནའོ། །སྤྱིར་ལམ་དུས་སུ་ངོ་སྤྲད་རྒྱུའི་རིག་པ་ནི། རྫོགས་ཆེན་སྐབས་ཀྱི་ནི་གཙོ་ཆེར་གཞི་སྣང་དུས་ཀྱི་རིག་པ་ཡིན་ལ། དེ་ནི་ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་ཤེས་རབ་རིག་ཆ་ནས་ངོ་སྤྲད་དགོས། སྒྱུ་འཕྲུལ་གསང་སྙིང་གི་སྐབས་ན་གཏན་ཚིགས་ལ་བརྟེན་ནས་ངོ་སྤྲད་བྱའི་གནས་ལུགས་ནི་འཆི་དུས་ཀྱི་འོད་གསལ་ལྟ་བུའི་དབྱིངས་ཀྱི་དོན་དམ་ཡིན་ལ། དེ་ནི་ཀུན་རྟོག་ཕྲ་རགས་བཞོན་པ་དང་བཅས་པ་བསྒོམ་སྟོབས་ཀྱིས་མིན་པར་འཆི་སྟོབས་ཀྱིས་ཐིམ་པས་རྣམ་པར་མི་རྟོག་པའི་དབྱིངས་ཤུགས་ཆེ་བའི་འོད་གསལ་འཆར་ལ། རྒྱུད་འདི་དེ་ཆོས་ཐམས་ཅད་ཀྱི་ཡིན་ལུགས་ངོ་འཕྲོད་པའི་ཤེས་རབ་ཀྱིས་ཟིན་པ་མ་གཏོགས་དེ་དང་ཆ་འདྲ་བའི་འོད་གསལ་གྱི་དབྱིངས་མངོན་དུ་བྱེད་པ་ཡིན་ལ། རྫོགས་པ་ཆེན་པོའི་མན་ངག་སྡེའི་སྐབས་སུ་དབྱིངས་དེའི་ཆར་གྱུར་པའི་དབྱིངས་དེ་ཉིད་ངེས་བྱེད་ཀྱི་ཤེས་རབ་རིག་ཆ་ངོ་སྤྲད་པ་ཡིན་ལ། དེ་ཡང་གཞི་དང་གཞི་སྣང་གཉིས་ཀ་ལས་གཞི་སྣང་གི་རིག་པ་ད་ལྟའི་སེམས་འདིའི་སྟེང་གི་རིག་ཆ་དེ་ངོ་སྤྲད་པས། རིག་ཆ་དེ་ནི་ཡེ་ནས་དབྱིངས་ཀྱི་རྒྱལ་ས་ལས་གཡོ་མ་མྱོང་བའི་ལྷག་མཐོང་ཁྱད་པར་ཅན་ཡིན་པས་རྣམ་པར་མི་རྟོག་པའི་དབྱིངས་ལ་འདྲེས་སླ་བ་ཡི་ཁྱད་དོ། །མདོར་ན་རྒྱུད་གསང་བ་སྙིང་པོར་སྤྱི་དོན་མཛོད་ལྡེ་ལས་གསལ་བར་བཤད་ན་འོད་གསལ་གྱི་རྟོགས་པ་དངོས་སུ་རྙེད་ནས་དེའི་ཆར་གྱུར་པའི་ཤེས་རབ་སྐྱེས་པ་སྟེ། ཁོག་གཞུང་ལས། ལྷུན་གྲུབ་ཡེ་ཤེས་སྒྲོན་མེ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག ། ཅེས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། རྫོགས་ཆེན་སྐབས་སུ། རྟོགས་བྱེད་ཤེས་རབ་རིག་ཆ་རྩལ་དུ་བཏོན་ནས་ངོ་སྤྲད་པ་ཉམས་སུ་བླངས་པས་རིག་པ་དབྱིངས་ཀྱི་རྒྱལ་ཁབ་ཏུ་སོན་སླ་བ་ཡིན་ནོ། །སྙིགས་དུས་འདིར་རྫོགས་ཆེན་གྱི་ཆེད་དུ་བྱ་བའི་གདུལ་བྱ་མང་ཟེར་དགོས་ཏེ། ཀུན་བཟང་ཐུགས་ཀྱི་བསྟན་པ་ཤིན་ཏུ་དར་བའི་དུས་སྐབས་སུ་གསུངས་པའི་ཕྱིར་རོ། །དེ་ལ་དོགས་པ་གཞན་དུ་བཀོད་ཟིན། དོགས་པ་དེ་སེལ་ཚུལ་རང་བློར་འཆར་ཚོད་ཙམ་བྲིས་ན། སྙིང་ཐིག་ཕྱི་མའི་བཀའ་བརྒྱད་དཔལ་ཆེན་འདུས་པའི་བསྐུལ་བྱང་ལས། ལོག་རྟོགས་དངོས་པོར་ཞེན་པའི་སེམས་ཅན་རྣམས༔རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས༔རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད༔ཅེས་པ་ལྟར་ལ། དེའི་དོན་སྐབས་ཀྱི་དབང་གིས་རྒྱལ་བ་སྲས་བཅས་ལ་དྲག་པོའི་ཕྲིན་ལས་མཛད་པར་བསྐུལ་བའི་སྐབས་ཡིན་ནོ། །དེ་ལྟར་ན་འདིའི་རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛད་ཡུལ་དེ་ཞི་རྒྱས་དབང་གསུམ་གྱི་ཕྲིན་ལས་ཀྱིས་འདུལ་སྐལ་མ་ཡིན་པར་ཤེས་ཤིང་། གཞན་ཡང་ཞི་སོགས་ཀྱི་ཕྲིན་ལས་ཀྱི་འདུལ་སྐལ་ཡིན་ན། རྒྱུ་དང་འབྲས་བུའི་ཐེག་པ་གཞན་གྱིས་འདུལ་རུང་དུ་འགྱུར་དགོས་ནའང་། དེས་འདུལ་དཀའ་བས་ཞེས་གསུངས་མ་ཐག་པ་ལྟར་ལ། སྤྱིར་དྲག་པོའི་གདུལ་བྱ་ལ་ཞིང་བཅུ་གང་རུང་ཚང་བའམ་ཉམས་པ་བདུན་དང་ལྡན་པ་དགོས་པ་གྲགས་ཆེ་བ་ལྟར་རོ། །གདུལ་བྱ་དེ་ཉིད་ད་ལྟ་འཕྲལ་རྐྱེན་གྱི་དབང་གིས་དེ་འདྲར་འགྱུར་བ་དང་། སྤྱིར་སྔོན་སངས་རྒྱས་སོགས་སྟོན་པ་ཁྱད་པར་ཅན་དང་མཇལ་ནས་གསང་སྔགས་ཀྱི་ཆོས་ལ་འབྲེལ་བ་ཐོབ་པའི་ངོས་ནས་དགེ་ཚོགས་རླབས་པོ་ཆེའི་བག་ཆགས་ལྡན་པ་ཞིག་ཀྱང་དགོས་ཏེ། དཔེར་ན་རུ་ཏྲའི་བྱུང་བ་བཞིན་ནོ། །དེས་ན་ད་ལྟ་ཡང་སེམས་ཅན་ཤིན་ཏུ་མ་རུང་པ་རྒྱུད་ཉོན་མོངས་པས་འཁྲུགས་པ་ཤས་ཆེ་བར་གྱུར་པའི་སྐབས་འདིར། སངས་རྒྱས་ཀྱི་བསྟན་པ་བཤིག་པ་སོགས་དྲག་པོའི་གདུལ་བྱ་ཤིན་ཏུ་མང་བ་མངོན་སུམ་གྱིས་གྲུབ་ལ་འདི་སྐབས་སུ་ཆོས་འཆད་ཉན་བྱེད་པ་སོགས་ཀྱི་སྒོ་ནས་ཞི་སོགས་གསུམ་གྱི་ཕྲིན་ལས་ཀྱིས་རྫོགས་པ་ཆེན་པོ་བསྟན་ཡུལ་གྱི་གདུལ་བྱ་དབང་རྣོན་ཆེས་མང་ཟེར་བ་ཡིན་ཏེ། དྲག་པོའི་ལས་ཀྱིས་རྟོགས་པ་ངོ་འཕྲོད་པའི་གདུལ་བྱ་ཆེས་ཤིན་ཏུ་མང་ཟེར་བ་ཡིན་བྱས་ན་ཅི་འདྲ་དཔྱད། གཞན་ཡང་། དབང་བཞིའི་སྐབས་སུ་ཚིག་དབང་གིས་དྲག་པོའ ི་ལས་ལ་དབང་ཞེས་པ་དང་ཡང་བསྒྲིགས་ན་གོ་རྒྱུ་ཞིག་ཡོད་དམ། མ་འོངས་དུས་ན་དུས་ཀྱི་འཁོར་ལོའི་དུས་བཞིའི་ཕྱི་མའི་བསྟན་པ་འབྱུང་བ་ན། རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་དམག་གི་རྟ་རྨིག་གི་འོག་ཏུ་ཤི་བའི་སྲོག་ཆགས་ཀྱང་གྲོལ་ངེས་སུ་གསུངས་པ་དེ་དག་ཀྱང་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱར་ཁས་ལེན་དགོས་པ་བཞིན་ནོ། ༈ །ཀུན་གཞི་དང་ཀུན་གཞིའི་རྣམ་ཤེས་ཀྱི་ཁྱད་པར་ལ་དྲི་བ་གནང་བར་ཚད་ལྡན་ཞིག་ཞུ་ཤེས་དཀའ་ཡང་། ཤེས་ཚོད་ཙམ་ཞུ་ན། སྤྱིར་སྐབས་འདིར་ཀུན་གཞི་དང་མ་རིག་པ་ཞེས་པ་གཉིས་དོན་གཅིག་ལ། དེས་ན་སེམས་ཅན་ཐ་མལ་བ་རྣམས་ལ་སྟོད་གཞིའི་འོད་གསལ་དང་། སྨད་གཞི་སྣང་ཆོས་ཉིད་བར་དོའི་སྣང་བ་འཆར་བའི་སྐབས་སུ་ཡང་། རང་ངོ་མ་ཤེས་པའམ། གནས་ལུགས་མ་ཤེས་པའི་རྨོངས་ཙམ་པ་འདི་ཀ་ཡེ་ནས་འབྲལ་མ་མྱོང་བས་བདག་ཉིད་གཅིག་པའི་མ་རིག་པ་ཞེས་བྱ་ཞིང་། དེ་ཀུན་གཞི་ཡང་ཡིན་ཏེ། རང་ངོ་མ་མཐོང་བ་དང་འཁྲུལ་གཞི་ཡིན་པའི་ཆ་ནས་དེ་ལྟར་བརྗོད་དོ། །བདག་ཉིད་གཅིག་ཅེས་པ་ནི་རིག་པ་ཡེ་ཤེས་དང་ཀུན་གཞིའི་རྨོངས་ཆ་གཉིས་ངོ་བོ་གཅིགརྫས་གཅིག་ཟེར་བ་ལྟ་བུ་མིན་པར་གསེར་དང་གཡའ་བཞིན་ཡེ་ནས་འབྲལ་མ་མྱོང་བའི་ཆ་ནས་དེ་ལྟར་བརྗོད་དོ། །ཡོན་ཏན་མཛོད་དུ་གསུངས་པ་ལྟར། ཀུན་གཞིའི་རྨོངས་ཆ་དེ་ཚུར་ཅུང་ཟད་རགས་པར་གྱུར་པའི་གནས་སྐབས་ན། སྔར་ལས་འཛིན་སྟངས་ཅུང་ཟད་གསལ་ཀྱང་། དཔེར་ན་རྒྱང་རིང་པོ་ནས་མི་མང་པོ་འཚོགས་པ་མཐོང་ཡང་རེ་རེ་ནས་འདིའོ་སྙམ་དུ་འཛིན་སྟངས་ཀྱི་་ཡུལ་དུ་བྱ་མི་ནུས་པ་བཞིན་དུ། རྨོངས་པ་དེས་ཀྱང་གསལ་བར་ཡུལ་ཕྱིན་ཅི་ལོག་ཏུ་འཛིན་མི་ནུས་པའི་སྐབས་ན་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །དེ་ལྟར་ན་ཀུན་གཞི་འདི་ལ་ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི་གསུམ་དུ་ཕྱེ་བ་ལས་སྔ་མ་གཉིས་ཀ་བཤད་མ་ཐག་པའི་ཀུན་གཞི་དང་དེའི་རྣམ་ཤེས་གཉིས་ཀའོ། །ཀུན་བཏགས་མ་རིག་པ་ནི་ཆོས་དང་གང་ཟག་གི་བདག་འཛིན་འཁོར་རྩ་མིན་ཕར་ཐེག་ལྟར་ལ་ཐུགཀུན་གཞི་དང་རིག་པའི་ཤན་འབྱེད་ནི། གནད་གསུམ་ཤན་འབྱེད་ལས། ཀུན་གཞི་འཁོར་འདས་ཀུན་གྱི་གཞི་ཡིན་ཏེ༔རྙོགས་མ་ཅན་གྱི་ཆུ་དང་ཁྱད་པར་མེད༔བག་ལ་ཉལ་གྱི་གཏི་མུག་མགོ་རྨོངས་ནས༔ཡེ་ཤེས་རིག་པའི་དྭངས་ཆ་ལྐོག་ཏུ་གྱུར༔ཆོས་སྐུ་རྙོགས་མ་ཅན་གྱི་ཆུ་དང་འདྲ༔གློ་བུར་དྲི་མ་སྤངས་པའི་བདག་ཉིད་ཅན༔རྣམ་གྲོལ་ཡོན་ཏན་ཀུན་གྱི་ངོ་བོ་སྟེ༔ཕྱིན་ཆད་འཁྲུལ་མི་ཤེས་པའི་ཡེ་ཤེས་ཡིན༔དེ་ཕྱིར་ཆུ་དང་རྙོགས་མ་ཕྱེེ་བ་བཞིན༔ལུང་མ་བསྟན་གྱི་ཆ་ལས་ལྡོག་པ་ཡིན༔རང་རིག་ཆོས་སྐུའི་ཀློང་དུ་བཙན་ས་ཟུངས་༔ཡེ་ཤེས་དྲི་མེད་དབྱིངས་ལ་ལྟད་མོ་ལྟོས༔ཀུན་གཞིའི་རྣམ་ཤེས་ཆུ་ནང་ཆབ་རོམ་འདྲ༔ངོ་བོའི་གཤིས་ལ་འཛིན་པའི་རྩལ་ཤར་ཏེ༔གཟུང་བའི་ཡུལ་ལ་ཆགས་པས་ཕར་ཆེར་བསླུ༔དེ་ཕྱིར་གཟུགས་ཚོར་འདུ་ཤེས་ལ་སོགས་པའི༔ཡུལ་སྣང་རང་སྟོང་ཤེས་པའི་ཡེ་ཤེས་ཀྱི༔རྣམ་རིག་ཆོས་སྐུར་འཕོ་བ་སྙིང་ཐིག་གནད༔ཅེས་གསུངས་པ་སོགས་ཀྱི་སྟེང་ནས་ཐུགས་དཔྱད་གནང་བས་འཐུས།

༈ སྤྲུལ་སྐུ་རིན་པོ་ཆེ་ལ་སྙན་སྒྲོན་དུ་གསོལ་བ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་པ་ལྟར་ན། འཁོར་ལོ་ཐ་མའི་མདོ་དང་དགོངས་འགྲེལ་རྒྱུད་བླ་མ་སོགས་ཀྱི་བརྗོད་བྱའི་གཤེགས་སྙིང་དེ་གཉུག་སེམས་ཀྱི་དབྱིངས་ལ་བཞག་པར་མཛད་པ་ལ། དོགས་གཅོད་སྤྱི་དོན་མཛོད་ལྡེར་གནང་བ་ལྟར་ལ་གཟིགས་པས་འཐུས་ལ། རྫོགས་ཆེན་སྐབས་སུ་སྤྱིར་རྫོགས་ཆེན་སྟོན་པ་བཅུ་གཉིས་པོ་ལས། དང་པོ་བཅུ་གཅིག་མཆོག་གི་སྤྲུལ་སྐུར་འདོད་རྒྱུ་ཡིན་མིན་དང་། རྫོགས་པ་ཆེན་པོའི་བསྟན་པ་འདི་ཉིད་སྙིགས་མའི་དུས་སུ་ཤིན་དུ་དར་བར་གསུངས་པའི་རྒྱུད་དང་ཀུན་མཁྱེན་གྱི་དགོངས་པ་དེ་སྒྲ་དྲངས་ཐད་དུ་ཁས་ལེན་དགོས་སམ་མི་དགོས། དགོས་ན་སྙིགས་མ་ཆེར་བདོ་བའི་སྐབས་འདི་ལྟ་བུར་རྫོགས་ཆེན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆེས་ཆེར་མང་བར་ཁས་ལེན་དགོས་སམ། དགོས་ན། རྫོགས་པ་ཆེན་པོ་ནི་ཐེག་པ་ཆེན་པོ་ལས་ཀྱང་ཆེན་པོ། གསང་སྔགས་རྡོ་རྗེ་ཐེག་པ། དེའི་ནང་ནས་བླ་མེད། དེ་ལ་ཡང་ནང་རྒྱུད་སྡེ་གསུམ་དུ་འཇོག་པ་ལས་ཀུན་གྱི་རྩེ་མོ་ལམ་ཐམས་ཅད་ཀྱི་སྐྱེལ་སོ་མཐར་ཐུག་པ་འདི་ཀའི་ཆེད་དུ་བྱ་བའི་གདུལ་བྱ་ནི་དབང་པོ་རབ་ལས་ཀྱང་ཡང་རབ་མཆོག་གྱུར་ཞིག་དགོས་ན། དེ་ནི་རྒྱུ་དང་སྨོན་ལམ་དགེ་རྩ་ཚོགས་ཀྱི་གསོག་རྒྱབ་ཤིན་ཏུ་ཆེ་བ་ཞིག་ཡིན་ན། སེམས་ཅན་གྱི་སྙིགས་མ་བདོ་བའི་དུས་འདིར་ཐེག་པ་གཞན་གྱིས་གདུལ་དཀའ་ཞིང་། ཐེག་པ་འདིའི་གདུལ་ཞིང་དུ་འགྱུར་ཚུལ་གང་འདྲ་རེད་སྙམ་པ་དང་། གཞིའི་སྐབས་སུ་ཐོག་མའི་སྤྱི་གཞི་ལས་གཞི་སྣང་མཆེད་པའི་སྐབས་སུ་རང་ངོ་ཤེས་པའི་སྐད་ཅིག་ལ་གྲོལ་བའི་ཀུན་ཏུ་བཟང་པོ་དེ་སྙིང་ཐིག་ཕྱི་མའི་རྒྱུད་དུ་སེམས་ཅན་དང་རྒྱུད་ཐ་དད་མེད་པར་གསུངས། མངའ་བདག་ཉང་གི་པདྨའི་ལམ་རིམ་རྩ་འགྲེལ་སོགས་སུའང་དེ་ཀ་ལྟར་གསུང་སྙམ་པ་ཡོད་པ་ལྟར་ན། ཀུན་མཁྱེན་གྱི་གསུང་སྤྱི་དང་ཁྱད་པར་ཕྱོགས་བཅུའི་མུན་སེལ་སོགས་སུ་གསུངས་པ་དེ་ཡང་གཞི་ཡེ་སངས་རྒྱས་པའི་ཁས་ལེན་གྱི་སྟེང་ནས་བཤད་དགོས་པར་སེམས་ཀྱང་། ཀུན་མཁྱེན་གྱི་གསུང་སོགས་ཀྱི་དངོས་བསྟན་ལ་གྲོལ་བ་མཐར་ཐུག་གི་སངས་རྒྱས་ཞིག་བཀའ་བསྩལ་བ་ལྟར་ན། ཐོག་མའི་མགོན་པོ་ཞེས་དང་། སངས་རྒྱས་ཀུན་ལས་སྔར་སངས་རྒྱས། །ཞེས་སོགས་གསུངས་པའི་ཐོག་མ་དང་། སྔར་ཞེས་པའི་ཚིག་ཟུར་དེ་སྔ་མོ་ན་གོ་དགོས་ལ། དེ་ལྟར་བྱས་ན་སངས་རྒྱས་ལ་ཐོག་མ་འདོད་དགོས། དེ་ཀུན་ཏུ་བཟང་པོར་འཇོག་དགོས། དེ་ཡང་སྟོན་པ་ཐུབ་པའི་དབང་པོ་ཡིན་པར་དགོས་པ་སོགས་སུ་གསལ་མོད་ཀྱང་། སྙིང་ཐིག་གི་ཕྱི་མའི་རྒྱུད་སོགས་ལྟར་ན་དེ་སེམས་ཅན་རང་ག་མ་རྒྱུད་གཅིག་ཏུ་གྱུར་པར་ཁས་ལེན་དགོས་པ་ལྟར་མངོན་ཀྱང་། དེ་ཡང་ཁས་ལེན་མི་བདེ་བས་རང་ལུགས་ཇི་ལྟར་འཇོག་དགོས་ཐུགས་བཀོད་གནང་དགོས་པ་དང་། སྤྱིར་གཞིའི་གནས་ལུགས་ལ་ཐོག་མའི་མགོན་པོ་བཞག་ན། ཐོག་མ་དང་སྔོན་སོགས་ཀྱང་ཀ་དག་གི་ཀའི་དོན་རིན་པོ་ཆེས་བཀའ་སྩལ་བ་ལྟར་འཁོར་འདས་ཐམས་ཅད་ཀྱི་འཆར་གཞིའི་ཡིན་ལུགས་མཐར་ཐུག་དེ་ལ་ཐོག་མ་དང་། སྔོན་དང་། ཀ་དང་། དང་པོ་སོགས་སུ་གོ་ཚུལ་དཔྱིས་ཕྱིན་པ་ཞིག་ཡོད་ཅིང་། གོ་བདེ་ཡང་རྒྱུད་དང་ཀུན་མཁྱེན་གྱི་དགོངས་པ་ཟབ་པས་བདག་འདྲའི་བྱིས་བློས་འཇོག་མཚམས་ཁ་ཚོན་གཅོད་མི་ནུས་ཤིང་མི་རུང་བས་ཇི་ལྟར་ཡིན་རྔོ་མ་ཐོགགཞན་གཞི་ཡེ་སངས་རྒྱས་པ་འདི་རྙིང་མའི་རྒྱུད་ཀྱི་འཆད་ཚུལ་ཐུན་མིན་ཡིན་ཞིང་། འདི་ཀ་སྔ་འགྱུར་བཀའ་གཏེར་གང་གི་ཡང་གཞི་ལམ་འབྲས་གསུམ་གྱི་འཆད་ཚུལ་སྔགས་ཀྱི་དགོངས་པ་དང་ཡང་མི་འདྲ་བ་ཡོད་པའི་སྲོག་ཏུ་སྣང་ལ། དེ་ཡང་གཞི་དེ་གློ་བུར་བྲལ་དག་གི་འབྲས་བུ་མཐར་ཐུག་ཏུ་ཁས་ལེན་པ་མིན་མོད། རང་བཞིན་རྣམ་དག་དྲི་མ་འབྲལ་རུང་ཡོན་ཏན་སྐྱེ་རུང་ཙམ་གྱི་རིགས་ནི་ཐེག་ཆེན་གྱི་མདོ་དང་ཕྱི་རྒྱུད་སྡེ་གསུམ་གྱི་སྐབས་སུ་ཡང་ཁས་ལེན་དགོས་པས་དེ་ཙམ་གྱིས་དོན་རྫོགས་པར་མ་མཐོང་ནས། བླ་མེད་ཀྱི་རྒྱུད་སྡེའི་སྐབས་སུ་བཤད་པའི་རང་བཞིན་རྣམ་དག་གི་གནས་ལུགས་དེ་ངོས་བཟུང་ན་སེམས་ཉིད་གཉུག་མའི་ཡེ་ཤེས་གློ་བུར་བའི་དྲི་མའི་ངོ་བོར་སྐྱེ་མ་མྱོང་བ་དེ་ཡིན་ལ། དེ་ལ་ནང་རྒྱུད་གཞན་དུ་འཆད་ཚུལ་མང་དུ་ཡོད་ཀྱང་ཐེག་པ་ཆེན་པོའི་སྐབས་སུ་འདིར་ངོ་བོ་སྟོང་པ་སོགས་གསུམ་དང་ཀ་དག་ལྷུན་གྲུབ་ཟུང་འཇུག་ཏུ་གསུངས་པས་སྟོང་ཆེན་ཀ་དག་གི་དབྱིངས་ངོ་བོ་སྟོང་པའི་ཡེ་ཤེས་ལ་ནི་འཁོར་འདས་ཀྱི་སྤྲོས་པ་གང་ཡང་ཡོད་མ་མྱོང་བའི་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ་ཞིག་ཡིན་པར་མ་ཟད་སྣང་ཆ་ལྷུན་གྲུབ། རང་བཞིན་དག་པའི་ཡེ་ཤེས་དེ་ཉིད་ཀྱང་གཤིས་ཆུའི་རང་བཞིན་ཆབ་རོམ་དུ་མི་གནས་པ་ལྟར་དྲི་མའི་ངོ་བོར་སྐྱེ་མ་མྱོང་བས་ཀུན་གཞི་མ་རིག་པའི་གློ་བུར་གྱི་དྲི་མའི་སྨག་སངས། རིམ་བཞིན་སྐུ་དང་། སྤངས་པའི་ཡོན་ཏན་ཡེ་ཤེས་ཐམས་ཅད་འཆར་མ་རག་ཏུ་ཡོད་པས། གཞི་ཡེ་སངས་རྒྱས་པར་ཁས་ལེན་དགོས་ཞེས་བདག་ཅག་གི་མཁན་པོ་རྡོ་རྗེ་འཆང་ནས་ནན་ཏན་དུ་གསུངས་པས་དཔྱད་བཟོད་འདྲ་ལགས། ༈ རྫོགས་ཆེན་ལམ་གྱི་ངོ་བོ་སྐྱོང་ལུགས་ཀྱི་ཚིག་རྩ་ཞོགབཀའ་སྩལ་བའི་ཞུ་ལན་མཚོན་ཙམ་ནི། སྐབས་འདིའི་ལམ་གྱི་གདུལ་བྱ་ལ་ངོ་སྤྲད་རྒྱུའི་རིག་པ་ནི་གཙོ་ཆེར་གཞི་སྣང་དུས་ཀྱི་སེམས་ཀུན་རྟོག་གི་སྟེང་གི་རིག་པ་དེ་ཡིན་ལ། དེ་ཡང་འཁོར་འདས་ཐམས་ཅད་ཀྱི་ཡིན་ལུགས་ནི་རིག་པ་སྤྲོས་བྲལ་ཉིད། དེ་ངོ་འཕྲོད་པ་གཞིར་བྱས་ནས་བླ་མའི་རྣལ་འབྱོར་མོས་གུས་ཀྱིས་ཐུགས་ཡིད་བསྲེ་བའི་སྟེང་ནས་འདས་པ་དང་མ་འོངས་པའི་རྣམ་རྟོག་གི་རྗེས་དཔྱོད་སྔོན་བསུ་སྤྲོ་བསྡུ་སོགས་བཅས་བཅོས་ཀྱི་སྤྲོས་པ་ཐམས་ཅད་རང་སར་བོར་བའི་ཚུལ་གྱིས་བཞག་པས། འཛིན་ཐག་གི་འཆིང་བ་མེད་པས་རྒྱ་ཡན། སྤྲོས་མཚན་གང་གིས་ཀྱང་ཚུར་བསྒྲིབ་དུ་མེད་ཅིང་། ཕར་ཐལ་བྱུང་དུ་གཅོད་པས་ཟང་ཐལ་ལམ་ཁྲེགས་ཆོད། སེམས་ཁོལ་བུ་ཙམ་གྱི་ཡིན་ལུགས་སའི་བུ་ག་ལྟ་བུ་མ་ཡིན་པར་འཁོར་འདས་ཐམས་ཅད་ལ་ཁྱབ་པའི་གནས་ལུགས་ཡིན་པས་ཁྱབ་གདལ། ཕྲ་རགས་ཀྱི་རླུང་དང་རྟོག་པ་རང་ཞིར་སོང་བས་ཐིམ་ལ། ཀུན་གཞིའི་རྨོངས་ཆའི་སྦུབ་ལས་ཐོན་པས་མ་རྨུག་པའི་ཡེ་ཤེས་སོགས་རྫོགས་ཆེན་གཞུང་ལས་རྡོ་རྗེའི་ཚིག་གིས་བཀའ་སྩལ་བའི་སྟེང་དུ་སླེབ་ནས། བལྟ་བྱ་ཡུལ་དང་ལྟ་བྱེད་ཡུལ་ཅན་གང་ཡང་སོ་སོར་མེད་ཀྱང་བརྗོད་མི་ཤེས་པའི་ཡིན་ལུགས་མྱོང་བ་ནང་ནས་རྙེད། ཤེས་རབ་ཁྱད་པར་ཅན་དེ་ཀའི་སྟེང་དུ་བཞག་པ་དེ་ལ་རྫོགས་ཆེན་རིག་པའི་སྐྱོང་ཚུལ་ཟེར་གསུངས་སྣང་ཤར། འདི་དག་བདག་འདྲའི་བྱིས་པ་མཁས་འདོད་སོགས་ཀྱིས་ཞུས་པ་མིན་པར་ཉིད་ཀྱིས་བཀའ་སྩལ་ནན་དུ་གནང་བ་དགོས་ཆེད་རྟེན་འབྲེལ་ཆེའམ་སྙམ་དུ་གསོལ་བ་ལགས། སླར་ཡང་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་བའི་ཐུགས་ཁུར་བླ་ན་མེད་པ་བཞེས་ངོས་ནས་བདག་ཅག་གི་མགོན་དུ་སྐུ་ཚེ་བསྐལ་བརྒྱར་བཞུགས་པ་ཁ་ཙམ་མིན་པར་སྙིང་ནས་ཞུ་ན་རེ་འབྲས་དོན་ཐོག་ཏུ་སྨིན་པར་མཛད་དུ་གསོལ།། །།

༈ བླ་མ་གཡུ་ཁོག་བྱ་བྲལ་པས། ཀུན་སློང་དེ་ལ་དགེ་བའི་ཀུན་སློང་དང་མི་དགེ་བའི་ཀུན་སློང་དང་ལུང་བསྟན་དང་གསུམ་ལས། དགེ་བའི་ཀུན་སློང་ལ་ཡང་རང་དོན་དང་གཞན་དོན་གཉིས་ལས། རང་དོན་ཡིད་བྱེད་ཀྱི་བློ་དང་འདྲེས་ན་ཐེག་ཆེན་ལམ་གྱི་དགག་བྱ་ཡིན། འདིར་གཞན་དོན་བསྒྲུབ་པའི་ཀུན་སློང་དགོས། མི་དགེ་བ་ཆགས་སྡང་ཆོས་བརྒྱད་ཀྱིས་ཀུན་ནས་བསླངས་བའི་བསམ་པ་སྤང་དགོས། ལུང་མ་བསྟན་དགེ་མི་དགེ་རང་གཞན་གང་གི་དོན་ལ་མ་དམིགས་པ་ཡིན་པའི་བསལ་ནས་བཅོས་དགོས།

༈ བླ་མ་ཆོས་དབྱིངས་རང་གྲོལ་ཀྱིས། བསྐྱེད་པ་མ་ཧཱ་ཡོ་གས་རིག་འཛིན་རྣམ་བཞིའི་ལམ་བགྲོད་ནས་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ཕྱིན་པས་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཆར་བར་འདོད་པའོ། །ཨ་ནུ་ཡོ་གས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་དབྱིངས་ཀུན་ཏུ་བཟང་མོའི་དཀྱིལ་འཁོར། ཐབས་བདེ་བ་ཀུན་ཏུ་བཟང་པོའི་དཀྱིལ་འཁོར། དབྱེར་མེད་སྲས་བདེ་བ་ཆེན་པོའི་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་ཤེས་པའི་ལམ་ལྔ་མཐར་ཕྱིན་ནས་ལུས་ལས་ཡེ་ཤེས་འཆར་བར་འདོད་པའོ། །ཨ་ཏི་ཡོ་གས་དངོས་གཞི་རིག་པ་རང་ངོ་སྤྲད་པ་ནི་རིག་སྟོང་གཉུག་མའི་ལྟ་བ་དང་མཐུན་པར་ཁྲེགས་ཆོད་ཅོག་བཞག་བཞི་དང་། ཐོད་རྒལ་སྒྲོན་མ་བཞིའི་ཉམས་ལེན་ལ་བརྟེན་ནས། རྗེས་སྣང་ཉམས་ཀྱིས་སྐྱོང་ཚུལ་ལམ་སྣང་བཞི་མཐར་ཕྱིན་ཏེ་ཁྲེགས་ཆོད་ཀྱི་ཡེ་ཤེས་སྙིང་ནས་འཆར་བ་དང་། ཐོད་རྒལ་གྱི་མིག་ནས་ཡེ་ཤེས་འཆར་བ་ཡིན་ནོ། །དགེའོ། ༈ །རྗེ་མི་ཕམ་པས། རྣམ་སྨིན་དང་ནི་བྱེད་པ་དང་། །མྱོང་བ་རྒྱུ་མཐུན་བདག་འབྲས་དང་། །སྐྱེས་བུ་བྱེད་འབྲས་བཅས་ལྔ་ཡིས། །ལས་ཀྱི་འབྲས་བུ་གཞུང་བཞིན་བཤད། །ཞེས་སོ། །དགོངས་ཟངས་ཡེ་ཤེས་རང་གསལ་རྒྱུད་ལས། བླ་མའི་ལུང་བསྟན་ནི་མན་ངག་དྲན་པ་དང་བླ་མ་ལ་མོས་གུས་ཆེ་བ་ལས་ཡོང་ངོ་༔ཡི་དམ་ལུང་བསྟན་ནི་ཕྱི་ནང་གསང་བའི་དབང་རྫོགས་པར་ཐོབ་པ་དང་། ཡི་དམ་གྱི་ལྷ་རྟག་ཏུ་དྲན་པ་ལ་ཡོང་ངོ་༔མཁའ་འགྲོ་མས་ལུང་བསྟན་པ་ནི་དམ་ཚིག་ཆེ་བ་དང་མ་ཉམས་པ་ལ་འོང་ངོ་༔༈ བཻ་རོ་ཙ་ནའི་སྙན་བརྒྱུད་ཕྱི་མ་ལས། །དེའི་དུས་སུ་བདུན་ཚིགས་དང་དགེ་བ་གང་བྱས་ཕན་ཏེ༔དེ་ལ་གཉིས་ཏེ༔གྲོ་ཟན་ལྟར་བ་ལག་ཏུ་ཁྱེར་བའི་དགེ་བ་ནི༔རང་རང་གིས་ད་ལྟ་བྱས་པའི་དགེ་བའོ༔ར་མདའ་ལྟར་ཕྱིར་སྙོགས་པའི་དགེ་བ་ནི༔མི་ན་ནིང་ཤི་བའི་དགེ་བ་ད་ལོ་བྱེད་པ་ལྟ་བུའོ༔སྐྱེལ་མ་ལྟར་བསྡོངས་ནས་འགྲོ་བའི་དགེ་བ་ནི། ཞག་དྲུག་གི་བར་དུ་ཉིན་དང་ནུབ་མོ་ཚུན་ཆོད་ལ་བྱེད་པའོ༔དགེ་བ་བྱེད་པ་ལ་དོན་གསུམ་སྟེ༔དགེ་བ་ཡིན་པས་སྡིག་པ་དང་མ་འདྲེས་པ་དགོས་སོ༔སྡིག་པ་དང་འདྲེས་ན་ལས་ཀྱི་དབང་གིས་གཤིན་པོ་དེ་ཕུང་བར་འགྱུར་རོ། །གཤིན་པོའི་ཟས་སྐལ་ཡིན་པས་སེར་སྣ་མ་ཞུགས་པ་དགོས༔སེར་སྣ་ཞུགས་ན་ལས་ཀྱི་དབང་གིས་གཤིན་པོས་མི་ཐོབ༔གསོན་གཤིན་གྱི་རམ་ཟླ་ཡིན་པས་ཞག་དྲུག་གི་ཉི་ནུབ་ལ་བྱ་དགོས་སོ༔དེ་ལ་མ་བྱས་ན་འཕྲལ་དུ་ཕན་པ་དཀའ་འོ༔གསུངས་སོ༔༈ ཕྱི་ནང་གསང་གསུམ་གྱི་གཟུང་འཛིན་བཤད་པའི་སྐབས། སྤྱིར་གཟུང་འཛིན་ངོས་བཟུང་ནས་ཚུལ་ཇི་བཞིན་གཏན་ལ་ཕེབ། བདག་མེད་རྣམ་གཉིས་ལ་གོ་བ་ལེགས་པོ་ཙམ་ཡང་མེད་པའི་ཁ་ལྟ་སྟོང་སྐད་བྱེད་པ་རྣམས་ཀྱིས། ཕྱི་ནང་གསང་གསུམ་གྱི་ནམ་མཁའ་དང་། གཉན་ས་ཕྱི་ནང་གསང་གསུམ་སོགས་གང་བསམ། གང་བཤད་ཀྱང་། ལྟ་བའི་གདེངས་ཀྱིས་མ་ཟིན། སྒོམ་པའི་ངང་ཤོར། སྤྱོད་པ་ཐོ་ཅོར་སོང་བ་རྣམས་ནི་གཟུང་འཛིན་གྱི་རྒྱ་ལས་འདའ་མ་ནུས་པ་ཡིན་པས་བདག་མེད་ཀྱིས་རྩིས་ཟིན་མེད་པར་བདེན་གྲུབ་ཏུ་འཛིན་པའི་རྟོག་པ་དེ་ཉིད་ལ་ཡུལ་དེ་གསུམ་ལ་ལྟོས་ནས་ཕྱི་ནང་གསང་གསུམ་གྱི་གཟུང་འཛིན་ཞེས་བཏགས་ཀྱང་མི་འགལ་ཏེ། དཔེར་ན་བདག་མེད་ཀྱི་ལྟ་བ་དང་བྲལ་ནས་གསང་བའི་ནམ་མཁའ་དེ་ཉིད་ངས་རྟོགས་སོ། །ཞེས་རང་གིས་ཐག་བཅད། གཞན་ལ་སྨྲ་བ་འདི་བདུད་བཞིའི་ནང་ཚན་སྙེམ་བྱེད་ཀྱི་བདུད་དང་། གཟུང་འཛིན་དངོས་ཡིན་ཚུལ། དེང་སང་གི་ཁ་ལྟ་སྟོང་སྐད་བཤད་པ་རྣམས་ལ་ལྟོས་དང་ཤེས་འོང་ཨ་གསུངས། བྱེ་བྲག་སེམས་ཅན་རྣམས་འཆི་བའི་ཚེ། སྔ་མའི་ལུས་སེམས་འགགས། ཕྱི་མའི་ལུས་སེམས་མ་མཆེད་པའི་བར་དེར། གཞིའི་འོད་གསལ་ཤར་བ་ཡིན་ཀྱང་། ཕལ་བས་ངོ་མི་ཟིན། དེ་ལས་ལྡང་བའི་ཚེ། རྒྱུ་གསུམ་རྐྱེན་བཞིའི་དབང་གིས་འཁོར་བར་འཁྱམས་པ་ཡིན་ཏེ། རྒྱུ་གསུམ་ནི། བདག་ཉིད་གཅིག་པུའི་མ་རིག་པ། །ལྷན་ཅིག་སྐྱེས་པའི་མ་རིག་པ། །ཀུན་ཏུ་བཏགས་པའི་མ་རིག་པ་གསུམ་ཡིན་ལ། དེ་གསུམ་ནི་ཕྱི་ནང་གསང་གསུམ་གྱི་གཟུང་འཛིན་ཡིན་ཚུལ་དང་། མཚན་སྣང་རྨི་ལམ་ལའང་དེ་བཞིན་དུ་སྦྱར་ནས་མང་པོ་གསུངས་ཀྱང་མགོ་མེད་མཇུག་མེད་རེ་མ་གཏོགས་གསུང་ཇི་ལྟ་བ་བཞིན་མི་ངེས་པས་དགོངས་ཆུབ་ཞུ། །

༈ དཔལ་རོལ་བའི་རྡོ་རྗེ་རྣམ་གཉིས་སོགས། །རྩ་བའི་བླ་མ་བཀའ་དྲིན་ཆེ། །ཁྲམ་པ་གཡོ་སྒྱུ་ཅན་གྱི་རྨོངས་བློའི་བུ་གར་བླ་མའི་བྱིན་རླབས་ཀྱི་སྣང་བ་མེ་སྟག་ཙམ་ཞིག་ཤར་བ་རང་གི་ཉམས་ལེན་གྱི་གནད་མདོ་བརྗེད་གསོས་སུ་བཀོད་ན། ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི་དབང་ཆོག་ཏུ། སེམས་མ་བསྐྱེད་པས་སངས་རྒྱས་མིན༔དེ་ཕྱིར་བྱང་ཆུབ་སེམས་མཆོག་བསྐྱེད༔ཅེས་དང་། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་འགྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། རང་གཞན་གྱི་དོན་གཉིས་འགྲུབ་པའི་ཐབས་ཤིག་སྙིང་ནས་འདོད་ན་རྫོགས་བྱང་ཐོབ་དགོས། དེ་ལ་རྣམ་སྣང་མངོན་བྱང་དང་དབུ་མ་རིན་ཕྲེང་། སྣང་བ། འཇུག་པ་སོགས་སུ་གསུངས་པ་ལྟར་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་སེམས་བསྐྱེད་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་དགོས། དེ་ཡང་སྤྱོད་འཇུག་ཏུ་གསུངས་པ་ལྟར་སེམས་བསྐྱེད་ནས་བསླབ་པ་བསྲུང་དགོས། བསླབ་པ་བསྲུང་བའི་ཐབས་སུ་སེམས་སྲུང་དགོས། སེམས་བསྲུང་བའི་ཐབས་སུ་དྲན་ཤེས་བསྟེན་དགོས། དྲན་ཤེས་བརྟེན་པའི་རྒྱུར་རྒྱུ་འབྲས་ལ་དད་པ་དང་བསླབ་བྱ་ལ་གུས་པ་སོགས་གལ་ཆེ།

དྲན་ཤེས་དང་ལྡན་སེམས་སྦྱོང་གི་སྤྱོད་པ་ལ་སློབ་ཚུལ་ཡང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དག ། ཚད་མེད་པར་ནི་གསུངས་པ་ལས། །སེམས་སྦྱོང་བ་ཡི་སྤྱོད་པ་ནི། །ངེས་པར་དེ་སྲིད་སྤྱད་པར་བྱ། །ཞེས་དང་། བསླབ་བཏུས་སུ། བྱང་ཆུབ་སེམས་དཔའི་བསླབ་པ་ནི་འདིར་ཟད་དེ། འདི་ལྟ་སྟེ། སེམས་ཡོངས་སུ་སྦྱོང་བའོ། །ཞེས་དང་། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་། བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་ཞེས་པ་ལྟར། བྱང་སེམས་རྣམས་ཀྱི་སྤྱོད་ལམ་ཐམས་ཅད་དྲན་ཤེས་བག་ཡོད་ཀྱིས་ཟིན་པས་དངོས་སམ་བརྒྱུད་ནས་གཞན་དོན་དང་བྱང་ཆུབ་ཀྱི་རྒྱུར་གྱུར་བ་ལ་བསླབ་དགོས་ཏེ། སྨོན་སེམས་མ་ཉམས་ན་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེར་འདུས་པར་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་ཤིང་། སྨོན་སེམས་སྤང་ན་སྡོམ་ལྡན་ལ་རྩ་ལྟུང་དུའང་འགྱུར་བས་ན། འཕྲལ་ལ་གཞན་དོན་དངོས་སུ་ནུས་མ་ནུས་གང་ཡིན་ཀྱང་ཉོན་མོངས་པའི་སས་སྦྱོང་ཞིང་མ་བརྟགས་པར་ཞུགས་པའི་ལྟུང་བ་བཀག་སྟེ་གཞན་ཕན་གྱི་བསམ་པ་ཅི་ནུས་ཀྱིས་མ་ཉམས་པར་བྱེད་དགོས་པའི་ཕྱིར། ལས་དང་པོ་པས་གཞན་དོན་བྱེད་ཚུལ་ཡང་འབྲོམ་གྱིས་གསུངས་པ་ལྟར་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། གཞན་ཕན་ལས་ལ་མཐུ་མེད་ཀྱང་། །དེ་ཡི་བསམ་པ་རྟག་ཏུ་བྱ། །གང་ལ་བསམ་པ་དེ་ཡོད་པ། །དེ་ནི་དེ་ལ་དོན་གྱིས་ཞུགས། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་མདོ་སྔགས་ཀྱི་ཉམས་ལེན་ཐོས་བསམ་སྒོམ་པ་གང་ལ་འཇུག་ཀྱང་གནད་བརྒྱ་འགག་གཅིག་དང་རྩེ་བརྒྱ་རྩ་བ་གཅིག་ཏུ་འདུ་བའི་སྲོག་རྩ་ལྟ་བུ་དེ་དྲན་ཤེས་བག་ཡོད་ཀྱིས་དབང་པོའི་སྒོ་བསྡམ་སྟེ་དུས་རྟག་ཏུ་རང་སེམས་ལ་བལྟ་ཞིང་གཞན་དོན་སྒྲུབ་པ་འདི་ཁོ་ན་ཡིན་ནོ་སྙམ་སྟེ། བླ་མ་རྡོ་རྗེ་འཆང་གི་ཞལ་སྔ་ནས། དོན་ལ་རང་སེམས་དགེ་བ་དགེ་བའི་མཆོག ། ཡིན་ཕྱིར་དེ་ཡང་རང་གི་སེམས་ལ་བརྟག ། ཁྱད་པར་དྲན་ཤེས་བག་ཡོད་བརྟན་པོའི་ངང་། །རྒྱུན་དུ་སེམས་ལ་བལྟ་བ་གལ་གནད་ཡིན། །ཟག་བཅས་ཟག་མེད་གང་ལ་བསམ་ཀྱང་རུང་། །བྱང་ཆུབ་སེམས་ཀྱིས་ཟིན་པར་འགྲན་ཟླ་བྲལ། །ཞེས་སྔ་དུས་ཞིག་ནས་བདག་ལ་བརྩེ་བས་གནང་ཡང་ཉམས་ལེན་གྱི་གནད་མདོ་ངོ་འཕྲོད་པ་ནི་ད་ཚོད་ཙམ་དུ་ལུས་སོ། །འདིར་ངེས་པ་འདྲོང་བའི་ཆེད་དུ་གཞུང་དང་གདམས་ངག་མང་པོ་ཕྱོགས་གཅིག་ཏུ་བསྡུ་ན། རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་གཅིག་གིས་ངན་སོང་ངན་འགྲོ་ལོག་པར་ལྟུང་བར་སྐྱེ་བ་ཡང་དག་པ་གཅོད་དོ། །ཆོས་གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། བདག་ཇི་ལྟར་གྱུར་ཅིང་ཉིན་མཚན་རྣམས་འདའ་ཞིང་འདུག་སྙམ་དུ་དགེ་བའི་ཆོས་རྣམས་ལ་སོ་སོར་རྟོག་པ་སྟེ། ཞེས་གསུངས། བཤེས་སྤྲིང་ལས། དབང་ཕྱུག་ལུས་གཏོགས་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པུའི་ལམ་དུ་ཉེ་བར་བསྟན། །ཅེས་དང་། ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་དང་། སྤྱོད་འཇུག་ཏུ། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །ཞེས་སོགས་དང་། མཉམ་མེད་ཇོ་བོས། དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་སྲུངས། །ཉིན་མཚན་དུས་གསུམ་ཡང་དང་ཡང་། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །ཞེས་དང་། ཡོན་ཏན་གྱི་མཆོག་ཕན་སེམས་ཆེ་བ་ཡིན། གདམས་ངག་གི་མཆོག་རྟག་ཏུ་རང་སེམས་ལ་བལྟ་བ་ཡིན། གྲོགས་ཀྱི་མཆོག་དྲན་པ་དང་ཤེས་བཞིན་ཡིན། ཞེས་གསུངས་པ་སོགས་བཀའ་གདམས་པའི་གསུང་སྒྲོས་མང་པོ་ཡོད། རྒྱལ་སྲས་ཐོགས་མེད་པས་ཀྱང་། མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང་། །རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། །ཅེས་གསུངས་སོ། །དྲི་བ་ལྷག་བསམ་རབ་དཀར་དུ་རྗེ་རིན་པོ་ཆེས། ཁྱོད་བོད་ཀྱི་སྒོམ་ཆེན་རྣམས་ལ་སྒོམ་ཡག་པོ་ཡོད་ཟེར་བ་སྒོམ་རྣམས་ཀུན་གྱི་མགོའམ་ཐོག་མ་རང་དེ་གང་ནས་ཡིན་གསུངས་པ་ལ་རྗེ་བཙུན་བློ་བཟང་ཆོས་རྒྱན་གྱིས་དྲི་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྒོམ་རྣམས་ཀུན་གྱི་དང་པོའི་འགོ །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟག་པ་ཡིན་ནོ་ཞེས། །ཟླ་མེད་བླ་མ་མཆོག་དེས་བཞེད། །ཅེས་གསུངས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོས། མདོར་ན་ཆོས་མཐུན་གང་བྱ་དེ། །ཆོས་བརྒྱད་དབང་དུ་མི་བཏང་འཚལ། །རྟག་ཏུ་རང་གི་སེམས་ལ་ལྟོས། །ཆོས་ཀྱི་གནད་འགག་འདི་ན་ཡོད། །ཅེས་དང་། དཔལ་སྤྲུལ་རིན་པོ་ཆེས། ཡང་ལྟོས་ཡང་ལྟོས་རང་གི་སེམས་ལ་ལྟོས། ཡང་དང་ཡང་དུ་རང་གི་སེམས་བརྟག་ན། །ཇི་ལྟར་བྱས་ཀྱང་ཡང་དག་ལམ་དུ་འགྲོ། །གདམས་པའི་གནད་བརྒྱ་འདུས་པ་འདི་ཁོ་ན། །ཞེས་དང་། རྡོ་གྲུབ་རིན་པོ་ཆེས། མང་དུ་བརྗོད་པས་ཅི་བྱ་མདོ་དྲིལ་ན། །དྲན་པ་འདྲིས་པའི་དམིགས་པ་ཁོ་ན་ལས། །སྐྱེ་བར་གསུངས་ཤིང་འཕྲིན་གྱི་ཕོ་ཉ་བས། །འཕྲིན་ཚིག་སྐྱོར་དང་སྐུད་མདུད་འདོགས་པ་ལྟོས། དམ་ཆོས་མི་བརྗེད་བྱེད་པའི་འཕེན་པ་བསམ། ཆོས་ཀྱི་གནད་འགག་སྙིང་པོ་མཚན་མར་བཟུང་། །དེ་ཉིད་ཡིད་ཀྱིས་མང་བརྗོད་འདྲིས་སུ་གཞུགཡང་ཡང་དྲན་ཕྱིར་སྲད་བུའི་བརྗེད་བྱང་གདགས། དུས་རྣམས་ཀུན་ཏུ་དབང་པོའི་སྒོ་སྡོམ་ཞིང་། རང་གིས་རང་བརྟགས་རང་ཉིད་རང་གི་བཅོས། ཐབས་ཚུལ་དུ་མས་དམུ་རྒོད་སེམས་ཀྱི་རྟ། །འདུལ་སྦྱོང་བྱས་ཏེ་ལེགས་པའི་ལམ་དུ་གཞུག ། ཅེས་སོགས་ཤིན་ཏུ་མང་། ཆོས་རྒྱལ་བདུད་འཇོམས་བླ་མས་ཀྱང་། གྲོགས་འགྲོགས་པའི་སྲེད་པ་ཆོད་ལ་ཞོག ། གྲོགས་བག་ཡོད་ཤེས་བཞིན་ཟུང་དང་འགྲོགས། །ཞེས་གསུངས་པ་སོགས་ཉམས་ལེན་གྱི་གནད་མཁྱེན་པའི་དམ་པ་རྣམས་གྲོས་མ་བཏབ་ཀྱང་འདི་ལ་ཞལ་འཆམ་པར་འདུགགང་ལ་དྲན་ཤེས་བསྟེན་པའི་གནས་ནི་སྤང་བླང་གི་གནས་སྤྱི་དང་རང་གིས་གང་ཁས་བླངས་པའི་རྣམ་དབྱེ་ཤེས་རབ་ཀྱིས་གཏན་ལ་ཕབ་པ་རྣམས་ཡིན་པས་གནད་མ་ནོར་བ་གལ་ཆེ། གཞན་ཡང་བློ་སྦྱོང་གི་དཀའ་བ་གསུམ་ལ་སློབ་ཚུལ་དང་། སྐྱིད་སྡུག་ལམ་ཁྱེར་གྱིས་འཕྲལ་ལ་གང་ཐུག་སྒོམ་དུ་སྦྱར་རྒྱུ་མི་འོང་སོགས་མདོ་སྔགས་གཉིས་ཀའི་ལམ་རིམ་འདིའི་རྗེས་སུ་འགྲོ་ལྡོག་བྱེད་པར་མཐོང་། དེ་འདྲའི་སེམས་བསྲུང་བརྟུལ་ཞུགས་འོང་བ་ལ། དེ་ལས་འཇིག་རྟེན་སྤང་པའི་ཆོས་ཐམས་ཅད་ཀྱི་ཉིང་ཁུ་ནི་འདི་ཡིན་ཏེ། འདི་ལྟ་སྟེ། གཅིག་པུར་དགའ་བའོ། །ཞེས་སོགས་དབེན་པའི་ཡོན་ཏན་རྣམས་གསུངས། དེ་འདྲའི་བསྲིང་བ་གཉིས་ལྡན་འོང་བ་འདོད་ཆུང་ཆོག་ཤེས་ལ་རག་ལས་པ་ནི། མངོན་པ་མཛོད་དུ། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །ཞེས་སོ། །འདོད་ཆུང་ཆོག་ཤེས་འོང་བ་ནི་དབེན་པར་དྲན་ཤེས་དང་ལྡན་པས་བླ་མ་དཀོན་མཆོག་ལ་དད་མོས་དྲག་པོས་གསོལ་བ་འདེབས་ཤིང་འཁོར་བའི་བདེ་བ་ལ་བྱུར་དུ་བལྟ། ཚེ་འདིའི་སྡུག་བསྔལ་ལ་རྒྱབ་དུ་བལྟ། སྐྱིད་སྡུག་གང་བྱུང་ཡང་བཟོད་པའི་གོ་ཆ་བརྟན་པོར་བགོས་ནས། སྐྱེས་བུ་ཆུང་འབྲིང་གི་ལམ་རིམ་སྐོར་ལ་ལྟ་བསམ་སྒོམ་པ་དཀྲུགས་མར་བྱེད་པ་ལས་ཐབས་གཞན་མ་མཐོང་། དེའི་ངར་འདོགས་སུ་ཡིད་ཆེས་ཀྱི་དད་པས་ཚུལ་ཁྲིམས་གཙང་མ་བསྲུང་པ་སྨོན་ལམ་འགྲུབ་པའི་རྒྱུའི་གཙོ་བོར་བཟུང་ནས་བླ་མ་དཀོན་མཆོག་ལ་ཤི་སྤར་འཐམ་སྟེ་འཕྲལ་ཡུན་གྱི་སྨོན་ལམ་ཤུགས་དྲག་རྒྱུན་དུ་གདབ་པའང་གལ་ཆེ་སྟེ། མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ནུས་ན་ཆོས་བརྒྱད་ཀྱི་གཡུལ་ལས་ཆོས་མགོ་ཐོན་ན་ཐང་། ཁྲི་གུང་ཐང་པས། ཉམས་ལེན་ཀུན་ལས་ཚུལ་ཁྲིམས་གཅེས་པར་བསྲུང་། །གཞུང་ལུགས་ཀུན་ལས་བྱང་ཆུབ་ལམ་རིམ་བལྟ། ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། བློ་བླ་མར་གཏོད་པ་སྐྱབས་འགྲོ་ཡི་མཐར་ཐུག ། དོན་གཞན་དོན་ལྷུར་ལེན་སེམས་བསྐྱེད་ཀྱི་ངོ་བོ། །དྲན་ཤེས་བཞིན་སྐྱོང་བ་མདོ་སྔགས་ཀྱི་ལམ་ཁྱེར། །ལས་ཤེས་ཤེས་མང་པོའི་ཕེར་ཡོད་དེ་ཞོག་མཛོད། །ཅེས་གདམས་པའི་དོན་ཡང་ལག་ལེན་དུ་ཐེབ་རྒྱུའི་སྐལ་བ་ཐོབ་ན་ཐང་མ་འཕྱུགས་རེམ་རེམ། རྒད་པོ། ཞེས་བདེ་འཛམ་དབེན་ཁྲོད་ཀྱི་རི་སུལ་ན་གབ་པའི་རྒད་པོས་ཆུ་འབྲུག་ལོར་རང་ལ་གདམས་པ་དགེ་ལེགས་འཕེལ། རླུང་རོ་འཕར་ག་མ་འཇོགསྙེ་མ་སྟོང་བ་འགོ་འཕང་མ་མཐོ། དཔང་པོ་གཉིས་ཀྱི་གཙོ་བོ་ཟུང་ཁ་དྲོ་བཀྲ་ཤིས། ཡང་སྨྱོ་ཨ་གཟོབས།། །།

ནམ་མཁའ་སུམ་ཕྲུག་གི་གནད་བསྡུས།

ནམ་མཁའ་སུམ་ཕྲུག་ནི། སྟོང་གསལ་མཐའ་དབུས་དང་བྲལ་བའི་ཕྱི་ཡི་ནམ་མཁའ་ལ་མིག་གཏད་པས་རླུང་སེམས་ལྷོད་དེ་བཞག་པའི་ཚེ། ནང་གི་སེམས་ལ་དུས་གསུམ་གྱི་རྟོག་པ་དང་བྲལ་བའི་སྟོང་གསལ་ནམ་མཁའ་ལྟ་བུའི་ཉམས་ཤར་བ་ནི་ནང་གི་ནམ་མཁའ་ཡིན་པས་དེ་དུས་ཕྱིའི་ནམ་མཁའ་ལ་བལྟ་མི་དགོས་གསུངས། ནང་གི་ནམ་མཁའ་དེ་ལ་ཡང་ཡང་གོམ་ཤིང་འདྲིས་པར་གྱུར་པའི་ཚེ། སེམས་རིག་སོགས་ཀྱི་ལ་ཤན་ལེགས་པར་ཕྱེ་ནས་རིག་སྟོང་ཟུང་འཇུག་དེ་ཉིད་ནོར་འཁྲུལ་མེད་པར་ངོ་འཕྲོད་ན་གསང་བའི་ནམ་མཁའ་ཡིན། འདིའི་སྐབས་སུ་ཕྱི་ནང་གི་ནམ་འཛིན་གྱི་རྟོག་པ་མངོན་དུ་གྱུར། དབྱིངས་སུ་དག་པའི་དུས་ཡིན་གསུངས། ནམ་མཁའ་གཞི་རུ་ཤེས་དགོས་ཞེས་གསུངས་པ་ཡང་དེ་ན་ཡིན་གསུངས། དེ་ཡང་ནམ་མཁའ་སུམ་ཕྲུག་བསྒོམ་པའི་ཐོག་མར་སྣང་སྦྱང་གི་བདག་མེད་རྣམ་གཉིས་སྔོན་དུ་སོང་ན་བཟང་ལ། མ་སོང་ཀྱང་བསྒོམ་རུང་གསུངས། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་པར། ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག་ཅེས་བཤད་པ་ནི། བསྒོམ་པའི་ཚེ་ན་ཞེས་པའི་ཚིག་གི་ནུས་པས་ནམ་ཞིག་མི་བསྒོམ་པའི་དུས་ཤིག་སྟོན་པ་ཡིན་ཏེ། དེ་ནི་གསང་བའི་ནམ་མཁའ་རྟོགས་པའི་དུས་ཡིན་གསུངས། ནམ་མཁའ་ལ་མིག་གཏད་པ་ནི། ལས་དང་པོ་པས་སེམས་གཞན་དུ་མི་གཡེངས་པའི་དམིགས་རྟེན་ཙམ་ཡིན་པར་ཤེས་དགོས། དེ་མ་ཤེས་པར་ཚེ་གཅིག་ལ་གཏད་དགོས་ན་གྲོལ་བའི་དུས་ཞིག་ནམ་འོང་ཧ་ཧ་གསུངས། བླ་མ་སེམས་ཉིད་རྡོ་རྗེ་ངེད་གཉིས་ཀྱིས་ནམ་མཁའ་སུམ་ཕྲུག་གི་དགོངས་པ་མ་ཤེས་པར་འཐེན་རྩོད་བྱས་པ་རྗེས་སུ་བླ་མས་གསན་ནས་ཐུགས་རྒྱལ་བཞེས། དེ་ནས་དཔལ་ལྡན་ངེད་གཉིས་ལ་འདི་ལྟར་བརྩེ་བས་གསུངས་པའི་དོན་ལ་ནི་ནོར་འཁྲུལ་མེད། ཚིག་གསུང་ནི་ཇི་ལྟ་བ་བཞིན་དཀའ་མོ་རེད། གཞན་ཡང་། སེམས་ཉིད་ངལ་གསོ་ལས། ཕྱི་རོལ་དཔེ་ཡི་ནམ་མཁའ་དག་པ་ལས། །ནང་གི་ཆོས་ཉིད་དོན་གྱི་ནམ་མཁའ་ཆེ། །གསང་བ་འོད་གསལ་སྟོང་པའི་ནམ་མཁའ་སྟེ། །ནམ་མཁའ་སུམ་ཕྲུག་དགོངས་པ་ཤེས་པར་བྱ། །ཞེས་དང་། བསམ་གཏན་ངལ་གསོའི་འགྲེལ་བ་ལས། འདིར་སློབ་དཔོན་ཤྲཱི་སེང་ཧས། སློབ་དཔོན་པདྨ་འབྱུང་གནས་ལ་གདམས་པ། བདེ་གསལ་རྣམ་པར་མི་རྟོག་པ་བསམ་གྱིས་མི་ཁྱབ་པའི་སྙན་བརྒྱུད་ཅི་ལྟ་བ་བཞིན་བསྟན་པ་ལས། སྐབས་འདིར་ནམ་མཁའ་སུམ་ཕྲུག་གི་དགོངས་པ་འཆར་ཏེ། སྟོང་གསལ་ཕྱི་ཡི་ནམ་མཁའ་ལ་བརྟེན་ནས། རྟོག་མེད་ནང་གི་ནམ་མཁའ་ཤར་དུས། ཟང་ཐལ་གསང་བའི་ནམ་མཁའ་རིག་སྟོང་རྗེན་པར་རྟོགས་ཏེ། ཐབས་དང་བྱིན་རླབས་ཀྱིས་བསྒོམ་ལས་མཐོང་བར་འགྱུར་རོ། །འདི་ནི་བལ་པོ་ཀཱ་མ་ལ་ཤཱི་ལའི་གདམས་པ་མཆོག་ཏུ་ཟབ་མོའོ། ཞེས་གསུངས།

ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ།

༈ ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པ་ཞེས་བྱ་བ་ནི། སེམས་ཀྱི་གཞི་རྩ་བཅད་པ་དང་གཅིགབཞག་ཐབས་བསྟན་པ་དང་གཉིས། གོལ་ས་བཅད་པ་དང་གསུམ། ལམ་དུ་ཁྱེར་བ་དང་བཞིའོ། གཞི་རྩ་བཅད་པ་ནི། སེམས་འདི་བྱུང་གནས་འགྲོ་གསུམ་བརྟགས་པས། བྱུང་བ་མེད་དེ། རྒྱུ་དང་རྐྱེན་རེ་རེའམ་ཚོགས་པ་ལས་མ་བྱུང་བས་གཞི་རྩ་ཐམས་ཅད་དང་ཡེ་ནས་བྲལ། གནས་པ་མེད་དེ། འདི་ལ་དབྱིབས་དང་ཁ་དོག་མ་གྲུབ། ཤར་ཆ་དང་སྣང་ཆ་ཐམས་ཅད་མ་འགགས་ཙམ་འདི་འབྱུང་ཚད་སྟོང་འབྱུང་དང་སྣང་ཚད་སྟོང་སྣང་ཁོ་ནར་འདུག་པས་གང་ཡང་མ་གྲུབ་པར་ཁོ་ཐག་ཆོད། འགྲོ་ས་མེད་དེ་འདིར་སོང་གི་ཡུལ་མེད། སོང་ཤུལ་གྱི་རྗེས་སྣེ་ཙམ་ཡང་མེད། ཡོད་མི་སྲིད་པ་ཡིན་གྱི་མ་རྙེད་ཀྱང་ག་ཤེད་ན་ཡོད་པ་གཏན་ནས་མིན། དེ་ལྟར་སྣང་བ་ཐམས་ཅད་རང་སངས། འགྱུ་བ་ཐམས་ཅད་རང་གྲོལ་ཡེ་ནས་ཡིན་པ་མ་གཏོགས། གྲོལ་བ་འདི་ནི་དང་པོ་རྒྱུས་མ་བསྐྱེད་པས། བར་དུ་རྐྱེན་བཟང་ངན་གྱིས་འཕེལ་འགྲིབ་མི་སྲིད། མཐར་རྐྱེན་གྱིས་ནམ་ཡང་མི་འཇིགདཔེར་ན་ནམ་མཁའ་ལྟར་ཕྱོགས་རིས་མེད་པས་སྣང་སྲིད་ཀུན་ཁྱབ་ཕྱམ་བརྡལ་དུ་ཡེ་རེ། དངོས་མཚན་ཡོད་མ་མྱོང་བའི་ཁོ་ཐག་རང་ཐོག་ཏུ་ཆོད་ཚེ་མཐའ་བྲལ་ཀྱི་སངས་རྒྱས་ཡིན་ཞེས་ཡང་ཡང་གསུངས་མོད། དེ་འདི་འདྲའོ་ཞེས་གང་ཡང་མི་གནས་པའི་རང་གནས་ཆེན་པོ་འདི་སེམས་ཉིད་ཆོས་སྐུའོ། །བཞག་ཐབས་བསྟན་པ་ལ་དྲུག་ཡོད། ཁྱུང་ཆེན་མཁའ་ལྡིང་ལྟར་རྟེན་མེད་གཏད་མེད་མ་བཅོས་གཉུག་མའི་ངང་དུ་རིག་པ་རྩོལ་སྒྲུབ་མེད་པར་མཉམ་པར་འཇོག་པ་དང་གཅིགརྒྱ་མཚོ་རླབ་བྲལ་ལྟར་རིག་པ་གཡོ་འགུལ་མེད་པར་མཉམ་པར་འཇོག་པ་དང་གཉིས། ཉི་ཟླ་སྤྲིན་བྲལ་ལྟར་རིག་པ་ཀུན་གསལ་རང་མདངས་དང་ལྡན་པར་འཇོག་པ་དང་གསུམ། བུ་ཆུང་ལྷ་ཁང་དུ་བཞག་པ་ལྟར་གསལ་ཆ་གང་ཡང་མ་འགགས་ལ་འཛིན་ཆ་དང་གཏད་ཞེན་གང་ཡང་མེད་པར་འཇོག་པ་དང་བཞི། ཆུ་རླབ་ཆུར་ཐིམ་པ་ལྟར་བྱུང་ཚོར་གྱི་འགྱུ་བ་ཐམས་ཅད་རིག་ཆའི་འཕྲོ་འདུ་ཙམ་ལས་གཞན་གང་ཡང་མ་གྲུབ་པར་ཤེས་པ་དགག་སྒྲུབ་མེད་པར་འཇོག་པ་དང་ལྔ། ནམ་མཁའ་ལ་བྱ་རྗེས་དོད་མི་སྲིད་པ་ལྟར་བདེ་སྡུག་སོགས་རྐྱེན་བཟང་ངན་གང་གིས་ཀྱང་རིག་པ་ལ་ཕན་གནོད་ཅུང་ཟད་ཀྱང་མེད་པར་ཐག་ཆོད་པའི་ངང་དུ་ཁོང་ལྷོད་དེ་འཇོག་པ་དང་དྲུག་པོ་འདི་ཡིན་ལ་རེ་རེས་ཀྱང་ཆོགགོལ་ས་བཅད་པ་ལ་ལྔ་ཡོད། དོན་དམ་སྤྲོས་བྲལ་རིག་པ་དང་རྣལ་འབྱོར་བའི་ལྟ་བསྒོམ་མཐའ་གྲོལ་ཆེན་པོ་འདི་རྒྱུ་མཚན་དུ་བྱས་དེ་ལས་འབྲས་བསླུ་མེད་ཁྱད་དུ་བསད་ན་ཐར་ལམ་འཇུག་སྒོ་དང་བཅས་པ་རང་འགགས་སུ་འགྲོ་བས་དེ་ནི་ཤིན་ཏུ་མི་རུང་བ་ཡིན། རྒྱལ་བ་གོང་མའི་རྣམ་ཐར་ལ་བསམ་ཏེ་སྡིག་པའི་བློ་ཕྲ་མོ་ཙམ་ཁྱད་དུ་མི་གསོད་པར་བླང་དོར་ཚུལ་བཞིན་དུ་བྱ་བ་དང་གཅིགཕྱི་སྣང་བ་འདི་དག་གང་ལའང་བདེན་གྲུབ་རྡུལ་ཙམ་མི་སྲིད་པ་རྨི་ལམ་དང་སྒྱུ་མའི་སྣང་བ་ལྟ་བུར་ཁོ་ཐག་བཅད་དེ་ཡུལ་སྣང་ལ་ཞེན་འཁྲིས་ཀྱི་བླང་དོར་མེད་པར་ཚོར་བ་བདེ་སྡུག་གི་ཡུལ་རྐྱེན་བཟང་ངན་ཐམས་ཅད་སེམས་ཐོག་ཏུ་རོ་སྙོམ་བྱ་བ་དང་གཉིས། ནང་རྣལ་འབྱོར་པའི་ཉམས་མྱོང་དང་ཡོན་ཏན་ཅི་ཙམ་བཟང་ཡང་དོན་ལ་ཡོད་མ་མྱོང་ཞིང་། སྒྱུ་མའི་ཉམས་མཚར་ཙམ་ལ་མཁས་པ་སུ་ཞིག་གིསབློ་གཏད་འཆའ། བྱིས་པ་འཇའ་ཚོན་རྗེས་འདེད། བློ་ཆུང་རང་མཐོང་ཅན་ཏུ་མ་སོང་བར་ཞེན་མེད་འཛིན་མེད་ཡིན་ལ་བྱར་མེད་དུ་ཁྲོལ་ཁྲོལ་བཏང་བ་དང་གསུམ། དམྱལ་བ་དང་བཅས་དེ་ངན་པ་དང་ངན་རྐྱེན་ལ་དོག་ཅི་དགོས་དེ། མ་རིག་པ་ལས་གུད་ན་ངན་ངན་པ་ཞིག་སུ་ཡང་མེད། ཕྱག་རྒྱ་ཆེན་པོ་རང་རིག་པའི་ངང་འདིར་མ་རིག་པ་བཙལ་ཀྱང་མི་རྙེད་ན་དོག་པ་སྐྱེ་ཡུལ་གཞི་རྩ་དང་བྲལ་བའི་ངང་དུ་འཇོག་པ་དང་བཞི། སངས་རྒྱས་དང་བཅས་ཏེ་བཟང་པོ་དང་བཟང་རྐྱེན་ལ་རེ་བ་ཅི་དགོས་ཏེ། རང་རིག་པ་ཆོས་སྐུ་ལས་གུད་ན་བཟང་བཟང་པོ་ཞིག་གང་ཡང་མེད། སྐུ་གསུམ་སྐུ་བཞི་ཞེས། དངོས་མཚན་གཏད་སོ་ཅན་ཞིག་རིག་ངོར་གྲུབ་གཏན་ནས་མི་སྲིད་པས་སེམས་བྱུང་རེ་འདོད་ཀྱི་ཞགས་པས་རང་རྒྱུད་མི་བཅིང་བར་རང་སོར་འཇོག་པ་དང་ལྔ་པོ་འདི་གོལ་ས་གཅོད་ཐབས་ཟབ་མོའོ། ལམ་དུ་ཁྱེར་ལུགས་ལ་དྲུག་ཡོད། དབང་ཤེས་ཀྱི་ཡུལ་དུ་བཟང་ངན་བར་མ་གང་སྣང་ཚད་སྣང་ལ་རང་བཞིན་མེད་པར་སྒྱུ་མ་དང་རྨི་ལམ་ལྟ་བུར་ཁོ་ཐག་བཅད་དེ། གང་སྣང་ཚད་སྐྱེ་བ་མེད་པ་ཁོ་ནར་ལམ་དུ་ཁྱེར་བ་ལ། ཉིན་མོ་སྣང་བ་རྒྱས་འདེབས་ཞེས་གྲགས་པ་དང་གཅིགགཉིད་འགྲོ་ཁར་སྙིང་ནང་དུ་རྩ་བའི་བླ་མ་དང་རང་སེམས་དབྱེར་མེད་ཀྱི་ངོ་བོ་ཨཱཿདཀར་པོ་ལ་རིག་པ་མ་ཡེང་པར་གཅུན་ན། འོད་གསལ་ཟིན་ཐབས་ཡིན་པས། དེ་ལ་ཤེས་པ་བུམ་འཇུག་ཅེས་གྲགས་པ་དང་གཉིས། ཐོ་རེངས་སོགས་ཐུན་མཚམས་སུ་དགེ་བའི་བཤེས་གཉེན་གྱི་ཞལ་རྒྱུན་དང་གསུང་རབ་དགོངས་འགྲེལ་དང་བཅས་པའི་བསྟན་དོན་ལྟར་ཆོས་སྤྱི་དང་རང་གི་མཚན་ཉིད་སོགས་ལ་རྟོག་དཔྱོད་ཞིབ་མོ་ཅི་ནུས་རེས་སེམས་ཀྱི་རྩལ་སྦྱང་བ་ལ་རིག་པ་རང་གསལ་གདབ་ཞེས་གྲགས་པ་དང་གསུམ་ཉམས་ལེན་གྱི་ཐུན་དང་། དུས་རྒྱུན་དུ་རྣམ་རྟོག་གང་ཤར་གྱི་རྗེས་སུ་ཕར་མི་འབྲང་བར་རྣམ་རྟོག་ཐམས་ཅད་ཚུར་སེམས་ཉིད་སྟོང་པའི་ངང་དུ་བསྡུས་དེ་རང་ཐིམ་རང་རང་གི་ཚུལ་དུ་འཇོག་པ་ལ་དབང་ཤེས་གཞི་ལ་བསྡུ་བ་ཞེས་གྲགས་པ་དང་བཞི། ཟས་གོས་སོགས་འདོད་ཡོན་གྱི་རྣམ་པ་གང་དང་གང་སྤྱད་ཅིང་ཉམས་སུ་མྱོང་ཚད་ཆོས་ཉིད་ལ་ཆོས་ཉིད་ཐིམ། ཡེ་ཤེས་ལ་ཡེ་ཤེས་ཐིམ་པའི་ཚུལ་དུ་ལོངས་སྤྱོད་པ་དང་། ཐ་ནའང་བླ་མ་དང་ཡི་དམ་མཆོད་སྙམས་པ་རེ་མི་བརྗེད་པར་བྱ་བ་ལ་འདོད་ཡོན་ལམ་གྲོགས་སུ་འཁྱེར་བ་ཞེས་གྲགས་པ་དང་ལྔ། རང་འཆི་ཁའི་དུས་སུ་གཉེན་གྲོགས་ཡོ་བྱད་སོགས་ཚེ་འདིའི་མཐུན་འཇུག་བློས་བཏང་སྟེ་སེམས་ཉིད་སྐྱེ་འཆི་མེད་པར་ནམ་མཁའ་ལྟ་བུར་ཁོ་ཐག་བཅད་ཅིང་གཏད་མེད་སྒོམ་མེད་ཀྱི་ངང་དུ་བཞག་པས་ཆོག་པ་ལ་འཆི་ཁར་ཡེ་ཤེས་ཟང་ཐལ་དུ་བརྟགས་པའི་རྣལ་འབྱོར་དུ་གྲགས་པ་དང་དྲུག་པོ་འདི་ལམ་ཁྱེར་གྱི་རིམ་པའོ། འདིའི་སྒོ་ནས་རྒྱ་གར་གྱི་གྲུབ་ཐོབ་བརྒྱད་སྐུ་རྩ་བཞི་སོགས་གྲུབ་བརྙེས་ན་རོ་མར་བ་མི་ལ་སོགས་ནས་བརྒྱུད་ཏེ་བོད་དུ་དར། བློ་གྲོས་མཐའ་ཡས་ཀྱི་གདམས་ངག་མཛོད་ནས་མི་ཉག་དགེ་བཤེས་ཀུན་བཟང་བསོད་ནམས་ཀྱིས་བསྡུས་ཏེ་བསོད་རྒྱལ་ལ་གནང་། དེས་ཆོས་དབྱིངས་རང་གྲོལ་ལ་གདམས་པའོ།། །།

རྫོགས་ཆེན་གསུང་སྒྲོས་སྣ་ཚོགས་ཟིན་བྲིས་སུ་བཀོད་པ་གསུང་གི་འདྲ་འབག་ཆེན་མོ།

བྱུང་གནས་འགྲོ་གསུམ་སྐབས་གཞི་ཞིག་ལ་སྦྱར་རྒྱུ་འདི་རྒྱལ་བའི་བཀའ་རེད། རྗེས་འཇུག་མཁས་པའི་གསུང་རེད། གཞི་ལ་མི་སྦྱར་བར་རང་ང་བྱུང་ས་མེད་གི། གནས་ས་མེད་གི། འགྲོ་སམེད་གི། ཞེས་ཧ་སེ་ཞིག་བལྟ་བ་སོགས་ལམ་ལོག་རེད། ངག་དུས་གསུམ་དང་ཡི་གེ་སྐྱེ་གནས་ལས་བྱུང་། སེམས་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟ་བ་འདི་ཡང་སྐད་ཅིག་མ་ཡིན་ཏེ། དཔེར་ན་ༀ་བརྗོད་པའི་སྒྲ་རྟོག་དངོས་ཚར་རྗེས། ཨཿབརྗོད་དགོས། འདི་ལྟ་བུ་འདི་རྣམ་རྟོག་གི་ངོ་ལ་བལྟས་ནས་གང་ཟག་གིས་ཤེས་དགོས་ཏེ། རྣམ་རྟོག་ངོས་བཟུང་ནས་མ་བཅོས་པར་འཇོག་ཟེར་མཁན་ཡོད་ཀྱང་དེ་ཁ་མི་ཉན་ནི་རེད། ཆགས་སེམས་སྐྱེས་ཚེ་དྲན་པས་ཟིན་ན་དྲན་པ་སྐྱེས་པ་དེ་དང་སྤང་བྱ་གཉིས་གཅིག་ལ་གནས་མི་སྲིད་ལ། ལམ་བསྒོམ་ཚུལ་ལ་སེམས་ཀློང་མན་ངག་གསུམ་ཡོད་པའི་སེམས་སྡེའི་ཕྱོགས་རེད། རྣམ་རྟོག་མེད་སོང་ནིའི་ཤུལ་འགྱུ་བ་གནས་དག་དེ་སྐྱོང་བ་ཡིན། རང་ངོས་འཛིན་པ་དང་གཤིས་ཐོག་ཏུ་ལྷོད་པ་སོགས། མན་ངག་སྡེའི་ལུགས་ལ་མེད་དེ། ཡིད་བཞིན་མཛོད་ལས། སྐད་ཅིག་ཡུད་ཙམ་ངོས་བཟུང་འགྱུར་བའི་ཕྱིར། སྔ་ཕྱི་བསྒོམ་མིན་བར་དེར་སུ་ཡིས་བཅུགདེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས། ཐར་བ་འདོད་ན་རིང་དུ་སྤང་བར་བྱ། ཅེས་གསུངས། གཉུག་མའི་དེ་ཉིད་གསལ་བྱེད་ལས། རྣམ་རྟོག་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་བར་དེ་བསྒོམ་པ་ནི་བསྒོམ་ཆེན་ལ་མུ་གེ་ལྡང་བ་ཡིན་གསུངས། ཆོས་བསྒྲུབ་ན་བཀའ་དང་བསྟན་བཅོས་ལ་མ་མཐུན་ན་ལོག་ལམ་རེད། རིག་ངོ་མ་འཕྲོད་ན་དྲན་པས་ཟིན་ཚེ་སེམས་ཐོག་ལ་ཐོན་ནས་སྟོང་བ་འདྲ་འདྲ། བརྗོད་མེད་འདྲ་འདྲ་བོའི་སྟེང་ང་ཧ་སེ་གནས་པ་དེ་མང་ཡང་རུང་གོལ་ས་ངན་པ་བོའི་སྟེང་རེད། ལྟ་ཐོག་ཏུ་མྱོང་བས་སླེེབ་རྒྱུ་དེ་དཀའ་ནི་རེད། མན་ངག་སྡེས་རིག་པ་ངོས་བཟུང་ནས་དེས་སྟེང་ནས་བརྗེད་ན་བརྗེད་རྒྱུ་བོ་རིག་པ་རེད། དྲན་ན་དྲན་རྒྱུ་བོ་རིག་པ་རེད། འདུག་ན་འདུག་ས་བོ་རིག་པ་རེད། དྲན་པ་ཙམ་གྱིས་རྣམ་རྟོག་རྣམས་དེངས་ནས་རིག་ཐོག་ལ་ཐོན་ནི་རེད། གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་ཆོས་ཉིད། ཟུང་འཇུག་སེམས་ཀྱི་གནས་ལུགས་སྟེ་སེམས་ཀྱི་ཡོན་ཏན་གསུམ་པོ་ལེགས་པར་ཤེས་ན་ཚུར་མཐོང་གི་རྒྱུད་ཀྱི་ཤེས་པ་རྣམས་ལེགས་པར་ཤེས་ནི་རེད། འདིའི་རྗེས་སུ་འབྲངས་ན་བག་ཆགས་བསོགས་པ་སོགས་གསུངས། འདི་སྐུ་གསུམ་ཡིན་ཟེར་ནི་ཡོད། ངོ་བོ་སྟོང་པ་རང་བཞིན་གསལ་སོགས་ཧ་ཧ་གསུངས། རིག་པ་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་རང་བྱུང་གི་ཡེ་ཤེས་ཡིན། རྣམ་ཤེས་ཚོགས་བརྒྱད་ནི་རྒྱུ་རྐྱེན་གྱིས་བསྐྱེད་པའི་གློ་བུར་བ་རེད།

༈ དུས་དང་རྣམ་པ་ཀུན་ཏུ་དམ་ཚིག་ལ་སེལ་མ་ཞུགས་ཤིང་དད་མོས་དང་ལྡན་པའི་གང་ཟག་གིས་དཀོན་མཆོག་གསུམ་གྱི་སྣང་བ་དང་མ་བྲལ་བར་རེས་འགའ་བླ་མ་སྤྱི་བོར་བསྒོམ་ཞིང་གསོལ་བ་བཏབ་ནས་དབང་བཞི་བླངས། རེས་འགའ་སྙིང་དབུས་སུ་བསྒོམ་ནས་ཐུགས་ཡིད་དབྱེར་མེད་དུ་བསྲེ་བར་བྱེད་པ་ནི་གནད་གལ་བོ་ཆེ་སྟེ་ཐུགས་ཡིད་བསྲེ་བའི་གནད་འདི་ཁོ་ནས་ཀྱང་རང་གི་སྒོམ་རྒྱུ་དེ་ལམ་རྣམ་དག་ཞིག་མིན་རུང་འཆི་ཁ་ཚུན་ལ་མི་གྲོལ་མི་སྲིད། ཞབས་དྲུང་རིན་པོ་ཆེས་གསུང་རྒྱུན་ཡིན། ༈ ཕྱག་ཆེན་སྙིང་པོའི་ལུགས་དང་རྫོགས་ཆེན་ཀྱི་སྐབས་སུ་ཤར་ཆོས་སེམས་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་མ་ནོར་བར། འཆར་གཞི་འོད་གསལ་གྱི་རིག་པ་རྗེན་པ་དེ་ཤེས་དགོས། དེ་ལྟར་ངོ་ཤེས་པ་ལ་ཕྱག་ཆེན་པས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། རྫོགས་ཆེན་གྱི་འོད་གསལ་བའི་རིག་པ་གཉིས་དོན་གཅིགམདོར་ན་རང་གི་ཤེས་རྒྱུད་འདིའི་སྟེང་ནས་འཁོར་འདས་གཉིས་ཀྱི་རྒྱུ་འཇོག་སྟེ། བདེ་ཉམས་ལ་ཞེན་པས་འདོད་ལྷ་དྲུག་གི་ཐོག་མ། གསལ་ཉམས་གཟུགས་ཁམས། མི་རྟོགས་པའི་ཉམས་ཞེན་གྱིས་གཟུགས་མེད། བྱིང་རྨུག་བསགས་པས་རི་བོང་བྱི་བ་སོགས་སུ་སྐྱེ། ཆགས་སྡང་རྨོངས་གསུམ་གྱིས་ངན་སོང་དུ་སྐྱེ། དགེ་བ་ཡང་བྱང་ཆུབ་སེམས་ཀྱིས་མ་ཟིན། དངོས་གཞི་ལྟ་བས་མ་ཟིན། བསྔོ་བ་སྨོན་ལམ་གྱིས་མ་ཟིན་པའི་སྦྱིན་སོགས་ཀྱི་དགེ་རྩ་དེ་ལོག་ལྟས་མ་བཅོམ། ཁོང་ཁྲོས་མ་བསྲེགས། དགེ་རྩ་འཛད་པའི་རྒྱུ་བཞིས་མ་བཤིགས་པར་ཡོད་ན། དེ་དག་གི་འབྲས་བུ་སྦྱིན་པས་ལོངས་སྤྱོད། ཁྲིམས་ཀྱིས་བདེ་འགྲོ། བཟོད་པས་གཟུགས་བཟང་སོགས་འབྱུང་སྟེ། དེ་དག་ནི་ཀུན་ཉོན་འཁོར་བའི་ཕྱོགས་ཀྱི་རྒྱུ་ཡིན་ལ་རིག་ངོ་སད་དེ་དེ་དག་ཏུ་སྐྱེ་བའི་རྒྱུ་ཉམས་ཞེན་གྱི་ཤུན་པ་འཐོར། དུས་གསུམ་གྱི་འཁྲུལ་རྟོག་དེངས་ནས་རིག་པ་རྐྱང་འདེད་དམ་ཡེ་ཤེས་རྗེན་འདེད་བྱས་ནས། མ་རྟོགས་སེམས་ཅན་ལ་བརྩེ་བའི་སྙིང་རྗེ། འཁོར་བར་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་བྱང་སེམས། སྣང་སྲིད་རྣམ་དག་གི་དག་སྣང་སོགས་རང་ཤུགས་ཀྱིས་འཆར་བ་ན་རྣམ་བྱང་མྱང་འདས་ཀྱི་རྒྱུར་འཇོག་པར་མཁས་པའི་བསྟན་བཅོས་དང་། རྟོགས་ལྡན་གྱི་མྱོང་ཁྲིད་ཐམས་ཅད་མཐུན་ནོ། ཡང་རིག་པ་ནི་ཡུལ་ལ་གཏད་པ་མེད་པས་འཆར་གཞི་འོད་གསལ་ཤར་བས། ཤར་ཆོས་དུས་གསུམ་ཀྱི་རྟོག་པའི་གོ་མི་བཀག་པ་ནི། དཔེར་ན་ཉི་མ་ཤར་བས་འོད་མི་འགགས་པ་བཞིན་ནོ། རྣམ་ཤེས་ཚོགས་བརྒྱད་ལ་ཡུལ་ཡུལ་ཅན་གཉིས་རེ་ཡོད་པས་ཡུལ་ཅན་ཡིད་ཤེས་ཀྱིས་ཡུལ་བཟང་ངན་བར་མ་གང་རུང་ཞིག་བཟུང་ན་རྟོག་པ་གཞན་འཆར་བའི་གོ་སྐབས་འཕྲོག་པ་ཡིན། དེས་ན་རིག་པ་སེམས་གྱི་ངང་ནས་མི་འཆར་ལ་སེམས་རིག་པའི་ངང་ལས་འཆར་བའི་ཚུལ་ཤེས་ན་ནོར་མི་དགོས། ཞེས་གསུངས་ཡང་འདི་ལྟ་བུའི་གདམས་ངག་ཞུས་ནས་མི་བསྒྲུབ་པར་རྐྱེན་ཅུང་ཟད་རེ་དང་འཕྲད་དུས། ཁ་གང་གི་ཟས་དང་ཚེ་གང་གི་བྱ་བ་གཉིས་བརྗེ་བ་ལྟར་རང་གི་ཉམས་ལེན་དེ་གལ་ཆུང་དགོས་མེད་ཁྱད་གསོད་བྱས་ནས་རྐྱེན་ཁར་ཤོར་ན་རྒྱལ་བའིི་བཀའ་དང་འགལ་ཏེ་བདེ་གཤེགས་བཀའ་འདས་ཀྱི་ལྟུང་བ་འབྱུང་། བླ་མའི་མན་ངག་དང་འགལ་ཏེ་དེས་བསྟན་པའི་མན་ངག་ཆུད་ཟོས་སུ་བཏང་བས་བླ་མ་བསླུས་པ་ཡིན། རང་གི་ཉམས་མྱོང་དང་འགལ་ཏེ་ཉམས་ལེན་གྱི་གནད་དགོས་མེད་དུ་སྟོར་བས་བསྒྲུབ་པའི་དམ་བཅའ་ཉམས་པ་ཡིན། དེ་འདྲའི་དམ་ཉམས་དེ་སངས་རྒྱས་བསྟན་པའི་སྤྱི་དགྲ་ཡིན་ཏེ། རང་རྒྱུད་ཀྱི་བསླབ་པ་གསུམ་བཤིགས་པས་སངས་རྒྱས་ཀྱི་བསྟན་པ་བཤིགས་པ་ཡིན། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་ཡིན་ཏེ། བསྟན་འཛིན་གྱི་སྐྱེས་བུའི་དྲུང་དུ་ཕྱིན་ན་སྐུ་ཚེ་ལ་བར་ཆད་དུ་འགྱུར། རྣལ་འབྱོར་གྱི་དགོས་དགྲ་ཡིན་ཏེ། དགེ་འདུན་གྱི་འཚོགས་གྲལ་དུ་སོང་ན་རྣལ་འབྱོར་བ་ཐམས་ཅད་ཀྱི་བསྒོམ་བཟླས་ལ་འབྲས་བུ་མེད་པར་བྱེད། དེས་ན་ཞིང་བཅུ་ཚང་བའི་གཙོ་བོ་ཉམས་པ་བདུན་ལྡན་གྱི་གང་ཟག་དེ་སྐྱོབས་བྱེད་ཀྱི་ལྷས་བོར་ནས་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བུང་བས་མེ་ཏོག་གི་བཅུད་ལེན་པ་བཞིན་དུ། ཆོས་ཀྱི་བྱིན་རླབས། གདམས་ངག་གི་རོ་བཅུད་ཐམས་ཅད་བླངས་ཏེ་རང་བཞིན་གནས་སུ་གཤེགས། ནམ་ཞིག་འཕོ་བའི་དུས་སུ་མནར་མེད་ཀྱི་གནས་ལས་གཞན་དུ་འགྲོ་ས་མེད་དེ། ཡོན་ཏན་མཛོད་ལས། སྔགས་ལ་ཞུགས་པའི༴ སོགས་གསུངས་པ་ལྟར་རོ། གཞན་དཔལ་སྤྲུལ་རིན་པོ་ཆེས། སོར་བྱང་སྔགས་གསུམ་གྱི་སྡོམ་པ་རྒྱུད་ལྡན་ཞིག་གིས་སྲོག་ཆགས་ཕྲ་མོ་ཞིག་བསད་ན། སོ་ཐར་ལ་དུད་འགྲོ། བྱང་སེམས་ལ་མ་རྒན། སྔགས་ལ་རྩ་བའི་བླ་མ་བསད་པའི་ཉེས་པ་འབྱུང་གསུངས། དེ་བཞིན་དུ་སྣོད་མིན་ལ་གསང་བ་སྒྲོགས་པ་ཡང་འབྱུང་ཉེ་སྟེ། དེང་སང་ཕལ་ཆེ་བས་རང་གི་ཉམས་ལེན་དེ་སུ་ཐུག་ཐུག་ལ་བཤད་པ་ཅི་ཐོན་བལྟས་ཏེ། ཐེ་ཚོམ་གཅོད་ཕྱིར་མ་ཡིན། ཆེ་འདོད་སོགས་ཀྱིས་བསླད་པས་རང་ལ་དགོས་པ་མེད། ཕ་རོལ་པོའི་ཡང་དོན་དུ་མི་འགྱུར་བའི་ཕྱིར་ན་གསང་སྒོ་འཆོལ་བའི་ཉེས་པ་ངེས་པར་འབྱུང་ཚུལ་གསུངས་སོ། ༈ སྣང་བ་གསུམ་ནི། ལོག་རྟོག་འཁྲུལ་བའི་སྣང་བ་འགྲོ་དྲུག་གི་སེམས་ཅན་ཀྱི་སྣང་བ་ཡིན། རྟེན་འབྲེལ་སྒྱུ་མའི་སྣང་བ་འཕགས་པ་བྱང་ཆུབ་སེམས་དཔའི་རྗེས་ཐོབ་ཏུ་སྣང་བ་ཡིན། ཡང་དག་ཡེ་ཤེས་ཀྱི་སྣང་བ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་པའི་རིག་པ་འཛིན་པས་དག་མཉམ་བདེན་པ་དབྱེར་མེད་རྟོགས་པའི་སྣང་བ་ཡིན་གསུངས། ༈ སྤྱིར་རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ཞིག་མེད་ཐབས་མེད་ཟེར་བ་མང་ཡང་མཚན་མེད་རྫོགས་ཆེན་ལ་བློས་བྱས་ཀྱི་བསྐྱེད་རིམ་མི་དགོས་ཏེ། གཞི་ཀ་དག་ཁྲེགས་ཆོད་ཀྱི་སྐབས། དག་མཉམ་གྱིི་ངེས་ཤེས་གཞིར་བཞག་གི་སྟེང་ནས་ཉམས་སུ་ལེན་པ་དང་། ལམ་ལྷུན་གྲུབ་ཐོད་རྒལ་གྱི་སྐབས་ན་ཤིན་ཏུ་དག་པའི་རྩ་ཐིག་རླུང་གསུམ་ལ་བརྟེན་ཏེ་ཞིང་སྐུ་ཕོ་བྲང་གསུམ་དངོས་སུ་ལམ་དུ་བྱེད་པ་ཡིན་ལ། མ་ཧཱ་ཨ་ནུ་སོགས་ཀྱི་བསྐྱེད་རིམ་ཀྱང་དེ་ཉིད་སད་ཐབས་ཙམ་ཡིན་པས་བསྐྱེད་རིམ་ཐམས་ཅད་ཀྱི་མཐར་ཐུག་ཞིང་སྐུ་ཕོ་བྲང་དངོས་ལམ་དུ་བྱེད་པ་ཡིན་གསུངས། །

