cover

གཡུ་ཁོག་ཆོས་འབྱུང་གསར་བཅོས་མ།

ཡི་དམ་རྡོ་རྗེ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྔོན་གླེང་།

མདོ་ཁམས་གཡུ་ཁོག་གི་ཡུལ་འདིར་ཡང་ས་གནས་གཞན་དག་དང་འདྲ་བར། སྲིད་པའི་གངས་རི་ཆགས་ནས་ད་ལྟའི་བར་དུ་བྱུང་བའི་ལོ་རྒྱུས་ཀྱི་གཏམ་རྒྱུད་རིང་མོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཕྱོགས་གཅིག་ཏུ་བཀོད་པའི་དེབ་ཐེར་དེ་སྔོན་མ་བྱུང་བའམ། བྱུང་ཡང་དུས་འགྱུར་གྱི་འཚུབ་མས་མི་མངོན་པའི་དབྱིངས་སུ་བསྟིམ་པ་གང་ལྟར་དེང་སྐབས་མཐོང་ཐོས་གྱི་ཡུལ་དུ་མི་སྣང་།

དེས་ན་གསར་སྐྱེས་གཞོན་ནུ་རྣམས་ཀྱིས་སོ་སོའི་ཡུལ་དགོན་གྱི་ལོ་རྒྱུས་དང་། རང་གི་རིགས་རུས་བདུན་རྒྱུད་ཚུན་ཆད་མ་ཤེས་ན། རླངས་དཔལ་གྱི་སེང་གེས། མི་རང་གི་རིགས་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་དང་འདྲ། ཕ་མེས་ཀྱི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཀྱི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ། །ཞེས་གསུངས་པ་ལྟར་སྤྱིར་ལོ་རྒྱུས་མ་ཤེས་པའི་སྐྱོན་དང་། ཁྱད་པར་ས་གནས་འདིར་བྱུང་བའི་དངོས་བྱུང་མེས་པོའི་ལོ་རྒྱུས་མི་ཉམས་སྲུང་སྐྱོབས་ཀྱི་ཆེད་དུ་དམིགས་ནས་མཁན་ཤེས་བྱ་ཀུན་གཟིགས་ལ་རིང་མོའི་དུས་ནས་ལན་གྲངས་དུ་མར་གཡུ་ཁོག་ལོ་རྒྱུས་ཤིག་འབྲི་བར་བསྐུལ་མ་བྱས་མོད། ཁོང་ཉིད་ལ་ཆོས་མཐུན་གྱི་མཛད་པ་དུ་མའི་ཕྱག་ལས་མང་བ་སོགས་གང་ཐད་ནས་ཐུགས་ཁོམ་མ་བྱུང་བར་ལོ་གྲངས་དུ་མ་འགྱང་མཐར་བྱ་བ་འདི་ཉིད་བསྒྲུབ་པའི་འོས་འགན་དེ་ཁོ་བོའི་ཕྲག་ཏུ་བབས།

དེ་ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མཐོ་རིས་ཐར་བའི་དངོས་རྒྱུ་མི་བྱེད་ཅིང་། །གསེར་དང་དངུལ་གྱི་ཡོང་སྒོ་མི་འདུ་བའི། །བར་མ་དོ་རུ་གནས་པའི་གནད་འདི་དག །ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད། །གསུངས་པ་ལྟར་ལས་མ་འདས་མོད། ཡང་ཕྱོགས་གཞན་ནས་བསམ་ན། བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས། བོངས་ཚོད་རགས་པ་སྤྲང་པོའི་འབོག་ཁྲེས་བཞིན། །ནོར་ཉན་དངོས་པོ་མེད་སྙམ་འདོར་མི་རིགས། །གོ་མཐའི་ས་ལས་གོམ་གཅིག་མ་བརྒལ་བར། །འཇིག་རྟེན་དེ་ཉིད་མཐོང་བའི་ལྟད་མོ་འབྱུང་། །ཞེས་གསུངས་པ་ལྟ་བུའི་དགེ་མཚན་དང་། མི་ཐོག་གསར་རྙིང་བརྗེ་བའི་དུས་རབས་ཀྱི་དཀྱོག་མཚམས་ཤིག་ནས་ཡུལ་ལུང་ཞིག་གི་བྱུང་རིམ་རྗེས་མེད་དུ་འགྲོ་བར་ཕངས་སེམས་དང་། ལོ་རྒྱུས་ཀྱི་སྟོང་ཆ་ཅུང་ཟད་ཅིག་རང་ས་ནས་བསྐང་སྟེ་མི་རབས་རྗེས་མ་དག་གི་སྐལ་བར་འཇོག་ཐུབ་ན་གོང་དུ་བཤད་པའི་ནགས་ཀྱི་སྤྲེའུ་དང་། གཡུ་འབྲུག་ཟོལ་མ། མོན་ཕྲུག་ཡལ་བོར་ལྟ་བུའི་སྐྱོན་དེ་དག་འཇུག་མི་ནུས་པར་མཐོང་ནས་རྒན་རབས་པ་དང་། མཁྱེན་ལྡན་དག་གི་སར་ཆེད་བསྐྱོད་ཀྱིས་ལོ་རྒྱུས་འདྲི་གཅོད་ཞིབ་བསྡུར་བྱས་ནས་བྱ་བ་འདི་ཉིད་བསྒྲུབ་པའི་ཁུར་བླངས་པ་ཡིན།

དེ་ཡང་དེབ་འདིའི་བརྗོད་བྱ་གཙོ་བོ་ཐོག་མར་གཡུ་ཁོག་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་སྤྱི་དང་། བྱིན་ལྡན་གྱི་གནས་རི་དང་། ཡུལ་ལྷ་ཟོ་དོར་གྱི་རིགས་ཇི་ལྟར་གནས་ཚུལ། དམ་པའི་སྐྱེས་བུ་དུ་མས་ཞབས་ཀྱིས་བཅགས་ཚུལ་བཅས་རགས་བསྡུས་སུ་བཀོད། དེ་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སོགས་སྔོན་བྱུང་དུས་སྐབས་འགའི་ལོ་རྒྱུས་ཡིག་ཆ་གཞན་དུ་གསལ་བ་རྣམས་ཐོར་བུར་བཀོད། བྱེ་བྲག་ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་ནས་བཟུང་གཡུ་ཁོག་དཔོན་རབས་བཅུ་གཉིས་ཀྱིས་སྲིད་དབང་བཟུང་ཚུལ་དང་། དགོན་པའི་ལོ་རྒྱུས་ཀྱང་དང་པོ་བོན་ནས་བན་དུ་འགྱུར་བ་ཇི་ལྟར་བྱུང་ཚུལ་དང་། དེ་ནས་སྔ་འགྱུར་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་ཆོས་སྡེ་རུ་གྱུར་ཚུན་ཆད་ཀྱི་གདན་རབས་བཅུ་གཅིག་དང་། མཁན་རབས་བཅུ་གཉིས། གཞན་ཡང་གདན་ས་འདིར་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་བཞི་བཅུ་ལྷག་སྟེ་ཁྱོན་དམ་པའི་སྐྱེས་བུ་བདུན་ཅུ་ཙམ་གྱི་རྣམ་ཐར་དང་། དེ་དག་གི་སྐུ་དུས་སུ་བཤད་སྒྲུབ་འཁོར་ལོ་གསུམ་གྱི་རིང་ལུགས་ཇི་ལྟར་བཟུང་བ་དང་། ཆོས་བརྒྱུད་འཛིན་པའི་ཆོས་སྡེ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་སོགས་ཅུང་ཟད་གསལ་བར་བཀོད་པ་ཡིན། རྣམ་ཐར་དེ་དག་ཀྱང་གཡུང་སྟོན་རྡོ་རྗེ་དཔལ་གྱིས། སློབ་མས་བརྩམས་པའི་རྣམ་ཐར་ཕལ་ཆེར་ནི། །ཆེ་བརྗོད་དྲག་པས་བླ་མ་ཟོག་པོར་གཏོང་། ཞེས་པའི་ཚུལ་ལ་བསམ་ནས་རང་རྣམ་སོགས་སུ་གསལ་བ་ལས་གཞན་ཞེན་གོག་གི་ཆེ་བསྟོད་དང་། རང་བཟོ་སྤངས་ཅི་ཐུབ་བྱས་པ་དང་། གོ་རིམ་ཀྱང་གདན་ཐོབ་དང་། མཛད་པ་སོགས་ལ་མ་ལྟོས་པར་སྐུ་ན་བགྲེས་གཞོན་གྱི་གོ་རིམ་ལྟར་གཙོ་ཆེར་བཀོད་པ་ཡིན། དེ་མིན་ད་རུང་གཡུ་ཁོག་གི་ཡུལ་འདིར་བྱོན་པའི་བླ་སྤྲུལ་འགའ་རེ་དང་། ཡན་ལག་གི་ཆོས་སྡེ་སོ་སོའི་བླ་སྤྲུལ་རྣམས་སོགས་དམ་པའི་སྐྱེས་བུ་དུ་མ་ཞིག་གི་རྣམ་ཐར་ཡོངས་རྫོགས་ཐེངས་འདིར་འབྲི་བར་མ་ནུས་པ་དང་། ཁྱད་པར་དུས་རབས་གསར་པའི་ནང་དུ་སྐུ་འཁྲུངས་པའི་མཁན་སྤྲུལ་རྣམས་ཀྱི་ཐུན་མོང་དང་ཐུན་མིན་གྱི་མཛད་པ་རྣམས་ནི་འབྱུང་འགྱུར་མི་རབས་ཕྱི་མ་རྣམས་ཀྱི་སྐལ་བར་འཇོག་པ་ལས་ཐེངས་འདིར་དམིགས་བསལ་དུ་རྒྱ་སྤྲུལ་གསུམ་པའི་རྣམ་ཐར་མཚོན་ཙམ་ལས་གཞན་རྣམས་འབྲི་བའི་ངལ་བ་གནས་སྐབས་སུ་བསྟུང་བར་བྱས་ནས་རྟེན་འབྲེལ་འཕྲོ་ཅན་དུ་བཞག་གོ །མདོར་ན་ཁོ་བོས་གོ་ཐོས་ཀྱི་ལོ་རྒྱུས་རྣམས་ཕྱོགས་གཅིག་ཏུ་བསྡུ་སྒྲིག་བྱས་ཤིང་ཐོག་མཐའ་བར་གསུམ་དུ་རང་དགོན་གྱི་མཁན་ཆེན་ཤེས་བྱ་ཀུན་གཟིགས་དང་། ནོར་བུ་བཟང་པོ་རྣམ་གཉིས་སོགས་ལ་བཀའ་འདྲི་དགོངས་བསྟུན་སྤྱན་འབུལ་བགྱིས་པ་དང་། ཁྱད་པར་རྟའུ་རྫོང་རིག་གནས་ཡུལ་སྐོར་ལས་ཁང་གིས་པར་སྐྲུན་མཐུན་རྐྱེན་སྦྱར་བའི་བཀའ་དྲིན་སོགས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ས་བོན་ཙམ་མི་རབས་རྗེས་མའི་ལག་ཏུ་འཇོག་རྒྱུ་བྱུང་བས་བློ་བདེ་བ་ཡིན། འོན་ཀྱང་ད་རུང་འདིར་མ་འཁོད་པའི་རིན་ཐང་ལྡན་པའི་ལོ་རྒྱུས་དང་། རླབས་ཆེན་གྱི་མི་སྣ་དུ་མ་ཞིག་ཡོད་པར་མ་ཟད་འདིར་འཁོད་པ་དག་ལ་ཡང་ནོར་འཁྲུལ་དང་། ཆད་ལྷག་གང་མང་ཞིག་ཤོར་ཡོད་པར་ངེས་པས་དེ་དག་གཟུར་གནས་མཁྱེན་སྤྱན་ཡངས་པ་དག་གི་མདུན་སར་སྙིང་ནས་བཟོད་གསོལ་ཞུ་བ་དང་། འདི་ལ་ཆགས་སྡང་དང་ཕྱོགས་ཞེན་གྱིས་ཀླན་ག་མི་འཚོལ་བར་མ་ཚང་ཁ་སྐོང་དང་། ནོར་བ་དག་བཅོས་བྱེད་པའི་རེ་བསྐུལ་ལན་བརྒྱར་ཞུ་བ་ལགས་སོ།། རྩོམ་པ་པོས།

མཆོད་པར་བརྗོད་ཅིང་བརྩམ་པར་དམ་བཅའ་བ།

༄༅། མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་ངོ་མཚར་ལྷ་ཡི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

སྐུ་ཡི་ཞབས་པད་གངས་རིའི་ལྗོངས་སུ་མ་བཀོད་ཀྱང་། །གསུང་མཆོག་དམ་ཆོས་ཉི་མའི་འོད་ཀྱིས་ཁྱབ་འགྱུར་བ། །ཟག་མེད་ཐུགས་ཀྱིས་མཁྱེན་པའི་ལུང་བསྟན་མངོན་དུ་གྱུར། །རྣམ་འདྲེན་བཞི་པ་ཐུབ་དབང་ལྷ་ཡི་བླ་མར་འདུད། །སྲས་བཅས་རྒྱལ་བའི་བརྩེ་ཆེན་དྭངས་མའི་དཔྱིད། །མཁའ་ཁྱབ་འགྲོ་བའི་དཔལ་དུ་མཉམ་བརྡལ་ཡང་། །བསིལ་ལྡན་སཱ་ལའི་ལྗོངས་སུ་སྤྲུལ་པའི་གར། །ཡང་ཡང་སྤྲོ་མཛད་གྲུ་འཛིན་མགོན་དེས་སྐྱོངས། །ཁ་བ་ཅན་གྱི་ཡུལ་ཀུན་ཞབས་ཀྱིས་མ་བཅག་མེད་པར་མཛད། །མི་དང་མི་མིན་ཞིང་གི་ཟབ་ཆོས་མ་ལུས་བོད་དུ་བསྒྱུར། །འཛད་མེད་ཆོས་ནོར་གཏེར་གྱིས་རི་མཚོ་གངས་བྲག་ཡོངས་སུ་གཏམས། །གངས་ཅན་འགྲོ་བའི་བླ་མ་ཨོ་རྒྱན་ཆེན་པོ་སྙིང་ནས་དྲན། །རྒྱལ་དབང་པདྨའི་ཕྲིན་ལས་ཕོ་ཉ་བ། །རྩོད་མེད་སྤྲུལ་པའི་གཏེར་ཆེན་ལུང་རིག་གླིང་། །གདོད་མའི་མགོན་པོ་ཆོས་དབྱིངས་རང་གྲོལ་སོགས། །བསྟན་འཛིན་གསེར་རིའི་ཕྲེང་བར་གུས་པས་འདུད། །ས་ཆེན་སེམས་དཔའ་ཡུལ་ལྷའི་ཚུལ་འཛིན་པ། །དགེ་བསྙེན་ཆེན་པོ་རྡོ་རྗེ་གཡུ་ཁྲོམ་དང་། །ཟོ་དོར་གཞི་བདག་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཤིས་པའི་མེ་ཏོག་ཆར་དུ་སྙིལ་གྱུར་ཅིག །འདི་རུ་མདོ་ཁམས་གཡུ་ཁོག་པའི། །ཆོས་དང་སྲིད་ཀྱི་ལོ་རྒྱུས་རྣམས། །ཉམས་པར་འགྱུར་བ་ཆེས་ཕངས་ནས། །གང་ཟིན་འབད་པས་བསྡུ་བར་བྱ། །དེ་ལྟར་ཚིགས་སུ་བཅད་པ་མེ་ཏོག་གི་ཆུན་པོས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། གངས་ལྗོངས་མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ་ལ་གསུམ། མདོ་ཁམས་གཡུ་ཁོག་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་སྤྱིར་བཤད་པ། ཆོས་སྲིད་ཀྱི་བྱུང་བ་བྱེ་བྲག་ཏུ་བཤད་པ། དེང་གི་གནས་བབས་མདོར་བསྡུས་སུ་བརྗོད་པས་མཇུག་བསྡུ་བའོ།། དང་པོ་ལ་སྣོད་བཅུད་ཀྱི་བཀོད་པ་བཤད་པ། བྱིན་ལྡན་གནས་རི་ཇི་སྙེད་མཆིས་ཚུལ་བཤད་པ། ཡུལ་ལྷ་ཟོ་དོར་ཇི་སྙེད་གནས་ཚུལ་བཤད་པ། དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་བཤད་པ་དང་བཞི།

མདོ་ཁམས་གཡུ་ཁོག་ཡུལ་གྱི་སྣོད་བཅུད་ཀྱི་བཀོད་པ་སྤྱིར་བཤད་པ།

སྣོད་བཅུད་ཀྱི་བཀོད་པ་བཤད་པ།

དང་པོ་སྣོད་བཅུད་ཀྱི་བཀོད་པ་བཤད་པ་ནི། ཡུལ་ལ་སྔ་བ་གངས་ཅན་གྱི་ལྗོངས། མི་ལ་སྔ་བ་གདོང་དམར་གྱི་བོད། ཅེས་ཡོངས་སུ་གྲགས་པ་ནི། འདུལ་བ་ལུང་གཞི་དང་མངོན་པར་འབྱུང་བའི་མདོ་གཉིས་ལས། དེའི་ཚེ་ས་ཆེན་པོ་འདི་ཆུ་འབའ་ཞིག་ཏུ་འགྱུར་ཞིང་མཚོ་གཅིག་ཏུ་འགྱུར་རོ། །ས་ཆེན་པོ་འདི་ཆུ་འབའ་ཞིག་གི་མཚོ་གཅིག་ཏུ་གྱུར་བའི་སྟེང་དུ་རླུང་གིས་པྲིས་མ་ཆགས་པ་དང་། མཁྲེགས་པ་དང་། ཁེབས་པར་བྱེད་དོ། །དཔེར་ན་འོ་མ་བསྐོལ་བ་གྲང་བར་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཆགས་པ་དང་། མཁྲེགས་པ་དང་། ཁེབས་པ་དེ་བཞིན་དུ། ས་ཆེན་པོ་འདི་ཆུ་འབའ་ཞིག་གི་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཆགས་པ་དང་། མཁྲེགས་པ་དང་། ཁེབས་པར་བྱེད་དོ། ཞེས་གསུངས་པ་ལྟར། མི་ལོ་དུང་ཕྱུར་མང་པོའི་གོང་རོལ་དུ་འཇིག་རྟེན་གྱི་ཁམས་ཡོངས་རྫོགས་རྒྱ་མཚོ་ཆེན་པོ་གཅིག་ཏུ་གནས་པ་དུས་ཡུན་ཤིན་ཏུ་རིང་པོའི་བར་རླུང་གིས་བསྲུབ་པ་དངོས་པོའི་འགྱུར་སྟོབས་ཀྱི་ནུས་པས་མཚོ་དཀྱིལ་ནས་ཇོ་མོ་གླང་མའི་རི་རྩེ་འབུར་ཞིང་། དེ་ནས་རིམ་གྱིས། འབྲོམ་སྟོན་ཆེན་པོས་རྒྱལ་པོ་ས་ཡི་སང་གའི་དྲིས་ལན་དུ། མདོར་ན་གངས་རིའི་ཁྲོད་འདི་ན། །ལུང་ཆེན་སྟོང་དང་ལྔ་བརྒྱ་ཡོད། །ལུང་སུལ་ཁྲི་དང་ཉིས་སྟོང་ཡོད། །རི་བོ་ཁྲི་ཕྲག་བཅུ་བཞི་ཡོད། །རི་ཕྲན་འབུམ་ཚོ་ཉི་ཤུ་ལྔ། །ཐང་ཆེན་སྟོང་དང་དྲུག་ཅུ་བདུན། །ཐང་ཕྲན་འབུམ་ཕྲག་བཅུ་བདུན་ཡོད། །ཆུ་བོ་ཆེན་པོ་བཞི་རུ་གནས། །ཆུ་ཕྲན་འབུམ་ཚོ་སུམ་ཅུ་ལྔ། །ཆུ་མིག་འབུམ་ཕྲག་བཞི་བཅུ་དྲུག །བྲག་རི་ཁྲི་ཕྲག་དགུ་རུ་གནས། །ལམ་འཕྲང་ཁྲི་ཕྲག་བཅུ་དགུ་སྟེ། །བོད་ཡུལ་ཁྱོན་ནི་དེ་ཙམ་ཞིག །ཞེས་གསུངས་པ་ལྟར། ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་ཤེལ་དཀར་གྱི་ཕྲེང་བས་ཡོངས་སུ་བསྐོར་བའི་ལྗོངས་ཆེན་པོ་འདི་ཐོག་མར་ཆགས་ཤིང་། དེ་ནས་འཛམ་གླིང་གི་ཡུལ་གྲུ་གཞན་རྣམས་རིམ་གྱིས་བྱུང་། དེ་ནས་སྲོག་ཆགས་རྣམས་མཆེད། དེ་ཡང་སྟོད་དུ་གཡའ་དང་སྤང་ལ་གླང་ཆེན་དང་རི་དྭགས། བར་གྱི་བྲག་དང་ནགས་ཚལ་ལ་བྱ་དང་གཅན་གཟན། སྨད་ཀྱི་རྩི་ཤིང་ནགས་ཚལ་ལ་སྤྲ་སྤྲེའུ་བྲག་སྲིན་སོགས་བྱུང་། བོད་ཡུལ་དུ་མིའི་འགྲོ་བ་ཐོག་མར་བྱུང་ཚུལ་ལ་བཀའ་ཆེམས་ཀ་ཁོལ་མ་ལས། རི་བོ་གྲུ་འཛིན་ནས་འཕགས་པའི་སྤྲུལ་པ་སྤྲེའུ་ཞིག་འོངས་བ་དེ་དང་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་གཉིས་འདུས་པ་ལས་བོད་རིགས་མཆེད་པར་འདོད་པ་དང་། རྒྱ་གར་གྱི་སློབ་དཔོན་ཤེས་རབ་གོ་ཆའི་ལྷ་ལས་ཕུལ་བྱུང་གི་བསྟོད་འགྲེལ་ལས། སྟོན་པ་སངས་རྒྱས་བྱོན་པའི་དུས་ལས་སྔ་བ་རྩོད་ལྡན་གྱི་ཐོག་མའི་དུས་སུ་ཁྱབ་འཇུག་གིས་སྐྱ་སེང་བུ་ལྔའི་ཕྱོགས་བྱས་ཏེ་འཐབ་དཀའི་དཔུང་ཚོགས་བཅོ་བརྒྱད་དང་བཅས་པ་བཅོམ་སྐབས། རྒྱལ་པོ་རུ་པ་ཏི་དཔུང་དང་བཅས་པ་བུད་མེད་ཀྱི་ཆ་ལུགས་བྱས་ཤིང་བྲོས་ཏེ། རི་ཁ་བ་ཅན་གྱི་ཁྲོད་དུ་གནས་པའི་རིགས་བོད་ཡིན་པར་གསུངས། དེང་གི་བཤད་སྲོལ་ལྟར་ན། ནམ་མཁའ་ནས་ཆར་བབས་པས་རྒྱ་མཚོའི་ནང་དུ་ཉ་ལ་སོགས་པའི་དམའ་རིམ་གྱི་སྲོག་ཆགས་བྱུང་། ཕྱིས་སུ་སྲོག་ཆགས་འགའ་རེ་མཚོ་ནང་ནས་ཐོན་ཏེ་རི་གླིང་དང་ནགས་གསེབ་སོགས་སུ་རྩེན་པ་རྒྱུ་རྐྱེན་གང་ཞིག་གིས་ཕྱིར་རྒྱ་མཚོར་ཞུགས་མི་ནུས་པར་གྱུར་པ་རི་དྭགས་དང་གཅན་གཟན། ཆུ་གནས་འགའ་རེའི་མཇུག་མ་ཆད་ནས་ཆུ་ནང་དུ་གནས་མ་ནུས་པ་སྤྲ་སྤྲེའུ་སོགས་སུ་གྱུར། ཡང་སྤྲ་སྤྲེའུ་ཁག་གཅིག་ལ་རིམ་པས་རྡོ་ཆས་དང་མེ་བཀོལ་བ་སོགས་ཤེས་འཇོན་ཅུང་ཙམ་རེ་བྱུང་བས་འཇོན་མི་དང་། དེ་ཇེ་བཟང་དུ་གྱུར་པ་བཟོ་མི། ཡར་ལང་ནས་འགྲོ་ཞིང་གཏམ་ཐར་ཐོར་སྨྲ་ཤེས་པའི་འགྲེང་མི་དང་། སྔ་མ་དག་ལས་མཁས་ཤིང་མཛངས་པར་གྱུར་པའི་མཛངས་མི་ཕྱོགས་སུ་མཆེད་པའི་སྐོར་ལ་གདོད་མའི་དུས་རབས་དང་། བོད་ཀྱི་ཡུལ་དུ་དང་པོ་མི་མ་ཡིན་གྱིས་བདག་ཏུ་བཟུང་། དེ་ནས་མིའི་འགྲོ་བ་ཆགས་ནས་རིམ་གྱིས་མངའ་མཛད་ཀྱི་དུས་རབས། དེ་ནས་སིལ་མ་བཅུ་གཉིས་དང་། རྒྱལ་ཕྲན་ཉེར་ལྔ། སིལ་མ་བཞི་བཅུར་གྱེས་པ་སིལ་མའི་དུས་རབས། དེ་ནས་སྤུ་རྒྱལ་བཙན་པོའི་དུས་རབས་བྱུང་བ་སོགས་བཤད་ཚུལ་སྣ་ཚོགས་ཡོད་མོད། གནད་ཀྱི་དོན་ནི། བོད་ཡུལ་ཀྱི་སྣོད་བཅུད་ཐམས་ཅད་སྟོན་པ་མ་བྱོན་པའི་ཡར་སྔོན་ནས་ཡོད་པར་འདོད་དགོས་ཏེ། འདུལ་བ་ལུང་ལས། ཁྱིམ་གཅིག་དང་ལྡན་པའི་གྲོང་གང་ཞེ་ན། འདི་ལྟ་སྟེ། རི་ཁྲོད་པ་རྣམས་དང་། བོད་རྣམས་དང་། ཀླ་ཀློ་རྣམས་ཀྱི་གྲོང་ངོ། ཞེས་དང་། དུས་འཁོར་གྱི་ཡེ་ཤེས་ལེའུའི་སྐབས་སུ། འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟར་བྱུང་བ་རྣམ་པ་གསུམ། ཞེས་དང་། བཀའ་ཆེམས་ཀ་ཁོལ་མ་ལས། སྤྱན་རས་གཟིགས་ཛེ་ཏའི་ཚལ་དུ་འོངས་ནས་སྟོན་པ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་ཚེ། ངའི་གདུལ་བྱ་རྫོགས་སོ། །ཞེས་གསུངས་པ་ན། ད་དུང་ཁ་བ་ཅན་གྱི་སེམས་ཅན་མ་ཐུལ་ལོ། །ཞེས་ཞུས་པས། དེ་ནི་ཁྱོད་ཀྱིས་གདུལ་བར་བྱ་བ་ཡིན་ནོ། །ཞེས་དང་། འགོས་ལོ་གཞོན་ནུ་དཔལ་གྱིས་དེབ་ཐེར་སྔོན་པོར། བོད་ཀྱི་ཡུལ་འདི་ཡང་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ལུང་དང་རིགས་པས་གནོད་པ་མེད། ཞེས་གསུངས་པ་སོགས་ཀྱིས་ཤེས་སོ། །སྤྱིར་ཡིག་ཆ་དུ་མ་ཞིག་ན། འཇམ་དཔལ་རྩ་རྒྱུད་ལས། ང་ཡི་དུས་ནས་ལོ་བརྒྱ་ན། །ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། ཞེས་པ་དྲངས་ནས་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སུ་བོད་ཡུལ་ཆགས་པར་བཤད་པ་ནི་འཐད་པར་མ་མཐོང་། ལུང་དེའི་དོན་ལ་སུམ་པའི་ཆོས་འབྱུང་ཡོངས་འདུས་ལྗོན་བཟང་ལས། མདོ་དེའི་དོན་ནི། བོད་དུ་ལྷོ་བྱང་གི་གཡུ་མཚོ་དེང་སང་གི་འདི་ལས་ཆེ་ཙམ་དང་། མཚོ་སྣ་སོགས་སུའང་མཚོ་ཕྲན་གཞན་མང་པོ་ཡོད་པ་ཅུང་ཟད་བྲི་བ་དང་། ཁྱད་པར་དུ་སྐྱིད་ཤོད་དུ་འོ་ཐང་གི་མཚོ་ཆུང་ཞིག་ཡོད་པའང་བྲི་ནས་དེ་དག་ཏུ་ལྷ་ཁང་སོགས་ཆགས་ཏེ་བསྟན་པ་དར་དུས་ལ་དགོངས་པར་བྱས་ཆོག་པས། དེ་ཙམ་གྱིས་བོད་ཀྱི་ཕྱོགས་ཀུན་ཆུས་གང་སྟེ་མིའི་འགྲོ་བ་གཅིག་ཀྱང་མེད་མི་དགོས། ཞེས་གསུངས་པ་ནི་ལེགས་བཤད་རིན་ཐང་ཅན་དུ་མཐོང་། ལུང་ཚིག་འདི་ཡང་སྡེ་དགེའི་པར་མའི་ནང་དུ། ང་ནི་ས་སྟེང་མྱ་ངན་འདའ། ཁ་བ་ཅན་གྱི་ནང་དག་ཏུ། །སཱ་ལའི་ནགས་ནི་ཡང་དག་འབྱུང་། ཞེས་གསུངས་འདུག་པ་ལས་མཚོ་བྲི་ཚུལ་བཤད་མི་འདུག་པས་དཔྱད་འཚལ། གང་ལྟར་ཡང་ཡུལ་འདིའི་སྐྱེ་བོ་དག་འཕགས་པ་ཐུགས་རྗེ་ཆེན་པོའི་ཐུགས་བསྐྱེད་དང་བྱིན་རླབས་ཀྱིས་སྐྱོང་བར་མཛད་པ་ཞིག་ཡིན་པར་གསལ་ཏེ། སངས་རྒྱས་འོད་དཔག་མེད་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ལ། མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་ཁམས་དེར། །ཡི་དམ་ལྷ་ཡི་སྐལ་བ་ཁྱོད་ཡིན་ཏེ། །ཡི་དམ་ཁྱོད་ལ་བརྟེན་ནས་མ་འོངས་དུས། །ཡུལ་དེར་སངས་རྒྱས་བྱང་སེམས་དཔག་མེད་འབྱུང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་འགྱུར། །ཆོས་སྐལ་སྙིང་པོ་ཡིག་དྲུག་འདི་ཡིན་ཏེ། །སྙིང་པོ་འདི་ལ་བརྟེན་ནས་མ་འོངས་དུས། །ཤཱཀྱའི་རྒྱལ་པོའི་གསུང་རབ་དམ་ཆོས་ཀུན། །ཡུལ་དེར་དར་རྒྱས་མི་ཀུན་ཆོས་སྤྱོད་འགྱུར། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ཡང་ཡུལ་སྤྱིའི་དགེ་མཚན་གྱི་དབང་དུ་བྱས་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས། དེ་ལྟར་འཕགས་པའི་གང་ཟག་རྣམས་འབྱུང་ཞིང་། །འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང་། །སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང་། །རི་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཙཱ་རི་ཙ་གོང་བདེ་མཆོག་རང་བྱོན་དང་། །རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད། །ཏི་སེའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས། །བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད། །གྱེ་རིའི་བྲག་ལ་ཡིག་དྲུག་རང་བྱུང་དང་། །མཁའ་འགྲོའི་ཕྱག་རྒྱ་རི་བོ་དེ་ན་ཡོད། །མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་སེམས་གནས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཁྲི་བཤོས་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ན་བྱང་ཆུབ་སེམས། །ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། །སྦུབས་མཚོའི་ནང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཁའུའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སཾ་སྐྲྀ་ཏ་དང་མཚུངས། །མི་སྐད་ཆོས་ལ་བསྒྱུར་དུ་བཏུབ་པའི་སྒྲ། །ཡངས་ཤིང་མཐའ་ལེགས་ཡོན་ཏན་ཀུན་ལྡན་པ། །ཞེས་སོགས་དང་། བཀའ་གདམས་གླེགས་བམ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཞེས་དང་། རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །དུས་སྟོན་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །ཅེས་སོགས་ཆེད་དུ་བསྔགས་པར་མཛད་པ་དང་། ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ །གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ །ཁང་ཤིང་བུད་ཤིང་ཤིང་གི་དགེ །ཁང་རྡོ་ཐབ་རྡོ་རྡོ་ཡི་དགེ །ཞེས་པ་ལྟར་ཡུལ་ལ་དགེ་བཅུ་ཚང་ཞིང་ཁྱད་པར་བཀའ་དྲིན་ཟླ་མེད་ཨོ་རྒྱན་ཆེན་པོ་དང་། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་སོགས་པ་ས་ཆེན་པོ་ལ་གནས་པའི་རྒྱལ་བློན་པཎ་གྲུབ་དུ་མས་བྱིན་གྱིས་བརླབས་ཤིང་ཡོངས་སུ་སྐྱོང་བར་མཛད་ཅིང་སྙིགས་མའི་དུས་སུ་སྟོན་པ་སངས་རྒྱས་ཉིད་ཀྱིས་ལུང་དུ་བསྟན་པ་ལྟར་རྒྱལ་བའི་བསྟན་པ་ཆེས་ཆེར་དར་ཞིང་རྒྱས་པའི་གནས་ཕུན་སུམ་ཚོགས་པ་བསིལ་ལྡན་སཱ་ལའི་སྨན་ལྗོངས་སམ། ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པའི་མདོར་གདོང་དམར་ཅན་གྱི་ཡུལ་ཞེས་གསུངས་པ་འདི་ལ་ནང་གསེས་སུ། སྤུ་རངས་དང་། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག ལི་དང་། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག ཞང་ཞུང་དང་། ཁྲི་སྡེ་སྟོད་སྨད་གསུམ་སྐོར་གཅིག་སྟེ་སྟོད་མངའ་རིས་སྐོར་གསུམ། སྔོན་ཆོས་རྒྱལ་སྲོང་བཙན་གྱི་དུས་སུ་དབུས་ལ་དབུ་རུ་དང་གཡོན་རུ་གཉིས། གཙང་ལ་གཡས་རུ་དང་རུ་ལག་གཉིས་ཏེ་བཞིར་གྲགས་ཀྱང་། སོག་པོ་གུ་ཤྲི་ཧན་གྱིས་བོད་ཡུལ་ཡོངས་རྫོགས་དབང་དུ་བསྡུས་ཏེ། ཀུན་གཟིགས་ལྔ་པ་ཆེན་པོའི་ཕྱག་ཏུ་ཕུལ་བ་ནས་བཟུང་དབུས་གཙང་སྤྱི་ལ་གཡས་རུ་དང་གཡོན་རུ། སྤུ་རུ་དང་གུང་རུ་བཞིར་བྱས་པ་སྟེ་བར་དབུས་གཙང་རུ་བཞི་དང་། ཟལ་མོ་བཀྲ་ཤིས་ལྷ་སྒང་། ཚ་བ་སྟོང་ཉིད་ཆོས་སྒང་། སྨར་རི་ལྷ་ཁམས་གཡུ་སྒང་། སྤོ་འབོར་སྤོ་ལུང་གསེར་སྒང་། རྨ་རྫ་མཆོང་ལུང་དར་སྒང་། མི་ཉག་མཐོན་པོ་རབ་སྒང་སྟེ་སྨད་མདོ་ཁམས་སྒང་དྲུག་སྟེ། དེ་ལྟར་ཤོག་ཚན་གསུམ་དུ་ཕྱེ་བའི་ཕྱི་མ་མདོ་ཁམས་སྒང་དྲུག་གི་ནང་ཚན། རྨ་རྫ་སྒང་རྒྱུད་དུ་གཏོགས་པར་སྣང་སྟེ། གཡུ་ཁོག་ཡུལ་གྱི་ཡུལ་ལྷའི་བསང་མཆོད་ཀྱི་ཡིག་ཆ་འགའ་རེ་སོགས་སུ་གཡུ་ཁོག་གི་ས་ཆ་འདི་ཟལ་མོ་སྒང་རྒྱུད་ཡིན་པར་གསུངས་པ་དང་། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེའི་རྣམ་ཐར་དུ། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱིས་ཁྱུང་ལུང་རས་པ་ལ། རིག་འཛིན་འཇིགས་གླིང་གི་བསྟན་པ་སྒང་གི་ཕྱོགས་སུ་དར་གསུངས་པའི་ལུང་བསྟན་གྱི་དོན་རྨ་རྫ་གཉིས་ཀྱི་བར་དེ་ལ་ཟལ་མོ་སྒང་ཟེར་བ་ཡིན་གསུངས་པས་སོ། །ཡང་ན་ཤར་རྒྱལ་མོ་ཚ་བ་རོང་། ལྷོ་མོན་ཁ་གྲོ་མ་ནགས་ཀྱི་རོང་། ནུབ་མི་ཡུལ་རྫ་ཡི་རོང་། བྱང་སྐྱིད་ཡུལ་གངས་ཀྱི་རོང་སྟེ་བོད་ཀྱི་རོང་ཆེན་རྣམ་བཞིར་གྲགས་པའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་སྟོད་ཕྱོགས་ན། གཡུ་སྟག་མོ་འཕྲེད་ཉལ་སྨར་གྱི་ལག །བུ་དཔའ་བོ་མི་སྐྱེས་ཀ་མེད་རེད། །ཅེས་གནའ་བོའི་ངག་སྒྲོས་སུ་གྲགས་པའི་ཡུལ་གྲུ། ས་དབྱིབས་གཅན་གཟན་དབྱི་དཀར་གྱི་པགས་པ་བརྐྱངས་པ་དང་འདྲ་བས་དབྱི་ཁོག་གམ་གཡི་ཁོག གླིང་གེ་སར་རྒྱལ་པོས་ས་བཅུད་གཡང་རྟེན་དུ་གཡུ་ཕུག་རོན་ཙམ་པདྨ་རྣམ་པར་བཀྲ་བའི་གནས་སུ་གཏེར་དུ་སྦས་པས་སམ། ཡང་ན། རིན་ཆེན་གཡུའི་ཕོ་བྲང་ལ་མངའ་དབང་མཛད་པའི་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ་ལྷ་སྨན་རྡོ་རྗེ་གཡུ་ཡི་སྒྲོན་མས་ཀུན་ནས་སྐྱོང་བའི་ས་ཕྱོགས་ཡིན་ཕྱིར་གཡུ་ཁོག་ཞེས་བཤད་རྒྱུན་དང་འབྲི་ཚུལ་གསུམ་དུ་བྱུང་བའི་ཡུལ་གྲུ་འདི་ནི། གངས་ལྗོངས་མདོ་དབུས་ཁམས་གསུམ་དུ་ཕྱེ་བ་ལས་ཁམས་ཀྱི་ཕྱོགས་སུ་གཏོགས་ཏེ། གྱི་ལུང་མཁས་གྲུབ་རྣམ་གཉིས་ཀྱིས་མཛད་པའི་བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་དུ། ཁམས་ཕྱོགས་ཀྱི་གེ་འཕན་གཡུ་རྩང་སྒེག་གསུམ། ཞེས་སོགས་འབྱུང་བས་སོ། །

དེ་ཡང་ཤར་ན་མདོ་མུར་ཤོག་གསུམ། ལྷོ་ན་མི་ཉག་དང་ཏྲེ་ཧོར། ནུབ་ན་ལི་རྩང་སྟོད་སྨད། བྱང་ན་རྒྱལ་རོང་ཁྲོ་སྐྱབས་བཅས་ཀྱིས་བསྐོར་བའི་ཡུལ་དབུས་ན་མངོན་པར་མཛེས་པའི་མ་བཅོས་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་ལྗོངས་ཆེན་པོ་འདིའི་ཆགས་ཚུལ་ནི། གཡུ་ལུང་རིང་མོའི་སྟོད་ན་སྨུག་སྤྲིན་གྱིས་མགུལ་བ་དཀྲིས་པའི་གངས་ཀྱི་རི་བོའི་དབུ་རྩེ་མཐིང་སྔོན་ནམ་མཁའི་དབྱིངས་སུ་སྙེགས་པའི་མཐའ་སྐོར་དུ་རི་ཕྲན་མང་པོས་བསྐོར་བ། གཡུ་སྨད་དུ་རྒྱ་ཤོད་ཞིང་གི་རེའུ་མིག་རྣམ་པར་བཀྲ་བ་ལས་འབྲུ་རིགས་སྣ་ཚོགས་ཀྱི་འབྲས་བུ་གཡུར་དུ་ཟ་བ། ཕྱོགས་མཚམས་རྣམས་སུ་རྔམ་ཞིང་བརྗིད་པའི་ནགས་རི། མཐོ་ལ་གཟར་བའི་རྫ་རི་དང་བྲག་རི། འཇམ་ལ་ཟླུམ་པའི་སྤང་རི་དང་དེའུ་དུ་མ་སྤེལ་མར་གནས་པའི་བར་མཚམས་རྣམས་སུ། གཡུའི་དགའ་སྤྲོའི་ཐང་། གཡུ་མཁར་རལ་གྲི་ཐང་། ཆུ་ལུང་ཐང་། རྒྱུ་ཡངས་ཐང་། ཆོས་དུང་ཐང་། ཆོས་ཁྲི་ཐང་། བྲག་དམར་བོལ་གོང་ཐང་། སྒེག་གི་ཆུ་ཐག་ཐང་། བརྡར་རྡོའི་ཐང་། འཁྱིལ་ཆེན་ཤོ་རྡེའུ་ཐང་། ཨུག་ཚང་དཀྱིལ་རུའི་ཐང་ངམ་དཀྱིལ་འཁོར་ཐང་སོགས་ཐང་ཆེན་དང་ཐང་ཆུང་དུ་མས་མཛེས་པ། གཡུ་ལུང་རིང་མོའི་གཡས་ཕྱོགས་ཀྱི་མཐའ་སྐོར་དུ་ཆུ་དཀར་ཁོག་དང་ཆུ་དབར་ཁོག ས་དམར་ཁོག འཁྱིལ་ཆེན་སྟོད་སྨད། ཤ་འབྲུག་རྒྱས་གསུམ། ནེའུ་ཆེ་ཆུང་། གསེས་དང་ཙི་རུ། ཀི་ལོ་དང་རྨ་ལུང་། ཉིན་ཡག་དང་ཁོ་ཁོ། གཡུ་འབྲུག་ཆེ་ཆུང་སོགས་དང་། གཡོན་ཕྱོགས་ཀྱི་མཐའ་སྐོར་དུ་ཆུ་དམར་ཁོག་དང་ཆུ་ལུང་ཁོག ཨ་སེན་ཁོག་དང་བེས་ཁོག སྒེག་ཁོག་དང་ཇུ་ནུ་རི་གསུམ། དབྱི་འ་དང་རྒྱ་འུ། སྤ་ལུང་དང་སྒ་ནུབ། རྒྱབ་ཕྱོགས་སུ་ཨུག་ཚང་དང་རྟའུ་ཁ་ལུང་། ངར་དང་རི་ཟིབ། རྡོ་རིང་དང་རྫེས། རྒ་ནུབ་སོགས་གཡུ་ལུང་རིང་མོར་མདོ་འབྲེལ་བ་དང་མགོ་འབྲེལ་བའི་རི་ལུང་ཤིན་ཏུ་མང་བ། སྔོ་ལྗང་གཡུ་ལོས་སྤྲས་པའི་ཐང་ཤིང་དང་ཤུག་པ། བེ་ཤིང་དང་སྲ་ཤིང་། སྟག་པ་དང་སྟག་མ། ཉ་བྲུག་དང་བ་ལུ། སུར་ཤིང་དང་གླང་མ། ལྕང་དཀར་སོགས་ཉི་མའི་ཟེར་སྣང་སྤྱི་བོས་ལེན་ཅིང་། བདུད་རྩིའི་རྒྱུན་བཟང་རྐང་པས་འཐུང་བའི་སྣ་བརྒྱའི་ལྗོན་ཤིང་གི་ཚང་ཚིང་འཁྲིགས་པའི་གསེབ་རྣམས་སུ། མི་རྒོད་དང་། སྟག གཟིག དོམ། དྲེད། འཕར་བ། སྤྱང་ཀི གཡི་དཀར། གཡི་དམར། གཡི་སྔོན། གུང་། ཝ། གསའ་སོགས་སྡེར་ཆགས་གཅན་གཟན་རྣམས་ཀྱིས་རྔམ་པའི་ང་རོ་སྒྲོག་པ། དེ་བཞིན་དུ་ཤ་སྐྱ་དང་ཤ་ནག གླ་སྐྱ་དང་གླ་ནག གནའ་བ་དང་དགོ་བ། ཁ་ཤ་དང་ཤ་རྒྱ། ར་རྒོད་དང་ཕག་རྒོད། རི་བོང་དང་སྤྲེའུ་ལ་སོགས་པ་ཡང་དལ་གྱིས་རྒྱུ་ཞིང་རང་བྱུང་རྩྭ་ཆུའི་བཅུད་ལ་རོལ་བ། རྒོད་ཐང་དཀར་དང་ཐང་ནག གླག་ནག་རོག་ཆུང་དང་གླག་ཁྲ། ཁྲ་དང་ཕོ་རོག བྱ་ཆེན་གོ་བོ་དང་འོལ་བ། ཕུག་རོན་དང་སྐྱ་ག་ཁྲ་མོ་སོགས་འཕུར་རྩལ་ཆེ་བའི་བྱ་རིགས་རྣམས་མཁའ་ལ་རྩེན་པ། ཁུ་བྱུག་དང་མཐིང་རིལ། བྱ་དཀར་དང་གོང་མོ། འཇོལ་མོ་དང་ཅོ་ཀ་སོགས་རིགས་མི་གཅིག་པའི་འདབ་ཆགས་དུ་མ་ཞིག་གིས་མེ་འབྲས་ལོ་མས་དུད་པའི་ལྗོན་ཚལ་ན་དྲུག་འགྱུར་མགྲིན་པའི་དབྱངས་སྙན་འཁྲོལ་བ། ནེའུ་གསིང་དང་སྤང་ལྗོངས་རྣམས་སུ་དཀར་དམར་མེ་ཏོག་གི་ཕྲ་ཚོམ་རྣམ་པར་བཀྲ་ཞིང་སྣ་ཚོགས་རྩི་སྨན་གྱི་དྲི་བསུང་ཕྱོགས་སུ་འཕྲོ་བ། མཁའ་དབྱིངས་ཆུ་འཛིན་གྱི་གུར་ཁང་ནས། སྦྲང་ཆར་སིལ་མའི་མེ་ཏོག་འཇོ་ཞིང་། ཁ་ཏོག་ལྔ་ལྡན་གྱི་འཇའ་ཟེར་འཁྱིལ་བ། གཡུ་ཁྲོམ་གངས་ཀྱི་རི་བོའི་གཡས་དང་གཡོན་ལས་འབབ་པའི་དྭངས་བསིལ་གཡུ་ཆུ་སྔོན་མོ་ཆུ་ཕྲན་དུ་མའི་རམ་འདེགས་དང་བཅས་ཏེ་ལྷོ་ནས་བྱང་དུ་འབབ་བཞིན་སྒེག་ཆུ་དང་འབྲེལ་ཞིང་གཡུ་ལུང་རིང་མོའི་གཞུང་བརྒྱུད་ནས་རྡོ་གསེར་གྱི་ཆུ་དང་འདྲེས། དེ་ནས་ཤར་ཕྱོགས་རྒྱལ་མོ་རྔུལ་ཆུའི་ཀླུང་ཆེན་པོ་དང་བསྡོངས་ནས་དལ་གྱིས་བཞུར་ཏེ་སི་ཁྲོན་ཡེས་པེན་(宜宾)ཞེས་པའི་ས་ནས་འབྲི་ཆུ་དང་གཅིག་ཏུ་འདྲེས་ཤིང་རྒྱ་ནག་གི་ཞིང་ཆེན་འགའ་བརྒྱུད་ནས་མཐའི་རྒྱ་མཚོར་འབབ་པ། གཡུ་མཚོ་དང་གསེར་མཚོ་སོགས་གཏན་འཁྱིལ་གྱི་མཚོ་དང་མཚེའུ། ཆུ་བོ་རྣམས་སུ་མཚོ་གླང་དང་མཚོ་ལུག ཉ་ཁྱེའུ་དང་གསེར་ཉ། ཆུ་སྲམ་སོགས་ཆུ་གནས་སྣ་ཚོགས་བག་ཡངས་སུ་གནས་པ། ངང་པ་དང་ངུར་བ། ཆུ་བྱ་དང་ཆུ་བྱེའུ་སོགས་ཀྱིས་མགྲིན་གླུ་དར་དིར་སྒྲོག་བཞིན་རྐྱལ་དུ་རྩེན་པ། གཞན་ཡང་འབྱུང་འཁྲུགས་ནད་ཀྱི་ཟུག་རྔུ་འཇོམ་ཞིང་ལུས་སེམས་ལ་བདེ་དགའ་སྟེར་བའི་རང་བྱུང་ཆུ་ཚན་གྱི་ཁྲུས་རྫིང་དྲོ་གྲང་སྙོམ་པ་དུ་མ་ཕྱོགས་ཀུན་ན་འཁྱིལ་བ། རུ་རྟ་དང་མ་ནུ། ཏང་ཀུན་དང་ལྕུམ་རྩ། རྫ་ཡུང་དང་ཧོང་ལེན། ཤང་དྲིལ་དང་ཅོང་ཞི་སོགས་ས་སྟེང་དང་ས་འོག་ན་གནས་པའི་སྨན་གྱི་རིགས་ནི་ཚད་གཟུང་དུ་མེད་པ་དང་། ཁྱད་པར་གསེར། དངུལ། ཟངས། ལྕགས་ལ་སོགས་པའི་གཏེར་རྫས་སྣ་ཚོགས་ཀྱང་ཡུལ་གཞན་ལས་མང་བར་མཆིས་སོ། །དེ་ལྟར་འགྲོ་བའི་ཡིད་སྣང་དབང་མེད་དུ་འཕྲོག་པར་བྱེད་པའི་མ་བཅོས་རང་བྱུང་གི་མཛེས་ལྗོངས་ཆེན་པོ་དེ་ནི་དཔྱིད་གསུམ་སྔོ་ལྗང་གི་ལོ་མ་རྒྱས་པས་གཡུ་ཡི་མདོག་ལྟར་ལྗང་ལྟེམ་མེ། དབྱར་གསུམ་མེ་ཏོག་སྣ་ཚོགས་ཀྱི་འདབ་མ་བཞད་པས་ཟ་འོག་གི་ཁ་ཕྱེ་བ་ལྟར་ཁྲ་ལམ་མེ། སྟོན་གསུམ་སྐྱེ་དངོས་རྣམས་གསེར་མདོག་གི་རང་བཞིན་དུ་འགྱུར་བས་སེར་ཤིགས་སེ། དགུན་གསུམ་ཁ་བའི་མེ་ཏོག་གིས་མཛེས་པར་བཀླུབས་པས་དཀར་ལམ་མེར་འགྱུར་བ་སོགས་དུས་བཞིའི་རྣམ་འགྱུར་གསལ་བ། དྲོ་གྲང་དང་ཐན་ཞོད་སྙོམ་པ། ས་ཆུའི་བཅུད་བཟང་ཞིང་འབྲུ་རིགས་སྣ་ཚོགས་སྨིན་པ། གདུག་པའི་གཅན་གཟན་དང་འབུ་སྲིན་སོགས་ཉུང་བ། མི་རྣམས་རང་བཞིན་གྱིས་གཤིས་རྒྱུད་འཇམ་ཞིང་དྲང་བ། ལས་འབྲས་ཀྱི་བླང་དོར་མ་མཐར་ཡང་ཕྱོགས་ཙམ་རེ་ཤེས་པ་སྟེ། སྒྲུབ་རྒྱུད་བསྟན་པའི་མངའ་བདག་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེས་མཛད་པའི་རྟོགས་བརྗོད་ཀ་ལ་པིང་ཀའི་ལམ་གླུ་རུ། རྡོ་རྗེ་གཡུ་སྒྲོན་གྱི་གངས་རིའི་ཆུ་རྒྱུན་བསིལ་མ་གྱ་གྱུར་འབབ་པ། རྩྭ་སྔོན་གསར་པ་དང་། མེ་ཏོག་བསིལ་མས་ས་གཞི་ཀུན་མཛེས་པར་བྱས་པ། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་ན། རེ་བའི་ཁྱིམ་པ་དད་པའི་སེམས་ཀྱི་རང་བཞིན་གསེར་ལྟར་བཟང་བ་བརྒྱ་ཕྲག་དུ་མ་ཞེས་ཆེད་དུ་བསྔགས་པ་བརྗོད་པའི་ཡུལ་གླིང་དེ་ན་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་ཅིང་མར་ཆུར་འོ་ཞོའི་གཏེར་ཁ་འབྱེད་པའི་འབྲོག་སྡེ་དང་། རྨོ་རྐོ་སོ་ནམ་གྱི་ལས་ལ་གཞོལ་ཞིང་འབྲུ་རིགས་སྣ་ལྔའི་གཏེར་མཛོད་སྤུང་བའི་རོང་སྡེ་སྟེ་ལས་ལ་བརྩོན་ཅིང་དཔའ་ངར་ལྡན་པ། མི་གཞི་བཟང་ཞིང་ཆོས་ལ་དད་པའི་ལྷ་སྡེ་དཀར་པོ་ཞིག་ཕྱོགས་དང་ཕྱོགས་སུ་འབྲས་དཀར་གྱི་ཚོམ་བུ་བཀོད་པ་བཞིན་དུ་གནས་སོ།། དེ་ཡང་གཡུ་ལུང་རིང་མོའི་ཆགས་དབྱིབས་གཅན་གཟན་གཡི་དཀར་གྱི་པགས་པ་བརྐྱངས་པ་དང་ཅི་ལྟར་མཚུངས་ཞེ་ན། དབྱི་སྙིང་ལ་ཁ་ནི་གཡིའི་སྙིང་ཀ་དང་། དགྲ་བླའི་རི་རྒྱུད་གཡིའི་མགོ། ཆུ་དཀར་ཁོག་དང་། ཆུ་དམར་ཁོག་གཉིས་གཡིའི་ལག་པ་གཉིས། རལ་གྲིའི་ཐང་དང་ཆོས་ཁྲི་ཐང་གཡིའི་ཁོག་པ། སྒེག་ཁོག་དང་། འཁྱིལ་ཆེན་ཁོག་གཉིས་གཡིའི་རྐང་པ་གཉིས། ཁྲོ་མདའ་མན་ཆད་ནི་གཡིའི་མཇུག་མའི་ཚུལ་དུ་གནས་པར་གྲགས་སོ།།

བྱིན་ལྡན་གནས་རི་ཇི་སྙེད་མཆིས་ཚུལ་བཤད་པ།

གཉིས་པ་བྱིན་ལྡན་གནས་རི་ཇི་སྙེད་མཆིས་ཚུལ་བཤད་པ་ནི།

མི་ཡུལ་གྱི་དག་ཞིང་དུ་གྲགས་པའི་གནས་མཆོག་ཆེན་པོ་དེའི་སྟོད་སྨད་བར་གསུམ་ཀུན་ན་རྒྱལ་དབང་ཨོ་རྒྱན་པདྨ་དང་། ལོ་ཆེན་བཻ་རོ་ཙ་ན། དཔལ་རྒ་ལོ་པ་སོགས་དམ་པའི་སྐྱེས་བུ་དུ་མས་ཞབས་ཀྱིས་བཅགས་ཤིང་སྒྲུབ་པ་མཛད། ཆོས་ནོར་གྱི་གཏེར་ཁ་དཔག་ཏུ་མེད་པ་སྦས་ཤིང་བྱིན་གྱིས་བརླབས་པའི་གནས་རི་དུ་མ་ཞིག་ཡོད་ཏེ། གཡུ་སྟོད་ན་གཡུ་ཁྲོམ་གངས་ཀྱི་ར་བ། ཤུག་འདབས་ཁོག་ན་རྒྱ་གར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་། དཔལ་གྱི་ཙཱ་རི་ཊ་གཉིས་པར་བསྔགས་པ་གནས་ལུང་དཔལ་གྱི་རི་བོ། གཡུ་མཁར་རལ་གྲིའི་ཐང་རྩེ་ན་གླིང་གེ་སར་རྒྱལ་པོས་བླ་གཡུ་གཏེར་དུ་སྦས་པ་དང་། སྤྱི་དཔོན་རྒྱལ་པོས་སྒྲུབ་པ་མཛད་པ། རིག་འཛིན་ལུང་རིག་གླིང་པས་དགོངས་གཏེར་མཁའ་འགྲོའི་བརྡ་མཛོད་ཀྱི་སྒོ་འཕར་ཕྱེ་བའི་གནས་མཆོག་དབྱི་སྙིང་པདྨ་རྣམ་པར་བཀྲ་བ། ཆུ་དཀར་ཁོག་ན་རིགས་གསུམ་སེམས་དཔའི་གནས་རི་སྦས་ཡོལ་དགའ་བ་ལྗོངས། གཡུའི་ཆུ་དབར་ཁོག་ན་སྐུ་གསུམ་མཁའ་འགྲོའི་འདུ་གླིང་སྟེ། སྟོད་ན་ཆོས་སྐུའི་མཁའ་འགྲོ་རྡོ་རྗེ་ཕག་མོའི་གནས་མཚོ་མདའ་ཙཱ་རི་གཉིས་པ། བར་ན་ལོངས་སྐུའི་མཁའ་འགྲོ་རྒྱལ་ཡུམ་སྒྲོལ་མ་ཉེར་གཅིག་གི་གནས་ཏཱ་རེ་མི་འགྱུར་དགའ་ཚལ། སྨད་ན་སྤྲུལ་སྐུའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་གནས་དེའུ་དཔལ་གྱི་རི་བོ། སྦས་ལུང་གསེར་ཁ་ན་རིགས་ལྔའི་མཁའ་འགྲོའི་འདུ་གླིང་མཁའ་སྤྱོད་དགའ་བའི་ཚལ། སྒེག་ལུང་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་མ་ཎི་རང་བྱོན། ངེས་ལེགས་ན་ངེས་ལེགས་བླ་རབས་རིམ་བྱོན་གྱི་གདན་ས་བསམ་གཏན་གླིང་། བོལ་གོང་ལྡོང་རི་ན་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གནས་ཡིག་དྲུག་རང་བྱོན། སྦས་གནས་ན་ལོ་ཆེན་བཻ་རོ་ཙ་ན་སོགས་ཀྱི་སྒྲུབ་གནས་རི་བོ་ཏ་ལ། ༼༡ ས་མུ་ངོས་ན་དཔལ་རྒ་ལོ་པའི་སྒྲུབ་གནས་གསང་ཆེན་རྡོ་རྗེའི་བྲག་རྫོང་། ༼༢ གླ་ཡུམ་ན་སྤྱན་རས་གཟིགས་ཀྱི་གནས་གྲུ་འཛིན་བདེ་ཆེན་འགྱུར་མེད་ལྷུན་གྱིས་གྲུབ་པའི་རྫོང་དཔལ་ལྡན་ཡོན་ཏན་བརྩེགས་པའི་དགའ་ཚལ་། ༼༣ རི་རྨོག་ཆེན་ན་སྐུ་གསུམ་སྟོན་པའི་གནས་རི་རྨོག་ཆེན་རྣམ་རྒྱལ་བྲག་རྫོང་། ༼༤ ཁོ་ཁོ་ན་འཆི་མེད་ཚེ་ལྷའི་གནས་རི་འོག་མིན་རིགས་གསུམ་འཆི་མེད་གྲུབ་པའི་རྫོང་། ༼༥ ཤོག་བཞི་ན་འཇིགས་བྱེད་ཀྱི་གནས་རི་བདེ་ཆེན་དབང་དྲག་རོལ་པའི་རྫོང་། ༼༦ རྫ་ས་དམར་ན་ཨོ་རྒྱན་ཆེན་པོའི་སྒྲུབ་གནས་དཔལ་རི་བདེ་ཆེན་རྫོང་། ༼༧ རྫ་བྲག་མདོ་ན་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་རི་བྲག་དམར་བདེ་གཤེགས་འབུམ་རྫོང་། ཨུག་ཚང་ཁོག་ན་དཔལ་རྒ་ལོ་བ་གཞོན་ནུ་དཔལ་གྱི་སྒྲུབ་གནས་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་སོགས་ཆེད་མཇལ་དུ་ཕེབས་པའི་སྒྲུབ་ཕུག་རྒ་ལོ་བ། འཁྱིལ་ཆེན་ཁོག་ན་མ་གཤིན་ཕུར་གསུམ་གྱི་གནས་རི་དང་། དཔོན་བླ་དགེ་འདུན་རྒྱ་མཚོའི་སྒྲུབ་གནས་གླག་ཚང་དཔལ་རི་གཉིས་པ་སོགས་ཁྱད་འཕགས་བྱིན་ལྡན་གྱི་སྒྲུབ་གནས་དབེན་རི་དུ་མས་འབྲེལ་ཚད་བདེ་ལ་འགོད་པའོ།། གནས་དེ་དག་ཀྱང་ཡེ་གདོད་མ་ནས་དག་མཉམ་ཆེན་པོ་ལས་མ་འདས་པས་ཆོས་ཉིད་ངོ་བོས་གྲུབ་པ། སྐུ་གསུང་ཐུགས་རྟེན་རང་བྱོན་དང་ཕྱག་ཞབས་ཀྱི་རྗེས་སོགས་བཀྲ་བས་ཆོས་ཅན་རང་བཞིན་གྱིས་གྲུབ་པ། མཐོང་ཐོས་དྲན་རེག་སོགས་འབྲེལ་ཚད་དོན་ལྡན་དུ་བྱེད་པ་ནུས་པའི་མཐུས་གྲུབ་པ། རྒྱལ་དབང་པདྨ་ཡབ་སྲས་སོགས་ཀྱི་བྱིན་གྱིས་བརླབས་པས་གྲུབ་པ་སྟེ་གྲུབ་པ་བཞི་དང་ལྡན་པའི་གནས་འདི་དག་གི་རང་བཞིན་རྒྱས་པར་ཤེས་འདོད་ན་མདོ་ཁམས་གཡུ་ཁོག་ཡུལ་གྱི་གནས་ཡིག་ཕྱོགས་བསྒྲིགས་དགེ་མཚན་བྱེ་བའི་འོད་སྣང་ལ་གཟིགས་པར་འཚལ་ལོ།།

ཡུལ་ལྷ་ཟོ་དོར་ཇི་སྙེད་གནས་ཚུལ་བཤད་པ།

གསུམ་པ་ཡུལ་ལྷ་ཟོ་དོར་ཇི་སྙེད་གནས་ཚུལ་བཤད་པ་ནི། ཡང་གཡུ་ལུང་རིང་མོའི་ཕུ་མདའ་ཉིན་སྲིབ་ལུང་ཕྲན་རྣམས་སུ་རྒྱལ་དབང་པདྨའི་བཀའ་ཉན་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཟོ་དོར་དུ་མ་ཞིག་མཆིས་པ་ཡང་བཤད་པར་བྱ་སྟེ། གཡུ་སྟོད་གངས་ཀྱི་ར་བ་ན་གནམ་སྔོན་མོ་འདེགས་པའི་ཀ་བ། ས་དོག་མོ་མི་འགྱུར་གོང་གནོན་ལ་བོད་ཀྱི་རྩེ་ལྷ་ཆེན་པོ་བཅུའི་ཡ་གྱལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ཡུལ་ལྷའི་རྣམ་པར་འཕྲུལ་བ། དགེ་བསྙེན་རྡོ་རྗེ་གཡུ་ཁྲོམ། ཡུམ་ཆེན་བག་མ་ཞྭ་མེད་དམ་ལྷ་ལྕམ་དཀར་མོ། གཞན་རྩང་གི་དེའུ་དཀར་མི་མགོན་དཀར་པོའི་སྲིང་མོ་གཡུ་ཁྲོམ་གྱིས་བཙུན་མོར་བསུས་པ་སོགས་གཡུ་ཁྲོམ་ལ་ཡུམ་བཞི། བུ་ཆུང་ལྷ་རྩེ་གཉན་པོ་དང་། དེམ་གྱི་རྨོག་རི་སོགས་སྲས་དགུ། ལྕམ་སྲིང་རྡོ་རྗེ་གཡུ་སྒྲོན་ཞེས་བོད་ཁམས་སྐྱོང་བའི་བརྟན་མ་ཆེན་མོ། གཡུ་ཁྲོམ་ལ་གཡུ་འཁོར་སུམ་བརྒྱ་དྲུག་ཅུ་དང་། གཡུ་སྒྲོན་མ་ལ་སྐུ་འཁོར་འབུམ་གྱིས་བསྐོར་བ། དེ་ཡང་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས། འབྲོག་གནས་རྨ་རྒྱལ་སྤོམ་ར་དང་། །མཚོ་སྨན་རྒྱལ་མོ་བཤོས་པའི་སྲས། །ཟིལ་ཕྲོམ་གཡུ་ཕྲོམ་བཞག་བྲ་སོགས། །མཆེད་ཟླ་བདུན་གྱི་འབྲིང་པོ་ཉིད། །དགེ་བསྙེན་རྡོ་རྗེ་གཡུ་ཕྲོམ་རྩལ། །ཞེས་གཡུ་ཁྲོམ་འདི་རྨ་རྒྱལ་སྤོམ་རའི་སྲས་ཡིན་པར་གསུངས། རིག་འཛིན་ལུང་རིག་གླིང་པ་དང་། བསམ་གཏན་ཡེ་ཤེས་གླིང་པ་རྣམ་གཉིས་ཀྱིས་གཡུ་ཁྲོམ་འདི་བོད་སྐྱོང་དགེ་བསྙེན་ཉེར་གཅིག་གི་ཡ་གྱལ་ཡིན་པར་གསུངས་སོ།། དབྱི་སྙིང་དུ་རྡོ་རྗེ་གཡུ་ཁྲོམ་གྱི་བང་མཛོད་གཏེར་གྱི་མངའ་བདག་དགྲ་བླ་མི་མགོན་དཀར་པོ་རྔམ་བརྗིད་ནགས་རི་ཕྱུག་མོར་རྟེན་བཅས་པ། ལབ་ཙེའི་གདོང་དུ་སྔོན་གཡུ་ཁོག་དཔོན་བླས་དབུས་གཙང་ཕྱོགས་ནས་ཁྲིད་ཡོང་བར་གྲགས་པ་ཟླ་ཡི་ཡུལ་ལྷ་གཉན་པོ་སྟག་རྩེའམ་གཡུ་ཤོད་མཐིང་གི་དགེ་བསྙེན་གཡུ་ཁྲབ་ཅན། གནས་ལུང་དུ་གནས་བདག་དབང་བསྡུད་ལྷ་རྩེ། གདུགས་ཆེན་སྟོད་ན་ཡུལ་ལྷ་དཔའ་བོ་སྟག་འཕྲུ། རལ་གྲིའི་ཐང་སྟོད་ཀྱི་དེའུ་ལ་དགྲ་བླ་མི་མགོན་དཀར་པོའི་སྐུ་སྲས་ནོར་བུ་ལྷ་རྩེ། ཐང་སྨད་ཀྱི་བྲག་མཁར་དུ་དགྲ་འདུལ་གཉན་པོ་གཡུ་རྩེ། ར་ཆགས་ཀྱི་ནགས་རི་ལ་ཤྭ་ཁྲ་མིག་དམར་རྡོ་རྗེ་ལྷ་རྩེ། ཆུ་ལུང་མར་མདའི་གདགས་རི་ལ་ཡུལ་ལྷ་གླང་པོ་དམ་བསྟན། འཁྱིལ་ཆེན་མཚོ་ལུང་གི་མཚོ་ལ་མཚོ་སྨན་རྒྱལ་མོ་སོགས་དང་། གཞན་ཡང་གཡུ་མཚོ་ལ་ནོར་རྒྱལ་འཁོར་ལོ། སྒོ་སྲུང་དབང་ཕྱུག་ཡབ་ཡུམ། བྱ་ར་གངས་ཀྱི་སེང་གེ། ཕོ་ཉ་འབྲུག་རི་ལྕགས་རྩེ། རྫ་ལུང་ན་གནོད་སྦྱིན་སྡེ་དཔོན་རྟ་ཁྲ་ཅན། སྒེག་གི་གནས་ན་ཁྱབ་འཇུག་ཟླ་བ་ཐོད་དཀར་དང་། ཀླུ་རྒྱལ་དྲག་པོ་ཟླ་སྐྱོང་། ཨ་སེན་ན་རི་བཙན་ལྷ་མོ། ཆུ་ལུང་མདོའི་ཕར་ངོས་སུ་རྡོ་རྗེ་དྲག་མོ། ངེས་ལེགས་རྒྱབ་ཕྱོགས་སུ་སྐུ་བླ་དུང་རྩེ། དེའི་གཡས་ཕྱོགས་ན་གསེས་མཁར་བདུད་བཙན། གཡོན་ཕྱོགས་ན་གཉན་སྲས་གཟི་བརྗིད་མཆོག་ལྡན་སྟེ་དུང་རྩེ་མཆེད་གསུམ། ངེས་ལེགས་ན་པདྨ་དྲེགས་འདུལ། ཆུ་མིག་ལ་ཀླུ་རྒྱལ་ཝ་རུ་ཎ། རྫ་རི་ན་ལྷ་རྒོད་དགྲ་འདུལ། ལྡོང་རིའི་གནས་ན་མགོན་པོ་ལེགས་ལྡན། འཁྱིལ་ཆེན་སྟོད་ན་ཡུལ་ལྷའི་གཙོ་བོ་རྟ་ཤར་རྨོག་མཐོ། སྲས་བྲག་དཀར་རྡོ་རྗེ་ཞལ་དཀར། ལ་རྩ་ན་ཀླུ་མོ་དུང་མཚོ། ཆུ་དཀར་སྟོད་ན་གཉན་སྲས་གཡུང་དྲུང་ལྷ་རྩེ། མདའ་ན་འབྲི་བོམ་ནས་དེའུ་ཕྱུག་མོ། ཆུ་ངན་ན་བང་ང་སྨུག་རིལ། ཧ་ཧི་ན་བཀའ་བློན་སེང་གེ་གནམ་རྫོང་། ཤོག་ཤོག་ན་གནོད་སྦྱིན་དྲག་པོ་རབ་འབར་རམ་ཟངས་ཁྲབ་དམར་པོ། སྨར་ན་མཛོ་ཞོན། ཤོ་རྡེའུ་ན་སྟག་ཞོན། ནགས་ལུང་ན་གནོད་སྦྱིན་བཀྲ་ཤིས་ལྷ་རྩེ། སྐུ་དབེན་ན་ཀླུ་སྨན་ལྕམ་དྲལ། དགའ་མ་གདོང་ན་སྨན་བཙུན་དུང་ལྕམ་དཀར་མོ། རི་བྲོ་ན་རྨོག་མཐོ་རྩེ་རྒྱལ། ཇུ་སྟོད་ན་ཙིག་ཙིག་སྤུན་གསུམ་དང་། ལྕམ་སྲིང་བཀྲ་ཤིས་འོད་ལྡན། ནུ་རྐེད་ན་བྲེང་ངེ་གཡག་ཕྱུག་གཡུང་དྲུང་ལྷ་རྩེའམ་ཡུལ་ལྷ་དབང་བསྡུད་དཔའ་བོ།། དབྱི་འ་ན་བ་དཀར་ཕྱུག་མོ། རྒྱ་འུ་ཡར་གདོང་ན་ར་མ་བྱ་ཁྱུང་། མར་གདོང་ན་རུས་སྦལ་ཟིལ་ཁྲོམ་སྟེ་སྲིད་པའི་བ་སྦལ་ཁྱུང་གསུམ། སྤ་ལུང་ན་ར་མ་གྱོ་བཙན་ཕྲིན་ལས་དབང་ལྡན་རྩལ། རྦེས་ལུང་ན་ལྷ་རྗེ་གཙུག་ཏོར། རྒ་ནུབ་ན་གཡུ་རོང་རྙི་བོ་སྤུན་གསུམ་གྱི་དགྱེས་ཡུམ་མཚོ་སྨན་སྤུན་གསུམ། རྒྱས་ཟི་ན་ར་མཁར་རྡོ་རྗེ་རྩེ་རྒྱལ། ཤ་དུང་ན་སྐུ་བླ་ཉྭ་དཀར་དང་ཉྭ་ལྕམ་དུང་སྐྱོང་དཀར་མོ། ཉུག་སར་ན་མངའ་རིས་ཙན་ཏན་སྡོང་པོའམ་ལྷ་མགོན་རྡོ་རྗེ་འོད་འབར། ཆུ་དབར་ཏཱ་རེའི་གནས་སུ་ཡུལ་ལྷ་སྤྲིན་དབང་འོད་ཕྲོམ། སྲིབ་རི་ན་རི་རྒྱལ་འཕན་ཕྱུག དགོད་བྲོ་ན་བོམ་ར་བསྟན་འཛིན་རྒྱལ་མཚན། མཚོ་ལུང་ན་གཡུང་དྲུང་དུང་རྩེ། མཁན་ལུང་ན་དཔའ་མོ་གཡུ་སྒྲོན་ཐོད་དཀར། ཕྱག་ཆེན་ན་རྫ་རི་དུང་ཕྲེང་། སུམ་མདོ་ན་ཀླུ་མོ་དུང་མཚོ། སིས་བྲོ་ན་རྫ་ཁྲ་བཀྲ་ཤིས་ལྷ་རྩེ། མཚོ་ནག་ན་ཀླུ་སྨན་རྡོ་རྗེ་དྲག་མོ། ས་དམར་སྟོད་ན་ཁྱུང་རི་ས་འཛིན་རྒྱལ་པོ། ཚ་རི་ན་འདོད་འཇོའི་བ་དཀར། སྦལ་རི་ན་སྲིད་པའི་རུས་སྦལ་ཏེ་བ་སྦལ་ཁྱུང་གསུམ། གནས་སར་ན་ཉིན་གྱི་བཙན་རྒོད་མཆེད་གསུམ་སྟེ་ལྷ་བཙན་དབང་ཆེན་མཆོག་གྲུབ། ལྷ་དབང་རྡོ་རྗེ་དགའ་བ། གཉན་རྗེ་ཕྲིན་ལས་ཐོགས་མེད་གསུམ། རི་ཧེ་ན་དུང་ཕྲེང་ཕྱུག་མོ། མཚོ་ཆུང་ན་བདེ་སྟེར་གཡུ་ཡི་མཚོ་མོ། བཙན་ཁང་ན་རྒྱལ་བ་གློག་ཕྲེང་། རི་རྨོག་ཆེན་ན་གནས་སྲུང་ནོར་བུ་བསམ་འཕེལ། གཡུ་འབྲུག་ཆེ་ན་འབྲུག་གོང་ཁྱེའུ་སྟག་ཐུལ། གཡུ་སྨད་རྡོ་སྟོད་ན་གཡུ་ལུང་ས་ཡི་རྟེན་ཕུར་རྔམ་བརྗིད་རྫ་བྲག་མཐོན་པོ་ལ་རྟེན་གནས་མཛད་པའི་ཡུལ་ལྷ་དངུལ་རྫི་རྡོ་རྗེ་དབང་བསྡུད་རྩལ། རྨ་ལུང་ན་ལྷ་བཙན་གཞོན་ནུ་འོད་འབར། ཉིན་ཡག་ན་སྒོ་སྲུང་བྲག་དཀར་གཉན་པོ་དང་དཀར་ལིང་མཚོ་སྨན། ཁོ་ཁོ་ན་རི་ཕྱུག་མགོན་གཡུ་རྩེ་དང་། གནས་བདག་ཀླུ་མོ་དུང་སྐྱོང་། འོ་བཟིའི་ཕྱོགས་སུ་རྡོ་རྗེ་གཡུ་ཁྲོམ་གྱི་ནུ་བོར་གྲགས་པ་ར་ཁང་རྡོ་རྗེ་དབང་བསྡུད་འབར་བ་ལ་སོགས་པ་ཡུལ་ལྷ་གཉན་པོ་གནས་འཆའ་བའི་ལྷ་རི་དང་། རྫ་བྲག གཡུ་མཚོ་དང་ཆུ་མིག་རྣམས་བཀྲག་མདངས་དང་ལྡན་པར་བརྗིད་ཆགས་པའོ།།

དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ།

བཞི་པ་དམ་པའི་སྐྱེས་ཆེན་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་ནི། དེ་ཡང་དུས་རབས་བདུན་པའི་ནང་བློན་ཆེན་མགར་སྟོང་བཙན་དང་། ལྷ་གཅིག་རྒྱ་བཟའ་ཀོང་ཇོ་སོགས་ཀྱིས་ཇོ་བོ་ཤཱཀྱ་མུ་ནེ་ཡུལ་དབུས་སུ་གདན་འདྲེན་སྐབས་མདོ་ཁམས་གཡུ་ཁོག་གི་ཡུལ་འདི་བརྒྱུད་ནས་ཕེབས་ཚུལ་འོག་ཏུ་འགོད་ལ། དུས་རབས་བརྒྱད་པའི་ནང་དུ་རྒྱལ་དབང་ཨོ་རྒྱན་ཆེན་པོ་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། རྒྱལ་མོ་གཡུ་སྒྲ་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་གྲུབ་བརྙེས་དུ་མ་དངོས་དང་རྫུ་འཕྲུལ་གྱིས་ཕེབས་ནས་ལྷ་སྲིན་སྡེ་བརྒྱད་གདུག་པ་ཅན་རྣམས་དམ་ལ་བཏགས། སྒྲུབ་གནས་བྱིན་དབབ་དང་ཆོས་ནོར་གྱི་གཏེར་ཁ་སྦས་ཚུལ་ནི། བདུད་འཇོམས་གླིང་པའི་གཏེར་བྱོན་ཨོ་རྒྱན་རྣམ་ཐར་མཐོང་བ་རང་གྲོལ་ལས། དེ་ནས་རྡོ་རྗེ་གཡུ་ཁྲོམ་དུ༔ གཡུ་ཁྲོམ་འབྲུག་ཞོན་དམ་ལ་བཏགས༔ ཞག་གསུམ་སྒྲུབ་པ་མཛད་ཅིང་བཞུགས༔ ཞེས་དང་། ལོ་ཆེན་བཻ་རོས་མཛད་པའི་གནས་ལུང་གནས་ཡིག་ཏུ། སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་བཅོ་ལྔའི་ཉིན༔ རྒྱལ་བའི་དབང་པོ་པདྨ་ཀཱ་ར་དང་༔ བི་མ་མི་ཏྲ་བྷོ་དྷི་ས་ཏྭ་རྗེ༔ ལོ་པན་བཻ་རོ་མཁའ་འགྲོ་མཚོ་རྒྱལ་སོགས༔ རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔ གནས་འདིར་རྫུ་འཕྲུལ་ཤུགས་ཀྱིས་བྱོན་ནས་སུ༔ རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང༔ བླ་མ་རིག་འཛིན་ཡི་དམ་ཞི་ཁྲོའི་ལྷ༔ མ་སྲིང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བཅས༔ སྤྲིན་ལྟར་གཏིབས་ནས་བྱིན་རླབས་ཆར་བཞིན་ཕབ༔ ཞེས་སོགས་གསུངས་པ་ལྟར་དང་། ལྷ་ལུང་དཔལ་གྱི་རྡོ་རྗེའམ་མཚན་གཞན་དཔལ་རྒ་ལོ་པ་གནས་འདིར་ཕེབས་ནས་གསང་ཆེན་རྡོ་རྗེའི་བྲག་རྫོང་སྟེ་ས་མུ་ངོས་ཞེས་པའི་གནས་དབུས་ལྷ་ལུང་ཕུག་ཏུ་ཞག་བདུན་དུ་སྒྲུབ་པ་མཛད་པ་སོགས་ཀྱི་སྐབས་མི་དང་མི་མིན་དུ་མ་ལ་དམ་པ་ཆོས་ཀྱི་བགོ་སྐལ་འགྱེད། དེ་ཡང་དཔལ་རྒ་ལོ་པ་འདི་ལྷ་ལུང་དཔལ་རྡོར་གྱི་མཚན་གྱི་རྣམ་གྲངས་ཡིན་པ་སྔོན་གྱི་ངག་རྒྱུན་ལ་ཡོད་པ་དང་། ཁྱད་པར་གསང་ཆེན་རྡོ་རྗེའི་བྲག་རྫོང་གི་གནས་ཡིག་ཏུ། རྒ་ལོ་པ་ཞེས་ལྷ་ལུང་དཔལ་རྡོར་བྱོན། །གནས་དབུས་ལྷ་ལུང་ཕུག་ཏུ་ཞག་བདུན་བཞུགས། གསུངས་པ་ལྟར་བྱས་སོ།། རབ་བྱུང་དང་པོའི་ནང་གླིང་གེ་སར་རྒྱལ་པོ་སྐུ་འཁོར་གྱིས་ཞབས་ཀྱིས་བཅགས། རབ་བྱུང་གཉིས་པའི་ནང་དཔལ་རྒ་ལོ་པ་གཞོན་ནུ་དཔལ་གཡུ་ཁོག་གི་ཡུལ་འདིར་བྱོན་ནས་ཨུག་ཚང་དབེན་རིར་སྒྲུབ་པ་མཛད་པས་དེང་དུས་ས་མིང་ལ་རྒ་ལོ་བ་ཐོགས་པ་དང་། གཞི་བདག་རྡོ་རྗེ་གཡུ་ཁྲོམ་ལ་དགེ་བསྙེན་གྱི་སྡོམ་པ་གནང་བར་བསང་མཆོད་རྣམས་སུ་གསལ་ཏེ། ཕྱི་མའི་དོན་དུ་ཆོས་ལ་སེམས། །གྲུབ་ཐོབ་སྐྱེས་བུ་རྒ་ལོ་བྱོན། །དེ་ལ་དགེ་བསྙེན་སྡོམ་པ་ཞུས། །སྤྱི་བོའི་གཙུག་ཏུ་རྡོ་རྗེ་བཞག །མཚན་ལ་རྡོ་རྗེ་གཡུ་ཁྲོམ་བཏགས། །ཞེས་སོགས་གསུངས་སོ། །རབ་བྱུང་དྲུག་པའི་ས་ཕག་༼༡༣༥༩༽ལོར་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེ་གཡུ་ཁོག་ཏུ་ཕེབས་ནས་དད་ལྡན་མང་ཚོགས་ལ་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར། རབ་བྱུང་བདུན་པའི་ནང་མི་ཉག་མཁས་དབང་འཇམ་དབྱངས་གྲགས་པ་ཆོས་ཁྲིའི་ཐང་དུ་ཕེབས་ནས་ཕྱོགས་ཀྱི་དད་ལྡན་རྣམས་ལ་ཆོས་བཀའ་བསྩལ་ཞིང་ཀརྨ་པ་རོལ་པའི་རྡོ་རྗེའི་ཆོས་ཁྲི་ཞིག་གསོ་མཛད་ཅིང་གཡུའི་ཆོས་ཁྲི་ཐང་ཞེས་ས་མིང་བཏགས། ཚུལ་དེ་དག་ནི་འཇམ་དབྱངས་གྲགས་པའི་རང་རྣམ་དུ། དེ་ནས་སྟ་བུ། ཚ་འབྲང་། རྒྱལ་མོ་རོང་༼རྟའུ། ཚ་འཕྲང་། རྒྱལ་མོ་རོང་༽གསུམ་གྱི་དབུས་རྡོ་རྗེ་གཡུ་ཁྲོམ་གྱི་ཞོལ། ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེའི་ཆོས་ཁྲིའི་སར། ཕྱོགས་ཀྱི་མི་སྡེ་ཚན་ཆེ་བ་ཆོས་བསྐུལ་གསུང་རབས་ཀྱི་རབ་གནས། ཆོས་ཁྲི་ཞིག་གསོ་སོགས་བྱས། ཞེས་གསུངས། རབ་བྱུང་བཅུ་པའི་ནང་མི་ཉག་གྲུབ་ཆེན་ཨ་ར་ཆོས་རྗེ་ཉི་མ་རྒྱལ་མཚན་ཕེབས་ཤིང་ཡོལ་རི་ནས་སྒྲུབ་པ་མཛད། རབ་བྱུང་བཅུ་གཅིག་པའི་ནང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ། རིམ་གྲོ་པ་ཀུན་ཏུ་བཟང་པོ། ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་བཅས་ཕེབས་ནས་སྒྲུབ་པ་ཉམས་བཞེས་མཛད། ཀརྨ་པས་གཡུ་དགོན་བོན་ལུགས་ཡིན་པ་བཀའ་བརྒྱུད་པར་བསྒྱུར་བ་སོགས་མཛད། རབ་བྱུང་བཅུ་གསུམ་པའི་ནང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་གཡུའི་ཆོས་ཁྲི་ཐང་ནས་ཆོས་འཁོར་བསྐོར། རབ་བྱུང་བཅུ་བཞི་པའི་ནང་རྫོགས་ཆེན་མཁན་ཆེན་པདྨ་བཛྲ་ཡུལ་འདིར་ཕེབས་པར་མ་ཟད་ཕྱག་འཁར་ས་ལ་བཙུགས་པ་ཤིང་ལྗོན་པར་གྱུར་པ་དེང་སྐབས་ཀྱང་མཇལ་དུ་ཡོད། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་༼༡༨༢༡༽ལོར་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་ཕེབས་ནས་གཡུ་དགོན་བསྐྱར་བཞེངས་ཀྱི་ས་འདུལ་སོགས་མཛད། ཤིང་ལུག་༼༡༨༣༥༽ལོར་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་གཡུ་དགོན་རྫོགས་ཆེན་པའི་ཆོས་བརྒྱུད་དུ་བསྒྱུར། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ལན་གྲངས་དུ་མར་ཕེབས་ནས་འདུས་པའི་སྡེར་ཆོས་བཀའ་དུ་མ་གནང་བར་མ་ཟད་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ་བྱིན་གྱིས་བརླབས་པའི་སྲས་སུ་བསྐྲུན། རྒྱལ་འཕགས་ཀུ་ལུ་ཀུན་བཟང་གིས་གཡུ་ཁྲོམ་གངས་ཀྱི་རི་ལ་སྒྲུབ་པ་མཛད། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་གཡུའི་ཆོས་ཁྲི་ཐང་སོགས་སུ་ཆོས་འཁོར་བསྐོར། གཞན་ཡང་ས་སྐྱའི་རྗེ་བཙུན་མ་སྐལ་བཟང་ཆོས་ཀྱི་སྒྲོལ་མ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། མཁན་ཆེན་ཐུབ་བསྟན་སྙན་གྲགས། ཡབ་རྗེ་ངག་དབང་ནོར་བུ། མ་ཎི་བླ་མ་པདྨ་སིདྡྷི། རྫོགས་ཆེན་མཁན་པོ་འོད་ལུ། རྫོགས་ཆེན་མཁན་པོ་ཆོས་ཚ། གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་པའི་རྡོ་རྗེ། མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པ། སྒོ་འཛི་གཏེར་སྟོན་ཡེ་ཤེས་འབྱུང་གནས། འཁོར་གདོང་བླ་མ་མགོན་པོ་དབང་རྒྱལ། རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་། གྲུབ་ཆེན་གླིང་སྤྲུལ་སོགས་དང་། ཕྱིས་རྒྱལ་བསྟན་ཡང་དར་གྱི་སྐབས་སུ་ཡང་། ཆོས་རྗེ་འཇིགས་མེད་ཕུན་ཚོགས། ཁྱབ་བདག་པདྨ་སྐལ་བཟང་སོགས་མཁས་དང་གྲུབ་པའི་དབང་ཕྱུག དམ་པའི་ཚུལ་དགུའི་བདག་ཉིད། འབྲེལ་ཚད་དོན་དང་ལྡན་པའི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་དུ་མས་ཞབས་ཀྱིས་བཅགས་ཤིང་། ཟབ་རྒྱས་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་དགོན་གནས་ཡུལ་གྲུ་ཀུན་དུ་བྱིན་རླབས་ཀྱི་ཉི་འོད་བསྐྱིལ་བར་མཛད་དོ།།

གནས་ཆེན་རྒྱལ་མོ་རོང་གི་སྟོད་ཀྱི་ཕྱོགས། །མི་ཉག་ར་བ་སྒང་གི་དཀྱིལ་ཤོད་ན། །འཛམ་གླིང་ས་ཡི་དྭངས་རྩེ་གཡུ་ཡི་མཁར། །བདེ་སྐྱིད་ཀུན་འཛོམས་ལྷ་ཡི་གནས་མཆོག་ཡོད། །དེར་ནི་སྙིང་སྟོབས་ལྡན་པའི་དཔའ་རྒོད་འབུམ། །སྡང་དགྲའི་གྲོང་ཁྱེར་འཇོམ་ལ་ཟླ་མེད་པས། །སྟག་མོ་འཕྲེད་ཉལ་སྨར་གྱི་ལག་བཟང་ཞེས། །གནའ་བོའི་ངག་སྒྲོས་འཛིན་མའི་ཁྱོན་ན་སྙན། །སྟོད་ན་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་ཆེ། །ཁ་བའི་རྡུལ་མང་བརྩེགས་པའི་ཀཻ་ལ་ཤ། །འཇའ་སྤྲིན་སྣ་ལྔས་མགུལ་བ་མཛེས་བྱས་པའི། །དབུ་རྩེ་སྔོ་བསང་བུ་མོའི་ལྟོ་བའི་རྒྱན། །བར་ན་གཡུ་ཐང་རང་བྱུང་མཛེས་ལྗོངས་སུ། །ལྷན་སྐྱེས་དྲི་ཞིམ་སྤྲོ་བའི་སྨན་སྣ་དང་། །དཀར་དམར་མེ་ཏོག་བཀྲ་བའི་འཛུམ་དཀར་གྱིས། །ཡིད་མཐུན་ར་ཡིག་གཉིས་པ་གྲོགས་སུ་འགུགས། །མཚམས་སུ་རྫ་སྤང་ནགས་ཚལ་ལྷུན་ཆགས་ཤིང་། །རི་སྐྱེས་སྤུ་སྡུག་སྣ་ཚོགས་བག་ཡངས་རྒྱུ། །མ་རྨོས་མ་བཏབ་ལྗོན་པའི་ཡལ་ག་ན། །རོ་མཆོག་བརྒྱ་ལྡན་འབྲས་བཟང་གཡུར་དུ་ཟ། །དཀར་ཡག་གངས་ཀྱི་རི་ནས་ལེགས་འོང་བའི། །དྭངས་བསིལ་དལ་འབབ་གཡུ་ཆུ་སྔོན་མོའི་རྒྱུན། །འབྲི་ཆུའི་ལང་ཚོར་འགྲོག་པའི་སྒེག་ཉམས་ཀྱིས། །མཐའ་བྲལ་མཐའ་ཡི་རྒྱ་མཚོར་སིམ་པ་སྟེར། །གནས་དེར་ནམ་ཟླ་དུས་བཞིའི་རྣམ་འགྱུར་གསལ། །སྐྱེ་འགྲོའི་སྲོག་ལ་འཚེ་བའི་གདུག་ཅན་ཉུང་། །འབྲེལ་ཚད་བདེ་ལ་འགོད་པའི་གནས་ཆེན་མང་། །ཕྱོགས་མཚམས་ཟོ་དོར་འབུམ་གྱིས་དུས་ཀུན་སྲུང་། །འཆི་མེད་མཚོ་འཁྲུངས་མ་ཧཱ་གུ་རུ་དང་། །གྲུབ་པའི་སྐྱེས་བུ་ཡེ་ཤེས་རྡོ་རྗེ་སོགས། །ལྷ་ཡི་ཡང་ལྷར་གྱུར་པ་གྲངས་མེད་ཀྱིས། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཚུལ་སྙན། །གནས་དེར་ཤེས་རྒྱ་ཅན་གྱི་ཕ་ཁུ་དང་། །ལག་ལས་ཅན་གྱི་མ་སྲུ་མཛངས་མ་མང་། །གནས་དེ་ཡ་རབས་སྐྱེ་བོའི་གྲོང་ཁྱེར་དང་། །རྟ་ནོར་རྐང་བཞི་ཕྱུགས་ཀྱི་ཕ་ས་ལགས། །གནས་དེར་ཤ་མར་ཐུད་ཀྱི་རི་བོ་སྤུང་། །གནས་དེར་ཇ་ཆང་འོ་ཞོའི་རྒྱ་མཚོ་འཁྱིལ། །གནས་དེར་འབྲུ་རིགས་སྣ་ལྔའི་གཏེར་ཁ་རྡོལ། །གནས་དེར་དགའ་སྐྱིད་དགོད་སྒྲ་རྒྱུན་མི་འཆད། །གནས་དེ་ཆོས་སྲིད་བསྟན་པ་དར་བའི་ལྗོངས། །ཕ་མེས་སྲོལ་རྒྱུན་བཟང་པོ་སྐྱོང་བའི་ཡུལ། །གངས་རིའི་རང་སྐད་གཙང་མ་བཤད་པའི་གནས། །འདོད་དགུའི་འབྱོར་བས་ཀུན་ནས་ཕྱུག་པའི་གླིང་། །བདེ་སྐྱིད་དཔལ་གྱིས་མཛེས་པས་དག་པའི་ཞིང་། །སྣ་བརྒྱའི་མེ་ཏོག་བཀྲ་བས་ལྷ་ཡི་ཚལ། །སྟོབས་འབྱོར་མངའ་ཐང་རྒྱས་པས་ཀླུ་ཡི་གྲོང་། །གཡུ་མཁར་བདེ་སྐྱིད་ནོར་བུའི་ར་བར་གྲགས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

ཆོས་སྲིད་ཀྱི་བྱུང་བ་བྱེ་བྲག་ཏུ་བཤད་པ།

སྔོན་བྱུང་དུས་སྐབས་འགའི་གནས་བབ་མདོར་བསྡུས་སུ་བཤད་པ།

དང་པོ་སྲོང་བཙན་སྒམ་པོའི་དུས་སྐབས།

གཉིས་པ་ཆོས་སྲིད་ཀྱི་བྱུང་བ་བྱེ་བྲག་ཏུ་བཤད་པ་ལ། སྔོན་བྱུང་དུས་སྐབས་འགའི་གནས་བབ་མདོར་བསྡུས་སུ་བཤད་པ། རྗེས་བྱུང་ཆོས་སྲིད་ཀྱི་ལོ་རྒྱུས་སོ་སོར་བཤད་པ་གཉིས། དང་པོ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས། བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས། གླིང་གེ་སར་གྱི་དུས་སྐབས། གེ་འཕན་སོགས་ཀྱི་དུས་སྐབས། ཀརྨ་པ་བཅུ་པའི་དུས་སྐབས་དང་ལྔ།

སྤྱིར་གཡུ་ཁོག་གི་ཡུལ་འདིར་ཡང་ཡུལ་གྲུ་གཞན་དང་འདྲ་བར་བསྐལ་པ་ཆགས་ནས་བྱུང་བའི་ལོ་རྒྱུས་དུ་མ་ཞིག་ཡོད་པར་ངེས་ཀྱང་། དེ་དག་སྔར་ཡི་གེར་ཆེར་མ་འཁོད་པ་དང་གནའ་བོའི་ངག་རྒྱུན་གྱི་བརྒྱུད་འཛིན་པ་དག་ཇེ་དཀོན་དུ་སོང་བ་སོགས་ཀྱིས་ལོ་རྒྱུས་ཆེས་མང་པོ་ཞིག་མི་མངོན་པའི་དབྱིངས་སུ་ཐིམ་སོང་བ་སྨོས་ཅི་འཚལ། སྐབས་འདིར་དུས་རབས་བདུན་པའི་ནང་ནས་མགོ་བཟུང་སྟེ་ཅུང་ཟད་གླེང་བར་འདོད་ལ། དེ་ཡང་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྤྱི་ལོ་༼༦༤༡༽ཙམ་དུ་བློན་པོ་མགར་སྟོང་བཙན་སོགས་རྒྱ་ནག་གི་རྒྱལ་ས་ཤིས་ཨན་(西安)དུ་གོང་མ་ཐང་ཐེ་ཙུང་གི་མདུན་དུ་བཀའ་མངག་མཛད་པ་ལྟར། བློན་པོ་མགར་གྱིས་ཐབས་འཕྲུལ་དུ་མ་ལ་བརྟེན་ནས་རྒྱ་བཟའ་འུན་ཤིང་ཀོང་ཇོ་དང་། ཇོ་བོ་ཤཱཀྱ་མུ་ནེ་སོགས་གདན་དྲངས་ནས་བོད་དུ་ཕེབས་སྐབས། རྒྱ་ནག་གོང་མས་བློན་པོ་མགར་རིག་པ་ཅན་གྱི་རིགས་རྒྱུད་འཕེལ་དུ་རེ་ནས་བོད་དུ་མ་བཏང་བར་རྒྱ་མོ་ཞིག་དང་བསྡེབས་ནས་བཞག་ཀྱང་། བློན་པོ་ཐབས་འཕྲུལ་གྱིས་ཤོར་ནས་མི་ཉག་སྒོ་དོང་སྒོ་མོའམ་མགར་ཐར་དུ་ཀོང་ཇོ་དཔོན་གཡོག་གི་རྗེས་ཟིན། བཱ་ལྷ་སྒང་དུ་ཀོང་ཇོས་ལྷ་སྒང་ཇོ་བོ་དང་། ཤར་གངས་རིའི་མཆོད་རྟེན་སོགས་བཞེངས། དེ་ནས་ཡར་རྟའུ་རུ་སླེབས། སྐབས་དེར་བློན་པོ་མགར་གྱིས་ལུང་པ་འདི་ནི་རྟ་ཞིག་གི་ཁོག་པ་དང་འདྲ་ཞིང་རྒྱ་ཆེ་བས་འདིའི་ནང་དུ་མི་འགྲོ། དེ་བས་གཡི་ཁོག་ནི་གཅན་གཟན་གཡི་དཀར་གྱི་ཁོག་པ་འདྲ་ཞིང་བགྲོད་བདེ་བས་དེར་འགྲོ་གསུངས་ནས་གཡི་ཁོག་བརྒྱུད་ནས་ཡར་གསེར་ཁོག་ཏུ་ཕེབས་པ་དང་། གསེར་ཁོག་ཏུ་འཕྲུལ་སྟེང་ལྷ་ཁང་བཞེངས་ནས་ཕེབས་པར་བཤད། དེང་སྐབས་ལོ་རྒྱུས་སྨྲ་བ་དུ་མས་རྒྱ་བཟའ་ཀོང་ཇོ་ཡུལ་དབུས་སུ་ཕེབས་ལམ་ནི་བྱང་རྒྱུད་མཚོ་སྔོན་ཕྱོགས་ནས་ཡིན་གྱི། མི་ཉག་རབ་སྒང་སོགས་བརྒྱུད་ནས་ཕེབས་པ་མིན་ཟེར་ཡང་། ༼༡ ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ཆེམས་ཀ་ཁོལ་མ་ལས། བློན་པོ་ཁོ་རང་གིས་བེར་གྱི་ཕུ་དུང་ནང་དུ་ཟས་སྐོམ་འགྲངས་པ་རེ་ཚགས་བྱས་ནས་གསོལ་གྱིན་ལུས་གུད་པ་དེ་གསོ་ཡིན་ཡོང་བས་རྒྱལ་མོ་ཚ་བ་རོང་དུ་སླེབ་བོ། །ཞེས་དང་། ལྷ་གཅིག་ཨོང་ཅོང་ལ་བློན་པོ་མགར་གྱི་བུ་ཞིག་ཆགས་ནས་ལམ་དུ་ཆུད་ཟོས་པས། ཞེས་སོགས་གསུངས་པ་དང་། ༼༢ དུས་རབས་བཅུ་བཞི་པའི་ནང་བྱོན་པའི་ས་སྐྱ་པ་བསོད་ནམས་རྒྱལ་མཚན་༼༡༣༡༢ ༡༣༧༥༽གྱིས་མཛད་པའི་རྒྱལ་རབས་གསལ་བའི་མེ་ལོང་དུ། དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས། རྒྱ་ནག་གི་ཕྱྭ་གཡང་ཉམས་པས། རྒྱ་ནག་གི་ལྷ་སྲུང་རྣམས་ཀྱི་མཐུས། སྒོ་མོ་འགགས་པས། དེར་ཟླ་བ་གཉིས་ལུས། དེར་བློན་པོ་སླེབས་སོགས་གསུངས། ༼༣ དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་དཔའ་བོ་གཙུག་ལག་ཕྲེང་བས་༼༡༥༠༤ ༡༥༦༦༽ཆོས་འབྱུང་མཁས་པའི་དགའ་སྟོན་དུའང་། དེ་ནས་ཀོང་ཇོ་དཔོན་གཡོག་གིས་ཁམས་སུ་ཕེབས། ཅེས་དང་། དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས་ཚེ་རྒྱ་ནག་གི་ཕྱྭ་གཡང་ཉམས་པས་རྒྱའི་ལྷ་སྲུང་འཁྲུགས་ཏེ་ཁ་བ་བབས་པས་ནགས་ཐམས་ཅད་འཛིངས་པ་ལྟར་བསྒྱེལ་བས་ལམ་འགགས་ཏེ་ཟླ་བ་གཉིས་ལུས་པའི་ཚེ་བློན་པོས་སླེབས་སོགས་གསུངས། ༼༤ དུས་རབས་བཅུ་དགུ་པའི་ནང་བྱོན་པའི་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་༼༡༨༠༡ ༽ཀྱིས་མདོ་སྨད་ཆོས་འབྱུང་དུ། མགར་གྱིས་རྒྱ་ཡུལ་དུ་ངན་སྣ་དགུ་བཏང་སྟེ་བོད་ཀྱི་རི་གཉན་མཐོང་སར་ལྷ་གསོལ་ཁུལ་གྱིས་ཕེབས་བྲོས་མཛད་པའི་རི་ལ་ཁམས་ཀྱི་མགར་ཐར་དུ་གྲགས། ཀོང་ཇོ་དཔོན་གཡོག་སྒོ་དོང་སྒོ་མོའི་རྩར་འབྱོར་ཚེ་རྒྱ་ནག་གི་ཕྱྭ་གཡང་ཉམས་པས་རྒྱའི་ལྷ་སྲུང་འཁྲུགས་ཏེ་ཁ་བ་ཚད་མེད་བབས་པས་ནགས་ཐམས་ཅད་ཕན་ཚུན་འཛིངས་པ་ལྟར་བསྒྱེལ་བས་ལམ་འགགས་ཏེ་ཟླ་བ་གཉིས་འགོར་བས་མགར་གྱིས་སྣུན་ནས་མར་སླེབས། བསང་དང་ཕུད་སྐྱེམས་གཏོར་ཏེ་རྒྱའི་ལྷ་མཆོད་པས་ཁ་བ་ཆད། ནགས་མ་རྣམས་ལངས་ནས་ལམ་དོད། ཞེས་སོགས་གསུངས་པ་དང་། ༼༥ དུང་དཀར་ཚིག་མཛོད་དུ། མི་ཉག་ནས་ལྷ་སར་འགྲོ་བའི་ལམ་བར་མགར་ཐར་ཞེས་པའི་ས་ཆ་ལ་སྔར་སྒོ་གདོང་སྒོ་མོ་ཞེས་འབོད་ཀྱང་། བློན་པོ་མགར་རྒྱ་ནག་ནས་བྲོས་ཐར་བའི་ས་ཆ་ཡིན་པའི་རྒྱུ་མཚན་གྱིས་དེའི་དྲན་གསོ་ཞུ་བྱེད་དུ་མགར་ཐར་ཞེས་བཏགས་པ་ཡིན། ཞེས་བཤད་པ་དང་། ༼༦ མགར་ཐར་དགོན་པའི་སྒོ་བྱང་ཡིག་རྙིང་དུ། བོད་བློན་མག༵ར་བཙན་རྒྱ་ནས་ཐ༵ར་བའི་ས། །མཆོད་ཡོན་གསེར་ཞལ་མཇལ་ཚེ་ལེགས་བཏབ་པ། །ཡོངས་ལ་སྦྱིན་པ་ཀུན་ཏུ་སྩལ་བ་ཡི། །ལྷ་ཁང་འདིའི་མཚན་གནམ་བསྐོས་ཡོང་ཏྲིས་མཛད། །ཞེས་བྲིས་ཡོད་པ་ནི་རབ་བྱུང་བཅུ་གཉིས་པའི་མཇུག་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོ་དང་རྒྱ་ནག་གོང་མ་ཡུང་ཀྲེང་གཉིས་ཀྱིས་དགོན་འདི་བཞེངས་སྐབས་གོང་མས་དགོན་པའི་མཚན་ལ་མགར་ཐར་དགོན་བཏགས་པར་བཤད་པ་དང་། ༼༧ ཁྱད་པར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་༼༡༨༠༠ ༡༨༦༦༽རང་རྣམ་མཁའ་འགྲོའི་ཞལ་ལུང་དུ། རིམ་བཞིན་ལྷ་སྒང་དུ་སླེབས། དེ་ཀའི་ཇོ་བོ་རྒྱ་བཟའ་ཀོང་ཇོས་བཞེངས་བས་བྱིན་རླབས་ཤིན་ཏུ་ཆེ་ཕྱིར་ཕྱག་མཆོད་བསྐོར་བ་རེ་ཞིག་བྱས། ཞེས་སོགས་དང་། ༼༨ གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པས་༼༡༨༦༠ ༡༩༠༣༽དབྱིངས་ཡུམ་ཌཱཀྐིའི་བརྡ་གླུ་ཡི་གེའི་རིས་སུ་ཕབ་པའི་ལྷ་སྒང་གནས་བསྟོད་དུ། རྗེ་བཙུན་སེང་ལྡིང་ནགས་ཀྱི་ཏཱ་རེ་མའི༔ གསང་གསུམ་སྒྱུ་འཕྲུལ་ས་སྐྱོང་དབང་མོའི་ཚུལ༔ རྒྱ་བཟའ་ཀོང་ཇོ་རྒྱལ་པོའི་བཙུན་མོ་རུ༔ མངའ་གསོལ་ཕུལ་ཚེ་སྔོན་གྱི་སྨོན་ལམ་སྟོབས༔ བོད་དུ་འབྱོན་ཚེ་སྐུ་རྟེན་རྣམ་པ་གསུམ༔ བོད་དུ་ཆས་པའི་ཕེབས་རྫོང་གནང་བ་ལགས༔ དེ་ནས་ཡར་བྱོན་མདོ་ཁམས་སྒང་དྲུག་ལས༔ ཤར་ཕྱོགས་མི་ཉག་བཱ་ཡི་ལྷ་སྒང་དུ༔ རྒྱ་བཟའ་ཕྱག་ཕེབས་བློན་པོ་རྒྱ་ཡུལ་ལུས༔ དེ་ལ་རྗེས་ཆགས་སྔོན་སྦྱངས་ལས་འཕྲོ་དང་༔ སྨོན་ལམ་དུས་བབས་རྒྱལ་བས་ལུང་བསྟན་བཞིན༔ མདོ་སྨད་ཕྱོགས་ཀྱི་ཚོགས་བསགས་ཞིང་གྱུར་པ༔ ལྷ་དགའ་རིགས་གསུམ་མགོན་པོའི་གནས་རིའི་ཞོལ༔ ཐུགས་བསྐྱེད་ལས་བྱུང་ལས་བཞིའི་མཆོད་རྟེན་དང་༔ བརྒྱ་རྩ་བརྒྱད་ཀྱི་ཐུགས་བསྐྱེད་རྫུ་འཕྲུལ་གྱི༔ སྟོབས་བསྐྲུན་ཇོ་བོ་མཐོང་བ་དོན་ལྡན་ཉིད༔ གནས་འདིར་རྟེན་བཞུགས་བཀྲ་ཤིས་སྨོན་ལམ་མཛད༔ ཞེས་སོགས་གསུངས། ༼༩ ཡང་གསང་མཁའ་འགྲོའི་ཐུགས་ཀྱི་ཏི་ཀ་ལས༔ ལྷ་སྒང་རིང་མོའི་གནས་ཀྱི་དཀར་ཆག་ཞེས་པ་ལས། དེ་ནས་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ༔ ཡེ་ཤེས་ལྷ་ཡི་སྤྲུལ་པ་ཨེ་འཇོ་ཞེས༔ རྗེ་བཙུན་སྒྲོལ་མ་དངོས་ཀྱི་དབང་མོ་ཉིད༔ དམ་ཚིག་དབང་གིས་ཤར་ནས་ནུབ་ཏུ་ཤར༔ མཚོ་ལུང་གནས་དེར་ས་ཡི་བྱིན་རླབས་གཟིགས༔ ཞེས་དང་། དེ་ནས་རྒྱ་གར་ཨུ་པ་ར་ཛཱ་ཉིད༔ སྲས་ཀྱི་བསྐལ་བར་བལྟམས་ཤིང་གྲོངས་པ་ཡི༔ སྐུ་གདུང་མཆོད་རྟེན་གཡས་ཕྱོགས་ཁང་པར་བཞེངས༔ ཞེས་སོགས་ཡིག་ཆ་དུ་མ་ཞལ་མཐུན་པར་ཀོང་ཇོ་དཔོན་གཡོག་ཁམས་ཀྱི་མགར་ཐར་དུ་ཕེབས་པར་གསུངས། རྟའུ་དང་གཡི་ཁོག་བརྒྱུད་ནས་ཕེབས་པའི་ངག་རྒྱུན་ཡོད་པར་རྟའུ་ཉ་མཚོ་དགོན་པའི་བླ་མ་རྡོ་རྗེ་དབང་ཕྱུག་སོགས་ཀྱིས་གསུངས། དེ་ཡང་ཨོང་ཅོང་དང་། ཨེ་འཇོ་ནི་ཀོང་ཇོའི་མིང་གི་རྣམ་གྲངས་སུ་འདུག ཁྱད་པར་གོང་དུ་བཀའ་ཆེམས་ཀ་ཁོལ་མར་ཀོང་ཇོ་ལ་ལམ་དུ་སྲས་ཤིག་འཁྲུངས་ནས་གྲོངས་པར་གསུངས་པ་དང་། ལྷ་སྒང་དགོན་དུ་ཀོང་ཇོའི་སྲས་ཀྱི་གདུང་རུས་ཡོད་པར་བཤད་དུ་ཡོད་པ་དང་། ལོ་རྒྱུས་ཀྱི་ཡིག་ཆ་དུ་མ་ན་ཀོང་ཇོ་དཔོན་གཡོག་མི་ཉག་མགར་ཐར་ཕྱོགས་སུ་བྱོན་པར་གསལ་བ་དང་། གནའ་བོའི་རྒན་རབས་པ་དུ་མའི་ངག་རྒྱུན་སྣ་ཚོགས་ཤིག་ཡོད་པ་དེ་དག་མཐའ་གཅིག་ཏུ་བདེན་པ་མིན་ཞེས་སུ་ཞིག་གིས་སྨྲ་བར་སྤོབས། མདོ་མང་གཡང་ཐང་རིན་པོ་ཆེས་ཀོང་ཇོས་བོད་ཀྱི་ས་གནས་ཀུན་ལ་གཟིགས་མོ་བྱས་ཤིང་ས་གནད་གལ་ཆེ་བ་རྣམས་སུ་གཙུག་ལག་ཁང་དང་རྟེན་བཞེངས་མཛད་ནས་ཡར་ཕེབས་པ་ཡིན་གསུངས། དེས་ན་སྐབས་དེར་གཡུ་ཁོག་ཏུ་དཔོན་དང་སྡེ་བ་སོགས་ཇི་ལྟར་ཡོད་མ་ཤེས་མོད། བློན་པོ་མགར་སྟོང་བཙན་དང་། ལྷ་གཅིག་རྒྱ་བཟའ་ཀོང་ཇོ་སོགས་ཀྱིས་ཞབས་ཀྱིས་བཅགས་པ་དང་། འཛམ་གླིང་ན་དཀོན་པའི་རྟེན་མཆོག་ཇོ་བོ་ཤཱཀྱ་མུ་ནེ་ཡང་མདོ་ཁམས་གཡུ་ཁོག་གི་ས་ཆ་འདི་ཉིད་བརྒྱུད་ནས་ཡུལ་དབུས་ལྷ་ལྡན་དུ་སྤྱན་དྲངས་པ་ཡིན་ཞེས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་བྱས་སོ།།

གཉིས་པ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སྐབས།

དེ་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་དུས་རབས་བརྒྱད་པའི་ནང་དུ་ཡང་། གཡུ་ཁོག་ཡུལ་གྱི་དཔོན་དང་སྡེ་འབངས་སོགས་འདི་ལྟར་ཡིན་ཞེས་གསལ་བར་བཤད་པའི་ཡིག་ཆ་དང་། ངག་རྒྱུན་ལོ་རྒྱུས་སོགས་ཁོ་བོའི་སྤྱོད་ཡུལ་དུ་མ་གྱུར་པས་མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་སྨྲ་བར་མི་ནུས་མོད། རང་གི་རྟོག་ངོར་འཆར་ཚོད་མདོ་ཙམ་འགོད་ན། ལོ་ཆེན་བཻ་རོ་ཙ་ན་རྒྱལ་རོང་དུ་སྤྱུགས་སྐབས། གཡུ་ཁོག་དང་གསེར་ཁོག་སོགས་ཡུལ་གྲུ་མང་པོ་ཞིག་རྒྱལ་པོ་མདོ་གཞེར་ནག་པོའི་མངའ་ཁོངས་སམ་ཤར་རྒྱལ་མོ་ཚ་བ་རོང་གི་ཁོངས་སུ་གཏོགས་པར་གསལ་ཏེ། ས་ཆའི་འཁོར་ཕྱོགས་དང་། གནམ་གཤིས་དྲོ་གྲང་། ས་ཆ་ཕལ་ཆེ་བ་དེང་སྐབས་ཀྱང་རྨོ་རྐོ་སོ་ནམ་བྱེད་སའི་རོང་ཁུལ་ཡིན་པ་དང་། ངག་རྒྱུན་དུ། སྔོན་གཡུ་ཁོག་གི་ས་མིང་ལ་རོང་ཆུང་ཁོག་ཟེར་ཞིང་གཡུ་མཁར་རལ་གྲི་ཐང་སོགས་སུ་ཞིང་ལས་སོ་ནམ་བྱེད་མྱོང་བར་བཤད་པ་དང་། སྔོན་གྱི་དུས་སྐབས་སུ་གཡུ་ཁོག་ཙམ་དུ་མ་ཟད་ལི་རྩང་སོགས་ཡུལ་གྲུ་དུ་མ་ཞིག་རོང་ཤིང་སྒོ་ཅན་གྱི་སྡེ་བ་རེ་ཡིན་ཀྱང་། ཕྱིས་སུ་རབ་བྱུང་གསུམ་པའི་ནང་ཧོར་ཇིང་གིར་རྒྱལ་པོས་བོད་ལ་དམག་དྲངས་རྐྱེན་སྐབས་དེའི་རོང་སྡེ་དུ་མ་ཡུལ་མ་ཟིན་པར་འབྲོག་པར་གྱུར་བ་ཡིན་ཞེས་བཤད་སྲོལ་ཡོད་པ་དང་། གཡུ་ལུང་རིང་མོའི་ཕྱེད་ག་མན་ཆོད་ཀྱི་སྡེ་བ་དེང་སྐབས་ཀྱང་རྒྱལ་རོང་ཁྲོ་སྐྱབས་ཀྱི་སྡེ་འབངས་ཡིན་པ་ཙམ་དུ་མ་ཟད། ཁོང་ཚོའི་སྲོལ་རྒྱུན་དང་ཁ་སྐད་ཚུན་ཆད་རྒྱལ་རོང་འཁྲུལ་མེད་དུ་ཡོད་པ་དང་། རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་དུ། ཀླུ་དབང་སྤྲུལ་པ་རྒྱལ་མོ་ཚ་བའི་རོང༔ ལུང་རིག་མིང་ཅན་དགོངས་པའི་གཏེར་མངའ་བ༔ ཞེས་དང་། ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་རུ། ཤར་ཕྱོགས་རྒྱལ་མོ་རོང་གི་ཆར༔ མཐའ་མིའི་རིགས་ལ་ཤེས་རབ་ཅན༔ ཞེས་དང་། ཡང་ཟབ་མཁའ་འགྲོའི་གབ་ཐིག་ལས། ལས་ལྡན་བུ་མོ་མཚོ་རྒྱལ་ཁྱོད༔ མ་འོངས་སུམ་ཅུ་ཁ་རལ་དུས༔ རྒྱལ་མོ་རོང་གི་ཤར་གྱི་ཕྱོགས༔ དགེ་བསྙེན་གཡུ་ཁྲོམ་བརྟེན་པའི་ལྗོངས༔ ཁྱེད་ཉིད་སྤྲུལ་པ་སཔྟ་འབྱུང༔ ཞེས་སོགས་གཡུ་ཁོག་རྒྱ་སྤྲུལ་དང་ཧོར་བླ་སོགས་འཁྲུངས་ཡུལ་གཡུ་ཁོག་ཡིན་ཀྱང་། གཏེར་ལུང་རྣམས་སུ་རྒྱལ་རོང་ཡིན་པར་གསུངས་པ་དང་། གཞན་ཡུལ་ལྷ་བསང་མཆོད་དུ་མ་ཞིག་ཏུ་ཡང་ཡུལ་ལྷ་དེ་དག་རྒྱལ་རོང་གི་སའི་ཆ་ཤས་གཡུ་ཁོག་ཏུ་ཡོད་པར་བསྟན་པ་ལ་གཞིག་ན། གཏེར་ལུང་རྣམས་ནི་ཨོ་རྒྱན་ཆེན་པོའི་གསུང་ཡིན་པ་དང་། ཡུལ་ལྷ་སོ་སོའི་བསང་མཆོད་རྩོམ་པ་པོའམ་ཕབ་མཁན་གྱི་གནའ་བོའི་སྐྱེས་བུ་རྣམས་ཀྱིས་ཀྱང་རང་གར་ཁུངས་མེད་དུ་དེ་ལྟར་སྨྲས་པ་ག་ལ་ཡིན། ཡང་ཕྱོགས་གཞན་ནས་བརྟགས་ན། ཝ་ཤུལ་གསེར་ཐར་གྱི་སྟོད་ན་ཡོད་པའི་མགོན་པོ་འབྲོང་རི་སྨུག་པོ་ལ། ཤར་རྒྱལ་མོ་རོང་གི་འཕྲུ་ཏོག མཚན་ནས་བརྗོད་ན་རྒྱལ་རོང་བྲག་ལྷ་མགོན་པོ་ཞེས་ཡོངས་སུ་གྲགས་པའི་ཕྱིར་རོ། །ལོ་ཆེན་བཻ་རོ་ཙཱ་ན་རྒྱལ་མོ་རོང་གི་རྒྱལ་ས་གཟི་འགག་ཏུ་བྱོན་ནས་གསང་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར། མདོ་ལུགས་ཀྱི་དགོན་པ་ཆུ་ཕོ་ནོར་བུའི་གླིང་དང་། སྔགས་ལུགས་ཀྱི་ཁྲོ་ཆུ་བདུད་འདུལ་གླིང་གཉིས་གསར་དུ་བཏབ། རྩང་སྔོན་ལེགས་གྲུབ་ཀྱི་སྐྱེ་བ་རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་། རྒྱལ་པོའི་སྲས་མོ་གཡུ་སྒྲ་སོགས་ཐུགས་ཟིན་གྱི་སློབ་བུ་གྲངས་མང་བྱོན། རྒྱལ་མོ་རོང་གི་གཞི་བདག་མ་རུང་བ་ཐམས་ཅད་དམ་ལ་བཏགས། ཤིན་ཏུ་འདུལ་བར་དཀའ་བ་རྣམས་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་རྒྱལ་མོ་རོང་དུ་རྫུ་འཕྲུལ་གྱིས་ཕེབས་ཤིང་སྟག་ཞོན་རྡོ་རྗེ་ཁྲོ་བོའི་སྐུར་བཞེངས་ནས་བཀའ་དང་དམ་ལ་བཞག གཡུ་དང་རྩང་གི་གཞི་བདག་རྣམས་ཀྱང་སངས་རྒྱས་བསྟན་དང་གཏེར་གྱི་བསྲུང་མར་བསྐོས་ཤིང་གཏེར་གྱི་གཉེར་བྱང་གཏད་པར་ཡུལ་ལྷ་སོ་སོའི་བསང་མཆོད་སོགས་སུ་གསལ་བ་སྟེ། གཡུ་ཁྲོམ་བསང་མཆོད་བདུད་རྩིའི་སྤྲིན་ཕུང་དུ། ཁྱད་པར་མདོ་ཁམས་སྒང་དྲུག་གི། གཞི་བདག་ཆེ་ཕྲན་ཡུལ་ལྷའི་གཙོ། །གཏེར་སྲུང་རྡོ་རྗེ་གཡུ་ཁྲོམ་རྩལ། །སྔོན་ཚེ་བསྐལ་པའི་དང་པོ་ལ། །གཤེན་རབ་བོན་ལ་ཐ་ཚིག་སྔ། །བར་དུ་རྣམ་སྣང་ལོ་ཙ་བ། །རོང་ཆེན་བཞི་ཡི་གདུལ་བྱ་རྣམས། །གསང་ཆེན་ཐེག་པའི་ཉེ་ལམ་ལ། །འགོད་ཕྱིར་རྒྱལ་མོ་རོང་དུ་ཕེབས། །དེ་ཚེ་ནག་ཕྱོགས་ལྷ་སྲིན་ཀུན། །གནོད་འཚེའི་བར་ཆད་ལ་ཞུགས་ཚེ། །སྟོན་འཁོར་དགོངས་པ་གཅིག་པ་ཡིས། །ཐུགས་དམ་གསོལ་འདེབས་ཀྱིས་བསྐུལ་བས། །འཆི་མེད་པདྨ་ཐོད་ཕྲེང་རྩལ། །གུ་རུ་དྲག་པོའི་བརྟུལ་ཞུགས་ཀྱིས། །སྟག་ཞོན་མཁའ་ལ་རླུང་ལྟར་བསྐྱོད། །རོང་ཁམས་ལྷ་སྲིན་མ་ལུས་པ། །བསྟན་འགྲོར་ཕན་བདེ་སྤེལ་བའི་ཆེད། །འགྱུར་མེད་བཀའ་དང་དམ་ལ་བཏགས། །ཞེས་དང་། ཆུ་དབར་ཏཱ་རེའི་བསང་མཆོད་དུ། སྔོན་ཚེ་གསང་སྔགས་བསྟན་པ་བོད་དར་ཚེ། །བཻ་རོའི་གདུལ་བྱ་རྒྱལ་མོ་རོང་དུ་གཟིགས། །བོན་སྐྱོང་ཡུལ་ལྷ་རྣམས་ཀྱིས་བར་ཆད་བརྩམས། །དེ་ཚེ་བཻ་རོས་པད་འབྱུང་གསོལ་བཏབ་མཐུས། །ཨོ་རྒྱན་སྟག་ཞོན་མཁའ་ལ་རླུང་ལྟར་བྱོན། །ཞེས་སོགས་དང་། གནས་ལུང་གི་བསང་མཆོད་དུ། སྔོན་གྱི་ཐ་ཚིག་གཡུང་དྲུང་བོན་ལ་སྔ། །བར་དུ་པ་གོར་བཻ་རོ་ཙ་ན་སོགས་། །དམ་པ་མང་པོས་དམ་ལ་བཞག་པ་ཡི། །ཡུལ་སྐྱོང་གཡུང་དྲུང་ལྷ་རྩེ། ཞེས་དང་། ར་ཆགས་རྡོ་རྗེ་ལྷ་རྩེའི་བསང་མཆོད་དུ། སྔོན་ཚེ་རྣམ་སྣང་ལོ་ཙཱ་བཻ་རོ་ཡིས། །མདོ་ཁམས་གྲུ་འཛིན་བྲག་དམར་རྨོག་བཟང་དུ། །དྲེགས་པ་ལྷ་སྲིན་ཆེ་དགུ་དབང་བསྡུས་ནས། །སངས་རྒྱས་བསྟན་དང་གཏེར་གྱི་སྲུང་མར་བསྐོས། །དེ་ཚེ་དབྱར་དམ་ཕོག་པའི་དགེ་བསྙེན་ཆེ། །ཤྭ་ཁྲ་མིག་དམར་རྡོ་རྗེ་ལྷ་རྩེ་ཞེས། །ཞེས་སོགས་གཡུ་ཁོག་གི་གཞི་བདག་ཕལ་ཆེར་བཀའ་དམ་ལ་བཞག་པར་གསལ། བཻ་རོའི་རྣམ་ཐར་པདྨའི་དགའ་ཚལ་ལས། དེ་ནས་བཻ་རོ་རྒྱལ་བློན་བཙུན་འབངས་བཅས༔ ཚ་བ་རོང་གི་རྒྱལ་ཁམས་ཐམས་ཅད་ཉུལ༔ ཁྱད་པར་གནས་ཆེན་སུམ་ཅུ་རྩ་བརྒྱད་བཙལ༔ གནས་ཆེན་བྱིན་དབབ་ས་གཞི་བྱིན་གྱིས་བརླབས༔ ཟབ་མོའི་གཏེར་སྦས་སྲུང་མ་རྣམས་ལ་བཅོལ༔ བདེ་གཤེགས་སྤྱན་དྲངས་དངོས་སུ་བཞུགས་བསྟིམས་མཛད༔ རྒྱལ་བློན་འབངས་བཅས་བྱིན་ཆགས་བཞུགས་པ་ལ༔ བཻ་རོའི་ཐུགས་ལས་འོད་ཟེར་ནུབ་ཕྱོགས་འཕྲོས༔ རིག་འཛིན་གུ་རུ་པདྨ་འབྱུང་གནས་ལ༔ འཁོར་དུ་མཁའ་འགྲོ་སྡེ་བཞིས་བསྐོར་ནས་བྱོན༔ ཞེས་དང་། གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་མཛད་པའི་རྫ་བྲག་མདོའི་གནས་བསྟོད་འབྲེལ་ཚད་མྱུར་གྲོལ་ལས། སྔོན་ཚེ་རྡོ་རྗེ་གྲོ་ལོད་ཀྱིས། །རྩུབ་འགྱུར་རྒྱལ་མོ་ཚ་རོང་གི། །གནས་ཆེན་རྒྱལ་མོ་མུ་རྡོ་དང་། །ཝ་སེང་བྲག་སོགས་ལྔ་ཚན་ལྔའི། །གནས་རྣམས་བྱིན་གྱིས་བརླབས་པའི་ཚེ། །ཞེས་བཻ་རོས་རྒྱལ་རོང་གི་གནས་མང་པོ་ཞིག་ཏུ་ཟབ་གཏེར་དཔག་ཏུ་མེད་པ་སྦས་པར་གསུངས་པ་ལས་གཡུ་ཁོག་དང་རྩང་ཕྱོགས་ཀྱི་གནས་རི་རྣམས་ནི་དེའི་གྲས་སུ་ཡོད་པ་སོ་སོའི་གནས་ཡིག་དག་ལས་གསལ། སྐབས་དེར་གཡུ་ཁོག་གི་གཞི་བདག་རྣམས་ནི་བོན་སྐྱོང་གི་གཞི་བདག་དང་། ཆོས་ལུགས་ནི་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཛིན་པ་ཤ་སྟག་ཡིན་པར་བཤད་དོ།།

གསུམ་པ་གླིང་གེ་སར་གྱི་སྐབས།

དེ་ཡང་གླིང་གེ་སར་རྒྱལ་པོ་དཔའ་ཐུལ་ཕུ་ནུ་ལྷ་འཁོར་དང་བཅས་པའི་སྐུ་དུས་སུ། གཡུ་ཁོག་ཡུལ་གྱི་ས་ཆའི་སྤྱི་མིང་ལ་གཡུའི་རོང་ཆུང་ཁོག་ཟེར་ཞིང་། གཡུ་རོང་སྒེག་གི་རྒྱལ་པོའམ། སྒེག་ཙི་ལིའི་རྒྱལ་པོ་ཟེར་བ་གཡུང་དྲུང་བོན་གྱི་ཆོས་ལ་དད་པ་ཞིག་གིས་གཡུའི་སྟོད་སྨད་སྒེག་དང་བཅས་པ་བཟུང་ཡོད་པ་དང་། གླིང་གེ་སར་སྐུ་འཁོར་གཡུ་ཁོག་ཏུ་ཐེངས་གཉིས་བྱོན་པར་བཤད་དེ། ཐེངས་དང་པོར་སྟག་རོང་གི་ལྷ་གཡག་རྩད་གཅོད་དུ་ཕེབས་ནས་གཡུ་གླིང་འདུན་མ་གཏམ། ཐེངས་གཉིས་པར་རྒྱ་ནག་ཇ་རྫོང་འབེབས་སྐབས་མཁོ་བའི་ནོར་རྫས་འགའི་ཆེད་དུ་ཕེབས་པའི་ལོ་རྒྱུས་ཡོད་པར་མ་ཟད་གཡུ་སྒེག་གཉིས་ཀྱི་འདུས་མཚམས་སུ་གཡུ་རོང་རྒྱལ་པོའི་མཁར་ཤུལ་དང་། སྒེག་གི་ངོས་རིང་། འཁྱིལ་ཆེན་སྨར་མདོ། གཡུའི་སེའུ་ལུང་བཅས་སུ་མཁར་ཤུལ་དང་། མདེའུ། མདུང་སོ། ས་ཕག་སོགས་ས་འོག་ནས་ཐོན་པ་མང་ལ། ཆོས་ཁྲིའི་ཐང་དུ་གེ་སར་ཟངས་དཀར་དང་སྦྲ་མལ། དབྱི་སྙིང་ལ་ཁ་ན་སྤྱི་དཔོན་ལྷ་མདའ། བདར་རྡོའི་ཐང་དུ་བདར་རྡོ། ཤོ་རྡེའུ་ཐང་དུ་ཤོ་རྡོ། རལ་གྲིའི་ཐང་རྩེར་ཇོ་རུའི་ཞབས་རྗེས་དང་། རྟ་ཕུར། ར་ཆགས་ཁ་ན་བདུད་རྗེས་དང་། ཇོ་རུའི་ལྷ་མདའ་འཕངས་ཤུལ། ཆུ་དབར་ཁོག་ཏུ་གེ་སར་སྒྲུབ་ཕུག་སོགས་ངོ་མཚར་ཤུལ་རྟེན་དང་། ངག་རྒྱུན་ལོ་རྒྱུས་ཡ་མཚན་པ་དུ་མ་ད་ལྟའི་བར་བཤད་དུ་ཡོད་པ་ཡིན། གླིང་གེ་སར་གྱི་འཁྲུངས་ལོ་ལ་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་བཞེད་ཚུལ་མི་མཐུན་པ་དུ་མ་ཡོད་ཀྱང་། མཁས་པ་ཕལ་ཆེ་བས། རབ་བྱུང་དང་པོའི་ས་སྟག་༼༡༠༣༨ ༡༡༢༥༽ལོར་སྐུ་འཁྲུངས་པར་བཞེད། དེའི་རྒྱུ་མཚན་ཡང་སྔར་གླིང་ཚང་རྒྱལ་པོའི་ཁྱིམ་རྟེན་ལྡོང་གི་ཐང་ཡིག་ཏུ། སྟག་གི་མགོ་ལ་སྦྲུལ་གྱི་མཇུག་མ་ཅན། ཞེས་སྟག་གི་ལོ་ལ་སྐུ་འཁྲུངས་ཤིང་སྦྲུལ་གྱི་ལོ་ལ་འདས་པར་གསུངས་པ་དང་། རླངས་ཀྱི་པོ་ཏི་བསེ་རུར། རླངས་བྱང་ཆུབ་འདྲེ་བཀོལ་༼༩༦༨ ༡༠༧༦༽གླིང་གེ་སར་གྱི་བླ་མར་གྱུར་བར་མ་ཟད་ཁོང་གིས། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར། །སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན། །ཅེས་གླིང་གེ་སར་ལ་དགུང་ལོ་བརྒྱད་ཅུ་གྱ་བརྒྱད་ཀྱི་ཚེ་ཚད་བཞག་པ་དང་། རྗེ་ཙོང་ཁ་པའི་དངོས་སློབ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་རབ་བྱུང་བདུན་པའི་ནང་དུ་མཛད་པའི་གུ་གེའི་རྒྱལ་རབས་ཆོས་འབྱུང་དུ། ཆུ་ཕག་༼༡༠༨༣༽ལོར་བོད་བཙན་པོའི་གདུང་རྒྱུད་ལྷ་གཅིག་རྩེ་ལྡེ་དང་གླིང་གེ་སར་མཇལ་འཕྲད་མཛད་ཚུལ་གསུངས་པ་དང་། ཀཿདམ་པ་བདེ་གཤེགས་༼༡༡༢༢ ༡༡༩༢༽དགུང་གྲངས་སོ་དགུའི་སྟེང་ལྷ་སྲས་དགྲ་ལྷ་འདས་སར་ཕེབས་པས་རལ་གྲི་ཡ་ཟི་སྐར་ཕྲན་སོགས་འབུལ་བ་བཞེས་ཚུལ་རྣམ་ཐར་དུ་གསལ་བ་དེ་ཡང་གླིང་གེ་སར་འདས་ནས་ལོ་སུམ་ཅུ་ལྷག་གི་རྗེས་ཡིན་པ་སོགས་དང་འགྲིགས་པས་སོ། །གཡུ་ཁོག་བྱ་བྲལ་བའི་སྐུ་མཆེད་གཡུ་ཁོག་གི་སྒྲུང་བ་ཁྱི་ཤུལ་རིག་བཟང་གིས་ནི་གླིང་གེ་སར་མེ་བྱི་༼༡༠༣༦༽གླང་གི་ཟླ་བའི་ཚེས་བཅུ་གསུམ་ལ་འཁྲུངས་བར་གསུངས་ཤིང་དགུང་གྲངས་བཅུ་གསུམ་བཞེས་པ་ས་ཕོ་བྱི་བའི་ལོར་ཨ་ནེ་གུང་སྨན་རྒྱལ་མོས་ལུང་བསྟན་ནས། ཉག་གི་ཨ་བསེ་རྒྱལ་པོ། མི་ཉག་ཁྲི་བཙུན་རྒྱལ་པོ། གཡུ་རོང་སྒེག་གི་རྒྱལ་པོ་གསུམ་དབང་དུ་བསྡུས་ནས་ཕྱོགས་ཀྱི་རྫོང་ཁག་འབེབ་དུས་མཁོ་བའི་གཅེས་ནོར་རྣམས་གླིང་ལ་ལེན་དགོས་གསུངས་པ་ལྟར། བུ་ཇོ་རུས་ཨ་ཁུ་ཁྲོ་ཐུང་ཚང་གི་ལྷ་ལུག་དང་། ལྷ་རྟ། ལྷ་གཡག་གསུམ་བཤས་ནས་རྐུན་མས་ཁྱེར་ཁུལ་གྱི་རྗེས་སྣེ་ས་གནས་སོ་སོར་བཞག་ཅིང་། ལྷ་གཡག་གི་རྩད་གཅོད་དུ་ཁྲ་མོ་གླིང་གི་ལས་དམག་གཡུའི་རོང་ཆུང་ཁོག་ཏུ་ཕབ་ཅིང་། ཁྲོ་ཕུ། ཁྲོ་ཤར། ཁྲོ་མདའ་གསུམ་ལ་ཁྲོ་ཐུང་གི་དམག་སྒར་བབས། སྒེག་གི་ལུང་པར་འདན་མའི་དམག་བབས། ཆོས་ཁྲིའི་ཐང་ལ་ཆེ་རྒྱུད་ཚང་གི་ལས་དམག་བབས་ཤིང་། བོད་ཕྲུག་མི་ཆུང་ཁ་བདེས་ཕན་ཚུན་འཕྲིན་པ་བྱས་ནས་གཡུ་གླིང་འདུམ་འགྲིག་སྟག་སེང་ཁ་སྤྲོད་བྱུང་། གཡུ་རོང་རྒྱལ་པོས་གཅེས་ནོར་རྣམས་གླིང་ལ་ཕུལ། དབྱི་སྙིང་དགྲ་བླའི་སྒང་ལ་ལྷ་གསོལ། གཡུ་མཁར་རལ་གྲིའི་ཐང་དུ་རྟ་བརྒྱུགས། འཁྱིལ་ཆེན་ཤོ་རྡེའུ་ཐང་དུ་ཤོ་འཕངས། སྒེག་གི་བདར་རྡོའི་ཐང་དུ་མཚོན་བདར། བྲག་དམར་བོལ་གོང་ཐང་དུ་སྟོབས་འགྲན། གྱུ་ཁུག་རྟ་ཤར་རྩེ་ནས་རི་གཟིགས་མཛད་པ་སོགས་དགའ་སྟོན་གྱི་མཛད་སྒོ་སྣ་ཚོགས་བྱས་མཐར། ལྷ་སྲས་ཇོ་རུས་དབྱི་སྙིང་དགའ་བའི་ཚལ་དུ་གཡུ་ཕུག་རོན་ཙམ་དང་། ཆོས་ཁྲིའི་ཐང་དུ་ཟངས་དཀར་གཡང་རྫས་ཀྱིས་བཀང་བ་གཏེར་དུ་སྦས། གཡུ་རོང་རྒྱལ་པོ་རང་སར་དཔོན་དུ་བཞག དེ་རྗེས་གླིང་གེ་སར་དགུང་གྲངས་ཉེར་ལྔའི་དུས་རྒྱ་ནག་པོར་བཤོལ་རྟ་སྤྲད་པའམ་རྒྱ་ནག་ཇ་རྫོང་འབེབ་དུ་ཕེབས་དུས་ཡང་བསྐྱར་གཡུ་ཁོག་ཏུ་ཐེངས་གཅིག་ཕེབས་མྱོང་བར་བཤད། དེ་ཡང་ཨ་ཁུ་ཁྲོ་ཐུང་གིས་རྒྱ་ནག་རྒྱལ་པོའི་བླ་རྟ་མུ་ཏིག་དུང་སྒོང་ཐབས་ཀྱིས་བརྐུས་པ་ཆུ་དུག་གིས་ཤི། དེ་ནས་ཨ་ཁུ་ཁྲོ་ཐུང་གིས་རྟ་རྐུ་མཁན་ཁྲ་མོ་གླིང་པ་ཡིན་པའི་ཡི་གེ་རྟ་མགོའི་ནང་དུ་བཅུག་ནས་ལ་ཅས་ཁ་སྦྱར་ནས་ཆུ་ལ་བསྐུར་བ། རྒྱ་ནག་གི་ཉ་བ་ཚོས་རྙེད་ནས་རྟ་མགོའི་ནང་གི་ཡི་གེ་རྒྱལ་པོར་སྤྲད་པས་རྒྱ་ནག་རྒྱལ་པོས་འབུམ་དམག་གླིང་ལ་ཕབ་ཏུ་ཉེ་བ་ན། ལྷ་ཡི་ལུང་བསྟན་ལྟར། གེ་སར་རྒྱལ་པོས་ནག་པོ་རྒྱ་ལ་མཁོ་བའི་ནོར་རྫས་རྣམས་སྟ་གོན་བྱས་ཤིང་། ཁྱད་པར་ཤ་བ་རྒད་པོའི་ཀླད་ཁྲག་ཞེས་ས་རྩི་དམར་པོ་དང་། ཤ་མ་རྒན་མོའི་ནུ་ཞོ་སྟེ་ས་རྩི་དཀར་པོ་གཉིས་གཡུའི་རོང་ཆུང་ཁོག་ཏུ་ཡོད་པ་བླངས་ཏེ་གཡུའི་ཆུ་དབར་ཁོག་བརྒྱུད་ནས་ཕེབས་པར་བཤད། སྤྱིར་དངོས་བྱུང་ལོ་རྒྱུས་ལ་ལྷ་སྒྲུང་གི་ཤན་འདྲེས་པའི་གེ་སར་སྒྲུང་ཡིག་རྣམས་ལོ་རྒྱུས་ཀྱི་ཁུངས་སུ་འདྲེན་འོས་མིན་མི་ཤེས་མོད། གེ་སར་རྒྱལ་པོ་མདོ་ཁམས་སུ་དངོས་བྱུང་གི་མི་སྣ་ཞིག་ཡིན་པ་དང་། གཡུ་ཁོག་གི་ཡུལ་འདིར་གེ་སར་རྗེས་ཤུལ་དུ་མ་དང་། གནའ་བོའི་ངག་རྒྱུན་སྣ་ཚོགས་ཡོད་པ་སོགས་ཀྱིས་ཡུལ་གྲུ་འདི་དང་འབྲེལ་བའི་སྐོར་མཚོན་ཙམ་བཀོད་པར་བྱས་པ་ཡིན། དེ་ནས་གཡུ་རོང་རྒྱལ་པོས་རང་གི་བུ་ལ་དཔོན་གྱི་གོ་གནས་སྤྲད་ཅིང་དམག་བུ་རྟའི་དཔུང་བསྐྱེད། སྡེ་འབངས་ལ་དཔྱ་ཁྲལ་བསྡུས། ཨ་སེན་རྦ་མདོར་མཁར་རྫོང་བརྩིགས། འགག་སྲུང་བཞག་ནས་ལམ་ཁྲལ་བསྡུས། གཡུའི་སྒེག་མདའ་རུ་ལམ་སྲུང་དང་ཁྲལ་ལེན་པ་བཞག་ནས་བསྡད་སྐབས། ཐེངས་ཤིག་སོག་ཡུལ་གྱི་མགྲོན་པོ་གླང་འདེད་ཞིག་ལ་ལམ་ཁྲལ་སྟེར་རྒྱུ་མེད་པས་ཨ་སེན་རྦ་མདོའི་ལམ་སྲུང་གིས་གླང་རྒྱབ་ཀྱི་སྒ་བླངས་ནས་བཏང་། སྒེག་མདོའི་ལམ་སྲུང་གིས་གླང་གི་དཔྱི་རྒྱབ་ནས་ཀོ་བ་ལྷམ་མཐིལ་ཙམ་བཅད་སོང་བ་སོག་ཨོ་ལོད་རྒྱལ་པོས་གོ་ནས་སོག་དམག་གཡུ་ཁོག་ཕྱོགས་སུ་དྲངས་ནས་གཡུལ་འཐབ་བྱས་པའི་ངག་རྒྱུན་ལོ་རྒྱུས་བཤད་དུ་ཡོད་དོ།།

བཞི་པ་གེ་འཕན་སོགས་ཀྱི་དུས་སྐབས།

བྲག་དགོན་པའི་མདོ་སྨད་ཆོས་འབྱུང་སོགས་སུ་གེ་འཕན་གཡུ་སྒེག་རྩང་གསུམ་ཞེས་བཤད་པ་ནི། སྒེག་ཙི་ལིའི་རྒྱལ་པོ་ཡབ་སྲས་ཀྱི་རྗེས་ཤིག་ཏུ་གེ་འཕན་གྱི་རིགས་རྒྱུད་ཀྱིས་གཡུ་དང་རྩང་སོགས་བཟུང་བར་འདུག གེ་འཕན་དེ་ཡང་བོད་ཀྱི་རུས་ཆེན་རྣམས་ལས་ཨ་སྤོ་ལྡོང་གི་རིགས་ཡིན་པས་དེའི་ཚུལ་ཅུང་ཟད་གསལ་བར་བཤད་ན། སྤྱིར་བོད་ཀྱི་རུས་ཆེན་རྣམས་ཐོག་མར་གྲོལ་ཚུལ་ལ་ལོ་རྒྱུས་འགའ་རེར། སྔོན་སྲིད་པའི་རྒྱལ་བུ་མཐིང་གྷེ་ཞེས་པར་བུ་གསུམ་བྱུང་བ་ལས་རྒྱ་བོད་ཧོར་གསུམ་གྱེས་པར་བཤད་པའི་བོད་ཡུལ་དུ་ཕ་ཤུལ་བཟུང་བའི་བུའི་མིང་ལ་བོད་མི་ཁྲི་དོ་ཆེན་པོ་ཟེར། དེ་ལ་བུ་བཞི། ཚ་ཞང་གཉིས་དང་དྲུག་བྱུང་། ཡབ་ཁྲི་དོ་ཆེན་པོས་བུ་དང་ཚ་ཞང་རྣམས་བོས་ནས་གཟུགས་དབྱིབས་ལ་དཔྱད་ནས་མིང་རེ་བཏགས་པ་ནི། བུ་ཆེ་བ་སྣ་ལྡོང་ངེ་བ་ཞིག་ཡིན་པས་མིང་ལ་ལྡོང་ཞེས་བཏགས། བུ་གཉིས་པ་འགྲམ་པ་སྟོང་ངེ་བ་ཞིག་ཡིན་པས་སྟོང་། བུ་གསུམ་པ་མགོ་སེ་ཡང་ངེ་བ་ཞིག་འདུག་པས་སེ། བུ་བཞི་པ་མཚུལ་བ་རྨུ་གོར་རེ་བ་ཞིག་ཡིན་པ་ལ་རྨུ། ཞང་པོ་ལ་དབའ་འམ་སྒོ་དང་། ཚ་བོ་ལ་བརྡའམ་ཟླ་ཞེས་བཏགས་པར་བཤད། གྱི་ལུང་མཁས་གྲུབ་རྣམ་གཉིས་ཀྱིས། བཀའ་ཆེམས་ཀ་ཁོལ་མ་ལས་གསུངས་པ་ལྟར་བོད་ཀྱི་རིགས་རྒྱུད་སྤྲེའུ་དང་བྲག་སྲིན་མོ་ལས་ཆད་པའི་དབང་དུ་བྱས་ཚེ། སྤྲེའུ་བྱང་ཆུབ་སེམས་དཔས་རང་གི་བུ་དང་ཚ་རིགས་གྲངས་བཞི་བརྒྱ་ཙམ་དུ་འཕེལ་སྐབས། ཚན་པ་སོ་སོར་ལྡོང་དང་། བསེ་དང་། དམུ་དང་། སྟོང་སྟེ་མིང་བཞིར་བཏགས། དེ་དག་ཀྱང་རང་ཚན་རང་ཚན་བྱས་ནས་ཕན་ཚུན་མ་འདྲེས་པར་གནས་པ་ལས་རིགས་བཟང་པོ་རྣམས་ཀྱིས་ལས་རྣམས་རང་ཤུགས་ཀྱིས་བསྒྲུབ། བོད་ཀྱི་ཡུལ་ལྷ་རྣམས་དྭངས་བ་ཆེན་པོས་མཆོད་པས་དེ་དག་ལ་ཞང་པོ་སྒོའམ་ལྷ་རིགས་སྒོ་ཡི་རིགས་ཟེར། ལྡོང་གི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་ཨ་སྤོ་ལྡོང་། བསེ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་བསེ་ཁྱུང་སྦྲ། དེ་བཞིན་དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ་ཚ་སྒ། སྟོང་གི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་ཨ་ལྕགས་འབྲི་སྟེ་འདི་དག་ལ་རུས་ཆེན་སྡེ་ལྔ་དང་། དེའི་ལྷག་མ་རིགས་ངན་པ་ཐམས་ཅད་ཕྱིས་སུ་ཚན་པ་གཉིས་སུ་བཅད། དེ་གཉིས་ལ་དབའ་དང་ཟླ་རིགས་ཞེས་དམངས་སམ་ཚ་ཞང་གི་རིགས་གཉིས་སུ་གྱེས་པ་སྟེ། སྔར་གྱི་མི་རིགས་བཟང་པོ་བཞི་དང་། དེའི་སྟེང་དབའ་དང་ཟླ་གཉིས་སོ་སོར་བརྩིས་པས་བོད་མི་བུ་རིས་དྲུག་ཞང་པོ་སྒོ་དང་བདུན་དུ་འཇོག་པར་བཤད་དོ།། ཨ་སྤོ་ལྡོང་གི་རིགས་ལས་རུས་ཆེན་བཅོ་བརྒྱད་བྱུང་བ་ནི། ཅོག་དང་ཅོག་ཙེ་ཅོག་རོ་གསུམ། །ཀླད་ཀྱི་ཞང་དང་འདྲ་བའི་བུ་གསུམ་ཡིན། །འབྲོང་དང་ཁྱུང་པོ་ཟླ་བ་གསུམ། །དཔྲལ་བའི་མིག་དང་འདྲ་བའི་བུ་གསུམ་ཡིན། །འབྲིང་དང་ལྷ་ལུང་ལྷ་རྩེ་གསུམ། །ལག་པ་གཡས་དང་འདྲ་བའི་བུ་གསུམ་ཡིན། །བྲང་དང་དགོས་པ་ཁུ་ན་གསུམ། །ལག་པ་གཡོན་དང་འདྲ་བའི་བུ་གསུམ་ཡིན། །ལྷ་དང་ཚེ་སྤོང་ལུ་ནག་གསུམ། །ལུས་ཁོག་པ་འདྲ་བའི་བུ་གསུམ་ཡིན། །སྙིང་དང་ཕོ་གོང་ཐག་བཟང་གསུམ། །ཁོག་པའི་སྙིང་དང་འདྲ་བའི་བུ་གསུམ་སྟེ། །དེ་རྣམས་ལྡོང་གི་རུས་ཆེན་བཅོ་བརྒྱད་ཡིན། །ཅེས་འབྱུང་། ཡང་ཕུ་བོ་ལྡོང་དང་། ཡུམ་མཆོག་འབྲི་སྣ་མ་གཉིས་ཀྱི་རྒྱུད་ལས་དཀར་པོ་ལྡོང་དང་། ནག་པོ་ལྡོང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་བཅས་བཞི་བྱུང་། སྨུག་པོ་ལྡོང་ལས་ལྡོང་གི་ཤུལ་ཆེན་བཅོ་བརྒྱད་དང་། ཚ་ཆེན་བཅོ་བརྒྱད་གྱེས་པར་བཤད་པའི་དང་པོ་ལྡོང་ཤུལ་ཆེན་བཅོ་བརྒྱད་ནི། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། དབལ་ཤུལ། རག་ཤུལ། ཕྱག་ཤུལ། ཧོར་ཤུལ། གཉན་ཤུལ། ཐར་ཤུལ། ནག་ཤུལ། དམག་ཤུལ། ཡོན་ཤུལ། སྣ་ཤུལ། རོང་ཤུལ། ཀ་ཤུལ། རྒྱ་ཤུལ། རྒྱོ་ཤུལ། མཁར་ཤུལ། ཡག་ཤུལ། སྔོ་ཤུལ། དྲག་ཤུལ་རྣམས་དང་། ཞེས་དང་། གསེར་ཐར་གྱི་ལོ་རྒྱུས་དང་སྲོལ་རྒྱུན་ལས། དབལ་ཤུལ། མགོ་ཤུལ། ཉན་ཤུལ། ཆོས་ཤུལ། ཡབ་ཤུལ། མ་ཤུལ། ཕྱུག་ཤུལ། སྤང་ཤུལ། སྨན་ཤུལ། ཚེ་ཤུལ། ཚོགས་ཤུལ། རུ་ཤུལ། ཕྱག་ཤུལ། འཕན་ཤུལ། རག་ཤུལ། ཁྲོ་ཤུལ། རྟ་ཤུལ། ཁྱི་ཤུལ་རྣམས་སོ། ཞེས་གསུངས། གཉིས་པ་ལྡོང་ཚ་ཆེན་བཅོ་བརྒྱད་ནི། ཀུན་དགའི་མེ་ལོང་ལས། ཏོག་ཚ། རྨོག་ཚ། འགོ་ཚ། ཕྱག་ཚ། ཁྲོམ་ཚ། དམུ་ཚ། རྐང་ཚ། ཟམ་ཚ། འཚམ་ཚ། རག་ཚ། ཧུར་ཚ། སྟག་ཚ། གཟི་ཚ། རྦུ་ཚ། སྨུག་ཚ། གཡི་ཚ། མཚུར་ཚ། རྐྱང་ཚའམ་ཚང་ཚ་རྣམས་ཡོད། ཅེས་དང་། གསེར་ཐར་གྱི་ལོ་རྒྱུས་དང་སྲོལ་རྒྱུན་ལས། ཏོག་ཚ། མགོ་ཚ། དོམ་ཚ། ཚབ་ཚ། རྐང་ཚ། ཕྱག་ཚ། རྨོག་ཚ། མདེའུ་ཚ། གོས་ཚ། སྤུ་ཚ། གཤེན་ཚ། སྦུ་ཚ། སྙན་ཚ། ཞིང་ཚ། ཉ་ཚ། གཡུ་ཚ། ཟངས་ཚ། བདུད་ཚ་རྣམས་སོ། །ཞེས་གསུངས། འདི་དག་གི་གྲངས་འདྲེན་ཚུལ་ལ་ཡིག་ཆ་རྣམས་གཅིག་མཐུན་ཞིག་མི་སྣང་། དེ་ལ་གེ་འཕན་ནི་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཝ་ཤུལ་ལས་མཆེད་པ་ཡིན་ཏེ། ཐོག་མར་མཚོ་སྔོན་པོའི་གཡས་རུ་ན་ཡོད་པའི་ཚོ་བཞི་དཔོན་ལྔ་ཟེར་བའི་དཔོན་ཚང་གི་བུ་རྒྱུད་རྣམས་མ་འཚམ་པར་སྲི་ཅན་དུ་གྱུར་ཚེ། བོན་པོའི་བླ་མ་བཀྲ་ཤིས་བཟང་པོས་རྟ་མགྲིན་དབལ་ཆུ་ཞིག་བསྐོལ་བའི་རྗེས་སུ་བུ་ཞིག་ཡོད་པ་འཚམས་སོང་བའི་མིང་ལ་དབལ་ཆུ་སྐྱབས་བཏགས། དེ་སོག་རྒྱལ་པོ་བྱ་རྣ་ཅན་གྱི་ནང་བློན་དུ་གྱུར། རྗེས་སུ་རྒྱལ་བློན་བར་མི་འཐད་པ་བྱུང་བས་སོག་རྒྱལ་པོས་དབལ་ཆུ་སྐྱབས་ཁྲིམས་ལ་བཟུང་ཀྱང་ཁོ་ཁྲིམས་ཁང་གི་ཝ་ཁ་ནས་མཆོངས་ཏེ་ཤོར་སོང་བས་ཝ་ཤུལ་ཐོགས། དེའི་མི་རབས་འགའ་ན་དབལ་ཆེན་ཕུར་བ་ཐར་ཟེར་བ་བྱུང་། དེ་ནི་གཟུགས་མི་སྡུག་པ་ཞིག་ཡིན་པས་ངན་མིང་ལ་ལྡོང་མི་ནག་གུག་གུ་ར་སྐད་ཟེར། དེ་ལ་བུ་གེ་ལུ་དང་། བུ་ཆུང་། གཡོག་མོའི་བུ་ཨ་སྐྱབས་བཅས་གསུམ་ཡོད་པའི་ཆེ་བ་གེ་ལུ་ལ་བུ་གེ་ཙེ། གེ་འཕན། གེ་རྒྱལ། བན་དེ་སྐྱབས་དང་བཞི་ཡོད། ལྡོང་མི་ནག་འཆི་ཁར་ཨ་མཆོད་བོན་པོའི་བླ་མ་ཞིག་ཡོད་པ་ལ་ཁོའི་གདུང་བཞུ་གནས་དང་། བཞུ་ཚུལ། རྟེན་འབྲེལ་བརྟགས་ཚུལ་སོགས་གསང་བའི་སྒོ་ནས་ཁ་ཆེམས་བཞག་ནས་གཤེགས། དེ་ནས་བོན་པོའི་བླ་མ་དེས་བག་གིའི་རྫ་རྒྱལ་ལ་རྒྱབ་རི་བྱས་ནས་གདུང་སྦྱོང་གྲབ་བྱེད་སྐབས། གེ་ལུ་ཕ་བུ་རྣམས་ལ་ད་ཁྱེད་ཚོས་ལུས་ལ་གང་ཡོད་ཀྱི་ཅ་དངོས་རེ་འཕྲལ་མར་ས་ཡོན་དུ་ཕུལ་དང་། མེས་པོའི་གསུང་ལྟར་རྟེན་འབྲེལ་བརྟག་པར་བྱ་དགོས་གསུངས་པས། ཐོག་མར་ཕ་གེ་ལུས་མགུལ་ནས་གཡུ་ཞིག་བླངས་ནས་ཕུལ་བས། གེ་ལུ་གཡུ་རྒྱལ་ཁེབ་ཐང་ཆེ། །གསུངས། གེ་རྩེས་གློ་ཁུག་ནས་མཚལ་ཞོ་གང་ཡོད་པ་ཕུལ་བས། གེ་རྩེ་བྱིའུ་ཁྲག་ཀུན་ལ་དམར། །གསུངས། གེ་འཕན་གྱིས་གཡས་སྟག་དོང་ནང་ནས་མདའ་ཞིག་བླངས་ནས་ཕུལ་བས། གེ་འཕན་ཉག་ཕྲན་དགྲ་ལ་དཔའ། གསུངས། གེ་རྒྱལ་གྱིས་སྣམ་བུ་དམར་པོ་འདོམ་གང་ཕུལ་བས། གེ་རྒྱལ་རྟ་ཤ་ཀུན་གྱིས་ལོད། གསུངས། བན་དེས་དར་དཀར་ཞིག་ཕུལ་བས། བན་དེའི་ཁ་བཏགས་དགུང་ལས་མཐོ། གསུངས་ནས་གདུང་བཞུས། གེ་འཕན་ལ་བུ་གསུམ་ཡོད་པ་ལ་མདའ་ལི་མའི་སྒྲོ་གསུམ་ཟེར། དེ་རྗེས་ཕ་གེ་འཕན་གྱིས་བུ་ཆེ་བ་ཁྲིད་ནས་སྔོན་གྱི་ཕ་མེས་ཀྱི་ས་ཆ་མཚོ་སྔོན་པོའི་ཕྱོགས་སུ་སོང་ནས་གཞིས་ཀ་བཟུང་ནས་བསྡད་པས་མི་རབས་འགའ་ན་དབལ་ཤུལ་བན་དཔོན་ཟེར་བ་བྱུང་། དེའི་བུ་དགེ་ཁོ་ཐར། དེའི་བུ་སྡུད་པ། དེའི་བུ་ཀླུ་སྐྱབས་ཡག དེའི་བུ་བླ་མ་སྐྱབས། དེ་ལ་བུ་དགེ་སློང་བསོད་ནམས་ལྷུན་གྲུབ། གཟུངས་ལུག དཔལ་འབུམ་རྒྱལ་གསུམ་ཡོད། དཔལ་འབུམ་རྒྱལ་གྱིས་ཁ་གྱ་བཟའ་མཁར་མོ་སྐྱིད་ཆུང་མར་བླངས་པའི་བུ་ཨ་མདོ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ཀུན་མཁྱེན་ངག་དབང་བརྩོན་འགྲུས་འཁྲུངས། ཡང་འཇམ་བཞད་གཉིས་པ་དཀོན་མཆོག་འཇིགས་མེད་དབང་པོ་ཡང་སྣང་ར་གསེར་ཁང་དུ་གཅན་རྩའི་དཔོན་གེ་འཕན་ངག་དབང་རྣམ་རྒྱལ་གྱི་སྲས་སུ་འཁྲུངས། འདི་དག་གི་རིགས་ལ་གེ་འཕན་དབལ་མང་མ་དང་། དབལ་ཉུང་མ་ཟེར། གེ་འཕན་གྱི་བུ་ཆུང་བ་གཉིས་ཀྱིས་ཁམས་ཕྱོགས་ཀྱི་གཡུ་རྩང་སྒེག་གསུམ་དུ་འབྲོག་པ་ཁོ་ན་བྱས་ཏེ་བསྡད་པའི་རིགས་ལ་གེ་འཕན་སྨད་མ་ཚང་ཟེར། གེ་འཕན་སྨད་མ་ཚང་ནས་ཡར་སྙི་སྟོད་དང་། སྙི་སྨད་སོགས་ལ་གྱེས། དེའི་མི་རིགས་ཤིག་གིས་མལ་བཟའ་ཞིག་བླངས་བའི་རྒྱུད་ལ་གེ་འཕན་མལ་བཟའ་ཚང་ཟེར། ཡང་གེ་འཕན་སྨད་མའི་མི་རིགས་གཅིག་ཆོས་རྗེ་ས་སྐྱ་པས་སྟོང་དཔོན་དུ་བསྐོས་པའི་རིགས་ལ་གེ་འཕན་སྟོང་དཔོན་ཚང་ཟེར། གེ་འཕན་མལ་བཟའ་ཚང་གི་བུ་ཞིག་གིས་སྟོང་བཟའ་ཞིག་བླངས་ཕྱིན་གྱི་མི་རིགས་ལ་སྟོང་བཟའ་ཚང་ཟེར། འདིའི་ཁྱིམ་དུ་སྟོང་བཟའ་རྒྱལ་མཚན་ཟེར་བའི་དཔའ་རྩལ་ཅན་ཞིག་བྱུང་བ་ལ་སོག་རྒྱལ་པོ་ཇུ་ནང་གིས་སྟོང་བཟའ་པཱ་ཐུར་ཞེས་དཔའ་མིང་བཏགས། ཡང་སྦྲ་བཟའ་ཞིག་བླངས་ཕྱིན་གྱི་རིགས་ལ་སྟོང་བཟའ་ར་སྐོར་ཟེར་བ་བྱུང་། ར་སྐོར་སྟོང་བཟའ་མགོན་ནེ་ཟེར་བའི་དཔའ་རྩལ་ཅན་དེ་ལ་སོག་རྒྱལ་ཇུ་ནང་གིས་སྟོང་བཟའ་ཁ་ཤི་ཁ་བཏགས་པ་སོགས་ཟླ་སྙི་གསེར་གསུམ་དུ་གནས་པ་ཐམས་ཅད་ལ་གེ་འཕན་སྟོད་མ་ཚང་ཟེར། ཡང་ཀེ་འཕན་འཕན་གྲུས་བུ་སྤུན་བདུན་ལས་འབྲོག་ཚོ་བདུན་ཆགས་པར་བཤད་པ་ནི་ཀེ་འཕན་འཕན་གྲུས་ཚང་། ཨ་སེན་མ། ཨ་སུག་མ། དུག་ཚ། སྒང་ཐ་མ། ར་སྐོར། རྔུར་ཐ་མ་བཅས་ཡིན། མདོར་ན་གེ་འཕན་གྱི་རིགས་སུ་སྐྱེས་པ་ཐམས་ཅད་ཀྱི་མང་ཤོས་ཤིག་ནི་དཔའ་རྩལ་ཅན་ཁོ་ན་ཡིན་པ་དང་། མི་རྒྱུད་བཟང་བ་སོགས་སྔོན་མདའ་ཕུལ་བའི་རྟེན་འབྲེལ་གྱིས་ཡིན་པར་གྲགས་སོ། །དེའི་སྐབས་ཀྱི་གེ་འཕན་སྨད་མར་ཐོགས་པའི་གཡུ་ཁོག་གི་གནས་བབ་དང་། དཔོན་གྱི་མིང་སོགས་གསལ་བར་འགོད་མ་ནུས་ཀྱང་། གེ་འཕན་གྱི་བུ་གཅིག་གིས་ས་བཟུང་བས་གེ་འཕན་གཡུ་ཁོག་ཚང་ཟེར་བ་ཡིན་ཚུལ་མདོ་སྨད་ཆོས་འབྱུང་དང་། རུས་མཛོད་མེ་ཏོག་སྐྱེད་ཚལ། གཡུ་ཁོག་གི་སྔོན་གྱི་རྒན་རབས་པ་དག་གི་ངག་རྒྱུན་སོགས་གཅིག་མཐུན་དུ་འདུག སྤྱིར་བཤད་ན་གེ་འཕན་ནི་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཝ་ཤུལ་ལས་ཆད་པ་ཡིན་མོད། གཡུ་ཁོག་པ་རྣམས་ལ་ཝ་ཤུལ་གཡུ་ཁོག་པ་ཟེར་བ་ནི་རབ་བྱུང་བཅུ་གཅིག་པའི་ནང་གེ་འཕན་གྱི་རིགས་རྒྱུད་ལས་བྱུང་བའི་བུ་མིང་ལ་ཝ་ཤུལ་ཟེར་བ་ཞིག་གིས་དཔོན་ཐོབ་བཟུང་བས་ཐོགས་པ་ཡིན་ཚུལ་འོག་ཏུ་གསལ། དེ་རྗེས་ཨ་ལྕགས་འབྲིའི་རིགས་རྒྱུད་ལྕགས་མོ་མགོ་ལོག་གི་དཔོན་རིགས་རྣམས་ཁེབ་རྒྱ་མངའ་ཐང་ཆེ་བར་གྱུར་ནས་སྨར་གྱི་སྟོད་སྨད་བར་གསུམ་བཟུང་། མགོ་ལོག་ཕག་ཐར་༼༡༤༤༣ ༡༥༣༡༽གྱི་རིང་ལ་སྨར་གྱི་ལག་བཟང་དྲུག་པོ་ལ་དབང་བསྒྱུར་བར་བཤད་དེ། ལག་བཟང་དྲུག་ནི་མདོ་སྨད་ཆོས་འབྱུང་དང་། མི་བུ་གདུང་དྲུག་གི་རུས་མཛོད་སོགས་སུ། རྔ་ཁོག་བ་ལང་སྐྱ་མོ་སྨར་གྱི་ལག །རྡོ་ཁོག་རི་ཐང་ཕྱུག་མོ་སྨར་གྱི་ལག །འཛི་སྐ་ལྷ་མོ་དར་ཐང་སྨར་གྱི་ལག །གཡུ་ཁོག་སྟག་མོ་འཕྲེད་ཉལ་སྨར་གྱི་ལག །སྒེག་ཁོག་བྷནྡྷ་གྲུ་བཞི་སྨར་གྱི་ལག །རྩང་ཁོག་འདོ་བ་ཁ་བཀལ་སྨར་གྱི་ལག །ཞེས་གསུངས། ཡུལ་འདི་ཕྱོགས་ཀྱི་རྒན་རབས་རྣམས་ཀྱི་ངག་རྒྱུན་ལ། སྒེག་མི་བགྲང་བར། གསེར་རྟ་བོ་ཁ་བཀལ་སྨར་གྱི་ལག །རྟ་མགྱོགས་པ་མི་སྐྱེས་ཀ་མེད་རེད། །རྩང་བྷནྡྷ་གྲུ་བཞི་སྨར་གྱི་ལག །མི་ཕྱུག་པོ་མི་སྐྱེས་ཀ་མེད་རེད། །འཛི་ལྷ་མོ་དར་ཕྱར་སྨར་གྱི་ལག །སྨན་མཛེས་མ་མི་སྐྱེས་ཀ་མེད་རེད། །རྡོ་ཁོལ་མོ་རོག་རྫོང་སྨར་གྱི་ལག །མི་སྤྲང་པོ་མི་སྐྱེས་ཀ་མེད་རེད། །རྔ་ཆོས་དབྱིངས་བཀྲ་ཤིས་སྨར་གྱི་ལག །བུ་ཁ་མཁས་མི་སྐྱེས་ཀ་མེད་རེད། །གཡུ་སྟག་མོ་འཕྲེད་ཉལ་སྨར་གྱི་ལག །བུ་དཔའ་བོ་མི་སྐྱེས་ཀ་མེད་རེད། །ཞེས་ཀྱང་འབྱུང་། གཉན་མོའི་ཕག་ཐར་ལ་བུ་བཞི་ཡོད་པའི་འབྲིང་བ་ཀཿཐོག་བླ་མ་ཆོས་འབུམ་ཡིན། བུ་ཆེ་བ་རྡོ་རྗེ་འབུམ་ལ་རྡོ་ཁོག་གི་ས་ཆ་དང་མི་སྡེ་བྱིན། འབྲིང་ཆུང་པདྨ་འབུམ་ལ་འཛི་སྐའི་ས་ཆ་དང་མི་སྡེ་བྱིན། བུ་ཆུང་བ་པདྨ་ཡག་ལ་སྨར་རོལ་གྱི་ས་ཆ་དང་མི་སྡེ་བྱིན། རྔ་ཁོག་གི་མི་སྡེ། གསེར་ཁོག་གི་ཁྲལ། གཡུ་དང་རྩང་གི་ས་ཆ་མི་སྡེ་རྣམས་ཐུན་མོང་དུ་བཞག་པར་བཤད། དེ་ལྟར་རེ་ཞིག་གི་བར་མགོ་ལོག་གི་དཔོན་རིགས་རྣམས་ཀྱིས་སྨད་ཕྱོགས་སུ་དབང་བསྒྱུར་ནས་བསྡད། རབ་བྱུང་བཅུ་པའི་ས་རྟ་༼༡༦༡༨༽ལོ་ནས་དབུས་ཕྱོགས་སུ་སྡེ་སྲིད་གཙང་བ་རྒྱལ་པོས་མཚོ་སྔོན་གྱི་ཆོག་ཐུ་རྒྱལ་པོ་དང་། དབུས་ལམ་བར་མ་རུ་གྲགས་པའི་ཁམས་ནང་ཆེན་བྱང་གི་སྙིང་ཐང་དུ་ཡོད་པའི་བེ་རུ་རྒྱལ་པོ་དོན་ཡོད་རྒྱལ་སོགས་དཔུང་རོགས་སུ་བཀུགས་ནས་ཡུལ་གྲུ་དུ་མ་དབང་དུ་བསྡུས། དགེ་ལུགས་པའི་དགོན་སྡེ་དུ་མ་བཅོམ་སྐབས། སྡེ་བ་སྐྱིད་ཤོད་པ་སོགས་ཀྱིས་སོག་ཇུན་གར་ལ་དམག་རོགས་ཞུས་པར་བརྟེན། སོག་ཨོ་རོད་ཇུན་གར་གྱི་དཔོན་གུ་ཤྲི་ཧན་(固始汗1582—1655)གྱིས་དམག་དྲངས་ཏེ་རབ་བྱུང་བཅུ་གཅིག་པའི་ས་སྟག་༼༡༦༣༨༽ལོ་ནས་རིམ་གྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་སྐབས། གུ་ཤྲི་ཧན་གྱི་ཚ་བོ་བསྟན་འཛིན་ཝང་མཚོ་སྔོན་གྱི་སྤྱི་ཁྱབ་དང་། དཔོན་ཇུ་ནང་གཡས་རུའི་དཔོན་བྱས་ཏེ་མདོ་སྨད་ལ་དབང་བསྒྱུར། སྐབས་དེར་མགོ་ལོག་ལ་ཇག་པ་མང་བས་དབུས་འགྲུལ་བཅོམ་སྟབས། དཔོན་ཇུ་ནང་གིས་དམག་དྲངས་ཏེ་མགོ་ལོག་མངའ་འོག་ཏུ་བསྡུས། དེ་ནས་བཟུང་མགོ་ལོག་གི་ཆབ་སྲིད་ལ་ཉམས་གུད་བྱུང་ནས་རྔ་བ་དང་འཛམ་ཐང་སོགས་མགོ་ལོག་གིས་དབང་བསྒྱུར་བའི་སྡེ་བ་མང་པོ་ཞིག་གིས་རང་མགོ་རང་གིས་བཟུང་། སྡེ་ཆུང་རེ་ལ་དཔོན་ཕྲན་རེ་བྱུང་བ་ལྟར་གཡུ་ཁོག་ཏུ་ཡང་དེ་ལྟར་དཔོན་མེད་སྡེ་འཐོར་གྱི་དུས་སྐབས་བྱུང་འདུག་གོ །

ལྔ་པ་ཀརྨ་པ་བཅུ་པའི་དུས་སྐབས།

རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ནི། ཡབ་སྦུ་ཚ་ཁྱི་གུ་ཐར་དང་། ཡུམ་ཨ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་ཤིང་འབྲུག་༼༡༦༠༤ ༡༦༧༤༽ལོར་མདོ་ཁམས་སྨར་རོལ་ཀི་ཟི་ཐང་དུ་སྐུ་འཁྲུངས། མཚན་ལ་ཨོ་རྒྱན་སྐྱབས་བཏགས། ཞྭ་དམར་དྲུག་པས་ཀརྨ་དགུ་པ་དབང་ཕྱུག་རྡོ་རྗེའི་ཡང་སྤྲུལ་དུ་ངོས་བཟུང་སྟེ་མཚན་ཆོས་དབྱིངས་རྡོ་རྗེ་གསོལ། དཔའ་བོ་གཙུག་ལག་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་ཟབ་ཆོས་གསན། ཞྭ་དམར་དགུ་པ་ལས་བསྙེན་པར་རྫོགས། སྡེ་སྲིད་གཙང་པས་དབུ་བླར་བཀུར། སོག་པོ་གུ་ཤྲི་ཧན་དང་སྡེ་སྲིད་གཙང་པ་སོགས་ཀྱིས་སྲིད་དབང་འཕྲོག་རྩོད་ཀྱི་ཟིང་འཁྲུགས་སྐབས་སྒར་བ་དམག་གིས་བསྐོར་བ་སོགས་བྱུང་ཡང་། ཁོང་གིས་སྒར་བ་བྱིང་དབྱངས་ཅན་མའི་པི་ཝང་གི་ཁོག་པས་བསྲུང་བ་ཡིན་གསུངས་ནས་བཞུགས་པས་ཉེས་སྐྱོན་མ་བྱུང་། དེ་ནས་འཇང་ཡུལ་དང་མི་ཉག གཡུ་ཁོག་སོགས་སུ་བྱོལ་ནས་བཞུགས། ལྷ་ས་དང་། བསམ་ཡས། ཀོང་སྨད་རྒོད་ཚང་བྲག་སོགས་སུ་ལན་མང་ཕེབས་པ་མཐོང་ནས་དམག་གིས་བཙལ་ཡང་། རྗེ་ཉིད་སྐབས་རེར་ཤ་བར་མཐོང་། ཐེངས་རེར་བྱ་རྒོད་དུ་སྤྲུལ་ནས་འཕུར་བ་སོགས་མཐོང་སྣང་མང་དུ་བྱུང་། འཇང་ཡུལ་དུ་དགོན་པ་བཅུ་གསུམ་བཏབ་པ་སོགས་འགྲོ་དོན་དང་མཛད་པ་རྒྱ་ཆེ། སྨར་རོལ་ནས་ཞྭ་དམར་ཡེ་ཤེས་སྙིང་པོ། གཡུ་ཁོག་ནས་དཔའ་བོ་ཕྲིན་ལས་རྒྱ་མཚོ། འཇང་ནས་རྒྱལ་ཚབ་ནོར་བུ་བཟང་པོ་སོགས་ངོས་འཛིན་གནང་། དགུང་གྲངས་བདུན་ཅུ་བཞེས་པ་ཆུ་གླང་ལོར་རྒྱལ་དབང་ལྔ་པས་དབུས་སུ་འབྱོར་དགོས་པའི་བཀའ་ཕེབས་པ་ལྟར་ལྷ་ལྡན་དུ་ཕེབས། དགུང་གྲངས་དོན་གཅིག་སྟེང་དགོངས་པ་ཆོས་དབྱིངས་སུ་ཐིམ། དམ་པ་འདི་ཉིད་ནི་གཡུ་ཁོག་པ་ལ་ཆོས་སྲིད་གཉིས་ཀྱི་ཐད་ནས་བཀའ་དྲིན་ཤིན་ཏུ་ཆེ་ཕྱིར་ལོ་རྒྱུས་མདོར་བསྡུས་སྔོན་དུ་བཏང་ནས་བརྗོད་དོན་དངོས་ནི། ཀརྨ་པ་འདི་ཉིད་གཡུ་ཁོག་གི་ར་ཤུའི་སོ་མཁར་དང་། མཆིག་སྟོད་སོགས་ནས་སྒྲུབ་པ་ཉམས་བཞེས་མཛད་ནས་བཞུགས་པའི་སྒྲུབ་ཁང་དང་། ཆོས་ཁྲི། ཀརྨ་པ་བྱ་རྒོད་དུ་སྤྲུལ་ནས་བབས་པའི་རྗེས་སོགས་ཡོད་པ་དང་། གཡུ་མཁར་ཐང་དུ་ཁོང་གི་ཞལ་མཆིལ་རྡོ་ལ་ཐེབས་པ་དྷི་ཡིག་ཏུ་གྱུར་པ་བཅས་མཇལ་དུ་ཡོད། སྐབས་དེར་གཡུ་ཁོག་ཏུ་འབྲོག་སྡེ་ཞིག་ཡོད་ཀྱང་དཔོན་མེད་པར་སྡེ་འཐོར་དུ་གནས་པ་དང་། དཀར་འཚེར་གཤོང་དུ་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཛིན་པའི་དགོན་པ་ཞིག་ཡོད་པར་བཤད། ཁོང་གིས་གཡུའི་ཆོས་ཁྲི་ཐང་དུ་མང་ཚོགས་ལ་ཆོས་འཁོར་བསྐོར། སྡེ་བ་ལ་སྤྱི་ཁྱབ་ཀྱི་དཔོན་ཞིག་མེད་ན་མི་བཟང་བས་དཔོན་ཞིག་བསྐོ་དགོས། དཔོན་བསྐོ་ཚུལ་སྔོན་ཁྲ་མོ་གླིང་གིས་དཔོན་ཐོབ་དང་། གླིང་བཟའ་འབྲུག་མོ་རྟ་རྒྱུག་གི་གཏང་མར་བཞག་པའི་ལུགས་ལྟར་རྟ་རྒྱུག་གི་གཏང་མ་སུས་ཐོབ་པ་ལ་གཡུ་ཁོག་པའི་དཔོན་ཐོབ་གཏད་རྒྱུ་དང་། དེའི་བཙུན་མོར་ཁོང་གི་ཚ་མོ་ཡང་སྟེར་གསུངས་པས་ཀུན་གྱིས་བསྟོད་ནས་རྟ་རྒྱུག་བྱས་པས་གེ་འཕན་རིགས་ཀྱི་བུ་ཝ་ཤུལ་ཟེར་བ་ལ་མགྱོགས་དར་ཐོབ་ནས་དཔོན་ས་བཟུང་། རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་༼༡༦༥༠༽ལོར་དཔའ་བོ་ཕྲིན་ལས་རྒྱ་མཚོ་གཡུ་ཁོག་ཏུ་འཁྲུངས་པ་ངོས་འཛིན་དང་སྐུ་བདག་མཛད། ཞྭ་དམར་ཡེ་ཤེས་སྙིང་པོ་སྨར་རོལ་དུ་འཁྲུངས་པ་ངོས་འཛིན་དུ་ཕེབས་ཚུལ་རིམ་གྲོ་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་བསྐུལ་ངོར་བྱང་ཆུབ་སེམས་དཔའི་རྟོགས་བརྗོད་ཀ་ལ་པིངྐའི་ལམ་གླུ་ཞེས་པ་གཡུ་ཁོག་ཏུ་བརྩམས། ཀརྨ་པའི་རྣམ་ཐར་རྣམས་སུ་གཡུ་ཁོག་གི་དཔལ་རྒ་ལོ་པའི་སྒྲུབ་གནས་མཇལ་དུ་ཕེབས་པར་གསུངས་པ་ནི། ཨུག་ཚང་ཁོག་ཏུ་ཡོད་པའི་དཔལ་རྒ་ལོ་པའི་སྒྲུབ་ཕུག ཡོངས་གྲགས་ས་མིང་ལ་ཡང་རྒ་ལོ་བར་གྲགས་པ་དེ་ཡིན་པར་གསལ་ཏེ། ཀཾ་ཚང་གསེར་ཕྲེང་དུ། རྡོ་རྗེ་གཡུ་སྒྲོན་གྱི་གངས་རི་དང་ཉེ་བར་དཔལ་རྒ་ལོའི་སྒྲུབ་གནས། ཞེས་གསུངས་པས་སོ། །ཀརྨ་པའི་ཞབས་རྗེས་ཤིག་གཡུ་ཁོག་ཏུ་ཡོད་པར་རྣམ་ཐར་དུ་བཤད་ཀྱང་གང་དུ་ཡོད་གསལ་བར་མ་ངེས། གཡུའི་འཁྱིལ་ཆེན་གྲི་ཁུག་༼གྱུ་ཁུག་༽མར་མདའ་རུ་རྡོ་ཕ་བང་ཞིག་གི་ངོས་སུ་ཀརྨ་པའི་རྟ་རྗེས་ཞེས་པ་ཞིག་དེང་སྐབས་ཀྱང་ཡོད། ཚུལ་དེ་དག་ནི་ཞྭ་དམར་ཡེ་ཤེས་སྙིང་པོས་མཛད་པའི་རྣམ་ཐར་ཚིགས་བཅད་མར། དཔལ་ཆེན་རྒ་ལོའི་སྒྲུབ་གནས་ཕེབས་པའི་ཚེ། དཔའ་བོ་སྤྲུལ་པའི་སྐུ་ཡི་ངོས་འཛིན་དང་། །རྟོགས་བརྗོད་ཀ་ལ་པིངྐའི་ལམ་གླུ་ཞེས། །ཀུན་ཏུ་བཟང་པོར་གདམས་པར་མཛད་ལ་འདུད། །གནས་དེར་སྲ་མཁྲེགས་རྡོ་བ་ངོས་མཉམ་ལ། །རྒྱལ་བའི་ཞབས་རྗེས་གསལ་བར་བྱོན་པ་ཡིས། །ཕྱོགས་དེའི་སྐྱེ་བོ་དད་པ་མི་ཕྱེད་པའི། །ངོ་མཚར་དད་པའི་རྟེན་དུ་གྱུར་ལ་འདུད། །ཞེས་གསུངས། དེ་ནས་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཛིན་པའི་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་ཁོང་བླ་མར་བཀུར། དེ་ནས་ཁོང་རྣམ་གཉིས་དགོན་ས་གསར་དུ་འདེབས་པར་བགྲོས་ནས་ས་གཟིགས་སུ་ཕེབས་པས་ར་ཆགས་མར་མདའི་མཁལ་ཁུག་དུ་ས་དཔྱད་བཟང་བར་གསུངས་ནས་ལྷ་ཁང་གི་རྩིག་རྨིང་བཏིང་བ་ན། རལ་གྲིའི་ཐང་རྩེ་རུ་རྒད་པོ་ཞིག་གིས་ཞོ་ཟོ་བ་གང་དང་། སྟན་དཀར་ལིང་ཞིག་བཟུང་ནས་འོང་བ་བླ་མ་རྣམ་གཉིས་དང་འཕྲད། རྒད་པོ་དགའ་དྲག་ནས་སྟན་དཀར་དེར་བཏིང་། བླ་མ་གཉིས་འདིར་བཞུགས་ལ་ཞོ་གསོལ་ཞུས་པས། ཀརྨ་པས་རྒད་པོར་མིང་དྲིས་པས། བསྟན་པ་དར་རྒྱས་ཟེར་ཞུས་པས། ཁོང་གིས་རྟེན་འབྲེལ་བཟང་། ཐང་འདི་མཁས་པའི་ལྗགས་སམ་ཤེས་རབ་རལ་གྲིའི་དབྱིབས་ལྟ་བུར་འདུག ད་ལྟ་དགོན་པ་ཕར་ཕྱོགས་སུ་བཏབ་ཀྱང་། ནམ་ཞིག་ཐང་འདིར་གྲོང་སྡེ་ཆགས་ཡོང་ན་མཁས་པའི་ལྗགས་སྟེང་དུ་ལྕགས་ཕྱེ་བླུགས་པ་ཡིན་པས་མི་བཟང་། ད་དགོན་པ་འདིར་བཞེངས་དགོས་གསུངས་ནས་ད་ལྟའི་གཡུ་མཁར་དགོན་པ་ཡོད་ས་འདིར་དགོན་པ་གསར་བཞེངས་མཛད་ནས་སྒྲུབ་རྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཏུ་གྱུར་པ་ཡིན་ནོ། །

བགྲང་བྱ་སྟོང་ཕྲག་ལྷག་གི་གོང་རོལ་དུ། །བོད་བློན་མགར་གྱིས་ལྷ་གཅིག་ཀོང་ཇོ་དང་། །ཇོ་བོ་ཤཱཀྱ་མུ་ནེ་གདན་དྲངས་ནས། །དབྱི་ལུང་བརྒྱུད་དེ་ལྷ་ལྡན་ཡུལ་དུ་ཆས། །ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ། །ཡུལ་འདི་ཞིང་ལས་སོ་ནམ་བྱེད་པ་ཡི། །རྒྱལ་མོ་ཚ་བ་རོང་གི་མངའ་སྡེ་སྟེ། །དབྱི་ཡི་རོང་ཆུང་ཁོག་ཅེས་གྲགས་པར་ཐོས། །དུས་དེར་གཤེན་རབ་བོན་གྱི་གྲུབ་བརྙེས་འགས། །ལྗོངས་འདིར་གཡུང་དྲུང་བསྟན་པའི་དགོན་སྡེ་བཏབ། །གཞི་བདག་ཚོགས་ལ་ཐ་ཚིག་བསྒྲགས་པ་དང་། །གཡུང་དྲུང་ལྷ་རྩེ་ལ་སོགས་མཚན་དུ་བཏགས། །ཆོས་རྒྱལ་མདོ་གཞེར་ནག་པོའི་སྐུ་དུས་སུ། །གྲུབ་པའི་དབང་ཕྱུག་པདྨ་ཀཱ་ར་དང་། །པ་གོར་བཻ་རོ་ཙ་ན་ལ་སོགས་པས། །སྒྲུབ་གནས་གངས་བྲག་བྱིན་རླབས་གཏེར་ཁ་སྦས། །དབྱི་རོང་སྒེགས་ཀྱི་རྒྱལ་པོའི་སྐུ་དུས་སུ། །འཛམ་གླིང་སེང་ཆེན་སྐྱེས་བུ་སྐུ་འཁོར་གྱིས། །གནས་འདིར་ཞབས་བཅགས་བླ་གཡུ་གཏེར་སྦས་པས། །གཡུ་ཁོག་ལྷ་སྡེར་མིང་གི་འགྱུར་བ་བྱུང་། །སྨུག་པོ་ལྡོང་གི་རིགས་ལས་མཆེད་པ་ཡི། །མི་དབང་འགའ་ཡིས་སྐྱོང་བའི་དུས་སྐབས་སུ། །ཕྱུགས་རིགས་འཚོ་སྐྱོང་བྱེད་པའི་འབྲོག་སྡེ་དེར། །གེ་འཕན་གཡུ་ཁོག་ཚང་དུ་གྲགས་པ་གསལ། །

སོག་དང་གཙང་པའི་དྲག་པོའི་འཐབ་འཛིང་གི། །གདུག་པའི་ཁ་རླངས་ཕྱོགས་སུ་འཕྲོས་པ་ལས། །

ཡུལ་དེར་འབྲོག་སྡེ་ཐོར་བུར་གནས་པའི་སྐབས། །ཞྭ་ནག་བཅུ་པའི་མཛད་ཕྲིན་ལྗོངས་འདིར་ཤར། །

གཤེན་རབ་གཡུང་དྲུང་བོན་གྱི་ཆོས་སྡེ་དེ། །སྒྲུབ་རྒྱུད་ཀརྨ་ཀཾ་ཚང་བརྒྱུད་འཛིན་གྱུར། །རྟ་མཆོག་བང་ཁ་བཤིབས་པའི་མགྱོགས་དར་ལས། །ཝ་ཤུལ་དཔོན་རབས་ཐོག་མའི་དབུ་ཁྱུད་བྲིས། །དུས་ཚིགས་འགའ་ཡི་ལོ་རྒྱུས་ཐོར་བུ་ལ། །ཐུན་མིན་ཁྱད་ཆོས་ལྡན་མིན་མ་འཚལ་མོད། །གཡོ་སྒྱུ་མེད་པར་གསོང་པོར་བཤད་པ་འདི། །གཟུར་གནས་དོན་གཉེར་ཅན་རྣམས་སྤྲོ་བས་ལོངས། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

རྗེས་བྱུང་ཆོས་སྲིད་ཀྱི་ལོ་རྒྱུས་སོ་སོར་བཤད་པ།

སྲིད་ཀྱི་ལོ་རྒྱུས་བཤད་པ།

དཔོན་རབས་ཀྱི་ལོ་རྒྱུས་བཤད་པ།

དཔོན་རབས་དང་པོ་ཝ་ཤུལ་ནི།

གཉིས་པ་རྗེས་བྱུང་ཆོས་སྲིད་ཀྱི་ལོ་རྒྱུས་སོ་སོར་བཤད་པ་ལ། སྲིད་ཀྱི་ལོ་རྒྱུས་དང་། དགོན་གྱི་ལོ་རྒྱུས་བཤད་པ་གཉིས། དང་པོ་ལ་དཔོན་རབས་ཀྱི་ལོ་རྒྱུས་བཤད་པ་དང་། ཞར་བྱུང་དཔོན་གྱི་ཁྱིམ་རྒྱུད་གྱེས་ཚུལ་གཉིས། དང་པོ་གཡུ་ཁོག་དཔོན་རབས་གྱི་ལོ་རྒྱུས་ལས། དཔོན་རབས་དང་པོ་ཝ་ཤུལ་ནི།

གོང་དུ་བཤད་པ་ལྟར་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་༼༡༦༥༠༽ཡས་མས་སུ་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་གཡུ་ཁོག་ཏུ་ཕེབས་སྐབས། གཡུ་ཁོག་ཏུ་འབྲོག་སྡེ་ཞིག་ཡོད་ཀྱང་མགོ་དཔོན་མེད་པར་གནས་པ་ལ། ཀརྨ་པས་ཁྱེད་ཚོ་འདི་འདྲའི་སྡེ་བ་ཡག་པོ་ཞིག་ལ་དཔོན་མེད་པར་གནས་པ་ནི་མི་ལེགས་པས། དཔོན་ཞིག་བསྐོས་ན་བཟང་། དཔོན་བསྐོ་ཚུལ་ཡང་སྔར་ཁྲ་མོ་གླིང་གི་ལུགས་སྲོལ་ལྟར་རྟ་རྒྱུག་བྱས་ནས་རྒྱུག་མགོར་སུ་སྔོན་དུ་སླེབས་ན་དེ་དཔོན་དུ་བསྐོ་བར་གྱིས་དང་། དེ་ལ་ཁོང་གི་ཚ་མོ་དེ་ཡང་ཆུང་མར་སྟེར་རྒྱུ་བྱེད་གསུངས་པས། ཀུན་གྱིས་བླ་མའི་གསུང་ལ་མངོན་པར་བསྟོད་ནས་གཡུའི་སྒེག་མདའ་ནས་གཡུ་མཁར་རལ་གྲིའི་ཐང་སྟོད་བར་རྟ་རྒྱུག་པར་བརྩམ་པ་ན། བེས་མདའི་གསེར་ཁ་ན་རྒན་མོ་མ་བུ་ཞིག་ཡོད་པའི་བུ་དེའི་རུས་གེ་འཕན་ཡིན་ཞིང་མིང་ལ་ཝ་ཤུལ་ཟེར། མ་དེ་བློ་རིག་བཀྲ་ཞིང་ཐབས་ལ་མཁས་པ་ཞིག་ཡིན་པར་གྲགས་པས་བུ་ལ་རྟ་རྒྱུག་གི་གྲལ་དུ་ཞུགས་དགོས་ཚུལ་བཤད། ཁྱིམ་ཚང་དེ་ལ་གཞན་གྱིས་དབྱེ་འབྱེད་མི་ནུས་པའི་རྟ་དཀར་པོ་གཉིས་ཡོད་པའི་གཅིག་བེས་མདའི་ལྕང་གསེབ་ཏུ་བསྐུང་ཞིང་། རྟ་གཅིག་སྒེག་མདར་རྟ་རྒྱུག་གི་གྲས་སུ་ཁྲིད་ནས་བརྒྱུགས་ཤིང་བེས་མདར་སླེབས་སྐབས་བུས་རྟ་བརྗེས་ནས་བརྒྱུགས་པས་རྟ་རྒྱུག་གི་གཏང་མ་བུ་ཝ་ཤུལ་ལ་ཐོབ། ཀརྨ་པའི་ཚ་མོ་བཙུན་མོར་བཞེས་ཤིང་གཡུ་ཁོག་དཔོན་རབས་དང་པོའི་གོ་གནས་བཟུང་། གོང་དུ་བཤད་པ་ལྟར་དཔོན་འདིའི་རུས་གེ་འཕན་ཡིན་ཀྱང་དཔོན་རབས་དང་པོར་བསྡད་ནས་སྡེ་དགོན་གཉིས་ཆར་བསྐྱངས་པས་གཡུ་ཁོག་པ་སྤྱི་ལ་ཝ་ཤུལ་གཡུ་ཁོག་པ་ཞེས་པའི་མིང་དེ་ནས་ཐོགས། དཔོན་ཝ་ཤུལ་སྐུ་ན་ཆུང་ཡང་མའི་བློ་རིག་དང་ཐབས་ཚུལ་ལ་བརྟེན་ནས་འོག་སྡེ་བསྐྱངས། ཇག་འགྱེད་དམག་འཁྲུགས་སོགས་གང་ཡང་མ་བྱུང་བར་ཞི་བདེ་འཆམ་མཐུན་གྱིས་གནས་ཤིང་སྡེ་འབངས་ཀྱི་འཚོ་བ་སོགས་ལ་ཡར་རྒྱས་གོང་འཕེལ་བྱུང་།

དཔོན་རབས་གཉིས་པ་ཀརྨ་དབང་ཕྱུག་ནི།

དཔོན་ཝ་ཤུལ་དང་། ཀརྨ་པའི་ཚ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་སྨད་ཙམ་ལ་འཁྲུངས། རྗེ་ཀརྨ་པའི་ཚ་བོ་ཡིན་སྟབས་མཚན་ལ་ཀརྨ་དབང་ཕྱུག་ཏུ་བཏགས། དཔོན་ཝ་ཤུལ་གྱི་འཕྲོས་གཡུ་ཁོག་དཔོན་རབས་གཉིས་པའི་གོ་གནས་བཞེས། ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་ལྔ་པ་ཅ་ཆིང་(嘉庆)སྐབས་བྲིས་པའི་སི་ཁྲོན་ས་གནས་ལོ་རྒྱུས་《四川通志》སུ། རྒྱ་ནག་གི་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་གསུམ་པ་ཡུང་ཀྲེང་(雍正)གིས་ཁྲི་ལོ་བདུན་པ་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་༼༡༧༢༩༽ལོར་གཡུ་ཁོག་དཔོན་ལ་བདེ་འཇགས་དཔོན་(安抚司)གྱི་མཚན་གནས་དང་ཆོ་ལོ་བསྩལ། ཞེས་འཁོད་ཡོད།

དཔོན་རབས་གསུམ་པ་ཀརྨ་དོན་གྲུབ་ནི།

རབ་བྱུང་བཅུ་གཉིས་པའི་ནང་དཔོན་ཀརྨ་དབང་ཕྱུག་གི་སྲས་སུ་འཁྲུངས། གཡུ་ཁོག་དཔོན་རབས་གསུམ་པའི་གོ་གནས་བཞེས། སྐབས་དེར་སྒེག་གི་ཁྲོ་འཕོངས་མན་ཆད་རྒྱལ་རོང་ཁྲོ་སྐྱབས་ཀྱི་ས་ཆ་ཡིན་པ་ལ་། དཔོན་འདིས་སྐུ་སྲས་ཀརྨ་ཆོས་གྲགས་ལ་ཁྲོ་སྐྱབས་རླན་ཚང་གི་སྲས་མོ་ཞིག་བཙུན་མོར་བསུས་པས་གཡུའི་ནུ་མདོ་ཡན་ཆད་ཁྲོ་སྐྱབས་རྒྱལ་པོས་སྲས་མོ་ལ་ས་སྐལ་དང་སྡེ་སྐལ་དུ་བྱིན། སྐབས་དེར་གཡུ་ཁོག་གི་ས་ཆ་དང་སྡེ་བ་ཤོག་ཁག་ལྔ་རུ་བགོས་པ་ནི། ཝ་ཤུལ་ཆུ་དམར་བ། ཝ་ཤུལ་དབུས་ཐ་མ། ཝ་ཤུལ་གཡུ་དངོས་མ། ཝ་ཤུལ་སྒེག་ཐ་མ། ཝ་ཤུལ་ཆུ་དབར་བ་བཅས་ཡིན། སྡེ་ཤོག་ལྔ་པོ་སོ་སོར་ཤོག་དཔོན་གསར་བསྐོ་བྱས། དགོན་གྱི་མཐའ་སྐོར་གྱི་སྡེ་བ་ལ་མགོ་དཔོན་མ་བསྐོས་པར་དཔོན་རང་ཉིད་ཀྱིས་ཐད་གཟིགས་ཀྱིས་བསྐྱངས། ཞི་བདེ་འཆམ་མཐུན་གྱིས་མངའ་འབངས་བསྐྱངས་ཤིང་དམག་འཁྲུག་འཛིང་རྩོད་སོགས་ཆེར་མ་བྱུང་བར་སྣང་ངོ་།།

དཔོན་རབས་བཞི་པ་ཀརྨ་ཆོས་གྲགས་ནི།

རབ་བྱུང་བཅུ་གསུམ་པའི་སྟོད་ཙམ་དུ་དཔོན་ཀརྨ་དོན་གྲུབ་ཀྱི་སྲས་སུ་འཁྲུངས། གཡུ་ཁོག་དཔོན་རབས་བཞི་པའི་འོས་འགན་བཞེས། ཁྲོ་སྐྱབས་རླན་གྱི་སྲས་མོ་ཞིག་བཙུན་མོར་བཞེས་པས་དཔོན་མོ་བསོད་ནམས་སྒྲོན་མ་འཁྲུངས། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་༼༡༨༢༡༽ལོར་གཡུ་མཁར་དགོན་བསྐྱར་བཞེངས་བྱེད་སྐབས་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་གདན་དྲངས་ནས་ས་འདུལ་སོགས་མཛད། དབྱར་ངོས་གཅིག་ལ་དགེ་འདུན་པའི་གྲྭ་ཁང་ཡོངས་རྫོགས་བཞེངས་གྲུབ་པར་བྱས། ངག་རྒྱུན་ལ་གཡུ་ཁོག་ཏུ་རླན་ཨ་ཡེས་སྐྲ་དཀར་མ་ཟེར་བའི་དཔོན་མོ་ཞིག་ཡོད་པར་བཤད་པ་དེ་འགའ་རེས་གོང་གི་དཔོན་རབས་དང་པོ་ཝ་ཤུལ་གྱི་མ་ཡུམ་དེ་ཡིན་ཟེར་ཀྱང་། དཔོན་ཝ་ཤུལ་གྱི་རིང་ལ་ཞི་བདེ་འཆམ་མཐུན་གྱིས་གནས་པ་ལས་དྲག་པོ་དམག་གི་གཡུལ་འཁྲུགས་བྱེད་མ་མྱོང་བར་བཤད་པ་དང་། རླན་ཞེས་པ་རྒྱལ་རོང་ཁྲོ་སྐྱབས་དཔོན་གྱི་རུས་ཤིག་ཡིན་པ། རྒན་རབས་ཚོའི་ངག་རྒྱུན་ལ་ཨ་ཡེས་སྐྲ་དཀར་མས་མཚོན་ཆ་ཐོགས་ནས་འཇིགས་རྔམ་བསྟན་ཚུལ་དང་། དམག་གི་རུ་དྲངས་ཏེ་སོང་རབས་བཤད་དུ་ཡོད་པ་དང་། གཡུ་རོང་བའི་རྒན་རབས་ཚོའི་ངག་རྒྱུན་ལ་སྔོན་ཆད་སྒེག་གི་ཁྲོ་འཕོངས་མན་ཆད་རྒྱལ་རོང་ཁྲོ་སྐྱབས་ཀྱི་ས་ཆ་ཡིན་མོད། ཕྱིས་སུ་རླན་ཨ་ཡེས་སྐྲ་དཀར་མ་གཡུ་ཁོག་དཔོན་གྱི་མནའ་མར་འགྲོ་སྐབས་ནུ་མདོ་ཡན་ཆད་ས་སྐལ་དུ་བྱིན་པ་རེད་ཟེར་བ་སོགས་ལ་དཔྱད་ན་ཁོ་བོས་ནི་ཨ་ཡེས་སྐྲ་དཀར་མ་དཔོན་འདིའི་བཙུན་མོ་ཡིན་པར་མཐོང་ངོ།།

དཔོན་རབས་ལྔ་པ་བསོད་ནམས་སྒྲོན་མ་ནི།

དཔོན་ཀརྨ་ཆོས་གྲགས་ལ་བུ་མེད་ཅིང་བུ་མོ་གཅིག་ཡོད་པ་དཔོན་མོ་འདི་ཡིན་ལ་རབ་བྱུང་བཅུ་གསུམ་པའི་དཀྱིལ་ཙམ་ལ་འཁྲུངས། འདིས་གཡུ་ཁོག་དཔོན་རབས་ལྔ་པའི་གོ་གནས་བཟུང་། བྲག་འགོའི་དཔོན་ཚེ་བརྟན་ནོར་བུའི་སྲས་ཧོར་ག་གའམ་མགོན་པོ་བསམ་གྲུབ་གོ་མག་ཏུ་བསུས་པས་སྲས་བསོད་ནམས་དབང་འདུས་དང་། ནམ་མཁའ་དཔལ་ཆེན། རིག་འཛིན་དཔལ་བཟང་། སྲས་མོ་ལྷ་ཐོ་དང་བཞི་འཁྲུངས། འོན་ཀྱང་རྗེས་སོར་མགོན་པོ་བསམ་གྲུབ་དང་དཔོན་མོ་མ་འགྲིགས་པ་བྲག་འགོ་དཔོན་གྱིས་གོ་ནས་བློན་སངས་རྒྱས་སོགས་མངགས་ནས་སྲས་ཕྱིར་བསུ་བར་བྱས་སྐབས་དཔོན་མོས་མི་སྣ་ཆེད་གཏོང་གིས་བློན་སངས་རྒྱས་སོགས་བསད། དེའི་རྐྱེན་གྱིས་བྲག་འགོ་དཔོན་གྱིས་གཡུ་ཁོག་ཏུ་དམག་དྲངས་ནས་འཐབ་འཁྲུགས་བྱས་པས་གཡུ་ཁོག་པའི་སྡེ་དགོན་གཉིས་ཆར་ལ་གཏོར་སྐྱོན་ཚབས་ཆེན་ཕོག དཔོན་མོ་འདིའི་རིང་དུ་གཡུ་སྒེག་རྩང་གསུམ་གྱི་ནང་ཚན་སྒེག་ལ་ལབ་ཙེ་མན་ཆད་གཡུ་ཁོག་པའི་ས་ཆ་ཡིན་པར་གྲགས།

ཞར་བྱུང་ཆེན་པོ་ཧོར་གྱི་གདུང་རབས།

སྐབས་འདིར་ཧོར་རམ་སོག་པོའི་གདུང་རབས་བཤད་དགོས་དོན་གང་ཡིན་སྙམ་ན། གཡུ་ཁོག་དཔོན་རབས་ལྔ་པ་ཧོར་སྲས་བསོད་ནམས་དབང་འདུས་ནི་ཧོར་བྲག་འགོ་དཔོན་གྱི་གདུང་རྒྱུད་ཡིན་པ་དང། བྲག་འགོ་དཔོན་ཚང་ནི་སོག་པོའི་རྒྱལ་རྒྱུད་ཡིན་པར་ཏྲེ་ཧོར་ལོ་རྒྱུས་སུ་བཤད། སོག་པོའི་རྒྱལ་པོ་དག་བོད་ཀྱི་ལྷ་བཙན་པོའི་རིགས་ལས་མཆེད་པར་ཧོར་ཆོས་འབྱུང་སོགས་སུ་གསལ། དེས་ན་དང་པོ་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནི། ལྡེའུ་ཆོས་འབྱུང་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཡུམ་བུ་བླ་སྒང་གི་དཀར་ཆགས་སོགས་སུ་སྤུ་བོའི་ཡུལ་གྱི་བྱ་མོ་བཙུན་བྱ་བའི་བུད་མེད་ཞིག་ལ་བུ་དགུ་བྱུང་བའི་ཐ་ཆུང་ཨུ་བེ་ར་ཟེར་བ་ཡིན་པར་བཤད་པ་དང་། གཡུང་དྲུང་བོན་གྱིས་གནམ་རིམ་པ་བཅུ་གསུམ་གྱི་སྟེང་ནས་རྨུ་ཐག་རྨུ་སྐས་ལ་བརྟེན་ནས་བྱོན་པར་བཤད། འོན་ཀྱང་འཇམ་དཔལ་རྩ་རྒྱུད་ལས་བོད་ཀྱི་རྒྱལ་པོ་རྣམས་ལུང་བསྟན་པའི་སྐབས་སུ། གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བྱི་རྣམས་རིགས་སུ་བྱུང་། ཞེས་གསུངས་པ་ལྟར་ན་རྒྱ་གར་གྱི་ཤཱཀྱའི་རིགས་ལས་བྱུང་བར་བསྙོན་དུ་མེད་ལ། དེ་ལྟར་ན་མང་པོས་བཀུར་བའི་རྒྱལ་པོའི་རྒྱུད་ལས་བྱུང་བའི་ཤཱཀྱའི་རིགས་ཀྱི་རྒྱལ་པོ་དམག་བརྒྱ་པ་ལ་སྲས་མིག་ཡས་འགེབས་པ། གཡུའི་སྨིན་མ་དང་། དུང་སོ་འཁོར་བ། ལག་མཐིལ་དུ་འཁོར་ལོའི་རི་མོ་ཡོད་པ། སོར་མོ་དྲྭ་བས་འབྲེལ་བ་ཞིག་བཙས་པ་ལྷ་འདྲེའི་སྤྲུལ་པར་དོགས་ཤིང་སྐྲག་ནས་ཟངས་ཁ་སྦྱར་དུ་བཅུག་སྟེ། ཆུ་བོ་གང་ག་ལ་བསྐྱུར་བ་ཞིང་པ་རྣམས་ཀྱིས་ཞིང་ལ་ཆུ་འདྲེན་སྐབས་རྙེད་ནས་གསོས། དེ་ཆེར་སྐྱེས་པ་ན་ཆུ་ནང་ནས་རྙེད་པའི་ལོ་རྒྱུས་གོ་ནས་ཡིད་སྐྱོ་སྟེ། གངས་ཅན་ལྗོངས་སུ་འཁྱམས་པས་ལྷ་རི་གྱང་མཐོའི་རྩེར་བྱོན་ནས་ཡར་ཀླུང་ཡུལ་གྱི་དགེ་མཚན་དང་། ཤམ་པོའི་གངས་རི་དཔྱད་བཟང་བར་མཁྱེན་ནས་བཙན་ཐང་སྒོ་བཞིར་བྱོན་པས་ཕྱུགས་སྐྱོང་བ་སོགས་ཀྱིས་མཐོང་སྟེ་སྐད་ཆ་དྲིས་པས། གནམ་ལ་མཛུབ་མོ་ཀེར་བས་གནམ་ནས་བྱུང་བའི་ལྷར་ངེས་ནས་གཉའ་བར་ཁྲི་བྱས་གདན་དྲངས་ཏེ་རྗེ་བོར་བཀུར་བ་༼༡ གཉའ་ཁྲི་བཙན་པོར་གྲགས། དེའི་སྲས་༼༢ མུ་ཁྲི་བཙན་པོ། དེའི་སྲས་༼༣ དིང་ཁྲི་བཙན་པོ། དེའི་སྲས་༼༤ སོ་ཁྲི་བཙན་པོ། དེའི་སྲས་༼༥ མེར་ཁྲི་བཙན་པོ། དེའི་སྲས་༼༦ གདགས་ཁྲི་བཙན་པོ། དེའི་སྲས་༼༧ སྲིབ་ཁྲི་བཙན་པོ། དེའི་སྲས་༼༨ གྲི་གུམ་བཙན་པོ། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོ་བློན་པོ་ལོ་ངམ་ཞེས་པས་བཀྲོངས་པས། རྒྱལ་སྲས་བྱ་ཁྲི། ཤ་ཁྲི། ཉ་ཁྲི་གསུམ་ཀོང་ཡུལ་དུ་བྲོས་པ་ལས། སྲས་ཆེ་བ་བྱ་ཁྲི་རྗེས་སུ་བོད་ཀྱི་རྒྱལ་སར་འཁོད་དེ་མཚན་ལ་པུ་དེ་གུང་རྒྱལ་དུ་གྲགས། སྲས་འབྲིང་བ་ཤ་ཁྲི་ཀོང་ཡུལ་དུ་བཞུགས་ནས་ཡུལ་དེའི་རྗེ་བོ་མཛད། སྲས་ཐ་ཆུང་༼༩ ཉ་ཁྲིའམ་སོག་སྐད་དུ་པོར་ཏ་ཟེ་བ་ཞེས་པ་དེས་ཀོང་པོའི་ཡུལ་ནས་བཙུན་མོ་ཀྭོ་མ་རལ་ཞེས་པ་བླངས་དེ་ཁྲིད་ནས་སོག་ཡུལ་དུ་བྱོན་ཏེ་པཱའི་གལ་ཞེས་པའི་ཆུ་འགྲམ་གྱི་རི་བོ་པོར་ཧན་གལ་ཏྭོ་ན་ཞེས་པར་འབྱོར་བ་ལ་དེར་པེ་ཏེ་ཞེས་པའི་མི་སྡེ་གནས་པ་དེ་དག་གིས་དེ་ལ་རྒྱུ་མཚན་དྲིས་པ་ན། སྔོན་མང་བཀུར་རྒྱལ་པོའི་རིགས་སུ་གྱུར་པ་ནས་བཟུང་སྟེ་རིགས་རུས་ཀྱི་ཁུངས་དང་། གང་ནས་འོངས་པའི་ཡུལ་དང་འོངས་པའི་རྐྱེན་སོགས་གསལ་བར་བཤད་པས། མི་སྡེ་དེ་དག་གིས་གྲོས་བྱས་ནས་འདི་ནི་རིགས་རུས་བཟང་བས་ཁོ་བོ་ཅག་གི་དཔོན་དུ་བྱས་ན་ལེགས་ཞེས་དཔོན་དུ་བཀུར་ནས་བསྟི་སྟང་བྱས་པས་པོར་ཏ་ཆི་ནོ་ཞེས་གྲགས་སོ། དེའི་སྲས་བཱ་ཐོ་སས་ཧན་དང་། ༼༡༠ བཱ་ཐོ་ཚཱ་གན་གཉིས་ལས་ཕྱི་མའི་སྲས་༼༡༡ ཐམ་ཆིག ༼༡༢ དེའི་སྲས་ཧཱོ་ར་ཆིར་མེ་གེན། ༼༡༣ དེའི་སྲས་ཨ་ཀྭོ་ཅིམ་པོ་ཀོ་རལ། ༼༡༤ དེའི་སྲས་ས་ལི་གལ་ཅི་ཀྭོ། ༼༡༥ དེའི་སྲས་ཡེ་ཧེ་ནཱེ་དུན། ༼༡༦ དེའི་སྲས་སམ་སུ་ཇི་། ༼༡༧ དེའི་སྲས་ཧ་ལི་ཧར་ཆྭོ། ༼༡༨ དེའི་སྲས་བོར་ཇི་གེ་ཏའི་མེར་གེན། ༼༡༩ དེའི་སྲས་ཌྭོ་རལ་བཱ་ཡན། དེ་ལ་བུ་ཌྭོ་བོ་སོ་ཧོར་དང་། ༼༢༠ ཌྭོ་བོ་མེར་གེན་གཉིས་ཡོད་པའི་ཕྱི་མ་ལ་སྲས་ལྔ་ཡོད་དེ། བལ་ཀྭོ་ཏའི། བ་གོན་ཏའི། བཱོ་ཀྭོ་ཧ་ཐི་གི། བཱོ་ཀྭོ་ཤལ་ཆི་ཀྭོ། ༼༢༡ བཱོ་ཏོན་ཆར་བཅས་ཡིན། བཱོ་ཏན་ཆར་གྱི་སྲས་༼༢༢ བཱོར་ཅི་གིད། ༼༢༣ དེའི་སྲས་ཧ་བི་ཆི་པཱ་ག་ཐོར། ༼༢༤ པི་ཧེར་པཱ་ག་ཐོར། ༼༢༥ དེའི་སྲས་མ་ཧཱ་ཐོ་ཏན། ༼༢༦ དེའི་སྲས་ཧ་ཆི་ཧི་ལུག ༼༢༧ དེའི་སྲས་བཱ་རས་ཤོང་ཧོར་ཏོག་ཞིན། ༼༢༨ དེའི་སྲས་ཐོམ་བི་གའི་སེ་ཆེན། ༼༢༩ དེའི་སྲས་ཧ་བོལ་ཧ་ན། ༼༣༠ དེའི་སྲས་བཱར་ཏམ་བཱ་ག་ཐོར། བཱར་ཐམ་བཱ་ག་ཐོར་ལ་སྲས་ནི་གུན་ཐས་སི། མེང་གེ་ཐུ་སེ་ཆེན། ཐ་རིའི་ཏའི། འོ་ཆི་གིན། ༼༣༡ ཡེ་སུ་ཧེ་བཱ་ག་ཐོར་བཅས་ལྔ་ཡོད་པ་ལས་ཕྱི་མ་ལ་སྲས་༼༣༢ པོག་ཏ་ཆིང་གིས་ཐེ་མུ་ཅིན། ཧ་པོ་ཐོ་ཧ་སར། ཧར་ཐོ་ཧ་ཆི་ཀྭོ། ཅོའི་ཐོ་ཨོ་ཆི་ཀྭོ། ལྷ་ལྕམ་ཐུ་མེ་ལུན་ཀྭོ་རྣམས་ཡོད། པོག་ཏ་ཆིང་གིའམ་ཡོངས་གྲགས་ཇིང་གིར་རྒྱལ་པོ་ ༼༡༡༦༢ ༡༢༢༧༽ ལ་སྲས་ཇུ་ཆི་དང་། ཆ་ག་ཏའི། ཨུ་གེ་ཏེའི། ༼༣༣ ཐའི་ཅི་ཐོ་ལོའི་དང་བཞི། ཐི་ཅི་ཐོ་ལོའི་ལ་སྲས་མུང་ཁེ། ཧོ་པི་ལའི། ཨུ་ལེ་ཧུ། ཨ་རིག་པུ་ཧེ་བཞི་ཡོད། སོག་པོའི་མིང་འདི་དག་འབྲི་ཚུལ་ཆོས་འབྱུང་རྣམས་སུ་གཅིག་མཐུན་ཞིག་མི་སྣང་ཡང་འདིར་དབྱངས་ཅན་སྒེག་པའི་བློ་གྲོས་ཀྱིས་མཛད་པའི་ཧོར་ཆོས་འབྱུང་ལྟར་བྲིས། ༼༣༤ ཧོ་པི་ལའི་སེ་ཆེན་རྒྱལ་པོ་ ༼༡༢༡༥ ༡༢༩༤༽ འདིས་ཧོར་གྱི་མིང་ཡོན་རྒྱལ་རབས་སུ་བསྒྱུར་ནས་རྒྱལ་ས་སོག་ཡུལ་ནས་པེ་ཅིན་མཁར་དུ་སྤོས། ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་༼༡༢༣༥ ༡༢༨༠༽རྒྱ་ཡུལ་དུ་གདན་དྲངས་ནས་ཆོས་ཞུས། དེ་ཡང་སྔོན་དྲི་མེད་ཀོ་ཤའི་མཚོ་གླིང་དུ་ཙན་ཏན་ལས་རང་བྱོན་པའི་དཔལ་ལྡན་མགོན་པོའི་སྐུ་ཞིག་བཞུགས་པ་ཨོ་རྒྱན་ཆེན་པོས་གདན་དྲངས་ནས་པཎྚི་ཏ་དྷཱརྨ་པ་ལ་ལ་གནང་། དེས་ལོ་ཆེན་རིན་ཆེན་བཟང་པོ་ལ་གནང་བ་རིམ་གྱིས་དཔལ་ས་སྐྱའི་དམ་པ་རྣམས་ཀྱི་ཐུགས་དམ་གྱི་རྟེན་དུ་བཞུགས་པ་སོགས་རྟེན་གསུམ་དུ་མ་འཇམ་མགོན་ས་པཎ་གྱིས་སོག་ཡུལ་དུ་བསྣམས་ཏེ་ཕེབས་པ་སོག་རྒྱལ་གོ་དན་གྱི་མཛོད་དུ་བཞུགས། དེ་རྗེས་འགྲོ་མགོན་འཕགས་པས་ཙན་ཏན་གྱི་མགོན་སྐུ་རང་བྱོན་གྱིས་གཙོས་པའི་རྟེན་གསུམ་གྱི་ནང་གཟུངས་ཅན་གྱི་མགོན་ཁང་ཞིག་བཞེངས་ན་བསྟན་འགྲོ་སྤྱི་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་དགོངས་ནས། སེ་ཆེན་རྒྱལ་པོ་ལ་ངེད་ཀྱི་བླ་མ་གོང་མས་གདན་དྲངས་པའི་རྟེན་གསུམ་རྣམས་ངེད་ལ་ཚུར་གནང་ན་དེ་དག་ནང་གཞུག་བྱས་པའི་ཆོས་སྐྱོང་གི་སྐུ་ཞིག་བཞེངས་དགོས། དེའི་སྦྱིན་བདག་ཀྱང་ཁྱེད་ཡབ་སྲས་ནས་མཛོད་གསུངས་པས་། སེ་ཆེན་གྱིས་དེ་ལྟར་ཞལ་གྱིས་བཞེས། དེར་ཁོང་གིས་ཙན་ཏན་གྱི་མགོན་སྐུ་རང་བྱོན་གྱི་གཙོས་རྟེན་གསུམ་རྣམས་དྲེའུ་དཀར་མོ་ཞིག་ལ་བཀལ་ཏེ། སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་༼༡༢༢༩ ༡༣༠༣༽དང་སེ་ཆེན་གྱི་སྲས་ ༼༣༥ ཝང་གི་མིང་ཅན་ ༼སེ་ཆེན་གྱི་བུ་གཉིས་པ་ཀྲིན་ཅིན་ཝང་(真金王1243-1285)ཡིན་པར་བཤད།༽གཉིས་ལ་གཏད་ནས་དྲེའུ་འདི་གང་དུ་ཉལ་བའི་ས་དེར་རྟེན་འདི་དག་ནང་བཞུགས་བྱས་པའི་གུར་མགོན་གྱི་སྐུ་ཞིག་བཞེངས་དགོས་གསུངས། དེར་ཁོང་རྣམ་གཉིས་འཁོར་ཚོགས་དང་བཅས་རིམ་གྱིས་ཕེབས་ནས་ཏྲེ་ཤོད་མཎྚལ་ཐང་དུ་སླེབས་ཚེ་དྲེའུ་དེ་ཉལ་ནས་ཇི་ལྟར་བྱས་ཀྱང་འགྲོ་རུ་མ་ཉན་པས་བླ་མས་ལུང་བསྟན་པའི་ས་དེ་ཡིན་པར་ཐག་བཅད་ནས་རྒྱལ་སྲས་ཝང་གིས་སྦྱིན་བདག་བྱས་ནས་དཀར་མཛེས་སྡེ་མགོན་ཁང་། ནང་རྟེན་གུར་མགོན་སྡེ་བརྒྱད་དང་བཅས་པ་རབ་བྱུང་ལྔ་པའི་ནང་དུ་གསར་བཞེངས་མཛད། སྐབས་དེར་ཏྲེ་ཤོད་སྒོམ་ཚན་གྲོང་གི་དངོས་གྲུབ་ཕུན་ཚོགས་ཞེས་པའི་དུད་ཚང་གི་བུ་མོར་རྒྱལ་སྲས་ཝང་གི་སྲས་ཤིག་འཁྲུངས་པ་ལ་༼༣༦ ཧོར་མ་བསམ་བུ་ཟེར། དེའི་སྲས་༼༣༧ ཧོར་ནག་འཇའ༼ཡིག་ཆ་འགའ་རེར་ཧོར་ནོར་འཇམ་ཞེས་བྲིས་འདུག༽། དེའི་སྲས་༼༣༨ ཨ་རྒྱས། དེའི་སྲས་༼༣༩ འབུམ་དགེ་རྒྱས། དེའི་སྲས་༼༤༠ བླ་མ་སྐྱབས། དེའི་སྲས་༼༤༡ ནམ་མཁའ་བློ་བཟང་། དེའི་སྲས་༼༤༢ ནམ་མཁའ་རྒྱལ་མཚན། འདིས་རྫ་ཁོག་ཡི་གོང་མན་ཆད། ན་ཐོག་སྲང་མདོ་ཡན་ཆད། རྟའུ་ཆོ་ལོ་སྣ་ཡན་ཆད། མགོ་ལོག་ལྕགས་མོ་ཚུན་ཆད་མངའ་འབངས་སུ་བསྡུས་པར་བཤད། དཔོན་འདི་ལ་བཙུན་མོ་གསུམ་ཡོད། བཙུན་མོ་རེ་རེ་ལ་སྲས་གཉིས་རེ་འཁྲུངས། བཙུན་མོ་ཆེ་བ་ལ་སྲས་དབང་ལུ་དང་། ཆོས་རྗེ་ངག་དབང་ཕུན་ཚོགས་གཉིས། བཙུན་མོ་འབྲིང་བ་ལ་སྲས་ཨོ་ཆེན་ནོ་ཡོན་ངག་དབང་གྲགས་པ་དང་། མཁན་པོ་ངག་དབང་དཔལ་བཟང་གཉིས། བཙུན་མོ་ཆུང་བ་ལ་༼༤༣ ཧོར་སྲས་ནོར་བུ་དང་། མཁན་པོ་བསྟན་འཛིན་གཉིས་ཏེ་སྲས་དྲུག་ཡོད། ཆོས་རྗེ་ངག་དབང་ཕུན་ཚོགས་རྒྱལ་དབང་ལྔ་པ་ཆེན་པོའི་དངོས་སློབ་མཆོག་ཏུ་གྱུར། རི་བོ་དགེ་ལྡན་པའི་བསྟན་པའི་སྦྱིན་བདག་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ཞི་བར་གཤེགས་པའི་དགོངས་རྫོགས་སུ་ཧོར་དགོན་སྡེ་བཅུ་གསུམ་བཏབ། སྲས་དབང་ལུས་མ་ཟུར་དུ་དཔོན་ས་བཟུང་། ཨོ་ཆེན་ནོ་ཡོན་ཏྲེ་བོའི་དཔོན། ནོར་བུས་བྲག་འགོའི་དཔོན་བྱས་ནས་དཔོན་རྒྱུད་རིམ་པར་བྱུང་བ་ལས་ཧོར་བྲག་འགོའི་དཔོན་རབས་ནི། དཔོན་རབས་དང་པོ་ནོར་བུ། གཉིས་པ་༼༤༤ ཡབ་ཆེན་དཀོན་མཆོག་བསམ་གྲུབ། གསུམ་པ་༼༤༥ དཔོན་དྲིན་རྗེ་བདེ་བར་གཤེགས་པ་ཚེ་བརྟན་ནོར་བུ། དེའི་བུ་༼༤༦ ཧོར་ག་གའམ་མགོན་པོ་བསམ་གྲུབ་གཡུ་ཁོག་དཔོན་མོ་བསོད་ནམས་སྒྲོན་མའི་དམག་པར་བསུས་པ་ཡིན་པར་འདུག་སྟེ། རྒྱུ་མཚན་ནི་དཔོན་ཚེ་བརྟན་ནོར་བུ་རབ་བྱུང་བཅུ་གསུམ་པའི་དཀྱིལ་སྨད་ཙམ་དུ་བྲག་འགོའི་དཔོན་ཡིན་པར་བཤད་ཅིང་། ཁྱད་པར་པཎ་ཆེན་སྐུ་ཕྲེང་བདུན་པ་དཔལ་ལྡན་ཡེ་ཤེས་༼༡༧༨༡ ༡༨༥༤༽ཀྱི་རྣམ་ཐར་དུ། ཁོང་གིས་འབྲས་སྤུང་དུ་བྲག་འགོའི་དཔོན་ནོར་བུ་ལ་ཚེ་དབང་བསྐུར་ཚུལ་གསུངས། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་༼༡༨༢༡༽ལོར་གཡུ་ཁོག་ཏུ་དཔོན་ཀརྨ་ཆོས་གྲགས་ཡིན་པ་དང་། ཆུ་ལུག་༼༡༨༢༣༽ལོར་མགོན་པོ་བསམ་གྲུབ་ཡིན་ཚུལ་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེའི་རྣམ་ཐར་དུ་གསལ་བར་མ་ཟད། གཞན་ཡང་གཡུ་ཁོག་གི་རྒན་རབ་ཚོའི་ངག་རྒྱུན་དུ་གཡུ་ཁོག་དཔོན་ཚང་ལ་ཆེ་བསྟོད་ཀྱི་ཚིག་ཏུ་ཧོར་བྲག་འགོ་དགོན་གྲྭ་ཚང་སྟོང་དང་དགུ་བརྒྱའི་མངའ་བདག་དཔོན་དྲིན་རྗེ་བདེ་བར་གཤེགས་པའི་གདུང་རྒྱུད་ཡིན་ཞེས་དང་། ཧོར་དྲིན་རྗེ་བདེ་བར་གཤེགས་པས་བྲག་འགོའི་དགོན་བཞེངས་ཚུལ། དགོན་དེར་གྲྭ་ཚང་སྟོང་དང་དགུ་བརྒྱ་ཡོད་པ་ལ་ཇ་འགྱེད་བཏང་ཚུལ་སོགས་དང་ཧོར་ག་ག་ཟེར་བ་དེ་ཚང་གི་བུ་ཡིན་སོགས་བཤད་པ་དག་ཧ་ཅང་ར་འཕྲོད་པར་འདུག དེང་གི་ལོ་རྒྱུས་སྨྲ་བ་འགའ་རེས་ཏུན་ཧོང་གཏེར་ཡིག་སོགས་སུ་གྲི་གུམ་བཙན་པོ་ལ་སྲས་གཉིས་ལས་ཡོད་པར་མ་བཤད་པས་སོག་པོའི་དཔོན་རིགས་རྣམས་བོད་བཙན་པོའི་གདུང་རྒྱུད་ཡིན་པར་བཤད་པ་ལ་རྒྱུ་མཚན་མི་འདུག་ཟེར་མོད། ལྷ་བཙན་པོའི་བཀའ་ཆེམས་ཀ་ཁོལ་མ། རྒྱལ་པོ་བཀའ་ཐང་། ཚལ་པའི་དེབ་ཐེར་དམར་པོ། བུ་སྟོན་ཆོས་འབྱུང་། རྒྱལ་རབས་གསལ་བའི་མེ་ལོང་། ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། གུ་གེ་མཁན་ཆེན་ངག་དབང་གྲགས་པས་མཛད་པའི་མངའ་རིས་རྒྱལ་རབས། ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་གྱིས་མཛད་པའི་ཆོས་འབྱུང་། ལྡེའུ་ཆོས་འབྱུང་། མངའ་བདག་ཉང་གི་ཆོས་འབྱུང་། ཧོར་ཆོས་འབྱུང་སོགས་ལོ་རྒྱུས་ཡིག་ཆ་རྙིང་བ་དུ་མ་ཞིག་ཏུ་གྲི་གུམ་བཙན་པོ་ལ་སྲས་ཤ་ཁྲི། བྱ་ཁྲི། ཉ་ཁྲི་གསུམ་ཡོད་པར་དངོས་སུ་གསུངས་འདུག་པས་རྒྱུ་མཚན་ཡོད་པར་འཛིན་ཏོ།།

དཔོན་རབས་དྲུག་པ་ཧོར་སྲས་བསོད་ནམས་དབང་འདུས་ནི།

རབ་བྱུང་བཅུ་བཞི་པའི་དཀྱིལ་སྟོད་དུ་ཆེན་པོ་ཧོར་གྱི་གདུང་རྒྱུད་ཚེ་བརྟན་ནོར་བུའི་སྲས་མགོན་པོ་བསམ་གྲུབ་དང་། གཡུ་ཁོག་དཔོན་མོ་བསོད་ནམས་སྒྲོན་མ་གཉིས་ཀྱི་བུ་རུ་འཁྲུངས། བློ་སྟོབས་དང་ཤེས་རྒྱ་ཆེ་ལ་དཔའ་རྩལ་ལྡན་པ། ཡུལ་མིས་བརྩི་མཐོང་དང་རེ་ལྟོས་བྱེད་སའི་བུ་ཞིག་ཡིན། དཔོན་མོས་གཡུ་ཁོག་དཔོན་གྱི་གོ་གནས་ཁོང་ལ་སྤྲད། དཔོན་འདིས་ཕྱོགས་ཀྱི་ཤེས་ཆེན་དང་། དཔྱོད་ལྡན་དུ་མ་གྲོགས་སུ་བཀུགས་ནས་ཧོར་ག་ག་དང་འཁོན་པ་ཕན་ཚུན་ཞི་འཇགས་སུ་བཏང་། ནང་ལོགས་སུ་བུ་དཔའ་བོ་དང་བཟང་པོ། ཤེས་ཆེན་དཔྱོད་ལྡན་སོགས་ལ་རྟ་ནོར་སོགས་གྱིས་གཟེངས་བསྟོད་བྱས་ནས་གལ་ཆེའི་མི་སྣ་སྐྱེད་སྲིང་བྱས། རབ་བྱུང་བཅུ་བཞི་པའི་ཆུ་བྱི་༼༡༨༥༢༽ལོ་ནས་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་དགོངས་བཞེད་ལྟར་གཡུ་དགོན་རྒྱ་བསྐྱེད་མཛད། རབ་བྱུང་བཅུ་བཞི་པའི་མཇུག་ཏུ་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱིས་བོད་ཡུལ་ཡོངས་རྫོགས་ཁོ་རང་གི་དབང་དུ་བསྡུ་རྒྱུའི་དམིགས་འདུན་གྱིས་རུ་དྲངས་ནས་མདོ་ཁམས་ཀྱི་ཡུལ་གྲུ་དུ་མ་མངའ་འོག་ཏུ་བསྡུས་སྐབས། གཡུ་ཁོག་ཏུ་ཡང་ཉག་དམག་ཕབ་པ་ན། དཔོན་འདིས་དམག་དཔོན་བྱས་ཏེ་ཉག་དང་འཐབ་འཁྲུགས་བྱས་པ་དང་། ཁྱད་པར་གཡུའི་ཆུ་ལུང་ཐང་ནས་ཁྱ་ཤུལ་རྡོ་རྗེ་འབུམ་གྱིས་འཇའ་དཀར་མོ་རྡོ་གཅོད་ཞེས་པའི་ཤང་ལང་གིས་ཉི་མ་གཅིག་ལ་ཉག་སྐེད་དཔོན་གྱི་མདའ་དཔོན་ཆེན་མོའི་གཙོས་མི་རྟ་བཅོ་བརྒྱད་བསད། ཉག་གི་དམག་མི་ཞིག་གིས་འབྲོག་ཁྱིམ་ཞིག་ཏུ་མར་གྲོག་ཞིག་ཕྲོགས་ནས་ཟ་བཞིན་བྲོས་ནས་ལྕང་སྡོང་ཞིག་གི་ཕག་ཏུ་གབ་པ་ན་རྡོ་རྗེ་འབུམ་གྱིས་ཤང་ལང་གཡུགས་པས་ལྕང་སྡོང་དང་དམག་མི་གཉིས་ཀ་བཅད་པར་མ་ཟད། གྲི་རྩེས་རྡོ་ཕ་བང་ཞིག་ཆག་གྲུམ་བཏང་བ་དང་། གཡུའི་ས་ཆ་དང་འགག་འཕྲང་བཙན་རྐྱེན་ཉག་གི་མངའ་འོག་ཏུ་ཆེར་བསྡུ་མ་ནུས་པར་བཤད། རྗེས་སུ་བོད་གཞུང་གིས་ལས་དམག་ཉག་རོང་གི་སྟེང་དུ་ཕབ་སྐབས་བོད་དམག་ལ་ལམ་རྒྱུས་མེད་པས། གཡུ་ཁོག་པ་གེ་འཕན་ལྕགས་འབུམ་ཚེ་རིང་གིས་བོད་དམག་གི་རུ་སྣ་དྲངས་ཏེ་ཉག་རྐེད་དཔོན་ཕམ་པར་བྱས་པས། དཔོན་འདིས་སྒེག་སྟོད་གེ་ལྕགས་ཚང་ལ་དཔའ་དར་དུ་བྱིན་པའི་ལོ་རྒྱུས་ཡོད། དེ་ནས་བོད་སྡེ་བ་གཞུང་གིས་མདོ་སྨད་ཀྱི་སྡེ་འབངས་ཐམས་ཅད་སླར་ཡང་ཆེན་པོ་བོད་ཀྱི་མངའ་རིས་སུ་བསྡུས་སྐབས་ས་ཕྱོགས་འདིའི་དཔོན་སྡེ་རྣམས་ཀྱང་བོད་གཞུང་གི་མངའ་འོག་ཏུ་གཏོགས་པར་བྱས་པར་མ་ཟད་བོད་གཞུང་ལ་དཔྱ་ཁྲལ་འབུལ་དགོས་པར་གྲགས་སོ།། དཔོན་འདི་ལ་གཡུ་སྲས་ཀརྨ་དབང་དྲག པེ་ལོ། བསྟན་འཛིན་འོད་ཟེར་རམ་བསྟན་གཅེས། དགེ་འདུན་རྒྱ་མཚོ། སྲས་མོ་རྟ་མགྲིན་དབང་མོ། ཀུན་བཟང་དབང་མོ་བཅས་དྲུག་ཡོད། སྲས་ཆེ་བ་ཀརྨ་དབང་དྲག་ནི་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་གྱི་འཕྲུལ་སྲས་ཡིན་པར་གྲགས། གཞན་ཡང་དཔོན་འདིའི་རིང་གེ་འཕན་ཨ་སེན་མའི་དཔོན་རྡོ་རྗེ་ཞེས་པས་ཁྱིམ་མཚེས་སྡེ་བའི་མནའ་ཆད་རྡོག་རོལ་དུ་བཏང་ནས་གཡུ་ཁོག་ལ་ཇག་འདེད་བྱས་པ་སོགས་ལ་ཡ་ལན་སྤྲད་ནས་རྟ་ནོར་གང་མང་གནང་ལ་བླངས། དཔོན་འདིའི་རིང་རྫེ་ཐ་སྡེ་བ་ནི་ཁྲོ་སྐྱབས་དང་། དགེ་བཤེས་ཙ། གཡུ་ཁོག་གསུམ་ལ་གཏོགས་པའི་སུམ་སྡེ་ཡིན་པར་བཤད། དུད་ཁྱིམ་སུམ་བརྒྱ་ཙམ་དུ་འཕེལ་རྒྱས་བྱུང་། སྔར་མ་ཡུམ་དཔོན་མོའི་དུས་ཉམས་གུད་དུ་ཤོར་བ་ཐམས་ཅད་སླར་གསོ་རྒྱ་བསྐྱེད་མཛད། སྐུ་ན་མཐོ་བའི་སྐབས་ཤིག་ལ་གཙང་སྨད་ཀྱི་ཝ་ཤུལ་བླ་མ་སྟོན་པ་དང་། ས་འགོ་བླ་མ་བཟང་གྲགས་གཉིས་ཀྱི་གྱོད་དོན་འདུམ་འགྲིག་གི་ཆེད་དུ་ཡུལ་དེར་ཕེབས་སྐབས་ས་དེར་སྐུ་བསྙུན་པས་མཚམས་པ་འོད་གསལ་རྒྱ་མཚོས་ཞི་ཁྲོའི་གནས་འདྲེན་གསུངས་ཚེ་སྤར་ཆོག་གི་སྐབས་སུ་སྐུ་གཤེགས་པར་གྱུར་ཅེས་ཐོས་སོ།།

དཔོན་རབས་བདུན་པ་གཡུ་སྲས་ཀརྨ་དབང་དྲག་ནི།

གཡུ་དཔོན་བསོད་ནམས་དབང་འདུས་ཚང་གི་རུ་བ་གཡུ་སྟོད་དུ་ཡོད་དུས། ཁ་བ་བབས་ཡོད་པའི་ནང་མོ་ཞིག་ལ་དཔོན་ཚང་གི་སྦྲ་སྒོ་ནས་རྟ་པ་ཞིག་ཕྱིར་སོང་བའི་རྗེས་ཡོད་པས། ནང་མི་ཚོས་རྟ་རྗེས་དེད་ནས་གར་སོང་བརྟགས་པས་མདུན་ཆེན་ནང་བརྒྱུད་ནས་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་གྱི་གངས་ནང་དུ་རྗེས་ཟུག་ཡོད། དེའི་ཕྱི་ལོ་སྟེ་རབ་བྱུང་བཅུ་བཞི་པའི་མེ་སྟག་༼༡༨༦༦༽ལོར་སྲས་འདི་འཁྲུངས། རྡོ་རྗེ་གཡུ་ཁྲོམ་གྱི་འཕྲུལ་སྲས་སུ་གྲགས། ཁོང་ནི་གཞན་དང་མི་འདྲ་བའི་གཟུགས་དང་ལང་ཚོ་ལྡན་པ། སྐུ་ཤ་རྒྱས་ལ་སྐུ་བོང་ཆེ་བ་ཞིག་ཡིན། སྐུ་ནར་སོན་སྐབས་ཁོང་གིས་དམ་པའི་ཆོས་ཁོ་ན་མཛད་པར་མོས་ཀྱང་། མི་དབང་བསོད་ནམས་དབང་འདུས་འདས་རྗེས་གཡུ་ཁོག་སྡེ་འབངས་ཡོངས་ཀྱིས་ནན་ཞུས་ལྟར་དཔོན་རབས་བདུན་པའི་གོ་གནས་བཞེས། རྒྱལ་རོང་ཁྲོ་སྐྱབས་དཔོན་༼རྒྱལ་རབས་སོ་བདུན་པ་༽ཚེ་དབང་ནམ་མཁའི་སྲས་མོ་ཨ་འདེ་བཙུན་མོར་བསུས། ངག་རྒྱུན་དུ་གཡུ་ཁོག་དཔོན་ཚང་གིས་ཁྲོ་སྐྱབས་སྲས་མོའི་ནུ་ཆུའི་གསེར་རིན་ལ་མཛོ་བརྒྱ་ཐམ་པ་བྱིན་པར་བཤད། ཁྲོ་སྐྱབས་དང་གཡུ་ཁོག་གིས་ཕན་ཚུན་རམ་འདེགས་གང་མང་བྱས། དཔོན་འདིའི་རིང་ལ་ཞི་བདེ་དང་བག་ཕེབས་ཀྱིས་ཆོས་སྲིད་བསྐྱངས་པ་ལས། དྲག་པོ་དམག་གི་འཐབ་འཁྲུགས་སོགས་གཏན་ནས་མ་བྱུང་བར་གྲགས། སྡེ་དགོན་གཉིས་ལ་ཡར་རྒྱས་གོང་འཕེལ་རྒྱ་ཆེན་བྱུང་། འོན་ཀྱང་སྲིད་བཟུང་ནས་མི་ལོ་དྲུག་གི་རྗེས་སུ་སྐུ་གཤེགས། དེ་ཡང་ཁོང་གིས་ཆོས་མཛད་ན་སྐུ་ཚེ་དང་མཛད་པ་མཐའ་རུ་ཕྱིན་རྒྱུ་ཡིན་ཀྱང་། དེ་ལྟར་མ་བྱུང་བར་འཇིག་རྟེན་མཐུན་འཇུག་བྱས་ན་ཚེ་ལ་བར་ཆད་ཡོད་རྒྱུ་རེད་ཅེས་ནམ་རྒྱུན་གསུངས་པར་གྲགས།

དཔོན་རབས་བརྒྱད་པ་པེ་ལོ་ནི།

སྤུན་ཆེ་བ་ཀརྨ་དབང་དྲག་གཤེགས་རྗེས་གཡུ་ཁོག་དཔོན་གྱི་གདན་ཐོབ་བཟུང་། འདི་ནི་དཔའ་སྙིང་ཆེ་ལ་རྩལ་དྲུག་འཛོམས་པ་ཞིག་ཡིན། ཅོག་ཙེ་ཕྱོགས་ཀྱི་བླ་མ་འབྱོར་ལྡན་ཞིག་གྲྭ་འཁོར་སྒར་བ་བཅས་གཡུ་ཁོག་བརྒྱུད་ནས་ཡུལ་གཞན་དུ་བསྐྱོད་བཞིན་པ་དཔོན་པེ་ལོས་གོ་ནས། བློན་རབ་བརྟན་དང་། གསེར་ནོར་སོགས་མངགས་གཏོང་གིས་བླ་མའི་སྒར་བ་བཅོམ་ནས་རྒྱུ་ནོར་ཡོངས་རྫོགས་ཕྲོགས། དེ་ནས་བླ་མ་ཕ་ཡུལ་དུ་ལོག་ནས་གཡུ་ཁོག་ལ་མཐུ་གཏད་བྱས་པ་སོགས་ཀྱི་ལོ་རྒྱུས་ཡོད། རྒྱ་ནག་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་ཐོག་བཅུ་པ་ཤོན་ཐུང་(宣统)ཁྲི་ལོ་གསུམ་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་༼༡༩༡༡༽ལོ། སི་ཁྲོན་ཨམ་འབན་(適驻藏大臣)ནམ། མཐའ་མཚམས་དོན་གཅོད་བློན་ཆེན་ཀྲའོ་ཨེར་ཧྥོང་(赵尔丰1845-1911)གིས་བོད་ཀྱི་ས་གནས་ཁག་དུ་མར་ཡུལ་དཔོན་གཞུང་བསྒྱུར་(改土归流)གྱི་སྲིད་ལུགས་སྤེལ་དགོས་པའི་བཀའ་རྒྱ་བཏང་ནས། མཐའ་མཚམས་བོད་ཀྱི་ཡུལ་གྲུ་དུ་མའི་སྡེ་དཔོན་བསད་ནས་རྒྱ་དཔོན་གསར་བསྐོ་བྱས། མངའ་འབངས་དང་། ས་ཆ་རྣམས་གཅིག་གྱུར་བཅོས་བསྒྱུར་ཀྱིས་ཆིང་རྒྱལ་པོའི་མངའ་འོག་ཏུ་བསྡུ་སྐབས། དཔོན་འདིས་ཨམ་འབན་ལ་མགོ་འདོགས་དམ་འབུལ་མ་བྱས་པར་མ་ཟད། ལི་སྨད་ཨ་སུག་མའི་དཔོན་གེ་འཕན་དགྲ་འདུལ་དང་མཉམ་འབྲེལ་གྱིས་རྒྱ་ཨམ་འབན་ལ་ངོ་རྒོལ་འཐབ་འཛིང་བྱས། མཐའ་མཚམས་དོན་གཅོད་སྐུ་ཚབ་དམག་དཔོན་ཧྥོའི་སོང་མོ་(傅嵩炑1869-1929)ཡིས་སྣ་ཁྲིད་པའི་རྒྱ་དམག་འབོར་ཆེན་གཡུ་ཁོག་ཏུ་ཕབ་པ་ན། དཔོན་པེ་ལོས་དམག་མི་རྒོད་ཧྲག་བརྒྱ་ལྷག་བསྡུས་ནས་གཡུའི་ཆུ་ལུང་མདོ་ནས་གདོང་ལེན་དང་དམར་འཛིང་བྱས། རྒྱའི་དམག་དཔོན་ཁྱན་ཤིས་ཧོ་(田兴和)སོགས་དམག་གྲངས་མང་བསད། རྒྱ་དམག་ཚན་པ་གསུམ་དུ་བགོས་ནས་གཡུ་དགོན་དུ་བབས། མི་དྲག་བཅུ་ཙམ་འཛིན་བཟུང་བྱས། དཔོན་པེ་ལོ་དང་། བསྟན་འཛིན་འོད་ཟེར་གཉིས་རི་ལ་བུད་ནས་རྒྱ་དམག་ལ་རྒོལ་འཛིང་བསྟུད་མར་བྱས། འོན་ཀྱང་ཁྱིམ་མཚེས་ཀྱི་སྡེ་བ་ལི་སྟོད་མ་དང་། གསེར་ཁོག རྒྱལ་རོང་ཁྲོ་སྐྱབས་སོགས་ཀྱིས་ཨམ་འབན་ལ་མགོ་བཏགས་ཤིང་ཆིང་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡུས་ཟིན་པར་མ་ཟད། ཨམ་འབན་གྱིས་གཡུ་དཔོན་པེ་ལོ་སྤུན་མཆེད་སོད་ན་དཔའ་དར་ཆེན་པོ་སྟེར་ཚུལ་ཁྱབ་བསྒྲགས་བྱས་རྐྱེན། ལི་སྟོད་ཀྱི་མནའ་ཤག་ཞིག་གིས་ནང་རུལ་བྱས་ཤིང་། སེར་ཧོབ་ལུང་དུ་ལི་སྟོད་འོད་ཟེར་སོགས་ཀྱི་གཡོ་ཇུས་ཀྱིས་ཁོང་སྤུན་གཉིས་ཀ་བསད་ཅིང་མགོ་བཅད་ནས་རྟའུ་རྫོང་ཨམ་འབན་སར་སྤྲད་པས་དཔའ་དར་ལ་དངུལ་སྲང་སྟོང་རེ་ལོན་ཅིང་དཔོན་སྤུན་མཆེད་གཉིས་ཀྱི་མགོ་རྟའུ་རྫོང་མཁར་གྱི་རྒྱ་སྒོའི་གཡས་གཡོན་དུ་བཙུགས་པར་བྱས། དེ་ནས་གཡུ་ཁོག་དང་ལི་སྟོད་ཀྱི་བར་ལ་འཁོན་འགྲས་བྱུང་བར་གྱུར།

དཔོན་རབས་དགུ་པ་ཚེ་དཔལ་ནོར་བུ་ནི།

གཡུ་དཔོན་བསོད་ནམས་དབང་འདུས་ཀྱི་སྤུན་ཧོར་སྲས་ནམ་མཁའ་དཔལ་ཆེན་ལ་བུ་བུ་མོ་གསུམ་ཡོད་པའི་ཆེ་བ་ཡིན། དེས་བསེ་ཁྱུང་དབྲ་ཡི་རིགས་རྒྱུད་ལ་སྦྲ་དཀར་ནག་ཁྲ་གསུམ་ལས་སྦྲ་ནག་ལ་ཁྱུང་པོ་དཀར་ནག་སེར་གསུམ་དུ་ཡོད་པའི་ནང་ཚན། ཁྱུང་དཀར་ལྷའི་རིགས་རྒྱུད། རྒྱལ་རོང་དགེ་བཤེས་ཙ་རྒྱལ་པོའི་སྲས་མོ་ཚེ་རིང་ལྷ་མོ་བཙུན་མོར་བསུས་ནས་ཁྱིམ་གསར་བཟུང་། དམ་པའི་སྐྱེས་བུ་ལྔ་འཁྲུངས། དཔོན་པེ་ལོ་བཀྲོངས་རྗེས་དཔོན་འདིས་གཡུ་ཁོག་དཔོན་གྱི་གོ་གནས་བཟུང་། ཆུ་བྱི་༼༡༩༡༢༽ལོར་ཁོང་གིས་སྣེ་ཁྲིད་པའི་འོག་དམག་དཔོན་ཆེན་མོ་གེ་འཕན་ནམ་མཁའ་ཚེ་རིང་། གནམ་མཚོ་དོན་ལོ། བྱམས་ཤུལ་རིན་ཆེན་ཐར། གནམ་མཚོ་གཡུ་ཐར་སོགས་དམག་ཉིས་བརྒྱ་ཙམ་ལི་སྟོད་དུ་བསྐྱོད། ལི་སྟོད་མས་གྲ་སྒྲིག་དོགས་ཟོན་གང་ཡང་བྱས་མེད་པའི་སྟེང་གཡུ་དམག་གློ་བུར་དུ་ཐོན་རྐྱེན་རྒྱལ་ཁ་ཆེན་པོ་བླངས། དེ་ནས་ལོ་གཅིག་གི་རྗེས་ནས་ལི་སྨད་ཚང་དང་། ཨ་སེན་མའི་དམག་གིས་གཡུ་ཁོག་ལ་རྒྱབ་སྐྱོར་གྱིས་དཔུང་འཇུག་བྱས་ཀྱང་ཕམ་ཁ་མ་ཁུར་ཙམ་ལས་རྒྱལ་ཁ་ཆེན་པོ་མ་ཐོབ། དཔོན་འདིའི་རིང་ལ་གཡུ་ཁོག་པ་མན་ཆིང་གོང་མའི་མངའ་འོག་གི་རྟའུ་རྫོང་ཁོངས་སུ་བསྡུས། གཡུ་ཁོག་གི་དཔོན་པོར་ཚེ་དཔལ་ནོར་བུ་རང་སོར་བཞག ཤོག་ཁག་དྲུག་པོ་ལ་རྒྱ་ནག་གི་གནའ་རབས་ལུགས་སྲོལ་ལྟར་པའོ་(保)ཞེས་པ་དང་། ཤོག་དཔོན་རྣམས་ལ་པའོ་ཀྲང་(保长)ཞེས་པའི་མིང་བཏགས། དེ་ལ་སྤྱིར་པའོ་ཟེར་བ་ནི་རྒྱ་ནག་གི་ཀྲན་ཀོའི་(战国)དུས་སྐབས་སུ་ཧྲང་དབྱངས་(商鞅 公元前395-公元前338)ཞེས་པས་པའོ་ཅཱ་(保甲)ལམ་ལུགས་ཐོག་མར་བཟོས་པ་དང་། རྒྱལ་རབས་ཁག་གི་དུས་སུ་ཡང་རིམ་པས་ལག་བསྟར་བྱས། སྐབས་འདིར་དུད་ཁྱིམ་བཅུ་ལ་ཅཱ་(甲)དང་། ཅཱ་བཅུ་ལ་པའོ་(保)ཟེར་བ་ལྟར་བྱས་འདུག སྤྱི་ལོ་༡༩༡༡ལོའི་ལོ་མཇུག་ནས་ཆིང་རྒྱལ་རབས་མཇུག་རྫོགས། མི་སེར་རྒྱལ་ཁབ་(民国)མགོ་ཚུགས་སྐབས་པའོ་ཅཱ་ལམ་ལུགས་མེད་པར་བྱས་ཀྱང་ཕྱིས་༡༩༣༤ལོར་ཡང་བསྐྱར་ལམ་ལུགས་དེ་ལག་བསྟར་བྱས་པར་བཤད། འོན་ཀྱང་གཡུ་ཁོག་ཏུ་པའོ་ཀྲང་(保长)གི་ཐ་སྙད་དེ་སྤྱི་ལོ་༡༩༡༡ལོ་ནས་བཟུང་མི་ལོ་བཞི་བཅུ་ཙམ་གྱི་རིང་ལ་བཀོལ་སྤྱོད་བྱས་འདུག གཡུ་ཁོག་གི་ཡུལ་མི་རྣམས་ཀྱིས་པོ་ཀྲོ་ཟེར་བར་འདུག་ཀྱང་དེ་ནི་རྒྱ་སྐད་མ་དག་པས་རེད། འོན་ཀྱང་སྐབས་དེར་ཨམ་འབན་གྱིས་གཡུ་ཁོག་པས་རྟའུ་རྫོང་ལ་དཔྱ་ཁྲལ་དགོས་ཚུལ་བསྒྲགས་པ་སོགས་དཔོན་འདིས་བཟློག་པར་མ་བྱས་རྐྱེན་སྡེ་འབངས་རྣམས་ཀྱིས་བརྩི་མཐོང་ཆེར་མ་བྱས། འོན་ཀྱང་ལོ་བདུན་གྱི་རིང་གཡུ་ཁོག་དཔོན་གྱི་གོ་གནས་བཟུང་བ་ཡིན་ནོ།།

དཔོན་རབས་བཅུ་པ་དཔོན་བླ་དགེ་འདུན་རྒྱ་མཚོ་ནི།

མི་དབང་བསོད་ནམས་དབང་འདུས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་དྲག་པོ་ལྕགས་སྤྲེལ་༼༡༨༦༠ ༡༩༢༨༽ལོར་སྐུ་འཁྲུངས། སྐུ་ནར་སོན་སྐབས་བྱ་བ་བྲལ་ནས་དབུས་གཙང་སོགས་སུ་ཕེབས་ནས། གངས་རི་ཐོད་དཀར་དུ་ཧོར་བླ་མ་བསྟན་འཛིན་ནམ་རྒྱལ་རོང་བསྟན་འཛིན་གྲགས་པ་བླ་མར་བཀུར་ཞིང་སྒྲུབ་པ་ཉམས་བཞེས་མཛད་ནས་མི་ལོ་ཉེར་ལྔ་སོང་བའི་རྗེས་སུ། གཡུ་ཁོག་པའི་འགོ་བློན་རྣམས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་གཡུ་ཁོག་ཏུ་གདན་དྲངས། དགུང་གྲངས་ང་དགུ་བཞེས་པ་རབ་བྱུང་བཅོ་ལྔ་པའི་ས་རྟ་༼༡༩༡༨༽ལོར་གཡུ་ཁོག་ཏུ་ཕྱག་ཕེབས། ཡུལ་དགོན་གཉིས་ཀྱི་རེ་ཞུས་ལྟར་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་གོ་གནས་བཞེས། ཁོང་གིས་དགོན་པའི་གཙུག་ལག་ཁང་རྒྱ་བསྐྱེད་དང་དགེ་འདུན་པའི་གྲྭ་ཁང་བཞི་སྐོར་དུ་བཏབ། སློབ་གྲྭ་དང་བཤད་སྒྲུབ་རྒྱུན་འཛུགས་དང་། མི་སེར་ལ་ཆོས་འཚོགས་གནང་། ཡུལ་གྲུ་གཞན་ལ་ཇག་འཕྲོག་བྱེད་མི་ཆོག་པའི་ཁྲིམས་དང་། རི་རྒྱ་རྔོན་ཁྲིམས་བཞག མཛོ་མོའི་རྟོ་ལེ་བཤའ་མི་ཆོག་པ་སོགས་ཀྱི་སྒྲིག་འཛུགས་གསར་བཞག་དང་། དམག་ཁྲིམས་དོ་དམ་གནང་། ལི་སྟོད་མས་གནས་ཚུལ་དེ་རིགས་གོ་ནས་སེམས་ཁྲལ་དང་དོགས་ཟོན་ཆེན་པོ་བྱས་ཤིང་། ཝ་ཤུལ་གསེར་རྟའི་དཔོན་མགོན་རྡོར་བརྒྱུད་ནས་གཡུ་ཁོག་ཚང་དང་གྱོད་དོན་འདུམ་འགྲིག་བྱེད་པར་བགྲོས་ཀྱང་རེ་བ་དོན་ཐོག་ཏུ་མ་སྨིན། དེ་ནས་གཡུ་ཁོག་དང་ལི་སྟོད་ཚང་གཉིས་ཀྱིས་ཕན་ཚུན་མི་གསོད་ཇག་འདེད་རྒྱུ་འཕྲོག་ལན་གྲངས་དུ་མར་བྱས་སྐབས། ཆུ་ཕག་༼༡༩༢༣༽ལོར་རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་ནམ་མཁས་སྐུ་ཚབ་ང་ཀྱམ་དཔོན་པོ་ཆེད་གཏོང་གིས་གཡུ་ཁོག་དང་ལི་སྟོད་མ་མི་ལོ་བཅུ་གཉིས་རིང་འཁྲུག་འཛིང་བྱས་པའི་གྱོད་དོན་ཞི་འཇགས་སུ་བཏང་། གཡུ་ཁོག་དཔོན་བླ་འདིའི་སྐུ་རིང་ལ་གཡུ་ཁོག་ཡུལ་དགོན་གཉིས་ཆར་ལ་ཡར་རྒྱས་དང་གོང་འཕེལ་རྒྱ་ཆེན་བྱུང་། འདིའི་དུས་སུ་གཡུ་ཁོག་པ་ལ་དུད་ཁྱིམ་ལྔ་བརྒྱ་ལྷག་ཡོད་པར་བཤད།

དཔོན་རབས་བཅུ་གཅིག་པ་བསོད་ནམས་རྒྱལ་མཚན་ནི།

མི་དབང་བསོད་ནམས་དབང་འདུས་ཀྱི་སྲས་མོ་རྟ་མགྲིན་དབང་མོ་དང་། ནགས་རྟ་ཚེ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་༼༡༩༡༡ ༡༩༣༥༽ལོར་འཁྲུངས། གཡུ་ཁོག་དཔོན་བླ་འདས་རྗེས་ཕ་རུས་ཀྱི་དཔོན་ཐོབ་སྲས་པོ་ཚེ་དཔལ་ནོར་བུའི་བུ་རྣམས་ལ་ཡོད་པ་ཡིན་མོད། བུ་ཆེ་བ་གསུམ་ནི་སྤྲུལ་སྐུ་ཡིན་པ་དང་། སྲས་བཞི་པ་ལ་དཔོན་བྱེད་པའི་ནུས་པ་མེད་པས། སྲས་ལྔ་པ་འཆི་མེད་གསང་འདུས་ལྕགས་སྤྲེལ་༼༡༩༢༨ ༢༠༡༢༽ལོ་པ། དགུང་ལོ་དགུ་ལས་མིན་ཀྱང་གཡུ་ཁོག་དཔོན་ཏུ་བསྐོས། སྐབས་དེའི་དམག་སྤྱི་ཆེན་མོ་ནགས་རྟ་ཚེ་དཔལ་གྱིས་ལོ་ཤས་རིང་ཁོང་ལ་གཙོ་བོའི་རམ་འདེགས་ཀྱིས་དཔོན་ས་སྐྱོང་འཆར་ཡིན་ཀྱང་ལོ་གཅིག་མ་སོང་ཙམ་དུ་དམག་སྤྱི་ཚེ་དཔལ་ཤི་སོང་། དེ་ནས་གཡུ་ཁོག་དཔོན་གྱི་གོ་གནས་བསོད་ནམས་རྒྱལ་མཚན་གྱིས་བཟུང་། སྐབས་དེར་ཁོང་དགུང་གྲངས་བཅུ་དགུར་སོན། འགྲན་ཟླ་མེད་པའི་དཔའ་རྒོད་དང་། སྡེ་མི་སེར་ལ་ལྷག་བསམ་དཀར་བ་ཞིག་ཡིན། གཡུ་ཁོག་དཔོན་བླའི་སྐུ་དུས་ཀྱི་ཆུ་ཕག་༼༡༩༢༣༽ལོར་གཡུ་ཁོག་དང་དང་ལི་སྟོད་མའི་གྱོད་དོན་འདུམ་འགྲིག་བྱེད་སྐབས་ཁོང་དགུང་ལོ་བཅུ་གསུམ་ལས་མིན་ཀྱང་དཔའ་ངར་ལྡན་པའི་གཏམ་བཤད་ཀྱིས་ལི་དཔོན་དགེ་འདུན་དང་ཕྱོགས་གཉིས་ཀྱི་འགོ་བློན་རྣམས་ཧ་ལས་པ་བྱུང་། དོན་ཆེན་གྱི་ཆེད་དུ་མ་ཟད་དུད་ཁྱིམ་ཆུང་ངུ་ཞིག་གི་རྟ་ནོར་ཇག་རྐུན་གྱིས་ཁྱེར་བ་ཙམ་ལ་ཡང་འོག་གི་སྡེ་འབངས་ལ་དཀའ་ངལ་བྱུང་ན་སྐྱིད་པོར་འདུག་རྒྱུ་མེད་ཟེར་ནས་ཁོང་སྐུ་དངོས་ར་མདའ་རྩད་གཅོད་དུ་ཕེབས་པ་སོགས་མཛད། འོན་ཀྱང་སྤྱིའི་སྒྲིག་ཁྲིམས་དང་འགལ་མཁན་ལ་མིག་འདོན་པ་དང་། རྒྱུས་པ་གཅོད་པ། ལྕགས་ཚན་འབྲབ་པ་སོགས་ཀྱི་ཆད་ལས་ཚབས་ཆེན་ཕབ། སྟོད་གེ་སར་གྱི་གོང་བ་མན་ཆད། སྨད་རྒྱལ་རོང་གི་འདབ་མ་ཡན་ཆད་དབང་དུ་བསྡུ་རྒྱུ་ཡིན་སོགས་ཁ་ཕོ་བསྒྲགས། ལོ་བདུན་གྱི་རིང་ལ་གཡུ་ཁོག་དཔོན་གྱི་འགན་ཁུར་བར་མཛད། དཔའ་ངར་ལྡན་པའི་གྲགས་པ་ཕྱོགས་སུ་ཁྱབ། དགུང་གྲངས་ཉེར་ལྔ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་༼༡༩༣༥༽ལོར་དམར་དམག་རྒྱང་བསྐྱོད་ཀྱིས་གཡུ་ཁོག་ཏུ་སླེབས་སྐབས། དཔོན་འདིས་དམར་དམག་ལ་མགོ་མ་བསྒུར་བར་འཐབ་འཁྲུག་བྱས། སྒེག་ཁོག་ནས་གདོང་ལེན་གྱིས་རྒྱ་དམག་དུ་མ་བསད་མཐར་སྒེག་གི་ཅ་འཛོང་ནས་བཀྲོངས་སོ།།

དཔོན་རབས་བཅུ་གཉིས་པ་དབང་ཆེན་བདུད་འདུལ་ནི།

ཡབ་ནགས་རྟ་ཚེ་དཔལ་དང་། མ་ཡུམ་སྲས་མོ་རྟ་མགྲིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་༼༡༩༡༢ ༡༩༨༩༽ལོར་འཁྲུངས། དཔོན་འདི་ནི་རྣམ་དཔྱོད་ཡངས་ཤིང་ཐབས་ལ་མཁས་པ། མི་གཞན་གྱིས་བློ་ཁ་བསྒྱུར་དཀའ་བ་ཞིག་ཡིན། དགུང་གྲངས་ཉེར་ལྔ་བཞེས་པ་མེ་བྱི་༼༡༩༣༦༽ལོ་གཡུ་ཁོག་དཔོན་གྱི་འོས་འགན་བཞེས། རྒྱལ་རོང་དྲུག་ཟུར་རྒྱལ་ས་ནས་ཁྲོ་སྐྱབས་སྲས་མོ་ཀུན་གསལ་དབང་མོ་བཙུན་མོར་བསུས་ཤིང་། གཡུའི་ཆོས་ཁྲིའི་ཐང་ནས་བཀྲ་ཤིས་པའི་གཉེན་སྟོན་བྱས། གཡུའི་མངའ་འབངས་ཀྱི་ཁྱིམ་རབ་རེས་མཛོ་རེ། ཁྱིམ་འབྲིང་རེས་རྟ་རེ། ཁྱིམ་ཆུང་རེས་འབྲི་རེ་ཕུལ་བར་གྲགས། ཁྲོ་སྐྱབས་སྲས་མོ་འདི་ནི་སྔོན་གཡུ་དཔོན་ཀརྨ་དབང་དྲག་གིས་ཁྲོ་སྐྱབས་དཔོན་ཚེ་དབང་ནམ་མཁའི་སྲས་མོ་ཨ་འདེ་བཙུན་མོར་བཞེས་ཀྱང་ལོ་འགའི་རྗེས་ནས་ཀརྨ་དབང་གྲགས་འདས། ཁོང་གཉིས་ལ་བུ་རྒྱུད་མེད་པས་སྲས་མོ་ཨ་འདེ་ཕྱིར་ཁྲོ་སྐྱབས་སུ་བསྐྱལ་བ་ལ་རླན་རིགས་ཀྱི་སྲས་མོ་ཞིག་འཁྲུངས་པ་སྲས་མོ་ཀུན་གསལ་དབང་མོ་འདི་ཡིན། དཔོན་འདིས་སྤུན་བསོད་ནམས་རྒྱལ་མཚན་གྱི་དུས་སུ་བཞག་པའི་ཁྲིམས་ལུགས་ལག་བསྟར་བྱས། ཁྲོ་སྐྱབས་དང་། དགེ་བཤེས་ཙ། གཡུ་ཁོག་གསུམ་ལ་དཔྱ་ཁྲལ་འབུལ་དགོས་པའི་སུམ་སྡེ་རྫེ་ཐ་བ་ཞེས་དུད་ཁྱིམ་དྲུག་ཅུ་ཙམ་ཡོད་པའི་ནང་ནས་ཁྱིམ་ཚང་བརྒྱད་ཀྱིས་རྩང་སྨད་སྡེ་བར་མགོ་བཏགས་པ་ལམ་བར་ནས་གཡུ་ཁོག་པས་ཇག་འཕྲོག་བྱས་རྐྱེན་གཡུ་རྩང་གཉིས་འཁྲུག་འཛིང་བྱུང་། དེའི་གྱོད་དོན་གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེས་ཞི་འཇགས་མཛད། རྫེ་ཐ་བའི་དུད་ཁྱིམ་དྲུག་ཅུ་པོས་གཡུ་ཁོག་པ་མ་གཏོགས་དཔོན་ཁག་གཞན་གཉིས་ལ་དཔྱ་ཁྲལ་སྟེར་མི་དགོས་པར་བྱས། གཡུ་རྩང་འཁྲུགས་སྐབས་ཨ་སེན་མའི་དཔོན་གེ་འཕན་གདུགས་དཀར་མགོན་གྱིས་གཡུ་ཁོག་པའི་གསང་ཇུས་རྩང་སྨད་ཕྱོགས་ལ་བཤད་རྐྱེན་གཡུ་དང་ཨ་སེན་མ་འགྲས་ནས་འཐབ་འཁྲུག་བྱས་ཏེ་ཕན་ཚུན་ཤི་རྨས་མང་དུ་བཏང་། མཐར་ཨ་སེན་མའི་གེ་འཕན་ཞིང་སྐྱོང་མགོན་གྱིས་སྣེ་ཁྲིད་པའི་ཁྱིམ་ཚང་སུམ་ཅུ་ཙམ་གྱིས་གཡུ་ཁོག་དཔོན་ལ་མགོ་བཏགས། སྐབས་དེར་གཡུ་ཁོག་དཔོན་གྱི་མངའ་འོག་ཏུ་དུད་ཁྱིམ་དྲུག་བརྒྱ་དགུ་བཅུ། མི་གྲངས་ཉིས་སྟོང་བདུན་བརྒྱ། དགོན་པར་དགེ་འདུན་པ་བཞི་བརྒྱ་སུམ་ཅུ་ཙམ་དུ་འཕེལ་རྒྱས་བྱུང་། ཝ་ཤུལ་ཆུ་དམར་བ། ཝ་ཤུལ་གཡུ་དངོས་མ། ཝ་ཤུལ་ཆུ་དབར་བ། ཝ་ཤུལ་དབུས་ཐ་མ། ཝ་ཤུལ་སྒེག་ཐ་མ། གེ་འཕན་ཨ་སེན་མ། དགོན་མཐའ་མ་བཅས་སྡེ་ཤོག་བདུན་ཡོད་པའི་སྤྱི་ཁྱབ་ཀྱི་དཔོན་པོ་གཡུ་སྲས་དབང་ཆེན་བདུད་འདུལ་ཁོང་ཉིད་ཀྱིས་མཛད། དགོན་མཐའི་སྡེ་བ་མ་གཏོགས་པའི་སྡེ་ཤོག་དྲུག་ལ་ཤོག་དཔོན་རེ་དང་། ཤོག་དཔོན་རེའི་འོག་ཏུ་འགོ་བ་བཞི་རེ་དང་། འགོ་བ་རེའི་འོག་ཏུ་དུད་ཁྱིམ་སུམ་ཅུ་མན་ཆད་རེ་ཡོད། འདི་སྐབས་ཀྱང་གཡུ་ཁོག་པས་ཤོག་དཔོན་ལ་སྔོན་ལུགས་ལྟར་པའོ་ཀྲང་(保长)ཞེས་པའི་ཐ་སྙད་དེ་བེད་སྤྱོད་བྱས་འདུག དེ་ཡང་ཆུ་དམར་བའི་ཤོག་དཔོན་གནམ་མཚོ་བསོ་པ། དེའི་འོག་གི་འགོ་བ་རྣུ་ཤུལ་ནམ་མཁའ་དོན་གྲུབ། ཁྱ་ཤུལ་བདེ་ཆེན། རྒྱ་ཚོག་རིག་འཛིན་དཔལ་བཟང་། ཤིང་ཉག་དཀོན་མཆོག་ཚེ་རིང་། གཡུ་དངོས་མའི་ཤོག་དཔོན་གེ་འཕན་བློ་ཐོ་དང་། འགོ་བ་མགར་བསོད་ནམས་རིན་ཆེན། བཞག་ཤུལ་དཔལ་ལུ། ཝ་དགེ་མི་སྐྱོང་རྡོ་རྗེ། རྒྱ་བསྟན་རྒྱས། ཆུ་དབར་བའི་ཤོག་དཔོན་ལྷ་སྲས་འཆི་མེད་གསང་འདུས། འགོ་བ་ཀོའི་རྩའི་བསོ་རྡོག མར་བའི་རིན་ཆེན་རྣམ་རྒྱལ། ཀེ་འཕན་གནས་པོ། གནམ་མཚོ་བསོ་པ།༼འདི་གནམ་མཚོ་ས་བདག་ཚེ་རིང་གི་བུ་ཡིན་པས་ས་བསོ་ཡང་ཟེར། གོང་གི་བསོ་པ་དང་མི་གཅིག༽ དབུས་ཐ་མའི་ཤོག་དཔོན་གནམ་མཚོ་ཀུན་རྒྱལ། འགོ་བ་རྡོ་བདེ་འབྱུང་། ཝ་དགེ་ཀརྨ་བཀྲ་ཤིས། རྡོ་ཚེ། ཝ་དགེ་རིག་འཛིན་དཔལ་མགོན། སྒེག་ཐ་མའི་ཤོག་དཔོན་རྒྱ་ཧྲེ་པད་རྡོར། འགོ་བ་རྒྱ་ཧྲེ་ཀར་ཐོ། རྒྱ་ཧྲེ་བཅང་ཐོ། མགོན་བསྟན་ཚེ་རིང་། རྒྱ་ཧྲེ་རིན་ཆེན་བཟང་པོ། ཨ་སེན་མའི་ཤོག་དཔོན་གཡུ་སྲས་ལྷ་མགོན། འགོ་བ་རི་ཤུལ་རིག་འཛིན་རྒྱ་མཚོ། རུ་ཡོང་ཡི་དམ། གེ་འཕན་ཚེ་རིང་དབང་རྒྱལ། རི་ཤུལ་པད་འཇིགས། རྒ་ནུབ་ཨོ་རྒྱན་ནོར་བུ། མི་ཉག་རྒྱབ་ལོ། དགོན་མཐའ་མ་ལ་སྔར་སྲོལ་ལྟར་དཔོན་གྱིས་ཐད་གཟིགས་གནང་བ་ལས་ཤོག་དཔོན་མ་བསྐོས། འགོ་བ་ཤོའི་པའི་ཡིད་བཞིན་དང་། ཟླ་བ་གཉིས། དཔོན་གྱི་དྲུང་ཡིག་པ་རྒྱ་ཐུབ། གྲོས་འདྲི་ཡུལ་དང་ཕྱི་འབྲེལ་བློན་ཆེན་གེ་འཕན་བློ་ཐོ། དམག་སྤྱི་ཆེན་མོ་གནམ་མཚོ་བསོ་པ། ཁྲིམས་གཅོད་ལག་བསྟར་བ་བྱམས་ཤུལ་ཡེ་ཤེས་མཚོ་དང་། རྒྱལ་རོང་གཡུང་དྲུང་རྒྱལ། ཕྱག་མཛོད་ཤིང་ཐུབ་བཅས་ཡིན། སྐབས་དེའི་གཡུ་ཁོག་གི་ས་མཚམས་ནི། སྒེག་ལ་ལབ་ཙེ་མན་ཆད། རིག་འཛིན་གདོང་གྱེས་ཐང་ཚུན་ཆད། དབུ་མའི་དྲེས་རྡོག་ལ་ཁ། ལྗིག་གི་ག་ཡེས་རྒ་མགོ། རྒྱུ་ཡི་བྲག་དམར་ཁ་མདོ། རྦིག་རེ་ན་ལེབ་གསེང་། ཤེལ་གྱི་མུ་ཆ་མཚོ་ཁ། རྡོ་རིང་རུས་པོམ་གདན་ཐོག རྡོ་གླ་ཡུམ་གླུ་མ། ཉིན་ཡག་རྡོ་དཀར་ཉག་ག་སོགས་ཀྱི་བར་ཡིན་པ་དང་། ཁྱད་པར་སྒེག་གོང་མའི་ནང་ནས་ནགས་རྟ་ཆོས་དབྱིངས་ཏེ་ནགས་ཚེའི་ཕ་གྲོངས་པས་ཕ་མེས་ཀྱི་ཐོད་རུས་འཇོག་ས། རྡོ་རིང་རུས་པོམ་གདན་སྟེང་ནས་བླ་མ་འགྱུར་མེད་རྡོ་རྗེ་སྐུ་འཁྲུངས་པས་བུ་ཕྲུག་གི་ལྟེ་ཁྲག་འཐོར་ས་ཡིན་ཟེར་བ་སོགས་ངག་རྒྱུན་ཡ་མཚན་པ་དུ་མ་ཡོད་དོ། །ལྕགས་སྟག་༼༡༩༥༠༽ལོ་ནས་རྒྱ་ནག་གིས་བོད་ཞི་བའི་བཅིང་གྲོལ་ཁྱབ་བསྒྲགས་བྱས་པ་དང་། དཔོན་དབང་ཆེན་བདུད་འདུལ་དང་། ལྷ་སྲས་འཆི་མེད་གསང་འདུས་སོགས་རྒྱ་ནག་གི་ཡུལ་གྲུ་དུ་མར་ལྟ་བསྐོར་དུ་ཁྲིད། ལྕགས་ཡོས་༼༡༩༥༡༽ལོར་ས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་འཚོགས་ནས་ས་ཁུལ་སྲིད་གཞུང་བཙུགས་སྐབས་དཔོན་དབང་ཆེན་བདུད་འདུལ་གཡུ་ཁོག་ས་ཁུལ་གྱི་མགོ་འཛིན་(区长)དང་། ཆུ་འབྲུག་༼༡༩༥༢༽ལོར་རྟའུ་རྫོང་གི་རྫོང་དཔོན་གཞོན་པ་(副县长)སོགས་སུ་རིམ་པར་བསྐོས་མོད། མེ་རྟ་༼༡༩༦༦༽ལོར་ཁྲིམས་ཁང་དུ་བཙུད་ནས་མི་ལོ་བཅུ་གསུམ་ལ་བཞག ས་ལུག་༼༡༩༧༩༽ལོར་བཙོན་གྲོལ་བཏང་ནས་རྫོང་སྲིད་གྲོས་སུ་བཞག དགུང་གྲངས་དོན་བརྒྱད་བཞེས་པ་ས་སྦྲུལ་ལོར་རྟའུ་རྫོང་སྲིད་གྲོས་ནང་དུ་སྐུ་གཤེགས་སོ།།

དཔོན་ལྷ་མགོན་རྒྱལ་བ་དོན་གྲུབ།

ཡབ་ནགས་རྟ་ཚེ་དཔལ་དང་། ཡུམ་སྲས་མོ་རྟ་མགྲིན་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་༼༡༩༢༦ ༡༩༥༩༽ལོར་གཡུ་ཁོག་དཔོན་ཚང་དུ་འཁྲུངས། ལྷ་མགོན་རྒྱལ་བ་དོན་གྲུབ་བཏགས། ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་སྦྱང་། རྫོགས་ཆེན་དང་གྲུབ་ཆེན་སོགས་སུ་གྲྭ་སར་ཕེབས། ཤེས་རྒྱ་ཡངས་ལ་སྤོབས་པ་ཆེ་བ། དཔའ་ངར་ལྡན་པ་ཞིག་ཡིན། སྐབས་ཤིག་གཡུ་ཁོག་རྗེས་དཀར་རིགས་ཀྱི་དུད་ཚང་འགའ་ཡུལ་བུད་ནས་རྔ་བའི་དམེ་རྒྱལ་པོ་དཔལ་མགོན་ཕྲིན་ལས་རབ་བརྟན་༼༡༩༡༧ ༡༩༦༦༽ལ་མགོ་བཏགས་ཡོད་པ་བཙན་ཤེད་ཀྱིས་ཕྱིར་བླངས། སྤྱིར་དཔོན་རབས་གོང་མ་ཚོའི་རིང་ལ་གཡུ་ཁོག་དཔོན་གྱིས་ཆོས་སྲིད་གཉིས་ཆར་ལ་གཟིགས་རྟོག་མཛད་པའི་ལུགས་སྲོལ་ཡོད་ཀྱང་། དཔོན་དབང་ཆེན་བདུད་འདུལ་གྱི་སྐུ་དུས་སུ་དགོན་པའི་བསྟན་བདག་ཏུ་ཁོང་ཉིད་བསྐོས་ནས་སྤུན་མཆེད་གཉིས་ཀྱིས་ཆོས་སྲིད་ཀྱི་འགན་སོ་སོར་བཞེས། དགུང་གྲངས་སོ་བཞི་བཞེས་པ་ས་ཕག་ལོའི་༼༡༩༥༩ ལོའི་སྤྱི་ཟླ་ ༡༡ པའི་ཚེས་ ༡ ཉིན།༽ངོ་ལོག་རྒོལ་འཛིང་སྐབས་གཡུའི་བོ་ཐོད་ནས་སྐུ་བཀྲོང་བར་བྱས་སོ།།

ལྷ་སྲས་སྟོབས་ལྡན་དབང་ཆེན།

ཡབ་གཡུ་དཔོན་དབང་ཆེན་བདུད་འདུལ་དང་། མ་ཡུམ་ཁྲོ་སྐྱབས་སྲས་མོ་ཀུན་གསལ་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་༼༡༩༥༠ ༡༩༦༡༽ལོར་འཁྲུངས། དེ་ཡང་གཡུ་ཁོག་དཔོན་དང་ཁྲོ་སྐྱབས་སྲས་མོ་གཉིས་ལ་ཡུན་རིང་བར་བུ་རྒྱུད་མེད་པས་རིམ་གྲོ་རྒྱ་ཆེན་བྱས། ཁྱད་པར་ཚོ་འདུ་བླ་མས་དཔོན་ཚང་ལ་སྒྲུབ་པ་ཞིག་བཏོན། སྒྲུབ་པ་གྲོལ་བའི་ནུབ་མོ་བླ་མའི་རྨི་ལམ་དུ་མི་དཀར་རྟ་དཀར་ཅན་ཞིག་གིས་རྟ་དཀར་པོ་ཞིག་ཁྲིད་ནས་བླ་མའི་མདུན་དུ་འོངས་ནས་འགྲོ་ཟེར། བླ་མས་རྟ་དཀར་པོ་དེ་ཞོན་ནས་མི་དེར་འགྲོག་ནས་ཕྱིན་པས། གཡུ་སྟོད་དུ་སླེབས། དེར་ཕོ་བྲང་ཞིག་འདུག་པའི་ནང་དུ་ཕྱིན་པས་རྒྱལ་པོའི་ཆས་ཅན་དར་གྱི་ལ་ཐོད་དཀྲིས་པ་ཞིག་ཁྲི་ཐོག་ན་བཞུགས་པ་མཇལ་བས། དེས་ཁྱེད་འདིར་བྱོན་པ་ལེགས། འདི་གསོལ་གསུངས་ནས་རིལ་བུ་ཞིག་བྱིན་པ་གསོལ། པང་དུ་བྱིས་པ་ཞིག་བཟུང་འདུག་པ་འདི་ཁྱོད་ལ་དགོས་སམ་གསུངས་པས་དགོས་ཞུས་ནས་བྱིས་པ་ལག་ཏུ་བླངས་ཙམ་ན་གཟིམ་ལས་སད། དེའི་ཕྱི་ཉིན་གཡུ་ཁོག་པའི་རི་བསང་ཆེན་མོ་དང་ཁེལ་ཡོད་ཅིང་ཚོ་འདུ་བླ་མ་ཡང་གཡུ་ཁོག་དཔོན་གྱི་བཀའ་གསུང་ལྟར་རི་བསང་ལ་ཕེབས། དེའི་ཕྱི་ལོ་ལྷ་སྲས་སྟོབས་ལྡན་དབང་ཆེན་འདི་འཁྲུངས་པ་ཡིན། རྡོ་རྗེ་གཡུ་ཁྲོམ་གྱིས་བྱིན་གྱིས་བརླབས་པའི་སྲས་ཡིན་པར་གྲགས། ཕུའུ་པདྨ་སྤྲོས་བྲལ་སྲས་ཀྱི་སྐུ་རྫིར་བརྐོས། འོན་ཀྱང་སྐུ་ན་ཆེར་མ་སོན་སྐབས་དུས་འགྱུར་བྱུང་རྐྱེན་དགུང་གྲངས་བཅུ་གཉིས་བཞེས་པ་ལྕགས་གླང་ལོར་ཆོས་ཁྲི་ཐང་ནས་བཀྲོངས་སོ།།

གཉིས་པ་ཞར་བྱུང་གཡུ་ཁོག་དཔོན་ཚང་གི་མི་རྒྱུད་གྱེས་ཚུལ་ནི།

ཀརྨ་པ་སྐུ་ཕྲེང་བཅུ་པའི་དུས་གཡུ་ཁོག་དཔོན་གྱི་གདན་ཐོབ་རྟ་རྒྱུག་གི་གཏང་མར་ལེན་པའི་དཔོན་ཝ་ཤུལ་དང་། ཀརྨ་པའི་ཚ་མོ་གཉིས་ཀྱི་སྲས་ཀརྨ་དབང་ཕྱུག དེའི་བུ་ཀརྨ་དོན་གྲུབ། དེའི་ཀརྨ་ཆོས་གྲགས། ཀརྨ་ཆོས་གྲགས་ལ་བུ་མེད་ཅིང་བུ་མོ་ཞིག་ཡོད་པ་དཔོན་མོ་བསོད་ནམས་སྒྲོན་མ། དེས་ཧོར་ག་གའམ་ཧོར་སྲས་མགོན་པོ་བསམ་གྲུབ་དམག་པར་བསུས་པས་ཁོང་གཉིས་ལ་སྲས་༼༡ བཙུན་པ་རིག་འཛིན་དཔལ་བཟང་། ༼༢ ཧོར་སྲས་བསོད་ནམས་དབང་འདུས། ༼༣ ཧོར་སྲས་ནམ་མཁའ་དཔལ་ཆེན། ༼༤ སྲས་མོ་ལྷ་ཐོ་དང་བཞི་ཡོད། ༼༡ རིག་འཛིན་དཔལ་བཟང་ནི་བླ་མ་རབ་བྱུང་ཞིག་ཡིན་པར་སྣང་། འདི་ལ་དཔོན་བླ་རིག་ལོ་ཡང་ཟེར། ༼༢ ཧོར་སྲས་བསོད་ནམས་དབང་འདུས་ལ་གཡུ་སྲས་ཀརྨ་དབང་དྲག༼འདི་རྡོ་རྗེ་གཡུ་ཁྲོམ་གྱི་འཕྲུལ་སྲས་ཡིན་པར་གྲགས།༽ དཔོན་བླ་དགེ་འདུན་རྒྱ་མཚོ། པེ་ལོ། བསྟན་འཛིན་འོད་ཟེར་རམ་བསྟན་གཅེས། སྲས་མོ་ཀུན་བཟང་དབང་མོ། རྟ་མགྲིན་དབང་མོ་དྲུག་ཡོད། ཀརྨ་དབང་དྲག་དང་། དཔོན་བླ། སྟན་གཅེས་གསུམ་ལ་བུ་རྒྱུད་མེད། པེ་ལོ་ལ་བུ་མོ་གཅིག་ཡོད་པ་ནི་གཡུ་བཟའ་གཡུ་མཚོ། དེ་ལ་བུ་བསོད་ནམས་དབང་རྒྱལ། དར་དྲིས། བསྡུ་བ། བུ་མོ་ལྷ་གྱོ། ཀླུ་གྱོ་བཅས་ལྔ་ཡོད། ཀུན་བཟང་དབང་མོ་དང་ཁྲོ་སྐྱབས་དཔོན་གྱི་སྐུ་མཆེད་རླན་ཏེ་ལ་གཉིས་ལ་སྲས་སྐལ་བཟང་དབང་ཕྱུག་༼འདི་ལ་སྲས་སྐར་ཟེར།༽དང་། སྲས་མོ་ཡིད་བཞིན་དབང་མོ་གཉིས། སྲས་སྐལ་བཟང་དབང་ཕྱུག་ལ་བུ་བཙན་ལོ། དགྲ་ལོ། འགྱུར་མེད་ཚེ་དབང། བུ་མོ་གཉིས་ཡོད། ཡིད་བཞིན་དབང་མོ་ལ་སྲས་གྲགས་པ་དང་། བློ་གསལ་དགའ་བ། ཚེ་འཛིན་རྡོ་རྗེ། སྲས་མོ་བློ་ཐོ་དང་བཞི། རྟ་མགྲིན་དབང་མོ་ལ་སྲས་ཨོ་རྒྱན་རྣམ་གྲོལ། དབང་ཆེན་བདུད་འདུལ། བསོད་ནམས་རྒྱལ་མཚན། སྐལ་བཟང་དབང་ཆེན༼འདི་ལ་དཔོན་འཇིགས་ཀྱང་ཟེར༽། ལྷ་མགོན། རྣམ་དཀར་དབང་མོ།༼འདི་ལ་མ་ལོ་དབང་མོ་ཟེར།༽ སྙན་གྲགས་སྒྲོན་མ༼འདི་ལ་ཉན་འདྲིས་ཟེར།༽། སྲས་མོ་མཁའ་སྤྱོད་དབང་མོ་བཅས་བརྒྱད་ཡོད་དོ། །

༼༢ ཧོར་སྲས་ནམ་མཁའ་དཔལ་ཆེན་ལ་སྲས་ཚེ་དཔལ་ནོར་བུ། གཞན་ཕན་ཉི་མ། སྲས་མོ་སྐལ་བཟང་དབང་མོ་གསུམ། སྲས་ཚེ་དཔལ་ནོར་བུ་ལ་བུ་གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན། ཀོང་སྤྲུལ་པདྨ་དགྱེས་པ། ར་ཧོར་མཁན་སྤྲུལ་འཇམ་དབྱངས་དཔལ་ལྡན་སྙན་གྲགས། ཨོ་རྒྱན་དབང་ཕྱུག འཆི་མེད་གསང་འདུས། སྲས་མོ་བསོ་གཅེས་དང་དྲུག རྡོ་རྗེ་དབང་མོ་དང་བདུན་ཡོད། སྲས་གཞན་ཕན་ཉི་མ་ལ་བུ་འཆི་མེད་མགོན། པ་བཟང་། གནས་བསྟན་ཚེ་རིང་། འགྱུར་མེད་བཟང་པོ། བུ་མོ་ཆོས་པོ་དང་ལྔ། དོན་གྲུབ་བློ་ལྡན། ཚེ་འཛིན་ལྷ་མོ། མེ་ལོ་བཅས་བརྒྱད་ཡོད། སྲས་མོ་སྐལ་བཟང་དབང་མོ་ལ་སྲས་གཅིག་ཡོད་པ་ཆུང་དུས་ནས་གྲོངས། དེ་ནས་མོ་རང་གིས་ཇོ་མོ་བྱས་པར་བཤད་དོ།། ༼༤ སྲས་མོ་ལྷ་ཐོ་ཤིང་ཉག་དཔོན་ནམ་མཁའ་བསྟན་འཛིན་གྱིས་བཙུན་མོར་བསུས་པས། བུ་རབ་ལོ། གདོར་ལོ། རིག་འཛིན་དོན་གྲུབ། བྱང་ཆུབ། བསོ་གཅེས། སྲས་མོ་བཀྲ་ཤིས་ལྷ་མོ༼འདི་ལ་སྲས་མོ་བཀྲ་ལོ་ཟེར།༽ བཅས་ཡོད། རབ་ལོ་ལ་བུ་རྒྱུད་མེད། གདོར་ལོའི་བུ་རྒྱུད་ཤིང་ཉག་དཀོན་མཆོག་ཚེ་རིང་། ཤིང་ཉག་དགེ་ལེགས། སྒྲོན་སྐྱབས། ཤིང་ཕུན། བུ་མོ་ཤིང་བཀྲ་མ། བསོ་འཕན་སོགས་ཡོད། སྲས་མོ་བཀྲ་ཤིས་ལྷ་མོ་གེ་འཕན་ལི་རྔ་བར་མནའ་མར་ཕྱིན་པ་ལ་བུ་གེ་འཕན་དགྲ་འདུལ། དགེ་ལེགས་སོགས་ཡོད། རྗེས་སུ་གེ་འཕན་ཀུན་བཟང་མཁས་གྲུབ་དང་། ལི་རྔ་བ་འགྲས་ནས་སྲས་མོ་བཀྲ་ཤིས་ལྷ་མོའི་ཁྱོ་ག་རྡིའི་བག་འཚེར་ལ་ཁ་རུ་བསད་པའི་ཤ་ལན་དུ་དགྲ་འདུལ་སོགས་ཀྱིས་ཀུན་བཟང་མཁས་གྲུབ་བསད་ནས་རྔ་སྨད་དུ་སོང་བའི་རྒྱུད་པ་དེང་སང་དེ་ཕྱོགས་སུ་ཡོད། དེ་མན་ཆད་ཀྱི་མི་རབས་རྣམས་ནི་ཀུན་ལ་གསལ་ཕྱིར་འགོད་པར་མ་བྱས་སོ། །

གདན་ཐོབ་ཁྲ་མོ་མགྱོག་པའི་རྒྱན་ལ་བླངས། །གནམ་བསྐོས་གོང་མས་དཔོན་གྱི་ཆོ་ལོ་བསྩལ། །བཀའ་བརྒྱུད་བསྟན་པའི་བདག་པོར་གཉེན་ཚན་བསྡེབས། །དཔོན་མིང་སྡེ་ལ་ཐོགས་པའི་དུས་རབས་ཚུགས། །ཟོ་དོར་འཕྲུལ་སྲས་ཀརྨ་དབང་དྲག་དང་། །ཀུན་གཟིགས་དཔོན་བླ་དགེ་འདུན་རྒྱ་མཚོ་སོགས། །ས་སྐྱོང་མི་རྗེ་གསེར་རིའི་ཕྲེང་བ་ཡིས། །ལུགས་གཉིས་ཕ་ཆུས་བཟུང་བའི་ལོ་རྒྱུས་ཟབ། །གཡུ་ལྗོངས་རི་ལུང་འགག་སྒོ་མཁར་ལས་བཙན། །གཡུ་ཁོག་སྟག་ཤར་རྩལ་དྲུག་གློག་ལས་མྱུར། །གཡུ་བཟའ་མཛེས་མའི་སྐྱེས་གཟུགས་ལྷ་ལ་འགྲན། །གཡུ་རྟ་སྐེ་ཐུང་བང་རྩལ་རླུང་ལ་འགྲན། །རྒྱ་སྟག་འཕྲེད་དུ་ཉལ་འདྲའི་གཡུ་ལུང་ནང་། །སྡང་བའི་དགྲ་ལ་མགོ་བོ་མི་སྒུར་ཞིང་། །བྱམས་པའི་གཉེན་ལ་དུང་བ་མི་ལྷོད་པའི། །དཔའ་རྒོད་སྟག་མོའི་ཁྱུ་གཅིག་ཡན་པར་གནས། །ཉག་རྐེད་དཔོན་ལ་རལ་གྲིའི་རྣོ་ངར་ངོམ། །ཙི་ནའི་དཔུང་ལ་མེ་མདའི་སོ་ཁ་གཏད། །སྐྱེས་ཚད་དམར་ཡག་སྟག་གི་རིགས་སུ་སྐྱེས། །ཤི་ཚད་ངར་ཆེན་འཛུམ་དྲུག་ཤིགས་སེ་གཤེགས། །གསལ་ལ་མི་གསལ་སྣ་མང་ལོ་རྒྱུས་ཁྲོད། །དཔོན་རབས་རིམ་པས་བཀོད་པའི་ཞབས་རྗེས་དེ། །ལོ་ཟླའི་རྡུལ་གྱིས་འཚོབ་ལ་ཉེ་བའི་སྐབས། །ལྷག་བསམ་དག་པས་བྱི་དོར་ཅུང་ཟད་བགྱིས། །དབང་ཆེན་དཔོན་པོས་བཙན་གྱིས་མ་བསྐུལ་ཞིང་། །འབྱོར་ལྡན་ཕྱུག་པོས་རྒྱུ་ཡིས་ཉོས་མིན་ཀྱང་། །ཡུལ་འདིར་ལྟེ་ཁྲག་འཕོས་པའི་དུང་ཞེན་གྱིས། །ཕ་མེས་བྱུང་རིམ་ཕྱོགས་ཙམ་བརྗོད་པ་ཡིན། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དགོན་གྱི་ལོ་རྒྱུས་བཤད་པ།

གང་དུ་ཇི་ལྟར་ཆགས་པའི་དགོན་གྱི་ལོ་རྒྱུས།

གང་དུ་ཆགས་པའི་གནས་ཀྱི་རང་བཞིན།

གཉིས་པ་དགོན་གྱི་ལོ་རྒྱུས་བཤད་པ་ལ། གང་དུ་ཇི་ལྟར་ཆགས་པའི་དགོན་གྱི་ལོ་རྒྱུས། བསྟན་འཛིན་སྐྱེས་བུ་རྣམས་ཀྱི་རྣམ་ཐར་བཤད་པ་དང་གཉིས། དང་པོ་ལ་གང་དུ་ཆགས་པའི་གནས་ཀྱི་རང་བཞིན། བཤད་སྒྲུབ་ལས་གསུམ་གྱི་ཆོས་སྡེ་ཇི་ལྟར་དར་རྒྱས་བྱུང་ཚུལ་དང་གཉིས་ལས།

དང་པོ་གང་དུ་ཆགས་པའི་གནས་ཀྱི་རང་བཞིན་ནི། རིག་འཛིན་ལུང་རིག་གླིང་པས། ཤར་ན་ཡུལ་སྐྱོང་གཙོ་བོས་སྡོང་གྲོགས་བྱེད། །ལྷོ་ན་དགྲ་ལྷ་མི་དཀར་གུས་ཤིང་འདུད། །ནུབ་ན་གཉན་པོ་ལྷ་རྩེ་ལས་བྱེད་ཚུལ། །བྱང་ན་མཚོ་སྨན་རྒྱལ་མོས་གནས་གཞི་སྲུང་། །ཀུན་གསལ་ཉི་ཟླའི་ད་ལ་མདུན་ནས་བགྲོད། །ཐབས་ཤེས་མཚོན་པའི་ལྷོ་ཆུས་གཡས་སུ་བསྐོར། །རི་རྩེ་གདུག༵ས་ཀྱི་རྩིབས་མ་བཞིན་དུ་འཁོར། །མཁས་གྲུབ་དགེ་བའི་བཤེས་གཉེན་བཞུགས་པའི་བརྡ། །རྒྱབ་རི་རྒྱ༵ལ་མཚ༵ན་བསྒྲེངས་བཞིན་ལྟ་ན་སྡུག །རྨད་བྱུང་བཤད་སྒྲུབ་བསྟན་པ་འཛིན་པའི་བརྡ། །གཡས་རི་སྐྱེ༵་ལྔ༵འི་མགྲིན་པ་གཟེངས་སུ་མཐོ། །ཐེག་གསུམ་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི་བརྡ། །གཡོན་རི་བཅུད་ལྡན་བུ༵མ་པ༵་ཟླུམ་ཞིང་འཁྱིལ། །སྨིན་གྲོལ་གདམས་པའི་བདུད་རྩི་འཛད་མེད་བརྡ། །མདུན་ཐང་གཡས་ཞོལ་ཨུ༵ཏྤ༵ལ་འདབ་རྒྱས་འདྲ། །འཁོར་སྐྱོན་དྲི་བྲལ་ཐར་ལམ་ཟིན་པའི་བརྡ། །གཡོན་ཞོལ་གསེར་མིག་ཉ༵་མོ༵་ཆབ་ལ་རྩེན། །ཞི་གནས་མཚོ་ལ་ལྷག་མཐོང་རོལ་བའི་བརྡ། །མདུན་ངོས་སྤང་ལྗོངས་དཔ༵ལ་གྱི་བེ༵འུའི་གཟུགས། །སྟོང་ཉིད་སྙིང་རྗེ་ཐབས་ཤེས་ཟུང་འབྲེལ་བརྡ། །ཐེག་ཆེན་ཆོས་གྲྭ་འཁོ༵ར་ལོ༵འི་མཚན་སྙན་ཅན། །དམན་ལས་ཁྱད་འཕགས་སྲིད་ལས་རྣམ་གྲོལ་བརྡ། །རྟེན་འབྲེལ་བཀྲ་ཤིས་རྟགས་ཀྱིས་ཀུན་ནས་མཛེས། །དྭངས་བསིལ་བཀོད་མའི་ཆུ་རྒྱུན་འཕེལ་འགྲིབ་མེད། །སྤོས་དྲི་ལྡན་པའི་ལྷ་ཤིང་ར་བས་བསྐོར། །དབྱར་དགུན་བསིལ་དྲོད་ཁོད་སྙོམ་གྲང་རེག་འཇམ། །ནེའུ་གསིང་དོ་ར་མེ་ཏོག་འབྲས་བུས་བརྒྱན། །ཕང་ཕུང་གཡོ་བའི་ལྗོན་ཤིང་ལོ་འབྲས་དུད། །མཛེས་པའི་བྱ་ཚོགས་སྙན་པའི་མགྲིན་གླུ་སྒྲོག། །རྩེད་འཇོར་རོལ་བའི་རི་དྭགས་བག་ཡངས་རྒྱུ། །རིག་པ་དྭངས་ཤིང་ཉམས་རྟོགས་ངང་གིས་འཕེལ། །ཞེས་སོགས་ཆེད་དུ་བསྔགས་པ་ལྟར། ཕུ་ན་འགྱུར་མེད་ཀྱི་གངས་རི་བརྟན་ཆགས་པ་རྒྱལ་པོ་གདན་ལ་བཞུགས་འདྲ། མདའ་ན་མཛེས་བརྗིད་ཀྱི་རི་ཕྲན་བཙུན་མོས་ཕྱག་རྒྱ་བསྣོལ་འདྲ། བར་ན་ནེའུ་གསིང་དང་སྤང་ལྗོངས་མར་ཁུའི་རྒྱ་མཚོ་འཁྱིལ་འདྲའི་ཉེ་འགྲམ་ན། གནམ་འཁོར་ལོ་རྩིབས་བརྒྱད་དང་འདྲ་བ་སྣང་བ་ཡབ་ཀྱི་རང་བཞིན། ས་དབྱིབས་པདྨ་འདབ་བརྒྱད་དང་མཚུངས་པ་སྟོང་པ་ཡུམ་གྱི་རང་བཞིན། བར་སྣང་ཡ་ཡོ་མེད་པར་ཤར་ནུབ་ཕྱེད་པས་ཟུང་འཇུག་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བརྡ་རྟགས་ཤིས་པ། ཤར་ཕྱོགས་ཉི་ཟླའི་འཆར་ལམ་ཡངས་པས་མཁས་གྲུབ་སྐྱེས་བུ་བར་མེད་དུ་འབྱོན་པ། ལྷོ་ཡི་རི་བོ་ནོར་བུར་སྤུངས་པས་ཕུན་ཚོགས་སྡེ་བཞིའི་འབྱོར་བ་རྒྱས་པ། ནུབ་ཕྱོགས་དབང་རིའི་ཡོལ་བ་བྲེས་པས་ཆེ་དགུས་རལ་བའི་ཁུར་གྱིས་མཆོད་པ། བྱང་རིའི་འགག་སྒོ་བསྣོལ་མར་བསྡམས་པས་མ་རུང་དགྲ་འདྲེའི་རྒྱུ་འགྲུལ་གཅོད་པ། ཤར་ལམ་རྒྱ་སྟག་ཁྲ་བོའི་འཛུམ་དྲུག་རྒྱས་པ། ལྷོ་ཆུ་གཡུ་འབྲུག་མ་བུ་རྩེད་འཇོར་རོལ་བ། ནུབ་ཚལ་མཁའ་ལྡིང་རྒྱལ་པོས་གཤོག་རྩལ་ངོམ་པ། བྱང་རི་རུས་སྦལ་རྒྱལ་པོ་རྔམ་ཟིལ་རྒྱས་པ། གཡས་ལྷ་ལུང་ཆུ་དཀར་གྱི་ཆུ་བོ་བདུད་རྩི་སྨན་གྱི་རང་བཞིན་དུ་འབབ་ཅིང་། གཡོན་གཉན་ལུང་ཆུ་དམར་གྱི་ཆུ་བོ་དམར་ཆེན་རཀྟའི་རླབས་ཕྲེང་གཡོ་བ། དབུས་དབྱི་སྙིང་དགྲ་བླའི་རི་བོ་དཔལ་གྱི་གཏོར་མ་སྟེགས་སུ་བཀོད་འདྲ། ཤར་ན་ཀུན་གསལ་ཉི་ཟླའི་སྒྲོན་མེ། ལྷོ་ན་དཀར་གསལ་གངས་རིའི་ཞལ་ཟས། ནུབ་ན་ཙན་ཏན་ནགས་ཀྱི་བདུག་སྤོས། བྱང་ན་གཡུ་ཆབ་ཉིས་སྒྲོག་གི་ཡོན་ཆབ། སྟེང་གཡུ་འབྲུག་སྒྲ་བརྒྱའི་རོལ་མོ། འོག་ས་གཞི་མཛེས་པའི་མེ་ཏོག གཞན་ཡང་བཀྲ་ཤིས་པའི་རྟགས་བརྒྱད་སོགས་མ་བཤམས་ལྷུན་གྱིས་གྲུབ་པའི་སྒྲུབ་རྫས་དང་མཆོད་རྫས་སྣ་ཚོགས་རང་བྱོན་དུ་བཀྲ་བ། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་ཟོ་དོར་དུ་མས་རྣམ་ཀུན་མེལ་ཚེ་བྱེད་པའི་དཀྱིལ་དབུས། མཁས་པའི་ལྗགས་སམ་ལྷ་མཆོག་འཇམ་དཔལ་དཔའ་བོའི་ཕྱག་གི་རལ་གྲིའི་དབྱིབས་དང་མཚུངས་པའི་ཤེས་རབ་རལ་གྲིའི་ཐང་གི་རྩེ་མོར་ཆགས་པ་སྟེ། དེ་ཡང་སྔོན་སྟོད་ཀྱི་ས་མཁན་ཞིག་གིས་གཙུག་ལག་ཁང་ཞིག་བཞེང་ན་འདིར་དགེ་ཞེས་ས་མིག་ཏུ་དུང་ལེབ་ཞིག་བཞག་ནས་སོང་བ་དང་། ཕྱིས་སུ་སྨད་ཀྱི་ས་མཁན་ཞིག་བྱུང་ནས་འདིར་གཙུག་ལག་ཁང་ཞིག་བཞེང་པའི་ས་མིག་འདུག་ཅེས་ཁབ་ཞིག་བཙུགས་པ་དུང་གི་མིག་ཏུ་ཚུད་པར་གྲགས་པའི་ཡ་མཚན་ངག་རྒྱུན་ལྡན་པ་དང་། གཙུག་ལག་གི་གཞུང་ནས་འབྱུང་བའི་ཡོན་ཏན་མ་ཚང་བ་མེད་པ་ནི་གང་དུ་ཆགས་པའི་གནས་ཀྱི་རང་བཞིན་གླེང་བའོ། །

བཤད་སྒྲུབ་ལས་གསུམ་གྱི་ཆོས་སྡེ་ཇི་ལྟར་དར་རྒྱས་བྱུང་ཚུལ།

བཤད་སྒྲུབ་ལས་ཀྱི་ཆོས་སྡེ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་དངོས་བཤད་པ།

གཉིས་པ་ལ་བཤད་སྒྲུབ་ལས་ཀྱི་ཆོས་སྡེ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་དངོས་དང་། ཞར་བྱུང་ཡན་ལག་གི་ཆོས་སྡེ་ཁག་གི་ལོ་རྒྱུས་མདོར་བསྡུས་སུ་བཤད་པའོ། །དང་པོ་བཤད་སྒྲུབ་ལས་ཀྱི་ཆོས་སྡེ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་དངོས་ནི། མོས་ལྡན་སྐྱེ་བོའི་དྭངས་པའི་ཡིད་ངོར་གནའ་བོའི་དུས་ཀྱི་གཡུ་དགོན་གྱི་སྣང་བརྙན་གསོན་པོ་ཞིག་ངང་གིས་འཆར་དུ་འཇུག་པར་སྤྲོ་སྟེ། དེ་ལྟར་ས་དཔྱད་ཕུན་སུམ་ཚོགས་པའི་གནས་དེ་ཉིད་དུ་ངེས་གསང་སྔ་འགྱུར་བའི་རིང་ལུགས་འཛིན་པའི་ཆོས་སྡེ། གཡུ་མཁར་ཐེག་ཆེན་འཁོར་གླིང་གི་ཐུབ་བསྟན་ཡོངས་སུ་འདུས་པའི་གཙུག་ལག་ཁང་ཆེན་མོ་མཛེས་པར་བརྗིད་པ། དྲི་གཙང་ཁང་དུ་རྟེན་གྱི་གཙོ་བོ་རྒྱུ་སྐུ་སྨན་འདམ་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཐོག་རྩེགས་ཅན་དང་། གཡས་གཡོན་དུ་སྤྱན་རས་གཟིགས་དང་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་འབྱོན་ལེགས། རིག་འཛིན་ལུང་རིག་གླིང་པ་དང་། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་རྣམ་གཉིས་ཀྱི་སྐུ་གདུང་མཆོད་རྟེན། བར་མཚམས་ཀྱི་དྲྭ་མིག་རྣམས་སུ་བཀའ་བསྟན་འགྱུར་རོ་ཅོག་དང་། བཀའ་གཏེར་ཆོས་ཚུལ་རྒྱ་མཚོའི་གླེགས་བམ་གྱིས་གཏམས་པ། མདུན་ཀྱི་མཆོད་སྟེགས་ཀྱི་དབུས་སུ་ཐུབ་སྐུ་གནོད་སྦྱིན་ཆུ་གཟུགས་མར་གྲགས་པ་རྟེན་རྙིང་བྱིན་ལྡན། མཐའ་སྐོར་དུ་མཎྚལ་དང་མར་མེ། མེ་ཏོག་དང་བདུག་སྤོས། ཡོན་ཆབ་སོགས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། གྱང་ངོས་རྣམས་སུ། ཐུབ་པའི་སྐྱེས་རབས། རྗེ་འབངས་ཉེར་ལྔ། བདེ་གཤེགས་ཞི་ཁྲོ། བཀའ་དགོངས་ཕུར་གསུམ། དཔལ་ལྡན་མ་ཧཱ་ཀ་ལ་སོགས་ཀྱི་ལྷ་ཚོགས་འཁོར་བཅས་ལྡེབས་རིས་སུ་མཛེས་པར་བྲིས་པ། དབུས་ངོས་རྣམས་སུ་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་། རྫོགས་ཆེན་བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་བརྙན་བཀྲ་བ། གཞན་ཡང་གདུགས་དང་རྒྱལ་མཚན། བླ་བྲེ། འཕན་འཕུར་སོགས་ཀྱིས་ཀུན་ནས་སྤྲས་ཤིང་བཀའ་གཏེར་གྱི་ཆོག་གྲྭ་སོ་སོའི་དཀྱིལ་འཁོར་གྱི་ཡོ་ཆས་སོགས་མ་ཚང་བ་མེད་པ་དང་། མཆོག་གི་རྡོ་རྗེ་རྒྱལ་པོའི་གསེར་ཁྲི་དང་། དགེ་འདུན་འདུས་པའི་བཞུགས་གྲལ་བཀོད་ལེགས་པ། སྟེང་གི་མགོན་ཁང་ནང་མའི་ནང་དུ་ཚད་དང་ལྡན་པའི་ནང་གཟུངས་ཅན་གྱི་བསྟན་བསྲུང་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་འབྱོན་ལེགས། མཆོད་རྫས་དང་བསྐང་རྫས། སྲོག་འཁོར་དང་བླ་རྡོ་གཞུང་བཞིན་ཚོགས་པ། མགོན་ཁང་ཕྱི་མའི་ནང་དུ་རྒྱུན་བཞུགས་ཀྱི་དགེ་འདུན་པ་བཅུ་ལྷག་རེས་བསང་དང་གསོལ་ཁ་ཆགས་མེད་མཛད་པ། རྒྱན་གཉེར་ཁང་དུ་རོལ་མོ་མདོ་ཆུང་གསེར་སེང་མ། ངེས་ལེགས་རོལ་མོ། སྤྱི་རོལ། སིལ་སྙན་དར་ལུང་མ་སོགས་མཆོད་ཆའི་རིགས་སྣ་ཚོགས། ཐང་མོ་ཆེ་དང་། གུར་མོ་ཆེ། རྩ་བྲུབ་གར་གསུམ་དང་། ཚེས་བཅུ་ཆེན་མོ་སོགས་ཀྱི་ཞལ་འབག འཆམ་གོས། ལྷ་ཁང་གི་འཕན་གདུགས། ཐང་སྐུ་སྣ་ཚོགས། ཆོག་གྲྭ་སོ་སོའི་གྲྭ་ཆས་སོགས་ཀྱིས་གཏམས་པ། ལྷ་ཁང་གི་ཡང་ཐོག་ཏུ་གསེར་ཏོག་དང་། ཟུར་བཞིར་རྒྱལ་མཚན། མདུན་སྟེང་དུ་རི་དྭགས་ཕོ་མོ་དང་ཆོས་ཀྱི་འཁོར་ལོས་ལེགས་པར་བརྒྱན་པ། མདའ་ཡབ་ཀྱི་ཟུར་བཞིའི་ཆུ་སྲིན་གྱི་ཁ་ནས་དཔྱངས་པའི་གསེར་གྱི་དྲིལ་བུ་རྣམས་ཀྱི་ཉི་ཟླའི་འཕྱང་འཕྲུལ་རླུང་གིས་བསྐྱོད་པ་ལས་རང་སྒྲ་སྙན་པར་འཁྲོལ་བ། གཙུག་ལག་ཁང་གི་ཟུར་བཞི་ན་དར་ཆེན་བཞི་བསྒྲེངས་བ་མདུན་ངོས་ཀྱི་དར་ཆེན་གཉིས་ཀྱི་རྩེ་མོ་རྒྱལ་མཚན་དང་ནོར་བུའི་ཏོག རྒྱབ་ངོས་ཀྱི་དར་ཆེན་གཉིས་ཀྱི་རྩེ་མོ་ཐུག་ནག་དང་ཁ་ཊཱཾ་གིས་སྤྲས་པ་བསིལ་རླུང་གིས་ལྷབ་ལྷུབ་ཏུ་བསྐྱོད་པ། མཐའ་སྐོར་དུ་འདུས་པའི་སྡེ་ཆེན་པོའི་གྲྭ་ཤག་རྣམས་བཞི་སྐོར་དུ་བསྐོར་བའི་ཕྱོགས་བཞིར་སྒོ་ཆེན་བཞི་དང་། སྒོ་ཆེན་སོ་སོའི་ཐད་དུ་བླ་ཆེན་སོ་སོའི་གཟིམ་ཁང་དང་བླ་བྲང་ཁང་བརྗིད་པ། དེ་ཡང་ཤར་སྒོ་ན་གཡུ་ཁོག་དཔོན་ཚང་། ལྷོ་སྒོར་རྒྱ་ཤུལ་བླ་བྲང་། ནུབ་སྒོར་ཆ་ནང་སྤྲུལ་སྐུ། བྱང་སྒོར་རྒྱ་བླ་བྲང་བཅས་དང་། དེའི་ཕྱི་མཐའི་ཕྱོགས་བཞི་ན་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཁང་བཞི་ཞལ་ཕྱིར་ཕྱོགས་སུ་ཡོད་པའོ། །དེ་ཡང་གོང་དུ་བཤད་པ་ལྟར་དགོན་འདི་དང་ཐོག་གཡུང་དྲུང་བོན་གྱི་དགོན་པ་ཞིག་ཡིན་པ་རབ་བྱུང་བཅུ་གཅིག་པའི་དཀྱིལ་ཙམ་དུ་ཀརྨ་སྐུ་ཕྲེང་བཅུ་པས་འགྲོ་མགོན་བཀའ་བརྒྱུད་པའི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཏུ་བསྒྱུར། རབ་བྱུང་བཅུ་གཅིག་པའི་ནང་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་སོག་པོ་གུ་ཤྲི་ཧན་ཤི་བའི་དགོངས་རྫོགས་སུ་ཧོར་དགོན་སྡེ་བཅུ་གསུམ་འདེབས་པར་རྒྱལ་དབང་ལྔ་བ་ཆེན་པོའི་མདུན་ནས་དམ་བཅའ་ཕུལ་བ་ལྟར་ཧོར་ཁོག་སྟོད་སྨད་ཀུན་ལ་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་དགོན་པ་བཅུ་གསུམ་བཏབ་ནས་སྔ་ཕྱིར་བོན་དང་དང་བཀའ་བརྒྱུད་ཀྱི་དགོན་པ་རྣམས་དགེ་ལུགས་སུ་བཙན་གྱིས་བསྒྱུར་བ་སོགས་བྱས་སྐབས། ལི་རྩང་སོགས་སུ་གསེར་བ་ཡེ་ཤེས་སེང་གེས་དཔལ་ཡུལ་བའི་དགོན་པ་མང་པོ་བཏབ་ཡོད་པ་དང་། བཀའ་རྙིང་ཆུ་བོ་གཅིག་འདྲེས་སུ་གྲགས་པ་སོགས་ཀྱིས་བར་སྐབས་ཤིག་ནས་གཡུ་མཁར་དགོན་པ་སྔ་འགྱུར་རྙིང་མའི་རྒྱལ་བ་དཔལ་ཡུལ་བའི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཏུ་གྱུར། འོན་ཀྱང་སྐབས་དེ་དག་གི་བླ་རབས་དང་འདུས་པའི་ཞལ་གྲངས། བཤད་སྒྲུབ་ལས་གསུམ་གྱི་མཛད་པ་ཇི་ལྟར་བསྐྱངས་ཚུལ་སོགས་མི་ལོ་བརྒྱ་དང་ལྔ་བཅུའི་རིང་གི་ལོ་རྒྱུས་གསལ་བའི་ཡིག་ཆ་དང་ངག་རྒྱུན་མཐོང་ཐོས་སུ་མ་གྱུར་པས་འགོད་ཐབས་བྲལ། རབ་བྱུང་བཅུ་གསུམ་པའི་ནང་དུ་ལྕམ་བླ་འགྱུར་མེད་རྒྱལ་མཚན་སྐུ་མཆེད་ཀྱིས་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་ལས་མཁའ་འགྲོ་སྙིང་ཐིག་སོགས་གསན་ནས་གཡུ་ཁོག་ཏུ་ཡུན་རིང་བར་བཞུགས་ནས་སྒྲུབ་པ་ཉམས་བཞེས་མཛད་ཀྱང་དགོན་པ་དངོས་ཀྱི་གདན་རབས་མཛད་ཡོད་མེད་མི་གསལ། རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་༼༡༨༢༡༽ལོར་གཡུ་དཔོན་ཀརྨ་ཆོས་གྲགས་ཀྱིས་གཡུ་མཁར་དགོན་བསྐྱར་བཞེངས་བྱེད་སྐབས། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དངོས་སློབ། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ་སྐུ་འཁོར་གདན་དྲངས་ནས་ས་འདུལ་སོགས་མཛད། ཁྱུང་ལུང་རས་པ་གཡུ་ཁོག་ཏུ་ཟླ་བ་གཅིག་ཙམ་ལ་བཞུགས་ཤིང་སེར་སྐྱ་ཡོངས་ལ་ཀློང་ཆེན་སྙིང་ཐིག་གིས་མཚོན་པའི་ཟབ་ཆོས་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་ཆོས་འཁོར་བསྐོར། གཡུ་རོང་དང་གཡུའི་ཆུ་དབར་སོགས་སུ་ཕེབས། དུས་འདི་ཙམ་ནས་གཡུ་མཁར་དགོན་སྔ་འགྱུར་རིང་ལུགས་འཛིན་པའི་ཆོས་སྡེ་རུ་གྱུར་པའི་དབུ་བརྙེས་པ་ཡིན། རབ་བྱུང་བཅུ་བཞི་པའི་ཤིང་ལུག་༼༡༨༣༥༽ལོར་ནགས་རྟ་བླ་མ་ཨུ་རྒྱན་ཕུན་ཚོགས་ཀྱིས་རྒྱལ་སྲས་གཞན་ཕན་མཐའ་ཡས་དགོན་འདིར་གདན་དྲངས་ཚེ་དགོན་འདིར་བླ་གྲྭ་བརྒྱ་ཕྲག་ཙམ་བཞུགས་པ་ཕལ་ཆེར་རྟེན་སྔགས་འཆང་། དབུ་སྐྲ་དང་ཡུམ་ཅན་དུ་བཞུགས་པས། རྒྱལ་སྲས་པས་གནས་འདི་དགོན་པ་ཡིན་ནམ་གྲོང་པ་ཡིན།། ཁྱེད་ཅག་ཁྱིམ་པ་ཡིན་ནམ་གྲྭ་པ་ཡིན། འདི་ལྟ་བུའི་སྒོ་ནས་རྒྱལ་བསྟན་འཛིན་ཚུལ་ཡོད་དམ། ཁྱེད་ཅག་ལ་ཆ་ལུགས་སྤྱོད་ལམ་འདི་ལྟར་བྱེད་པའི་དཔའ་གདེངས་ཅི་ཡོད་ང་ལ་ཤོད། བཤད་རྒྱུ་མེད་ན་སྐྱ་མིན་སེར་མིན། གྲོང་མིན་དགོན་མིན་འདི་བྱེད་མི་ཆོག་སོགས་བཀའ་བཀྱོན་མཛད་པས། གྲྭ་རྒན་རྣམས་མདུན་དུ་བཅར་ནས་རྟོགས་འབུལ་བྱས་པས། རྒྱལ་སྲས་པ་ཐུགས་དགྱེས་ནས། ཁྱེད་ཅག་གི་འདོན་ཆ་དང་ཕྱག་སྲོལ་དཔལ་ཡུལ་བའི་ལུགས་ལྟར་འདུག་མོད། ཉམས་ལེན་གྱི་མཐིལ་ནི་ཀློང་ཆེན་སྙིང་ཐིག་ཏུ་འདུག་པས། ཁོ་བོས་རྫོགས་ཆེན་རུ་དམ་ལུང་དུ་དཔལ་སེང་གེ་རིའི་ཆོས་གྲྭ་ཞེས་པ་ཞིག་གསར་བཞེངས་བྱས་ཡོད། དེ་ཀློང་ཆེན་སྙིང་ཐིག་གི་ཕྱག་སྲོལ་འཛིན་པའི་ཆོས་སྡེ་ཞིག་ཡིན་པས་དེའི་བུ་དགོན་བྱེད་དགོས་གསུངས། དགོན་པའི་མཚན་ལ་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་ཞེས་བཏགས། ཟབ་རྒྱས་སྨིན་གྲོལ་གྱི་གདམས་པ་རྣམས་མནོག་ཆོས་སུ་བསྩལ། དུས་དེ་ནས་བཟུང་སྟེ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་དགོན་པ་ཞིག་དང་། རྒྱལ་སྲས་གཞན་ཕན་པ་གདན་རབས་དང་པོར་གྱུར་པ་ཡིན། དེ་རྗེས་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ་རྫོགས་ཆེན་དུ་གྲྭ་སར་ཕེབས་ནས་མདོ་སྔགས་མན་ངག་མཐོང་བརྒྱུད་ཕྱག་བཞེས་དང་བཅས་པ་ལ་མཁས་པར་སྦྱངས་ནས་གཡུ་དགོན་དུ་སླར་ཕེབས་ཏེ། གདན་རབས་གཉིས་པའི་འགན་བཞེས་མཛད་ནས་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་དང་། ཟབ་ལམ་བདེ་གཤེགས་ཀུན་འདུས་དང་འབྲེལ་བའི་རབ་གནས་ཆོ་ག བཀའ་མའི་མཆོད་ཁག་ལྔ། རྩ་བྲུབ་གར་གསུམ། ཁྲོ་རོལ་དགུ་ཆེན། དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ། གསང་འདུས་ཚེས་བཅུ་དང་བཅས་པ་གསར་འཛུགས་མཛད། རྫོགས་ཆེན་ནས་འཆམ་དཔོན་ཆོས་དབྱིངས་རང་གྲོལ། མཆོད་ཆེན་ཚེ་མདོ་སོགས་གདན་དྲངས་ནས་འཆམ་སློབ་པ་དང་། འབག་བཟོ་བ་སོགས་མཐོང་བརྒྱུད་ཀྱི་ཕྱག་བཞེས་ཆེ་ཕྲ་ཐམས་ཅད་འཛུགས་པར་བྱས། དེས་ན་མདོ་ཁམས་གཡུ་མཁར་དགོན་དུ་ངེས་གསང་སྔ་འགྱུར་བའི་རིང་ལུགས་དྲི་མ་མེད་པའི་ཕྱག་སྲོལ་དེ། ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེའི་སྐུ་དུས་སུ་དབུ་བརྙེས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་སྲོལ་བཏོད། རིག་འཛིན་ལུང་རིག་གླིང་པས་དར་ཞིང་རྒྱས་པར་བྱས་པ་ཡིན་ནོ། །དེ་ནས་གདན་རབས་གསུམ་པ་འགྱུར་མེད་བློ་གྲོས་མཐའ་ཡས། གདན་རབས་བཞི་པ་དབོན་རིག་འཛིན་རྣམ་རྒྱལ། གདན་རབས་ལྔ་པ་ཐུབ་བསྟན་བྱང་ཆུབ་རྡོ་རྗེ། གདན་རབས་དྲུག་པ་ཐུབ་བསྟན་རང་བྱུང་བཅས་དང་། གཞན་ཡང་མཁས་བཙུན་གྲུབ་པའི་སྐྱེས་བུ་དུ་མས་བསྐྱངས་ཤིང་། གཡུ་ཁོག་དཔོན་རབས་རྣམས་ཀྱིས་ཆོས་སྲིད་གཉིས་ཆར་ལ་སྤྱི་ཁྱབ་ཏུ་གཟིགས་རྟོགས་མཛད་པར་འདུག་གོ། །གཡུ་དགོན་གྱི་ལོ་རེའི་ནང་འཚོགས་པའི་དུས་མཆོད་ཀྱི་རིམ་པ་ནི། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བུམ་སྒྲུབ་ཆེན་མོ་ཚེས་བཅུ་གར་འཆམ་དང་བཅས་པ། ཧོར་ཟླ་བཞི་པའི་ནང་སྨིན་གཏེར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་དང་འབྲེལ་བའི་རབ་གནས། དོང་སྤྲུགས་འཁོར་བ་ཀུན་སྒྲོལ། རྒྱུ་འཕྲུལ་ཞི་བ་དང་ཁྲོ་བོ། རོང་ཟོམ་ཕུར་བ། ཉན་ཐོས་སྟེ་བཀའ་མའི་སྒྲུབ་ཁག་ལྔ་རྩ་བྲུབ་གར་གསུམ་གྱི་འཆམ་དང་བཅས་པ། ཧོར་ཟླ་དྲུག་པའི་བཅོ་ལྔ་ནས་ཟླ་བ་ཕྱེད་གཉིས་རིང་དབྱར་གནས། ཧོར་ཟླ་བརྒྱད་པའི་ནང་སྤྱི་བསྲུང་ཆེན་མོ་ལ་དཔལ་མགོན་ཚོགས་ཀྱི་བདག་པོའི་སྒྲུབ་ཆེན་རྡོ་གྲུབ་ཆོག་འགྲིག་ལྟར་དང་། ཆོས་སྐྱོང་སྤྱི་གསོལ་བཅས། ཧོར་ཟླ་བཅུ་གཉིས་པའི་ནང་བཀའ་བརྒྱད་ཁྲོ་བོ་རོལ་པའི་དགུ་ཆེན། མ་ཏིའི་སེང་དམར། རཏྣའི་ཕུར་བ། དུས་རྒྱུན་བླ་གྲྭ་བཅུ་ཕྲག་ལྷག་གིས་མགོན་ཁང་དུ་བསང་དང་གསོལ་ཁ་ཆགས་མེད་མཛད་པ་བཅས་སོ།།

ཞར་བྱུང་ཡན་ལག་གི་ཆོས་སྡེ་ཁག་གི་ལོ་རྒྱུས་མདོར་བསྡུས་སུ་བཤད་པ།

གཡུ་མཁར་བཤད་གྲྭ་ལྔ་རིག་ནོར་བུའི་གླིང་ནི།

དེ་ཡང་སྤྱིར་རབ་བྱུང་བཅུ་བཞི་པའི་མགོར་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་གནས་ལུང་སོགས་སུ་མོས་ལྡན་གྱི་སློབ་མ་མང་པོར་མདོ་སྔགས་ཀྱི་ཆོས་བཀའ་དུ་མ་འཆད་ཁྲིད་མཛད་པ་དང་། རབ་བྱུང་དེའི་མཇུག་ཏུ་རྒྱ་སྤྲུལ་ལུང་རིག་གླིང་པས་གཡུ་དགོན་དང་གཡུ་སྙིང་དབེན་རི་སོགས་སུ་འདུས་པའི་སྡེ་ཆེན་པོར་སྐབས་རེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བསྩལ། སྐབས་རེར་གཞུང་ལུགས་དུ་མ་འཆད་སྤེལ་མཛད། ཡང་དུས་ནམ་ཙམ་དུ་བྱོན་མི་གསལ་ཡང་བྲག་ཆུང་མཁན་པོ་དཔལ་ལུ་ཟེར་བ་ཞིག་གིས་ཀྱང་སློབ་ཚོགས་བསྐྱངས་བ་སོགས་བྱུང་ཡང་། བཤད་གྲྭ་ཞེས་དངོས་སུ་དགེ་འདུན་པ་གྲངས་ངེས་ཅན་རྒྱུན་དུ་འཆད་ཉན་བྱེད་པ་ཞིག་བྱུང་མེད་པར་སྣང་། རབ་བྱུང་བཅོ་ལྔ་པའི་མཇུག་ཏུ་གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོས་གཡུ་དགོན་དུ་རྒྱུན་བཞུགས་ཀྱི་བཤད་གྲྭ་གསར་དུ་བཙུགས། རྫོགས་ཆེན་མཁན་པོ་འོད་ལུ་གདན་དྲངས་ནས་མཁན་རབས་དང་པོའི་ཁྲི་ལ་མངའ་གསོལ། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ལོར་ཀོང་སྤྲུལ་པདྨ་དགྱེས་པས་བླ་བྲང་བཤད་གྲྭའི་འཚོགས་ཁང་དུ་བསྒྱུར། རྒྱུན་བཞུགས་བཤད་གྲྭ་བ་བཞི་བཅུ་ཐམ་པའི་བཞུགས་ཤག་གསར་བཞེངས་མཛད། སྔ་ཕྱི་རིམ་པར་ཁྱི་ཤུལ་མཁན་པོ་ཀུན་དགའ་བརྩོན་འགྲུས། ཨ་ཚབ་མཁན་པོ་བསོད་ནམས་སེང་གེ། རྫོགས་ཆེན་མཁན་པོ་ཆོས་ཚ། ལ་ཟའི་མཁན་པོ་དོན་གྲུབ་དབང་རྒྱལ། རི་ཤུལ་མཁན་པོ་རིག་བྱེད་རྡོ་རྗེ། ཝ་དགེ་མཁན་པོ་པདྨ་ཐེག་མཆོག མོ་རྐང་མཁན་པོ་ལྷ་མཆོག་རྡོ་རྗེ། ཨ་ཚབ་མཁན་པོ་དོན་གྲུབ་ཚེ་རིང་། ཨ་ཚབ་མཁན་པོ་ཚེ་ལྷ་རིག་འཛིན་བཅས་ཀྱིས་རིམ་པར་མདོ་སྔགས་རིག་གནས་ཀུན་གྱི་འཆད་ཁྲིད་ཀྱིས་དུས་འགྱུར་ཆེན་མོའི་བར་དུ་སློབ་ཚོགས་བསྐྱངས།

ཉམས་ལེན་སྒྲུབ་པའི་ཆོས་སྡེ་ངེས་དོན་བསམ་གཏན་གླིང་ནི།

ཐེག་ཆེན་ཆོས་འཁོར་གླིང་གི་གཡས་ཕྱོགས་སུ་རྒྱང་གྲགས་གཉིས་ཀྱིས་འཕགས་པའི་ཡར་སྟེང་། དགྲ་བླ་མི་མགོན་དཀར་པོའི་མདུན་རོལ་ན། དབྱི་སྙིང་པདྨ་རྣམ་པར་བཀྲ་བའི་གནས་ཞེས་སྒོམ་ཆེན་མཉམ་བཞག་གི་ས་དབྱིབས་དང་མཚུངས་པའི་པང་ཁུག མཐའ་སྐོར་ཕྱོགས་མཚམས་ཐམས་ཅད་དུ་ཐང་ཤིང་ནགས་མའི་ཚལ་གྱིས་ཕྱུག་ཅིང་། མེ་འབྲས་ལོ་མས་དུད་པའི་ལྗོན་ཤིང་སྣ་ཚོགས་ཀྱིས་རང་བྱུང་གི་དྲྭ་བ་མིག་མང་རིས་སུ་བྲེས་པ། གནས་དེར་སླེབ་པ་ཙམ་གྱིས་ཁམས་དྭངས་ཤིང་རིག་པ་གསལ་བ། བརྗོད་དུ་མེད་པའི་དགའ་བདེས་ལུས་སེམས་སིམ་པར་བྱེད་པ་སོགས་སྒྲུབ་པའི་གནས་ཀྱི་ཡོན་ཏན་མ་ཚང་བ་མེད་པའི་གནས་དེ་ཉིད་དུ། རབ་བྱུང་བཅོ་ལྔ་པའི་མཇུག་ཏུ་དཔོན་བླ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པ་སྟེ། དབུས་སུ་སྒྲུབ་གྲྭའི་གཙུག་ལག་ཁང་དང་། མཐའ་སྐོར་དུ་དགེ་འདུན་པ་རྣམས་ཀྱི་བཞུགས་ཤག་གིས་གྲུ་བཞིར་བསྐོར་བ་ན། སྤོང་བ་བསམ་གཏན་པ་རྣམས་ཀྱིས་ཀློང་སྙིང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གཙོ་བོར་གྱུར་པའི་ཡི་དམ་ལྷག་པའི་ལྷ་རྣམས་ཀྱི་བསྙེན་སྒྲུབ་དང་། ཁྱད་པར་ཀ་དག་དང་ལྷུན་གྲུབ་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པའི་ཐུན་བཞིའི་རྣལ་འབྱོར་དང་། ཡར་མར་གྱི་ཚེས་བཅུའི་དུས་མཆོད་ཆགས་མེད་དུ་མཛད་པ་ཡིན། །དེ་ལས་ཐད་དུ་ཕྱིན་པའི་ཡར་འདབས་ལ་ཁ་གོང་མར་གྲགས་པ་ལྗོན་པའི་ར་བས་རང་བྱུང་དུ་བསྐོར་བ་ན། རིག་འཛིན་ལུང་རིག་གླིང་པས་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཕལ་ཆེར་རིག་པ་མཉམ་བཞག་གི་སྒྲོམ་ནས་སྤྱན་དྲངས་པ་དང་། བསམ་གཏན་ཡེ་ཤེས་གླིང་པ། རྒྱ་ལྷ་མོ་ཚེ་རིང་སོགས་མཁས་གྲུབ་དུ་མའི་སྒྲུབ་གནས་པདྨ་རྣམ་པར་བཀྲ་བའི་དབེན་ཁྲོད་དང་། གཞན་ཡང་གནས་ལུང་དཔལ་གྱི་རི་བོ། གཡུ་སྟོད་མདུན་ཆེན། གཡུ་མཚོའི་འགྲམ། རི་ཛམ་བྷ་ལའི་པང་ཁུག ངེས་ལེགས་གནས། ཤ་དུང་སྒྲུབ་ཕུག ཆུ་དབར་ཏཱ་རེ་མི་འགྱུར་དགའ་ཚལ། རྣ་ལུང་། ཡོལ་རི། མཁར་ར་རི་ཁྲོད་སོགས་སུ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་དམ་པའི་སྐྱེས་བུ་དུ་མ་ཁང་ཆུང་དང་། བྲག་སྐྱིབས། སྤྱིལ་བུ་ཙམ་ལ་བརྟེན་ནས་བྱར་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བཞིན་མཆིས་སོ།།

གཡུ་རོང་བཀོད་ལེགས་དགོན་ཚོགས་གཉིས་གོང་འཕེལ་གླིང་ནི།

རབ་བྱུང་བཅུ་བཞི་པའི་སྟོད་དུ་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་སྐུ་ཐོག་གོང་མ། ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་དཀོན་མཆོག་དབང་ཕྱུག་གིས་སྒྲུབ་པ་ཉམས་བཞེས་མཛད་པའི་དབེན་ཁྲོད་ཅིག་ཡིན། ཕྱིས་སུ་རིག་འཛིན་ལུང་རིག་གླིང་པས་ཀྱང་སྒྲུབ་པ་ཉམས་བཞེས་དང་། སྐལ་ལྡན་འདུས་པའི་འཁོར་ལ་སྨིན་གྲོལ་གྱི་ཆོས་འཁོར་བསྐོར་བ་སོགས་མཛད། རྒྱ་སྤྲུལ་སྐུ་གཤེགས་རྗེས་དབོན་རིན་པོ་ཆེ་རྒྱ་ལྷ་མོ་ཚེ་རིང་གིས་འདུ་ཁང་རྒྱ་བསྐྱེད་དང་། རྒྱ་སྤྲུལ་ཕུར་པའི་བུམ་སྒྲུབ། སྨིན་གླིང་རྡོར་སེམས་ཀྱི་སྒྲུབ་མཆོད། རྒྱ་སྤྲུལ་འོད་ཟེར་ཅན་མ་དང་། བཀའ་བརྒྱད་ཁྲོ་བོ་རོལ་པའི་དགུ་ཆེན་སོགས་གསར་དུ་བཙུགས། གདན་རབས་དང་པོ་བཀོད་ལེགས་དཀོན་མཆོག་དབང་ཕྱུག གཉིས་པ་རིག་འཛིན་ལུང་རིག་གླིང་པ། གསུམ་པ་རྒྱ་ལྷ་མོ་ཚེ་རིང་། བཞི་པ་དབོན་རིག་འཛིན་རྣམ་རྒྱལ། ལྔ་པ་རྒྱ་ཆོས་རིས་བཅས་དང་། གཞན་གཡུ་རོང་བླ་མ་ལྷ་དབང་རྡོ་རྗེ། ནགས་རྟ་བླ་མ་མདོ་སྡེ་རྒྱ་མཚོ། མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ། བཀོད་ལེགས་བླ་མ་པདྨ་སྐལ་བཟང་། ནགས་འདབས་རས་པ་རྡོ་རྗེ་དཔལ་བཟང་། རས་པ་གསལ་སྟོབས་སོགས་ཀྱིས་བསྟན་པ་བསྐྱངས། དུས་འགྱུར་ཁྲོད་དགོན་འདིར་གཏོར་སྐྱོན་ཐེབས། རྒྱལ་བསྟན་ཡང་དར་གྱི་སྐབས་སུ་མཁར་ལོག་བླ་མ་པདྨ་དངོས་གྲུབ་དང་། བླ་མ་རིག་འཛིན་རྒྱ་མཚོ། བཀྲ་ཐོ་སོགས་རྒན་རབས་རྣམས་ཀྱིས་གཙོ་འཛིན་དང་། གཡུ་རོང་ལྷ་སྡེས་རོགས་རམ་མཛད་པ་ལ་བརྟེན་ནས་དགོན་པ་བསྐྱར་གསོ་མཛད། གདན་རབས་དྲུག་པ་བླ་མ་པདྨ་དངོས་གྲུབ། བདུན་པ་རྒྱ་འཇམ་དབྱངས་ལུང་རིག་རྒྱ་མཚོ། བརྒྱད་པ་ལུང་རྟོགས་ཆོས་ཀྱི་ཉི་མ་བཅས་ཀྱིས་གྲུབ་དབང་གོང་མའི་གདན་ས་བསྐྱངས་དང་སྐྱོང་བཞིན་མཆིས་སོ།།

ཤོག་བཞི་སྨོན་ལམ་དགོན་ནི།

རིག་འཛིན་ལུང་རིག་གླིང་པས། རི་རབ་གླང་ཆེན་ས་སྲུང་གི། །གཙུག་ཏོར་རྩེ་མོར་གསེར་ཏོག་བཞིན། །ཞེས་སོགས་བསྔགས་པ་བརྗོད་པ་ལྟར། རྒྱལ་རོང་ཁྲོ་སྐྱབས་ཀྱི་མངའ་ཁོངས། ཤོག་བཞི་ཞེས་པའི་སར་རི་བོ་གླང་ཆེན་ས་སྲུང་ལྟ་བུའི་གཙུག་གི་སྟེང་དུ་སྔོན་རབ་བྱུང་བཅུ་གཅིག་པའི་ནང་དུ་གསེར་བ་ཡེ་ཤེས་སེང་གེས་ཕྱག་བཏབ་པའི་དཔལ་ཡུལ་བའི་དགོན་པ་ཞིག་ཡིན་པར་བཤད། ཕྱིས་སུ་རྒྱ་སྤྲུལ་ལུང་རིག་གླིང་པའི་དངོས་སློབ་ཤོག་བཞི་བླ་མ་ཀུན་བཟང་རང་གྲོལ་གྱིས་རྒྱ་སྤྲུལ་རིན་པོ་ཆེ་སྨོན་ལམ་དགོན་དུ་གདན་དྲངས། བསྟན་པ་གཏད་པས་ཁོང་གིས་རྫོགས་ཆེན་ལུགས་སུ་བསྒྱུར། ཀློང་སྙིང་ཐུགས་ཆེན་སྡུག་བསྔལ་རང་གྲོལ་དང་། བསྙུང་གནས་སོགས་ཀྱི་དུས་མཆོད་བཙུགས། དེ་རྗེས་རྒྱ་ལྷ་མོ་ཚེ་རིང་གིས་གཟིགས་སྐྱོང་མཛད་ཅིང་རྒྱ་སྤྲུལ་ཕུར་པའི་སྒྲུབ་མཆོད་གསར་འཛུགས་གནང་། དེ་ནས་རྒྱ་ཆོས་རིས་ཐུབ་བསྟན་བྱང་ཆུབ་རྡོ་རྗེས་ཆེད་གཟིགས་མཛད་ཅིང་། གཡུ་ཁོག་དབུ་ཆེན་གཟུངས་ཐོ་སོགས་ཀྱིས་ཚེས་བཅུའི་གར་འཆམ་བཙུགས། དེ་ཡང་གདན་རབས་དང་པོ་རྒྱ་ལུང་རིག་གླིང་པ། གཉིས་པ་རྒྱ་ལྷ་མོ་ཚེ་རིང་། གསུམ་པ་རྒྱ་ཆོས་རིས། གཞན་ཡང་བླ་མ་ཀུན་བཟང་རང་གྲོལ། པདྨ་དོན་གསལ། དབོན་རྣམ་རྒྱལ་བཅས་ཀྱིས་བསྐྱངས། གཡུ་ཁོག་ནས་ཀྱང་ནགས་རྟ་བླ་མ་མདོ་སྡེ་རྒྱ་མཚོ། མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ། ཆ་ནང་སྤྲུལ་སྐུ་མི་ཕམ་སོགས་ཀྱང་ཆེད་ཕེབས་འཚོགས་བཞུགས་མཛད། དུས་འགྱུར་སྐབས་ས་ཆ་གཞན་དང་མཚུངས་པར་དགོན་འདིར་གཏོར་སྐྱོན་བྱུང་། བསྟན་པ་ཡང་དར་སྐབས་དགེ་སློང་དགེ་བའི་བཤེས་གཉེན་བླ་མ་འཇིགས་མེད་བཟང་པོ་དང་། འཇིགས་མེད་ཐོས་པ་དོན་ལྡན་སོགས་ཀྱིས་བསྐྱར་གསོ་མཛད་ཅིང་རིམ་པར་གདན་རབས་བཞི་པ་དང་། ལྔ་པའི་འོས་འགན་བཞེས་ཤིང་། དེང་སྐབས་བླ་མ་བསྟན་འཛིན་དང་། བསྟན་པའི་ཉི་མ་སོགས་ཀྱིས་གདན་ས་སྐྱོང་བཞིན་མཆིས་སོ།།

ཝ་གོ་སིདྡྷི་དགོན་ནི།

རབ་བྱུང་བཅོ་ལྔ་པའི་དཀྱིལ་ཙམ་དུ་ཧོར་བླ་གཞན་ཕན་བཟང་པོས་རྒྱལ་རོང་འོ་བཟིའི་ཉེ་འདབས་སུ་གསར་དུ་བཏབ་ནས་དགོན་པའི་མཚན་ལ་སིདྡྷི་རིག་འཛིན་ཆོས་གླིང་ཞེས་བཏགས། རྒྱ་སྤྲུལ་གཏེར་ཆོས་ཡོངས་རྫོགས་ཀྱི་ལྷ་ཚོགས་ལྡེབས་རིས་སུ་བྲིས། རྒྱ་སྤྲུལ་ཕུར་པའི་དགུ་ཆེན་དང་། སྒྲོལ་མའི་སྒྲུབ་མཆོད། སྨྱུང་གནས་སོགས་ཀྱི་དུས་མཆོད་བཙུགས། སོ་མང་རྒྱལ་ས་ནས་རིག་འཛིན་ལུང་རིག་གླིང་པའི་ཡང་སྤྲུལ་ལུང་རྟོགས་བསྟན་པའི་དབང་ཕྱུག་གམ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་ཡོངས་གྲགས་ཝ་གོ་རྒྱ་སྤྲུལ་དུ་གྲགས་པ་ངོས་འཛིན་དང་སྐུ་བདག་མཛད་ནས་སིདྡྷི་དགོན་དུ་ཁྲི་འདོན་དང་བསྟན་པའི་བདག་པོར་བསྐོས། གདན་རབས་དང་པོ་ཧོར་བླ་དང་། གཉིས་པ་རྒྱ་སྤྲུལ་གཉིས་པས་མཛད། གཞན་ཡང་ཁྱ་མདའ་འཇིགས་མེད་གྲགས་པ། འོ་བཟི་པདྨ་བསྟན་འཛིན། རས་པ་ཀླུ་སྐྱབས་སོགས་དམ་པའི་སྐྱེས་བུ་དུ་མ་བྱོན། དུས་འགྱུར་ཆེན་མོའི་རྗེས་ནས་གདན་རབས་གསུམ་པ་ཧོར་བླའི་ཡང་སྲིད་རྟ་ཁྱུང་རོལ་བའི་རྡོ་རྗེ་དང་། རྒྱ་སྤྲུལ་གསུམ་པ་ལུང་རྟོགས་ཆོས་ཀྱི་ཉི་མ། མཁན་པོ་སྣ་ཚོགས་རྡོ་རྗེ་སོགས་ཀྱིས་དགོན་པ་བསྐྱར་གསོ་གནང་ནས་སྔར་བཞིན་བསྟན་སྲོལ་སྐྱོང་བཞིན་མཆིས་སོ། །

རོང་མེས་འབྲུ་སྨིན་དགོན་ནི།

རབ་བྱུང་བཅོ་ལྔ་པའི་ནང་ཧོར་བླ་གཞན་ཕན་བཟང་པོས་རོང་མེས་འབྲུ་སྨིན་དུ་ཕྱག་བཏབ་མཛད། ཚེ་སྒྲུབ་དང་། སེང་གདོང་མ། བསྙུང་གནས་སོགས་ཀྱི་དུས་མཆོད་བཙུགས། དེ་ནས་བླ་མ་འཇིགས་བྲལ་གཞོན་ནུ་སོགས་ཀྱིས་རིམ་པར་བསྐྱངས། དུས་འགྱུར་གྱི་རྗེས་ནས་བླ་མ་འཇིགས་གཞོན་གྱི་ཡང་སྤྲུལ་ནམ་མཁའ་འོད་ཟེར་གྱིས་བསྐྱར་གསོ་དང་སྔར་སྲོལ་རྒྱུན་འཛིན་མཛད་ཅིང་བཞུགས་པར་ཐོས་སོ། །

ཕུ་དུམ་དར་རྒྱས་དགོན་ནི།

སྔོན་བླ་མ་བསམ་གཏན་ཞེས་པས་རྒྱལ་རོང་ཁྲོ་སྐྱབས་ཀྱི་འོ་བཟིའི་སྨད་དུ་ཕྱག་བཏབ། ཤར་རྒྱལ་བ་དཔལ་ཡུལ་བའི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཡིན། བླ་རབས་འགའ་སོང་མཚམས་ཏེ། རབ་བྱུང་བཅོ་ལྔ་པའི་ནང་ཕུ་དུམ་བླ་མ་དཀོན་མཆོག་གིས་གཡུ་ཁོག་ཧོར་བླ་གཞན་ཕན་བཟང་པོ་བླ་མར་བརྟེན་ནས་བསྟན་པ་ཁོང་ལ་གཏད། ཁོང་གིས་རྒྱ་སྤྲུལ་ཕུར་པའི་དུས་མཆོད་བཙུགས་པ་སོགས་མཛད། དེ་ནས་གཡུ་ཁོག་རྒྱ་སྤྲུལ་གཉིས་པ་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་གྱིས་གདན་ས་བསྐྱངས། དུས་འགྱུར་ཆེན་མོའི་རྗེས་སུ་ཧོར་བླའི་ཡང་སྲིད་རྟ་ཁྱུང་རོལ་པའི་རྡོ་རྗེས་གཙོ་འགན་བཞེས་ཤིང་སླར་གསོ་གནང་།

གསེར་ཡག་ཡེ་སྒར་འོད་གསལ་ཕུན་ཚོགས་དགའ་ཚལ་ནི།

རབ་བྱུང་བཅོ་ལྔ་པའི་སྨད་ཙམ་དུ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱིས་གདན་ས་གསར་དུ་བཏབ་པ་སྟེ། དེ་ཡང་ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེས་གཡུ་ཁོག་བྱ་བྲལ་ལ་ཁྱེད་ཀྱི་གདན་ས་དེ་རི་བོ་དུང་དཀར་འདྲ་བའི་ལྟེ་བ་ན་ཡོད་ཅེས་ལུང་བསྟན་པས་ཁོང་གིས་ས་ཆ་དེ་ཕྱོགས་ཀུན་ཏུ་བཙལ་ནས་ཡག་སྒང་གི་རི་རྩེར་ཕེབས་སྐབས་རྒད་པོ་ཞིག་གིས་ལམ་ཁ་ནས་གདན་ནག་པོ་ཞིག་བཏིང་ནས་དེར་བཞུགས་པར་ཞུས་ནས་ཞོ་དྲངས་པ་ན། ཁྱོད་ཀྱི་མིང་ལ་ཅི་ཟེར་གསུངས་པའི་ལན་དུ་ཕྲིན་ལས་དར་རྒྱས་ཟེར་ཞུས་པས། ཐུགས་དགྱེས་ནས་གདན་ནག་པོ་ནི་ཆོས་ཉིད་མི་འགྱུར་བའི་རྟེན་འབྲེལ་དང་། ཕྲིན་ལས་དར་རྒྱས་ཞེས་པ་གདུལ་བྱ་རྒྱས་པའི་རྟེན་འབྲེལ། ཞོ་བཀྲ་ཤིས་པའི་རྫས་ཡིན་པ་སོགས་རྟེན་འབྲེལ་ཤིན་ཏུ་ལེགས་གསུངས། དེར་གླིང་སེང་ཆེན་གྱི་གནས་སུ་གྲགས་པའི་ཡག་ཡེ་དེའུ་ལེ་གཉན་པོ་ཞེས་རི་བོ་དུང་དཀར་གཡས་འཁྱིལ་གྱི་དབྱིབས་སུ་གནས་པ་དེ་གདན་སར་གཟིགས་ནས་སྐུ་འཁོར་དེར་ཕེབས་པ་ན། ཕྱིས་ཀྱི་ས་མིག་དེར་ཐབ་རྡོ་སུམ་ཚུགས་དང་། བུད་ཤིང་ཁུར་བོ་ཞིག་བཞག་ཡོད་པས། ཐུགས་དགྱེས་ཚོར་ངང་དེར་བསང་དང་གསེར་སྐྱེམས་མཛད་སྐབས། ནམ་མཁའ་འཇའ་སྤྲིན་གྱིས་གང་བའི་ཀློང་ནས་ཆོས་ལོངས་སྤྲུལ་གསུམ་དང། རྗེ་འབངས། ཀུན་མཁྱེན་ཡབ་སྲས་སོགས་ཀྱིས་ཞལ་གཟིགས་ལུང་བསྟན་དབུགས་དབྱུང་གནང་བ་ཁོང་གིས་དངོས་སུ་གཟིགས། གཞན་གྲྭ་འཁོར་རྣམས་ཀྱིས་འཇའ་འོད་དང་རྒོད་ཐང་དཀར་སོགས་བྱ་རིགས་མང་པོས་ལྡིང་སྐོར་བྱེད་པ་སོགས་རྟགས་སྣང་ཡ་མཚན་པ་དུ་མ་བྱུང་། དེ་ནས་ཁོང་གིས་གྲྭ་འཁོར་ཁ་ཤས་ལ་རི་འདིའི་གཡས་གཡོན་དུ་ཆུ་ཡོད་མེད་བལྟ་རུ་སོང་གསུངས་པ་ལྟར་ཕྱིན་པས་རིའི་གཡས་ངོས་སུ་ཆུ་མིག་ཞིག་གསར་དུ་རྡོལ་བཞིན་པ་དེ་ལ་རྨ་བྱ་ཆུ་མིག་ཞེས་གྲགས། དེ་ནས་གནས་སྟོན་དུ་ཚོགས་འཁོར་ཕུལ། ཚོགས་ཀྱི་ལྷག་མ་རྒོད་ཐང་དཀར་བཞིས་ནམ་མཁར་ཁྱེར་བ་སོགས་ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་། དེ་ནས་གཟིམ་ཁང་དང་ཆོས་ར། རིམ་གྱིས་འདུ་ཁང་དང་གྲྭ་འཁོར་སོ་སོས་ས་ཁང་དང་གད་ཕུག་སོགས་བཞུགས་གནས་འཛོམ་པར་བྱས། དཔལ་སྤྲུལ་སྔོན་འགྲོ། ངེས་ཤེས་སྒྲོན་མེ། སྒྱུ་འཕྲུལ་གསང་སྙིང་རྩ་འགྲེལ། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། བླ་མ་ཡང་ཏིག ལྕེ་བཙུན་སྙིང་ཐིག དགོངས་པ་ཟངས་ཐལ། ཁྲིད་ཡིག་ཡེ་ཤེས་བླ་མ། གཉུག་སེམས་སྐོར་གསུམ། གསོ་རིག་གི་སྐོར་སོགས་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་མ་ཆད་པར་བསྐོར་བས་གདུལ་བྱ་དབྱར་མཚོ་ལྟར་འཕེལ་བ་བྱུང་ངོ། །གདན་ས་མ་བཏབ་པའི་སྔོན་དུ་གླ་རི་ཨོ་རྒྱན་ཚེ་བརྟན་གྱིས་ཁོང་ལ་སྔ་འགྱུར་དགུ་གདོང་དགོན་ཆོས་གཞི་ལྷ་སྡེ་བཅས་གྲྭ་འབུལ་མཛད་པ་ཕྱིས་སུ་ཆོས་སྒར་འདིའི་ཁོངས་སུ་འདྲེས་པར་གྱུར། ཆོས་སྒར་དེར་བསླབ་པ་སྦྱིན་པའི་མཁན་པོ། རྒྱུད་སྡེ་འཆད་པའི་མཁས་པ། མཚན་ཉིད་སྟོན་པའི་དགེ་བཤེས་སོགས་མང་དུ་བཞུགས་པས། བཟོ་གསོ་བ། སྒྲ་ཚད་མ། ནང་དོན་སྡེ་སྣོད་གསུམ་དང་། སྐར་རྩིས། བརྡ་སྤྲོད། བྲིས་གཟུགས་ཡན་ཆད་གང་སློབ་པར་འདོད་ཀྱང་རིན་ཆེན་གསེར་གླིང་དུ་ཕྱིན་པ་ལྟར་འདོད་པའི་རེ་བ་ཡིད་བཞིན་དུ་འཇོ་བར་བྱེད་པ་དང་། ཡར་མར་གྱི་གསོ་སྦྱོང་དང་། ཚེས་བཅུ་ཉེར་ལྔ་རྒྱུན་དུ་འཚོགས་པ་དང་། དངོས་གཞི་རྫོགས་ཆེན་གྱི་ཉམས་ལེན་ཟབ་མོ་ཆུ་བོའི་རྒྱུན་གྱི་ཏིང་འཛིན་ལ་གཅིག་ཏུ་གཞོལ་བ་སོགས་སྔ་འགྱུར་གྲུབ་བརྙེས་གོང་མའི་མཛད་པའི་སྲོལ་རྒྱུན་ཇི་བཞིན་ཕྱག་ལེན་དུ་འདེབས་པར་མཛད་པས་ཨ་མདོ་རེབ་གོང་ནས་རྒྱལ་མོ་ཚ་བ་རོང་གི་བར་གྱི་སློབ་མའི་འདུ་བ་ཆེས་ཆེར་རྒྱས་པ་བྱུང་ངོ།།

ངེས་ལེགས་དགོན་བསམ་གཏན་ཆོས་གླིང་ནི།

རབ་བྱུང་བཅུ་གསུམ་པའི་མེ་གླང་༼༡༧༥༧༽ལོར་གཏེར་སྟོན་བསམ་གཏན་སྙིང་པོ་གཡུ་ཁོག་ཏུ་ཕེབས་ནས་ངེས་ལེགས་དུ་གདན་ས་མཛད་ཅིང་། ངེས་ལེགས་དགོན་གསར་དུ་བཏབ། དེ་ནས་བླ་མ་ངག་དབང་ཕྲིན་ལས། བྱམས་པ་བསྟན་འཛིན། རིག་འཛིན་རྒྱ་མཚོ། ནམ་མཁའ་ཆོས་དབྱིངས། བསྟན་འཛིན་ཆོས་ལྡན། ནམ་མཁའ་བདེ་ཆེན། འགྱུར་མེད་དཀོན་མཆོག་བཅས་ཀྱིས་གདན་ས་རིམ་པར་བསྐྱངས། འོན་ཀྱང་བླ་མ་ནམ་མཁའ་ཆོས་དབྱིངས་ཀྱི་སྐུ་དུས་རབ་བྱུང་བཅུ་བཞི་པའི་མཇུག་ཡན་ཆད་དུ་བཀའ་བརྒྱད་ཁྲོ་རོལ་གྱི་དགུ་ཆེན་དང་། ཚོགས་བདག་ཁམས་ལུགས། དཀོན་སྤྱིའི་བུམ་སྒྲུབ། ཚེས་བཅུ་གར་འཆམ་སོགས་དུས་མཆོད་དུ་མ་ཡོད་པར་བཤད། དེ་ནས་གཡུ་ཁོག་རྒྱ་སྤྲུལ་དང་། མི་དབང་བསོད་ནམས་དབང་འདུས་བླ་དཔོན་ཉི་ཟླ་ཟུང་གི་སྐུ་དུས་སུ་གཡུ་ཁོག་གི་བླ་གྲྭ་ཡོངས་རྫོགས་གཡུ་དགོན་དུ་འཚོགས་ཞུགས་བྱེད་དགོས་གསུངས་པར་བརྟེན་དགོན་འདིར་དུས་མཆོད་སོགས་རྒྱ་ཆེན་འཚོགས་རྒྱུ་མ་བྱུང་བར་སྣང་ངོ་། །

ཏཱ་རེ་མི་འགྱུར་དགའ་ཚལ་མདོ་སྔགས་བཤད་སྒྲུབ་གླིང་།

ཤར་རྒྱལ་མོ་ཚ་བ་རོང་གི་སའི་ཆར་གཏོགས་པ་གཡུའི་ཆུ་དབར་ཏཱ་རེའི་གནས་མཆོག་ལ་སྔོན་དུས་རབས་བརྒྱད་པའི་ནང་དུ་ལོ་ཆེན་བཻ་རོ་ཙ་ན་རྒྱལ་མོ་རོང་དུ་ཕེབས་པ་དང་དུས་མཚུངས་སུ། སློབ་དཔོན་པདྨ་འབྱུང་གནས་རྫུ་འཕྲུལ་གྱིས་བྱོན་ནས་ཁོང་དཔོན་སློབ་གཉིས་ཀྱིས་རྒྱལ་ཡུམ་འཕགས་མའི་གནས་འདི་སོགས་ཚ་བ་རོང་གི་གནས་ཆེན་སུམ་ཅུ་རྩ་བརྒྱད་ལ་གནས་ཆེན་བྱིན་དབབ་དང་ཆོས་ནོར་གྱི་གཏེར་ཁ་དུ་མ་སྦས་ནས་འབྲེལ་ཚད་དོན་ལྡན་དུ་བྱིན་གྱིས་བརླབས། དེ་ནས་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་༼༡༨༩༣༽ལོར་དུས་རྟགས་དང་རྟེན་འབྲེལ་མངོན་དུ་གྱུར་པ་ན། སྤྲུལ་པའི་གཏེར་སྟོན་བསམ་གཏན་ཡེ་ཤེས་གླིང་པའམ་ཧོར་བླ་གཞན་ཕན་བཟང་པོས་ལྷ་དང་བླ་མའི་ལུང་བསྟན་ལྟར་གནས་སྒོ་ཕྱེས་ནས་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་དགའ་ཚལ་ཞེས་མཚན་བཏགས།  ཆུ་སྟག་༼༡༨༩༤༽ལོའི་ལོ་མཇུག་ཏུ་ཏཱ་རེ་མི་འགྱུར་དགའ་ཚལ་མདོ་སྔགས་བཤད་སྒྲུབ་གླིང་ཞེས་པའི་གཙུག་ལག་ཁང་གསར་དུ་ཕྱག་བཏབ་ནས་སྒོ་འཛུ་བླ་མ་རིག་གྲོལ། ལུང་རྟོགས་བསྟན་འཛིན། རིག་འཛིན་དངོས་གྲུབ། རས་པ་གསལ་སྟོང་། ཀློང་ཆེན་འོད་གསལ་རྡོ་རྗེ། སྒོ་སྤེས་བླ་མ་མཚོ་རྒྱལ་དང་། ཆོས་བདག་ཀརྨ་ཆོས་སྐྱོང་སོགས་བུ་ཆེན་རྣམས་ཀྱི་གཙོས་སློབ་ཚོགས་དུ་མ་ལ་དབང་ཁྲིད་ཟབ་ཆོས་གནང་བར་མཛད། དེ་ནས་བཟུང་འཁོར་གདོང་པདྨ་བཛྲ། རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ། ཆ་ནང་མི་ཕམ་རྒྱ་མཚོ་བཅས་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་གྲགས་པའི་དམ་པའི་སྐྱེས་བུ་གསུམ་ཡང་གནས་འདིར་བྱོན་ནས་སྒྲུབ་པ་ཉམས་བཞེས་སོགས་མཛད།   རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ། མདོ་མང་གཏེར་ཆེན་གར་གྱི་དབང་ཕྱུག གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་པའི་རྡོ་རྗེ་སོགས་ཀྱིས་ཀྱང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པར་མཛད། དེ་ལས་ཁྱད་པར་དུ་གྱུར་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་༼༡༨༧༢༽ལོར་ངེས་གསང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་མཚན་དཔེའི་མེ་ཏོག་གནས་འདི་ནས་བཞད་པས་ཐུན་མོང་མ་ཡིན་པའི་ཕྱག་དང་མཆོད་པའི་རྟེན་མཆོག་གཅིག་པུར་གྱུར། རབ་བྱུང་བཅུ་དྲུག་པའི་ནང་མཁན་པོ་རི་རྡོར་གྱིས་མི་ཉག་རྩ་ར་མཁན་ཆེན་ཆོས་ཀྱི་གྲགས་པ་གནས་འདིར་གདན་དྲངས་ནས་ལོ་དུ་མའི་རིང་མདོ་སྔགས་ཀྱི་ཆོས་ཚུལ་དུ་མ་ལ་འཆད་ཉན་མཛད།  ཕྱིས་རྒྱལ་བསྟན་ཡང་དར་གྱི་སྐབས་སུ་སྔ་ཕྱིར་ཧོར་བླའི་ཡང་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེ། གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ། ཁྱབ་བདག་རྫོགས་ཆེན་པ་པདྨ་སྐལ་བཟང་། རྫོགས་ཆེན་ཀུན་བཟང་སྤྲུལ་སྐུ། གཡུ་ཁོག་བྱ་བྲལ་བའི་ཡང་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་དམ་པའི་སྐྱེས་ཆེན་དུ་མ་ཆེད་ཕེབས་ཀྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བར་མཛད།  ཆུ་འབྲུག་༼༢༠༡༢༽ལོར་གཡུ་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེས་སྐུ་གོང་མ་གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ས་མིག་དངོས་ཐུགས་ཉམས་དང་རྨི་ལམ་ལ་བརྟེན་ཚུལ་གྱིས་ངོས་འཛིན་མཛད་ཅིང་མ་འོངས་པར་ས་འདི་རི་ཁྲོད་སྒྲུབ་གནས་ཤིག་ཏུ་འགྱུར་རྒྱུ་རེད་གསུངས། ཤིང་རྟ་༼༢༠༡༤༽ལོར་གངས་ལྗོངས་མཁས་པའི་དབང་ཕྱུག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་འདི་ཉིད་མཇལ་དུ་ཕེབས་ཚེ་གནས་འདི་ནས་སྒྲུབ་པ་ཉམས་ལེན་རེ་བྱེད་ཐུབ་ན་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་སླ་རྒྱུ་རེད་གསུངས་ཤིང་སེམས་ཉིད་རང་གྲོལ་གླིང་ཞེས་མཚན་བཏགས་པར་མཛད། གཡུ་མཁར་དགོན་གྱི་བླ་སྤྲུལ་རྣམས་ཀྱི་ཐུགས་བཀོད་འོག་གནས་འདིའི་བླ་གྲྭ་ལྷག་བསམ་ཅན་རྣམས་ཀྱིས་གཙོ་འགན་བཞེས་པ་དང་། ཕྱོགས་ཀྱི་དད་ལྡན་རྣམས་ཀྱི་རྒྱབ་སྐྱོར་དང་རོགས་རམ་ལ་བརྟེན་ནས་གཡུ་ཁོག་བྱ་བྲལ་བའི་སྐུ་གདུང་མཆོད་རྟེན་དང་། མ་ཎི་དུང་མཁར་ཆེན་མོ། འཚོགས་ཁང་སོགས་གསར་བཞེངས་བྱས། མེ་སྤྲེལ་༼༢༠༡༦༽ལོ་ནས་བཟུང་སྨྱུང་གནས་དང་འབྲེལ་བའི་དགུན་ཆོས་སམ། ཞག་བརྒྱའི་བཅད་རྒྱ་ཆེན་མོ་ལོ་ལྟར་འཚོགས་དང་འཚོག་བཞིན་པ་ལགས་སོ།།

མཁར་ར་བླ་བྲང་གི་ལོ་རྒྱུས།

མཁར་ར་ཞེས་པ་ནི་གཡུ་ལུང་རིང་མོ་དང་མགོ་འབྲེལ་བའི་ལུང་པ་ཞིག་གི་མིང་ཡིན་ལ། གནས་དེར་སྔོན་གྱི་དུས་སུ་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དགོན་པ་གསུམ་ཡོད་ཅིང་རབ་བྱུང་བཅུ་པ་ཡས་མས་ནས་བོན་གྱི་དགོན་པ་དེ་དག་རིམ་གྱིས་མེད་པར་གྱུར། དེ་ནས་གསང་ཆེན་སྔ་འགྱུར་བ་གཙོ་བོར་གྱུར་པའི་བན་གྱི་རིང་ལུགས་འཛིན་པའི་མཁས་པ་དང་གྲུབ་པ། སྤྲུལ་པའི་གཏེར་སྟོན་སོགས་དམ་པ་དུ་མ་བར་མ་ཆད་པར་འཁྲུངས་པའི་ཁྱིམ་ཚང་ཞིག་བྱུང་བ་ལ་མཁར་ར་བླ་བྲང་ཚང་ཞེས་མིང་དུ་གྲགས་པ་ཞིག་ཡིན། ཁྱིམ་རྒྱུད་དེར་འཁྲུངས་པའི་སྐྱེས་ཆེན་ནི། གཏེར་སྟོན་གར་དབང་ཉི་ཟླ་སྙིང་པོ། མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ། མཁར་ར་གྲུབ་ཆེན་ཡེ་ཤེས་རྡོ་རྗེ། མཁར་ར་སྐུ་ཞབས་རིག་འཛིན་ཆོས་འཕེལ། དགེ་བཤེས་རྟ་མགྲིན་མགོན་པོ། མཁར་ར་བླ་མ་ཨུ་རྒྱན། མཁར་ར་བླ་མ་འགྱུར་མེད། མཁར་ར་བླ་མ་ངག་དབང་ནོར་བུ་སོགས་གསར་རྙིང་རིས་མེད་ཀྱི་སྐྱེས་བུ་དུ་མ་བྱོན། མཁར་ར་བླ་བྲང་གི་དུས་སུ་གནས་དེར་དགོན་པ་ཞེས་དམིགས་བསལ་བ་ཞིག་མེད་ཀྱང་། ཁང་ཆུང་དང་སྤྱིལ་བུ་ཙམ་ལ་བརྟེན་ནས་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས་པའི་རི་ཁྲོད་པ་མང་པོ་བྱུང་བར་འདུག་གོ། །

བསྟན་འཛིན་སྐྱེས་བུ་རྣམས་ཀྱི་རྣམ་ཐར་བཤད་པ།

གདན་རབས་གསེར་རིའི་ཕྲེང་བའི་རྣམ་ཐར་བཤད་པ།

གདན་རབས་དང་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ནི།

གཉིས་པ་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་རྣམ་ཐར་བཤད་པ་ལ་གདན་རབས་གསེར་རིའི་ཕྲེང་བ། མཁན་རབས་ནོར་བུའི་ཕྲེང་བ། བསྟན་འཛིན་རྒྱུ་སྐར་ཕྲེང་བའི་རྣམ་ཐར་བཤད་པ་དང་གསུམ། དང་པོ་ལ།

བླ་མ་དགོངས་པ་འདུས་པའི་ལུང་བསྟན་ལས། ནུབ་ནས་དམར་སེར་པདྨ་འཁྲིགས་འདྲ་བའིཿ སྒྲིབ་མེད་སྒྲུབ་ཚུགས་འཛིན་པའི་སློབ་མ་འབྱུངཿ ཞེས་རྡོ་གྲུབ་ཆེན་གྱི་སློབ་མ་རྡོ་རྗེའི་གདུང་བཞིའི་ནང་ཚན་དུ་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་རང་བྱུང་རིག་པའི་རྡོ་རྗེ་གང་ཉིད་ནི། རྒྱ་གར་འཕགས་པའི་ཡུལ་དུ་གསང་ཆེན་བཀའ་བབས་རྒྱལ་པོ་ཛཿ ཆོས་རྒྱལ་ཨིནྡྲ་བྷུ་ཏི། ཐུབ་པའི་དབང་པོའི་ཉེ་གནས་ཀུན་དགའ་བོ། ཟ་ཧོར་མཁན་ཆེན་བྷོ་དྷི་ས་ཏྭ། བོད་ཡུལ་དུ་ཐུ་མི་སམ་བྷོ་ཊ་དང་། ལོ་ཆེན་བཻ་རོ་ཙ་ན། གྲུབ་ཆེན་མེ་ལོང་རྡོ་རྗེ། ཨོ་རྒྱན་གཏེར་བདག་གླིང་པ་སོགས་ཀྱི་རྣམ་པར་འཕྲུལ་ཞིང་སླར་ཡང་གསང་ཆེན་བསྟན་པ་རྒྱ་མཚོའི་སྤྱི་དཔལ་ཉིད་དུ་ཡབ་སྨུག་པོ་གདོང་གི་རིགས་རྒྱུད་དགེ་རྩེའི་ཨ་དོན་ཚེ་དབང་ནོར་བུ་དང་། ཡུམ་ཀརྨ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་༼༡༨༠༠ ༡༨༥༥༽ལོར་མདོ་ཁམས་རྫ་ཆུ་ཁའི་དགེ་མང་སྐམ་ཆུང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་དད་དང་སྙིང་རྗེ་སོགས་དམ་པའི་རྟགས་རྣམས་ལྷན་སྐྱེས་སུ་མངའ་བ་དང་། ལྐོག་གྱུར་གྱི་ཆོས་རྣམས་སྒྲིབ་མེད་དུ་གཟིགས་པ། ཆོས་སྐྱོང་ལུས་དང་གྲིབ་བཞིན་འགྲོགས་པ་སོགས་ཁྱད་ཆོས་དུ་མ་དང་ལྡན། བླ་མ་སྨོན་ལམ་དར་རྒྱས་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་བརྡ་སྤྲོད་ཀྱི་སྐོར་སོགས་སྦྱངས་པས་ཚེགས་མེད་དུ་མཁྱེན། དམ་པའི་སྐྱེས་བུ་དུ་མས་སྤྲུལ་པའི་སྐུར་ངོས་བཟུང་ནས་ཐོབ་ཤ་བྱས། རྡོ་བླ་འཇིགས་མེད་སྐལ་བཟང་ཡུལ་དེར་ཕེབས་ནས་ཐུགས་བརྩེ་བ་ཆེན་པོས་ཁྱེད་ཀྱི་བདག་པོ་ང་ཡིན་གསུངས་ནས་དབུགས་དབྱུང་གཟེངས་བསྟོད་མཛད་ཅིང་། ཁྲི་མཐོན་པོར་མངའ་གསོལ། རིང་མིན་རྡོ་གྲུབ་རིན་པོ་ཆེ་མཇལ་ཞིང་རྫོགས་ཆེན་ལ་ཕེབས་དགོས་པའི་བཀའ་གསུང་བསྩལ། གླིང་གྲུབ་ཆེན་བསོད་ནམས་སྦྱིན་པ་ལས་དགེ་བསྙེན་གྱི་སྡོམ་པ་མནོས། འཇིགས་མེད་རྒྱལ་བའི་མྱུ་གུ། འཇིགས་མེད་ངོ་མཚར་རྒྱ་མཚོ། རྗེ་དབོན་བསྟན་འཛིན་ནོར་བུ། སྔགས་རམ་པ་སྨོན་ལམ་དར་རྒྱས། གླིང་གྲུབ་ཆེན་སོགས་ལས་མདོ་སྔགས་ཆོས་ཚུལ་རྒྱ་མཚོར་གསན་བསམ་ཉམས་བཞེས་མཛད། དགུང་གྲངས་བཅུ་དགུའི་དུས་ཚེ་རབས་གཏན་གྱི་བླ་མ་རྡོ་གྲུབ་ཆེན་བྱང་ཆུབ་རྡོ་རྗེའི་ཞབས་པད་མཉེས་པ་གསུམ་གྱིས་བརྟེན་ནས་བགྲང་བྱ་གསུམ་གྱི་རིང་ཟབ་གསང་སྙིང་ཐིག་གོང་འོག་གི་གདམས་པ་རྣམས་བུམ་པ་གང་བྱོའི་ཚུལ་དུ་གསན། བླ་མ་སངས་རྒྱས་དངོས་མཐོང་གི་མོས་གུས་ཀྱིས་དངོས་འབྱོར་གྱི་བདོག་དགུ་སྤོང་དག་ལན་ལྔ་མཛད་ནས་ཕུལ། རྒྱ་རོང་བཻ་རོའི་སྒྲུབ་གནས་སོགས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། གོས་དཀར་ལྕང་ལོའི་ཆ་ལུགས་ཀྱིས་བཞུགས་པར་དགོངས་ཀྱང་ཉིན་ཞིག་བསྟན་པ་སྤྱིའི་ལམ་སྲོལ་སྔར་ཆོས་རྒྱལ་ཆེན་པོས་བཀས་བཅད་པ་བཞིན་སྤྱོད་པ་མཁན་པོ། ལྟ་བ་ཀླུ་སྒྲུབ། ཉམས་ལེན་པདྨ་དང་བི་མ་ལའི་ལུགས་བཞིན་བྱས་ན་དུས་ཀྱི་མཐའ་འདིར་སྔ་འགྱུར་བའི་བསྟན་པ་ཅུང་ཟད་མི་ནུབ་དར་རྒྱས་སུ་འབྱུང་ངེས་སྙམ་པ་ཐུགས་ལ་གློ་བུར་དུ་འཁྲུངས་ནས་སླར་རུ་དམ་རྫོགས་ཆེན་དུ་སེང་ཕྲུག་པདྨ་བཀྲ་ཤིས་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། རྫོགས་སྤྲུལ་བཞི་པ་སོགས་ལས་བཀའ་གཏེར་རྒྱ་མཚོའི་སྨིན་གྲོལ་མནོས། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་དུ་མ་ལས་བཀའ་དང་དགོངས་འགྲེལ་ཟབ་མོའི་སྐོར་རྣམས་ལ་གསན་གཟིགས་ཕྱོགས་མེད་གནང་། རིག་འཛིན་ཤྲཱི་སེངྷས་དངོས་སུ་ཞལ་གཟིགས་པའི་ས་རུ་དཔལ་སེང་གེ་རིའི་ཆོས་གྲྭ་གསར་དུ་ཕྱག་བཏབ། སྟོད་ཀྱི་གངས་ཏི་སེ་ནས་སྨད་རྒྱ་ནག་རི་བོ་རྩེ་ལྔ་ཡན་གྱི་སྒྲུབ་གནས་དབེན་ཁྲོད་རྟེན་གསུམ་རྣམས་མཇལ་སྐོར་སོགས་མཛད། མདོ་སྨད་ཀྱི་དགོན་པ་རྣམས་སུ་ཆེད་དུ་ཕེབས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་གསར་འཛུག་སོགས་མཛད། གཡུ་ཁོག་དཔོན་དང་ནགས་རྟ་བླ་མ་ཨུ་རྒྱན་ཕུན་ཚོགས་གཉིས་ཀྱིས་མདོ་ཁམས་གཡུ་མཁར་དགོན་དུ་གདན་དྲངས་ནས་བསྟན་པ་གཏད། དེའི་སྐབས་གཡུ་དགོན་གྱི་འདོན་ཆ་ཕྱག་སྲོལ་དཔལ་ཡུལ་ལྟར་དུ་ཡོད་ཀྱང་། ཉམས་ལེན་འོད་གསལ་སྙིང་ཐིག་གཙོ་བོ་མཛད་མཁན་ཤ་སྟག་ཡིན་སྟབས། ཁོང་གིས་སྔ་འགྱུར་རྫོགས་ཆེན་དཔལ་སེང་གེ་རིའི་ཆོས་གྲྭའི་བུ་དགོན། ཉམས་ལེན་སྒྲུབ་པའི་རིང་ལུགས་འཛིན་པའི་ཆོས་སྡེ་རུ་བསྒྱུར་ཞིང་། དགོན་པའི་མཚན་ལ་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ། ལུགས་གཉིས་ཀྱི་བསླབ་བྱ་བསྩལ་ཞིང་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། འདི་དུས་རབ་བྱུང་བཅུ་བཞི་པའི་ཤིང་ལུག་༼༡༨༣༥༽ལོ་ཡིན་པར་བཤད། ཕྱིས་སུ་རུ་དམ་གདན་སར་ཟབ་ཆོས་འཆད་སྤེལ་དང་། རོང་ཟོམ་པའི་གསུང་འབུམ་སོགས་དང་། སྔ་འགྱུར་བཀའ་མའི་སྐོར་ཆོག་སྒྲིག་མཛད་ནས་ཤིང་པར་དུ་བརྐོས། དམ་པ་འདི་ཉིད་ཀྱི་ཞལ་སློབ་རྫ་དཔལ་སྤྲུལ། འཇམ་དབྱངས་མཁྱེན་བརྩེ། མཁན་ཆེན་པད་རྡོར། ཞེ་ཆེན་རྒྱལ་ཚབ། གཡུ་ཁོག་རྒྱ་སྤྲུལ། མཁར་སྤྲུལ་བསྟན་ཉི། རྒྱ་ཤུལ་སངས་རྒྱས་བཟང་པོ་སོགས་མཁས་གྲུབ་བགྲང་གིས་མི་ལང་བ་བྱུང་། གསུང་ཆོས་ཀྱི་སྐོར་ལ། གསང་སྙིང་སྤྱི་དོན་དང་། ཞི་ཁྲོའི་དཀའ་འགྲེལ་སོགས་ལེགས་བཤད་མང་དུ་བཞུགས། དགུང་གྲངས་ང་དྲུག་བཞེས་པ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ཡོས་ཀྱི་ལོར་དགོངས་པ་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ། །

གདན་རབས་གཉིས་པ་རིག་འཛིན་ལུང་རིག་གླིང་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ནི།

རྒྱལ་དབང་ཨོ་རྒྱན་ཆེན་པོས། མ་འོངས་བསྐལ་མཐའ་བཞི་བཅུའི་མར་འགྲིབ་དེར༔ སངས་རྒྱས་བྱང་སེམས་སྤྲུལ་པ་མང་པོ་འབྱུང་༔ ཨོ་རྒྱན་ང་སྤྲུལ་ཉི་མའི་ཟེར་དང་མཚུངས༔ སྟོང་གསུམ་འགྲོ་དྲུག་འཛམ་གླིང་ཡོངས་ལ་ཁྱབ༔ དག་དང་མ་དག་སྣ་ཚོགས་གཟུགས་སུ་འོང་༔ སྤྲུལ་པ་སྣ་ཚོགས་འགྲོ་བ་ཐབས་ཀྱིས་འདུལ༔ ཞེས་དང་། མ་འོངས་འགྲོ་ལ་ཆོས་སྦྱིན་ཟད་མེད་དུ༔ སྲིད་པ་ཐམས་ཅད་པདྨའི་གཏེར་གྱིས་བཀང་༔ འབྱིན་མཁན་ཐམས་ཅད་ང་ཡི་སྤྲུལ་པ་ཡིན༔ ཆ་ལུགས་སྤྱོད་པ་ངེས་མེད་ཅིར་ཡང་སྣང་༔ ཞེས་འཁོར་མཚོ་མ་སྟོང་གི་བར་དུ་རྒྱལ་དབང་ཨོ་རྒྱན་ཆེན་པོའི་ཕྲིན་ལས་དུས་ལས་ཡོལ་བ་མེད་པར་ངོ་མཚར་སྤྲུལ་པའི་གཏེར་སྟོན་བརྒྱ་རྩ་སོགས་ཀྱི་རྣམ་པར་འཕྲུལ་ནས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་མཛད་པར་ཞལ་བཞེས་མཛད་པ་སྤྱི་ལྟར་དང་། བྱེ་བྲག་ཏུ། རིག་འཛིན་ཉི་མ་གྲགས་པའི་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་སྐལ་ལྡན་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོས་བྱིན་གྱིས་བརླབས་པའི་བུ༔ བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན༔ རྒྱལ་གྱི་མིང་ཅན་མདོ་ཁམས་སྨད་ནས་འབྱུང་༔ ཞེས་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་དམ་ཆོས་བདེ་ཆེན་ལམ་མཆོག་གི་སྐལ་ལྡན་ལུང་བྱང་ལས། ང་ཡི་ཆོས་ལ་དབང་བ་ནི༔ སྐལ་ལྡན་སྐྱེས་བུ་མཐའ་མིའི་རིགས༔ བརྒྱུད་འཛིན་དམ་པ་སྨད་ནས་འབྱུང་༔ སྙིང་ཐིག་སྲུང་མས་སྡོང་གྲོགས་བྱེད༔ ཅེས་དང་། ཆོས་གླིང་གི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་མ་འོངས་ལུང་བསྟན་ལས། གཡུ་ཡི་མཎྚལ་ཐང་དུ་ནི༔ མཚོ་རྒྱལ་སྤྲུལ་པ་རྒྱལ་གྱི་མིང༔ ཟབ་མོའི་ཐུགས་གཏེར་མཛོད་ལ་དབང་༔ འབྲེལ་ཚད་དོན་ལྡན་འགྲོ་བ་འདུལ༔ ཞེས་དང་། རིག་འཛིན་གསང་སྔགས་གླིང་པའི་རྒྱལ་ཁམས་སྤྱི་ལུང་ལས། ཀླུ་དབང་སྤྲུལ་པ་རྒྱལ་མོ་ཚ་བའི་རོང་༔ ལུང་རིག་མིང་ཅན་དགོངས་པའི་གཏེར་མངའ་བ༔ ཞེས་དང་། དེ་ཉིད་ཀྱི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཡེ་ཤེས་སྙིང་པོའི་ལུང་བྱང་ལས། མདོ་ཁམས་སྨད་ནས་ཀླུ་དབང་གི༔ སྐྱེ་མཐའ་མ་ཧཱ་ཙི་ནའི་རིགས༔ ཤེས་རབ་ཆེ་ཞིང་བྱང་སེམས་ལྡན༔ ལས་ཀྱི་རིགས་རྟགས་འཆང་བ་འབྱུང་༔ ཞེས་དང་། དག་སྣང་མཚོ་རྒྱལ་དགོངས་པའི་གསང་མཛོད་ཀྱི་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས་ཀྱང་། དེ་ཡང་མཚོ་རྒྱལ་ཁྱོད་ཀྱི་སྤྲུལ་པ་ནི༔ འགྲོ་དྲུག་གནས་སུ་དག་དང་མ་དག་གཟུགས༔ བསམ་གྱིས་མི་ཁྱབ་བགྲང་ལས་འདས་པར་འོང༔ ཁྱད་པར་སྙིགས་མ་རྩོད་ལྡན་རྩུབ་འགྱུར་དུས༔ ཁམས་དབུས་གཙང་དང་མདོ་སྨད་ཁམས་རྣམས་སུ༔ སྤྲུལ་པ་ཉེར་གཅིག་དུས་གཅིག་འབྱུང་ལུང་བསྟན༔ དེ་ཚེ་མཁར་ཆུ་དཔལ་གྱི་དབང་ཕྱུག་དང་༔ ལྕམ་དྲལ་སྨོན་ལམ་གཅིག་པའི་གང་ཟག་ཞིག༔ མདོ་ཁམས་རྒྱལ་མོ་རོང་ངམ་བྱང་རྟ་རྣ༔ གངས་དཀར་རྒྱུད་དུ་འབྱུང་བར་ལུང་བསྟན་པ༔ དེ་ཡི་ཆོས་སྐལ་དངོས་གཏེར་རྫས་གཏེར་དང་༔ དགོངས་པའི་གཏེར་དང་གསུམ་གྱི་གང་རུང་དབང༔ ཞེས་དང་། ཐ་མ་རྩུབ་འགྱུར་རྒྱལ་རོང་ཉེ་བའི་སར༔ ཙི་ནའི་རིགས་ལས་བློ་གསལ་སྙིང་རྗེ་ལྡན༔ ལུང་རིག་མིང་ངམ་རྒྱལ་ལམ་གྲུབ་ཅེས་གྲགས༔ ཞེས་དང་། ཡང་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། ད་ལྟ་རིགས་དང་ལྡན་པའི་མཚོ་རྒྱལ་ཡུམ༔ མ་འོངས་རྩུབ་འགྱུར་ལྔ་བརྒྱའི་ཐ་མ་རུ༔ ཁྱོད་ཀྱི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་འཁྲིགས༔ ཁྱད་པར་སྐུ་གསུང་ཐུགས་སྤྲུལ་ཉེར་གཅིག་གི༔ གསུང་སྤྲུལ་ཆ་ཤས་མདོ་སྨད་ཀྱི་ཆར༔ གདོལ་བ་གཡུང་པོ་དམན་པའི་རིགས་སུ་སྐྱེས༔ ཞེས་དང་། རང་གཏེར་ཕུར་སྒྲུབ་ཐུགས་ཀྱི་ཉིང་ཁུ་ལས། ཤར་ཕྱོགས་རྒྱལ་མོ་རོང་གི་ཆར༔ མཐའ་མིའི་རིགས་ལ་ཤེས་རབ་ཅན༔ དུས་ཀུན་པདྨ་ང་ལ་མོས༔ ཉེར་བདུན་སོ་དྲུག་ཞེ་དྲུག་མཚམས༔ སྔོན་གྱི་བག་ཆགས་གཏེར་གྱི་འཕྲོ༔ དཀར་པོའི་བག་ཆགས་སད་པའི་ཚེ༔ ལྷ་སྲས་མུ་རུབ་བཙད་པོ་དང་༔ མཚོ་རྒྱལ་པད་འབྱུང་བདག་ཉིད་རྣམས༔ རབ་དངོས་འབྲིང་ཉམས་རྨི་ལམ་དུ༔ ཡང་ཡང་འབྱུང་ཞིང་རྨི་ལམ་དུ༔ དག་སྣང་ཆོས་ཀྱི་གཏེར་ཁ་སྦྱིན༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་དུ་མ་ནས་ལན་གཅིག་མིན་པར་ཡང་ཡང་བསྔགས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ནི། སྐྱེ་ཕྲེང་གསོལ་འདེབས་ཐར་ལམ་སྣང་བྱེད་སོགས་སུ་གསལ་བ་ལྟར་ན། སྔོན་སངས་རྒྱས་རྔ་སྒྲའི་བསྟན་པ་ལ་སེམས་མ་མཐིང་འོད་གཟི་བརྗིད་འབར་མ། ད་ལྟའི་བསྟན་པ་འདི་ལ་རྒྱལ་ཀུན་ཕྲིན་ལས་རང་གཟུགས་རྗེ་བཙུན་འཕགས་མ་སྒྲོལ་མ། རྣམ་འདྲེན་བཞི་པའི་སྤྱན་སྔར་དགྲ་བཅོམ་བློ་གྲོས་གྲགས་པ་དང་། དགེ་སློང་མ་ཨུཏྤ་ལའི་མདོག་ཅན། འཕགས་ཡུལ་མཁས་པའི་ཁྱུ་མཆོག་སློབ་དཔོན་ཨརྱ་དེ་བ། གུ་རུའི་ཐུགས་ཀྱི་གཟུངས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྡོ་རྗེ་ཕུར་པའི་རྣལ་འབྱོར་མཁར་ཆུ་དཔལ་གྱི་དབང་ཕྱུག ཆོས་ཀྱི་སྤྱན་ལྡན་འཁོན་ཆེན་ཀླུ་ཡི་དབང་པོ། རྗེ་བཙུན་བཞད་པ་རྡོ་རྗེའི་དངོས་སློབ་གནས་ལུགས་མངོན་གྱུར་གཤེན་རྡོར་མོ། ཀརྨ་དུས་གསུམ་མཁྱེན་པའི་དངོས་སློབ་ཕྱག་ཆེན་དོན་གཟིགས་ཀརྨ་དཔལ་ལྡན། འཇམ་མགོན་ས་སྐྱ་པཎ་ཆེན་གྱི་དངོས་སློབ་ལམ་འབྲས་མངོན་གྱུར་ཀུན་དགའ་ཚེ་རིང་། འཇམ་མགོན་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་མཁས་གྲུབ་དགེ་ལེགས་དཔལ་བཟང་། གཏེར་ཆེན་སངས་རྒྱས་གླིང་པའི་ཆོས་དང་རིགས་ཀྱི་སྲས་པོ་བླ་མ་དགོངས་པ་འདུས་པའི་བཀའ་བབས་དང་པོ་ཡེ་ཤེས་རྡོ་རྗེ། གཏེར་ཆེན་ཀརྨ་གླིང་པའི་ཕྲིན་ལས་ཀྱི་ཕྱག་རྒྱ་ཡེ་ཤེས་དབང་མོ། བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་ཤེས་རབ་མ་ཡིད་འཛིན་ཆོས་ཀྱི་དབང་མོ། ཤར་གཏེར་མངའ་བདག་རིག་འཛིན་ཉི་མ་གྲགས་པ། སྔ་འགྱུར་བསྟན་པའི་གསལ་བྱེད་སྨིན་གླིང་རྒྱལ་སྲས་རིན་ཆེན་རྣམ་རྒྱལ། རིག་འཛིན་ཀུན་བཟང་ཤེས་རབ་ཀྱི་ཐུགས་སྲས་གསེར་བ་ཡེ་ཤེས་སེང་གེ། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་དངོས་སློབ་རྡོ་རྗེའི་གདུང་བཞིའི་ཡ་གྱལ་རྡོ་བླ་འཇིགས་མེད་སྐལ་བཟང་། ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་གཡུ་རོང་དཀོན་མཆོག་དབང་ཕྱུག་སོགས་སུ་རྒྱལ་བསྟན་སྤྱི་དང་གདུལ་བྱའི་ཁམས་དབང་སྣ་ཚོགས་པའི་སྣང་ངོར་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལས་ཚུར་མཐོང་གི་བློས་བསམ་གྱིས་མི་ཁྱབ་པའི་སྤྲུལ་པའི་རྣམ་རོལ་ཇི་སྙེད་ཅིག་བསྒྱུར་མཐར་མདོ་ཁམས་གཡུ་ཁོག་ཡུལ་དུ་སྤྲུལ་པའི་མཚན་དཔེའི་མེ་ཏོག་ཇི་ལྟར་བཞད་པའི་ཚུལ་ནི། མདོ་མཁྱེན་བརྩེའི་གསང་རྣམ་ལས། ཡང་སྐབས་ཤིག་གཡུ་ཁོག་ལ་བྱོན། དགོན་འདབས་ན་རྒྱ་ཤིང་བཟོ་དད་འདུན་ཅན་ཞིག་ཡོད་པ་དེས། དུས་ནམ་ཡང་སྐྱབས་རྗེ་ལ་རྩྭ་ཤིང་གི་ཞབས་ཕྱི་ཞུས། ནམ་ཞིག་ཁོང་རྒན་རྒོན་གཉིས་ལ་བུ་རྒྱུད་མེད་པས་བུ་རྒྱུད་འབྱུང་ཐབས་ཤིག་སྐྱབས་འཇུག་ཞུས་པས། འོ་ཉན། དོ་ནུབ་ཁྱོད་ཀྱིས་བུད་མེད་དེ་ཤུག་བདུག་གཙང་མ་གྱིས་ལ་ངའི་སྐ་རགས་འདི་ཁྱེར་ནས་བུད་མེད་ཉལ་སྟེང་དུ་ཕོངས། རྒན་རྒོན་གཉིས་ཀས་ཨོ་རྒྱན་རིན་པོ་ཆེར་གསོལ་བ་ཐོབས་དང་། བུ་གཅིག་འབྱུང་གསུངས་པ་བཞིན་བྱས། ནང་པར་སྐུ་ཆིངས་ཡར་ཕུལ་སྐབས་ཁྱོད་གཉིས་ལ་བུ་རྒྱ་ལུང་རིག་གླིང་པ་ཞེས་བྱ་བའི་སྤྲུལ་སྐུ་ཞིག་གནས་གླ་བཞག་ཡོད་གསུངས་པ་ལྟར། ཡབ་དད་དམ་ནོར་གྱིས་ཕྱུག་པ་མ་ཧཱ་ཙི་ནའི་རིགས་ཆན་ཏཱ་དང་། ཡུམ་ཨ་འཛི་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་བྱ་༼༡༨༣༧ ༡༨༩༨༽ལོར་ངོ་མཚར་བའི་ལྟས་དང་བཅས་ཏེ་གཡུ་མཁར་རལ་གྲིའི་ཐང་དུ་སྐུ་འཁྲུངས། མཚན་པདྨ་དོན་ལྡན་བཟང་པོ་ཞེས་གསོལ། སྐུ་ན་ཆུང་དུས་ནས་ངེས་འབྱུང་དང་སྙིང་རྗེ་སོགས་དམ་པའི་ཡོན་ཏན་དང་རྟགས་མཚན་བཅོས་མིན་ལྷན་སྐྱེས་སུ་མངའ། དགུང་གྲངས་དྲུག་བཞེས་སྐབས་ཡི་གེ་འབྲི་ཀློག་སོགས་སྦྱང་ཚེ་སྐྱེས་ཐོབ་ཀྱི་ཤེས་རབ་འགྲན་ཟླ་དང་བྲལ་བས་དཀའ་ཚེགས་མེད་པར་བྱང་ཆུབ་པས་ཀུན་ཀྱང་ངོ་མཚར་དད་པའི་གནས་ལ་བཀོད། དགུང་གྲངས་བརྒྱད་བཞེས་སྐབས་རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་ཆེན་པོ་ཨ་ཙ་ར་རྒན་པོའི་རྣམ་པ་ཅན་གྱི་ཞལ་མཇལ་བའི་བྱིན་རླབས་ཀྱིས་ཐུགས་དགོངས་ཀློང་རྡོལ་བའི་ཚུལ་གྱིས་རྒྱུད་སྡེ་དུ་མའི་ཚིག་དང་དོན་གྱི་ཆ་རྣམས་དཀའ་བ་མེད་པར་བློ་རུ་ཤར་བ་སོགས་སྔོན་གནས་རྗེས་སུ་དྲན་པའི་རྟགས་མཚན་སད། དགུང་གྲངས་བཅུ་བཞེས་སྐབས་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་དངོས་སློབ་བུདྡྷ་མཆེད་དྲུག་གི་ཡ་གྱལ་རྒྱ་ཤུལ་བླ་མ་སངས་རྒྱས་བཟང་པོ་ལས་ཟབ་ཆོས་དུ་མའི་སྨིན་གྲོལ་གྱི་གདམས་པ་མནོས། དགུང་གྲངས་བཅུ་གསུམ་བཞེས་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་སྐུ་ཕྲེང་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་གྱི་ཞལ་རས་མཇལ་བའི་ཚེ་པཎ་ཆེན་བི་མ་མི་དྲ་སྐུ་མདོག་མཐིང་ག་ཕྱག་མཉམ་བཞག་འཆི་མེད་ཚེ་ཡི་བུམ་པ་བསྣམས་པ་ཞིག་གིས་དགྱེས་པའི་ཞལ་གཟིགས་པའི་ཉམས་སྣང་ཤར་བའི་མོད་ལ་ཚེ་འདིའི་སྣང་བ་དིར་དིར་པོ་དར་ཅིག་འགགས་ནས་དོན་རྒྱུད་དགོངས་པའི་བྱིན་རླབས་ཐོབ། རྫོགས་ཆེན་རིན་པོ་ཆེས་ཀྱང་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཏེ། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ། །ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན། །རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན། །འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས། །སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང་། །སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་སྦར། །མ་རིག་མུན་པའི་སྨག་རུམ་བསལ་བར་བྱས། །བྱི་བའི་ཚངས་ཁང་ཀུ་ཤ་སྔོ་ལྗང་སྟེང་། ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས། །དགེ་ལེགས་འདོད་འཇོ་ཙན་ཏན་ལྗོན་པའི་ཁྲོད། །དྲི་བསུང་མེ་ཏོག་དམར་ལ་བུང་བ་འདུ། །ཞེས་སོགས་རྡོ་རྗེའི་ལུང་གིས་བསྔགས་ཤིང་སྙིང་ཐིག་མ་བུ་སོགས་ཀྱི་དབང་ལུང་ཁྲིད་གསུམ་དང་། སྔ་འགྱུར་བཀའ་གཏེར་གྱི་ཆོས་བཀའ་དུ་མ་བུམ་པ་གང་བྱོའི་ཚུལ་དུ་བསྩལ། གཞན་ཡང་རིང་ལུགས་བཀའ་གཏེར་གྱི་ཆོ་ག་ཕྱག་བཞེས། འབུད་རྡུང་དཀྲོལ་གསུམ། གར་དབྱངས་ཐིག་གསུམ་སོགས་ལ་བྱང་ཆུབ་པར་མཛད། དགུང་གྲངས་བཅུ་བཞི་བཞེས་སྐབས་ཁྱབ་བདག་བཀའ་འགྱུར་བ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་དཔལ་བཟང་པོའི་གསེར་ཞལ་མཇལ་བ་ན། ཨོ་རྒྱན་གཏེར་བདག་གླིང་བ་དངོས་སུ་མཇལ་བའི་ཉམས་སྣང་བྱུང་། དེ་ནི་རྒྱལ་སྲས་གཞན་ཕན་མཐའ་ཡས་སྨིན་གླིང་གཏེར་ཆེན་གྱི་རྣམ་སྤྲུལ་དང་། ཁོང་ཉིད་སྔོན་སྨིན་གླིང་རྒྱལ་སྲས་ཀྱི་སྐུ་སྐྱེ་བཞེས་སྐབས་ཀྱི་བག་ཆགས་སད་པར་གྲགས། དེའི་རྐྱེན་གྱིས་བསྟན་བཅོས་དུ་མ་མ་བསླབ་ཀྱང་རང་ཤེས་པའི་སྤོབས་པ་བརྙེས་ཤིང་ཆགས་ཐོགས་མེད་པར་འཆད་རྩོམ་ནུས་པ་བྱུང་། དགྱེས་པའི་ཐུགས་ཀྱིས་རྗེས་སུ་བཟུང་ཞིང་དཔལ་སེང་གེ་རིའི་ཆོས་གྲྭར་བཞུགས་དགོས་པའི་བཀས་བསྐུལ་མ་གནང་བས་རྐྱེན་བྱས་ཏེ། རྒྱལ་བའི་སྲས་པོ་གང་གི་མདུན་ནས་རབ་ཏུ་བྱུང་བས་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་མཚན་གསོལ། རྗེ་རྒྱལ་བའི་སྲས་པོ་དང་། མཁན་ཆེན་པདྨ་བཛྲ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། ཉི་གྲགས་མཁན་རིག་འཛིན་བཟང་པོ། མཁན་ཆེན་པདྨ་ཆོས་དབྱིངས་སམ་ཤེས་རབ་བཟང་པོ། གཏོ་རུ་མཁན་ཆེན་སྐལ་ལྡན་རྒྱ་མཚོ། འཇིགས་མེད་པདྨ་བློ་གསལ་ལམ་སྡོམ་བརྩོན་དཀོན་མཆོག་གྲགས་པ་སོགས་ལས་ཐུན་མོང་རིག་གནས་ནས་ཐུན་མིན་མདོ་རྒྱུད་ཀྱི་བཤད་ཁྲིད་དང་། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་གྲོལ་མན་ངག་གི་གདམས་ཁྲིད་བཅས་གསན་བསམ་ཉམས་བཞེས་མཛད། གཞན་ཡང་ཀརྨ་པ་མཁའ་ཁྱབ་རྡོ་རྗེ། བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཁྲོ་ཤུལ་དགེ་སྤྲུལ་གཉིས་པ་ཚེ་དབང་དཔལ་གྱི་རྡོ་རྗེ། མདོ་རིན་པོ་ཆེ་དྲི་མེད་གྲགས་པ། གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེ། སྨར་ཁམས་བླ་མ་འཇམ་དབྱངས། པདྨ་དགེ་འདུན་གྲགས་པའམ་རིག་འཛིན་རྒྱ་མཚོ། རྟོགས་ལྡན་ཤཱཀྱ་ཆོས་འཕེལ། རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་སོགས་ལས་སྔ་ཕྱིར་བཀའ་གཏེར་རྒྱུད་སྡེ་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་མནོས་པས་ཤེས་བྱ་རིག་པའི་གནས་ལ་ཆགས་ཐོགས་བྲལ་ཞིང་། ཉམ་མྱོང་རྟོགས་པའི་གདེང་ཚད་ནང་ནས་རྙེད་དེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོར་གྱུར། དེ་ནས་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་དུ་ཞབས་པད་བཀོད་ནས་གདན་རབས་གཉིས་པའི་འོས་འགན་བཞེས་ཤིང་། སྔ་འགྱུར་བཀའ་མའི་མཆོད་ཁག་དོང་སྤྲུགས་འཁོར་བ་ཀུན་སྒྲོལ། རྒྱུ་འཕྲུལ་ཞི་ཁྲོ། ཕུར་བ་རོང་ཟོམ་ལུགས་དང་། ཉན་ཐོས་ཀྱི་ཆོག་གྲྭ་སྟེ་མཆོད་ཁག་ལྔ། རྩ་བྲུབ་གར་འཆམ་དང་བཅས་པ། ཉང་གཏེར་བཀའ་བརྒྱད་ཁྲོ་བོ་རོལ་པའི་གཏོར་བཟློག དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཆེན་མོ་ཚེས་བཅུའི་གར་འཆམ་དང་བཅས་པ། འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སོགས་རྒྱལ་བ་རྫོགས་ཆེན་པའི་རིང་ལུགས་དྲི་མ་མེད་པའི་ཕྱག་སྲོལ་ལྟར་གསར་དུ་བཙུགས། ཁྱད་པར་སྔ་འགྱུར་བཀའ་གཏེར་གྱི་དབང་ལུང་ཁྲིད་སོགས་རྒྱ་ཆེར་གནང་ནས་ཨ་མདོ་རེབ་ཀོང་ཚུན་གྱི་སློབ་མའི་འདུ་བ་རྒྱས། དགུང་གྲངས་ཉེར་ལྔ་བཞེས་སྐབས་བུག་སྒོ་འདག་སྦྱར་གྱི་དམ་མཚམས་ལ་བཞུགས་ནས་བསམ་པ་ལྷུན་གྲུབ་མ་འབུམ་ཕྲག་གཅིག་དང་། ཚིག་བདུན་གསོལ་འདེབས་འབུམ་ཕྲག་བདུན་བསགས་པའི་དུས། ཧོར་ཟླ་དྲུག་པའི་ཚེས་བཅུའི་ཐོ་རངས་ཀྱི་ཆར་ཨོ་རྒྱན་ཆེན་པོ་དང་། མཁའ་འགྲོ་མཚོ་རྒྱལ་ཡབ་ཡུམ་ལ་མོས་གུས་ཀྱི་མཆི་མ་འཁྲིགས་པའི་སྒོ་ནས་གསོལ་འདེབས་དྲག་པོ་བྱས་པའི་རྐྱེན་ལས། ཐ་མལ་གྱི་སྣང་བ་འདི་དག་རང་འགགས་སུ་སོང་ནས་མཉམ་བཞག་གཉུག་མའི་ཡེ་ཤེས་དང་། རྗེས་ཐོབ་ཉམས་ཀྱི་གསལ་སྣང་གཅིག་ཏུ་འདྲེས་པ་ལྟ་བུའི་སྣང་ངོར། ལྷོ་ནུབ་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་རིག་འཛིན་རྒྱ་མཚོའི་ཚོགས་རྗེ། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་དང་། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ཡབ་ཡུམ་དབུས་སུ་བཞུགས་པའི་རྒྱལ་ཐེབས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་དང་། ལག་ལེན་གྱི་མཆོད་དཔོན་གཉགས་ཛྙ་ན་ཀུ་མ་རས་མཛད་པའི་འཁོར་དུ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར་ནས་རྡོ་རྗེ་ཕུར་བའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་མཛད་པའི་ཚོགས་གྲལ་དུ་ཞག་བདུན་ཕྲག་གསུམ་ལ་བཞུགས། མཐར་དངོས་གྲུབ་ལེན་པའི་སྐབས་སུ། ཨོ་རྒྱན་ཆེན་པོའི་ཞལ་ནས། ཁྱོད་རིག་འཛིན་ལུང་རིག་གླིང་པ་ཞེས་པུསྟི་བརྒྱ་ཕྲག་ཙམ་གྱི་ཆོས་ལ་དབང་བའི་གང་ཟག་ཡིན་གསུངས་ནས། ཕྱག་གི་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་གནང་བ་ཞལ་དུ་བཞེས་། ཤོག་དྲིལ་དཀར་དམར་སེར་གསུམ་གཏད་པ་དེ་ཡང་ཞལ་དུ་བཞེས་པའི་མོད་ལ་ཤེས་བྱ་གང་ལ་ཡང་ཆགས་ཐོགས་མེད་པའི་ཤེས་རབ་བརྙེས་པ་སོགས་ཟབ་མོ་དགོངས་པའི་གཏེར་ལ་མངའ་དབང་འབྱོར་བའི་རྟགས་མཚན་མངོན་དུ་གྱུར། དགུང་གྲངས་ཉེར་བདུན་བཞེས་པ་ཆུ་ཕག་ཧོར་ཟླ་བརྒྱད་པའི་ནང་རྟོགས་ལྡན་ཤཱཀྱ་ཆོས་འཕེལ་ལས་བླ་མ་དགོངས་པ་འདུས་པའི་བཀླག་ལུང་ནོད་པའི་ཉིན་ཞིག་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད་རི་དྭགས་བསེ་རུའི་པགས་པ་གསེར་འོད་ལམ་མེ་བ་ཞིག་གི་སྟེང་ན་བཞུགས་པ། སྐུ་གཅེར་བུ་སྐུ་མདོག་སྨུག་ནག་ཁྲོ་འཛུམ་བཞད་པ། ཕྱག་གཡས་སྐྱབས་སྦྱིན། གཡོན་ཚེ་བུམ་ལྟེ་བའི་ཐད་དུ་བསྣམས་པ། ཞབས་ཕྱེད་སྐྱིལ་དབུ་སྐྲ་སྦ་སྨྱུག་གི་ཚལ་བུས་བསྡམས་པ་ཞིག་གིས་ཞལ་གཟིགས་བྱིན་གྱིས་བརླབས། དགུང་གྲངས་སོ་དྲུག་བཞེས་པའི་ནུབ་གཅིག་དངོས་ཉམས་རྨི་ལམ་ལྟ་བུའི་སྣང་ཆར་དར་དཀར་པོའི་གུར་གྱི་དབུས་སུ་སྟག་ལྤགས་ཀྱིས་བཀབ་པའི་ཁྲིའུའི་ཁར། སྐྱབས་རྗེ་རྡོ་གྲུབ་ཀུན་བཟང་གཞན་ཕན་ནམ་གྲུབ་དབང་བྱང་ཆུབ་རྡོ་རྗེའི་ཡེ་ཤེས་སྒྱུ་མའི་སྐུའི་ཞལ་མཇལ། རིགས་བཞིའི་མཁའ་འགྲོས་འཁོན་སྦྱངས་ཀྱི་ཁྲུས་དང་དར་སྣ་ལྔ་བསྩལ་ཞིང་། རྡོ་གྲུབ་རིན་པོ་ཆེས་ཟབ་ཆོས་ཀྱི་ཁ་བྱང་མཚོ་རྒྱལ་དགོངས་པའི་གསང་མཛོད་དང་། ལུང་བསྟན་དྭངས་ཤེལ་མེ་ལོང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་སོགས་ཤོག་དྲིལ་གྱི་ཚུལ་དུ་གནང་ནས་སླར་ཡང་བླ་མ་ཉིད་ཨོ་རྒྱན་ཆེན་པོ་དང་། འཁོར་རྣམས་རྒྱ་བོད་ཀྱི་པཎ་གྲུབ་དུ་མར་གནས་འགྱུར་ཏེ་རྟ་མགྲིན་ཡང་གསང་ཁྲོས་པའི་དབང་བསྐུར་བ་སོགས་དངོས་ཉམས་འདྲེས་མ་ལྟ་བུ་བྱུང་། སྐལ་བ་དང་ལྡན་པའི་སློབ་བུ་ཞིག་གིས་རྨ་བྱའི་སྒྲོ་ཕུབ་སོགས་རྟེན་འབྲེལ་གྱི་རྫས་ཕུལ་ཞིང་ཁྱེད་ནི་དགོངས་པའི་གཏེར་ལ་དབང་བའི་སྐྱེས་བུ་ལགས་ན་གཏེར་གྱི་ཆོས་སྒོ་ཅིས་ཀྱང་འབྱེད་པར་ཞུ་ཞེས་ནན་བསྐུལ་མཛད་པས་ཐོག་མའི་རྟེན་འབྲེལ་དུ་སྒྲོལ་མའི་སྒྲུབ་ཐབས་ཀྱི་ལས་བྱང་རྡོ་རྗེའི་གོ་ཆ་དང་། ཐུགས་རྗེ་ཆེན་པོའི་ལས་བྱང་ཟླ་གཞོན་སྤྲིན་བྲལ་རྣམས་ཕབ་ཅིང་ཟླ་བ་བཅུ་དྲུག་གི་བར་དུ་གསང་བའི་སྒོ་ནས་ཉམས་སུ་བླངས་པས། གྲུབ་པའི་རྟགས་མཚན་དང་དག་པའི་སྣང་བ་འབྱམས་སུ་ཀླས། དགུང་གྲངས་ཞེ་གཅིག་པར་མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པས་རྗེས་སུ་བཟུང་ཞིང་དགོངས་གཏེར་མཁའ་འགྲོའི་གསང་མཛོད་མཐའ་དག་ཡི་གེར་འབེབ་པར་བསྐུལ་བ་དང་། གཡུ་སྙིང་དབེན་པའི་རི་བོར་སྐུ་མཚམས་ལ་བཞུགས་སྐབས་དབུས་ཕྱོགས་ནས་རྒྱལ་ཡུམ་ཨརྱ་ཏཱ་རེའི་རྣམ་རོལ་ས་སྐྱའི་རྗེ་བཙུན་མ་སྐལ་བཟང་ཆོས་ཀྱི་སྒྲོན་མེ་མཁའ་འགྲོའི་ལུང་ལྟར་གཡུ་ཁོག་ཏུ་ཕེབས་ནས་ཡུམ་སྐལ་ཡིན་པའི་ལུང་བསྟན་ཡོད་ཚུལ་ཞུས་པར། ཁོང་གིས་དེ་ལྟར་ཡིན་དུ་སྲིད་ཀྱང་སྐུ་ཚེ་འདིར་རྟེན་རབ་ཏུ་བྱུང་བའི་བཅས་ཁྲིམས་ལས་མི་འདའ་བར་གསུངས་ཤིང་ཞག་འགར་ཁོང་རྣམ་གཉིས་ཀྱིས་ཆོས་ཀྱི་བགྲོ་བ་མཛད་ཅིང་བཞུགས། མཁའ་འགྲོ་མ་ཕྱིར་ཕེབས་ཁར་དབུ་སྐྲའི་ལན་བུ་དང་། སོར་གདུབ་སོགས་རྟེན་འབྲེལ་གྱི་རྫས་ཕུལ་བས། གཉིས་སྣང་མཚན་མའི་ཆོས་ཀུན་དག་པ་རབ་འབྱམས་ཆེན་པོར་འབྱམས་ཀླས་པ་གཉུག་མ་དོན་གྱི་ཡེ་ཤེས་འོད་གསལ་ཆོས་སྐུའི་སྒྲོམ་ནས་གསང་བ་བླ་ན་མེད་པ་ཡང་ཟབ་སྐོར་གསུམ་གྱི་ཆོས་ཚན་རྣམས་རྩོལ་མེད་དུ་ཤར་བ། རྗེས་ཐོབ་སྒྱུ་མའི་སྣང་ཆར་ཡི་གེའི་ལམ་དུ་ཕབ་པར་མཛད་ནས་ལུང་ཟིན་ཆོས་བདག་རྣམས་ཀྱི་གཙོས་སྐལ་ལྡན་སློབ་མའི་ཚོགས་ལ་སྨིན་གྲོལ་རྒྱབ་བརྟེན་དང་བཅས་ཏེ་སྤེལ་བར་མཛད། དེ་ནས་གཡུ་རོང་བཀོད་ལེགས་ཞེས་པར་སྐུ་གོང་མ་ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་དཀོན་མཆོག་དབང་ཕྱུག་གིས་ཕྱག་བཏབ་པའི་རི་ཁྲོད་ཅིག་ཡོད་པ་རྒྱ་བསྐྱེད་ནས་ཚོགས་གཉིས་གོང་འཕེལ་གླིང་ཞེས་མཚན་བཏགས་ཤིང་། དེར་སྐུ་མཚམས་བཅད་རྒྱ་དང་། སྨིན་གྲོལ་ཆོས་འཁོར་བསྐོར་ནས་རྒྱུན་རིང་བར་བཞུགས་པས་གདན་ས་གཉིས་པར་གྲགས། དེ་བཞིན་དུ་གཡུ་སྨད་སྨོན་ལམ་དགོན་སོགས་སུ་ཕེབས་ནས་དབང་ལུང་གནང་བ་སོགས་མཛད། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་ནམ་མཁའ་ཡབ་སྲས་ཀྱི་དབུ་བླར་ཕེབས། གཡུ་སྟོད་སྨད་ཀྱི་དབེན་ཁྲོད་རྣམས་སུ་ཡི་དམ་ལྷག་པའི་ལྷ་དུ་མའི་བསྐྱེད་རྫོགས་ལ་གཞོལ་ནས་དུས་གྲངས་མཚན་མའི་བསྙེན་པ་རྟགས་ཐོན་དུ་བསྐྱལ་བས་འཇིགས་བརྒྱད་སྐྱོབས་པའི་ལྷ་མཆོག་འཕགས་མ་སྒྲོལ་མ། ཉི་ཟླའི་ཟེར་ལ་ཆིབས་པའི་ལྷ་མོ་འོད་ཟེར་ཅན་མ་སོགས་ལྷག་པའི་ལྷ་དུ་མ་དང་། རྒྱ་གར་གྱི་པཎ་ཆེན་ཙནྟྲ་གོ་མི། ཉི་མ་སྦས་པ། ཀླུ་སྒྲུབ་སྙིང་པོ། ཟླ་བ་གྲགས་པ་སོགས་དང་། བོད་ཀྱི་མཁས་གྲུབ་ས་ཆེན་ཀུན་དགའ་སྙིང་པོ། ཇོ་ནང་ཏ་ར་ན་ཐ། ཀློང་ཆེན་རྡོ་རྗེ་གཟི་བརྗིད། ཀུན་མཁྱེན་འཇིགས་མེད་གླིང་པའི་གཙོས་དམ་པ་དུ་མས་ཞལ་གཟིགས་དབུགས་དབྱུངས། གཟེངས་བསྟོད་མཛད་པ་སོགས་ལ་བརྟེན་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་འཁྱེར་སོ་དང་མི་འབྲལ་བར་ཐ་མལ་གྱི་འཛིན་ཞེན་དབྱིངས་སུ་དག་ནས་སྣོད་བཅུད་ལྷ་སྔགས་ཀྱི་རོལ་པར་འབྱམས་སུ་ཀླས། ཁྱད་པར་ཐེག་དགུའི་ཡང་རྩེ་འོད་གསལ་རྫོགས་པ་ཆེན་པོ་ཀ་ལྷུན་དབྱེར་མེད་ཀྱི་དོན་ལ་ཐུགས་དམ་གྱི་མཐིལ་མཛད་ནས། དགུང་གྲངས་ལྔ་བཅུ་ལྷག་གི་དུས་དབོན་རིན་པོ་ཆེ་རྒྱ་ལྷ་མོ་ཚེ་རིང་གདན་ཚབ་དུ་མངའ་གསོལ་ནས་དབེན་པའི་གནས་འབའ་ཞིག་ཏུ་སྒྲུབ་པ་ཉམས་བཞེས་མཛད་པས་སྣང་བཞི་མཐའ་རུ་ཕྱིན་པའི་འོད་གསལ་རྫོགས་ཆེན་གྱི་རྣལ་འབྱོར་བ་ཆེན་པོར་གྱུར། དེ་ལྟར་དམ་པ་འདི་ནི་ཟབ་མོ་དགོངས་པའི་གཏེར་ལ་མངའ་དབང་འབྱོར་བར་མ་ཟད་སྐྱེས་སྦྱང་གི་མཁྱེན་རབ་ཤིན་ཏུ་རྒྱས་པས་དུས་རྒྱུན་མདོ་སྔགས་ཀྱི་ཟབ་ཆོས་མཐའ་ཡས་པ་འཆད་ཁྲིད་ཀྱིས་སྐལ་ལྡན་གྱི་བུ་སློབ་དུ་མ་སྐྱེད་བསྲིང་མཛད་པ་དང་། དེ་བཞིན་བཙུན་པའི་ཡོན་ཏན་མངའ་བ་ཡང་། གང་ཉིད་གཏེར་སྟོན་གྲུབ་པའི་དབང་ཕྱུག་ཡིན་མོད། རྟེན་བསྙེན་པར་རྫོགས་པས་དམ་ཆོས་འདུལ་བའི་གནང་བཀག་གི་ཉེས་བྱས་ཕྲ་བས་ཀྱང་མ་གོས་པར་བཞུགས་པ་ཡིན་ཏེ། གཡུ་སྨད་དུ་བཞུགས་སྐབས་བུད་མེད་ཞིག་གིས་ཆགས་པའི་རྣམ་འགྱུར་འཛེམ་མེད་དུ་བསྟན་ཀྱང་། ཁོང་གིས་རབ་ཏུ་བྱུང་བ་ཁྱིམ་པའི་ཆོས་ལ་གནས་མི་རུང་བ་སོགས་ཆོས་མཐུན་གྱི་བསླབ་བྱ་བསྩལ་བ་དང་། གཞན་ཡང་བུད་མེད་དང་། སོ་ཐར་གྱི་ཕམ་ལྟུང་གསུམ་པའི་ཉེས་དམིགས་སོགས་ཀྱང་ཆེད་རྩོམ་གནང་། སྐུ་ཚེ་གང་བོར་ཕྱག་ཏུ་གང་ཚུད་ཀྱི་རྒྱུ་ནོར་ཆེ་ཕྲ་ཐམས་ཅད་གདན་ས་གོང་འོག་སོགས་དགོན་སྡེ་རྣམས་ཀྱི་རྟེན་དང་བརྟེན་པ་བཞེངས་སྐྲུན་གྱི་ཆ་རྐྱེན་དང་། དགེ་འདུན་འདུས་པའི་སྡེ་རྣམས་ཀྱི་དུས་དང་སྒྲུབ་པའི་མཆོད་པའི་མཐུན་རྐྱེན་དང་། ངན་སློང་སྤྲང་པོ་ལ་སྦྱིན་གཏོང་མཛད་ནས་རྒྱུན་དུ་བྱ་བཏང་རྣལ་འབྱོར་བའི་ཚུལ་གྱིས་བཞུགས། སྐུ་བསྙུན་ཚུལ་བསྟན་པའི་སྐབས་རྣམས་སུ་ཡང་བདེ་སྡུག་གཏོང་ལེན་གྱི་དམིགས་པ་སོགས་རྒྱལ་སྲས་སེམས་དཔའ་ཆེན་པོའི་རྣམ་ཐར་ལྷུར་ལེན་མཛད། མ་འོངས་གདུལ་བྱའི་དོན་དུ་ཡང་ཟབ་སྐོར་གསུམ་གྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ། ཕྱི་སྒྲུབ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ཆོས་ཚན་ཉེར་ལྔ་ཆ་ལག་དང་བཅས་པ་ཡོངས་རྫོགས་རྒྱས་པར་ཕབ་ན་པུསྟི་བཅུ་དང་། ནང་སྒྲུབ་མཚོ་རྒྱལ་དགོངས་པའི་གསང་མཛོད་བསྡུས་པ་ཞིག་ཕབ་ཀྱང་པུསྟི་ཉེར་ལྔ། གསང་སྒྲུབ་ཡང་གསང་པདྨའི་ཞལ་ལུང་འབྲིང་པོ་ཞིག་ཕབ་ན་པུསྟི་ཉེར་ལྔ་བཅས་ཁྱོན་པོད་ཆེན་བཞི་བཅུ་ལྷག་ལས་མི་དམན་པ་ཞིག་ཕབ་རྒྱུ་ཡོད་ན་ཡང་། སྙིགས་དུས་ཀྱི་འགྲོ་བ་རྣམས་བསོད་ནམས་དམན་པའི་སྟོབས་ཀྱིས་གཏེར་སྟོན་ཉིད་དང་ཆོས་བདག་སློབ་མ་རྣམས་ཐུགས་གཡེང་དང་། ཕྱི་བཤོལ་གྱི་དབང་དུ་སོང་བ་སོགས་ཀྱིས་ཆ་ཚང་ཕབ་མ་གྲུབ་ཅིང་། ཡང་ཟབ་པདྨའི་ཞལ་ལུང་གི་སྐོར་ཕབ་པ་ལས་འགའ་ཞིག་རྟེན་འབྲེལ་གྱི་སྒོ་ཅུང་ཟད་རེ་འཕྱུགས་པའི་རྐྱེན་གྱིས་མེ་ལྷའི་ཞལ་དུ་བསྟབས། དེ་མིན་དགོངས་གཏེར་གྱི་ཆོས་ཚན་ཕབ་ཟིན་པ་དང་། ཞལ་གདམས་སོགས་ལྗགས་རྩོམ་གྱི་སྐོར་ཤིན་ཏུ་མང་བར་གནང་བ་རྣམས་དུས་འགྱུར་སྐབས་སྐབས་འཐོར་ཞིག་ཏུ་གྱུར་པ་ལས་དེང་དུས་མཇལ་དུ་ཡོད་པ་ནི་གླེགས་བམ་བཀྲ་ཤིས་པའི་རྟགས་ཀྱི་གྲངས་ལྡན་དུ་བཞུགས་པ་འདི་དག་གོ །ཟབ་གསང་གསུང་གི་བདུད་རྩིས་བསྐྱངས་པའི་ཞལ་སློབ་དང་ཆོས་ཀྱི་བདག་པོ་བགྲང་ལས་འདས་པ་བྱོན་པ་ནི། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས་རྩ་བའི་ཆོས་བདག་བཅོ་བརྒྱད་དང་། ཡན་ལག་གི་ཆོས་བདག་ཉེར་ལྔ་། ལས་ཅན་གྱི་སློབ་མ་བརྒྱ་རྩ་བརྒྱད། འབྲེལ་བ་ཐོབ་པའི་གང་ཟག་ཁྲི་ཕྲག་བཅུ་གཅིག་ཡོད་པར་གསུངས་མོད། དུས་དབང་གིས་འདི་ཞེས་གསལ་བར་འཁོད་པའི་ཡི་གེ་མ་རྙེད་ལ། གསུང་ཆོས་སུ་གསལ་བའི་ཆོས་བདག་ནི་གྱང་ཁང་སངས་རྒྱས་དཔལ་ལྡན། མདོ་མཁྱེན་བརྩེའི་སྲས་བདེ་ཆེན་རིག་པའི་རལ་གྲི་སོགས་དང་། གདན་ས་འདིར་བྱོན་པའི་ཆོས་བདག་གཙོ་བོ་ནི། དབོན་རིན་པོ་ཆེ་རྒྱ་ལྷ་མོ་ཚེ་རིང་དང་། ཧོར་བླ་གཞན་ཕན་བཟང་པོ། ཨ་ཚབ་པདྨ་བསྟན་འཛིན། ངེས་ལེགས་བླ་མ་ནམ་མཁའ་ཆོས་དབྱིངས་དང་། བསྟན་འཛིན་ཆོས་ལྡན། ནགས་རྟ་བླ་མ་མདོ་སྡེ་བཟང་པོ། མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ། བཙུན་པ་རིག་འཛིན་བཟང་པོའམ་བླ་མ་ཨ་རིག་སོགས་གདུལ་བྱ་སྐྱོང་ཞིང་གཞན་དོན་འགྲུབ་པའི་བུ་སློབ་མང་དུ་བྱོན། དེ་ལྟར་སྐུ་ཚེ་དེ་ཉིད་ཀྱི་མཛད་པ་རེ་ཞིག་རྫོགས་པའི་ཚུལ་བསྟན་ནས། ལུང་བསྟན་ནོར་བུའི་བང་མཛོད་དུ། ལོག་ལྟ་ཅན་གྱི་དམ་གྲིབ་མ་ཕོག་ན༔ ཚེ་ལོ་དྲུག་ཅུའི་བར་དུ་འཚོ་ཡང་སྲིད༔ ཅེས་དང་། མཁའ་འགྲོའི་བརྡ་ལུང་ལཧདུ། འདབ་ཆགས་མཁའ་ལ་ལྡིང་ཚེ་སྲིད་པ་འདིར༔ འཚོ་བའི་ཚེ་དང་བསོད་ནམས་སྙན་གྲགས་སོགས༔ གོས་ཟད་དུག་པོ་གསར་དུ་མི་རུང་བཞིན༔ བྱ་ཐབས་བྲལ་བར་མཁའ་འགྲོའི་ལུང་ལས་བྱུང་༔ ཞེས་གསུངས་པ་བཞིན་དགུང་གྲངས་རེ་གཅིག་བཞེས་པ་རབ་བྱུང་བཅོ་ལྔ་པའི་ས་བྱ་ལོའི་སོས་ཀར་གཡུ་སྨད་ནེའུ་ཆེ་ཞེས་པར་རྒྱ་ལྷ་མོ་ཚེ་རིང་དང་། ཧོར་བླ་སོགས་ལ་འདའ་ཁའི་ཞལ་ཆེམས་བསྩལ་ཞིང་། ངོ་མཚར་བའི་རྟགས་མཚན་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། སྐུ་གདུང་ཞུགས་ལ་འབུལ་བ་དང་དགོངས་རྫོགས། གདུལ་བྱའི་ལྷག་མ་སྐྱོང་བ་སོགས་རྗེས་ཀྱི་བྱ་བ་བུ་ཆེན་རྣམས་ཀྱིས་ལེགས་པར་མཛད་དོ།།

གདན་རབས་གསུམ་པ་དབོན་རིན་པོ་ཆེ་རྒྱ་ལྷ་མོ་ཚེ་རིང་ནི།

རབ་བྱུང་བཅུ་བཞི་པའི་མཇུག་ཙམ་ལ་རྒྱ་བླ་བྲང་དུ་རིག་འཛིན་ལུང་རིག་གླིང་པའི་སྐུ་མཆེད་རྒྱ་འཛིན་མེད་ཀྱི་སྲས་སུ་འཁྲུངས། འཇིམ་པ་ལས་བཟོས་པའི་རྟ་དང་གཡག་སོགས་རྩེད་ཆས་སྣ་ཚོགས་ཡོད་པ་ལྕགས་ཀྱིས་བྲབས་པས་དེ་དག་མཆོང་ལྡིང་གིས་འགྲོ་བར་བྱེད་པ་སོགས་སྐུ་ན་ཆུང་དུས་ནས་ཐུན་མིན་གྱི་རྟགས་དང་མཛད་པ་དུ་མ་མངའ། རྫོགས་སྤྲུལ་ལྔ་པ་དང་། རྒྱ་སྤྲུལ་རིན་པོ་ཆེ་སོགས་ལས་ཟབ་ཆོས་མང་དུ་གསན། སྐྱེ་ཕྲེང་གསོལ་འདེབས་སྒྱུ་མའི་འཁྲུལ་འཁོར་དུ། ཀུན་བཟང་སྤྱན་སྔར་སེམས་དཔའ་དྲི་མ་མེད། །སྟོན་པའི་དྲུང་དུ་དགེ་སློང་གཅུང་མཛེས་དགའ། །རྒྱ་གར་གྲུབ་ཆེན་ན་ག་བྷོ་དྷི་ཞེས། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བོད་ཡུལ་ལོ་ཙཱ་སྐ་བ་དཔལ་བརྩེགས་མཚན། །འབྲུག་ཡུལ་གྲུབ་སྨྱོན་ཀུན་དགའ་ཞེས་སུ་གྲགས། །གཡོ་རུ་གྲྭ་ནང་འགྱུར་མེད་བློ་གྲོས་གསལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྟོ༷ང་དཔོ༷ན་གྲུབ་བརྙེས་རྡོ༷་རྗེ༷་ལྷུན༷་གྱིས་གྲུབ༷། །ཡུལ་འདིར་ལྕམ་བླ་དཀོན་མཆོག་ལ་སོགས་པའི། །སྤྲུལ་པའི་ཆ་ཤས་འགྱུར་མེད་བློ་གྲོས་ལ། །ཞེས་འབྱུང་བས་གྲུབ་བརྙེས་དམ་པའི་སྐྱེས་ཆེན་དུ་མའི་རོལ་གར་ཡིན་པ་གསལ། རྒྱ་ལྷ་མོ་ཚེ་རིང་། འགྱུར་མེད་བློ་གྲོས་མཐའ་ཡས། གཏེར་སྟོན་ལྷུན་གྲུབ་གླིང་པ། དབྱངས་ཅན་དགའ་བཞི་བཞད་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། རྒྱ་སྤྲུལ་རིན་པོ་ཆེས་བཀའ་གསུང་ལྟར་གཡུ་དགོན་གྱི་གདན་རབས་གསུམ་པའི་འགན་བཞེས་མཛད་དེ་བཞུགས། གཡུ་རོང་བཀོད་ལེགས་དབེན་ཁྲོད་དུ་གྲུབ་དབང་དཀོན་མཆོག་དབང་ཕྱུག་དང་། དེའི་ཡང་སྲིད་རྒྱ་སྤྲུལ་རིན་པོ་ཆེ་གཉིས་ཀྱི་སྒྲུབ་གནས་རི་ཁྲོད་ཅིག་ཡོད་པའི་གཟིམ་ཁང་རྒྱ་བསྐྱེད་དེ་བཀོད་ལེགས་དགོན་གསར་འདེབས་མཛད་ཅིང་། རྒྱ་སྤྲུལ་ཕུར་པའི་བུམ་སྒྲུབ་སོགས་གཏེར་ཆོས་རྣམས་ཀྱི་དུས་མཆོད་བཙུགས། སྨོན་ལམ་དགོན་དུ་རྒྱ་སྤྲུལ་ཕུར་པའི་སྒྲུབ་མཆོད་གསར་འཛུགས་སོགས་གནང་། དེམ་པའི་དགོན་དུ་སྨིན་གྲོལ་གྱི་གདམས་པ་བསྩལ་བ་སོགས་གཟིགས་སྐྱོང་མཛད། རྟེན་སྔགས་འཆང་གྲུབ་པའི་མཛད་སྤྱོད་ཅན་དུ་བཞུགས། རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་སྙུག་ལམ་མཚོ་ཆེན་འགྲམ་ནས་རྡོ་ཕ་བོང་བང་བ་ཙམ་གྱི་ནང་ནས་མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེ་ཞེས་པ་རིན་པོ་ཆེ་གསེར་གྱི་ཤོག་བུར་རཱུ་ཏྲའི་ཁྲག་གིས་བྲིས་ཤིང་བཻཌཱུརྱའི་སྒྲོམ་དུ་བཅུག་པ་གཏེར་ནས་བཏོན། ཐེངས་གཅིག་རྫེ་ཐ་རྒྱལ་ངན་གཡུ་ཁོག་ཏུ་འོང་ཚེ་རྒྱ་ལྷ་གླིང་བསྐོར་དུ་ཕེབས་པ་མཐོང་ནས་ཁོས་ཚོད་བགམ་ཕྱིར་རྐང་པ་ཡ་གཅིག་དབྱི་སྙིང་ལབ་ཙེའི་གདོང་དང་། རྐང་ཡ་དེའུའི་མགོར་བཞག་པའི་འོག་ཏུ་ཁོང་འགྲོ་རུ་འཇུག་བསམ་པ་ན། ཁོང་གར་སོང་མ་མཐོང་། དར་ཅིག་ནས་ཁོའི་མགོའི་སྟེང་ནས་གཟེར་ཚ་ལམ་པ་བྱུང་བས་ཡར་བལྟས་ཚེ། དཔལ་ཆེན་རྡོ་རྗེ་གཞོན་ནུ་རི་རབ་ཙམ་པ་ཞིག་གིས་ཕྱག་གི་ཕུར་བུ་ཁོའི་ཀླད་དཀྱིལ་དུ་གཟིར་ནས་འབིགས་གྲབ་བྱེད་པ་མཐོང་བས་བྲེད་སྔང་གིས་སྤྲུལ་པ་བསྡུས་ནས་བྲོས་པས། ཁོང་གིས་འུར་དེད་ཀྱིས་ལ་ཕར་རྒྱབ་ཏུ་བསྐྲད། རྒྱ་ལྷ་མ་འདས་བར་གཡུ་ཁོག་ཏུ་འོང་མ་ཕོད་པར་གྲགས། ཐེངས་ཤིག་རྫ་ཁོག་གི་ཕོ་གསར་ཞིག་སྨྱོ་ནད་ཀྱིས་ཟིན་པས། གནམ་མཚོ་སྤྲུལ་སྐུས་ཁོང་གདན་འདྲེན་དུ་མངགས་པ་ལྟར་དེར་བྱོན་ནས་ཉིན་གང་བོར་གོ་འགྲམ་དུ་ཁྱིམ་མི་ཚོ་དང་གཏམ་གླེང་སྣ་ཚོགས་བྱས་པས་སྨྱོ་ནད་པ་དེས་ཀྱང་སྨྱོ་བཤད་སོགས་མ་བྱས་པར་ཉན་བསྡད། ཁོང་གིས་གསུང་ཆོག་ཅི་ཡང་མ་མཛད་པར་ནུབ་མོ་དེར་གཟིམས། ཕྱི་ཉིན་སྔ་མོ་ནད་པ་དེ་སངས་དྲག་ཏུ་གྱུར་ཡོད་པ་སོགས་གྲུབ་པའི་རྟགས་མཚན་དུ་མ་མངའ། གཡུ་སྙིང་པདྨ་རྣམ་པར་བཀྲ་བའི་གནས་དང་། གཡུ་རོང་སྦས་གནས་རི་བོ་ཏ་ལ། གཡུའི་ལྡོང་རིའི་གནས་སོགས་ཀྱི་གནས་སྒོ་ཕྱེས། མ་འོངས་ལུང་བསྟན་སོགས་གཏེར་ཆོས་དང་། གཡུ་སྟོད་སྨད་སོགས་ཀྱི་གཞི་བདག་རིགས་ཀྱི་བསང་མཆོད་སོགས་གསུང་ཐོར་བུའི་སྐོར་མང་དུ་མཆིས། ཟབ་རྒྱས་སྨིན་གྲོལ་གདམས་པའི་བཅུད་ལ་རོལ་བའི་སློབ་ཚོགས་ནི། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ། ནགས་རྟ་བླ་མ་མདོ་སྡེ་བཟང་པོ། ཁྱ་མདའ་སྤྲུལ་སྐུ་བློ་གྲོས་རབ་གསལ། མགོ་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ། ནགས་འདབས་རས་པ་རྡོ་རྗེ་དཔལ་བཟང་། བཀོད་ལེགས་དབོན་པོ་པདྨ་སྐལ་བཟང་། རིགས་སྲས་ནགས་རྟ་སྤྲུལ་སྐུ་རིག་མཆོག་རྡོ་རྗེ་སོགས་མཁས་གྲུབ་དུ་མ་བྱོན། རྒྱ་དབོན་རིག་འཛིན་རྣམ་རྒྱལ་རྒྱལ་ཚབ་དུ་མངའ་གསོལ་ཀྱང་ སྐུ་ཚེ་མཐར་མ་ཕྱིན་པས་སླར་ཡང་གདན་རབས་འཕྲོ་མཐུད་མཛད། དཔོན་བླ་དགེ་འདུན་རྒྱ་མཚོས་བསྟན་སྲིད་ཀྱི་འགན་བཞེས་སྐབས་གཡུ་སྙིང་དབེན་རིར་སྒྲུབ་ལ་གཞོལ་ཏེ་རབ་བྱུང་བཅོ་ལྔ་པའི་ཟད་པ་མེ་སྟག་གི་ལོར་༼༡༩༢༦༽ཞི་བར་གཤེགས་སོ།།

གདན་རབས་བཞི་པ་རྒྱ་བླ་མ་རིག་འཛིན་རྣམ་རྒྱལ་ནི།

རབ་བྱུང་བཅོ་ལྔ་པའི་ནང་རྒྱ་བླ་བྲང་དུ་ལྷ་མོ་ཚེ་རིང་དང་ཡབ་ཡུམ་གཅིག་པར་འཁྲུངས། ཡོངས་གྲགས་སུ་དབོན་པོ་རིག་ཐོ་ཞེས་མཚན་དུ་འབོད། རྒྱ་ལྷ་མོ་ཚེ་རིང་གི་སྐུ་ཚེའི་དཀྱིལ་ཙམ་དུ་རྗེ་འདིས་གཡུ་དགོན་དུ་རྒྱལ་ཚབ་གདན་རབས་བཞི་པའི་འོས་འགན་བཞེས། གཡུ་རོང་བཀོད་ལེགས་དགོན་དུ་ཡང་གྲུབ་དབང་གོང་མའི་ཕྱག་སྲོལ་ལྟར་གཟིགས་སྐྱོང་མཛད། འོན་ཀྱང་སྐུ་ཚེ་མཐར་མ་ཕྱིན་པར་འདས་ཤིང་སླར་ཡང་རྒྱ་ལྷས་གདན་རབས་འཕྲོ་མཐུད་པར་སྣང་། དེ་ཙམ་ལས་རྣམ་ཐར་ཞིབ་རྒྱས་མ་རྙེད།

གདན་རབས་ལྔ་པ་དཔོན་བླ་དགེ་འདུན་རྒྱ་མཚོ་ནི།

ཡབ་ཧོར་སྲས་བསོད་ནམས་དབང་འདུས་དང་། ཡུམ་གཡུ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༼༡༨༦༠ ༡༩༢༨༽ལོར་སྐུ་འཁྲུངས། དགུང་གྲངས་བཅུ་གསུམ་བཞེས་སྐབས་ཤིག་ལ་མེ་མདའ་ཁུར་ནས་འཁྱིལ་ཆེན་ནགས་ལུང་ནང་རི་དྭགས་རྔོན་དུ་སོང་ཚེ། བྲག་ཐེམ་ཞིག་ན་གླ་བ་ཞིག་གིས་བག་ཕེབས་པར་རྩྭ་ཟ་བཞིན་ཡོད་པ་ལ་མེ་མདའ་གཟས་པའི་ཚེ། ཉེས་མེད་རི་དྭགས་ཀྱིས་བདག་མེད་རི་རྩྭ་ཟ་བ་འདི་གསོད་པ་ཤིན་ཏུ་མི་རིགས་པར་དགོངས་ཤིང་བཅོས་མིན་གྱི་ངེས་འབྱུང་གློ་བུར་དུ་ཐུགས་ལ་འཁྲུངས་ནས་ཆུ་བོའུ་དྲེད་མགོ་ཟེར་བའི་མེ་མདའ་དེ་ས་དེར་རྡོ་ལ་བརྡབས་ནས་བཅགས། གླག་ཚང་གནས་རི་ན་ཨ་བུ་ཞིག་པོ་ཡེ་ཤེས་རྡོ་རྗེ་སྐུ་མཚམས་ལ་བཞུགས་པའི་མདུན་དུ་སོང་ནས་ཆོས་མཛད་ཅིང་བཞུགས། དཔོན་ཚང་གིས་ཡུན་རིང་བཙལ་མཐར་དེར་རྙེད་ཀྱང་ཕྱིར་ཕེབས་སུ་མ་ཉན། གནས་དེར་སོག་པོ་མཁན་ཆེན་ཀུན་དགའ་ལས་ཟབ་ཆོས་དུ་མ་གསན། དེ་ནས་སྤུན་པེ་ལོ་དང་། སྟན་གཅེས་གཉིས་ལ་ཕྱི་མཐའ་གཟིགས་པའི་ལུང་བསྟན་དུ་འུ་ཅག་གིས་གཡུ་ཁོག་པའི་ཆུས་ཨེ་ཟིན་མི་ཤེས། དེ་བས་ཆོས་བསྒྲུབ་དུ་འགྲོ་གསུངས་ཀྱང་། སྤུན་གཉིས་པོས་མོས་པ་མ་བྱས། དེར་ཁོང་དབུས་གཙང་ཕྱོགས་སུ་གནས་སྐོར་དུ་ཕེབས་པའི་ལམ་བར་དུ། ཉིན་ཞིག་བྲོ་ཆས་ཟད། ལམ་ནོར་ནས་གར་འགྲོ་མི་ཤེས་པ་བྱུང་སྐབས། བུད་མེད་དྲེལ་ཞོན་ཞིག་བྱུང་ནས། ཁྱོད་ཀྱིས་ལམ་ནོར་འདུག དོ་ནུབ་ངེད་ཀྱི་སར་འགྲོ་དང་སང་ཉིན་ལམ་སྣ་སྟོན་ཆོག་ཟེར་ནས་དྲེལ་གྱི་ཕྱི་འཕོངས་སུ་བཞག་ནས་སོང་མཐར་སྦྲ་ཞིག་གི་ནང་དུ་སླེབས། དེར་མི་གཟུགས་བོང་ཆེ་བ་ཞིག་འདུག་པ་དེས་ཁོང་གི་ན་བཟའ་རྣམས་རྡུལ་སྤྲུག་བྱས། དེ་ནུབ་དེར་བཞུགས། ཕྱི་ཉིན་བྲོ་ཆས་ཤིག་བྱིན་ནས་སྔར་བཞིན་དྲེལ་འཕོངས་ལ་བསྐྱོན་ནས་ལམ་ཆེན་ཞིག་ཏུ་བསྐྱལ་ནས་འདི་ནས་སོང་ཟེར། བྲོ་ཆས་དེ་ཡུན་རིང་བར་མ་ཟད་པ་བྱུང་། དྲེལ་ཞོན་བུད་མེད་དང་མི་དེ་གཉིས་དཔལ་ལྡན་ལྷ་མོ་དང་། མགོན་པོ་ནག་པོ་གཉིས་ཡིན་པར་སྣང་གསུངས། དེ་ནས་དབུས་གཙང་གི་གནས་རྣམས་མཇལ་སྐོར་མཛད་མཐར། ཀུན་མཁྱེན་ཀློང་ཆེན་པའི་གདན་ས་གངས་རི་ཐོད་དཀར་དུ་རྒྱལ་དབང་བཅུ་གསུམ་པའི་དབུ་བླ་ཧོར་བླ་མ་བསྟན་འཛིན་ནམ་རྒྱལ་རོང་བསྟན་འཛིན་གྲགས་པ་འཇིགས་མེད་དཔལ་གྱི་སེང་གེ་བླ་མར་བསྟེན་ནས་བགྲང་བྱ་ཉེར་ལྔའི་རིང་སྒྲུབ་པ་ཉམས་བཞེས་མཛད། བོད་སྡེ་བ་གཞུང་གིས་གསོལ་ཕོག་སོགས་མཐུན་རྐྱེན་སྦྱར། བྱང་སེམས་དོན་ལྡན་རིན་པོ་ཆེ་ཞེས་མཚན་དུ་གྲགས། དེ་རྗེས་གཡུ་སྲས་པེ་ལོ་དང་། སྟན་གཅེས་གཉིས་ལི་ཁོག་མས་བཀྲོངས་སྐབས་ནགས་རྟ་འཇིགས་ཚེ་དང་། ཝ་དགེ་ཚག་རིས། སྨར་ཐ་འཇམ་ཆུང་། ར་ཆགས་བསམ་གཏན། སངས་སྐོམ་སོགས་ཀྱིས་ཨུ་ཚུགས་མཐར་སྐྱེལ་གྱིས་ཁོང་གཡུ་ཁོག་ཏུ་གདན་དྲངས། དགུང་གྲངས་ང་དགུའི་སྟེང་གཡུ་ཁོག་པའི་ཡུལ་དགོན་གཉིས་ཀྱི་རེ་ཞུས་ལྟར་བསྟན་སྲིད་གཉིས་ཀྱི་བདག་པོ་དང་། གདན་རབས་ལྔ་པའི་འགན་བཞེས་ནས། རྒྱུན་བཞུགས་ཀྱི་བཤད་གྲྭ་བཙུགས། རྫོགས་ཆེན་མཁན་པོ་འོད་ལུ་གདན་དྲངས་ནས་མདོ་སྔགས་ཀྱི་འཆད་ཉན་སྤེལ། གཡུ་སྙིང་དབེན་ཁྲོད་དུ་སྒྲུབ་གྲྭ་བ་གསར་འཛུགས་དང་དགོན་པའི་འདུ་ཁང་རྒྱ་བསྐྱེད། གྲྭ་ཁང་བཞི་སྐོར་དུ་བཏབ། དཀོན་མཆོག་སྤྱི་འདུས་ཀྱི་བུམ་སྒྲུབ་ཆེན་མོ་ཐུགས་ཆེན་སྡུག་བསྔལ་རང་གྲོལ་གྱི་བུམ་སྒྲུབ་དང་། དགོན་པའི་བྱང་ཕྱོགས་ཀྱི་ཕྱག་རྡོར་ལྷ་ཁང་རྒྱ་བསྐྱེད་ཀྱིས་ཁང་བརྩེགས་མཆོད་རྟེན་དུ་བསྒྱུར། མང་ཚོགས་ལ་ཆོས་འཚོགས་དང་རི་རྒྱ་རྔོན་ཁྲིམས་བསྡམས། མཛོ་མོའི་རྟོ་ལེ་བཤའ་མི་ཆོག་པའི་ལུགས་སྲོལ་བཙུགས། ལི་ཁོག་མ་དང་འཁོན་པ་བཟླུམ་ནས་དཔོན་གཉིས་ཀྱི་ཤ་རིན་ཁྲག་ཚབ་ཆོས་ཕྱོགས་སུ་གཏོང་བ་སོགས་མཛད། མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་འབྱུང་འགྱུར་བསྟན་ལ་སྨན་པའི་སྐྱེས་བུར་གཟིགས་ནས་སྐུ་བདག་མཛད། གཡུ་སྟོད་དུ་རི་བསང་ལ་ཕེབས་སྐབས་རྣམས་སུ་མདུན་ཆེན་མར་མདའི་དེའུའི་རྩེར་ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་དངོས་སུ་བསུ་མར་བྱོན་པ་དང་། གངས་རི་ཐོད་དཀར་དུ་སྒྲུབ་པ་ཉམས་བཞེས་མཛད་སྐབས་གཡུ་ཁོག་པ་ཚོས་བྱ་བ་ཆེ་ཆུང་གང་བསྒྲུབ་སྒྲིབ་མེད་དུ་མཐོང་ཐུབ་པ་སོགས་ཀྱི་མངོན་མཁྱེན་ཡོད་པར་གྲགས། གཡུ་དགོན་དང་། གླག་ཚང་གནས། རྦེའུ་སྟོད་སོགས་སུ་སྐུ་མཚམས་ལ་བཞུགས། ཁོང་གངས་རི་ཐོད་དཀར་དུ་སྒྲུབ་པ་མཐར་ཕྱིན་པ་བྱུང་ན་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་རྒྱུ་ཡིན་མོད། དེ་ལྟར་མ་བྱུང་བར་སྡེ་དགོན་བསྐྱངས་ཤིང་དམག་ཇག་གི་བྱ་བ་བསྒྲུབས་པས་ཁོང་སྐུ་འདས་པའི་རྗེས་སུ་དམངས་ཕལ་བ་ཞིག་གི་སྐྱེ་བ་ལན་གཅིག་ལེན་དགོས་འདུག དེ་ནས་རང་དབང་བའི་སྒོ་ནས་བྱ་དང་རི་དྭགས་ཀྱི་ལུས་རེ་བླང་ན་མ་གཏོགས་མི་ལུས་ལེན་རྒྱུ་མིན། ཡང་སྲིད་འཚོལ་མི་དགོས་གསུངས་ནས་དགུང་གྲངས་རེ་དགུ་བཞེས་པ་ས་འབྲུག་ཧོར་ཟླ་དང་པོའི་ཡར་ཚེས་བཅུ་སྟེ། གཡུ་དགོན་ཚེས་བཅུའི་གར་འཆམ་ཉིན་འདའ་བར་ཕྱོགས་པའི་ཚེ། གཡུ་ཁོག་བྱ་བྲལ་བས་དེ་རིང་ཡུལ་དགོན་གཉིས་ལ་ཚེས་བཅུ་འཆམ་མཇལ་བྱེད་དུ་ཆུགས། གཡུ་ཁོག་པ་ལ་སྡུག་མ་གཏོད་གསུངས་པས། དེ་ཉིན་མ་འདས་པར་བཞུགས་ནས་ཕྱི་ཉིན་ཡར་ཚེས་བཅུ་གཅིག་ཉིན་སྐུ་དྲང་པོར་བསྲངས་ཏེ་དགོངས་པ་དབྱིངས་སུ་བསྡུས། གཡུ་ཁོག་བླ་མའི་ཐུགས་བཀོད་ལྟར་ཉིན་བདུན་གྱི་རིང་གསང་རྒྱ་མཛད་རྗེས། ར་ཧོར་འཇམ་དབྱངས་གྲུབ་པའི་དབང་པོས་ཐུགས་དམ་བཀྲོལ་ཚེ་སྐུ་གདུང་གི་དབུ་དུད་པ་དང་། གཞན་ཡང་གདུང་ཆུང་ངུར་གྱུར་པ། གདུང་དང་རིང་བསྲེལ་བབས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་བར་གྱུར་ཏོ།།

གདན་རབས་དྲུག་པ་རྒྱ་ཆོས་རིས་ཐུབ་བསྟན་བྱང་ཆུབ་རྡོ་རྗེ་ནི།

རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་༼༡༩༠༤ ༡༩༥༩༽ལོར་ཡབ་གྲུབ་པའི་དབང་ཕྱུག་རྒྱ་ལྷ་མོ་ཚེ་རིང་དང་། ཡུམ་གཏོ་ཕུག་བཟའ་ཁུས་མོ་གཉིས་ཀྱི་སྲས་སུ་རྒྱ་བླ་བྲང་དུ་སྐུ་འཁྲུངས། སྐུ་ཆུང་དུས་ཀྱི་མཚན་ལ་ཆོས་སྐྱབས་ཐར་དང་། རབ་བྱུང་གི་མཚན་ལ་ཐུབ་བསྟན་བྱང་ཆུབ་རྡོ་རྗེ། མཚན་གཞན་ཨོ་རྒྱན་ཆེ་མཆོག་རྡོ་རྗེར་གྲགས། ཞལ་གསུང་གསོལ་འདེབས་སུ། གཞི་དབྱིངས་འཕོ་འགྱུར་མེད་པ་ཆོ༵ས་ཀྱི་སྐུ། །འགགས་མེད་ལོངས་སྤྱོད་རྫོགས་པ་སྐྱ༵བས་ཀྱི་མཆོག །ཐ༵ར་པའི་ལམ་སྣ་སྟོན་པ་སྤྲུལ་པའི་སྐུ། །ཐུབ་བསྟན་བྱང་ཆུབ་རྡོ་རྗེར་གསོལ་བ་འདེབས། །ཞེས་གསུངས། རྫོགས་སྤྲུལ་ལྔ་པས་རྒྱ་དབོན་རིག་འཛིན་རྣམ་རྒྱལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད། རྒྱ་ལྷ་མོ་ཚེ་རིང་དང་། རྣ་ལུང་མཚམས་པ་སངས་རྒྱས་བཟང་པོ་སོགས་ལས་སྨིན་གྲོལ་གྱི་གདམས་པ་མང་དུ་མནོས། རྫོགས་ཆེན་དུ་གྲྭ་སར་ཕེབས་ཏེ་རྫོགས་སྤྲུལ་ལྔ་པ་དང་། པདྨ་ཐེག་མཆོག་བློ་ལྡན་སོགས་ལས་ཟབ་ཆོས་གསན། ཐུན་མིན་གྱི་བླ་མ་ཀུན་བཟང་ཆོས་ཀྱི་སྒྲོན་མ་ཡིན་པར་གསུངས། དཔོན་བླ་དགེ་འདུན་རྒྱ་མཚོ་སྐུ་གཤེགས་རྗེས་ཁོང་གིས་གདན་རབས་དྲུག་པའི་འགན་བཞེས་མཛད། གཡུ་རོང་བཀོད་ལེགས་དགོན་དང་། སྨོན་ལམ་དགོན་གཉིས་སུ་ཡང་གྲུབ་དབང་གོང་མའི་ཕྱག་སྲོལ་ལྟར་གཟིགས་སྐྱོང་གནང་། ལྐོག་གྱུར་མཁྱེན་པའི་མངོན་ཤེས་མངའ་བ་དང་འབྱུང་འགྱུར་གསལ་བའི་ལུང་བསྟན་མང་པོ་དང་། དག་སྣང་ཡེ་ཤེས་དྲྭ་བ། ཡང་གསང་པདྨའི་ཞལ་ལུང་གི་ཆོས་སྐོར་སོགས་གཏེར་ཆོས་དུ་མ་ཕབ། དགུང་གྲངས་ང་དྲུག་བཞེས་པ་ས་ཕག་ལོར་རིག་འཛིན་ཤ་ལག་ཏུ་མེ་མདའི་སོ་བར་ནས་སྐུ་གཤེགས།།

གདན་རབས་བདུན་པ་རྒྱ་བླ་མ་ཐུབ་བསྟན་རང་བྱུང་ནི།

ཡབ་ནགས་རྟ་འཇིགས་ཚེ་དང་། ཡུམ་རྒྱ་བཟའ་འབའ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་༼༡༩༡༦ ༡༩༥༩༽ལོར་རྒྱ་བླ་བྲང་དུ་སྐུ་འཁྲུངས། དགུང་གྲངས་ནར་སོན་སྐབས་གཡུ་མཁར་བཤད་གྲྭར་བཞུགས། དེ་ནས་རྫོགས་ཆེན་དང་གྲུབ་ཆེན་སོགས་སུ་ཕེབས་ནས་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་གསན་བསམ་མཛད། རྫོགས་ཆེན་མཁན་པོ་ཐུབ་སྙན་དང་། ཡབ་རྗེ་ངག་དབང་ནོར་བུ། གྲུབ་ཆེན་གླིང་སྤྲུལ། རྡོ་གྲུབ་བཞི་པ་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་གསན། རྒྱ་ཆོས་རིས་དགུང་གྲངས་ལྔ་བཅུ་སྐོར་སྐུ་མཚམས་བཅད་རྒྱར་བཞུགས་སྐབས་དམ་པ་འདིས་རྒྱལ་ཚབ་ཁྲི་པ་སྟེ་གདན་རབས་བདུན་པའི་འོས་འགན་བཞེས། དགུང་གྲངས་ཞེ་བཞིའི་སྟེང་དུས་འགྱུར་གྱི་ཟིང་འཁྲུགས་ཁྲོད་དེམ་ཁོག་ཏུ་སྐུ་གཤེགས།

གདན་རབས་བརྒྱད་པ་ཨ་ཚབ་སྤྲུལ་སྐུ་པདྨ་འགྱུར་མེད་ནི།

རབ་བྱུང་བཅུ་དྲུག་པའི་ས་འབྲུག་༼༡༩༢༨ ༡༩༨༨༽ལོའི་ཧོར་ཟླ་བཅུ་གཉིས་པའི་ནང་ཁམས་སྡེ་དགེ་དཔལ་སྤུང་ཕྱོགས་སུ་པེ་རི་རྫ་བཟོ་ཚང་ཞེས་པར་སྐུ་འཁྲུངས། འོ་བྲན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་ཨ་ཚབ་པདྨ་བསྟན་འཛིན་གྱི་ཡང་སྤྲུལ་གར་འཁྲུངས་གཡུ་ཁོག་ཀོང་སྤྲུལ་གྱིས་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་བརྟགས་ལུང་ཞུས་པར། ཕ་ནི་སྐལ་བཟང་མ་ནི་ཀླུ་ཡི་མིང་། །སྤྲུལ་པའི་སྐྱེས་བུ་འབྲུག་གི་ལོ་པ་ཅན། །ཞེས་སོགས་འཁྲུངས་ཡུལ་དང་སའི་ཆགས་དབྱིབས། བཞུགས་ཁང་གི་བཀོད་པ་སོགས་གསལ་བར་བསྟན་པའི་ལུང་བྱང་བསྩལ་བ་ལྟར་ཡང་སྲིད་རྩད་གཅོད་པ་རྣམས་ཀྱིས་སྡེ་དགེའི་ཕྱོགས་སུ་བཙལ་ཀྱང་། གསལ་ཐག་ཆོད་པའི་ཡང་སྲིད་ཞིག་མ་རྙེད་པས་སླར་ཡང་རྫོགས་སྤྲུལ་ལྔ་པའི་མདུན་དུ་བཀའ་འདྲི་ཞུས་ཚེ། ཁོང་གིས་ཕྱག་གཡོན་པ་གཞུ་དབྱིབས་ལྟར་བྱས་པའི་ཕུ་རུང་གི་ངོས་སུ་ས་ཆ་དང་རི་ཆུ། སྡོད་ཁང་སོགས་འདི་ལྟར་འདུག་ཅེས་ཕྱག་མཛུབ་ཀྱིས་རི་མོ་མཛད་ཅིང་། ད་རུང་ཁང་པའི་ནང་དུ་རུས་པའི་ཀ་བ་ཡོད་པ་ཞིག་རེད། མི་གོ་རྒྱུ་མི་འདུག་གསུངས། དེ་ལྟ་བུ་ཞིག་འདུག་པ་ཚང་གི་ཕ་མའི་མིང་སོགས་ཕལ་ཆེ་བ་ལུང་དོན་དང་མཐུན་མོད། བུ་ཡོས་ལོ་བར་འདུག་ཞུས་པས། ཁོང་གིས་དེ་ནི་ལོ་མགོ་འཛིན་ལུགས་ལ་ལུགས་མི་འདྲ་བ་ཡོད་པས་་ཡིན་ཚུལ་སོགས་དོགས་སེལ་གནང་། རུས་པའི་ཀ་བ་ནི་དེ་ཚང་གི་ཁང་པའི་ནང་གི་གོ་འགྲམ་གྱི་ཀ་བ་ལ་གས་སྲུབ་མང་པོ་ཡོད་པར། ཁྱིམ་མི་ཚོས་ཤ་ཟོས་རྗེས་རུས་པ་དམ་དུམ་མང་པོ་ཀ་བའི་གས་སྲུབ་ཏུ་བཙང་ནས་བཞག་ཡོད་པ་ཞིག་ཡིན་པར་བཤད། དེ་ནས་ཁོང་ཚོ་སླར་ཡང་དཔལ་སྤུང་ཕྱོགས་ཀྱི་དུད་ཚང་དེར་སོང་བས། ཡང་སྤྲུལ་རིན་པོ་ཆེས་སྐུ་གོང་མའི་མགུལ་ག་ངོས་བཟུང་བ་སོགས་ཡིད་ཆེས་པའི་རྟགས་མཚན་དུ་མ་བྱུང་བ་དང་གཡུ་ཁོག་ཏུ་གདན་དྲངས། ཀོང་སྤྲུལ་པདྨ་དགྱེས་པས་སྐུ་བདག་ཁྲི་གསོལ་བྱས། བླ་མ་སྒྲ་དབྱངས་རྒྱ་མཚོས་ཀློག་བསླབས་པ་སོགས་ཡོངས་འཛིན་མཛད། སྐུ་ཆུང་དུས་ནས་གྲུབ་པའི་རྟགས་མཚན་ཁྱད་པར་བ་མང་དུ་ཡོད་པར་གྲགས་ཏེ། ཐེངས་གཅིག་ཡོངས་འཛིན་གྱིས་བརྡུངས་བས་ཇ་སྐབས་སུ་བཞེས་དཀར་ཇ་དང་བཅས་པ་ཁང་པའི་གྱང་ངོས་སུ་བརྒྱབས་པས་དཀར་ཡོལ་ལ་ཆག་གྲུམ་དང་ཇ་འབོ་བ་མ་བྱུང་བ་དང་། ནུབ་གཅིག་བོར་བྲོས་སུ་སོང་བ། ཕྱི་ཉིན་བཙལ་བས་ཁ་བ་ཞིག་བབས་ཡོད་ཀྱང་ཁོང་ནོར་བུ་ལྷ་རྩེའི་དེའུའི་རྩེར་གཟིམ་འདུག་པའི་ཉེ་འཁོར་ཟླུམ་པོར་ཁ་བ་མེད་པར་བཤད། སྐབས་ཤིག་གྲི་རིང་ཞིག་བསྣམས་ནས་རྩེད་མོ་མཛད་གྱིན་ཡོད་སྐབས། བླ་མ་སྒྲ་དབྱངས་ཕེབས་པ་གཟིགས་འཕྲལ་བྲོས། བླ་མ་སྒྲ་དབྱངས་ཀྱིས་བདས་པས་ཁོང་གིས་གྲི་དེ་ལ་མདུད་པ་ཞིག་བོར་ནས་ཚུར་འཕངས་བ་ན། བླ་མ་སྒྲ་དབྱངས་ཀྱིས་དེ་མ་ཐག་ཕྱག་འཚལ་ཞིང་ཁྱེད་ཀྱིས་ཅིའི་ཕྱིར་ང་ལ་ཉེས་པ་གསོག་ཏུ་འཇུག་ཞུས་པས། གྲིའི་མདུད་པ་དེ་ཕྱིར་བཤིགས་ནས། འོ་ཁྱོད་ལ་ཉེས་པ་གསོག་ཏུ་མི་འཇུག་གྲི་འདི་རེད་ཅེས་ཞལ་མཚར་གསུངས། དེ་རྗེས་ཀོང་སྤྲུལ་གྱིས་རྟ་དྲེལ་སོགས་དངོས་རྫས་སྣ་ཚོགས་བཅས་དཔལ་སྤུང་དང་རྫོགས་ཆེན་སོགས་སུ་གྲྭ་སར་བཏང་སྐབས། དཀར་མཛེས་ནས་རྟ་དང་དངོས་རྫས་ཕལ་ཆེར་མེད་པར་བྱས་ནས་དྲེལ་ཞིག་ཁྲིད་ནས་བྱོན་ཅིང་སྡེ་དགེ་ཁྲོ་ལའི་ལ་སྐེད་དུ་ཞག་ས་མཛད་པས། དེའི་མཚན་མོ་ཇག་པ་ཁ་ཤས་ཀྱིས་དྲེལ་འཕྲོག་པར་བགྲོས་ནས་ཉེ་བར་བཅར་སྐབས། དྲེལ་གྱིས་ཕྱག་འཚལ་བར་བྱས་པས་ཁོང་ཚོས་འཕྲོག་མ་ཕོད་པར་སོང་། དེ་ནས་རྫོང་སར་དང་རྫོགས་ཆེན་དུ་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་སོགས་ལས་མདོ་སྔགས་ཀྱི་གདམས་པ་དུ་མ་མནོས། སླར་ཡང་གྲུབ་པའི་མཛད་སྤྱོད་ཀྱིས་ཕྱོགས་དང་ཕྱོགས་སུ་འཁྱམས་ནས་མཐར་གཡུ་ཁོག་ཏུ་ཕྱིར་ཕེབས། ཀོང་སྤྲུལ་གྱིས་ན་བཟའ་བརྗེ་གསོལ་མཛད་སྐབས་མནབ་གོས་ནང་ནས་གཟའ་འགྱུ་བ་དང་། ནུབ་མོ་གཟིམ་ཁང་གི་སྟེང་དུ་གཟའ་བབས་ཤིང་མེ་སྟག་ཁྲོམ་ཁྲོམ་བྱེད་པ་སོགས་ཀྱི་རྟགས་མཚན་ཀུན་གྱིས་མཐོང་། དེ་ནས་བཟུང་གཡུ་མཁར་དགོན་དུ་འཚོགས་བཞུགས་མཛད། དུས་འགྱུར་སྐབས་མནར་གཅོད་རྡེག་འཚོག་གིས་སྐུ་ཚེགས་བསམ་ཡུལ་ལས་འདས་པ་ཐེངས་མང་བྱུང་། ཐེངས་ཤིག་ཁོང་སོགས་ལ་བྲག་བཤིག་ཏུ་བཅུག་སྐབས་བྲག་རྡོ་ཉིལ་བའི་འོག་ཏུ་སྐུ་ལུས་ཡོངས་རྫོགས་མནན་པར་གྱུར་བས། ལས་རོགས་ཚོས་མྱུར་བར་བྲག་རྡོ་རྣམས་བསལ་བ་ན་ཁོང་གི་ན་བཟའ་རྣམས་ཧྲལ་བ་ཙམ་ལས་སྐུ་ལུས་ལ་རྨས་སྐྱོན་ཅི་ཡང་བྱུང་མེད་པས་ཀུན་ཧ་ལས་པར་གྱུར། ཡང་ཐེངས་ཤིག་གཟིམ་ལམ་དུ་རྒྱ་ཆོས་རིས་ཐུབ་བསྟན་བྱང་ཆུབ་རྡོ་རྗེས་ཁོང་ལ་མགུལ་དར་བསྒྲོན་ནས་ད་དགོན་པ་ལ་ཁྱེད་ཀྱིས་གཟིགས་སྐྱོང་བྱེད་དགོས་གསུངས་པ་རྨིས། གཟིམ་ལས་སད་པ་ན་ཉི་མ་ཤར་ནས་ཉི་ཟེར་མགུལ་དུ་འཕྲོས་འདུག་པའི་རྟེན་འབྲེལ་སོགས་ལ་བརྟེན་ནས་བསྟན་པ་ཡང་དར་གྱི་སྐབས་སུ་གདན་རབས་བརྒྱད་པའི་འོས་འགན་བཞེས་ནས་འདུ་ཁང་དང་རྟེན་གསུམ་བསྐྱར་བཞེངས་དང་། དུས་མཆོད་ཁག་བསྐྱར་འཛུགས་ཀྱི་ཕྱག་ལས་དང་ཐུགས་འགན་གཙོ་བོར་བཞེས་པར་མཛད། དུས་འགྱུར་གྱི་སྐབས་ཤིག་ལ་དགའ་སྤྲོའི་ཐང་དུ་གཞི་བདག་རྣམས་ཀྱི་སྒར་ཆེན་བབས་ནས་ཡུལ་གཞན་དུ་བསྐྱོད་པར་བགྲོ་བ་མཛད་པའི་ཁྲོད། རྡོ་རྗེ་གཉན་པོ་གཡུ་རྩེ་ཁྲོས་པའི་ངང་ནས་ཁོ་རང་གཡུ་ཁོག་ནས་འདུག་རྒྱུ་ཡིན་ཟེར་ནས་ཐང་སྨད་དུ་སོང་བ་གཟིགས་པ་དང་། དུས་ཕྱིས་གཡུ་སྟོད་དུ་བསང་མཆོད་སྐབས་རྡོ་རྗེ་གཡུ་ཁྲོམ་གྱིས་ཞལ་གཟིགས་མཛད། དགུང་གྲངས་རེ་གཉིས་བཞེས་པ་རབ་བྱུང་བཅུ་བདུན་པའི་ས་འབྲུག་ཐ་སྐར་ཟླ་བའི་གནམ་སྟོང་ཉིན་སྐུ་ལུས་དྲང་པོར་བསྲངས་ཏེ་སེམས་ཉིད་ངལ་གསོའི་རྒྱ་བཅས་གདོད་མའི་ཕ་མཁར་དུ་གཤེགས་པར་མཛད། སྐུ་གདུང་ཞུགས་འབུལ་སྐབས་དབུ་ཐོད་ལིང་གིས་གོག་པ་སོགས་རྟགས་མཚན་དུ་མ་ཕལ་བའི་མིག་ལམ་དུ་ཡང་མངོན་པར་བྱས་སོ། །

གདན་རབས་དགུ་པ་གཡུ་ཁོག་བྱ་བྲལ་བའི་ཡང་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེ་ནི།

ཡབ་ལྷ་རྩེ་ཀུན་ལོ་དང་། མ་ཡུམ་ལྷ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་རྟའི་ལོའི་ཧོར་ཟླ་དགུ་པའི་ཡར་ཚེས་བཅུ་གསུམ་༼༡༩༥༤་༡༠་༠༢༽ཉིན་གསེར་ལྷ་རྩེའི་ཆུ་ཕྱར་རི་ཁྲོད་ཀྱི་སྒྲུབ་ཁང་འོག་མའི་ནང་སྐུ་བལྟམས། ལྷ་རྩེ་བླ་མ་ཨོ་རྒྱན་རིག་འཛིན་གྱིས་མཉམ་མེད་རང་བྱུང་རྡོ་རྗེ་ཞེས་མཚན་གསོལ། གཡུ་ཁོག་བྱ་བྲལ་སྐུ་གཤེགས་རྗེས་ལྷ་རྩེ་བླ་མ་ཐར་པ་རྒྱལ་མཚན་གྱིས་བླ་མ་བསོད་ནམས་བསྟན་འཛིན་དང་། མཁས་མཆོག་གཉིས་ཆེད་གཏོང་གིས་ཨ་འཛོམ་རྒྱལ་སྲས་འགྱུར་མེད་རྡོ་རྗེ་དང་། འབྲུག་སྤྲུལ་པདྨ་ཕྲིན་ལས་རྣམ་གཉིས་ལ་གཡུ་ཁོག་བྱ་བྲལ་བའི་ཡང་སྲིད་གར་འཁྲུངས་བརྟགས་ལུང་ཞུས་པ་ལྟར་གསེར་ཕྱོགས་ཀྱི་བྱིས་པ་རྟ་ལོ་བ་ཚང་མའི་མཚན་དང་། དེ་དག་གི་ཡབ་ཡུམ་གྱི་མཚན་བཅས་བསྡུས་ཤིང་བརྟགས་པས་མཆོག་སྤྲུལ་རིན་པོ་ཆེ་འདི་ཉིད་གཡུ་ཁོག་བྱ་བྲལ་བའི་ཡང་སྲིད་ཡིན་པར་ཐུགས་ཐག་བཅད། དེ་ཡང་མ་ཡུམ་ལྷ་ལྕམ་གྱིས་གཡུ་ཁོག་བྱ་བྲལ་བ་ཞལ་བཞུགས་པའི་སྐབས་ནས་ཆུ་ཕྱར་རི་ཁྲོད་དུ་བླ་མ་ཨོ་རྒྱན་རིག་འཛིན་ལ་མཚམས་གཡོག་བྱས་ནས་ཡོད་ཚེ། ཉིན་ཞིག་བླ་མས་མོ་ལ་གྲོ་སྒྱེ་གང་བསྐུར་ནས་གསེར་ཡག་སྒང་དུ་སོང་ལ་གཡུ་ཁོག་བྱ་བྲལ་བའི་མདུན་རབ་བྱུང་གི་སྡོམ་པ་ཞུས། གྲོ་འདི་ཞུ་རྟེན་དུ་ཕུལ་གསུངས་པས་མོ་རང་ཡག་སྒང་དུ་ཕྱིན་ནས་ལོ་རྒྱུས་ཞུས་པས། གཡུ་ཁོག་བྱ་བྲལ་བས་ཁྱོད་རབ་ཏུ་མ་བྱུང་བར་འདི་བཞིན་སྡོད་དང་རྟེན་འབྲེལ་ཡོད་གསུངས། རྗེ་ཉིད་ཀྱི་ཊ་དྲིལ་སོགས་གནང་ནས་འདི་རྣམས་ལ་བདག་གཉེར་གྱིས་ཤིག་གསུངས་ནས་ཕྱིར་མངགས། མོ་རང་གིས་སྔར་བཞིན་བླ་མ་ལ་མཚམས་གཡོག་བྱས་ནས་བཞུགས་སྐབས་ཡང་སྤྲུལ་རིན་པོ་ཆེ་འདི་ཉིད་སྐུ་འཁྲུངས་པ་ཡིན་འདུག སྐུ་ན་ཆུང་ངུའི་དུས་སུ་ཁོང་གིས་ཚིག་བདུན་གསོལ་འདེབས་དང་། སྐུ་གསུམ་གསོལ་འདེབས་སོགས་མ་བསླབ་ཀྱང་ཐོལ་བྱུང་དུ་གསུངས་པ་དང་། འགྲོ་དོན་སྐྱོང་ཚུལ་གྱི་རྩེད་མོ་རྩེ་བ་དང། སྐུ་གོང་མའི་སློབ་མ་རྣམས་ངོས་ཟིན་པ། ཀློག་བསླབ་པའི་ཚེ་ཚེགས་མེད་པར་མཁྱེན་པ་སོགས་ཀྱིས་སྐྱེ་བོ་དུ་མ་དད་པའི་གནས་ལ་བཀོད། དགུང་གྲངས་བཞི་བཞེས་སྐབས་ཨ་འཛོམ་རྒྱལ་སྲས་མཆོག་གི་ཐུགས་བཀོད་ལྟར་གསེར་ལྷ་རྩེ་དགོན་དུ་བླ་མ་ཐར་པ་རྒྱལ་མཚན་གྱི་དབུས་མཁན་སྤྲུལ་དགེ་འདུན་འདུས་པའི་དབུས་སུ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ས་ཁྱི་ལོར་གཡུ་ཁོག་དཔོན་ལྷ་མགོན་ཆེད་ཕེབས་ཀྱིས་ན་བཟའ་གསོལ་ཞིང་སྐུ་བདག་མཛད། དུས་འགྱུར་སྐབས་སློབ་གྲྭར་ཞུགས་ནས་སློབ་འབྲིང་བར་སྦྱང་བརྩོན་མཛད། སྐུ་གོང་མའི་སློབ་མ་སོགས་ལ་མི་འགྱང་བར་དམ་ཆོས་ཀྱི་ཉི་མ་འཆར་བར་འགྱུར་སོགས་འབྱུང་འགྱུར་མཁྱེན་པའི་ལུང་བསྟན་དུ་མ་གསུངས། དགུང་གྲངས་ཉེར་ལྔ་བཞེས་སྐབས་རྡོ་གྲུབ་ཆེན་བསྟན་པའི་ཉི་མ་དང་། སྟག་ལུང་དབོན་པོ་མཁའ་ཀློང་། སེ་ར་ཡང་སྤྲུལ་སོགས་ཀྱི་དགོངས་བཞེད་བཞིན་གསེར་རྟ་རྣམ་ཐར་ཚོགས་པར་ཞུགས་ནས་གླིང་གེ་སར་རྒྱལ་པོའི་མཛད་རྣམ་འཁྲབ་སྟོན་མཛད། དགུང་གྲངས་ཉེར་བརྒྱད་བཞེས་སྐབས་༼༡༩༨༡༽གཡུ་དཔོན་དབང་ཆེན་བདུད་འདུལ་གྱིས་ན་བཟའ་གསོལ་ཞིང་སྐུ་བདག་བསྐྱར། ཁོང་གིས་སྔ་ཕྱིར་མི་ཉག་རྩ་ར་མཁན་ཆེན་ཆོས་ཀྱི་གྲགས་པ། པེ་ཝར་སྤྲུལ་སྐུ་འཆི་མེད་རྡོ་རྗེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། མཁན་པོ་སྒེག་པ། ལྷ་སྒང་བླ་མ་པདྨ་ཚེ་རིང་། བྲག་དཀར་སྤྲུལ་སྐུ་པདྨ་རྡོ་རྗེ། པཎ་ཆེན་སྐུ་ཕྲེང་བཅུ་པ། གོང་ས་བཅུ་བཞི་པ་ཆེན་པོ། སེ་ར་ཡང་སྤྲུལ། གནུབ་ཟུར་མཁན་དཀོན་མཆོག་བཀྲ་ཤིས། བྲག་འགོ་དགེ་བཤེས་ཕྲིན་ལས་དོན་གྲུབ། གཟན་དཀར་ཐུབ་བསྟན་ཉི་མ། དིལ་མགོ་མཁྱེན་བརྩེ། དཔལ་སྤུང་སི་ཏུ། འཁོར་གདོང་གཏེར་ཆེན། བླ་མ་སྣང་གསལ། ཨ་ལག་དོན་ཡོད། མཁན་མཁྱེན་ཆུང་། ཡར་ལུང་བསྟན་པའི་ཉི་མ། རྡོ་གྲུབ་ཐུབ་བསྟན་ཕྲིན་ལས། དཔལ་ཡུལ་སྤྲུལ་སྐུ་ཐུབ་བཟང་། ཤུག་སྒང་རྨ་སྤྲུལ། སེ་ར་འཇིགས་དགའ་སོགས་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་དུ་མ་གཙུག་ཏུ་བརྟེན་ནས་གཞུང་ཆེན་རིག་གནས་སྤྱི་དང་། བྱེ་བྲག་ས་དགེ་བཀའ་རྙིང་གི་ཆོས་ཚུལ་རབ་འབྱམས། ཁྱད་པར་ངེས་གསང་རྫོགས་པ་ཆེན་པོའི་ཆོས་སྐོར་གྱི་སྨིན་གྲོལ་མན་ངག་དང་བཅས་པ་གསན་བསམ་ཉམས་བཞེས་མཛད། དགུང་གྲངས་སོ་གསུམ་བཞེས་པ་མེ་སྟག་༼༡༩༨༦༽ལོར་གཡུ་མཁར་དགོན་དུ་ཨ་ཚབ་པདྨ་འགྱུར་མེད་ཀྱི་དབུས་འདུས་པའི་སྡེ་ཆེན་པོས་ཁྲི་འདོན་མངའ་གསོལ་དང་གཡུ་དགོན་གྱི་བསྟན་པའི་བདག་པོར་བསྐོས་པ་བཞིན་བུམ་སྒྲུབ་ཆེན་མོ་སོགས་ཀྱི་ཁྲི་བཞུགས་རྡོ་རྗེ་རྒྱལ་པོ་མཛད་པ་དང་། དགེ་འདུན་འདུས་པའི་སྡེ་དང་། དད་ལྡན་མང་ཚོགས་སྤྱི་ལ་ཆོས་བཀའ་དུ་མ་བསྩལ། དགུང་གྲངས་སོ་ལྔའི་སྟེང་ནས་བགྲང་བྱ་དུ་མའི་རིང་གསེར་ལྷ་རྩེ་དགོན་གྱི་བསྟན་པའི་འགན་བཞེས་དང་། གཡུ་མཁར་དགོན་དུ་མི་ལོ་བཅུ་ཕྲག་ལྷག་གི་རིང་དགེ་བསྐོས་དང་སྤྱི་བ་གསར་བསྐོ་དང་། བཤད་སྒྲུབ་བསྐྱར་བཞེངས་སོགས་ཀྱི་གཙོ་བོའི་ཐུགས་བཀོད་གནང་། རྒྱ་བླ་མ་འཇམ་དབྱངས་ལུང་རིག་རྒྱ་མཚོ་རྒྱལ་ཚབ་བསྟན་བདག་ཏུ་མངའ་གསོལ་མཛད། སྔོན་གཡུ་ཁོག་བྱ་བྲལ་བས་ཉིན་ཞིག་ཆོས་ཁྲིད་སྐབས། བདག་གིས་རྩ་བའི་བླ་མ་ཨ་འཛོམ་འབྲུག་པ་རིན་པོ་ཆེའི་བཀའ་གསུང་ལྟར་སྔགས་སྤྱོད་ལ་ཞུགས་མ་ཐུབ་པ་འགྱོད། ཡིན་ན་ཡང་ཚེ་འདིར་རབ་ཏུ་བྱུང་བའི་བསླབ་ཁྲིམས་ལ་གནས་བསྡད་པ་རེད། སྐྱེ་མ་ཕྱི་མར་ཕོ་སར་གཡུ་རྣ་ཅན་ཞིག་བྱས་ནས་བུ་གཡས་དང་། བུ་མོ་གཡོན་དུ་བཞག་ནས་འདུག་སྐབས། ཁྱེད་རྣམ་པ་ཕལ་ཆེ་བ་དེ་དུས་བཞུགས་ཡོད་རྒྱུ་རེད། ང་མ་བརྗེད་པར་གྱིས་ཞེས་ལུང་བསྟན་པ་བཞིན་སྐུ་སྔགས་སྤྱོད་སྦས་པའི་རྣལ་འབྱོར་མི་སྐྱའི་ཆས་ཅན་དུ་བཞུགས་སྐབས། ཐེངས་ཤིག་གཡུ་ཁོག་བླ་མའི་དངོས་སློབ་སྒོ་འཛི་བླ་མ་གཏེར་ལོས་ཡང་སྲིད་རིན་པོ་ཆེར་གཟན་ཤམ་ཞིག་ཕུལ་ནས་གྲྭ་ཆས་བྱེད་པར་ཞུས་པ། རྡོ་བ་བླ་མ་རང་རིག་གིས་གསན་ནས་བླ་མ་གཏེར་ལོ་ལ་ཁྱེད་ཀྱིས་སྔར་བླ་མས་གསུངས་པའི་ལུང་བསྟན་བརྗེད་སོང་ངམ་གསུངས། བླ་མ་གཏེར་ལོས་འོ་བདེན། ད་དྲན་སོང་གསུངས་ནས་ཡང་སྲིད་རིན་པོ་ཆེར་སླར་ཡང་མི་སྐྱའི་ཆས་བྱེད་དགོས་ཚུལ་ཞུས། རྫོགས་ཆེན་པདྨ་སྐལ་བཟང་གིས། ཟླ་བྲལ་མཉ༵མ་མེ༵ད་མཁྱེན་པའི་ཀློང་ཆེན་པོར། །མ་བཅོས་ར༵ང་བྱུ༵ང་དོན་གྱི་ཡེ་ཤེས་བརྙེས། །རིགས་བརྒྱའི་ཁྱབ་བདག་རྡོ༵་རྗེ༵་འཛིན་པ་མཆོག །མི་འགྱུར་རྡོ་རྗེའི་ཁྲི་ལ་རྟག་བཞུགས་གསོལ། །ཨེ་དབྱིངས་བདེ་ཆེན་ཡེ་ཤེས་སྒྱུ་མའི་གར། །ཝཾ་ཡིག་སྟོང་པའི་དབྱིངས་སུ་བསྡོམས་པ་ལས། །གཉིས་མེད་ཐབས་ཤེས་བདེ་མཆོག་རོལ་པའི་རྒྱུན། །མ་འགག་ལྷུན་གྲུབ་སྲིད་པའི་རྒྱན་དུ་བརྟན། །ཞེས་སོགས་ཆེད་དུ་བརྗོད་པ་དང་། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་གྱིས་ཡང་སྤྲུལ་རིན་པོ་འདི་ཉིད་ཁོང་གི་བཞུགས་གདན་དུ་བཞུགས་སུ་གསོལ་བ་དང་། ཕེབས་རྗེས་སུ་ཕྱག་འཚལ་ནས་འཁོར་སློབ་རྣམས་ལ་གཡུ་ཁོག་བྱ་བྲལ་བའི་ཡང་སྲིད་འཁྲུལ་མེད་ཡིན་འདུག་གསུངས་པ་སོགས་མཐོང་ཆེན་མཛད། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་ཀྱིས་ཀྱང་ཁོང་གི་རྩ་བའི་བླ་མ་གཡུ་ཁོག་བྱ་བྲལ་བའི་ཡང་སྤྲུལ་ཡིན་གསུངས་ནས་རྟེན་གསུམ་གནང་བ་སོགས་མཛད། རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་༼༢༠༡༢༽ལོར་བླ་སྤྲུལ་འགས་གཡུ་ཁོག་བྱ་བྲལ་སྐུ་འཁྲུངས་གནས་གཡུའི་ཆུ་དབར་ཁོག་ཏུ་སྐུ་གདུང་མཆོད་རྟེན་ཞིག་བཞེངས་སྐབས། སྔོན་གྱི་ཁྱིམ་ཤུལ་དངོས་སུས་ཀྱང་ངོས་མ་ཟིན་ནས་ཁོང་ལ་ཞུས་པས། ཁོང་གིས་ས་མིག་དེར་རྡོ་རྟ་སྒ་འདྲ་བ་ཞིག་ཡོད་པས་མི་གོ་རྒྱུ་མེད་གསུངས་ནས་བཙལ་བས་དེ་ལྟར་འདུག་པ་དང་། གཞན་ཞལ་མཚར་གྱི་ཚུལ་དུ་ལུང་བསྟན་གསུང་བ། འཕོ་བ་རྟགས་ཐོན་འདེབས་པ་སོགས་ཁྱད་པར་གྱི་ཆོས་དུ་མ་མངའ། དེ་ལྟར་ཐུན་མོང་དང་ཐུན་མིན་གྱི་མཛད་པ་དུ་མས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་མཛད་བཞིན་ཞབས་པད་འཚོ་གཞེས་སུ་བཞུགས་པའོ།།

གདན་རབས་བཅུ་པ་འཇམ་དབྱངས་ལུང་རིག་རྒྱ་མཚོ་ནི།

ཡབ་ནགས་རྟ་འཇིགས་ཚེ་དང་། ཡུམ་རྒྱ་བཟའ་འབའ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་༼༡༩༤༠ ༢༠༠༣༽ལོར་རྒྱ་བླ་བྲང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡི་གེ་ཀློག་འདོན་སྦྱངས། དགུང་གྲངས་བཅུ་སྐོར་དུས་རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་མཆོག་གིས་གྲུབ་ཆེན་དགོན་གྱི་བླ་མ་ཞིག་གི་ཡང་སྤྲུལ་ཡིན་པར་གསུངས་ནས་སྐུ་བདག་མཛད་དེ་གྲུབ་ཆེན་དུ་ཁྲིད། དེ་ནས་རྡོ་གྲུབ་དང་ལྷན་དུ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་། རྒྱལ་རོང་རྟག་བརྟན་རྣམ་རྒྱལ་གླིང་། ཞེ་ཆེན་བརྟན་གཉིས་དར་རྒྱས་གླིང་། རྫོང་སར་བཀྲ་ཤིས་ལྷ་རྩེ་སོགས་སུ་ཕེབས་ཏེ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། རྒྱལ་རོང་ནམ་སྤྲུལ་འགྲོ་འདུལ་གར་གྱི་རྡོ་རྗེ། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ལས་སྔ་འགྱུར་བཀའ་མ། རིན་ཆེན་གཏེར་མཛོད། བཀའ་དགོངས་ཕུར་གསུམ། སྙིང་ཐིག་གོང་འོག གྲོལ་ཐིག་སྨིན་གཏེར། བྱང་གཏེར་སྐོར། བཀའ་བརྒྱུད་སྔགས་མཛོད། གསང་བདེ་འཇིགས་གསུམ། དུས་འཁོར་དབང་ཆེན་སོགས་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། གཙང་ཆེན་དངོས་གྲུབ་དཔལ་འབར་གླིང་དུ་རྡོ་གྲུབ་ཆེན་རིན་པོ་ཆེ་ལས་བླ་མ་དགོངས་འདུས་ཀྱི་དབང་ལུང་། སྔ་འགྱུར་བཀའ་མའི་ཆོས་སྐོར། རིན་ཆེན་གཏེར་མཛོད་ཆེན་མོ་སྔ་ཕྱིར་ལན་གཉིས་སོགས་མནོས། དུས་འགྱུར་ཀྱི་འཚུབ་མ་ལྡང་ལ་ཉེ་སྐབས་རྡོ་གྲུབ་རིན་པོ་ཆེ་སྐུ་འཁོར་དང་ལྷན་དུ་དབུས་གཙང་དུ་བྱོལ་ཞིང་འཕགས་ཡུལ་དུ་ཕེབས་འཆར་ལ། ཅ་དངོས་ཞིག་གི་ཆེད་དུ་ཕྱིར་མདོ་ཁམས་སུ་ཕེབས་སྐབས་རྒྱ་དམག་གིས་འཛིན་བཟུང་བྱས། གཡུ་ཁོག་ཏུ་མནར་གཅོད་དང་རྡེག་འཚོག་ཚད་མེད་ཐེབས། བསྟན་པ་ཡང་དར་གྱི་དུས་སུ་བསྟན་འཛིན་གྱི་སྐྱེས་བུ་གཞན་དག་དང་ལྷན་དུ་གདན་ས་བསྐྱར་གསོའི་ཕྱག་ལས་ལ་ཞུགས་ཤིང་། གཡུ་དགོན་བསྟན་བདག་གམ་གདན་རབས་བཅུ་པའི་ཐུགས་འགན་བཞེས། སྔ་ཕྱིར་རྡོ་གྲུབ་བསྟན་པའི་ཉི་མ་ལས་སྙིང་ཐིག་པོད་གཉིས། རྫོགས་ཆེན་ཀུན་བཟང་སྤྲུལ་སྐུ་ལས་ཞི་ཁྲོ་འཕྲད་ཚད་རང་གྲོལ། ཁྱབ་བདག་པདྨ་སྐལ་བཟང་ལས་འདུས་པ་མདོ་དབང་། ནགས་འདབས་བླ་མ་རིག་འཛིན་རྒྱ་མཚོ་ལས་རྒྱ་སྤྲུལ་གཏེར་ཆོས་ཡོངས་རྫོགས་ཀྱི་སྨིན་གྲོལ་མནོས། གར་དབང་རྒྱལ་མཆོག་གླིང་པ་དང་། རྡོ་གྲུབ་རིན་པོ་ཆེར་ཐུགས་བརྟགས་བརྒྱུད་རྒྱ་སྤྲུལ་ལུང་རིག་གླིང་པའི་སྐུ་ཕྲེང་གསུམ་པ་ལུང་རྟོགས་ཆོས་ཀྱི་ཉི་མ་ངོས་འཛིན་དང་བཅས་བསྟན་བདག་རྒྱལ་ཚབ་ཏུ་མངའ་གསོལ། དགུང་གྲངས་རེ་བཞི་བཞེས་པ་ཆུ་ལུག་སྣྲོན་ཟླའི་ཡར་ཚེས་གཉིས་ཉིན་ཞི་བར་གཤེགས་སོ།།

ཞར་བྱུང་གཡུ་ཁོག་རྒྱ་བླ་བྲང་ཚང་གི་ཁྱིམ་རྒྱུད་གྱེས་ཚུལ་ནི།

དད་དམ་གྱི་ནོར་གྱིས་ཕྱུག་པའི་རྒྱ་རིགས་ཤིང་བཟོ་བ་ཆན་ཏཱ་དང་། མ་ཡུམ་གཡུ་ཁོག་ཨ་འཛི་བཟའ་༼དངོས་མིང་མི་གསལ།༽གཉིས་ཀྱི་སྲས་༼༡ རྒྱ་སྤྲུལ་རིག་འཛིན་ལུང་རིག་གླིང་པ་དང་། ༼༢ རྒྱ་འཛིན་མེད། ༼༣ སྲིང་མོ་གཅིག་བཅས་གསུམ། ༼༡ རྒྱ་སྤྲུལ་ལུང་རིག་གླིང་པ་ནི་རྟེན་རབ་བྱུང་དུ་བཞུགས། ༼༢ རྒྱ་འཛིན་མེད་ལ་སྲས་རྒྱ་ལྷ་མོ་ཚེ་རིང་། དབོན་རིག་འཛིན་རྣམ་རྒྱལ། རྒྱ་ལྷ་མོ་ཚེ་རིང་ལ་སྲས་རྒྱ་ཆོས་རིས་ཐུབ་བསྟན་བྱང་ཆུབ་རྡོ་རྗེ། ནགས་སྤྲུལ་རིག་མཆོག་རྡོ་རྗེ། བླ་མ་ཚེ་འཕན། ཆོས་ཤུལ་བླ་མ་ཐུབ་བསྟན་ཉི་མ། ཕུན་ཚོགས་དབང་མོ་ལྔ། ༼༣ སྲིང་མོ་ལ་བུ་མོ་རྒྱ་བཟའ་འབའ་ལོ། ཨུ་རྒྱན་སྒྲོན་མ། ཇོ་མོ་ཚེ་དཔལ། བུ་རྒྱ་རྣ་རིས། རྒྱ་གྲགས་འབེས་དང་ལྔ། རྒྱ་བཟའ་འབའ་ལོ་ལ་རྒྱ་བླ་མ་ཐུབ་བསྟན་རང་བྱུང་། བླ་མ་མི་འགྱུར་རྡོ་རྗེ། བླ་མ་བསོད་ནམས་བསྟན་རྒྱས། འཇམ་དབྱངས་ལུང་རིག་རྒྱ་མཚོ། བུ་མོ་རྒྱ་གདོར་མ། རྒྱ་སྐར་མ། རྒྱ་བསོ་མ་བདུན། ཨུ་རྒྱན་སྒྲོན་མ་ལ་བུ་མོ་ཕུན་ཚོགས་སྒྲོན་མ། ཕུན་ཚོགས་སྒྲོན་མ་ལ་བུ་མོ་མགོན་སྐྱིད་དང་། ནོར་འཛིན་གཉིས་སོ།། རྒྱ་རྣ་རིས་ལ་བུ་ཚེ་འཛིན་རྡོ་རྗེ། བདེ་དགའ། རྒྱ་གྲགས་འབེས་ལ་བུ་སྟོབས་ལྡན་སོགས་ཡོད་པར་ཐོས་སོ། །དེ་དག་ལས་རྒྱ་བླ་བྲང་གི་ཁྱིམ་གཅིག་ཏུ་འཁྲུངས་པའི་དམ་པའི་སྐྱེས་བུ་ནི། རྒྱ་སྤྲུལ་ལུང་རིག་གླིང་པ། རྒྱ་ལྷ་མོ་ཚེ་རིང་། རྒྱ་རིག་འཛིན་རྣམ་རྒྱལ། རྒྱ་ཆོས་རིས། རྒྱ་ཐུབ་བསྟན་རང་བྱུང་། རྒྱ་མི་འགྱུར་རྡོ་རྗེ། རྒྱ་བསོད་ནམས་བསྟན་རྒྱས། རྒྱ་འཇམ་དབྱངས་ལུང་རིག་རྒྱ་མཚོ་སོགས་ཡིན་ནོ། །

གདན་རབས་བཅུ་གཅིག་པ་རྒྱ་སྤྲུལ་གསུམ་པ་ལུང་རྟོགས་ཆོས་ཀྱི་ཉི་མ་ནི།

དེ་ལ་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་སྐུ་ཐོག་གོང་མ་ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་དཀོན་མཆོག་དབང་ཕྱུག་གིས་བཀོད་ལེགས་རི་ཁྲོད་དུ་གདན་ས་མཛད་པ་དང་། ཡང་སྲིད་དེ་མ་ཐག་པ་རྒྱལ་རོང་སོ་མང་དུ་སྐུ་འཁྲུངས་པ་ལུང་རྟོགས་བསྟན་པའི་དབང་ཕྱུག་གིས་རྒྱལ་རོང་ཝ་གོ་དགོན་དང་། ཕུ་དུམ་དགོན་སོགས་སུ་བསྟན་པ་བསྐྱངས་བ་ལས་གཡུ་དགོན་དུ་གདན་ས་མ་མཛད་ཕྱིར་འདིར་གདན་རབས་སུ་མ་བགྲང་མོད། ཁོང་གཉིས་ཀྱི་རྣམ་ཐར་འོག་ཏུ་འབྱུང་ལ། ལུང་རྟོགས་བསྟན་པའི་དབང་ཕྱུག་གི་ཡང་སྲིད་ནི། ཡབ་མར་བའི་ཡོངས་རིས་དང་། མ་ཡུམ་ཐོང་བཟའ་པདྨ་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་འབྲུག་༼༡༩༦༤༽ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔར་གཡུའི་ཆོས་ཁྲི་ཐང་དུ་འཁྲུངས། མཚན་བསོད་ནམས་ཡོངས་དགའ་བཏགས། ཆུང་དུས་ནས་ཐུགས་རིག་བཀྲ་ཞིང་སྙིང་རྗེ་ཆེ་བ་སོགས་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ། དགུང་གྲངས་གསུམ་ཙམ་གྱི་དུས་ཕྱི་རོལ་ནས་མར་མེ་ཀོང་བུ་ཞིག་བསྣམས་ནས་ཁྱིམ་དུ་ཕ་མ་སོགས་ལ་སྤྲད། གང་ནས་ཁྱེར་ཡོང་དྲིས་པས་ད་རུང་འདུག་གསུངས་ནས་སླར་ཡང་གཉིས་བསྣམས་ནས་ཕེབས། དུས་འགྱུར་སྐབས་ཡིན་སྟབས་ཁོང་ཚོ་ཡ་མཚན་པ་དང་ཞེད་པ་གཉིས་ཆར་བྱུང་། སྐུ་ནར་སོན་སྐབས་ཕྱུག་འཚོ་བ་སོགས་མཛད། དགུང་གྲངས་ཉེར་གཅིག་བཞེས་པ་ཤིང་བྱི་ལོར་ཧོར་བླའི་ཡང་སྲིད་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེ་གཡུ་ཁོག་ཏུ་ཕེབས་པའི་ནུབ་གཅིག་དངོས་ཉམས་རྨི་ལམ་ལྟ་བུའི་ངོར་དཔལ་སྔགས་ཀྱི་བདག་མོས་སང་ཉིན་ཁྱོད་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པའི་གང་ཟག་ཞིག་དང་འཕྲད་པར་ངེས་པས་དེ་ལ་བདག་པོ་བྱས་ན་མ་འོངས་ས་གནས་འདི་ཕྱོགས་ཀྱི་བསྟན་ལ་སྨན་པར་འགྱུར་ཞེས་གསུངས། དེའི་ཕྱིར་ནུབ་རྟ་ཁྱུང་རིན་པོ་ཆེ་མར་བའི་ཡོངས་རིས་ཚང་དུ་ཞག་བཞུགས་གནང་བར་ཁེལ་བས་ཁོང་གིས་ཕྱུགས་དེད་ནས་ཁྱིམ་དུ་ཕེབས་སྐབས། མཆོག་སྤྲུལ་རྟ་ཁྱུང་གིས་ཁོང་མཐོང་བ་ཙམ་གྱིས་སྔར་ནུབ་ལུང་བསྟན་པའི་བུ་དེ་འདི་རེད་སྙམ་པའི་ཐུགས་ངེས་འཁྲུངས། ཁོང་གིས་ཀྱང་བླ་མ་མཇལ་བ་ཙམ་གྱིས་བརྗོད་མི་ཤེས་པའི་དགའ་ཚོར་ཞིག་སྐྱེ་བར་གསུངས། དེར་མཆོག་སྤྲུལ་རྟ་ཁྱུང་གིས་ལུང་བསྟན་བྱུང་ཚུལ་སོགས་གསང་བ་དམ་པོས་ཁོང་གི་ཕ་མ་གཉིས་ལ་བུ་འདི་བན་དེ་བྱེད་དགོས་གསུངས་པར། ཕ་མ་གཉིས་ཀྱིས་འདི་ངེད་ཀྱི་བུ་ཆེ་བ་དང་། འཁོར་བའི་བཟུང་ཡུས་ཡིན་པས་ཤིན་ཏུ་ཐབས་ཆག དེ་མིན་ངེད་ཚང་ལ་བུ་མང་བས་གཉིས་ཙམ་གྱིས་བན་དེ་བྱེད་ཆོག་སོགས་ཞུས་པས། སྤྲུལ་རྟ་ཁྱུང་གིས་གཞན་གྱིས་མི་ཡོང་བུ་འདི་ངེས་པར་བན་དེ་བྱེད་དགོས། དགེ་རྒན་ཧོར་ཐོགས་མེད་ཀྱིས་མཛོད་སོགས་བཟློག་ཏུ་མེད་པའི་བཀའ་གསུང་གནང་། དེ་ནས་གཡུ་དགོན་དུ་དགེ་རྒན་ཐོགས་མེད་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱང་། མཁན་བློ་ལྡན་མདུན་ནས་དཔལ་སྤྲུལ་སྔོན་འགྲོ་དང་། ཚིག་གསུམ་གནད་བརྡེག་སོགས་གསན། སྒོ་འཛུ་བླ་མ་འཆི་མེད་རིག་འཛིན་གྱིས་སྒོ་འཛུ་གཏེར་ཆེན་གྱི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཆིག་བརྒྱུད་དུ་བསྩལ། མཁན་ཆེན་ཟླ་བའི་འོད་ཟེར་ལས་རབ་ཏུ་བྱུང་བར་མཛད། སླར་མཆོག་སྤྲུལ་རྟ་ཁྱུང་རིན་པོ་ཆེས་ཁྲིད་ནས་སྐུ་གོང་མའི་གདན་ས་ཝ་གོ་སིདྡྷི་དགོན་དང་། ཕུ་དུམ་དགོན་སོགས་ཉམས་གསོ་བྱས། ས་འབྲུག་ལོར་སྤྲུལ་རྟ་ཁྱུང་དང་ལྷན་དུ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་སླར་གསོའི་མཛད་སྒོར་ཕེབས། དེ་ནས་ཕྱིར་ཕ་ཡུལ་དུ་ཕེབས་པའི་དགུན་ཐོག་དེར་རྫོགས་ཆེན་དུ་གྲྭ་སར་ཕེབས་སྐབས། མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་གྱིས་ཁོང་མདུན་དུ་བོས་ནས། གྲྭ་སར་ཕེབས་པ་ལེགས། ཡུལ་སྐྱོང་རྡོ་རྗེ་གཡུ་ཁྲོམ་འདི་ས་ཐོབ་ཀྱི་སེམས་དཔའ་ཞིག་ལས་གཞི་བདག་རང་རྒྱུད་པ་ཞིག་མིན། ཁྱེད་གང་དུ་ཕེབས་ཀྱང་གཡུ་ཁྲོམ་གསོལ་བསྡུས་རྨད་བྱུང་མདོ་སྔགས་ཆགས་མེད་བྱེད་རྒྱུ་དང་། མ་འོངས་པར་གཡུ་མཁར་དགོན་གྱི་བསྟན་པའི་བདག་པོ་ཁྱེད་ཡིན་པས་གཡུ་ཁོག་གི་ས་ཆ་དང་ཁ་བྲལ་ནས་གཞན་དུ་འགྲོ་མི་ཆོག་པས་དེ་རིང་ང་ལ་དམ་བཅའ་མཛད་དགོས་གསུངས། ཁོང་གིས་མ་འོངས་པར་བསྟན་པའི་བདག་པོ་དེ་འདྲ་ཡོང་རྒྱུ་མ་རེད་མོད། གང་ལྟར་ས་ཆ་འདི་དང་མི་འབྲལ་ཞུས་པས། དེས་མི་ཡོང་། དམ་བཅའ་བརྟན་པོ་བྱེད་དགོས་ཞེས་ནན་གྱིས་གསུངས་པས། ཁོང་གིས་མ་འོངས་པར་གཡུ་དགོན་དང་མི་འབྲལ་བའི་མནའ་སྐྱེལ་དགོས་བྱུང་། ར་ཡབ་བླ་མ་ཀླུ་དབང་གིས་ཀྱང་དད་གུས་ཆེན་པོས་ཁོང་ལ་ཁྱེད་གཡུ་ཁོག་རྒྱ་ཚང་གི་བླ་མ་ཞིག་གི་ཡང་སྲིད་རེད་སྙམ་པ་འདུག་པས་ཉི་གྲགས་ལྷ་མོའི་གསོལ་ཁ་ཆགས་མེད་མཛོད་སོགས་གསུངས། དེ་ནས་ཡིད་ལྷུང་རི་ཁྲོད་དུ་མཁན་ཆེན་ཟླ་བའི་འོད་ཟེར་གྱི་མདུན་དུ་ཕེབས་ནས་ཟབ་ཆོས་གསན། དེ་རྗེས་མཁན་ཆེན་དམ་པའི་རྗེས་སུ་འབྲང་ནས་ཤྲཱི་སེང་ཆོས་གྲྭར་སྤྱོད་འཇུག་དང་། མི་ཕམ་མཁས་འཇུག་སོགས་གཞུང་ལུགས་དུ་མར་གསན་བསམ་ཉམས་བཞེས་མཛད། དགུན་དུས་སུ་ཡིད་ལྷུང་རི་ཁྲོད་དུ་བཞུགས། མཁན་ཆེན་དམ་པ་སྐུ་གཤེགས་རྗེས་གསེར་ལྗོངས་ལི་མདོར་བྱ་བྲལ་བླ་མ་ཆོས་དབྱིངས་ཁྱབ་བརྡལ་གྱི་མདུན་དུ་བགྲང་བྱ་བརྒྱད་ཙམ་ལ་བཞུགས་ནས་ཀུན་མཁྱེན་རོང་ཀློང་གཉིས་དང་། འཇམ་མགོན་མི་ཕམ། བོད་སྤྲུལ་སོགས་ཀྱི་གསུང་སྐོར་མདོ་སྔགས་ཀྱི་གཞུང་ལུགས་ཀུན་ལ་གསན་སྦྱང་མཛད། བྱ་བྲལ་བླ་མས་ཀྱང་གཡུ་ཁོག་བསོད་དགའ་འདི་སྤྲུལ་སྐུ་ཞིག་རེད་ཟེར་གྱིན་འདུག མི་གཞི་བཟང་བ་སོགས་གང་ཐད་ནས་མ་འོངས་པར་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ངེས་རེད་ཅེས་བསྔགས་བརྗོད་གནང་། དེ་ནས་མགོ་ལོག་ཏུ་ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེའི་མདུན་དུ་ཕེབས་ནས་མན་ངག་གདམས་ཁྲིད་དུ་མ་མནོས། གཡུ་རོང་བླ་མ་རིག་འཛིན་རྒྱ་མཚོ་ལས་རྒྱ་སྤྲུལ་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གསན། རྒྱལ་རོང་འབར་ཁམས་ཕྱོགས་ཀྱི་ལོ་ཆེན་བཻ་རོའི་སྒྲུབ་ཕུག་ཏུ་ཡུན་རིང་སྒྲུབ་པ་ཉམས་བཞེས་མཛད། གཡུ་དགོན་གྱི་བསྟན་པའི་མངའ་བདག་འཇམ་དབྱངས་ལུང་རིག་རྒྱ་མཚོས་རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས་དཔལ་བཟང་ལ་རྒྱ་སྤྲུལ་ལུང་རིག་གླིང་པའི་ཡང་སྲིད་ངོས་འཛིན་བརྟགས་ལུང་ཐེངས་འགའ་ཞུས་པས་གནས་སྐབས་སྐྱུར་ཞོག་གསུངས། ཐེངས་ཤིག་གཡུ་དགོན་གྱི་གྲྭ་བཙུན་འགའི་མཚན་ཐོ་བྲིས་ནས་འདི་དག་གི་ནང་དུ་རྒྱ་སྤྲུལ་ཨེ་འདུག་ཞུས་པས། ད་རུང་སྐྱུར་ཞོག་གསུངས་ནས་མཚན་ཐོ་རྣམས་མེར་བསྲེགས། དེ་རྗེས་མཆོག་སྤྲུལ་རྟ་ཁྱུང་གིས་བླ་མ་འཇམ་དབྱངས་ལ་ཁྱེད་རྡོ་གྲུབ་དང་འབྲེལ་བ་ཟབ་པས་བསོད་དགའ་འདི་ལ་ཐུགས་བརྟགས་ཀྱིས་སོགས་ནང་གཏམ་མཛད་པ་ལྟར། བླ་མ་འཇམ་དབྱངས་ཀྱིས་ཁོང་ཁྲིད་ནས་རྡོ་གྲུབ་རིན་པོ་ཆེའི་མདུན་དུ་ཕེབས་ཏེ་ལོ་རྒྱུས་ཞུས་པས། རྡོ་གྲུབ་གྱིས། ད་རེས་ཁྱོད་ཀྱིས་གོ་ཆོད་འདུག ང་ཕྱི་རྒྱལ་ནས་འོང་བ་ཞིག་གིས་སྤྲུལ་སྐུ་ངོས་འཛིན་བྱེད་ཆོག་པ་མ་རེད་མོད། ཁོང་གི་མཚན་ལ་ལུང་རྟོགས་ཆོས་ཀྱི་ཉི་མ་ཐོགས། ད་ནི་དགོན་པའི་ཕྱག་ལས་ཁོང་ལ་གཏོད། ཁྱེད་རང་གིས་སྒྲུབ་པ་ཉམས་ལེན་གྱིས་སོགས་གསུངས་པ་ལྟར་རྒྱ་བླ་བྲང་དུ་ཁོང་ལ་ན་བཟའ་གསོལ་བ་སོགས་སྐུ་བདག་མཛད། སླར་གཡུ་དགོན་དུ་བླ་སྤྲུལ་སེར་སྐྱ་ཡོངས་ཀྱི་རེ་འདུན་གཅིག་གྱུར་གྱིས་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་གི་བསྟན་པའི་བདག་པོར་མངའ་གསོལ། ཡ་ཆེན་སྒར་དུ་ཕེབས་སྐབས་གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱིས། དེང་སང་ཆོས་དང་ཆོས་མིན་འདྲེས་པའི་དུས་ངན་གྱི་མར་གཤམ་འདིར། ཁྱེད་ལྟ་བུའི་འབྲེལ་ཚད་དོན་ལྡན་གྱི་སྐྱེས་བུ་བཞུགས་པ་ཅི་འདྲའི་ངོ་མཚར་ཆེ་ཞེས་སོགས་བསྔགས་བརྗོད་གནང་། ཐབས་ལ་མཁས་པའི་མཛད་ཚུལ་དུ་མའི་སྒོ་ནས་རྟེན་དང་བརྟེན་པའི་གཙུག་ལག་ཁང་མཐའ་སྐོར་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་དང་། བཤད་སྒྲུབ་བསྐྱར་བཞེངས། དགེ་འདུན་འདུས་པའི་བཞུགས་ཤག་སོགས་གསར་བཞེངས་ཀྱི་ཐུགས་བཀོད་མཛད། གཡུའི་ཆོས་དུང་ཐང་དུ་རྣམ་གྲོལ་བདེ་ཆེན་གླིང་གསར་དུ་བཞེངས་ནས་གཞི་རྒྱ་ཆེ་བའི་སྒོ་ནས་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ལོ་ལྟར་འཚོགས་དང་འཚོགས་བཞིན་པ་དང་། གཞན་ཡང་གནས་ལུང་དཔལ་གྱི་རི་བོར་རྟེན་གསུམ་གསར་བཞེངས་ཀྱིས་གནས་རྒྱ་བསྐྱེད་ཅིང་ཕྱི་སྐོར་དང་བར་སྐོར་ལམ་གསར་དུ་ཕྱེས་པ་དང་། ཁྱད་པར་ཅོག་སྤྲུལ་འཇིགས་མེད་ངེས་གསང་སྙིང་པོའི་མ་འོངས་ལུང་བསྟན་དུ། དབྱིངས་བརྡ་སྦྱོར་མཁའ་འགྲོའི་བརྡ་སྐད་ཀྱིས༔ དུས་སྙིགས་མ་ཡི་བསྐལ་པའི་གསང་གཏམ་ཤར༔ ལོ་ཐ་ངན་དང་མུ་གེ་དགྲ་འཁྲུགས་འོང་༔ འབྱུང་ངེས་པ་ནི་པདྨའི་ལུང་བསྟན་ཡིན༔ འདི་བཟློག་ཐབས་བདུད་འདུལ་མཆོད་རྟེན་དང༔ རྣམ་རྒྱལ་དང་རྡོ་རྗེ་གཞོན་ནུའི་ལྷ༔ རྩེགས་གསུམ་བཞི་དང་ལྔ་དྲུག་ཡོད་པ་རེ༔ སྨད་དར་མདོ་དང་ལི་ཐང་ཉག་རོང་དང་༔ རོང་ཚ་ཤོད་དང་གཡུ་ཁོག་རྒྱལ་རོང་དང་༔ ཤར་འཛམ་ཐང་དང་རྨ་ཆེན་ཆུ་མདོ་བརྒྱད༔ ཞལ་མདོ་སྨད་ལ་གཟིགས་ཏེ་བཞེངས་ན་ལེགས༔ ཞེས་སོགས་སྙིགས་མའི་རྒུད་པ་བཟློག་པའི་ལུང་བསྟན་དག་གི་དགོངས་དོན་ལྟར་གཡུའི་འཁྱིལ་ཆེན་མདོ་མཁའ་དབྱིངས་ཆོས་འབྱུང་ཐང་དུ་ཕུར་པ་དམ་སྲི་ཚར་གཅོད་ཀྱི་སྒོ་ནས་རྡོ་ཀ་མ་རུ་པ་ལས་གྲུབ་པའི་བདུད་འདུལ་མཆོད་རྟེན་ཆེན་མོ་མཐའ་སྐོར་མཆོད་རྟེན་བརྒྱ་རྩས་བསྐོར་བ་གསར་དུ་བཞེངས་པ་དང་། གཡུ་རོང་སྦས་གནས་ཀྱི་གནས་རྒྱ་བསྐྱེད་ཅིང་རྟེན་གསུམ་བཞེངས་བསྐྲུན་མཛད། དགུན་དུས་རྣམས་སུ་སྐུ་མཚམས་ལ་བཞུགས་པ་སོགས་བསྟན་དང་འགྲོ་ལ་སྨན་པའི་ཕྱག་ལས་རྒྱ་ཆེན་གནང་བཞིན་བཞུགས་པ་ལགས་སོ།། སླད་མའི་ཆར་ཡང་མཆོག་སྤྲུལ་རིན་པོ་ཆེ་དེ་ཉིད་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་འདྲེན་པའི་དེད་དཔོན་ཆེན་པོར་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་གདུལ་བྱ་དང་ཕྲིན་ལས་ཕྱོགས་མེད་དུ་རྒྱས་པ་སོགས་ཐུགས་ཀྱི་བཞེད་དོན་མཐའ་དག་དེ་དེ་བཞིན་དུ་འགྲུབ་པའི་སྨོན་འདུན་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།།

མཁན་རབས་ནོར་བུའི་ཕྲེང་བའི་རྣམ་ཐར་བཤད་པ།

མཁན་རབས་དང་པོ་རྫོགས་ཆེན་མཁན་པོ་འོད་ལུ་ནི།

ཡབ་འབྲོག་རུ་ཨ་གྲོའི་རིགས་ཀྱི་མགར་བ་ཉི་ལོ་དང་། མ་ཡུམ་སྤུ་རིས་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ཁམས་རྫོགས་ཆེན་འབྲོག་རུ་ལྷ་སྡེར་སྐུ་འཁྲུངས། མཚན་འོད་ཟེར་མཐའ་ཡས་སུ་འབོད། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལས་རབ་ཏུ་བྱུང་ཞིང་གདན་ས་ཆེན་མོའི་ཀློག་གྲྭ་ལ་ཞུགས། བཅའ་རྡུང་དབྱངས་རོལ་སོགས་མཐོང་བརྒྱུད་ཀྱི་ཕྱག་བཞེས་མཐའ་དག་ལ་མཁས་པའི་ཚད་དུ་གྲགས། དགུང་གྲངས་ཉི་ཤུའི་དུས་དཔལ་སེང་གེ་རིའི་ཆོས་གྲྭ་ཆེན་མོར་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་ལས་བསྙེན་པར་རྫོགས་ཤིང་། རྒྱ་གཞུང་བཅུ་གསུམ་ཆ་ལག་དང་བཅས་པ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གཞུང་ཀུན་ལ་གསན་བསམ་ཉམས་བཞེས་མཛད། ཕྱོགས་ཀྱི་བུ་དགོན་དུ་མར་མཁན་ཚབ་ཏུ་ཕེབས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་སྤེལ་བ་སོགས་མཛད། གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོས་གཡུ་དགོན་དུ་རྒྱུན་བཞུགས་ཀྱི་བཤད་གྲྭ་བཙུགས་པའི་དུས་རྗེ་འདི་ཉིད་གདན་དྲངས་པ་ལྟར་མཁན་རབས་དང་པོའི་ཆོས་ཁྲིར་བཞུགས་ཏེ་མདོ་སྔགས་རིག་གཞུང་དུ་མ་འཆད་ཁྲིད་མཛད། སླར་ཡང་རུ་དམ་རྫོགས་ཆེན་དུ་དགོན་གཞུང་ལས་ཐོག་མཁན་པོའི་ལོ་གསུམ་གྱི་འགན་བཞེས་མཐར་སྐུ་གཤེགས་པར་ཐོས་སོ།།

མཁན་རབས་གཉིས་པ་ཁྱི་ཤུལ་མཁན་པོ་ཀུན་དགའ་བརྩོན་འགྲུས་ནི།

ཡབ་ཁྱི་ཤུལ་བཀྲ་ཚེ་དང་། ཡུམ་ཨ་འཛིའི་བ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་རྟ་༼༡༨༧༠ ༡༩༥༠༽ལོར་གཡུའི་ཆུ་དབར་ཁོག་ཏུ་གཡུ་ཁོག་བྱ་བྲལ་བའི་གཅེན་དུ་སྐུ་འཁྲུངས། དགུང་གྲངས་ནར་སོན་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས་ཏེ་ཐུན་མོང་གཙུག་ལག་གི་རིག་གཞུང་བརྡ་སྤྲོད་སྙན་ངག་ནས་བཟུང་། ཐུན་མིན་མདོ་སྔགས་མན་ངག་གི་བཤད་ཁྲིད་རྣམས་ཐོས་བསམ་བསྒོམ་པས་ཐུགས་ཉམས་སུ་བཞེས། གཏོར་མ་བཅའ་བཟོ། དཀྱིལ་འཁོར་གྱི་ཐིག་རྡུལ། གར་འཆམ་དབྱངས་རོལ་སོགས་མཐོང་བརྒྱུད་ཕྱག་ལེན་ཐམས་ཅད་ལ་མཁས་པར་སྦྱངས། རྫོགས་ཆེན་དགོན་གཞུང་དུ་དགུ་ཆེན་གྱི་ལས་ཐོག་དབུ་མཛད་དང་། ཤྲཱི་སེང་དུ་བགྲང་བྱ་དུ་མར་གཞུང་ཆེན་འཆད་ཁྲིད་མཛད། གསེར་ཡག་ཡེ་སྒར་དུ་སྐུ་མཆེད་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་ཀྱང་ཟབ་ཆོས་གསན། རྒྱ་རྗེ་གྲུབ་ཐོབ་རྡོ་རྗེ་དོན་གྲུབ་ཀྱི་མདུན་དུ་ཕེབས་དུས་གྲུབ་ཐོབ་པས་སྒྲུབ་ཕུག་གི་ནང་དུ་གཟིགས་ནས་ཁྱབ་བདལ་དགོངས་པ་གུད་དུ་བཅད་པ་དང་། ཞེས་ལན་འགའ་གསུངས་པས་རིག་སྟོང་ཟང་ཐལ་རྗེན་པའི་རང་ཞལ་མངོན་དུ་གྱུར་བ་དང་། གཏེར་ཆེན་ལས་རབ་གླིང་པའི་མདུན་དུ་ཕེབས་དུས་སྒྲུབ་ཆེན་ཞིག་གི་དབུ་བཞུགས་མཛད་སྐབས་དང་ཁེལ་བས། ལས་གླིང་གིས་ནང་མཆོད་བདུད་རྩི་ རྡོ་རྗེས་དཀྲུགས་པས་བདུད་རྩི་ཁོལ་བར་གྱུར་པ་ཁོང་ལ་གཏད་པ་ལྷག་མེད་དུ་གསོལ་བས་བརྗོད་མེད་ཀྱི་ཉམས་སྐྱེས་པར་གསུངས། གཏེར་ཆེན་ལས་རབ་གླིང་པའི་སྐུ་སྲས་ཀྱི་ཡོངས་འཛིན་མཛད་ནས་ཡུན་རིང་བཞུགས། ཕྱིས་སུ་གཡུ་མཁར་དགོན་དུ་ཕེབས་ནས་མཁན་རབས་གཉིས་པའི་ཆོས་ཁྲིར་བཞུགས་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་། འདུས་པའི་སྡེ་ཆེན་པོར་མདོ་སྔགས་མན་ངག་གི་འཆད་ཁྲིད་མཛད། དགུ་ཆེན་གྱི་དབྱངས་རོལ་སོགས་མཐོང་བརྒྱུད་ཀྱི་ཕྱག་སྲོལ་ཀུན་ལ་དག་ཐེར་མཛད། གཡུ་ཁོག་ཏུ་དུད་ཁྱིམ་ཞིག་ལ་ཚེ་སྒྲུབ་གསུངས་སྐབས་ཚེ་མདའ་སོར་དོ་བསྲིངས་བ་སོགས་གྲུབ་པའི་རྟགས་མཚན་མངའ། ཡོངས་གྲགས་སུ་ཁྱི་ཤུལ་ཀུ་ལོ་ཞེས་མཚན་དུ་འབོད། དུས་རྒྱུན་གཡོ་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་ནས་དགུང་གྲངས་གྱ་གཅིག་བཞེས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་ལོར་ཞི་བའི་དབྱིངས་སུ་མནལ་བར་མཛད་དོ།།

མཁན་རབས་གསུམ་པ་ཨ་ཚབ་མཁན་པོ་བསོད་ནམས་སེང་གེ་ནི།

རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་༼༡༨༧༢ ༡༩༥༩༽ལོར་གཡུ་ཁོག་ཏུ་ཨ་ཚབ་ཀྱི་རིགས་སུ་བལྟམས། གླག་བྲག་རྫོང་དགོན་དུ་གླག་བླ་བསོད་ནམས་ཆོས་འགྲུབ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལ་སྦྱང་བ་མཛད་ཅིང་མཁས་པའི་གོ་འཕང་ཐོབ། འཇམ་མགོན་མི་ཕམ་རྒྱ་མཚོ་ལས་རྒྱབ་ཆོས་པད་དཀར་སོགས་གསན། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་ངེས་གསང་རྫོགས་ཆེན་མན་ངག་གི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བསྟར། གཡུ་མཁར་ཆོས་གྲྭའི་མཁན་རབས་གསུམ་པའི་ཆོས་ཁྲི་ལ་བཞུགས་ཤིང་གཞུང་ཆེན་རྣམས་ཀྱི་འཆད་ཁྲིད་མཛད། གཡུ་སྙིང་དབེན་པའི་རི་བོར་སྒྲུབ་པ་ཉམས་བཞེས་མཛད་ཅིང་བགྲང་བྱ་དུ་མར་སྐུ་མཚམས་ལ་བཞུགས། དགུང་གྲངས་བརྒྱད་ཅུ་གྱ་བརྒྱད་བཞེས་པ་ས་ཕག་ལོར་དུས་འགྱུར་གྱི་མནར་གཅོད་འོག་སྐུ་ཞི་བར་གཤེགས་སོ།།

མཁན་རབས་བཞི་པ་རྫོགས་ཆེན་མཁན་པོ་ཆོས་ཚ་ནི།

ཡབ་ཚེ་རིང་རྒྱལ་མཚན་དང་། ཡུམ་ཁྱི་མོ་གཉིས་ཀྱི་སྐྱེད་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་ནང་ཁམས་རྫོགས་ཆེན་དུ་སྐུ་འཁྲུངས། མཚན་དངོས་ལ་བསྟན་འཛིན་ཆོས་བཟང་ཞེས་གྲགས། སྐུ་ན་ཆུང་དུས་ནས་ཁུ་བོ་བླ་མ་ཞིག་ཡོད་པའི་མདུན་ནས་ཡི་གེའི་སྦྱོར་ཀློག་སོགས་ལ་མཁས་པར་སྦྱངས། དགོན་གཞུང་གི་ཚོགས་གྲལ་དུ་བཞུགས་ནས་འདོན་དབྱངས་གདངས་གསུམ། བཅའ་རྡུང་འབུད་གསུམ། གར་འཆམ་ཐིག་ཚོན་སོགས་མཐོང་བརྒྱུད་ཕྱག་བཞེས་མཐའ་དག་ལ་མཁས་པའི་ཡང་རྩེར་སོན། དགུང་གྲངས་ཉེར་གཉིས་ནས་ཤྲཱི་སེང་ཆོས་གྲྭ་ཆེན་མོར་མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན་སོགས་ལས་མདོ་དང་སྔགས་ཀྱི་ཆོས་ཚུལ་མཐའ་དག་ལ་གསན་བསམ་ཉམས་བཞེས་མཛད། རྫོགས་སྤྲུལ་ལྔ་པ་ལས་སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་རྒྱབ་བརྟེན་སྤྱི་དང་། མན་ངག་གི་ཁྲིད་ཡིག་རྣམས་མནོག་ཆོས་སུ་བཞེས། དགུང་གྲངས་སུམ་ཅུ་ཙམ་ནས་ཕྱོགས་ཀྱི་དགོན་ལག་རྣམས་སུ་མཁན་ཚབ་ཏུ་ཕེབས། རྒྱ་ཆོས་རིས་ཐུབ་བསྟན་བྱང་ཆུབ་རྡོ་རྗེས་གཡུ་མཁར་བཤད་གྲྭར་གདན་ཞུ་མཛད་པ་ལྟར་མཁན་རབས་བཞི་པའི་ཁྲི་ལ་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་དང་། མཐོང་བརྒྱུད་ཕྱག་བཞེས་ཁག་ལ་དག་ཐེར་མཛད། དགུང་གྲངས་ལྔ་བཅུ་ཙམ་གྱི་དུས་རྫོགས་ཆེན་དགོན་གཞུང་དང་། ཤྲཱི་སེང་ཆོས་གྲྭའི་ལས་ཐོག་མཁན་པོར་བསྐོས་ཏེ་གཞུང་ཆེན་ཁག་འཆད་ཁྲིད་མཛད། དེ་ལྟར་ཐོས་བསམ་བསྒོམ་གསུམ་དང་། འཆད་རྩོད་རྩོམ་པའི་མཛད་ཕྲིན་རྒྱ་ཆེར་བསྐྱངས་མཐར་དུས་འགྱུར་གྱི་ཟིང་འཁྲུགས་ཁྲོད་སྐུ་གཤེགས།

མཁན་རབས་ལྔ་པ་ལ་ཟའི་མཁན་པོ་དོན་གྲུབ་དབང་རྒྱལ་ནི།

ཡབ་ལ་ཚགས་དང་། ཡུམ་ཝ་ཤུལ་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་བྱ་༼༡༩༠༩ ༡༩༥༩༽ལོར་སྐུ་འཁྲུངས། གཡུ་མཁར་བཤད་གྲྭར་བཞུགས་ནས་རྫོགས་ཆེན་མཁན་འོད་ལུ་སོགས་ལས་གཞུང་ཆེན་ཁག་ལ་ཐོས་བསམ་མཛད། དེ་རྗེས་བྲོས་བྱོལ་གྱིས་རུ་དམ་རྫོགས་ཆེན་དགོན་དང་དཔལ་སེང་གེ་རིའི་ཆོས་གྲྭར་ཕེབས་ཏེ་རྫོགས་སྤྲུལ་ལྔ་པ་དང་། མཁན་ཆེན་ཐུབ་སྙན། ཡབ་རྗེ་ངག་དབང་ནོར་བུ་སོགས་ལས་བཀའ་གཏེར་གྱི་དབང་དང་། གཙུག་ལག་རྒྱ་མཚོ་གསན་བསམ་བསྒོམ་པས་ཉམས་བཞེས་གནང་། གཡུ་མཁར་ཆོས་གྲྭའི་མཁན་རབས་ལྔ་པའི་ཁྲི་ལ་བཞུགས་ནས་འཆད་ཁྲིད་རྒྱ་ཆེར་སྤེལ། ཆོ་ག་ཕྱག་བཞེས། དབྱངས་རོལ་འདོན་རྟ་སོགས་ལ་མཁས་པའི་ཚད་དུ་གྲགས། དགུང་གྲངས་ང་གཅིག་བཞེས་པ་ས་ཕག་ལོའི་ཟིང་འཁྲུག་ཁྲོད་སྐུ་གཤེགས།

མཁན་རབས་དྲུག་པ་རི་ཤུལ་མཁན་པོ་རིག་བྱེད་རྡོ་རྗེ་ནི།

རབ་བྱུང་བཅོ་ལྔ་པའི་ཆུ་གླང་༼༡༩༡༣ ༡༩༦༢༽ལོར་ཡབ་རི་རྒྱན་དང་། མ་གསེར་ཁའི་བུ་མོ་ཞིག་གི་སྲས་སུ་སྒེག་ཁོག་ཏུ་འཁྲུངས། ཕ་མ་ཆུང་དུས་ནས་གྲོང་བས་སྲིང་མོ་ཞིག་གིས་གཉོར་སྐྱོང་བྱས། ཆུང་དུས་ནས་བྱམས་དང་སྙིང་རྗེ་ལྡན་པ། ཆོས་ལ་སེམས་པ་ཞིག་ཡིན་ཞིང་ཡི་གེ་འབྲི་ཀློག་རང་སྦྱོང་ཁོ་ན་བྱས། ཕྱུགས་འཚོ་བའི་ཞོར་དུ་བུད་ཤིང་ཁུར་བོ་རེ་བཏུས་ན་སྲིང་མོས་དཀར་མེའི་དོད་མར་རིལ་རེ་སྦྱིན་པ་དང་། ཕྱུགས་མ་ཚང་བའམ་བུད་ཤིང་མ་བཏུས་ཚེ་མར་རིལ་མེད་པས་གསོལ་རྩམ་ནང་གི་མར་ཟུར་དུ་ཕྱུང་ནས་མར་མེ་བྱེད་པའམ། བུད་ཤིང་ལྷག་པོ་བཏུས་པའི་མེ་འོད་སོགས་ལ་བརྟེན་ནས་ཡི་གེ་ཀློག་འདོན་སྦྱང་བར་མཛད། དགུང་གྲངས་བཅོ་བརྒྱད་སྟེང་ལྷ་ས་སོགས་དབུས་གཙང་གི་གནས་ཆེན་རྣམས་མཇལ་སྐོར་བྱས། རྫོགས་ཆེན་མཁན་འོད་ལུའི་དུས་གཡུ་མཁར་བཤད་གྲྭར་བཞུགས་ནས་ཐོས་བསམ་མཛད། དེ་ནས་རྒྱ་ཤུལ་གཡུ་རིས་དང་ལྷན་དུ་རྫོགས་ཆེན་ལ་ཕེབས་ཏེ་མཁན་ཆེན་ཐུབ་བསྟན་སྙན་གྲགས། ཡབ་རྗེ་ངག་དབང་ནོར་བུ། མཁན་པོ་ཆོས་ཚ་སོགས་ལས་མདོ་སྔགས་རིག་གཞུང་ཀུན་ལ་གསན་བསམ་དཀྱུས་ཕྱིན་མཛད། སྐྱུར་ཆུར་ཅུང་ཟད་རེ་གསོལ་ཞིང་མཚན་མོ་ཟླ་འོད་ཀྱི་ངོགས་དང་། ཤིང་ཐུར་ལ་མེ་བསྒོས་པའི་གསལ་འོད་ཀྱིས་ཡིག་ཕྲེང་འདེད་པ་སོགས་ཀྱི་དཀའ་སྤྱད་དང་སྙིང་རུས་ལ་བརྟེན་ནས་དཔེ་གཟིགས་མཛད། གཡུ་ཁོག་བྱ་བྲལ་བའི་མདུན་ནས་གསང་བ་མན་ངག་གི་སྐོར་རྣམས་ཐུགས་ཉམས་སུ་བཞེས། གཡུ་སྙིང་དབེན་རིར་སྐུ་མཚམས་བཅད་རྒྱར་བཞུགས། གཡུ་མཁར་ཆོས་གྲྭའི་མཁན་རབས་དྲུག་པའི་ཁྲི་ལ་བཞུགས་ཏེ་གཞུང་ཆེན་ཁག་དང་རིག་གནས་སོགས་འཆད་སྤེལ་མཛད། གཡུ་ཁོག་ཀོང་སྤྲུལ་ལས་རྒྱལ་བའི་བཀའ་འགྱུར་ཆེན་མོའི་བཀླག་ལུང་གསན། དེ་ནས་སླར་རྫོགས་ཆེན་དུ་ཕེབས་ནས་ཤྲཱི་སེང་ཆོས་གྲྭའི་ཐོས་བསམ་པ་ཡོངས་ལ་གསོལ་འགྱེད་ཕུལ། མི་ཉག་རྩ་ར་མཁན་པོ་ཐུབ་བསྟན་ཆོས་ཀྱི་གྲགས་པ་ཆུ་དབར་ཏཱ་རེའི་གནས་སུ་གདན་དྲངས་ནས་ཁོང་དཔོན་སློབ་ཡུན་རིང་སྐུ་མཚམས་ལྟ་བུར་བཞུགས་ཤིང་། དེའི་ཞོར་དུ་མདོ་སྔགས་ཀྱི་ཆོས་ཚུལ་དུ་མར་འཆད་ཉན་མཛད། ཀོང་སྤྲུལ་གྱིས་ཨ་ཚབ་ཀྱི་བླ་བྲང་བཤད་གྲྭའི་གཙུག་ལག་ཁང་དུ་བསྒྱུར་སྐབས་སླར་ཡང་བགྲང་བྱ་གསུམ་གྱི་རིང་ལས་ཐོག་མཁན་པོའི་འགན་བཞེས། དེ་རྗེས་ཡབ་རྗེ་ངག་དབང་ནོར་བུ་གཡུ་ཁོག་ཏུ་ཕེབས་པའི་ཞབས་ཕྱི་བྱས། ཆིབས་པ་སྤང་བ་དང་རྒྱུན་དུ་གུང་ཚིགས་མཛད་པ་སོགས་དམ་པའི་རྣམ་ཐར་ལྷུར་བླངས། ཁྱིམ་གྱི་རྟ་ནོར་ཕལ་ཆེར་བཤད་གྲྭའི་ཐེབས་རྩར་ཕུལ་ཏེ་ཏཱ་རེའི་གནས་སུ་སྒྲུབ་ལ་གཞོལ། དུས་འགྱུར་སྐབས་མནར་གཅོད་སྣ་ཚོགས་ཐེབས་ཤིང་རྟའུ་ཁྲིམས་ཁང་དུ་ཚུད། དགུང་གྲངས་ལྔ་བཅུ་བཞེས་པ་ཆུ་སྟག་ལོ་སྐུ་གཤེགས།།

མཁན་རབས་བདུན་པ་ཝ་དགེ་མཁན་པོ་པདྨ་ཐེག་མཆོག་ནི།

རབ་བྱུང་བཅོ་ལྔ་པའི་ཆུ་གླང་༼༡༩༡༣ ༡༩༥༩༽ལོར་གཡུ་ཁོག་ཏུ་ཝ་དགེ་ཞེས་པའི་རིགས་སུ་སྐུ་འཁྲུངས། ཆུང་དུས་ནས་སྙིང་རྗེ་ཆེ་ཞིང་ཆོས་ལ་མོས་པ། སྨྲ་བ་ཉུང་ཞིང་ཐོས་བསམ་ལ་བརྩོན་པ་ཞིག་ཡིན་པས་བླ་མ་ཀུན་མཁྱེན་གྱིས་གསེར་སྐུ་ཆུ་འཐུང་དུ་བཏགས། བླ་མ་ཀུན་མཁྱེན་སོགས་ལས་ཟབ་ཆོས་དུ་མ་གསན། རྫོགས་ཆེན་དུ་གྲྭ་སར་ཕེབས་ཏེ་གཞུང་ལུགས་ཀུན་ལ་སྦྱང་བ་མཛད། གཡུ་མཁར་བཤད་གྲྭའི་མཁན་རབས་བདུན་པའི་ཆོས་ཁྲིར་བཞུགས་ཏེ་འཆད་ཁྲིད་མཛད། དགུང་གྲངས་ཞེ་བདུན་བཞེས་སྐབས་དུས་འགྱུར་གྱི་བརྡབ་གསིག་ཁྲོད་སྐུ་གཤེགས།

མཁན་རབས་བརྒྱད་པ་མོ་རྐང་མཁན་པོ་ལྷ་མཆོག་རྡོ་རྗེ་ནི།

རབ་བྱུང་བཅོ་ལྔ་པའི་ལྕགས་སྤྲེལ་༼༡༩༢༠ ༡༩༩༠༽ལོར་གཡུ་ཁོག་ཏུ་མོ་རྐང་སྒྲོལ་མ་ཚེ་རིང་གི་སྲས་སུ་འཁྲུངས། ཡི་གེ་འབྲི་ཀློག་སོགས་ཚེགས་མེད་དུ་མཁྱེན། དགུང་གྲངས་ནར་སོན་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས་ནས་མཁན་ཆེན་ཐུབ་བསྟན་སྙན་གྲགས། འཇིགས་མེད་ཡོན་ཏན་མགོན་པོ། པདྨ་ཐེག་མཆོག་བློ་ལྡན། ཡབ་རྗེ་ངག་དབང་ནོར་བུ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་མཛད། མཚན་མོ་ཟླ་འོད་དང་ཤིང་ཐུར་ལ་མེ་བསྒོས་པའི་འོད་ཀྱིས་ཡིག་ཕྲེང་དེད་ནས་དཔེ་གཟིགས་མཛད་པ་སོགས་དཀའ་སྤྱད་དཔག་མེད་མཛད་པས་མཁན་ལྷ་རྒྱལ་གྱིས་གསོལ་རྒྱགས་གནང་བ་སོགས་མཛད། ཀུན་གཟིགས་བོད་པ་སྤྲུལ་སྐུ་ལས་མི་ཕམ་བཀའ་འབུམ་སོགས་གསན། འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། རྫ་སྟོད་དུ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུའི་མདུན་བགྲང་བྱ་དུ་མའི་རིང་ཟབ་ཆོས་གསན། དེའི་རིང་ཐུབ་དགའ་རིན་པོ་ཆེས་ལྟོ་གོས་ཆོས་གསུམ་གྱི་བཀའ་དྲིན་བསྩལ། རྫོགས་སྤྲུལ་དྲུག་པས་མཁན་ཞྭ་དང་རྡོ་དྲིལ་སོགས་གནང་ནས་མཁན་པོའི་མཚན་གནས་ཕུལ། གཡུ་མཁར་བཤད་གྲྭའི་མཁན་རབས་བརྒྱད་པའི་ཆོས་ཁྲིར་བཞུགས་ནས་གཞུང་ཆེན་ཁག་གི་འཆད་ཁྲིད་ཀྱིས་སློབ་ཚོགས་བསྐྱངས། དགུང་གྲངས་དོན་གཅིག་བཞེས་པ་ལྕགས་རྟ་ལོའི་དགུན་ཟླ་ར་བའི་ཚེས་ཉེར་བཞིའི་ཕྱི་དྲོར། གཟིམ་ཁང་གཙང་སྦྲ་དང་། མཆོད་པ་བཤམས་བཀོད་ཁོང་རང་ཉིད་ཀྱིས་མཛད་ནས་ཚེས་ཉེར་ལྔའི་ཐོ་རངས་ཁར། སྐུ་ལ་ཆོས་གོས་མནབས། ཞབས་ཕྱེད་སྐྱིལ་གྱིས་སྐུ་དྲང་པོར་བསྲང་ནས་ཞི་བར་གཤེགས་སོ། །

མཁན་རབས་དགུ་པ་ཨ་ཚབ་མཁན་པོ་དོན་གྲུབ་ཚེ་རིང་ནི།

ཡབ་ཁྱ་ཀར་དང་། མ་ཡུམ་ཨ་ཚབ་བཟའ་ཁུས་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་༼༡༩༡༤ ༡༩༩༩༽ལོར་སྐུ་འཁྲུངས། སྐུ་ན་ཆུང་དུས་སུ་གཡུ་དགོན་དུ་ཆོས་ཞུགས་མཛད་ཅིང་རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། གསེར་ཡག་ཡེ་སྒར་དུ་པཎ་ཆེན་བི་མའི་རྣམ་རོལ་གཡུ་ཁོག་བྱ་བྲལ་བའི་ཆོས་སྒར་དུ་ཕེབས་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གཞུང་སྤྱི་དང་། གསང་བ་མན་ངག་གི་ཆོས་སྐོར་རྣམས་ལ་གསན་བསམ་ཉམས་བཞེས་མཛད་པས་གཡུ་ཁོག་དོན་ཚེ་ཞེས་མཁས་པའི་ཚད་དུ་གྲགས། བོད་སྤྲུལ་བསྟན་པའི་ཉི་མ་ལས་ཟབ་ཆོས་གསན། གཡུ་ཁོག་བླ་མའི་བཀའ་གསུང་ལྟར་གསེར་ཡག་སྒང་དུ་འདུས་པའི་སྡེར་གཞུང་ལུགས་དུ་མ་འཆད་ཁྲིད་མཛད། དགུང་གྲངས་བཞི་བཅུ་ཙམ་དུ་གཡུ་མཁར་ཆོས་གྲྭའི་མཁན་རབས་དགུ་པའི་འོས་འགན་བཞེས་ཤིང་མདོ་དང་སྔགས་ཀྱི་ཆོས་ཚུལ་དུ་མ་འཆད་ཁྲིད་ཀྱིས་སློབ་ཚོགས་བསྐྱངས། སི་ཁྲོན་བོད་ཡིག་སློབ་གྲྭ་རྟའུ་རུ་བཙུགས་སྐབས་གཟན་དཀར་རིན་པོ་ཆེའི་བཀའ་གསུང་ལྟར་མི་ལོ་དུ་མའི་རིང་དགེ་རྒན་གྱི་ཕྱག་ལས་གནང་། གཡུ་དགོན་བཤད་གྲྭ་བསྐྱར་ཚུགས་སྐབས་སླར་ཡང་ཆོས་གྲྭའི་མཁན་པོ་མཛད་ནས་འཆད་ཁྲིད་རྒྱ་ཆེར་བསྐྱངས། དགུང་གྲངས་གྱ་དྲུག་བཞེས་པ་ས་ཡོས་ཧོར་ཟླ་གསུམ་པའི་ཚེས་ཉི་ཤུའི་དགུང་མོ་ཧོར་བྲག་འགོ་ཤ་ར་ཐང་དུ་ཉེ་གནས་ལ་གཟན་དཀར་རིན་པོ་ཆེས་ལྗགས་ཀློག་མཛད་པའི་བར་དོ་དྲུག་ཁྲིད་ཀྱི་སྒྲ་ཐག་སྒྲོག་དུ་བཅུག སྒྲ་ཐག་མཇུག་ཏུ་འཕོ་བ་ཡོད་པའི་མཚམས་སུ་སླེབས་ཚེ་མཚམས་འཇོག་གྱིས་གསུངས། ཕྱི་ཉིན་ཞོག་པར་གཟིམ་མལ་དུ། ཙོག་པུར་བཞུགས་ནས། འཕོ་བའི་སྒྲ་ཐག་སྒྲོག་ཏུ་བཅུག་མཐར་དགོངས་པ་དབྱིངས་སུ་གཤེགས།

མཁན་རབས་བཅུ་པ་ཨ་ཚབ་མཁན་པོ་ཚེ་ལྷ་རིག་འཛིན་ནི།

ཡབ་ཨ་ཚབ་པདྨ་དང་། མ་ཡུམ་ཆབ་སྤེལ་སྒྲོན་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་རྟ་༼༡༩༡༨༽ལོར་གཡུ་ཁོག་ཏུ་འཁྲུངས། དགུང་གྲངས་ནར་སོན་སྐབས་རྫོགས་ཆེན་དུ་གྲྭ་སར་ཕེབས། མཁན་ཆེན་ཐུབ་བསྟན་སྙན་གྲགས་དང་། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ། ཡབ་རྗེ་ངག་དབང་ནོར་བུ་སོགས་ལས་མདོ་སྔགས་ཆོས་ཚུལ་རྒྱ་མཚོར་སྦྱང་བ་མཛད། འཇིགས་མེད་ཡོན་ཏན་མགོན་པོ་དང་། རྫོགས་སྤྲུལ་དྲུག་པ་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། རྫ་སྟོད་ལྕང་མ་རི་ཁྲོད་དུ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལས་ཟབ་ཆོས་གསན། དགུང་གྲངས་བཞི་བཅུའི་སྟེང་གཡུ་མཁར་ཆོས་གྲྭའི་མཁན་རབས་བཅུ་པའི་ཁྲི་ལ་བཞུགས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་རྒྱ་ཆེར་བསྩལ། དུས་འགྱུར་སྐབས་རྡེག་འཚོག་ཚབ་ཆེན་ཐེབས། རྟའུ་ཁྲིམས་ཁང་དུ་ཁྱེར་ནས་དུས་ནམ། ཇི་ལྟར་འདས་ཚུལ། སྐུ་གདུང་དང་བཅས་པ་མངོན་པར་མ་གྱུར་ཏོ།།

མཁན་རབས་བཅུ་གཅིག་པ་རུ་ཡོང་མཁན་པོ་བློ་ལྡན་ཤེས་རབ་ནི།

ཡབ་རུ་མགོན་དང་། མ་ཡུམ་གེ་བཟའ་དཔལ་ཆེན་ཆོས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་རྟ་༼༡༩༡༨ ༡༩༩༣༽ལོར་གཡུ་ཁོག་ཏུ་སྐུ་འཁྲུངས། དགུང་གྲངས་ནར་སོན་སྐབས་གཡུ་མཁར་བཤད་གྲྭར་བཞུགས་ནས་ལ་ཟི་མཁན་པོ་སོགས་ལས་ཟབ་ཆོས་ཅི་རིགས་པ་གསན། རབ་ཏུ་བྱུང་བའི་མཚན་ལ་ཐུབ་བསྟན་བློ་བཟང་མཐར་ཕྱིན་དུ་གྲགས། དེ་ནས་གསེར་ཡག་སྒང་དུ་གཡུ་ཁོག་བྱ་བྲལ་བའི་མདུན་ཕེབས་ནས་ཟབ་རྒྱས་ཀྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཐོས་བསམ་སྒོམ་པས་ཐུགས་ཉམས་སུ་བསྟར། གཡུ་ཁོག་བྱ་བྲལ་བས་རུ་ཡོང་བ་ལ་ས་ནག་ནང་དུ་མེ་ཏོག་འཁྲུངས་པ་བློ་ལྡན་འདི་ཡིན་གསུངས་ཤིང་ཐུགས་རྩིས་ཧ་ཅང་ཆེ། དུས་འགྱུར་ཆེན་མོའི་སྐབས་མནར་གཅོད་སོགས་མ་ཐེབས་པས་ནགས་གསེབ་དང་། བྲག་རྩ་སོགས་སུ་སྒྲུབ་པ་ཉམས་བཞེས་ལ་རྩེ་གཅིག་ཏུ་བརྩོན་པར་མ་ཟད་གུང་ཚིགས་ཀྱང་ཆགས་མ་མྱོང་གསུངས། བསྟན་པ་ཡང་དར་གྱི་སྐབས་སུ་གཡུ་དགོན་མཁན་རབས་བཅུ་གཅིག་པའི་འོས་འགན་བཞེས་ཤིང་ཨ་སྐྱིད་ལུང་པ་དང་། གཡུ་སྙིང་དབེན་པའི་རི་ཁྲོད་སོགས་སུ་དོན་གཉེར་ཅན་གྱི་སློབ་ཚོགས་ལ་ལོ་རེ་བཞིན་སྔོན་འགྲོ་ཀུན་བཟང་ཞལ་ལུང་དང་། སྔོན་འགྲོ་ཀུན་བཏུས། རྒྱལ་སྲས་ལག་ལེན། མདོ་མཛངས་བླུན་སོགས་ལན་དུ་མར་འཆད་ཁྲིད་མཛད། གཡུ་དགོན་དུ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་སྡོམ་རྒྱུན་སྤེལ། སྣོད་ལྡན་གྱི་སློབ་མ་རྣམས་ལ་ཚིག་གསུམ་གནད་བརྡེག་སོགས་གསང་བ་མན་ངག་གི་ཆོས་སྐོར་དང་། གཡུ་ཁོག་བྱ་བྲལ་བའི་འདས་མཆོད་དུ་དད་ལྡན་མང་ཚོགས་ལ་ལོ་ལྟར་བདེ་ཆེན་ཞིང་སྒྲུབ་འཚོགས་པ་སོགས་སྐུ་ཚེ་དང་མཛད་པ་མཐར་ཕྱིན་ཏེ། དགུང་གྲངས་དོན་དྲུག་བཞེས་པ་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོར། གཡུ་སྙིང་དབེན་པའི་རི་ཁྲོད་དུ་ཞི་བར་གཟིམ་པའི་ཚུལ་སྟོན་པར་མཛད་དོ།།

མཁན་རབས་བཅུ་གཉིས་པ་ཝ་ཤུལ་མཁན་པོ་སངས་རྒྱས་སྨན་བླ་སྐྱབས་ནི།

ཝ་ཤུལ་ཡོན་ལོ་དང་། མ་ཡུམ་ལྗིབ་ཉལ་མཁའ་འགྲོ་གཉིས་ཀྱི་སྐྱེད་ཁྱིམ་དུ་རབ་བྱུང་བཅོ་ལྔ་པའི་མེ་སྟག་༼༡༩༢༦ ༢༠༠༦༽ལོར་གཡུ་ཁོག་ཏུ་འཁྲུངས། རྫོགས་ཆེན་མཁན་པོ་ཆོས་ཚ་དང་། དོན་གྲུབ་དབང་རྒྱལ་གྱི་དུས་གཡུ་མཁར་བཤད་གྲྭར་ཆོས་ཞུགས་མཛད་ནས་ཐོས་བསམ་མཛད། རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། དགུང་གྲངས་ནར་སོན་སྐབས་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་ཕེབས་ནས་མཁན་ཆེན་ངག་དབང་ནོར་བུ་དང་། ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པདྨ་ཚེ་དབང་སོགས་ལས་མདོ་སྔགས་རིག་གནས་ཀུན་ལ་གསན་སྦྱང་དང་། སྔ་འགྱུར་བཀའ་གཏེར་ཆོས་ཚུལ་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། ཁྱད་པར་ཡོངས་འཛིན་མཁན་པོ་ལས་ཡང་ཏིག་ཡིད་བཞིན་ནོར་བུའི་ཐུན་མིན་གྱི་ཁྲིད་རྒྱུན་སོགས་ཀྱང་མནོག་ཆོས་སུ་བཞེས། མཐོང་བ་བརྒྱུད་པའི་ཕྱག་བཞེས་བཅའ་དབྱངས་གར་གསུམ། འབུད་དཀྲོལ་རྡུང་གསུམ། དཀྱིལ་འཁོར་ཐིག་ཚོན་སོགས་ལ་མཁས་པའི་ཕུལ་དུ་ཕྱིན། དུས་འགྱུར་གྱི་ཁྲོད་སོགས་སུ་ཡང་རྩ་བའི་བླ་མའི་བཀའ་ལྟར་ཀུན་མཁྱེན་འདས་མཆོད་ཆགས་མེད་མཛད། བསྟན་པ་ཡང་དར་གྱི་དུས་སུ་གཡུ་དགོན་གྱི་བསྟན་འཛིན་སྐྱེས་ཆེན་དག་དང་ལྷན་དུ་གདན་ས་བསྐྱར་གསོའི་ཕྱག་ལས་ལ་ཞུགས་ཤིང་། ཁྱད་པར་དུས་མཆོད་རྣམས་ཀྱི་ཕྱག་དཔེ་དང་། ཟིན་བྲིས། འཆམ་ཡིག་སོགས་འཚོལ་སྡུད་མཛད་པ་དང་། དཀྱིལ་འཁོར་འབྲི་འགོད་དང་གཏོར་མ་བཅའ་གཤོམ། འབག་བཟོ་དང་འཆམ་གོས་དྲུབ་པ། སེར་སྦྲེང་བྱོན་བཞུགས་ཀྱི་སྒོ་ཡིག་འབྲི་བ་ཡན་ཆད་ཀྱིས་མཛད་ཕྲིན་བསྐྱངས། སྔ་ཕྱིར་རྫོགས་ཆེན་ཀུན་བཟང་སྤྲུལ་སྐུ། ཁྱབ་བདག་པདྨ་སྐལ་བཟང་། མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ། གཟན་དཀར་ཐུབ་བསྟན་ཉི་མ། མཁན་ཆེན་ཟླ་བའི་འོད་ཟེར། རྡོ་གྲུབ་བསྟན་པའི་ཉི་མ། འབྲུག་སྤྲུལ་ཐུབ་བསྟན་ཉི་མ། མཁན་ཆེན་འཇིགས་མེད་ཕུན་ཚོགས། ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་སོགས་ལས་བཀའ་གཏེར་མན་ངག་གི་སྨིན་གྲོལ་དང་གདམས་ཁྲིད་རྒྱ་ཆེར་གསན། གཟན་དཀར་རིན་པོ་ཆེའི་བཀའ་གསུང་ལྟར་སི་ཁྲོན་བོད་ཡིག་སློབ་གྲྭ་རྟའུར་བཙུགས་སྐབས་བགྲང་བྱ་དུ་མའི་རིང་དགེ་རྒན་གྱི་ཕྱག་ལས་གནང་། དེ་ནས་གཡུ་མཁར་བཤད་གྲྭ་བསྐྱར་དུ་ཚུགས་སྐབས་མཁན་རབས་བཅུ་གཉིས་པའི་ཁྲི་ལ་བཞུགས་ཤིང་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་དང་། མདོ་སྔགས་རིག་གཞུང་དུ་མའི་འཆད་ཁྲིད་སྤེལ། གཡུ་སྙིང་དབེན་པའི་རི་ཁྲོད་དུ་སྐུ་མཚམས་ལ་བཞུགས་པའི་ཐུན་མཚམས་རྣམས་སུ་དོན་གཉེར་ཅན་གྱི་སློབ་མའི་ཁྱུ་ཚོགས་ལ། སྔོན་འགྲོའི་ཁྲིད་ཡིག་དང་སྦྲེལ་བའི་འབུམ་ལྔའི་བསགས་སྦྱང་དང་། བསྐྱེད་རྫོགས་ཟིན་བྲིས་དང་སྦྲེལ་ནས་ཆོ་གའི་ཕྱག་ལེན། བཅའ་རྡུང་འབུད་དཀྲོལ་སོགས་རྒྱུ་མཚན་དང་བཅས་པའི་སྒོ་ནས་སློབ་ཁྲིད་གནང་ཤིང་སྐྱེད་བསྲིང་མཛད་པའི་བླ་སྤྲུལ་བགྲང་གིས་མི་ལོང་བ་བྱོན། དེང་སྐབས་གཡུ་དགོན་དུ་མཐོང་བ་བརྒྱུད་པའི་ཕྱག་སྲོལ་དྲི་མ་མེད་པ་ཅུང་ཟད་རེ་ཡོད་པ་ནི་ཁོང་ཉིད་གཅིག་པུའི་བཀའ་དྲིན་ལས་བྱུང་བ་ཡིན་པ་གོར་མ་ཆགས། དེ་ལྟར་མཛད་ཕྲིན་མཐར་ཕྱིན་ནས་དགུང་གྲངས་གྱ་གཅིག་བཞེས་པ་མེ་ཁྱི་ལོའི་རྒྱལ་ཟླའི་དམར་ཕྱོགས་དགའ་བ་དང་པོའི་ཉིན་གཟིམ་མལ་དུ་སྐུ་ལུས་དྲང་པོར་བསྲང་། ཕྱག་གཉིས་མཉམ་བཞག་མཛད་ནས་ཞི་བར་གཤེགས་སོ།།

བསྟན་འཛིན་རྒྱུ་སྐར་ཕྲེང་བའི་རྣམ་ཐར་བཤད་པ།

བསྟན་འཛིན་སྐྱེས་ཆེན་སྤྱིའི་རྣམ་ཐར་བཤད་པ།

གསུམ་པ་བསྟན་འཛིན་རྒྱུ་སྐར་ཕྲེང་བའི་རྣམ་ཐར་ལ་བསྟན་འཛིན་སྐྱེས་ཆེན་སྤྱིའི་རྣམ་ཐར་དང་། གཡུ་ཁོག་རྒྱ་ཚང་ལས་གཞན་པའི་བླ་བྲང་ཆེ་ཁག་གཉིས་ཀྱི་བླ་རབས་རྣམ་ཐར་བཤད་པ་གཉིས།

དང་པོ་ལ་

དཔའ་བོ་ཕྲིན་ལས་རྒྱ་མཚོ་ནི།

ཡབ་རྣུ་ཟོག་གི་རིགས་དང་། ཡུམ་ར་ཡོན་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་༼༡༦༥༠ ༡༦༩༩༽ལོར་གཡུ་ཁོག་འབྲོག་སྡེ་རུ་སྐུ་འཁྲུངས། སྐུ་འཁྲུངས་པའི་དུས་ཡབ་ཡུམ་གཉིས་ཀྱི་རྨི་ལམ་དུ་སྦྲའི་སྟེང་དུ་ཞྭ་ཁྲ་ཞིག་བབས་པ་རྨིས། ཀརྨ་ཞྭ་ནག་བཅུ་པ་ཆོས་དབྱིངས་རྡོ་རྗེ་གཡུ་ཁོག་ཏུ་ཕེབས་ནས་གཡུ་སྡེ་ལ་དཔོན་བསྐོ་བ་དང་། བོན་ཀྱི་དགོན་པ་བན་ལུགས་སུ་བསྒྱུར་བ་སོགས་ཀྱི་བཀའ་དྲིན་སྐྱོང་བའི་སྐབས་ཤིག་ཀརྨ་པ་སྐུ་འཁོར་དཔལ་ཆེན་རྒ་ལོ་པའི་སྒྲུབ་ཕུག་སྟེ་ཨུག་ཚང་རྒ་ལོ་ཕུག་མཇལ་དུ་ཕེབས་སྐབས། གནས་དེ་དང་ཉེ་བའི་ཆུ་དཀར་ཁོག་ནས་དད་ལྡན་མང་ཚོགས་ལ་དྭགས་པོ་ཆོས་བཞིའི་ཁྲིད་གསུང་སྐབས། ཡུམ་གྱིས་ཆུང་སྤྲུལ་རྒྱབ་ཏུ་ཁུར་ནས་ཡབ་དང་ལྷན་ཀརྨ་པ་མཇལ་དུ་བྱུང་བས། ཆུང་སྤྲུལ་གྱི་རྗེ་ཀརྨ་པ་རྒྱང་ནས་མཇལ་བ་ཙམ་གྱིས་མའི་རྒྱབ་ནས་བབས་ཏེ་ཆ་ཆུང་ངུ་ཞིག་ཡོད་པ་བརྒལ་ནས་ངོ་ཤེས་པ་ལྟར་རྗེ་ཉིད་ཀྱི་ན་བཟའ་ནས་བཟུང་བས། ཀརྨ་པས་བུ་དེ་དཔའ་བོ་གཙུག་ལག་ཕྲེང་བའི་རྣམ་རོལ། རང་གི་བླ་མ་དཔའ་བོ་གཙུག་ལག་རྒྱ་མཚོའི་ཡང་སྤྲུལ་དུ་གཟིགས་ནས་མཚན་ཀུན་བཟང་སྙིང་པོར་གསོལ། ཡབ་ཡུམ་གཉིས་ལ་ཕྱག་མདུད་དང་ཕྱག་དབང་གནང་ནས་བུ་ལ་གཙང་སྦྲ་གྱིས་ཤིག་ཅེས་བཀའ་བསྩལ་བས་ཡབ་ཡུམ་གཉིས་ཀྱིས་ཀྱང་རྨི་ལྟས་དང་མཐུན་པར་སྤྲུལ་པའི་སྐུར་ངེས་ཤེས་རྙེད། དེ་རྗེས་ཀརྨ་པས་སྐུ་བདག་བྱས་ནས་ཁོང་དང་ལྷན་དུ་ཁྲིད། རྒྱལ་ཐང་དུ་ཞྭ་དམར་བདུན་པ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་གཙུག་ལག་ཕྲིན་ལས་རྒྱ་མཚོ་ཞེས་མཚན་གསོལ། རྗེ་ཆོས་དབྱིངས་རྒྱ་མཚོ་ལས་རྒྱལ་བཀའ་ཆེན་མོའི་བཀླག་ལུང་སོགས་སྨིན་གྲོལ་དུ་མ་མནོས། དབུས་གཙང་དུ་ཕེབས་ནས་རྒྱལ་དབང་ལྔ་པ་ཆེན་པོ་ལས་བསྙེན་པར་རྫོགས། གནས་ནང་དང་། སྦྲགས་སྔགས་གྲྭ་སོགས་སྐྱོང་དགོས་པའི་བཀའ་ལུང་བསྩལ་བ་ལྟར་གནས་ནང་དགོན་དུ་རྒྱུན་བཞུགས་མཛད། དགུང་གྲངས་ལྔ་བཅུ་བཞེས་པ་རབ་བྱུང་བཅུ་གཉིས་པའི་ས་ཡོས་ལོའི་རྒྱལ་ཟླའི་ཡར་ཚེས་བཅོ་ལྔ་ཉིན་ངོ་མཚར་བའི་རྟགས་མཚན་དང་བཅས་ཞི་བར་གཤེགས། །

ལྕམ་བླ་འགྱུར་མེད་རྒྱལ་མཚན་ནི།

རབ་བྱུང་བཅུ་གསུམ་པའི་ནང་ལྕམ་པ་སྡེ་བར་སྐུ་འཁྲུངས། ཨོ་རྒྱན་སྨིན་གྲོལ་གླིང་སོགས་དབུས་གཙང་གི་གྲྭ་ས་ཆེ་ཁག་རྣམས་སུ་བྱོན་ནས་མཚན་ལྡན་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་ཀུན་ལ་སྦྱང་བ་དཀྱུས་ཕྱིན་པ་མཛད། རྫོགས་ཆེན་དུ་ཕེབས་ནས་ནམ་མཁའ་ཚེ་དབང་མཆོག་གྲུབ་དང་། ཁྱད་པར་རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོའི་ཞབས་པད་མཉེས་པ་གསུམ་གྱིས་གཙུག་ཏུ་མཆོད་ནས་མན་ངག་སྤྱི་དང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་གདམས་པ་རྫོགས་པར་གསན། སྐུ་ན་ཆུང་དུས་ཤིག་ལ་རོང་མེས་ཕྱོགས་ཀྱི་སྡེ་བ་ཞིག་གིས་བོན་གྱི་བླ་གྲྭ་འགས་བོན་ལུགས་ཀྱི་ཆོ་ག་དང་། ཁོང་སོགས་ལ་བརྒྱ་བཞི་གསུང་དུ་བཅུག ཡས་རྣམས་སྐྱེལ་སྐབས་ཁོང་གིས་ཡུངས་ཐུན་བྲབས་པས་བདུད་བཞི་རང་འགུལ་གྱིས་སོང་བར་གྲགས། རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་ལོར་གཡུ་ཁོག་གནས་ལུང་དཔལ་གྱི་རི་བོའི་གནས་སྒོ་ཕྱེས། ཤུག་འདབས་ཁོག་ན་དུད་ཁྱིམ་དབུལ་བོ་འགའ་ཡོད་པས་ཁོང་གིས་ཉིན་ཞིག་དེ་ཚོར། སང་ཉིན་གནས་ལུང་ནས་གཡག་གཏེར་དང་། གནང་ཉིན་འབྲི་གཏེར་ལེན་ནས་ཁྱེད་ཅག་དབུལ་སྐྱོབས་བྱེད། འབྲི་གཡག་རྣམས་འོང་སྐབས་ཁྱེད་ཚོས་རབ་ན་རྭ་སོགས་ནས་འཛིན་པ་དང་། ཐ་ན་ཡང་ས་སྤར་རེ་གཏོར་ཐུབ་ངེས་ཀྱིས་དང་། དེ་ནས་དབང་བར་འགྱུར་གསུངས། ཕྱི་ཉིན་གཏེར་སྒོ་ཕྱེས་ཚེ་གཡག་རྣམས་རུ་ཐུར་གཟེངས། ཧར་སྒྲ་དང་བཅས་འོང་བ་ལ་ཁོང་ཚོས་མིག་གིས་བལྟ་བ་ཙམ་ལས་རེག་པ་དང་ས་གཏོར་མ་ཕོད་པར་ལུས་པས། གཡག་རྣམས་སྲིབ་ལུང་གི་རྫ་ནང་དུ་ཐིམ་སོང་བ་དེར་གཡག་ལུང་ཞེས་མིང་དུ་ཐོགས། དེ་ནས་ཁོང་གིས་ད་རྟེན་འབྲེལ་འཕྱུགས་པས་འབྲི་གཏེར་ལེན་རྒྱུ་མིན་གསུངས། གཡུ་སྨད་ཤ་དུང་བྲག་དུ་སྒྲུབ་པ་ཉམས་བཞེས་མཛད། གནས་ལུང་དུ་བགྲང་བྱ་དུ་མའི་རིང་སྐུ་མཚམས་ལ་བཞུགས། ཤར་རོང་ཏུ་སྨྱུང་གནས་ལྷ་ཁང་ཞིག་བཏབ་ནས་ལོ་རེར་ཐེངས་རེར་དད་ལྡན་མང་ཚོགས་ལ་ཆོས་འཁོར་བསྐོར། དེ་ཕྱོགས་སུ་གནས་སྒོ་འགའ་ཞིག་ཕྱེས་པར་བཤད། རྗེ་འབངས་ཉེར་ལྔའི་ནང་ཚན་འོ་བྲན་དཔལ་གྱི་དབང་ཕྱུག་གི་སྤྲུལ་པར་གྲགས། རབ་ཏུ་བྱུང་བའི་མཚན་ལ་འགྱུར་མེད་རྒྱལ་མཚན་བཟང་པོ་དང་། མཚན་གཞན་རིག་འཛིན་ཆེན་པོ་མཐུ་སྟོབས་རྡོ་རྗེ་ཞེས་བྱ། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག་གི་ཆ་ལག་ཏུ་བར་དོའི་ངོ་སྤྲོད་འཁྲུལ་སྣང་རང་གྲོལ་ལམ་ལྕམ་བླའི་འཕོ་རྒན་དུ་གྲགས་པ་རྒྱས་འབྲིང་བསྡུས་གསུམ་སོགས་གསུང་ཆོས་མང་དུ་མཆིས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་མཐར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས།།

གྲུབ་པའི་དབང་ཕྱུག་ལྕམ་བླ་དཀོན་མཆོག་ནི།

རབ་བྱུང་བཅུ་གསུམ་པའི་ནང་ལྕམ་པ་སྡེ་བར་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་སྦྱང་བ་མཛད། སྐབས་ཤིག་ཁོང་གི་ཁྱིམ་གྱི་རྟ་རྣམས་བོར་བ་བཙལ་དུ་ཕྱིན་པས། དུད་ཁྱིམ་ཞིག་གི་བུད་མེད་ཀྱིས་ཇག་པ་རྟ་འདེད་ཞིག་ད་ནང་སྔ་མོ་ནས་སོང་། ད་ས་རུབ་ཁར་ཁྱོད་རྐང་ཐང་དབྱུག་དྲུད་ཞིག་གིས་རྗེས་ཟིན་དཀའ་ཟེར། དོ་ནུབ་འདིར་གནས་ཚང་གཡོར་གསུངས་ནས་དེར་བཞུགས། བུད་མེད་དེས་ཁྱེད་བནྡེ་ཚོ་ལ་མཐུ་འདྲ་བྱེད་རྒྱུ་ཡོད་ན་མ་གཏོགས་སང་ཉིན་ཁྱེད་མི་གཅིག་ཇག་པ་ཚོར་ཐུག་ཀྱང་ཡ་ལན་མི་ཟིན་ཟེར་བ་དང་། ཁོང་གིས། ཁྱེད་ཚང་ལ་ཡི་གེ་འདྲ་ཨེ་ཡོད་གསུངས་པས། བུད་མེད་དེས། ངེད་ཚང་ལ་མོ་འདྲེ་བཀར་བ་ཟེར་བའི་ཡི་གེ་ཞིག་ཡོད་ཟེར། འོ་ན་དེ་ཁྱེར་ཤོག་གསུངས། མོ་གླུད་དགུ་ཅན་གྱི་གླུད་ཆོག་དེ་བཏོན་ནས་བུད་མེད་དེར་གླུད་ཡས་འདི་ད་ནང་རྟ་འདེད་འགྲོ་སའི་ཕྱོགས་སུ་འཕོངས་གསུངས་ནས་གཟིམ་བསྡད། ནམ་གུང་ཙམ་ལ་རྟའི་འཚེར་སྐད་དང་རྨིག་སྒྲ་མང་པོ་གྲགས། ཕྱི་ཉིན་སྔ་མོ་སྒོར་བྱོན་ནས་གཟིགས་པས་ཇག་པ་རྣམས་ངག་སྨྲ་མི་ཤེས་པར་གྱུར་པ་རྟ་རྣམས་ཀྱིས་བསྐོར་ནས་འདུག ཁོང་གིས་བྱིན་རླབས་མཛད་ནས་སྐད་ཆ་དྲིས་པས། མདང་སུམ་ནམ་གུང་ཙམ་ལ་བུད་མེད་དགུ་བྱུང་ནས་ངུ་འབོད་དང་ཐུ་བ་བརྡབས་རྐྱེན་ང་ཚོ་འདི་ལྟར་གྱུར་སོང་ཟེར། ཇག་པ་ཚོ་རང་སར་བཏང་། རྟ་རྣམས་དེད་ནས་ཁྱིམ་དུ་ཕེབས། སྐུ་མཆེད་ལྕམ་བླ་འགྱུར་མེད་རྒྱལ་མཚན་དང་ལྷན་དུ་རྫོགས་ཆེན་སོགས་སུ་གྲྭ་སར་བྱོན། རྫོགས་སྤྲུལ་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་དང་། ནམ་མཁའ་ཚེ་དབང་མཆོག་གྲུབ་སོགས་ལས་ཟབ་རྒྱས་ཀྱི་གདམས་པ་ཅི་རིགས་པ་གསན་ནས་སྒྲུབ་པ་ཉམས་བཞེས་མཛད། གཡུ་ཁོག་ཏུ་ཕེབས་ནས་ར་ཆགས་ལུང་དུ་དབུ་སྐྲ་ནགས་ཀྱི་ཡལ་ག་ལ་བཏགས་ནས་ལོ་དགུར་བཅད་རྒྱར་བཞུགས། ཁྱི་ཉལ་ལུང་པར་ཁོང་གི་འབེབ་ར་སོགས་ཡོད། འཇིག་རྟེན་ཕལ་པའི་སྣང་ངོར་སུ་དང་མི་མཐུན་པའི་སྤྱོད་པ་ཅན་དུ་བཞུགས་ཀྱང་། ནང་ཉམས་དང་རྟོགས་པའི་ཡོན་ཏན་མངོན་པར་མཐོ་བའི་རྟགས་ནི། ཨ་ལ་ལ་ཧོ་ཡེ། གཞི་གྲོལ་འཁྲུལ་བ་ལས་འདས་ཀ་དག་གི་ཡེ་ཤེས། །ལྷུན་གྲུབ་འཇའ་ལུས་རྡོ་རྗེའི་ཕྱག་རྒྱ་རུ་བཞེངས་པའི། །ང་ཡི་བླ་མ་པདྨ་འབྱུང་གནས་དེ་དྲན་བྱུང་། །གནས་ཡུལ་རྣམ་པར་དག་པ་པདྨ་ཡི་དྲྭ་བར། །རྟོག་ཚོགས་ལྷ་རུ་རྫོགས་པ་དཔའ་བོ་དང་མཁའ་འགྲོས། །ཅིར་སྣང་སྒྱུ་མར་རོལ་པའི་བྲོ་གར་དེ་ཤིག་ཤིག །སྣ་ཚོགས་རྟེན་ཅིང་འབྲེལ་འབྱུང་ཆོས་ཉིད་ཀྱི་ཡོ་ལང་། །གང་ཤར་དབྱིངས་སུ་གཞིག་པའི་རྣལ་འབྱོར་དེ་དགའ་འོ། །དུག་ལྔ་ཡེ་ཤེས་ལྔ་ཡི་ངོ་བོ་རུ་དག་པས། །སྣང་སྲིད་སྐུ་དང་ཞིང་ཁམས་འོད་ལྔ་ཡི་གོང་བུ། །དག་པ་རབ་འབྱམས་བརྡལ་བའི་དབུ་མ་ཡི་གྲོང་ན། །ཀུན་ཤེས་རིག་པའི་རྒྱལ་པོའི་རྣལ་འབྱོར་དེ་དགའ་འོ། །ཐ་མལ་རྟོག་པ་མ་བཅོས་ཀུན་བཟང་གི་ལྷ་ཞལ། །རྣམ་རྟོག་འཕྲོ་འདུ་མི་དམིགས་བདེ་ཆེན་གྱི་ས་མཆོག །འཁོར་འདས་མཉམ་པར་བརྡལ་བའི་བརྗོད་བྲལ་གྱི་ཡེ་ཤེས། །བྱར་མེད་བློ་འདས་ཆེན་པོའི་རྣལ་འབྱོར་དེ་དགའ་འོ། །དམ་ཚིག་སྡོམ་པ་མ་ཉམས་མཉམ་རྫོགས་སུ་བསྲུང་ནས། །ས་ལམ་སྦྱང་བགྲོད་མ་བྱས་བྱར་མེད་ཀྱི་དགོངས་པ། །ལྷ་དང་བླ་མ་མི་དམིགས་རང་སེམས་ཀྱི་སངས་རྒྱས། །སྲིད་ཞི་མཉམ་པར་རྫོགས་པའི་རྟེན་འབྲེལ་དེ་ཞུ་འོ། །ཅེས་པ་འདི་ཐ་མལ་གྱི་གསོ་སྨན་སོགས་གཉེན་པོ་བསྟེན་མི་དགོས་པའི་གདམས་ངག་ཏུ་མདོ་ཁམས་པ་ལྕམ་སྨྱོན་འཁྲུལ་ཞིག་རྡོ་རྗེས་སྨྲས་པའོ། །ཞེས་མཚུངས་བྲལ་རྡོ་རྗེའི་མགུར་གླུ་བླངས་པ་ལས་ཀྱང་ཤེས་ནུས། དུད་ཁྱིམ་ཞིག་ལ་བུ་རྒྱུད་མེད་པས་ཁོང་ལ་བུ་རྒྱུད་འབྱུང་བའི་སྐྱབས་འཇུག་ཞུས་པས། ཁོང་ཕེབས་ཤིང་སྦྲའི་མཐོངས་ནས་མར་ཁྱིམ་དུ་བབས། རྒྱེད་པུའི་རྩར་སྐྱག་པ་གསུམ་བཏང་ནས་བྱོན་སོང་བས་ཕྱིས་སུ་དེ་ཚང་ལ་བུ་གསུམ་སྐྱེས་པར་གྲགས། སྐབས་ཤིག་ད་ང་ཤི་སོང་ན་བདུན་ཚིགས་འདོན་བྱེད་ཀྱི་ཆ་རྐྱེན་སོགས་གང་ཡང་མེད་པས་ཤི་ཆོས་རང་གིས་བསྒྲུབ་དགོས་གསུངས་ནས་ཞེ་དགུའི་བདུན་ཚིགས་ཁོང་རང་ཉིད་ཀྱིས་མཛད། ཉིན་ཞིག་མེ་ཏོག་ལུང་དུ་ཡོད་པའི་ནད་པ་ཞིག་ལ་གཅོད་གསུང་བར་བསུ་མ་འབྱོར་བ་ན། ཁོང་གིས་ཀྱང་འབྱོན་པར་ཞལ་བཞེས་མཛད་ནས་མེ་ཏོག་ལུང་པའི་ཕུར་སླེབས་ཚེ། རྡོ་ལེབ་ཞིག་གི་སྟེང་དུ་བཞུགས་ནས། བསུ་མ་ལ་ཁྱོད་ཀྱིས་ངའི་ཊ་དྲིལ་སོགས་ཁྱིམ་དུ་ཁྱེར་དང་། ང་འདིར་ཅུང་ཙམ་འདུག་དགོས་གསུངས། ཁོ་ཁྱིམ་དུ་སླེབས་ནས་ཕྱིར་བལྟས་ཚེ་ལུང་པའི་ཕུ་ན་བྱ་རྒོད་མང་པོ་འཕུར་བ་མཐོང་། སླར་ཕྱིན་པས་བླ་མ་སྐུ་གཤེགས་པར་མ་ཟད་སྐུ་གདུང་བྱ་རྒོད་ཀྱིས་ཟོས་ཟིན་པར་གྲགས་སོ།།

ཟབ་མོ་གཅོད་ཀྱི་རྣལ་འབྱོར་བ་དཀོན་མཆོག་དབང་ཕྱུག་ནི།

རབ་བྱུང་བཅུ་གསུམ་པའི་ནང་གཡུ་སྨད་རོང་གི་སའི་ཆར་ནེ་འུ་རི་སྐུ་བའི་ཁྱིམ་དུ་སྐུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་ས་དང་གནས་སྐོར་ལ་ཕེབས། མི་འགྱུར་ནམ་མཁའི་རྡོ་རྗེས་ཕྱག་དྲིལ་གནང་། སྒྲུབ་གནས་གཉན་ཁྲོད་དུ་མར་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླངས། གཡུ་རོང་བཀོད་ལེགས་སུ་རི་ཁྲོད་ཞིག་བཏབ་ནས་སྒྲུབ་ལ་གཞོལ། དགེ་བཤེས་རྒྱལ་པོ་གྲོངས་པའི་འཕོ་འདེབས་སུ་གདན་དྲངས་སྐབས། ཁོང་གིས་ཞབས་ཕྱི་བ་ལ་ད་རེས་འབུལ་བ་ཆེ་ཕྲ་གང་ཡང་ལེན་མི་ཉན་གསུངས། སྦྱིན་བདག་ཚོས་ལྐོག་ཏུ་གསེར་ཅུང་ཟད་ཞིག་རྟའི་སྒའི་ཁུང་དུ་སྦས་ཏེ་བཞག ཕྱིར་ཕེབས་པའི་ལམ་ཁར་ཇག་པ་འགས་ཁོང་གི་རྟ་སོགས་ཕྲོགས་ཏེ་སོང་། ཞབས་ཕྱི་བས་ད་རེས་རྟ་སོགས་ཕྱིར་མ་ལོན་ན་ངོ་ཚ་ཆེ་བས་ཁྱེད་ཀྱིས་གྲུབ་རྟགས་སྟོན་དགོས་ཞེས་ནན་གྱིས་ཞུས་པས། ཁོང་གིས་དམ་ཅན་གསོལ་ཁ་གསུངས་ནས་རྡོ་ཕ་ཝཾ་ཞིག་ལ་གཟན་གྱིས་བྲབས་པས་ཕ་ཝཾ་མཆོངས་ལྡིང་བྱས་ནས་ཇག་པའི་རྗེས་སུ་ཕྱིན་ཚེ་ཇག་པ་ཚོས་རྟ་སོགས་བསྐྱུར་ནས་བྲོས། ཕ་ཝཾ་དེ་དེང་སྐབས་ཆུ་དབར་མཚོ་ནག་གནས་འདབས་སུ་མཇལ་རྒྱུ་ཡོད། ཁོང་སྐུ་གཤེགས་རྗེས་བརླ་རུས་ཀྱི་ངོས་སུ་མ་ཅིག་ཁྲོས་མ་ནག་མོའི་སྐུ་དང་། དབུ་ཐོད་ལ་དབྱངས་གསལ་གྱི་ཡི་གེ་རང་བྱོན་དུ་གསལ་བ་མེས་མ་ཚིག་པར་བཞུགས་པ་དུས་འགྱུར་གྱི་སྔོན་བར་ནེ་འུ་རི་སྐུ་བའི་ཁྱིམ་རྟེན་དུ་ཡོད་པར་ཐོས་སོ།།

རྒྱ་ཤུལ་བླ་མ་སངས་རྒྱས་བཟང་པོ་ནི།

རབ་བྱུང་བཅུ་གསུམ་པའི་ནང་དུ་གཡུ་ཁོག་རྒྱ་ཤུལ་ཚང་དུ་སྐུ་འཁྲུངས། ཐུན་མིན་གྱི་བླ་མ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་ཟབ་རྒྱས་སྨིན་གྲོལ་གྱི་གདམས་པ་མནོས་ནས་རྡོ་གྲུབ་མ་འདས་བར་དུ་སྐུ་དྲུང་དུ་བཞུགས། སངས་གླིང་དགོངས་འདུས་མ་འོངས་ལུང་བསྟན་དུ། ཤར་ཕྱོགས་འོད་ཟེར་མིང་ཅན་གདུང་ཤུགས་ཅན༔ ཞེས་རྡོ་གྲུབ་ཆེན་ལུང་བསྟན་པ་དང་། སློབ་མ་གདུང་ཤུགས་ལྡན་པ་འབྱུང་བ་ནི༔ བུདྡྷ་མཆེད་དྲུག་རྡོ་རྗེའི་གདུང་བཞི་སྟེ༔ ཞེས་སློབ་མ་བུ་ཆེན་བུདྡྷ་མཆེད་དྲུག་འབྱུང་བར་ལུང་བསྟན་པའི་ཡ་གྱལ་དུ་གྲགས། རྡོ་གྲུབ་ཀྱི་གསུང་ཆོས་འགའི་མཇུག་ཏུ་སློབ་བུ་སངས་རྒྱས་བཟང་པོ་དང་། འགའ་རེའི་མཇུག་ཏུ་བུདྡྷ་ཕ་ལས་ཡི་གེ་པ་བགྱིས་པར་གསུངས་པ་ནི་བླ་མ་འདི་ཉིད་ཡིན་པར་སྣང་། མདོ་མཁྱེན་བརྩེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་ཀྱང་དབང་ཁྲིད་ཟབ་ཆོས་མནོས། གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་ཡོངས་འཛིན་མཛད།

རྒྱ་ཤུལ་སངས་རྒྱས་གྲགས་པ་ནི།

རབ་བྱུང་བཅུ་བཞི་པའི་ནང་སྐུ་འཁྲུངས། རྒྱལ་སྲས་གཞན་ཕན་མཐའ་ཡས། རྒྱ་སྤྲུལ་ལུང་རིག་གླིང་པ། ཧོར་བླ་གཞན་ཕན་སོགས་ལས་སྨིན་གྲོལ་གྱི་གདམས་པ་ནོད། རྟེན་རབ་བྱུང་དུ་བཞུགས། ཧོར་བླའི་གསུང་ཞིག་ཏུ་གནས་བརྟན་འདུལ་འཛིན་སངས་རྒྱས་གྲགས་པ་ཞེས་འབྱུང་བ་བླ་མ་འདི་ཉིད་ཡིན་པར་སྣང་།

གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེ་ནི།

རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་༼༡༨༢༠ ༡༩༠༣༽ལོར་གཡུའི་ཆུ་དབར་ཁོག་ཏུ་གནམ་མཚོ་སྦྲ་ལི་ཚང་ལ་འཁྲུངས། སྐུ་ན་ཆུང་དུས་ནས་རྫེ་ཐ་གནམ་མཚོ་དགོན་པས་གནམ་སྤྲུལ་ཀུན་དགའ་རྡོ་རྗེའི་ཡང་སྤྲུལ་དུ་ངོས་འཛིན་སྐུ་བདག་མཛད། སྐུ་ནར་སོན་སྐབས་ཀློག་བསླབ་པ་དང་། རྒྱལ་འཕགས་ཀུ་ལུ་ཀུན་བཟང་སོགས་ལས་ཟབ་ཆོས་གསན། ལོ་ཆེན་བཻ་རོ་དང་། སྨིན་གླིང་གཏེར་ཆེན་སོགས་ཀྱི་རྣམ་སྤྲུལ་དུ་གྲགས། གནམ་མཚོ་དགོན་པའི་བསྟན་པའི་བདག་པོའི་འགན་བཞེས་མཛད་ཅིང་གསེར་ཤར་དུ་གནམ་མཚོ་དགོན་པ་བསྐྱར་འདེབས་མཛད། མདོ་སྔགས་མན་ངག་གི་སྐོར་ཀུན་འཆད་ཁྲིད་མཛད། ཞེ་ཆེན་བླ་མ་ཚེ་འཕེལ་གནམ་མཚོ་དགོན་དུ་གདན་དྲངས་ནས་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་སྦྱང་འཛུགས་མཛད། འོད་བསྡུ་དགོན་དང་རྡོ་སྒ་དགོན། སེང་སེང་དགོན་སོགས་ལ་གཟིགས་སྐྱོང་གནང་། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་དབུ་བླར་གྱུར། གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ། ཧོར་བླ་གཞན་ཕན་བཟང་པོ། སོག་པོ་མཁན་ཆེན་ཀུན་དགའ། མཁན་པོ་སྐལ་བཟང་དར་རྒྱས་སོགས་ཞལ་སློབ་མང་དུ་བྱོན། དགུང་གྲངས་བརྒྱད་ཅུ་གྱ་བཞི་བཞེས་པ་ཆུ་ཡོས་ལོར་གསེར་ཤར་དུ་སྐུ་གཤེགས།

སོག་པོ་མཁན་ཆེན་ཀུན་དགའ་ནི།

ཆོས་བདག་ལུང་བསྟན་མུན་སེལ་སྒྲོན་མེ་ལས། རྫ་ཡི་བྲག་དམར་རྒྱུད་དུ་ནི༔ ཀུན་དགའ་ཞེས་བྱ་བྱི་ཕག་ལོ༔ ལྷ་ཡི་ལོ་ཙཱའི་ཟློས་གར་མཁན༔ འདུལ་བའི་བསྟན་པས་འགྲོ་ལ་མཛེས༔ ཞེས་པའི་ལུང་དོན་ལྟར་རབ་བྱུང་བཅུ་བཞི་པའི་ས་ཕག་༼༡༨༣༩ ༡༩༢༥༽ལོར་ནང་རྫེ་ཐ་གནམ་མཚོ་དགོན་པའི་ལྷ་སྡེའི་སོག་པོ་ཚང་དུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་དང་རྩོམ་སོགས་ལ་མཁས་པར་གྲགས། ཁོང་གི་ནང་མི་འབྱོར་བ་ཞན་རྐྱེན་བར་སྐབས་ཤིག་ལ་བཙན་ལྷ་མིས་ནོ་ཟེར་བའི་ས་ཆར་གཡོག་གླ་བྱེད་དུ་ཕེབས་དགོས་བྱུང་། སྐུ་ནར་སོན་སྐབས་གྲྭ་སར་ཕེབས་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་བླ་མར་བརྟེན་ནས་མདོ་དང་སྔགས་ཀྱི་སྨིན་གྲོལ་གྱིས་མཚོན་པའི་ཆོས་ཚུལ་དུ་མ་མནོག་ཆོས་སུ་བཞེས། ཀོང་སྤྲུལ་རིན་པོ་ཆེས་རིན་ཆེན་གཏེར་མཛོད་བསྡུ་བསྒྲིགས་མཛད་སྐབས་ཁོང་གིས་དབང་ཙཀ་དང་དཀྱིལ་ཐང་འབྲི་བ་སོགས་ཕྱག་ལས་རྒྱ་ཆེར་གནང་བར་གྲགས། གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ་དང་། གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེ། ཧོར་བླ་གཞན་ཕན་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། ཁྱད་པར་རྒྱ་སྤྲུལ་དང་། ཧོར་བླ་གཉིས་ཀྱི་ལུང་ཟིན་ཆོས་བདག་ཏུ་གྱུར། ཀ་གོང་སེང་གེ་ཡང་རྫོང་གི་ཉེ་འདབས་སུ་རྡོ་སྒ་དགོན་བཀྲ་ཤིས་ཆོས་གླིང་གསར་དུ་བཏབ་ནས་མི་ལོ་བཅོ་ལྔ་ཙམ་ལ་བཤད་སྒྲུབ་ཀྱི་བསྟན་པ་བསྐྱངས། གནམ་མཚོ་དགོན་དང་མདོ་ཆེན་དགོན། གཡུ་མཁར་དགོན་སོགས་སུ་དབྱར་གནས་མཁན་པོ་དང་མི་སེར་རྣམས་ལ་ཆོས་ཚོགས་གནང་། འཁྱིལ་ཆེན་གླག་ཚང་གནས་སུ་ཡུན་རིང་བཞུགས་ནས་སྒྲུབ་པ་ཉམས་བཞེས་མཛད། གཡུ་ཁོག་དཔོན་བླ་སོགས་ལ་གསང་བ་མན་ངག་གི་ཆོས་སྐོར་རྣམས་ཆིག་བརྒྱུད་མཛད། རྒྱ་སྤྲུལ་སྔོན་འགྲོའི་འགྲེལ་བ། མགོན་པོའི་ཆོས་སྐོར་སོགས་གསུང་ཆོས་དུ་མ་མངའ། གསུང་གི་བདུད་རྩི་བཞེས་པའི་སློབ་མ་གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན་དང་། གནམ་མཚོ་དགོན་པའི་མཁན་པོ་སྐལ་བཟང་དར་རྒྱས། གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོ་སོགས་མཁས་གྲུབ་དུ་མ་བྱོན། དགུང་གྲངས་གྱ་དྲུག་བཞེས་པ་ཤིང་གླང་ལོར་སྐུ་གཤེགས། ཁོང་གི་ཡང་སྤྲུལ་ནི་རིག་འཛིན་འཇིགས་གླིང་གི་གདན་ས་ཡར་ལུང་ཚེ་རིང་ལྗོངས་ཀྱི་ཉེ་འགྲམ་དུ་སྡེ་བ་པུ་ཤུད་ཚང་དུ་འཁྲུངས་བར་གྲགས། དེ་ཡང་གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན་གྱིས་ཁོང་དབུས་མཇལ་དུ་ཕེབས་སྐབས་ཁྱིམ་ཚང་དེར་གནས་ཚང་གཡར་སྐབས་དེ་ཚང་གི་བུས་ཁོང་ལ་མ་བུ་འཕྲད་པ་ལྟ་བུའི་དགའ་གདུང་བྱས་ཤིང་། ཁྱེད་དང་མཉམ་དུ་ཕྱིར་ཕ་ཡུལ་ལ་འགྲོ་རྒྱུ་ཡིན་ཟེར་བ་སོགས་སོག་པོ་མཁན་པོའི་ཡང་སྲིད་ཡིན་པའི་རྟགས་མཚན་བྱུང་མོད། ཁོང་སྐབས་དེར་ཨ་ལྕོ་དབྱུག་རྟེན་ཅན་ཞིག་གིས་སྐུ་བདག་དང་གདན་སར་འགོད་པའི་ཐབས་ཤེས་མ་འཇོན་པ་ཡིན་གསུངས་སྲོལ་ཡོད་པར་བཤད་དོ།།

ཆོས་ཤུལ་སྤྲུལ་སྐུ་གཞན་ཕན་དོན་གྲུབ།

རབ་བྱུང་བཅུ་བཞི་པའི་དཀྱིལ་ཙམ་ལ་གཡུ་ཁོག་ཏུ་ཆོས་ཤུལ་ཞེས་པའི་རིགས་སུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། སྲུང་མ་འགོ་བའི་རྟགས་མཚན་སོགས་ཡོད་པར་བཤད། ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་སྤྲུལ་པའི་ཆ་ཤས་སུ་གྲགས། ཤར་རོང་སྡེ་བས་གདན་འདྲེན་སྐུ་བདག་མཛད་པ་ལྟར་ཡུལ་དེར་དད་ལྡན་མང་ཚོགས་ལ་ཆོས་གསུངས་ཤིང་བཞུགས། སྐུ་ཚེའི་སྨད་ཙམ་དུ་ཤར་རོང་སྨྱུང་གནས་ལྷ་ཁང་གི་ཉེ་འདབས་སུ་ཤར་རོང་དགོན་བཀྲ་ཤིས་ཆོས་གླིང་རྟེན་བརྟེན་པར་བཅས་པ་གསར་དུ་བཏབ། དོང་སྤྲུགས་འཁོར་བ་ཀུན་སྒྲོལ་དང་། ཞི་ཁྲོའི་རྩ་འཆམ་སོགས་གྲུབ་དབང་རྫོགས་ཆེན་པའི་ཕྱག་སྲོལ་ལྟར་བཙུགས། བླ་གྲྭ་རྣམས་ཀྱི་གྲྭ་ཤག་ཐོགས་རྩེགས་ཅན་དུ་བསྒྱུར། སྐབས་ཤིག་རྒྱ་ལི་ཁམས་ཐར་སོགས་སྐུ་འཁོར་གའ་རྒྱལ་མོ་དམུ་རྡོར་གནས་སྐོར་དུ་བྱོན། སྐོར་ལམ་དུ་མི་རྒན་ལ་ཐོད་ཅན་ཞིག་དང་འཕྲད་པས་ཁོང་གཉིས་ཞལ་བརྡ་མཛད། རྒྱ་ལི་ཁམས་ཐར་སོགས་ལ་ཇ་སྐོལ་བཅུག་ནས་ཁོང་གཉིས་གནས་ནང་དུ་ཕེབས། ཅུང་འགོར་རྗེས་ཁོང་གིས་འཁར་རྔ་ཆོས་འབྱུང་བསྣོལ་མའི་རི་མོ་བཀྲ་བ་ཞིག་དང་། འོ་མ་བུམ་པ་གང་བསྣམས་ནས་ཕེབས། འདི་དག་དམུ་རྡོའི་གནས་བདག་གིས་ང་ལ་གནང་བ་རེད། འོ་མ་འདི་སེང་གེའི་འོ་མ་རེད་འོ་ཇ་སྐོལ། འཁར་རྔ་འདི་གཏེར་རྫས་ཡིན་གསུངས་ནས་ཤར་རོང་དགོན་དུ་བཞག ཕྱིས་སུ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཤར་རོང་དགོན་དུ་བྱོན་སྐབས། འཁར་རྔ་འདི་གཏེར་མ་ཁྱད་འཕགས་ཤིག་རེད། འདི་དགོན་ལག་ཞིག་ལ་ཡོད་པ་ལས་རྫོགས་ཆེན་མ་དགོན་ལ་ཕུལ་ན་ལེགས། གསུངས་མྱོང་བར་གྲགས། རབ་བྱུང་བཅོ་ལྔ་པའི་དཀྱིལ་ཙམ་ལ་ཤར་རོང་དུ་འདས་པར་སྣང།

རྡོ་རྐོ་པདྨ་ཕུན་ཚོགས།

འདིའི་ཡབ་ཡུམ་དང་འཁྲུངས་འདས་སོགས་ལོ་རྒྱུས་ཞིབ་པར་མི་གསལ་ཡང་། ཕལ་ཆེར་རབ་བྱུང་བཅུ་བཞི་པའི་ནང་དུ་བྱོན་པར་སྣང་། ཁོང་ནི་རྡོ་རྐོ་མཛད་མཁན་གྱི་བླ་མ་ཞིག་ཡིན་ལ། ཐེངས་ཤིག་ འཕགས་པ་སྤྱན་རས་གཟིགས་ཀྱིས། ཁྱོད་ཀྱིས་ཡིག་དྲུག་དང་སྤྱན་རས་གཟིགས་ཀྱི་སྐུ་ཁོ་ན་རྡོ་ལ་རྐོས་དང་། དེས་འགྲོ་ལ་ཕན་ཐོགས་པར་འགྱུར་གསུངས་ནས་ཐོ་བ་དང་གཟོང་གནང་བ་རྨིས་པས་ཕྱིར་ནང་མོ་ཐོ་གཟོང་གཉིས་དངོས་སུ་སྔས་མགོར་བཞག་ཡོད་པར་བཤད། ཡོལ་རིའི་གནས་ཡིག་ཏུ། སྤྱན་གཟིགས་ཞལ་མཇལ་རྡོ་རྐོ་པདྨའི་མཚན། །ཕུན་ཚོགས་དང་ནི་རབ་རྒྱས་རྣམ་གཉིས་ཀྱིས། །བརྐོས་པའི་མ་ཎི་བྱིན་ལྡན་མང་པོ་ཡོད། །གསུངས་པ་ལྟར་ཁོང་གིས་བརྐོས་པའི་ཐུན་མིན་ཆ་ཚད་ཅན་གྱི་ཡིག་དྲུག་རྡོ་བརྐོས་དུ་མ་དེང་སྐབས་མཇལ་དུ་ཡོད་པ་དང་། གནས་ལུང་མར་མདའ་རུ་ཡོད་པའི་སྤྱན་རས་གཟིགས་གསུང་བྱོན་མར་གྲགས་པ་དེ་ཡང་ཁོང་གིས་བརྐོས་པ་ཡིན།

སྒྲུང་བ་རིག་འཛིན་བཟང་པོའམ་ཁྱི་ཤུལ་རིག་བཟང་ནི།

རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ་༼༡༨༤༥ ༡༩༤༩༽ལོར་གཡུ་ཁོག་ཏུ་ཁྱི་ཤུལ་ཞེས་པའི་རིགས་སུ་སྐུ་འཁྲུངས། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་དང་སྤུན་མཆེད་ཐོབ་པར་བཤད། མདོ་མཁྱེན་བརྩེ། རྒྱལ་སྲས་གཞན་ཕན་མཐའ་ཡས། གཡུ་ཁོག་རྒྱ་སྤྲུལ་སོགས་ལས་ཟབ་ཆོས་གསན། ཉིན་ཞིག་གཡུའི་ལམ་ཤར་ཁ་རུ་ཕེབས་སྐབས་གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་། འབུམ་པ་རྒྱ་ཚ། སེང་ལྕམ་འབྲུག་མོ་གསུམ་གྱིས་དངོས་སུ་ཞལ་གཟིགས་པས་སྔོན་ཧོར་ཕྲུག་ག་མ་གཟི་མགོ་ཡིན་པའི་སྔོན་གནས་རྗེས་སུ་དྲན་ནས་སྒྲུང་ཡིག་དུ་མ་རྩོལ་མེད་དུ་རིག་ཁམས་ནས་རྡོལ་ཞིང་ཐོག་མར་རྒྱ་ཚའི་གྲི་བཤད། འཛོམ་པའི་ཞྭ་བཤད། འགོག་མོའི་སྦྲ་བཤད། འབྲུག་མོའི་རྟ་བཤད། ཤན་འདན། དམྱལ་གླིང་སོགས་རྒྱུན་དུ་མང་ཚོགས་ལ་གནའ་སྒྲུང་ལྟར་བཤད་པ་དང་། ཡི་གེར་ཕབ་པ་སོགས་མཛད། དབུས་གཙང་གི་གནས་ཆེན་རྣམས་དང་། སྟོད་ཀྱི་ཙ་རི། རྒྱ་ནག་རི་བོ་རྩེ་ལྔ། རི་བོ་བྱ་རྐང་སོགས་སུ་གནས་སྐོར་ལ་ཕེབས། ངེས་ལེགས་བསམ་གཏན་གླིང་དང་། གཡུ་སྙིང་དབེན་རི་སོགས་སུ་ཡུན་རིང་སྐུ་མཚམས་ལ་བཞུགས། ཐེངས་ཤིག་ཁོང་སྐུ་འཁོར་ཁ་ཤས་གཡུའི་ཆོས་ཁྲི་ཐང་དུ་ཕེབས་སྐབས་ཁོང་གིས་སྔོན་ང་གླིང་གི་མི་ཆུང་ཁ་བདེ་ཡིན་སྐབས་ས་འདི་ནས་གྲིའི་ཕྲ་རྒྱན་དེ་བོར་སོང་བ་དེ་རིང་འདིར་རྙེད་ལས་ཆེ་བས་བཙལ་དགོས་གསུངས་ནས་བཙལ་བས། གེ་སར་ཤུག་པའི་ཉེ་འདབས་སུ་བྱི་རུ་ཆེན་པོ་ཞིག་རྙེད་པ་དང་། ཁོང་གིས་ཕབ་པའི་སྒྲུང་ཡིག་དག་ལ་གཡུ་ཁོག་བྱ་བྲལ་བས་ཞིབ་གཟིགས་མཛད་ནས་བབ་སྒྲུང་འཁྲུལ་མེད་རེད་ཅེས་བསྔགས་བརྗོད་གནང་། དེང་སྐབས་མཇལ་དུ་ཡོད་པ་ནི། འཁྲུངས་གླིང་། རྟ་རྒྱུག བདུད་འདུལ། ཧོར་འདུལ། ཅོག་རོའི་རྟ་རྫོང་། བལ་པོའི་ལུག་རྫོང་། རྒྱ་ནག་ཇ་རྫོང་། བྲག་དམར་ཁྱུང་རྫོང་། ཟི་མའི་འབྲི་རྫོང་སོགས་ལ་སྔ་དུམ། ཕྱི་དུམ་ཞེས་བཏགས་པ་གླེགས་བམ་གཉིས་བཞུགས། དགུང་གྲངས་བརྒྱ་དང་ལྔ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ས་གླང་ལོར་སྐུ་ལ་བསྙུན་པ་སོགས་མི་བདེ་བ་གང་ཡང་མེད་པར་ཉིན་ཞིག་སྐུ་ཚ་བཀྲ་གནམ་ལ་བླ་མ་ཀོང་སྤྲུལ་གདན་དྲོངས་ཤོག་གསུངས། ཀོང་སྤྲུལ་ཕེབས་སྐབས་ཁོང་གཉིས་ཀྱིས་ཕན་ཚུན་གསུང་གླེང་མང་དུ་མཛད་མཐར་ཀོང་སྤྲུལ་གྱིས་འཕོ་བ་གསུངས་ནས་ཧིཀ་ཀ་བརྗོད་པ་དང་མཉམ་དུ་སྐུ་གཤེགས། སྐུ་གདུང་ཤིན་ཏུ་ཆུང་ངུར་གྱུར་པ་དང་། ཞུགས་འབུལ་སྐབས་སྤྱན་མེས་མ་ཚིག་པར་དབྱིངས་སུ་འཕུར་བ། གདུང་རུས་ལས་རིང་བསྲེལ་བབས་པ་སོགས་རྟགས་མཚན་དུ་མ་བྱུང་ངོ་།།

རྒྱ་ཤུལ་ཤེས་རབ་བཟང་པོ་ནི།

ཆོས་བདག་ལུང་བསྟན་མུན་སེལ་སྒྲོན་མེ་ལས། ཁྱད་པར་གནུབ་བན་ཛྙ་ནའི་འཕྲུལ༔ ཤིང་ཁམས་སྟག་གི་ལོ་པ་གཅིག༔ རྡོ་རྗེ་གཡུ་ཁྲོམ་རྒྱུད་དུ་ནི༔ པྲ་ཛྙ་བྷ་དྲ་ཆོས་ལ་དབང༔ ཞེས་དང་། བསམ་གཏན་ཡེ་ཤེས་གླིང་པས། དུམ་རྒྱ་ཞང་ཁྲོམ་ཟློས་པའི་གར། །རིགས་སྔགས་འཆང་བ་ཆེ་བའི་མཆོག །ཆོས་དབང་པྲ་ཛྙ་བྷ་དྲ་ཡིས། །ཞེས་ལུང་གིས་བསྔགས་པ་ལྟར། རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྟག་གི་༼༡༨༥༤ ༡༩༡༢༽ལོར་གཡུ་ཁོག་ཏུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ཕྱུགས་འཚོར་ཕྱིན་སྐབས་རྡོ་དཀར་དང་རྡོ་ནག་སྲད་བུ་ལྟར་བྱས་ནས་སླས་མ་བྱེད་པ་སོགས་གྲུབ་སྤྱོད་ཅན་ཞིག་ཡིན་པར་བཤད། རྟེན་སྔགས་འཆང་ཏུ་བཞུགས། གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་། གཏེར་སྟོན་རྒྱ་ཞང་ཁྲོམ་བཅས་ཀྱི་སྤྲུལ་པའི་རོལ་གར་དུ་གྲགས། ཁོང་ཉིད་ཀྱིས་ཀྱང་རྒྱ་ཞང་ཁྲོམ་གྱི་སྤྲུལ་པར་ཞལ་གྱིས་བཞེས་པར་མ་ཟད། གཡུ་སྟོད་རྫ་ལུང་གཡུ་ཕུ་རྫ་ལུང་གི་གནས་ལག་ཡིན་གསུངས་ནས་གནས་དེར་ཕུར་བུ་དང་། བྱད་ཁྲོལ་ཆུང་བ་སོགས་གཏེར་ནས་བཏོན། དགུང་གྲངས་ང་དགུ་བཞེས་པ་ཆུ་བྱི་ལོར་སྐུ་གཤེགས་སོ།།

རྒྱལ་རོང་གཏེར་རྒོད་རིག་འཛིན་གསང་སྔགས་གླིང་པ་ནི།

རབ་བྱུང་བཅུ་བཞི་པའི་མེ་སྦྲུལ་༼༡༨༥༧༽ལོར་འཁྲུངས། འདིའི་འཁྲུངས་ཡུལ་གང་ཡིན་མ་ཤེས། གཡུ་ཁོག་ཏུ་ཕྱིས་སུ་བྱོན་ནས་བཞུགས་པ་ཞིག་ཡིན་པར་སྣང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། མཁར་ཆུ་དཔལ་གྱི་དབང་ཕྱུག་ཟུང་དུ་འཇུག་པའི་རོལ་གར་དུ་གྲགས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པར་བཞུགས། དགུང་གྲངས་ཉེར་གཅིག་བཞེས་པ་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ། ཡུལ་དབུས་བྲག་དམར་གཡའ་མ་ལུང་གི་བྲག་རི་ཁྱུང་ཆེན་གཤོག་པ་བརྐྱངས་འདྲ་ནས། སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཆོས་སྐོར་དང་། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་བཅུ་ལ་ལྷ་སའི་ལྕགས་པོ་རིའི་བྲག་རི་གླང་པོས་ཆུ་འཐུང་པ་འདྲ་བ་ནས། རྐྱེན་བཟློག་རྡོ་རྗེ་ཕ་ལམ་སོགས་ཟབ་ཆོས་འགའ་ཞིག་གཏེར་ནས་སྤྱན་དྲངས། དེ་ནས་གཡུ་ཁོག་ཏུ་ཕེབས་ནས་ཡུན་རིང་བཞུགས། རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ། དཔའ་བོ་མཁའ་འགྲོ་འདུ་བའི་དུས་བཟང་གི་ཉི་ཤར་འབྲུག་གི་དུས་ཚོད་དང་བསྟུན་ནས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར། བྲག་རི་སེང་ཆེན་འགྱིང་འདྲའི་ལྟོ་བ་ནས། དམ་རྫས་ཡེ་ཤེས་ཀློང་དགུའི་བཅུད་ལེན་མྱོང་གྲོལ་རིལ་བུ་ཁྱད་འཕགས་དུ་མ་དང་། རྡོ་རྗེ་ཕུར་པ་གསང་བ་སྤུ་གྲིའི་ཆོས་སྐོར་གྱི་ཤོག་སེར་བཅས། གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གཙོས་སྐལ་ལྡན་ཆོས་ཀྱི་བདག་པོ་དུ་མ་དང་། གཡུ་ཁོག་མི་དབང་བསོད་ནམས་དབང་འདུས་སོགས་ཆེ་དྲེགས་མང་པོའི་གཙོས་འདུས་པ་གྲངས་ལས་འདས་པའི་མངོན་སུམ་མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་བར་ཁྲོམ་གཏེར་དུ་བླངས་ཤིང་། འདུས་པའི་སྡེ་ཆེན་པོར་དམ་རྫས་རིལ་བུ་གཏེར་བྲག་ནས་སྐྱོགས་ཆུང་གིས་བཅུས་ཤིང་ཕུལ། ཕུར་པའི་ཆོས་སྐོར་རྣམས་དུས་ཕྱིས་ནག་ཟླའི་ཚེས་ཉེར་བརྒྱད་ནས་གཡུ་ཁོག་དཔོན་གྱི་བཀྲ་ཤིས་པའི་འདུན་སར་ཌཀྐིའི་ཤོག་སེར་ལས་བོད་ཡིག་ཏུ་ཕབ། རྗེ་འདི་ཉིད་ཀྱི་རིགས་སྲས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། རྒྱ་སྐོར་སྤྲུལ་སྐུ་ཀུན་བཟང་ཐེག་མཆོག་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱིས་ཀྱང་བསྟན་ལ་བྱ་བ་ཆེར་མཛད། ཁོང་བར་ཆད་ཀྱི་དབང་གིས་སྐུ་ཚེ་དང་མཛད་པ་མཐར་མ་ཕྱིན་པར་བཤད།

ནགས་རྟ་བླ་མ་མདོ་སྡེ་བཟང་པོ་ནི།

རབ་བྱུང་བཅུ་བཞི་པའི་མཇུག་ཙམ་ལ་གཡུ་ཁོག་ཏུ་ནགས་རྟ་བའི་ཁྱིམ་དུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས་ནས་མདོ་སྔགས་རིག་གཞུང་དང་། མཐོང་བརྒྱུད་ཕྱག་བཞེས་ལ་མཁས་པར་སྦྱངས། གཡུ་ཁོག་རྒྱ་སྤྲུལ་དང་། ཧོར་བླ་གཞན་ཕན་གཉིས་ཀྱི་ཞལ་སློབ་དང་ཆོས་བདག་ཏུ་གྱུར་ཅིང་དབང་གི་མཚམས་སྦྱོར་སོགས་གཏེར་ཆོས་ཁ་སྐོང་གི་སྐོར་མང་དུ་མཛད། ཆོས་བདག་ལུང་བསྟན་མུན་སེལ་སྒྲོན་མེ་རུ། རྩང་སྔོན་ལེགས་གྲུབ་སྤྲུལ་པ་ནི༔ མདོ་ཡི་མིང་ཅན་བཀུར་བའི་འོས༔ ཞེས་གསུངས་པ་ནི་བླ་མ་འདི་ཉིད་ཡིན་པར་སྣང་། རྩ་གསུམ་སྲུང་མ་སོགས་སྤྱིའི་གཏོར་མ་བཅའ་ཐབས་ཀྱི་རིམ་པ་བློ་གསལ་སྙིང་གི་ནོར་བུ། སྒྱུ་འཕྲུལ་དྲྭ་བ་ཧེ་རུ་ཀའི་རྩ་འཆམ་ཟིན་བྲིས་མཐོང་བ་དོན་ལྡན། ཕུར་བ་དམ་སྲི་ཚར་གཅོད་ཀྱི་གདངས་དབྱངས་སྒྲུབ་ཆེན་བཀའ་བརྒྱད་དང་མཐུན་པར་བཀོད་པའི་སྟོད་ལས་ཀྱི་དབྱངས་རོལ་འཆི་མེད་དབང་པོའི་རྒྱལ་རྔ། སྨད་ལས་ཀྱི་དབྱངས་རོལ་ཁྲག་འཐུང་དཔའ་བོའི་རྔམ་གླུ། དྲག་པོ་ལྕགས་འདུལ་དཀར་ནག་གི་ལག་འཛིན་སོགས་ཟིན་བྲིས་སྣ་ཚོགས་མཛད། འཁོར་གདོང་པདྨ་བཛྲ་སོགས་ཞལ་སློབ་མང་དུ་བྱོན། རྟེན་རབ་བྱུང་དུ་བཞུགས། བྲག་ཆུང་རི་ཁྲོད་དུ་ཡུན་རིང་སྐུ་མཚམས་ལ་བཞུགས། རབ་བྱུང་བཅོ་ལྔ་པའི་དཀྱིལ་སྨད་ཙམ་དུ་འཕྲལ་རྐྱེན་ལ་བརྟེན་ནས་ཞི་བར་གཤེགས།

ནགས་རྟ་སྤྲུལ་སྐུ་ཚེ་གཅེས་ནི།

རབ་བྱུང་བཅུ་བཞི་པའི་མཇུག་ཏུ་གཡུ་ཁོག་བཞག་ར་ཞེས་པའི་རིགས་སུ་སྐུ་འཁྲུངས། བླ་མ་མདོ་སྡེ་བཟང་པོ་དང་སྐུ་མཆེད་ཐོབ་པར་བཤད། ནགས་རྟ་བླ་མ་ཨུ་རྒྱན་ཕུན་ཚོགས་ཀྱི་ཡང་སྲིད་དུ་གྲགས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་དུ། དབྱི་མདོའི་ཕྱོགས་སུ་རྨ་ཐོག་ཚེ་ཡི་མིང་༔ ཞེས་འབྱུང་བ་དེ་བླ་མ་འདི་ཉིད་ཡིན་ནམ་སྙམ། བྲག་ཆུང་རི་ཁྲོད་དུ་ལོ་གྲངས་དུ་མར་སྐུ་མཚམས་ལ་བཞུགས། ནུབ་གཅིག་ཁོང་གི་ཡུལ་མི་ཞིག་གིས་རྟ་ཁྲིད་ནས་བསུ་མར་སླེབས་པའི་ཉམས་སྣང་ཤར། ཁོང་གིས་ཀྱང་འབྱོན་པར་གསུངས་ནས་སྒྲུབ་ཁང་གི་སྒོར་བྱོན་ནས། རྟའི་ཡོབ་ཆེན་དུ་ཞབས་གཡོན་པ་བཞག་སྐབས་ཐུགས་བརྟགས་ཤིག་མཛད་པས། ཁོང་སྒྲུབ་ཁང་ཉེ་འགྲམ་གྱི་བྲག་གསེབ་ཐང་ཤིང་ཞིག་གི་རྩེ་ན་མཆོང་གྲབ་བྱེད་ཀྱིན་འདུག་པས་ལྷོང་ཆོད་པ་བྱུང་། སྐུ་འདའ་ཁར། ནམ་མཁའི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་མཐིང་ཁའི་ཞིང་ཁམས་མཐོང་བར་ཤོག །ཆུ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་དཀར་པོའི་ཞིང་ཁམས་མཐོང་བར་ཤོག །ས་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་སེར་པོའི་ཞིང་ཁམས་མཐོང་བར་ཤོག །མེ་ཡི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་དམར་པོའི་ཞིང་ཁམས་མཐོང་བར་ཤོག །རླུང་གི་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་ལྗང་གུའི་ཞིང་ཁམས་མཐོང་བར་ཤོག འཇའ་ཚོན་ཁམས་རྣམས་དགྲ་རུ་མི་ལྡང་ཞིང་། །སངས་རྒྱས་སྣ་ཚོགས་ཞིང་ཁམས་མཐོང་བར་ཤོག །སྒྲ་འོད་ཟེར་གསུམ་དགྲ་རུ་མི་ལྡང་ཞིང་། །ཞི་ཁྲོ་རབ་འབྱམས་ཞིང་ཁམས་མཐོང་བར་ཤོག །སྒྲ་རྣམས་ཐམས་ཅད་རང་སྒྲར་ཤེས་པར་ཤོག །འོད་རྣམས་ཐམས་ཅད་རང་འོད་ཤེས་པར་ཤོག །ཟེར་རྣམས་ཐམས་ཅད་རང་ཟེར་ཤེས་པར་ཤོག །བར་དོ་རང་ངོ་རང་གིས་ཤེས་པར་ཤོག །སྐུ་གསུམ་ཞིང་ཁམས་མངོན་དུ་འགྱུར་བར་ཤོག །ཞེས་བར་དོ་འཕྲང་སྒྲོལ་གྱི་སྨོན་ལམ་ཞལ་འདོན་མཛད་ཅིང་སྐུ་ཡར་བཞེངས་ནས་འདས་པར་བཤད་དོ།།

ཆ་མདའ་བློ་གྲོས་རབ་གསལ་ནི།

རབ་བྱུང་བཅུ་བཞི་པའི་མཇུག་ཏུ་གཡུ་ཁོག་ཆ་མདའ་བའི་ཁྱིམ་དུ་སྐུ་འཁྲུངས། ཆ་མདའ་ཚང་ནི་བྲག་འགོའི་ཆ་ནང་ལུང་མདའ་ནས་གཡུ་ཁོག་ཏུ་འོངས་བས་ཆ་མདའ་བ་ཐོགས་པ་ཡིན་པར་ཐོས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། དཔོན་སློབ་བཞི་པ་འཇིགས་མེད་ཆོས་དབྱིངས་འོད་གསལ་དང་། རྒྱ་ལྷ་མོ་ཚེ་རིང་། ཧོར་བླ་གཞན་ཕན་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། རྟེན་སྔགས་འཆང་། དུས་རྒྱུན་སྐྱ་ཆས་སྤྲས། གྲི་རིང་སྐེད་ལ་དྲངས། དབུ་སྐྲ་སླས་མ་བྱས་ཤིང་དུང་ཟླུམ་བརྒྱུས། སྙན་ལ་དུང་གི་ཝ་མིག་བརྒྱན་པ། ཆང་དང་དུ་བ་རྒྱུན་གསོལ་མཛད་ཅིང་། དུ་བ་གསོལ་ཚེ་མཚམས་རེར་ཕྱག་སོར་བཅུའི་རྩེ་ནས་དུ་བ་སྤོས་དུད་ལྟར་སྤྲོ་བ་དང་། གཤིན་པོའི་སྔས་མགོར་བྱོན་ཚེ་དུ་བ་ཚགས་རེ་འཐེན་ཅིང་རོ་མགོར་བརྡབས་ནས་སྐྲ་རྟགས་ལེན་མཁན་ཞིག་ཡིན་པར་བཤད། མཚན་སྔགས་ནག་བློ་གྲོས་རབ་གསལ། རྨད་བྱུང་བདེ་ཆེན་དགྱེས་པའི་རྡོ་རྗེ། ཡོངས་གྲགས་སུ་ཆ་མདའ་རབ་ལོ་ཞེས་འབོད། འཕགས་ཡུལ་གྱི་གྲུབ་ཆེན་ས་ར་ཧ་པ་དང་། གུ་རུའི་ཐུགས་ཀྱི་གཟུངས་མ་བལ་མོ་ཤཀྱ་དེ་ཝ་སོགས་ཀྱི་སྤྲུལ་བར་གྲགས། རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ས་ག་ཟླ་བའི་ཡར་ཚེས་ལ་རྒྱ་ལྷ་མོ་ཚེ་རིང་གིས་གཡུ་སྒྲ་སྙིང་པོའི་གསོལ་ཐོད་དུམ་བུ་གཅིག་པ་འདོད་དགུའི་རྫས་ཀྱིས་བཀང་བ་དང་། ཁོང་གི་གཏེར་བྱོན་མ་འོངས་ལུང་བསྟན་གསལ་བྱེད་སྒྲོན་མེ་གཉིས་གནང་ཤིང་། ཨོ་རྒྱན་མཁའ་སྤྱོད་གླིང་པ་ཞེས་མཚན་བཏགས་ཏེ་རྩ་བའི་ཆོས་བདག་ཏུ་མངའ་གསོལ། ཧོར་བླ་གཞན་ཕན་པའི་གཏེར་བྱོན་དྲང་སྲོང་སྨུག་ནག་འོད་འཕྲོ་སོགས་ཀྱི་ཆོས་བདག་ཀྱང་ཡིན་པར་གསལ། ནོར་ནད་བྱུང་བ་ལ་ཐུན་གྱིས་བྲབས་པས་ནད་ངན་རྒྱུན་ཆད་པ་དང་། རྫེ་ཐ་རྒྱལ་ངན་འཁྱིལ་ཆེན་ཕྱོགས་ནས་གཡུ་ཁོག་ཏུ་འོང་དུས་ཁོང་གིས་འུར་དེད་བྱས་ཤིང་ཕྱིར་བསྐྲད་པ་དང་། གྲི་རིང་ལ་མདུད་པ་བརྒྱབ་པ་སོགས་གྲུབ་པའི་རྟགས་མཚན་དུ་མ་མངའ། གཡུ་དགོན་ཁྲོ་བོ་མཆོད་ཆོག་གི་ཁྲི་བཞུགས་མཛད། འདའ་ཁར་ནང་མི་རྣམས་ལ་ང་ཤི་རྗེས་ཁྱེད་ཚོས་ཡང་སྤྲུལ་རྩད་གཅོད་བྱེད་མི་དགོས། ཉིན་ཞིག་གཡག་སྣ་ལོ་མ་ཁྲིད་མཁན་ཞིག་ཁྱིམ་འདིར་འོང་ན་དེ་ང་ཡིན་སོགས་གསུངས་ནས་འཁྱིལ་ཆེན་ལྕང་ཤར་མདོ་རུ་རེ་ཞིག་ཞི་བར་གཟིམ་པའི་ཚུལ་བསྟན་ཏོ།།

ཨ་ཚབ་སྤྲུལ་སྐུ་པདྨ་བསྟན་འཛིན་ནི།

རབ་བྱུང་བཅུ་བཞི་པའི་དཀྱིལ་སྨད་ཙམ་དུ་གཡུ་ཁོག་ཨ་ཚབ་ཚང་དུ་སྐུ་འཁྲུངས། རྫོང་སར་དང་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས་ཏེ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། མི་འགྱུར་ནམ་མཁའི་རྡོ་རྗེ་སོགས་ལས་བཀའ་གཏེར་གྱི་སྨིན་གྲོལ་དང་། གཙུག་ལག་རྒྱ་མཚོའི་གཞུང་བཤད་ལ་གསན་སྦྱང་མཛད་པས་མཁས་དང་གྲུབ་པའི་དབང་པོར་གྱུར། དྲང་སྲོང་གཟའ་མཆོག་ཆེན་པོ་ལུས་དང་གྲིབ་བཞིན་འབྲལ་མེད་དུ་འགྲོགས་ཤིང་ཅི་བཅོལ་ལས་ཀུན་བསྒྲུབས། ཐུན་མིན་གྱི་བླ་མ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས་ཟབ་རྒྱས་ཀྱི་སྨིན་གྲོལ་དང་མན་ངག་དུ་མ་མནོས་ཤིང་། ཙཱ་འདྲ་རིན་ཆེན་བྲག་ཏུ་བགྲང་བྱ་དུ་མར་སྒྲུབ་པ་ཉམས་བཞེས་མཛད། འོ་བྲན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་ཡང་སྤྲུལ་དུ་གྲགས། རིག་འཛིན་ལུང་རིག་གླིང་པས་ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་དུ། འོ་བྲན་སྤྲུལ་པ་བསྟན་མིང་སྒྲུབ་ལ་བརྩོན༔ སྒྲོལ་མའི་ཆོས་ཀྱིས་འགྲོ་བའི་བར་ཆད་སེལ༔ ཅེས་ལུང་ཟིན་ཆོས་ཀྱི་བདག་པོར་གྱུར། ཤར་རོང་དགོན་དུ་འདུས་པའི་སྡེ་ཆེན་པོར་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་དབང་བསྩལ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་འདས་མཆོད་དུ་གཡུ་མཁར་དགོན་དུ་གསང་ཐིག་བླ་སྒྲུབ་ཀྱི་མཆོད་ཆོག་བཙུགས་ནས་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་གར་འཆམ་ཆེན་མོ་གསང་ཐིག་བླ་སྒྲུབ་ཀུན་ཁྱབ་ཐིག་ལེའི་སྒོ་ནས་འཆམ་སྲོལ་བཙུགས། དཔལ་སྤུང་དང་། རྫོགས་ཆེན། ཞེ་ཆེན་སོགས་སུ་ཀོང་སྤྲུལ་བའི་སྐུ་གསུང་ཐུགས་སོགས་ཀྱི་སྤྲུལ་སྐུ་ངོས་བཟུང་གདན་སར་བཀོད་སྐབས། སྔར་ཀོང་སྤྲུལ་རིན་པོ་ཆེར་མ་འོངས་པར་ཁོང་གི་ངོ་སྐལ་དུ་ཡང་སྤྲུལ་གཡུ་ཁོག་ཏུ་འཁྲུངས་དགོས་པར་གསོལ་བ་བཏབ་པས་འབྱོན་པར་ཞལ་བཞེས་གནང་བ་ལྟར། རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ངོས་འཛིན་གནང་བའི་གཡུ་ཁོག་ཀོང་སྤྲུལ་པདྨ་དགྱེས་པ་ངོས་འཛིན། ཁྲི་གསོལ། སྐུ་བདག་མཛད། གཡུ་ཁོག་པའི་བསྟན་སྲིད་གཉིས་ཆར་ལ་བླ་མ་འདི་ཉིད་བཀའ་དྲིན་ཤིན་ཏུ་ཆེ་བར་གྲགས། སྐུ་ཚེ་དང་མཛད་པ་མཐར་ཕྱིན་ནས་ཨུག་ཚང་དཀྱིལ་འཁོར་ཐང་དུ་ཞི་བར་གཤེགས།

ཧོར་བླ་གཞན་ཕན་བཟང་པོ་ནི།

རིག་འཛིན་གསང་སྔགས་གླིང་པའི་གཏེར་ལུང་ལས། དེ་ལ་སྐལ་ལྡན་གཉིས་པ་གཡུ་ཁྲོམ་ཡུལ༔ ལྕམ་སྤྲུལ་ཞེས་བྱ་ལྕགས་ཁམས་སྤྲེའུའི་ལོ༔ གཞན་ཕན་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ༔ མ་ངེས་སྤྱོད་པས་འགྲོ་དོན་མཐའ་རུ་འཁྱོལ༔ ཞེས་དང་། ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། ཤར་ཕྱོགས་རྡོ་རྗེ་གཡུ་ཁྲོམ་འགྱིང་ཁུག་ཏུ༔ མཁས་མཆོག་ཡེ་ཤེས་དབྱངས་ཀྱི་ཟློས་གར་བ༔ ཐུབ་པའི་མིང་ཅན་རྩལ་ལྡན་ཁྱུང་གཤོག་ཅན༔ མགྲིན་པར་སྨེ་བ་ཐིག་ལེ་ཡུངས་འབྲུ་ཙམ༔ མ་བསླབ་ཆོས་ཀྱི་རང་རྩལ་རྡོལ་བ་འབྱུང་༔ ཞེས་དང་། པདྨ་དྲག་རྩལ་གླིང་པའི་གཏེར་ལུང་ལས། གཡུ་ཡི་ཕྱོགས་སུ་ཨ་ཙར་ས་ལེའི་འཕྲུལ༔ ཕན་པའི་མིང་ཅན་བརླ་གཡས་སྨེ་བས་བརྒྱན༔ ཞེས་དང་། ཆོས་གླིང་གི་ཕྱག་རྡོར་དྲེགས་པ་ཀུན་འདུལ་གྱི་མ་འོངས་ལུང་བསྟན་ལས། མཚོ་རྒྱལ་ཨ་ཙར་ཡེ་ཤེས་འཕྲུལ༔ གཡུ་ཡི་ཕྱོགས་སུ་སྐུ་བལྟམས་པ༔ ངེས་མེད་འགྲོ་བ་གཞན་ལ་ཕན༔ འབྲེལ་ཚད་དོན་ལྡན་འགྲོ་བ་འདུལ༔ ཞེས་དང་། རྡོ་རྗེ་བདེ་ཆེན་གླིང་པའི་གཏེར་ལུང་ལས། མདོ་ཁམས་ཤར་ཕྱོགས་ཨ་ཙར་ས་ལེའི་འཕྲུལ༔ བསམ་གཏན་མིང་ཅན་པདྨའི་བརྒྱུད་འཛིན་པ༔ ཞེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་དུ་མ་ནས་ལུང་གིས་གསལ་བར་བསྔགས་པ་ལྟར། ཡབ་རྒུ་པེས་ཚེ་རིང་ནོར་བུ་དང་། ཡུམ་ཧོར་བཟའ་མདོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་སྤྲེལ་༼༡༨༦༠ ༡༩༠༣༽ཧོར་ཟླ་དང་པོའི་གནམ་སྟོང་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དེམ་ཁོག་ཏུ་སྐུ་བལྟམས། སྐུ་ན་ཆུང་དུས་ཀྱི་ནུབ་གཅིག་རྨི་ལམ་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དར་ལྗང་གུའི་བསྲུང་མདུད་དང་། རྟེན་འདུས་རིལ་བུ་བདུན་གནང་བ་ཕྱི་ཉིན་སྔས་ཐོག་ཏུ་ཡོད་པ་དང་། ཡར་ཚེས་བཅུ་ཞིག་གི་ཉིན་ཉམས་འུར་བ་ལྟར་སོག་པའི་ཊ་མ་རུ་ཞིག་དཀྲོལ་ནས་ཁྱིམ་གྱི་ཕྱི་ནང་ཀུན་དུ་གར་འཆམས། གླུ་བླངས་ནས་བརྒྱུགས་པ་ན། ཡུམ་ཁྲོས་ནས་བརྡུང་བར་བརྩམས་སྐབས། སྒོ་འགྲམ་གྱི་རྡོ་རིང་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཐམས་ཅད་ཡ་མཚན་ནས་གསང་རྒྱ་བྱས། དགུང་གྲངས་བཅུ་གསུམ་སྐབས་ལོ་ཆེན་བཻ་རོའི་ཟློས་གར་གནམ་མཚོ་སྤྲུལ་སྐུ་འགྱུར་མེད་བྱང་ཆུབ་རྡོ་རྗེས་སྤྲུལ་པའི་སྐུ་ཉིད་དུ་ལུང་བསྟན་ཅིང་། ཡི་གེ་འབྲི་ཀློག་སོགས་ཀྱི་སློབ་དཔོན་མཛད། དགུང་གྲངས་བཅུ་དགུའི་དུས་གཡུ་ཁོག་རྒྱ་སྤྲུལ་རིག་འཛིན་ལུང་རིག་གླིང་པས་ཆོས་ཀྱི་བདག་པོའི་མཚན་གསོལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང་། ཀྱཻ་ཧོ་སྐལ་ལྡན་ཆོས་ཀྱི་བདག་པོ་གསོན༔ ཁྱོད་སྔོན་ཚོགས་གཉིས་བསགས་འབྲས་དུས་སྨིན་པས༔ ཐུབ་དབང་སྟོན་པ་མྱ་ངན་འདའ་བཞེད་ཚེ༔ བཞུགས་པར་གསོལ་འདེབས་དགེ་བསྙེན་ཙུནྡའི་མཚན༔ དེ་འོག་པདྨ་རྒྱལ་པོའི་གཟུངས་མ་མཆོག༔ མཚོ་རྒྱལ་ཐུགས་ཟིན་ཨ་ཙར་དཔལ་དབྱངས་གྲགས༔ དེ་འོག་ལྷོ་བྲག་གཏམ་ཤུལ་ཞེས་བྱ་བར༔ མངའ་བདག་ཐུགས་སྲས་ནམ་མཁའ་དཔལ་དེ་ཡི༔ ཞབས་འབྲིང་སྔགས་ཀྱི་རྣལ་འབྱོར་བསྟན་འཛིན་མིང་༔ དེ་འཕྲོས་ལྷོ་ནུབ་ལ་ཡག་ཞེས་པའི་སར༔ ཆོས་དབང་དང་འབྲེལ་ན་རཱི་ཛྙ་ན་ཞེས༔ དེ་འོག་སྐྱེ་མང་བརྒྱུད་མཐར་འཇའ་ཚོན་པའི༔ ཞབས་ཏོག་ཕུལ་ཕྱིན་པདྨ་བསྟན་འཛིན་མཚན༔ དེ་འོག་སྤྲུལ་སྐུ་ངེས་དོན་བསྟན་འཛིན་པའི༔ དངོས་སློབ་གྲུབ་དབང་ལྕམ་བླ་དཀོན་མཆོག་ཞེས༔ དེ་ཡི་འོག་ཏུ་ལྕམ་བླ་ཀློང་ཡངས་པ༔ དོན་དུ་གྲུབ་དབང་དཀོན་མཆོག་ཆོ་འབྲང་གཅིག༔ ད་ལྟ་ཁོ་བོའི་མཚོ་རྒྱལ་གསང་མཛོད་ཀྱི༔ ཟབ་ཆོས་ལུང་ཟིན་དཔལ་ལམ་ཕན་པའི་མིང༔ ཞེས་སྐྱེ་ཕྲེང་སོགས་ལུང་བསྟན་སྣ་ཚོགས་གནང་། དེ་ནས་བཟུང་རྒྱ་སྤྲུལ་གཏེར་གསར་ཁོ་ན་ཉམས་སུ་བླངས་པས་དུད་སོལ་མས་ཞལ་གཟིགས་ཤིང་འབྱུང་འགྱུར་ལུང་བསྟན་པ་སོགས་བྱུང་། ཡོངས་འཛིན་དཀོན་མཆོག་ཚུལ་ཁྲིམས་ཀྱིས་སྒྲ་སྐྱོར་སྦྱང་བྱེད་དུ་བཅུག་སྐབས་ཉིན་རེར་སྒྲའི་སྐོར་ལྡེབ་བརྒྱད་རེ་མ་བསླབ་ཀྱང་ཐུགས་སུ་ཆུད་པ་བྱུང་། གཏེར་ཆེན་བདུད་འཇོམས་གླིང་པས་ཆོས་བདག་ཏུ་ལུང་བསྟན། འོད་གསལ་རྫོགས་ཆེན་གྱི་ལྟ་བ་ངོ་སྤྲད། གོང་གསལ་གཏེར་སྟོན་གླིང་པ་གཉིས་དང་། རྒྱལ་རོང་གཏེར་རྒོད་གསང་སྔགས་གླིང་པ་དང་། དབང་ཆེན་སྔགས་བདག་གླིང་པ། ཨ་སིག་གཏེར་སྟོན་པདྨ་དྲག་རྩལ་གླིང་པ། གྲྭ་མདའ་གཏེར་སྟོན་ཨོ་རྒྱན་མཁའ་སྤྱོད་གླིང་པ། རྒྱ་ལྷ་མོ་ཚེ་རིང་ངམ་རིག་འཛིན་ལྷུན་གྲུབ་གླིང་པ་བཅས་གཏེར་སྟོན་གླིང་པ་བདུན་གྱིས་ཆོས་བདག་ཏུ་མངའ་གསོལ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྒྲུབ་ཆེན་དང་། བསམ་པ་ལྷུན་གྲུབ་མ་འབུམ་གྱི་རིམ་གྲོ་ལ་བརྩོན་པས། ལོ་ཆེན་བཻ་རོ་ཙ་ནས་ཞལ་གཟིགས། ཏཱ་རེའི་གནས་ཞོལ་དུ་ཚོགས་མཆོད་ཞིག་འབུལ་བའི་སྐབས་སུ། རིག་འཛིན་གསང་སྔགས་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་དམ་པོ་ཞིག་མ་ཐོབ། ད་ནི་གསོལ་བ་བཏབ་ནས་བསྒོམ་པ་མ་གཏོགས་ཐབས་གཞན་མེད་དགོངས་པ་ན། ནུབ་གཅིག་ཐུགས་ཉམས་སུ། གཏེར་ཆེན་ཉིད་རྟ་མཆོག་རག་དཀར་རིན་པོ་ཆེའི་རྒྱན་དང་ལྡན་པ་ཞིག་ཆིབས་ནས་རྒྱ་གར་གྱི་པཎ་གྲུབ་འགའ་དང་། མཁའ་འགྲོ་སྡེ་ལྔའི་ཚོགས་དང་བཅས་པ་ལྷོ་ནུབ་ཟངས་མདོག་དཔལ་གྱི་རི་བོ་ནས་མདུན་མཁར་བྱོན་ཏེ། ངའི་ཟབ་གཏེར་ཀུན་བཟང་དགོངས་མཛོད་གསང་བ་ཡང་ཏིག་གི་དབང་ལུང་དང་། མན་ངག་གི་བཀའ་ཐམས་ཅད་ཁྱོད་ལ་གཏད་པ་ཡིན། བརྒྱུད་པ་ཟུངས་དང་། རིག་འཛིན་ལུང་རིག་གླིང་པ་དང་། ངེད་ཅག་སྤྲུལ་གཞི་གཅིག་ལ་སྣང་ཚུལ་ཐ་དད་ཙམ་ཡིན་གསུངས་ནས། གཏེར་སྒྲོམ་དང་པུསྟི་དམར་པོ་ཞིག་མགོ་ལ་བཞག་ནས་བཀའ་གཏད་བྱས། དགུང་གྲངས་ཉེར་བདུན་བཞེས་སྐབས་ལི་རྩང་ཕྱོགས་ཀྱི་ཡུལ་ལྷ་འགས་མཚམས་ཞུ་དང་ཞབས་ཏོག་འབུལ་བའི་ཉམས་སྣང་ཤར་བ་ལྟར། དེ་ཕྱོགས་སུ་ཕེབས་ཏེ་གཙང་སྨད་སེང་གེ་དགོན་དུ་སྙིང་ཐིག་བསྟན་པའི་སྲོལ་བཏོད་པ་སོགས་མཛད། གཙང་རོང་གི་རྫ་རི་སྟག་བཀྲ་ལ་བྱོན་ནས་གྲྭ་མདའ་གཏེར་སྟོན་ཀརྨ་སོགས་ལ་རྒྱ་སྤྲུལ་ཕུར་བ་དང་། ནོར་རྒྱུན་མ་སོགས་གཏེར་གསར་འགའི་དབང་ལུང་བསྩལ། གཏེར་སྟོན་དེས་ཀྱང་ཁོང་གི་གཏེར་ཆོས་རྣམས་ཕུལ་ནས་ཆོས་བདག་ཏུ་མངའ་གསོལ། དགུང་གྲངས་ཉེར་བརྒྱད་དུས་གཡུ་མཁར་དགོན་དུ་རིག་བྱེད་མས་ཞལ་གཟིགས་ཏེ་ངའི་རྣ་ཆ་འདི་ཁྱོད་ལ་གཏད། གཡུའི་ཆོས་ཁྲི་ལ་མངའ་གསོལ་བ་ཡིན་གསུངས། ཕྱི་ཉིན་མཆོག་སྤྲུལ་པདྨའི་མཚན་ཅན་གྱིས་ཁོང་དབུས་ལ་བྱོན་རན་པས། དབྱར་གནས་མཁན་པོ་ཁྱེད་ཀྱིས་མཛད་དགོས་གསུངས། དེ་ལུགས་རྒྱ་སྤྲུལ་རིན་པོ་ཆེར་ཞུས་པས། རིག་བྱེད་མའི་དངོས་གྲུབ་རེད། མོས་པ་རྣམ་བཞིའི་གཅིག་རེད་དེ་ལྟར་མཛོད་གསུངས་ནས། མཁན་ཞྭ་སྡེ་སྣོད་གསུམ་པ་ཞིག་གནང་ནས་ཕྱག་གཉིས་མགོ་ལ་བཞག་ནས་བསམ་པ་མྱུར་འགྲུབ་མ་ཚར་གསུམ་གསུངས་པས་གཞུང་ལུགས་རབ་འབྱམས་ལ་ཆགས་ཐོགས་མེད་པའི་ཤེས་རབ་བརྙེས། དགུང་གྲངས་སོ་གཅིག་བཞེས་པ་ལྕགས་སྟག་གི་ལོར་ལྷ་སྒང་ཕྱོགས་སུ་ཕེབས། ནགས་ཕྲན་སོགས་སུ་ཀུན་གྱིས་བླ་མར་བཀུར། པདྨ་དྲག་རྩལ་གླིང་པའི་སྐུའི་ཞབས་བརྟེན་དུ་ཐང་རྒྱལ་གྱི་ཚེ་དབང་ཞིག་ཕུལ་བའི་བྱིན་འབེབས་དུས་གྲུབ་ཆེན་དངོས་བར་སྣང་འཇའ་གུར་དུ་བཞུགས་པ་དབང་ཞུ་བ་ཀུན་གྱིས་མཇལ། ཁོང་ལ་སྔ་ཕྱིར་གདུང་སྲས་གསུམ་བྱོན་པ་ནི་ཆེ་བ་གྲུབ་བརྙེས་དམ་པ་ཧོར་ཨོ་རྒྱན་དང་། འབྲིང་བ་འཁོར་གདོང་གཏེར་ཆེན་གྱི་ཡང་སྲིད་རྡོ་རྗེ་རྒྱལ་མཚན་ནམ་གཡུ་སྤྲུལ་སྐལ་ལྡན་གླིང་པ། ཆུང་བ་མཁར་བ་ཡེ་ཤེས་རྡོ་རྗེའི་ཡང་སྤྲུལ་འཁོར་གདོང་པདྨ་བཛྲ་གསུམ་འཁྲུངས། དགུང་གྲངས་སོ་གསུམ་བཞེས་སྐབས་གཡུའི་ཆོས་གྲྭ་རུ་རྒྱ་སྤྲུལ་གཏེར་ཆོས་ཀྱི་དབང་ལུང་གསུང་བའི་ནུབ་གཅིག་འོད་གསལ་ཉམས་ཀྱི་སྣང་བར་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པ་དང་བཅས་པ་མཇལ་ཞིང་། དེར་རིག་འཛིན་ལུང་རིག་གླིང་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ཞིང་། གཏེར་ཆོས་བཀའ་རྒྱ་ཁྲོལ་མ་ཁྲོལ་ཐམས་ཅད་སྒྲོམ་བུ་དང་ཤོག་སེར་གྱི་ཚུལ་དུ་གནང་ནས་སྨོན་ལམ་གྱི་གཏད་རྒྱ་མཛད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་བྱིན་གྱིས་བརླབས། ཨོ་རྒྱན་ཆེན་པོས་བྱིན་རླབས་མཛད་ནས། རིགས་ཀྱི་བུ་ཁྱོད་ཀྱིས་རང་དོན་དོར་ལ་གཞན་དོན་དང་དུ་ལོངས་དང་། བསྟན་འགྲོ་ལ་སྨན་པའི་གསོས་ཐེབས་གསུངས། རིག་འཛིན་ལུང་རིག་གླིང་པས། རིགས་བདག་ཨོ་རྒྱན་ཆེན་པོ་ལགས། ངའི་ཕྲིན་ལས་ཀྱི་སྤྲུལ་པ་འདི་ལ་ཁྱེད་ཀྱིས་བསྩལ་བའི་མིང་ཞིག་ཞུ་བྱས་པས། བསམ་གཏན་ཡེ་ཤེས་གླིང་པ་ཞེས་མཚན་གསོལ། དེ་ནས་བཟུང་གཏེར་ཆོས་སྣ་ཚོགས་ཕབ་པའི་མགོ་བཙུགས། དགུང་གྲངས་སོ་བཞི་བཞེས་པ་ཆུ་སྦྲུལ་ལོར། ཏཱ་རེའི་གནས་སུ་ཚིག་བདུན་གསོལ་འདེབས་འབུམ་བསགས་པའི་ས་ཟླའི་ཡར་ཚེས་བཅུའི་ཉིན། འོད་གསལ་ཉམས་ཀྱི་སྣང་ཆར་ལུང་པ་ཞིག་གི་མདའ་ནས་ཡར་བྱོན་པས། ཆུ་བོ་ཆེན་པོ་ཞིག་གི་འགྲམ་དུ་སླེབས་ཚེ། བུད་མེད་གོས་སྔོན་པོ་གྱོན་པ་ཞིག་གིས། ཁྱོད་ལ་རིག་འཛིན་ལུང་རིག་གླིང་པས་མདུན་དུ་ཤོག་གསུང་གི། ལམ་སྣ་ངས་བྱེད་ཟེར་བས་དེའི་རྗེས་སུ་ཕེབས་པས། ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པའི་བཀོད་པ་ཡོངས་རྫོགས་མཇལ། བརྗོད་མེད་ཀྱི་ཉམས་ཤར་ནས་དར་ཅིག་ལུས། དེ་ལས་ལྡང་བ་ན་ལྷ་ཁང་ཞིག་གི་ནང་རྩ་བའི་བླ་མ་ཨོ་རྒྱན་ལུང་རིག་གླིང་པ་བཞུགས་པའི་མདུན་དུ་ཡོད་ཅིང་། བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་ཅིང་། ཁྱེད་ཀྱིས་ང་ལ་ཅི་གསུང་རྒྱུ་ཡོད། ས་ཆ་འདི་གང་རེད། ཞུས་པས། བླ་མས། གནས་འདི་ཟངས་མདོག་དཔལ་གྱི་རི་བོ་ཡིན། ང་ནི་ཨོ་རྒྱན་ཆེན་པོ་དང་དབྱེར་མེད་པ་ཞིག་ཡིན། ཁྱོད་ནི་ང་རང་གིས་བྱིན་གྱིས་བརླབས་པའི་ཕྲིན་ལས་ཀྱི་སྤྲུལ་པ་ཞིག་ཡིན། ཕ་ཀིའི་གནས་དེ་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་དགའ་ཚལ་ཞེས་བྱ་བ་ཡིན། རང་བྱོན་དང་རྟེན་གསུམ་འདི་དང་འདི་ལྟ་བུ་ཡོད་དོ་ཞེས་གསུངས་ཏེ། གནས་ཡིག་རྒྱས་བསྡུས་རྣམས་ལས་གསུངས་པ་བཞིན་ངོ་སྤྲད། གཏེར་གསར་ཡོངས་རྫོགས་ཀྱི་གླེགས་བམ་ཁོང་གི་དབུ་ཐོག་ཏུ་བཞག་ནས་སྨོན་ལམ་དང་གཏད་རྒྱ་མཛད། ད་ཁྱོད་སོང་ལ་འགྲོ་དོན་གྱི་ལྷག་མ་སྐྱོངས་ཤིག་གསུངས། དེའི་རྟེན་འབྲེལ་གྱི་མཐུ་ལས་གནས་དེ་རུ་ལྷ་དང་བླ་མ་ལ་གསོལ་བ་བཏབ་ནས། ཕྱི་ལྟར་ན་ཏཱ་རེ་མི་འགྱུར་ལྷུན་གྱིས་གྲུབ་པའི་གནས། ནང་ལྟར་ན་རང་སྣང་གཡུ་ལོ་བཀོད་པའི་ཞིང་ཁམས། གསང་བ་ལྟར་ན་སྐུ་གསུམ་རྒྱལ་བའི་ཞིང་ཁམས་དག་པ་དབྱིངས་ཀྱི་གཞལ་ཡས་ཁང་དེ་ཉིད་གདུལ་བྱའི་བསོད་ནམས་ཀྱི་དཔལ་དུ་གནས་སྒོ་ཕྱེ་བར་མཛད། དགུང་གྲངས་སོ་དྲུག་པར་གནས་ལུང་དཔལ་གྱི་རི་བོ་ནས་གསང་བདག་ཕྱག་ན་རྡོ་རྗེས་ཞལ་གཟིགས་ཤིང་། ཕྱག་རྡོར་ཧཱུྃ་སྒྲུབ་ལུས་དཀྱིལ་གནང་། སྟོན་ཟླ་ར་བའི་ཚེས་བཅུའི་དུས་རྩང་གི་ཐང་འབེ་གནས་སུ་ཕེབས་པས། ཀླུ་སོག་མ་མེ་ལེན་དང་། རྡོ་རིང་དམར་པོའི་གྲི་བཙན་གཉིས་ཀྱིས་རང་གཟུགས་བསྟན་ནས་སྨན་སྒྲུབ་ཀྱི་ཆར་ཕབ། སྐུ་རྟེན་དང་། གཡུའི་མེ་ལོང་། ཤོག་དྲིལ་མཐིང་ག་ཞིག་བཅས་ཕུལ། སྨིན་དྲུག་ཟླ་བའི་ཚེས་བཅུ་ལ་ཏཱ་རེའི་གནས་སུ་ཚོགས་བརྒྱ་ཕུལ་སྐབས་ཆོས་ཐམས་ཅད་བདེན་མེད་སྒྱུ་མའི་ཆོ་རོལ་དུ་སྣང་བ་བྱུང་ཞིང་། ཐོགས་བཅས་ཐོགས་མེད་དང་། ཐོགས་མེད་ཐོགས་བཅས་སུ་བསྒྱུར་ནུས་པའི་སྣང་བས་ཚིག་བདུན་གསོལ་འདེབས་ཚར་གཅིག་གི་རིང་ལ་སྤོས་རིང་གསུམ་ལ་མདུད་པ་བོར། ཚེས་ཉེར་ལྔ་ལ་ཏཱ་རེའི་གནས་ཀྱི་གུ་རུའི་བཞུགས་ཁྲིའི་དྲུང་ནས་དྲང་སྲོང་སྨུག་ནག་འོད་འཕྲོའི་སྒྲུབ་ཐབས་དང་། གཏེར་སྒྲོམ། དམ་རྫས་སོགས་ཁྲོམ་གཏེར་དུ་བཞེས་ནས་མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པ་དང་། སློབ་བུ་རིག་གྲོལ་སོགས་ལ་གཏད། དེ་ནས་དབྱར་མཇུག་གི་དུས་གཡུ་སྨད་ཀྱི་གཞི་བདག་སྐུ་བླ་ར་ཁང་སོགས་སྡེ་བརྒྱད་འགའ་གདན་འདྲེན་དུ་བྱུང་བ་ལྟར། རྒྱལ་རོང་འོ་བཟི་ཕྱོགས་སུ་ཕེབས་ནས་མི་དང་མི་མིན་དུ་མ་ཆོས་ཀྱི་གདམས་པས་འཕྲལ་ཕུག་གི་བདེ་བ་ལ་བཀོད། དགུང་གྲངས་སོ་བདུན་པར་གནས་ལུང་གཞི་བདག་གིས་ཞལ་གཟིགས་ནས་གནས་ལུང་གི་གནས་ཡིག་དང་ལུང་བསྟན་ཤོག་དྲིལ་གཏད། གར་མཁན་ཟླ་བའི་ནང་སྤྱན་རས་གཟིགས་དམར་པོས་ཞལ་གཟིགས། གཡུ་དགོན་དུ་ཟབ་ཆོས་དུ་མ་དང་། ཁྱད་པར་རིག་འཛིན་འཇའ་ཚོན་པའི་གཏེར་ཆོས་ཀྱི་དབང་ལུང་འབུལ་སྐབས་འཇའ་ཚོན་སྙིང་པོས་ཞལ་གཟིགས་པ་དང་། སྔོན་འཇའ་ཚོན་པའི་སློབ་བུ་པདྨ་བསྟན་འཛིན་ཡིན་དུས་ཀྱི་སྔོན་གནས་རྗེས་དྲན་དུ་མ་བྱུང་། དགུང་གྲངས་སོ་བརྒྱད་ཀྱི་དུས་བཞག་བྲ་ལྷ་རྩེས་རང་གཟུགས་བསྟན་ནས་ལུང་བསྟན་པ་ལྟར་མི་ཉག་ཕྱོགས་སུ་ཕེབས་ནས་ཡུལ་གྲུ་འགར་ཆོས་སྦྱིན་དང་། ལྷ་སྒང་གི་གནས་ཡིག་ཕབ། དགུང་གྲངས་བཞི་བཅུ་པར་ཁྲོ་སྐྱབས་གཟིག་རི་དགོན་དང་། ཕུ་དུམ་དགོན། རྒྱལ་མོ་དམུ་རྡོ། རྡོ་ཁོག སྨུག་རོང་སོགས་སུ་ཕེབས་ནས་འདུས་པའི་སྡེ་ཆེན་པོར་དམ་ཆོས་བདེ་ཆེན་ལམ་མཆོག གཏེར་གསར་གྱི་དབང་ལུང་སོགས་གསུངས་ཏེ་གདུལ་བྱ་མང་པོ་སྨིན་གྲོལ་ལ་བཀོད། ཝ་ཀོ་སིདྡྷི་དགོན་རྟེན་བརྟེན་པར་བཅས་པ་གསར་བཞེངས་མཛད། སྐབས་དེ་དག་ཏུ་གཞི་བདག་དུ་མས་བསུ་མ་བྱས་པ། ལྷ་དང་བླ་མའི་ཞལ་མཇལ་བ་དང་། གཏེར་སྣ་ཚོགས་བཞེས་པ། ལུང་བསྟན་སྣ་ཚོགས་བྱུང་བ། རྫུ་འཕྲུལ་ཡ་མ་ཟུང་བསྟན་པ་སོགས་ནི་བགྲང་གིས་མི་ལང་། དགུང་གྲངས་ཞེ་གཉིས་སྐབས་ཀ་ཀོང་དང་། སེང་གེ་དགོན་སོགས་སུ་ཕེབས་ནས་རྡོ་རྗེ་ཕུར་བའི་ཚོགས་འཁོར་བསྐོར་སྐབས། བཀའ་ཐང་དང་། ཟབ་གཏེར་གྱི་ཤོག་དྲིལ་བརྒྱད། ཡིད་བཞིན་ནོར་བུ་སྦྲུལ་གྱི་སྒོ་ང་ཙམ་དང་། སྒྲོམ་བུ་སྨུག་པོ། སྨན་སྒྲུབ་སོགས་ཁྲོམ་གཏེར་དུ་བཞེས། སྤ་གྱོའི་མཚོ་ནང་དུ་གུ་རུ་ཡབ་ཡུམ་གྱི་ཞབས་རྗེས་ཡོད་པ་ཀུན་ལ་མཇལ་ཁ་བསྟན། སོ་མང་དུ་གཡུ་ཁོག་རྒྱ་སྤྲུལ་པའི་ཡང་སྲིད་འཁྲུངས་བ་ཝ་གོ་དགོན་དུ་གདན་དྲངས། ངོས་འཛིན་ཁྲི་སྟོན་མཛད། རི་བྲོ་སྤོས་གྱི་གླང་པོའི་རི་ཁྲོད་དུ་དོན་གཉེར་ཅན་དུ་མར་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་གནང་། དགུང་གྲངས་ཞེ་བཞི་བཞེས་སྐབས་སྐུ་བསྙུན་ཚུལ་བསྟན། དུད་སོལ་མའི་བརྡ་ལུང་ལྟར་སྒོ་ཆ་རི་ཁྲོད་ལ་ཕེབས་ཏེ་འཁོར་གདོང་བླ་མ་མགོན་དབང་དང་། གཡུ་སྲས་ནམ་མཁའ་དཔལ་ཆེན། སློབ་བུ་རིག་གྲོལ་སོགས་ལ་ལུགས་གཉིས་ཀྱི་བསླབ་བྱ་མང་དུ་གསུངས། སྨིན་དྲུག་ཟླ་བའི་ཚེས་བདུན་གྱི་དགུང་མོ་བླ་མ་མགོན་དབང་ལ་གསང་བའི་ཞལ་ཆེམས་བཞག་སྟེ་འཕོ་བ་གསུང་དུ་བཅུག ཚེས་བརྒྱད་ཀྱི་སྐྱ་རེངས་དང་པོ་ཤར་བ་ན་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་བྱས་ཏེ་དགོངས་པ་དབྱིངས་སུ་བསྡུས། དེ་ཚེ་མཁའ་ལ་འཇའ་འོད་འཁྲིགས་ཤིང་། སྒྲ་ཆེན་པོ་འུར་བ་སོགས་རྒྱུད་ལས་གསུངས་པའི་རྟགས་རྣམས་བྱུང་བ་དང་། ཞག་གསུམ་སོང་སྐབས་གདུང་ཁྲུ་གང་ཙམ་མཁའ་ལ་འཕགས་ནས་གདུང་ཞབས་ཀྱི་འབོལ་སྟན་ལ་རེག་མེད་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། སྐུ་གདུང་ཞུགས་ལ་ཕུལ་ཚེ་དུད་པ་དཀར་པོ་དུང་དང་བུམ་པ་སོགས་ཀྱི་དབྱིབས་ལྟ་བུ་ཤར་ཕྱོགས་སུ་དལ་བར་འགྲོ་བ་དང་རྗེས་སུ་འབྲེལ་བར་མེ་ལྕེ་ཁ་ཏོག་ལྔ་ལྡན་འཇའ་ཚོན་ལྟ་བུ་དམ་དུམ་དུ་འཕྲོས་པ་དང་། དབྱིངས་ཀྱི་ཡུམ་ཆེན་ལྔ་མིའི་སྣང་ངོར་བྱ་རྒོད་ཐང་དཀར་ལྔའི་གཟུགས་སུ་བསྒྱུར་ནས་ལྡིང་སྐོར་བྱས་པ་སོགས་རྨད་དུ་བྱུང་བའི་རྟགས་མཚན་མང་དུ་བྱུང་། དེ་ནས་བུ་སློབ་རྣམས་ཀྱིས་དགོངས་རྫོགས་རྒྱ་ཆེན་བགྱིས་ཤིང་། ཞལ་ཆེམས་ལྟར་ཆུ་བོ་མྱོང་གྲོལ་དང་། ཀླུ་རྣམས་ལ་ཕན་གདག་པའི་ཕྱིར་སྐུ་གདུང་སཙྪ་རྣམས་ཤེལ་ཆུའི་ཀླུང་དུ་གཤེགས་གསོལ་བྱེད་པའི་ཚེ། ཆུ་བོའི་དབུས་སུ་འཇའ་གུར་གྱི་ཀློང་དུ་སཙྪ་རྣམས་མགོ་མཇུག་མ་ལོག་པར་ཀླུ་ཡུལ་དུ་གདན་དྲངས་པ་མི་ཀུན་གྱིས་མཐོང་བ་དང་། དེའི་རྐྱེན་གྱིས་ས་ལ་དྲོད་འཁྱིལ། ཀླུང་རྣམས་ཀྱི་ཆབ་རོམ་ཞུ། དགུན་དེར་གྲང་ངར་ཆུང་བར་གྱུར་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་ཀུན་གྱི་མཐོང་ཆོས་སུ་གྱུར་ཏོ། །ཁོང་གི་གཏེར་ཆོས་ཀྱི་སྐོར་ལ་རྫོགས་ཆེན་མན་ངག་ཉི་མ་སྤྲིན་བྲལ། སྒྲུབ་ཐབས། ལུང་བསྟན། གནས་བསྟོད་སོགས་གླེགས་བམ་བདུན་ཙམ་བཞུགས། ཞལ་སློབ་ནི་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ། སྒོ་སྤེས་མཚོ་རྒྱལ། ལུང་རྟོགས་བསྟན་འཛིན། མདོ་མང་གཏེར་ཆེན་གར་གྱི་དབང་ཕྱུག དབོན་པོ་ཡེ་ཤེས་འོད་ཟེར། དབང་ཆེན་སྔགས་བདག་གླིང་པ། སྒོ་འཛི་རིག་གྲོལ། གཡུ་ཁོག་རྒྱ་སྤྲུལ་གཉིས་པ་ལུང་རྟོགས་བསྟན་པའི་དབང་ཕྱུག ཕུ་དུམ་བླ་མ་དཀོན་མཆོག རས་པ་ཀླུ་སྐྱབས། གཡུ་དཔོན་ལྷ་སྲས་ནམ་མཁའ་དཔལ་ཆེན་སོགས་བྱོན།

མགོ་སྤྲུལ་ཆོས་དབྱིངས་ཀུན་གསལ་རྒྱ་མཚོ་ནི།

རིག་འཛིན་གསང་སྔགས་གླིང་པའི་རྒྱལ་ཁམས་སྤྱི་ལུང་ལས། རྒྱལ་བ་བྱང་ཆུབ་སྤྲུལ་པ་ལྕགས་མོའི་ཕྱོགས༔ དྷརྨའི་མིང་ཅན་སྔགས་ལ་མོས་པ་འབྱུང་༔ ཞེས་དང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དེ་བཞིན་རྒྱལ་བ་བྱང་ཆུབ་དྷརྨ་ཤར༔ ཞེས་སོགས་ལུང་དུ་བསྟན་པ་ལྟར། ཡབ་རྡོ་སྨད་ཕྱུག་ཤུལ་འབྲོག་སྡེའི་ཕུར་ཚ་ཝ་མོའི་བུ་བདུན་གྱི་རིགས་རྒྱུད། ཕུར་ཚ་ཆོས་མགོན་དང་། ཡུམ་དགེ་རྩེ་བཟའ་སྒྲོལ་མ་མཚོ་གཉིས་ལ་བུ་སྤྲུལ་སྐུ་སྤུན་གསུམ་ཡོད་པའི་ཆེ་བ་རུ་བོད་རབ་བྱུང་བཅོ་ལྔ་པའི་ནང་ཚན་ལྕགས་མོ་ལུག་གི་༼༡༨༧༡ ༡༩༥༣༽ལོར་མགོ་ལོག་གཉན་པོ་གཡུ་རྩེའི་ཉེ་འདབས། རྒྱབ་རི་ལྷ་བཙན་དམར་ཡག་གི་རི་ཞོལ། ཆུ་མགོ་མགོ་མང་སྟེ། མགོ་ལོག་ཨ་སྐྱོང་གི་མངའ་ཁོངས་སུ་སྐུ་འཁྲུངས། ཁྱིམ་དེར་ཁོང་དང་། སྤྲུལ་ངག་དབང་བསོད་ནམས་བསྟན་འཛིན། བསེ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ། སྲིང་མོ་གཡང་སྒྲོན་བཅས་མིང་སྲིང་བཞི་ཡོད། སྐབས་ཤིག་རྔ་བའི་བསེ་དགོན་པའི་བསེ་ཉིན་སྲིབ་གཉིས་ལས་བསེ་སྲིབ་ཚང་གི་གདུང་རྒྱུད་ཆད་པས་གསང་བདག་སྒྲོལ་བའི་མགོན་པོའི་དངོས་སློབ་ཀུན་དགའ་ཡོན་ཏན་ལྷུན་གྲུབ་ཀྱི་སྐྱེ་ཕྲེང་བདུན་པའམ་སྤྲུལ་པའི་སྐུར་ངོས་བཟུང་ནས་བསེ་དགོན་ཐུབ་བསྟན་ཕྱོགས་ལས་རྣམ་རྒྱལ་གླིང་གི་གདན་སར་བཀོད། ཡོངས་འཛིན་ངག་དབང་རབ་རྒྱས་ལས་ཡི་གེ་འབྲི་ཀློག་སྦྱངས། འགྱ་བ་ཨ་ལག་གི་མདུན་དུ་སྔོན་འགྲོ་འབུམ་ལྔ་ནས་དབེན་གསུམ་བར་བཞུགས། དེ་ནས་གྲོང་མང་རྣམ་སྣང་རྡོ་རྗེའམ་དཀོན་མཆོག་ཆོས་བཟང་མདུན་སྦྱོར་དྲུག་གི་སྔོན་འགྲོ་ནས་དངོས་གཞིའི་ཉམས་ལེན། གེགས་སེལ་བོག་འདོན་དང་དང་བཅས་པ། བདེ་མཆོག་རྩ་རྒྱུད། གཤིན་རྗེ་རབ་འབྱམས། བདེ་མཆོག་རབ་འབྱམས། གཤིན་རྗེ་འཁྲུལ་འཁོར་ཆེན་མོ། ཆོས་རྒྱལ་མན་ངག་ཆེན་མོ། གུར་མགོན་ཁྲོ་བཅུའི་དབང་སོགས་སྨིན་ཁྲིད་མན་ངག་དུ་མ་མནོས།  འཛམ་ཐང་དགོན་དུ་དཔལ་ཇོ་ནང་བའི་གཞུང་དང་མན་ངག་དུ་མ་ལ་གསན་བསམ་མཛད། དེ་ནས་རྫོགས་ཆེན་སོགས་སུ་རྫོགས་སྤྲུལ་ལྔ་པ། འབྲུག་ཆོས་དབྱིངས་རོལ་པའི་རྡོ་རྗེ། གཞི་ཆེན་བཻ་རོ་སོགས་ལས་ཟབ་ཆོས་དུ་མ་མནོས། རྒྱ་གར་པཎ་ཆེན་ནག་མོའི་ཁོལ་དང་། གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ། ཇོ་བོ་གསེར་གླིང་པ། བོད་ཡུལ་དུ་ལ་སུམ་རྒྱལ་བ་བྱང་ཆུབ། གཏེར་སྟོན་མ་ཏི་རཏྣ་སོགས་ཀྱི་རྣམ་སྤྲུལ་ཡིན་པར་སྐྱེ་ཕྲེང་གསོལ་འདེབས་བཟང་པོ་ཀུན་འདུས་སུ། འཕགས་མཆོག་ཕྱག་ན་པདྨོའི་ཐུགས་རྗེ་ལས། །ལེགས་འཁྲུངས་གསེར་གྱི་ལག་དང་མཛེས་པའི་ཏོག །གནག་རྫི་གྲུབ་ཆེན་ནོར་བུ་གོ་ལེབ་དང་། །པཎ་ཆེན་ནག་མོའི་ཁོལ་ལ་གསོལ་འདེབས། །བོད་ཡུལ་མཁས་དབང་ཐུ་མི་ཨ་ནུའི་སྲས། །ལ་སུམ་རྒྱལ་བ་བྱང་ཆུབ་གྲུབ་པའི་རྗེ། །པུཎྱེ་ཤྲི་ཡེ་རིང་མི་ཡི་དབང་། །བློ་གསལ་བསྟན་སྐྱོང་རྣམས་ལ་གསོལ་བ་འདེབས། །ཀོང་མོ་ཚེ་ལྷ་གང་འབྲེལ་དོན་དང་ལྡན། །སྲིད་སྡེ་དགེ་བའི་ས་སྐྱོང་རྒྱལ་བསྟན་འཛིན། །བློ་གྲོས་རིན་ཆེན་ཟབ་ཆོས་གཏེར་ལ་དབང་། །དབོན་སྤྲུལ་ཀུན་བཟང་གཉིས་པར་གསོལ་འདེབས། །གང་དེའི་ཡང་སྲིད་རབ་བྱུང་གསར་རྙིང་གཉིས། །སྔགས་སྤྱོད་གཅིག་བཅས་གསུམ་གྱི་རྗེས་མ་ཉིད། །སྦས་ཚུལ་བསྟན་འགྲོར་ཕན་པའི་ལྷག་བསམ་ཅན། །འཇིགས་མེད་རྣམ་རྒྱལ་བཟང་པོར་གསོལ་བ་འདེབས། །ཅེས་དང་། སྐྱེ་ཕྲེང་གསོལ་འདེབས་དུས་གསུམ་གསལ་བྱེད་ལས། སྔོན་དུས་བསྐལ་བར་གསེར་གྱི་ལག་པའི་དབང་། །ཐུབ་པའི་སྤྱན་སྔར་རྒྱལ་སྲས་མཛེས་པའི་ཏོག །དབྱངས་ཅན་འཕགས་མས་རྗེས་བཟུང་ནག་མོའི་ཁོལ། །མཁས་ཤིང་གྲུབ་བརྙེས་ནོར་བུ་ཧཱུྃ་ཀཱ་ར། །བྲམ་ཟེའི་སློབ་དཔོན་སུ་ཝརྞ་དཱི་པ། །སྨྲི་ཏི་ཛྙ་ན་རྣམས་ལ་གསོལ་བ་འདེབས། །བྷོ་ཊར་པདྨས་རྗེས་བཟུང་ལ་སུམ་པ། །སྙེ་ཐང་ཡང་དབེན་མུས་ཆེན་རྣམ་རྒྱལ་བཟང་། །ཟབ་གཏེར་མངའ་བདག་རཏྣ་ཀརྨ་གླིང་། །དབུ་མའི་སྲོལ་འཛིན་དགའ་བའི་རྡོ་རྗེའི་མཚན། །བསམ་གཏན་ཆོས་གླིང་མཆོག་སྤྲུལ་ཀུན་བཟང་པ། །དེ་སྤྲུལ་གསར་རྙིང་བསྟན་འཛིན་གསུམ་ལ་འདུད། །འདི་འོག་ཟབ་གཏེར་མངའ་བདག་ལམ་སྟོན་གླིང་། །མ་འོངས་འདྲེན་མཆོག་ཡོན་ཏན་རྒྱ་མཚོ་ཞེས། །སླར་ཡང་འགྲོ་ཕན་བྱེད་པོ་མཐའ་ཡས་ཀྱིས། །མཁའ་ཁྱབ་འགྲོ་དོན་མཛད་ལ་གསོལ་བ་འདེབས། །ཅེས་སོགས་གསུངས། དགུང་ལོ་ཉི་ཤུའི་སྟེང་བསེ་དགོན་པའི་བསྟན་པའི་བདག་པོའི་འགན་བཞེས་ནས་ལོ་བརྒྱད་ཙམ་ལ་བཞུགས་པར་སྣང་། དགུང་གྲངས་ཉེར་བརྒྱད་ཡས་མས་སུ་བསེ་ཉིན་སྲིབ་ནང་ཁུལ་གྱི་རྙོག་འཛིང་སྣ་ཚོགས་དང་། ཀིརྟི་དགོན་པས་ཁོང་ཚང་གི་དགོན་དུ་བཞུགས་དགོས་པར་བཤད་པ་སོགས་ཀྱིས་གཡུ་ཁོག་ཏུ་བྱོལ་ཏེ་གྲུབ་པའི་དབང་ཕྱུག་འགྱུར་མེད་བློ་གྲོས་མཐའ་ཡས་ཐུན་མིན་གྱི་བླ་མར་བརྟེན་ནས་ཡང་གསང་རྫོགས་པ་ཆེན་པོའི་མན་ངག་གི་ཆོས་སྐོར་རྣམས་རྫོགས་པར་ནོད། གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་བའི་རྡོ་རྗེ་ལས་ཟབ་ཆོས་གསན། ཁོང་གིས་སྔ་ཕྱིར་དགེ་བའི་བཤེས་གཉེན་ལྔ་བཅུ་ལས་ཟབ་རྒྱས་ཀྱི་ཆོས་བཀའ་གསན་ཚུལ་ཞལ་གསུང་གསོལ་འདེབས་སུ། སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་མཇལ། །ཚད་མའི་སྐྱེས་ཆེན་ལྔ་བཅུའི་བྱིན་རླབས་ཐོབ། །ཞེས་གསུངས། རིག་འཛིན་ལུང་རིག་གླིང་པ། བསམ་གཏན་ཡེ་ཤེས་གླིང་པ། རིག་འཛིན་གསང་སྔགས་གླིང་པ་གསུམ་གྱི་ལུང་ཟིན་ཆོས་བདག་ཏུ་གྱུར། དངོས་ཉམས་རྨི་ལམ་ལྟ་བུའི་སྣང་ཆར་མཁའ་སྤྱོད་དཔལ་རི་སྤྲུལ་པའི་ཕོ་བྲང་དུ་གུ་རུ་རིན་པོ་ཆེ་པཎྚི་ཏའི་ཆ་བྱད་ཅན་ཞལ་མཇལ་ཞིང་། དབང་བསྐུར། བྱིན་གྱིས་བརླབས། ཆོས་ཀྱི་བདག་པོར་མངའ་གསོལ་བས་དམ་ཆོས་སྐུ་གསུམ་དགོངས་འདུས་ཞེས་ཟབ་མོ་དག་སྣང་གི་སྐོར་དྲི་མེད་དབུ་མའི་ཡང་རྫོང་ནས་སྤྱན་དྲངས། བདེ་གཤེགས་འབུམ་རྫོང་དཔལ་རི་བདེ་ཆེན་རྫོང་། །ལྷུན་གྲུབ་རྫོང་དང་དབང་དྲག་རོལ་པའི་རྫོང་། །འཆི་མེད་གྲུབ་རྫོང་གསང་ཆེན་རྡོ་བྲག་རྫོང། །རྨོག་ཆེན་རྣམ་རྒྱལ་བྲག་རྫོང་བདུན་གྱིས་མཚོན། །ཞེས་གསུངས་པ་ལྟར་རྫོང་བདུན་གྱི་གནས་སྒོ་གསར་དུ་ཕྱེས། ངེས་ལེགས་བསམ་གཏན་གླིང་དང་། རྦ་ཟི། གནམ་མཚོ་དགོན། བཀོད་ལེགས་དགོན་སོགས་སུ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་ལན་གྲངས་དུ་མར་བསྐོར། གཡུ་མཁར་དགོན་དང་བཀོད་ལེགས་དགོན། སྨོན་ལམ་དགོན་བཅས་སུ་འཚོགས་བཞུགས་མཛད། ཆོས་དབྱིངས་ཀུན་གསལ་བློ་གྲོས་རྒྱ་མཚོ། གྲོལ་ཞིག་ཞིང་སྐྱོང་མགོན་པོ། ཀུན་བཟང་གཞན་ཕན་ཉི་མ། གྲོལ་ཞིག་ལམ་སྟོན་གླིང་པ། སྔགས་བན་བདུད་འཇོམས་རོལ་པའི་རྡོ་རྗེ། གར་གྱི་དབང་པོ་འཇིགས་མེད་རྣམ་རྒྱལ་བཟང་པོ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། ཡུལ་མགོ་ལོག་ནས་ཕེབས་པའི་རྒྱུ་མཚན་གྱིས་གཡུ་ཁོག་པས་མགོ་ལོག་སྤྲུལ་སྐུ་ཞེས་འབོད། རང་རྣམ་ཚིགས་བཅད་ཉུང་བསྡུས་ཤིག་ཡོད་པ་འདིར་བཀོད་ན། རང་བསྟོད་ཀྱི་གཏམ་ཉུང་ངུར་བརྗོད་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད་ཞེས་བྱ་བ་བཞུགས། ཨོཾ་སྭ་སྟི། མཚུངས་མེད་གྲུབ་དབང་རྣམ་སྣང་རྡོ་རྗེ་ལ། །བཏུད་ནས་རང་བསྟོད་ཉུང་ངུར་བརྗོད་ལ་སྤྲོ། །ཨ་ཏིའི་རྣལ་འབྱོར་གསུམ་གྱི་སྒྱུ་འཕྲུལ་གར། །སྔགས་རིགས་འཆང་བ་བདུད་འཇོམས་རོལ་རྡོར་ང་། །སྐྱེས་མ་ཐག་ཏུ་དམ་པའི་ཆོས་དང་འཕྲད། །ཞག་བདུན་ལོན་དུས་ཡང་སྲིད་བཟུང་ཚུལ་བཤད། །ལོ་གསུམ་དུས་སུ་དམ་པའི་ཆོས་ལ་དད། །ལོ་བཞིའི་དུས་ནས་བྱང་ཆུབ་སེམས་མཆོག་སྐྱེས། །ལོ་ལྔའི་དུས་སུ་ཀློག་བསླབ་མཁས་པར་གྲགས། །ལོ་དྲུག་ནས་བཟུང་གཅིག་པུར་ཀློག་འདོན་ནུས། །ལོ་བརྒྱད་དུས་སུ་པད་འབྱུང་དངོས་སུ་མཇལ། །ལོ་གྲངས་དགུ་པར་སྨིན་གྲོལ་བདུད་རྩི་ཐོབ། །བཅུ་པར་མཁའ་འགྲོས་ལུང་བསྟན་གསལ་པོར་གནང་། །བཅུ་གཅིག་ལོ་ནས་ཟབ་ཆོས་ཉམས་སུ་བླངས། །བཅུ་བཞི་ལོ་ལ་སེམས་ཉིད་རང་ངོ་འཕྲོད། །བཅོ་ལྔའི་དུས་སུ་བསྟན་ལ་རབ་ཏུ་བྱུང་། །ཉི་ཤུའི་ལོ་ལ་ཆོས་ཁྲི་མཐོན་པོར་བཀོད། །སྐྱེས་ནས་ད་བར་གསར་རྙིང་རིས་མེད་ཀྱི། །བླ་མ་དམ་པ་ཉི་ཤུ་རྩ་གྲངས་ལས། །མདོ་སྔགས་ཟབ་དགུའི་ཆོས་ཀྱི་བདུད་རྩི་ཐོབ། །གཤིན་རྗེ་གཤེད་པོས་ཞལ་གཟིགས་བྱིན་རླབས་ཐོབ། །མ་གཤིན་ཐེའུ་རིང་རྒྱལ་བསེན་སྲོག་སྙིང་ཕུལ། །གུར་མགོན་དྲག་ཤད་ལྷ་མོ་གནོད་སྦྱིན་བཟང་། །སོ་སོས་བཀའ་བཞིན་སྒྲུབ་པའི་དམ་ཡང་བཅས། །ད་ལྟ་ལོ་གྲངས་ཉེར་དྲུག་ལོན་པ་སྟེ། །ཉེར་བརྒྱད་ལོན་དུས་ལས་ཀྱིས་ལྷོ་རུ་བགྲོད། །གཡས་འཁྱིལ་ཉལ་འགྲོ་ཟུང་གིས་ཉེ་བའི་ཆར། །ཕྱེད་བཅས་ལོ་དྲུག་བར་དུ་དམན་སྤྱོད་སྐྱོང་། །སོ་གསུམ་ནས་བཟུང་སླར་ཡང་མི་ངོ་འཕྲོད། །སོ་བདུན་དུས་སུ་ཚེ་གེགས་སེལ་བ་ན། །བཞི་བཅུའི་ལོ་ལ་ཡོ་བྱད་སྟ་གོན་བྱེད། །ཞེ་གཅིག་ནས་བཟུང་ཕྱོགས་གཉིས་གང་རུང་ལ། །རྒྱལ་བའི་ཐུགས་རྟེན་མཐོང་ཚད་རང་གྲོལ་བཞེངས། །དེ་སོགས་ཡ་མཚན་ཆེ་བའི་རྟེན་མང་པོ། །ལོ་གྲངས་ཞེ་དགུའི་བར་དུ་བསྒྲུབ་པའི་མཐར། །ལྔ་བཅུའི་ལོ་ནས་སྒྲུབ་པའི་གྲོགས་དང་བཅས། །འདག་སྦྱར་སྒྲུབ་ལ་བརྩོན་པའི་དམ་བཅའ་མཛད། །རེ་གཅིག་དོན་གསུམ་དག་གི་ཚེ་འཕྲང་ལས། །ཐར་ན་བརྒྱད་ཅུའི་བར་དུ་ངེས་པར་འཚོ། །དེ་ནས་ཞིང་མཆོག་ལྔ་རུ་ལན་གཅིག་འགྲོ། །སླར་ཡང་བྱང་ནས་དགེ་ལུགས་བསྟན་པ་འཛིན། །དེ་རྗེས་མངའ་རིས་ཕྱོགས་ནས་རྙིང་བསྟན་འཛིན། །དེ་མཐར་ཚེ་རབས་གཉིས་ཙམ་ཁམས་སུ་འོང་། །དེ་རྗེས་བོད་དུ་བརྟུལ་ཞུགས་སྤྱོད་པ་སྐྱོང་། །དེ་དང་བཀོད་ཆེན་གནས་སྒོ་ཕྱེ་བ་མཉམ། །དེ་སོགས་སྤྲུལ་པའི་བྱེ་བྲག་བསམ་མི་ཁྱབ། །ཚུལ་འདི་ཡོན་ཏན་ལེགས་པའི་ངོས་ནས་སྨྲས། །སྐྱོན་རྣམས་དཀར་ནག་གསལ་བཞིན་འདིར་མ་བཀོད། །འདི་ཉིད་སྨྲས་པའི་དགེ་བས་འགྲོ་རྣམས་ཀུན། །རིང་མིན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་རང་བསྟོད་ཀྱི་ཚིག་ཉུང་ངུར་བསྡུས་པ་ལེགས་ལམ་ཁོལ་ཕྱུང་བུང་བའི་རྩི་བཅུད་ཅེས་བྱ་བ་འདི་ཡང་སྔགས་ནག་བདུད་འཇོམས་རོལ་པའི་རྡོ་རྗེས་ཤར་མར་བྲིས་པ་མངྒ་ལཾ། །ཞེས་གསུངས། དགུང་གྲངས་གྱ་གཉིས་བཞེས་པ་ཆུ་སྦྲུལ་ལོར་སྐུ་ཚེའི་སྨད་ཀྱི་བཞུགས་གནས་སྐུ་གསུམ་དབེན་གནས་སམ། ཡོངས་གྲགས་སྐུ་དབེན་དུ་གྲགས་པར་སྐུ་གཤེགས། འདའ་ཁར་ཉེ་འཁོར་རྣམས་ལ་ང་ཤི་རྗེས་རོ་དེ་ཡ་ཀིའི་སྤང་ངོས་སུ་བསྲེག་དགོས་ཞེས་ས་རྟགས་མཛད། དེ་སྐབས་དགུན་གྲང་བའི་སྒང་ཡིན་ཀྱང་ས་མིག་དེར་མེ་ཏོག་དཀར་པོ་ཞིག་སྐྱེས་ཡོད་པར་བཤད། འདིའི་གསུང་ཆོས་ཀྱི་སྐོར་ལ། རྩིས་རིག་ཀུན་གསལ་མེ་ལོང་སོགས་ཐུན་མོང་རིག་གནས་ཀྱི་སྐོར། མྱུར་ལམ་དམར་ཁྲིད་ཆེན་མོ་སོགས་ཐུན་མིན་ཉམས་ལེན་གྱི་སྐོར། དམ་ཆོས་སྐུ་གསུམ་ཡོངས་འདུས་སོགས་ཟབ་མོ་དག་སྣང་གི་སྐོར། འོད་ཟེར་ཅན་མའི་དགྲ་མནན་ལྕགས་ཀྱི་མཆོད་རྟེན་ནག་པོ་སོགས་གླིང་པ་རྣམ་གསུམ་གྱི་གཏེར་ཆོས་ཁ་སྐོང་གི་སྐོར། སྲི་མནན་བདེ་ཆེན་རྡོ་རྗེའི་རི་དབང་སོགས་ཉེར་མཁོ་ཆོག་བསྒྲིག་གི་སྐོར། གནས་བསྟོད་འབྲེལ་ཚད་མྱུར་གྲོལ་སོགས་གནས་ཡིག་གི་སྐོར། བྲོ་གླུ་བདུད་རྩིའི་མཆོད་པ་སོགས་མགུར་གླུའི་སྐོར། སྤྱི་བསང་འདོད་པ་ཀུན་འབྱུང་སོགས་ཡུལ་ལྷ་བསང་མཆོད་ཀྱི་སྐོར་སོགས་གླེགས་བམ་དུ་མ་ཞིག་ཡོད་པར་བཤད་ཀྱང་། དུས་འགྱུར་གྱི་ཁྲོད་གཏོར་བརླགས་སུ་སོང་བ་ལས་དེང་སྐབས་གླེགས་བམ་གསུམ་དུ་ཉེ་བ་བཞུགས། འདིའི་ཞལ་སློབ་ནི། ངེས་ལེགས་མཆོག་སྤྲུལ་སྐུ་བསྟན་འཛིན་ཆོས་ལྡན་དང་། འགྱུར་མེད་དཀོན་མཆོག་རྣམ་གཉིས་། གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན། རྒྱལ་རོང་ཆུ་འཕུར་མ། སོག་པོ་མཁན་ཆེན་སྐལ་བཟང་དར་རྒྱས། སྐྱིད་པ་བླ་མ་མཁྱེན་རབ་རྒྱ་མཚོ། རིགས་སྲས་ཀློང་ཆེན་ཡོན་ཏན་རྒྱ་མཚོ། བཀོད་ལེགས་དབོན་པོ་པདྨ་སྐལ་བཟང་། གོས་དཀར་འཆང་བ་རྡོ་རྗེ་དཔལ་འཛིན། མཁར་ལོག་བླ་མ་པདྨ་དངོས་གྲུབ་སོགས་སྐྱེས་ཆེན་དུ་མ་བྱོན་པར་འདུག་གོ །

གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ནི།

རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་མ་འོངས་ལུང་བསྟན་ལས། གཡུ་སྒྲའི་སྤྲུལ་པ་མདོ་ཁམས་སྨད་ནས་འབྱུང་། །ཆོས་ཀྱི་མིང་ཅན་རྫོགས་ཆེན་རྣལ་འབྱོར་པ། །གསང་སྔགས་བསྟན་པའི་བདག་པོ་ཁྱད་པར་འཕགས། ཅེས་དང་། དཔའ་བོ་ཆོས་ཀྱི་རྡོ་རྗེས། ཡག་སྒང་དུ་བཱི་མའི་སྤྲུལ་པ་འབྱུང་། །ཞེས་སོགས་འཁྲུལ་མེད་རྡོ་རྗེའི་བཀའ་ལུང་དུ་མ་ནས་གསལ་བར་ལུང་དུ་བསྟན་ཅིང་། རིག་འཛིན་ནུས་ལྡན་གླིང་པས་གྲུབ་ཆེན་ཤ་བ་རི་པ་དང། པཎ་ཆེན་བཱི་མ་མི་ཏྲ། གཡུ་སྒྲ་སྙིང་པོ་རྣམས་ཟུང་དུ་འཇུག་པའི་རོལ་གར་དང་། སྒྲུང་གཏེར་ཉི་མ་རང་ཤར་གྱིས། གླིང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྣམ་སྤྲུལ་ཡིན་པར་གསུངས་པ། རྗེ་ཉིད་ཀྱིས་ཀྱང་། གསེར་བ་ཡེ་ཤེས་སེང་གེ་དང་། རྡོ་བླ་འཇིགས་མེད་སྐལ་བཟང་བཅས་ཀྱི་བག་ཆགས་མངའ་ཚུལ་ཞལ་འཕྲོས་སུ་གསུངས་པ་སོགས་ཀྱིས་མཚོན་བསྟན་འགྲོའི་དོན་དུ་བསམ་བཞིན་བྱོན་པའི་དམ་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ནི། ཡབ་ཁྱི་ཤུལ་བཀྲ་ཚེ་དང་། ཡུམ་ཨ་འཛི་བ་ལོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་༼༡༨༧༢ ༡༩༥༢༽ལོར་གཡུའི་ཆུ་དབར་ཏཱ་རེའི་གནས་འགྲམ་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས། མཚན་པདྨ་རྡོ་རྗེ་བཏགས། སྐུ་ཅུང་ཟད་ནར་སོན་སྐབས་ཕ་མ་གཉིས་ཀྱིས་ཉེ་བ་རྒན་མོ་ཞིག་ལ་བུ་སྐལ་དུ་བྱིན་པས་དེས་ཕྱུགས་རྫི་སོགས་ལས་ཀར་བསྐུལ། དུས་རྒྱུན་མེ་མདའ་རྒྱབ་དུ་ཁུར། རལ་གྲི་སྐེད་ལ་དྲངས། རྟ་རྒྱུག་གནང་བ་སོགས་མཛད་པས་ཨ་འཛིའི་མི་སྨྱོན་ཞེས་ངན་སྨོད་བྱེད་ཡུལ་ཞིག་ཡིན། ཧོར་བླ་གཞན་ཕན་བཟང་པོས་ཀློག་བསླབ་པ་སོགས་ཀྱིས་རྗེས་སུ་བཟུང་། དགུང་གྲངས་བཅོ་བརྒྱད་ལ་སོན་སྐབས་འཁོར་བར་ཞེན་ལོག་གི་ངེས་འབྱུང་གིས་བསྐུལ་ནས། ཉིན་ཞིག་གློ་བུར་དུ་ཆ་ལུགས་སྔར་བཞིན་གཡུ་དགོན་དུ་ཧོར་བླའི་སར་ཕེབས་ནས། ད་ནི་ང་རང་གྲྭ་ས་ཞིག་ལ་འགྲོ་འདོད་བྱུང་བས་གང་དུ་སོང་ན་དགའ་ཁྱེད་ལ་བློ་འདྲི་བར་ཡོང་བ་ཡིན་ཞུས་པས། ཧོར་བླས་ད་ནས་ཞག་བདུན་གྱི་རྗེས་ནས་ཆ་ལུགས་སྒྱུར་ལ་ཤོག་དང་། གྲྭ་ས་གར་འགྲོ་ངས་བསླབ་སྟོན་བྱེད་ཆོག་གསུངས། དེ་ནས་ཞག་བདུན་གྱི་རྗེས་ནས་མེ་མདའ་དང་གྲི་སོགས་མེད་པར་བྱས་ཏེ་གཡུ་དགོན་དུ་སླར་ཕེབས་ནས་འདུ་ཁང་ལ་བསྐོར་བ་མཛད་སྐབས་བླ་མ་ཞིག་གིས་ཁོང་གི་སར་ཤོག་གསུངས། དེར་ཕེབས་པས་ཡི་གེ་ཤེས་སམ་གསུངས། ཅུང་ཟད་ཤེས་ཞུས་པས། འཇམ་དཔལ་མཚན་བརྗོད་ཀྱི་ཡི་གེ་ཞིག་གཏད་ནས་དེར་ལྟོས་གསུངས་ནས་ཞུ་དག་གཏོང་ཁུལ་གྱིས་ལྗགས་ལུང་བསྩལ། དེ་ནས་ཕྲུག་དུམ་ཞིག་གནང་ནས་འདིས་ཞྭ་ཞིག་བཟོས་གསུངས། བླ་མ་ཧོར་བླ་ལ་དེ་ལུགས་ཞུས་པས་དེ་ནི་རྒྱ་ལྷ་མོ་ཚེ་རིང་ཟེར་བའི་གྲུབ་ཆེན་རེད། ཁྱོད་མདོ་སྨད་ཀྱི་མགོའི་ཞྭ་ལྟ་བུ་ཞིག་ཏུ་འགྱུར་བའི་རྟེན་འབྲེལ་འདུག ད་ཁྱོད་གནས་སྐབས་གསེར་ལྷ་རྩེ་དགོན་དུ་གྱང་ཁང་སངས་རྒྱས་དཔལ་ལྡན་གྱི་མདུན་དུ་སོང་དང་ངས་ཁོང་ལ་ལོ་རྒྱུས་ཀྱི་ཞུ་འཕྲིན་སྐུར་ཆོག ད་རེས་འདིར་འགྲོ་རོགས་ཀྱང་འདུག་གསུངས། དེ་ནས་གཡུ་སྨད་བརྒྱུད་ནས་ལྷ་རྩེར་ཕེབས། ལྷ་རྩེ་སྐྱབས་མགོན་ཆུ་ཕྱར་རི་ཁྲོད་དུ་སྐུ་མཚམས་ལ་བཞུགས་ཡོད་པའི་མདུན་དུ་ཕེབས་ཏེ་ལོ་རྒྱུས་དང་ཞུ་ཡིག་ཕུལ་བས། ཐུགས་བརྩེ་བས་རྗེས་སུ་བཟུང་ནས་དེ་འཕྲལ་དཔལ་སྤྲུལ་སྔོན་འགྲོ་དང་། སྤྱོད་འཇུག་སོགས་ཟབ་ཆོས་དུ་མ་བསྩལ། རྗེ་བཙུན་མི་ལའི་རྣམ་ཐར་གྱི་ཡི་གེ་ཞིག་མཇལ་ཚེ་ཉིན་ལྔའི་བར་སྣང་བ་གཏད་མེད་དུ་སོང་ནས་འཆིང་ཞེན་ལྷོད་ཀྱིས་གྲོལ། ལྕགས་སྤྲུལ་རོལ་བའི་རྡོ་རྗེ་ལས་ལྕགས་མོ་རྟ་གསར་གྱི་དབང་ལུང་དང་། ཁྱད་པར་ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་གཅེས་ནོར་དུ་བསྩལ་བ་ཁོང་གིས་བརྩོན་པ་དྲག་པོས་ཐུགས་ཉམས་སུ་བཞེས་པས་ཞག་བདུན་ཕྲག་གཅིག་གི་མཚམས་སུ་ཉམས་སྣང་སྣ་ཚོགས་ཤར། སྣང་བ་བརྡ་དང་དཔེ་ཆར་ཤར་བའི་རྟགས་སུ་ལྟ་མགུར་ངལ་གསོ་མགྲོན་པོའི་རྒྱང་གླུ་སོགས་མཛད། ར་ཧོར་སྐུ་ཆེན་ལས་དགེ་ཚུལ་གྱི་བསླབ་སྡོམ་མནོས། སྐུ་ཞབས་བྲག་དཀར་བ་ལས་སྔོན་འགྲོ་སོགས་གསན། དེ་ནས་གཏེར་ཆེན་བདུད་འཇོམས་གླིང་པའི་ཆོས་སྒར་དུ་ཕེབས་ནས་སྣང་སྦྱང་རྒྱས་པར་གསན་ནས་ཟིན་བྲིས་ཀྱང་མཛད། ཉིན་ཞིག་གཏེར་ཆེན་རིན་པོ་ཆེས་ཁོང་ལ་ཁྱོད་ཀྱི་ཚེ་རབས་ལས་ཀྱི་བླ་མ་ཨ་འཛོམ་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཡིན་པས་དེར་སོང་ཞེས་ལུང་བསྟན་པ་ལྟར་ཁྲོམ་ཁོག་ཏུ་ཕེབས་པས། འབྲུག་པ་རིན་པོ་ཆེས་དགྱེས་བརྩེས་རྗེས་སུ་བཟུང་ཞིང་སྔ་ཕྱིར་ལྕེ་བཙུན་སྙིང་ཐིག་དང་དགོངས་པ་ཟངས་ཐལ། བཀའ་གཏེར་དུ་མའི་དབང་ལུང་དང་། ཁྱད་པར་སྙིང་ཐིག་གོང་འོག་གི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ། རྩ་རླུང་གཏུམ་མོ། བཅུད་ལེན་སོགས་གདམས་ཟབ་རྣམས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། ཆོས་སྒར་དེར་ཡུན་རིང་བར་དཀའ་སྤྱད་མཛད་ནས་མན་ངག་རྣམས་ཐུགས་ཉམས་སུ་བསྟར་བས་མཁས་དང་གྲུབ་པའི་གོ་སར་གཤེགས་ནས་འབྲུག་པ་རྡོ་རྗེ་འཆང་གི་དོན་གྱི་རྒྱལ་ཚབ་ཏུ་གྱུར། བླ་མས་ཁོང་ལ་བྱ་བྲལ་ཆོས་དབྱིངས་རང་གྲོལ་ཞེས་མཚན་གྱི་ཅོད་པན་གསོལ། ཁོང་དང་གོ་འཇོ་མཁར་ལེགས་སྤྲུལ་སྐུ་གཉིས་ལ་བཤད་པའི་བཀའ་བབས་དང་། ངོར་རྟོགས་ལྡན་ཤཀྱཱ་ཤྲཱི་དང་། སྨུག་སེང་འཇིགས་མེད་ཆོས་ཀྱི་བློ་གྲོས་གཉིས་སྒྲུབ་པའི་བཀའ་བབས་ཏེ་ཐུགས་སྲས་ཀ་ཆེན་བཞི་ཞེས་གྲགས་པ་བྱུང་། སྐབས་ཤིག་འབྲུག་པ་རིན་པོ་ཆེས་སྲས་མོ་འཆི་མེད་ཁྱོད་ཀྱི་ཡུམ་སྐལ་ཡིན་པས་ཐབས་ཤེས་འབྲེལ་ན་ལེགས་ཚུལ་གསུངས་ཀྱང་། ཁོང་གིས་དོན་དེར་དགོངས་ཁྲོལ་ཞུས་ཤིང་གཞན་པའི་བཀའ་གང་གསུང་དང་དུ་ལེན་པའི་དམ་བཅའ་ཕུལ། ཁོང་སྐུ་ཚེ་གང་བོར་རྟེན་རབ་བྱུང་དུ་བཞུགས་ཀྱང་ཆ་ལུགས་ལྕང་ལོ་དང་། གོས་དཀར་སོགས་སྔགས་ཆས་སུ་བཞུགས་པ་ནི་བླ་མའི་བཀའ་དང་མི་འགལ་བའི་ཆེད་དུ་ཡིན་པར་གསུངས། ཆོས་སྒར་དེར་བགྲང་བྱ་དུ་མར་བཞུགས་ནས་གསན་སྦྱང་མཐའ་རུ་ཕྱིན་སྐབས་འབྲུག་པ་རིན་པོ་ཆེས་གཞན་དོན་གདུལ་བྱ་སྐྱོང་བའི་དུས་ལ་བབ་པར་གསུངས་ནས་དཔོན་སློབ་འབྲལ་བ་མེད་པའི་ཐུགས་བསྐྱེད་དང་སྨོན་ལམ་མཛད། དེ་ནས་སྨྱོ་ཤུལ་ལྗོན་པ་ལུང་དུ་ལུང་རྟོགས་རིན་པོ་ཆེའི་མདུན་དང་རིམ་གྱིས་ཉག་རོང་སོགས་སུ་འགྲོ་དོན་མཛད། རྒྱ་ནག་ཕྱོགས་སུ་གནས་སྐོར་ལ་ཕེབས། དེ་ནས་ཕ་ཡུལ་དུ་ཁྱུག་ཙམ་བཞུགས། སླར་གསེར་སྨད་དུ་གླ་རི་ཨོ་རྒྱན་ཚེ་བརྟན་དང་མཆོད་ཡོན་འབྲེལ། སྔ་འགྱུར་དགུ་གདོང་དགོན་ཆོས་གཞི་ལྷ་སྡེ་བཅས་ཁོང་ལ་གྲྭ་འབུལ་མཛད། གནས་དེར་ལོ་ཤས་བཞུགས། དེ་ནས་ཨ་འཛོམ་འབྲུག་པ་རིན་པོ་ཆེས་ཁྱེད་ཀྱི་གདན་ས་རི་བོ་དུང་དཀར་འདྲ་བའི་ལྟེ་བ་ན་ཡོད་གསུངས་པ་ལྟར་གསེར་ཡག་ཡེ་སྒང་དུ་ངོ་མཚར་བའི་རྟགས་དང་རྟེན་འབྲེལ་ལེགས་ཕྱོགས་སུ་བྱུང་བ་ལྟར་གདན་ས་གསར་དུ་བཏབ་ནས་མ་བསྡུས་ངང་གིས་འཛོམས་པའི་ལས་ཅན་གྱི་སློབ་ཚོགས་ལ་སྔ་ཕྱིར་དཔལ་སྤྲུལ་སྔོན་འགྲོ། ངེས་ཤེས་སྒྲོན་མེ། སྒྱུ་འཕྲུལ་གསང་སྙིང་རྩ་འགྲེལ། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། བླ་མ་ཡང་ཏིག ལྕེ་བཙུན་སྙིང་ཐིག དགོངས་པ་ཟངས་ཐལ། ཁྲིད་ཡིག་ཡེ་ཤེས་བླ་མ། གཉུག་སེམས་སྐོར་གསུམ། གསོ་རིག་གི་སྐོར་སོགས་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་བས་ཕྲིན་ལས་དབྱར་མཚོ་ལྟར་འཕེལ། རྗེ་འདིའི་དངོས་སློབ་ཞིག་ཡིན་ཕྱིན་ཚེ་འདིར་གྲོལ་རྟགས་མངོན་དུ་གྱུར་བའམ། འཆི་ཁ་ཚུན་ལ་ལམ་སྣ་མ་ཟིན་པ་གཅིག་ཀྱང་མེད་པ་ལྟ་བུ་བྱུང་། ཡག་སྒང་དུ་བཞུགས་སྐབས་གཡུ་ཁོག་ཏུ་ཐེངས་འགའ་ཕེབས་པ་དང་། ཕྱིས་རབ་བྱུང་བཅོ་ལྔ་པའི་མཇུག་ཏུ་དཔོན་བླ་དགེ་འདུན་རྒྱ་མཚོས་ལུགས་གཉིས་ཀྱི་མཛད་པ་སྐྱོང་སྐབས། ཁོང་མ་འདས་བར་གཡུ་ཁོག་ཏུ་བཞུགས་དགོས་པར་བཀའ་གསུང་གནང་བ་ལྟར་གཡུ་དགོན་དུ་བཞུགས། དཔོན་བླ་འདས་རྗེས་སླར་ཡག་སྒང་དུ་ཕེབས་ནས་བཞུགས། གཏེར་ཆེན་ལས་རབ་གླིང་པ་གསེར་ཁོག་ཏུ་གདན་ཞུ་མཛད་ཅིང་རིགས་ཀྱི་བདག་པོར་བརྟེན་ཏེ། སྒྱུ་འཕྲུལ་གསང་སྙིང་གི་སྐོར་སོགས་ཆོས་བཀའ་དུ་མ་གསན་ཅིང་གསང་སྙིང་སྐོར་གྱི་ཟིན་བྲིས་སྣ་ཚོགས་མཛད། གཞན་ཡང་དུས་གསུམ་ས་ལེར་གཟིགས་པའི་མངོན་ཤེས་དང་། སྣང་བར་རང་དབང་འབྱོར་བའི་གྲུབ་རྟགས་སོགས་ཀུན་ལ་མཐུན་སྣང་དུ་ཨགྲུབ་པ་ཧ་ཅང་མང་། དེ་ལྟར་བསྟན་འགྲོའི་དོན་ཆེན་ཡུན་རིང་བསྐྱངས་མཐར་ལྕགས་ཡོས་ལོར་སྐུ་བསྙུན་ཚུལ་བསྟན་ཀྱང་སྐབས་དེར་ལྕགས་སྐོང་རྡོ་དགྲ་ཕེབས་ཏེ་བརྟན་བཞུགས་ཕུལ་བས་ལོ་གཅིག་རིང་བསྙུན་དྭངས་བར་བཞུགས། དེའི་ཕྱི་ལོར་སླར་ཡང་ཟླ་ཕྱེད་རིང་བསྙུན་ཚུལ་མཛད། མདུན་ཞབས་པ་རྣམས་ལ། ང་ལ་དོན་དུ་ཞིང་ཁམས་ཀྱི་སྣང་བ་ལས་ཅི་ཡང་མི་འདུག་མོད། བདེ་སྡུག་གཏོང་ལེན་གྱི་ཆེད་དུ་ན་ཚུལ་བསྟན་པ་ཡིན། ད་ནི་ཡུན་རིང་མི་སྡོད་གསུངས། གྲྭ་འཁོར་ཡོངས་ཀྱིས་བརྟན་བཞུགས་དང་། དགོན་སྡེ་ཁག་དུ་མར་ཞབས་རིམ་བསྒྲུབ་བཅོལ་སོགས་བྱས་ཀྱང་བཞུགས་པར་ཞལ་བཞེས་མ་གནང་། རྟེན་གསུམ་རྣམས་སོ་སོར་བགོ་འགྲེམ་དང་། སློབ་ཚོགས་རྣམས་ལ་ཞལ་ཏ་མང་དུ་མཛད། རྗེས་ཀྱི་གདུང་མཆོད་ཇི་ལྟར་བྱ་ཚུལ་སོགས་མཁན་པོ་ཆོས་གསལ་ལ་ཡི་གེར་འགོད་དུ་བཅུག སྐུ་ཚེ་དང་མཛད་པ་མཐའ་རུ་ཕྱིན་ཏེ་དགུང་གྲངས་གྱ་གཅིག་བཞེས་པ་ཆུ་འབྲུག་ཟླ་བ་དང་པོའི་ཚེས་ཉེར་གཉིས་ཉིན་སེང་གེ་ཉལ་སྟབས་སུ་བཞུགས་ནས་གཞོན་ནུ་བུམ་པ་སྐུའི་ཀློང་དུ་ཡེ་ཤེས་ཕྱི་ཤར་གྱི་སྣང་ཆ་ཐམས་ཅད་ཤེལ་འོད་ནང་དུ་ནུབ་པ་ལྟར་བསྡུས་ཏེ་སྐུ་གཤེགས་པའི་ཚུལ་བསྟན་ཏོ།། ཐུགས་སྲས་ཐུ་བོ་རྡོ་གྲུབ་ཐུབ་བསྟན་ཕྲིན་ལས་ཀྱིས་ཐུགས་དམ་ལས་དཀྲོལ་བ་སོགས་རྗེས་ཀྱི་ལས་རིམ་ཀྱི་གཙོ་འགན་བཞེས་ཤིང་ཡུལ་ཕྱོགས་སྟོད་སྨད་ཀྱི་དགོན་སྡེ་དུ་མའི་བླ་སྤྲུལ་མཁན་གསུམ་གདན་དྲངས་ཏེ་རྒྱུད་སྡེ་དང་སྒྲུབ་སྡེའི་དཀྱིལ་འཁོར་རབ་འབྱམས་ཀྱི་དལ་ཞལ་ཕྱེས་ནས་འདས་མཆོད་ཀྱི་རིམ་པ་རྒྱ་ཆེར་ཕུལ། སྐུ་གདུང་ལས་བདུད་རྩི་བབས་པ་དང་། དྲི་བཟང་གི་ན་བུན་འཐུལ་བ། སྐུ་གདུང་ཞུགས་འབུལ་སྐབས་གདུང་དུད་ཀ་བ་བསླང་བ་ལྟར་ནམ་མཁར་ཟུག་པ་ལ་གནས་ཡུལ་གྱི་དཔའ་བོ་དང་མཁའ་འགྲོ་རྣམས་མཁའ་ལྡིང་གི་རྣམ་པས་ཕྱག་བསྐོར་བྱས་པ་སོགས་བྱུང་། རྟེན་གསུམ་རྣམས་ལས་སངས་རྒྱས་སྨན་བླའི་སྐུ་དང་སྒྲོམ་བུ་ཞིག་གིས་ནང་རྟེན་བྱས་པའི་སྐུ་གདུང་གདན་ས་ཆེན་མོ་དང་། ཐུབ་པའི་སྐུ་དང་སྒྲོམ་བུ་ཞིག་གིས་ནང་རྟེན་བྱས་པའི་སྐུ་གདུང་གྲུབ་ཆེན་དགོན། སྒྲོལ་མའི་སྐུ་འདྲ་དང་སྒྲོམ་བུ་ཞིག་གིས་ནང་གཟུངས་བྱས་པའི་དངུལ་གདུང་གཡུ་མཁར་བཤད་གྲྭ་བཅས་སུ་བཞེངས་པར་བྱས། རྗེ་འདི་ཉིད་ཀྱི་གསུང་གི་བདུད་རྩི་བཞེས་པའི་སློབ་མ་ནི། རྡོ་གྲུབ་བཞི་པ་ཐུབ་བསྟན་ཕྲིན་ལས། གྲོང་སྟོད་ཕུར་བ། མཁན་ཆེན་འཇིགས་མེད་ཕུན་ཚོགས། བོད་སྤྲུལ་བསྟན་པའི་ཉི་མ། ཀཿཐོག་མཁན་ཆེན་ནུས་ལྡན། བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ། ཡག་སྐོར་མཁན་པོ་ཆོས་ཉིད་གསལ་སྟོང་། མཁན་ཆེན་ཟླ་བའི་འོད་ཟེར། གཡུ་ཁོག་དཔོན་བླ། གཡུ་ཐོག་ཀརྨ་བསོད་ནམས། ས་འགོ་ནོར་བུ་དྲི་མེད་སོགས་མདོར་ན་ཨ་མདོ་རེབ་གོང་ནས་རྒྱལ་མོ་ཚ་བ་རོང་གི་བར་གྱི་སྐབས་དེའི་བླ་སྤྲུལ་མཁན་གསུམ་ཐམས་ཅད་རྗེ་གང་གི་ཞལ་སློབ་ཏུ་མ་གྱུར་པ་ཕལ་ཆེར་མེད་པ་ལྟ་བུ་བྱུང་། གསུང་ཆོས་ཀྱི་སྐོར་ཤིན་ཏུ་མང་བར་ཡོད་ཀྱང་སློབ་མ་རྣམས་ཀྱིས་སྒེར་ཆོས་སུ་ཕྱོགས་དང་ཕྱོགས་སུ་ཁྱེར་བ་ལས། དེང་སྐབས་མཁན་ཤེས་བྱ་ཀུན་གཟིགས་ཀྱིས་བཀའ་བསྡུ་མཛད་པ་ཨོྃ་ཨཱ༔ཧཱུྃ་ཧྲཱིཿརྟགས་ཅན་གྱི་གླེགས་བམ་བཞི་གདུལ་བྱའི་བསོད་ནམས་ཀྱི་སྐལ་བར་བཞུགས་སོ།།

དབུ་རྡི་ཐུབ་བསྟན་བཟང་པོ་ནི།

ཡབ་ཁྱི་ཤུལ་བཀྲ་ཚེ་དང་། ཡུམ་དབུ་རྡི་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་༼༡༨༧༣ ༡༩༦༠༽ལོར་གཡུའི་ཆུ་དབར་ཁོག་ཏུ་སྐུ་འཁྲུངས། གཡུ་ཁོག་བྱ་བྲལ་བ་དང་ཡབ་གཅིག་པའི་སྐུ་མཆེད་ཡིན། ཧོར་བླ་གཞན་ཕན་བཟང་པོ། ཆོས་དབྱིངས་འགྱུར་མེད་བྱང་ཆུབ་རྡོ་རྗེའམ་གཡང་ར་མཚམས་པ་འཇམ་དབྱངས། ལྕགས་སྐོང་བདུད་འཇོམས་རྡོ་རྗེ་སོགས་ལས་སྨིན་གྲོལ་ཀྱི་གདམས་པ་དུ་མ་མནོས། ཆུ་དབར་བཞུགས་རབ་དང་། པདྨ་ཤེལ་ཕུག མཚོ་སྐམ་རྣམས་སུ་ལོ་རེ་བཞིན་ཞག་བརྒྱའི་དམ་མཚམས་ཆགས་མེད་མཛད། ཀླུ་ཆུའི་རྒྱ་སྒོ་སོགས་སུ་འུར་རྡོ་འཕེན་བཞིན་བཞིན་ཀི་ཤར་དང་། ཧ་སྒྲ་སྒྲོག་བཞིན་བྱོན་པ་དང་། མཚམས་རེར་སྐུ་གཅེར་བུར་རྒྱུག་པ་སོགས་གྲུབ་པའི་མཛད་སྤྱོད་ཅན་དུ་བཞུགས། གཡུ་ཁོག་བྱ་བྲལ་བས་ངེད་ཀྱི་དབུ་རྡི་ཐུབ་བསྟན་གྱིས་འུར་དིར་བྱེད་ཀྱིན་ཨེ་འདུག་ཞེས་འདྲི་ཞིང་། འུར་དིར་བྱེད་ཀྱིན་འདུག་ཞུས་ན་ཨ་སྐྱིད་པོ། ད་ཉན་ནི་རེད་གསུངས་བ་དང་། འུར་དིར་བྱེད་ཀྱིན་མི་འདུག་ཞུས་སྐབས། ཨ་སྡུག་པོ་ཨེ་ཤེས་ཞེས་གསུངས་བར་གྲགས། དུས་འགྱུར་མ་བྱུང་བའི་སྔོན་ནས་ཉེ་གནས་ཚོར་ང་འཆི་སྐབས་བླ་མ་སེར་མོ་ཞིག་གཏན་ནས་མཐོང་རྒྱུ་མེད། དེ་དུས་ཁྱེད་ཚོས་ངའི་རྣ་བར་བླ་མ་ལྕགས་སྐོང་དང་། མཚམས་པ་འཇམ་དབྱངས་ཚོའི་མཚན་རེ་བསྒྲོག་ཐུབ་ན་རབ་ཡིན་ཞེས་ལན་དུ་མར་གསུངས། དུས་འགྱུར་སྐབས་མནར་གཅོད་ཐེབས། དགུང་གྲངས་གྱ་བརྒྱད་བཞེས་པ་ལྕགས་བྱི་ལོར་ཞི་བར་གཤེགས།

རྡོ་བའི་བླ་མ་ཆོས་ཉིད་ཞི་བ་ནི།

རབ་བྱུང་བཅོ་ལྔ་པའི་མགོར་ཨ་སེན་ཁོག་ཏུ་སྐུ་འཁྲུངས། འདིའི་ཡབ་རྡོ་བ་དང་། མ་ཡུམ་མ་སྐོར་ཞིག་ཡིན་པར་བཤད། སྐུ་ན་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་ལ་མཁས་པར་སྦྱངས། དེ་ནས་ཨ་སེན་དུས་དབེན་དགོན་དུ་སྐུ་ཞང་བླ་མ་མ་སྐོར་ཆོས་ཉིད་འོད་ཟེར་གྱི་དྲུང་ནས་མདོ་སྔགས་རིག་གནས་ཀྱི་ཆོས་ཚུལ་དུ་མ་ལ་གསན་བསམ་དང་སྒྲུབ་པ་ཉམས་བཞེས་མཛད། ཕྱིས་དུས་དབེན་དགོན་འཐོར་ཞིག་ཏུ་གྱུར་རྗེས་གཡུ་ཁོག་ཏུ་ཕེབས་ནས་གཡུ་དགོན་དུ་འཚོགས་བཞུགས་གནང་། གསེར་ཡག་སྒང་དུ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་མདུན་མན་ངག་རྫོགས་པ་ཆེན་པོའི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བསྟར། གཡུ་ཁོག་བྱ་བྲལ་བས་འཚོགས་པའི་དབུས་སུ་མཁས་བཙུན་བཟང་པོའི་ཡོན་ཏན་ལྡན་པ་རྡོ་བའི་ཞི་བ་ཞེས་བསྟོད་བསྔགས་མཛད་པ་དང་། རྒྱ་ཧྲེ་ཆོས་ཉིད་དང་བླ་མ་འདི་གཉིས་གཡུ་ཁོག་པ་ལ་གསེར་གྱི་ཕ་བོང་སྒོ་འགྲིལ་དུ་བྱོན་པ་རེད་ཅེས་ཡང་ཡང་གསུངས། དབྱར་དུས་དང་གཡུ་དགོན་གྱི་དུས་མཆོད་ཁག་གི་སྐབས་མ་གཏོགས་དུས་རྒྱུན་སྐུ་མཚམས་ཁོ་ནར་བཞུགས། དགུང་གྲངས་བརྒྱད་ཅུ་གྱ་གྲངས་ལ་སོན་པ་རབ་བྱུང་བཅུ་དྲུག་པའི་ས་ཁྱི་ལོའི་ཉིན་ཞིག་ཉེ་གནས་ལ་ངའི་ཁང་སྒོར་ལྡེའུ་མིག་རྒྱོབས་ལ་ཉིན་བདུན་གྱི་རིང་ཁྱོད་རང་གཞན་ཁྱིམ་དུ་སོང་ལ་སྡོད་གསུངས་ནས། ཆོས་གོས་སྐུ་ལ་མནབས། སེང་གེ་ཉལ་སྟབས་ཀྱིས་བཞུགས་ནས་ནང་དབྱིངས་ཀ་དག་གི་ཀློང་དུ་གཤེགས་པར་མཛད་དོ། །སྐུ་གདུང་ཤིན་ཏུ་ཆུང་ངུར་གྱུར་པ་དང་། གདུང་ཞུགས་ལ་ཕུལ་སྐབས་སྤྱན་གཉིས་པོ་མེས་མ་ཚིག་པར་དབྱིངས་སུ་འཕུར་བ་སོགས་ངོ་མཚར་བའི་རྟགས་མཚན་ཕལ་བའི་མིག་ལམ་དུ་ཡང་མངོན་པར་བྱས་སོ།།

རྒྱ་ཧྲེ་བླ་མ་ཆོས་ཉིད་རིག་རྩལ་ནི།

རབ་བྱུང་བཅོ་ལྔ་པའི་མེ་གླང་༼༡༨༧༧ ༡༩༥༩༽ལོར་རྒྱ་ཧྲེ་ཁོག་ཏུ་གེ་འཕན་གྱི་རིགས་སུ་སྐུ་འཁྲུངས། ཆ་ནང་སྤྲུལ་སྐུ་མི་ཕམ་གྱི་ཞང་པོ་ཡིན་པར་བཤད། ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་ཏེ་ཨ་སེན་དུས་དབེན་དགོན་དུ་གྲྭ་ཞུགས་བྱས། མ་སྐོར་བླ་མ་ཆོས་ཉིད་འོད་ཟེར་མཉེས་པ་གསུམ་གྱིས་བརྟེན་ནས་ཐུན་མོང་ཐུན་མིན་གྱི་ཟབ་ཆོས་དུ་མ་གསན་བསམ་གནང་། ཤིང་དྲུང་ཙམ་ལ་བརྟེན་པའི་དཀའ་སྤྱད་ཀྱིས་རྒྱ་ཧྲེ་རི་ཁྲོད་དུ་སྒྲུབ་ལ་གཞོལ། གཉན་ས་དུ་མར་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བཞེས་ནས་ཚར་ཚད་ཆོད་ལྷོང་བཞི་མངོན་དུ་བྱས་པའི་རྣལ་འབྱོར་བ་ཆེན་པོར་གྱུར། ཁྱད་པར་རྩ་རླུང་ལ་མཁས་པའི་ཚད་དུ་གྲགས། ཕྱིས་དུས་དབེན་དགོན་འཐོར་ཞིག་ཏུ་གྱུར་རྗེས་གཡུ་དགོན་དུ་འཚོགས་བཞུགས་མཛད་པ་དང་། དབྱི་སྙིང་པདྨ་རྣམ་པར་བཀྲ་བའི་རི་ཁྲོད་དུ་དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས། རྟེན་དགེ་སློང་གི་དངོས་པོར་བཞུགས། གཡུ་ཁོག་བྱ་བྲལ་བས་རྒྱ་ཧྲེ་བླ་མ་ཆོས་ཉིད་དང་། རྡོ་བའི་བླ་མ་ཞི་བ་འདི་གཉིས་གཡུ་ཁོག་པ་ལ་གསེར་གྱི་ཕ་བོང་སྒོ་འགྲིལ་དུ་བྱོན་པ་རེད་ཅེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། ཐེངས་ཤིག་དབྱི་སྙིང་དབེན་ཁྲོད་ཀྱི་མཚམས་པ་འགའ་གཡུ་མཁར་ཚ་ཆུར་ཁྲུས་བྱེད་དུ་ཕེབས། ཕྱེད་ཡོལ་ཙམ་ལ་ཁོང་གིས་ཁྱེད་རྣམས་ཡར་རི་ཁྲོད་དུ་ཕེབས་དང་། ང་ད་རུང་ཚ་ཆུར་ཅུང་ཉལ་ནས་ཉི་གྲིབ་ཕོག་སྐབས་ཡར་ག་ལེར་ཡོང་གསུངས། བླ་མ་གཞན་པ་རྣམས་ཡར་ཕེབས་ཞོར་དགོན་ཤུར་ནང་ནས་ཕྱིར་བལྟས་བྱས་པས་ཁོང་ད་རུང་ཚ་ཆུར་བཞུགས་ཡོད་པ་མཐོང་། དེར་ཁོང་ཚོས་གལ་ཏེ་རི་ཁྲོད་དུ་མཚམས་རྒྱག་སྐྱེལ་མཁན་གྱི་རྟ་པ་རེ་ཐོན་ཡོད་ན་བླ་མ་བསུ་བར་གཏོང་ཟེར་ནས་ཕར་རི་ཁྲོད་དུ་སླེབས་ཚེ་ཁོང་ནི་གཟིམ་ཁང་གི་ཉི་རའི་ནང་བཞུགས་ཡོད་པས་ཁོང་རྣམས་ཧ་ལས་པར་གྱུར། དེ་ནས་བཟུང་བླ་མ་ཆོས་ཉིད་ཚ་ཆུ་ནས་དབྱི་སྙིང་ལ་ཁར་འཕུར་བ་རེད་ཟེར་ནས་གྲགས། གཞན་ཡང་སྐུ་ལུས་ལ་འོད་བཀྲ་བ་དང་དགུན་དུས་ཁ་བ་བབ་ཚེ་ཁོང་གི་གཟིམ་སྤྱིལ་གྱི་སྟེང་དང་ཁོར་ཡུག་ཏུ་ཁ་བ་མི་ཆགས་པར་ཞུ་འགྲོ་བ་དང་ཉེ་འཁོར་གྱི་ལྕུགས་ཕྲན་རྣམས་གསོན་ཉམས་ལྡན་པར་གནས་པ་སོགས་ཀྱི་ཁྱད་ཆོས་མངའ། དུས་འགྱུར་སྐབས་ཁོང་དབུལ་པོའི་གྲལ་རིམ་དུ་བགྲང་ནས་ཉེས་རྡུང་སོགས་མ་ཐེབས། དགུང་གྲངས་གྱ་གསུམ་བཞེས་པ་ས་ཕག་ལོའི་ཉིན་ཞིག་སྐུ་བསྙུན་པ་མེད་པར་ཙོག་པུར་བཞུགས་ནས་འདའ་བར་མཛད་དོ།།

ཨ་ཚབ་བླ་མ་ཀུན་མཁྱེན་སྐྱབས་ནི།

ཡབ་ཝ་དགེ་ཚེ་དབང་རྣམ་རྒྱལ་དང་། ཡུམ་ཧོར་བཟའ་ཆོས་སྐྱིད་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་བྱི་༼༡༨༨༨ ༡༩༥༩༽ལོར་ཨུག་ཚང་དཀྱིལ་འཁོར་ཐང་དུ་སྐུ་འཁྲུངས། དགུང་གྲངས་བརྒྱད་ཀྱི་སྟེང་སྐུ་ཞང་ཧོར་བླ་གཞན་ཕན་བཟང་པོ་ལས་ཡི་གེ་འབྲི་ཀློག་སོགས་སྦྱངས། དགུང་ལོ་བཅུ་གསུམ་སྟེང་གཡང་ར་གནས་རྫོང་ཕྱུག་མོར་ཁྱེའུ་ཆུང་ལོ་ཙའི་རྣམ་རོལ་དུ་གྲགས་པ་མཚམས་པ་བླ་མ་འཇམ་དབྱངས་སམ་ཆོས་དབྱིངས་འགྱུར་མེད་བྱང་ཆུབ་རྡོ་རྗེའི་མདུན་དུ་བགྲང་བྱ་གསུམ་གྱི་རིང་སྨིན་གྲོལ་གྱི་གདམས་པ་གསན། དེ་ནས་རིམ་པར་བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། མདོ་མང་གཏེར་ཆེན་རྡོ་རྗེ་བདེ་ཆེན་གླིང་པ། གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་སོགས་ལས་ཟབ་ཆོས་དུ་མ་མནོས། ཐུན་མིན་གྱི་བླ་མ་ཀཿཐོག་མཁན་པོ་ངག་ཆུང་མདུན་མི་ལོ་བདུན་གྱི་རིང་གསང་བ་མན་ངག་གི་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བསྟར། གངས་རི་ཐོད་དཀར་སོགས་དབུས་གཙང་གི་གནས་ཆེན་རྣམས་མཇལ་སྐོར་བྱས། དབྱི་སྙིང་དབེན་རི་ནས་ཆུ་གཏེར་བཏོན། ཡོལ་རི་རིགས་གསུམ་མགོན་པོའི་གནས་སྒོ་ཕྱེས། སངས་རྒྱས་སྨན་བླའི་སྐུ་ཞིག་གཏེར་ནས་བཞེས། ནད་ངན་ཞིག་བྱུང་བ་རྒྱུན་གཅོད་ཕྱིར་དེམ་གྱི་མུ་ཟིའི་ཚ་ཆུ་གཏེར་ནས་བཏོན་པས་དེར་ཁྲུས་བྱས་ཚད་ནད་ཡམ་ལས་གྲོལ་བར་མཛད། རྡོ་གྲུབ་ཀྱིས་མཛད་པར་གྲགས་པའི་གཏེར་ལུང་ཞིག་ཏུ། ཙ་གཡུ་གཉིས་ཀྱི་བར་མཚམས་སུ། བླ་མ་ཀུན་གཟིགས་ཞེས་བྱ་འབྱུང་། །ཤནྟ་རཀྵིའི་སྤྲུལ་པ་ཡིན། །བྱེ་བ་དྲུག་གི་འགྲོ་བ་འདྲེན། །ཞེས་ལུང་ཟིན་གྱི་སྐྱེས་བུར་གྲགས། འདས་ལོག་པ་རྣམས་ཀྱིས་གཡུ་ཁོག་བླ་མ་ཀུན་མཁྱེན་ཞེས་པ་ཉིན་རེ་བཞིན་ངན་སོང་དུ་བྱོན་ནས་སེམས་ཅན་གྲངས་མེད་བདེ་འགྲོར་འགོད་གྱིན་འདུག་ཅེས་གསུངས། སྔོན་མདོ་མཁྱེན་བརྩེས་དགེ་བཤེས་དེམ་པའི་ས་རུ་འོད་གསལ་བཤད་སྒྲུབ་གླིང་གསར་བཞེངས་བྱས་ཤིང་། ཉེ་གནས་ཨ་ཞང་རྟ་རྫིའམ་མགོ་ལོག་པ་སྟོབས་ལྡན་རྡོ་རྗེ་ཞེས་པ་བསྟན་བདག་ཏུ་བསྐོས་པ་དེའི་སྐྱེ་བར་གྲགས་པས་དེམ་པའི་དགོན་པར་ཡང་གཟིགས་རྟོག་བསྐྱར་གསོ་མཛད། ལྐོག་གྱུར་མཁྱེན་ཅིང་འཕོ་བ་ལ་རང་དབང་ཐོབ་པར་གྲགས་ཏེ། གཡུ་ཁོག་དང་ལི་སྟོད་འཁྲུགས་སྐབས་ཐེངས་ཤིག་ཕག་ཐར་ཞེས་པ་བུ་སྤུན་ལི་ཁོག་ལ་ཇག་འདེད་དུ་ཕྱིན་པ་ར་མདས་བདས་ནས་སྤུན་རྨས་ཤིང་རྟ་བསད་པ། ཕག་ཐར་གྱིས་སྤུན་བསད་སོང་བར་སེམས་ནས་ཁྱིམ་དུ་འོང་ཞིང་ཁོང་གདན་དྲངས་ཏེ་འཕོ་བ་གསུང་བར་ཞུས་པས། རྟེན་འགུགས་ལན་མང་བསྐྱར་མཐར་ཕག་ཐར་ལ། ཁྱོད་ཀྱི་སྤུན་དེ་ངོ་མ་བསད་སོང་བ་ཁྱོད་ཀྱིས་གོའམ་དྲིས་པས། དེས་བསད་སོང་བ་ཁོས་མིག་གིས་མཐོང་ཞུས་པས། ཁོང་གིས་གང་ལྟར་ཡང་འདིར་རྟ་ཞིག་གི་རྣམ་ཤེས་ལས་ཁྱོད་ཀྱི་སྤུན་གྱི་རྣམ་ཤེས་འོང་གི་མི་འདུག་གསུངས་ནས་གསུར་བསྔོ་དང་ཚེ་འགུགས་ཞིག་མཛད་ནས་བྱོན་སོང་། ཕྱིས་བདུན་ཚིགས་སོགས་ཚར་རྗེས་སྤུན་དེ་ཁྱིམ་དུ་སླེབས་ཚེ། ར་མདའ་བའི་མེ་མདས་རྟ་བསད་ཁོ་རང་རྨས་ནས་འགྲོ་མ་ནུས་ཤིང་ལྟོག་སྐོམ་གྱིས་གདུང་སྐབས་སྣ་ལམ་དུ་གསུར་དྲི་ཞིག་བྲོ་བས་ལྟོ་འགྲང་བ་བྱུང་ཞིང་ག་ལེར་ནུད་འགྲོས་བྱས་པ་ལི་ཁོག་མའི་དུད་ཁྱིམ་ཞིག་གིས་ལྐོག་ཏུ་བསྐྱབས་ནས་རྨས་སོས་རྗེས་འོང་ཐུབ་སོང་ཞེས་བཤད། ཡང་ཐེངས་ཤིག་ཨ་སེན་རི་བཙན་མ་མཆོད་གསོལ་བྱེད་པའི་རྒད་པོ་ཞིག་གིས་ཁོང་ལ། ཁོའི་སྔས་མགོར་རྟ་པ་མང་པོ་ཞིག་རྒྱུན་དུ་འོང་གིན་འདུག་པས། རི་བཙན་མའི་འཁོར་དུ་འཁྲིད་མཁན་ཨེ་ཡིན་སྙམ་པ་འདུག གང་ལྟར་ཁོ་དེར་གཏོང་མི་ཉན་ཞུས་པས། འོ་ཡ་ཁྱོད་ཀྱིས་ད་ནས་བཟུང་རི་བཙན་མ་མཆོད་གསོལ་བྱེད་རྒྱུ་སྐྱུར་ཞོག་གསུངས། ཐེངས་ཤིག་རྒད་པོ་དེ་ཚང་གི་རྟ་རྣམས་ཇག་རྐུན་གྱིས་དེད་རྐྱེན་ཁོས་རི་བཙན་མ་མཆོད་དགོས་བྱུང་། རྒད་པོ་ཤི་སྐབས་ཁོང་འཕོ་འདེབས་སུ་དྲངས་པས་ཉིན་གང་པོར་འཕོ་བ་ཡང་ཡང་གསུངས་མཐར། དེ་རིང་ངས་ཁོ་ལ་ཕན་ཆེན་པོ་བཏགས་མ་ཐུབ་ཐལ། ཁོ་རི་བཙན་མ་དངོས་ཀྱི་འཁོར་དུ་མ་ཤོར་ཀྱང་། ཡང་འཁོར་ཞིག་ཏུ་གྱུར་ནས་ནགས་ནོར་བུའི་ནང་བུད་ཐལ། འོན་ཀྱང་དེར་སྡོད་ཡུན་མི་རིང་བ་ཙམ་བྱུང་སོང་གསུངས། ཐེངས་ཤིག་ཡོལ་རི་ནས་དེམ་ཁོག་ཏུ་བྱོན་པའི་ལམ་བར་དུ། ཞབས་ཕྱི་བར་ཆུ་འདིའི་རབ་སོ་ལ་ལེགས་པར་ལྟོས། དོ་ནུབ་མཚན་མོ་འདིར་ཕྱིར་ལོག་བྱེད་དགོས་ན་ལ་ཐང་མེད་གསུངས། ཉིན་དེར་ཝོའི་བཟའ་གནས་ལོ་ཞེས་པའི་བུས་ཤིང་ཁེར་སྐྱེས་ཤིག་བཅད་པའི་རྐྱེན་གྱིས་གཟེར་རྒོད་ཞིག་བྱུང་ནས་དེ་གར་ཤི་བས་མཚན་མོ་ཁོང་གདན་འདྲེན་དུ་བྱུང་བ་ལྟར་འབྱོན་དགོས་བྱུང་བ་དང་། གསེར་ཡག་ཡེ་སྒར་དུ་བཞུགས་སྐབས་ཤིག་ལ་གཡུ་ཁོག་བླ་མས་ཁོང་ལ་ཁྱེད་ཀྱིས་གཤིན་པོའི་སྔས་མགོར་སོང་ནས་ཚེ་འདས་ཀྱི་མིང་ནས་བོས་ནས། ཁྱོད་དགའ་བར་གྱིས་དང་ང་བླ་མ་ཀུན་མཁྱེན་སླེབས་ཡོད། ངས་ཁྱོད་ངན་སོང་གསུམ་དུ་མི་གཏོང་ཟེར་བ་ལ་དཔའ་གདེངས་ཅི་ཡོད། གསུངས་པས། གཤིན་པོའི་སྔས་མགོར་དེ་ལྟར་བརྗོད་པར་གདེངས་ཅང་མེད་མོད། ཁོ་ཚོས་ང་ལ་རེ་ལྟོས་ཆེན་པོ་བྱེད་པས་དད་སྤྲོ་དང་། སེམས་ཀྱི་དཔའ་གདེངས་ཅུང་ཟད་འབྱུང་ཆེད་ཙམ་དུ་ཡིན་མ་གཏོགས། ཁྱོད་ཕ་བོ། ང་ཕ་བོ་ཞེས་སྨྲས་ན་ནི་དོན་འབྲས་མི་འདུག་པས་ཡིན་གསུངས། འོ་ན་ཁྱོད་ཀྱིས་འཕོ་བ་གསུང་དུས་མི་རྣམས་དྲན་མེད་དུ་བརྒྱལ་འགྲོ་བ་སོགས་བྱུང་རབ་འདུག་པས་ཡག་སྒར་བ་འདི་ཚོར་འཕོ་བ་གསུང་ལ་རྟོག་མེད་དུ་ཐོངས་གསུངས། ཁོང་གིས་འཕོ་བ་གསུངས་པས་དེར་འདུས་རྣམས་དྲན་མེད་དུ་འགྱེལ་བ་ན། ཡ། ཆོས་དབྱིངས་རང་གྲོལ། ཚང་མ་རྟོག་མེད་དུ་བཏང་ཡོད། ད་ཉིད་ཀྱིས་ཡར་གསོས་མ་གཏོགས་འཆི་ན་ལ་ཐང་མེད་གསུངས་པས། གཡུ་ཁོག་བླ་མས་ཚེ་འགུགས་གསུངས་ནས་གསོས་པར་མཛད་པ་སོགས་རྣམ་ཐར་ངོ་མཚར་བ་མཐའ་ཡས་སོ།། ཡོལ་རི་ནས་བགྲང་བྱ་དུ་མར་སྒྲུབ་པ་ཉམས་བཞེས་མཛད་ཅིང་། དོན་གཉེར་ཅན་རྣམས་ལ་སྔོན་འགྲོ་དང་། ཀློང་ཆེན་མཛོད་བདུན། ཡེ་ཤེས་བླ་མ་སོགས་ཆོས་ཁྲིད་རྒྱུན་དུ་གསུངས། ཞལ་སློབ་གཡུ་ཁོག་གི་བླ་གྲྭ་ཕལ་ཆེར་དང་། ས་འགོ་བླ་མ་ནོར་བུ་དྲི་མེད། གཡུ་རོང་བླ་མ་རིག་འཛིན་རྒྱ་མཚོ། བཀྲ་ཐོ་སོགས་བུ་སློབ་མང་དུ་བྱོན། དུས་འགྱུར་སྐབས་ཁོང་གིས། བླ་མ་རྒྱ་ཤུལ་དང་ཆ་ནང་སྤྲུལ་སྐུ་གཉིས་ནི་རྡུང་བསྡིག་ལ་ཞེད་ནས་བྲོས་སོང་མོད། ང་ནི་འབྲོ་ས་མི་ལོན་པས་སྡེ་བ་ཚོར་འདུག་རོགས་བྱེད་རྒྱུ་ཡིན་གསུངས། མནར་གཅོད་ཚབས་ཆེན་ཐེབས། དགུང་གྲངས་དོན་གཉིས་བཞེས་པ་ས་ཕག་ལོའི་ཧོར་ཟླ་བཅུ་གཉིས་པའི་ཉིན་གཅིག་མི་མང་འདུ་འཛོམས་ཀྱིས་ཁོང་ལ་བརྡུང་བརྡེག་བསམ་ཡུལ་ལས་འདས་པ་བཏང་། དེའི་ནུབ་མོ་མཚན་ཕྱེད་ཙམ་ལ་སྐུ་ལུས་དྲང་པོར་བསྲངས། འཕོ་བ་གསུངས་ནས་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་བྱས་པས་སྒྲ་ཆེན་པོ་འུར་བ་དང་། མེ་ཏོག་གི་ཆར་བབ་པ་སོགས་རྟགས་མཚན་ངོ་མཚར་བ་སྣང་བར་མཛད་དོ།།

རྒྱ་ཤུལ་ཕུར་བ་ཚེ་རིང་ནི།

ཡབ་རྒྱ་ཤུལ་ཆོས་སྐྱོང་དང་། ཡུམ་མཁའ་འགྲོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་སྐུ་འཁྲུངས། གཡུ་ཁོག་བྱ་བྲལ་བ་སོགས་ལས་ཟབ་ཆོས་གསན། སྨན་པ་ཞིག་ཡིན་པར་བཤད། དུས་འགྱུར་སྐབས་ནུབ་གཅིག་ཚོགས་འཁོར་བསྐོར་རྒྱུ་ཡིན་གསུངས་ནས་བྲོ་ཆས་ཅུང་ཟད་ཡོད་པ་ཁྲིམས་གྲོགས་རྣམས་ལ་བགོ་འགྲེམ་མཛད་ཅིང་། ད་ནི་བསྡད་པ་ལ་དགོས་པ་མི་འདུག་པས་འགྲོ་རྒྱུ་ཡིན། ཁྱེད་ཚོའི་ནང་ང་དང་མཉམ་དུ་འགྲོ་འདོད་པ་སུ་ཡོད་གསུངས་ཀྱང་། གཅིག་གིས་ཀྱང་འགྲོ་ཟེར་མ་སྤོབས། མཚན་ཕྱེད་ཙམ་ལ་སྐུ་ལུས་དྲང་པོར་བསྲངས་ནས་ཕཊ་སྒྲ་འགའ་བསྒྲགས་པས། ཁྲིམས་གྲོགས་ཚོ་སྐྲག་ནས་བསྡད། དེ་ནས་ཁོང་གིས། སྲིད་གསུམ་འཇིག་ཀྱང་དངངས་སྐྲག་མེད། །འདོད་ཡོན་ལྔ་ལ་ཆགས་པ་མེད། །གསུངས་ནས་ཕཊ་སྒྲ་དྲག་པོ་ཞིག་བསྒྲགས་ནས་ཞི་བར་གཤེགས་སོ།།

འཁོར་གདོང་གཡུ་སྤྲུལ་རྡོ་རྗེ་རྒྱལ་མཚན་ནི།

རབ་བྱུང་བཅོ་ལྔ་པའི་ས་སྟག་༼༡༨༧༨ ༡༩༡༤༽ལོར་ཧོར་བླ་གཞན་ཕན་པའི་སྲས་སུ་གཡུ་ཁོག་ཏུ་སྐུ་འཁྲུངས། གཡུ་ཁོག་རྒྱ་སྤྲུལ་དང་། ཡབ་རྗེ་ཧོར་བླ། འཁོར་གདོང་མགོན་དབང་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། དགུང་གྲངས་བཅུ་དྲུག་བཞེས་པ་ཆུ་སྦྲུལ་ལོར་འཁོར་གདོང་བླ་མ་མགོན་དབང་གིས་གཏེར་ཆེན་ནུས་ལྡན་རྡོ་རྗེ་འགྲོ་ཕན་གླིང་པའི་ཡང་སྲིད་དུ་ངོས་འཛིན་མཛད་ནས་གསང་སྔགས་འཁོར་ལོ་གདོང་གི་བསྟན་པའི་བདག་པོར་མངའ་གསོལ་ཁྲི་འདོན་མཛད། དགུང་གྲངས་ཉེར་དྲུག་བཞེས་པ་ཆུ་ཡོས་ལོར་ཟིལ་གནོན་མཁའ་འགྲོ་སེང་གདོང་མའི་ཆོས་སྐོར་རྣམས་དག་སྣང་མཁའ་འགྲོའི་བརྡ་མཛོད་ནས་དག་པར་ཕབ། གཡུ་སྤྲུལ་སྐལ་ལྡན་གླིང་པ་ཞེས་མཚན་དུ་གྲགས། འཁོར་གདོང་དགོན་དང་། ཤུག་ཆུང་དགོན་སོགས་སུ་འདུས་པའི་སྡེ་ཆེན་པོར་བྱང་གཏེར་གྱི་ཆོས་སྐོར་དང་། འདུས་པ་མདོ་དབང་སོགས་བསྩལ། རྟེན་རབ་བྱུང་དུ་བཞུགས། གཏེར་ཡུམ་མ་བཞེས་པའི་བར་ཆད་ཀྱིས་དགུང་གྲངས་སོ་བདུན་བཞེས་པ་ཤིང་སྟག་ལོར་སྐུ་གཤེགས།

ཆ་ནང་སྤྲུལ་སྐུ་མི་ཕམ་རྒྱ་མཚོ་ནི།

ཁོང་གི་སྐུ་གོང་མ་རྫོགས་ཆེན་པདྨ་རིག་འཛིན་གྱི་ཞལ་སློབ། ཆ་ནང་དགོན་ཐོག་མར་འདེབས་མཁན་སྟག་བླ་པདྨ་དབང་ཕྱུག དེའི་རྣམ་སྤྲུལ་རིག་འཛིན་རྒྱ་མཚོ་ཞེས་གསེར་ཞྭ་མནབས། རྟ་ཆིབས་ནས་རྫོགས་ཆེན་དུ་ཕེབས་སྐབས། རྫོགས་ཆེན་པ་ཚོས་ཇི་འདྲའི་རྟ་བཟང་བ་ཞེས་བསྔགས་པ་ལ། རྫོགས་སྤྲུལ་བཞི་པས། རྟ་བཟང་བ་མ་རེད། བླ་མ་བཟང་བ་རེད། ཁོང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རེད། རྟའི་གོང་ན་ཁྲུ་གང་ཙམ་བཏེགས་ཡོད་པ་རེད། ཅེས་གསུངས་པ་དང་། སྙི་བ་རྒྱལ་པོ་སྤུ་རུ་སྤྲུལ་ནས་གསོལ་ཞལ་ནང་བབས་པ་ཁོང་གིས་ཞལ་དུ་མིད་ནས་ཞག་བདུན་གྱི་རྗེས་ནས་ཆབ་ཆེན་དང་ལྷན་དུ་ཕྱིར་བཏང་བར་མཛད་པ་སོགས་གྲུབ་བརྙེས་ཀྱི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་སྤྲུལ་སྐུ་ཆ་ནང་བླ་མ་ཀུན་བཟང་རྣམ་རྒྱལ། དེ་ཉིད་ཀྱི་མ་འདས་སྤྲུལ་སྐུ་རུ་སླར་ཡང་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟའི་༼༡༨༩༤ ༡༩༥༨༽ལོར། ཡབ་རྒྱ་ཧྲེ་ཁིས་ལུ་དང་། ཡུམ་ཨ་ཤེར་མ་གཉིས་ཀྱི་སྲས་སུ་ཧོར་བྲག་འགོ་ཕྱོགས་སུ་འཁྲུངས། བྱིས་པའི་དུས་ཀུན་བཟང་རྣམ་རྒྱལ་གྱིས་སྐུ་གོང་མ་རིག་འཛིན་རྒྱ་མཚོའི་ཞལ་འདོན་གླེགས་བམ་གསུང་བཞིན་ཡོད་སྐབས། ཁོང་གིས་གླེགས་བམ་དེ་ཚུར་ཕྲོགས་པ་ལ། མས་བསྡིག་པས། འདི་ཁོའི་མ་རེད། ངའི་ཁ་ཏོན་རེད་ཅེས་སྔོན་གནས་རྗེས་དྲན་གྱི་གསུང་བྱོན་པ་ལ། ཀུན་བཟང་རྣམ་རྒྱལ་གྱིས་ཁོང་མ་འདས་སྤྲུལ་སྐུར་ངོས་བཟུང་། དབོན་པོ་སྨིན་གྲོལ་གྱིས་ཡོངས་འཛིན་དང་སྐུ་བདག་མཛད། དགུང་གྲངས་བཅུ་སྐོར་ནས་གཡུ་ཁོག་ཏུ་ཕེབས་ནས་བཞུགས། གཡུ་ཁོག་ཏུ་རིགས་གསུམ་མགོན་པོའི་སྤྲུལ་པའི་སྐྱེས་ཆེན་གསུམ་ཞལ་འཛོམ་པ་ལས་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་གྲགས། རྫོགས་ཆེན་དུ་ཕེབས་ནས་རྫོགས་སྤྲུལ་ལྔ་པ་སོགས་ལས་སྨིན་གྲོལ་མནོས། རྫོགས་སྤྲུལ་ལྔ་པས་མི་འགྱུར་ནམ་མཁའི་རྡོ་རྗེའི་དབུ་ཞྭ་སོགས་གནང་ནས་བླ་མའི་མཚན་གནས་བསྩལ། ཕྱིས་སུ་གསེར་ཡག་ཡེ་སྒར་དུ་གཡུ་ཁོག་བྱ་བྲལ་བའི་མདུན་ནས་མན་ངག་རྫོགས་ཆེན་གྱི་སྐོར་རྣམས་གསན་བསམ་མཛད་ནས་ཕྱིར་གཡུ་ཁོག་ཏུ་ཕེབས་ནས་ལོ་གསུམ་བཅད་རྒྱར་བཞུགས། དེ་ནས་སླར་ཡང་བྱ་བྲལ་བའི་མདུན་ཆེད་ཕེབས་ཀྱིས་རྟོགས་འབུལ་དང་མན་ངག་ཞུན་ཐར་བཅད་ནས་གཡུ་ཁོག་ཏུ་འབྱོན་ཁར། གཡུ་ཁོག་བླ་མས་ཕྱག་གཉིས་ཀྱིས་ཁོང་གི་དབུ་ལ་བྱུག་བྱུག་མཛད་ཅིང་། ཁྱེད་བླ་མ་ཆ་ནང་སྤྲུལ་སྐུ། ཉིན་ལ་བྱོན་ནས་རྟ་བརྒྱ་ལོན་པར་ཤོག སྲིབ་ལ་བྱོན་ནས་དྲེལ་བརྒྱ་ལོན་པར་ཤོག ཉིན་སྲིབ་བར་ནས་མཛོ་བརྒྱ་ལོན་པར་ཤོག གསུངས་པ་དཀོར་གྱི་ཉེས་དམིགས་ཀྱི་གདམས་ངག་ཏུ་གོ་ནས་གཡུ་དགོན་གྱི་དུས་མཆོད་ཁག་དང་། སྤྱི་བ་དང་དགེ་བསྐོས་སོགས་གསར་བསྐོའི་སྐབས་ཙམ་མ་གཏོགས་དུས་རྒྱུན་སྐུ་མཚམས་ཁོ་ནར་བཞུགས། སྐུ་ན་ཆུང་དུས་ནས་ཕྱག་མོ་དགོངས་བརྟགས་འཁྲུལ་བ་མེད་པར་དོན་དངོས་ཐོག་ཏུ་ཁེལ་བས་ཁོང་ཉིད་ཐུགས་བརྟགས་ཞུ་ཡུལ་གཙོ་བོར་གྱུར། སྐབས་ཤིག་ནོར་བུ་ལྷ་རྩེའི་དེའུར་རྫེ་ཐ་རྒྱལ་ངན་གནས་འཆའ་བ་མཁྱེན་ནས་དེར་གནོད་སྦྱིན་ཙིའུ་དམར་པོའི་རྟེན་མཁར་བརྩིགས། གསོལ་བསྡུས་སྐྱེ་མེད་ཆོས་སྐུ་མཛད་ནས་རྒྱལ་ངན་གནས་དབྱུང་། དགུང་གྲངས་ཞེ་ལྔ་བཞེས་པ་ས་སྟག་༼༡༩༣༨༽ལོར་ཆུ་དབར་མཚོ་མདའ་ཙཱ་རི་གཉིས་པ་མཁའ་སྤྱོད་ཨོ་རྒྱན་གསང་ཆེན་དཔལ་རིའི་གནས་སྒོ་ཕྱེས། དུས་འགྱུར་གྱི་འཚུབ་མ་ཅུང་མ་ལྡང་བའི་གོང་སྟེ་དགུང་གྲངས་རེ་ལྔ་བཞེས་པ་ས་ཁྱི་ལོའི་ཉིན་ཞིག ད་ནི་མི་ཡུལ་འདིར་བསྡད་པ་ལ་དགོས་པ་མི་འདུག་པས་ཤི་བ་དགའ། གསུངས་ནས་སྐུ་ལྟེམ་པ་མེད་པར་སེང་གེ་ཉལ་སྟབས་སུ་བཞུགས་ནས་ཆོས་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དུ་གཤེགས་སོ། །འདས་མཆོད་ཀྱི་མཇུག་རྫོགས་མཚམས་སུ་དུས་འགྱུར་གྱི་ཟིང་ཆ་མངོན་པར་གྱུར་བའོ།།

རྒྱ་ཤུལ་སྤྲུལ་སྐུ་ཐུབ་བསྟན་ཆོས་དཔལ་རྒྱ་མཚོ་ནི།

དེ་ཡང་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་ལུང་ཟིན་སློབ་ཆེན་བུདྡྷ་མཆེད་དྲུག་གི་ཡ་གྱལ་རྒྱ་ཤུལ་བླ་མ་སངས་རྒྱས་བཟང་པོའི་ཡང་སྲིད་མི་འགྱུར་ནམ་མཁའི་རྡོ་རྗེས་ངོས་འཛིན་མཛད་པའི་སྤྲུལ་སྐུ་བསྟན་གཅེས་ཡིན་ཀྱང་དམ་པ་དེའི་རྣམ་ཐར་མ་ཤེས། དེའི་ཡང་སྤྲུལ་ནི་གཏེར་ཆེན་ལས་རབ་གླིང་པའི་བརྟགས་ལུང་ལས། མ་ཧཱ་གུ་རུ་པདྨ་ཀཱ་ར་ཡེ། མཁའ་འགྲོའི་ཚོགས་རྗེ་རྒྱལ་དབང་པདྨ་འབྱུང་། །གསོལ་བ་འདེབས་སོ་ཐུགས་རྗེས་སྤྱན་གྱིས་གཟིགས། །མཆོག་གི་སྤྲུལ་སྐུ་སྤྲེལ་དང་བྱ་ལོའི་མཚམས། །ཕ་མིང་དགེ་འདུན་མ་མིང་དབྱངས་ཅན་ཟུང་། །བཤོས་པའི་སྲས་སུ་རིགས་ཀྱི་མྱུ་གུ་འཁྲུངས། །ཁྲུས་དང་གཙང་སྦྲ་གྲིབ་ཀྱི་རིགས་ལ་འཛེམ། །དགེ་བར་རང་གི་སྲུང་མ་བསྟོད་གྱུར་ན། །བཀྲ་ཤིས་ཕུན་ཚོགས་དབུས་ཀྱི་ཕྱོགས་སུ་རྒྱས། །འདི་ཡང་ཟོག་པོ་ལས་རབ་གླིང་པ་ཡིས། །ཡིད་མཚོར་ཤར་བཞིན་སྦ་གསང་མེད་པར་བྲིས། །ཞེས་གསུངས་པའི་ལུང་དོན་ལྟར་རྒྱ་ཤུལ་བླ་བྲང་གིས་ངོས་འཛིན་སྐུ་བདག་མཛད་ཀྱང་སྐུ་ཚེ་མཐར་མ་ཕྱིན་པར་གཞོན་དུས་ནས་སྐུ་གཤེགས་པར་གྲགས། དེའི་ཡང་སྤྲུལ་མཆོག་སྤྲུལ་ཆོས་དཔལ་རྒྱ་མཚོ་ནི། རྫོགས་སྤྲུལ་ལྔ་པའི་བརྟགས་ལུང་དུ་འཁྲུངས་ཡུལ་དང་ལོ་ཚིགས། ཡབ་ཡུམ་གྱི་མཚན་སོགས་གསལ་བར་བསྟན་པ་ལྟར་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་༼༡༨༩༤ ༡༩༥༦༽ལོར་ཤར་རོང་མ་ཎི་རང་བྱུང་གི་ཉེ་འདབས་བྱེའུ་བ་གྲོང་གི་འགོ་ངེ་ཚང་ཞེས་པའི་དུད་ཁྱིམ་དུ་ཡབ་ཀརྨ་དང་། མ་ཡུམ་ཆོས་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྒྱ་ཤུལ་བླ་བྲང་གིས་སྐུ་བདག་མཛད། རྫོགས་ཆེན་དང་རྫོང་སར་སོགས་སུ་གྲྭ་སར་བྱོན་ནས་མདོ་སྔགས་རིག་གཞུང་ཀུན་ལ་གསན་བསམ་མཛད་པས་མཁས་བཙུན་བཟང་པོའི་ཡོན་ཏན་དང་ལྡན་པའི་རྒྱ་ཤུལ་མཁས་པ་ཞེས་གྲགས་པ་བྱུང་། གཡུ་ཁོག་བྱ་བྲལ་བའི་མདུན་ནས་གསང་བ་མན་ངག་གི་ཆོས་ཚན་རྣམས་གསན་ནས་ཐུགས་ཉམས་སུ་བསྟར། བགྲང་བྱ་དུ་མར་སྐུ་མཚམས་བཅད་རྒྱར་བཞུགས། གཡུ་དགོན་དུ་འདུས་པ་མདོ་དབང་སོགས་སྨིན་གྲོལ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར། ཡི་དམ་དུ་མའི་བསྙེན་པ་གྲངས་འཁྱོལ་བཏང་ཞིང་། རྒྱུན་ཁྱེར་རྣམས་རྟག་ཏུ་ཞལ་འདོན་མཛད། ཐེངས་ཤིག་བེར་ནད་ཀྱིས་བསྙུན་ནས་སྨན་དཔྱད་སོགས་ཀྱིས་མ་ཕན་པས། ཁོང་གི་ཉམས་སྣང་རྨི་ལམ་ལྟ་བུར་གཞི་བདག་རྡོ་རྗེ་གཡུ་ཁྲོམ་གྱིས་གཡུ་མཚོའི་ཁར་བྱོན་དང་སྨན་ཞིག་སྟེར་གསུངས་པ་བྱུང་བས། སྐུ་འཁོར་འགའ་བཅས་གཡུ་མཚོའི་ཁར་ཞག་གསུམ་དུ་བཞུགས། དེ་ནས་ཉ་སྦྱིན་ཞིག་མཛད་པས་གསེར་ཉ་ཞིག་གི་ཁ་ནང་ནས་སྨུག་རིལ་ལེ་བ་ཞིག་མཚོ་མཐར་བསྐྱུར་ནས་སོང་བ་ཁོང་གིས་ཡར་བླངས་ནས། འདི་སྨན་ཨ་རུ་རྣམ་པར་རྒྱལ་བ་རྡོ་རྗེ་གཡུ་ཁྲོམ་གྱིས་ང་ལ་གནང་བ་རེད་གསུངས། དེ་གསོལ་བས་སྙུན་དྭངས་བ་བྱུང་། གཡུ་ཁོག་ཏུ་རིགས་གསུམ་སྤྲུལ་པའི་སྐྱེས་བུ་གསུམ་ཞལ་འཛོམས་པའི་ཡ་གྱལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྤྲུལ་པར་གྲགས། དགུང་གྲངས་རེ་གསུམ་བཞེས་པ་མེ་སྤྲེལ་ལོར་གཡུ་སྙིང་དབེན་པའི་རི་བོར་སྐུ་མཚམས་ལ་བཞུགས་ཡོད་སྐབས། ཉིན་ཞིག་ཉེ་གནས་ལ་བླ་མ་བསོད་སེང་དང་ནགས་རྟ་སྤྲུལ་སྐུ་གཉིས་གདན་དྲོངས་ཤོག་གསུངས། ཁོང་གཉིས་བྱོན་ཚེ་ད་ནི་བསྡད་པ་ལ་དགོས་པ་མི་འདུག་པས་ཁྱེད་གཉིས་ཀྱིས་ང་ལ་འཕོ་བ་གསུང་དགོས་སོགས་ལྡོག་དུ་མེད་པའི་བཀའ་གསུང་གནང་བས། ཁོང་གཉིས་ཀྱིས་འཕོ་བ་གསུངས་ནས་ཧིཀ་ཀ་བརྗོད་ཚེ་ཐུགས་དགོངས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།། རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་མཛད་པའི་ཡང་སྲིད་ངོས་འཛིན་ལུང་བྱང་ནི། བླ་མ་ཆོས་དཔལ་རྒྱ་མཚོའི་སྡེ། །ཞི་བར་ཐིམ་ནས་སླར་ཡང་སྤྲུལ། །མེ་བྱའི་འཁོར་ལོ་དྲུག་པ་ཙམ། །ཡབ་ཡུམ་དྷཱི་དང་མཁའ་འགྲོས་བསྐྱེད། །རིང་མིན་བར་ཆད་འཚུབས་མ་ཆེ། །དབྱིངས་ཕྱུག་ཊཱཀྐིའི་བསུན་བཟློག་འབུམ། །ཡིག་བརྒྱ་འབུམ་ཐེར་སྒྲོལ་མ་ཁྲི། །ཚེ་མདོ་སྟོང་ཚར་སྒྲོལ་མ་འབུམ། །དེས་ནི་འགལ་རྐྱེན་ལས་གྲོལ་ཏེ། །བསྟན་འགྲོའི་ཕྲིན་ལས་རླབས་ཆེན་འབྱུང་། །དེ་སྐད་རྫོགས་ཆེན་རྣལ་འབྱོར་པ། །འཇིགས་བྲལ་བྷོ་དྷི་བཛྲས་བྲིས། །ཞེས་སོ།།

འཁོར་གདོང་སྤྲུལ་སྐུ་པདྨ་བཛྲ་ནི།

ཆོས་བདག་ལུང་བསྟན་མུན་སེལ་སྒྲོན་མེ་ལས། རྣམ་སྣང་ལོ་ཙཱའི་ཕྲིན་ལས་སྤྲུལ༔ རིགས་སྲས་བཛྲ་ཞེས་བྱ་བ༔ མཁས་ཤིང་གྲུབ་པས་བསྟན་འགྲོ་གསོ༔ དམ་སྲིའི་སྡང་མིག་མ་ངོམ་ན༔ ཁམས་དབུས་གཙང་གསུམ་དག་ལ་མངོན༔ ཞེས་ལུང་གིས་བསྔགས་པའི་སྐྱེས་བུ་དེ་ནི་ཡབ་སྤྲུལ་པའི་གཏེར་ཆེན་བསམ་གཏན་ཡེ་ཤེས་གླིང་པའི་རིགས་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཤིང་རྟ་༼༡༨༩༤ ༡༩༥༩༽ལོར་གཡུ་ཁོག་ཏུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཡབ་ལས་འབྲི་ཀློག་སྦྱང་བ་དང་སྨིན་གྲོལ་མནོས། མཁར་བ་བླ་མ་ངག་དབང་ནོར་བུས་མཁར་བ་ཡེ་ཤེས་རྡོ་རྗེའི་ཡང་སྤྲུལ་དུ་ངོས་འཛིན་ཁྲི་གསོལ་མཛད། སྐུ་ན་ཆུང་དུས་གྲྭ་སར་ཕེབས་ལམ་དུ་ཇག་པ་དང་འཕྲད་ནས་ཕྱག་དངོས་རྣམས་ཕྲོག་པར་མ་ཟད། མེ་མདས་རྨས་སྐྱོན་ཕོག་པས་གྲྭ་སར་བཞུགས་རྒྱུ་མ་བྱུང་། དེ་ནི་གོང་གི་ལུང་བསྟན་དུ་བཤད་པའི་བར་ཆད་དེ་ཡིན་པར་འདུག་གོ ནགས་རྟ་བླ་མ་མདོ་སྡེ་བཟང་པོ་དང་། འཁོར་གདོང་བླ་མ་མགོན་དབང་། ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ། ཡབ་རྗེ་ཧོར་བླ་གཞན་ཕན་སོགས་ལས་ཟབ་རྒྱས་ཆོས་ཚུལ་སྤྱི་དང་། ཁྱད་པར་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་ཡང་གསང་རྫོགས་པ་ཆེན་པོའི་མན་ངག་གི་སྐོར་རྣམས་གསན་བསམ་ཉམས་བཞེས་མཛད། གཡུ་ཁོག་ཏུ་རིགས་གསུམ་སྤྲུལ་པའི་སྐྱེས་ཆེན་གསུམ་ཞལ་འཛོམས་པའི་ཡ་གྱལ་གསང་བདག་ཕྱག་རྡོར་གྱི་སྤྲུལ་པར་གྲགས། སྐུ་མཆེད་གཡུ་སྤྲུལ་རྡོ་རྗེ་རྒྱལ་མཚན་དང་ལྷན་དུ་གསང་སྔགས་འཁོར་ལོ་གདོང་དུ་ཕེབས་ནས་ཡུན་རིང་བཞུགས། ཡི་དམ་ལྷག་པའི་ལྷ་དུ་མའི་བསྙེན་ཚད་དང་། ཁྱད་པར་གཤིན་རྗེའི་བསྙེན་པ་ཨྱེ་རིང་མ་དུང་ཕྱུར་ལྗགས་བཟླས་མཛད། རྒྱལ་བཀའ་ཆེན་མོའི་བཀླག་ལུང་དང་། བྱང་གཏེར་སྐོར་སོགས་དབང་ལུང་མན་ངག་གི་ཁྲིད་དང་བཅས་པས་སློབ་མའི་ཁྱུ་ཚོགས་བསྐྱངས། གསུང་གི་བདུད་རྩི་བཞེས་པའི་བུ་ཆེན་ཨ་ཁྱའི་བླ་མ་ཀར་ཆོས། བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ། ས་འགོ་ནོར་བུ་དྲི་མེད་སོགས་བྱུང་། དུས་འགྱུར་འཆར་ལ་ཉེ་སྐབས་གཡུའི་ཆུ་དབར་ཏཱ་རེའི་གནས་སུ་སྐུ་མཚམས་ལ་བཞུགས། དུས་འགྱུར་སྐབས་ཏེ་དགུང་གྲངས་རེ་དྲུག་བཞེས་པ་ས་ཕག་ལོའི་ཉིན་གཅིག་ལོག་སྤྱོད་པ་རྣམས་ཀྱིས་བླ་སྤྲུལ་འགའ་ཞིག་ལ་རྡེག་འཚོག་བསམ་ལས་འདས་པ་བཏང་། ཁོང་དང་བླ་མ་གཞན་པ་འགའ་ལ་གཟིགས་སུ་བཅུག་ནས། སང་ཉིན་ཁྱེད་ཅག་ལ་འདི་ལྟར་བྱེད་རྒྱུ་ཡིན་ཞེས་འཇིགས་སྐུལ་བཏང་། དེའི་ཕྱི་དྲོ་སྐུ་ཅུང་ཟད་བསྙུན་པས་ཉེ་གནས་ལྷ་མཚམས་སྨན་པ་ཁྱིའུ་ཐར་གྱི་སར་སྨན་ལེན་དུ་ཕྱིན་ཚེ། སྨན་པས་ད་སྨན་གྱིས་ཅི་བྱེད། འགྲོ་ནུས་ན་འགྲོ་རན་ནི་རེད། ཟེར། ལྷ་མཚམས་ཚུར་འོངས་ནས། ད་ནི་ཁྱེད་ལ་ཡང་རྡུང་རྡེག་བྱེད་ངེས་པར་འདུག ཞིང་བརྗེ་ནུས་ན་རན་འདུག་ཞུས་པས། ཁོང་གིས་ཀྱང་འདའ་བར་ཞལ་བཞེས་གནང་ནས། ཆོས་སྐྱོང་གཤེགས་གསོལ་མཛད། ནུབ་ཇ་གསོལ་འཕྲོས་ཉེ་གནས་ལ། ད་ང་འཆི་ཨེ་ཐུབ་བལྟ་རྒྱུ་ཡིན། གལ་ཏེ་སང་ཉིན་ང་ཙོག་པུར་ཤི་ཡོད་ན་ཆོས་དབྱིངས་མཛོད་ཀྱི་གླེགས་བམ་དེ་ངའི་མགོ་ཐོག་ཏུ་ཞོག ཉལ་ནས་ཤི་ཡོད་ན་སྙིང་གའི་ཐད་དུ་ཞོག་གསུངས། ཉེ་གནས་ཀྱིས་དེ་ནུབ་བླ་མ་འདས་ཐུབ་མིན་དང་། གལ་ཏེ་མ་འདས་ན་ཕྱི་ཉིན་རྡུང་རྡེག་བྱེད་པའི་སེམས་ཁྲལ་བཅས་ནག་ཚང་གི་བུག་གསེབ་ནས་ལྐོག་བལྟ་བྱས་པས། མཚན་ཕྱེད་ཙམ་དུ་ཁོང་སྐུ་དྲང་སྲོང་ཙོག་པུའི་བཞུགས་སྟངས་ཀྱིས་ནང་དབྱིངས་གདོད་མའི་ཕ་མཁར་དུ་གཤེགས་སོ། །དེ་ནས་ཆོས་དབྱིངས་མཛོད་ཀྱི་གླེགས་བམ་དེ་སྐུ་གདུང་གི་དབུ་ཐོག་ཏུ་བཞག ནག་ཚང་གི་སྒོ་བརྒྱབ་ནས་བསྡད་པས། ཕྱི་ནང་སྔ་བར་ལོག་སྤྱོད་པ་ཚོས་བླ་མ་གང་དུ་སོང་ཟེར་བར། ནང་དུ་ཡོད་བྱས་པས། ཁོ་ཚོས་ནང་དུ་བལྟས་ཚེ་བླ་མ་འདས་ཟིན་པས་སྐུ་གདུང་ལ་རྡོག་པས་འཕུལ་བ་ཙམ་ལས་བྱ་ཐབས་མ་བྱུང་ངོ།།

རྒྱ་སྤྲུལ་སྐུ་ཕྲེང་གཉིས་པ་ལུང་རྟོགས་བསྟན་པའི་དབང་ཕྱུག་ནི།

སྐུ་གོང་མ་རིག་འཛིན་ལུང་རིག་གླིང་པས་འདའ་ཁའི་ཞལ་ཆེམས་སུ། ང་ཤི་རྗེས་སྨད་ཕྱོགས་ཀྱི་གྲོང་པ་ཞིག་ཏུ་སྐྱེ་བ་ལེན་པར་ངེས་ཀྱང་དེས་རྒྱ་བླ་བྲང་ལ་ཕན་མི་ཐོགས་པས་བདག་པོ་བྱེད་མི་དགོས་གསུངས་པ་དང་། སྐུ་གདུང་ཞུགས་འབུལ་སྐབས། ཧོར་བླས། མདངས་སུམ་རྨི་ལམ་དུ་གསེར་གྱི་རྡོ་རྗེ་ཤར་དུ་འབབ་པ་རྨིས། དེར་དཔྱད་ན་ཡང་སྲིད་ཤར་ཕྱོགས་སུ་འཁྲུངས་པར་ངེས་སོགས་གསུངས་པ་ལྟར། ཡབ་རྒྱལ་རོང་སོ་མང་གི་དཔོན་རིགས་ཤིག་དང་། ཡུམ་ང་ཞེས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་ཕག་༼༡༨༩༩ ༡༩༦༤༽ལོར་རྒྱལ་རོང་སོ་མང་དུ་འཁྲུངས། ལོ་དེའི་ནང་ཧོར་བླ་ཡུལ་དེར་ཕེབས་སྐབས། སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་གྱིས་རང་གི་བླ་མའི་ཡང་སྲིད་དུ་གཟིགས་ནས་བུ་དེ་ཁོང་ལ་དགོས་གསུངས་པས། མ་ཡུམ་གྱིས། བུ་འདི་བན་དེ་ཞིག་ཡོང་ཐུབ་ན་འབུལ་བར་ཞུས་པས། བནྡེ་ཡོང་བའི་ཁག་ཐེག་དང་། ལོ་གསུམ་གྱི་རྗེས་ནས་བདག་པོ་བྱེད་དུ་འོང་གསུངས་པ་ལྟར། དགུང་གྲངས་བཞི་བཞེས་པ་ཆུ་སྟག་ལོའི་ཧོར་ཟླ་བཅུ་གཅིག་པའི་ནང་ཝ་གོ་སིདྡྷི་དགོན་དུ་གདན་དྲངས། རིག་འཛིན་ལུང་རིག་གླིང་པའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་དང་། གསེར་ཁྲིར་མངའ་གསོལ་མཛད། སྐབས་དེར་རྒྱ་ལྷ་མོ་ཚེ་རིང་གིས་གཡུ་ཁོག་རྒྱ་སྤྲུལ་བའི་ཡང་སྲིད་ཡིན་མིན་བརྟགས་ཆེད་སྐུ་གོང་མའི་ཐུགས་དམ་གྱི་རྟེན་སྒྲོལ་མའི་སྐུ་མཐོ་གང་བ་དང་། མུ་ཏིག་གི་མཎྚལ་ཞིག་ཡོད་པ་གཉིས་པོ་སྐུ་འདྲ་དང་མཎྚལ་གཞན་པ་ཁ་ཤས་ཀྱི་གྲས་སུ་བཞག་ནས་ཁྱེད་ལ་གང་དགོས་ཞུས་པས། ཁོང་གིས་སྐུ་གོང་མའི་སྐུ་འདྲ་དང་མཎྚལ་གཉིས་པོ་ཁོ་ན་བླངས་པས་རྒྱ་ལྷ་ཐུགས་མཉེས་ནས་ངེད་ཀྱི་སྤྲུལ་སྐུ་འཁྲུལ་མེད་དུ་འདུག གདན་ས་གང་དུ་མཛད་ཀྱང་ཁྱད་པར་མེད་གསུངས། དཔལ་ཡུལ་བླ་མ་མཚན་ལྡན་ཡོངས་འཛིན་དུ་བསྐོས། ཕུ་དུམ་བླ་མ་དཀོན་མཆོག ཉག་རོང་རས་པ་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། ར་ཧོར་དང་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས་ནས་གཙུག་ལག་རྒྱ་མཚོར་སྦྱང་བ་མཛད། ཐུན་མོང་སྐྱེ་བོའི་སྣང་ངོར་རྟེན་སྔགས་འཆང་། ཆང་དང་དུ་བ། ཉལ་ཐ་དང་བུད་མེད་སོགས་ལ་འཛེམ་མེད་དུ་རོལ་བ་སོགས་ཕལ་བའི་མཛད་སྤྱོད་ཅན་དུ་བཞུགས་ཀྱང་། ནང་ཉམས་རྟོགས་ཡོན་ཏན་དཔལ་གྱིས་མངོན་པར་མཐོ་བའི་རྟགས་སུ་སྔོན་གནས་རྗེས་དྲན་སོགས་ཐུན་མིན་གྱི་རྟགས་མཚན་དུ་མ་མངའ་ཚུལ་མཚོན་ཙམ་བཀོད་ན། སྐབས་ཤིག་ཁོང་གིས་རྒྱ་ཆོས་རིས་ལ། ང་གཞན་གྱིས་གཏད་དུ་བཅུག་འདུག་པས་ཁྱེད་ཀྱིས་ང་ལ་ས་བདག་གཏད་སྤྲུག་ཞིག་གསུང་རོགས་ཞུས་པས། ཆོས་རིས་ནས། གཏད་སྤྲུག་ཁྱེད་རང་ཉིད་ཀྱིས་གསུང་དང་། ངས་ཁྱེད་ལ་ཚེ་སྒྲུབ་ཞིག་འདོན་ཟེར། དེ་ནས་ཁོང་རང་ཉིད་ཀྱིས་དབུ་བཞུགས་བྱས་ནས་གཏད་སྤྲུག་གསུངས་པའི་ཉིན་རྗེས་མར། ཕུག་རོན་ལྟ་བུའི་བྱ་ཞིག་འཕུར་ནས་ཁོང་གི་པང་དུ་བབས་པ་དེར་གནས་ཚོས་མཐོང་། དར་ཅིག་ནས་ཁོང་གིས་ངའི་མིང་རུས་གཟུགས་གསུམ་བྲིས་ནས་གཏད་དུ་བཅུག་པ་འདི་རེད་གསུངས་ནས་ཤོག་བུའི་ལིང་ཀ་ཞིག་སོགས་གྲྭ་འཁོར་རྣམས་ལ་བསྟན། ད་ཁྱེད་ཚོ་ལ་ཧེ་མཚོ་ཁར་བལྟ་རུ་སོང་གསུངས། ཁོང་ཚོ་མཚོ་ཁར་ཕྱིན་པ་ན། མེ་མདའ་ཞིག་མཚོ་ཁ་ནས་འདོམ་གང་ཙམ་དུ་ཕྱིར་འཕངས་ཡོད་པ་དང་། ཐེངས་ཤིག་ཁོང་གི་མདུན་དུ་བླ་མ་གྲུབ་ཆེན་ཞིག་ཕེབས། ཁོང་གིས་འོ་བརྒྱལ་ལམ་ཞུས་པས། དེས་འོ་མ་བརྒྱལ་གསུངས་ནས་མནབ་གཟན་ཕུད་ནས་ཉི་ཟེར་གྱི་སྟེང་དུ་བཀལ་ནས་བཞག དེར་ཁོང་གིས་འོ་ན་བཞུགས་དང་ངས་ཇ་སྐོལ་གསུངས་ནས་སྨྱུག་མའི་ཚགས་གཞོང་ཐབ་ཏུ་བཙུགས་ནས་དེའི་ནང་ཇ་བསྐོལ་ནས་དྲངས་པར་མཛད་པ་དང་། ཐེངས་ཤིག་ཡུལ་མི་དུ་མ་དང་མཉམ་དུ་ཆང་དང་དུ་བ་མང་པོ་གསོལ་རྗེས། ཆང་བུམ་ཁྱེར་ཤོག་གསུངས། ཕྱག་སོར་བཅུའི་རྩེ་ནས་སྔར་གསོལ་བའི་ཆང་རྣམས་ཆང་བུམ་དུ་ཕྱིར་བསྐྱིལ་བ་དང་། ཕྱག་སོར་རྣམས་དང་དབུ་སྐྲའི་གསེབ་ནས་དུ་བ་སྤོས་དུད་ལྟར་ཕྱིར་ཕྱུང་བ་སོགས་བྱས། གཞན་ཡང་གྲི་ལ་མདུད་པ་བརྒྱབ་པ། ཆང་གིས་གཏམས་པའི་དཀར་ཡོལ་ཁང་པའི་ཐོག་སོ་ནས་ཁང་ཤོད་དུ་འཕངས་ཀྱང་ཆག་འབོ་མ་བྱུང་བ་སོགས་ངོ་མཚར་བའི་གྲུབ་རྟགས་སྣ་ཚོགས་ཀྱིས་གདུལ་བྱ་འདུལ་བར་བྱས་པའི་ལོ་རྒྱུས་ཤིན་དུ་མང་། མཚན་གྱི་རྣམ་གྲངས་འཇམ་དབྱངས་དཀོན་མཆོག་ཆོས་འཕེལ་དང་། ལུང་རྟོགས་བསྟན་པའི་དབང་ཕྱུག རྒྱལ་རོང་སོ་མང་ནས་གདན་དྲངས་ཕྱིར་ཡུལ་བ་ཚོས་སོ་མང་སྤྲུལ་སྐུ་དང་། ཝ་གོ་དགོན་དུ་བཞུགས་ཕྱིར་ཝ་གོ་རྒྱ་སྤྲུལ་ཡང་ཟེར། དབུས་གཙང་གི་གནས་ཆེན་རྣམས་སུ་མཇལ་བསྐོར་བྱས། སྐུ་གོང་མའི་གདན་ས་གཡུ་མཁར་དགོན་དང་། བཀོད་ལེགས་དགོན་གཉིས་སུ་ཡང་ཁྱུག་ཙམ་ཕེབས་གཟིགས་མཛད་པར་ཐོས། གཙོ་ཆེར་ཝ་གོ་དགོན་དང་ཕུ་དུམ་དགོན་གཉིས་ལ་གཟིགས་སྐྱོང་མཛད། དུས་འགྱུར་སྐབས་སྐུ་གོང་མའི་ཐུགས་དམ་གྱི་རྟེན་སྒྲོལ་སྐུ་དང་། སྐེད་ཕུར་སོགས་ཀར་སྟོད་བསོད་ནམས་བཟའ་མི་གཉིས་ཀྱི་ལག་ཏུ་གཏད་ནས་འདི་རྣམས་ཁྱེད་གཉིས་ལ་བཅོལ་བ་ཡིན། ནམ་ཞིག་བདག་པོ་སླེབ་དུས་སྤྲོད་དགོས་གསུངས། བདག་པོ་དེ་སུ་ཡིན། ངེད་གཉིས་ཀས་ངོ་ཤེས་སམ་ཞུས་པས། མི་ཤེས་རྒྱུ་མེད། ཁྱེད་གཉིས་ཀས་མཐོང་བ་ཙམ་གྱིས་བདག་པོ་འདི་རེད་སྙམ་པའི་ཡིད་ཆེས་གཏིང་ཚུགས་པ་ཞིག་སྐྱེས་ཡོང་བས་དེ་ལ་གཏོད། དེ་བར་ཁྱེད་གཉིས་མི་འཆི་བའི་ཁག་ཁུར་ཆོག་གསུངས་ནས་ཆུ་ཆེན་དུ་ཕེབས། དེ་ནས་པེ་ཅིན་དུ་ཐེངས་གཉིས་ཕེབས་དགོས་བྱུང་། ཐེངས་རྗེས་མའི་སྐབས་མཐའ་མིས་ཟས་དུག་དྲངས་བས་རྐྱེན་བྱས་ནས་དགུང་གྲངས་རེ་དྲུག་བཞེས་པ་ཤིང་འབྲུག་གི་ལོ་མགོར་སེང་གེ་ཉལ་སྟབས་ཀྱིས་བཞུགས་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས། དེར་གནས་ཚོས་སྐུ་གདུང་ཤིང་སྒྲོམ་ཞིག་ཏུ་བཅུག་ནས་ས་འོག་ཏུ་སྦས། ཕྱིས་བསྟན་པ་ཡང་དར་གྱི་སྐབས་སུ་སྐུ་གདུང་ས་འོག་ནས་སླར་སྤྱན་དྲངས་སྐབས་གདུང་སྒྲོམ་སྟེང་འཇའ་ཤར་བ་དང་། ལ་ཧེ་ནས་ཞུགས་འབུལ་བྱེད་སྐབས་སྒྲ་ཆེན་པོ་འུར་བ་དང་། ཐོག་མའི་གདུང་དུད་གཡུ་ཁོག་ཕྱོགས་སུ་ཡུན་རིང་བར་བསྐྱོད་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དེར་གནས་ཀུན་གྱི་མཐུན་སྣང་དུ་མངོན་པར་བྱས་སོ།།

གནམ་མཚོ་སྤྲུལ་སྐུ་འགྱུར་མེད་གཞན་ཕན་ནི།

རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་༼༡༩༠༥ ༡༩༨༡༽ལོར་ཡབ་ཧོར་སྲས་ཚེ་དཔལ་ནོར་བུ་དང་། ཡུམ་དགེ་བཤེས་བཟའ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་གཡུ་ཁོག་ཏུ་འཁྲུངས། དེ་ཡང་སྲས་པོ་ཚེ་དཔལ་ལ་སྐྱེས་ཆེན་དམ་པའི་རོལ་གར་སྲས་ལྔ་འཁྲུངས་པ་ནི། སྲས་གཉིས་པ་ཀོང་སྤྲུལ་པདྨ་དགྱེས་པ་ནི་ཨ་ཚབ་སྤྲུལ་སྐུ་པདྨ་བསྟན་འཛིན་གྱིས་ཁོང་གི་རྩ་བའི་བླ་མ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་སྐུ་བདག་མཛད། གསུམ་པ་ཨོ་རྒྱན་དབང་ཕྱུག་ནི་སྒོ་ཆེན་དགོན་པས་ངོས་འཛིན་སྐུ་བདག་བྱས་ཀྱང་ཡབ་ཀྱིས་བསླུ་ཁ་མ་གནང་། བཞི་པ་མཁན་སྤྲུལ་འཇམ་དབྱངས་དཔལ་ལྡན་སྙན་གྲགས་ནི་ར་ཧོར་རྫོགས་སྤྲུལ་གྱིས་དགེ་མང་མཁན་པོ་ཡོན་དགའི་ཡང་སྲིད་དུ་སྐུ་བདག་ཁྲི་འདོན་མཛད་ནས་གཙང་ར་ཧོར་དགོན་དུ་བཞུགས། ལྔ་པ་ལྷ་སྲས་འཆི་མེད་གསང་འདུས་ནི་ནགས་རྟ་བླ་མ་ཚེ་གཅེས་ཀྱི་རྣམ་སྤྲུལ་དུ་གྲགས། སྲས་ཆེ་བ་འདི་ཉིད་ནི་སྐུ་ཆུང་དུས་ནས་གནམ་མཚོ་དགོན་པས་ལོ་ཆེན་བཻ་རོའི་ཟློས་གར་འགྱུར་མེད་བྱང་ཆུབ་རྡོ་རྗེའི་ཡང་སྤྲུལ་དུ་ངོས་འཛིན་ཁྲི་འདོན་དང་བསྟན་པའི་བདག་པོར་མངའ་གསོལ། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་སོགས་སུ་གྲྭ་སར་ཕེབས་ཏེ་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། གནམ་མཚོ་དགོན་དུ་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་བསྐྱངས་མཐར་དགུང་གྲངས་དོན་བདུན་བཞེས་པ་ལྕགས་བྱ་ལོར་ཞི་བར་གཤེགས།

ཀོང་སྤྲུལ་པདྨ་དགྱེས་པ་ནི།

རབ་བྱུང་བཅོ་ལྔ་པའི་ས་བྱ་༼༡༩༠༩ ༡༩༥༩༽ལོར། ཡབ་ཧོར་སྲས་ཚེ་དཔལ་ནོར་བུ་དང་། ཡུམ་དགེ་བཤེས་དཔོན་གྱི་སྲས་མོ་ཚེ་རིང་ལྷ་མོ་གཉིས་ཀྱི་སྲས་སུ་གཡུ་ཁོག་ལྷ་སྡེ་རུ་སྐུ་འཁྲུངས། ཨ་ཚབ་སྤྲུལ་སྐུ་པདྨ་བསྟན་འཛིན་གྱིས་སྔར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོར་མ་འོངས་པར་ཁོང་གི་ངོ་སྐལ་དུ་ཡང་སྤྲུལ་གཡུ་ཁོག་ཏུ་འཁྲུངས་དགོས་པར་གསོལ་བ་བཏབ་པས་འབྱོན་པར་ཞལ་བཞེས་གནང་བ་དང་། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་བཀའ་ལུང་ལྟར། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཕྲིན་ལས་ཀྱི་སྤྲུལ་པར་ངོས་བཟུང་ནས་བླ་བྲང་དུ་གདན། ཨ་ཚབ་སྤྲུལ་སྐུ་སོགས་རང་དགོན་གྱི་སྐྱེས་ཆེན་དུ་མ་ལས་ཡི་གེ་འབྲི་ཀློག་དང་། སྨིན་གྲོལ་རྒྱབ་བརྟེན་གྱི་རིམ་པ་ཆེས་ཆེར་གསན། སྡེ་དགེ་དཔལ་སྤུང་དང་། རྫོགས་ཆེན། ཞེ་ཆེན་སོགས་སུ་ཕེབས་ནས་མདོ་སྔགས་རིག་གཞུང་ཀུན་ལ་གསན་བསམ་ཉམས་བཞེས་མཛད། དེ་ནས་གཡུ་དགོན་དུ་ཕེབས་ནས་ལུགས་གཉིས་ཀྱི་མཛད་པས་སྐྱེ་བོ་དུ་མ་ལེགས་ལམ་དུ་བཀོད། ཞལ་མཇལ་བ་དང་གསུང་ཐོས་པའི་སེམས་ཅན་རང་དབང་མེད་པར་དད་པའི་སྤུ་ལོང་གཡོ་ཞིང་མིག་མཆི་མ་འཁྲིགས་པར་བྱེད་པ་སོགས་ཀྱི་ཁྱད་ཆོས་མངའ། ཨ་ཚབ་པདྨ་བསྟན་འཛིན་སྐུ་གཤེགས་རྗེས་འདས་མཆོད་སོགས་ཀྱི་ཐུགས་འགན་བཞེས་ནས་བླ་བྲང་གི་རྒྱུ་ནོར་ཡོངས་རྫོགས་སྤོང་དག་གིས་བླ་མའི་དགོངས་རྫོགས་སུ་བཏང་ནས། དབུས་གཙང་གི་གནས་ཆེན་ཁག་དང་། རྒྱལ་མོ་དམུ་རྡོ་སོགས་སུ་གནས་མཇལ་དུ་ཕེབས། གཡུ་དགོན་དུ་འདུས་པའི་སྡེ་ཆེན་པོར་རྒྱལ་བའི་བཀའ་འགྱུར་ཆེན་མོའི་བཀླག་ལུང་བསྩལ། སྐུ་ཚེ་གང་བོར་དཀར་ཟས་ཁོ་ན་ལས་ཤ་ཁྲག་གི་ཟས་གཏན་སྤང་མཛད། དཔལ་སྤུང་དུ་ཨ་ཚབ་ཡང་སྲིད་པདྨ་འགྱུར་མེད་འཁྲུངས་པ་རྫོགས་སྤྲུལ་ལྔ་པའི་བརྟགས་ལུང་ལྟར་ངོས་འཛིན་སྐུ་བདག་མཛད་ནས་རང་དགོན་དུ་ཁྲི་འདོན་མཛད། གོང་ཐའ་འཕྲང་རིང་དུ་ཀོང་རིས་རྒྱལ་ངན་ཞེས་པས་བླ་སྤྲུལ་མང་པོར་གནོད་འཚེ་བྱས་པར་གྲགས་པ་དེར། དགུན་འཁྱག་རོམ་རྒྱས་ནས་བགྲོད་དཀའ་བའི་དུས་ཤིག་ལ། ཁོང་སྐུ་འཁོར་རྟ་དྲེལ་བཅས་དེ་ཕྱོགས་སུ་ཕེབས་སྐབས། དེ་རིང་རྒྱལ་ངན་གྱིས་གནོད་བྱེད་སྲིད་པས་འཕྲང་འདི་ནས་ས་སྒྱེ་ཆུང་གང་འཛིན་དགོས་གསུངས། སྐབས་དེར་རྒྱལ་ངན་གྱི་འཕྲུལ་གྱིས་ཀོང་སྤྲུལ་མི་རྟ་གཉིས་འཕྲང་དེ་ནས་འཕྲང་འོབས་སུ་ལྷུང་། སྐུ་འཁོར་ཚོས་བླ་མས་ཕཊཿསྒྲ་ཞིག་བསྒྲགས་པ་ཐོས། དེ་ནས་ཁོང་ཚོ་རྟབ་རྟབ་པོར་གྱུར་ནས་འཕྲང་འགག་གི་གོང་བསྐོར་ནས་ཆུ་གཞུང་དུ་བརྒྱུག་ཚེ། ཁོང་མི་རྟ་གཉིས་ལ་ཉེས་སྐྱོན་གང་ཡང་མེད་པར་ཆུ་གཞུང་བརྒྱུད་ནས་ཡར་ཕེབས། དེ་ནས་ཨ་བླའི་སུམ་མདོར་ཕེབས་ནས་ཁོང་གིས་སྔར་གྱི་ས་སྒྱེ་ཆུང་གང་དེ་ཕ་ཝཾ་ཞིག་གི་འཁྲིས་སུ་མནན་ནས་ཐུགས་སྨོན་མཛད། དེ་ཕྱིན་འཕྲང་དེ་ནས་སུ་ལའང་ཉེས་སྐྱོན་མ་བྱུང་ཞིང་། ཀོང་སྤྲུལ་གྱིས་རྒྱལ་ངན་དམ་ལ་བཏགས་པ་རེད་ཅེས་ཕྱོགས་སུ་གྲགས། དེ་ནས་སླར་ཡང་ཕྱག་རྫས་ཆེ་ཕྲ་ཀུན་སྤོང་དག་གིས་གཡུ་རོང་བཀོད་ལེགས་དགོན། སྨོན་ལམ་དགོན། གསེར་ཡག་ཡེ་སྒར། དེམ་པ་དགོན། ཀ་ཀོང་དགོན་སོགས་སུ་གནང་སྦྱིན་མཛད། གཟིམ་ཁང་གཡུ་མཁར་བཤད་གྲྭའི་འཚོགས་ཁང་དུ་ཕུལ། ཅོག་པུ་ཞིག་དང་གསོལ་ཆས་ཕྲན་བུ་ལས་ཕྱག་དཔེ་རིགས་དང་། མཆོད་ཆ་སོགས་བཤད་གྲྭར་ཕུལ་ནས། ཕྱི་མཐའ་གཟིགས་པའི་ལུང་བསྟན་དུ་ད་འདི་ནས་མི་ལོ་ལྔ་ལ་ཆོས་དུང་ཞིག་འབུད་ཐུབ་ན་དེ་ནས་ཅིར་འགྱུར་མི་ཤེས་ཀྱང་བློ་བདེ་གསུངས་ནས་གཡུ་སྙིང་དབེན་རི་སོགས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། ལོ་ལྔའི་རྗེས་ནས་དུས་འགྱུར་གྱི་འཚུབ་མ་ལྡང་བའི་མགོ་ཚུགས་ཤིང་ཟིང་འཁྲུགས་ཁྲོད་གཡུ་དགོན་བཤད་སྒྲུབ་སོགས་ལ་གཏོར་བཤིགས་ཚབས་ཆེན་ཕོག ཁོང་ཡང་རྟའུ་ཁྲིམས་ཁང་དུ་ལྕགས་རྡོ་བཏུལ་བའི་ལས་ལ་བཀོད། ཁྲིམས་གྲོགས་རྣམས་ལ། ཁྱེད་ཚོ་ཕ་ཡུལ་དུ་ལོག་ནས་ཡུལ་མི་རྣམས་དང་འཕྲད་པའི་དུས་ངེས་པར་འོང་། ང་རང་ཅིར་འགྱུར་མི་ཤེས་མོད་གལ་ཏེ་ཤི་སོང་ན་རོ་དེ་རྟའུ་ཤེལ་ཆུའི་ནང་སྐྱུར་དགོས་གསུངས། ཉིན་ཞིག་ཁྲིམས་གྲོགས་གཅིག་ལ་དེ་རིང་མགོ་ན་བས་ལས་ཀ་བྱེད་དུ་འགྲོ་ཐུབ་པ་མི་འདུག ཁྱོད་དོ་དགུང་ཕྱིར་ཡོང་དུས་བྱེ་མ་ཅུང་ཟད་ཞིག་འཁྱེར་ཡོང་རྒྱུ་མ་བརྗེད་གསུངས། དེས་དགུང་མོ་བྱེ་མ་ཁྱེར་ཡོང་བ་ཕུལ་བས། ཁོང་གིས་དམིགས་རྟེན་ལ་བྱེ་མ་བྲབས། བྲོ་ཆས་ཅུང་ཟད་དེ་གསུར་བསྔོ་མཛད། དེའི་ཕྱི་ཉིན་སྟེ་དགུང་གྲངས་ང་གཅིག་བཞེས་པ་ས་ཕག་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་མོར་ཞབས་སྐྱིལ་ཀྲུང་། ཕྱག་གཉིས་མཉམ་བཞག སྐུ་ལུས་དྲང་པོར་བསྲངས་ཏེ་དགོངས་པ་དབྱིངས་སུ་བསྡུས། དེ་ནས་ཁྲིམས་གྲོགས་ཚོས་སྐུ་གདུང་ཤེལ་ཆུའི་འགྲམ་གྱི་ལྕང་སྡོང་ཞིག་གི་རྩར་སྦས་ཀྱང་ཕྱིས་ཆུ་བོ་རྒྱས་པའི་སྐབས་ཤེལ་ཆུའི་ཀློང་དུ་ཐིམ་པར་གྱུར་ཏོ། །

ཆ་མདའ་སྤྲུལ་སྐུ་རིག་འཛིན་འཇིགས་མེད་གྲགས་པ་ནི།

ཡབ་རྒྱལ་རོང་དགེ་ལེགས་དང་། ཡུམ་བཀྲ་ཤིས་ལྕམ་གཉིས་ཀྱི་སྲས་སུ་རྒྱལ་རོང་ཝ་གོ་གྲོང་གི་ཤི་ལོག་པ་ཚང་དུ་རབ་བྱུང་བཅོ་ལྔ་པའི་ནང་སྐུ་འཁྲུངས། ཨ་ཉག་སྐྱབས་མགོན་སོགས་ལས་ཟབ་ཆོས་གསན། ཡར་ལྷས་རིགས་གསུམ་མགོན་པོའི་གནས་ནས་ཁྲོམ་གཏེར་བཞེས། ལ་ཧེ་ཀྱི་གནས་སྒོ་ཕྱེས། སྤྲུལ་པའི་གཏེར་སྟོན་ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་མཚན་དུ་གྲགས། གཡག་ཁམ་ཁྲ་ཡུ་བོ་ཞིག་ལ་ཁལ་བཀལ་ཞིང་གཡུ་ཁོག་ཏུ་ཕེབས། ཆ་མདའ་ཆོས་འགྲུབ་མཐར་ཕྱིན་ལ་ང་ཁྱེད་ཚང་གི་ཆ་མདའ་རབ་ལོ་ཡིན་གསུངས་པས། དེས་གཡུ་སྙིང་དབེན་རི་ན་ཆ་མདའ་ཇོ་མོ་གཡུ་སྒྲོན་ཡོད་པའི་སར་ཁྲིད་ནས་ལོ་རྒྱུས་བཤད་པས། གཡུ་སྒྲོན་གྱིས་ཁྱེད་ངེད་ཀྱི་བླ་མའི་སྤྲུལ་པ་ཡིན་ན་ཡིད་ཆེས་པའི་རྟགས་མཚན་དགོས་སྨྲས་པས། ཁོང་གིས་སྐུ་གོང་མའི་ཕྱག་དངོས་ཤིག་དེ་རུ་ཡོད་པར་གསུངས་པས། དེ་གང་དུ་ཡོད་ཞུས་པས། སྨྱུག་སྒམ་ནང་དུ་ཡོད་གསུངས་པ་ལྟར་བྱུང་བས་ཡིད་ཆེས་པར་གྱུར། དེ་ནས་གཡུ་ཁོག་ཏུ་བཞུགས་ཤིང་གཡུ་དགོན་དུ་འཚོགས་བཞུགས་མཛད། ཆུ་འབྲུག་༼༡༩༥༢༽ལོའི་ཧོར་ཟླ་ལྔ་པའི་ཚེས་བཅུ་ཉིན་ཤར་རོང་དུ་མ་ཎི་རང་བྱུང་གི་གནས་ཡིག་ཕབ། གཞན་ཡང་དག་སྣང་ཐོར་བུའི་སྐོར་དུ་མ་ཡོད་པར་བཤད། དག་སྣང་པདྨའི་ཟབ་ཐིག་ཏུ། དབྱི་ཁྲོམ་ཉེ་འདབས་པདྨ་ང་ལ་མོས༔ བསྙེན་སྒྲུབ་རྟགས་ཐོན་མ་ངེས་སྦས་པའི་ཚུལ༔ བཻ་རོའི་གསུང་སྤྲུལ་ཤུད་བུ་དཔལ་སེང་འཕྲུལ༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་ལུང་གིས་ཟིན་པ་དང་། ཁོང་གི་གསོལ་འདེབས་སུ། དབྱིངས་རིག་དབྱེར་མེད་གྲུབ་ཆེན་ས་ར་ཧ། མི་གཡོ་ས་ཐོབ་མཁས་པ་བཻ་རོ་རྗེ། །བརྟུལ་ཞུགས་གྲུབ་པ་བློ་གྲོས་རབ་གསལ་སོགས། །དག་པའི་སྐྱེ་བ་མང་བཞེས་སྦས་ཚུལ་འཆང་། །ཨོ་རྒྱན་བདེ་ཆེན་གླིང་པར་གསོལ་བ་འདེབས། ཞེས་འབྱུང་། དུས་འགྱུར་སྐབས་མནར་གཅོད་ཐེབས་ཤིང་། དགེ་བྱེད་ཆུ་སྟག་ལོའི་ནུབ་གཅིག་གསོལ་ཆས་ཡོངས་རྫོགས་ཁྲིམས་གྲོགས་ཚོར་བགོ་འགྲེམ་བྱས་ཤིང་། ནགས་རྟ་སྤྲུལ་སྤྲུལ་སྐུ་རིག་མཆོག་རྡོ་རྗེ་ལ། ད་ནི་མནར་གཅོད་མྱོང་ནས་བསྡད་པ་ལ་དགོས་པ་མི་འདུག་པས་འུ་གཉིས་འགྲོ་འམ་གསུངས་པས། ནགས་སྤྲུལ་གྱིས་ཀྱང་འགྲོ་ཞུས། དེའི་ནུབ་མོ་ཁོང་གཉིས་ཀ་ལྷན་དུ་སྐུ་གཤེགས་པས། ཕྱི་ཉིན་སྔ་མོ་ལས་སྒྲུབ་པ་ཚོས་མདངས་སུམ་འདི་གཉིས་འཆི་རྒྱུར་གྲོས་བྱེད་ཀྱིན་འདུག་པས་སྐུ་གདུང་གཉིས་པོ་ས་ཕྱོགས་གཉིས་སུ་གནོན་དགོས་པར་བཤད་ནས། ནགས་རྟ་སྤྲུལ་སྐུའི་སྐུ་གདུང་ཆུ་དམར་ཁོག་དང་། བླ་མ་འདིའི་སྐུ་གདུང་ཆུ་དཀར་ཁོག་ཏུ་ས་སྦེད་བྱས། བསྟན་པ་ཡང་དར་གྱི་དུས་སུ་སྐུ་གདུང་སླར་ས་འོག་ནས་སྤྱན་དྲངས་ཏེ་ཞུགས་འབུལ་བྱས་སོ།།

རྒྱ་ཤུལ་བླ་མ་གཡུ་མོ་རིས་ནི།

ཡབ་རྒྱ་ཤུལ་ཤེས་རབ་བཟང་པོ་དང་། ཡུམ་གནམ་བཟའ་བདེ་ལྷ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕག་༼༡༩༡༡ ༡༩༧༦༽ལོར་སྐུ་འཁྲུངས། སྐུ་མ་འཁྲུངས་པའི་ཡར་སྔོན་ནས། རྒྱ་ལྷས། ཤེས་རབ་བཟང་པོར་སང་ཕོད་ཁྱེད་ལ་བུ་གཅིག་འབྱུང་། དེ་གཡུ་ཐོག་ཡོན་ཏན་མགོན་པོའི་སྤྲུལ་པའི་ཆ་ཤས་ཤིག་ཡིན་གསུངས། སྲས་འཁྲུངས་པའི་ཕྱི་ལོ་ཡབ་སྐུ་བསྙུན་ནས་འདའ་ཁར་ཡུམ་ལ། གཤིན་རྗེའི་ཞགས་པས་ཐེབས་དུས་ཁོ་བོ་ལ་མི་འགྲོའི་རང་དབང་མི་འདུག་མོད། བུ་འདི་བདག་སྐྱོང་ཡག་པོ་གྱིས་དང་། བསྟན་འགྲོར་སྨན་པ་ཞིག་འབྱུང་གསུངས། དགུང་གྲངས་ནར་སོན་སྐབས་གཡུ་དགོན་བཤད་གྲྭར་བཞུགས། དེ་ནས་རྫོགས་ཆེན་དུ་གྲྭ་སར་ཕེབས། རྫོགས་སྤྲུལ་ལྔ་པ་དང་། མཁན་ཆེན་ཐུབ་བསྟན་སྙན་གྲགས་སོགས་ལས་སྨིན་གྲོལ་བདུད་རྩིའི་བཅུད་ལ་རོལ། གསེར་ཡག་སྒང་དུ་གཡུ་ཁོག་བྱ་བྲལ་བའི་ཞབས་པད་བསྙེན་ནས་མན་ངག་རྫོགས་པ་ཆེན་པོའི་ཆོས་སྐོར་རྣམས་གསན་བསམ་ཉམས་བཞེས་མཛད། རྟེན་རབ་བྱུང་དུ་བཞུགས་ཤིང་བཙུན་པའི་ཚད་དུ་གྲགས། དགུང་གྲངས་རེ་དྲུག་བཞེས་པ་མེ་འབྲུག་ལོར་ཞི་བར་གཤེགས།

ནགས་རྟ་སྤྲུལ་སྐུ་རིག་མཆོག་རྡོ་རྗེ་ནི།

ཡབ་གྲུབ་པའི་དབང་ཕྱུག་རྒྱ་ལྷ་མོ་ཚེ་རིང་དང་། ཡུམ་ནགས་རྟ་འཇམ་དབྱངས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་སྤྲེལ་༼༡༩༠༨ ༡༩༦༢༽ལོར་སྐུ་འཁྲུངས། ཉག་རོང་རས་པས་ནགས་རྟ་བླ་མ་མདོ་སྡེའི་སྤྲུལ་སྐུར་ངོས་འཛིན་མཛད། ཉག་རོང་རས་པ་དང་རྒྱ་ལྷ་སོགས་ལས་ཟབ་ཆོས་ཀྱི་གདམས་པ་དུ་མ་མནོས། རྟེན་རབ་བྱུང་དུ་བཞུགས། རྒྱུ་འཕྲུལ་ཞི་བའི་མཆོད་ཆོག་གི་ཁྲི་བཞུགས་མཛད། ཡབ་དང་ལྷན་དུ་བོལ་གོང་ལྡོང་རིའི་གནས་སྒོ་ཕྱེས། དུས་འགྱུར་སྐབས་མནར་རྡུང་ཚབ་ཆེན་བཞེས་ཤིང་དགུང་གྲངས་ང་ལྔ་བཞེས་པ་དགེ་བྱེད་ཆུ་སྟག་ལོའི་ནུབ་གཅིག་ཆ་མདའ་སྤྲུལ་སྐུ་དང་ཁོང་གཉིས་ཐུགས་གྲོས་བྱས་ཤིང་ཞི་བའི་དབྱིངས་སུ་ལྷན་ཅིག་ཏུ་གཟིམ་པར་མཛད་དོ།།

མཁན་སྤྲུལ་འཇམ་དབྱངས་དཔལ་ལྡན་སྙན་གྲགས་ནི།

ཡབ་ཧོར་སྲས་ཚེ་དཔལ་ནོར་བུ་དང་། ཡུམ་བཞག་བཟའ་ཆོས་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྟག་༼༡༩༡༤ ༡༩༦༢༽ལོར་གཡུ་ཁོག་ཏུ་འཁྲུངས། དགུང་གྲངས་བཅུ་བཞིའི་སྟེང་ར་ཧོར་རྫོགས་སྤྲུལ་ཐུབ་བསྟན་སྙན་གྲགས་ཀྱིས་འཇམ་དབྱངས་གྲུབ་པའི་དབང་པོའི་རྩ་བའི་བླ་མ་དགེ་མང་མཁན་ཆེན་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་སྐུ་བདག་གིས་ར་ཧོར་དགོན་དུ་ཁྲི་འདོན་མཛད། མཚན་འཇམ་དབྱངས་དཔལ་ལྡན་སྙན་གྲགས་གསོལ། དགོན་པའི་ནང་སོ་རུ་བཞུགས། མདོ་སྤྲུལ་འཇམ་དབྱངས་གྲུབ་པའི་དབང་པོ་དང་། རྫོགས་སྤྲུལ། གནམ་མཚོ་མཁན་པོ་བསྟན་འཛིན་སོགས་ལས་བཀའ་གཏེར་རིག་གཞུང་སྤྱི་དང་བྱེ་བྲག་གི་སྨིན་གྲོལ་གདམས་ཁྲིད་གསན། མཚོ་སྙིང་མ་ཧཱ་དེ་ཝ་སོགས་སུ་བགྲང་བྱ་དུ་མར་སྒྲུབ་པ་ཉམས་བཞེས་མཛད། ར་ཧོར་དགོན་དུ་རྫོགས་སྤྲུལ་གྱི་ཁྲི་ཚབ་མཛད་ནས་ཡུན་རིང་བཞུགས། དད་གཤིན་གྱི་འབུལ་བ་སོགས་ཕྱག་རྫས་ཆེ་ཕྲ་ཀུན་དགོན་གཞུང་དུ་ཕུལ་བ་ལས་ཆུད་ཟོས་སུ་མ་བཏང་བར་གྲགས། དགེ་མང་མཁན་པོའི་རྣམ་སྤྲུལ་དུ་ངོས་བཟུང་ཕྱིར་ཀུན་གྱིས་མཁན་སྤྲུལ་དུ་འདོད། བར་སྐབས་ཤིག་ནས་གཡུ་ཁོག་ཏུ་ཕེབས་ཏེ་གཡུ་དགོན་དུ་ཚོགས་བཞུགས་མཛད་ནས་བཞུགས། དུས་འགྱུར་ཁྲོད་མནར་གཅོད་ཆེར་མ་ཐེབས། མཐར་དགུང་གྲངས་ཞེ་དགུ་བཞེས་པ་ཆུ་སྟག་ལོར་སྐུ་གཤེགས། །

མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་ནི།

མ་ཡུམ་ལི་ཐང་སྒྲོལ་མ་ཆོས་མཚོའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་རྟ་༼༡༩༡༨ ༡༩༨༩༽ལོར་རྟའུ་ཉ་མཚོའི་གྲོང་འདབས་སུ་སྐུ་འཁྲུངས། དགུང་གྲངས་གསུམ་ཙམ་བཞེས་སྐབས་སྒོ་ཆ་སྐུ་ཞབས་ངག་དབང་ཕྲིན་ལས་ཀྱིས་བུ་འདི་བནྡེ་བྱས་ནས་ཉ་མཚོ་དགོན་དུ་གྲྭ་ཞུགས་དགོས་པར་གསུངས་པས། མ་ཡུམ་གྱིས་བུ་ཁྲིད་ནས་གཡུ་ཁོག་ཏུ་བྱོལ་ནས་སློང་མོས་འཚོ་བཞིན་བཞུགས། ཉིན་གཅིག་ཁོང་གིས་རྡེའུ་དུ་མ་བརྩིགས་ནས་རྩེད་མོ་རྩེ་བཞིན་ཡོད་སྐབས་གཡུ་ཁོག་དཔོན་བླ་དགེ་འདུན་རྒྱ་མཚོ་དེར་བྱོན་ནས། བུ་ཅི་བྱེད་ཀྱིན་ཡོད་དྲིས་པས། མཆོད་རྟེན་བཞེངས་ཀྱིན་ཡོད་ཞུས། དཔོན་བླ་ཐུགས་དགྱེས་ཤིང་འབྱུང་འགྱུར་བསྟན་ལ་སྨན་པའི་སྐྱེས་བུར་གཟིགས་ནས། མ་ཡུམ་ལ་བུ་འདི་ལ་ཀློག་བསླབ་ནས་གཡུ་དགོན་དུ་གྲྭ་ཞུགས་བྱེད་དགོས། མཐུན་རྐྱེན་བདག་གིས་སྦྱོར་ཆོག་གསུངས། དེ་ནས་ཡང་མ་ཡུམ་གྱིས་བུ་ཁྲིད་ནས་མཚན་བྲོས་བྱས་པས་གཡུའི་ན་སྣེར་སླེབས་སྐབས་དཔོན་བླས་མཁྱེན་ནས་ར་མདར་མངགས་པའི་རྟ་པ་ཁ་ཤས་སླེབས་ནས་གཡུ་ཁོག་དཔོན་ཀྱི་བཀའ་གསུང་ལྟར་མ་བུ་གཉིས་ཕྱིར་འགྲོ་དགོས་བཤད་པས། མ་ཡུམ་གྱིས་ཕྱོགས་མེད་ཀྱི་སྤྲང་པོ་ངེས་མེད་ཀྱི་ཡུལ་དུ་སློང་མོར་འགྲོ་བར་བཤད་ཀྱང་། མཐར་ཁོང་ཚོས་བུ་རྟ་གོང་དུ་ཁྱེར་ནས་ཕྱིར་སོང་བས་མ་ཡུམ་ཡང་རྗེས་སུ་མི་འབྲང་ཐབས་མེད་བྱུང་། དེ་ནས་དཔོན་བླས་ཀློག་བསླབས་པ་སོགས་སྐུ་བདག་བྱས་ཤིང་ཐུགས་རྩིས་ཤིན་ཏུ་ཆེ། དུས་རྒྱུན་ཁོང་གི་སར་བཞུགས། དགུང་གྲངས་ནར་སོན་སྐབས་གཡུ་མཁར་བཤད་གྲྭར་བཞུགས། ཧོར་བླ་གཞན་ཕན་སོགས་ལས་སྨིན་གྲོལ་གྱི་གདམས་པ་ནོད། ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱི་སྤྲུལ་པའི་ཆ་ཤས་སུ་བསྔགས། དཔོན་བླ་སྐུ་འདའ་ཁར་ཁོང་ལ། མ་འོངས་པར་དུས་ཀྱི་འཕོ་འགྱུར་ཁྲོད་བསྟན་སྲིད་སྤྱི་དང་བྱེ་བྲག་ལ་ཉམས་གུད་ཆེན་པོ་འབྱུང་། དེའི་སྐབས་སུ་གཡུ་ཁོག་པའི་དགོན་སྡེ་གཏོར་བརླག་ཏུ་འགྱུར་ངེས། བསྟན་པ་ཡང་དར་སྐབས་ཁྱོད་ཀྱིས་དགོན་པ་ལ་གཟིགས་སྐྱོང་ཆད་མཐུད་བྱེད་དགོས། གཡུའི་ཆོས་ཁྲིའི་ཐང་དུ་མཆོད་རྟེན་ཞིག་བཞེང་ཨེ་ཐུབ་ལྟོས་སོགས་གསུངས་ནས། རྟེན་སྐལ་དུ་སྐུ་གསུང་ཐུགས་རྟེན་དང་ན་བཟའ་སོགས་གནང་། དུས་འགྱུར་སྐབས་ཁོང་སྤྲང་མོའི་བུ་ཡིན་རྐྱེན་མནར་གཅོད་མ་བྱུང་། བླ་རྒན་ཞིག་གིས་ལག་འཁོར་དང་གླེགས་བམ་སོགས་རྟ་ལ་བཀལ་བའི་སྟེང་ཁོ་རང་གིས་ཞོན་ནས་འགྲོ་བ་གཟིགས་ནས་ཐུགས་ཕམ་ཚད་མེད་བྱུང་། དེའི་ནུབ་མོ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཞལ་དངོས་སུ་གཟིགས་ནས་ཁྱོད་སེམས་མ་ཕམ་དང་། དཔྱི་རྒྱབ་དུ་ཉི་མ་འཆར་བའི་དུས་ཡོད་ཅེས་ལུང་བསྟན་གནང་། བསྟན་པ་ཡང་དར་སྐབས་ཨ་ཚབ་སྤྲུལ་སྐུ་སོགས་བསྟན་འཛིན་གཞན་དག་དང་ལྷན་དུ་འདུ་ཁང་དང་དུས་མཆོད་བསྐྱར་འཛུགས་ཀྱི་ཕྱག་ལས་རྒྱ་ཆེར་གནང་། ཚེ་རིང་མཆེད་ལྔ་དང་། ཡུལ་ལྷ་གཉན་པོ་གཡུ་རྩེ་སོགས་ཀྱིས་ཕུལ་བའི་གསེར་སྒྲོམ་དང་། གཡུ་སྒྲོམ་སོགས་སྒྲོམ་བུ་མང་པོ་གཏེར་ནས་བཞེས། འབྱུང་འགྱུར་མཁྱེན་པའི་ལུང་བསྟན་དུ་མ་མངའ། ཐེངས་ཤིག་ར་ཡབ་བླ་མ་ཀླུ་དབང་སྐུ་ཧ་ཅང་བསྙུན་པའི་རིམ་གྲོར་ཨ་ཚབ་སྤྲུལ་སྐུ་དང་། ཁོང་གཉིས་སོགས་ཀྱིས་ཚེ་ཕུར་སྦྲགས་མའི་ཆོ་ག་མཛད། སྒྲུབ་པ་གྲོལ་ནུབ་བླ་མ་ཀླུ་དབང་སྐུ་འདའ་བར་ཕྱོགས་པ་ན། ཁོང་ཐུགས་ཁྲོས་པའི་ངང་ནས་ཨ་ཚབ་སྤྲུལ་སྐུ་ཞེས་བོས་ནས། ངེད་གཉིས་དེ་རིང་འདིར་མཉམ་དུ་འཛོམས་སྐབས་བླ་མ་ཀླུ་དབང་ཞིང་ཁམས་སུ་བྱོན་དགོངས་པ་རེད་མོད། ཨ་མཚར་དུ་ཡང་ལོ་གསུམ་ཙམ་དུ་གཏོང་མི་ཉན་འོ། གསུངས་ནས་ཕུར་བུའི་མགུལ་དཀྲིས་དེ་བཤིགས་ནས་ཕུར་མདུད་ཅིག་བྱས་ནས། ཡ་བླ་མ་ཀླུ་དབང་། འདི་ཁྱེད་ལ་རཏྣའི་ཧེ་ཕུར་གྱིས་གནང་བ་རེད་གསུངས་ནས་མགུལ་དུ་བཏགས། ཅུང་ཙམ་ནས་བླ་མས་དབུ་ཡར་བཏེགས་ནས་གསུང་གླེང་སོགས་མཛད། སྙུན་གཞི་དྭངས་ནས་ལོ་གསུམ་ལ་བཞུགས། དཔོན་བླའི་སྒྲུབ་གནས་གླག་ཚང་དུ་སྐུ་མཚམས་བཅད་རྒྱར་བཞུགས། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོར་གཡུའི་ཆོས་ཁྲིའི་ཐང་དུ་སྔོན་ལྕམ་བླ་འགྱུར་མེད་རྒྱལ་མཚན་གྱིས་བཞེངས་པར་གྲགས་པའི་མཆོད་རྟེན་བསྐྱར་བཞེངས་མཛད། དགུང་གྲངས་དོན་གཉིས་བཞེས་པ་ས་སྦྲུལ་ལོའི་སྣྲོན་ཟླའི་ཡར་ཚེས་བཅུ་གཉིས་ཀྱི་ཉི་ཤར་འབྲུག་གི་དུས་གཟིམ་མལ་དུ་སྐུ་དྲང་པོར་བསྲངས་ནས་ནང་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་དུ་གཤེགས་སོ། སྐུ་མ་འདས་པའི་སྔོན་ནས་མཆོག་སྤྲུལ་རྟ་ཁྱུང་རོལ་པའི་རྡོ་རྗེར་ཉིན་དེར་ཁོང་འདའ་རྒྱུ་དང་། ཉིན་བདུན་གྱི་རྗེས་ནས་འབྱོན་དགོས་ཚུལ་སོགས་ཐུགས་གྲོས་མཛད་ཡོད་པ་དང་། སྐུ་གདུང་ཞུགས་འབུལ་སྐབས་དབུ་ཐོད་ཡར་བ་དང་། ནམ་མཁའ་གཡའ་དག་པ་སོགས་རྟགས་མཚན་དུ་མ་བྱུང་བར་གདའ་འོ། །ཁོང་གི་མ་ཡུམ་དེ་ཡང་ལི་ཐང་ཕྱོགས་ཀྱི་དུད་ཁྱིམ་ཕྱུག་པོ་ཞིག་ལ་བུ་མོ་གཉིས་ཡོད་པའི་ཆུང་བ་ཡིན་ཞིང་། བུ་མོ་སྤུན་གཉིས་ལྷ་ས་སོགས་སུ་གནས་སྐོར་ལ་སོང་ནས་རྟའུར་སླེབས་སྐབས། མོ་རང་གིས་སློང་མོའི་འཚོ་བས་མི་ཚེ་སྐྱེལ་བར་དམ་བཅས་ནས་ཕ་ཡུལ་དུ་མ་སོང་བར་བསྡད་པ་དང་། དུས་རྒྱུན་སྒྲོལ་མ་ཁོ་ན་འདོན་མཁན་ཞིག་ཡིན། དཀོར་བཟའ་བ་ཉེས་པ་ཆེ་བར་བཤད་ནས་མི་ཚེ་གང་བོར་དཀོར་ཟས་ཁམ་གང་ཟ་མ་མྱོང་བར་གྲགས། ཁོང་གིས་ཀྱང་ང་ལས་ཨ་མ་བཟང་ཞེས་རྒྱུན་དུ་གསུངས། མ་ཡུམ་འདས་སྐབས་བླ་མ་ཀུན་མཁྱེན་ལ་འཕོ་བ་གསུང་བར་ཞུས་པས། ཁྱེད་ཀྱི་ཨ་མ་ལ་ངས་འཕོ་བ་འདེབས་མི་ཕོད་གསུངས་པ་སོགས་ཀྱིས་མཚོན་རིགས་བཟང་ཞིག་ཡིན་པར་བཤད་དོ།།

ར་ཡབ་བླ་མ་ཀླུ་དབང་ནི།

ཡབ་བཀྲ་ཤིས་ཕུན་ཚོགས་དང་། ཡུམ་ར་ཡབ་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་རྟ་༼༡༩༡༨ ༡༩༩༠༽ལོར་སྐུ་འཁྲུངས། དགུང་གྲངས་ནར་སོན་སྐབས་ཡི་གེ་འབྲི་ཀློག་སོགས་ལ་མཁས་པར་བསླབས། གཡུ་མཁར་བཤད་གྲྭར་ཆོས་ཞུགས་མཛད་ནས་མཁན་དོན་གྲུབ་དབང་རྒྱལ་སོགས་ལས་གཙུག་ལག་ཀུན་ལ་གསན་བསམ་མཛད། གཡུ་ཁོག་བྱ་བྲལ་བའི་མདུན་ནས་རྫོགས་ཆེན་གྱི་ཆོས་སྐོར་མནོས། ཐུན་མིན་གྱི་བླ་མ་རྒྱ་ཤུལ་ཆོས་དཔལ་བཟང་པོ་ལས་གསང་བ་མན་ངག་གི་ཆོས་སྐོར་རྣམས་གསན་ནས་ཐུགས་ཉམས་སུ་བཞེས། གཏེར་སྟོན་གཡག་ཕྱར་སྔོན་མོའི་རྣམ་སྤྲུལ་ཡིན་པར་གྲགས། འབྱུང་འགྱུར་མཁྱེན་པའི་ལུང་བསྟན་སོགས་ཁྱད་ཆོས་དུ་མ་མངའ། སྐུ་ན་ཆུང་དུས་ནས་དཀར་ཟས་ཁོ་ན་མཛད། དུས་འགྱུར་སྐབས་ཀྱང་རྒྱུན་དུ་སྒྲུབ་པ་ཉམས་བཞེས་མཛད་པས་ནུབ་གཅིག་དངོས་ཉམས་རྨི་ལམ་ལྟ་བུའི་སྣང་ཆར། རྩ་བའི་བླ་མ་རྒྱ་ཤུལ་ཆོས་དཔལ་རྒྱ་མཚོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཟབ་བེར་སྨུག་པོ་མནབས་པ། ཕྱག་གཡས་པུསྟི་ཆེ་བ་གཅིག་དང་། ཕྱག་གཡོན་དངུལ་དཀར་ཀྱི་དྲིལ་བུ་དཀྲོལ་བཞིན་བྱོན་ཏེ་གླེགས་བམ་ཁོང་གི་དབུ་ཐོག་ཏུ་བཞག་ནས། མན་ངག་ཐམས་ཅད་ཀྱི་ཡང་རྩེ་ངོ་སྤྲོད་འོད་གསལ་ཉི་མ་ཞེས་བྱ་བ་བསྩལ། ཁོང་གིས་ཀྱང་ཕུར་ཚུགས་སུ་གསོལ་བ་འདེབས་པ་དད་པའི་འཁྲི་ཤིང་བྱ་བ་གསུངས་པས། ཕྱི་ཉིན་ནང་བར་གསོལ་འདེབས་ཀྱི་ཚིག་དང་། བླ་མས་གསུངས་པའི་མན་ངག་རྣམས་ཐུགས་ལ་བཀྲ་ལམ་མེར་ཡོད་པ་ཡི་གེར་བཀོད། གཞན་ཡང་ལུང་བསྟན་སྣ་ཚོགས་ཀྱི་སྐོར་དང་། བསང་མཆོད་སོགས་ཐོར་བུའི་རིགས་དུ་མ་ཕབ། སྒེག་གི་མ་ཎི་རང་བྱོན་དུ་མཆོག་སྤྲུལ་རྟ་ཁྱུང་སོགས་ལ་རྒྱལ་རོང་གཏེར་རྒོད་མའི་གཏེར་བྱོན་ཕུར་བ་གསང་བ་སྤུ་གྲི་དང་། རྒྱ་སྤྲུལ་ཕུར་བ་དམ་སྲི་ཚར་གཅོད་། འོད་ཟེར་ཅན་མ་སོགས་ཀྱི་དབང་ལུང་ཕུལ། དགུང་གྲངས་བདུན་ཅུའི་ནང་སྐུ་ཧ་ཅང་བསྙུན་ནས་འདའ་ལ་ཉེ་བ་ན། མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན་དང་། ཨ་ཚབ་སྤྲུལ་སྐུ་གཉིས་ཀྱི་བཀའ་གསུང་ལྟར་མི་ལོ་གསུམ་གྱི་རིང་སྐུ་ཚེ་བརྟན་པར་བཞུགས། དེ་རྗེས་ཡང་གཡུ་སྤྲུལ་མཉམ་མེད་རིན་པོ་ཆེ་གཡུ་དགོན་དུ་བྱོན་པར་ཡུན་རིང་བར་རེ་སྒུག་ཆེན་པོས་བཞུགས། ཉེ་གནས་ཚོར་ད་ང་མི་མིན་ནོར་མིན་དུ་གྱུར་པ་འདི་ཡུན་རིང་བསྡད་པ་ལ་དགོས་པ་མི་འདུག་མོད། གཡུ་ཁོག་བླ་མ་བྱོན་ན་ཁོང་གིས་ཅི་གསུང་མི་ཤེས། གལ་ཏེ་ད་རུང་སྡོད་འདྲ་གསུང་ན་རྩ་བའི་བླ་མའི་བཀའ་རེད་གསུངས། འོན་ཀྱང་ལོ་དེར་གཡུ་ཁོག་བླ་མ་གཡུ་ཁོག་ཏུ་མ་ཕེབས། དགུང་གྲངས་དོན་གསུམ་བཞེས་པ་ལྕགས་རྟ་ལོའི་ས་ག་ཟླ་བའི་དུས་ཚེས་བཟང་པོའི་ཉི་དྲོས་ཙམ་ལ་སྐུ་ལ་སྙུན་པ་མེད་པར་སེང་གེ་ཉལ་སྟབས་སུ་བཞུགས་ནས་སྐུ་གཤེགས་སོ། །སྐུ་གདུང་ཞུགས་འབུལ་སྐབས་དབུ་ཐོད་ཡར་བ་དང་། ནམ་མཁའ་གཡའ་དག་པ་སོགས་ཡ་མཚན་པའི་རྟགས་མཚན་ཕལ་པའི་མིག་ལམ་དུ་ཡང་མངོན་པར་བྱས་སོ།།

ཀློང་ཆེན་ཡོན་ཏན་རྒྱ་མཚོ་ནི།

ཡབ་མགོ་སྤྲུལ་གར་དབང་འཇིགས་མེད་རྣམ་རྒྱལ་དང་། ཡུམ་གཡུ་རོང་མི་རྒོད་བཟའ་ལྷ་ཁོ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་༼༡༩༢༤ ༡༩༦༠༽ལོར་གཡུ་ཁོག་ཏུ་འཁྲུངས། མགོ་སྤྲུལ་གྱིས་ཁོང་རང་ཉིད་ཀྱི་སྐུ་མཆེད་རྔ་བའི་བསེ་དགོན་པའི་མཆོག་སྤྲུལ་ངག་དབང་བསོད་ནམས་བསྟན་འཛིན་གྱི་ཡང་སྲིད་དེ་མ་ཐག་པར་ངོས་འཛིན་མཛད། འདིའི་ལག་གཡས་པའི་མཛུབ་མོ་ལ་བསེ་མཆོག་སྤྲུལ་གྱིས་གྲོང་མང་རྣམ་སྣང་རྡོ་རྗེའི་སྐུ་གདུང་གི་མདུན་དུ་ཕྱག་མཛུབ་ཀྱིས་མཆོད་མེ་སྦར་བར་བྱས་པའི་ཕྱག་མཛུབ་ཇི་ལྟ་བ་བཞིན་གྱི་རྟགས་མཚན་ལྷན་སྐྱེས་སུ་ཡོད་པར་བཤད། སྐུ་ནར་སོན་སྐབས་ཡབ་ཀྱི་དྲུང་ནས་ཡི་གེ་འབྲི་ཀློག་དང་སྨིན་གྲོལ་གྱི་གདམས་པ་གསན། གཟན་དཀར་རིན་པོ་ཆེ་པདྨ་དངོས་གྲུབ་རོལ་པའི་རོལ་པའི་རྡོ་རྗེ་སོགས་ལས་ཟབ་ཆོས་མནོས། གཡུ་དགོན་དུ་དང་བཀོད་ལེགས་དགོན་གཉིས་སུ་འཚོགས་ཞུགས་མཛད། གསང་ཆེན་རྡོ་རྗེའི་བྲག་རྫོང་སོགས་སུ་སྒྲུབ་པ་ཉམས་བཞེས་གནང་། འཕོ་བ་ལ་རང་དབང་ཐོབ་པར་གྲགས། རྡོ་ལ་ཞབས་རྗེས་བཞག་པ་དང་། དུད་འགྲོ་ཉམས་ཐག་པ་ལ་འཕོ་བ་བཏབ་ནས་བཙན་ཐབས་ཀྱིས་སྤར་བ་སོགས་གྲུབ་པའི་རྟགས་མཚན་མངའ། རྟེན་སྔགས་འཆང་མ་ངེས་པའི་སྤྱོད་པ་ཅན་དུ་བཞུགས། དུས་འགྱུར་ཆེན་མོའི་སྐབས་སུ་བརྡབ་གསིག་ཐེབས། དེ་ནས་རྟའུ་ཁྲིམས་ཁང་དུ་ཨ་ཚབ་སྤྲུལ་སྐུ་སོགས་དང་ལྷན་དུ་བཞུགས་སྐབས་ཏེ། དགུང་གྲངས་སོ་བདུན་བཞེས་པ་ལྕགས་བྱི་ལོའི་ཉིན་ཞིག་ད་ནི་འདིར་བསྡད་པ་ལ་དོན་སྙིང་མི་འདུག་པས་ང་ནི་འཆི་རྒྱུ་ཡིན་གསུངས་ནས་ཁྲིམས་ཁང་གི་སྒོ་རྩ་ནས་བསྡད་ཅིང་། ཁང་པ་འདིའི་ནང་ལ་མི་མི་ཐོན་པར་ཤོག་ཅེས་ལན་འགའ་བརྗོད་ནས་སྐུ་གཤེགས།

