ཞལ་གདམས་གནད་ཀྱི་སྒྲོན་མེ་ཐར་པའི་ལམ་སྟོན།

སྙིང་ལ་ཡེ་ཤེས་སྣང་བའི་དཔལ་སྟེར་ཞིང་། །སྒྲིབ་གསུམ་དྲི་མ་མཐའ་དག་དྲུང་འབྱིན་པ། །སྨྲ་བའི་ཉིན་བྱེད་འཇམ་མགོན་བླ་མ་དེས། །ཁྱེད་ལ་རྣམ་ཀུན་ཤིས་པའི་མེ་ཏོག་སྩོལ། །ཀྱེ་ལགས་སྲིད་པ་མེ་ཡི་འོབས་ལྟ་བུར། །མཐོང་ནས་རང་དོན་ཞི་བདེའི་བློ་སྤངས་ཏེ། །རླབས་ཆེན་སྙིང་རྗེས་འགྲོ་སྒྲོལ་དམ་བཅའི་ཁུར། །འཛིན་བཟོད་རྒྱལ་སྲས་སྤྱི་ཡི་རྣམ་ཐར་ཡིན། །རང་གི་དོན་གཉེར་མ་རབས་སྐྱེ་བོའི་ལུགས། །འདོད་པ་ཡང་ཡང་ཇི་བཞིན་འགྲུབ་དུས་མེད། །དེ་བས་གཞན་ཕན་དོན་གཉེར་དམ་པའི་ལམ། །བསྟེན་ན་རང་གཞན་དོན་གཉིས་ཤུགས་ལ་འགྲུབ། །ཐོག་མར་རང་རྒྱུད་ཡོན་ཏན་རྒྱུན་མཆོག་གིས། །ལེགས་པར་གང་བའི་ཐབས་ལ་མ་འབད་ན། །གཞན་གྱི་རེ་བ་སྐོང་བའི་མཐུ་མེད་པས། །ཚུལ་གནས་ཐོས་བསམ་སྒོམ་ལ་ཐུགས་སྦྱངས་མཛོད། །དེ་ཡང་ཉི་ཚེ་ཙམ་གྱིས་ཟབ་རྒྱས་ཀྱི། །ཆོས་ཀྱི་དེ་ཉིད་གསལ་བར་རྟོགས་མིན་པས། །མདོ་སྔགས་རིག་གཞུང་ཀུན་ལ་བརྩོན་པ་བསྐྱེད། །ཐུན་མོང་ཐུན་མིན་ལྟ་གྲུབ་ཀུན་ལ་སློབ། །ཆོས་ཀྱི་སྙིང་པོ་ཐེག་ཆེན་ལམ་གྱི་སྲོག །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས་མཆོག་སྟེ། །ལམ་འདི་མ་བསྟེན་སངས་རྒྱས་འཐོབ་མིན་པས། །ཚིག་དོན་སོམས་ལ་འདྲིས་པའི་ཚུལ་ལ་འབད། །ལམ་སྟོན་མ་ནོར་ཡོན་ཏན་ཀུན་ལྷག་པའི། །མཚུངས་མེད་དགེ་བའི་བཤེས་ལ་མ་བསྟེན་པར། །རང་བཟོས་རྒྱལ་བའི་དགོངས་པ་རྙེད་དུས་མེད། །དེ་ཕྱིར་མཚན་ལྡན་བླ་མ་མིག་བཞིན་བསྟེན། །བླ་མ་བསྟེན་ཀྱང་བཀའ་བཞིན་མ་བསྒྲུབ་ན། །བཙན་ཐབས་ཐར་པར་འདྲེན་པའི་ཐབས་མེད་པས། །གཡོ་སྒྱུ་མེད་པའི་སྒོ་གསུམ་དྲང་པོ་ཡིས། །ཅི་གསུང་དང་ལེན་སྲོག་ཀྱང་བཏང་ཕོད་པའི། །སྐལ་བཟང་དེ་འདྲ་བདུད་ཀྱིས་གླགས་མི་རྙེད། །ཆོས་མེད་འཕྲུལ་སྦྱོར་གཡོ་སྒྱུས་མཆོད་འོས་བསླུ། །ལྟར་སྣང་ཟོལ་མས་དམ་པའི་ཐུགས་མི་ཟིན། །དེ་ཕྱིར་མཉེས་པ་གསུམ་གྱིས་ལེགས་བསྙེན་ན། །དགོངས་སྤྱོད་རྒྱ་མཚོ་དཔག་གིས་མི་ལོང་པའི། །བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་མོས་གུས་ཀྱི། །མཚམས་སྦྱོར་ཁོ་ནས་རྒྱུད་ལ་ལོན་པར་ངེས། །རང་རྒྱུད་ཡང་དག་ཆོས་ཀྱིས་དུལ་བ་ན། །གཞན་གྱི་དོན་ཡང་མ་འབད་ཤུགས་ལ་འབྱུང་། །ལྷ་དང་བླ་མ་དབྱིངས་ནས་དགྱེས་པ་དང་། །དམ་ཚིག་གཙང་བས་དམ་ཅན་བྲན་བཞིན་འཁོལ། །བསྟན་དང་འགྲོ་བའི་དོན་རྣམས་ལྷུན་གྱིས་འགྲུབ། །མཁས་དང་གྲུབ་པའི་གྲགས་པ་ལྷས་ཀྱང་སྒྲོག །དམ་པའི་སྐྱེ་སྲིད་གྲགས་པ་དོན་དང་ལྡན། །དེ་འདྲའི་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །