འཕྲང་སྒྲོལ་ཟླ་བའི་སྒྲོན་མེ།

རྗེ་མཐོང་ཐོས་དྲན་རེག་དོན་ལྡན་པ། །བཀའ་དྲིན་འཁོར་མེད་ཆོས་ཀྱི་རྗེ། །སངས་རྒྱས་གཞན་ཕན་སྣང་བ་དེས། །ཁྱེད་ལ་རྟག་ཏུ་ཐུགས་རྗེས་སྐྱོངས། །གསོན་དང་སྐལ་ལྡན་རྡོ་རྗེའི་མཆེད། །འོ་སྐོལ་དལ་འབྱོར་མི་ལུས་ཐོབ། །རང་དབང་རང་ལ་ཡོད་དུས་འདིར། །གཏན་འདུན་སྒྲུབ་པའི་དུས་ཡིན་པས། །ཐོག་མར་བླ་མ་བསྟེན་དུས་སུ། །སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད། །ཅི་གསུང་བཀའ་ལ་ཚད་མར་འཛིན། །མཉེས་པ་གསུམ་གྱིས་ཞབས་ཏོག་སྒྲུབ། །ཐེག་པ་སྣ་ཚོགས་ཆོས་ཀྱི་ཚུལ། །མདོ་དང་བསྟན་བཅོས་ཇི་སྙེད་ཀྱིས། །གཏན་ལ་ཕབས་པའི་རྣམ་གྲངས་ཀུན། །མཐའ་དག་བསླབ་ཀྱིས་མི་ལང་ཡང་། །ཐུན་མོང་ཐེག་པའི་ལྟ་གྲུབ་གཞུང་། །གྲུབ་མཐའ་བཞི་རུ་བསྡུས་པའི་དོན། །འཕགས་ཡུལ་མཁས་པའི་གསུང་ཚད་མ། །གཞུང་ཆེན་བཅུ་གསུམ་ཉིད་ལ་བསླབ། །དེ་རྗེས་གསང་བ་བླ་མེད་ཀྱི། །སྨིན་བྱེད་དབང་བཞིས་རྒྱུད་སྦྱངས་ནས། །གསང་བ་བླ་མེད་སྤྱིའི་ཏནྟྲ། །སྒྱུ་འཕྲུལ་དྲྭ་བ་ཆེན་པོར་འཇུག །དེ་ནས་ཟབ་པ་མན་ངག་གཞུང་། །བསྟན་པ་ཡོངས་རྫོགས་ཉམས་ལེན་གནད། །ཚང་ལ་མ་ནོར་ངལ་གསོ་གསུམ། །དོན་ཁྲིད་བཅས་ལ་ཅིས་ཀྱང་སློབས། །ཐུན་མོང་སྔོན་འགྲོའི་རྒྱུད་སྦྱངས་ནས། །ཐུན་མིན་གསང་ཆེན་ངེས་པའི་གནད། །སྙིང་ཐིག་གསང་བའི་མན་ངག་ནི། །ཀུན་མཁྱེན་ཆོས་རྗེའི་གསུང་རབ་བཞིན། །ངེས་ཤེས་སྒྲོ་འདོགས་ཆོད་ངེས་ཤིག །བླ་མའི་ཞལ་ལ་དྲིས་ཏེ་སློབ། །དེ་ཡང་གོ་ཡུལ་ཙམ་མིན་པའི། །མངོན་སུམ་རང་ཐོག་གནད་ལ་དབབ། །ཐོས་བྲལ་བླུན་པོའི་ཚིག་ཚོགས་དང་། །ཐོས་མང་འཇུར་བུའི་རྟོག་དཔྱོད་གཉིས། །ལམ་གྱི་གེགས་སུ་ཆེ་བས་ན། །ཁོངས་ཁྲོལ་ལྷོད་ཆགས་གུ་ཡངས་དགོས། །རང་ངོ་ཟང་ཐལ་རྗེན་པ་ལ། །ངོས་བཟུང་རྡུལ་ཙམ་མེད་མོད་ཀྱང་། །ཕྱོགས་མ་མཐོང་བའི་སད་སུད་ཀྱིས། །ཧོལ་རྒྱུག་མི་བྱེད་གནད་ལ་བོར། །ཆེད་དུ་ཞེན་པའི་གཏད་སོ་ཡིས། །གནས་ལུགས་རང་ཞལ་སྒྲིབ་མོད་ཀྱང་། །ཧ་ཅང་གཏད་མེད་དགོས་སྙམ་འདི། །ཀུན་རྟོག་རང་ངོར་དག་པ་དགོས། །དུག་ལྔ་ལ་སོགས་ཅི་སྐྱེས་ཀྱང་། །ཤར་མཁན་རང་གི་གཤིས་ལུགས་སུ། །ཟང་ཐལ་རང་ངོ་སྐྱོང་ཤེས་ན། །གནས་འགྱུ་དུ་མ་རོ་གཅིག་འགྲོ། །