རྒྱ་ཤུལ་ཆེ་མཆོག་རྡོ་རྗེ་ནི།

ཡབ་ཝོའི་བའི་དགའ་རབ་རྡོ་རྗེ་དང་། མ་ཡུམ་རྒྱ་ཤུལ་ཚེ་གཡང་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་གླང་༼༡༩༤༩༽ལོར་གཡུ་ཁོག་ཏུ་འཁྲུངས། སྐུ་ན་ཆུང་དུས་ནས་ཁྱི་ཤུལ་མཁན་པོ་ཀུན་དགའ་བརྩོན་འགྲུས་ཀྱིས་རྒྱ་ལྷ་མོ་ཚེ་རིང་གི་ཡང་སྲིད་དུ་ངོས་འཛིན་མཛད། ཉིན་གཅིག་ཆུ་ལུང་ཚེར་མའི་ར་བ་ནས་གར་སོང་ཆ་མེད་དུ་བོར་སོང་བ་ནང་མི་སོགས་ཀྱིས་གང་སར་བཙལ་ཀྱང་མ་རྙེད། ཉིན་བདུན་གྱི་རྗེས་རི་སྒང་དུ་རྒོད་ཐང་དཀར་མང་པོས་ལྡིང་སྐོར་བྱེད་པ་དེར་རྙེད་ནས་སྐད་ཆ་དྲིས་པས། བུད་མེད་དྲེལ་ཞོན་ཞིག་གིས་གཉོར་སྐྱོང་བྱས་པར་གསུངས། དགུང་གྲངས་དགུ་ཙམ་གྱི་དུས་རྒྱ་ཤུལ་བླ་མ་ཕུར་བ་ཚེ་རིང་གིས་གཡུ་དགོན་དུ་རྟེན་འབྲེལ་ཁྲི་གསོལ་མཛད། དེ་ནས་དུས་འགྱུར་གྱི་འཚུབ་མ་སྟོབས་སུ་བདོ་བའི་རྐྱེན་གྱིས་སློབ་སྦྱོང་གི་གོ་སྐབས་ལ་བར་དུ་བཅད་པ་བྱུང་། བསྟན་པ་ཡང་དར་གྱི་སྐབས་སུ་ལྷ་ལྕམ་པདྨ་གསལ་གྱི་སྐྱེས་མཐའ་ཨོ་རྒྱན་དྲག་རྩལ་གླིང་པའམ། སེ་ར་ཡང་སྤྲུལ་རིན་པོ་ཆེས་རྒྱ་ལྷའི་ཡང་སྲིད་དང་། བསྟན་འགྲོར་སྨན་པའི་སྐྱེས་བུ་ཉིད་དུ་ལུང་བསྟན་མཛད། དེ་ནས་སྔ་ཕྱིར། ཆོས་རྗེ་འཇིགས་མེད་ཕུན་ཚོགས། གྲུབ་དབང་ལུང་རྟོགས་རྒྱལ་མཚན། མདོ་མང་མཆོག་སྤྲུལ་ཏིཥྛ། རྡོ་གྲུབ་བསྟན་པའི་ཉི་མ། རྫོགས་ཆེན་ཀུན་བཟང་སྤྲུལ་སྐུ། ཁྱབ་བདག་པདྨ་སྐལ་བཟང་། མཆོག་སྤྲུལ་ལུང་རྟོགས་བསྟན་འཛིན། ནགས་འདབས་བླ་མ་རིག་འཛིན་རྒྱ་མཚོ་སོགས་ལས་བཀའ་གཏེར་གྱི་སྨིན་གྲོལ་དུ་མ་དང་། རྒྱལ་བཀའ་ཆེན་མོའི་བཀླག་ལུང་། རྒྱུད་གསང་བ་སྙིང་པོ། རྒྱ་སྤྲུལ་གཏེར་ཆོས། ཡང་ཏིག་ཡིད་བཞིན་ནོར་བུ། ཁྲིད་ཡིག་ཡེ་ཤེས་བླ་མ་སོགས་ལ་གསན་བསམ་མཛད། ལོ་ཤས་རིང་གཡུ་དགོན་གྱི་དུས་མཆོད་ཁག་གི་ཁྲི་བཞུགས་སོགས་གནང་། ཕྱག་མོ་དགོངས་བརྟགས་ལ་ཐོགས་པ་མེད་ཅིང་གཡུ་དགོན་སྤྱི་དང་། ཡུལ་མི་བྱེ་བྲག་གི་དོན་ཆེ་ཆུང་གི་བྱ་བ་ཕལ་ཆེར་རྗེ་འདི་ཉིད་ལ་ཐུགས་བརྟགས་ལུང་བསྟན་ཞུས་པ་ལྟར་ཐག་གཅོད། གྲུབ་དབང་ལུང་རྟོགས་རྒྱལ་མཚན་གྱིས་གཤིན་པོའི་སྐྱེ་རྟགས་ཀྱང་ས་ཆ་ཐག་རིང་སོགས་གཞན་དུ་སོང་ནས་འདྲི་དགོས་མི་འདུག གཡུ་ཁོག་ཕྱོགས་སོགས་སུ་ཁོང་ལ་དྲིས་ན་དེ་གས་ཆོག་པར་འདུག་སོགས་བཀའ་ལུང་བསྩལ། དེང་སྐབས་ཡི་དམ་ལྷག་པའི་ལྷའི་བསྙེན་སྒྲུབ་དང་། མན་ངག་རྫོགས་པ་ཆེན་པོའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བཞིན་སྐུ་འཚོ་ཞིང་གཞེས་པ་ལགས་སོ།།

སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེ།

སྐུ་གོང་མ་ཧོར་བླ་གཞན་ཕན་བཟང་པོའམ་བསམ་གཏན་ཡེ་ཤེས་གླིང་པའི་གཏེར་བྱོན་ཡང་ཟབ་མཁའ་འགྲོའི་གབ་ཐིག་ལས། གུ་རུ་རིན་པོ་ཆེས་མཚོ་རྒྱལ་ལ་གསུངས་པ། ལས་ལྡན་བུ་མོ་མཚོ་རྒྱལ་ཁྱོད༔ མ་འོངས་སུམ་ཅུ་ཁ་རལ་དུས༔ རྒྱལ་མོ་རོང་གི་ཤར་གྱི་ཕྱོགས༔ དགེ་བསྙེན་གཡུ་ཁྲོམ་བརྟེན་པའི་ལྗོངས༔ ཁྱེད་ཉིད་སྤྲུལ་པ་སཔྟ་འབྱུང་༔ དེ་དུས་ཁྱེད་དང་ཨ་ཙར་དཔལ་དབྱངས་ཀྱི༔ སྤྲུལ་པའི་གཏེར་སྟོན་བསམ་གཏན་གླིང་པ་འབྱུང་༔ འབྲེལ་ཚད་དོན་ལྡན་དཔལ་རིའི་ཞིང་ལ་འདྲེན༔ རིག་འཛིན་དེ་ཡི་འགྲོ་དོན་རྫོགས་མཚམས་སུ༔ ཉིད་ཀྱི་ཕྲིན་ལས་རྗེས་བཟུང་སྔགས་པའི་ཆས༔ ཏཱ་རེ་མི་འགྱུར་གནས་ཀྱི་ཡང་བདག་འབྱུང་༔ ཞེས་བསླུ་མེད་རྡོ་རྗེའི་བཀའ་ལུང་གིས་གསལ་བར་བསྔགས་པའི་གྲུབ་པའི་སྐྱེས་བུ་ཆེན་པོ་གང་ཉིད་ནི། ཡབ་གསེར་བ་ཚེ་མཆོག་རྡོ་རྗེ་དང་། ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་༼༡༩༣༨ ༢༠༡༨༽ལོའི་དགུན་ཟླ་འབྲིང་པོའི་ཚེས་ཉེར་ལྔ་ཉིན་གཙང་ཐང་ཞིང་ཐར་རི་ཁྲོད་དུ་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྒོ་འཛི་བླ་མ་རིག་གྲོལ་གྱིས་ཉིད་ཀྱི་རྩ་བའི་བླ་མ་ཧོར་བླ་གཞན་ཕན་པའི་ཡང་སྲིད་དུ་གཟིགས་ནས་ལྷ་འདུས་དབང་ཆེན་ཞེས་མཚན་གསོལ་ཞིང་མདུན་ཞབས་པ་བཙུན་མ་བསམ་གཏན་སྒྲོལ་མ་ལ་སྐྱེད་བསྲིང་དུ་བཅུག རྒྱ་སྤྲུལ་གཉིས་པ་ལུང་རྟོགས་བསྟན་པའི་དབང་ཕྱུག་གིས་ཀར་སྟོད་ལྕགས་འབོའི་ལོ་སོགས་ཆེད་གཏོང་གིས་ཐེག་ཆེན་སྐད་དྲིལ་དང་། ན་བཟའ་ཆ་ཚང་སོགས་བསྐུར་གནང་མཛད་ནས་ཁྱེད་ཁོ་བོའི་བླ་མ་ཧོར་བླ་གཞན་ཕན་གྱི་ཡང་སྲིད་འཁྲུལ་མེད་ཡིན་པས་མ་འོངས་པར་སིདྡྷི་དགོན་དུ་གཟིགས་སྐྱོང་དགོས་ཚུལ་བཅས་གསུང་འཕྲིན་བསྩལ། གཡུ་རོང་བླ་མ་གསལ་སྟོབས་དང་། འཁོར་གདོང་པདྨ་བཛྲ། འཁོར་གདོང་འགྱུར་མེད་རྡོ་རྗེ་བཅས་ཀྱིས་སྐུ་གསུང་ཐུགས་རྟེན་སོགས་ཕུལ་ནས་དམ་པའི་ཡང་སྲིད་འཁྲུལ་མེད་དུ་ཐུགས་ཐག་བཅད་ནས་ཁྲི་འདོན་སོགས་མཛད། སྐུ་ཞང་གནམ་མཚོ་མཁན་པོ་བསྟན་འཛིན་ལས་ཡི་གེ་འབྲི་ཀློག་དང་། མདོ་སྔགས་མན་ངག་དུ་མ་གསན་བསམ་མཛད། ར་ཧོར་རྫོགས་སྤྲུལ། གཡག་ཤུལ་བླ་མ་བློ་གྲོས། ལྕགས་སྐོང་རྡོ་དགྲ། ཇོ་ནང་སྐལ་ལྡན་རྒྱ་མཚོ། དབལ་བན་སངས་རྒྱས་རྒྱ་མཚོ། གཡུ་རོང་བླ་མ་རིག་འཛིན་རྒྱ་མཚོ་སོགས་ལས་སྔ་ཕྱིར་བཀའ་གཏེར་དུ་མའི་སྨིན་གྲོལ་གདམས་ཁྲིད་དུ་མ་མནོས། ཐུན་མིན་གྱི་བླ་མ་རྫོང་གཏེར་ཀུན་བཟང་ཉི་མ་ལས་རྫོགས་པ་ཆེན་པོའི་མན་ངག་དང་། ཁོང་གི་གསུང་ཆོས་ཡོངས་རྫོགས་ཀྱི་དབང་ལུང་ཁྲིད་གསུམ། སྣང་སྦྱང་དབུས་འགྲེལ་སོགས་བུམ་པ་གང་བྱོའི་ཚུལ་དུ་བསྩལ། དུས་འགྱུར་སྐབས་བགྲང་བྱ་བཅོ་བརྒྱད་ལྷག་གི་རིང་ཁྲིམས་ཁང་དུ་ཚུད་ཀྱང་དེར་ས་སྒང་བླ་མ་ཚུལ་ཁྲིམས། སྒོ་མང་རྒྱ་ནག་མཁན་ཆེན། ཤུག་ཆུང་བླ་མ་རིག་འཛིན་དཔལ་སྒྲུབ། ཇོ་ནང་ངག་དབང་སྐལ་ལྡན་རྒྱ་མཚོ། སྨར་ཁོག་བླ་མ་ཡིད་བཞིན་དབང་འདུས་སོགས་དང་ལྷན་དུ་ཆོས་ཀྱི་བགྲོ་གླེང་མཛད་ཅིང་བཞུགས། བཙོན་གྲོལ་ཐོབ་རྗེས་སྔ་ཕྱིར་བཀྲ་ཤིས་གོང་གསེར་ཁ་མདོ། འཛམ་ཐང་། གཡུ་གཙང་སོགས་ཀྱིས་མཚོན་རྒྱལ་ཕྱི་ནང་ཀུན་ཏུ་དད་ལྡན་སློབ་མའི་ཚོགས་ལ་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། དབལ་བན་དགོན། གཙང་ར་ཧོར་དགོན། གཡུ་མཁར་དགོན། རོང་མེས་འབྲུ་སྨད་དགོན། གཡུ་རོང་བཀོད་ལེགས་དགོན། ཝ་གོ་སིདྡྷི་དགོན། ཕུ་དུམ་དགོན་སོགས་སུ་གཟིགས་སྐྱོང་རྟེན་བཞེངས་དང་། རྒྱལ་མོ་དམུ་རྡོ། ཀ་ཀོང་། མི་ཉག་བཞག་བྲའི་འདབས། གཡུའི་ཆོས་ཁྲི་ཐང་། སྦས་གནས་སོགས་ས་གནད་དུ་མར་དུས་བབ་ལུང་ཟིན་ལྟར་གུ་རུའི་སྐུ་དང་། བདུད་འདུལ་མཆོད་རྟེན་སོགས་གསར་བཞེངས་མཛད། གཞན་ཡང་ཡི་དམ་ལྷག་པའི་ལྷས་ཞལ་གཟིགས་པ་དང་། གཏེར་རྫས་སྣ་ཚོགས་བཞེས་པ། དགོངས་གཏེར་དུ་མ་ཕབ་པ། གྲུབ་པའི་རྟགས་མཚན་མངའ་བ་དང་། ལྐོག་གྱུར་མཁྱེན་པའི་མངོན་ཤེས་མངའ་བ་སོགས་ནི་བཤད་ཀྱིས་མི་ལང་ངོ་། །ལྷ་འདུས་དབང་ཆེན་རྩལ། གར་དབང་རྒྱལ་མཆོག་གླིང་པ། ལྷ་སྨྱོན་རོལ་པའི་རྡོ་རྗེ། རིག་འཛིན་རོལ་པའི་རྡོ་རྗེ། སྟོབས་ལྡན་རྟ་ཁྱུང་རོལ་པའི་རྡོ་རྗེ། དཔལ་གྱི་སེང་གེ། འགྲོ་འདུལ་བདེ་མཆོག་གླིང་པ། ཁམས་གསུམ་འགྲོ་འདུལ་གླིང་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། དེ་ལྟར་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་མཐར་དགུང་གྲངས་གྱ་གཅིག་བཞེས་པ་ས་ཁྱི་ལོའི་དཔྱིད་ཟླ་ཐ་ཆུང་གི་ཚེས་ཉེར་གཉིས་ཀྱི་མཚན་གུང་རྒྱ་ནག་དར་རྩེའི་མདོར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།།

གཡུ་ཁོག་རྒྱ་ཚང་ལས་གཞན་པའི་བླ་བྲང་ཆེ་ཁག་གཉིས་ཀྱི་བླ་རབས་རྣམ་ཐར་བཤད་པ།

མཁར་ར་བླ་བྲང་གི་བླ་རབས་བཤད་པ།

གར་དབང་ཉི་ཟླ་སྙིང་པོ་ནི།

གཉིས་པ་གཡུ་ཁོག་རྒྱ་ཚང་ལས་གཞན་པའི་བླ་བྲང་ཆེ་ཁག་གཉིས་ཀྱི་བླ་རབས་རྣམ་ཐར་བཤད་པ་ལ། མཁར་ར་བླ་བྲང་གི་བླ་རབས་དང་། ངེས་ལེགས་བླ་བྲང་གི་བླ་རབས་རིམ་བྱོན་གྱི་རྣམ་ཐར་གཉིས་ལས། དང་པོ་ལ།

ཆོས་རྒྱལ་ཁྲི་སྲོང་གི་སྲས་མོ་ལྷ་ལྕམ་པདྨ་གསལ། མངའ་བདག་ཉང་གི་རིགས་མ་བསམ་གཏན་མིང་ཅན། གུ་རུ་ཆོས་དབང་གི་གསང་ཡུམ་པདྨ་སྒྲོན། གཏེར་སྟོན་དྲི་མེད་འོད་ཟེར། རིག་འཛིན་པདྨ་གླིང་པ། འབྲུག་ཀརྨ་བཛྲ། རྟའུ་ཚེ་དབང་རྡོ་རྗེ་སོགས་བོད་ཡུལ་སྟོད་སྨད་ཀུན་དུ་གང་འདུལ་སྤྲུལ་པའི་རྣམ་རོལ་དུ་མར་བསྒྱུར་མཐར། རང་རྣམ་ལས། དེ་ནས་རུ་ཤོད་རྟའུའི་ལུང་པ་རུ། །ཕ་ནི་བོན་གྱི་མིང་ཅན་འབྲུག་ལོ་པ། །མ་ནི་ཨ་ཡི་མིང་ཅན་ཕག་ལོ་པ། །དེ་གཉིས་བུ་མོ་གཅིག་རྗེས་བུ་གཅིག་པུ། ཞེས་སོགས་གསུངས་པ་ལྟར་རབ་བྱུང་བཅུ་གཅིག་པའི་ནང་རྟའུ་མཁར་ར་ལུང་དུ་སྐུ་འཁྲུངས། མཚན་ལ་ཉི་མ་བྱང་ཆུབ་བཏགས། སྐུ་འཁྲུངས་ནས་ཟླ་བ་དྲུག་གི་དུས་སུ་མ་ཡུམ་སྐུ་གཤེགས། དགུང་གྲངས་གསུམ་ནས་ཁུ་བོ་བླ་མ་ཞིག་ཡོད་པའི་དྲུང་དུ་བཞུགས། ཆུང་དུས་ནས་རྩེད་མོའི་དུས་སུ་ཆོས་འཆད་པ་དང་དབང་བསྐུར་ཚུལ་མཛད་པ་སོགས་དམ་པའི་བག་ཆགས་དུ་མ་ལྷན་སྐྱེས་སུ་མངའ། དེ་ནས་ཀློག་སོགས་བསླབས་པས་དགུང་གྲངས་དགུའི་སྟེང་ཡི་གེ་འབྲི་ཀློག ཆོ་ག་ཕྱག་བཞེས་སོགས་ལ་ཐོགས་པ་མེད་པར་གྱུར། དགུང་གྲངས་བཅུ་གསུམ་སྐབས་ཆུ་མིག་གི་རྩར་སྒྲོམ་བུ་ཞིག་ཕྱག་ཏུ་སོན། དགུང་གྲངས་བཅོ་བརྒྱད་དུས་བླ་མ་ཤཱཀྱ་དཔལ་གྱི་མདུན་དུ་ཕེབས་ནས་ཕྱག་རྫོགས་ཀྱི་སྨིན་གྲོལ་དང་གདམས་པ་ཐམས་ཅད་གསན་བསམ་ཉམས་བཞེས་མཛད། འོད་གསལ་མུན་ཁྲིད་ཀྱི་སྐབས་ཨོ་རྒྱན་ཆེན་པོའི་ཞལ་མཇལ། དགུང་གྲངས་སོ་བདུན་སྐབས་ལི་ཐང་ཕྱོགས་སུ་ཕེབས་པས་ཕྲིན་ལས་རྒྱས་པ་བྱུང་། ལི་ཐང་གསང་བའི་བྲག་དཀར་དུ་བསྙེན་སྒྲུབ་མཛད་སྐབས་གཏེར་བདག་གིས་སྒྲོམ་བུ་ཞིག་གཏད་པ་ལས་རྩ་གསུམ་ཀུན་འདུས་ཀྱི་ཆོས་སྐོར་སྤྱན་དྲངས། ཚེས་བཅུ་ཞིག་གི་ཐོ་རེངས་ཁར་ཉམས་སྣང་དུ་བུད་མེད་བཞིས་ཁོང་གི་ཁྲིའི་ཟུར་བཞི་ནས་བཏེགས་ནས་སོང་བས་ཟངས་མདོག་དཔལ་གྱི་རི་བོ་རྟེན་བརྟེན་པར་བཅས་པ་དང་སྲིན་གླིང་རྣམས་མཇལ། ཡང་རྩ་གསུམ་ཀུན་འདུས་ཀྱི་བསྙེན་སྒྲུབ་མཛད་སྐབས་ཀྱི་ཚེས་བཅུའི་ཉིན་ཉམས་སྣང་དུ་བྱ་རྒོད་བདུན་བྱུང་བ་མཁའ་འགྲོ་བདུན་དུ་གྱུར་ནས་ཁོང་ལ་རྒྱ་བོད་ཀྱི་གནས་ཆེན་ཐམས་ཅད་ལ་ཚོགས་ཀྱི་འདུ་བ་ཆེ་བས་ལྟད་མོར་འགྲོ་ཟེར་ཞིང་མཁའ་འགྲོ་གཅིག་གིས་རྒོད་གཤོག་གནང་བས་འཕུར་ཐུབ་པ་བྱུང་། བསམ་ཡས། འབྲས་ལྗོངས། བལ་ཡུལ་གྱི་གནས་རྣམས་དང་། ཙཱ་རི་སོགས་མཇལ་ནས་ཕྱིར་གཟིམ་ཁང་དུ་ཕེབས་ཚེ་མཁའ་འགྲོ་རྣམས་ལྷོ་ནུབ་ཕྱོགས་སུ་སོང་། ཁོང་གི་ན་བཟའི་སྟེང་རྒོད་ཀྱི་ཐུལ་ཕྲན་མང་པོ་དངོས་སུ་ཡོད། མཁའ་འགྲོའི་ལུང་ལྟར་སྦ་རོང་བྲག་དཀར་དུ་ཐོག་མར་ཕེབས་སྐབས་དངོས་ཉམས་ལྟ་བུར་ཨོ་རྒྱན་ཆེན་པོའི་ཞལ་མཇལ་གསུང་གི་ལུང་བསྟན་ཐོབ། དེར་བཞུགས་པའི་ནུབ་གཅིག་མུ་ལོ་གཡུང་དྲུང་རྒྱལ་མཚན་གྱིས་ཞལ་གཟིགས་ཤིང་བོན་གྱི་ལྟ་གྲུབ་རྣམས་དངོས་སུ་གསུངས་པ་གསན། གཞན་ཡང་སྟོང་ཚར་རབ་སྒང་གི་རོང་གནས་ཕོ་བྲང་ལྔ་བརྩེགས་ནས་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྙིང་པོ་དང་། ལི་ཐང་གསང་བའི་བྲག་དཀར་ནས་ཐུགས་རྗེ་ཆེན་པོ་འཁོར་འདས་རང་གྲོལ་སོགས་ཟབ་ཆོས་དུ་མ་གཏེར་ནས་བཏོན། ཐོག་མར་ཀ་ཟི་དུང་ཁྲི་དགོན་གསར་དུ་བཏབ། རབ་བྱུང་བཅུ་གཅིག་པའི་ཤིང་བྱི་༼༡༦༨༤༽ལོར་བཀའ་རྒྱུད་པའི་རིང་ལུགས་འཛིན་པའི་མི་ཉག་དཔལ་རི་དགོན་དུ་བསྟན་པ་བསྐྱངས་བས་དགོན་དེ་རྙིང་མ་བར་གྱུར། ཤེལ་ཆུའི་འགྲམ་བཀྲ་ཤིས་ལྗང་དཀར་ཕུག་ཏུ་སྒྲུབ་པ་མཛད། གར་དབང་ཉི་ཟླ་སྙིང་པོ། རྡོ་རྗེ་ཐེབས་གཤོག་རྩལ། ཨོ་རྒྱན་བདེ་ཆེན་གླིང་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་མངའ། གཡུ་ཁོག་ཏུ་ཕེབས་ནས་གཞི་བདག་ཐམས་ཅད་ལ་བཀའ་གཏད་མཛད་ཅིང་ཟབ་རྒྱས་སྨིན་གྲོལ་གྱིས་གདུལ་བྱ་བསྐྱངས། གཡུ་ཁོག་ཏུ་གཏེར་སྟོན་སྙིང་པོ་རྣམ་གཉིས་ཟེར་བ་ཞིག་བྱུང་བར་བཤད་པ་ནི་དམ་པ་འདི་ཉིད་དང་། ངེས་ལེགས་བསམ་གཏན་སྙིང་པོ་གཉིས་ཡིན། དེ་ལྟར་ཐུན་མོང་དང་ཐུན་མིན་གྱི་མཛད་པ་དུ་མ་བསྟན་མཐར་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་༼༡༧༣༠༽ཟླ་བ་ལྔ་པའི་ཚེས་བཅུའི་ཉིན་འབྱུང་འགྱུར་གྱི་ལུང་བསྟན་དུ་མ་གསུངས་ནས་དགོངས་པ་དབྱིངས་སུ་བསྡུས། སྐབས་དེར་གཟིམ་ཁང་དུ་འཇའ་ཚོན་ཤར་བ་དང་། མེ་ཏོག་གི་ཆར་བབས་པ། སྒྲ་ཆེན་པོ་འུར་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་སྣང་བར་མཛད་དོ།།

མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ་ནི།

ཡབ་རྒྱ་རིགས་ཤིག་དང་། ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅུ་བཞི་པའི་ནང་གཡུ་ཁོག་དང་ཉེ་བའི་མཁར་ར་ལུང་གི་མཁར་ར་བླ་བྲང་དུ་སྐུ་འཁྲུངས། རོང་ཐ་རྒྱལ་སྲས་རྡོ་རྗེ་མགོན་པོ་དང་། རྒྱལ་རོང་ཁྲོ་ཆུ་བ་ཀུན་བཟང་དཔལ་འབྱོར་རྒྱ་མཚོ་གཉིས་ལས་གཏེར་ཆེན་ཆོས་རྒྱལ་གླིང་པའི་གཏེར་ཆོས་ཡོངས་རྫོགས་ཀྱི་དབང་ལུང་གསན། ཀཿཐོག་དང་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཀློང་སྙིང་སྔོན་འགྲོ་དང་། དངོས་གཞིའི་ཆོས་སྐོར། བྱང་སེམས་སྤྱོད་འཇུག་ཆེན་མོ་སོགས་ཟབ་ཆོས་དཔག་མེད་གསན་བསམ་ཉམས་བཞེས་མཛད། འཇམ་དབྱངས་མཁྱེན་བརྩེ་དབང་པོ། སི་ཏུ་ཆོས་ཀྱི་བློ་གྲོས། ཀོང་སྤྲུལ་བློ་གྲོས་མཐའ་ཡས། འཇམ་མགོན་མི་ཕམ། ཞིང་སྤྲུལ་གསུམ་པ་འཇིགས་མེད་ཡོན་ཏན་མགོན་པོ་སོགས་ལས་བཀའ་གཏེར་ཆོས་ཀྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ལེགས་པར་མནོས། ཁྱད་པར་རྒྱལ་སྲས་གཞན་ཕན་མཐའ་ཡས་ལས་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས་པ་དང་། གསང་སྔགས་ཕྱི་ནང་གི་དབང་ཁྲིད་མན་ངག་བུམ་པ་གང་བྱོའི་ཚུལ་དུ་གསན། རྒྱལ་སྲས་གཞན་ཕན་པ་ལ་མཆོག་ཏུ་གྱུར་པའི་སློབ་བུ་ཉི་མ་རྣམ་གསུམ་ཞེས་ལུང་རྟོགས་བསྟན་པའི་ཉི་མ། ཀུན་མཁྱེན་བསྟན་པའི་ཉི་མ། མདོ་སྔགས་བསྟན་པའི་ཉི་མ་སྟེ་བསྟན་པའི་ཉི་མའི་མཚན་ཅན་གསུམ་ཡོད་པའི་ཡ་གྱལ་དུ་གྲགས། ཀཿཐོག་མཁན་ཆེན་རྡོ་རྗེ་དཔལ་རྒྱལ་ལས་བསྙེན་པར་རྫོགས་ཅེས་བཤད་པ་ཡང་འདུག འཇམ་མགོན་མི་ཕམ་སོགས་གསར་རྙིང་གི་མཁས་པ་དུ་མ་ལ་མདོ་སྔགས་ཀྱི་གཞུང་ལུགས་དུ་མའི་དཀའ་གནད་ལས་འཕྲོས་པའི་བགྲོ་བ་དང་རྩོད་པ་མཛད་པས་མཁས་པའི་ཚད་དུ་གྲགས། མདོ་སྨད་སྤྱི་ཁྱབ་པ་དང་། དཔལ་སྤྲུལ་རིན་པོ་ཆེ་སོགས་ཀྱི་བཀའ་གསུང་ལྟར་བོད་གཞུང་ཉག་རོང་རྫོང་ལྕགས་མདུད་རུ་ནང་དུ་ཉག་རོང་གི་དགོན་པ་ཡོངས་རྫོགས་འདུས་འཚོགས་བྱེད་པའི་སྤྱི་དགོན་དུ་ཀཿཐོག་མཁན་རྡོ་རྗེ་དཔལ་རྒྱལ་གྱི་འཕྲོས་མཁན་རབས་གཉིས་པར་ཕེབས་ནས་ལོ་ཤས་རིང་འདུལ་བ་གཞི་གསུམ་གྱི་ཕྱག་སྲོལ་བཙུགས་ཤིང་ཟབ་ཆོས་དུ་མ་འཆད་ཁྲིད་མཛད། མདོ་ཆེན་ཨ་ཁོ་རིས་སོགས་དགོན་སྡེ་དུ་མར་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞི་གསུམ་གྱི་ཕྱག་བཞེས། སྙིང་ཐིག་དང་གཏེར་ཆེན་ཆོས་རྒྱལ་གླིང་པའི་གཏེར་ཆོས་སྐོར་དར་སྤེལ་བྱས། རབ་བྱུང་བཅུ་བཞི་པའི་ལྕགས་བྱི་༼༡༨༤༠༽ལོར་རྨེ་བ་རུ་ཕེབས་ནས་བེར་ཚང་གསང་སྔགས་ཉི་མས་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོར་བཻ་རོའི་ལ་ཁར་གསར་དུ་བཏབ་པའི་རྨེ་བ་དགོན་དེ་སོག་ཐང་དུ་སྤོས། སོག་བཀྲ་ཤིས་ཆོས་དར་གླིང་ཞེས་བཏགས། སྙིང་ཐིག་རང་རྐང་གི་དུས་མཆོད་སོགས་བཙུགས། རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ཕྲིན་ལས་ཀྱི་སྤྲུལ་པར་གྲགས་ཅེས་རྨེ་དགོན་གདན་རབས་སུ་གསལ། གདན་ས་དེར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་པས་བསྟན་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་མཐར་དགོངས་པ་དབྱིངས་སུ་བསྡུས། རྗེ་འདི་ཉིད་ཀྱི་གསུང་ཆོས་བསྐྱེད་རིམ་གྱི་ཟིན་བྲིས་མན་ངག་ཀུན་བཏུས་དང་། འཕོ་བ། གཡུ་ཁྲོམ་བསང་མཆོད་སོགས་བཞུགས། ཁྱད་པར་བསྐྱེད་རིམ་ཟིན་བྲིས་ཀྱི་རྩོམ་དཔེ་དེང་སང་ཡང་མཁར་ར་བའི་ཁྱིམ་དུ་ཡོད། གཞུང་འདི་ཕྱིས་སུ་རྫོགས་ཆེན་དུ་མཁན་ཐུབ་སྙན་གྱིས་གཟིགས་པས་ད་སྔོན་རྫོགས་ཆེན་གདན་ས་འདི་ནས་མ་དགོན་གྱི་ཆོས་དང་ཕྱག་སྲོལ་བུ་དགོན་དུ་སྤེལ་བ་ཡིན་ཀྱང་། བུ་ཆོས་མ་ལ་དར་བའི་ལེགས་བཤད་འདི་ཙམ་ཡིན་སོགས་བསྟོད་བསྔགས་དང་བཅས་སྤར་བྱང་སྨོན་ཚིག་མཛད་ཅིང་ཤིང་པར་དུ་བརྐོས་འདེབས་མཛད་ནས་འཛིན་གྲྭའི་སློབ་ཚན་གྲས་སུ་བཞག ཕྱིས་སུ་མཁན་ཐུབ་སྙན་གཡུ་ཁོག་ཏུ་ཕེབས་སྐབས་ཆེད་དུ་མཁར་ར་བླ་བྲང་དུ་བྱོན་པ་སོགས་མཛད་དོ།།

མཁར་ར་གྲུབ་ཆེན་ཡེ་ཤེས་རྡོ་རྗེ་ནི།

རབ་བྱུང་བཅུ་བཞི་པའི་ནང་མཁར་ར་བླ་བྲང་དུ་སྐུ་འཁྲུངས། སྨིན་གླིང་སོགས་སུ་གྲྭ་སར་ཕེབས་ནས་མདོ་སྔགས་ཀྱི་གཞུང་རྣམས་ལ་གསན་བསམ་དང་། བཀའ་གཏེར་ཆོས་ཚུལ་དུ་མའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པས་ཐུགས་རྒྱུད་གཏམས་པར་བྱས། སྨིན་གླིང་གི་རྡོར་འཛིན་བླ་མའི་མཚན་གནས་བཞེས་པར་བཤད། ཕ་ཡུལ་དུ་ཕེབས་ནས་བགྲང་བྱ་དུ་མར་སྐུ་མཚམས་ལ་བཞུགས་ནས་ངེས་གསང་སྙིང་པོའི་ཉམས་ལེན་དང་། ཡིག་དྲུག་དུང་ཕྱུར་བདུན་ལྗགས་བཟླས་མཛད། རྟེན་རབ་བྱུང་དུ་བཞུགས། གཡུ་དགོན་དུ་འཚོགས་བཞུགས་མཛད། རྫི་ནུབ་དང་མཁར་ར་ལུང་སོགས་སུ་ཁོང་མི་རྟ་གཉིས་ཀྱིས་རྡོ་ངོས་སུ་ཞབས་རྗེས་འགའ་བཞག་པ་དང་། ཐེངས་ཤིག་དྲང་སྲོང་གཟའ་མཆོག་ཆེན་པོ་བསྐུལ་གསོལ་མཛད་པས་གཟའ་ཁྱིམ་དུ་བབས་ཏེ་རྒྱ་མཐོངས་ནས་ཕྱིར་བསྐྱོད་པ་ཉེ་གནས་རྣམས་ཀྱིས་མཐོང་བ་དང་། ཡང་ཐེངས་ཤིག་ཉ་མཚོ་དགོན་པའི་མདུན་དུ་ཆིབས་ལས་མ་བབ་པར་ཕེབས་པ་དགོན་དེའི་ལས་གཉེར་བ་ཚོས་མཐོང་ནས་ཁོང་འཛིན་བརྡུང་བྱེད་པར་འོང་ཚེ། གློ་བུར་དུ་འབྲུག་སྒྲ་དྲག་པོ་ལྡིར་ཞིང་ཉེ་འཁོར་དུ་ཐོག་ཞིག་བབ་པས་དེ་དག་བཅར་མ་ནུས་པ་སོགས་གྲུབ་པའི་རྟགས་མཚན་དུ་མ་མངའ། སྐུ་འདའ་ཁར་ཉ་མཚོ་དགོན་པའི་དགེ་བཤེས་འགའ་མདུན་དུ་བོས་ཏེ། ངེད་རྙིང་མའི་བན་རྒན་ཚོ་འདི་ལྟར་འཆི་བ་ཡིན་པས་གཟིགས་ཨང་གསུངས་ནས་ཆོས་གོས་མནབས། གཟིམ་མལ་དུ་དྲང་པོར་བཞུགས། འཕོ་བ་གསུངས་ནས་འདའ་བར་མཛད། སྐུ་གདུང་ཞུགས་ལ་ཕུལ་ཤུལ་དུ་ཤུག་པ་ཞིག་སྐྱེས་པ་དེང་སྐབས་ཀྱང་མཇལ་དུ་ཡོད་དོ།།

མཁར་ར་སྐུ་ཞབས་རིག་འཛིན་ཆོས་འཕེལ་ནི།

ཕ་ཡབ་ལི་ཏོ་འཇམ་དབྱངས་དང་། མ་ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་མཁར་ར་བླ་བྲང་དུ་སྐུ་འཁྲུངས། དགེ་བཤེས་རྟ་མགྲིན་མགོན་པོ་དང་ཁོང་གཉིས་ཕ་གཅིག་དང་། མ་སྤུན་གྱི་སྐུ་མཆེད་ཡིན་པར་བཤད། སྔོན་ཅོ་ལོ་སྣར་བོན་དགོན་ཞིག་ཡོད་པའི་དགོན་བདག་བླ་མའི་སྐུ་སྐྱེ་ཡིན་ཚུལ་ཉིད་ཀྱིས་གསུངས། དགའ་ལྡན་བྱང་རྩེ་ཏྲེ་ཧོར་ཁང་ཚན་དུ་གྲྭ་སར་བཞུགས་ནས་ཐོས་བསམ་མཛད་པས་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་སྐྱེས་བུ་ཆེན་པོར་གྱུར། རྟའུ་ཉ་མཚོ་དགོན་གྱི་དབུ་འཛིན་ནམ་གདན་རབས་བདུན་པའི་འགན་བཞེས། ལོ་དུ་མའི་རིང་ཆོས་རའི་མཁན་པོ་མཛད་ནས་སློབ་ཚོགས་བསྐྱངས། སྐབས་དེར་མཁར་ར་བླ་བྲང་དང་། སྒོ་ཆ་བླ་བྲང་། སྤང་ནང་བླ་བྲང་གསུམ་ལ་བླ་བྲང་ཁག་གསུམ་དུ་གྲགས། ཐེངས་ཤིག་ཁོང་སོགས་རྟ་པ་འགའ་ཆ་རྒྱབ་གྲོང་ནས་ཕྱིར་ཉ་མཚོ་དགོན་དུ་ཕེབས་སྐབས། ཀེའུ་རུ་གྲོང་ནས་ས་རུབ་ཚེ་ཁོང་གི་ཆིབས་ཀྱི་ཡོབ་ཆེན་ཐད་ནས་འོད་དཀར་པོ་ཞིག་འཕྲོས་ཏེ་ཉ་མཚོ་དགོན་དུ་མ་སླེབས་བར་ལམ་གསལ་བར་བྱས་པ་དང་། གྲྭ་སར་བཞུགས་སྐབས་ཕུ་བཏབ་ནས་ལྡེ་མིག་ཕྱེས་པར་བྱས་པ་སོགས་གྲུབ་པའི་རྟགས་མཚན་ཅན་དུ་གྲགས། བར་མཚམས་ཤིག་ལ་ཁོང་གི་དབུས་ཉ་མཚོ་དགོན་པའི་བླ་གྲྭ་དུ་མས་གཡུ་ཁོག་ཏུ་ཡུལ་དགོན་སྤྱིའི་རིམ་གྲོར་གདུགས་དཀར་བཟློག་ཆེན་གསུངས་པ་སོགས་གཡུ་དགོན་དང་ཡང་འབྲེལ་བ་ཆེ་བར་འདུག དུས་འགྱུར་ཆེན་མོའི་སྐབས་ཉ་མཚོ་དགོན་རྟེན་གསུམ་རྩ་ཆེན་དུ་མ་སྐུ་སྲོག་དང་བསྡོས་ནས་སྦས་ཉར་མཛད་པ་སོགས་ཀྱིས་རྡེག་འཚོག་བསམ་ཡུལ་ལས་འདས་པའི་མནར་གཅོད་འོག་སྐུ་གཤེགས།

དགེ་བཤེས་རྟ་མགྲིན་མགོན་པོ་ནི།

ཡབ་ལི་ཏོ་འཇམ་དབྱངས་དང་། མ་ཡུམ་མཁར་ར་བཟའ་ཞིག་གི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ནང་ལི་ཏོ་གྲོང་དུ་སྐུ་འཁྲུངས། སྐུ་མཆེད་མཁར་ར་སྐུ་ཞབས་རིག་འཛིན་ཆོས་འཕེལ་དང་ལྷན་དུ་ཡུལ་དབུས་དགའ་ལྡན་རྣམ་རྒྱལ་གླིང་གི་ཏྲེ་ཧོར་ཁང་ཚན་དུ་ཆོས་ཞུགས་མཛད་ནས་གཞུང་ལུགས་རྒྱ་མཚོར་ཐོས་བསམ་དཀྱུས་ཕྱིན་མཛད། རྣམ་དཔྱོད་ཆེ་བའི་ཚད་དུ་གྲགས་ཤིང་ལྷ་རམ་པའི་མཚན་གནས་སོགས་བཞེས། དགེ་བཤེས་རྟ་ཁོ་ལགས་ཞེས་ཀྱང་འབོད། གདན་ས་ཆེན་མོ་དེ་ཉིད་དུ་འདུས་པའི་སྡེ་ཆེན་པོ་ལ་བགྲང་བྱ་དུ་མར་གཞུང་ཆེན་སྣ་ཚོགས་འཆད་ཁྲིད་གནང་བས་མཁས་པའི་གྲགས་པ་ཕྱོགས་སུ་ཁྱབ། གོང་ས་བཅུ་བཞི་པ་ཆེན་པོས་ཐུགས་རྩིས་ཤིན་ཏུ་ཆེ། དགའ་ལྡན་ཁྲི་པར་མངའ་གསོལ་ལ་ཉེ་སྐབས་གྲིབ་ནད་གྱིས་ཐེབས་ཤིང་རྨད་དུ་བྱུང་བའི་མཛད་ཕྲིན་ལ་བར་ཆད་བྱུང་མཐར་སྐུ་གཤེགས་སོ། །

མཁར་བ་བླ་མ་ངག་དབང་ནོར་བུ་ནི།

རབ་བྱུང་བཅོ་ལྔ་པའི་ནང་མཁར་ར་བླ་བྲང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ཡི་གེ་ཀློག་འདོན་སྦྱང་སྐབས་ཤིག་ལ་འོ་མ་དཀར་ཡོལ་གང་ཁང་པའི་སྟེང་ནས་ཁང་འདབས་ཀྱི་རྡོ་ཁྲོད་དུ་འཕངས་པས་ཆག་འབོ་མ་བྱུང་བ་སོགས་གྲུབ་པའི་རྟགས་མཚན་མངའ། དགའ་ལྡན་སོགས་གྲྭ་ས་ཆེ་ཁག་ཏུ་ཕེབས་ནས་གསར་རྙིང་གི་ཆོས་སྐོར་དུ་མ་གསན་བསམ་མཛད། གཤིས་ཀ་འཇམ་ཞིང་ངང་བཟང་ཀུན་ལ་མཐུན་པ་ཞིག་ཡིན། བགྲང་བྱ་དུ་མར་སྐུ་མཚམས་བཅད་རྒྱར་བཞུགས་ནས་སྒྲུབ་པ་ཉམས་བཞེས་མཛད། གསོ་དཔྱད་ལ་མཁས་ཤིང་སྐྱེ་བོ་དུ་མ་ནད་ལས་གྲོལ་བར་བྱས། གཡུ་དགོན་དུ་འཚོགས་བཞུགས་མཛད། མཁར་ར་ཡེ་ཤེས་རྡོ་རྗེའི་ཡང་སྲིད་འཁོར་གདོང་པདྨ་བཛྲ་ངོས་འཛིན་ཁྲི་གསོལ་དང་སྐུ་བདག་མཛད། དུས་འགྱུར་སྐབས་མནར་གཅོད་སྣ་ཚོགས་ཐེབས། རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་ལོའི་སྐུ་མ་འདས་པའི་ཉིན་འགའི་སྔོན་བྱ་རྒོད་ཅིག་གཟིམ་ཁང་གི་སྟེང་དུ་བབས་ནས་ཞག་འགར་བསྡད། ཉིན་ཞིག་ཁོང་གིས་རྒྱ་ཤུལ་བླ་མ་གཡུ་རིས་གདན་དྲངས་ནས། ཁོང་འདའ་བའི་དུས་ལ་བབས་ཚུལ་སོགས་གསུངས་ཤིང་། ཆོས་ཚིག་ཤོ་ལོ་ཀ་གཉིས་ཀྱི་གནད་ལ་བགྲོ་གླེང་བྱས་མཐར་སྐུ་དྲང་པོར་བཞུགས་ཏེ་ལྟེམ་པ་མེད་པར་གཤེགས།

ངེས་ལེགས་བླ་རབས་རིམ་བྱོན་གྱི་རྣམ་ཐར་བཤད་པ།

གཏེར་སྟོན་བསམ་གཏན་སྙིང་པོ་ནི།

རབ་བྱུང་བཅུ་གཉིས་པའི་ཆུ་བྱི་༼༡༧༣༢ ༡༨༠༡༽ལོར་རྡོ་སྨད་དར་སྐུ་གྲོང་པའི་ཨ་འབྲོག་ཚང་དུ་སྐུ་འཁྲུངས། སྐུ་འཁྲུངས་སྐབས་རྟགས་མཚན་སྣ་ཚོགས་བྱུང་བས་ཆུ་ལ་བསྐྱུར་ཚེ་ཆུས་མར་ལ་མ་ཁྱེར་ཡར་ལ་ཁྱེར་བས་མཚན་ཆུ་སྐྱེས་བཏགས། རྩང་ས་སྐྱ་དང་། ཁམས་རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། དབུས་གཙང་གི་གནས་རྣམས་ལ་མཇལ་སྐོར་མཛད། གཉགས་ཛྙ་ན་ཀུ་མ་རའི་སྤྲུལ་པར་གྲགས། དགུང་གྲངས་ཉི་ཤུ་བཞེས་པ་ལྕགས་མོ་ལུག་གི་ལོའི་ནུབ་གཅིག་དངོས་ཉམས་རྨི་ལམ་ལྟ་བུར་མཁའ་འགྲོ་སྡེ་ལྔས་དར་དཀར་གྱི་འདོ་ལུའི་སྟེང་ནས་གནས་མཆོག་པདྨ་འོད་ཀྱི་ཕོ་བྲང་དུ་ཁྲིད་ནས་རྒྱལ་དབང་ཨོ་རྒྱན་ཆེན་པོ་མཇལ། ཨོ་རྒྱན་ཆེན་པོས་རྩ་གསུམ་རྡོ་རྗེ་དྲག་གཏུམ་གྱི་དབང་བསྐུར། གཏེར་སྟོན་བསམ་གཏན་སྙིང་པོ་ཞེས་མཚན་གསོལ། རིག་འཛིན་གྱི་ཚོགས་གྲལ་དུ་ཆོས་ཀྱི་བགྲོ་གླེང་མང་དུ་མཛད། ཐུགས་སྲས་བརྒྱད་ཀྱིས་རྡོ་རྗེ་དྲག་གཏུམ་གྱི་ཆ་ལག་རྣམས་ཀྱི་དབང་ཁྲིད་རེ་རེ་བཞིན་བསྩལ་ནས་བུ་མཆོག་མི་ཡུལ་དུ་སོང་ལ་ཡི་གེར་ཐོབ་ལ་སྤེལ་ཅིག་གསུངས་པས། ཁོང་གིས་ངས་ནི་ཡི་གེར་འདེབས་མི་ནུས། འབྲི་ཡང་མི་ཤེས། བློར་ཡང་མི་ཤོང་ཞུས་པས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་མི་བརྗེད་པའི་གཟུངས་ཀྱི་བདུད་རྩི་བླུད། དེ་ནས་མི་ལོ་ལྔའི་བར་དུ་གསང་རྒྱ་མཛད་ཅིང་ཤིང་མོ་ཕག་གི་ལོ་ལ་བདེ་ཆེན་འོད་གསལ་གླིང་དུ་ཡི་གེར་ཕབ། ཤིང་ཁྱི་ལོར་བསོ་ཐོག་གནས་སུ་གུ་རུའི་རྣམ་ཐར་གསང་ཆེན་སྒྲོན་མེ། ཤིང་ཕག་ལོར་བ་ཐིམ་ཤིང་རྒྱལ་བའི་དབེན་གནས་ནས་མཚོ་རྒྱལ་སྒྲུབ་ཐབས་སོགས་གཏེར་ནས་བཏོན། སྔ་ཕྱིར་གནས་མཆོག་རྒྱལ་མོ་མུ་རྡོ་ནས་མི་ལོ་ལྔའི་རིང་སྐུ་མཚམས་བཅད་རྒྱ་ལ་བཞུགས། སྔར་ཁོང་ལ་རྩ་བའི་བླ་མས་ས་དབྱིབས་སླ་ང་འདྲ་བའི་གནས་སུ་ཁྱོད་ཀྱི་གདན་ས་ཡོད་གསུངས་པ་དེ་བཙལ་ཆེད་དགུང་གྲངས་ཉེར་དྲུག་བཞེས་པ་མེ་གླང་ལོར་གཡུ་ཁོག་ཏུ་བྱོན། སྒེག་གི་བདར་རྡོའི་ཐང་དུ་སླེབས་སྐབས་དབྱི་སྙིང་དགྲ་བླ་མི་མགོན་དཀར་པོས་དངོས་སུ་བསུ་མ་བྱས། ངེས་ལེགས་ཟམ་ཁར་སྒར་བབས་ནས་བཞུགས་པའི་ནུབ་མོ་གཟིམ་ལམ་དུ་བླ་མས་ཁྱོད་ཀྱི་གདན་ས་ཕ་ཀི་རེད་ཅེས་ལུང་བསྟན་པ་ན་གཟིམ་ལས་སད་ཚེ་ཆུའི་ཕར་ངོས་ཀྱི་ངེས་ལེགས་དབེན་ཁྲོད་གཟིགས་པས་རྡོ་ཡི་མཎྚལ་གསུམ་བཞུགས་གནས་དེར་བརྩིགས་པས་ས་དེར་མཎྚལ་ལྷས་ཞེས་མིང་ཐོགས། དེ་ནས་ངེས་ལེགས་བསམ་གཏན་གླིང་རྟེན་བརྟེན་པར་བཅས་པ་གསར་ཏུ་བཏབ་ནས་གདན་ས་མཛད། ཆུ་རྟ་ལོའི་སྟོན་ཟླ་ར་བའི་ནང་ཡུལ་ལྷ་སྐུ་བླ་དུང་རྩེས་ཞལ་གཟིགས་ཤིང་བསྟན་པ་བསྲུང་བར་ཁས་བླངས། དགུང་གྲངས་སོ་བརྒྱད་བཞེས་པ་ས་གླང་ལོར་དར་སྐུ་དགོན་གསར་བསམ་གཏན་ནོར་བུའི་གླིང་གསར་འདེབས་མཛད། དེ་ལྟར་མཛད་ཕྲིན་སྣ་ཚོགས་བསྐྱངས་ཤིང་དགུང་གྲངས་བདུན་ཅུ་བཞེས་པ་ལྕགས་བྱ་ལོར་གཙང་རོང་ཡིད་དྭངས་དགོན་དུ་སྐུ་གཤེགས་པར་བཤད། གཏེར་ཆོས་སྐོར་སོགས་གླེགས་བམ་བཅུ་གསུམ་ཡོད་ཀྱང་དུས་འགྱུར་ཁྲོད་གཏོར་བརླགས་སུ་ཕྱིན་པས་དེང་སྐབས་གླེགས་བམ་གཉིས་ཙམ་བཞུགས་པ་གཏེར་གསར་ཆོས་མཛོད་ཆེན་མོའི་གྲས་སུ་བཞུགས།

ངེས་ལེགས་བླ་མ་རིག་འཛིན་རྒྱ་མཚོ་ནི།

རབ་བྱུང་བཅུ་གསུམ་པའི་ནང་སྐུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། ཐུན་མིན་གྱི་བླ་མ་རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཡིན། ཁོང་གི་སྐྱེ་ཕྲེང་ནི། སྔོན་དུས་ཨོ་རྒྱན་ཆེན་པོའི་སློབ་མ་མཆོག༔ དབང་ཆེན་གྲུབ་པ་རྒྱལ་བ་མཆོག་དབྱངས་དང་༔ དེ་རྗེས་འཇམ་དབྱངས་བདུན་རྒྱུད་ས་ཆེན་དྲུང་༔ ཀུན་དགའ་དཔལ་བཟང་མཆོད་པའི་ལས་ལ་དགྱེས༔ གཞན་ཡང་གྲུབ་དབང་གསུམ་པའི་ཞབས་དྲུང་དུ༔ ལྔ་རིག་སྨྲ་བའི་མཁས་པ་བུདྡྷའི་མིང་༔ རྫོགས་ཆེན་བཞི་པའི་ཐུགས་སྲས་བུ་ཆེན་མཆོག༔ ཁྲོ་ཆེན་གཙུག་རྒྱན་བླ་མ་རྒྱ་མཚོའི་མཚན༔ ཞེས་རྒྱ་སྤྲུལ་ལུང་རིག་གླིང་པས་མཛད་པའི་ཡང་སྲིད་ངོས་འཛིན་ལུང་བྱང་དུ་གསལ། ཆོས་སྐྱོང་སྲུང་མ་བྲན་དུ་བཀོལ་བ་སོགས་གྲུབ་པའི་རྟགས་མཚན་དུ་མ་མངའ། རྒྱལ་རོང་ཁྲོ་སྐྱབས་རྒྱལ་པོའི་དབུ་བླར་གྱུར་ཡོད་པ་གོང་གི་ལུང་ལས་ཤེས། རབ་བྱུང་བཅུ་བཞི་པའི་མཇུག་དུ་ཞི་བར་གཤེགས། སྐུ་གདུང་ཞུགས་འབུལ་བགྱིས་སྐབས་དབུ་ཐོད་དུམ་བུ་ཡར་བའི་ངོས་སུ་ཁ་སར་པ་ཎི་རང་བྱོན་དུ་ཡོད་པར་གྲགས་སོ།།

ངེས་ལེགས་བླ་མ་ནམ་མཁའ་ཆོས་དབྱིངས་ནི།

ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་ལས། དཔལ་གྱི་དབང་ཕྱུག་སྔགས་བཙུན་ནམ་མཁའ་གྲགས༔ ཞེས་ལུང་གིས་བསྔགས་པ་ལྟར་རབ་བྱུང་བཅུ་བཞི་པའི་ནང་གཡུ་ཁོག་ཏུ་སྐུ་འཁྲུངས། རྫོགས་ཆེན་སོགས་སུ་གྲྭ་སར་ཕེབས། མི་འགྱུར་ནམ་མཁའི་རྡོ་རྗེ་ལས་ཐུན་མིན་གྱི་གདམས་པ་དུ་མ་གསན། རྫོགས་སྤྲུལ་བཞི་པས། ནམ་མཁའ་ཆོས་དབྱིངས་རྣལ་འབྱོར་དམ་པ་དང་། །ས་ཕྱོགས་དེ་རུ་དགེ་བཅུ་གོང་དུ་འཕེལ། །རྣལ་འབྱོར་བསྐྱེད་རྫོགས་བཟླས་བརྗོད་ཕུལ་དུ་ཕྱིན། །སྨིན་གྲོལ་ཆོས་ཀྱིས་འགྲོ་བ་འདྲེན་པ་དང་། །སྐུ་གསུམ་བདེ་ཆེན་སྣང་སྲིད་འཆར་བར་ངེས། ཞེས་སོགས་ཆེད་དུ་བསྔགས་པ་མཛད། བླ་མ་འདི་སྨིན་མ་རིང་པོས་སྤྱན་བཀབ་པ་དང་། སྨ་ར་རིང་པོས་ཞལ་བཀབ་ཡོད་པ་ཞིག་ཡིན་པས། རྫོགས་ཆེན་པས་ངེས་ལེགས་བླ་མ་འབྲུག་མགོ་མ་ཟེར། ཤེས་རྒྱ་ཡངས་ཤིང་མཁྱེན་དཔྱོད་ཆེ་བའི་ཚད་དུ་གྲགས། བསྲུང་མ་འགོ་ཞིང་གྲུབ་པའི་རྟགས་མཚན་དང་ལྡན་པ་ཞིག་ཡིན་པར་བཤད་དོ།།

ངེས་ལེགས་བླ་མ་བསྟན་འཛིན་ཆོས་ལྡན་ནི།

རྒྱ་སྤྲུལ་ལུང་རིག་གླིང་པས། གནས་དེའི་བྱང་ཤར་ཕྱོགས་སུ་རྟ་སྦྲུལ་ལོའི༔ བྱིས་པ་ཆོས་དབྱིངས་ཡེ་ཤེས་ཁ་ཏོག་ཅན༔ སྙིང་གའམ་ནི་ལྟེ་བར་རྩ་རིས་སམ༔ སྨེ་བའི་རྟགས་ལྡན་གཙང་མའི་རྒྱུད་ལྡན་པ༔ ཐབས་ཤེས་དབང་དང་དཱི་པཾ་མིང་ཅན་ནམ༔ ལེགས་པའི་དཔལ་ལྡན་དེ་འདྲའི་རིགས་ལས་འབྱུང་༔ བསྟ༵ན་འཛི༵ན་སྐྱེས་བུ་བྱང་ཆུབ་སེམས་དཔའི་མཆོག༔ ཆོ༵ས་ཀྱི་མཚན་ལྡ༵ན་དེ་ཉིད་སོམ་ཉི་བྲལ༔ ཅེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་བྱང་ལྟར། སྐྱ་ཤུལ་ཀརྨ་དགེ་ལེགས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ས་སྦྲུལ་༼༡༨༦༨༽ལོར་གཡུ་ཁོག་ཏུ་འཁྲུངས། བླ་མ་ནམ་མཁའ་ཆོས་དབྱིངས་ནས་ཁྲི་འདོན་སྐུ་བདག་མཛད། རྒྱ་སྤྲུལ་དང་། རྒྱ་ལྷ། ནམ་མཁའ་ཆོས་དབྱིངས་སོགས་ལས་སྨིན་གྲོལ་གྱི་གདམས་པ་དུ་མ་མནོས། རྫོགས་ཆེན་སོགས་སུ་ཕེབས་ནས་རྫོགས་སྤྲུལ་ལྔ་པ་ལས་ཟབ་ཆོས་གསན་ནས་རྟོགས་པ་མཆོག་ལྡན་དུ་གྱུར། རྟེན་སྔགས་འཆང་དུ་བཞུགས། རྩ་གསུམ་སྤྱི་དང་བྱེ་བྲག་གི་ཆོག་གཞུང་ལས་བྱང་རྣམས་ལ་བསྙེན་ཚད་གྲངས་འཁྱོལ་མ་བསྐྱལ་བ་ཆེར་མེད་པར་མཛད། སྐུ་གསུང་ཐུགས་རྟེན་གྲངས་མང་བཞེངས། འདའ་ཁར་ད་མི་རིང་བར་དུས་ཀྱི་འཕོ་འགྱུར་དང་བསྟན་སྲིད་ལ་ཉམས་གུད་འོང་། ང་འགྲོ་རན་པ་ཡིན། ཡང་སྲིད་འཁྲུང་རྒྱུ་མེད། ནུབ་བདེ་བ་ཅན་ལ་འགྲོ་རྒྱུ་ཡིན་སོགས་གསུངས་ནས་ཉི་མ་ནུབ་པ་དང་ལྷན་དུ་སྐུ་གཤེགས། སྐུ་གདུང་ཞུགས་འབུལ་བྱས་སྐབས་ཐུགས་ལྗགས་སྤྱན་གསུམ་མེས་མ་ཚིག་པར་ལྗགས་ཀྱི་སྟེང་སྐུ་རྟེན་དང་། མཐའ་སྐོར་དུ་སེང་གདོང་མའི་བསྙེན་པ་རང་བྱོན་དུ་ཡོད་པར་བཤད་དོ།།

ངེས་ལེགས་བླ་མ་ནམ་མཁའ་བདེ་ཆེན་ནི།

རབ་བྱུང་བཅོ་ལྔ་པའི་མཇུག་ངེས་ལེགས་བླ་བྲང་དུ་འཁྲུངས། འདིའི་འཁྲུངས་ལོ་དང་ཡབ་ཀྱི་མཚན་མི་གསལ། མ་ཡུམ་གྱི་མཚན་ལ་རྐོ་ལོ་མར་ཁུ་སྐྱིད་ཟེར། རྒྱ་སྤྲུལ་ལུང་རིག་གླིང་པས། གསེར་གྱི་རྡོ་རྗེ་ནམ་མཁའི་མཐོངས་སུ་ཤར༔ སོགས་ལུང་བྱང་བསྩལ་བ་ལྟར་ངེས་ལེགས་བླ་མ་ནམ་མཁའ་ཆོས་དབྱིངས་ཀྱི་ཡང་སྤྲུལ་དུ་ངོས་འཛིན་སྐུ་བདག་མཛད། རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་རྟགས་དང་མངོན་མཁྱེན་མངའ། སྨར་ཐ་བསམ་འཕེལ་གྱིས་ཡོངས་འཛིན་མཛད་ཅིང་ཀློག་བསླབ་ཀྱང་རྩོག་མནོལ་དུ་ཤོར་རྐྱེན་ཡི་གེ་སློབ་དཀའ་བར་བྱུང་བས་ཡོངས་འཛིན་གཏུམ་པོ་དེས་ཁོང་གི་དབུ་ལ་དབྱུག་པས་རྒྱུན་དུ་བརྡེག དགུང་གྲངས་བཅུ་ལྷག་གི་སྐབས་སུ་བྱིས་པ་དག་དང་ལྷན་དུ་རྩེད་འཇོར་རོལ་བས་བྲག་ངོས་ནས་ལྷུང་སྟེ་བརྡབ་སྐྱོན་ཚབ་ཆེན་ཕོག བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །གསུངས་ནས་སྐུ་གཤེགས། དུས་དེར་ཆར་ཟིམ་བབ་ཅིང་ཡུན་རིང་བར་འཇའ་ཚོན་ཤར་བར་བཤད་དོ།།

ངེས་ལེགས་སྤྲུལ་སྐུ་འགྱུར་མེད་དཀོན་མཆོག་ནི།

རབ་བྱུང་བཅོ་ལྔ་པའི་ས་ལུག་༼༡༩༡༩ ༡༩༦༢༽ལོར་ངེས་ལེགས་བླ་མ་བསྟན་འཛིན་ཆོས་ལྡན་དང་། ཡུམ་ཚེ་གཟུངས་གཉིས་ཀྱི་སྲས་སུ་འཁྲུངས། ཆ་ནང་སྤྲུལ་སྐུ་མི་ཕམ་དང་། ཁྱད་པར་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ལས་ཟབ་ཆོས་དུ་མ་ལ་གསན་བསམ་ཉམས་བཞེས་མཛད། དུས་རྒྱུན་ཚོགས་བསགས་མཆོད་འབུལ་དང་། སྐུ་མཚམས་བསྒོམ་སྒྲུབ་ལ་ལོ་མང་བཞུགས། དབུས་གཙང་སོགས་སུ་གནས་སྐོར་ཐེངས་གཉིས་བྱོན། རྟེན་རབ་བྱུང་དུ་བཞུགས། གཙང་སྨད་སེང་གེ་དགོན་པས་དགོན་དེའི་བླ་མ་ཞིག་གི་ཡང་སྲིད་དུ་ངོས་བཟུང་ཡང་ཡབ་ཀྱིས་བསླུ་ཁ་མ་གཏད་པར་གྲགས། དུས་འགྱུར་གྱི་མནར་གཅོད་སྣ་ཚོགས་བཞེས་མཐར། དགུང་གྲངས་ཞེ་བཞི་བཞེས་པ་ཆུ་སྟག་ལོའི་དགུན་དུས་སུ་ནུབ་གཅིག་སྐུ་ལུས་དྲང་པོར་བསྲངས། སྤྱན་མིག་ནམ་མཁའ་ལ་ཧ་རེ་གཟིགས་ནས་རབ་ཆོས་སྐུའི་འཕོ་བའི་གསང་ལམ་ནས་ནང་དབྱིངས་གདོད་མའི་གཞི་ཀློང་དུ་གཟུགས་སྐུའི་བཀོད་པ་བསྡུས། སྐུ་གདུང་ས་འོག་ཏུ་སྦེད་སྐབས་ས་མིག་ཏུ་མེ་ཏོག་ཞིག་སྐྱེས་ཡོད་པ་སོགས་རྟགས་མཚན་དུ་མ་བྱུང་བར་གྲགས་སོ།།

དང་པོ་གཤེན་རབ་གཡུང་དྲུང་བོན་གྱི་ཆོས། །བར་དུ་ཀརྨ་ཀཾ་ཚང་བརྒྱུད་པའི་སྲོལ། །རྗེས་སུ་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན། །དགོན་འདིའི་ཐོག་མའི་བྱུང་རིམ་སུ་ཡིས་དཔོག །གནམ་ན་རྩིབས་བརྒྱད་འཁོར་ལོའི་རི་མོ་བཀྲ། །ས་ལ་འདབ་བརྒྱད་པདྨས་རང་མདངས་ངོམ། །ལོགས་ན་བཀྲ་ཤིས་རྟགས་ཀྱི་མཆོད་སྤྲིན་སྤྲོ། །གསང་ཆེན་གསང་བའི་སྒྲུབ་རྫས་མ་ཚང་མེད། །སྟེང་ན་རྩ་གསུམ་ལྷ་ཡི་བྱིན་རླབས་འཁྲིགས། །བར་ན་དངོས་གྲུབ་རྣམ་གཉིས་སྦྲང་ཆར་འཇོ། །མཐའ་ན་ཆོས་སྐྱོང་སྲུང་མས་བར་ཆད་སེལ། །དཀར་ཕྱོགས་སྐྱོང་བས་དུས་ཀུན་མེལ་ཚེ་མཛད། །བཤད་སྒྲུབ་ལས་གསུམ་འཛོམ་པའི་དགོན་སྡེ་བརྗིད། །མཚམས་སྤྲིན་ས་ལ་འཕོས་འདྲའི་འདུས་སྡེ་མཛེས། །ལུང་རིགས་ངར་སྐད་སྒྲོག་པའི་མཁས་པ་དང་། །དུས་གསུམ་སྒྲིབ་མེད་གཟིགས་པའི་སྐྱེས་ཆེན་མང་། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་དང་། །པདྨའི་རྒྱལ་ཚབ་སྐལ་ལྡན་ལུང་རིག་གླིང་། །འགྱུར་མེད་བློ་གྲོས་མཐའ་ཡས་ལ་སོགས་པའི། །གདན་རབས་གསེར་རིའི་ཕྲེང་བ་ཚར་དུ་དངར། །རྫོགས་ཆེན་མཁན་པོ་འོད་ཟེར་མཐའ་ཡས་དང་། །ཁྱི་ཤུལ་མཁན་པོ་ཀུན་དགའ་བརྩོན་འགྲུས་སོགས། །མཁན་རབས་རིམ་བྱོན་ནོར་བུའི་ཕྲེང་བ་ཡིས། །བཅུ་ཕྲག་རིག་པའི་རིན་ཆེན་ཐང་མར་བརྡལ། །མཁར་སྤྲུལ་ཀུན་མཁྱེན་བསྟན་པའི་ཉི་མ་དང་། །བྱ་བྲལ་ཆོས་དབྱིངས་རང་གྲོལ་ལ་སོགས་པའི། །བསྟན་འཛིན་སྐྱེས་ཆེན་རྒྱུ་སྐར་ཕྲེང་བ་ཡིས། །ལུང་རྟོགས་བསྟན་པའི་རྒྱལ་མཚན་ཕྱོགས་སུ་བསྒྲེངས། །ཆོས་བརྒྱད་འཆིང་ཐག་ཆད་པའི་རྣལ་འབྱོར་དང་། །མཁྱེན་དཔྱོད་ལང་ཚོ་རབ་རྒྱས་མཁས་པའི་ཁྱུས། །རི་ཐང་དོགས་པོར་བྱས་པའི་མཛད་ཕྲིན་ལ། །དྭངས་བའི་སེམས་ཀྱིས་ཕྱི་མིག་གཟིགས་པར་འཚལ། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

དེང་གི་གནས་བབ་མདོར་བསྡུས་སུ་བརྗོད་པས་མཇུག་བསྡུ་བ།

གསུམ་པ་དེང་གི་གནས་བབ་མདོར་བསྡུས་སུ་བརྗོད་པས་མཇུག་བསྡུ་བ་ནི། གོང་དུ་བཤད་པ་ལྟར་མདོ་ཁམས་གཡུ་ཁོག་གི་ཡུལ་འདིར་སྨུག་པོ་ལྡོང་དང་། ཆེན་པོ་ཧོར་གྱི་རིགས་རྒྱུད་ལས་བྱུང་བའི་དཔོན་རིགས་དུ་མས་ཆོས་སྲིད་ལུགས་གཉིས་ཀྱི་ཕ་ཆུས་བསྐྱངས། དུས་འགྱུར་སྐབས་རྒྱ་ནག་གཞུང་གིས་བོད་ཡུལ་ཡོངས་རྫོགས་ལ་མངའ་དབང་བསྒྱུར་སྐབས་གཡུ་ཁོག་སྟོང་རུ་ལྷ་སྡེ་འདི་སི་ཁྲོན་རྟའུ་རྫོང་ཁོངས་ཀྱི་ས་ཁུལ་ཞིག་ཏུ་བསྒྱུར་ཞིང་། སྡེ་ཤོག་བདུན་པོ་ཡང་གཡུ་དངོས་དང་། ཆུ་དབར་གཉིས་གཅིག་ཏུ་བསྡུས་ནས་གཡུ་དངོས་ཡུལ་ཤོག བེའུ་སྒེག་གཉིས་དབུས་ཐང་ཡུལ་ཤོག ཆུ་དམར་དང་། ཨ་སེན་གཉིས་ཆུ་དམར་ཡུལ་ཤོག དགོན་མཐའ་མར་རྒྱ་གྲོང་ཡུལ་ཤོག་ཅེས་མིང་བཏགས་ནས་ཡུལ་ཤོག་བཞིར་བསྒྱུར། སྤྱི་ལོ་༢༠༢༠ལོར་དབུས་ཐང་ཡུལ་ཤོག་དང་། རྒྱ་གྲོང་ཡུལ་ཤོག་གཉིས་གཅིག་ཏུ་བསྡོམ་ནས་གཡུ་མཁར་གྲོང་རྡལ་དུ་བསྒྱུར་བར་བྱས་སོ། །དེང་སྐབས་གཡུ་ཁོག་ལྷ་སྡེར་དུད་ཁྱིམ་སྟོང་གཉིས་ལ་ཉེ་བ་ཡོད། སྔར་གཡུ་ཁོག་དཔོན་གྱི་དུས་སྐབས་ཀྱི་ས་མཚམས་དང་སྡེ་བ་འགའ་རེ་བྲག་འགོ་རྫོང་དང་། ཆུ་ཆེན་རྫོང་སོགས་སུ་བཅད་བགོས་བྱས་ཤིང་གནས་སོ།།

གཡུ་མཁར་དགོན་པ་ལ་ཡང་དུས་འགྱུར་ཆེན་མོའི་སྐབས་བསྟན་སྲིད་སྤྱི་ལ་ཉམས་གུད་ཐེབས་པ་ལྟར། གཏོར་བཤིགས་བསམ་ཡུལ་ལས་འདས་པ་བྱུང་། ཡང་དར་བསྟན་པའི་ཉི་གཞོན་ཤར་སྐབས། ཨ་ཚབ་སྤྲུལ་སྐུ་པདྨ་འགྱུར་མེད་དང་། མཆོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན། རྒྱ་བླ་མ་འཇམ་དབྱངས་ལུང་རིག་རྒྱ་མཚོ། གཡུ་སྤྲུལ་མཉམ་མེད་རང་བྱུང་རྡོ་རྗེ། མཁན་སངས་རྒྱས་སྨན་བླ་སོགས་ཀྱི་ཐུགས་བསྐྱེད་དང་ཐུགས་བཀོད། སྡེ་འབངས་ཀྱིས་མཐུན་རྐྱེན་སྦྱར་བ་སོགས་ལ་བརྟེན་ནས་དགོན་པའི་འདུ་ཁང་གསར་བཞེངས་དང། དུས་མཆོད་ཁག་བཤད་སྒྲུབ་དང་བཅས་པ་བསྐྱར་གསོ་མཛད། ཁྱད་པར་རྒྱ་བླ་མ་འཇམ་དབྱངས་ཀྱིས་རྡོ་གྲུབ་ཆེན་རིན་པོ་ཆེར་ཐུགས་བརྟགས་ཞུས་ནས་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་ཡང་སྲིད་གསུམ་པ་ལུང་རྟོགས་ཆོས་ཀྱི་ཉི་མ་ངོས་འཛིན་སྐུ་བདག་དང་། བསྟན་པའི་བདག་པོར་མངའ་གསོལ་མཛད་པ་ལྟར་མཆོག་སྤྲུལ་རིན་པོ་ཆེ་གང་གིས་ཐབས་ལ་མཁས་པའི་མཛད་པས་གདན་ས་སྐྱོང་བཞིན་བཞུགས་པ་དང་། གཞན་ཡང་མཁན་ཆེན་ཤེས་བྱ་ཀུན་གཟིགས་དང་། མཁན་ཆེན་ནོར་བུ་བཟང་པོ། མཁན་ཆེན་ཚེ་རིང་ཉི་མ་སོགས་ཀྱིས་སྔ་འགྱུར་བསྟན་པའི་ཆུ་མགོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང་། དཔལ་སེང་གེ་རིའི་ཆོས་གྲྭ། གསེར་ལྗོངས་བླ་རུང་ཆོས་ཀྱི་གྲོང་ཁྱེར། གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་གླིང་སོགས་སུ་འཆད་རྩོད་རྩོམ་པའི་མཛད་བཟང་ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་ངོམ་དང་ངོམ་བཞིན་བཞུགས་པ་ལགས་སོ།།

མཇུག་རྩོམ།

སླར་སྨྲས་པ། གངས་ལྗོངས་ས་ཡི་ཐིག་ལེ་མདོ་ཁམས་ཡུལ། །གཡུ་ཞེས་ངོ་མཚར་ལྷ་ཡི་དགའ་ཚལ་དུ། །ལས་སྨོན་དཔྱིད་ཀྱི་རྒྱལ་མོའི་ཤིང་རྟ་ཡིས། །ཆོས་སྲིད་མགྲོན་དུ་བོས་པའི་མཐའ་མ་དམིགས། །

མི་བརྟན་དུས་ཀྱི་སྲིན་མོའི་རྣམ་འགྱུར་དང་། །མི་རབས་གསར་རྙིང་བརྗེ་བའི་ཁུག་སོ་ནས། །གཡུ་ཁྲོམ་གངས་རིའི་འདབས་ཀྱི་གཏམ་རྒྱུད་དེ། །ལྷག་མེད་དབྱིངས་སུ་ཐིམ་པའི་དོགས་པ་ལྕི། །ཕ་མེས་གོང་མས་ཡི་གེར་མ་བཀོད་ཅིང་། །དེང་གི་གསར་བུས་ཉན་དུ་མི་འདོད་པ། །ཡིད་ལ་རིང་དུ་བསྲེལ་བའི་འདས་དོན་རྣམས། །གླེང་བའི་སྤྲོ་དགའ་སྙིང་གི་དཀྱིལ་ནས་འཛུམ། །ཆུང་དུས་རྣ་བའི་ལམ་དུ་མང་ཐོས་པ། །སྙིང་གི་སྒྲོམ་དུ་གཅེས་པར་མ་བཟུང་བས། །སྨྱུག་ཤོག་ལག་ཏུ་བླངས་པའི་དུས་སྐབས་རེར། །མེས་པོའི་ཞལ་རས་དྲན་པ་ལན་གཅིག་མིན། །སྲིད་པའི་གངས་རི་ཆགས་ནས་ད་ལྟའི་བར། །བྱུང་བའི་སྒྲུང་རིང་བརྗོད་པའི་མཐུ་ཆུང་ཡང་། །སྐྱེས་པའི་ལྟེ་ཁྲག་འཐོར་སའི་ཕ་ཡུལ་གྱི། །རང་བཞིན་བརྗོད་པ་ཁོ་བོའི་སྐལ་བར་ཐོབ། །ཁུངས་ལྡན་ཡིག་ཆ་དུས་འགྱུར་མེ་ལྕེས་ཟོས། །

མཁྱེན་ཡངས་རྒན་རབས་དག་ཀྱང་ཕྱི་མར་ཆས། །ལོ་ཟླའི་རླབས་ཕྲེང་བརྩེགས་པའི་མཚོ་མཐའ་ནས། །སྔོན་བྱུང་ལོ་རྒྱུས་འདི་ཙམ་ཁོ་བོས་རྙེད། །བགྲང་བྱ་སྟོང་ཕྲག་ལྷག་གི་ནང་བྱུང་བའི། །ལོ་རྒྱུས་ཐོར་བུའི་བང་སོ་གསར་པ་འདི། །གཡུ་ཁོག་པ་ལ་བཞག་པའི་རྩམ་རིན་ཡིན། །རྗེས་དྲན་གཟིགས་བསྐོར་མ་གཅོད་ཕྱི་རབས་རྣམས། །ཚུལ་འདི་ལྷག་བསམ་དག་པས་བྱས་མོད་ཀྱང་། །མ་རྟོག་ལོག་རྟོག་རྨོངས་པའི་གཞན་དབང་གིས། །འགལ་དང་མ་འབྲེལ་རྙོག་མས་སྦག་པ་ཀུན། །གཟུར་གནས་བློ་ལྡན་རྣམས་ལ་སྙིང་ནས་འཆགས། །ལེགས་ཆ་མཆིས་ན་རྒྱལ་བའི་བསྟན་པ་དར། །བསྟན་འཛིན་ཞབས་བརྟན་སྐྱེ་དགུ་བདེ་ཞིང་སྐྱིད། །འཛམ་གླིང་ཞི་བདེ་གངས་ལྗོངས་ཆོས་སྲིད་རྒྱས།།གང་བསམ་ལྷུན་གྱིས་འགྲུབ་པའི་རྒྱུ་རུ་ཤོག །འཛམ་གླིང་འཛིན་མའི་དབུ་རྩེ་བོད་ཀྱི་ཡུལ། །གངས་ཅན་སྒེག་མོའི་བཞིན་རས་མདོ་ཁམས་ལྗོངས། །སྒང་དྲུག་མཛེས་མའི་སྤྱན་མིག་གཡུ་ཡི་མཁར། །སྡེ་བཞིའི་དཔལ་གྱིས་ཀུན་ནས་འཁྱུད་གྱུར་ཅིག །ཅེས་མདོ་ཁམས་གཡུ་ཁོག་ཡུལ་གྱི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པའི་དེབ་ཐེར་ངོ་མཚར་ལྷ་ཡི་རོལ་མོ་ཞེས་བྱ་བ་འདི་ནི་རིང་མོའི་དུས་ནས་རང་ཡུལ་གྱི་ལོ་རྒྱུས་ཕྱོགས་བསྡུས་ཤིག་ཡོད་ན་སྙམ་ཀྱང་བགྲང་བྱ་དུ་མའི་རིང་དེ་མུར་ལུས། ཤིང་ལུག་ལོའི་དགུན་དུས་སུ་མཁན་ཤེས་བྱ་ཀུན་གཟིགས་མཆོག་གིས་གང་ཟིན་གྱི་ལོ་རྒྱུས་ཕྱོགས་གཅིག་ཏུ་བསྡུ་དགོས་པའི་བཀའ་གསུང་སྤྱི་བོར་ཕེབས་པའི་ཕྱི་ཉིན་ནས་འབྲི་མགོ་བརྩམས་ཏེ། བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་སྣྲོན་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ། དྲང་སྲོང་ལྷ་ཡི་བླ་མ། རྒྱུ་སྐར་རྒྱལ་དང་རྩེན་པའི་འགྲུབ་སྦྱོར་གྱི་ཉི་མ་ལ་གཡུ་ཁོག་པ་ཡི་དམ་རྡོ་རྗེར་འབོད་པས་གཡུ་མཁར་ཐེག་ཆེན་ཆོས་འཁོར་གླིང་གི་རང་སྤྱིལ་ནས་མཇུག་གྲུབ་པར་བགྱིས་པ་ཕྱིས་ལྕགས་བྱི་ཆུ་སྟོད་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་འཕྲི་སྣོན་དང་བཅས་ཏེ་སྤེལ་བར་བྱས་པ་དགེ་ལེགས་འཕེལ། །

ཟུར་ལྟའི་ཡིག་ཆ།

མཁན་ཤེས་བྱ་ཀུན་གཟིགས་ཀྱིས་མཛད་པའི་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་རྣམ་ཐར་ཕྱི་རབས་དད་པའི་མཆོད་སྤྲིན།

མཁན་སངས་རྒྱས་སྨན་བླས་བྲིས་པའི་གཡུ་དགོན་ལོ་རྒྱུས་ཤིན་ཏུ་ཉུང་ངུ་ཚན་པ་གསུམ།

གར་དབང་ཉི་ཟླ་སྙིང་པོའི་རང་རྣམ་སྐོར།

གྱི་ལུང་མཁས་གྲུབ་རྣམ་གཉིས་ཀྱིས་མཛད་པའི་བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།

རྒྱ་སྤྲུལ་ལུང་རིག་གླིང་པའི་རང་རྣམ་སྐལ་ལྡན་ཡིད་ལ་འཐད་པའི་གླུ་དབྱངས་དང་གཏེར་ཆོས་སྐོར།

བསྟན་འཛིན་ལུང་རྟོགས་ཉི་མས་མཛད་པའི་རྫོགས་ཆེན་ཆོས་འབྱུང་།

ཐོགས་སྤྲུལ་ཀུན་བཟང་རྣམ་རྒྱལ་རྡོ་རྗེས་མཛད་པའི་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེའི་རྣམ་ཐར།

དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་མཛད་པའི་བོད་རིག་པའི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ།

བྲག་དགོན་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་མདོ་སྨད་ཆོས་འབྱུང་།

དབྱངས་ཅན་སྒེག་པའི་བློ་གྲོས་ཀྱིས་མཛད་པའི་ཧོར་ཆོས་འབྱུང་།

དམུ་དགེ་བསམ་གཏན་གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་།

ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་དེབ་ཐེར་དམར་པོ།

གཡུ་ཁོག་གི་སྒྲུང་བ་ཁྱི་ཤུལ་རིག་བཟང་གིས་ཕབ་པའི་གེ་སར་སྐུ་འཁྲུངས།

གཡུ་དཔོན་དབང་ཆེན་བདུད་འདུལ་གྱིས་བཤད་པའི་གཡུ་ཁོག་དཔོན་རབས་ལོ་རྒྱུས་ཐོར་བུ་རྒྱ་ཡིག་ཏུ་བྲིས་པ།

རིག་འཛིན་གཞན་ཕན་བཟང་པོའི་གསང་བའི་རྣམ་ཐར་རམ་ཧོར་བླའི་རང་རྣམ།

ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཧོར་གྱི་དཔོན་པོའི་གདུང་རྒྱུད་དང་དགོན་སྡེ་བཅུ་གསུམ་ཆགས་ཚུལ་ཀུན་གསལ་མེ་ལོང་།

ཤེལ་ཕྲེང་སྤྲུལ་སྐུས་མཛད་པའི་ཁྲི་དར་རྒྱས་བྱམས་ཆེན་གླིང་གི་གདན་རབས་ནོར་བུའི་བང་མཛོད།

སི་ཏུ་པཎ་ཆེན་གྱིས་མཛད་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་བ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ།

བོན་པོ་ཀོའི་ལོ་དང་བན་དེ་གཉིས་ཀྱི་གཏམ་རྒྱུད།

མདོ་ཁམས་གཡུ་ཁོག་གི་ཡུལ་འདིར་སྔོན་གྱི་དུས་སུ་གཡུང་དྲུང་བོན་གྱི་རིང་ལུགས་འཛིན་པའི་དགོན་པ་དུ་མ་ཞིག་ཡོད་པར་བཤད། དེ་ཡང་དཀར་འཚེར་གཤོང་གི་དགོན་ཤུལ། གདུགས་ཆེན་སྟོད་ཀྱི་དགོན་ཤུལ། གཡུའི་ཁྱི་ཉལ་ནང་གི་དགོན་ཤུལ། ས་དམར་དགོན་ཤུར་གྱི་དགོན་ཤུལ། ཆུ་དབར་གྱུ་ཡོན་མའི་དགོན་ཤུལ། བེས་ལུང་དགོན་ཁང་སུམ་མདོའི་དགོན་ཤུལ། ཁོ་ཆ་ཇོ་མོའི་དགོན་གྱི་ཤུལ། མཁར་ར་དགོན་གསུམ་གྱི་ཤུལ་སོགས་དགོན་ཤུལ་དུ་མ་ཞིག་ཡོད་པའི་ཕལ་ཆེ་བ་ནི་སྔོན་གྱི་དུས་སུ་བོན་པོའི་དགོན་པ་དུ་མ་ཡོད་པའི་ཤུལ་ཡིན་པར་གྲགས། རབ་བྱུང་བཅུ་གཅིག་པའི་ནང་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཕེབས་སྐབས་ནས་བན་ཆོས་དར་བའི་མགོ་བརྩམས། དེ་ནས་རིམ་གྱིས་བོན་པོའི་དགོན་པ་དང་བོན་པོའི་བླ་གྲྭ་རྣམས་མེད་པར་གྱུར་འདུག འདིར་བརྗོད་འདོད་པ་ནི་གཡུའི་ཆོས་ཁྲི་ཐང་དུ་བྱུང་བའི་བན་བོན་གཉིས་ཀྱི་གཏམ་རྒྱུད་ཐུང་ངུ་ཞིག་ཡོད་པ་དེ་ཡིན།  དུས་ནམ་ཙམ་ཡིན་མི་གསལ་མོད། བར་སྐབས་ཤིག་ལ་གཡུའི་ཆོས་ཁྲི་ཐང་གི་དེང་སྐབས་གཡུ་དངོས་ཡུལ་ཤོག་གི་སྲིད་འཛིན་ལྟེ་གནས་ཡོད་ས་དེར་བོན་པོའི་བླ་མ་མིང་ལ་ཀོའི་ལོ་ཟེར་བ་ཞིག་དང་། དེའི་ཐད་ཀྱི་གཡུ་ཆུའི་ཕ་རོལ་འགྱེད་ལུང་མར་མདའ་རུ་བན་དེ་བླ་མ་ཞིག་ཡོད། ཁོང་གཉིས་ནམ་འཕྲད་སྐབས་བན་བོན་སུ་བཟང་གི་རྩོད་པ་ཁོ་ན་བྱེད་ཀྱིན་ཡོད། ཉིན་ཞིག་ཁོང་གཉིས་ནམ་རྒྱུན་ལྟར་བན་བོན་སུ་བཟང་སྐོར་གྱི་རྩོད་གླེང་མང་པོ་ཞིག་བྱས་ནས་མཐར་ནུས་པ་སུ་ཆེ་ཉི་མ་བདུན་གྱི་ནང་གཅིག་གིས་གཅིག་ལ་ཕན་ཚུན་རྟགས་ཐོན་གྱི་མཐུ་གཏོང་རྒྱུ་བྱས། དེ་ནས་བོན་པོའི་བླ་མས་དཀྱིལ་འཁོར་དང་གཏོར་མ་བཅའ་བཤམ་བྱས་ནས་ཉིན་ཞག་དུ་མའི་རིང་ལ་མཐུ་བསྒྲུབས་ཏེ་བན་དེའི་སྟེང་དུ་གཏོར་ཟོར་འཕེན་མ་རག་པ་བྱས། དེ་ནས་ཁོའི་སེམས་སུ་བན་དེས་མཐུ་ཅི་འདྲ་ཞིག་བསྒྲུབ་གྱིན་ཡོད་དང་པོ་དེ་ལ་བལྟ་རུ་འགྲོ།   དེ་ནས་གཏོར་མ་འཕེན་བསམ་ནས་ཆུའི་ཕ་རོལ་དུ་བན་དེ་ལ་ལྐོག་བལྟ་བྱེད་དུ་སོང་། བན་དེའི་ཁང་པའི་རྒྱབ་ཕྱོགས་ནས་ཁང་སྟེང་དུ་འཛེགས་ནས་ཐོག་ཁ་ནས་མར་སྐེ་བསྲངས་ནས་སྒེའུ་ཁུང་ནང་དུ་བལྟས་པས། བན་དེ་དེས་དཀྱིལ་འཁོར་དང་གཏོར་མ་བཤམས་བཀོད་གང་ཡང་བྱས་མེད་པར། ཙོག་པུར་བསྡད་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བོན་པོའི་རྐེད་པ་ཕུད། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བོན་པོའི་རྐེད་པ་ཕུད། ཅེས་མ་ཎི་ཚར་རེའི་མཇུག་བོན་པོའི་རྐེད་པ་ཕུད་ཅེས་པའི་ཚིག་རེ་སྦྱར་ནས་གྲངས་བསགས་ཀྱིན་ཡོད་པ་མཐོང་ཐོས་བྱུང་། དེར་བོན་པོས་འདི་ཙམ་གྱིས་ང་ལ་གནོད་ཅི་ཞིག་ཐུབ་སྙམ་ནས་ཧ་བགད་ཆེན་པོ་ཞིག་བྱས་པས་སྟབས་མ་ལེགས་པར་བོན་པོའི་བླ་མ་ཁང་སྟེང་ནས་ལྷུང་སྟེ་རྐེད་པ་ཕུད་བཞག་པ་རེད། ཞེས་ཟེར་རོ། །གཏམ་རྒྱུད་འདི་ནི་དངོས་བྱུང་ལོ་རྒྱུས་དག་མ་ཞིག་ཡིན་མིན་མི་ཤེས་མོད། གཡུ་ཁོག་གི་རྒན་རབས་རབས་པ་ཚོའི་ངག་རྒྱུན་དུ་རླུང་ལྟར་གྲགས་པ་ཞིག་ཡིན་པ་དང་། ཁྱད་པར་གཡུ་དངོས་ཡུལ་ཤོག་མ་ཚུགས་པའི་སྔོན་དུ་ས་དེར་བོན་པོ་ཀོའི་ལོའི་ཁང་པ་ཟེར་བའི་ཁང་ཆག་ཞིག་རལ་དུ་གྱུར་པ་ཞིག་ཡོད་པ་དང་། གཡུ་ཆུའི་ཕ་རོལ་གྱི་འགྱེད་ལུང་གི་མར་མདའ་རུ་ཁང་ཆུང་སྐྱ་ལུ་ཟེར་བ་བན་དེའི་ཁང་པ་ཡིན་པར་གྲགས་པ་ཞིག་ཡོད། ཕྱིས་སུ་བོན་པོའི་ཁང་པ་བསལ་ནས་གཡུ་དངོས་ཡུལ་ཤོག་བཙུགས་པ་དང་། ས་གནས་ཡུལ་མི་ཚོས་སྡོད་ཁང་གི་ཆེད་དུ་ཁང་ཆུང་སྐྱ་ལུ་བཤིགས་ནས་རྡོ་ཕལ་ཆེར་ཁྱེར་བས་དེང་སྐབས་ཤུལ་ཙམ་ལས་མེད་ཀྱང་ངག་རྒྱུན་ལོ་རྒྱུས་ནི་དེ་ལྟ་བུ་ཞིག་ཡོད་དོ།། གཡུ་ཁོག་ཡི་དམ་རྡོ་རྗེས་བསྡུས།

རྒྱལ་རོང་ཁྲོ་སྐྱབས་དཔོན་ཚང་དང་གཡུ་ཁོག་དཔོན་ཚང་བར་གྱི་འབྲེལ་བ།

དེ་ཡང་ཤར་རྒྱལ་མོ་རོང་། ལྷོ་ཚ་བ་རོང་། ནུབ་ཀོང་པོ་རོང་། བྱང་ཨ་སྟག་རོང་སྟེ་བོད་ཀྱི་རོང་ཆེན་བཞིར་གྲགས་པའི་ཡ་གྱལ། ཤར་རྒྱལ་མོ་ཚ་བ་རོང་ནི། བོད་མི་བུ་གདུང་དྲུག་གི་ནང་ཚན་བསེ་ཁྱུང་སྦྲའི་རིགས་ཡིན་པ་དང་། བོད་བཙན་པོའི་དུས་སུ་རྒྱལ་རོང་ཡོངས་རྫོགས་གཅིག་གྱུར་གྱི་རྒྱལ་ཕྲན་ཞིག་ཡིན་ཅིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་ལོ་ཆེན་བཻ་རོ་ཙ་ན་རྒྱལ་རོང་དུ་བྱོན་སྐབས་རྒྱལ་རོང་སྤྱིའི་རྒྱལ་པོ་མདོ་གཞེར་ནག་པོ་ཡིན། ཡུལ་དེར་འཁྲུངས་པའི་རྒྱལ་མོ་བ་གཡུ་སྒྲ་སྙིང་པོ་དང་། རྒྱལ་པོའི་སྲས་མོ་གཡུ་སྒྲ་སོགས་ལོ་ཆེན་བཻ་རོའི་སློབ་མར་གྱུར་པ་ནས་རྒྱལ་རོང་ཡུལ་དུ་དམ་པ་ཆོས་ཀྱི་བསྟན་པ་དར། བར་སྐབས་ཤིག་ནས་རྒྱལ་པོ་སྩ་བན་ཐར་བྱ་བ་ལ་སྲས་གསུམ་བྱུང་བས་ས་གནས་གསུམ་དུ་རྒྱལ་ས་བཟུང་བས་ཚ་བ་ཁག་གསུམ་ཟེར་བ་བྱུང་། དེ་རྗེས་བོད་སིལ་བུར་འཐོར་ཞིང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པའི་སྐབས་སུ་རྒྱལ་རོང་གི་བློན་པོ་དང་དམག་དཔོན་སོགས་ཀྱིས་ས་ཁུལ་ངེས་ཅན་རེ་བཅད་བཟུང་གིས་རྒྱལ་ཕྲན་རེ་བཙུགས་ནས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྱེས་པ་ཞིག་ཡིན། དེ་དག་ལས་ཆུ་ཆེན་གྱི་རྒྱུད་དུ་རྒྱལ་པོ་ཁྲོ་བོ་སྐྱབས་བྱ་བ་ཞིག་གིས་ཕོ་བྲང་བརྩིགས་ནས་མངའ་དབང་བསྒྱུར་བའི་ཡུལ་ལ་རྒྱལ་པོའི་མིང་གི་སྒོ་ནས་ཁྲོ་སྐྱབས་སུ་ཐོགས། རྒྱལ་རྒྱུད་དེ་ལ་རྒྱལ་པོ་ཁྲོ་བོ་སྐྱབས་ནས་བཟུང་། སྤྱི་ལོ་༡༩༤༩སྐབས་ཀྱི་དཔོན་པོ་སྐལ་བཟང་རྒྱལ་མཚན་བར་རྒྱལ་རབས་བཞི་བཅུ་ཞེ་གཅིག་སོང་བར་བཤད། མདོ་ཁམས་གཡུ་ཁོག་གི་ཡུལ་ལ་མཚོན་ན། ལོ་ཆེན་བཻ་རོ་ཙ་ན་རྒྱལ་རོང་དུ་སྤྱུགས་སྐབས། གཡུ་ཁོག་དང་གསེར་ཁོག་སོགས་ཡུལ་གྲུ་མང་པོ་ཞིག་རྒྱལ་པོ་མདོ་གཞེར་ནག་པོའི་མངའ་ཁོངས་སམ་ཤར་རྒྱལ་མོ་ཚ་བ་རོང་གི་ཁོངས་སུ་གཏོགས་པར་གསལ་ཏེ། ས་ཆའི་འཁོར་ཕྱོགས་དང་། གནམ་གཤིས་དྲོ་གྲང་། ས་ཆ་ཕལ་ཆེ་བ་དེང་སྐབས་ཀྱང་རྨོ་རྐོ་སོ་ནམ་བྱེད་སའི་རོང་ཁུལ་ཡིན་པ་དང་། ངག་རྒྱུན་དུ། སྔོན་གཡུ་ཁོག་གི་ས་མིང་ལ་རོང་ཆུང་ཁོག་ཟེར་ཞིང་གཡུ་མཁར་རལ་གྲིའི་ཐང་སོགས་སུ་ཞིང་ལས་སོ་ནམ་བྱེད་མྱོང་བར་བཤད་པ་དང་། སྔོན་གྱི་དུས་སྐབས་སུ་གཡུ་ཁོག་ཙམ་དུ་མ་ཟད་ལི་རྩང་སོགས་ཡུལ་གྲུ་དུ་མ་ཞིག་རོང་ཤིང་སྒོ་ཅན་གྱི་སྡེ་བ་རེ་ཡིན་ཀྱང་། ཕྱིས་སུ་རབ་བྱུང་གསུམ་པའི་ནང་ཧོར་ཇིང་གིར་རྒྱལ་པོས་བོད་ལ་དམག་དྲངས་རྐྱེན་སྐབས་དེའི་རོང་སྡེ་དུ་མ་ཡུལ་མ་ཟིན་པར་འབྲོག་པའི་རུ་སྡེར་གྱུར་བ་དང་། གཡུ་ལུང་རིང་མོའི་ཕྱེད་ག་མན་ཆོད་ཀྱི་སྡེ་བ་དེང་སྐབས་ཀྱང་རྒྱལ་རོང་ཁྲོ་སྐྱབས་ཀྱི་སྡེ་འབངས་ཡིན་པ་ཙམ་དུ་མ་ཟད། ཁོང་ཚོའི་སྲོལ་རྒྱུན་དང་ཁ་སྐད་ཚུན་ཆད་རྒྱལ་རོང་འཁྲུལ་མེད་དུ་ཡོད་པ་སོགས་ཀྱིས་ཤེས་སོ། །སྐབས་དེར་ཆོས་ལུགས་ནི་གཡུང་དྲུང་བོན་གྱི་ཆོས་རྒྱུད་འཛིན་པ་ཤ་སྟག་ཡིན་པར་འདུག ཕྱིས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྱེས་སྐབས་གཡུ་ཁོག་འདི་རྒྱལ་རོང་ཁྲོ་སྐྱབས་ཀྱི་མཐའ་མཚམས་ཚོ་ཆུང་ཞིག་ཏུ་གྱུར་ནས་སྒེག་ཙི་ལི་རྒྱལ་པོས་མངའ་དབང་བསྒྱུར། དེའི་རྗེས་སུ་གེ་འཕན་གྱི་དཔོན་རིགས་ཀྱིས་བཟུང་། དེའི་རྗེས་ནས་མགོ་ལོག་ཁག་གསུམ་གྱི་སྤྱི་སྡེ་ཞིག་ཏུ་གྱུར། རབ་བྱུང་བཅུ་གཅིག་པའི་ནང་སྤྱི་ལོ་༡༦༥༠ཡས་མས་སུ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་གཡུ་ཁོག་ཏུ་བྱོན་ནས་གཡུ་ཁོག་གི་སྡེ་བ་ལ་དཔོན་གསར་བརྐོ་མཛད་པ་ནས་བཟུང་རྒྱལ་རོང་ཁྲོ་སྐྱབས་དཔོན་ཚང་དང་འབྲེལ་ལམ་དམ་ཟབ་བྱུང་། དེ་ཡང་རབ་བྱུང་བཅུ་གསུམ་པའི་ནང་གཡུ་ཁོག་དཔོན་རབས་གསུམ་པ་ཀརྨ་དོན་གྲུབ་ཀྱིས་སྐུ་སྲས་ཀརྨ་ཆོས་གྲགས་ལ་ཁྲོ་སྐྱབས་དཔོན་ཚང་གི་སྲས་མོ་ཞིག་བཙུན་མོར་བསུས་པ་ལ་རླན་ཨ་ཡེས་སྐྲ་དཀར་མ་ཞེས་སྐད་གྲགས་ཆེ་བའི་དཔོན་མོ་ཞིག་བྱུང་ཡོད་པར་འདུག་ཀྱང་ཁྲོ་སྐྱབས་དཔོན་རབས་གང་གི་རིང་ཡིན་མ་ཤེས། སྐབས་དེར་སྒེག་གི་ཁྲོ་འཕོངས་མན་ཆད་ཁྲོ་སྐྱབས་དཔོན་གྱི་ས་ཆ་ཡིན་ཀྱང་། དེ་ལས་གཡུའི་ནུ་མདོ་ཡན་ཆད་སྲས་མོ་ལ་ས་སྐལ་དང་སྡེ་སྐལ་དུ་བྱིན་པར་བཤད། རླན་ཞེས་པ་ནི་ཁྲོ་སྐྱབས་དཔོན་ཚང་གི་རུས་མིང་ཤིག་ཡིན། ལྷ་སྲས་ཀརྨ་ཆོས་གྲགས་དང་ཨ་ཡེས་སྐྲ་དཀར་མ་གཉིས་ལ་སྲས་མེད་ཅིང་། སྲས་མོ་གཅིག་ཡོད་པ་ནི་དཔོན་མོ་བསོད་ནམས་སྒྲོན་མ་ཡིན། དཔོན་མོ་སྐྲ་དཀར་མ་འདིས་སྤྱིའི་སྒྲིག་འཛུགས། དྲག་པོ་དམག་གི་བཀོད་འདོམས་སོགས་ཀྱི་འགན་ཁུར་བ་དང་། དམག་གི་མགོ་དཔོན་བྱས་ནས་གཡུལ་ལ་ཞུགས་པ་སོགས་བྱས་པར་གྲགས་སོ། །རབ་བྱུང་བཅུ་བཞི་པའི་ནང་གཡུ་ཁོག་ངེས་ལེགས་བསམ་གཏན་གླིང་གི་བླ་མ་རིག་འཛིན་རྒྱ་མཚོ་ཁྲོ་སྐྱབས་རྒྱལ་པོའི་དབུ་བླར་ཕེབས། འདི་ཁྲོ་སྐྱབས་རྒྱལ་པོ་ཀུན་དགའ་དབང་རྒྱལ་དང་ཚེ་དབང་ནམ་མཁའ་ཡབ་སྲས་གཉིས་ཀྱི་སྐུ་དུས་སུ་ཁེལ། རྒྱ་སྤྲུལ་ལུང་རིག་གླིང་པ་ཁྲོ་སྐྱབས་རྒྱལ་རབས་སོ་བདུན་པ་ཚེ་དབང་ནམ་མཁའི་དབུ་བླར་གྱུར། ཁོང་གིས་ཁྲོ་སྐྱབས་དཔོན་པོའི་བཀས་བསྐུལ་གནང་བ་ལ་བརྟེན་ནས་རྗེ་བཙུན་འཇམ་དཔལ་དབྱངས་ལ་བསྟོད་པའི་ཀུན་བཟང་འཁོར་ལོ་ལྷ་བརྒྱའི་གཙུག་གི་ནོར་བུ་ཞེས་བྱ་བ་གསར་རྩོམ་གནང་ནས་ཀ་ཀོང་སེང་གེ་ཡང་རྫོང་གི་རྒྱལ་པོའི་ཕོ་བྲང་ངོས་སུ་བྲིས་པ་རྒྱ་ལྷ་མོ་ཚེ་རིང་གིས་ཕབ་བཤུས་མཛད་པ་དེང་སྐབས་ཀྱང་མཇལ་དུ་ཡོད། དེ་དང་དུས་མཚུངས་སུ་གཡུ་ཁོག་དཔོན་རབས་དྲུག་པ་ཧོར་སྲས་བསོད་ནམས་དབང་འདུས་ཀྱི་སྐབས་ཁྲོ་སྐྱབས་ཚང་དང་འབྲེལ་བ་དམ་ཟབ་བྱུང་། གཡུ་ཁོག་དཔོན་གྱིས་སྐུ་སྲས་ཀརྨ་དབང་དྲག་ལ་ཁྲོ་སྐྱབས་དཔོན་གྱི་སྲས་མོ་ཨ་འདེ་བཙུན་མོར་བསུས་ནས་གཉེན་སྟོན་རྒྱ་ཆེན་སྤེལ། ཁྲོ་སྐྱབས་སྲས་མོའི་ནུ་ཆུའི་གསེར་རིན་ལ་གཡུ་ཁོག་དཔོན་ཚང་གིས་མཛོ་ཁྱུང་དཀར་བརྒྱ་ཐམ་པ་བྱིན་པ་རེད་ཟེར་བའི་ངག་རྒྱུན་ཡོད། ཁྲོ་སྐྱབས་དཔོན་པོས་སྲས་མོ་ལ་ས་སྐལ་དང་སྡེ་སྐལ་ཆེན་པོ་ཞིག་བྱིན་པར་བཤད་དུ་ཡོད་ཀྱང་འདི་དང་འདིའི་བར་ཡིན་ཟེར་བའི་གསལ་ཁ་ཅན་མ་ཐོས། འོན་ཀྱང་གཡུ་སྲས་ཀརྨ་དབང་དྲག་དང་སྲས་མོ་ཨ་འདེ་གཉིས་ལ་བུ་རྒྱུད་མ་བྱུང་། གཡུ་སྲས་ཀརྨ་དབང་དྲག་གིས་གཡུ་ཁོག་དཔོན་རབས་བདུན་པའི་གོ་གནས་བཟུང་ནས་མི་ལོ་བདུན་ཙམ་ནས་ཁོང་སྐུ་གཤེགས། དེ་ནས་སྲས་མོ་ཕྱིར་ཕ་ཡུལ་ཁྲོ་སྐྱབས་སུ་ཕེབས། སྤྱི་ལོ་༡༩༡༢ལོ་ནས་༡༩༢༣བར་མི་ལོ་བཅུ་གཉིས་རིང་གཡུ་ཁོག་དང་ལི་སྟོད་གཉིས་ཇག་འགྱེད་འཁྲུགས་འཛིང་བྱས་སྐབས། ཁྲོ་སྐྱབས་རྒྱལ་པོ་ཚེ་དབང་ནམ་མཁས་སྐུ་ཚབ་ཁྲོ་སྐྱབས་ང་ཀྱམ་དཔོན་ཆེད་གཏོང་མཛད་ནས་གཡུ་ཁོག་དང་ལི་སྟོད་གཉིས་ཀྱི་གྱོད་དོན་ཞི་འཇགས་བྱས། དེ་རྗེས་གཡུ་ཁོག་དཔོན་རབས་བཅུ་གཉིས་པ་དབང་ཆེན་བདུད་འདུལ་གྱིས་དགུང་གྲངས་ཉེར་ལྔ་བཞེས་པ། སྤྱི་ལོ་༡༩༣༦ལོར་གཡུ་ཁོག་དཔོན་གྱི་འོས་འགན་བཞེས་སྐབས་ཁྲོ་སྐྱབས་དྲུག་ཟུར་རྒྱལ་ས་ནས་སྲས་མོ་ཀུན་གསལ་དབང་མོ་བཙུན་མོར་བསུས་ཏེ། གཡུའི་ཆོས་ཁྲི་ཐང་གི་བཀྲ་ཤིས་ཝ་མགོ་རུ། བཀྲ་ཤིས་པའི་གཉེན་སྟོན་སྤེལ། བོག་ཟི་བཀྲ་ཤིས་རབ་བརྟན་གྱིས་རྟ་ཁ་བླངས། ཁྱི་ཤུལ་ཀུན་དགའ་བརྩོན་འགྲུས་ཀྱིས་སྟོན་བཤད་བྱས། གཡུའི་མངའ་འབངས་ཀྱི་ཁྱིམ་རབ་རྣམས་ཀྱིས་མཛོ་རེ། ཁྱིམ་འབྲིང་རྣམས་ཀྱིས་རྟ་རེ། ཁྱིམ་ཕལ་པ་རྣམས་ཀྱིས་འབྲི་རེ་ཕུལ། སྲས་མོ་ཀུན་གསལ་དབང་མོ་ནི་གོང་གི་ཁྲོ་སྐྱབས་དཔོན་པོ་ཚེ་དབང་ནམ་མཁའི་སྲས་མོ་ཨ་འདེ་གཡུ་དཔོན་ཀརྨ་དབང་དྲག་གི་བཙུན་མོར་བསུས་པ་ཕྱིས་གཡུ་དཔོན་སྐུ་ན་གཞོན་དུས་སུ་འདས་རྗེས་སྲས་མོ་ཕ་ཡུལ་ཁྲོ་སྐྱབས་རྒྱལ་སར་ཕྱིར་བསྐྱལ་བ་རླན་གྱི་དཔོན་རིགས་ཞིག་དང་ལྷན་དུ་བསྡད་པ་དེ་གཉིས་ཀྱི་སྲས་མོ་ཡིན། ཁྲོ་སྐྱབས་དཔོན་པོས་༼དཔོན་རབས་སོ་དགུ་པ་ལྷ་དབང་ནོར་བུ་ཡིན་ནམ་སྙམ།༽གཡུ་རོང་གི་རྡོ་གླ་ཡུམ་གླུ་མ་ཡན་ཆད་སྲས་མོ་ཀུན་གསལ་དབང་མོ་ལ་ས་སྐལ་དང་སྡེ་སྐལ་དུ་བྱིན་པ་ཡིན། སྔོན་ཆད་གཡུ་རོང་གི་སྡེ་བ་རྣམས་ནི་ཁྲོ་སྐྱབས་དང་གཡུ་ཁོག་གཉིས་ལ་གཏོགས་པའི་ཉིས་སྡེ་ཡིན་པས་ཕྱོགས་གཉིས་ཆར་ལ་དཔྱ་ཁྲལ་འབུལ་དགོས་པར་བཤད། གཡུ་དཔོན་དབང་ཆེན་བདུད་འདུལ་དང་། ཁྲོ་སྐྱབས་སྲས་མོ་ཀུན་གསལ་དབང་མོ་གཉིས་ལ་སྲས་གཅིག་འཁྲུངས་བ་ནི་ལྷ་སྲས་སྟོབས་ལྡན་དབང་ཆེན་ཡིན། དེ་ལྟར་གཡུ་ཁོག་དཔོན་ཚང་དང་ཁྲོ་སྐྱབས་དཔོན་ཚང་གི་བར་གཉེན་འབྲེལ་སྔ་ཕྱི་བར་གསུམ་བྱུང་ཡོད་པ་དེའི་ཕྱིར་ཝ་ཤུལ་གཡུ་ཆེན་ཚང་ནི་རྒྱལ་རོང་ཁྲོ་སྐྱབས་ཚང་དང་སྡེ་འབྲེལ་དུ་ཡོད་ཀྱང་། ཁྲོ་སྐྱབས་ལ་དཔྱ་ཁྲལ་འབུལ་དགོས་པའི་ལོ་རྒྱུས་མེད་ལ་ཁྲོ་སྐྱབས་ཀྱི་མངའ་ཁོངས་སུ་གཏོགས་པ་ཡང་མ་ཡིན་པར་རང་དབང་རང་སྐྱོང་གི་དཔོན་སྡེ་ཞིག་ཡིན་ནོ། །༢༠༢༠ལོའི་ཟླ་༧པའི་ཚེས་༡༠ཉིན་གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

གཡུ་ཁོག་ཡུལ་གྱི་གནའ་བོའི་མཁར་རྫོང་རོབ་བཤད།

གཡུ་ལུང་རིང་མོའི་སྟོད་ཀྱི་བྱ་རུའི་ཉག་ག་ནས་སྨད་ཀྱི་གཡུ་མདོའི་༼ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་ཉེ་འགྲམ་༽བར་གྱི་ཕུ་མདའ་ཉིན་སྲིབ་ཀུན་ན་ལོ་རྒྱུས་གསལ་ལ་མི་གསལ་བའི་གནའ་བོའི་རྫོང་མཁར་ཆེ་ཆུང་བཅུ་ཕྲག་དུ་མ་ཞིག་ཡོད། འོན་ཀྱང་གཡུ་ལུང་གི་ཕྱེད་ཀ་མན་ཆོད་གནའ་ནས་ད་ལྟའི་བར་དུ་རྒྱལ་རོང་ཁྲོ་སྐྱབས་ཀྱི་མངའ་ཁོངས་ཡིན་ཅིང་གཡུ་རོང་དང་འོ་བཟི་སོགས་ས་ཚིགས་རེར་མིང་རེ་ཡོད་པ་དང་ད་ལྟའི་མངའ་ཁོངས་ཀྱི་དབང་དུ་བྱས་ན་རྔ་བ་ཁུལ་ཆུ་ཆེན་རྫོང་དུ་གཏོགས། གཡུ་ཁོག་དང་གཡུ་ཁོག་པ་ཞེས་མིང་འཇུག་ས་ནི་ལུང་པ་དེའི་ཕྱེད་ཀ་ཡན་ཆོད་དང་དེའི་སྡེ་བ་ལ་ཟེར་བ་ཡིན། སྤྱིར་གཡུ་ཁོག་གི་ས་ཆ་དེ་ཡང་སྔོན་རྒྱལ་རོང་གཅིག་གྱུར་གྱི་རྒྱལ་ཁབ་ཡིན་པའི་དུས་སུ་རྒྱལ་མོ་རོང་གི་མངའ་ཁོངས་ཡིན་ཅིང་ཕྱིས་ནས་འཕོ་འགྱུར་སྣ་ཚོགས་ཤིག་བྱུང་ཡོད་པར་སེམས། དེས་ན་གཡུ་ཁོག་གི་ས་གནས་རྣམས་སུ་གནའ་བོའི་རྫོང་མཁར་དང་ཞིག་རལ་དུ་གྱུར་པའི་མཁར་ཤུལ་དུ་མ་ཡོད། ངག་རྒྱུན་ལོ་རྒྱུས་སུ་སྔོན་རི་སྒང་སོ་སོའི་མཁར་ལ་སོ་མཁར་ཟེར་ཞིང་གནའ་དུས་སུ་དམག་བརྡ་སོགས་གཏོང་དགོས་ཚེ་ས་གནས་དཔོན་གྱི་མཁར་རྩེ་ནས་བསང་གཏོང་ཞིང་། དེ་ནས་རི་སྒང་གི་སོ་མཁར་ནས་བསང་གཏོང་། དེ་ནས་དེ་མཐོང་བའི་རི་གཞན་པའི་སྒང་ནས་བསང་གཏོང་བ་སོགས་ཀྱིས་ས་གནས་སོ་སོར་བརྡ་སྤྲོད་པ་ཡིན་ཟེར། རྒྱལ་རོང་པ་རྣམས་ལ་ཡང་ངག་རྒྱུན་དེ་འདུག དེ་ནི་བདེན་ཁ་ཆེ་བར་སེམས་ཏེ་མཁར་དེ་དག་རི་ཤོད་དང་། རི་ཕར་ཚུར་གྱི་སྒང་སོགས་སུ་གཅིག་གིས་གཅིག་མིག་མཐོང་གི་ཐད་དུ་རིམ་པར་བསྒྲིག་ནས་ཡོད། རི་ཤོད་ཀྱི་མཁར་རྣམས་ཀྱི་མཐའ་སྐོར་དུ་གྲོང་ཤུལ་ལྟ་བུ་ཡོད་པས་ཕལ་ཆེར་ས་གནས་ཀྱི་དཔོན་མཁར་ཡིན་པ་དང་། རི་རྩེའི་མཁར་རྣམས་ཁེར་རྐྱང་དུ་ཡོད་པས་སོ་མཁར་དངོས་རེད་སྙམ་པ་འདུག སོ་མཁར་ལ་ཆེ་བ་མཁར་ལྟ་བུ་དང་། ཆུང་བ་སྤེའུ་ཞེས་རིགས་གཉིས་ཙམ་འདུག གཡུ་མཁར་ཐང་གི་གཉན་པོ་གཡུ་རྩེའི་རི་སྒང་གི་མཁར་ཤུལ། གཡུ་དངོས་སེའུ་ལུང་སྒང་གི་མཁར་ཤུལ། སྒེག་མདའི་གཡས་སྒང་དུ་སྒེག་ཙི་ལིའི་རྒྱལ་པོའི་མཁར་ཤུལ། སྒེག་གི་ཙི་མདོའི་མཁར་ཤུལ། འཁྱིལ་ཆེན་སྨར་མདོའི་མཁར་ཤུལ། བོལ་གོང་གི་མཁར་དྲུག་ཟུར་གྱི་ཤུལ། རྫོང་ཆེན་མར་མདའི་མཁར་ཤུལ། ནུ་མདོའི་མཁར་གོང་འོག་གཉིས། དབྱི་འ་མར་མདའི་མཁར། རྒྱ་འུ་ཡར་ཁ་དང་མར་ཁའི་མཁར་ཤུལ་གཉིས། སྤ་འུའི་མཁར། སྒ་ནུབ་ཡ་ཐང་གི་མཁར་ཤུལ། ར་ཤུའི་སོ་མཁར་གྱི་སོ་མཁར་ཤུལ། གཞན་གཡུ་ལུང་དངོས་མིན་ཀྱང་གཡུ་ཁོག་པའི་སའི་ཆར་གཏོགས་པ་ཨ་སེན་རྦ་མདོའི་མཁར་ཤུལ། མཁར་ནག་རིང་གི་སོ་མཁར། དེམ་གྱི་མཁར་རྩའི་མཁར་ཤུལ་གཉིས་དང་། མཁར་ཆ་སྣ་གདོང་གི་མཁར་བཅས་ཁོ་བོས་དངོས་སུ་མཐོང་མྱོང་བའི་མཁར་དང་ཞིག་རལ་དུ་སོང་བའི་མཁར་ཤུལ་བཅས་ཁྱོན་མཁར་ཉི་ཤུ་ཙམ་འདུག སྐབས་འདིའི་ཞིག་རལ་དུ་སོང་བའི་མཁར་ཤུལ་ཞེས་པ་ནི་ཐོག་བརྩེགས་གཉིས་ཡས་མས་ཡོད་པའི་མཁར་ཤུལ་མ་གཏོགས་ཁང་ཤུལ་དང་མཁར་ཤུལ་མི་ཕྱེད་པའི་རིགས་གཅིག་ཀྱང་བགྲང་མེད། འོན་ཀྱང་ཉེ་སྔོན་ཡུལ་མི་ཚོས་སྡོད་ཁང་གསར་བཟོའི་རྩིག་རྡོའི་ཆེད་དུ་བཤིགས་པ་སོགས་ཀྱིས་མཁར་ཤུལ་འགའ་རེ་ཤུལ་ཙམ་ཡང་མི་མངོན་པར་བྱས་འདུག མཁར་རྩ། ར་ཤུའི་སོ་མཁར། མཁར་འདུས། མཁར་ནག་རིང་། མཁར་ཆ་སྣ་གདོང་ལྟ་བུ་ས་ཆ་འགའ་རེ་ན་མཁར་དང་སོ་མཁར་ཡོད་པའི་རྒྱུ་མཚན་གྱིས་དེ་དང་འབྲེལ་བའི་ས་མིང་ཡང་ཐོགས་ཡོད། མཁར་འགའ་རེ་ལ་ལོ་རྒྱུས་ཅུང་ཟད་རེ་ཡང་འདུག་སྟེ། སྒེགས་མདའི་ཡར་སྒང་གི་མཁར་ནི་གླིང་གེ་སར་དུས་ཀྱི་གཡུ་རོང་སྒེག་ཙི་ལིའི་རྒྱལ་པོའི་སྐུ་མཁར་ཡིན་པ་དང་། སྒེག་གི་ཙི་མདོའི་མཁར་དང་། འཁྱིལ་ཆེན་སྨར་མདོའི་མཁར་གཉིས་ནི་སྒེག་ཙི་ལིའི་རྒྱལ་པོའི་བློན་པོ་རེའི་མཁར་དང་། ཨ་སེན་རྦ་མདོའི་མཁར་ནི་ཙི་ལིའི་རྒྱལ་པོའི་དུས་སུ་ལམ་སྲུང་གི་སོ་མཁར་ཡིན་པའི་ངག་རྒྱུན་ཡོད། བོལ་གོང་གི་མཁར་དྲུག་ཟུར་དེ་ནི་དུས་ནམ་ཡིན་མི་གསལ་མོད་བར་སྐབས་ཤིག་ལ་ས་ཆ་དེ་ན་དཔོན་གཏུམ་པོ་ཞིག་ཡོད་པ་དེས་རྩིག་བཟོ་ཧ་ཅང་མཁས་པ་ཞིག་ཡོད་པ་ལ་མཁར་ཞིག་རྩིག་ཏུ་བཅུག དེས་མཁར་ཟུར་དྲུག་ཞིག་བརྩིགས། མཁར་བརྩིགས་ཚར་རྗེས་དཔོན་དེས་མཁར་དེ་འདྲ་གཞན་ལ་རྩིག་པའི་ཕྲག་ཏོག་གིས་རྩིག་བཟོའི་ལག་མགོ་གཉིས་བཅད་ནས་བཏང་། ཡང་མཁར་དེའི་ཤར་ཕྱོགས་ཀྱི་རི་ཧ་ཅང་མཐོ་རྐྱེན་ཉི་མ་འཆར་འཕྱི་བས་དཔོན་པོས་ཡུལ་མི་རྣམས་ལ་རི་བརྐོས་ནས་ཕབ་ཏུ་བཅུག གང་མཚམས་ཤིག་ན་རྒན་མོ་ཞིག་གིས་ཡུལ་མི་རྣམས་ལ་མི་མཐོན་པོ་ཕབ་རབས་ཡོད་མ་གཀཏོགས། རི་མཐོན་པོ་ཕབ་རབས་མེད་པས་འུ་ཚོས་རི་ཕབ་པ་ལས་མི་ཕབ་ན་མི་དགའ་འམ་སྨྲས་པས་ཚང་མས་ཤིན་ཏུ་བདེན་པར་གོ་ནས་དཔོན་རྒན་བསད་པའི་ལོ་རྒྱུས་ཡོད། ཤར་རི་ལ་ཉག་ལྟོང་ཞིག་ཡོད་པ་ཡུལ་མི་ཚོས་བརྐོས་ཤུལ་ཡིན་སྐད། ཡང་དབྱི་འ་མར་མདའི་མཁར་གྱི་ནང་དབྱི་འ་གནམ་ཆ་ཚང་ཟེར་བའི་མི་ཁྱིམ་ཕྱུག་པོ་ཚང་ཞིག་ཡོད། མཁར་གྱི་ཤོད་ན་རེ་འབྱམས་ཤིག་ཡོད། ཐེངས་ཤིག་མཁར་ནང་དུ་འཁྲུགས་ཟིང་བྱུང་ནས་ཁྱིམ་བདག་གིས་གཞན་གཅིག་ལ་གྲི་རྨས་བྱས་པས་རེ་འབྱམས་ཀྱི་སྟེང་ཁྲག་འཐོར་བའི་རྐྱེན་གྱིས་རེ་འབྱམས་མཁར་ཤོད་ནས་ཐུར་གཡུ་ཆུའི་ནང་བུད་སོང་། དེ་ནས་ཁྱིམ་དེ་སྟོངས་སོང་བ་རེད་ཟེར་བའི་ངག་རྒྱུན་ཡོད། མདོར་ན་གནའ་བོའི་བོད་ཀྱི་ཐུན་མིན་རྡོ་རྩིག་ལག་རྩལ་ལས་བྱུང་བའི་མཁར་རྫོང་འདི་དག་ལ་མ་མཐའ་ཡང་མི་སྟོང་ཕྲག་ཡས་མས་ཀྱི་ལོ་རྒྱུས་ལྡན་པར་མ་ཟད་འདི་དག་གིས་མེས་པོ་གོང་མའི་ཕྱག་སྲོལ་གྱི་རྡོ་རྩིག་ལ་སྲ་བརྟན་མཛེས་གསུམ་སོགས་ཁྱད་ཆོས་ལྡན་ཞིང་། ས་གནས་འདི་དག་ཀྱང་ལོ་རྒྱུས་ཀྱིས་ཀུན་ནས་ཕྱུག་པའི་བདེན་དཔང་བྱས་ཡོད་པ་ཡིན་ནོ། །གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

རྒྱ་སྤྲུལ་མ་ཎི་ངོ་སྤྲོད།

གཡུ་སྨད་ཀྱི་ནེའུ་ཆེ་ཞེས་པའི་ལུང་པ་ནི་སྔོན་གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པ་ཚང་གི་ནང་མིའི་དབྱར་ས་ཡིན་ལ་རྒྱ་སྤྲུལ་རིན་པོ་ཆེའི་གཟུགས་སྐུའི་བཀོད་པ་དབྱིངས་སུ་ཐིམ་པའི་གནས་ཡང་ཡིན། སྐུ་གདུང་ཞུགས་འབུལ་བྱེད་སར་བཞེངས་པའི་སྐུ་གདུང་མཆོད་རྟེན་དེང་སྐབས་མཇལ་རྒྱུ་ཡོད་ལ་ས་དེར་སྐུ་གདུང་ལ་ཁ་ཞེས་ས་མིང་ཐོགས་ཡོད་པ་ཞིག་ཡིན།  སྐུ་གདུང་ལ་ཁ་ནས་ཡར་ལེ་དབར་གཉིས་ཙམ་ཕྱིན་ན་ལུང་སྟོད་ཀྱི་ཉག་ཁ་དང་ཉེ་བའི་རི་ངོས་ཀྱི་ལམ་ཟུར་དུ་གནའ་བོའི་རྡོ་བརྐོས་མ་ཎི་ཀ་ཆེན་རིང་ཚད་ལ་སྨི་ཕྱེད་གཉིས་ཅན་ཞིག་ཡོད། དེ་ནི་འགའ་རེས་གཡུ་ཁོག་རྒྱ་སྤྲུལ་ལམ་གཏེར་ཆེན་ལུང་རིག་གླིང་པ་ ༼༡༨༣༧ ༡༨༩༧༽སྐུ་དངོས་ཀྱི་ཕྱག་བརྐོས་ཡིན་ཟེར། འགའ་རེས་རྒྱ་སྤྲུལ་གྱིས་རྡོ་རྐོ་བ་གྲགས་ཅན་པདྨ་ཕུན་ཚོགས་ལ་བརྐོ་རུ་བཅུག་ནས་རྡོ་ཡོན་ལ་དྲེལ་ཞིག་བྱིན་པ་ཡིན་ཟེར། ཕྱི་མ་དེ་ལ་བདེན་ཁ་ཆེ་བར་སེམས་ཏེ། རྡོ་རྐོ་པདྨ་ཕུན་ཚོགས་ཀྱིས་བརྐོས་པའི་མ་ཎི་དང་ཤིན་ཏུ་འདྲ་བས་སོ། གང་ལྟར་ཡང་གཙོ་བོ་མ་ཎི་ཀ་ཆེན་དེ་ལ་རྒྱ་སྤྲུལ་རིན་པོ་ཆེ་དང་འབྲེལ་བའི་ངག་རྒྱུན་ལོ་རྒྱུས་ཤིག་ཡོད་པ་འདིར་བརྗོད་པར་འདོད། སྔོན་གཡུ་རོང་དུ་འདུས་བ་བསི་ཝོ་ཟེར་བའི་བླ་མ་དཀོར་རྒན་ཞིག་གྲོངས་དུས་རྒྱ་སྤྲུལ་རིན་པོ་ཆེ་འཕོ་འདེབས་ལ་གདན་འདྲེན་ཞུས། ཁོང་གིས་དེར་རྟེན་འགུགས་ལན་མང་བསྐྱར་བ་དང་འཕོ་བ་ཡུན་རིང་བར་གསུངས་པ་སོགས་མཛད། ཕྱིར་ཕེབས་ཁར་ཉེ་གནས་ཚོར་ད་རེས་བླ་རྒན་དེ་ལ་ཕན་ཆེན་པོ་ཞིག་ཐོགས་མ་ཐལ་གསུངས། དེ་རྗེས་ཐེངས་ཤིག་ཁོང་སྐུ་འཁོར་རྣམས་ནེའུ་ཆེའི་རྫ་སྟོད་ཀྱི་རྡོ་ལེབ་འདིའི་འགྲམ་དུ་སླེབས་སྐབས། སྐུ་འཁོར་རྣམས་ལ་རྡོ་ལེབ་འདི་ཡར་ཁོགས་གསུངས། དེ་བཀོག་པའི་འོག་ཏུ་སྦལ་བ་ཞིག་འབུ་སྲིན་མང་པོས་རུབ་ཏེ་གསོན་པོར་ཟ་ཞིང་སྡུག་བསྔལ་བར་ཡོད་པས། ཁོང་གིས་དེ་ལ་གསུང་ཆོག་མཛད་ནས་གནས་སྤར། སྦལ་བ་དེ་སྔར་བདུན་ཉིས་ཀྱི་བླ་རྒན་དེའི་སྐྱེ་བ་རེད་གསུངས། དེ་ནས་རྡོ་ལེབ་དེའི་ངོས་ལ་མ་ཎི་ཡིག་བདུན་མ་ཁོང་གིས་བརྐོས་པའམ་གཞན་ལ་བརྐོར་བཅུག་པ་གང་ལྟར་རྒྱ་སྤྲུལ་མ་ཎི་ཞེས་མིང་ཐོགས་སོང་བ་ཞིག་ཡིན། སྐུ་གདུང་ལ་ཁ་ཡན་ཆོད་ན་རྡོ་བརྐོས་མ་ཎི་འདི་མ་གཏོགས་མཐོང་རྒྱུ་མེད་ལ་ནེའུ་ཆེའི་ལུང་པའི་ནང་གི་རྡོ་བརྐོས་མ་ཎི་ཆེས་ཆེ་ཤོས་ཀྱང་ཡིན། འདིར་རྒྱ་སྤྲུལ་རིན་པོ་ཆེ་ཐོག་མཐའ་བར་གསུམ་དུ་ཕེབས་ཤིང་ཐུགས་བཀོད་དང་རབ་གནས་མཛད་ཡོད་པར་ཐག་གིས་ཆོད་དེ།  གོང་དུ་བཤད་པ་ལྟར་ནེའུ་ཆེ་ནི་རྒྱ་སྤྲུལ་ཚང་གི་ནང་མིའི་དབྱར་ས་ཡིན་པ་དང་། རྒྱ་སྤྲུལ་རིན་པོ་ཆེ་གནས་དེར་བཞུགས་པ། ཁོང་གཡུ་མཁར་དགོན་དང་གཡུ་རོང་དགོན་དུ་འཚོགས་ཞུགས་སོགས་སུ་ཕེབས་པའི་ཡར་མར་གྱི་ལམ་ཁ་ལྟ་བུ་ཞིག་ཡིན་པས་སོ། དུས་འགྱུར་ཆེན་མོའི་སྐབས་སུ་ཡང་ས་ཆ་ཁུག་གྱོག་ཡིན་རྐྱེན་སྐུ་གདུང་དང་མ་ཎི་གཉིས་ལ་གཏོར་སྐྱོན་སོགས་མ་ཕོག་པ་ཡིན་ནོ། །རྒྱ་སྤྲུལ་སྐུ་གདུང་དང་བྱིན་ལྡན་མ་ཎི་གཉིས་ཐོག་མར་མཇལ་བའི་དུས་ཏེ་རྒྱ་སྤྲུལ་ལུང་རིག་གླིང་པ་སྐུ་གཤེགས་ནས་མི་ལོ་༡༢༤ལ་སོན་པ་ལྕགས་བྱི་ས་ག་ཟླ་བའི་ཚེས་ཉེར་བདུན་ཉིན་གཡུ་ཁོག་ཡི་དམ་རྡོ་རྗེར་འབོད་པའི་འཁྱམ་པོ་དེས་བྲིས།