༈ སྔ་འགྱུར་རྙིང་མའི་རིང་ལུགས་ལ། ཕྱག་རྫོགས་དབུ་གསུམ་བསྒོམ་པའི་སྔ་རོལ་དུ་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་ཤེས་དགོས། དེ་ཡང་ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་ལ་༼དང་པོ་སྣང་ཆ་གཏན་ལ་ཕབ་པ་ནི་ཆུ་འདོད་པ་ལྟ་བུ་༽སྣང་སྟོང་གི་ཆ། ཟུང་འཇུགསྤྲོས་བྲལ། མཉམ་ཉིད་བཞི་ནི་སྟོང་ཉིད་ཀྱི་བསྐྱེད་རིམ་ཟེར་ནི་རེད། བྱུང་གནས་འགྲོ་གསུམ་སྐབས། བྱུང་ས་སོགས་གསུམ་ཡུལ་ཀ་བ་ལྟ་བུའི་སྟེང་དུ་གཏན་ལ་ཕབས་དུས་ཀ་བ་དེ་སྣང་ན་མི་སྟོང་ནི། སྟོང་ན་མི་སྣང་བ་ལྟ་བུ་མིན་པར་སྟོང་ཆེ་བའི་གནད་ཀྱིས་སྣང་བས་སྟོང་པ་མ་བཀགསྟོང་པས་སྣང་ཆ་མ་བཀག་པར་སྣང་བཞིན་པའི་དུས་སྟོང་། སྟོང་བཞིན་པའི་དུས་སྣང་ཆ་མ་འགག་པར་ཀ་བ་སོགས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྣང་སྟོང་ཟུང་འཇུག་དུ་བཞུགས་པས་བྱུང་ས་སོགས་མི་རྙེད་གསུངས། ༼སྣང་སྟོང་ཟུང་འཇུག་གི་ལྟ་བས་ཤེས་རྒྱུད་ཁྱབ་ཡོད་པའི་འབྲས་རྟགས་ནི་གང་ཤར་བ་བག་ཆགས་བསོག་ཡོང་མེད་པར་རང་གྲོལ་བ་ཡིན་༽བྱུང་མཁན་སོགས་གསུམ་ཡུལ་ཅན་གྱི་ཤེས་པ་མིག་ཤེས་ལྟ་བུའི་སྟེང་དུ་གཏན་ལ་ཕེབས་དུས་མིག་གི་ཤེས་པ་ཏེ་སྣང་ཆ་ཐབས་ཀྱི་ཆ་ཀུན་རྫོབ་དང་དེའི་ངོ་བོ་ཡེ་སྟོང་གི་ཆ་དོན་དམ་སྟེ་ཤེས་པ་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་སྣང་སྟོང་ཟུང་འཇུག་ཡིན་པས་བྱུང་མཁན་སོགས་རྙེད་ནི་མ་རེད་གསུངས། ༈ ཡུལ་ཤེས་པས་ཤེས༵་པ༵། ཡུལ་གྱི་རྣམ་པ་ཤེས་པས་རྣམ༵་ཤེས༵། ཡུལ་ལ་དཔྱོད་ཅིང་རྟོག་པས་རྣམ༵་རྟོག༵ཡུལ་གྱི་ཁ་དོག་སོ་སོར་རིག་པས་རིག༵་པ༵། གསལ་བ་ཟེར་དོན་དེ་རེད། དུས་གསུམ་གྱི་འཁྲུལ་རྟོག་ལ། འཁྲུལ་རྟོག་ཐ་མལ་གྱི་ཤེས་པ། འོད་གསལ་མི་རྟོག་གསུམ་ལ་ཉམས་ཞེན་ཐ་མལ་གྱི་ཤེས་པ། གཞི་ཐ་མལ་གྱི་ཤེས་པ་དང་གསུམ་ཡོད། ཕྱི་ནང་སྣོད་བཅུད་ཀྱི་ཆོས་འདི་དག་ཐམས་ཅད་སྣང་སྟོང་ཟུང་འཇུག་དུ་ངེས་པའི་ངེས་ཤེས་མར་མེ་ལྟ་བུའི་ལྟ་བའི་ངང་ལ་མཉམ་པར་བཞག་དུས་༼དང་པོ་སྐྱེ་བ་རྒྱུས་སྟོང་། བར་དུ་གནས་པ་ས་ཡིས་སྟོང་། མཐར་འགྲོ་ས་ཡུལ་གྱིས་སྟོང་། ཐར་བའི་ལམ་སྣ་ཟིན་པ་དང་ལམ་རྒྱུད་ལྡན་པའི་གང་ཟག་ཡིན་༽ངོ་བོའི་དབྱིངས་ལ་ཤར་ཆ་འགགས་མེད་དུ་ཤར་བ་ནི་མཐའ་བཞིའི་འཛིན་སྟང་དང་བྲལ་བའི་འབྲས་རྟགས་ཡང་དག་རེད། འདིའི་སྐབས་སྒོ་ལྔ་ཆ་མཉམ་གྱི་མཉམ་བཞག་གི་ངང་ལ་གནས་དུས་ཡུལ་ལྔ་ཅིག་ཆར་མེ་ལོང་ནང་དུ་གཟུགས་བརྙན་ལྟར་ཤར་བའི་འཆར་གཞི་དེ་ནི་དྭངས་པ་རྒྱ་མཚོ་ལྟ་བུ། དག་པ་ནམ་མཁའ་ལྟ་བུ། གཙང་པ་པདྨ་ལྟ་བུ། གནས་ན་དྭངས་ཆ་མེད་ན་ཞི་གནས་ཀྱི་སྙིགས་མ། གསལ་ན་ལྷོད་ཆ་ནི་གཏད་སོ་ཅན་གྱི་ཡིད་ཤེས་ཕྲ་མོས་ཤེས་རྒྱུད་མ་བཅིང་པ། འགྱུ་ན་གྲོལ་ཆ་མེད་ན་སྐྱེ་བོ་ཐ་མལ་པ་དང་འདྲ་བས། ཞེ་སྡང་གི་རྟོག་པས་དམྱལ་བ། སེར་སྣས་ཡི་དྭགས། གཏི་མུག་གིས་དུད་འགྲོ། འདོད་ཆགས་ཀྱིས་མི། ཕྲག་དོག་གིས་ལྷ་མིན། ང་རྒྱལ་གྱིས་ལྷ་སྟེ། རིགས་དྲུག་སྐྱེ་བའི་རྒྱུ་དྲུགཆོས་དང་གང་ཟག་གི་བདག་གཉིས། འདོད་ཆགས་ཞེ་སྡང་སོགས་ཉོན་མོངས་པའི་སྒྲིབ་པ། འཁོར་གསུམ་དུ་རྣམ་པར་རྟོག་ཅིང་ཞེན་པའི་ཤེས་སྒྲིབ་དང་བཅས་པས་རྣམ་རྟོག་གང་ཤར་ཤར་ཐམས་ཅད་སྣང་བ་སྣང་ཐོག་ནས་གྲོལ་བ་རྡོ་ཐོག་ནས་བྱིའུ་ཆུང་ཁུར་བ་ལྟ་བུ། འགྱུ་བ་འགྱུ་ཐོག་ནས་དྲན་པར་གྲོལ་བ་ཆུ་ལ་རི་མོ་བྲིས་པ་ལྟ་བུའི་སྒོ་ནས་བག་ཆགས་བསོག་ལོངས་མེད་པར་གྲོལ་ནི་རེད། དེ་དུས་ཤར་གྲོལ་གྱི་མགོ་བརྩམ་ནི་རེད། ཤར་གྲོལ་མཚན་ཉིད་པ་མ་རེད། ༼སོག་མའི་ཞབས་ཀྱི་ཆུ་ལྟ་བུའི་འོག་འགྱུས་ནི་ལས་གསོགགྲོོལ་མ་ཐུབ་ན་རྡོ་ལ་རི་མོ་བྲིས་པ་ལྟ་བུ། ཤར་གྲོལ་མཚན་ཉིད་པ་ནི་སྣང་སྲིད་རྒྱ་གྲོལ་ལ་འགྲོ་དགོས་ནི་རེད་གསུངས། ༽དེ་འདྲ་བའི་སྣང་སྟོང་ཟུང་འཇུག་གི་ལྟ་བ་དེ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་གོམས་ཤིང་འདྲེས་པར་བྱས་ན་ཉིན་རེ་ལ་འཛམ་གླིང་གཡས་བསྐོར་བྱེད་ནི་ལས་ཕན་ཡོན་ཆེ་ནི་རེད་གསུངས། སྒོ་ལྔ་ཡིད་མངོན་ལྔ་ཀུན་གཞིའི་རྣམ་ཤེས་དང་རྟོག་མེད་བཅུ་གཅིག་སྒོ་ལྔ་ཆ་མཉམ་གྱི་དུས་ཤར་ཡོད། ཡུལ་ལ་གཡོས་རུང་མ་གཡོས་རུང་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཡིན། ཡིད་ཤེས་རྟོག་བཅས་ཡིན་གསུངས། རིང་ལམ་རྒྱུའི་ཐེག་པའི་སྐབས་བྱང་སེམས་དབང་རྣོན་ཡིན་ཡང་སངས་རྒྱས་པ་ལ་བསྐལ་ཆེན་གྲངས་མེད་གསུམ་དགོས། ཉེ་ལམ་སྔགས་ཀྱི་ཐེག་པའི་སྐབས་མི་ཚེ་བདུན་དང་བཅུ་དྲུག་གིས་སངས་རྒྱས་འགྲུབ། མྱུར་ལམ་རྫོགས་པ་ཆེན་པོས་ནི་ཁྲེགས་ཐོད་གཉིས་ཀྱིས་ཆོས་གཟུགས་གཉིས་དངོས་ལམ་དུ་བྱེད་པས་ཚེ་འདིའམ་བར་དོ་ཚུན་ཆད་སངས་རྒྱས་ནི་རེད་དེ་ཡང་ཁྲེགས་ཆོད་དངོས་གཞིའི་སྐབས། བྱིན་རླབས་འཕོ་བའི་སྒོ་ནས་ངོ་སྤྲད་པ། ༼སྣང་བ་ཡུལ་གྱི་བློ་ཅན་སེམས་ལམ་བྱེད། ༽སྒོམ་པ་གོམས་པའི་སྒོ་ནས་ངོ་སྤྲད་པ། ༼རིག་པ་རང་སྣང་གི་བློ་ཅན་རིག་པ་ལམ་བྱེད། ༽གནས་ལུགས་ལྟ་བའི་ཐོག་ཏུ་ངོ་སྤྲད་པ་སོགས་ཡོད། ཐོད་རྒལ་སྐབས། རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད་ནི་རེད་གསུངས། ༈ སེམས་ཀྱི་སྣ་ཁྲིད་སྐབས། སེམས་བསྐྱེད་ཅིང་སྐྱབས་ཡུལ་འོད་ཞུ་བྱས་ནས་སྒོ་གསུམ་བླ་མའི་གསང་གསུམ་དབྱེར་མེད་པའི་ངང་ནས་སྙིང་ཁར་གཞི་གནས་ཀྱི་རིག་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དབྱིངས་ཡེ་ཟུང་འཇུག་གི་ངོ་བོ་ཧཱུྃ་ཡིག་སྔོན་པོ་ལས་རིག་རྩལ་རོལ་པ་ཧཱུྃ་ཡིག་གི་རྣམ་པ་བུང་བའི་ཚང་ཞིག་པ་ལྟར་བུན་བུན་ཤིག་ཤིག་ཏུ་འཕྲོས་པས་ཁམས་གསུམ་སྲིད་གསུམ་གྱིས་བསྡུས་པའི་སྣང་བའི་ཆོས་ཐམས་ཅད་ཧཱུྃ་གི་རང་བཞིན། སྒྲ་གྲགས་པ་ཐམས་ཅད་ཧཱུྃ་གི་རང་སྒྲ། དྲན་རྟོག་ཐམས་ཅད་ཤར་གྲོལ་རྗེས་མེད་འོད་གསལ་ཐུགས་ཀྱི་ངོ་བོར་སྣང་སྲིད་དག་པ་རབ་འབྱམས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་བུན་བུན་ཤིག་ཤིག་གི་རྣམ་པར་སད་པའི་ངང་ནས་ཧཱུྃ་དབྱངས་བརྗོད། དེའི་ཚེ་ན་ཆོས་དང་གང་ཟག་གི་བདག་འཛིན། དུས་གསུམ་ཡིད་ཀྱི་འཁྲུལ་བ་མ་དག་པའི་སྣང་བ་ཐམས་ཅད་བྲལ་བ་འདི་ཉིད་མདོར་ན་ཞིང་ཁམས་དག་སྦྱོང་གི་དོན་མན་ངག་ཟབ་མོའི་སྟོབས་ཀྱིས་ད་ལྟ་ཉིད་དུ་སྣང་སྲིད་དག་པ་རབ་འབྱམས་སུ་སད་པ་ཡིན་ལ། དེ་ཡང་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་སྔགས་ཡིག་འབྲུའི་རྣམ་པར་བྱོན་ནི་རེད། ཡི་གེའི་ནང་ཁོང་སྟོང་ཆོས་ཀྱི་དབྱིངས། རང་གཟུགས་རང་གདངས་འགགས་མེད་ཀྱི་ཡེ་ཤེས། དོན་ལ་ཡི་གེ་རྣམ་པ་ཐམས་ཅད་དབྱིངས་ཡེ་ཟུང་འཇུག་ཡིན། དེས་ན་ལྷ་ཐམས་ཅད་སྔགས་སུ་ཤར་བ་ཡིན་པས་ཡི་གེའི་རང་གཟུགས་ལྷ། རང་སྒྲ་གསུང་། རང་འོད་ཞིང་ཁམས་ཡིན་ནོ། །དེ་ལྟར་བརྟན་གཡོ་ཐམས་ཅད་ཧཱུྃ་གི་གཟུགས་སྒྲ་འབའ་ཞིག་ཏུ་གསལ་བ་བསྐྱེད་རིམ། འཕྲོ་བཅད་ནས་རིག་སྟོང་ཆོས་སྐུའི་ཀློང་དུ་བཞག་པ་རྫོགས་རིམ་ཡིན། འདི་ནི་ཚོགས་གཉིས་ཟུང་འཇུག་གི་ཉམས་ལེན་དང་། ཉོན་ཤེས་གཉིས་ཀྱི་སྒྲིབ་པའི་དངོས་གཉེན་ཡིན་པས་གནད་འཐོར་མ་བཅུག་གསུངས་སོ། རྩལ་སྦྱང་སྐབས་སྔར་ཞེན་གྱི་དངོས་འཛིན་གང་ཡང་མ་ཆོད་པའམ་ཧཱུཾ་སྣང་ལ་ཞེན་པ་བྱུང་ན་རང་ཐ་མལ་པའི་སྙིང་གར་གཞི་གནས་ཀྱི་རིག་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་འཁྲུལ་བ་མེད་པ་དབྱིངས་ཡེ་ཟུང་འཇུག་གི་ངོ་བོ། དྲག་པོ་སྔགས་ཀྱི་མཚོན་ཆ་ཧཱུཾ་ཡིག་མཐིང་ནག་མཐོ་གང་ངམ་ཁྲུ་གང་བ་སོགས་ཆེ་ཆུང་ངེས་མེད་མང་པོ་འཕྲོས་པས་རང་གཞན་གྱི་ལུས་དང་རླུང་གི་ཆ་ནས་ངགཤེས་རིག་གི་ཆ་ནས་སེམས་སྟེ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་དང་བཅས་པ་གཏོར། མདོར་ན་གནས་ཚུལ་དང་མི་མཐུན་པའི་སྣང་ཚུལ་འདུ་ཤེས་ཕྱིིན་ཅི་ལོག་གི་འཁྲུལ་སྣང་གི་ཡུལ་དང་ཡུལ་ཅན་རྟོག་པའི་བློ་གཉིས་གཏོར་དགོས། ཕྱིན་ཅི་ལོག་གི་འཁྲུལ་སྣང་ཇི་ལྟར་བྱུང་ན། གཞི་དབྱིངས་སྟོང་གསལ་སྤྲོས་པ་དང་བྲལ་བ། རྒྱ་ཆད་ཕྱོགས་ལྷུང་མེད་པ། མཐའ་དང་དབུས་མེད་པ། ཕྱི་དང་ནང་མེད་པ། ཆོས་དབྱིངས་དེའི་ཀློང་དུ་ཡེ་ཤེས་ལྔའི་རང་གདངས་འོད་ལྔའི་སྣང་བ་སྒྲ་འོད་ཟེར་གསུམ་འཆར་ཚེ། ཐོད་རྒལ་ལ་གོམ་ཅུང་ཟད་ཡོད་ན་ཉམས་རྟོགས་ཇི་ལྟར་དམན་ཡང་སྒྲ་འོད་ལ་སྐྲག་ནི་མ་རེད། དེ་མིན་རང་ངོ་མ་ཤེས་པས་ཆོས་དབྱིངས་ཡུལ་གྱི་འཁྲུལ་གཞི་སོགས། གཞི་ཆོས་ཉིད་ཀྱི་རང་སྣང་ལ་འཁྲུལ་བ་མེད་ཀྱང་། དེའི་ཚེ་འཁྲུལ་ཚུལ་ངོ་བོའི་ཆ་མ་རིག་པ་གསུམ་སྟེ་རྒྱུ་བདག་ཉིད་གཅིག་པ། ལྷན་ཅིག་སྐྱེས་པ། ཀུན་ཏུ་བརྟགས་པ་དང་གསུམ་པོ་རྣམ་པ་རྐྱེན་གྱི་ཆའོ། །གཞི་སྣང་ལ་རང་ལས་བྱུང་བར་མ་ཤེས་པའི་རྒྱུའི་རྐྱེན། དེ་ཉིད་ཡུལ་དུ་ཤར་བས་དམིགས་པའི་རྐྱེན། བདག་དང་བདག་གིར་བཟུང་བས་བདག་པོའི་རྐྱེན། དེ་གསུམ་དུས་མཚུངས་པས་དེ་མ་ཐག་པའི་རྐྱེན་བཞིའི་དབང་གིས་འཁྲུལ་ལོ། །དེ་ཡང་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པས་རང་ངོ་མ་ཤེས། རྐྱེན་ཀུན་ཏུ་བརྟགས་པའི་མ་རིག་པས་བདག་གཞན་སོ་སོར་བརྟགས་པས་གཟུང་འཛིན་གྱི་རྟོགས་པ་ཇེ་རགས་སུ་སོང་བས། དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་རྐྱེན་གྲང་ལྷག་གིས་རྡོ་ལྟར་དུ་གྱུར་པ་བཞིན། དག་པའི་སྣང་བ་དེ་གློ་བུར་འཁྲུལ་བའི་སྦུབས་སུ་ཚུད་པས་སྒོ་གསུམ་མམ་གནས་དོན་ལུས་ཀྱི་སྣང་བ་མུ་མེད་པར་ཤར་ནས་གཞི་ཆོས་ཉིད་ཀྱི་རང་ཞལ་བསྒྲིབས་ཏེ་ནུབ་པ་ཡིན་པས་གང་གཏོར་ན་གནས་ཚུལ་དང་མི་མཐུན་པའི་བག་ཆགས་ངན་པའི་རང་སྣང་མ་དག་ལས་སྣང་ལོག་པའི་སྣང་བ་འཁྲུལ་པ་འཁྲུལ་སྣང་དང་བཅས་པ། གང་གིས་གཏོར་ན་གཞི་གནས་ཀྱི་རིག་པ་དབྱིངས་ཡེ་ཟུང་འཇུག་དྲག་པོ་སྔགས་ཀྱི་མཚོན་ཆ་དེས་གཏོར། གང་དུ་གཏོར་ན་དབྱིངས་ཡེ་ཟུང་འཇུག་གི་ཀློང་དུ། ཚུལ་ཇི་ལྟར་ན་རིག་སྟོང་ཟུང་འཇུག་མཉམ་བཞག་གི་རང་ས་ཟིན་ནས་ལྟ་བས་གདེངས་མ་ཤོར་ན་གང་ཤར་ཐམས་ཅད་བག་ཆགས་བསོགས་ལོང་མེད་པར་མཁའ་ལ་བྱ་རྗེས་དེངས་པ་དང་། ཆུ་ལ་རི་མོ་བྲིས་པ། སྦྲུལ་གྱི་མདུད་པ་ཞིག་པ་ལྟར་རང་ཤར་རང་གྲོལ་དུ་དག་པ་ཡིན་ནོ། །གཏོར་ཟེར་བ་དེ་ཡོ་ག་གསུམ་གྱི་དགོངས་དོན་ལྟར་གནས་ཚུལ་དག་པ་རབ་འབྱམས་ཡིན་པ་ལ་ངེས་ཤེས་རྙེད་པ་དེ་ཡིན། མཉམ་བཞག་རང་ས་མ་ཟིན་ན་འཁོར་བར་འཕེན་བྱེད་ལས་ཉོན་ཕྱིན་ཅི་ལོག་གི་སྣང་རྟོག་དཔེར་ན་གསེར་གྱི་གཡའ་དང་རབ་རིབ་ནད་ཀྱིས་ཟས་དང་མཁའ་ལ་སྤུ་ཤད་ཀྱི་རྣམ་པ་འཆར་བ་ལྟ་བུའི་ལོག་རྟོག་དེ་གཏོར་དགོས་ནི་རེད། དེའི་ཚེ་གནས་ལུགས་དག་སྣང་ནི་ཇེ་བཟང་ཇེ་གསལ་ཇེ་བརྟན་དུ་འགྲོ་བ་ཡིན་ནོ། །སེམས་མ་བཅོས་ན་དེངས་འགྲོ་ནི་རེད། རིག་པ་མ་བཅོས་ན་ཇེ་གསལ་ཇེ་བརྟན་དུ་འོང་བ་ཡིན་པས། གནས་ཚུལ་དག་མཉམ་ལ་ངེས་ཤེས་སྐྱེས་ནས་ཕྱིན་ཅི་ལོག་གི་སྣང་ཞེན་རིམ་གྱིས་ནུབ་ནས། རིག་པ་ཚད་ཕེབས་སྐབས་རང་གནས་སོར་ཆུད་ནས་ས་ཁམས་དང་ཤ་ཁམས་འོད་སེར་པོར་སྣང་བ་སོགས་འབྱུང་ཁམས་ཐམས་ཅད་འོད་ལྔའི་ཡེ་ཤེས་ལྔའི་ཞིང་ཁམས་ཀྱི་ཀློང་དུ་རིགས་ལྔའི་སངས་རྒྱས་སྟོན་འཁོར་དང་བཅས་པ་བཞེངས་པ་ཡིན། སྔ་མ་མ་རིག་བདེན་འཛིན་གྱིས་དྲངས་པའི་དུས་གསུམ་ཡིད་ཀྱི་འཁྲུལ་བ་ལས་ཉོན་རགས་པ་ཉོན་སྒྲིབ་བཅོམ་བྱེད་རེད། ཕྱི་མ་བདེན་འཛིན་ཕྲ་བ་ཤེས་སྒྲིབ་བཅོམ་བྱེད་རེད་གསུངས། ༈ རིགས་དྲུག་བསྲེགས་སྦྱངས་སྐབས། ལུས་འདི་ཕྱི་པགས་པའི་སྐྱ་རིས་སུ་གསལ་བའི་གནས་དྲུག་གི་ས་བོན་རྣམས་རིགས་དྲུག་སྐྱེ་འགྱུར་གྱི་སྡིག་སྒྲིབ་བག་ཆགས་ཀྱི་ངོ་བོར་བསམ། དེ་ཡང་ཁམས་གསུམ་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡེ་དོན་གྱི་ཀུན་གཞི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་ཀྱི་ཆོས་ཁམས་རྒྱ་མཚོ་ལྟ་བུའི་འཆར་གཞི་བཞུགས་ནི་རེད། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ནི་མ་དག་འཁོར་བའི་གནས་དོན་ལུས་ཀྱི་སྣང་བའི་འཆར་གཞི་རེད། བར་སྲིད་ཡིད་ལུས་ཀྱི་རྒྱུད་ནའང་བག་ཆགས་སྣ་ཚོགས་པའི་ཀུན་གཞི་རྒྱུ་ས་བོན་ཕྲ་བ་ཡོད་པས་རྐྱེན་ཕ་མའི་ཁུ་ཁྲག་སོགས་ཚོགས་པའི་དབང་གིས་རིགས་དྲུག་གི་གནས་དོན་ལུས་ཀྱི་སྣང་བ་ཐམས་ཅད་རང་སྣང་དུ་གྲུབ་པ་ཡིན་ལ། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དྭངས་མའི་རྩ་ཡིག་ཨེ་ཝཾ་དང་། བདེ་གཤེགས་སྙིང་པོའི་སྐུ་གསུམ་གྱི་རང་གདངས་གནས་གསུམ་དུ་འབྲུ་གསུམ་ཡི་གེའི་གཟུགས་སུ་ཤར་བ་གསལ། བཀྲགས་འོད་འབར་བར་གསལ་བཏབ་དགོས། དེས་ན་གང་ཟག་གཅིག་སངས་རྒྱས་ཚེ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ན་སྐུ་གསུམ་བཞུགས་པའི་གནད་ཀྱིས་སྐུ་གསུམ་ཞིང་ཁམས་ཀྱི་བཀོད་པ་ཐམས་ཅད་རང་སྣང་དུ་འཆར་བ་ཡིན་ནོ། །བག་ཆགས་སྒྱུ་ལུས་ཀྱི་ཕུང་པོ་འདི་གྲུབ་ཙམ་ནས་རིགས་དྲུག་གི་ས་བོན་གནས་དྲུག་ཏུ་རྒྱུན་ཆགས་སུ་གནས་པ་ཡིན་པས་ཚེ་རབས་ཐོག་མ་མེད་པ་ནས་ལུས་ངན་བླངས། ལས་ངན་བསགས་ཡོད་པས། གནས་ངན་དེ་དག་ཏུ་མི་སྐྱེ་བའི་དབང་མེད་པར་ཤེས་ནས་རྟེན་རིགས་དྲུག་གི་ས་བོན་དྲུག་པོ་ཡི་གེ་གསུམ་གྱི་འོད་ཟེར་གྱིས་མེས་བསྲེག་པ་དང་། བརྟེན་པ་ལས་ཉོན་གྱི་བག་ཆགས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མེས་བསྲེགས་པ་ཡིན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བསྲེགས་ཚུལ་ནི། བརྟེན་པ་ང་རྒྱལ་སོགས་བག་ཆགས་གསོག་བྱེད་རྒྱུ་དྲུག་པོ་དེ་བག་ཆགས་གསོག་འོང་མེད་པར་ལྟ་བའི་ཀློང་དུ་ཤར་གྲོལ་དུ་བཏང་བ་ཡིན། དེ་ཡང་མིག་ཤེས་གཟུགས་ལ་འཕྲད་པའམ། ཡིད་ཤེས་ཡུལ་ལ་འཕྲད་མ་ཐག་གྲོལ་ཐུབ་ན་ཐུགས་ཕྲད་རང་གྲོལ་དུ་གྲོལ་བ་ཡིན་གསུངས་པས་བསྲེགས་སྦྱང་ལ་འབད་པ་དང་། སྙིང་ག་ཆོས་ཀྱི་འཁོར་ལོའི་འོད་རྩ་ལྔ་ལ་བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་སྦྱང་གི་མན་ངག་ཟབ་མོ་རྣམས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཉམས་སུ་བླང་ན་དབུགས་ཆད་མ་ཐག་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ཁམས་སུ་སྐྱེ་བར་ཐེ་ཚོམ་མེད་ཞེས་ཞབས་དྲུང་རིན་པོ་ཆེས་གསུངས། ཡང་གསང་བླ་ན་མེད་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་འཆི་སྲིད་ཆོས་སྐུའི་འོད་གསལ་ལམ་བྱེད་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་ཡིན། ཆོས་ཉིད་བར་དོའི་གཞི་སྣང་ལམ་བྱེད་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ཡིན། སྲིད་པ་བར་དོའི་བག་ཆགས་སྦྱོང་བྱེད་དང་སྤྲུལ་སྐུའི་ལམ་ཁྱེར་རིགས་དྲུག་བསྲེགས་སྦྱང་དང་། རང་བཞིན་སྤྲུལ་པའི་ཞིང་སྦྱོང་གི་ཉམས་ལེན་རྣམས་ཡིན་པས་ད་ལྟ་འདྲིས་གོམས་ཆེ་བ་གལ་ཆེ། རང་རྒྱུད་ཀྱི་ཉོན་མོངས་ཤུགས་གང་ཆེ་དེའི་ས་བོན་དམིགས་ཀྱིས་བཀར་ནས་དམིགས་བཟླས་ལ་འབད་དགོས། ད་ཕྱིན་ཆད་ཡང་སྲོད་ཐུན་སོགས་ལ་ཅི་ནུས་དང་དུས་ཆེན་རྣམས་དང་། ཁྱད་པར་དུ་ཉི་ཟླ་གཟའ་ཡིས་ཟིན་པའི་རང་དུས་དེར་གལ་ཆེ་བས་གནད་སྨིན་རེ་བཟླས་ན་ཐོག་མེད་ནས་བསགས་པའི་སྡིག་པ་ཤོག་མ་༼སྐད་ཅིག་གི་དོན་༽གཅིག་ལ་དག་ཐུབ་ནི་རེད་གསུངས། ༈ དོན་ཡེ་ཤེས་ཀྱི་འབྱུང་བས་སྒྲོན་བཞིའི་རྒྱུ་བྱས་ཏེ། དེ་ཡང་རིམ་པས་ཁ་དོག་དཀར་དམར་སེར་ལྗང་བཞི། ཆུ་མེ་ས་རླུང་བཞིའི་རྩལ་རྒྱང་ཞགས། ཐིག་ལེ་སྟོང་སྒྲོན། དབྱིངས་རྣམ་དགཤེས་རབ་རང་བྱུང་བཞིའི་སྒྲོན་མ་རྣམས་ཀྱིས་རྒྱུ་བྱས། ཤེས་རབ་རྒྱང་ཐིག་དབྱིངས་བཞིས་རིམ་པར་རིག་པ་འོད་སྐུ་ཡེ་ཤེས་བསྐྱེད་དོ། །འོད་གསལ་དང་སྒྲོན་མ་ལ་སོགས་པ་གལ་པོ་ཆེ་ཐམས་ཅད་ཀྱི་གནད་མིག་ལ་འདུས་པས་སྒོ་མི་འགུལ་བ་དང་། གཟིགས་སྟང་གཅུན་པ་གལ་ཆེ། མིག་མི་འགུལ་བ། ཤེས་པ་དངས་བྱེད་པ། དྲན་རྟོག་ཐ་མལ་དུ་མ་སོང་བ་དང་གསུམ་གནད་གལ་པོ་ཆེ་ཡིན་གསུངས་སོ། །དབྱིངས་རྣམ་དག་གི་སྐབས་དབྱིངས་སྒྲོན་ལ་ཕྱི་ནང་གཉིས་ལས། ནམ་མཁའ་དངོས་ཕྱི་དབྱིངས་མིན་ཏེ། ཕྱིའི་ནམ་མཁའ་དག་པའི་དཀྱིལ་ན་ནང་གི་ནམ་མཁའི་གདངས་སྔོ་ཐང་ངེ་བ་ཞིག་ཐོག་མར་སྣང་བ་དེ་ཕྱི་དབྱིངས་དང་། ནང་དབྱིངས་དེ་ལས་མཆེད་པ་ལྟར་ཤར་ཏེ་འོད་ལྔའི་མདངས་ལྡན་ཁ་ཏོག་ལྔར་གསལ་བའོ། །འདི་གཉིས་འབྲེལ་བས་ཡི་གེ་ན་རོའམ་སྨིན་མཚམས་ནས་ཐོག་མར་འཆར་དུས་འཁྱོགས་ཡོད་པས་ན་རོའང་གསུངས་སོ། །ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་དངས་ལ་ཡུལ་མེད་དུ་འཆར་བ་རིག་པའི་ངོ་བོ་ལྷག་མཐོང་ནི་གནས་ལུགས་མ་ནོར་བ་ཡིན་འདི་ལྟར་རྟོགས་ན་ཤེས་རབ་ཀྱི་མིག་གིས་མཐོང་བའང་ཡིན། ཀ་ལྷུན་གཉིས་ཀའི་རྩ་བ་རིག་པ་ཟང་ཐལ་རྗེན་ལ་འབུད་ཤེས་དགོས། མ་ཤེས་ན་གཟུགས་དང་གཟུགས་མེད་ཁམས་སུ་གོལ་བ་ཡིན་གསུངས། ཤེས་རབ་དངོས་ཤེས་པས་ཡུལ་རིག་ཀྱང་རྟོག་པར་མ་སྐྱེས་པའོ་ཞེས་སོ། །མཁའ་འགྲོ་སྙིང་ཐིག་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མཐོང་བའི་གང་ཟག་དེ་ནི་ངན་སོང་དུ་རྡོོག་པས་ཕུལ་ཡང་མི་འགྲོའོ། །ཞེས་གསུངས། ཞི་གནས་དང་ལྷག་མཐོང་ཟུང་འཇུག་གསུམ་གྱི་ལྷག་མཐོང་དང་ཟུང་འཇུག་གཉིས་ནི་ཁོག་ན་བསྟན་ཡོད་པས། འདིར་ནི་ཞི་གནས་ལ། རྣལ་དབབས་སྐབས་ལུས་ནི་ཆུ་ཆད་པའི་རང་ཐག་དང་སོག་མའི་ཕོན་ཐག་ཆད་པ་ལྟར་མགོ་ཐུར་དང་གྱེན་དང་གན་རྐྱལ་དང་ཁ་སྦུབས་སོགས་རང་རང་གི་ཁམས་ལ་གང་བདེ་དང་། ངག་པི་ཝང་གི་རྒྱུན་ཐག་ཆད་པ་ལྟར་དང་། སེམས་སྤྲིན་ནམ་མཁའི་དབྱིངས་སུ་དྭངས་བ་དང་རླབ་རྒྱ་མཚོར་དེངས་བ་ལྟར། དུས་གསུམ་གྱི་འཁྲུལ་བ་ཉམས་ཞེན་གྱི་ཤུན་པ། བྱིང་རྨུག་གཉིད་གསུམ་དྭངས་པའི་ཡག་འ་མའི་ངང་ལ་འཇོག་དགོས་ཀྱི་འཁྲུལ་བ་དང་ལུང་མ་བསྟན་གྱི་ངང་དུ་མ་བཅོས་ལྟ་བུ་མ་ཡིན་པས་ཤིན་དུ་གལ་ཆེན་ཡིན། འདི་ཚིག་ལ་རྩ་༼སླ་༽དོན་ལ་དཀའ་གསུངས། དེ་ལྟར་བྱེད་ན་ཁམས་འཁྲུགས་དང་། འབྱུང་འཁྲུགས་དང་དུབ་ཆ་སོགས་དྭངས་པའི་གནད་ཡོད་གསུངས། ༈ ད་ནི་འཁྲུལ་བ་ནི་སྦྱང་། བག་ཆགས་ནི་བསྲེགས་ཟིན་པས་ན་སྔར་སྦྱང་བ་རྣམས་གནད་སྨིན་རེ་ཡོང་ཡོད་ན་མི་གནས་པའི་གེགས་མེད་པས་རྡོར་དཀྱིལ་དང་ཕྱེད་དཀྱིལ་འདྲ། སོ་མཆུ་མ་རེག་པར་དབུགས་དལ་བ། མདའ་གང་ཙམ་ལས་མཐའ་མེད་དུ་མི་བལྟ། ཁྲོ་མོ་ལ་རྐང་པ་གཡོན་བརྐྱང་གཡས་བསྐུམ་ལག་པ་གཡོན་བརྐྱང་སྡིག་མཛུབ་རྩེ་ལ་མིག་གིས་བལྟ་བ། གཡས་སྙིང་གར་སྡིག་མཛུབ། ཁྲོ་བོ་ལ་དེ་ལས་བཟློག་པའོ། །ཚུལ་ཁྲིམས་རྡོ་རྗེས་གོན་པ་ཕུད་མི་ཕུད་གཉིས་དང་། གྱད་ཀྱི་དོར་སྟབས་ལ་ལངས་འདུག་གཉིས་དང་། ཁྲོ་བོ་ལ་ཧ་ཧ། ཁྲོ་མོ་ལ་ཧི་ཧི་གསུངས་སྣང་སྐྱེ་གསུངས། བླ་མ་ཉག་བླས། རྡོ་འཛི་སྨར་གསུམ་གསལ་རིག་ལ་ཞེན། བསེར་ཐ་སྟོང་ཉམས་ལ་ཞེན་ནས་ཡོད་གསུངས། གཞིའི་ཡེ་ཤེས་མ་ཤེས་ཀྱང་དེ་ལས་ཤར་བའི་སེམས་སེམས་བྱུང་གི་ཡོན་ཏན་གསུམ་པོ་ལེགས་པ་ཞིག་ཤེས་ན་ཕྱོགས་ཅིག་ཤེས་ནི་རེད། ཀུན་གཞི་ཤེས་དཀའ། ཀུན་གཞིའི་རྣམ་ཤེས་དངས་གསལ་འགགས་པ་མེད་གསུངས་པ་ལྟར་རོ། །སྒོ་ལྔའི་ཤེས་པ་དག་ས་ནས་དག་གསུངས། ལྷོད་སེ་བཞག་དུས་མིག་ཤེས་གསལ་རིག་གི་ཆ་སོགས་སྐུ་གསུམ་ལ་འདོད་མཁན་ཡོད་པ་ནི་གོང་ལྟར་རོ། ༈ །རིག་པའི་རྣམ་ལྡན་དུ་ཤར་བ་དང་ཉག་གཅིག་ཏུ་ཤར་དོན་གཅིགརིག་ཐོག་ཏུ་མཉམ་པར་བཞག་དུས་ཡུལ་སྣང་བན་བུན་དུ་ཤར་ཡང་། འཆར་གཞིའི་རིག་པ་མར་དུབ་མེད་ན་ཡག་ནི་རེད། ཡུལ་སྣང་མ་གྲུབ་པས་ཚུར་མཐོང་ཡོང་ནི་རེད། རིག་ཐོག་ཏུ་ཡོད་དུས་དེའི་ངང་ལས་ཤར་བ་ལ་རྩལ་དང་རོལ་བ་ཟེར་ནི་རེད། འཁྲུལ་བ་ཟེར་མི་ཉན། ཉམས་ལེན་པ་ཞིག་གིས་རིག་པ་བརྗེད་ནས་འཁྲུལ་འབྱམས་སུ་སོང་བ་ལ་འཁྲུལ་བ་ཟེར་ནི་རེད་གསུངས། ཀུན་ཤེས་ཀུན་རིག་ཞེས་པ་སྒྲིབ་པ་དགརིམ་བཞིན་ཤེས་བྱ་མཁྱེན་པ་སོགས་མཐར་ཐུག་གི་རྣམ་མཁྱེན་ལ་གོ་རྒྱུ་རེད། ད་ལྟ་ཡང་སྒྲིབ་པ་བྲལ་མ་བྲལ་ཙམ་མ་གཏོག་ཅང་ཁྱད་ནི་མ་རེད། རིག་པ་ལ་དམིགས་གཏད་ཀྱི་སྤྲོས་པ་སོགས་མེད་པས་རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་། ཟང་ཐལ་ཕྱིི་ནང་མེད་པ་སོགས་གོ་ཆོག་གསུངས། ཐུག་ཕྲད་ཅེས་པ། མིག་ཤེས་གཟུགས་ལ་ཕྲད་པ་དང་ཡིད་ཤེས་ཡུལ་ལ་ཕྲད་མ་ཐག་གྲོལ་ཐུབ་ན་ཐུག་ཕྲད་རང་གྲོལ་ཟེར་ནི་རེད་གསུངས། བྱིང་བ་དྭངས་བའི་ཆ་ནས་དྭངས་ཆ་དང་། རྨུགས་པ་དྭངས་བའི་ཆ་ནས་གསལ་ཆ་ཟེར་ནི་རེད་གསུངས། ཐོད་རྒལ་གྱི་དབྱིངས་ཐིག་རིག་གསུམ་ལ་ཁྲེགས་ཆོད་ཀྱི་ཀུན་ཤེས་ཀུན་རིག་གི་ཤེས་རིག་དེས་བལྟ་དགོས། དེས་ཅི་ལྟར་གཏད་ཀྱང་གཟུངས་འཛིན་མེད་པས་གོལ་སར་མི་འགྲོ་གསུངས། བསྒོམ་པ་རྒྱ་མཚོ་ཅོག་བཞག་སྐབས་ཕྱི་སྣང་བ་ཡུལ་གྱིས་མ་གོས། ནང་འཛིན་པ་སེམས་ཀྱིས་མ་བསླད། གསང་བ་འོད་གསལ་ཆེན་པོའི་རང་ཚུགས་མ་ཤོར། སྣང་སེམས་ཀྱི་འབྲེལ་ཐག་ཆད། ཡུལ་ལྔ་འགག་མེད་དུ་ཤར་བའི་རང་དུས་དེ་ལ་རྩལ་ཞེས་བྱ། དེའི་ངང་ནས་ཤར་བའི་དུས་གསུམ་གྱི་རྟོག་ཚོགས་ལ་རོལ་བ་ཞེས་བྱ་སྟེ་དཔེར་ན། རྔུལ་ཆུ་རྡུལ་གྱིས་མ་གོས་པ་ལྟར་རོལ་བ་དེ་དག་ཤར་གྲོལ་དུ་འགྲོ་དགོས་པས། སྤྱོད་པ་སྣང་བ་ཅོག་བཞག་སྐབས་མིག་ཤེས་གཟུགས་ལ་རོལ་བ་དང་རྣ་ཤེས་སྒྲ་ལ་རོལ་བའི་རོལ་བ་དེ་དག་ལམ་དུ་ཁྱེར་ནི་རེད། ༈ སྒོ་ལྔ་ཆ་མཉམ་སྐབས། མིག་ཤེས་ངོར་གཟུགས་འཆར་བ་དང་། རྣ་ཤེས་ངོར་སྒྲ་འཆར་གྱི་གཞན་མི་འཆར་བ་སོགས་དབང་པོ་རྐྱང་པའི་ངོར་ཡུལ་ལྔ་ཅིག་ཆར་དུ་འཆར་ནི་མ་རེད། ཡིད་ཤེས་ངོར་ཡང་ཡུལ་ལྔ་ཅིག་ཆར་དུ་ཤར་ནི་མ་རེད། གང་དུ་ཤར་ན། འོད་གསལ་གྱི་ངོར་ཡུལ་ལྔ་རིམ་གྱིས་དང་སྤེལ་མ་ལྟ་བུ་མ་ཡིན་པར་དུས་ཅིག་ཆར་དུ་ཤར་ནི་རེད། དེ་ཡང་འབྱུང་ལྔ་ཤར་ན་ཡུམ་ལྔ་ཤར། དུག་ལྔ་ཤར་ན་ཡེ་ཤེས་ལྔ་སོགས་ཤར་ནི་རེད། ༈ འཆི་བའི་འོད་གསལ་སྐབས་གཞི་ལས་རྩལ་མ་གཡོས་ན་འཁྲུལ་གྲོལ་བྱེད་ནི་མ་རེད། གཞི་ལས་རང་རྩལ་ཤེས་རབ་གཡོས་དུས། དེས་གཞི་རང་ངོ་ཤེས་ཏེ་གྲོལ་ནི་རེད། རང་ངོ་ཤེས་བྱེད་ཀྱི་ཤེས་རབ་དེ་ཡང་གཞི་ཐོག་ཏུ་གྲོལ་དགོས་པས་ན་ཕྱིར་གསལ་ཤེས་པ་ནང་དུ་ལྡོག་པ་ལས་གསུངས་ནི་རེད། ཐོད་རྒལ་གྱི་གཞི་སྣང་ངོ་ཤེས་བྱེད་ཀྱི་ཤེས་རབ་དང་གཅིག་རེད། རིག་པ་ངོ་མ་འཕྲོད་གོང་ནང་གསལ་དུ་ཡོད་ནི་རེད། བླ་མས་རིག་པ་ངོ་སྤྲད་ནས་རང་གིས་བསྒོམ་པའི་སྐབས་རིག་པ་ཕྱིར་གསལ་ཟེར་ནི་རེད། རིག་ཐོག་ཡོད་དུས་རྣམ་རྟོག་གང་ཤར་ཐམས་ཅད་རིག་པ་ཉིད་ཤར་ཧ་ལམ་ཟེར་ཆོགཉམས་རྟོག་གང་ཤར་རིག་པའི་རྣམ་ལྡན་དུ་ཤར་བ་ཟག་མེད་ཀྱི་ལས་རེད་གསུངས། ༈ ཁྲིད་གཞུང་འགའ་ཞིག་རྣམས་ལས་ནི་དགེ་སྦྱོར་གྱི་འདུན་པ་གཞན་དུ་འགྲོ་བ་ན། དཀོར་ཟས་ཀྱི་རིགས་དང་ཁྱད་པར་སྐུ་གསུང་ཐུགས་རྟེན་བཙོང་པའི་སྐུ་གླུད་ཟ་བའི་རིགས་དང་། དམ་ཚིག་ཉམས་པའི་རིགས་སོགས་ཀྱིས་རྨི་ལམ་འོད་གསལ་སོགས་དགེ་སྦྱོར་འགྲིབ་འགྲོ་བར་བཤད་པའོ། །ཉིན་པར་རྨི་ལམ་ཟིན་སྙམས་པའི་དྲན་འདུན་མ་ཆད་པར་བྱས་ན་རྨི་ལམ་ཡང་ཟིན་པར་འགྱུར་ལ། རྨི་ལམ་ཟིན་ཡང་འོད་གསལ་མ་ཟིན་ན་དགོས་པ་ཆུང་། དེའང་གཉིད་དུ་འགྲོ་ཁར་སྙིང་ཁར་འཇའ་འོད་ལྔ་ལྡན་གྱི་དབུས་སུ་རྩ་བའི་བླ་མ་འཇའ་འོད་ཀྱི་སྐུ་ཅན་མཉམ་བཞག་གི་ཕྱག་རྒྱ་མཛད་ནས་བཞུགས་པར་གསལ་ལ་དད་མོས་ཀྱིས་གསོལ་བ་བཏབ་སྟེ། རྨི་ལམ་འཁྲུལ་བ་ཞི་ནས་རང་རིག་འོད་གསལ་མངོན་དུ་གྱུར་བར་བྱིན་གྱིས་རློབས་ཤིག་སྙམས་པའི་ངང་ནས་ཉལ། དེ་ཡང་གཉིད་དུ་འགྲོ་ཁར་དྲན་ཤུགས་ཧ་ཅང་ཆེ་ན་གཉིད་མི་འོང་། ཤུགས་ཆུང་ན་ཟིན་དཀའ་བས་སྒྲིམ་ལྷོད་རན་པར་བྱེད་དགོས། སད་པའི་དུས་སུ་དེ་ལྟར་གསལ་གདབ་བྱས་ཏེ་འཕྲོ་མཐུད་དགོས། ཉིན་པར་གྱི་སྣང་བ་ཐམས་ཅད་རྨི་ལམ་ཡིན་པར་ཤེས་པར་བྱས་ཏེ་ཐུགས་ཡིད་དབྱེར་མེད་བསྲེས་པ་གལ་ཆེ། ༈ དེ་ཡང་འགྱུ་བ་ཕྲ་མོའི་རིགས་རྣམས་ངོས་ཟིན་པ་ཙམ་གྱིས་རང་ཡལ་ལ་འགྲོ་ཡང་། ཞེ་སྡང་དྲག་པོ་ལ་སོགས་པ་ཤར་ཚེ་ཤེས་རིག་གི་རང་ཚུགས་བཟུང་ནས་རྒྱུན་བསྲིང་བ་གནད་ཆེ། སྤྱིར་ཉོན་མོངས་པ་ཁ་ཡན་དུ་མ་ཤོར་བར་བྱེད་པ་འདི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྩལ་སྦྱང་ལ་བརྟེན་ཏེ་ལམ་དུ་འཁྱེར་ཚུལ་གལ་ཆེ། ཕྱི་རྒྱུད་རྣམས་སུ་ལྷ་སྔགས་དང་དམིགས་པའི་གནད་ཀྱིས་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བའི་ཐབས་མང་དུ་གསུངས་ཀྱང་། འདིར་ཕྱག་རྫོགས་ཀྱི་ཉམས་ལེན་སྐབས་སུ་གང་ཤར་ཅི་སྣང་ཐམས་ཅད་རང་སེམས་ཀྱི་འཆར་ཚུལ་ཙམ་དུ་ཤེས་པར་བྱས་ནས། དེ་དག་ལ་ཨ་འཐས་དང་བདེན་འཛིན་གྱི་རྗེས་འབྲང་མི་བྱ་བར་རིག་ཐོག་ཏུ་ས་བཟུང་ནས་རྩལ་སྦྱང་བྱེད་དགོས། ༈ གནས་ལུགས་ཀྱི་རང་ངོ་བསྐྱེད་རྫོགས་གཉིས་ཀ་ཡེ་ནས་ཟུང་འཇུག་ལྷུན་གྲུབ་དུ་བཞུགས་པ་ཡིན་པས་སྣང་གྲགས་རིགས་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རྣམ་རོལ་དུ་ཤེས་ན་ལྷ་བསྐྱེད་ཀྱང་རུང་ལ་མ་བསྐྱེད་ཀྱང་རུང་བ་ཡིན་ཏེ། ཨོ་རྒྱན་ཆེན་པོས། རྟགས་ཀྱི་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་དང་། །དོན་གྱི་སངས་རྒྱས་ཆོས་སྐུ་གང་ཡིན་པ། །ཆོས་ཉིད་རིག་པ་མངོན་སུམ་འདི་ཡིན་པས། །སངས་རྒྱས་གཞན་ལས་མ་འཚོལ་རྗེ་འབངས་རྣམས། །ཞེས་གསུངས། དེ་བཞིན་དུ་བླ་མའི་རྣལ་འབྱོར་ཡང་། ཕྱི་རོལ་གྱི་བླ་མ་གཟུགས་དབྱིབས་སུ་སྣང་བ་ནི་མཚོན་བྱེད་དཔེའི་བླ་མ་ཙམ་ཡིན། རང་རིག་རང་ངོ་ཤེས་པ་ནི་མཚོན་བྱ་དོན་གྱི་བླ་མ་ཆོས་སྐུ་དངོས་ཡིན་པས། གཙོ་བོ་ཤེས་རིག་གི་རང་ཚུགས་མ་ཤོར་ན་བླ་མ་དང་འདུ་འབྲལ་མེད་པ་ཡིན་ཏེ། གླིང་རས་ཀྱིས་ཞལ་ནས། བླ་མ་རང་སེམས་དབྱེར་མེད་ལ། །གཟུགས་སྐུར་འཛིན་པ་སྟོར་ནས་ཐལ། །ཞེས་གསུངས་སོ། །བླ་མ་སངས་རྒྱས་ཆོས་སྐུ་ཡེ་ནས་ཡིན་པར་ཐག་མི་གཅོད་པར་གདོས་བཅས་ཤ་ཁྲག་གི་སྐུར་བསྒོམ་ན་ལོག་རྟོག་ཡིན། བྱིན་རླབས་མི་འབྱུང་། མཉམ་བཞག་གི་སྐབས་སུ་ཡེང་བ་མ་ཚོར་ན་བྱིང་སྐྱོན་ཡིན་པས་རིག་པ་གསལ་ངར་འདོན། གཞན་རྐྱེན་གྱིས་གཡེང་ན་དྲན་ཤེས་མྱུར་དུ་བརྟེན་ནས་རིག་པའི་རང་ཚུགས་འཛིན། རྗེས་ཐོབ་ཀྱི་སྐབས་སུ་ནམ་ཡང་ཉམས་ལེན་སྟོར་ན་ལྷག་མཐོང་དངོས་ཀྱི་རང་ངོ་མ་མཐོང་བར་ཞི་གནས་ལ་སོང་བའི་རྟགས་ཡིན་གསུངས། ཤེས་རིག་རང་ཚུགས་ཟིན་ན་རྣམ་རྟོག་ཐམས་ཅད་བསྒོམ་དུ་འཆར་བ་ཡིན། མ་ཟིན་ན་གནས་ཆ་བརྟན་པོ་ཁོར་ཡུག་ཏུ་སོང་ཡང་གོལ་ས་ཡིན། ༈ ཀུན་ཉམས་ལས། སྤང་ལ་བེ་ཕུར་བཏབ་པ་ཅི་བཞིན་དུ། །ཤེས་རིག་རང་ཚུགས་བཟུང་བ་གནད་དུ་ཟབ། །ཞེས་སོ། ༈ །ལྷ་འདྲེའི་ཆོ་འཕྲུལ་བྱུང་ན་ཉམས་ལེན་ལ་བོག་སྐྱེད་འགྲོ་བ་ཡིན་ཏེ་སྣང་ངོར་སྣང་སྲིད་ཀྱི་ལྷ་འདྲེས་ཕན་གནོད་བཟང་ངན་ཐམས་ཅད་ཀུན་རྫོབ་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་ཡིན་པས་རྒྱུ་འབྲས་ཁྱད་དུ་བསད་མི་རུང་བས་ལྷ་འདྲེ་གདོན་བགེགས་ཐམས་ཅད་ཕ་མར་ཤེས་པའི་བྱམས་སྙིང་རྗེ་བསྒོམ་ཞིང་། གསུར་བསྔོ་དང་། སྒྱུ་ལུས་ལ་མཆོད་སྦྱིན་སོགས་ཀྱིས་ཚིམས་པར་བྱས་ནས་དགེ་བ་བསྔོ་ཞིང་སྨོན་ལམ་བཟང་པོ་འདེབས་པ་གལ་ཆེ། དོན་དམ་པར་ནི་ལྷ་འདྲེའི་ཆོ་འཕྲུལ་ཙམ་དུ་མ་ཟད་སྣང་སྲིད་འཁོར་འདས་ཐམས་ཅད་རང་སེམས་ཁོ་ནའི་ཆོ་འཕྲུལ་ལས་མ་འདས་པས་སེམས་ཀྱི་འཁྲུལ་སྣང་ལས་གཞན་པའི་འདྲེ་གདོན་ནི་གང་དུའང་མ་གྲུབ་པར་ཤེས་དགོས། ༈ རང་ཉིད་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྩོན་པའི་སྐབས། འདིར་ལྷ་འདྲེ་ཡང་བླ་མའི་རྣམ་རོལ་ཡིན་པར་ཤེས་དགོས་ཏེ། སྣང་སྲིད་བླ་མར་ཤར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པའི་རྫོགས་རིམ་ལ་གནད་དུ་བསྣུན་དགོས་སོ། །རིག་པའི་རང་ངོ་ཤེས་ནས་ཤེས་རིག་གི་རང་ཚུགས་མ་ཤོར་ན། གནས་འགྱུ་གང་བྱུང་ཐམས་ཅད་བསྒོམ་ཡིན་མཉམ་བཞག་ཡིན། རིག་པའི་རང་ངོ་མ་ཤེས་ན་སེམས་ཡུན་རིང་པོར་མི་འཕྲོ་བར་གནས་པ་དང་། འགྱུ་བ་གང་ཤར་གྱི་ངོ་བོ་ལ་བལྟ་བ་དང་ངོས་བཟུང་སྟེ་མ་བཅོས་པར་བཞག་ནས་མེད་འགྲོ་བར་སྣང་བ་དེ་ཡང་དོན་དུ་སྣང་བ་ལ་རིགས་པས་རྒྱས་གདབ་པ་ཡིན་པས་དེ་གཉིས་ཀས་བསྒོམ་གོ་མི་ཆོད་གསུངས། དེ་འདྲའི་རིག་ངོ་མ་མཐོང་བའི་གནས་འགྱུ་དང་། སྟོང་ཉིད་ཀྱི་གོ་ཡུལ་སོགས་ལ་རྟོགས་པ་མཐོན་པོར་རློམ་ཀྱང་སེམས་འཁྲུལ་སྣང་གི་བག་ཆགས་མ་ཟད་བར་དུ་ཚིག་ལེགས་ཉེས་ཀྱི་གཏམ་ཙམ་ཡང་མི་ཐེགཚེར་མ་ཟུག་པ་དང་མེ་སྟག་ཕོག་པ་ཙམ་ཡང་མི་བཟོད་བཞིན་དུ་སྟོང་སྐད་མཐོན་པོ་དང་ཐོ་ཅོའི་སྤྱོད་པ་བྱེད་པ་རྣམས་ནི་གོལ་སར་ལྟུང་བ་ཡིན་ཏེ་ཚེ་འདི་ལ་ཡང་དག་པའི་ལམ་དུ་ཞུགས་པའི་སྐལ་བ་མེད་པ་ཡིན་ནོ། །དེ་ལྟར་མི་བྱེད་པར་སྒོ་གསུམ་ཆོས་དང་མཐུན་པར་བྱས་ཏེ་སྐྱིད་སྡུག་ཅི་བྱུང་ཡང་བླ་མ་དཀོན་མཆོག་གསུམ་ལ་བློ་གཏད་ཏེ་རང་རྒྱུད་རང་གིས་བཏུལ། ཚེ་འདིའི་བྱ་བ་བློས་བཏང་རྟག་ཏུ་དམན་པའི་ས་འཛིན། ཚོགས་བསགས་དང་སྒྲིབ་སྦྱངས་ལ་འབད། ཡུལ་གོང་མ་ལ་མོས་གུས་འོག་མ་ལ་སྙིང་རྗེ། བར་མ་ལ་དག་སྣང་སྦྱང་ཏེ་ཤི་མཐར་གཏུག་ཐུབ་ན་བླ་མའི་ཞབས་ཏོག་འགྲུབ། དྲིན་ཆེན་ཕ་མའི་དྲིན་ལན་ཆོས་ཀྱིས་འཁོར་བ་ཡིན་ནོ། ༈ །མོས་གུས་ཀྱིས་དགོངས་བརྒྱུད་ཀྱི་རྟོགས་པ་འཕོ་ལུགས་དངོས་ནི། དད་པ་དང་མོས་གུས་ལ་ཤ་ལྤགས་རུས་གསུམ་ལྟ་བུ་ལས་ཕྱི་མའི་སྐབས། ཀུན་མཁྱེན་ཕྱི་མས། མོས་གུས་ཀྱིས་བརྒྱལ་བ་ཙམ་གྱི་དང་། ཞེས་དང་། དྲན་པ་འཐོར་འགྲོ་བ་ལྟ་བུ་མོས་གུས་ཞེས་གསུངས་པ་ལྟར། ནང་དུ་མོས་གུས་ཀྱིས་འུར་ལང་བའམ། ཤུགས་རྒྱས་པའམ། རྩལ་འབར་བས་སྣང་སེམས་ཀྱི་ཆ་གཞན་ཐམས་ཅད་འཕྲོག་པ་སྟེ། མོས་གུས་ཁོ་ནས་མྱོས་ཏེ། རྣམ་རྟོག་གཞན་ཐམས་ཅད་མོས་གུས་དེས་དབང་མེད་དུ་བཅད་ཅིང་། དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ཕྲོག་པས་ཕྱི་རོལ་གྱི་ཡུལ་སྣང་ཡང་བཅད། དལ་གཅིག་བརྒྱལ་བ་ལྟ་བུ་དང་། དེའི་སྟེང་ནས་བརྗོད་བྲལ་ཟང་ཐལ་གྱི་རིག་ཆ་ལྷང་གིས་ངེས་ནུས་པ་འོང་། འདི་ནི་བླ་མའི་སྤྲོས་བྲལ་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཁོ་ན་ལ། རང་གིས་མོས་གུས་བསྲེ་ཅི་ཐུབ་བྱས་པའི་ལག་རྗེས་ལ་འོང་སྙམ་སྟེ་དམིགས་རྣམ་མཐུན་ཅིང་གཅིག་པའི་ཕྱིར་རོ། །དེ་ཙམ་མ་བྱུང་ཡང་མོས་གུས་ཀྱི་ཉམས་ཅུང་ཟད་རེ་འུར་ཐུབ་པ་བྱུང་ཡང་། ཀུན་རྟོག་གི་ཆ་མང་པོ་བཅད་ནས་རིག་ཆ་ཐད་ཀར་ལུས་པའི་འོད་གསལ་སྲབ་ཤོས་རེ་ངོས་ཟིན་སྲིད། མོས་གུས་ཀྱིས་དྲན་མེད་དུ་སོང་བའིི་དྲན་མེད་ནི་ཁྱད་པར་བ་སྟེ། བླ་མའི་ཐུགས་འོད་གསལ་གྱི་རིག་པ་ལ་གཏིང་རང་ཟུག་གི་མོས་གུས་ཀྱི་རྩ་དང་མ་བྲལ་བའི་དབང་གིས་འོད་གསལ་གྱི་དྲན་པ་དེ་མ་ཐག་རྙེད་མ་རག་ཏུ་ཡོད་པའི་ཕྱིར་རོ། ༈ །དངོས་གྲུབ་བསྒྲུབ་པའི་དུས་སུ་རྗེ་བཙུན་གུ་རུ་སོགས་དང་། དངོས་གྲུབ་བསྐུལ་བའི་དུས་སུ་བདག་ལ་རེ་ས་སོགས་དང་། དངོས་གྲུབ་ཞུ་བའི་དུས་སུ་གུ་རུའི་སྨིན་མཚམས་སོགས། ༈ ལུས་སྣང་སྟོང་ཟུང་འཇུག་ཏུ་གྲོལ། ངག་གྲགས་སྟོང་སྐྱེ་མེད་དུ་གྲོལ། སེམས་བདེ་སྟོང་ཡེ་ཤེས་སུ་གྲོལ། སེམས་རིག་སྟོང་འོད་གསལ་དུ་གྲོལ། ༈ མདོར་ན་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རང་བཞིན་དུ་གསལ་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་། ནང་བཅུད་ཀྱི་སེམས་ཅན་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་པ་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་སྨྲ། གསང་བ་སེམས་ཀྱི་རྟོག་ཚོགས་ཐམས་ཅད་རང་ཤར་རང་གྲོལ་ཆུ་ལ་རི་མོ་བྲིས་པ་བཞིན་དུ་རང་ཡལ་རྗེས་མེད་དུ་འབྱམས་ཀླས་པ་སྟེ་འཁྱེར་སོོ་གསུམ་གྱི་རྣལ་འབྱོར་ལ་བསླབ་པར་བྱ་དགོས་སོ། ༈ །ཟབ་ལམ་མན་ངག་བླ་མའི་རྣལ་འབྱོར་འདི་ལ་ཅི་སྣང་བུམ་སྐུར་ཤར་བའི་བསྐྱེད་རིམ་དང་། ཐུགས་ཡིད་དབྱེར་མེད་བསྲེས་པའི་རྫོགས་རིམ་སྟེ་གནད་གཉིས་ཀྱི་སྒོ་ནས་ཉམས་སུ་ལེན་དགོས་གསུངས། འཆི་ཚེ་ཐུགས་ཡིད་དབྱེར་མེད་བསྲེས་ནས་མཉམ་པར་འཇོག་པ་འཕོ་བ་ཀུན་གྱི་རྒྱལ་པོ་ཡིན་ཅེས་སོ། ༈ །མདོ་ལམ་དུ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་གཏན་ལ་ཕབ་ནས་སྒོམ་ཚུལ། ད་ལྟ་སོ་སྐྱེའི་སར་དོན་རང་མཚན་སྒོམ་པ་མེད་ཀྱང་། སྔགས་སུ་ཐབས་མ་སྦས་པར་གསལ་བར་བསྟན་པས་གང་ཟག་གི་སྐལ་པའི་ཁྱད་པར་གྱིས་ད་ལྟ་མངོན་དུ་བྱེད་ནུས་མི་ནུས་དང་། དེ་ཡང་དབང་རབ་ཅིག་ཆར་བ་དབང་དུས་སུ་ངོ་འཕྲོད་པའམ་གཏན་ཚིག་བསྟན་པ་ཙམ་གྱིས་རྟོགས་ནུས་པ་དང་། དབང་འབྲིང་ལ་རྩ་མདུད་འགྲོལ་བའི་དམིགས་གནད་སོགས་གོམས་སྟོབས་ཀྱིས་རིམ་གྱིས་རྟོགས་པ་དང་། དབང་རྟུལ་བསགས་སྦྱང་སོགས་བརྒྱུད་ནས་རྟོགས་ཚུལ་སོགས་ཀྱི་དབྱེ་བ་ཡོད་མོད་ཀྱི། སྤྱི་ལྡོག་ཏུ་ད་ལྟ་ཚོགས་སྦྱོར་གྱི་ལམ་དུའང་ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བ་ནི་ཡོད་དེ། ཞི་བྱེད་ཆུ་ཀླུང་རོལ་པ་ལས། རང་གིས་བསགས་པ་རབ་ཏུ་གྱུར་པ་དང་། །བླ་མ་དམ་པ་བརྟེན་ལ་མཁས་པ་དང་། །རྣལ་འབྱོར་རིག་པ་དྭངས་པའི་མངོན་སུམ་དུ། །མཐོང་ལམ་ཆེ་ཆུང་སྐྱེ་བ་ཁོ་ནར་བཤད། ཅེས་དང་། ངེས་དོན་འདུས་པའི་རྒྱུད་ལས། ད་ལྟ་ཆོས་སྐུར་མ་ཤེས་ན། །གསང་སྔགས་མན་ངག་ཅི་ལ་ཆེ། །དེ་ཕྱིར་བསྟན་ཤེས་སྒོམ་མ་དགོས། །ཞེས་གསུངས། དེ་ལས་གཞན་དུ་ན། གསང་སྔགས་འབྲས་བུའི་ལམ་མ་ཡིན་ཞིང་རྒྱུ་ལམ་བྱེད་དང་ཁྱད་མེད་དུ་ཐལ་བ་དང་། ཆོས་ཉིད་ངོ་སྤྲོད་ཀྱི་མན་ངག་རྒྱུན་ཆད་པར་ཐལ་བ་དང་། རང་རིག་པའི་ཚད་མ་རྒྱུན་ཆད་པར་ཐལ་བ་དང་། མངོན་སུམ་རྟོགས་བྱེད་ཀྱི་རིགས་པའི་གཏན་ཚིགས་རྒྱུན་ཆད་པར་ཐལ་བའིི་སྐྱོན་བཞིས་གནོོད་ཅིང་། མཐོང་ཚུལ་ཡང་གསལ་བ་མཐར་ཕྱིན་མ་ཕྱིན་གྱི་བྱེ་བྲག་གིས། དཔེར་ན་དབང་པོའི་ཡུལ་དུ་མཐོང་ཡང་ཐག་ཉེ་རིང་གིས་གསལ་བ་མཐར་ཕྱིན་མ་ཕྱིན་ཡོད་པ་བཞིན། ལམ་རིམ་ལས། དབང་པོ་དྭངས་པའི་སྤྱོད་ཡུལ་ལས། །ཉེ་རིང་དྲུང་ཕྱིན་སྟོབས་འཕེལ་བས། །རྒྱུ་རྐྱེན་གོང་འོག་འབྲས་བུ་བགྲོད། །གསལ་བས་བྱེ་བྲག་རིམ་པར་འགྲོ། ཞེས་གསུངས་ལ། སེམས་རྣམ་ཤེས་ཚོགས་བརྒྱད་ཆོས་ཅན་དང་། དེའི་རང་བཞིན་ནམ་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ངོ་བོ་འཁྲུལ་མ་འཁྲུལ་དང་། གཟུང་འཛིན་ཡོད་མེད་སོགས་ཀྱི་ཁྱད་པར་ཡོད་པའི་ཕྱིར། དོན་དམ་པར་ཐ་དད་པ་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པ་དང་། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པ་དང་། ཡེ་ཤེས་རྟོགས་ཚེ་སེམས་རང་གྲོལ་དུ་འཆར་བ་སོགས་ཀྱི་ཕྱིར། དེས་ན་དེ་གཉིས་གཅིག་ཐ་དད་གང་དུའང་ཁས་ལེན་པར་མི་བྱའོ། །རྫོགས་ཆེན་གྱི་རིག་ངོ་འཕྱུག་མེད་འཕྲོད་ན་སྔགས་ལམ་གྱི་དཔེ་ཡི་འོད་གསལ་སྐྱེས་པ་ཡིན། འདི་ཉིད་མངོན་སུམ་ཡིན་ཕྱིར་དོན་གྱི་ཡེ་ཤེས་དངོས་སུ་བཞེད་པ་ཡོད་ཀྱང་། རང་ལུགས་ཀུན་མཁྱེན་ཆེན་པོ་ནི། དོན་གྱི་ཡེ་ཤེས་དངོས་མཐོང་ལམ་ཡིན་པས་དེ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་གྱུར་དུ་ཡོད་དགོས་པའི་ཕྱིར། འདིར་མངོན་སུམ་གྱིས་མཐོང་བ་ཡིན་ཡང་ད་དུང་མཐོང་སྤང་གི་དྲི་མའི་སྦུབ་ལས་མ་གྲོལ་བའི་ཕྱིར་དོན་གྱི་འོད་གསལ་དངོས་མ་ཡིན་ལ། དཔེའི་འོད་གསལ་དུ་བཞེད་དོ། །གཏེར་ཆེན་བླ་མའི་འདས་རྗེས་བསྡུས་འགྲེལ་ལས། གཞི་སྣང་ཤར་བའི་ཚེ། འོད་ལྔ་ལ་བཟུང་བས་འབྱུང་ལྔ་སྣོད་ཀྱི་འཇིག་རྟེན་གྲུབ། སྐུ་ལ་འཛིན་པ་ཞུགས་པས་ལུས་དང་། ཆོས་ཉིད་ཀྱི་སྒྲ་ལ་འཛིན་པ་ཞུགས་པས་ངག་དང་། རིག་པའི་གདངས་རིག་ཙམ་གསལ་ཙམ་ལ་འཛིན་པ་ཞུགས་པས་སེམས་སུ་སྣང་ནས་འཁྲུལ་བས་དོན་ལ་མ་དག་པའི་སྣང་བ་ཞེས་རྡུལ་ཆ་ཕྲ་མོ་ཙམ་དུ་གྲུབ་མ་མྱོང་ཡོད་མ་མྱོང་བར་ད་ལྟ་སྣང་དུས་ཉིད་ནས་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཡིན་ནོ། །ཞེས་གསུངས། གློག་གི་སྒྲོན་མ་ལས། དེ་ལྟར་གདོད་མའི་སྤྱི་གཞི་ལས་འཁྲུལ་གྲོལ་གྱི་སྒོ་ཇི་ལྟར་འབྱུང་ཚུལ་ཡང་། ད་ལྟའི་གཉིད་དང་འཆི་བའི་འོད་གསལ་འདི་ཉིད་ཀྱིས་མཚོན་ནུས་ཏེ། གཉིད་ཀྱི་སྐབས། སྒོ་ལྔ་ཉོན་ཡིད་དང་བཅས་པ་ཡིད་ཤེས་ལ་ཐིམ། ཡིད་ཤེས་ཀུན་གཞིའི་རྣམ་ཤེས་ལ། དེ་ཀུན་གཞི་རྟོག་མེད་ལ། དེ་ཆོས་དབྱིངས་སུ་ཐིམ་པས་ཕྲ་རགས་ཀྱི་འཛིན་པ་ནུབ་ལ་སྟོང་གསལ་སྤྲོས་པ་དང་བྲལ་བའིི་ཆོས་ཉིད་འཆར་དུས་དེ་ངོས་ཟིན་ན་འཁྲུལ་བ་བཟློག་སྟེ། གསང་བ་རིན་པོ་ཆེའི་རྒྱུད་ལས། ཚོགས་བདུན་ཀུན་གཞིའི་རྣམ་ཤེས་སུ། ཐིམ་པས་ཀུན་གཞི་དབྱིངས་སུ་དག ། དེ་ཚེ་གདོད་མའི་ལྷན་ཅིག་སྐྱེས། སྟོང་གསལ་རང་བྱུང་ཡེ་ཤེས་སོ། །དེ་ཉིད་རྣལ་འབྱོར་པས་ཤེས་བྱ། ཞེས་གསུངས། དེ་ལས་སླར་ཡང་མཆེད་པའི་ཚེ། ཆོས་དབྱིངས་ལས་ཀུན་གཞི། དེ་ལས་ཀུན་གཞིའི་རྣམ་ཤེས་དེ་ལས་ཡིད་ཤེས་གཅིག་པུ་ལངས་པར་རྨི་ལམ་འཆར་བ་དང་། དབང་པོ་སོ་སོར་བརྟེན་པའི་རྩར་རླུང་ཞུགས་པས་གཉིད་སད་དེ་ཉིད་སྣང་བའི་ཡུལ་ལ་གཟུང་འཛིན་རགས་པ་འཆར་བར་ཤིང་རྟ་ཆེན་མོར་གསུངས། འདིས་གྲོལ་འཁྲུལ་ཡང་ཁྱད་པར་སེམས་ཕྲ་བ་ནས་རིམ་གྱིས་མཆེད་ཚུལ་མཚོན། སེམས་ཅན་རྣམས་འཆི་བའི་ཚེ་ས་ཆུ་མེ་རླུང་རྣམས་རིམ་པས་ཐིམ་མཐར། རླུང་རྣམ་ཤེས་ལ་ཐིམ་ཏེ་ཕྱི་དབུགས་ཆད་པའི་བར་རགས་པ་ཐིམ་པ་དང་། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པ་ཕྱི་རྟགས་ཟླ་བ། ནང་རྟགས་དུ་བ། སྣང་བའི་སྐབས་དེ་མཆེད་པ་ལ་ཐིམ། ཞེ་སྡང་གི་རྟོག་པ་སོ་གསུམ་འགགས། ཕྱི་རྟགས་ཉི་མ། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས་དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགགས། ཕྱི་རྟགས་ནག་ལམ་སྒྲ་གཅན་གྱི་སྣང་བ་ནང་རྟགས་བུམ་ནང་གི་མེ་འབར་རམ་སྣང་བ་ཉེར་ཐོབ་དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགགས། ཕྲ་བ་ཐིམ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མེད་བཞི་པའི་འོད་གསལ་དེ་འཆི་སྲིད་ཀྱི་དངོས་གཞིར་བཞེད་ཅིང་དེ་ངོས་ཟིན་པ་རྣམས་འོད་གསལ་དེ་ལ་ཇི་ཙམ་འདོད་པར་གནས་ཤིང་། དེ་ནས་ཟུང་འཇུག་གི་སྐུར་ལངས་པར་བཞེད་པས་འདིའི་གྲོལ་ཚུལ་དང་། ངོ་མ་ཤེས་པ་རྣམས་དེ་ལས་རིམ་པར་ལུགས་ལྡོག་ཏུ་གཏི་མུག་གི་རྟོག་པ་བདུན་ལངས། ཉེར་ཐོབ་ཤར། དེ་ནས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ལངས། མཆེད་པ་ཤར། དེ་ནས་ཞེ་སྡང་གི་རྟོག་པ་སོ་གསུམ་ལངས། སྣང་བ་ཤར། དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་འདུ་བྱས་ཏེ་རྣམ་པར་ཤེས་པ་སྔར་གྱི་ཕུང་པོ་རྙིང་པའི་སྒོ་དགུ་གང་རུང་གི་ལམ་ལས་འཕོས་ནས་བར་དོའི་སྲིད་པ་འགྲུབ་པར་འགྱུར་ཏེ། འདིས་ཐོག་མའི་འཁྲུལ་ཚུལ་མཚོན་ནུས། ཡེ་ཐོག་གཞི་ཡི་གནས་ལུགས་སམ་འོད་གསལ་ནི་རྟོགས་ཟིན་འཁྲུལ་ཟིན་གཉིས་ཀ་མིན་པས་གཞི་དབྱིངས་ལུང་མ་བསྟན་ཞེས་བྱ་སྟེ་དཔེ་འཆི་བའི་འོད་གསལ་བཞིན་ནོ། །གློག་སྒྲོན་ལས། རྒྱུའི་རྐྱེན་རིག་པ་རང་བྱུང་གི་ཡེ་ཤེས་རང་ལ་གསལ་བ། དམིགས་པའི་རྐྱེན་འོད་སྣང་སྣ་ཚོགས་སུ་ཤར་བ། བདག་པོའི་རྐྱེན་དེ་ཉིད་རང་སྣང་དུ་ཤེས་པ། དེ་མ་ཐག་རྐྱེན་རང་བྱུང་ཡེ་ཤེས་ཆེན་པོ་དེས་མ་དག་འཁྲུལ་བའི་ས་བོན་གཏན་བཅོམ་དུ་སོང་ནས་གདོད་མའི་གཞི་དབྱིངས་ཀ་དག་གི་ཀློང་དུ་གྲོལ་བ་ལ་སྔ་ཕྱིར་གྲོལ་བ་དང་ད་ལྟ་དང་བར་དོ་སོགས་སུ་གྲོལ་བ་ལ་ཁྱད་མེད་གསུངས། གདངས་ཕྱིར་ཤར་བ་ལ་རྐྱེན་བཞིས་ཡར་གྲོལ་ཏེ་རྒྱུའི་རྐྱེན་དངོས་པོའི་གནས་ལུགས། བདག་པོའི་རྐྱེན་རང་རིག་པའི་ཡེ་ཤེས། དམིགས་པའི་རྐྱེན་རང་སྣང་དུ་ཤེས་པ། མཚུངས་པ་དེ་མ་ཐག་རྐྱེན་དེ་རྣམས་དུས་མཚུངས་པའི་སྐད་ཅིག་མ་ལ་སངས་རྒྱས་པའོ། ཞེས་གསུངས་སོ། ༈ །༈ སྒྲུབ་བྱ་སངས་རྒྱས་ཀྱི་གོ་འཕང་དེ་ལ་ཆོས་གཟུགས་གཉིས་ཡོད། གཞི་ཀ་དག་ཁྲེགས་ཆོད་ཆོས་སྐུའི་སྒྲུབ་གཞི། ལམ་ལྷུན་གྲུབ་ཐོད་རྒལ་གཟུགས་སྐུའི་བསྒྲུབ་གཞི་རེད། དེ་ལ་ཁྲེགས་ཆོད་ཀྱི་ལམ་ཤར་གྲོལ་ཡིན་པས་མ་ཤར་ན་གྲོལ་རྒྱུ་མེད་ནི་རེད། མ་གྲོལ་ན་ཁྲེགས་ཆོད་ཀྱི་ལམ་འཇོག་རྒྱུ་མེད་པས་ན་ལམ་ཤར་གྲོལ་རེད། ཐོད་རྒལ་གྱི་ལམ་འོད་སྣང་ལྷུན་གྲུབ་སྣང་བཞི་རེད། དང་པོ་སེམས་རིག་གི་ལ་ཤན་ལེགས་པར་ཕྱེ་དགོས། དེ་ལ་སེམས་གློ་བུར་བའི་ཤེས་པ་ཐམས་ཅད་ནི་རྐྱེན་བཞི་ལས་སྐྱེས་པའི་འདུས་བྱས་རེད། རྣམ་ཤེས་ཚོགས་བརྒྱད་ལས་འདས་པའི་གཉུག་མའི་སེམས་འོད་གསལ་བའི་ཡེ་ཤེས་སྐུ་དང་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་ལ་ལྡོག་ཆས་ཕྱེ་ན། ངོ་བོ་སྟོང་པ་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན། ཆོས་སྐུའི་ཡེ་ཤེས་ཀ་དག་ཁྲེགས་ཆོད་ཀྱིས་ལམ་དུ་བྱེད་དེ། ངོ་བོ་སྟོང་སེང་གི་རྣམ་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་མཐའ་དབུས་དང་བྲལ་བ་ནམ་མཁའ་ལས་ཀྱང་ཕ་མཐའ་ཡས་པའི་ཚུལ་དུ་འཆར་ནི་རེད། རང་བཞིན་གསལ་བ་ལ་འོད་ཀྱི་སྙིང་པོ་ཅན། ལོངས་སྐུའི་ཡེ་ཤེས་འཆར་གཞི་ཕྲ་བ་ཁྲེགས་ཆོད་ཀྱི་སྐབས་ན་འཆར་རུང་གི་གདངས་ཙམ། འཇའ་ཤེལ་གྲིབ་མ་ལ་གནས་པའི་སྐབས་ལྟ་བུ། དེ་ཉིད་ཐོད་རྒལ་གྱི་གསང་ལམ་ནས་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ན། འཇའ་ཤེལ་ལ་ཉི་འོད་ཕོག་པ་ལྟར་ཕྱིར་གསལ་དུ་དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་གསུམ་གྱི་ངོ་བོ་ལམ་དུ་བྱེད་པ་ཡིན། ཐུགས་རྗེ་ཀུན་ཁྱབ་ལ་རིག་པའི་སྙིང་པོ་ཅན། འཆར་སྒོ་འགགས་མེད་མིག་འབྲས་བཞིན་དུ་ཁྲིག་གེ་བ་གཟུང་འཛིན་རྟོག་པའི་འཛིན་ཞེན་དང་ཡེ་ནས་བྲལ་བ་དངུལ་ཆུའི་ཐིག་པ་སར་ལྷུང་བ་རྡུལ་རྫས་ཕལ་བའི་སྐྱོན་གྱིས་མི་གོས་པ་ལྟ་བུ་ཡིན། དེས་གདངས་ལས་ཤར་བའི་རྩལ་སྣང་གི་རོལ་པ་དགེ་མི་དགེའི་རྟོག་ཚོགས་བཟང་ངན་ཐམས་ཅད་བག་ཆགས་བསོགས་ལོང་མེད་པར་ཤར་གྲོལ་རྗེས་མཐུད་མེད་པ་ནམ་མཁའི་བྱ་རྗེས་ལྟར་རྩལ་སྦྱང་བྱེད་པ་ཡིན་ནོ། །དེ་ལྟར་མིན་པའི་རིག་ངོ་ཁྱི་ལྟོག་གི་མགོ་འདྲ་འདྲ་ཨེ་འབུད་མི་འབུད་བལྟ་བ་དེ་ཀ་དག་ཁྲེགས་ཆོད་ཡིན་ཟེར་མི་རུང་ཨ། གནད་མེད་ནིའི་ཁ་གནམ་ལ་བགྲད་ནས་ཁྲ་རབ་རབ་ཞིག་བོའུ་མྱིག་༼མེ་མདའ་གཟས་གཟས་བྱས་པའི་དོན་༽ལེན་ཏེ་ཡར་དེད་མར་དེད་བྱེད་པ་དེ་ཐོད་རྒལ་ཡིན་ཟེར་ཨི་རུང་ང་། དེས་ན་སྔོན་འགྲོ་རྣམ་པ་གཉིས་ཀྱིས་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་རྗེན་ལ་ཕུད་ཟེར་ནི་རེད། ཐོད་རྒལ་གྱི་རུ་ཤན་འདི་གལ་ཆེ་སྟེ། ཆོས་ཉིད་མངོན་སུམ་ནས་ཟད་པའི་བར་གྱི་ཉམས་རྟོགས་ཀྱི་ཡོན་ཏན་འཆར་ཚུལ་རྣམས་སྔར་རུ་ཤན་སྔོན་འགྲོས་སྒོ་གསུམ་གྱི་སྦྱང་བ་རྣམ་པར་དག་པའི་འབྲས་རྟགས་སུ་ཐེག་མཆོག་མཛོད་སོགས་ན་གསུངས་ཡོད། རུ་ཤན་ཞེས་པ་གང་ཡིན་ན་མ་དག་འཁོར་བའི་ཕྱོགས་ཀྱི་རུ་ཀུན་གཞི་སེམས་གསུམ་རེད། དག་པ་མྱང་འདས་ཀྱི་རུ་གཞི་སྐུ་གསུམ་འདུ་འབྲལ་མེད་པ་དབྱིངས་ཡེ་ཟུང་འཇུག་གནས་ཚུལ་དག་པ་རབ་འབྱམས་སུ་ཤར་བ་དེ་ཉིད་ཡིན། དེ་ཡང་མ་དག་འཁོར་བའི་རྒྱུ་འདྲེས་པར་གྱུར་པ་སེམས་ཞེས་བྱ་བའི་འཁྲུལ་སྣང་ཕྱིན་ཅི་ལོག་གི་ངོར་མ་དག་པ་ལྟར་དུ་སྣང་། སྣང་བ་ལྟར་དུ་ཞེན། ཞེན་པ་ལྟར་དུ་འཐས་ནས་ལས་མཐའ་འདི་ལ་ཐུག་ཏེ། སེམས་བག་ཆགས་ཀྱི་འཁྲུལ་སྣང་སྲིད་རྩེ་ནས་མནར་མེད་པའི་བར་དུ་རང་རང་གི་འཁྲུལ་སྣང་རིགས་དྲུག་གི་སེམས་ཅན་རྣམས་ཀྱིས་གནས་དོན་ཡུལ་གྱི་སྣང་བ་མི་འདྲ་བ་སྣ་ཚོགས་སུ་སྣང་བ་ཡུལ་ཡུལ་ཅན་གཉིས་པོ་རེད། དེ་ན་སྙིང་ཐིག་པས་རླུང་སྣ་ནས་མི་གཏོང་ཞིང་ཁ་ནས་དལ་བར་འཇོག་པའི་གནད། རླུང་སེམས་མ་འདྲེས་པར་རྟོག་པའི་གཟུང་འཛིན་མཆེད་མི་ཐུབ་པས་ལས་རླུང་རང་སོར་བཞག་ན་སྐྱེན་ཁར་ཤོར་བའི་རྟོག་ཚོགས་ཉོན་རླུང་བག་ལ་ཞ་ནས་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བའི་དགོས་པ་ཡོད་པས་ཤིན་ཏུ་གལ་ཆེ། ལས་རླུང་དེ་འཁྲུལ་སྣང་གི་རྩ་བ་ཡིན་ཚུལ་སེམས་ཅན་རྣམས་འཆི་ཐེངས་ཇི་སྙེད་ཀྱི་གཞིའི་འོད་གསལ་རེ་ཤར་ནི་རེད། དེ་ལ་གཞི་སྣང་ཤར་ཚེ་རང་ངོ་མ་ཤེས་པའི་རྒྱུ་རྐྱེན་གྱི་དབང་གིས་ཆོས་ཉིད་ཡུལ་གྱི་འཁྲུལ་གཞི། འོད་ལྔ་སྣོད་བཅུད་ཀྱི་འཁྲུལ་གཞི། རིག་པ་སེམས་ཀྱི་འཁྲུལ་གཞིར་སོང་བའི་རིག་གདངས་ཀྱི་ཤེས་པ་ལས་རླུང་གིས་ཁུར་ནས་རླུང་སེམས་འདྲེས་པས་གཟུང་འཛིན་འཁོར་བའི་རྩ་བ་ཡིན་ནོ། །སྦྱང་གཞི་སྙིང་ཁ་ཆོས་ཀྱི་ཕོ་བྲང་ན་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་དེ་ཉིད་ཡིན། སྦྱང་བྱ་གཞི་དེའི་ཀློང་ལས་ཤར་བའི་སྒོ་གསུམ་མ་དག་པའི་ཆོས་རླུང་སེམས་འཁྲུལ་བ་འཁྲུལ་སྣང་དང་བཅས་པ་རེད། སྦྱང་ཚུལ་བླ་མ་དམ་པའི་མན་ངག་གི་ལག་ཁྲིད་ལྟར། འདིར་རིག་པའི་སྣ་ཁྲིད་པའམ་སད་པ་ནི་གཙོ་བོ་ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་རྟོག་མེད་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཡིན་པས། ངལ་གསོ་བའི་སྐབས་ཐམས་ཅད་ལ་རིག་ཐོག་ཁོ་ནར་བཞག་པ་གལ་ཆེ། དང་པོ་གནས་དབེན་པར་འགྲོ་ཚུལ་དང་། དེར་སླེབ་ཚད་རང་ཉིད་གཉུག་མའི་ལྷར་གསལ་ལ་དེར་གནས་པའི་གཞི་བདག་རྣམས་ལ་གཏོར་སྐྱེམས་བཏང་བས་འགལ་རྐྱེན་བསལ་ཞིང་མཐུན་རྐྱེན་བསྒྲུབ་པའི་ཕྲིན་བཅོལ་བྱ། སེམས་བསྐྱེད་ནི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ་རང་གནས་ཀྱི་ཡེ་ཤེས་སད་ནས་སྐུ་གསུམ་སྟོན་པའི་སྐུར་བཞེངས་པར་བྱ་བའི་ཆེད་དུ། བདག་གིས་འཁོར་འདས་རུ་ཤན་དབྱེ་བར་བྱའོ་སྙམ་དུ་སྔགས་ཀྱི་སེམས་བསྐྱེད་ནས། མདུན་མཁར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཧེ་རུའི་ཀའི་རྣམ་པར་གསལ་ལ། གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་འོད་ཞུ་བྱས་ནས་སྒོ་གསུམ་བླ་མའི་གསང་བ་གསུམ་གྱི་རྣམ་རོལ་དུ་བལྟ་ཞིང་། ཧང་སེ་གནས་དུས་དང་འབྱམས་པའི་འཕྲོ་མཐུད་ཚེ། སྡིག་མཛུབ་རྡོ་རྗེ་མེ་འོད་འཕྲོ་བ་རང་གི་སྙིང་གར་གཏད་ཅིང་སྤྱན་ཁྲོས་ཚུལ་གྱི་གཟིགས་ནས་ཡོད་པར་བསྒོམ། གནས་འགྱུའི་བར་ལག་མ་འགྱེལ་བས་གནས་པའི་ཚེ་ན་ཤར་བའི་གོ་བཀགཤར་བའི་ཚེ་ན་གནས་ཆའི་ངོ་བོ་སྒྲིབ་པས་ན་སེམས་ལས་སུ་མི་རུང་བས་ཐུན་མོང་གི་ཞི་གནས་ཙམ་མིན་ན་རྫོགས་ཆེན་གྱི་རིག་པ་ནི་ལྟ་ཅི་སྨོས། དེ་ལ་འཁྱིལ་བ་བཤིགས་ཚུལ་ནི། འཕྲོ་མི་ཐུབ་པར་ལྟིང་ཀ་ལྟ་བུར་འཁྱིལ་ལེ་གནས་པའི་ཚེ། འདས་མ་འོངས་ཡིད་ཀྱི་ཆོས་ཁམས་ལ་བསམ་བློ་མི་བཏང་བར། ད་ལྟ་བ་མདུན་ན་དབང་པོ་སྒོ་ལྔའི་ཡུལ་དུ་གང་སྣང་བ་དེར་འཕྲོར་བཅུག་ལ་ངག་ནས་ཀྱང་བརྗོད་པས། དེ་མ་ཐག་སྒྲ་རྟོག་རིག་ཐོག་ཏུ་དེངས་ཁ་བཅུགདེ་བཞིན་དུ་འགྲོ་དྲུག་གི་ལུས་ངག་གི་ཉམ་འགྱུར་དྲན་ཚད་སྤྲོས་པ་ལ་ཡང་ཡང་སྦྱང་ཤིང་རེ་དོགས་དང་སྤང་བླང་སོགས་འཆར་ག་བཅུག་ནས་རྩལ་སྦྱང་གིས་རླུང་སེམས་འཁྲུལ་བའི་འདུས་རྒྱ་གཏོར་ནས་བཞག་དུས། སྟོང་སེང་ངེ་བའི་རྣམ་པ་ཅན་དེ་ལ་དབྱེ་ན་སྟོང་ཉམས་དེ་དུས་གསུམ་གྱི་འཁྲུལ་བ་བྲལ་བའི་ཆ་ཨོས་རེད། སེང་ཉམས་དེ་བྱིང་རྨུག་དེངས་སོང་བའི་ཆ་ཡིན་པས། དེ་དག་གི་ངོ་བོ་གཤིས་ཀྱི་བཞུགས་ཚུལ་ཤེས་རིག་གོ་མ་འགགས་པ་ཀུན་ཤེས་ཀུན་རིགས་ཀྱི་བདག་ཉིད་ཅན་དེ་ངོ་འཕྲོད་དགོས། སྤྱིར་སེམས་འགྱུ་བའི་ཡལ་ས་དེ་ངོས་ཟིན་རུང་མ་ཟིན་རུང་རིག་པ་ཡིན། གང་ལྟར་ཡང་གནས་འགྱུའི་བར་ལག་འགྱེལ་དགོས་པས་ཤར་གནས་གང་གི་ཚེ་ཡིན་ཡང་རང་ཚུགས་བཟུང་བཅུག་མི་ཉན། རྟོགས་པ་ཡལ་ས་དེར་བཞག་ན་ཞེས་པ་འཕྲོ་བཅད་པ་ཙམ་མ་གཏོགས་མན་ངག་སྡེའི་ལུགས་ལ་ངོས་བཟུང་ནས་ངང་ལ་བཞག་པ་ལྟ་བུ་ནི་མེད། སྡེ་རབ་ཡིན་ན་ལྟ་བས་གདེངས་མ་ཤོར། སྒོམ་པས་ངང་མ་ཤོར་བའི་ངང་ནས་བླ་མའི་སྣང་བ་དང་མ་བྲལ་བྱང་ཆུབ་སེམས་ཀྱི་རྩི་དང་མ་བྲལ། སྦྱང་ཚུལ་གྱི་ལག་ལེན་མ་ནོར་སྦྱང་བས་ཇི་ལྟར་ཤར་ཡང་ཤར་གནས་གྲོལ་གསུམ་རིག་ཐོག་ལས་གཞན་མེད་པ་ཡིན་ཏེ་དགའ་རབ་རྡོ་རྗེས། །ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། གནས་པའི་དུས་ན་མཉམ་གནས་བཟང་ངན་མེད། གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། ཤར་གནས་གྲོལ་གསུམ་རིག་ཐོག་ལས་གཞན་མེད་ཅེས་སོ། །ཡང་རེས་འགའ་ཡེང་སུ་བཅུག་ནས་ཨི་ཡེངས་བལྟས་ལ་ཡེང་རུང་མ་ཡེང་རུང་རིག་ཐོག་བཞག་ཅིང་། ཡང་དག་ལྟ་བའམ་དྲན་པས་རྗེས་སྙོགས་དང་། ཨའཐས་དྲན་པས་ཕར་འདེད་གཉིས་གང་ཡིན་ཡང་དེ་ཡིས་ཤེས་སོ། །བརྒྱུད་གསུམ་དཔལ་ལྡན་བླ་མའི་མན་ངག་གི་བྱིན་རླབས་སྙིང་ལ་ཐེབས་ཡོད་ན། རྟོགས་པ་ནམ་མཁའ་འདྲ་སྟེ་འཕོ་འགྱུར་མེད་གསུངས་པ་ལྟར་ཡིན་དགོས་ནི་རེད། ད་ལྟ་བླ་མ་དང་གྲོགས་ཀྱི་དཀྱིལ་ལྟོ་འགྲང་ཉི་མས་དྲོ་བའི་དུས་སུ་གཟབ་ནས་སྦྱང་བའི་གནས་སྐབས་འདི་མ་ཚད། ནམ་ཞིག་ཁང་ལི་རྡིབ་ནས་བར་དོར་འགྲོ་དུས་ནའང་ཁོས་ས་ཟིན་དགོས་ཟེར་གི་ཡོད་ནི་རེད་གསུངས། བར་བར་ངལ་དུབ་ཀྱིས་ཐང་ཆད་ཚེ་ཧ་སྒྲ་སོགས་བརྗོད་ལ་གན་རྐྱལ་དུ་འགྱེལ་ནས་རིག་ཐོག་ཁོ་ནར་ངལ་བསོ། མཐར་བསྔོ་བ་ཡང་དགེ་རྩ་འབྲས་བུ་དང་བཅས་པས་སེམས་ཅན་ཐམས་ཅད་ཀྱི་རང་གནས་ཡེ་ཤེས་སད་ནས་སངས་རྒྱས་པའི་ཆེད་དུ་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ། །དེའི་ཚེ་དངོས་གཞི་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་སྨིན་ཁྲིད་ངོ་སྤྲོད་ནི་ངོ་བོ་སྟོང་པའི་གདངས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་སྐུ། རང་བཞིན་གསལ་བའི་གདངས་ཞིང་སྐུ་ཕོ་བྲང་གསུམ། ཐུགས་རྗེ་རིག་པའི་གདངས་རོལ་པ་དུས་གསུམ་གྱི་རྟོག་པ་ཤར་གྲོལ་ཡིན། གྲོལ་ཚུལ་རྫོགས་ཆེན་བཀའ་གཏེར་ལྔའམ་གསུམ་གང་ལྟར་ཡང་ཤར་གྲོལ་གྱི་ལམ་གཅིག་ལ་འདུ་བས་དེ་འདྲ་ནི་དངོས་གཞི་སྐུ་གསུམ་ལམ་སྣང་དུ་བྱེད་པའི་རྣལ་འབྱོར་བ་ཡིན་ནོ། །

