ཤུགས་འབྱུང་རྟོགས་པའི་སྐྱིད་གླུ།

ཨ་ཧོ། གཞི་དབྱིངས་སྤྲོས་དང་བྲལ་བ་འོད་གསལ་གྱི་ཁང་བཟང་། །གཞི་སྣང་རིག་པའི་ཐིག་ལེ་ཨོ་རྒྱན་གྱི་རྒྱལ་ཚབ། །རང་གྲོལ་རྟོག་པའི་འདུ་འཕྲོ་རིག་འཛིན་གྱི་ཚོམ་བུ། །མ་བཅོས་ལྷུན་གྱིས་གྲུབ་པའི་ངོ་མཚར་འདིའི་དགའ་བ། །ཚོགས་དྲུག་ཕྱལ་བའི་ཡེ་ཤེས་དགག་སྒྲུབ་ནི་མ་དམིགས། །ཡུལ་དྲུག་ཆོས་ཉིད་ཟང་མ་སྤང་བླང་ལས་འདས་པ། །བློ་བྲལ་མཉམ་ཉིད་ཆེན་པོའི་རང་གཤིས་སུ་སྐྱུར་དང་། །ལྟ་སྒོམ་བཅོས་མའི་རེ་དོགས་དགོས་ཚོད་ནི་མི་གདའ། །ངེད་ཅག་ཀློང་ཆེན་བརྒྱུད་པའི་ཁྱད་ཆོས་འདི་ཨེ་དགོངས། །ཐོལ་སྐྱེས་ཉམས་ཀྱི་ཤུན་པ་གར་སོང་ནི་མི་གདའ། །ཟང་ཐལ་རྟོགས་པའི་རང་བཞིན་འཕོ་འགྱུར་དང་བྲལ་འདུག །སྣ་ཚོགས་སྤྲོས་པ་མང་པོའི་མིང་འདོགས་ལས་འདས་ཀྱང་། །ཤུགས་འབྱུང་རྟོགས་པའི་སྐྱིད་གླུ་འགོག་ཐབས་ནི་མི་འདུག །གུ་ཡངས་ཡན་པ་བློ་བདེའི་སྣང་ཤེས་འདི་སྐྱིད་པ། །སྣང་བ་ཐད་ཀར་གཅོད་པའི་གླུ་ཆུང་དང་བསྒྲགས་ནས། །ཐབས་ཤེས་འདུ་འབྲལ་མེད་པའི་ཞབས་བྲོ་ཞིག་བརྡུང་དང་། །གཞོན་ཆུང་འདུན་མ་ལེགས་པའི་རྩེ་མོ་རུ་ཕྱིན་འདུག །ལྔ་ལྡན་པདྨ་དྲྭ་བ་སྐུ་གསུམ་གྱི་ཞིང་ཁམས། །རིག་འདུས་མཚོ་སྐྱེས་རྒྱལ་བའི་ཞབས་དྲུང་དུ་ཕེབས་དང་། །དབྱིངས་ཕྱུག་མ་བརྒྱའི་གཙོ་མོ་མཁར་ཆེན་གྱི་མཚོ་རྒྱལ། །གཞོན་ཆུང་སྐྱོ་བ་སངས་པའི་བསུ་མ་ལ་ཕེབས་འོང་། །དྲིན་ལ་འཁོར་ཐབས་མེད་པའི་དྲིན་ཆེན་གྱི་བླ་མ། །འབྲལ་མེད་བདེ་ཆེན་འཁོར་ལོར་རྣམ་ཀུན་ཏུ་བཞུགས་ནས། །མཆོག་ཐུན་ཕུན་སུམ་ཚོགས་པའི་དགའ་སྟོན་ཞིག་སྩོལ་དང་། །ངེད་ཅག་སྐྱིད་པའི་ཞབས་བྲོ་ཆོས་ཕྱོགས་སུ་བསྒྱུར་འགྲོ། །ཐ་རམ་སྙིང་ལ་གབ་པའི་གསང་གཏམ་ནི་མ་རྡོལ། །དབྱིངས་ཕྱུག་མ་བརྒྱའི་ཐུགས་ཐིག་གལ་ཆུང་ནི་མ་མཛད། །རང་ཚུལ་རྗེན་པར་སྟོན་ལ་ལེགས་རྒྱུ་ཞིག་མེད་པས། །སྨྲ་འདོད་བརྗོད་པའི་ངག་སྒྲོས་དེ་ཙམ་དུ་བྱས་སོ། །ཞེས་ཐོལ་བྱུང་གི་གླུ་ཆུང་འདི་ཡང་སྤྲེལ་ཟླའི་ཚེས་བཅུའི་དུས་ཆེན་ཉིན། གཞོན་ནུ་འཇིགས་མེད་ཡོན་ཏན་མགོན་པོས་གང་ཤར་བཅས་བཅོས་མེད་པར་བྲིས་སོ། །