གཡུ་ཁོག་ཡུལ་གྱི་རི་བསང་རླུང་རྟ།

སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དཔལ་གྱི་བསམ་ཡས་བཞེངས་གྲུབ་པའི་ཚེ། སློབ་དཔོན་ཨོ་རྒྱན་པདྨས་ཡུལ་ལྷ་གཞི་བདག་རྣམས་ལ་གཏང་རག་ཏུ་རྒྱགས་བརྔན་ལྷ་བསང་ཆེན་མོ་མཛད་ཅིང་ལོ་དེའི་ཟླ་བ་ལྔ་པའི་ཚེས་བཅོ་ལྔ་ཉིན་བསམ་ཡས་ཧས་པོ་རིའི་རྩེ་ནས་བོད་ཀྱི་རྒྱལ་བློན་རྣམས་ཀྱིས་འཛམ་བུ་གླིང་གི་ཡུལ་ལྷ་གཞི་བདག་རྣམས་ལ་བསང་མཆོད་རྒྱ་ཆེན་པོ་མཛད་པ་ལ་འཛམ་གླིང་དུ་སྤྱི་བསང་དུ་གྲགས་ཤིང་དེ་ཕྱིན་བོད་ཀྱི་ས་གནས་རྣམས་སུ་སྲོལ་རྒྱུན་དུ་བྱུང་བ་ལྟར་མདོ་ཁམས་གཡུ་ཁོག་གི་ཡུལ་དུ་ཡང་རི་བསང་རླུང་རྟ་བྱེད་རྒྱུ་ནི་ལོ་རེའི་དུས་མཆོད་དམ་ཡང་ན་བྱ་བ་གང་ཞིག་བསྒྲུབ་པའི་སྔོན་འགྲོ་གལ་ཆེན་ཞིག་ཏུ་བརྩི། སྤྱིར་བསང་ལ་ཡུལ་ལྷ་གཞི་བདག་གནས་པའི་རི་རྩེའམ་མདུན་ནས་བསང་མཆོད་བྱེད་པ་ལྟ་བུ་རི་བསང་དང་། རུ་གྲོང་དུ་རང་རང་གི་སྦྲའི་ཕུག་གམ་ཁང་སྟེང་སོགས་ནས་བསང་གཏོང་བ་ལྟ་བུ་གྲོང་བསང་། རུ་སྤོ་སྐབས་དང་མགྲོན་དུ་འགྲོ་བའི་ལམ་གྱི་ཇ་སྐབས་ལྟ་བུར་ཐབ་ཀའི་ནང་དུ་བསང་གཏོང་བ་ལྟ་བུ་ཐབ་བསང་། བླ་མ་དང་མི་ཆེན་བསུ་སྐྱེལ་སྐབས་ལམ་ཁ་ནས་བསང་གཏོང་བ་ལྟ་བུ་ལམ་བསང་། ལྷ་ཆབ་སྔོན་མོ་ལྟ་བུ་མནོལ་བསང་སོགས་ཀྱི་དབྱེ་བ་ཡོད། ལོ་ལྟར་བོད་ཟླ་ལྔ་པའི་ནང་གཡུ་དགོན་གྱི་བླ་སེར་རྣམས་དང་ཡུལ་གྱི་ཕོ་སྐྱེས་ཡོངས་རྫོགས་ཡུལ་ལྷའི་གཙོ་བོ་དགེ་བསྙེན་རྡོ་རྗེ་གཡུ་ཁྲོམ་གྱི་མདུན་དུ་འཛོམས་ནས་སྤྱི་བསང་གཏོང་བ་ཡིན། དེ་ཡང་ཉིན་འགའི་སྔོན་ནས་བསང་མཆོད་ཀྱི་སྟ་གོན་སེས་ཐུ་རྔོ་བ། རླུང་རྟ་དཔར་བ། རླུང་ཤིང་འཐུ་བ། མར་གསར་གྱི་རིལ་བུ་ཁྱིམ་མིའི་གྲངས་སམ་བཅུ་གསུམ། ཆང་དང་། བསང་རྫས་བརྒྱ་རྩ་སོགས་སྟ་གོན་བྱེད། དེ་ཡང་སེས་ཐུ་ནི་ཡུལ་སྐད་ཡིན་ལ་བསང་གཞུང་དུ་ཤེལ་ཚིག་སྟེ་ནས་བརྔོས་པའི་ཡོས་བཅུ་ཆ་གཅིག་ཙམ་ཚིག་ལ་མ་ཚིག་པའི་ནག་པོ་དང་། བཅུ་ཆ་དགུ་ཡོས་ཁྲ་རང་དུ་ཡོད་པ་ཞིག་དགོས་ཏེ་ཤེལ་ཚིག་ཁྲི་དཀར་སྟོང་ནག་ཟེར། ཆགས་མེད་རིན་པོ་ཆེས། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། །རྟ་ནོར་ལུག་གསུམ་ཁྱུ་རུ་དམིགས། གསུངས་པ་ལྟར་རོ།། སེས་ཐུའི་ནང་དུ་ཀ་ར་དང་། ཆུར་བ། ཤིང་ཏོག་གི་རིགས་རྣམས་ཀྱང་བསྲེ་སྲོལ་ཡོད། རླུང་རྟ་ནི་འགྲོ་བ་མིའི་རིགས་ཀྱི་སྲོག་ལུས་དབང་ཀླུང་དར་གུད་ལ་ལྟོས་ནས་བདེ་སྡུག་འབྱུང་ཕྱིར་རྒུད་པ་དར་བར་བྱེད་པའམ། ཁ་རྗེ་དབང་ཐང་། ཚེ་བསོད་སྟོབས་འབྱོར་གོང་ནས་གོང་དུ་བསྐྱེད་བྱེད་དུ་འབུལ་བ་ཡིན་ལ། རླུང་རྟའི་ཁ་ཏོག་ཀྱང་མཐུན་གསུམ་ལོ་པའི་ཀླུང་རྟའི་ཁམས་གང་ཡིན་ཀྱི་མ་མདོག་གཙོ་བོར་བྱེད་པ་དང་། ཀླུང་ཁམས་རང་མདོག་གཙོ་བོར་བྱེད་པའི་ལུགས་གཉིས་ཡོད་ལ། དང་པོ་ལྟར་ན་སྟག་རྟ་ཁྱི་གསུམ་ལོ་པའི་ཀླུང་ཁམས་ལྕགས་ཡིན་ན། ལྕགས་མ་ས་ཡིན་ཕྱིར་སེར་པོ་མཆོག ལྕགས་རང་མདོག་དཀར་པོ་འབྲིང་། ལྕགས་དགྲ་མེ་ཡིན་པས་དམར་པོ་མི་རུང་། དེ་བཞིན་དུ་ཕག་ལུག་ཡོས་གསུམ་ལོ་པའི་ཀླུང་ཁམས་མེ། མེ་མ་ཤིང་ཡིན་པས་ལྗང་གུ་མཆོག མེ་རང་མདོག་དམར་པོ་འབྲིང་། མེ་དགྲ་ཆུ་ཡིན་སྔོན་པོ་མི་རུང་། བྱི་འབྲུག་སྤྲེལ་གསུམ་ལོ་པའི་ཀླུང་ཁམས་ཤིང་། ཤིང་མ་ཆུ་ཡིན་སྔོན་པོ་མཆོག ཤིང་རང་མདོག་ལྗང་གུ་འབྲིང་། ཤིང་དགྲ་ལྕགས་ཡིན་དཀར་པོ་མི་རུང་། བྱ་གླང་སྦྲུལ་གསུམ་ལོ་པའི་ཀླུང་ཆུ་ཁམས། ཆུ་མ་ལྕགས་ཡིན་དཀར་པོ་མཆོག ཆུ་རང་མདོག་སྔོན་པོ་འབྲིང་། ཆུ་དགྲ་ས་ཡིན་པས་སེར་པོ་མི་རུང་བར་བཤད། གཉིས་པ་ལྟར་ན་ཀླུང་ཁམས་རང་མདོག་གཙོ་བོར་བྱེད་ཚུལ་ནི་གོང་གི་འབྲིང་པོ་ཐམས་ཅད་མཆོག་ཏུ་བྱེད་པ་ཡིན། རླུང་རྟའི་ངོས་སུ་བཀྲ་ཤིས་པ་དང་དཔལ་དང་ཕུན་ཚོགས་ཀུན་ནས་གནས་ཤིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་ཕྱིར་འཕགས་པ་རྒྱལ་མཚན་རྩེ་མོའི་གཟུངས་དཔར་བ་དང་། ཡང་རླུང་རྟ་རྟ་འཁོར་མ་ཞེས་པ་མེ་ཁམས་ཀྱི་སྲོག་ལུས་དབང་ཀླུང་བསྐྱེད་བྱེད་རྒྱ་སྟག་དམར་པོ། ཆུ་ཁམས་བསྐྱེད་བྱེད་གཡུ་འབྲུག་སྔོན་མོ། ཤིང་ཁམས་བསྐྱེད་བྱེད་བྱ་ཁྱུང་རྒྱལ་པོ། ལྕགས་ཁམས་བསྐྱེད་སེང་གེ་དཀར་མོ། ས་ཁམས་བསྐྱེད་བྱེད་འགྲོས་ལྡན་རྟ་མཆོག་བཅས་ཀྱི་རི་མོ་དང་། བར་མཚམས་སུ་རླུང་རྟ་བསྐྱེད་སྔགས་སོགས་ཡོད་པ་དཔར་དུ་འདེབས། ཀླུང་རྟའི་དགྲ་མདོག་གི་དར་ལྕེ་དང་། བལ་དཀར་གཙང་མའི་སྐུད་པས་ཁ་ལུང་བཏགས་ཏེ་ལྷ་ཤིང་ཤུག་པ་ལས་བྱས་པའི་རླུང་ཤིང་སྟེ་དར་ཡུ་དྲང་ཞིང་ལྡེམ་པ་ལ་འདོགས། རྩེ་མོའི་ཤུག་ལོ་བལ་ཚོན་གྱིས་བརྒྱན་ནས་སྦྲ་ཁང་གི་ཕུག་ཏུ་བརྟན་པར་འཛུག སེས་ཁུག་གམ་སེས་ཏ་ནང་དུ་སེས་ཐུ་བླུགས་ནས་རླུང་རྟའི་ཉེ་དྲུང་དུ་འཇོག་ལ་ཤུག་བདུག་བྱ་ཞིང་མཚན་མོ་སྐར་འོད་ཕོག་པར་བྱེད། སྤྱིར་བསང་མཆོད་སྐབས་ཀྱི་འཛེམ་བྱ་ནི། ལོ་དེའི་ནང་མི་ཤི་བའི་ཁྱིམ་ལ་གཞི་རྩོག་མ་དང་། རོ་ཁུར་མཁན་ལ་ལག་རྩོག་མ་ཟེར་ཞིང་ལོ་གཅིག་གི་རིང་ལ་བསང་མཆོད་དུ་འགྲོ་བ་དང་རྫས་བསྲེ་བ་སོགས་མི་བྱེད། བསང་རྫས་སྟ་གོན་དང་བསང་མཆོད་དངོས་ཀྱི་སྐབས་ཁ་ལག་བཀྲུ་བ་སོགས་ཧ་ཅང་གཙང་སྦྲ་བྱེད་ཅིང་ངན་སྙིགས་དང་ཟས་འཕྲོ་སོགས་ཀྱིས་བསང་རྫས་མི་བྱེད། བསང་རྫས་སྟ་གོན་བྱས་ནས་ཤུག་བདུག་དང་སྐར་འོད་ལ་བཞག་རྗེས་བུད་མེད་ཀྱིས་མི་རེག་པ་དང་རི་བསང་ལ་འགྲོ་བའི་སྔ་ནུབ་ཏུ་བཟའ་ཚང་ཡིན་ཀྱང་ལྷན་ཅིག་ཏུ་མི་ཉལ། རི་བསང་ལ་འགྲོ་སྐབས་བོད་ཆས་སྤྲས་ནས་ཞོན་རྟ་སོགས་སླར་ཡང་ཤུག་བདུག་བྱེད་པའི་སྲོལ་ཡོད། རི་བསང་དངོས་ཀྱི་སྐབས་བླ་སེར་རྣམས་ཀྱིས་རི་ཁྲུས། འཁོར་འདས་མཆོད་པ་དང་བསང་གཞུང་ཆེན་མོ་གང་རུང་དང་། བུམ་གཏེར་སྦ་ཐབས། ལབ་ཙེ་བསྟོད་ཆོག ཤིང་རིས་བཅུ་གསུམ་འབུལ་ཐབས་སོགས་གསུང་སྲོལ་ཡོད། སྐྱེས་པ་ཚོས་བསང་ཤུག་འཐུ་ཞིང་བསང་གཏོང་། ཇ་ཕུད། ཆང་ཕུད། འོ་ཞོ། ཕྱེ་མར། དར་ཚོན། ཤེལ་ཚིག མཆོད་གཏོར་སོགས་འབུལ་ཚིག་དང་སྦྲགས་ནས་བསང་ནང་དུ་མཆོད། བསང་གཏོང་བྱེད་ནི་གཙོ་བོ་ཤུག་པ་དང་གཞན་ལྷ་ཤིང་གི་རིགས་རྣམས་ཏེ། ཆགས་མེད་རིན་པོ་ཆེས། སུར་དཀར་དུང་ལོ་ཞི་བའི་ཤིང་། །སྟག་པ་གསེར་ལོ་རྒྱས་པའི་ཤིང་། །ཤུག་པ་ཙན་དན་དབང་གི་ཤིང་། ཨ་ག་རུ་ནི་དྲག་པོའི་ཤིང་། ཞེས་དང་། བ་ལུ་དཀར་པོ་ལྷ་ཡི་ཤིང་། །འོམ་བུ་ཀླུ་ཤིང་སྨན་གྱི་མཆོག །སྟག་པ་སེར་པོ་གཉན་གྱི་ཤིང་། །ཉ་བྲུག་ས་བདག་གཉན་གྱི་ཤིང་། །གསུངས་པ་ལྟ་བུའོ། །རླུང་རྟ་བསྐྱེད་པའི་དུས་ཞོན་རྟ་ཁྲིད། རླུང་རྟ་བཟུང་ནས་བསང་སྐོར་ལན་གསུམ་བྱེད་ཅིང་རང་རང་གིས་གང་ཤེས་པའི་ཁ་སྨོན་དང་བཅས་ལབ་ཙེ་འཕྱོར་རྫིག་ཉི་ལེ་བསྟོད། དེ་ནས་གཡུ་མཁར་ཐང་སྨད་ཀྱི་གཞི་བདག་བདག་གཉན་པོ་གཡུ་རྩེ་ལ་ཡུལ་དགོན་གཉིས་ཆར་གྱིས་བསང་རླུང་རྟ་བྱེད། དེ་ནས་རང་རང་གང་དུ་ཡོད་པའི་ཡུལ་རིའི་གཞི་བདག་བདག་རྣམས་ལ་བསང་རླུང་རྟ་བྱེད་པ་ཡིན། བསང་མཆོད་དུས་སུ་དུ་བ་ལ་བཟང་རྟགས་དང་ངན་རྟགས་གཉིས་དཔྱད་དུ་ཡོད། བཟང་རྟགས་ནི་དུ་བ་ཁ་ཏོག་དཀར་ལ་ཟླུམ་པོའི་དབྱིབས་བྱུང་ན་ནད་གདོན་ཞི་བའི་རྟགས། ལྗང་སེར་ནོར་བུའི་དབྱིབས་བྱུང་ན་ཚེ་བསོད་རྒྱས་པའི་རྟགས། དམར་སེར་པདྨ་འདྲ་ན་ཁམས་གསུམ་དབང་དུ་འདུ་བའི་རྟགས། རྒྱ་གྲམ་དང་རལ་གྲིའི་དབྱིབས་བྱུང་ན་དགྲ་བགེགས་བར་ཆད་མེད་པའི་རྟགས། དུ་བ་གྱེན་དུ་དྲང་ཐལ་ལེ་འགྲོ་བ་རླུང་རྟ་དར་བའི་རྟགས། གཡས་སུ་འཁྱིལ་ཞིང་ཕྱུར་ཕྱུར་འགྲོ་ན་ཕོ་ལྷ་དར། གཡོན་དུ་འཁྱིལ་ཞིང་མཛེས་པར་བྱུང་ན་མོ་ལྷ་དགྱེས། ཁ་ཏོག་དཀར་ན་ལྷ་ལ་མནོལ་བག་མེད་པས་ངོ་སོ་མཐོ། སྔོན་པོ་མཐིང་འོད་འཚེར་ན་བཟང་། གདུགས་དང་རྒྱལ་མཚན་སོགས་བཀྲ་ཤིས་པའི་རྫས་དང་། དཔག་བསམ་ཤིང་། སྤྲིན་རིས། འབྲུག་ལྟ་བུ་བྱུང་ན་བཟང་བཤད། ངན་རྟགས་དུ་བ་དམར་ཤིག་ཤིག སྐྱ་ལྷབ་ལྷབ་འདྲ་ན་ངན། དུ་བ་ནམ་མཁར་མི་འགྲོ་བར་སྐྱ་བུན་བུན་ས་ལ་ཐུར་འགྲོ་བ། སོག་ལེ་འདྲ་བ། སྦྲུལ་ནག་ཐུར་དུ་རྒྱུག་འདྲ། སྔོ་དམར་བྱུང་ན་ལྷ་འཁྲུགས་ངོ། མེ་སྦར་ནས་འབར་དུ་མི་ཉན་པ་རྣམས་ནི་ཕུད་ཉམས་ལྷག་ཤོར་སེར་སྣ་ཤོར་བ་སོགས་ཀྱི་རྟགས་སུ་བཤད། དུ་བ་ལེགས་པར་འཐུལ་ཞིང་འབར་སྐྱེན་ན་རླུང་རྟ་དར། དོན་གྲུབ་པ་ལ་ཚེགས་མེད། ཤིན་ཏུ་འབར་དཀའ་ན་དོན་མི་འགྲུབ་སོགས་བརྟགས་སྲོལ་ཡོད་པ་ཡིན། ལྷ་བསང་གཏོང་བའི་གཟའ་སྐར་ཡང་གཟའ་དར་བ་བཀྲ་ཤིས་པའི་ཉི་མ་དང་འགྲུབ་པའི་སྦྱོར་བ་དང་། སྡེ་བརྒྱད་ཐེབས་ཡོད་ན་བཟང་། དམིགས་བསལ་ཉི་མ་ནག་པོར་བསང་བྱས་ན། །ལྷ་འདྲེ་ཐམས་ཅད་འཁྲུགས་པའི་གཞི། སྟག་གི་ཉི་མར་བསང་བྱས་ན། །ཁྲོས་ནས་ན་ཤི་དུར་གསུམ་འོང་། སྡེ་བརྒྱད་ལྡོག་ན་ཕན་གནོད་མེད། བསང་གཏོང་དུ་མི་རུང་བ་དུད་མེ་སོལ་གསུམ་ཡིན། ཞེས་སོགས་ལེགས་ཉེས་བརྟགས་པའི་སྲོལ་ཡོད། བསང་མཆོད་སྐབས་ཀྱི་དམིགས་པ་དང་དེའི་ཕན་ཕོན་ནི། བསང་དུད་ཀྱི་ཀློང་ནས་བསང་གི་ལྷ་མོ་སྔོན་མོ་གཡས་བདུད་རྩིའི་བུམ་པ་དང་། གཡོན་སྨན་གྱི་གཞོང་པ་འཛིན་པ་དཔག་ཏུ་མེད་པ་འཕྲོས་ཤིང་ཕྱག་གི་བུམ་པ་ནས་བདུད་རྩིའི་ཆབ་རྒྱུན་གཏོར་ཏེ། མི་གཙང་བ་ཐམས་ཅད་བསངས་ཤིང་དག སྨན་གཞོང་ནས་མཆོད་པའི་སྤྲིན་ཕུང་གི་དྲི་བཟང་ཕྱོགས་ཐམས་ཅད་དུ་ཁྱབ། མཆོད་རྫས་ཡོ་བྱད་འདོད་ཡོན་སྤྱན་གཟིགས་སྣ་ཚོགས་པས་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་གང་བ་མགྲོན་རིགས་སོ་སོར་གང་ལ་གང་འདོད་དུ་དམིགས་ཏེ་ཕུལ་བས་དཀོན་མཆོག་སྲིད་ཞིའི་མགྲོན་ཀྱི་ཐུགས་དམ་བསྐང་། མགོན་པོ་ཡོན་ཏན་མགྲོན་རྣམས་དགྱེས་པ་བསྐྱེད། བགེགས་རིགས་ལན་ཆགས་མགྲོན་རྣམས་ངོམས་ཤིང་ཚིམ། རིགས་དྲུག་སྙིང་རྗེའི་མགྲོན་གྱི་སྡུག་བསྔལ་ཞི་བར་བྱེད་པ་སོགས་མདོར་ན་ཚོགས་གསོག་སྒྲིབ་སྦྱང་མཆོག་ཐུན་གྱི་དངོས་གྲུབ་འཐོབ་པར་བྱེད་པའམ་མཆོད་སྦྱིན་གྱི་ཆོ་ག་ཁྱད་པར་བ་ཞིག་ཡིན་ནོ།། ས་ཕག་བོད་ཟླ་ལྔ་པའི་ཡར་ཚེས་བཅུའི་ཉིན་གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

གླིང་གེ་སར་རྒྱལ་པོ་སྐུ་འཁོར་གཡུ་ཁོག་ཏུ་ཕེབས་པའི་རྗེས་ཤུལ་གསལ་བཤད།

དེ་ཡང་གླིང་གེ་སར་རྒྱལ་པོ་དཔའ་ཐུལ་ཕུ་ནུ་ལྷ་འཁོར་དང་བཅས་པའི་སྐུ་དུས་སུ། གཡུ་ཁོག་ཡུལ་གྱི་ས་ཆའི་སྤྱི་མིང་ལ་གཡུའི་རོང་ཆུང་ཁོག་གམ་རོང་ཆུང་སྐྱ་རིས་ཁོག་ཟེར་ཞིང་། རྨོ་རྐོ་སོ་ནམ་བྱེད་པའི་རོང་སྡེ་ཞིག་ཡིན་པར་བཤད། ཡུལ་དེར་གཡུ་རོང་སྒེག་གི་རྒྱལ་པོའམ། སྒེག་ཙི་ལིའི་རྒྱལ་པོ་ཟེར་བ་ཞིག་གིས་གཡུའི་སྟོད་སྨད་སྒེག་དང་བཅས་པ་བཟུང་སྟེ་ཡོད་པའི་དུས་སུ་གླིང་གེ་སར་སྐུ་འཁོར་གཡུ་རོང་ཡུལ་དུ་ཐེངས་གཉིས་བྱོན་པར་བཤད། ཐེངས་དང་པོར་སྟག་རོང་གི་ལྷ་གཡག་གི་རྩད་གཅོད་དུ་ཕེབས་ནས་གཡུ་གླིང་འདུན་མ་གཏམ། ཐེངས་གཉིས་པར་རྒྱ་ནག་ཇ་རྫོང་འབེབས་སྐབས་མཁོ་བའི་ནོར་རྫས་འགའི་ཆེད་དུ་ཕེབས་པའི་ངག་རྒྱུན་དང་སྒྲུང་ཡིག་གཉིས་ཆར་ཡོད། གཡུ་ཁོག་བྱ་བྲལ་བའི་སྐུ་མཆེད་གཡུ་ཁོག་གི་སྒྲུང་བ་ཁྱི་ཤུལ་རིག་བཟང་༼༡༨༤༥ ༡༩༤༩༽གིས་ཕབ་པའི་འཁྲུངས་གླིང་དུ། ལྷ་སྲས་ཇོ་རུ་དགུང་གྲངས་བཅུ་གསུམ་བཞེས་སྐབས་ཨ་ནེ་གུང་སྨན་རྒྱལ་མོས་ལུང་བསྟན་ནས། ཉག་གི་ཨ་བསེ་རྒྱལ་པོ། མི་ཉག་ཁྲི་བཙུན་རྒྱལ་པོ། གཡུ་རོང་སྒེག་གི་རྒྱལ་པོ་གསུམ་དབང་དུ་བསྡུས་ནས་ཕྱོགས་ཀྱི་རྫོང་ཁག་འབེབ་དུས་མཁོ་བའི་གཅེས་ནོར་རྣམས་གླིང་ལ་ལེན་དགོས་གསུངས་པ་ལྟར། བུ་ཇོ་རུས་ཨ་ཁུ་ཁྲོ་ཐུང་ཚང་གི་ལྷ་ལུག་དང་། ལྷ་རྟ། ལྷ་གཡག་གསུམ་བཤས་ནས་རྐུན་མས་ཁྱེར་ཁུལ་གྱི་རྗེས་སྣེ་ས་གནས་སོ་སོར་བཞག་ཅིང་། ལྷ་གཡག་གི་རྩད་གཅོད་དུ་ཁྲ་མོ་གླིང་གི་ལས་དམག་གཡུའི་རོང་ཆུང་ཁོག་ཏུ་ཕབ་ཏེ། ཁྲོ་ཕུ། ཁྲོ་ཤུར། ཁྲོ་མདའ་གསུམ་ལ་ཁྲོ་ཐུང་གི་དམག་སྒར་བབས། སྒེག་གི་ལུང་པར་འདན་མའི་དམག་སྒར་བབས། ཆོས་ཁྲིའི་ཐང་ལ་ཆེ་རྒྱུད་ཚང་གི་ལས་དམག་བབས་ཤིང་། བོད་ཕྲུག་མི་ཆུང་ཁ་བདེས་ཕན་ཚུན་འཕྲིན་པ་བྱས་ནས་གཡུ་གླིང་འདུམ་འགྲིག་སྟག་སེང་ཁ་སྤྲོད་བྱུང་ཞིང་གཡུ་རོང་རྒྱལ་པོས་ཉི་མ་འཕྲུལ་གྱི་ཞགས་པ། ཟླ་བ་འཕྲུལ་གྱི་ནོར་བུ། སྐར་མ་འཕྲུལ་གྱི་བང་མཛོད། འཇིག་རྟེན་འཕྲུལ་གྱི་མེ་ལོང་། ཤེས་རབ་འཕྲུལ་གྱི་རལ་གྲི་སོགས་ལྷ་སྲས་ཇོ་རུ་ལ་ཕུལ། དབྱི་སྙིང་དགྲ་བླའི་སྒང་ལ་ལྷ་གསོལ། གཡུ་མཁར་རལ་གྲིའི་ཐང་དུ་རྟ་བརྒྱུགས། འཁྱིལ་ཆེན་ཤོ་རྡེའུ་ཐང་དུ་ཤོ་འཕངས། སྒེག་གི་བདར་རྡོའི་ཐང་དུ་མཚོན་བདར། བྲག་དམར་བོལ་གོང་ཐང་དུ་སྟོབས་འགྲན། གྱུ་ཁུག་རྟ་ཤར་རྩེ་ནས་རི་གཟིགས་མཛད་པ་སོགས་བྱས་མཐར། ལྷ་སྲས་ཇོ་རུས་དབྱི་སྙིང་དགའ་བའི་ཚལ་དུ་གཡུ་ཕུག་རོན་ཙམ་དང་། ཆོས་ཁྲིའི་ཐང་དུ་ཟངས་དཀར་གཡང་རྫས་ཀྱིས་བཀང་བ་གཏེར་དུ་སྦས། གཡུ་ཁོག་གི་སྡེ་བ་གླིང་གི་མངའ་འབངས་སུ་གཏོགས་པའི་བཀའ་གཙིགས་ཀྱི་རྡོ་རིང་བཙུགས། གཡུ་རོང་རྒྱལ་པོ་རང་སར་དཔོན་དུ་བཞག་པའི་ལོ་རྒྱུས་སྒྲུང་ཡིག་ཡོད། སྐབས་དེའི་རྗེས་ཤུལ་དེང་སྐབས་ཡོངས་གྲགས་སུ་ཡོད་པ་དག་ཅུང་ཟད་གསལ་བར་བཤད་ན། གཡུ་སྒེག་གཉིས་ཀྱི་འདུས་མཚམས་ཀྱི་རི་སྒང་དུ་གཡུ་རོང་རྒྱལ་པོའི་མཁར་ཤུལ་དང་རྡོ་གཏུན་ཡོད། རི་སྒང་ནས་སྒེག་གི་ཆུ་འགྲམ་བར་ཕུག་ལམ་བྱས་ཡོད་ཅིང་དེ་ནི་ཆུ་ལེན་དུ་འགྲོ་ལམ་ཡིན་པར་བཤད། མཁར་འགྲམ་གྱི་བྲག་ངོས་སུ་༼༡ གེ་སར་ཞབས་རྗེས་ཡོད།

༼༢ གཡུའི་ཆོས་ཁྲི་ཐང་། ཐང་འདི་ནས་ཀརྨ་པ་སྐུ་ཕྲེང་བཞི་པ་དང་བཅུ་པ། མི་ཉག་འཇམ་དབྱངས་གྲགས་པ། སི་ཏུ་ཆོས་འབྱུང་། མ་ཎི་བླ་མ་པདྨ་སིདྡྷི། རྫོགས་ཆེན་དཔལ་སྤྲུལ་སོགས་ཀྱིས་ཆོས་གསུངས་པ་སོགས་ལོ་རྒྱུས་ལྡན་པའི་ཐང་ཤིག་ཡིན་པ་གཞིར་བྱས། ལྷ་སྲས་ཇོ་རུ་སྐུ་འཁོར་གཡུ་ཁོག་ཏུ་ཕེབས་ནས་གཡུ་རོང་སྒེག་ཙི་ལིའི་རྒྱལ་པོ་དབང་དུ་བསྡུ་སྐབས་དད་ལྡན་མང་ཚོགས་ལ་ཆོས་གསུངས་པས་ཆོས་ཁྲི་ཐང་ཐོགས་པ་ཡིན་ཟེར་བའི་ངག་རྒྱུན་ཀྱང་ཡོད། ༼༣ གེ་སར་ཤུག་པ། ཆོས་ཁྲིའི་ཐང་སྟོད་ན་དེའུ་ཆུང་ཞིག་གི་མགོར་ཤུག་པ་ཞིག་སྐྱེས་ཡོད་པ་དེ་ནི་ལྷ་སྲས་ཇོ་རུས་ཟངས་དཀར་གཡང་རྫས་ཀྱིས་བཀང་བ་ས་བཅུད་ཡུལ་རྟེན་དུ་གཏེར་དུ་སྦས་པའི་ཟངས་ཀྱི་ཁ་ལེབ་ལས་ཤུག་པ་དེ་སྐྱེས་པ་ཡིན་ཟེར་བ་དང་། དེའུ་འདིའི་ནང་གེ་སར་གྱི་ཟངས་དཀར་ཡོད་ཟེར་བ་སོགས་ཀྱི་ངག་རྒྱུན་ཡོད། ༼༤ གེ་སར་སྦྲ་མལ་ཞེས་པ་གེ་སར་ཤུག་པའི་མཐའ་སྐོར་དུ་ས་སྒང་གྲུ་བཞིར་ཡོད་པ་དེ་གེ་སར་གྱི་སྦྲ་ཕུབ་ཤུལ་ཡིན་པར་བཤད། ༼༥ གེ་སར་རྟ་ཕུར། གེ་སར་ཤུག་པའི་ཉེ་འགྲམ་དུ་གེ་སར་གྱི་རྟ་བཏགས་ས་ཡིན་ཟེར་བའི་རྡོ་ཕུར་བ་ལྟ་བུ་ཞིག་ཡོད།༼༦ གཡུའི་ཁྲོ་ཤུར། གླིང་གེ་སར་སྐུ་འཁོར་གཡུ་ཁོག་ཏུ་ཕེབས་སྐབས་སྟག་རོང་ཁྲོ་ཐུང་གི་ལས་དམག་ས་ཆ་འདི་ནས་བྱོན་པས་སྒང་གཤོང་དེ་ལ་ཁྲོ་ཤུར་དང་། དེའི་སྒང་རྒྱུད་ལ་ཁྲོ་སྒང་། གཡས་ཕྱོགས་ཀྱི་གདོང་ལ་ཁྲོ་འཕོངས། མདའ་ལ་ཁྲོ་བུག་ཞེས་ས་མིང་ཐོགས་པ་ཡིན་ཚུལ་བཤད་དུ་ཡོད། ༼༧ འཁྱིལ་ཆེན་རྟ་ཤར་རྨོག་མཐོ། འདིའི་རྩེ་ནས་རྒྱ་དཀར་ནག་གི་ཡུལ་གྲུ་དུ་མ་མཐོང་ཕྱིར་གཡུ་གླིང་གི་དཔོན་བློན་ཚོས་རི་གཟིགས་མཛད་པ་ཡིན་ཟེར་བའི་ངག་རྒྱུན་ཡོད། ༼༨ ཤོ་རྡེའུ་ཐང་། འཁྱིལ་ཆེན་ཁོག་ཏུ་གཡུ་གླིང་གཉིས་ཀྱི་དཔོན་བློན་ཚོས་ཤོ་རྩེད་མཛད་པས་ས་དེར་ཤོ་རྡེའུ་ཐང་ཐོགས་པ་ཡིན། དེའི་སྐབས་ཀྱི་ཤོ་རྡོ་ཡིན་ཟེར་བའི་ཕ་ཝཾ་གྲུ་བཞི་ཞིག་ཐང་སྟོད་དེར་དེང་སྐབས་ཀྱང་ ཡོད། ༼༩ བརྡར་རྡོའི་ཐང་། སྒེག་མདའ་དང་ཉེ་བའི་སར་གླིང་གི་དཔའ་ཐུལ་ཚོས་མདའ་མདུང་རལ་གྲི་སོགས་མཚོན་བརྡར་བས་བརྡར་རྡོའི་ཐང་ཐོགས་པའི་ངག་རྒྱུན་དང་། དེའི་སྐབས་ཀྱི་བརྡར་རྡོ་ཡིན་ཟེར་བའི་རྡོ་ཞིག་ཀྱང་མཇལ་རྒྱུ་ཡོད། ༼༡༠ བྲག་དམར་བོལ་གོང་ཐང་། ཡུལ་སྐད་དུ་བོ་སྒོ་ཞེས་སུ་གྲགས་པར་གཡུ་གླིང་དཔོན་བློན་རྣམས་ཀྱི་ཤེད་རྩལ་འགྲན་བསྡུར་བྱས་པའི་ལོ་རྒྱུས་ཡོད། ༼༡༡ དགའ་སྤྲོའི་ལ་ཁ། ཡུལ་སྐད་དུ་དགོད་བྲོའི་ལ་ཁ་ཟེར་བའི་ས་དེར་གཡུ་གླིང་གཉིས་འདུམ་འགྲིག་གི་དགའ་སྟོན་བྱས་པས་དགའ་སྤྲོའི་ཐང་ཞེས་མིང་དེ་ལྟར་ཐོགས་པའི་ངག་རྒྱུན་ཡོད། ༼ ༡༢ སྤྱི་དཔོན་ལྷ་མདའ། དབྱི་སྙིང་དབེན་རི་ནས་གླིང་ཨ་ཁུ་སྤྱི་དཔོན་སྐུ་མཚམས་ལ་བཞུགས་པའི་ངག་རྒྱུན་དང་། སྤྱི་དཔོན་གྱི་ལྷ་མདའ་ཡིན་ཟེར་བའི་ཐང་ཤིང་རྩེ་མོ་བདུན་སྒྲིག་ཅན་ཞིག་སྔོན་དུས་སུ་ཡོད། ༼ ༡༣ དགྲ་བླའི་སྒང་། དབྱི་སྙིང་ལ་ཁའི་ནགས་རིའི་རི་སྒང་དུ་གླིང་གི་དཔའ་ཐུལ་ཚོས་དགྲ་བླ་ཝེར་མའི་ཚོགས་ལ་བསང་མཆོད་བྱས་པས་ས་མིང་དེ་ལྟར་ཐོགས། ༼༡༤ གཡུ་མཁར་ཐང་། ཐང་དེར་གཡུ་གླིང་གཉིས་ཀྱིས་རྟ་རྒྱུག་བྱས་པའི་ལོ་རྒྱུས་ཡོད། གཡུ་གླིང་འདུན་མ་གཏམ་རྗེས་གཡུ་རོང་རྒྱལ་པོས་རང་གི་བུ་ལ་དཔོན་གྱི་གོ་གནས་སྤྲད་ཅིང་དམག་བུ་རྟའི་དཔུང་བསྐྱེད། སྡེ་འབངས་ལ་དཔྱ་ཁྲལ་བསྡུས། ཨ་སེན་རྦ་མདོ་རུ་མཁར་རྫོང་བརྩིགས། འགག་སྲུང་བཞག་ནས་ལམ་ཁྲལ་བསྡུས། གཡུའི་སྒེག་མདའ་རུ་ལམ་སྲུང་དང་ཁྲལ་ལེན་པ་བཞག་ནས་བསྡད་སྐབས། ཐེངས་ཤིག་སོག་ཡུལ་གྱི་མགྲོན་པོ་གླང་འདེད་ཞིག་ལ་ལམ་ཁྲལ་སྟེར་རྒྱུ་མེད་པས་ཨ་སེན་རྦ་མདོའི་ལམ་སྲུང་གིས་གླང་རྒྱབ་ཀྱི་སྒ་བླངས་ནས་བཏང་། སྒེག་མདོའི་ལམ་སྲུང་གིས་གླང་གི་དཔྱི་རྒྱབ་ནས་ཀོ་བ་ལྷམ་མཐིལ་ཙམ་བཅད་སོང་བ་སོག་ཨོ་ལོད་རྒྱལ་པོས་གོ་ནས་སོག་དམག་གཡུ་ཁོག་ཕྱོགས་སུ་དྲངས་ནས་གཡུལ་འཐབ་བྱས་པའི་ངག་རྒྱུན་ལོ་རྒྱུས་བཤད་དུ་ཡོད་དོ།། ཡང་གླིང་གེ་སར་དགུང་གྲངས་ཉེར་ལྔའི་དུས་རྒྱ་ནག་པོར་བཤོལ་རྟ་སྤྲད་པའམ་རྒྱ་ནག་ཇ་རྫོང་འབེབ་དུ་ཕེབས་དུས་ཡང་བསྐྱར་གཡུ་ཁོག་ཏུ་ཐེངས་གཅིག་ཕེབས་མྱོང་བར་བཤད། དེ་ཡང་ཨ་ཁུ་ཁྲོ་ཐུང་གིས་རྒྱ་ནག་རྒྱལ་པོའི་བླ་རྟ་མུ་ཏིག་དུང་སྒོང་ཐབས་ཀྱིས་བརྐུས་པ་ཆུ་དུག་གིས་ཤི། དེ་ནས་ཨ་ཁུ་ཁྲོ་ཐུང་གིས་རྟ་རྐུ་མཁན་ཁྲ་མོ་གླིང་པ་ཡིན་པའི་ཡི་གེ་རྟ་མགོའི་ནང་དུ་བཅུག་ནས་ལ་ཅས་ཁ་སྦྱར་ནས་ཆུ་ལ་བསྐུར་བ། རྒྱ་ནག་གི་ཉ་བ་ཚོས་རྙེད་ནས་རྟ་མགོའི་ནང་གི་ཡི་གེ་རྒྱལ་པོར་སྤྲད་པས་རྒྱ་ནག་རྒྱལ་པོས་འབུམ་དམག་གླིང་ལ་ཕབ་ཏུ་ཉེ་བ་ན། ཨ་ནེ་གོང་སྨན་གྱི་ལུང་བསྟན་ལྟར་གེ་སར་རྒྱལ་པོས་ནག་པོ་རྒྱ་ལ་མཁོ་བའི་ནོར་རྫས། མེ་བུས་པའི་ཐལ་བ་ཡ་དགུ། མེ་མ་བུས་ཐལ་བ་ཡ་དགུ། གཡུ་ཡི་རལ་བ་འདོམ་དགུ། དུང་གི་མཆེ་བ་མཐོ་དགུ། ཤ་བ་རྒད་པོའི་ཀླད་ཁྲག ཤ་མ་རྒན་མོའི་ནུ་ཞོ། ཤ་ཕྲུག་ངུས་པའི་མཆི་མ་སོགས་སྟ་གོན་བྱས་སྐབས། ཤ་བ་རྒད་པོའི་ཀླད་ཁྲག་ཞེས་ས་རྩི་དམར་པོ་དང་། ཤ་མ་རྒན་མོའི་ནུ་ཞོ་སྟེ་ས་རྩི་དཀར་པོ་གཉིས་གཡུ་ཁོག་ཏུ་ཡོད་པ་ལེན་པར་། གླིང་སེང་ཆེན་རྒྱལ་པོ། དཔའ་ལྷ་སེང་སྟག འབྲུ་དགའ་བདེ་གསུམ་ཕེབས་ཚེ། ཡུལ་ལྷ་རྡོ་རྗེ་གཡུ་ཁྲོམ་དང་། རྡོ་རྗེ་གཡུ་སྒྲོན་མ། གཉན་པོ་གཡུ་རྩེ་བཅས་ཀྱིས་དགྱེས་བརྩེས་བསུ་མ་མཛད་ཅིང་སའི་དྭངས་མ་ཐིག་ལེ་དཀར་དམར་ཕུལ་བ་བླངས་ནས་གཡུའི་ཆུ་དབར་ཁོག་བརྒྱུད་ནས་ཕེབས། དེ་ཡང་གཡུ་མཁར་ཚ་ཆུའི་ཉེ་འགྲམ་ན་༼༡༥ ས་རྩི་དམར་པོ་༼ཡུལ་སྐད་དུ་ས་བཙག་ཟེར་༽དང་། ན་སྣེ་ཚ་ཆུའི་འགྲམ་དུ་༼༡༦ ས་རྩི་དཀར་པོ་༼ཡུལ་སྐད་དུ་ཀར་ཟེར།༽ལེན་རྒྱུ་ཡོད། རྗེས་ཤུལ་གཞན་ཡང་། ༼༡༧ གཡུ་སྙིང་ལ་ཁ། གཡུ་ཁོག་གི་སའི་ཆགས་དབྱིབས་གཅན་གཟན་དབྱི་དཀར་གྱི་པགས་པ་བརྐྱངས་པ་དང་འདྲ་བའི་སྙིང་ག་ཡིན་ཕྱིར་དབྱི་སྙིང་དུ་གྲགས་པའི་ས་མིག་ཏུ་གླིང་གེ་སར་གྱིས་བླ་གཡུ་གཏེར་དུ་སྦས་པས་གཡུ་སྙིང་ཐོགས་པ་ཡིན་ཟེར་བའི་ངག་རྒྱུན་ཡོད། ༼༡༨ གེ་སར་རྟ་ཕུར་དང་༼༡༩ གེ་སར་ཞབས་རྗེས། གཡུ་མཁར་ཐང་སྟོད་དུ་ཡུལ་མི་རྣམས་ཀྱིས་གེ་སར་རྟ་ཕུར་དུ་འབོད་པའི་རྡོ་ཀ་བ་ལྟ་བུ་དང་། དགོན་ཤར་མདའ་རུ་རྡོ་ཕ་ཝཾ་ཞིག་གི་ངོས་སུ་ཞབས་རྗེས་ཤིག་ཡོད་པ་ནི་གླིང་གེ་སར་གྱི་ཞབས་རྗེས་ཡིན་པར་གྲགས། ར་ཆགས་ཁ་ལྡིང་དུ་བདུད་ཀྱི་རྗེས་ཡིན་ཟེར་བའི་ས་དོང་ཁ་ཤས་དང་རི་ལ་ཉག་ལྟོང་གསུམ་ཡོད་པ་ནི་ ༼༢༠ གེ་སར་གྱིས་མདའ་འཕངས་ཤུལ་ཡིན་ཟེར། དེ་དག་ལ་སྒྲུང་ཞིག་བཤད་རྒྱུ་ཡོད་པ་ནི་གླིང་གེ་སར་གཡུ་ཁོག་ཏུ་བཞུགས་སྐབས་ར་ཆགས་ཁ་ནས་བདུད་ཞིག་གླིང་སྒར་སྟེང་མཆོང་སྟེ་ཡོང་། སྐབས་དེར་གླིང་གེ་སར་གྱིས་ལྷ་རྟ་རྐྱང་རྒོད་རྡོ་ཕུར་དེར་བཏགས་ཤིང་། དགོན་ཤར་མདོའི་ཕ་ཝང་ལ་ཞབས་རྐང་གཏད་ནས་བདུད་ཀྱི་སྟེང་མདའ་འཕངས་ནས་བདུད་དེ་བསྒྲལ། ཉག་ལྟོང་གི་ཕར་ཕྱོགས་སུ་ས་རྡོ་སྐྱ་ཉིལ་ལེ་ཡོད་པ་དེ་བདུད་ཀྱི་ཀླད་པ་འཐོར་བ་ཡིན་ཟེར་བའི་ངག་རྒྱུན་ཡོད། ༼༢༡ གེ་སར་སྒྲུབ་ཕུག ཆུ་དབར་དགོད་བྲོའི་གསའ་ཤུར་ན་གེ་སར་སྒྲུབ་ཕུག་ཞེས་པའི་བྲག་ཕུག་ཞིག་ཡོད་པ་དེ་ནི། གླིང་གེ་སར་རྒྱ་ནག་ཇ་རྫོང་འབེབ་དུ་བྱོན་སྐབས་བྲག་ཕུག་དེར་སྐུ་མཚམས་ལ་བཞུགས་པ་ཡིན་ཟེར་བའི་ངག་རྒྱུན་ཡོད། ༼༢༢ དགའ་སྤྲོའི་ལུང་པ་དང་༼༢༣ གེ་སར་ཐུད་མགོ ཡུལ་སྐད་དུ་ཆུ་བར་དགོད་བྲོ་ཟེར་བའི་ལུང་སྟོད་དུ་གེ་སར་ཐུད་མགོ་ཟེར་བའི་རྡོ་མར་ཐུད་འདྲ་བ་ཞིག་ཡོད་པ་དེ་ནི་གླིང་གེ་སར་རྒྱ་ཡུལ་བྱོན་སྐབས། ས་དེར་བྱ་ཁུ་བྱུག་གྲགས་པས་ཁོང་དགའ་སྤྲོ་སྐྱེས་ནས་མར་ཐུད་བརྫིས་ནས་གསོལ་བས་ས་མིང་ལ་དགའ་སྤྲོའི་ལུང་པ་ཐོགས་པ་ཡིན་ཟེར་བའི་ངག་རྒྱུན་ཡོད། ༼༢༤ འབྲུག་མོའི་རྐྱལ་བ་ཡིན་ཟེར་བའི་རྡོ་རྐྱལ་བ་འདྲ་བ་ཞིག་ཀྱང་དགའ་སྤྲོའི་ལུང་མདོ་ན་ཡོད། ཆུ་དབར་སེའུ་བྲོའི་མར་མདོ་ན་༼༢༥ གེ་སར་རྟ་རྗེས་ཞེས་མིང་དུ་གྲགས་པའི་ལྷ་རྟ་རྐྱང་རྒོད་ཀྱི་རྨིག་རྗེས་དང་༼༢༦ གེ་སར་རྟ་ཕུར་ཞེས་ལྷ་རྟ་རྐྱང་རྒོད་བཏགས་ས་ཡིན་ཟེར་བའི་རྡོ་ཕུར་བཅས་མཇལ་དུ་ཡོད། དེ་མིན་ད་རུང་ཡུལ་འདིར་ཁྲ་མོ་གླིང་དང་འབྲེལ་བའི་སྐྱེས་བུ་དམ་པ་བྱོན་ཚུལ་ཡང་། གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་ནི་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྣམ་སྤྲུལ་ཡིན་ཚུལ་སྒྲུང་གཏེར་ཉི་མ་རང་ཤར་གྱི་མོན་གླིང་མཇུག་ཏུ་གསུངས་པ་ལྟར་དང་། ཁྱི་ཤུལ་རིག་བཟང་གིས་ཁོང་སྔོན་ཧོར་ཕྲུག་ག་མ་གཟི་མགོ་ཡིན་པའི་བག་ཆགས་མངའ་ཚུལ་གསུངས་ནས་སྒྲུང་ཡིག་དུ་མ་རྩོལ་མེད་དུ་ཕབ་པར་མཛད། རྒྱ་ཤུལ་བླ་མ་རིག་འཛིན་བཟང་པོ་གླིང་གི་སྟག་རོང་ཁྲོ་ཐུང་གི་སྐྱེ་མཐའ་ཡིན་ཚུལ་སོགས་བཤད་དུ་ཡོད་པ་ཡིན་ནོ།། ༢༠༡༩ལོའི་ཟླ་བ་༧ཚེས་༡༨ཉིན་གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

གཡུ་རོང་བསེ་རྫོང་ཞེས་པའི་སྒྲུང་ཡིག་ལ་ཅུང་ཟད་དཔྱད་པ་གཟུར་གནས་དགྱེས་པའི་གཏམ།

གླིང་མི་རེའི་ཁ་ན་སྒྲུང་རེ། ཞེས་པ་ལྟར་སྤྱིར་མདོ་དབུས་ཁམས་གསུམ་གྱི་སྒྲུང་བ་སོ་སོས་བཤད་པའི་གླིང་གེ་སར་གྱི་སྒྲུང་ཡིག་རྣམས་ལ་མི་འདྲ་བ་ཅུང་ཟད་རེ་མཆིས་མོད། འདི་འཐད་འདི་མི་འཐད་ཅེས་དཔྱད་པ་གཏོང་རྒྱུ་མེད་ཀྱང་། གཏེར་སྒྲུང་ཡིན་པར་བཤད་པའི་གཡུ་རོང་བསེ་རྫོང་ཞེས་མཇུག་མི་ཚང་བའི་སྒྲུང་དེབ་དེ་ནི་ལོ་རྒྱུས་ལ་རྒྱུས་མངའ་ཆུང་བའི་གང་ཟག་ཞིག་གིས་རང་འདོད་དུ་བྲིས་པ་ལས་གཏེར་སྒྲུང་དང་བབ་སྒྲུང་སོགས་ཀྱི་ཉམས་མི་འདུག་པར་སྣང་བས་གཟུ་བོར་གནས་པའི་སྒོ་ནས་རྒྱུ་མཚན་འགའ་ཞིག་ཚིག་སྣ་བསྟུངས་ནས་སྨྲ་བར་འདོད་དོ། །༼༡ དེ་ཡང་ཧོར་གླིང་གཡུལ་འགྱེད་ཀྱི་རྗེས་སུ་གཡུ་གླིང་གཡུལ་འཁྲུགས་བྱུང་བར་བཤད་འདུག དེ་ནི་ཧོར་གླིང་མ་འཁྲུགས་པའི་སྔོན་ནས་གླིང་སྡེ་རྨ་ཁོག་ཏུ་སྤོས་ཟིན་པ་ཡོངས་གྲགས་ཡིན་མོད། སྒྲུང་ཡིག་འདིའི་ནང་དུ་གཡུ་གླིང་འཁྲུགས་སྐབས་གསེར་བའི་ཉི་འབུམ་དར་ཡག་ཚང་གསེར་རྟ་ན་གཞིས་ཆགས་ནས་བཞུགས་ཡོད་པར་བཤད་པས་སྒྲུང་ཡིག་སྤྱིའི་ལུགས་དང་མི་མཐུན། ༼༢ ལྡེབ་༣༡པའི་ངོས་སུ། ཉི་འབུམ་གྱི་གླུའི་མགོར། དཔལ་ས་སྐྱ་འོག་མིན་ཕོ་བྲང་ནས༔ འགྲོ་མགོན་ཆོས་རྗེ་འཕགས་པ་མཁྱེན༔ ཞེས་དང་། ལྡེབ་༡༧༤པའི་ངོས་སུ། བདུད་ལྷའི་གླུའི་མགོར། གནས་དཔལ་རི་ཚེ་ཡི་བྲག་ཕུག་ནས༔ གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ༔ ཞེས་བྲིས་པ་ལ་གཟིགས་དང་། རབ་བྱུང་དང་པོའི་ནང་བྱོན་པའི་གླིང་གི་མི་སྣ་ཚོས་རབ་བྱུང་བཞི་པའི་ནང་བྱོན་པའི་ས་སྐྱའི་འགྲོ་མགོན་དང་། རབ་བྱུང་དྲུག་པའི་ནང་བྱོན་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གཉིས་ལ་གསོལ་བ་བཏབ་པས་ཁུངས་ལྡན་གྱི་སྒྲུང་ཡིག་ཞིག་ཡིན་མིན་འདི་ཙམ་གྱིས་ཀྱང་ཤེས་ནུས་སྙམ། ༼༣ ཡང་གསེར་རྟའི་མི་སྣ་རྣམས་ཀྱི་ནང་གེ་འཕན་ཆོས་དབང་། ཝ་ཤུལ་བསོད་ནམས་སྐལ་ལྡན། སྟོང་དཔོན་འཆི་མེད་སྟོབས་ལྡན་སོགས་ཀྱི་མིང་འདོགས་ཚུལ་ནི་མི་ལོ་སྟོང་ལ་ཉེ་བའི་སྔོན་གྱི་མིང་འདོགས་སྟངས་དང་གཏན་ནས་མི་མཚུངས་པར་དེང་རབས་ཀྱི་མིང་དངོས་སུ་འདུག དེ་དག་གི་རུས་ལ་དཔྱད་ན་ཡང་གེ་འཕན་ནི་རབ་བྱུང་གཉིས་པའི་ནང་ནས་ལྡོང་མི་ནག་གི་བུ་གེ་འཕན་ལ་བུ་གསུམ་ཡོད་པའི་རྒྱུད་པ་ཡིན་པ་དང་། གསེར་རྟའི་ཕྱོགས་ཀྱི་ཝ་ཤུལ་ནི། རབ་བྱུང་གསུམ་པའི་ནང་ཙམ་ལ་བྱུང་བའི་ཝ་ཤུལ་བན་དེ་སྐྱབས་ཀྱིས་སྨར་རོང་ནས་མཁར་བརྩིགས་ནས་བསྡད་པ་དེའི་མི་རབས་མང་པོའི་འཕྲོས་ཝ་ཤུལ་སྟག་ལྷ་འཕན་གྱི་རྒྱུད་པ་གསེར་རྟ་ཕྱོགས་སུ་བྱུང་བ་ཡིན། སྟོང་དཔོན་ནི་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་བྱུང་བ་ཡིན་ཚུལ་ཆོས་འབྱུང་དང་རུས་མཛོད་རྣམས་སུ་གསལ་བས་དུས་ཚིགས་སྔ་ཕྱི་མི་འགྲིག་པ་མངོན་སུམ་མོ།། ༼༤ ཡང་ཆུ་བར་གཡུ་ཐར་ཚེ་རིང་ཟེར་བ་ཨ་བོ་ཁག་གསུམ་གྱི་དཔོན་ལ་བཞག་པར་བཤད་པ་དེ་ཡང་དགོད་བྲོ་བའི་གཏམ་སྟེ། ཨ་བོ་ཁག་གསུམ་གྱི་བྱུང་ཚུལ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་བྱོན་པའི་སྐབས་སུ་ཤིས་ཀྱི་ར་མ་ཆུ་མདོ་ནས་མགྲོན་པོ་བུ་སྤུན་གསུམ་ལ་ལུང་བསྟན་པ་ལྟར་བུ་ཆེ་བས་ས་དེར་གཞིས་བཟུང་བ་ཨ་བོ་སྐྱབས་ལོ། དེའི་རྒྱུད་པ་མགོ་ལོག་ཕྱོགས་སུ་མཆེད་པ་དང་། བུ་འབྲིང་བས་ཉག་རོང་དུ་གཞིས་བཟུང་བའི་རྒྱུད་པ་དེ་ཕྱོགས་སུ་ཡོད་ཅིང་། བུ་ཆུང་བ་ཨ་བོ་རྒྱ་གར་ཚེ་རིང་གི་རྒྱུད་པ་ཨ་བོ་གོ་བཤོལ་བདུན་སོགས་གསེར་ཁོག་ཏུ་འཕེལ་བར་ལོ་རྒྱུས་རྣམས་སུ་གསལ། དེས་ན་ཨ་བོ་ཁག་གསུམ་ནི་ཁྲ་མོ་གླིང་གི་དུས་ལས་མི་ལོ་ཉིས་བརྒྱ་ལྷག་གི་རྗེས་སུ་བྱུང་བས་མི་འགྲིག་པ་མངོན་སུམ་ཡིན། གལ་ཏེ་འགྲིག་ཏུ་ཆུག་ཀྱང་ཆུ་བར་གཡུ་ཐར་ཟེར་བ་ཨ་བོ་ཁག་གསུམ་གའི་འགོ་དཔོན་དུ་བསྐོ་ཚུལ་ཞིག་འདུག་གམ་ཞིབས་སུ་སོམས་ཤིག ༼༥ ལྡེབ་༤༤པའི་ངོས་སུ། དར་ཁུ་ཉིན་སྲིབ་སྟག་བཀྲ་མན༔ ཕོ་སེས་གཡུ་མདོ་རྫས་དགེ་ཡན༔ རྟའུ་ལྷུ་སུམ་ལྕགས་ཁྱོ་ཚུན༔ ཧོར་ཁམས་ཀ་མཛེས་མན་ཆད་ཀྱི༔ དམག་དཔོན་མཆན་ཁེབས་ལས་དམག་བཅས༔ ཞེས་ས་གནས་དེ་དག་གཡུ་རོང་རྒྱལ་པོའི་མངའ་ཁོངས་ཡིན་པར་བཤད་པ་ཡང་ཐལ་ཆེ་བའི་གཏམ་སྟེ། གཡུ་རོང་རྒྱལ་པོ་གཡུ་སྒེགས་གཉིས་ཙམ་ལ་དབང་བའི་དཔོན་ཆུང་ཞིག་ཡིན་པར་བཤད་པ་ལས་ཧོར་དཀར་མཛེས་མན་ཆད་ལ་མངའ་དབང་བསྒྱུར་བ་ཞིག་ཡིན་པའི་ཡིག་ཆ་དང་ངག་རྒྱུན་གང་ཡང་མེད་པས་མི་འཐད། ཁྱད་པར་དཀར་མཛེས་ཕྱོགས་སུ་ཧོར་ཟེར་བ་ནི་སྒ་ཨ་གཉན་དམ་པས་རབ་བྱུང་ལྔ་པ་ཡས་མས་སུ་དཀར་མཛེས་སྡེ་མགོན་ཁང་བཞེངས་སྐབས་གོང་མ་སེ་ཆེན་གྱི་སྲས་ཝང་གི་མིང་ཅན་གྱི་སྲས་ཧོར་མ་བསམ་བུ་འཁྲུངས་ཚུན་ཆད་ནས་ཐོགས་པ་ཞིག་ཡིན་ཕྱིར་མི་འགྲིགས་པ་ཤེས་སླའོ།། ༼༦ ཡང་གླིང་གི་ཨ་སྐྱོ་གཉིས་ཀྱིས་གླང་རྒན་ཞིག་ལ་བྲོ་ཆས་བཀལ་ནས་རྒྱ་ནག་གི་ལྕགས་ཟམ་དང་། མདོ་ཆེན། ལྕུམ་ལུང་། རྫ་བྲག་མདོ་རྣམས་སུ་གནས་བསྐོར་ལ་སོང་ཚུལ་བཤད་ཀྱང་། རྒྱ་ནག་ལྕགས་ཟམ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་རབ་བྱུང་བདུན་པའི་ནང་བཙུགས་པ་ཡིན་ལ། མདོ་ཆེན་དགོན་ནི་རབ་བྱུང་བཅུ་བཞི་པའི་ནང་རྫོགས་ཆེན་རྒྱལ་སྲས་གཞན་མཐའ་ཡས་ཀྱིས་ཕྱག་བཏབ་པ་དང་། ལྕུམ་ལུང་ངམ་མ་ཧཱ་སྐྱིད་ལུང་དགོན་ནི་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་ཕྱག་བཏབ་མཛད། རྫས་བྲག་མདོའམ་གནམ་མཚོ་དགོན་པ་ཡང་གནམ་མཚོ་སྤྲུལ་སྐུས་ཕྱག་བཏབ་པས་གསུམ་ག་ཕལ་ཆེར་དུས་མཚུངས། རྫ་བྲག་མདོའི་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་གནས་རི་ནི་རབ་བྱུང་བཅོ་ལྔ་པའི་མགོར་གར་དབང་འཇིགས་མེད་རྣམ་རྒྱལ་གྱིས་གནས་སྒོ་གསར་དུ་ཕྱེས་པ་ཞིག་ཡིན། ཁྲ་མོ་གླིང་གི་དུས་སུ་ས་ཆ་དེ་དག་ན་མཇལ་རྒྱུ་དང་སྐོར་རྒྱུ་ཅི་ཞིག་ཡོད་གསལ་བཤད་བྱེད་རིགས་སོ། །དེ་ལྟར་རགས་ཙམ་ལས་དཔྱད་འོས་ཆེར་མི་འདུག དེས་ན་སྒྲུང་ཡིག་དེ་ནི་རབ་བྱུང་བཅོ་ལྔ་པ་ཚུན་ཆད་ཀྱི་མི་ཞིག་གིས་མ་བརྟགས་བྱུང་རྒྱལ་ལམ་ཕྱོགས་ཞེན་གྱིས་བྲིས་པ་ཞིག་ཡིན་པ་ཧ་ཅང་གསལ་བ་ལས་བབ་སྒྲུང་དང་གཏེར་སྒྲུང་། པྲ་སྒྲུང་སོགས་ལྟ་ཅི་བརྩམས་སྒྲུང་དག་མ་ཞིག་གི་དྲི་ཡང་བྲོ་བར་མི་འདུག་གོ །༢༠༡༨ལོའི་ཟླ་༨པའི་ཚེས་༢༧ཉིན། གཡུ་ཁོག་པ་ཡི་དམ་རྡོ་རྗེར་འབོད་པས་བྲིས།

ཕུར་ཚ་ཞེས་པའི་རུས་མིང་དང་རུས་ཁུངས་ངོས་འཛིན་ལ་དཔྱད་པ་བདེན་དོན་ཉི་གཞོན་འདྲེན་པའི་སྐྱ་རེངས།

སྤྱིར་ཕུར་ཚ་ཞེས་པའི་རུས་མིང་འབྲི་སྟངས་དང་། རུས་མིང་ཐོགས་ཚུལ་ལ་བཤད་སྲོལ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང་འདི་ནི་དག་ལ་ཅིག་ཤོས་མི་དག་ཞེས་དག་བཅོས་བྱེད་མི་ནུས་པར་སེམས། ངག་རྒྱུན་དང་ཡིག་ཆ་རྣམས་སུ་གཙང་ཕུར། ཕུར་ཚྭ། ཕུར་ཚ། ཕུར་རྩ། ཧུར་ཚ་སོགས་འབྲི་སྲོལ་ཡོད་པ་དེ་དག་ལ་རེ་རེ་བཞིན་རྗེས་གྲུབ་ཀྱི་འགྲེལ་བཤད་རེ་རྒྱག་ཏུ་ཡོད་པ་ནི། ༼༡ གཙང་ས་སྐྱའི་བླ་བྲང་ནས་རྡོ་རྗེ་ཕུར་བའི་རྣལ་འབྱོར་བ་ཞིག་ཁམས་ཕྱོགས་སུ་འོང་བ་དེ་ལ་གཙང་ཕུར་ཚང་། ༼༢ ས་སྐྱ་གོང་མས་གནམ་ལྕགས་ཀྱི་ཕུར་བུ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ་ཞིག་གནང་བས་ཕུར་ཚྭ། ༼༣ ཕུར་བུ་དེ་ལ་ཚ་བ་མེ་ཡི་ངར་དང་ལྡན་པས་ཕུར་ཚ། ༼༤ རྡོ་རྗེ་ཕུར་བའི་རྣལ་འབྱོར་བ་དེའི་བུ་རབས་ཚ་རྒྱུད་ཡིན་པས་ཕུར་ཚ།། ༼༥ ཁ་སྐད་དུ་ཕུར་ལ་ཧུར་ཟེར་བ་ཡིན་ཕྱིར་ཧུར་ཚ་ཞེས་འབོད་སྲོལ་དང་འབྲི་སྲོལ་བྱུང་བ་ཡིན། ཡང་ངག་རྒྱུན་དུ་རྒན་པོ་ཞིག་གིས་རིགས་རྒྱུད་སྤེལ་ཕྱིར་སྔས་མགོར་ཕུར་བ་བརྡབས་ནས་བུད་མེད་ལ་བགྲོད་པའི་ལོ་རྒྱུས་ཤིག་གིས་ཕུར་རྩའམ་ཧུར་རྩ་ཐོགས་པར་བཤད་པ་ནི་ཕུར་ཚ་སྤྱིའི་རུས་མིང་ཐོགས་ཚུལ་མ་ཡིན་པར་ཁྲོ་ཁོ་ཆུ་ཁ་མའི་ནང་དུ་ཕུར་ཚ་ཐོག་མར་བྱུང་བའི་ལོ་རྒྱུས་ཤིག་ཡིན། དེ་ཡང་འཛམ་ཐང་ཕྱོགས་ཀྱི་ཕུར་ཚ་བླ་མ་༼མིང་དངོས་མི་གསལ།༽ཟེར་བ་ཁྲོ་ཁོ་མའི་ཕྱོགས་སུ་འབུལ་སྡུད་དུ་ཕེབས་པ་ཕྱིས་དེ་ཕྱོགས་ཀྱི་ཡོན་བདག་རྣམས་ཀྱིས་བླ་མའི་ཁྱིམ་མི་དང་རུ་བ་སྟོད་མའི་ནང་དུ་བསུས་ནས་བསྡད། ཕུར་ཚ་བླ་མའི་སྤུན་མཆེད་ཕུར་ཚ་ལྷ་ཆེན་འབུམ་མམ་ལྷ་རྒྱལ་གྱིས་ཡུལ་དེར་གཞིས་བཟུང་བས་བུ་གཅིག་ཡོད། བུ་དར་ལ་བབ་པའི་སྐབས་ཆུང་མ་ཞིག་བསུས་ནས་ཡོད་སྐབས་བུ་དགྲས་བསད། དེ་ནས་ཕུར་ཚའི་རུས་རྒྱུད་སྤེལ་བའི་ཆེད་དུ་ཕུར་ཚ་ལྷ་རྒྱལ་བུའི་ཆུང་མ་དང་ལྷན་དུ་བསྡད་པས་བུ་གཅིག་བྱུང་བ་ཕུར་ཚ་བླ་མའི་ཆོས་སྐྱོང་གི་རྟེན་མགོན་པོ་ཕྱག་དྲུག་པའི་ཐང་སྐུ་ལ་བསྐྱབས་ནས་མིང་མགོན་པོ་སྐྱབས་བཏགས། ཕྱིས་སུ་སྟོད་མའི་སྡེ་བ་ནང་འཁྲུགས་བྱུང་ནས་འཐོར་སྐབས། ཕུར་ཚ་ཚང་ཆུ་ཁ་མའི་ནང་དུ་སོང་ནས་བསྡད།  དེ་ནས་ཐང་སྐོར། ཨ་མཆོག གཤའ། མཚེ་རུ་མ། སྨད་མ། ནི་རུ་མ། དམེ་སྐོར། དམེ་རུ་མ། རྔ་བ་སོགས་སུ་མགོན་པོ་སྐྱབས་ཀྱི་རིགས་རྒྱུད་གྱེས་ཡོད་ཅིང་སྔ་ཕྱིར་མི་རབས་བརྒྱད་ཙམ་ལས་སོང་མེད་པར་བཤད། རུས་ཁུངས་ལ་དཔྱད་ན། གཙོ་བོ་ཕུར་ཚ་ཚང་གི་ཁྱིམ་གཞིས་འཛམ་ཐང་ཕྱོགས་ལ་ཐུག་ཡོད་ཚུལ་ཕུར་ཚའི་མཁར་ནག་མ་དང་། ཕྱོགས་བཞིའི་མཁར་བཞི། ཕུར་ཚའི་བླ་མཚོ་སོགས་ཀྱི་ཤུལ་དང་། ཕུར་ཚའི་དཔོན་རབས་དང་དབོན་རབས། ཕུར་ཚ་བླ་མའི་དགོན་པ་སོགས་ལོ་རྒྱུས་རྒྱ་ཆེ་བ་ཡོད་པར་བཤད་ཅིང་། གཡུ་ཁོག་སོགས་ས་ཆ་གཞན་གྱི་ཕུར་ཚ་རྣམས་དངོས་སམ་བརྒྱུད་ནས་འཛམ་ཐང་ཕྱོགས་ནས་གྱེས་པ་ལྟ་བུར་འདུག དེས་ན་ཤར་འཛམ་ཐང་ཕྱོགས་ཀྱི་རྒན་རབས་པ་རྣམས་ཀྱི་ངག་རྒྱུན་ལ། གཙང་ས་སྐྱ་ནས་རྡོ་རྗེ་ཕུར་བའི་རྣལ་འབྱོར་བ་ཞིག་འཛམ་ཐང་ཕྱོགས་སུ་ཕེབས་ནས་བཞུགས་པའི་གདུང་རྒྱུད་ལ་ཕུར་ཚ་ཚང་ཐོགས་པ་ཡིན་ཟེར། ཡང་སྔོན་ཆད་ཆུ་ཁ་མའི་ནང་ན་ཕུར་ཚའི་རུས་མཛོད་ཞིག་ཡོད་པ་དུས་འགྱུར་སྐབས་བོར་བརླགས་སུ་སོང་མོད་དེའི་ནང་དུ་གཙང་ཕུར་ཞེས་པའི་སྔགས་འཆང་ཞིག་གི་གདུང་རྒྱུད་ལ་ཕུར་ཚ་ཐོགས་པ་ཡིན་པར་མ་ཟད་གདུང་རྒྱུད་དེར་སྔགས་རབས་མང་པོ་བྱུང་ཚུལ་བྲིས་ཡོད་པར་ཕུར་དགེ་བཀྲ་ཤིས་རྒྱ་མཚོས་མཇལ་མྱོང་བའི་ངག་རྒྱུན་ཡང་འདུག ཡང་མགོ་ལོག་པདྨའི་རག་ལྡོང་སྡེ་བའི་ཕུར་ཚ་ལྷ་མགོན་ནམ་རག་ལྡོང་བྲང་ནག་དང་མ་བརློན་རྨེའུ་རྒྱལ་པོ་ཞིང་སྐྱོང་གཉིས་མ་འགྲིག་ཚེ་ཕུར་ཚ་ལྷ་མགོན་གྱིས་རྨེའུ་རྒྱལ་ལ་གྲི་རྨས་བྱས། འོག་རྟ་ཕྲོགས་པ་སོགས་དམའ་འབེབས་ཚབས་ཆེན་བཏང་སྐབས། རྨེའུ་རྒྱལ་པོས། རག་ལྡོང་བྲང་ནག་འདི་རང་གར་གྱི་མི་ཞིག་མིན། གཙང་ནས་ཡོང་བའི་ཕུར་ཚའི་རིགས་རྒྱུད་ཡིན་པས་འདིས་ངའི་རྟ་ཕྲོགས། གྲིས་བརྒྱབ་པ་དོན་ཆུང་རེད། འདི་ལ་འགྲས་ན་རྔ་བའི་སྡེ་འབངས་ཡོངས་ལ་མི་ལེགས་པས་གྱོད་དོན་ཞི་འཇགས་བྱས་ནས་ཁོ་ལ་མནའ་ཤག་བྱས་ན་དགའ། ཞེས་བཤད་ནས་གྱོད་རང་འགྲིགས་བྱས་པ་དང་། ཡང་སྐབས་ཤིག་འགོ་ལོག་པུང་ཡུ་ཚང་གི་ཚོང་པ་གཉིས་གཤིས་ཆེན་ཚང་གིས་བསད་ནས་བཅའ་དངོས་ཁྱེར་ཚེ། ཕུར་ཚ་ལྷ་མགོན་གྱིས་དམག་དཔོན་བྱས་ནས་པུང་ཡུ་ཚང་ལ་དགྲ་ཤ་བླངས་སྐབས། གཤིས་ཆེན་བཻ་རོས། འོ། རག་ལྡོང་བྲང་ནག་མའི་ལོ་རྒྱུས་སྐོར་ངས་ཡར་མར་དྲིས་པ་ཡིན། དེ་ཕུར་ཚ་ཡིན་པར་འདུག ཕུར་ཚ་ཚང་གཙང་ས་སྐྱ་ནས་ཡོང་བའི་མི་རྒྱུད་ཡིན་པས་ལྷ་བཙན། བུ་ངར། འགྲན་ཡ་དང་འགྲས་ཡ་མི་འོང་བས་གྱོད་བཤད་ན་དགའ། གསུངས་པ་ལྟ་བུ་སོགས་མདོར་ན་ཕུར་ཚ་ཚང་གཙང་ནས་འོང་བའི་ངག་རྒྱུན་དུ་མ་ཡོད་དོ། །གདན་ས་ཆེན་པོ་དར་རྒྱས་བྱམས་ཆེན་གླིང་གི་གདན་རབས་ནོར་བུའི་བང་མཛོད་ལས། སྔར་གཙང་ས་སྐྱ་གོང་མའི་བླ་བྲང་ལས་གྱེས་པའི་བུ་སྤུན་གསུམ་གྱི་ཆེ་བ་ཨ་ཁུ་དང་། འབྲིང་བོ་ཕུར་ཚ་དང་། ཆུང་བ་ཁྲབ་དགེ་དང་གསུམ་ཡོད་པ་ལས། ཨ་ཁུ་ལ་ས་སྐྱ་གོང་མས་རྟེན་སྐལ་དུ་མགོན་པོ་ཞལ་བཞི་བའི་བེར་ཞིག་གནང་བས་མིང་བེར་ཚང་དུ་གྲགས། གཞན་ཡང་རྟེན་སྐལ་དུ་ཡི་དམ་གྱི་རྟེན་ཀྱཻ་རྡོར་གྱི་ཞལ་ཐང་། ཆོས་སྐྱོང་གི་རྟེན་མགོན་པོ་གུར། མགོན་པོ་ཞལ་བཞི་པ། དཔལ་ལྡན་དམག་ཟོར་རྒྱལ་མོ་སོགས་ཀྱི་ཞལ་ཐང་གནང་བ་དེང་སང་གི་བར་དུ་ཡོད་པ་དེ་དང་། དྲིལ་བུ་འཕགས་པའི་སྒམ་ནང་མ་སོགས་རྟེན་སྐལ་དང་དངོས་རྫས་མང་པོ་གནང་བ་དང་བཅས་ཏེ་རྨེ་ཡུལ་དུ་ཕེབས་པ་དེའི་གདུང་རྒྱུད་ལ་དེང་སང་གི་བར་དུ་བེར་ཚང་ཨ་ཁུ་ཚང་ཞེས་གྲགས་པ་འདི་ཡིན་ལ། འབྲིང་པོ་ཕུར་ཚ་ལ་ཕུར་བུ་ཞིག་གནང་སྟེ་སྔགས་འཆང་ཞིག་འོང་བར་ལུང་བསྟན་ནས་འཛམ་ཐང་དུ་འོངས་བ་དེའི་རིགས་རྒྱུད་དེང་སང་ཕུར་ཚ་ཞེས་བྱ་བ་འདི་ཡིན་ནོ། །ཆུང་བ་ཁྲབ་དགེ་ལ་ཁྲབ་ཅིག་གནང་ནས་སྐྱེས་པ་ཞིག་ལས་མི་འོང་བར་ལུང་བསྟན་པས་ལྷོ་ཕྱོགས་སུ་སོང་ངོ། །དང་པོ་འདིའི་མིང་ལ་དགེ་ལེགས་ཟེར་ཡང་། ཕྱིས་ཁྲབ་ཅིག་གནང་བས་ཁྲབ་དགེ་ཞེས་འབོད། ཁ་ཅིག་གིས་དགེ་ལེགས་དེ་ཁྲོམ་ཁོག་ཏུ་སོང་བ་དེའི་རིགས་རྒྱུད་ལ་ཁྲོམ་དགེ་ཞེས་པ་ད་ལྟ་ཡང་ཁྲོམ་དགེ་ཨ་རིག་བྱ་བའི་མི་རྒྱུད་དེ་ཡིན་པར་བཤད་དོ། །ཞེས་དང་།  བེར་ཚང་ཨ་ཁུའི་ཚ་བོ་དགེ་ཆེན། དེའི་ཚ་བོ་དགེ་ཆུང་སྟེ་(བླ་རབས་གསུམ་པོ་)དེ་དག་གི་རིང་ལ་སོ་ཐར་གྱི་བསྟན་པ་ཚུགས་ཙམ་ལས་ཆེར་དར་མ་ཐུབ། དགེ་ཆུང་གི་ཚ་བོ་བེར་ཚང་གསང་སྔགས་ཉི་མ་ཞེས་པ་དེས་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་༼སྤྱི་ལོ་༡༦༤༦༽ལོར་དཀར་མཛེས་ས་ཁུལ་གོར་མོ་རྨེ་ཁོག་གི་བཻ་རོའི་ལ་ཁ་ཞེས་པར་གྲྭ་བ་ཉུང་ཤས་ཙམ་ཡོད་པའི་དགོན་པ་བཏབ། ཞེས་དང་། ཡང་རྨེ་དགོན་གྱི་ལོ་རྒྱུས་གཟུར་གནས་བློ་ལྡན་དགའ་བའི་གཏམ་ཞེས་པ་ལས། ཐོག་མར་རྨེ་བའི་རུ་སྡེ་ཁམས་ཕྱོགས་ན་ཡོད་དུས་ཀྱི་དགོན་པའི་ཐོག་མའི་ལོ་རྒྱུས་ནི། རབ་བྱུང་བཅུ་པའི་ནང་ཙམ་ཝ་ཤུལ་དཔོན་ཨ་འབུམ་དང་། ཤཱཀ་འབུམ་གྱི་དུས་ཙམ་ན། གཙང་གི་ས་སྐྱ་གོང་མའི་བླ་བྲང་ལས་གྱེས་པའི་བུ་སྤུན་གསུམ་མདོ་སྨད་དུ་བྱོན་པ་ལས། ཞེས་སོགས་གོང་གི་གདན་རབས་ཀྱི་བཤད་ཚུལ་དང་གཅིག་མཚུངས་སུ་འདུག་པས་རྨེ་བ་དགོན་ཆེན་གྱི་ལོ་རྒྱུས་དང་འབྲེལ་ཕྱིར་ཡིད་རྟོན་དུ་རུང་བའི་གཏམ་དུ་སྣང་ངོ། །འོ་ན་ཕུར་ཚ་ཞེས་པ་དེ་རུས་ཆེན་གང་གི་ཁོངས་སུ་གཏོགས་ཤེ་ན། འགའ་རེས། ཕུར་ཚ་ཚང་ས་སྐྱ་འཁོན་ནས་མཆེད་པ་དང་། ས་སྐྱ་ཨ་སྤོ་ལྡོང་གི་རིགས་རྒྱུད་ལ་གཏོགས་པ་ཡིན་ཏེ། ལྡོང་གི་རུས་མཛོད་དུ། ས་ལྡོང་གྲོ་མོའི་གདུང་རྒྱུད་དེ། །ས་སྐྱ་པཎ་ཆེན་གདུང་རྒྱུད་ཡིན། །ཞེས་གསུངས་པ་དང་། ལྡོང་ཚ་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་ཡིན་པས་ལྡོང་ཡིན་སོགས་ཟེར་བར་འདུག་ཀྱང་། ཞིབ་ཏུ་བརྟགས་ན་དེ་ནི། རུས་པ་གཙང་མར་མ་ཤེས་ན། །ཐམས་ཅད་ལྡོང་ལ་བསྡུས་ཀྱང་འཐད། །ཞེས་པ་ལྟར་རྒྱ་དཀར་ནག་སོགས་ཐམས་ཅད་ལྡོང་ལ་བསྡུས་པའི་ལྡོང་བཏགས་པ་བ་ལས་ཨ་སྤོ་ལྡོང་གི་རིགས་དངོས་མིན་པར་སྣང་སྟེ། ལྡོང་གི་རུས་མཛོད་དུ། ཉི་ལྡོང་སེར་པོའི་གདུང་རྒྱུད་དེ། །ཤཱཀྱ་ཐུབ་པའི་གདུང་རྒྱུད་ཡིན། །ཟླ་ལྡོང་དཀར་པོའི་གདུང་རྒྱུད་དེ། །སྟོན་པ་གཤེན་རབས་གདུང་རྒྱུད་ཡིན། །གནམ་ལྡོང་སེར་པོའི་གདུང་རྒྱུད་དེ། །ཇིང་ཁཱེ་སི་ཁང་གདུང་རྒྱུད་ཡིན། །སྐར་ལྡོང་ཁྲ་བོའི་གདུང་རྒྱུད་དེ། །སྨུག་པོ་ལྡོང་གི་གདུང་རྒྱུད་ཡིན། །ཞེས་འབྱུང་བས་གདུང་རྒྱུད་གྲགས་ཅན་ཐམས་ཅད་ལྡོང་ལ་བསྡུས་པ་དང་། ཡང་དེ་ཉིད་ལས། ལྡོང་ས་ན་མ་ཤོང་གནམ་ན་ཡོད། །ཐོག་འབྲུག་གློག་གསུམ་དགུང་ན་ཡོད། །ཉི་ཟླ་སྐར་གསུམ་དགུང་ན་ཡོད། །ཞེས་འཇིག་རྟེན་ན་གྲགས་ཆེ་བ་ཐམས་ཅད་ལྡོང་ལ་བསྡུས་པ་སོགས་ཀྱིས་ཆེ་བརྗོད་ཙམ་ལས་ལྡོང་དངོས་མིན་པ་ཤེས་ནུས་སོ།  ཡང་འགའ་རེས། ཕུར་ཚ་ཚང་ས་སྐྱ་ནས་ཆད་ཅིང་རུས་ཕུགས་ཨ་སྤོ་ལྡོང་ལ་ཐུག་ཡོད། དེ་ཡང་ལྡོང་མི་ནག་ཕུར་བ་ཐར་གྱི་བུ་ཝ་ཤུལ་བུ་ཆུང་ལ་བུ་རྡོ་རྗེ་འབུམ་དང་། ནོར་བུ་འབུམ་གཉིས་ཡོད་པ་ལྡོང་མི་ནག་གི་ཚ་བོ་ཡིན་པས་ཕུར་ཚ་ཐོགས་པ་ཡིན་པར་དམུ་དགེ་བསམ་གཏན་གྱིས་གསུངས་ཟེར། དེ་མི་འཐད་དེ། ལྡོང་མི་ནག་གི་ཕ་ཡུལ་མཚོ་སྔོན་ཕྱོགས་ཡིན་པ་དང་། གནས་ཡུལ་སྨར་ཁོག་ཡིན་ཕྱིར་ཕུར་ཚ་སྔགས་འཆང་ས་སྐྱ་གོང་མའི་བླ་བྲང་ནས་འོང་བའི་ལོ་རྒྱུས་དང་མཐུན་ཐབས་གཏན་ནས་མེད་ལ་ད་རུང་ས་སྐྱའི་ལོ་རྒྱུས་རྣམས་སུ་ས་སྐྱ་བས་ལྡོང་གི་རུས་ཆེན་བཅོ་བརྒྱད་དང་དགྲ་འཁྲུགས་བྱས་ནས་ཕམ་པར་བརྒྱབ་པའི་ལོ་རྒྱུས་ཡོད་པ་སོགས་ཀྱིས་མི་འཐད།  དམུ་དགེ་བསམ་གཏན་གྱི་དགོངས་པ་ཡང་མིན་ཏེ། ལོ་རྒྱུས་ཀུན་དགའི་མེ་ལོང་དུ། བུ་ཆུང་རྟ་ཡག་ཆོས་གསུམ་འཕན་དང་བཞི། ཞེས་ལོ་རྒྱུས་རུས་མཛོད་གཞན་པ་རྣམས་ཀྱི་བཤད་ཚུལ་དང་མཐུན་པར་གསུངས་པ་མ་གཏོགས་བུ་ཆུང་ལ་བུ་དྲུག་ཡོད་ཚུལ་གསུངས་མེད། ལ་ལས་ཕུར་ཚ་ཚང་ལྡོང་ཡིན་ཏེ། ངག་རྒྱུན་ལ་ཕུར་ཚ་དང་ལྡོང་གཉིས་ཚ་ཞང་ཡིན་པར་བཤད་ཟེར། དེས་ནི་ཕུར་ཚ་ཚང་ལྡོང་མིན་པར་གསལ་བར་བསྟན་འདུག་སྟེ། ཞང་པོ་མ་ཕྱོགས་ཡིན་པས་རུས་མི་གཅིག་པ་ཤེས་སླ་ལ། གཞན་ཡང་ས་སྐྱ་བའི་ལོ་རྒྱུས་རྣམས་སུ་ས་སྐྱ་དང་ལྡོང་གཉིས་འཁྲུགས་པར་བཤད་པས་ས་སྐྱ་ཚང་ལྡོང་མིན་པ་གསལ་ལོ། །ཁ་ཅིག་གིས་ས་སྐྱ་འཁོན་གྱི་གདུང་རྒྱུད་ནི་ལྷ་བྱེ་བྲག་པ་གཅིག་གནམ་ནས་བབས་པའི་རྒྱུད་པ་ཡིན་གྱི། བོད་མིའུ་གདུང་དྲུག་གང་གི་ཁོངས་སུ་གཏོགས་པ་མིན་ཟེར། འོ་ན་ལྷ་རིགས་སྒོ་ཡང་ལྷ་བྱེ་བྲག་པ་ཞིག་མི་ཉག་བཞག་བྲ་ལྷ་རྩེའི་རྩེ་རུ་བབས་པ་དེའི་རྒྱུད་པ་ཡིན་པས་རྒྱུ་མཚན་མཚུངས་ལ། འདོད་ན་མིའུ་གདུང་དྲུག་མི་ཚང་བའི་སྐྱོན་དང་། ས་སྐྱ་བ་བོད་རིགས་མ་ཡིན་པའི་སྐྱོན་ཡང་ཡོད་དོ། །དེ་ཡང་ས་སྐྱ་འཁོན་གྱི་རིགས་མིའུ་གདུང་དྲུག་ཏུ་བསྡུ་ན་ཨ་ལྕགས་འབྲི་ཡིན་པར་གསལ་དེ། རུས་མཛོད་མེ་ཏོག་སྐྱེད་ཚལ་དུ། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་ཞེས་པ་ས་སྐྱ་དང་། འབྲི་གུང་སོགས་ཀྱི་གདུང་རིགས་བརྒྱད་དབུས་གཙང་དང་བར་ཁམས་སུ་ཡོད་ལ། ཞེས་དང་། སི་ཏུ་པཎ་ཆེན་གྱི་རང་རྣམ་དྲི་བྲལ་ཤེལ་གྱི་མེ་ལོང་ལས། (སི་ཏུ་པཎ་ཆེན་ཁོང་རང་ཉིད་ཀྱི་)རུས་ནི་རུས་ཆེན་སྡེ་བཞིར་གྲགས་པའི་ནང་གསེས་བྱས་པ་ཅན་གྱི་འགྲུ། དེ་ལའང་ས་སྐྱ་དང་། འབྲི་གུང་སྐྱུ་ར་སོགས་མི་འགྱུར་ཐར་བའི་གནས་བརྒྱད་སོགས་སུ་དབྱེ་བའི་ལྕགས་མོ་སྟེ། ཞེས་དང་། རླངས་ཀྱི་པོ་ཏི་བསེ་རུ་ལས། དེ་འོག་ཨ་ལྕགས་འབྲུ། འབྲུ་ལ་བུ་དགུ་བྱུང་། མི་འགྱུར་ཐར་བའི་གནས་བརྒྱད་ཡོད། ཞེས་དང་། ཨ་ཉ་བླ་མའི་རུས་མཛོད་ལས། ཨ་ལྕགས་འབྲི་ཞེས་གྲགས་པའི་རུས་རྒྱུད་ལས། འབྲི་རྭ་ཅོ་ཅན་ལ་བཅོ་བརྒྱད་དང་། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་སོགས་མི་རྒྱུད་བཟང་ལ་མང་བ་བྱུང་བ་ལས། ཞེས་གསུངས། དམུ་དགེ་བསམ་གཏན་གྱི་བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས། འབྲི་མི་འགྱུར་ཐར་བའི་གནས་བརྒྱད་ཅེས། ས་སྐྱ་དང་འབྲི་གུང་སོགས་ཀྱི་གདུང་རིགས་བརྒྱད་དབུས་གཙང་དང་བར་ཁམས་སུ་ཡོད་པ་དང་། ཞེས་སོགས་གསུངས། ཡང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། ས་སྐྱ་གོང་མའི་བླ་བྲང་ནས་འོང་བའི་སྔགས་འཆང་དེ་ས་སྐྱའི་བླ་རབས་གང་གི་སྐབས་སུ་བྱུང་བ་དང་། དེའི་རུས་འཁོན་ཡིན་མིན་མི་གསལ་མོད། བསེ་མཆོག་སྤྲུལ་ཡོན་ཏན་ལྷུན་གྲུབ་ཀྱི་རང་རྣམ་དུ། ཨ་ལྕགས་འབྲི་ཡི་གདུང་རྒྱུད། རུས་ཕུར་རྩའི་ཝ་མོའི་བུ་བདུན་གྱི་རིགས་རྒྱུད། ཅེས་གསུངས་པས་ཨ་ལྕགས་འབྲུའམ་འབྲི་རིགས་ཡིན་པ་ཤེས་ནུས་སོ། །ཡང་བཤད་སྲོལ་གཅིག་ལ་ཕུར་རྩ་དང་། སྒོ་སྤ། སྒོ་འཛི་གསུམ་ནི་ཕུར་ཚའི་བུ་སྤུན་གསུམ་གྱི་རྒྱུད་པ་ཡིན་ཕྱིར་རུས་མཐུན་ཅིང་རྟ་རྒོད་མ་ཞིག་གི་འཛི་དང་། སྤུ། རྟོད་ཕུར་རྩ་བ་གསུམ་ལས་རུས་ཐོགས་པར་བཤད། དེ་ལྟར་ན་སྒོ་འཛིའི་རུས་ཁུངས་ནི་ཨ་ལྕགས་འབྲི་ལ་ཐུག་ཡོད་པ་གསལ་དེ། སྒོ་གཏེར་ཡེ་ཤེས་འབྱུང་གནས་ཀྱི་ཕུར་པའི་ལུང་བྱང་ཤེལ་གྱི་མེ་ལོང་དུ། རྩང་ཞེས་ལུང་པ་ལྷོར་བསྟན་ཁམསཿ རི་བོ་སེང་ཆེན་འགྱིང་འདྲའི་ཞོལཿ ཕ་ནི་འབྲི་རིགས་རྒྱལ་གྱི་མིངཿ མ་ནི་དབྲ་རིགས་སྐྱིད་ཀྱི་མིངཿགདུག་པ་སྟག་ཏྭ་དགྲ་སྦྱོར་དུཿ ཤིང་ཁམས་ཕག་གི་ལོ་པ་ནིཿ སྐྱེས་བུ་པདྨ་རོལ་བ་རྩལཿ ལུས་རྟགས་དཔའ་བོ་སྟག་ཤམ་ཅནཿ པདྨ་ང་ལ་མོས་པ་འབྱུངཿ ཞེས་སྒོ་འཛི་གཏེར་ཆེན་གྱི་ཕ་ཡབ་སྒོ་འཛི་རྣམ་རྒྱལ་ཨ་ལྕགས་འབྲི་ཡི་རིགས་ཡིན་པར་རྒྱལ་དབང་ཨོ་རྒྱན་ཆེན་པོས་ལུང་གིས་གསལ་བར་བསྟན་པ་ལྟར་རོ། །འོ་ན་འབྲུ་མི་འགྱུར་ཐར་བའི་གནས་བརྒྱད་ཇི་ལྟར་བྱུང་ཞེ་ན།  དེ་ཡང་སྔོན་འབྲུ་སྟག་རྒོད་ཟེར་བའི་ཕྱུག་པོ་ཞིག་བྱུང་བ་ལ་བུ་བདུན་ཡོད། འབྲུ་སྟག་རྒོད་ཀྱིས་སྲམ་གྱི་སྤུའི་ཕྱིང་པ་བཟོས་ནས་སྦྲ་ཐོག་ཏུ་བཞག་པ་རླུང་གིས་ཁྱེར་བས་མཚོ་ནང་དུ་ལྷུང་བར་བུ་བདུན་གཅིག་ལ་གཅིག་འཆང་ཕྱི་མ་མཛོ་ཡི་སྣ་ཐག་ལ་འཇུས་པས་མཛོ་སྣ་ཤོར་ཏེ་བུ་བདུན་པོ་མཚོ་ནང་དུ་ལྷུངས་ཏེ་ཤི་བས། འབྲུ་མི་རབས་ཆད་ཁར་མཛོ་སྣ་ཤོར། ཟེར་བ་བྱུང་། འབྲུ་སྟག་རྒོད་ཀྱིས་སླར་ཡང་རོང་བཟའ་ཆུང་མར་བླངས་ནས་མཚན་མོར་བཤོས་པས་བུ་ཉི་མ་ནག་པོ་དང་། ཉིན་མཚན་བར་ལ་བཤོས་པས་ཉི་མ་ཁྲ་བོ། ཉིན་མོར་བཤོས་པས་ཉི་མ་དཀར་པོ་སྟེ་བུ་གསུམ་བྱུང་བས་འབྲུ་ཉི་མ་དཀར་ནག་ཁྲ་གསུམ་དུ་གྲགས། འབྲུ་ཉི་མ་དཀར་པོ་ལ་སྲས་ཆེ་བ་དཔའ་བོ་སོ་གད། འབྲིང་བ་ཡ་གད། ཆུང་བ་མ་གད་དང་གསུམ་བྱུང་། སོ་གད་ཀྱི་རྒྱུད་པ་ལས་འབྲི་གུང་སྐྱུ་ར། ཡ་གད་ཀྱི་རྒྱུད་ལས་གོ་བོ། མ་གད་ཀྱི་རྒྱུད་པ་ལས་ཏྲེ་བོ་བྱུང་། འབྲུ་ཉི་མ་ཁྲ་བོ་ལ་བུ་གཉིས་ལས་ཆེ་བའི་རྒྱུད་པ་ལས་འོ་གྲོའམ་ངོ་ཁྲོ། ཆུང་བའི་རྒྱུད་ལས་ས་སྐྱ་བྱུང་། འབྲུ་ཉི་མ་ནག་པོ་ལ་བུ་གསུམ་ལས་ཆེ་བའི་རྒྱུད་པ་ལས་ཉག་རེ། འབྲིང་བའི་རྒྱུད་ལས་སྙི་བ། ཆུང་བའི་རྒྱུད་ལས་འབྲོམ་སྟེ་བརྒྱད་བྱུང་བ་ཡིན་ཏེ། ཇི་སྐད་དུ། སྲས་ཆེ་བའི་རིགས་ལ་སྐྱུ་ར་བྱུང་། །འདན་སྟོད་བྲག་རྩ་སྐྱུ་རས་བཟུང་། །སྐྱུ་ར་མི་འགྱུར་འབྲུ་ཞིག་ཡིན། །བྲག་རྩ་མི་འགྱུར་གནས་ཤིག་ཡིན། །འབྲིང་པོའི་རིགས་་ལ་གོ་བོ་བྱུང་། །བྱང་ཁྲི་ལམ་སྐྱ་བོ་གོ་བོས་བཟུང་། །གོ་རྗེ་དཀར་པོ་འབྲུ་ཞིག་ཡིན། །ཁྲི་ལམ་མི་འགྱུར་གནས་ཤིག་ཡིན། །ཆུང་བའི་རིགས་ལ་ཏྲེ་བོ་བྱུང་། །ཏྲེ་མ་ཐང་ཚོང་འདུས་ཏྲེ་བོས་བཟུང་། །ཏྲེ་རྗེ་སེ་བོ་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཉི་མ་ཁྲ་བོའི་བུ་གཉིས་ལ། །ཆེ་བའི་རིགས་ལ་འོ་གྲོ་བྱུང་། །གཙང་གྱང་ཁང་འོད་པ་འོ་གྲོས་བཟུང་། །འོ་གྲོ་དཀར་པོ་འབྲུ་ཞིག་ཡིན། །གྱང་ཁང་མི་འགྱུར་གནས་ཤིག་ཡིན། །ཆུང་བའི་རིགས་ལ་འཁོན་ཞེས་བྱུང་། །ས་སྐྱའི་ཁྲི་སྐོར་འཁོན་གྱིས་བཟུང་། །འཁོན་རྗེ་དཀར་པོ་འབྲུ་ཞིག་ཡིན། །ས་སྐྱ་མི་འགྱུར་གནས་ཤིག་ཡིན། །ཆེ་བའི་རིགས་ལ་ཉག་རེས་བཟུང་། །དབུ་རུ་གྱང་ཁང་ཉག་རེས་བཟུང་། །ཉག་རེ་སེ་བོ་འབྲུ་ཞིག་ཡིན། །གྱང་ཁང་མི་འགྱུར་གནས་ཤིག་ཡིན། །འབྲིང་བའི་རིགས་ལ་སྙི་བ་བྱུང་། །གཙང་ཚོང་འདུས་འགུར་མོ་སྙི་བས་བཟུང་། །སྙི་བ་དཀར་ནག་འབྲུ་ཞིག་ཡིན། །ཚོང་འདུས་མི་འགྱུར་གནས་ཤིག་ཡིན། །ཆུང་བའི་རིགས་ལ་འབྲོམ་རྗེ་བྱུང་། །དབུས་སུམ་འཕྲང་གསེར་ཁང་འབྲོམ་གྱིས་བཟུང་། །འབྲོམ་རྗེ་དཀར་པོ་འབྲུ་ཞིག་ཡིན། །སུམ་འཕྲང་མི་འགྱུར་གནས་ཤིག་ཡིན། །ཞེས་སོགས་གསུངས། ཡང་འབྲི་གུང་གདན་རབས་རིན་ཆེན་ཕྲེང་བ་ལས། འགྲུ་ཉི་མ་ཁྲ་བོའི་རྒྱུད་ལ་བུ་གཉིས་བྱུང་བ་ལས། ཆུང་བའི་རིགས་ལ་སྐྱེས་པ་འཁོན་ཞེས་བྱུང་། །ས་སྐྱའི་བླ་བྲང་ཁྲི་སྐོར་འཁོན་གྱིས་བཟུང་། །འཁོན་རྗེ་དཀར་པོར་གྲགས་པ་འགྲུ་གཅིག་ཡིན། །ས་སྐྱའི་བླ་བྲང་མི་འགྱུར་བ་ཡི་གནས། །ཞེས་ཀྱང་གསུངས། དབུ་ནག་མིའུ་འདྲ་ཆགས་ལས། འབྲུ་མི་འགྱུར་ཐར་བའི་གནས་བརྒྱད་ཡོད། མཁས་པས་བརྩིས་ན་བཅུ་གཉིས་ཡིན། འགྲུ་རྗེ་དཀར་པོ་འགྲུ་གཅིག་ཡིན། །གཙང་ས་སྐྱ་མི་འགྱུར་གནས་གཅིག་ཡིན། ། རྐོ་བོ་དཀར་པོ་འགྲུ་གཅིག་ཡིན། །དབུས་ས་རང་མི་འགྱུར་གནས་གཅིག་ཡིན། ། རྙི་བ་དཀར་པོ་འགྲུ་གཅིག་ཡིན། །ལྷོ་བྲག་མི་འགྱུར་གནས་གཅིག་ཡིན། ། ཀྱུ་ར་དཀར་པོ་འགྲུ་གཅིག་ཡིན། །བྲག་རྩ་མི་འགྱུར་གནས་གཅིག་ཡིན། ། དྲེ་འོ་དཀར་པོ་འགྲུ་གཅིག་ཡིན། །མ་ཉལ་མི་འགྱུར་གནས་གཅིག་ཡིན། ། ངོ་ཁྲོ་དཀར་པོ་འགྲུ་གཅིག་ཡིན། །ཀི་ཏི་མི་འགྱུར་གནས་གཅིག་ཡིན། ། རོང་པོ་དཀར་པོ་འགྲུ་གཅིག་ཡིན། །ཤ་བང་མི་འགྱུར་གནས་གཅིག་ཡིན། ། གཅུར་ཡ་དཀར་པོ་འགྲུ་གཅིག་ཡིན། །གང་རྒོ་མི་འགྱུར་གནས་གཅིག་ཡིན། ། རི་ཐོག་དཀར་པོ་འགྲུ་གཅིག་ཡིན། །ཟླ་རྒྱལ་ངང་མ་མི་འགྱུར་གནས་གཅིག་ཡིན། ། ག་ཟི་དཀར་པོ་འགྲུ་གཅིག་ཡིན། །ཁང་དམར་སྟག་ཐང་མི་འགྱུར་གནས་གཅིག་ཡིན། ། ཉག་བྲེ་དཀར་པོ་འགྲུ་གཅིག་ཡིན། །འོ་རྔུ་མི་འགྱུར་གནས་གཅིག་ཡིན། ། དེ་འགྲུ་དར་བའི་གནས་ཆེན་བཅུ་གཉིས་ཡིན། །ཞེས་འགྲུ་མི་འགྱུར་ཐར་བའི་གནས་བཅུ་གཉིས་ལ་རུས་ཚན་མི་འདྲ་བ་བཅུ་གཉིས་གྱེས་ཚུལ་བཤད། གཞན་ཡང་ངག་རྒྱུན་དུ། ཕུར་ཚ་ཚང་གི་སྐྱེས་སྐྱེས་སྟག་ལ་སྐྱེས། ཤི་ཤི་གྲི་རུ་ཤི། ཞེས་དཔའ་རྒོད་ཤ་སྟག་བྱུང་བའི་ལོ་རྒྱུས་ཡོད་ཚུལ་ལ་བལྟས་ན་ཡང་ཨ་ལྕགས་འབྲི་ཡི་རིགས་ཡིན་པ་གོ་ཐུབ་སྟེ། འབྲི་བྱས་པ་ཅན་དེ་དགྲ་ལ་རྒོད། ཅེས་དང་། དཔའ་རྒྱ་སྟག་མཆེ་སྡེར་མ་ཉམས་པ། །ཨ་ལྕགས་འབྲི་ཡི་རིགས་རྒྱུད་ཡིན། །ཞེས་གསུངས་པ་དང་། གཞན་ཡང་འབྲི་རིགས་བུ་དཔའ་བའི་སྔོན་བྱུང་གི་གཏམ་རྒྱུད་ཅིག་ཡོད་པ་འདི་ལྟར། གནའ་སྔ་མོ་བསྐལ་པ་ཡ་ཐོག་ལ་བོད་མི་ཁྲི་དོ་ཆེན་པོས་གཉན་ལྕམ་དཀར་མོ་ཁབ་ཏུ་བཞེས་པ་ལ་སྲས་ཆེ་བ་ལྡོང་། འབྲིང་པོ་དབྲ། ཆུང་བ་འགྲུ་དང་གསུམ་ཡོད། དམུ་བཟའ་ཁབ་ཏུ་བཞེས་པས་དམུ་ཚ་སྒ་སྐྱེས། སྲིན་མོ་གོ་ཟུ་ཅན་བཞེས་པས་སྲས་ཆེ་བ་དབའ་དང ། ཆུང་བ་རྡ་གཉིས་ཡོད། དེ་དག་ལ་བོད་མ་གསུམ་བུ་དྲུག་ཟེར།  དེ་ལྟར་བོད་མི་ཁྲི་དོ་ཚང་ལྷ་རི་ཞོལ་པོའི་མཐིལ་ན་འདུག་པའི་སྐབས་སུ་བདུད་ཀྱི་ཇག་པ་རྐྱ་བདུན་བྱུང་བྱུང་ནས་བོད་མི་ཚང་གི་མཛོ་མོ་ཐམས་ཅད་དེད་ནས་སོང་བའི་ར་མདར་ཕ་ཁྲི་དོ་ཆེན་པོ་ཕྱིན་པ་ལ་བཙུན་མོ་གཉན་ལྕམ་དཀར་མོ་དུང་གི་སྦལ་བ་ཞིག་ལ་བརྫུས་ནས་ཨ་མྱེ་ཁྲི་དོ་ཆེན་པོའི་གཡས་གཡོན་དུ་ཕྱིན་ནས་བཀག་དུས། བོད་མི་ཁྲི་དོ་ཆེན་པོ་ཁྲོས་ནས་རྐེད་ཀྱི་གྲི་ཐུང་ཕུད་ནས་གཡུགས་པས། སྦལ་བའི་སྐེད་པར་ཐེབས་པས་སྦལ་བས་ཙི་བཏབ་ནས་ཤི། གཉན་གྱི་རྒྱལ་པོས་དེ་ཐོས་ནས་བོད་ཀྱིས་ངའི་བུ་མོ་བསད་པས་ཡན་པར་མི་གཏོང་སྙམ་ནས་གཉན་གྱི་གཟེར་མདའ་ནག་པོ་འཕངས་ནས་བོད་ཁྲི་དོ་ཆེན་པོ་བཀྲོངས། དེ་ནས་ཨ་སྤོ་ལྡོང་ལ་སོགས་པའི་བུ་སྤུན་དྲུག་པོས་དང་པོ་གཉན་ལ་མི་སྟོང་བསྙགས་པས། ཕྱྭ་བ་སྤྱ་ིགཙུག་རྒྱལ་བས་བར་གཟུ་བྱས་ནས་གཉན་གྱིས་མི་བུ་གདུང་དྲུག་ལ་ཕ་སྟོང་འཇལ། དེ་ཡང་ལྡོང་ལ་ལྡོང་ལྷ་རྨ་ཕྲོམ་བྱིན། དེ་ནི་གཡུ་འབྲུག་ཟངས་ཀྱི་ཟེ་བ་ཅན། མི་མངོན་ནམ་མཁའི་དབྱིངས་ན་བཞུགས། ལྡོང་དར་ཕྱུག་ཅན་གྱི་དགྲ་བླ་བྱུང་། དབྲ་ལ་དབྲ་མོ་རབ་བཀྲ་བྱིན། བྱ་ཁྱུང་ལྕགས་ཀྱི་མཆུ་སྡེར་ཅན། ནམ་མཁའ་འགྲིམ་ཞིང་གངས་རི་ཉུལ། དབྲ་བཙན་དར་ཅན་གྱི་དགྲ་བླ་བྱུང་། འགྲུ་ལ་འབྲི་མོ་ཕྲོམ་ཕྲོམ་བྱིན། །ལྷ་གཡག་དབལ་གྱི་རྭ་ཅོ་ཅན། །འགྲུ་ལ་ཉུལ་ཞིང་རྫ་རི་འགྲིམ། །འགྲུ་དཔའ་ངར་ཅན་གྱི་དགྲ་བླ་བྱུང་། །སྒ་ལ་སྐར་མ་ལེགས་པོ་བྱིན། །གསེར་སྟག་མཚལ་གྱི་རི་མོ་ཅན། །ཁམས་གསུམ་འགྲིམ་ཞིང་སྒ་ལ་ཉུལ། །སྒ་ཕྱུག་དར་ཅན་གྱི་དགྲ་བླ་བྱུང་། །དབའ་ཟླ་གཉིས་ཀྱི་སྟོང་སྐལ་ལ། །ཤེལ་གྱི་ར་སྐྱེས་ཁམ་པ་དང་། །དུང་གི་ཁྱི་མོ་དཀར་མོ་བྱིན། །དེ་ནས་བུ་དྲུག་གིས་གཉན་ལས་ཕ་སྟོང་ལོན་ཀྱང་བདུད་ལ་ཇག་ལན་ལེན་པར་གྲོས་བྱས་ནས་དང་པོ་བུ་ཆེ་བ་ཨ་སྤོ་ལྡོང་ཤ་ལན་ལེན་དུ་སོང་ཡང་བདུད་ཡུལ་གྱི་རི་མགོ་མཐོང་སར་སླེབས་ཚེ་འགྲོ་མ་ནུས་ནས་ཕྱིར་ལོག དེ་ནས་བུ་གཉིས་པ་བསེ་ཁྱུང་སྦྲ་སོང་ཚེ་བདུད་ཚང་གི་ཁྱི་སྐད་ཚོར་བའི་ས་ནས་འགྲོ་མ་ནུས་པར་ཕྱིར་ལོག དེ་ནས་བུ་གསུམ་པ་དམུ་ཚ་སྒ་སོང་བས་བདུད་ཀྱི་རུ་བ་མཐོང་བའི་ས་ནས་ཕྱིར་ལོག དེ་ནས་བུ་བཞི་པ་ཨ་ལྕགས་འབྲིའམ་འབྲི་རྗེ་ལྷ་གཡང་ཐོད་དཀར་ཀྱིས་ཧོར་གྱི་དྲེའུ་གྭ་པ་ཞོན། གཉན་གྱི་བེར་ཀ་སྦྲུལ་མགོ་དང་། གསེར་གྱི་བེང་ཆེན་ཕྱག་ཏུ་བསྣམས་ནས་ཕའི་ཤ་ལན་ལེན་པར་བདུད་ཡུལ་ལ་སོང་ནས་བདུད་ཀྱི་མི་ནག་གསུས་ཆེན་བསད། བདུད་མཁར་ཕྱ་ར་ཕྱེ་རྫོང་གཏོར། བདུད་རྗེ་ལག་རིང་བཙོན་དུ་བཟུང་། བདུད་ཕྲུག་མང་པོ་བྲག་ལ་བརྡབས། བདུད་ཆང་འཐུང་བས་ཚེ་སྲོག་འཕེལ། བདུད་རྩི་ཟེར་བ་དེ་ནས་གླེང་། །བདུད་ཀྱི་དར་ནག་དཔའ་དར་བྱས། །དཔའ་དར་ཟེར་བ་དེ་ནས་དར། །བདུད་སྟག་བསད་པའི་པགས་པ་དེ། །ཕུ་བོ་ལྡོང་ལ་ནོམ་ཕུད་བསྩལ། །ནོམ་ཕུད་ཟེར་བ་དེ་ནས་དར། །ཞེས་སོགས་ཀྱིས་ཕུར་ཚ་ཚང་འདི་ཨ་ལྕགས་འབྲི་ཡི་རིགས་ལ་གཏོགས་པར་བཤད་པ་ཡིན་ནོ།། ངག་རྒྱུན་དང་ཡིག་ཆ་ཁག་གུང་བསྒྲིགས་ནས་གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

སྟོང་དཔོན་ཚང་གི་རུས་ཁུངས་ལ་དཔྱད་པ།

སྟོང་དཔོན་ཞེས་པའི་རིགས་འདི་ནི་བློན་ཆེན་མགར་སྟོང་བཙན་གྱི་གདུང་རྒྱུད་རྔུ་པ་ཟླ་བ་བཟང་པོ་ལ་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པས་ས་དམར་སྟོང་དཔོན་གྱི་མཚན་གནས་སྤྲད་ཕྱིན་ཆད་དེའི་རིགས་རྒྱུད་རྣམས་ལ་སྟོང་དཔོན་ཅེས་ཐོབ་མིང་རུས་ལ་ཐོགས་པ་ཞིག་ཡིན་པར་བཤད། དེས་ན་སྟོང་དཔོན་ཟླ་བ་བཟང་པོ་མགར་གྱི་རིགས་རྒྱུད་ཡིན་པ་དང་། མགར་ནི་བོད་ཀྱི་རུས་ཆེན་རྣམས་ལས་ལྷ་རིགས་སྒོའི་རིགས་རྒྱུད་ཡིན་པར་གསལ་ཏེ། བོད་མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་གྱི་ལྷ་རིགས་སྒོའི་བྱུང་ཚུལ་བཤད་པའི་སྐབས་སུ། སྔར་ལྷ་མིའི་བར་དུ་དམུ་ཐག་ཡོད་དུས་ལྷ་དེ་མི་ཉག་བཞག་བྲ་ལྷ་རྩེར་དམུ་ཐག་ལས་བབས་ནས་དེའི་མི་རྒྱུད་དུ་རིམ་པར་མི་བྱུང་བ་ལས། མི་ཞིག་ས་དམར་མདོར་སླེབས་པ་ལ། མི་དེ་འཇང་ཡུལ་ཆུ་སྟོད་དུ་སོང་བ་དང་། སྒྲོལ་མ་སྔོ་ལྗང་གི་གནས་ལ་མཇལ་སྐོར་བྱས་པས་དེས་ལྷ་ངོ་མ་ཤེས་པར། མི་ཉག་སྐད་དུ་སྔོན་པོ་ལ་རྔུ་ཟེར་བར། ཁོས་ལྷ་རྔུ་རྔུ་ཞིག་མཇལ་ཟེར་བས་མི་དེ་ལ་རྔུ་རྔུ་ཐོག་པའི་སྟེང་། དེའི་བརྒྱུད་པ་མང་དུ་ས་དེར་མཆེད་པ་ལ་རྔུའི་རིགས་ཟེར་བ་ཡིན་ལ། སྤྱིར་ནི་སྒང་དྲུག་དང་ཆུ་བཞི་ཟེར་བའི་ས་ཡི་ཆར། བར་ཁམས་འདིར་སྒོ་ཡི་རིགས་འདི་མང་ལ། ཁྱད་པར་དུ་རྔུ་ཆའི་༼རྔུ་ཆུའི་༽རྒྱུད་འདིར་སྒོ་རྔུ་རྔུའི་རིགས་འདི་ཤིན་ཏུ་མང་ཕྱིར་རུས་མིང་ས་ཆ་རུ་ཐོགས་པའི་རྔུ་ཁོག་ཟེར་བ་ཡིན་ལ། རུས་ཆེན་སྒོ་དེ་ལ་བྱེ་བྲག་ཏུ་རྔུ་ཆེན་རྒྱལ་མོའི་ཚོ་བཅོ་བརྒྱད་ནི། མགར་ཀེ་འགོལ་གསུམ། གསུང་གསེར་འབྲོག་གསུམ། ཇི་འབུམ་བཞག་གསུམ། ཤོལ་སྟག་འཕྱང་གསུམ། གཅེས་སེང་རམ་གསུམ། ཕྱུག་པོ་བུ་གསུམ་སྟེ་བཅོ་བརྒྱད་ཡོད་དོ། །ཐོག་མར་འགར་གྱི་རིགས་ལ། ཞེས་དང་། སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་དངུལ་དཀར་མེ་ལོང་ལས། བོད་ཆེན་པོའི་འགྲོ་བ་མཐའ་དག་གི་ཞང་པོར་འོས་པ་སྒོ་ལྷ་རྗེ་དཀར་པོའི་རུས་ལས། རྔུ་ཆེན་རྒྱལ་མོ་ཚོ་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ་མགར་གྱི་རིགས་ལས་བྱུང་། ཞེས་དང་། དཔལ་ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ་འདོད་དགུ་རབ་འཕེལ་ལས། བོད་ཆེན་ལྗོངས་ཀྱི་འགྲོ་བ་འདི་དག་ཀུན། །སྒ་འབྲུ་སྦྲ་ལྡོང་བཞི་ལས་ཆད་མོད་ཀྱང་། །དེ་དག་ཀུན་གྱི་ཞང་པོར་འོས་པ་ཡི། །ཚེ་རིང་གནམ་གྱི་མཐོངས་ནས་འོད་གསལ་ལྷ། །བསམ་བཞིན་མི་ཡི་རྗེ་བོར་ཕེབས་པ་ཡི། །ཞང་པོ་ལྷ་སྡེ་དཀར་པོ་སྒོ་རིགས་ལས། །ཆད་དེ་སྟོད་སྨད་ཕྱོགས་སུ་ཡོད་ནང་ནས། །རྔུ་ཆེན་རྒྱལ་མོ་ཚོ་ཆེན་བཅོ་བརྒྱད་ལས། །ཞེས་སོགས་དང་། གུ་བཀྲའི་ཆོས་འབྱུང་ལས། ཐོག་མར་བོད་འདིར་མི་ཡི་འགྲོ་བ་ཆགས་ནས་རིང་ཞིག་ན། ཤར་མི་ཉག་བཞག་ར་དཀར་པོའི་རི་རྩེ་ལ་སྟེང་འོད་གསལ་གྱི་ལྷ་ཞིག་གནམ་ནས་བབས་པ་ལས། མི་རྣམས་ཀྱིས་གནམ་ནས་བབས་པས་མཚན་མགར་གནམ་ཚ་འབྲུག་ཅེས་བཏགས་པས། དེའི་བརྒྱུད་པ་མགར་བླ་མཁྱེན་ཆེན་པོ། དེའི་སྲས་མགར་སྟོང་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་ངམ་ཆོས་བློན་རིག་པ་ཅན་དུ་གྲགས་པ་སྟེ། ཞེས་སོགས་གསུངས། གྲུབ་དབང་སངས་རྒྱས་རྒྱ་མཚོས། སྟོང་བཙན་ལྷ་རིགས་སྒོ་ཡི་གདུངས་རིགས་ལས། །གསུངས་དང་དེ་མཐུན་རྗེས་འབྲང་འཆད་པ་ལ། །བོད་ལྗོངས་འགྲོ་འདི་ཆགས་ནས་རིང་ཞིག་ནས། །འཆི་མེད་ལམ་ནས་འོད་གསལ་ལྷ་ཡི་བུ། །ཤར་ཕྱོགསབཞག་བྲ་ལྷ་རྩེའི་རྩེ་མོར་བབས། །དེ་དུས་མི་རྣམས་ཀྱིས་ནི་ནམ་མཁའ་ལས། །བབས་དེའི་རྒྱུ་མཚན་བྱས་ཏེ་དེ་ཉིད་ལ། །མཚན་འགར་གནམ་ཚ་འབྲུག་ཅེས་བྱ་བར་བཏགས། །ཞེས་གསུངས། འོ་ན་རུས་མཛོད་མེ་ཏོག་སྐྱེད་ཚལ་གྱི་བསེ་ཁྱུང་སྦྲའི་སྐབས་སུ་ལྷོ་རོང་ཆོས་འབྱུང་སོགས་དྲངས་ནས་མགར་དམ་པ་སྦྲ་རིགས་ཡིན་པར་བཤད་པ་མིན་ནམ་ཞེ་ན། དེ་ནི་གཞན་གྱི་ཟེར་སྲོལ་བརྗོད་པ་ཙམ་ལས་རུས་མཛོད་མེ་ཏོག་སྐྱེད་ཚལ་རྩོམ་པ་པོའི་རང་ལུགས་མིན་ཏེ། ཁོང་གིས་བོད་ཀྱི་རིགས་རུས་ལ་མི་བུ་གདུང་དྲུག་ཞང་པོ་སྒོ་དང་བདུན་དུ་ཕྱེས་ནས། བོད་ཀྱི་མི་རྣམས་ཀྱི་ཆད་ཁུངས་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། བྲག་སྲིན་མོ་གཉིས་སུ་འདོད་ཕྱིན་བདག་གིས་བཤད་པ་འདི་ལྟར་ལས་གྱེས་ས་དང་འགྲོ་ས་མེད་། ཅེས་གསུངས་ཤིང་མགར་དམ་པ་སྒོ་རིགས་ཡིན་པར་བཞེད། སྡེ་དགེ་རྒྱལ་པོ་ཚང་ལ་མགར་གནམ་ཚ་འབྲུག་ནས་ད་ལྟའི་བར་མི་རབས་ལྔ་བཅུ་ལྷག་ཞིག་བར་མ་ཆད་པར་བགྲང་རྒྱུ་ཡོད་ཅིང་དེའི་ལོ་རྒྱུས་རྣམས་སུ་སྒོ་རིགས་ཡིན་པར་བཤད་པ་ནི་འཐད་ལྡན་དུ་མཐོང་། གཞན་ཡང་། རླངས་ཀྱི་པོ་ཏི་བསེ་རུའི་ནང་དུ། སྦྲ་དཀར་ནག་ཁྲ་གསུམ་ལ་སྟོད་ཀྱི་ཨ་དཀར་མཆེད་དགུ། སྨད་ཀྱི་ནག་པོ་མཆེད་དགུ། བར་གྱི་ཁྲ་བོ་མཆེད་དགུ། སྦྲ་དང་པོ་རྒྱུད་ཀྱི་ཆེ་དགུ། ལྷ་སྦྲ་སྨུག་པོ་མཆེད་བཅུ། དགུ་འབུམ་སྦྲའི་ཕྱུག་དྲུག་བཅས་རྒྱས་པར་བཤད་ཡོད་པའི་ནང་དུ་མགར་རིགས་མེད་པ་སོགས་ཀྱིས་ཤེས་སོ། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་གཙུག་ལག་རྩིས་ཀྱི་སྐོར་བོད་དུ་འགྱུར་བ་ནས་བཟུང་། རྩིས་གཞུང་དུ། ཀེག་ཤིང་ཇི་མེ་ཀུང་ས་དང་། །ཤང་ལྕགས་འུ་ཆུ་རུས་ཁམས་ལྔ། ཞེས་པ་ལྟར་རུས་ཁམས་ངོས་འཛིན་གྱི་ཆེད་དུ་རུས་ཆེན་ལྔར་བརྩི་བའི་སྲོལ་བྱུང་འདུག དེ་ཡང་སྒ་ཤིང་ཁམས། སྒོ་མེ་ཁམས། ལྡོང་ས་ཁམས། སྦྲ་ལྕགས་ཁམས། འབྲི་ཆུ་ཁམས་པ་རྣམས་དང་། དེ་དག་གི་བླ་ཟོག་ཀྱང་ཨ་སྤོ་ལྡོང་གི་བླ་ཟོག་ཤ་བ། ཨ་ལྕགས་འབྲིའི་གཡག བསེ་ཁྱུང་སྦྲའི་རྐྱང་། དམུ་ཚ་སྒའི་ལུག ལྷ་རིགས་སྒོའི་ར་ཡིན་པར་བཤད། དབའ་ཟླ་གཉིས་ས་ཁམས་སུ་བརྩི་དགོས་སམ་སྙམ། རུས་ཆེན་སོ་སོའི་རུས་ལྷ་ཡང་སྒོ་ལྷ་རིགས་ཀྱི་དགྲ་ལྷ་དུང་མི་དུང་རྟ་ཅན། ཨ་ལྕགས་འབྲིའི་རུས་ལྷ་དགྲ་ལྷ་འབྲུ་མོ་ཕྲུམ་ཕྲུམ། བསེ་ཁྱུང་སྦྲའི་རུས་ལྷ་བཙན་རྗེ་ཨ་བསེ་ཆེན་པོ། ཨ་སྤོ་ལྡོང་གི་རུས་ལྷ་དགྲ་བླ་ཐོག་འབྲུག་མགྱོགས་ལྡེམ། དམུ་ཚ་སྒའི་རུས་ལྷ་དགྲ་བླ་སྒ་མོ་སེང་ཁྲོམ། དབའ་ཟླ་གཉིས་ཀྱི་རུས་ལྷ་དགྲ་བླ་ཤེལ་གྱི་ར་སྐྱེས་ཁམ་གཟུགས་དང་། དུང་གི་ཁྱི་མོ་དཀར་མོ་ཡིན་པ་དང་།   མགར་གནམ་ཚ་འབྲུག་ནས་སྟོང་དཔོན་ཟླ་བ་བཟང་པོའི་བར་ལ་མི་རབས་སུམ་ཅུ་ལྷག་ཅིག་སོང་ཡོད་པར་འདུག་ལ་དེ་མན་ཆད་ཀྱི་རྒྱུད་པ་ཕྱོགས་ཕྱོགས་སུ་གྱེས་པ་ལ་སྟོང་དཔོན་ཚང་ཞེས་ཐོགས་པ་ཡིན་པར་བཤད། འོན་ཀྱང་སྟོང་དཔོན་གྱི་རིགས་ཡོད་ཚད་ས་དམར་སྟོང་དཔོན་དང་རིགས་རུས་གཅིག་པའི་ངེས་པ་མེད་པར་སེམས་པས་ཞིབ་ཏུ་དཔྱད་པ་གལ་ཆེ་བར་མཐོང་ངོ།། གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

སྒོ་འཛུ་ཚང་རུས་ཆེན་གང་ལ་གཏོགས་དཔྱད་པ།

དེ་ལ་སྒོ་འཛུ་ཞེས་པའི་རུས་མིང་ཐོགས་ཚུལ་དང་འབྲི་ཚུལ། རུས་མཐུན་བཅས་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཤིག་འདུག་ཀྱང་ཡིད་གཏད་ཕེར་བའི་དཔྱད་གཞི་ཞིག་མི་སྣང་བས་གནས་སྐབས་བཞག འོ་ན་སྒོ་འཛུ་ཞེས་པ་འདི་རུས་ཆེན་གང་གི་ཁོངས་སུ་གཏོགས་ཤེ་ན། ཁ་ཅིག་གིས་ལྷ་རིགས་སྒོའི་ཁོངས་སུ་གཏོགས་ཟེར། དེ་ནི་ལོ་རྒྱུས་ཤེས་ལ་མ་ཤེས་པའི་འོལ་ཚོད་ཙམ་དུ་སྣང་སྟེ། དེའི་འཁྲུལ་གཞི་ནི། སྤྱིར་ལི་རྩང་གི་སྒོ་འཛུ་ཕལ་ཆེ་བ་མི་ཉག་ནས་མཆེད་པར་བཤད་པས་ཁོང་ཚོས་སྒོ་འཛུའི་ཁྱིམ་ཕུགས་མི་ཉག་ལ་ཐུག་ཡོད་པར་སེམས་པ་དང་། མི་ཉག་ན་བཞག་བྲ་ལྷ་རྩེ་ཟེར་བའི་གཞི་བདག་ཞིག་ཡོད་པ། བཞག་བྲའི་རྩེ་ནས་ལྷ་རིགས་སྒོའི་རིགས་རྒྱུད་གྲོལ་བར་བཤད་པ། སྒོ་འཛུའི་མིང་གི་ཐོག་མའི་སྒོ་དང་། ལྷ་རིགས་སྒོའི་མིང་གི་སྒོ་བཅས་ཕན་ཚུན་འབྲེལ་བ་ཡོད་པར་སེམས་ནས་བསྲེས་བཤད་བྱས་པ་ཙམ་དུ་ཟད་དོ། །དེ་མི་འཐད་པའི་རྒྱུ་མཚན་ནི། སྒོ་འཛུ་གཏེར་སྟོན་རིན་ཆེན་གླིང་པ་ཁྱིམ་རྒྱུད་དང་། སྒོ་གཏེར་ཕྱི་མ་ཡེ་ཤེས་འབྱུང་གནས་ཚང་གི་ཁྱིམ་རྒྱུད། སྒོ་བདུད་ཚང་སོགས་ནི་ལི་རྩང་དུ་གཉུག་མར་གནས་པས་མི་ཉག་ནས་མཆེད་པ་མིན་པ་དང་། མི་ཉག་གི་སྒོ་འཛུའི་དཔོན་ཤེས་རབ་མཐར་ཕྱིན་གྱིས། ཁོང་ཚོའི་ཁྱིམ་རྒྱུད་དེ་གཡུ་སུམ་ཁོག་ནས་མི་ཉག་ཏུ་འོང་ཞིང་བསྡད་པ་ཞིག་ལས་གནའ་སྔ་མོ་ནས་མི་ཉག་ཏུ་གནས་ཡོད་པ་ཞིག་མིན། ཞེས་དང་། རུས་ཕུགས་སྒོ་དང་ལྡོང་སོགས་གང་ཡིན་མི་ཤེས་མོད། ཕ་མེས་ཚོས་མི་ཉག་དཔོན་ཚང་གི་བླ་ཟོག་ཤ་བ་ཡིན་པ་དང་། སྒོ་འཛུ་ཚང་གི་བླ་ཟོག་གཡག་ཡིན་ཞེས་བཤད་པ་ད་རུང་སེམས་ན་འདུག་ཅེས་སྒོ་འཛུའི་ཉེ་འཚོགས་སྐབས་བཤད་པ་ལ་བརྟགས་ན་རུས་ཆེན་གང་ལ་གཏོགས་ཧ་ཅང་གསལ་ལོ།།

འོ་ན་ཁྱོད་ཀྱིས་སྒོ་འཛུའི་རུས་ཕུགས་གང་ལ་ངོས་འཛིན་ཞེ་ན། ཟབ་གསང་རྡོ་རྗེ་ཕུར་པའི་ཡང་སྙིང་ལུང་བྱང་ཤེལ་གྱི་མེ་ལོང་ལས། རྩང་ཞེས་ལུང་པ་ལྷོར་བསྟན་ཁམསཿ རི་བོ་སེང་ཆེན་འགྱིང་འདྲའི་ཞོལཿ ཕ་ནི་འབྲི་རིགས་རྒྱལ་གྱི་མིངཿ མ་ནི་དབྲ་རིགས་སྐྱིད་ཀྱི་མིངཿགདུག་པ་སྟག་ཏྭ་དགྲ་སྦྱོར་དུཿ ཤིང་ཁམས་ཕག་གི་ལོ་པ་ནིཿ སྐྱེས་བུ་པདྨ་རོལ་བ་རྩལཿ ལུས་རྟགས་དཔའ་བོ་སྟག་ཤམ་ཅནཿ པདྨ་ང་ལ་མོས་པ་འབྱུངཿ ཞེས་སྒོ་འཛུ་གཏེར་ཆེན་ཡེ་ཤེས་འབྱུང་གནས་ཀྱི་ཕ་ཡབ་སྒོ་འཛུ་རྣམ་རྒྱལ་ཨ་ལྕགས་འབྲི་ཡི་རིགས་ཡིན་པར་རྒྱལ་དབང་ཨོ་རྒྱན་ཆེན་པོས་ལུང་གིས་གསལ་བར་བསྟན་པ་འདི་ཁོ་ནས་ཐེ་ཚོམ་ཆོད་མོད། ད་རུང་ཕྱོགས་གཞན་ནས་བརྟགས་ན། གོང་དུ་སྒོ་འཛུ་ཤེས་རབ་མཐར་ཕྱིན་གྱིས་སྒོ་འཛུ་ཚང་གི་བླ་ཟོག་གཡག་ཡིན་པར་བཤད་པ་དེ་དང་། སྒོ་འཛུ་གཏེར་ཆེན་གྱི་རིགས་སྲས་བླ་མ་འཆི་མེད་རིག་འཛིན་དང་། རྨ་སྟོད་ཕྱོགས་ཀྱི་བླ་མ་ཞིག་དང་། གཡུ་ཁོག་གི་མི་རྒན་ཞིག་བཅས་ས་གནས་མི་འདྲ་བ་བཞིའི་ངག་རྒྱུན་དུ་སྒོ་འཛུ་ཚང་གི་བླ་ཟོག་གཡག་ཡིན་པར་བཤད་པ་ཞལ་མཐུན། དེས་ན་རུས་མཛོད་ཁུངས་མ་རྣམས་སུ་ཨ་ལྕགས་འབྲིའི་བླ་ཟོག་གཡག་ཡིན་པར་གསུངས་པས་ཡིག་ཆའི་ཁུངས་དང་། ངག་རྒྱུན་གྱི་བདེན་དཔང་གཅིག་ཏུ་འདྲེས་པས་སྒོ་འཛུ་ཚང་ཨ་ལྕགས་འབྲི་རིགས་ཡིན་པར་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲས་པ་ཡིན་ནོ།། གཡུ་ཁོག་ཡི་དམ་རྡོ་རྗེས་བྲིས།

ཤེལ་ཁོག་དང་ཤིས་ཁོག་གི་འབྲི་ཚུལ་གསལ་བྱེད་ལུང་གི་དོ་ཤལ།

རྟའུ་དང་ཧོར་བྲག་བར་གྱི་ལུང་པ་དང་དེའི་ཁོག་གི་ཆུ་བོའི་མིང་ལ་ཡིག་སྐད་དུ་ཤེལ་ཁོག་དང་ཤེལ་ཆུ་བྲིས་པ་མང་ལ། ཡུལ་སྐད་དུ་ཤིས་ཁོག་དང་ཤིས་ཆུ་ཟེར་ཞིང་དེ་ལྟར་ཡིག་ཐོག་ཏུ་བྲིས་པ་ཡང་ཡོད། དེ་ནི་སྤྱིར་ས་ཆ་རྣམས་ཀྱི་མིང་ལ་ཡིག་སྐད་དང་ཡུལ་སྐད་གཉིས་སུ་ཡོད་པར་མ་ཟད་ཡུལ་སྐད་ཡིག་ཐོག་ཏུ་བཀོད་ཡོད་པ་དཔེར་ན། དེང་གི་གསེར་རྟ་ལྟ་བུ་ལ་སྔོན་གྱི་ཡིག་རྙིང་ཁག་ན་གསེར་ཐར་ཞེས་བྲིས་ཡོད་ཀྱང་ཡུལ་སྐད་དུ་བསེར་ཐ་ཟེར་བ་དང་། ཡིག་རྙིང་འགའ་རེ་ན་བསྭེ་ཐར་ཞེས་བྲིས་ཡོད་པ་ལྟ་བུ། དེ་བཞིན་སྨུག་རོང་དང་མིག་རི། ལྷ་དགའ་དང་ལྷ་སྒང་། དགེ་བཤེས་དང་རྒུ་བཤེས། རྒྱལ་འཕགས་དང་རྒྱ་ཧག་ལྟ་བུ་ཤིན་ཏུ་མང་ངོ། །ཁ་ཅིག་ན་རེ། ལམ་བྲག་སྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཏྲེ་ཧོར་ལོ་རྒྱུས་སུ་ཤིང་ཁོག་ཟེར་བ་ལན་གཉིས་ཙམ་འདུག་པས་ཤེལ་ཁོག་དང་ཤེལ་ཆུ། ཤིས་ཁོག་དང་ཤིས་ཆུ་བྲིས་པ་དག་ནོར་བ་འབའ་ཞིག་ཡིན་པར་ངེས་ཏེ། ལམ་བྲག་མཁས་པ་ཆེན་པོ་ཡིན་པར་མ་ཟད་ཏྲེ་བོའི་ས་ཆའི་མིང་སོགས་ལ་རྒྱུས་མངའ་ཆེ་བའི་ཕྱིར་ད་ཕྱིན་ཤིང་ཁོག་དང་ཤིང་ཆུ་ཟེར་བ་དེ་ཁོ་ན་ཁས་ལེན་དགོས་སོ་ཟེར། འོ་ན་ཁྱེད་ཀྱིས་རྟའུ་གཉན་མཚོ་དགོན་ཞེས་གདོན་མི་ཟ་བར་ཁས་ལེན་དགོས་ཏེ། ལམ་བྲག་པས་ཏྲེ་ཧོར་ལོ་རྒྱུས་ཀྱི་ནང་དུ་རྟའུ་གཉན་མཚོ་དགོན་ཞེས་ལན་གཉིས་སུ་གསུངས་པ་གང་ཞིག ལམ་བྲག་མཁས་པ་ཡིན་པ་དང་། ལོ་རྒྱུས་ལ་རྒྱུས་མངའ་ཆེ་བ། དེའི་གསུང་ཡིན་ན་ཤ་གཟུགས་ཟ་རྐྱང་བྱེད་ཆོག་པར་ཁས་བླངས་པའི་ཕྱིར་རོ། །ཧ་ཧ། དེ་ལ་ཡིག་སྐད་ཀྱི་ཤེལ་ཁོག་བྲིས་པའི་ཁུངས་ནི།  ༼༡ ཁྱུང་པོའི་རྒྱལ་རབས་ཤེལ་དཀར་མེ་ལོང་ལས། ཐ་ཆུང་ཕྲིན་ལས་ཀུན་གྲུབ་དགེ་ཤེས་ཙ། །ཤེལ་གྱི་དམར་ཁུ་ཏ་འགག་ཡན་ཆད་དང་། །རབ་ཀྱི་འགའ་དག་གསེར་གཞུང་ཚུན་ཆད་དང་། །ཕུ་ཡི་གཞི་འགག་མདའ་ཀྱོ་འཕྲང་ཀོའི་བར། །ཕ་མལ་བུ་ཆུང་བཟུང་བ་སྲིད་པའི་ལུགས། །ཞེས་དང་།  ༼༢ དབུ་ནག་མིའུ་འདྲ་ཆགས་སུ། ཤེལ་ཁོག་ལུང་དམར་ངོ་ཁྲོས་བཟུང་། །ངོ་ཁྲོ་དཀར་པོ་འགྲུ་གཅིག་ཡིན། །ཤེལ་ཁོག་མི་འགྱུར་གནས་གཅིག་ཡིན། །ཞེས་གསུངས།  ༼༣ ལྡོང་ཚང་ལོ་རྒྱུས་ལས། ཡུལ་ཤེལ་ཁོག་ན་གནས་པའི་ངོ་ཁྲོ་དམ་ཅན་དམར་པོ་ཟེར་བའི་མི་སྐད་གྲགས་ཅན་ཞིག་བྱུང་བའི་རྒྱུད་ལ་སྤུན་གསུམ་བྱུང་བ། ཆེ་བ་དེས་སླེ་བོ་བཟོ་ཤེས་པ་འཚོང་བཞིན་འོང་ནས་བེ་ནུབ་དུ་ས་བཟུང་བས་རུས་པ་ངོ་ཁྲོ་ཡིན་པས་བེ་ཁྲོ་ཐོགས། དེ་རྗེས་ནུ་བོ་གཅིག་རྒྱབ་ནས་འོང་བ་དེས་བེ་ཤིང་ཐུས་ནས་མེ་ཤིང་བྱས་པས་བེ་ཐུ་བ་ཐོགས། དེ་རྗེས་ནུ་བོ་གཅིག་རྒྱབ་ནས་འོང་བ་ངོམས་ལ་མ་ཕྱིན་པར་ཆུ་དབར་ཁོག་ན་བསྡད་པའི་རྒྱུད་ལ་ཆུ་དབར་སྟོང་དཔོན་ཚང་བྱུང་བར་བཤད། ཅེས་གསུངས།  ༼༤ ཀརྨ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་དུ། རྟའུ་ཤེལ་ཁོག་ཀྲུ་རི་བླ་གྲྭས་མཇལ། བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་འབྲེལ་གནང་། རྡོ་རྗེ་གཡུ་སྒྲོན་གྱི་གངས་རི་ཉེ་བར་དཔལ་སྒ་ལོའི་སྒྲུབ་གནས་ཀྱི་ཞོལ་ཆུ་དཀར་པོར་ཕེབས། སྙི་སྟོད་སྨད་ཤེལ་ཁོག་པ་རྣམས་ཀྱི་འདྲེན་པ་བླ་མ་ཀརྨ་ཡོངས་འཛིན་བླ་གྲྭ་རྣམས་ཀྱིས་མཇལ། ལེའུ་བདུན་མའི་ལྗགས་ལུང་བསྩལ། ཞེས་གསུངས། ༼༥ འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་མ་ཏི་རཏྣའི་རྣམ་ཐར་སྐབས། མདོ་སྨད་རྟ་ཤེལ་གཉིས་ཀྱི་མཚམས་ཤིག་ཏུ་སྐུ་འཁྲུངས་པར་གྲགས། ཤེལ་ཁོག་བ་ཐང་ཤིང་གི་སིནྡྷུ་རའི་ཆུ་ནས་བདུད་འདུལ་དྲག་མོའི་ཆོས་སྐོར་དང་། གཞན་ཡང་བླ་སྒྲུབ་ཀྱི་སྐོར་སོགས་སྤྱན་དྲངས། ཞེས་གསུངས། ༼༦ ཀུན་མཁྱེན་སི་ཏུ་པཎ་ཆེན་གྱི་རང་རྣམ་དུ། ཤེལ་ཁོག་གཅོད་བླས་མཇལ་ཇ་སྤོབ་རྩེ་བཅོ་བརྒྱད་དང་རྟ་མཛོ་སོགས་ཕུལ། ཞེས་སོགས་གསུངས། ༼༧ རྒྱལ་དབང་ལྔ་པས་མཛད་པའི་བྱང་པ་རིག་འཛིན་ཆེན་པོ་ངག་གི་དབང་པོའི་རྣམ་ཐར་ངོ་མཚར་བཀོད་པ་རྒྱ་མཚོ་ལས། དེ་ནས་ཤེལ་ར་མ་སྒང་ལ་སླེབས། རྗེ་གོང་མའི་གྲྭ་རིགས་སྦྱིན་བདག་རྣམས་ཀྱིས་བསྙེན་བཀུར། སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བསྐོར། བི་རི་མང་དགེ་ཕག་མོ་ཟེར་བ་ཨར་ཇག་རྐུ་གསུམ་ལ་གོམས་པ། སྒར་པ་ཆེ་ཆུང་གནས་སྐོར་བས་མཐའ་བརྟེན་པ་ཀུན་ལ་གནོད་པ་བྱེད་མཁན་ཞིག་ཡོད་པ་དེས་ལན་གསུམ་གྱི་བར་དུ་མཚན་མོ་ཇག་ལ་འོངས་པས། ཞེས་སོགས་དང་། རིམ་གྱིས་རྟའུ་ལ་བྱོན། ཞེས་གསུངས།  ཡུལ་སྐད་དུ་བྲག་འགོ་དང་ལི་རྩང་གཡུ་ཁོག་སོགས་ཀྱིས་ཤིས་ཁོག་དང་ཤིས་ཆུ་ཟེར་བ་དང་། ཧོར་བྲག་འགོ་རྫོང་ཡོད་ས་དེར་ཤིས་ཀྱི་ར་མ་ཆུ་མདོ་ཟེར། སྔར་གཡུ་ཁོག་དཔོན་གྱི་དུས་སུ་ས་མཚམས་བཤད་སྐབས། ཤིས་འི་(ཀྱི་)མུ་ཆ་མཚོ་ཁ་ཚུན་ཆད་ཟེར་སྲོལ་ཡོད་པ་ཡིན། དེ་ལྟར་ཡུལ་སྐད་སོར་བཞག་ཡིག་ཐོག་ཏུ་བཀོད་པའི་ཡིག་ཆ་འགའ་རེ་མཐོང་དུ་ཡོད་པ་ནི། ༼༡ བྲག་འགོ་ལྕམ་བླ་དགོན་ཕྱག་འདེབས་མཁན་ཤིས་ཉ་དཀོན་མཆོག་སེང་གེ་རིག་འཛིན་ཆོས་རྒྱལ་གླིང་པའི་གཏེར་ལུང་ལས་ཇི་ལྟར་ཟིན་ཚུལ་ནི། ཤིས་རྒྱུད་ཕྱོགས་དེར་དཀོན་མཆོག་མིང་ཅན་འབྱུང༔ ཞེས་དང་། ཤིས་ཤོད་སྒང་དེའི་ཕྱོགས་ལ་འདུག་པ་ནི༔ ཏྲ་ཡའི་མིང་ཅན་སྒྲུབ་པ་སྙིང་རུས་ཅན༔ ཞེས་གསུངས། ༼༢ རྟའུ་མཁར་ར་ལུང་དུ་འཁྲུངས་པའི་མཁས་གྲུབ་ཆེན་པོ་གར་དབང་ཉི་ཟླ་སྙིང་པོའི་གསུང་རྩོམ་ཞིག་གི་མཇུག་བྱང་དུ། ཆུ་བོ་ཤིས་ཆུའི་འགྲམ། བཀྲ་ཤིས་ལྗང་དཀར་ཕུག་ཏུ་ཉམས་སྣང་དག་པའི་ཡར་ཚེས་བཅུ་གསུམ་ལ་སྦྱར་བའོ། །ཞེས་གསུངས།  ༼༣ མཁས་མཆོག་གུ་རུ་བཀྲ་ཤིས་ཀྱི་ཆོས་འབྱུང་དུ། དཔའ་བོ་ཕྲིན་ལས་རྒྱ་མཚོའི་རྣམ་ཐར་གྱི་སྐབས་སུ། ཏའུ་ཤེས་ཁོག་དང་ཉེ་བའི་གཡུ་མཁར་ཞེས་པར་སྐུ་འཁྲུངས། ཞེས་གསུངས།  ༼༤ བོད་མིའུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་དུ། དགེ་རྩེ་མ་ཐོང་རྣམས་ནི་སྙི་རོལ་གྱི་སྟོད་དང་། དེ་ནས་ཤིས་རོལ་གྱི་སྟོད་རྡ་ཁོག་རྣམས་སུ་མཆེད་དེ་སོང་བ་ལས། ཤར་ཟླའི་སྟོད་ཀྱི་དགེ་རྩེ་སེར་ཤུལ་ཕྱིན་ཆད་ཀྱི་དགེ་རྩེ་ཟླ་ཆུ་ཁ་པའི་དཔོན་རིགས་ཐམས་ཅད་དང་། སྔར་ཤིས་སྟོད་རྡ་ཁོག་ཏུ་དགེ་རྩེའི་བླ་མ་ཞབས་དྲུང་ཞེས་པ་རྗེ་རྒྱལ་བ་ཡོན་ཏན་རྒྱ་མཚོའི་ཞབས་དྲུང་པ་དེས། ཞེས་སོགས་གསུངས། སྙི་རོལ་དང་ཤིས་རོལ་ཞེས་པ་ལ་དཔྱད་ན་རོལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་དུ་བགྲང་སྲོལ་ཡོད་པ་ཡང་འདྲ་བས་གཟུར་གནས་དག་གིས་དཔྱོད་ཅིག  ད་རུང་སྔོན་བྱོན་མཁས་པའི་གསུང་གི་ཁྲོད་ན་ཤེལ་ཁོག་དང་ཤིས་ཁོག་བྲིས་པའི་ཡིག་ཆ་དུ་མ་ཡོད་དུ་མཆི་ཡང་དེ་ཙམ་གྱིས་ཆོག་གོ། །སྤྱིར་ས་ཆ་ཞིག་གི་མིང་འབྲི་སྟངས་ཙམ་གྱི་ཆེད་དུ་འདི་འདྲ་བྲིས་པ་ལ་དགོས་པ་ཅི་ཡང་མེད་མོད། དེང་དུས་བཤད་ཚུལ་དང་འབྲི་ཚུལ་འདྲ་མིན་གྱི་གསེབ་ནས་ཕ་ཡུལ་གྱི་མིང་ཙམ་འབྲི་བ་ལ་ངལ་བར་གྱུར་པའི་དེ་ཕྱོགས་ཀྱི་བློ་གསར་དག་ལ་ཡབ་མེས་གོང་མ་རྣམས་ཀྱི་ལེགས་བཤད་ཀྱི་ཁྲོད་ན་ཁྱེད་ཅག་གི་ཕ་ཡུལ་གྱི་མིང་འདི་ལྟར་བྲིས་ཡོད་ཅེས་མཛུབ་མོ་རི་སྟོན་བྱེད་པ་པོ་ནི་ཁམས་གཡུ་སྨྱོན་ནམ་གཡུ་ཁོག་པ་ཡི་དམ་རྡོ་རྗེའོ།