ཞེན་ལོག་ཡི་གེ་ཉེར་ལྔའི་ཟིན་བྲིས།

༄༅། །ཞེན་ལོག་ཡི་གེ་ཉེར་ལྔའི་ཟིན་བྲིས་བཞུགས། ཐུན་མཚམས་སུ་དབང་པོའི་ཞེན་པ་ལྡོག་པའི་ཕྱིར། མིག་གཉིས་ལ། ཀརྨ་རཀྵ་གི་ཧཾ་ཏི། ཁ་དོག་ལྗང་སྐྱ། ཡུལ་གཟུགས་མཐོང་བའི་ཚེ་དང་གཟུགས་འཛིན་ཐམས་ཅད་འོད་གསལ་གྱི་རྣམ་ལྡན་དག་པ་རབ་འབྱམས་གསང་སྙིང་སྐབས་དྲན་པར་བྱས་ལ་ཡུལ་དག་པ་ཡིག་འབྲུ་དག་པའི་ངང་ནས་ཡིད་བཟླས་བྱ། ཡང་ལྟེ་འོག་ཏུ་ཐིག་ལེ་ལྗང་ནག་གི་དབུས་སུ་ཡིག་འབྲུ་ལྗང་སྐྱ། སྒྲ་༼གྲགས་ཐོས་པའི་ཚེ་༽བཟང་ངན་བར་མ་གསུམ་སྙན་མི་སྙན་ཐམས་ཅད་ཆོས་ཉིད་ཀྱི་རང་སྒྲ་གསུང་གི་དཀྱིལ་འཁོར་ཡེ་ནས་ཡིན་པ་སད་པར་བྱེད་པ། ༼འདིས་ཉོན་བདུད་ཆོམས། ༽སྔགས་ཀྱི་རང་སྒྲ་སྒྲོག་པར་བསམ། སྣ་བུག་གཉིས་ཀྱིས་རླུང་རྔུབ་དུས་ཀརྨ། གནས་དུས་རཀྵ། འབྱིན་དུས་གི་ཧཾ་ཏི། ཡང་ལྕེའི་དབང་པོའི་སྟེང་དུ་ཀརྨ་སོགས། ཡིག་རྩེ་ལྕེ་རྩེ་ཡིག་སྟེང་ལྕེ་སྟེང་དུ་གཏད་པར་ཁ་དོག་དམར་པོར་གསལ། འདི་རྣམས་དུས་སུ་གཟུགས་སྣང་སྟོང་། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་། རོ་མྱོང་སྟོང་། རེག་བདེ་སྟོང་། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་དུ་གསལ་དགོས། ལུས་འོད་ཀྱི་རང་བཞིན་དུ་གསལ་བའི་ཀརྨ་སོགས་ཡི་གེ་ཁ་དོག་༼སྔོ་༽ལྗང་སྐྱས་ལུས་ཡོངས་རྫོགས་ཁྱབ་པར་བསམ་པའམ་ཡི་གེ་གཅིག་ཡིན་ཀྱང་རུང་། དབང་པོ་སོ་སོའི་ཡུལ་ལ་ཞེན་པས་ཉོན་མོངས་སྐྱེ་བས་ན་ཉོན་མོངས་པའི་བདུད་རེད། ཉོན་བདུད་བཅོམ་པར་བྱེད་པའི་མན་ངག་གོ །ཕུང་པོའི་ཞེན་པ་ལྡོག་པའི་ཕྱིར། །རང་གཞན་གྱི་ཕུང་པོ་ལྔས་བསྡུས་པ་ཐམས་ཅད་རིགས་ལྔའི་ཞིང་། དེ་སོ་སོར་བསྒོམ་ཚུལ་རྣམ་ཤེས་རྣམ་དག་རྡོར་སེམས། ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སུ་སད་བྱེད་ནི། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཐིག་ལེ་དཀར་པོའི་དབུས་སུ། བྷེ་ག་ར་ཎ་སོ་གད་གླིང་། ཁ་དོག་དཀར་པོར་གསལ་ལ་བཟླའོ། །རེ་འགའ་སྤྱིར་དམིགས། རེས་བྱེ་བྲག་དམིགས། འདི་རྣམས་ཤི་མཐའི་བར་བསྐྱུར་མི་ཉན། རིག་ཐོག་ནས་ས་འཆོར་མི་རུང་། མཐར་མི་དམིགས་པའི་ངང་དུ་མཉམ་པར་བཞག་གོ །ཡང་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་སུ་ཐིག་ལེ་དམར་པོའི་དབུས་སུ་ཡི་གེ་ལྷ་སྔགས་སུ་ཤར་བ་ཁ་དོག་དམར་པོ་སོར་རྟོག་ཡེ་ཤེས་ཀྱི་རང་གདངས་སོ། །ཕུང་ལྔ་དུག་ལྔ། སྐུ་ལྔ་ཡེ་ཤེས་ལྔ་ཡིན་པ་གནས་སྣང་ཙམ་མ་གཏོགས་ཁྱད་མེད་པར་ཤེས་པར་བྱེད་པའོ། །སྙིང་གར་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་ཡིག་འབྲུ་མཐིང་གལྟེ་བ་སྤྲུལ་པའི་འཁོར་ལོར་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་ཡིག་འབྲུ་སེར་པོ། གསང་གནས་བདེ་སྐྱོང་འཁོར་ལོར་བྱ་གྲུབ་ཡེ་ཤེས་རང་གདངས་ལྗང་གུ་གསལ་ཞིང་བཟླས་པས་ཕུང་པོ་ལྔ་རིགས་ལྔའི་ཞིང་དུ་སད་པའི་དགོས་པའོ་གསུངས། འདོད་ཆགས་སྐྱེར་བཅུག་ལ། སྔགས་ཀྱི་ནུས་པས་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་དག་གསུང་གི་རིགས་སྣང་མཐའ་དང་སོར་རྟོག་ཡེ་ཤེས་སུ་སད་པར་བྱས། དག་མཉམ་གྱི་མདོ་མི་འཆོར་བར་དང་ཐོད་རྒལ་སྐབས་ཞིང་སྐུ་ཕོ་བྲང་གསུམ་གྱི་ཀློང་དུ་ཐོག་མཐའ་གཉིས་སུ་མེད་པའི་འཁྲུལ་སྣང་ཐམས་ཅད་སད་པའམ་ཐིམ་པར་བསམ་དགོས། རིག་ཐོག་ནས་ཡིད་ཀྱི་བཟླས་པ་མཐར་དམིགས་མེད་དུ་བཞག༈ ཡུལ་ཀུན་ཞེན་པ་བཟློག་པའི་ཕྱིར། །བྷ་ག་རི་ལ་བྷ་དྷ་ཏྲི། གཞི་ལས་གཞི་སྣང་ཤར་དུས་འོད་ལྔ་སྣོད་བཅུད་ཀྱི་འཁྲུལ་གཞི་ཞེས་པས་འབྱུང་བ་ཆུ་དང་ཁྲག་ཁམས་གནས་སུ་དག་པར་རམ་སད་པར་བྱེད་ནི་རེད། མེ་ལོང་ཡེ་ཤེས་ཀྱི་རང་གདངས་སྤྱི་བོར་དུང་ཁང་གི་དབུས་སུ་ཡིག་འབྲུ་ཁ་དོག་དཀར་པོ་གསལ་ལ་བཟླས། མཐར་དམིགས་མེད་དུ་བཞག་གོ །ཡུལ་ཕྱི་ནང་སྣོད་བཅུད་གཟུགས་སྒྲ་དྲི་རོ་སོགས་རེད། དེའི་ཤུགས་ལ་ཡེ་ཤེས་ལྔར་སྦྱར་ཚུལ་འདྲ་གསུངས། མགྲིན་པར་འོད་དམར་པོའི་ཀློང་དུ་ཡིག་འབྲུ་དམར་པོར་སོར་རྟོག་ཡེ་ཤེས་ཀྱི་རང་གདངས་མེ་དང་དྲོད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཞིང་དུ་སད་བྱེད་དོ། །སྙིང་གར་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་འོད་མཐིང་ག་ཡིག་འབྲུ་བསྒོམས། བཟླས་པས་སྔགས་འོད་མཐིང་ག་ཕྱིའི་ནམ་མཁར་དང་། ནང་རྩ་སྦུབས་སྟོང་པར་འཁྲུལ་པ་རང་སར་སད་པའི་མན་ངག་སྔགས་ཀྱི་ནུས་མཐུས་སོ། །ཐོད་རྒལ་སྐབས་འོད་ལྔ་ལ་ལྟོས། ལྟེ་བར་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་འོད་སེར་པོར་ཤར་བར་འཁྲུལ་སྣང་ཕྱི་འབྱུང་ས་དང་། ནང་འབྱུང་ཤ་དང་རུས་པར་སྣང་བ་གནས་ཚུལ་ལྟར་སད་བྱེད་ཡིག་འབྲུ་ཁ་དོག་སེར་པོ་གསལ་ཞིང་བཟླ། གསང་བར་བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་འོད་ལྗང་གུ་ཕྱི་འབྱུང་རླུང་དང་ནང་འབྱུང་དབུགས་སུ་སྣང་བ་གནས་ཚུལ་ལྟར་སད་བྱེད་ཡིག་འབྲུ་ལྗང་གུ་གསལ་ཞིང་བཟླ། ཐོད་རྒལ་སྐབས་སུ་ཡང་དེ་ལྟར་ངེས་ཤེས་བརྟན་པོའི་ངང་ནས་ཡིད་བཟླས་བྱ་ཞིང་། ཞིང་སྐུ་ཕོ་བྲང་གསུམ་དུ་སད་པར་བསམ་ལ་བལྟའོ། །འཁྲུལ་སྣང་འདི་དག་ཐོག་མཐའ་གཉིས་ན་མེད་ཚུལ་དེ་ལྟར་ཤེས་སོ། ༈ །སེམས་ཀྱི་དངོས་པོ་སྤུར་བའི་ཕྱིར། །རྃ་པ་ཀ་ལ་ས་མི་ཁྱེ། ཞེས་པ་སེམས་ནི་མི་དྲན་དགུ་དྲན་འདིའོ། །དངོས་པོ་སྐུ་གསུམ། སྤུར་ཞེས་པ་ཀ་དག་གི་དབྱིངས་སུ་གྲོལ་བའོ། །ཁྲེགས་ཆོད་ཀྱིས་ཤེས་རིག་གི་རང་ཚུགས་མི་ཟིན་ནི་རེད། ཐོད་རྒལ་ཡད་ཡུད་དམ་དུམ་ལས་མི་བརྟན་པ་བརྟན་བྱེད་ཀྱི་མན་ངག་རེད། སེམས་རིག་གི་ཤན་ཕྱེས་ནས་རིག་པ་གཏད་དགོས། སེམས་གཏད་ན་གཟུང་འཛིན་ཡིན་པས་འཁོར་བར་འཕེན། རིག་པ་གཟུང་འཛིན་མེད་པའོ། །སྨིན་མཚམས་སུ་འཁོར་ལོ་ཁ་དོག་དཀར་པོ་ཡིག་འབྲུ་ཁ་དོག་དཀར་སྔོ་སོགས་གང་རུང་ཆོགགཡོན་དུ་བཀོད་གཡས་སུ་འཁོར་བར་དམིགས་ལ་བཟླ། འཁོར་ལོ་དང་བཅས་པ་དལ་བུས་འཁོར་བར་དམིགས། གཡས་གཡོན་དང་ཡས་མས་སུ་བསྡུ་ལུགས་ཡོད་ཀྱང་དབྱིངས་སུ་བསྡུས་པས་ཆོགའཆི་བདག་གི་བདུད་བཅོམ་པའི་མན་ངག་གོ །སོ་སོར་ཡིག་འབྲུ་བཅས་འོད་དུ་ཞུ་སྙིང་གར་ཐིམ་པར་བསམ། ༈ བྱུང་ཚོར་གནས་སུ་གཅད་པའི་ཕྱིར། །ལྔ་པ་ཀུན་གཞི་ཆོས་སྐུར་སད་བྱེད་ནི། ཀུན་གཞི་དངོས་བཟུང་ལ་སྙིང་ག་དང་སྨིན་མཚམས་སོར་བརྒྱད་ཙམ་གང་རུང་ལ་ཡིག་འབྲུ་ཁ་དོག་དཀར་པོ། མ་ཏཾ་ཕ་ཕེར་ར་མི་ཏི། བརྩེགས་མར་གསལ་ལ་བཟླ། ཚོར་བ་བདེ་སྡུག་བར་མ་གསུམ་རིག་པའི་རྣམ་རོལ་དུ་སད་པའམ་སྣང་སྲིད་དག་པ་རབ་འབྱམས་སུ་རིག་ཐོག་ནས་དམིགས་མཐར་དམིགས་མེད་དུ་བཞག༈ འདུས་ཚོགས་སྣང་བ་ངོས་བཟུང་ཕྱིར། །ཞེས་འདུས་ཚོགས་སྣང་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོས་བཟུང་ནི། གནས་ཚུལ་དག་པ་རབ་འབྱམས་དྲན་དགོས་ཏེ་སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་དུ་ཡིག་འབྲུ་དཀར་པོ་ཤེལ་ལྟ་བུར། ཁ་ཊ་རེ་ཀྵ་ས་མིག་རླུང་། རང་སྒྲ་སྒྲོགས་པ་དང་བཅས་པས་དགོངས་བརྡ་སྙན་བརྒྱུད་གྱི་བླ་མ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་རྒྱ་མཚོར་ཁ་ཆར་བབས་པ་ལྟར་ཡིག་འབྲུ་རྣམས་ལ་ཐིམ་ཡི་གེ་རྣམས་ལས་ངོ་བོ་ཐུགས་རྗེ། རྣམ་པ་བདུད་རྩི་དཀར་པོའི་རྒྱུན་བབས། ལུས་ཤེལ་བུམ་འོ་མས་གང་བ་ལྟར་བསམ། མཐར་འོད་ཀྱི་རྣམ་པར་སྙིང་དབུས་སུ་བསྟིམས། མི་ཤིགས་པའི་འོད་གསལ་ལ་བསྟིམས་ལ་མཉམ་པར་བཞག་གོ །དག་མཉམ་གྱི་མདོ་འཆོར་མི་རུང་གསུངས། ༈ རིག་པ་བཙོན་རར་གཞུག་པའི་ཕྱིར། །སྨིན་མཚམས་ནས་སོར་བཅུ་དྲུག་གི་ཐད་དུ་ཐིག་ལེ་དཀར་པོ་རེའི་དབུས་སུ་ཡིག་འབྲུ་དཀར་པོ། ཨེ་ཀ་ར་ཎ་བྷེ་ཙཀྴགསལ་ཞིང་རླུང་སེམས་ལྷོད། རིག་པ་གཏོད། རེ་འགའ་ལུག་རྒྱུད་ལ་གཏོད། མཐར་ཡས་ནས་མར་ཐིམ་སྙིང་གར་བསྡུས་ལ་མཉམ་པར་བཞག་གོ །༈ འཁྲུལ་བའི་རང་རྒྱུད་ཁུངས་གཅད་ཕྱིར། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་གཉུག་མའི་དེ་ཉིད་བཞུགས་ཀྱང་། སེམས་སེམས་བྱུང་དང་བཅས་པས་སྒྲིབ་པས་སེམས་སེམས་བྱུང་ཐམས་ཅད་ཡིག་འབྲུའི་རྣམ་པར་གསལ་བ་ནི། རླུང་ནང་དུ་རྔུབ་དུས་ཡ་རི། གནས་དུས་མུ་ཏྲ། འབྱིན་དུས་ས་གུ་ལི། ཁ་དོག་དཀར་པོ་ཟུངས་ལ་གཉིད་གུང་དང་ནམ་སད་དུས་སུའོ། །ཉིན་མོ་ཆགས་སྡང་ཤུགས་དྲག་དུས་སུ་དེ་ལྟར་གསལ་བཟླས་བྱས་པས་དེས་མི་སྒྲིབ་པར་གཞིའི་ཀློང་དུ་དྭངས་དགོས། ༈ རིགས་དྲུག་རིམ་གྱིས་བསྒྲལ་བའི་ཕྱིར། །ཡ་སིང་ར་རླུང་པ་ལ་ཡ། །རྣམ་ཤེས་ཀྱི་ངོ་བོ་རྐང་མཐིལ་དུ་༼དུ་ཡིག་མགོ་ཐུར་བསྟན་ཡིན་༽དུད་ཁའི་རྣམ་པར་གྱུར། སྤྱིར་དམྱལ་ཁམས་བཅོ་བརྒྱད། ཁྱད་པར་མནར་མེད་ཀྱི་སྡུག་བསྔལ་མྱོང་བར་བསམ། གནས་དེའི་སེམས་ཅན་རྣམས་ལུས་སྣང་སྟོང་སྐུ། ངག་གྲགས་སྟོང་གསུང་། ཡིད་དྲན་སྟོང་ཐུགས་སུ་གྱུར་བར་བསམ། ཡང་སྔ་མ་གནས་གྱུར་ཏེ་གསང་གནས་སུ་པྲེ་༼མགོ་ཐུར་བསྟན་༽དམར་སྐྱར་བསམ། ཡི་དྭགས་བྱིང་གནས་ཁ་འཐོར་མཁའ་རྒྱུའམ་ཕྱི་ནང་སྒོས་ཁུར་སོགས་ཀྱི་སྡུག་བསྔལ་དུས་གཅིག་མྱོང་བར་བསམ། ཡང་གནས་གྱུར་དེ་ལྟེ་བར་ཏྲི་༼མགོ་ཐུར་བསྟན་༽སེར་སྐྱ་ལ་དུད་འགྲོ་བྱིང་གནས་ཁ་འཐོར་གྱི་སྡུག་བསྔལ་མྱོང་བར་བསམ་ལ་ཡ་སིང་ར་རླུང་པ་ལ་ཡ་བཟླ། ལུས་སྣང་སྟོང་སོགས་སྔར་ལྟར་རོ། །གཤིན་པོ་དང་རང་གི་སྒྲིབ་སྦྱ ོང་ལ་ཤིན་དུ་ཟབ་བོ། ཏྲི་ཡིག་གནས་གྱུར་དེ་སྙིང་གར་ནྲྀ་ཡིག་མཐིང་སྐྱར་གྱུར་ཏེ་གླིང་བཞི་གླིང་ཕྲན་སོགས་ཀྱི་མིའི་སྡུག་བསྔལ་ཐམས་ཅད་རང་ལ་ཐིམ། མྱོང་བར་བསམ། གནས་གྱུར་དེ་མགྲིན་པར་སུ་ལྗང་སྐྱར་གྱུར་ལྷ་མིན་གྱི་སྡུག་བསྔལ་དུས་གཅིག་མྱོང་། ཡང་གནས་གྱུར་དེ་སྤྱི་བོར་ཨ་ཐལ་སྐྱར་གྱུར་ལྷའི་སྡུག་བསྔལ་ཐམས་ཅད་རང་གིས་མྱོང་བར་བསམ་ལ་བཟླའོ། །རང་མ་ཤི་བའི་ལུས་སེམས་སྟོར་ཏེ་ཤི་ཚར་ནས་བར་དོའི་སྐབས་ཀྱི་འདུན་པ་བཏང་ལ་༼རྒྱུན་ཆགས་སུ་༽རྣམ་ཤེས་ཀྱི་ངོ་བོའི་ཨ་དེ་སྙིང་གའི་དབུས་རྩ་མཐིང་ནག་གཏི་མུགཤར་རྩ་དཀར་པོ་ཞེ་སྡང་། ལྷོ་རྩ་སེར་པོ་ང་རྒྱལ་སོགས་སྣང་ཚུལ་མ་དག་སྐབས་དུག་ལྔ་ཕུང་ལྔ་འབྱུང་ལྔ་དག་པའི་སྐབས་ཡེ་ཤེས་ལྔ་རིགས་ལྔ་ཡུམ་ལྔའི་རང་བཞིན་ནོ། །ཤར་རྩ་དཀར་པོ་ནས་ཞུགས་རྡོ་རྗེ་སེམས་དཔའི་ཞིང་དུ་བརྫུས་དེ་སྐྱེས། རྡོ་རྗེ་སེམས་དཔའ་འཁོར་བཅས་མཆོད་རྫས་དུ་མས་མཆོད། ལོ་བརྒྱ་ཉེར་ལྔ་བཞུགས་པར་མོས་། སྔགས་བཟླ། དབུགས་ཆེན་འབྱིན་པའི་ཞིང་ལྔ་འདི། གཞིའི་རང་རྩལ་ལས་ཤར་བའི་རང་སྣང་ལོངས་སྐུར་ཤེས་དགོས། ཐོ་རངས་༼སྲོད་ལ་༽རྒྱུའི་ཆོས། ཉི་དྲོས་༼ནམ་ཕྱེད་ན་༽ཕྱི་རྒྱུད་སྡེ་གསུམ། ཉིན་ཕྱེད་༼ཐོ་རངས་༽ནང་རྒྱུད་གསུམ། སྲོད་ལ་༼ཉི་མ་ཕྱེད་ན་༽འབྲས་བུ་རྫོགས་པ་ཆེན་པོའི་ཆོས་རྣམས་ཡོད། རྡོར་སེམས་དང་ཐུགས་ཡིད་བསྲེ། ལྷོ་རྩ་ནས་ཨ་ཡིག་སེར་པོར་གྱུར་ནས་ཞུགས་དེ་བརྫུས་དེ་སྐྱེས་དུས་ལུས་ཀྱི་ཁ་མ་༼དོད་ཐུབ་༽ཨ་རེད། མཆོད་པས་མཆོད། རྫོགས་ཆེན་མན་ཆད་ཞུས། རིན་ཆེན་འབྱུང་ལྡན་དང་ཐུགས་ཡིད་བསྲེ། རིགས་ལྔའི་སངས་རྒྱས་འདི་རྣམས་རིག་པའི་ལྡོག་ཆ་ཙམ་ལ་གོ་དགོས་ཕྱི་རོལ་ན་མེད། སྲིད་པ་བར་དོ་ནང་ལྟར་སྦྱང་བ་འདི་ལས་གཞན་མེད་དོ། །ནུབ་རྩ་དང་བྱང་རྩ་ནས་ཞུགས་དུས་ཨ་དམར་པོ་དང་ལྗང་གུ་མ་གཏོགས་འདྲ། དབུས་སུ་རྣམ་ཤེས་ཨ་མཐིང་གར་གསལ་ལ་རིགས་བཞིའི་ཞིང་གི་སྟེང་མེ་རི་འབར་བའི་ཞིང་ཡེ་ཤེས་བླ་མ་ལྟར་རོ། །གཞོན་ནུ་དཔའ་བོ་སྟོབས་ལྡན་མཐོང་མ་ཐག་ཤེས་སྒྲིབ་ལྷག་ལུས་མེད་པར་དགཐུགས་ཡིད་བསྲེ་མཉམ་པར་འཇོག༈ འཁོར་བ་དོང་ནས་འདོན་པའི་ཕྱིར། །ཞེས་འཁོར་བ་ཁམས་གསུམ་རེད། རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད། རིག་པའི་ངོ་བོ་སྙིང་གར་ཡི་གེར་བསམ། དེ་ལས་ཉི་ཟེར་གྱི་རྡུལ་ལྟར་གྲངས་མེད་པ་འཕྲོས། མ་མཱ་ཀོ་ལིང་ས་མནྟ། རིགས་དྲུག་གི་སེམས་ཅན་རྣམས་ཀྱི་སྤྱི་བོ་ནས་ཞུགས། སྒྲིབ་གཉིས་བག་ཆགས་དགརིག་འཛིན་རྒྱལ་བའི་གོ་འཕང་ཐོབ་པར་བསམདེ་ཡང་ལྷའི་གནས་སུ་ཡི་གེ་དཀར་པོ། ལྷ་མིན་གནས་སུ་ཡི་གེ་ལྗང་གུ། མིའི་གནས་སུ་དམར་པོའམ་ཁ་དོག་སྣ་ཚོགས། དུད་འགྲོའི་གནས་སུ་སེར་པོའམ་མཐིང་གཡི་དྭགས་ཀྱི་གནས་སུ་ཐལ་སྐྱ། དམྱལ་གནས་སུ་དུད་ཁ་འཕྲོས་པར་བསམ་ལ་བཟླ། ས་གཡོ་དང་ཉི་ཟླ་གཟས་ཟིན་དུས་ཤིན་ཏུ་གལ་ཆེའོ། །སྐྱབས་སེམས་བསྔོ་བ་བཅས་ཚང་མཐར་མི་དམིགས་པར་མཉམ་པར་འཇོག་གསུངས། ༈ ཆོས་ཅན་ཐུར་དུ་གཞུག་པའི་ཕྱིར། །གྷ་རིང་ཡཾ་པ་རི་མཾ་ཏི། ཞེས་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རེ་འགའ་སྤྱི་བོའི་གཙུག་ཏུ་བསྒོམ། རེ་འགའ་སྙིང་གི་དབུས་སུ་བསྒོམ། ཐུགས་ཡིད་བསྲེ། རིག་པ་སད་པར་བྱས། ཆོས་ཉིད་དོན་གྱི་བླ་མ་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་རེད། གཟུགས་སྣང་བླ་མའི་སྐུ། སྒྲ་གྲགས་གསུང་། དྲན་རྟོགས་ཐུགས་སུ་གསལ་ལ་སྐད་ཅིག་སྐད་ཅིག་གིས་སད་པར་བྱས། ཡི་གེ་ཁ་དོག་མཐིང་ནག་གོ །༈ རོལ་བའི་བྱུང་ཁུངས་སྤུར་བའི་ཕྱིར། །ཞེས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ཡིན། བྱུང་ཁུངས་ཆོས་ཀྱི་དབྱིངས་སོ། །སྤུར་བ་སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་དུ་གྲོལ་བར་བྱེད་པའོ། །དེ་ཡང་ལས་ཉོན་གྱིས་བསྐྱེད་པའི་འདུས་བྱས་ཀྱི་ཕུང་པོ་དང་། མ་དག་པའི་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡིག་འབྲུ་ཁ་དོག་དཀར་གསལ་འོད་ཀྱི་རང་བཞིན་གྱིས་ཉི་རྡུལ་འཁྲིགས་པ་ལྟར་གྲངས་མེད་པས་ཕར་ཐལ་ཚུར་ཐལ་བྱས་ཏེ་ཕུང་ལྔ་རིགས་ལྔ་འབྱུང་ལྔ་ཡུམ་ལྔའི་རང་བཞིན་དུ་སད་དེ་ཐོད་རྒལ་གྱི་སྣང་ཆ་དང་ཡིག་འབྲུ་དབྱེར་མེད་དུ་བསམ་ལ། བྷུ་ག་སིང་ཧ་ཕ་གྷ་ལ། རང་ལུས་འོད་ཀྱི་ཕུང་པོར་གྱུར་བར་བསམ། ༈ ཞེན་པའི་ཕྲེང་ཐག་བཅད་པའི་ཕྱིར། །ཞེས་པ་ཞེན་པ་འཁོར་བ། ཕྲེང་ཐག་ཡུལ་ཅན། འཛིན་པ་བཅད་པ། གྲོལ་བའོ། །དེ་ཡང་མ་དག་པར་འཛིན་དུས་དག་པར་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཡུལ་ཅན་ཡེ་ཤེས་སུ་སད་དགོས་ནི་རེད། རྣམ་རྟོག་ཤར་དུས་མ་དག་པའི་ཡུལ་དང་ཡུལ་ཅན་ཡིག་འབྲུར་གསལ་དགོས། ར་མི་པི་པི་ཁེ་ཏ་པ། མཐར་དམིགས་མེད་དུ་འཇོག༈ ལུག་རྒྱུད་ཨར་ལ་གཏད་པའི་ཕྱིར། །བི་ཁུ་མ་ལ་པ་ཏཾ་ཀིཞེས་པ་ཕྱི་ནང་གི་དབྱིངས་རིག་འདྲེས་ཤིང་གོང་ནས་གོང་དུ་འཕེལ་བའི་མན་ངག་ནི་ནང་གི་རིག་པའི་ངོ་བོ་སྟོང་། རང་གདངས་འགགས་པ་མེད་པ་སྒྲིབ་གཡོག་དང་བྲལ་བ་ཕྱིའི་དབྱིངས་ཐིག་རིག་གསུམ་ཤར་བའི་ལུ་གུ་རྒྱུད་ཀྱི་སྟེང་དུ་ཡིག་འབྲུ་དཀར་པོ་སྤུས་བྲིས་པ་ལྟ་བུ་གསལ་ཞིང་དལ་བུས་བཟླ། ཡང་རེ་འགའ་ལུག་རྒྱུད་དང་དབྱེར་མེད་དུ་གསལ་ལ་བཟླ། ལུག་རྒྱུད་མ་ཤར་དུས་སྟོང་སྒྲོན་གྱི་ཀློང་དུ་གསལ། མཐར་དམིགས་མེད་དུ་འཇོགཡིག་འབྲུ་གཅིག་ཡིན་ཀྱང་རུང་། མང་པོ་ཡིན་ཀྱང་རུང་། རིག་པ་རྗེན་ལ་ཕུད་དེ་བསྒོམས་གསུངས། ༈ ལྷ་ཡི་ཕྱག་རྒྱ་བལྟ་བའི་ཕྱིར། །ཞེས་པ་སྐུ་ཕྱག་རྒྱ་སྟེ་དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་གསུམ་དུ་སད་དགོས། དེ་སྐུ་མཐར་ཐུག་ལུག་རྒྱུད་ཡིན། ༼དབྱིངས་ཐིག་ཀློང་དུ་ཁྲིད་༽དེ་ལུག་རྒྱུད་བཞུགས་ཚུལ་དང་མཐུན་པར་ས་མ་ཉི་ཝ་དྷེ་ར་པ། ཡིག་འབྲུ་དཀར་གསལ་ལུག་རྒྱུད་ཀྱི་སྟེང་དང་། རེ་འགའ་ལུག་རྒྱུད་ཡི་གེའི་རང་བཞིན་དུ་གསལ། འདི་གལ་ཤིན་ཏུ་ཆེ། དུས་ཆེན་རྣམས་ལ་འདོན་དགོས། མཉམ་པར་འཇོག༈ ལྟ་བསྒོམ་ལོག་པ་དག་བྱའི་ཕྱིར། །ཞེས་པ་སྙིང་དབུས་ཀྱི་འོད་གསལ་སད་པར་བྱས། དེའི་ངང་ལས་མ་འདས་ན་ཡེ་བསྲུང་རྒྱལ་པོ་ཆེན་པོའི་དམ་ཚིག་ཞེས་དམ་ཚིག་མི་ཉམས། དེ་ལས་ཡེངས་དུས་ཕྱིན་ཅི་ལོག་གི་ལམ་རེད། སྐད་ཅིག་སྐད་ཅིག་གིས་དྲན་པས་རིག་པ་སད་པར་བྱས། ལོག་པ་དག་པའི་མན་ངག་ནི་ཡི་གེ་ཁ་དོག་དཀར་གསལ་དྲི་མ་མེད་པ། བཛྲ་ས་ཏྭ་ཌྀ་དྷྲོ་མེ། སྙིང་དབུས་སུ་རིག་པ་དང་དབྱེར་མེད་དུ་གསལ་ལ་བཟླ། མཐར་དམིགས་མེད་དུ་བཞག་མཉམ་པར་འཇོག༈ ས་ལམ་དུས་གཅིག་བཅད་པའི་ཕྱིར། །ཞེས་ཐེག་དགུའི་ཡང་རྩེ་རེད་ནི་རིག་སྟོང་ཟུང་འཇུག་དེ་ཉིད་རྗེན་ལ་ཕུད། དེ་དང་ཐུགས་ཡིད་དབྱེར་མེད་བསྲེ། བྱིང་རྨུག་གཉིད་གསུམ་གྱི་དྲི་མས་གོས་མི་བཅུག་པར་ཡིག་འབྲུ་ཁ་དོག་གང་རུང་ཡིད་ཡུལ་དུ་གསལ། གྷེ་པ་སུ་གྷར་རྣ་མ་ཡེ། ཞེས་བཟླ་མཐར་དམིགས་མེད་དུ་མཉམ་པར་འཇོགབར་སྐབས་ཐོད་རྒལ་ལ་བལྟ། ༈ ཡིད་དཔྱོད་ལྟ་བ་ཁུང་བཅད་ཕྱིར། །ཞེས་པ་ཡིད་དཔྱོད་གོལ་ས་གསུམ། ནོར་ས་བཞི། ཤོར་ས་བརྒྱད་རེད། ཚོགས་བདུན་ནམ་བརྒྱད་ཀྱི་ཤེས་པ་ཡུལ་དང་བཅས་པ་ཡིག་འབྲུའི་རྣམ་པར་གསལ། དྷརྨ་པ་ཏི་ས་གྷུ་ལི། ཁ་དོག་དཀར་མཐིང་སོགས་གང་རུང་ཆོགཁྱད་པར་ཡིད་ཤེས་སྐྱེས་ནས་དུས་གསུམ་ལ་སྔོན་བསུ་རྗེས་དཔྱོད་མཚན་འཛིན་བྱེད་དུས་ཡིག་འབྲུའི་རང་བཞིན་དུ་གསལ། ཚོགས་བརྒྱད་ཡུལ་དང་བག་ཆགས་དང་བཅས་པ་དག་བྱེད་ཀྱི་མན་ངག་རེད། རེ་འགའ་ཐོད་རྒལ་གྱི་དབྱིངས་ཐིག་དང་ཁྱད་པར་ལུག་རྒྱུད་༼དང་དབྱེར་མེད་དུ་གསལ་ལ་༽ལ་ལྟོས། དེ་ལ་རིག་ཐོག་ནས་ལྟ་ཤེས་ན་གོལ་ས་མེད། མཐར་དམིགས་མེད། ༈ སྐུ་གསུམ་ལམ་དུ་སློང་བའི་ཕྱིར། །ཞེས་པ་གཟུགས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས་ཏེ་དེ་གསུམ་སྐུ་གསུམ་གྱི་སྣང་ཆ་རེད། ནང་གི་སྐུ་གསུམ་གྱི་རིག་པ་སད་པར་བྱེད་ཅིང་ལམ་དུ་བྱེད་པའོ། །རང་ལུས་འོད་ཀྱི་རང་བཞིན་ལ། གཡས་རོ་མ་དཀར་པོ། གཡོན་རྐྱང་མ་དམར་པོ། དབུས་དབུ་མ་མཐིང་གའི་ནང་ཐམས་ཅད་ཡིག་འབྲུ་ཁ་དོག་དང་མཐུན་པར་ཉི་རྡུལ་འཁྲིགས་པ་ལྟར་གསལ་ལ་བཟླ། རེ་འགའ་ཐོད་རྒལ་ལ་བལྟ། རསྨི་ས་མ་ཁརྒད་ཚེ། མཐར་དམིགས་མེད་དུ་བཞག༈ ཆོས་ཉིད་མངོན་སུམ་གྱི་སྣང་བ་དངོས་སུ་སད་པའི་ཕྱིར་དུ། །རང་གི་སྨིན་མཚམས་ཀྱི་ཐད་པད་ཟླའི་གདན་ལ་བླ་མ་དང་དབྱེར་མེད་པ་རྡོ་རྗེ་སེམས་དཔའ་ཡབ་རྐྱང་། ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་པ། གཡོན་དྲིལ་བུ་དཀུར་བརྟེན་པ། ཕྱག་གི་རྡོ་རྗེའི་ལྟེ་བར་ཨ་དཀར་པོའི་མཐར་སྔགས་ཕྲེང་དཀར་གསལ་གཡས་སུ་འཁོར་བ་ལ་སེམས་གཏད་དེ་ཡིད་བཟླས་བྱ། མཐར་ལྷ་འོད་དུ་ཞུ་སྟེ་རྡོ་རྗེ་ལ་ཐིམ། རྡོ་རྗེ་སྔགས་ཕྲེང་ཨ། ཨ་སྙིང་དབུས་སུ་ཐིམ་པར་བསམ་ལ་མཉམ་པར་བཞགརུ་ུཔ་ས་མི་མི་ཏ་ལཾ། ༈ སྒྲ་ཡི་ཞེན་པ་མཐའ་བཅད་ཕྱིར། །ཞེས་སྒྲ་ནི་འབྱུང་བཞིའི་སྒྲ་སོགས་སྒྲ་གྲགས་ཐམས་ཅད་རང་ད་ལྟ་རྣ་བའི་སྒྲ་འུར་འུར་བ་འདི་ཤི་དུས་འབྲུག་སྟོང་དུས་གཅིག་ལ་གྲགས་པ་ལྟ་བུ་ཆོས་ཉིད་ཀྱི་རང་སྒྲ་རེད། ད་ལྟའི་སྒྲ་གྲགས་ཐམས་ཅད་སྔགས། ང་ཏི་པ་ལ་ཀི་ལི་ས། རང་སྒྲར་བསམ། ཁ་དོག་གསལ་མི་དགོས། རེ་འགའ་མི་གསུང་མཉམ་པར་བཞག་པ་སྔགས་ཀྱི་རྒྱལ་པོ་རེད་ནི་རིག་སྟོང་ཟུང་འཇུག་གི་ངང་ལ་བཞགསྒྲ་གྲགས་ཐ་མལ་དུ་མི་འཛིན་པར་སྔགས་སུ་གསལ་དགོས། མཐར་དམིགས་མེད་དུ་བཞག་གོ །༈ བསམ་གཏན་ཆེན་པོའི་ས་གནོན་ཕྱིར། །ཞེས་པ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་རེད། སྐུ་གསུམ་འདུ་འབྲལ་མེད་པ་ལ་ཡང་ཡང་གོམས་འདྲེས་བྱས་ནས་ཡིག་འབྲུའི་ཁ་དོག་གང་རུང་ཆོགཡིད་བཟླས་བྱ། རེ་འགའ་དབྱིངས་ལ་གཏད། རེ་འགའ་རིག་ཆ་རྗེན་པར་གཏད། རེ་འགའ་ཐོད་རྒལ་ལ་གཏད། མཐར་དམིགས་མེད་དུ་མཉམ་པར་འཇོགགཙྪ་པ་ཡཾ་ས་ཨི་ཏཾ། ༈ ཕྲིན་ལས་མཐའ་རུ་དབྱུང་བའི་ཕྱིར། །ཞེས་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་རེད། དེ་ལ་ཡང་ཡང་གོམས་ཤིང་འདྲིས་པར་བྱས་པས་ཚེ་འཕོས་མ་ཐག་ཏུ་སངས་རྒྱས་ཏེ་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་མཛད་དོ། །དེའི་ཚུལ་ཡི་གེའི་ཁ་དོག་ཞི་བ་དཀར་པོ་སོགས་སྤྱི་མགྲིན་སྙིང་ག་སོགས་སུ་གསལ་ལ་བཟླ། རེ་འགའ་ཐོད་རྒལ་གྱི་སྟེང་དུ་གསལ། ཀརྨ་ཨེ་ཀ་ཨ་ནུ་ུས། སེམས་ཅན་གྱི་ཁམས་ལ་བརྩེ་བའི་སྙིང་རྗེ་སྐྱེ་ཁ་བཅུགཕྲིན་ལས་རྣམ་བཞིའི་འགྲོ་བའི་དོན་མཛད་པར་དམིགས། མཐར་སྐྱེ་མེད་ཀྱི་ངང་ལ་མཉམ་པར་བཞག༈ སངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། ཞེས་པ་ཐེག་པ་འོག་མའི་སེམས་ལམ་བྱེད་ཀྱིས་སངས་རྒྱས་ཐོབ་པར་འདོད་པའི་མངོན་ཞེན་ཡིད་དཔྱོད་ལྡོག་པའི་ཕྱིར། །འདིར་རིག་པ་ལམ་དུ་བྱེད་དེ། རིག་སྟོང་ཀ་དག་གི་ཀློང་དུ་འཁྲུལ་རྟོག་ཐམས་ཅད་དྭངས་བར་བྱེད་ཅིང་ཡེ་ཤེས་དང་ཡོན་ཏན་རྒྱས་པར་བྱེད་དགོས་ཏེ། ལུས་འོད་ཀྱི་རང་བཞིན་དུ་གསལ། སྙིང་དབུས་སུ་ཡི་གེ་དཀར་མཐིང་གང་རུང་། སནྡྲི་མ་མ་ཀརྨ་ཏ། གསལ་བཟླས། རེ་འགའ་ཁྲེགས་ཆོད་ལ། རེ་འགའ་ཐོད་རྒལ་ལ་བལྟ་དུས་ཡིག་འབྲུ་སྙིང་དབུས་སུ་གསལ། མཐར་དམིགས་མེད་དུ་མཉམ་པར་བཞགསངས་རྒྱས་མངོན་ཞེན་བཟློག་པའི་ཕྱིར། །ཞེས་པ་འཁྲུལ་བ་འཁྲུལ་སྣང་དང་བཅས་པ་སངས་ཤིང་ཡེ་ཤེས་རྒྱས་པའི་ཆེད་དོ། །འཁྲུལ་བ་དག་པའི་རྒྱུ་དང་། ཡེ་ཤེས་རྒྱས་པའི་རྒྱུ་བྱེད་པ་དང་། མདོར་ན་བློ་འཁྲུལ་བ་ཡུལ་དང་བཅས་པ་སངས་ཤིང་། རང་སྣང་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱས་པའི་ཕྱིར་དུ། རང་ལུས་འོད་ཀྱི་རང་བཞིན་ཅན་གྱི་སྙིང་དབུས་སུ་ཡིག་འབྲུ་ཁ་དོག་དཀར་མཐིང་གང་རུང་གི་དམིགས་བཟླས་བྱ་ཞིང་མཐར་དམིགས་མེད་དུ་བཞག

༈ རྒྱལ་སྲས་རྣམས་ཀྱི་གནས་བཙལ་ཕྱིར། །ཞེས་པ་རྒྱལ་སྲས་ནི་སངས་རྒྱས་ཀྱི་རིག་པ་འཛིན་པ། གནས་སྐུ་གསུམ་འདུ་འབྲལ་མེད་པའི་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུའི་ཡེ་ཤེས་གསུམ་འདུ་འབྲལ་མེད་པ་རེད།

དེ་ཡང་ཡིག་འབྲུ་ཁ་དོག་གང་རུང་ཆོགསྤྱིར་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། བྱེ་བྲག་ཏུ་སྒོ་ལྔའི་རྣམ་ཤེས་ཡུལ་ལ་གཡོ་བའི་དུས་གང་ཤར་ལ་སྦྱར་ཏེ་དམིགས་བཟླས་ཀྱིས་དེ་ཉིད་འོད་གསལ་ཉག་གཅིག་གི་རྣམ་རོལ་དུ་སད་འགྲོ་དགོས་ནི་རེད། འཆི་དུས་དབུགས་ལ་སླེབས་ན་གྲོལ། ཚོགས་བརྒྱད་ཡུལ་དང་བཅས་པ་ཤར་དུས་དཔེར་ན་གཟུགས་མཐོང་དུས་ཡུལ་གཟུགས་དང་སྦྱར་ནས་ཡིག་འབྲུ་ཁ་དོག་གང་རུང་། ང་ལ་ཁེ་པ་ཀི་ལི་ས། ཡུལ་ཅན་ཤེས་པ་ལ་སྦྱར། གྲོལ་བར་བྱས་ལ་གསལ། བཟླས་ཏེ་མཐར་དམིགས་མེད་དུ་མཉམ་པར་བཞག༈ དུས་ཆེན་རྣམས་དང་ཉི་ཟླ་གཟས་ཟིན་དུས་ཀློང་ལྔའི་ཡི་གེ་གྲངས་མེད་སྤྲོས་ཏེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོ་ནས་ཞུགས། ལུས་སྣང་སྟོང་སྐུའི་དཀྱིལ་འཁོར་འོད་ཀྱི་རང་བཞིན། ངག་གྲགས་སྟོང་གསུང་གི་རང་བཞིན། ཡིད་དྲན་རྟོགས་ཐུགས་ཀྱི་རང་བཞིན། གསལ་བཟླས་སོ། །སྙིང་ཀར་ཐིམ་པས་ཚོགས་དྲུག་གཟུང་འཛིན་གྱི་བསྡུས་པའི་འཁྲུལ་རྟོག་ཐམས་ཅད་རང་སར་གྲོལ་བར་བསམ་ལ། ཡིག་དྲུག་ཡིད་བཟླས་བྱ། དེ་ནས་སྲིད་ཞི་ཐམས་ཅད་ཡིག་འབྲུར་གསལ་བའི་ངང་ནས་བཟླ། ༈ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད་པའི་ཐུགས་ཀ་ནས། དང་པོ་དམྱལ་བ་ནས་རེ་རེ་བཞིན་དྲུག་པོ་སོ་སོར་སྦྱང་། མཐར་རིགས་དྲུག་གི་སེམས་ཅན་གྱིས་སྔར་ལྟར་སྦྱང་། མདོར་ན་དག་མཉམ་སད་པར་བྱས། རིག་པ་རྗེན་ལ་ཕུད་དེ་ཁྲེགས་ཆོད་དང་རེ་འགའ་ཐོད་རྒལ་བསྒོམས། དག་མཉམ་དེ་གའི་ངང་ནས་བསྒོམས་བཟླས་ལ་འབད་དགོས་གསུངས།

༈ བླ་མ་ཧེ་རུ་ཀ་པའི་ཆ་བྱད་ཅན་༼སྐུ་མདོག་མཐིང་ནག་༽སྐུ་གཅེར་བུ། ཕྱག་༼སྡིག་མཛུབ་དང་བཅས་༽ན་རྡོ་རྗེ་མེ་འབར་བ། ཕྱག་གཡོན་ན་ཀ་པ་ལ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བ། དབུ་ལ་ཐོད་སྐམ་གཅིག་གིས་བརྒྱན་པ། སྟག་ལྤགས་ཀྱི་གདན་ལ་འགྱིང་སྟབས་སུ་བཞུགས་པ་༼མི་ལྤགས་ཀྱི་གདན་ལ་རྒྱལ་པོ་རོལ་སྟབས་སུ་བཞུགས་པར་༽༼གསོལ་བ་བཏབ་པས་༽གསལ་བའི་སྐུ་༼རྡོ་རྗེ་༽ལས་ཡེ་ཤེས་ཀྱི་མེ་འབར་བས་ཕུང་ཁམད་སྐྱེ་མཆེད་ཐམས་ཅད་ལྷག་མེད་དུ་བསྲེགས་ཤིང་སྦྱང་བའི་དབུས་སུ་རྟེན་མེད་རིག་པའི་ངོ་བོ་ཡི་གེ་ཨ་དཀར་པོ་གསལ་ལ་འཚེར་བ་གསལ་བའི་མདུན་ནས་བརྩམ་ཏེ་གཡོན་སྐོར་དུ་བཀོད་དགོས་ཏ། དེ་ཡང་མ་དག་མིང་གཟུགས་ཀྱི་ངོ་བོ། དག་པ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རང་གཟུགས་འ་དཀར་པོགསལ་བ་དང་། མ་དག་སྒྲ་ཡི་ངོ་བོ་དག་པ་མེ་ལོང་ཡེ་ཤེས་ཀྱི་རང་གཟུགས་ཨ་དཀར་པོ་དང་། མ་དག་དྲི་ཡི་ངོ་བོ་དག་པ་མཉམ་ཉིད་ཡེ་ཤེས་ཀྱི་རང་གཟུགས་ཧ་སེར་པོ་དང་། མ་དག་རོ་ཡི་ངོ་བོ་དག་པ་སོར་རྟོག་ཡེ་ཤེས་ཀྱི་རང་གཟུགས་ཤ་དམར་པོ་དང་། མ་དག་རེག་བྱའི་ངོ་བོ་དག་པ་བྱ་གྲུབ་ཡེ་ཤེས་ཀྱི་རང་གཟུགས་ས་ལྗང་གུ། མ་དག་ཡིད་ཆོས་ཀྱི་ངོ་བོ་གནས་སུ་དག་པ་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གཟུགས་མ་མཐིང་ག་རྣམས་གསལ་ནས་གཡས་སུ་དལ་བུས་འཁོར་བའི་ཚེ། སྔགས་ཕྲེང་འཁོར་བའི་ཡིག་འབྲུ་དེ་རྣམས་ལས་དེ་འདྲ་བའི་ཡིག་འབྲུ་གྲངས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་གར་ཐིམ་པས་ཚོགས་དྲུག་གཟུང་འཛིན་གྱིས་བསྡུས་པའི་འཁྲུལ་རྟོག་ཐམས་ཅད་རང་སར་གྲོལ་ནས་ཐམས་ཅད་སངས་རྒྱས་པར་བསམ་ལ། ཡིག་དྲུག་ཡིད་བཟླས་བྱ། དེ་ནས་སྲིད་ཞི་ཐམས་ཅད་ཡིག་འབྲུར་གསལ་བའི་ངང་ནས་བཟླ།

མཐར་ཡིག་འབྲུ་དེ་དག་བསྡུས་ནས་སྔགས་ཕྲེང་གི་མ་མཐིང་ག་ལ་ཐིམ། མ་ས་ལ་ཐིམ། ས་ཤ་ལ་ཐིམ། ཤ་ཧ་ལ་ཐིམ། ཧ་ཨ་ལ་ཐིམ། ཨ་འ་ལ་ཐིམ། འ་ཨ་ལ་ཐིམ། ཨ་ཡང་མི་དམིགས་པའི་ངང་ལ་མཉམ་པར་འཇོག་པའོ། །སྣང་གྲགས་རིག་གསུམ་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རོལ་པར་ལྟོས་ལ་ཞག་ཆ་ཤས་དེ་ལྟར་མཛོད། ཡུལ་རྐྱེན་དང་བསྲེས་ལ་གང་ལ་ཡང་སྤང་བླང་བཅོས་བསྒྱུར་མ་བྱེད་ཐུགས་ཡིད་དབྱེར་མེད་དུ་བསྲེས་ལ་སྦྱོང་། ས་ཏྭ་ཅུང་རེ་དང་འོད་དཔག་མེད་མཚན་བརྒྱ་རེ་མ་ཆགཉམས་ལེན་མ་སྐྱུར་གསུངས། དེ་ལྟར་གསུངས་ཀྱང་། འཁོར་བ་དོང་སྤྲུགས་སྐབས། འ་ཨ་ཧ་ཤ་ས་མ། ཞེས་འ་ཨ་དཀར་པོ། ཧ་སེར་པོ། ཤ་དམར་པོ། ས་ལྗང་གུམ་མཐིང་ག་འོ། །དེ་ཡང་སྦྱང་བྱ་གཟུགས་རང་རྒྱུད་དུ་ཞེན་པ། སྦྱོང་བྱེད་འ་དཀར་པོ། སྦྱངས་འབྲས་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས། སྦྱང་བྱ་སྒྲ་རང་རྒྱུད་པར་ཞེན་པ། སྦྱོང་བྱེད་ཨ་དཀར་པོ། སྦྱངས་འབྲས་མེ་ལོང་ལྟ་བུའི་ཡེ་ཤེས། སྦྱང་བྱ་དྲི་རང་རྒྱུད་དུ་ཞེན་པ། སྦྱོང་བྱེད་ཧ་སེར་པོ། སྦྱངས་འབྲས་མཉམ་ཉིད་ཡེ་ཤེས། སྦྱང་བྱ་རོ་རང་རྒྱུད་པར་ཞེན་པ། སྦྱོང་བྱེད་ཤ་དམར་པོ། སྦྱངས་འབྲས་སོ་སོར་རྟོག་པའི་ཡེ་ཤེས། སྦྱང་བྱ་རེག་བྱའི་ཞེན་རྟོགསྦྱོང་བྱེད་ས་ལྗང་གུ། སྦྱངས་འབྲས་བྱ་བ་གྲུབ་པའི་ཡེ་ཤེས། སྦྱང་བྱ་ཡིད་ཆོས་ཀྱི་ཞེན་རྟོགསྦྱོང་བྱེད་མ་མཐིང་གསྦྱངས་འབྲས་ཆོས་དབྱིངས་ཡེ་ཤེས་ཏེ། ཡེ་ཤེས་ཕྱི་མ་འདི་གཉིས་གོང་འོག་ངེས་མེད་དུ་གསུངས། དགེའོ། །

བསྐལ་མགོན་དྲུག་ཅུ་མཚན་དོན་གསེར་ཡིག་ཅན་ནང་བསྟན་བུ་ལེའུ་བདུན་པའི་གཉིས་པ་ཡིན་སྙམ་དཔྱོད། ལེའུ་དང་པོ་རྒྱུད་ཆེ་བའི་ཡོན་ཏན་བསྟན་པ་དང་། གཉིས་པ་རྒྱུད་འདིས་སངས་རྒྱས་ཀྱི་གདུང་ཇི་ལྟར་སྤེལ་བ་བསྟན་པ་དང་། གསུམ་པས་ཕྱིས་ཇི་ལྟར་འབྱུང་བ་བསྟན་པ་དང་། བཞི་བས་ཚེ་འདིར་བསྒོམ་ཞིང་ཉམས་རྟོགས་མཐར་ཕྱིན་ཏེ་ཟག་པ་མེད་པར་བསྟན་པ་དང་། ལྔ་པས་འགྲོ་བའི་དོན་དུ་ཐུན་མོང་གི་ལས་བསྟན་པ་དང་། དྲུག་པས་བཏགས་པས་གྲོལ་བའི་སྙིང་པོ་བསྟན་པ་དང་། བདུན་པས་རྒྱུད་འདི་འདུས་མ་བྱས་པར་བསྟན་པའོ། །འདི་དྲུག་པ་ལྟར་གསུངས།

བསྔོ་བ།

༄༅། །བསྔོ་བ་ནི། འོ། མཐོ་སྲིད་པའི་རྩེ་མོ་མན་ཆད། དམའ་ན་རཀ་དམྱལ་བའི་གནས་ཡན་ཆད་ཀྱི་སེམས་ཅན་བར་མ་དོ་ན་གནས་པ་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས་ལས་ངན་གྱི་རྒྱུ་བྱས། རྐྱེན་ངན་གྱི་རླུང་གིས་དེད། འཁྲུལ་སྣང་དང་སྡུག་བསྔལ་ཁོ་ན་ལ་ཁོར་མོ་ཡུག་ཏུ་སྤྱོད་པའི་སྙིང་རྗེའི་མགྲོན་དུ་གྱུར་པ་རྣམས་ཀྱིས་སྔ་མའི་ལུས་རྟེན་བོར། ཕྱི་མའི་ལུས་རྟེན་མ་རྙེད། སྲིད་པ་བར་མ་དོ་ན་ཉམ་ང་བའི་འཕྲང་ལ་སྐྱབས་དང་སྐྱོབས་པ་མེད་པ། མགོན་དང་དཔུང་གཉེན་མེད་པ། ཆོས་སྔོན་དུ་སོང་བ་མེད་པ། རྒྱབ་ཏུ་འོང་བ་མེད་པ། ཆོས་ཀྱི་ར་མདའ་ཉུང་བ། དགེ་བའི་བསྐུལ་མ་མེད་པ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་གིས་མནར་བ། འཁྱག་ལྟོགས་སྐོམ་གསུམ་གྱིས་གདུང་བ། ཚེ་ཚད་ལ་ངེས་པ་མེད་པ། བྱ་སྒྲོ་རླུང་གིས་ཁྱེར་བ་བཞིན་གར་འགྲོ་རང་དབང་དང་བྲལ་བའི་བར་དོའི་སེམས་ཅན་རྣམས་ལ་བདག་གིས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་རྣམས་བསྔོའོ། བསྔོས་པ་བཞིན་ཏུ་ཐོབ་ནས་བར་དོ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིགདེ་མ་ཐོབ་ཀྱི་བར་དུ་སྐྱེ་བ་ནས་སྐྱེ་བ་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་ནས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་ནས་དམ་པའི་ཆོས་ཀྱི་སྣང་བ་དང་མི་འབྲལ་བར་ཤོག་ཅིག །

ཅེས་འབྲུག་པ་རྡོ་རྗེ་འཆང་གི་ཞབས་རྡུལ་སྤྱི་བོར་འཛིན་པ་ཆོས་དབྱིངས་རང་གྲོལ་གྱིས་བྲིས་པའོ། །

བཅུ་གཅིག་ཞལ་གྱི་གཟུངས་རིང་།

ན་མོ་རཏྣ་དྲ་ཡ་ཡ། དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །ན་མོཿཨཪྱ་ཛྙཱ་ན་ས་ག་ར། ཕྱག་འཚལ་ལོ་འཕགས་པ་ཡེ་ཤེས་རྒྱ་མཚོ་ལ། བཻ་རོ་ཙ་ན་ཡ། ལུས་ཅན་རྣམ་པར་སྣང་མཛད། མ་ཧཱ་རཱ་ཛཱ་ཡ། བཀོད་པའི་རྒྱལ་པོ། ཏ་ཐཱ་ག་ཏཱ་ཡ། དེ་བཞིན་གཤེགས་པ། ན་མ༔སརྦ་ཏ་ཐཱ་ག་ཏེ་བྷྱ༔ཕྱག་འཚལ་ལོ། །ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ལ། ཨརྷ་ཏེ་བྷྱ༔དགྲ་བཅོམ་པ་རྣམས་ལ། སམྱཀྶཾ་བུདྡྷ་བྷྱཿཡང་དག་རྫོགས་པའི་སངས་རྒྱས་རྣམས་ལ། ན་མཿཨཪྱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡ། ཕྱག་འཚལ་ལོ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུགབོ་དྷི་ས་ཏྭ་ཡ། བྱང་ཆུབ་སེམས་དཔའ། མ་ཧཱ་ས་ཏྭ་ཡ། སེམས་དཔའ་ཆེན་པོ། མཧཱ་ཀཱ་རི་ཎི་ཀཱ་ཡ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཏདྱ་ཐཱ། འདི་ལྟ་སྟེ། ༀ་དྷ་ར་དྷ་ར། གཟུངས་གཟུངས། དྷི་རི་དྷི་རི། འཛིན་པ་འཛིན་པ། དྷུ་རུ་དྷུ་རུ། ཟུངས་ཤིག་ཟུངས་ཤིགཨིཌྜི་ཝིཌྜི། དབང་ཞུ་བ། ཙ་ལེ་ཙ་ལེ། བསྐྱོད་ཅིག་བསྐྱོད་ཅིགཔྲ་ཙ་ལེ་པྲ་ཙ་ལེ། རབ་ཏུ་བསྐྱོད་ཅིག་རབ་ཏུ་བསྐྱོད་ཅིགཀུ་སུ་མེ། མེ་ཏོག་འཛིན་པ། ཀུ་སུ་མ་ཝ་རེ། མེ་ཏོག་གི་མཆོད་པ་འཛིན་པ། ཨི་ལི། ཐབས་ཤེས། བླ་མ་མཆོགམི་ལི། ཙི་ཏི་ཛྭ་ལ། སེམས་ཀྱིས་བར། མ་པ་ན་ཡེ་སྭཱཧཱ། བདག་གི་ཚུགས་ཤིགགཟུངས་འདི་ལན་གཅིག་བཏོན་པས་ཉན་ཐོས་ཀྱི་རྩ་བའི་ལྟུང་བ་བཞི་དང་། མཚམས་མེད་ལྔའི་ལས་བྱས་ཀྱང་བྱང་བར་འགྱུར་རོ། །ལན་བདུན་བརྗོད་ན་ཚེ་རབས་བརྒྱར་བསགས་པའི་སྡིག་པ་བྱང་བ་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བརྗོད་ན་བསྐལ་པ་སྟོང་གི་སྡིག་པ་དག་ཅིང་བྱང་ཆུབ་ཀྱི་སེམས་ལྡན་པར་འགྱུར་རོ། །གཟུངས་འདི་བརྒྱ་རྩ་བརྒྱད་བརྗོད་ན་བསྐལ་བ་བརྒྱད་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར་རོ། །